The New Testament of our Lord and Saviour Jesus Christ
1 ཡབ་ ཨབ་ར་ཧམ་གྱི་གདུང་བརྒྱུད་ལས་སྦེ་རྒྱལཔོ་ ད་བིད་དང་ རྒྱལཔོ་ ད་བིད་ཀྱི་གདུང་བརྒྱུད་ལས་སྦེ་སྲས་ ཡེ་ཤུ་ཁིརཱིས་ཀྱི་གདུང་བརྒྱུད་ཀྱི་ཐོ་ཡིག་གཅིག་འབྲི་ནི་ཨིན། 2 ཨབ་ར་ཧམ་གྱི་བུ་ ཨི་སག་ ཨི་སག་གི་བུ་ ཡ་ཀོབ། ཡ་ཀོབ་ཀྱི་བུ་ ཡུ་ད་དང་ཁོ་གི་སྤུན་ཆ་ཚུ། 3 ཡུ་ད་གི་བུ་ ཕེ་རཱེས་དང་ ཟེ་ར་ ཁོང་གཉིས་ཀྱི་ཨའི་དེ་ ཐ་མཱར། ཕེ་རཱེས་ཀྱི་བུ་ ཧཱེས་རཱོན། ཧཱེས་རཱོན་གྱི་བུ་ ཨ་རམ། 4 ཨ་རམ་གྱི་བུ་ ཨ་མི་ན་དབ། ཨ་མི་ན་དབ་ཀྱི་བུ་ ན་ཤཱོན། ན་ཤཱོན་གྱི་བུ་ སཱེལ་མཱོན། 5 སཱེལ་མཱོན་དང་ རེ་ཧབ་ཀྱི་བུ་ བོ་ཨཱཛ། བོ་ཨཱཛ་དང་ རུད་ཀྱི་བུ་ ཨོ་བཱེད། ཨོ་བཱེད་ཀྱི་བུ་ ཇེ་སི། 6 དེ་ལས་ ཇེ་སི་གི་བུ་རྒྱལཔོ་ ད་བིད། རྒྱལཔོ་ ད་བིད་དང་ཧེ་མ་ ཨུ་རའི་ཡ་གི་ཨམ་སྲུ་འབད་མི་ བེད་ཤི་བ་གི་བུ་ སོ་ལོ་མཱོན། 7 སོ་ལོ་མཱོན་གྱི་བུ་ རེ་ཧོ་བོ་ཨམ། རེ་ཧོ་བོ་ཨམ་གྱི་བུ་ ཨ་བི་ཡ། ཨ་བི་ཡ་གི་བུ་ ཨ་སཕ། 8 ཨ་སཕ་གི་བུ་ ཡེ་ཧོ་ཤ་ཕཱད། ཡེ་ཧོ་ཤ་ཕཱད་ཀྱི་བུ་ ཡོ་རམ། ཡོ་རམ་གྱི་བུ་ ཨུ་ཟའི་ཡ། 9 ཨུ་ཟའི་ཡ་གི་བུ་ ཇོ་ཐམ། ཇོ་ཐམ་གྱི་བུ་ ཨེ་ཧཱཛ། ཨེ་ཧཱཛ་གི་བུ་ ཧེ་ཟེ་ཀི་ཡ། 10 ཧེ་ཟེ་ཀི་ཡ་གི་བུ་ མ་ན་སེ། མ་ན་སེ་གི་བུ་ ཨ་མཱོན། ཨ་མཱོན་གྱི་བུ་ ཡོ་སིའ། 11 ཡོ་སིའ་གི་བུ་ ཡེ་ཁོ་ནིའ་དང་ཁོ་གི་སྤུན་ཆ་ཚུ་ ཡ་ཧུ་ད་པ་ཚུ་ལེ་ཤ་ལུ་ བ་བི་ལཱོན་པ་ཚུ་གིས་འཁྱིད་དེ་ ཁོང་གི་དབང་འོག་ལུ་བཞག་པའི་དུས་ལུ་སྐྱེས་སྐྱེསཝ་ཨིན་མས། 12 ཁོང་ བ་བི་ལཱོན་གྱི་དབང་ལས་ཐར་བའི་ཤུལ་ལས་ ཡེ་ཁོ་ནིའ་གི་བུ་ ཤེ་ཨཱལ་ཏི་ཨཱེལ་སྐྱེས་སྐྱེསཝ་ཨིན་མས། ཤེ་ཨཱལ་ཏི་ཨཱེལ་གྱི་བུ་ ཟེ་རུ་བ་བཱེལ། 13 ཟེ་རུ་བ་བཱེལ་གྱི་བུ་ ཨ་བི་ཧུད། ཨ་བི་ཧུད་ཀྱི་བུ་ ཨེ་ལི་ཨ་ཀིམ། ཨེ་ལི་ཨ་ཀིམ་གྱི་བུ་ ཨ་ཟཱོར། 14 ཨ་ཟཱོར་གྱི་བུ་ ཟ་དོག ཟ་དོག་གི་བུ་ ཨེ་ཁིམ། ཨེ་ཁིམ་གྱི་བུ་ ཨེ་ལི་ཧུད། 15 ཨེ་ལི་ཧུད་ཀྱི་བུ་ ཨེ་ལི་ཨ་ཟཱར། ཨེ་ལི་ཨ་ཟཱར་གྱི་བུ་ མ་ཐཱན། མ་ཐཱན་གྱི་བུ་ ཡ་ཀོབ། 16 དེ་ལས་ ཡ་ཀོབ་ཀྱི་བུ་ ཡོ་སེབ། ཡོ་སེབ་ཀྱི་ཨམ་སྲུ་ མཱིར་ཡམ། མཱིར་ཡམ་ལས་སྲས་ཡེ་ཤུ་འཁྲུངས་ནུག་ ཡེ་ཤུ་དེ་ལུ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཟེར་ཡང་ཞུཝ་ཨིན། 17 འདི་བཟུམ་སྦེ་ཨ་ནི་གདུང་བརྒྱུད་ཀྱི་ཐོ་ནང་ ཨབ་ར་ཧམ་ལས་རྒྱལཔོ་ ད་བིད་ཚུན་ཚོད་ལུ་ རིགས་བརྒྱུད་བཅུ་བཞི་དང་ རྒྱལཔོ་ ད་བིད་ལས་ཁོང་ ཡ་ཧུ་ད་པ་ཚུ་ བ་བི་ལཱོན་གྱི་དབང་གི་འོག་ལུ་བཞག་མིའི་ཚུན་ཚོད་ལུ་ རིགས་བརྒྱུད་བཅུ་བཞི་ དེ་ལས་ བ་བི་ལཱོན་གྱི་དབང་གི་འོག་ལུ་བཞག་པའི་ཚེ་ལས་འགོ་བཙུགས་ཏེ་ ཁིརཱིས་ཚུན་ཚོད་ལུ་རིགས་བརྒྱུད་བཅུ་བཞི་ཨིན་མས།། 18 ཡེ་ཤུ་ཁིརཱིས་ཨ་ནི་བཟུམ་སྦེ་སྐུ་འཁྲུངས་འཁྲུངསམ་ཨིན་མས་ ཁོ་མ་འཁྲུངས་པའི་ཧེ་མ་ ཡུམ་ མཱིར་ཡམ་ ཡོ་སེབ་དང་གཅིག་ཁར་གཉེན་བརྐྱབ་ནི་སྦེ་ཁ་ཚིག་བྱིན་ཚརཝ་ཨིན་མས་ དེ་འབདཝ་ད་ན་ཆུང་ མཱིར་ཡམ་གཉེན་མ་རྐྱབ་པའི་ཧེ་མ་ལས་ དམ་པའི་ཐུགས་ཉིད་ཀྱི་ཐོག་ལས་སྦེ་ཨ་ལོ་སྐྱེ་ནི་ཆགས་ནུག 19 དེ་ལས་ མཱིར་ཡམ་གྱི་རྨགཔ་ ཡོ་སེབ་ མི་ཆོས་སེམས་ཆེ་ཏོག་ཏོ་གཅིག་ཨིན་མས་ མོ་ལུ་མི་འཛོམས་སར་བློ་བཙོང་ནིའི་སེམས་མེདཔ་ཨིན་མས་ དེ་འབདཝ་ལས་ ཁུ་སིམ་སི་སྦེ་གཉེན་མི་བརྐྱབ་ནི་སྦེ་མནོ་བསམ་བཏང་ནུག 20 ཁོ་དེ་སྦེ་མནོ་བསམ་བཏང་སྟེ་གཉིད་ལོག་སོངམ་ད་ ཁོ་གི་རྨི་ལམ་ནང་གཙོ་བོ་གི་ཕོ་ཉ་གཅིག་བྱོན་སྦེ་ དབའེ་ རྒྱལཔོ་ ད་བིད་ཀྱི་རིགས་བརྒྱུད་ ཡོ་སེབ་ཁྱོད་ མཱིར་ཡམ་ལུ་ཁྱོད་ཀྱི་ཨམ་སྲུ་སྦེ་ལེན་ནིའི་དོན་ལུ་མ་འདྲོག་ ག་ཅི་སྨོ་ཟེར་བ་ཅིན་ མོ་གི་མངལ་ནང་ཡོད་མིའི་ཨ་ལོ་འདི་ དམ་པའི་ཐུགས་ཉིད་ཀྱི་ཐོག་ལས་གནས་གནསཔ་ཨིན། 21 མོ་གིས་སྲས་གཅིག་འཁྲུང་འོང་ ཁྱོད་ཀྱིས་ཁོ་གི་མཚན་ཡེ་ཤུ་ཟེར་བཏགས་ཕུལ་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ཁོ་རའི་མི་རིགས་ཚུ་ སྡིག་པའི་ནང་ལས་ སྐྱབས་མཛད་ནི་ཨིན་ཟེར་གསུངས་ནུག 22 ད་དེ་ཚུ་ག་ར་ཧེ་མ་གཙོ་བོ་གིས་ལུང་སྟོན་པ་ལུ་ དེ་སྦེ་གསུངསམ་བཞིན་དུ་གྲུབ་ནིའི་དོན་ལུ་བྱུང་ནུག 23 ནམ་ཡང་ལུས་འབྲེལ་མ་འབད་མི་ན་ཆུང་མ་གཅིག་ལུ་ ཨ་ལོ་ཆགས་ཏེ་སྲས་གཅིག་འཁྲུང་འོང་ ཁོ་གི་མཚན་ ཨེ་མ་ནུ་ཨཱེལ་ཟེར་ཞུ་འོང་ ཨེ་མ་ནུ་ཨཱེལ་ཟེར་མི་འདི་ དཀོན་མཆོག་ང་བཅས་དང་གཅིག་ཁར་བཞུགས་ཡོད་ཟེར་བའི་དོན་དག་ཨིན། 24 དེ་ལས་ ཡོ་སེབ་གཉིད་ཚོརཝ་ད་ གཙོ་བོ་གི་ཕོ་ཉ་གིས་གསུངསམ་བཞིན་དུ་ མཱིར་ཡམ་ལུ་ཁོ་རང་གི་ཨམ་སྲུ་སྦེ་ལེན་ཏེ་འཁྱིད་སོང་ནུག 25 དེ་འབདཝ་ད་ མོ་ལས་སྲས་འདི་མ་འཁྲུངས་ཚུན་ཚོད་ ཁོ་མོ་དང་ལུས་འབྲེལ་རྩ་ལས་རང་མ་འབད་བར་སྡོད་ནུག་ དེ་ལས་ཁོ་གིས་སྲས་ཀྱི་མཚན་ཡང་ཡེ་ཤུ་ཟེར་བཏགས་ཕུལ་ནུག།
1 ཧེ་རཱོད་དེ་ དཔོན་སྦེ་བཞུགས་པའི་དུས་ཚོད་ལུ་ ཡེ་ཤུ་ ཡུ་དེ་ཡ་ལུང་ཕྱོགས་ བཱེད་ལེ་ཧེམ་ལུ་ སྐུ་འཁྲུངས་ཚར་བའི་ཤུལ་ལས་ཤར་ཕྱོགས་ལས་ རྩིས་ལུ་མཁས་མི་ཚུ་ རྒྱལ་ས་ ཡེ་རུ་ཤ་ལེམ་ལུ་འོངས་ཏེ་དཔོན་ལུ་ཞུ་ནུག 2 ཡ་ཧུ་ད་པའི་རྒྱལཔོ་སྐུ་འཁྲུངས་མི་འདི་ག་ཏེ་བཞུགས་ཡོདཔ་སྨོ་ ང་བཅས་ཀྱིས་ཁོ་སྐུ་འཁྲུངས་མིའི་རྟགས་མཚན་ལུ་སྐརམ་གཅིག་ ཤར་ཁ་ཐུག་ལས་ཤར་སར་མཐོང་སྟེ་ ང་བཅས་ཁོ་ལུ་མཇལ་ཞིནམ་ལས་ ཕྱག་འཚལ་བ་འོངམ་ཨིན་ཟེར་སླབ་ནུག 3 ལོ་རྒྱུས་འདི་གོཝ་ད་དཔོན་ ཧེ་རཱོད་དང་ ཡེ་རུ་ཤ་ལེམ་གྱི་ མི་དམངས་ག་ར་གནམ་མེད་ས་མེད་ཚ་གྱང་ལངས་ནུག 4 དེ་ལས་ ཧེ་རཱོད་ཀྱིས་བླ་ཆེན་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་འབོ་ཞིནམ་ད་ ཚོགས་འཛོམས་བརྐྱབས་ཏེ་ ཁོང་ལུ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་དེ་ ག་ཏེ་ལུ་སྐུ་འཁྲུངས་ནི་སྨོ་ཟེར་གསུངསམ་ད། 5 ཁོང་གིས་ ཡུ་དེ་ཡ་གི་ཁྲོམ་ བཱེད་ལེ་ཧེམ་ལུ་སྐུ་འཁྲུང་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་ཐོག་ལས་ལུང་སྟོན་པ་གིས་ཧེ་མ་དེ་སྦེ་བྲིས་བཞག་ནུག་ཟེར་ཞུ་ནུག 6 དབའེ་ ཡུ་ད་གི་རྒྱལ་སྲིད་ནང་ ཁྲོམ་ བཱེད་ལེ་ཧེམ་ ཡུ་ད་གི་རྒྱལ་སྲིད་ནང་ལས་ ཁྱེད་ཁྲོམ་སྐྱོ་ཤོས་སྦེ་མི་བརྩི་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་ནང་ལས་ རྒྱལ་སྲིད་སྐྱོང་མི་གཅིག་འོང་དོ་ དེ་གིས་ངེ་གི་ ཨཱིས་ར་ཨཱེལ་གྱི་མི་ཚུ་ལུ་ ལུག་རྫིཔ་བཟུམ་སྦེ་བདག་འཛིན་འཐབ་འོང་ཟེར་གསུངས་ནུག 7 དེ་ལས་དཔོན་ ཧེ་རཱོད་ཀྱིས་ ཤར་ཕྱོགས་ལས་འོང་མི་མཁས་པ་ཚུ་ གསང་བ་གི་ཐོག་ལས་སྦེ་འབོ་སྟེ་ ཁོང་ལུ་འདྲི་ཞིནམ་ད་ སྐརམ་འདི་དུས་ཚོད་ག་དེམ་ཅིག་ལུ་ ཤར་ས་མཐོང་མཐོངམ་ཨིན་ན་ ཁོ་གིས་མཁྱེན་ནུག 8 དེ་ལས་ ཧེ་རཱོད་ཀྱིས་ཁོང་ལུ་ ཁྱེད་ བཱེད་ལེ་ཧེམ་ལུ་སོང་ཞིནམ་ད་ ཨ་ལོ་འདི་ག་ཏེ་ཡོད་ག་འཚོལ་བལྟ་ཞིག་ དེ་ལས་ཁྱེད་ཀྱིས་ཨ་ལོ་འཚོལ་ཐོབ་ད་ ང་ལུ་ལན་གསལ་འབག་ཤོག་ དེ་ལས་ང་ཡང་འགྱོ་སྦེ་ཁོ་ལུ་ཕྱག་འཚལ་ནི་ཨིན་ཟེར་གསུངས་ཏེ་བཏང་ནུག 9 དེ་ལས་དཔོན་གྱིས་དེ་སྦེ་གསུངས་ཚར་ཞིནམ་ལས་ ཁོང་མི་མཁས་པ་ཚུ་ ད་རུང་ལམ་འགྱོཝ་ད་ ཁོང་གིས་ཤར་ཁ་ཐུག་མཐོང་མི་སྐརམ་འདི་རང་ ཁོང་གི་ཧེ་མ་འགྱོ་སྟེ་ཕར་སྲས་བཞུགས་སར་ལྷོད་དེ་སྒུག་སྡོདཔ་ད། 10 ཁོང་མི་མཁས་པ་ཚུ་གིས་སྐརམ་དེ་མཐོང་སྟེ་ ཁོང་གི་སེམས་ཁར་གནམ་མེད་ས་མེད་སྤྲོ་བ་བྱུང་ནུག 11 དེ་ལས་ཁྱིམ་ནང་ན་འགྱོཝ་ད་ཁོང་གིས་ ཡུམ་ མཱིར་ཡམ་དང་གཅིག་ཁར་སྲས་དེ་མཇལ་ཏེ་ ཁོང་གིས་ཁོ་ལུ་ཕྱག་འཚལ་བསྟོད་པ་ཕུལ་སྦེ་ ཁོང་གིས་ཁོང་རང་གི་ཕད་ཅུང་ཁ་ཕྱེ་སྟེ་ ཁོ་ལུ་གསེར་དང་སྤོས་ཕྱེ་ དྲི་བཟང་དེ་ཚུ་ཕུལ་ཆ་སྦེ་བཏོན་ཕུལ་ནུག 12 དེ་ལས་ཁོང་ལུ་དཀོན་མཆོག་གིས་རྨི་ལམ་ནང་ དཔོན་ ཧེ་རཱོད་ཡོད་ས་ལས་མ་སོང་ཟེར་ བཀའ་གནངམ་བཞིན་དུ་ ཁོང་ལམ་གཞན་ཁར་ལས་སྦེ་ ཁོང་རང་གི་གཡུས་ཁར་ལོག་སོང་ནུག། 13 དེ་ལས་ཁོང་རྩིསཔ་མཁས་པ་ཚུ་རྒྱབ་ཐལཝ་ད་ གཙོ་བོ་གི་ཕོ་ཉ་གཅིག་ ཡོ་སེབ་ཀྱི་རྨི་ལམ་ནང་མཐོང་སྟེ་ ཧེ་རཱོད་ཀྱིས་ཨ་ལོ་འདི་བསད་ནི་སྦེ་འཚོལ་འོང་ ཁྱོད་ཡར་ལོང་སྟེ་མ་སྨད་གཉིས་འཁྱིད་དེ་ ཨི་ཇིབ་རྒྱལ་ཁབ་ལུ་མགྱོགས་པར་འབྱོག་སོང་ དེ་ལས་ང་གིས་མ་སླབ་ཚུན་ཚོད་ཕར་རང་སྡོད་ཟེར་གསུངས་ནུག 14 དེ་ལས་ ཡོ་སེབ་ཀྱིས་དེ་ཚེ་ཕྱི་རུ་རང་མ་སྨད་གཉིས་འཁྱིད་དེ་ ཨི་ཇིབ་རྒྱལ་ཁབ་ལུ་འབྱོག་སོང་ནུག 15 དཔོན་ ཧེ་རཱོད་དེ་མ་གཤགས་ཚུན་ཚོད་ ཁོང་ཕར་རང་བཞུགས་ནུག་ དེ་ཚུ་ག་ར་ཧེ་མ་གཙོ་བོ་གིས་ལུང་སྟོན་པ་ལས་རྒྱུད་དེ་ ང་གིས་ ཨི་ཇིབ་རྒྱལ་ཁབ་ལས་ངེ་གི་བུ་འབོ་ཅི་ཟེར་གསུངསམ་བཞིན་དུ་གྲུབ་ནུག། 16 དེ་ལས་ ཧེ་རཱོད་ཀྱིས་ཁོང་རྩིས་ལུ་མཁས་པ་ཚུ་གིས་ ཁོ་ལུ་མགུ་བསྐོར་བརྐྱབས་དཔ་ཨིནམ་མཁྱེནམ་ད་ ཁོ་གནམ་མེད་ས་མེད་དགོངམས་ཁྲེལ་ཏེ་ ཁོང་རྩིསཔ་མཁས་པ་ཚུ་ལུ་དྲི་བ་དྲིས་ཏེ་ ཧ་གོ་མི་དུས་དང་འཁྲིལ་ཏེ་ བཱེད་ལེ་ཧེམ་དང་དེའི་མཐའ་འཁོར་ལུ་ཡོད་པའི་གཡུས་ཁར་གྱི་ བུཚ་ལོ་གཉིས་ལས་མར་བཏབ་ག་ར་བསད་ཟེར་བཀའ་གནང་ནུག 17 ལུང་སྟོན་པ་ ཡེ་རེ་མི་ཡ་གིས་ཧེ་མ་དེ་སྦེ་གསུངས་མི་དེ་ག་ར་གྲུབ་ནུག 18 ར་མ་ཁྲོམ་ནང་སྐད་གཅིག་གོ་ཡི་ སྔུ་སྐད་དང་མྱ་ངན་སྦོམ་གྱི་སྐད་གཅིག་གོ་ཡི་ ར་ཧཱེལ་ མོ་གི་ཨ་ལོ་ཚུ་ཤི་སོངམ་ལས་ སེམས་གསོ་འབད་རུང་ ཉན་མ་བཏུབ་པར་ མོ་གི་ཨ་ལོ་ཚུ་གི་དོན་ལུ་སྔུ་དེས་ཟེར་ གསུངས་མི་དེ་ འདིའི་སྐབས་ག་ར་གྲུབ་ནུག། 19 དཔོན་ ཧེ་རཱོད་གཤགས་སོང་བའི་ཤུལ་ལས་ གཙོ་བོ་གི་ཕོ་ཉ་གཅིག་ ཨི་ཇིབ་རྒྱལ་ཁབ་ནང་ ཡོ་སེབ་ཀྱི་རྨི་ལམ་ནང་མཐོང་སྟེ། 20 ད་ཡར་ལོང་སྟེ་མ་སྨད་གཉིས་འཁྱིད་དེ་ ཨཱིས་ར་ཨཱེལ་ལུ་ལོག་སོང་ ག་ཅི་སྨོ་ཟེར་བ་ཅིན་ སྲས་ལུ་བཀྲོང་ནི་འབད་མི་ཚུ་ཤི་སོང་ཡི་ཟེར་གསུངས་ནུག 21 དེ་ལས་ ཡོ་སེབ་ཀྱིས་མ་སྨད་གཉིས་འཁྱིད་དེ་ རྒྱལ་ཁབ་ ཨཱིས་ར་ཨཱེལ་ལུ་ལོག་སོང་ནུག 22 དེ་འབདཝ་ད་དཔོན་ ཧེ་རཱོད་ཀྱི་ཚབ་ལུ་ ཁོ་གི་སྲས་ ཨཱར་ཀེ་ལཱོས་དེ་ ཡུ་དེ་ཡ་ལུང་ཕྱོགས་ཀྱི་དཔོན་སྦེ་ རྒྱལ་སྲིད་སྐྱོང་ཡོདཔ་ ཡོ་སེབ་ཀྱིས་གོ་སྟེ་ ཁོ་ལུང་ཕྱོགས་དེ་ཁར་འགྱོ་ནི་འདྲོགས་ནུག་ དེ་ལས་དཀོན་མཆོག་གིས་ཁོ་ལུ་རྨི་ལམ་ནང་ ཡུ་དེ་ཡ་ལུ་མ་སོང་ཟེར་གསུངསམ་བཞིན་དུ་ ཁོང་ལུང་ཕྱོགས་ ག་ལི་ལི་ལུ་སོང་ནུག 23 ཁོང་ ག་ལི་ལི་གི་ལུང་ཕྱོགས་ ན་ཟ་རཱེད་ཟེར་མིའི་ཁྲོམ་ནང་བྱོན་ཏེ་ དེ་ཁར་གཞིས་བཅག་བཞུགས་ནུག་ ཨ་ནི་ཧེ་མ་ལུང་སྟོན་པ་གིས་ཁིརཱིས་ལུ་ ན་ཟ་རཱེདཔ་ཟེར་ཞུ་སྟེ་ཡོད་མི་དེ་ དོན་དག་གྲུབ་ནུག།
1 དུས་ཚོད་དེའི་སྐབས་ལུ་ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་འོངས་ཏེ་ ཡུ་དེ་ཡ་གི་རི་སྟོང་གཅིག་ནང་མི་དམངས་ལུ་ཆོས་དེ་སྦེ་བཤད་ནུག 2 ཁྱེད་ཀྱིས་སྡིག་པའི་ལཱ་ཚུ་སྤངས་ཏེ་སེམས་འགྱུར་ ག་ཅི་སྨོ་ཟེར་བ་ཅིན་ ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ ནཱ་སྦོ་ལོགས་ཁར་འོང་ཡི་ཟེར་བཤད་ནུག 3 དེ་ལས་ ཡོ་ཧ་ནཱན་གྱི་སྐོར་ལས་ལུང་སྟོན་པ་ ཨའི་ཟ་ཡ་གིས་ཧེ་མ་ལས་རང་དེ་སྦེ་གསུངས་ནུག གཙོ་བོའི་ལམ་འདི་གྲ་སྒྲིག་རྐྱབས་ ཁོ་གི་འབྱོན་ལམ་འདི་ཕྲང་སྟེ་བཟོ་ཟེར་ རི་སྟོང་ནང་ལས་སྐད་གཅིག་བརྐྱབ་འོང་། 4 ད་ ཡོ་ཧ་ནཱན་གྱི་བགོ་ལ་རྔ་མོང་གི་བལ་གྱིས་འཐག་འཐགཔ་ཨིན་མས་ དེ་ལས་ཁོ་གི་ཐག་ལེབ་ཡང་ཀོཝ་གི་ཨིན་མས་ དེ་མ་ཚད་ ཁོ་གི་བཞེས་སྒོ་ཚུ་ཡང་ སྤྱིའུ་ལྟགཔ་དང་ནགས་ཚལ་གྱི་སྦྱང་ཚུ་ཨིན་མས། 5 དེ་ལས་ཁོ་སྡོད་སར་ཆོས་ཉན་པ་ ཡེ་རུ་ཤ་ལེམ་དང་ ལུང་ཕྱོགས་ ཡུ་དེ་ཡ་ དེ་ལས་གཙང་ཆུ་ ཡཱོར་དཱན་གྱི་མཐའ་འཁོར་ཡོད་མིའི་གཡུས་ཚན་ཚུ་གི་མི་ག་ར་སོང་ནུག 6 དེ་ལས་མི་དེ་ཚུ་སྡིག་པའི་བཤགས་པ་ཞུ་ཡི་རང་ གཙང་ཆུ་ ཡཱོར་དཱན་ནང་ལུ་ ཡོ་ཧ་ནཱན་ལས་ཁྲུས་གསོལ་ཞུ་ནུག 7 དེ་འབདཝ་ད་ ཕ་རུ་ཤི་པ་དང་ ས་དུ་ཀི་པ་ལེ་ཤ་རང་ ཁྲུས་གསོལ་ཞུ་ནི་སྦེ་འོང་ས་ ཡོ་ཧ་ནཱན་གྱིས་མཐོང་སྟེ་ ཁོ་གིས་ཁོང་ལུ་ སྦུལ་གདུག་དྲགས་ཀྱི་བུ་བརྒྱུད་ངན་པ་ ཁྱེད་དཀོན་མཆོག་གིས་གནང་ནི་འབད་མི་ཆདཔ་ལས་འབྱོག་ཟེར་ ག་གིས་སླབ་སྨོ། 8 ཁྱེད་ཀྱིས་སྡིག་པའི་ལཱ་སྤངས་ཏེ་ སེམས་འགྱུར་ནི་གི་འབྲས་བུ་བཏོན་དགོ། 9 ང་བཅས་ ཨབ་ར་ཧམ་གྱི་རིགས་བརྒྱུད་ཨིན་ཟེར་ དཀོན་མཆོག་གི་ཆདཔ་ལས་ཐར་བའི་མནོ་བསམ་མ་གཏང་ དཀོན་མཆོག་གིས་ཨ་ནི་རྡོ་ཚུ་ལས་ ཨབ་ར་ཧམ་གྱི་བུ་བརྒྱུད་མཛད་ཚུགས་ཟེར་ང་གིས་སླབ་དོ། 10 ད་སྟ་རེ་དེ་ཤིང་གི་རྩ་བ་བཞག་ཡོད་ ཤིང་འབྲས་ལེགས་ཤོམ་མ་བཏགས་མི་ཤིང་འདི་ཚུ་ག་ར་བཏོགས་ཏེ་ མེ་ནང་བཙུགས་ནི་ཨིན། 11 དབའེ་ ང་བཅས་མི་ཚུ་ ཁྱེད་ཀྱིས་སྡིག་པའི་ལཱ་སྤངས་ཏེ་ སེམས་འགྱུར་ནི་འདི་གིས་ ང་གིས་ཁྱེད་ལུ་ཆུའི་ཁྲུས་གསོལ་བྱིནམ་ཨིན་ དེ་འབདཝ་ད་ ངེ་གི་ཤུལ་ལས་འབྱོན་ནི་སྦེ་མི་འདི་ ང་ལས་ཡང་དབང་ཤུགས་ཅན་གཅིག་ཨིན་ ཁོ་གི་ཞབས་ལྷམ་ཕུད་མི་གཅིག་གི་འོས་འབབ་ཡང་ང་ལུ་མེད་ ཁོ་གིས་ཁྱེད་ལུ་དམ་པའི་ཐུགས་ཉིད་དང་ མེའི་ཁྲུས་གསོལ་གནང་འོང་། 12 འབྱུ་འཁྱབ་ནི་གི་སྦི་འཁྱབ་ཁོ་གི་ཕྱག་ལུ་ཡོད་ ཁོ་གིས་འབྱུ་དང་ཤུན་པ་སོ་སོ་འཕྱལ་ནི་གི་དོན་ལུ་ ཁོ་གིས་འབྱུ་འཁྱབ་སྟེ་ འབྱུ་དེ་ཁོ་རང་གི་འབྱུ་ཁྱིམ་ནང་བླུག་འོང་ དེ་འབདཝ་ད་ ཤུན་པ་འདི་ ནམ་ཡང་ཤི་ནི་མེད་པའི་མེ་ནང་བཀོ་འོང་ཟེར་ ཡོ་ཧ་ནཱན་གྱིས་སླབ་ནུག། 13 འདིའི་སྐབས་ལུ་ཡེ་ཤུ་ ག་ལི་ལི་ལས་མར་གཙང་ཆུ་ ཡཱོར་དཱན་ལུ་ ཡོ་ཧ་ནཱན་ལས་ཁྲུས་གསོལ་བཞེས་པ་བྱོན་ནུག 14 དེ་འབདཝ་ད་ ཡོ་ཧ་ནཱན་གྱིས་ཡེ་ཤུ་ལུ་ ཁྲུས་གསོལ་མི་ཕུལ་ནི་གི་བཀག་ཐབས་ལུ་ ང་ཡང་ཁྲུས་གསོལ་ནཱ་གིས་གནང་དགོཔ་ཨིན་ ནཱ་ག་ཅི་འབད་ང་སྡོད་སར་བྱོནམ་སྨོ་ཟེར་ཞུ་ནུག 15 དེ་འབདཝ་ད་ ཡེ་ཤུ་གིས་ད་ལྟོ་དེ་སྦེ་རང་འབད་གེ་ དེ་སྦེ་རང་འབད་བ་ཅིན་ ཆོས་སེམས་ཆེ་ཏོག་ཏོ་གི་ ལཱ་དེ་ཚུ་ག་ར་ཀྲིག་ཀྲི་སྦེ་སྒྲུབ་ཚུགས་ཟེར་གསུངསམ་ད་ ཡོ་ཧ་ནཱན་གྱིས་ཁྲུས་གསོལ་བྱིན་ནི་ ཁ་བཟེད་དེ་ཁྲུས་གསོལ་ཕུལ་ནུག 16 ཡེ་ཤུ་ཁྲུས་གསོལ་བཞེས་ཏེ་ ཆུ་ནང་ལས་ཡར་བཞེངསམ་ཅིག་ གནམ་ཁ་ཕྱེ་སྟེ་ དཀོན་མཆོག་གི་ཐུགས་ཉིད་དེ་བྱ་ཐི་ལི་རྒྱལམོ་བཟུམ་སྦེ་བྱོན་ཏེ་ ཡེ་ཤུ་ཁོ་རའི་གུ་ཆགས་ས་ཁོ་གིས་གཟིགས་ནུག 17 དེ་ལས་ ཡར་གནམ་ཁ་ལས་གསུང་སྐད་གཅིག་གིས་ ཨ་ནི་ངེ་གི་བུ་གཅེས་ཤོས་ཕངས་ཤོས་དེ་ཨིན་ ཁོ་ལུ་བལྟ་སྟེ་ང་གནམ་མེད་ས་མེད་སེམས་དགའ་ཡི་ཟེར་གསུངས་ནུག།
1 འདིའི་སྐབས་ལུ་བདུད་ཀྱིས་ཡེ་ཤུ་ལུ་ཐུགས་ཚོད་བལྟ་ནིའི་དོན་ལུ་ དམ་པའི་ཐུགས་ཉིད་ཀྱིས་རྒྱུད་བསྐུལ་བརྐྱབས་ཏེ་ ཡར་རི་སྟོང་ནང་ལུ་འཁྱིད་སོང་ནུག 2 དེ་ལས་ཡེ་ཤུ་སྐུ་ཞག་བཞི་བཅུ་ སྨྱུང་གནས་བསྲུངས་ཚར་བའི་ཤུལ་ལས་ ཁོ་གསོལཝ་སྨྱུང་ནུག 3 དེ་ལས་བར་ཆད་རྐྱབ་མི་བདུད་དེ་འོང་སྦེ་ཡེ་ཤུ་ལུ་ ནཱ་དཀོན་མཆོག་གི་སྲས་ཨིན་པ་ཅིན་ ཨ་ནི་རྡོ་ཚུ་ཏད་ཟས་ལུ་འགྱུར་ཟེར་བཀའ་གནང་ཟེར་ཞུཝ་ད། 4 ཡེ་ཤུ་གིས་ལན། མི་དེ་ཚུ་བཞེས་སྒོ་རྐྱངམ་གཅིག་ལུ་བརྟེན་ཏེ་ གསོན་པོ་སྦེ་སྡོདཔ་མེན་ དེ་འབདཝ་ད་ དཀོན་མཆོག་གི་ཞལ་ལས་ གསུང་མིའི་གསུང་རེ་རེ་ལུ་བརྟེན་ཏེ་ གསོན་པོ་སྦེ་སྡོདཔ་ཨིན་ཟེར་ གསུང་རབ་ནང་བྲིས་ཏེ་ཡོད་ཟེར་ཡེ་ཤུ་གིས་གསུངས་ནུག 5 དེ་ལས་བདུད་དེ་གིས་ཡེ་ཤུ་ལུ་ དམ་པའི་རྒྱལ་ས་ ཡེ་རུ་ཤ་ལེམ་ལུ་འཁྱིད་དེ་ མཆོད་ཁང་གི་དབུ་རྩེ་གུ་བཀལ་ཞིནམ་ད། 6 ནཱ་དཀོན་མཆོག་གི་སྲས་འབད་བ་ཅིན་ ནཱ་ལས་མར་མཆོངས་ ག་ཅི་སྨོ་ཟེར་བ་ཅིན་གསུང་རབ་ནང་ལུ། དཀོན་མཆོག་ཁོ་རང་གི་ཕོ་ཉ་ཚུ་ལུ་ བཀའ་གནང་སྟེ་ ཁོང་གིས་ཁྱོད་ལུ་ལག་པར་བཟུང་སྟེ་ རྐངམ་མར་རྡོ་གུ་རྩ་ལས་རང་ ཕོག་མི་བཅུག་ཟེར་ བྲིས་ཏེ་འདུག་ཟེར་ཞུཝ་ད། 7 ད་རུང་ཡེ་ཤུ་གིས། ཁྱོད་ཀྱིས་རང་གི་གཙོ་བོ་དཀོན་མཆོག་ལུ་ ཐུགས་ཚོད་མ་བལྟ་ཟེར་ གསུང་རབ་ནང་བྲིས་ཏེ་ཡོད་ཟེར་གསུངས་ནུག 8 དེ་ལས་བདུད་ཀྱིས་ཡེ་ཤུ་གངས་རི་མཐོ་ས་གཅིག་ཁར་འཁྱིད་དེ་ འཛམ་བུ་གླིང་གི་རྒྱལ་ཁབ་ག་ར་དང་ འདི་ནང་གི་གཟི་བརྗིད་ཚུ་བཏོན་ཏེ། 9 ནཱ་གིས་ང་ལུ་ཕྱག་འཚལ་ཏེ་བསྟོད་པ་ཕུལ་བ་ཅིན་ ཨ་ནི་དེ་ཚུ་ག་ར་ང་གིས་ནཱ་ལུ་བྱིན་ནི་ཨིན་ཟེར་སླབ་ནུག 10 ཡེ་ཤུ་གིས་བདུད་ སེ་ཏཱན་ ང་ལས་ཐག་རིང་སར་སོང་ ག་ཅི་སྨོ་ཟེར་བ་ཅིན་གསུང་རབ་ནང་ལུ། ཁྱོད་རང་གི་གཙོ་བོ་དཀོན་མཆོག་རྐྱངམ་གཅིག་ལུ་ བསྟོད་པ་ཕུལ་ཏེ་ཁོ་ལུ་ཕྱག་ཞུ་ཟེར་ བྲིས་ཏེ་ཡོད་ཟེར་གསུངས་ནུག 11 དེ་ལས་བདུད་དེ་གིས་ཡེ་ཤུ་ལུ་བཞག་སྦེ་ཡར་སོངམ་ད་ ཕོ་ཉ་ཚུ་འོངས་ཏེ་ཁོ་ལུ་ཕྱག་ཞུ་ནུག། 12 ད་ ཡོ་ཧ་ནཱན་བཙོན་ནང་བཙུགས་ནུག་ཟེར་བའི་ལོ་རྒྱུས་འདི་ ཡེ་ཤུ་གིས་སྙན་གསནམ་ད་ ཁོ་ལུང་ཕྱོགས་ ག་ལི་ལི་ལུ་ལོག་བྱོན་ནུག 13 ཡེ་ཤུ་ཁྲོམ་ ན་ཟ་རཱེད་བཞག་སྦེ་ ཧེ་མ་ ཟེ་བུ་ལཱོན་དང་ ནཱཕ་ཏ་ལི་ཟེར་མི་ ཡ་ཧུ་ད་པའི་རིགས་བརྒྱུད་སྡོད་མི་ས་གནས་ ག་ལི་ལི་མཚོའི་ཁ་ཐུག་གི་ཁྲོམ་ ཀ་ཕཱར་ནུམ་ལུ་བྱོན་ཏེ་བཞུགས་ནུག 14 དེ་སྦེ་བྱུང་མི་འདི་ ལུང་སྟོན་པ་ ཨའི་ཟ་ཡ་གིས་གསུངསམ་བཞིན་དུ། 15 ས་ཕྱོགས་ ཟེ་བུ་ལཱོན་དང་ ནཱཕ་ཏ་ལི་དང་ མཚོའི་ཁ་ཐུག་གི་གཙང་ཆུ་ ཡཱོར་དཱན་གྱི་ཕ་ཁར་ ཕྱིའི་མི་རིགས་སྡོད་སའི་ ག་ལི་ལི་ལུ། 16 ས་ཆ་གནག་དུང་དུ་ནང་སྡོད་མི་ཚུ་གིས་ འོད་སྦོམ་གཅིག་མཐོང་འོང་ ས་ཆ་གནག་དུང་དུ་སྦེ་འཆི་བའི་གྱིབ་མ་ནང་ སྡོད་མི་ཚུ་ལུ་འོད་གཅིག་ཤར་དོ་ཟེར་ གསུངས་མི་དེ་ཚུ་གྲུབ་ནུག 17 དེའི་སྐབས་ལས་ཡེ་ཤུ་གིས་མི་ཚུ་ལུ་ སྡིག་པའི་ལཱ་སྤངས་ཏེ་སེམས་འགྱུར་ ག་ཅི་སྨོ་ཟེར་བ་ཅིན་ ཞིང་ཁམས་ཀྱི་རྒྱལ་སྲིད་ ནཱ་སྦོ་ལོགས་ཁར་ལྷོད་ཅི་ཟེར་ཆོས་གསུངས་ནི་འགོ་བཙུགས་ནུག། 18 ཉིནམ་གཅིག་གི་ཚེ་ ཡེ་ཤུ་ ག་ལི་ལི་མཚོའི་མཐའམ་བདའ་འབྱོནམ་ད་ པེ་ཏྲོ་ཟེར་སླབ་མི་ སི་མཱོན་དང་ ཁོ་གི་ནུ་གཅུང་ ཨཱན་དྲུ་ཟེར་མི་སྤུན་གཉིས་ ཁོང་ཉ་རོགསཔ་ཨིནམ་ལས་མཚོ་ནང་དྲྭཝ་རྐྱབ་སྡོདཔ་ཡེ་ཤུ་གིས་གཟིགས་ནུག 19 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ང་དང་གཅིག་ཁར་ཤོག་ ང་གིས་ཁྱེད་ལུ་མི་བཟུང་ནི་སྟོན་བྱིན་འོང་ཟེར་གསུངས་ནུག 20 དེ་འཕྲོ་ལས་ ཁོང་རང་གི་དྲྭཝ་བཀོག་བཞག་སྦེ་ཡེ་ཤུ་གི་སློབ་མ་སྦེ་སོང་ནུག 21 དེ་ལས་ཨ་ཙི་ཕར་འབྱོནམ་ད་ ཟེ་བེ་དི་གི་བུ་ ཡ་ཀོབ་དང་ཁོ་གི་སྤུན་ཆ་ ཡོ་ཧ་ནཱན་གཉིས་ ཁོང་རང་གི་ཨ་པ་དང་གཅིག་ཁར་གྲུ་ནང་ལུ་དྲྭཝ་ གྲ་སྒྲིག་རྐྱབ་སྡོད་ས་གཟིགས་ཏེ་ ཡེ་ཤུ་གིས་ཁོང་ལུ་ཤོག་ཟེར་གསུངསམ་ད། 22 དེ་འཕྲོ་ལས་ ཁོང་རང་གི་ཨ་པ་དང་གྲུ་བཀོག་བཞག་སྦེ་ ཡེ་ཤུ་གི་སློབ་མ་སྦེ་སོང་ནུག། 23 ཡེ་ཤུ་ ག་ལི་ལི་གི་གཡུས་ཚན་ག་ར་དང་ སི་ན་གོག་ཚུ་ནང་བྱོན་ཏེ་ཆོས་སྟོན་གནང་ནི་དང་ རྒྱལ་སྲིད་ཀྱི་སྐོར་ལས་གཏམ་བཟང་གསུངསམ་མ་ཚད་ ནད་རིགས་ལྷམ་པ་སྣ་ཚོགས་ ན་མི་ཚུ་ག་ར་ལུ་ཁོ་གིས་དྲགཔ་མཛད་གནང་ནུག 24 ཁོ་གིས་མཛད་མི་ཧ་ལས་པའི་ཕྱག་ལཱ་ཚུ་གི་སྐོར་ལས་ སི་རི་ཡ་གི་ལུང་ཕྱོགས་ག་ར་ནང་ཁྱབ་སོང་ནུག་ དེ་ལས་མི་ཚུ་གིས་མི་ནད་སྣ་ཚོགས་ན་མི་དང་ ན་ཟུག་རྐྱབ་མི་ འདྲེ་གདོན་འཛུལ་མི་ བརྒྱལ་ནད་ལོང་མི་ གཟུགས་ཞར་སོང་མི་ག་ར་ལུ་ ཡེ་ཤུ་བཞུགས་སར་འབག་འོངས་ཏེ་ ཁོ་གིས་ཁོང་ག་ར་དྲགཔ་མཛད་ནུག 25 དེ་ལས་ ག་ལི་ལི་གི་ལུང་ཕྱོགས་དང་ དེ་ཀ་པོ་ལཱིས་ཟེར་མི་ཁྲོམ་བཅུ་ཐམ་ རྒྱལ་ས་ ཡེ་རུ་ཤ་ལེམ་ ཡུ་དེ་ཡ་ལུང་ཕྱོགས་ གཙང་ཆུ་ ཡཱོར་དཱན་གྱི་ཕ་ཁར་ལས་ མི་ཚོགས་ལེ་ཤ་གིས་ཡེ་ཤུ་གི་རྟིང་བདའ་སྟེ་འོངས་ནུག།
1 ཉིནམ་གཅིག་གི་ཚེ་ ཡེ་ཤུ་གིས་མི་དམངས་འཛོམས་ས་གཟིགས་ཏེ་ ཁོ་ཡར་སྒང་གཅིག་གུ་བྱོན་སྦེ་བཞུགས་ནུག་ དེ་ལས་སློབ་མ་ཚུ་ཁོ་གི་སྐུ་མདུན་ལུ་བཅར་ཏེ། 2 ཡེ་ཤུ་གིས་ཆོས་སྟོན་གནང་ནི་འགོ་བཙུགས་ནུག 3 སེམས་ཉིད་ནང་སྐྱོ་བ་བསྐྱེད་དེ་སྡོད་མི་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཞིང་ཁམས་ཀྱི་རྒྱལ་སྲིད་འདི་ ཁོང་གི་དོན་ལུ་ཨིན། 4 ད་ལྟོ་མྱ་ངན་འབད་མི་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཁོང་གིས་ སེམས་གསོ་ཐོབ་ནི་ཨིན། 5 མི་མཉམ་ཆུང་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་འཇིག་རྟེན་ནང་གི་རྒྱུ་ནོར་ཚུ་ ཁོང་གིས་ཐོབ་ནི་ཨིན། 6 དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་དེ་ལུ་ ལྟོཝ་བཀྱེས་ཁ་སྐོམ་མི་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཤུལ་ལས་ ངལ་རངས་ཏོག་ཏོ་བཟོ་ནི་ཨིན། 7 བྱམས་པ་དང་སྙིང་རྗེ་ཅན་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་དཀོན་མཆོག་གིས་ ཁོང་ལུ་བྱམས་པ་དང་སྙིང་རྗེ་གཟིགས་ནི་ཨིན། 8 མི་སེམས་གཙངམ་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཁོང་གིས་ དཀོན་མཆོག་མཇལ་ནི་ཨིན། 9 ཞི་བདེ་དང་མཐུན་ལམ་བཟོ་མི་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཁོང་ལུ་ དཀོན་མཆོག་གི་སྲས་དང་སྲསམོ་སྦེ་བརྩི་ནི་ཨིན། 10 དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་དེ་ལུ་ གནོད་པ་བྱུང་ཡོད་མི་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ ཁོང་གི་དོན་ལུ་ཨིན། 11 ངེ་གི་ཞོར་ཁར་ལས་མི་ཚུ་གིས་ཁྱེད་ལུ་བརྙས་བཅོས་འབད་ གནོད་པ་སྐྱེལ་ཏེ་སྡུག་བྱིན་ དེ་ལས་གཏམ་རྫུན་མ་མ་འདྲཝ་སླབ་པ་ཅིན་ ཁྱེད་བྱིན་རླབས་ཅན་ཨིན། 12 ཁྱེད་ཆ་ཁྱབ་སེམས་དགའ་སྟེ་དགའ་འཚོར་འགྱུར་ ག་ཅི་སྨོ་ཟེར་བ་ཅིན་ཁྱེད་ཀྱི་དོན་ལུ་ ཞིང་ཁམས་ལུ་གསོལ་རས་སྦོམ་གཅིག་བཞག་ཡོད་ ཁྱེད་ལུ་གནོད་པ་སྐྱེལ་ཏེ་སྡུག་བྱིན་དོཝ་བཟུམ་སྦེ་རང་ ཁྱེད་ཀྱི་ཧེ་མ་ལས་འོང་མིའི་ལུང་སྟོན་པ་ཚུ་ལུ་ཡང་འབད་ནུག། 13 ཁྱེད་འཇིག་རྟེན་ནང་གི་ཚྭ་ཨིན་ དེ་འབདཝ་ད་ ཚྭའི་བྲོཝ་ཡལ་ཡར་སོང་པ་ཅིན་ ད་རུང་ཚྭ་དེ་བྲོཝ་ཡོདཔ་ག་དེ་སྦེ་བཟོ་ཚུགས་ནི་ འདི་ཁུངས་ག་ནི་ཡང་མེད་ ལམ་ཁར་ལུ་བཀོག་སྟེ་རྐངམ་གིས་བསྣད་འོང་། 14 ཁྱེད་ཡང་འཛམ་བུ་གླིང་གི་འོད་ཨིན་ དཔེར་ན་སྒང་གུ་ཡོད་མི་ཁྲོམ་དེ་སྦ་བཞག་མི་ཚུགས། 15 ད་རུང་མི་ག་གིས་ཡང་ས་ཏི་བཏེགས་ཏེ་ སྦ་ཟེ་གི་འོག་ལུ་བཙུགས་མི་བཞག་ དེ་འབདཝ་ད་ ས་ཏི་བཏེགས་སྦེ་ཡར་སྟེགས་ཁར་བཀལ་བཞགཔ་ཨིན་ དེ་ལས་ཁྱིམ་ནང་གི་མི་ག་ར་གིས་མཐོང་ཚུགས། 16 དཔེ་གཏམ་འདི་བཟུམ་སྦེ་རང་ ཁྱེད་ཀྱིས་འབད་མིའི་ལཱ་བཟང་པོ་འདི་ མིའི་གདོང་ཁར་འོད་བཟུམ་སྦེ་ཤར་བཅུག་ དེ་འབདཝ་ལས་མི་ཚུ་ག་ར་གིས་མཐོང་སྟེ་ ཁོང་གིས་ཡར་ཞིང་ཁམས་ལུ་བཞུགས་ཡོད་མི་ ཁྱེད་ཀྱི་ཡབ་ལུ་བསྟོད་པ་ཕུལ་འོང་།། 17 ང་ ཡ་ཧུ་ད་པ་གི་བཀའ་ཁྲིམས་དང་ལུང་སྟོན་པ་ཚུ་གིས་ སྟོན་མི་ཆོས་ལུ་མེདཔ་གཏང་པ་འོངམ་མས་ཟེར་མནོ་བསམ་མ་གཏང་ ང་དེ་ཚུ་མེདཔ་གཏང་པ་འོངམ་མེན་ དེ་འབདཝ་ད་ ཁོང་གིས་སྟོན་མི་ཆོས་ཚུ་གྲུབ་བཅུག་ནི་གི་དོན་ལུ་འོངམ་ཨིན། 18 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ གནམ་དང་ས་གཉིས་མེདཔ་ཐལ་མ་འགྱོ་ཚུན་ཚོད་ བཀའ་ཁྲིམས་ནང་བྲིས་ཡོད་མི་ ཡིག་འབྲུ་དང་ཚག་གཅིག་ཡང་ཡལ་མ་འགྱོ་བར་ བཀའ་ཁྲིམས་ཀྱི་དོན་དག་ཚུ་ག་ར་འགྲུབ་ནི་ཨིན། 19 དེ་འབདཝ་ལས་བརྟེན་ཏེ་ ཁྱེད་ག་ར་འབད་རུང་ བཀའ་ཁྲིམས་ནང་ལས་ ཆུང་ཀུ་གཅིག་ལུ་རང་མ་ཉན་པར་ ཁག་ཆེ་ཏོག་ཏོ་མེན་ཟེར་གཞན་ལུ་སྟོན་པ་ཅིན་ ཁོ་ཞིང་ཁམས་ཀྱི་རྒྱལ་སྲིད་ནང་ལུ་སྐྱོ་ཤོས་སྦེ་བརྩི་ནི་ཨིན་ དེ་འབདཝ་ད་ ག་ར་འབད་རུང་ བཀའ་ཁྲིམས་ལུ་ཉན་ཏེ་ དེ་དང་འཁྲིལ་ གཞན་ལུ་སྟོན་པ་ཅིན་ ཞིང་ཁམས་ཀྱི་རྒྱལ་སྲིད་ནང་ལུ་ ཁོ་དྲག་ཤོས་སྦེ་བརྩི་ནི་ཨིན། 20 དེ་འབདཝ་ལས་བརྟེན་ཏེ་ ང་གིས་ཁྱེད་ལུ་སླབ་དོ་ བཀའ་ཁྲིམས་ཀྱི་སློབ་དཔོན་དང་ ཕ་རུ་ཤི་པ་ལས་ལྷགཔ་སྦེ་ དཀོན་མཆོག་གི་བཀའ་ཁྲིམས་ལུ་ཉན་ཏེ་ མ་འབད་མི་འདི་གིས་ ཞིང་ཁམས་ཀྱི་རྒྱལ་སྲིད་ནང་རྩ་ལས་རང་འཛུལ་མི་ཚུགས།། 21 ཧེ་མ་གི་ཕ་བརྒྱུད་ཚུ་ལུ་ཁྱེད་མི་མ་བསད་ ཁྱེད་ག་ར་འབད་རུང་ མི་བསད་པ་ཅིན་ ཁྲིམས་ཕྱེ་ནི་ཨིན་ཟེར་སླབ་མི་འདི་ཁྱེད་ཀྱིས་གོ་ཡི། 22 དེ་འབདཝ་ད་ ང་གིས་ཁྱེད་ལུ་སླབ་ཨིན་ ག་ར་འབད་རུང་ མི་གཞན་ལུ་བལྟ་སྟེ་ཙིགཔ་ཟ་བ་ཅིན་ ཁྱེད་ལུ་ཁྲིམས་ཕྱེ་ནི་གི་ཉེན་ཁ་ཡོད་ ད་རུང་ཁྱེད་ག་ར་འབད་རུང་ མི་གཞན་ལུ་ ཁྱོད་ག་ནི་ཡང་མ་ཤེས་པའི་རྩ་རྒས་ གོ་མ་ཆོདཔ་ཨིན་མས་ཟེར་སླབ་པ་ཅིན་ ཁྱེད་ལུ་ལྷན་ཚོགས་ནང་སྐྱེལ་ཏེ་རྩིས་གཞི་ཕྱེ་ནི་གི་ཉེན་ཁ་ཡོད་ ད་རུང་མི་གཞན་གཅིག་ལུ་ཁྱེད་ཀྱིས་ཁ་ངན་ཚིག་ངན་སླབ་སྟེ་ དམའ་ཕབ་རྐྱབ་པ་ཅིན་ཁྱེད་དམྱལ་བའི་མེ་ནང་འགྱོ་ནིའི་ཉེན་ཁ་ཡོད། 23 ད་ཁྱོད་ཀྱིས་ག་དེམ་ཅིག་སྦེ་དཀོན་མཆོག་ལུ་ མཆོད་པ་ཕུལ་ནི་སྦེ་མཆོདཔ་དེ་ཚུ་མཆོད་ཁང་ནང་འབག་སྟེ་ མཆོད་ཁྲི་གུ་སྐྱེལཝ་ད་ དེ་འཕྲོ་ལས་མི་གཞན་དང་གཅིག་ཁར་མ་འཆམ་ཡོདཔ་ ཁྱོད་ཀྱི་སེམས་ཁར་དྲན་པ་ཅིན། 24 མཆོདཔ་དེ་མཆོད་ཁྲི་གི་གདོང་ལས་བཞག་སྦེ་ ཧེ་མ་མི་དེ་སྡོད་སར་འགྱོ་ཞིནམ་ད་ ཁོ་དང་འཆམ་ཁ་བཟོ་ དེ་ལས་ལོག་འོངས་ཏེ་དཀོན་མཆོག་ལུ་མཆོདཔ་ཕུལ། 25 ག་དེམ་ཅིག་སྦེ་ ཁྱེད་ལུ་སྐྱོན་བཏགས་མི་ཚུ་གིས་ ཁྲིམས་ཁང་ནང་འཁྱིད་འགྱོཝ་ད་ ལམ་ཁར་དུས་སྐབས་ཡོད་པའི་བསྒང་ལས་ འཆམ་ཁ་བཟོ་ དེ་མེན་པ་ཅིན་ ཁོ་གིས་དྲང་དཔོན་གྱི་ལག་པར་སྤྲོད་སྦེ་ དེ་ལས་དྲང་དཔོན་གྱིས་ཁྲིམས་སྲུང་འགག་པ་གི་ལག་པར་སྤྲོད་དེ་ ཁྱོད་ལུ་བཙོན་ཁང་ནང་བཙུགས་འོང་། 26 ང་གིས་ཁྱོད་ལུ་དོན་ལས་རང་སླབ་ཨིན་ ཁྱོད་ཀྱིས་ཁྲིམས་འཐུས་ ཟངས་ཀྲམ་གཅིག་ཡང་ ཚངམ་སྦེ་ མ་སྤྲོད་ཚུན་ཚོད་ ཁྱོད་བཙོན་ཁང་ནང་ལས་འཐོན་མི་ཚུགས།། 27 ཧེ་མ་གི་ཕ་བརྒྱུད་ཚུ་ལུ་ ཁྱེད་གཉེན་ལས་འགལ་བའི་ལུས་འབྲེལ་མ་འབད་ཟེར་སླབ་མི་འདི་ ཁྱེད་ཀྱིས་གོ་ཡི། 28 དེ་འབདཝ་ད་ ང་གིས་ཁྱེད་ལུ་སླབ་དོ་ མི་ག་ར་འབད་རུང་ འདོད་ཆགས་ཀྱི་སེམས་ཀྱིས་ ཨམ་སྲུ་ལུ་བལྟ་བ་ཅིན་ ཁོ་གིས་གཉེན་ལས་འགལ་བའི་ལུས་འབྲེལ་འབད་ཚརཝ་བཟུམ་སྦེ་ཨིན། 29 ཁྱོད་ཀྱི་མིག་ཏོ་གཡསཔ་དེ་གིས་ཁྱོད་ལུ་ སྡིག་པ་འབད་བཅུག་པ་ཅིན་ མིག་ཏོ་དེ་བཏོན་བཀོག་ད་ ཁྱོད་ཀྱི་གཟུགས་ག་ར་དམྱལ་བ་ནང་འགྱོ་བ་དེ་ གཟུགས་ཀྱི་ཡན་ལག་གཅིག་མེད་རུང་དྲག 30 དེ་ལས་ཁྱོད་ཀྱི་ལགཔ་གཡསཔ་དེ་གིས་ ཁྱོད་ལུ་སྡིག་པ་འབད་བཅུག་པ་ཅིན་ ལགཔ་དེ་བཏོག་བཀོག་ད་ ཁྱོད་ཀྱི་གཟུགས་ག་ར་དམྱལ་བ་ནང་འགྱོ་བ་དེ་ གཟུགས་ཀྱི་ཡན་ལག་གཅིག་མེད་རུང་དྲག 31 ཧེ་མ་གི་ཕ་བརྒྱུད་ཚུ་ལུ་ཕོ་རྒྱ་ཚུ་གིས་ རང་གི་ཨམ་སྲུ་དང་ཁ་འབྱལ་བ་ཅིན་ ཡིག་ཐི་སྤྲོད་དགོ་ཟེར་སླབ་མི་དེ་ ཁྱོད་ཀྱིས་གོ་ཡི། 32 དེ་འབདཝ་ད་ ང་གིས་སླབ་ཨིན་ མི་ག་ར་འབད་རུང་ ཁོ་གི་ཨམ་སྲུ་ལུ་དོན་དག་ལུས་འབྲེལ་གྱི་ལཱ་ལས་མེན་པར་ དོན་དག་གཞན་ལས་འབད་ རང་གི་ཨམ་སྲུ་དང་ཁ་འབྱལ་བ་ཅིན་ མོ་ལུ་གཉེན་ལས་འགལ་བའི་ལུས་འབྲེལ་འབད་བཅུག་པའི་ཉེས་པ་དེ་ ཁོ་ལུ་ཕོགཔ་ཨིན་ དེ་ལས་ཕོ་རྒྱ་ག་ར་འབད་རུང་ ཧེ་མ་ཁ་འབྱལ་མི་ཨམ་སྲུ་དང་གཅིག་ཁར་གཉེན་རྐྱབ་པ་ཅིན་ དེ་གིས་ཡང་ གཉེན་ལས་འགལ་བའི་ལུས་འབྲེལ་འབདཝ་ཨིན།། 33 ད་རུང་ཧེ་མ་གི་ཕ་བརྒྱུད་ཚུ་ལུ་རང་གི་དམ་བཅའ་དང་ མནའ་འབོ་ནི་ལས་འགལ་ནི་མི་འོང་ དེ་འབདཝ་ད་ རང་གིས་གཙོ་བོ་ནང་ལུ་ ཕུལ་མི་དམ་བཅའ་དང་བསྟུན་ཏེ་འབད་དགོ་ཟེར་གསུངས་མི་དེ་ ཁྱོད་ཀྱིས་གོ་ཡི། 34 དེ་འབདཝ་ད་ ང་གིས་ཁྱེད་ལུ་སླབ་ཨིན་ ཁྱོད་ཀྱིས་མནའ་རྩ་ལས་རང་མ་འབོ་ ཞིང་ཁམས་འཛོམ་དཔང་སྦེ་བཙུགས་ཏེ་མནའ་མ་འབོ་ ག་ཅི་སྨོ་ཟེར་བ་ཅིན་ཞིང་ཁམས་འདི་ དཀོན་མཆོག་གི་བཞུགས་ཁྲི་ཨིན། 35 ས་ཡང་འཛོམ་དཔང་སྦེ་བཙུགས་ཏེ་མནའ་མ་འབོ་ ག་ཅི་སྨོ་ཟེར་བ་ཅིན་ ས་འདི་དཀོན་མཆོག་གི་ཞབས་སྟེགས་ས་ཨིན་ དེ་ལས་ ཡེ་རུ་ཤ་ལེམ་ཡང་འཛོམ་དཔང་སྦེ་བཙུགས་ཏེ་མནའ་མ་འབོ་ ག་ཅི་སྨོ་ཟེར་བ་ཅིན་ ཡེ་རུ་ཤ་ལེམ་འདི་རྒྱལཔོ་ཆེན་པོ་གི་རྒྱལ་ས་ཨིན། 36 དེ་ལས་ཁྱོད་རང་གི་མགུ་ཏོ་ཡང་ འཛོམ་དཔང་སྦེ་བཙུགས་ཏེ་མནའ་མ་འབོ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱོད་ཀྱི་མགུ་ཏོ་གི་སྐྱ་གཅིག་ཡང་ དཀརཔོ་དང་གནགཔོ་བཟོ་མི་ཚུགས། 37 དེ་བ་འདི་གཏམ་ཨིན་མི་དེ་ཨིན་ མེན་མི་དེ་མེན་ཟེར་སླབ་ དེ་ལས་ལྷག་པའི་ལོ་རྒྱུས་གཞན་སླབ་པ་ཅིན་ དེ་ཚུ་བདུད་ལས་འོངམ་ཨིན།། 38 མིག་ཏོ་གི་ཚབ་མ་མིག་ཏོ་ སོ་གི་ཚབ་མ་སོ་ཟེར་གསུངས་མི་འདི་ཡང་ ཁྱེད་ཀྱིས་གོ་ཡི། 39 དེ་འབདཝ་ད་ ང་གིས་ཁྱེད་ལུ་སླབ་ཨིན་ ཁྱོད་ལུ་ཟོགཔོ་འབད་མི་ལུ་ལོག་སྟེ་ཟོགཔོ་མ་འབད་ ག་དེམ་ཅིག་སྦེ་ མི་ག་གིས་འབད་རུང་ ཁྱོད་ཀྱི་ཟ་ལྟབ་གཡས་པའི་གུ་ ལྡན་ལྕག་དྲངས་པ་ཅིན་ ཟ་ལྟབ་གཡོནམ་དེ་ཡང་བཟེད་བྱིན། 40 དེ་ལས་མི་གཅིག་གིས་ཁྱོད་ལུ་འཐབམོ་འཚོལ་ཏེ་ ཁྱོད་ཀྱི་ཁན་འཇར་འཕྱོག་འབག་པ་ཅིན་ བགོ་དེ་ཡང་བྱིན་གཏང་། 41 མི་གཅིག་གིས་ཁྱོད་ལུ་ དབང་བཙོང་གི་ཐོག་ལས་ ཁུར་ཆ་འབག་སྟེ་དཔག་ཚད་གཅིག་འགྱོ་ཟེར་འཁྱིད་པ་ཅིན་ ཁོ་དང་གཅིག་ཁར་དཔག་ཚད་གཉིས་འགྱོ་བྱིན། 42 ཁྱོད་ལས་ལྷང་མི་ལུ་བྱིན་ དེ་ལས་ཁྱོད་ལས་བསྐྱི་བ་འོང་མི་ལུ་ མ་བྱིན་པར་མ་བཞག། 43 ཁྱོད་ཀྱི་ཁྱིམ་ཚང་ལུ་བྱམས་པ་འབད་ དེ་ལས་ཁྱོད་རང་གི་དགྲ་ལུ་མ་དགའཝ་འབད་ཟེར་སླབ་མི་འདི་ཁྱེད་ཀྱིས་གོ་ཡི། 44 དེ་འབདཝ་ད་ ང་གིས་སླབ་ཨིན་ ཁྱེད་ཀྱིས་དགྲ་བྱང་ཕྱད་ལུ་བྱམས་པ་འབད་ དེ་ལས་ཁྱེད་ལུ་གནོད་པ་བཀལ་མི་ཚུ་གི་དོན་ལུ་སྨོན་ལམ་ཞུ་བྱིན། 45 དེ་སྦེ་འབད་བ་ཅིན་ ཁྱེད་ཀྱི་ཡབ་ཞིང་ཁམས་ལུ་ བཞུགས་ཡོད་མིའི་སྲས་དང་སྲསམོ་སྦེ་སྡོད་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་མི་བཟང་པོ་དང་ངན་པ་ གཉིས་ཆ་རང་གི་གུ་ལུ་ཉིམ་ཤར་བཅུགཔ་ཨིན་ དེ་ལས་མི་ཕྲངམ་དང་མ་ཕྲངམ་གཉིས་ཆ་རང་ལུ་ཡང་ཆརཔ་གནངམ་ཨིན། 46 ཁྱེད་ཀྱིས་རང་ལུ་བྱམས་པ་འབད་མི་ལུ་ བྱམས་པ་འབད་བ་ཅིན་ ཁྱོད་ཀྱིས་དཀོན་མཆོག་ལས་གསོལ་རས་ག་ཅི་ཐོབ་ནི་སྨོ་ འདི་བཟུམ་སྦེ་ མི་གཡོ་སྒྱུ་ཅན་ཁྲལ་བསྡུ་མི་ཚུ་གིས་ཡང་འབདཝ་ཨིན། 47 ཁྱེད་ཀྱིས་རང་གི་ཆ་རོགས་ལུ་རྐྱངམ་གཅིག་ལེགས་ཤོམ་འབད་བ་ཅིན་ ཁྱེད་ཀྱིས་གཞན་ལས་ཡང་དྲགཔ་སྦེ་ ག་ཅི་འབད་འབདཝ་ཡོདཔ་སྨོ་ དེ་བཟུམ་འདི་དཀོན་མཆོག་ངོ་མ་ཤེས་མི་ཚུ་གིས་ཡང་འབདཝ་ཨིན། 48 དེ་འབདཝ་ལས་བརྟེན་ཏེ་ ཡར་ཞིང་ཁམས་ལུ་བཞུགས་མི་ ཁྱེད་ཀྱི་ཡབ་སྐྱོན་ག་ནི་ཡང་མེད་པར་ཀྲིག་ཀྲི་སྦེ་བཞུགས་ཡོདཔ་བཟུམ་སྦེ་ ཁྱེད་ཆ་ཁྱབ་ཡང་སྐྱོན་ག་ནི་ཡང་མེད་པར་ཀྲིག་ཀྲི་སྦེ་སྡོད་ཟེར་ཡེ་ཤུ་གིས་གསུངས་ནུག།
1 ཡེ་ཤུ་གིས་ད་རུང་ ཁྱེད་ཀྱིས་ཆོས་སེམས་ཡོད་མི་བཟུམ་སྦེ་བཟོ་སྟེ་ འབད་མི་ལཱ་ཚུ་ མི་གཞན་གྱིས་མཐོང་གེ་ཟེར་སྟོན་ནི་ལས་རིགཔ་བསྒྱིམ་སྟེ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་དེ་སྦེ་འབད་བ་ཅིན་ ཞིང་ཁམས་ལུ་བཞུགས་ཡོད་མི་ཡབ་ལས་གསོལ་རས་མི་ཐོབ། 2 ཁྱེད་ཀྱིས་ནམ་རང་འབད་རུང་ མི་ལུ་གྲོགས་རམ་འབདཝ་ད་ ཁ་ཆོས་འབད་མི་བཟུམ་སྦེ་ མི་ལས་ཞེ་ས་ཐོབ་ནིའི་དོན་ལུ་ སི་ན་གོག་ནང་དང་ ཁྲོམ་ཁར་ལུ་དུང་འཕུ་སྐད་བརྐྱབས་ཏེ་མ་འབད་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁོང་གིས་གསོལ་རས་ན་འཛམ་བུ་གླིང་ནང་རང་ཐོབ་ཚརཝ་ཨིན། 3 དེ་འབདཝ་ད་ ཁྱེད་ཀྱིས་མི་ལུ་གྲོགས་རམ་འབདཝ་ད་ ཁྱེད་ཀྱི་ལགཔ་གཡས་པ་གིས་ ག་ཅི་འབདཝ་ཨིན་ན་ ལགཔ་གཡོན་མ་གིས་ཤེས་མ་བཅུག 4 ཁྱེད་ཀྱིས་འབད་མི་གྲོགས་རམ་འདི་གསང་སྟེ་བཞག་ དེ་ལས་གསང་སྟེ་འབད་མི་ལཱ་བཟང་པོ་འདི་ ཁྱེད་ཀྱི་ཡབ་ཀྱིས་གཟིགས་ཏེ་ ཁྱེད་ལུ་གསོལ་རས་གནང་འོང་།། 5 ཁྱེད་ཀྱིས་སྨོན་ལམ་བཏབ་ད་ ཁ་ཆོས་འབད་མི་ཚུ་བཟུམ་སྦེ་མ་བཏབ་ ག་ཅི་སྨོ་ཟེར་བ་ཅིན་ མི་ཚུ་གིས་ཁོང་ལུ་བལྟ་གེ་ཟེར་མནོ་སྟེ་ སི་ན་གོག་ནང་དང་ ལམ་འཛོམས་སར་ལོང་སྟེ་ སྨོན་ལམ་བཏབ་ནི་དགའཝ་ཨིན་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁོང་གིས་གསོལ་རས་ཨ་ནི་འཛམ་བུ་གླིང་ནང་རང་ཐོབ་ཚརཝ་ཨིན། 6 དེ་འབདཝ་ད་ ཁྱེད་ཀྱིས་སྨོན་ལམ་བཏབ་པའི་སྐབས་ལུ་ ཁྱིམ་ནང་ན་འཛུལ་ཏེ་སྒོ་བསྡམ་སྦེ་གསང་སྟེ་ མི་ག་གིས་ཡང་མ་མཐོངམ་སྦེ་ ཁྱེད་རང་གི་ཡབ་ལུ་སྨོན་ལམ་ཞུ་ དེ་ལས་གསང་སྟེ་འབད་མི་ལཱ་བཟང་པོ་ཚུ་ཡབ་ཀྱིས་མཁྱེན་ཏེ་ ཁྱེད་ལུ་གསོལ་རས་གནང་འོང་། 7 དེ་ལས་ཁྱེད་ཀྱིས་སྨོན་ལམ་བཏབ་ད་ དཀོན་མཆོག་ངོ་མ་ཤེས་མི་ཚུ་བཟུམ་སྦེ་ ཚིག་ལོག་ཅི་ལོག་ཅི་རང་སླབ་སྟེ་ སྨོན་ལམ་མ་བཏབ་ ག་ཅི་སྨོ་ཟེར་བ་ཅིན་ཁོང་གིས་ ཚིག་ལོག་ཅི་ལོག་ཅི་སླབ་སྟེ་སྨོན་ལམ་བཏབ་ད་ སྨོན་ལམ་གྱིས་ལན་ཐོབ་འོང་ཟེར་མནོ་བསམ་གཏངམ་ཨིན། 8 ཁྱེད་ཁོང་བཟུམ་སྦེ་མ་འབད་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ལུ་ག་ཅི་དགོཔ་ཨིན་ན་ ཁྱེད་ཀྱིས་མ་ཞུ་བའི་ཧེ་མ་ལས་ ཡབ་ཀྱིས་ཀྲིག་ཀྲི་སྦེ་མཁྱེན། 9 ཁྱེད་ཀྱིས་སྨོན་ལམ་བཏབ་ད་ ཨ་ནི་བཟུམ་སྦེ་བཏབ། ཀྱེ་ཞིང་ཁམས་ལུ་བཞུགས་མི་ང་བཅས་ཀྱི་ཡབ་ ནཱ་གི་མཚན་དམ་པ་བསྲུང་བར་ཤོག 10 ནཱ་གི་རྒྱལ་སྲིད་འབྱོན་པར་ཤོག་ ནཱ་གི་ཐུགས་དགོངས་ཞིང་ཁམས་ལུ་འགྲུབ་དོཝ་བཟུམ་ ས་ཁར་ལུ་ཡང་འགྲུབ་པར་ཤོག 11 ང་བཅས་ལུ་ཉིན་རེན་གྱི་བཟའ་འཐུང་ ད་རེས་ཡང་ནི་ གནང་བར་མཛོད། 12 ང་བཅས་ལུ་འཛོལ་བ་འབད་མི་ལུ་ ང་བཅས་ཀྱིས་དགོངས་ཡངས་གཏང་དོཝ་བཟུམ་ ང་བཅས་རང་གི་སྡིག་བཤགས་ཡང་བཞེས་གནང་། 13 དེ་ལས་ང་བཅས་ལུ་བར་ཆད་ནང་ཚུད་མ་བཅུག་ ངན་པ་དེ་ལས་སྐྱབས་མཛད་གནང་ རྒྱལ་སྲིད་དབང་དང་གཟི་བརྗིད་དེ་ དུས་རྒྱུན་དུ་ནཱ་གི་ཨིན་ལགས་ ཨ་མཱེན། 14 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་རང་ལུ་ འཛོལ་བ་འབད་མི་ཚུ་ལུ་དགོངས་ཡངས་གཏང་པ་ཅིན་ ཞིང་ཁམས་ལུ་བཞུགས་ཡོད་མི་ཁྱེད་ཀྱི་ཡབ་ཀྱིས་ཡང་ ཁྱེད་ལུ་བཀའ་དྲིན་བསྐྱང་འོང་། 15 དེ་འབདཝ་ད་ ཁྱེད་ཀྱིས་གཞན་གྱི་འཛོལ་བ་ལུ་དགོངས་ཡངས་མ་གཏང་པ་ཅིན་ ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ཀྱི་ཉེས་པ་ལུ་ཡང་བཀའ་དྲིན་མི་བསྐྱང་།། 16 ཁྱེད་ཀྱིས་སྨྱུང་གནས་སྲུངམ་ད་ ཁ་ཆོས་འབད་མི་ཚུ་བཟུམ་སྦེ་གདོང་སྐྱོ་སི་སི་སྦེ་མ་བཏོན་ ཁ་ཆོས་འབད་མི་ཚུ་གིས་ དེ་སྦེ་འབདཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་སྨྱུང་གནས་སྲུངམ་མས་ཟེར་ མི་ག་ར་གིས་ཤེས་གེ་ཟེར་མནོཝ་ཨིན་ དེ་འབདཝ་ད་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁོང་གིས་གསོལ་རས་ཨ་ནི་འཛམ་བུ་གླིང་ནང་རང་ཐོབ་ཚརཝ་ཨིན། 17 དེ་འབདཝ་ད་ ཁྱེད་ཀྱིས་སྨྱུང་གནས་སྲུངམ་ད་ གདོང་འཁྱུ་ མགུ་ཏོ་གུ་ཧུམ་དབུར་ དེ་ལས་མགུ་ཤད་རྐྱབ། 18 དེ་སྦེ་འབད་བ་ཅིན་ མི་ཚུ་གིས་ཁྱེད་སྨྱུང་གནས་སྲུངམ་མས་ཟེར་མི་ཤེས་ དེ་འབདཝ་ད་ གསང་སྟེ་འབད་མི་ལཱ་བཟང་པོ་ཚུ་ཁྱེད་ཀྱི་ཡབ་ཀྱིས་མཁྱེན་ཏེ་ ཁོ་གིས་ཁྱེད་ལུ་གསོལ་རས་གནང་འོང་།། 19 འཇིག་རྟེན་དེ་ནང་ལུ་ཁྱེད་ཀྱིས་རྒྱུ་ནོར་མ་བསག་ འཇིག་རྟེན་ནང་བསག་མི་རྒྱུ་ནོར་འདི་འབུབ་ཀྱིས་ཟ་ནི་ བཙའ་ཆགས་ཏེ་མེདཔ་ཐལ་ནི་ དེ་ལས་ཨརཝ་གིས་ཁྱིམ་སྤོག་སྟེ་ཨརཝ་བརྐུ་འབག་འགྱོ་འོང་། 20 དེ་འབདཝ་ད་ ཁྱེད་ཀྱིས་རྒྱུ་ནོར་ཞིང་ཁམས་ལུ་བསག་ ཞིང་ཁམས་ལུ་འབུབ་ཀྱིས་མི་ཟ་ བཙའ་ཆགས་ཏེ་མེདཔ་ཐལ་མི་འགྱོ་ དེ་ལས་ཨརཝ་གིས་ཡང་ཁྱིམ་སྤོག་སྟེ་བརྐུ་འབག་མི་འགྱོ། 21 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་རྒྱུ་ནོར་ག་ཏེ་ཡོད་སར་ དེ་ཁར་ཁྱེད་ཀྱི་སེམས་ཡང་ཆགས་སྡོདཔ་ཨིན། 22 ད་ཁྱེད་ཀྱི་མིག་ཏོ་འདི་ལུས་ཀྱི་ས་ཏི་བཟུམ་སྦེ་ཨིན་ ཁྱོད་ཀྱི་མིག་ཏོ་འདི་ལེགས་ཤོམ་ཡོད་པ་ཅིན་ ཁྱེད་ཀྱི་ལུས་ནང་ན་འོད་ཤར་སྡོད་འོང་། 23 དེ་འབདཝ་ད་ ཁྱེད་ཀྱི་མིག་ཏོ་འདི་ངན་པ་ཨིན་པ་ཅིན་ ཁྱེད་ཀྱི་ལུས་ཀྱི་ནང་ན་གནག་དུང་གིས་གང་སྡོད་འོང་ ཁྱེད་ཀྱི་ནང་ན་ཡོད་མི་གནག་དུང་འདི་འོད་ཨིན་ཟེར་མནོ་བ་ཅིན་ ཁྱེད་ག་དེམ་ཅིག་གནག་དུང་དུ་ཨིན་ནི་སྨོ། 24 མི་ག་གིས་ཡང་སྦྱིན་བདག་གཉིས་ཀྱི་ཕྱག་ཞུ་མི་ཚུགས་ ག་ཅི་སྨོ་ཟེར་བ་ཅིན་ སྦྱིན་བདག་གཅིག་ལུ་དགའ་བ་ཅིན་ གཞན་ལུ་མི་དགའ་ ཡང་ན་སྦྱིན་བདག་གཅིག་ལུ་ཞེ་ས་འབད་བ་ཅིན་ གཞན་ལུ་མི་འབད་ དེ་བཟུམ་སྦེ་རང་ཁྱེད་ཀྱིས་དཀོན་མཆོག་ལུ་ཕྱག་ཞུ་ནི་དང་ རྒྱུ་ནོར་ལུ་ཆགས་སེམས་བསྐྱེད་ནི་ གཉིས་ཆ་རང་འབད་མི་ཚུགས།། 25 དེ་སྦེ་འབད་ནི་དེ་གིས་ ང་གིས་ཁྱེད་ལུ་སླབ་ཨིན་ ཁྱེད་རང་གི་མི་ཚེ་གི་དོན་ལུ་ ག་ཅི་ཟ་ནི་ ག་ཅི་འཐུང་ནི་ ག་ཅི་གྱོན་ནི་ཨིན་ན་ཟེར་ དེ་ཚུ་གི་སྐོར་ལས་ཚ་གྱང་མ་ལངས་ མིའི་ཚེ་འདི་བཞེས་སྒོ་ཟ་ནི་ལས་ཁག་ཆེཝ་དང་ མིའི་ལུས་འདི་བགོ་ལ་གྱོན་ནི་ལས་ཁག་ཆེཝ་ཨིནམ་མི་ཤེས་ག། 26 ནམ་མཁའི་བྱི་ཅུང་དེ་ཚུ་ལུ་བལྟ་ཞིག་ ཁོང་ལོ་ཐོག་བཏབ་ནི་དང་བརྔ་ནི་ དེ་ལས་འབྱུ་བསྡུ་སྟེ་བཞག་སའི་ཁྱིམ་ཡང་མེད་ ཨིན་རུང་ ཞིང་ཁམས་ལུ་བཞུགས་ཡོད་མི་ ཁྱེད་ཀྱི་ཡབ་ཀྱིས་ ཁོང་ལུ་ཟ་ནི་འཐུང་ནི་གནངམ་ཨིན་ ཁྱེད་བྱི་ཅུང་ཚུ་ལས་ཡང་ གནམ་མེད་ས་མེད་ཁག་ཆེ་ཏོག་ཏོ་ཨིན་མེན་ན། 27 ཁྱེད་ཀྱིས་ཚ་གྱང་ལངས་ཏེ་ ཁྱེད་རང་གི་མི་ཚེ་འདི་ ཁྱུ་གང་ཡང་ཕར་རིངམ་སྦེ་བསྣར་ཚུགས་ག 28 ཁྱེད་བགོ་ལ་གི་དོན་ལུ་ ག་ཅི་འབད་ཚ་གྱང་ལངམ་སྨོ་ ནགས་ཚལ་གྱི་མེ་ཏོག་ཚུ་ལུ་བལྟ་ཞིག་ དེ་ཚུ་ག་དེ་སྦེ་སྐྱེས་ཏེ་ ཡར་སྦོམ་འགྱོཝ་སྨོ་ ཁོང་ལཱ་འབད་ནི་དང་བགོ་ལ་ཐགས་ནི་ཟེར་ཡང་མིན་འདུག 29 དེ་འབདཝ་ད་ ང་གིས་ཁྱེད་ལུ་སླབ་ཨིན་ རྒྱལཔོ་ སོ་ལོ་མཱོན་ གཟི་བརྗིད་དང་ལྡན་ཏེ་ཡོད་རུང་ ཨ་ནི་མེ་ཏོག་ཚུ་བཟུམ་སྦེ་ བགོ་ལེགས་ཤོམ་གྱོན་ནི་མ་ཐོབ་པས། 30 དབའེ་ ཁྱེད་དད་པ་ཆུང་ཀུ་ཚུ་ ཞིང་ཁར་གྱི་རྩྭ་ ད་རེས་ཡོད་མི་དེ་ ནངས་པ་སྐམ་སྟེ་ མེ་བཏང་བཀོ་ནི་དེ་ལུ་ དཀོན་མཆོག་གིས་བདག་འཛིན་འཐབ་གནང་པ་ཅིན་ ཁྱེད་ལུ་ཨ་ནི་ལས་ཡང་ལྷགཔ་སྦེ་ བདག་འཛིན་འཐབ་ མི་གནང་ག། 31 དེ་འབདཝ་ལས་ ཁྱེད་ཀྱིས་ག་ཅི་ཟ་ནི་ ག་ཅི་འཐུང་ནི་ ག་ཅི་གྱོན་ནི་ཨིན་ན་ཟེར་མནོ་སྟེ་ ཚ་གྱང་མ་ལངས། 32 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་ངོ་མ་ཤེས་མི་ཚུ་གིས་དེ་སྦེ་འབདཝ་ཨིན་ ཁོང་གིས་ག་ཅི་ཟ་ནི་ ག་ཅི་འཐུང་ནི་ དེ་ལས་ག་ཅི་གྱོན་ནི་ཨིན་ན་ དེ་ཚུ་རྐྱངམ་གཅིག་འཚོལ་འོང་ དེ་འབདཝ་ད་ ཞིང་ཁམས་ལུ་བཞུགས་མི་ ཁྱེད་ཀྱི་ཡབ་ཀྱིས་ ཁྱེད་ལུ་ག་ཅི་ཁག་ཆེཝ་ཡོདཔ་ཨིན་ན་ ག་ར་མཁྱེན། 33 ཁྱེད་ཀྱིས་དང་པ་རང་ དཀོན་མཆོག་གི་རྒྱལ་སྲིད་དང་ ཁོ་རའི་ཐུགས་དང་ལྡན་པའི་ལཱ་ཕྲངམ་འདི་འཚོལ་ དེ་ལས་ཁྱེད་ལུ་དགོ་མི་དེ་ཚུ་ ཡབ་ཀྱིས་གནང་འོང་། 34 དེ་འབདཝ་ལས་ ནངས་པ་གི་དོན་ལུ་ ད་རེས་ཚ་གྱང་མ་ལངས་ ག་ཅི་སྨོ་ཟེར་བ་ཅིན་ ནངས་པ་གི་དོན་ལུ་ ནངས་པ་རང་ཚ་གྱང་ལངས་འོང་ ཉིནམ་རེ་རེ་བཞིན་དུ་ ཚ་གྱང་སྡུག་བསྔལ་དེ་ ཐོན་ཏེ་རང་འོངམ་ཨིན།།
1 རོགས་ཀྱི་སྐྱོན་མ་བཏགས་ དེ་ལས་ཁྱེད་ལུ་ཡང་སྐྱོན་མི་བཏགས། 2 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་གཞན་ལུ་བལྟ་དོཝ་བཟུམ་སྦེ་ དཀོན་མཆོག་གིས་ཡང་ཁྱེད་ལུ་གཟིགས་ནི་ཨིན་ དེ་ལས་ཁྱེད་ཀྱིས་ག་དེམ་ཅིག་ཚད་འཇལ་ཏེ་ཕར་བྱིན་དོཝ་བཟུམ་སྦེ་ ལོག་སྟེ་ཁྱེད་ལུ་ཡང་གནང་འོང་། 3 ཁྱེད་རའི་མིག་ཏོ་ནང་གི་ཤིང་དུམ་བཟུམ་ལུ་མ་བལྟ་བར་ ཁྱེད་ག་ཅི་འབད་ཁྱོད་རའི་སྤུན་ཆ་གི་མིག་ཏོ་ནང་གི་རྡུལ་མ་ཆུང་ཀུ་འདི་ལུ་བལྟཝ་སྨོ། 4 ཁྱེད་རའི་མིག་ཏོ་ནང་ན་ཤིང་དུམ་བཞག་སྦེ་ ཁྱེད་རའི་སྤུན་ཆ་ལུ་ཁྱོད་ཀྱི་མིག་ཏོ་ནང་ལས་རྡུལ་མ་བཏོན་གེ་ཟེར་ག་དེ་སྦེ་སླབ་ཚུགསཔ། 5 ཁའི་ ཁྱེད་ཁ་ཆོས་འབད་མི་ཚུ་ དང་པ་ རང་གི་མིག་ཏོ་ནང་ལས་ཤིང་དུམ་བཏོན་ དེ་ལས་ཁྱེད་རའི་སྤུན་ཆ་གི་མིག་ཏོ་ནང་གི་རྡུལ་མ་བཏོན་ནིའི་དོན་ལུ་ གསལ་ཏོག་ཏོ་སྦེ་མཐོང་འོང་།། 6 དམ་པ་ཨིན་མི་དེ་ཚུ་རོ་ཁྱི་ཚུ་ལུ་མ་བྱིན་ ག་ཅི་སྨོ་ཟེར་བ་ཅིན་ དེ་ཚུ་གིས་ལོག་སྟེ་ཁྱོད་ལུ་སོ་བཏབ་འོང་ དེ་ལས་ད་རུང་ཕགཔ་ཚུ་ལུ་མུ་ཏིག་མ་བཀོག་ ག་ཅི་སྨོ་ཟེར་བ་ཅིན་ དེ་ཚུ་གིས་ རྩ་ཅན་དེ་ལུ་རྩད་མ་ཆོད་པར་ རྐངམ་གིས་རྫོབ་འོང་།། 7 དཀོན་མཆོག་ལས་ཞུ་བ་ཅིན་ཁྱེད་ལུ་གནང་འོང་ འཚོལ་བ་ཅིན་ཁྱེད་ཀྱིས་འཚོལ་ཐོབ་འོང་ སྒོ་བརྡུང་པ་ཅིན་ཁྱེད་ཀྱི་དོན་ལུ་སྒོ་ཕྱེ་གནང་འོང་། 8 ག་ཅི་སྨོ་ཟེར་བ་ཅིན་ ག་ཞུ་མི་དེ་ལུ་གནང་འོང་ འཚོལ་མི་དེ་གིས་ཐོབ་འོང་ སྒོ་བརྡུང་མི་དེ་ལུ་སྒོ་ཕྱེ་གནང་འོང་། 9 ཁྱེད་ཀྱི་གྲལ་ཁ་ལས་ ག་ར་འབད་རུང་ རང་གི་བུ་གིས་ ཁྱོད་ལུ་བཞེས་སྒོ་གནང་ཟེར་བ་ཅིན་ བཞེས་སྒོ་གི་ཚབ་ལུ་རྡོ་བྱིན་འོང་ག། 10 ཡང་ན་ཉ་གཅིག་གནང་ཟེར་བ་ཅིན་ དེ་གི་ཚབ་ལུ་སྦུལ་བྱིན་འོང་ག། 11 ཁྱེད་མི་ངན་པ་ཨིན་ཏེ་འབད་རུང་ རང་གི་བུ་དང་བུམོ་ཚུ་ལུ་ གསོལ་རས་ལེགས་ཤོམ་བྱིན་ཤེས་པ་ཅིན་ ཞིང་ཁམས་ལུ་བཞུགས་ཡོད་མི་ ཁྱེད་ཀྱི་ཡབ་ཀྱིས་ ཁོ་ལས་ཞུ་མི་ལུ་ མི་ངན་པ་ཚུ་ལས་ཡང་ལྷགཔ་སྦེ་ ག་དེམ་ཅིག་གསོལ་རས་ལེགས་ཤོམ་མ་གནང་བར་བཞག་འོང་ག། 12 མི་གཞན་གྱིས་ཁྱེད་ལུ་ག་ཅི་འབདཝ་ད་དགའ་ག་ འདི་བཟུམ་སྦེ་རང་ཁྱེད་ཀྱི་རོགས་ལུ་འབད་དགོ་ དེ་སྦེ་འབད་བ་ཅིན་ བཀའ་ཁྲིམས་དང་ལུང་སྟོན་པ་གི་དེབ་ནང་སྟོན་མི་ཆོས་ཀྱི་དོན་དག་ཨ་ནི་ཨིན།། 13 ཚེ་མཐའ་མེདཔ་ནང་འཛུལ་ནིའི་སྒོ་ར་སྒོ་འདི་ དོག་དྲགས་གཅིག་ཨིན་ ཁྱེད་དེ་ལས་སྦེ་འཛུལ་འགྱོ་དགོ་ དམྱལ་བ་གི་སྒོ་ར་སྒོ་འདི་རྒྱ་སྦོམ་ཡོད་ དེ་ནང་ལུ་འཛུལ་ནི་འཇམ་ཏོག་ཏོ་ཨིནམ་མ་ཚད་ དེ་ནང་ལས་འཛུལ་འགྱོ་མི་ཡང་ལེ་ཤ་ཅིག་རང་ཡོད། 14 དེ་འབདཝ་ད་ ཚེ་མཐའ་མེདཔ་ནང་འཛུལ་ནིའི་སྒོ་ར་སྒོ་དེ་ དོག་དྲགས་ཨིནམ་མ་ཚད་ ལམ་འདི་ལས་འགྱོ་ནི་ཡང་ལཱ་ཁག་ཨིན་ ལམ་དེ་ མི་ཉུང་སུ་གཅིག་གིས་འཚོལ་ཐོབ་ཨིན།། 15 དེ་ལས་ལུང་སྟོན་པ་རྫུས་མ་ཚུ་ལས་དྲན་པ་བཏོན་ ག་ཅི་སྨོ་ཟེར་བ་ཅིན་ དེ་ཚུ་གིས་ཕྱི་ཁ་ལས་ ལུག་གི་པགས་ཀོ་གྱོན་ཏེ་ ལུག་ཨིནམ་བཟོ་སྟེ་འཐོན་འོང་ དེ་འབདཝ་ད་ ཁོང་ནང་ན་ལས་ འཕརཝ་ངོ་མ་རང་ཨིན། 16 ཤིང་གི་དོག་མ་ལུ་བལྟ་སྟེ་ ངོ་ཤེས་དོཝ་བཟུམ་སྦེ་ཁྱེད་ཀྱིས་ཡང་ མི་གི་འབད་བཞག་བཅའ་བཞག་བལྟ་སྟེ་ ངོ་ཤེས་ཚུགས་ རྩང་ཤིང་གུ་ལས་རྒུན་འབྲུམ་གྱི་དོག་མ་མི་བཏག་ ཡང་ན་ཟྭོ་ཆག་ཤིང་ལས་ཅོང་སེ་གི་དོག་མ་བཏག་འོང་ག། 17 དེ་བཟུམ་སྦེ་རང་ཤིང་ལེགས་ཤོམ་གུ་ལས་དོག་མ་ལེགས་ཤོམ་བཏགཔ་ཨིན་ དེ་འབདཝ་ད་ ཤིང་ཟོགཔོ་གི་གུ་ལས་དོག་མ་ཡང་ཟོགཔོ་བཏགཔ་ཨིན། 18 ཤིང་ལེགས་ཤོམ་གྱིས་དོག་མ་ཟོགཔོ་བཏག་མི་ཚུགས་ དེ་ལས་ཤིང་ཟོགཔོ་གིས་དོག་མ་ལེགས་ཤོམ་བཏག་མི་ཚུགས། 19 དོག་མ་ལེགས་ཤོམ་མ་བཏག་མི་ཤིང་ ག་ར་བཏོགས་ཏེ་མེ་གཏང་བཀོ་ནི་ཨིན། 20 དེ་བཟུམ་སྦེ་རང་ཁྱེད་ཀྱིས་ ཁོང་གི་འབད་ཐངས་ལུ་བལྟ་སྟེ་ངོ་ཤེས་ཚུགས།། 21 ང་ལུ་གཙོ་བོ་ གཙོ་བོ་ ཟེར་ཁ་གིས་སླབ་རྐྱངམ་གཅིག་གིས་ ཞིང་ཁམས་ཀྱི་རྒྱལ་སྲིད་ནང་འཛུལ་མི་ཚུགས་ དེ་འབདཝ་ད་ ཞིང་ཁམས་ལུ་བཞུགས་ཡོད་མི་ ངེ་གི་ཡབ་ཀྱི་ཐུགས་དགོངས་བཞིན་དུ་གྲུབ་མི་ཚུ་ རྐྱངམ་གཅིག་འཛུལ་ཚུགསཔ། 22 རྩིས་ཕུལ་བའི་ཉིནམ་དེའི་སྐབས་ལུ་ མི་ལེ་ཤ་ཅིག་གིས་ གཙོ་བོ་ གཙོ་བོ་ལགས་ ང་བཅས་ཀྱིས་ནཱ་གི་མཚན་ནང་ལུང་བསྟན་བཤད་ཅི་ ནཱ་གི་མཚན་ནང་འདྲེ་གདོན་ཚུ་བཏོན་བདའ་ཡི་ དེ་ལས་ནཱ་གི་མཚན་ནང་ཧ་ལས་པའི་རྫུ་འཕྲུལ་ཚུ་ལེ་ཤ་རང་བཏོན་ཡི་ཟེར་སླབ་འོང་། 23 དེ་འབདཝ་ད་ འདིའི་སྐབས་ལུ་ང་གིས་ ཁྱེད་ཁྲིམས་ལུ་མ་གནས་མི་ཚུ་ རྩ་ལས་རང་ངོ་མི་ཤེས་ ཁྱེད་ང་སྡོད་ས་ལས་ཕར་སོང་ཟེར་ཕྲང་སྟེ་སླབ་ནི་ཨིན།། 24 དེ་འབདཝ་ལས་ ག་ར་འབད་རུང་ ང་གིས་སྟོན་མི་ ཨ་ནི་ཆོས་ཚུ་ལུ་ཉན་ཏེ་ དེ་བཟུམ་སྦེ་འབད་བ་ཅིན་ ཧེ་མ་མི་མཁས་པ་གཅིག་གིས་ ཁོ་རའི་རྩིག་པའི་འགྱམ་རྡོ་གུ་བཙུགས་དོཝ་བཟུམ་སྦེ་ཨིན། 25 རྩིག་པའི་འགྱམ་རྡོ་གུ་བཟོ་མི་ཁྱིམ་དེ་ སྒྲིང་སྒྲིང་སྦེ་ཡོད་ནི་དེ་གིས་ ཆརཔ་ཤུགས་སྦེ་རྐྱབ་ ཆུ་རུད་ཐོན་ དེ་ལས་རླུང་འཚུབ་ལངས་ཏེ་ ཁྱིམ་གུ་ཕོག་རུང་ ཁྱིམ་དེ་ལུ་གནོད་མ་ཚུགས་པས། 26 དེ་འབདཝ་ད་ ག་ར་འབད་རུང་ ང་གིས་སྟོན་མི་ཆོས་ཚུ་ལུ་གོ་སྟེ་འབད་རུང་ དེ་བཟུམ་སྦེ་མ་འབད་བ་ཅིན་ ཧེ་མ་མི་རྩ་རྒས་ ག་ནི་ཡང་མ་ཤེས་མི་གཅིག་གིས་ ཁོ་རའི་ཁྱིམ་བྱེ་མའི་གུ་བཟོ་དོཝ་བཟུམ་སྦེ་ཨིན། 27 བྱེ་ཐང་གུ་བཟོ་མི་ཁྱིམ་དེ་ ཆརཔ་ཤུགས་སྦེ་རྐྱབ་ ཆུ་རུད་འཐོན་ རླུང་འཚུབ་ལངས་ཏེ་ ཁྱིམ་གུ་ཕོག་པའི་བསྒང་ལས་ གནོད་སྐྱོན་སྦོམ་སྦེ་ཕོག་སྟེ་ ཁྱིམ་མར་རམས་སོང་ནུག་ཟེར་གསུངས་ནུག 28 ཡེ་ཤུ་གིས་ཆོས་འདི་གསུངས་ཚརཝ་ད་ མི་དམངས་ཁོ་གི་ཆོས་སྟོན་ཐངས་བལྟ་སྟེ་ཧ་ལས་ནུག 29 ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་གི་ཆོས་སྟོན་ཐངས་དེ་ བཀའ་ཁྲིམས་ཀྱི་སློབ་དཔོན་བཟུམ་སྦེ་མེན་པར་ དབང་ཚད་ཅན་སྦེ་ཆོས་སྟོན་གནང་ནུག།
1 ཡེ་ཤུ་སྒང་གུ་ལས་མར་འབྱོནམ་ད་ མི་དམངས་ཀྱིས་ཁོ་གི་རྟིང་བདའ་ནུག 2 འདིའི་སྐབས་ལུ་མཛེ་ནད་ན་མིའི་མི་གཅིག་ ཡེ་ཤུ་གི་སྐུ་མདུན་ལུ་བཅར་སྦེ་ ཕྱག་འཚལ་གསོལཝ་བཏབ་སྟེ་ གཙོ་བོ་ལགས་ ནཱ་གི་ཐུགས་དགོངས་ཡོད་པ་ཅིན་ ང་ལུ་དྲགཔ་མཛད་གནང་ཚུགས་ཟེར་ཞུ་ནུག 3 དེ་ལས་ཡེ་ཤུ་གིས་ཁོ་གི་གུ་ཕྱག་བཀལ་སྦེ་ ང་གིས་ཁྱོད་དྲགཔ་བཟོ་ནི་ཨིན་ དྲག་ཞིག་ཟེར་གསུངསམ་ད་ དེ་འཕྲོ་ལས་མཛེ་ནད་འདི་དྲག་སོང་ནུག 4 དེ་ལས་ཡེ་ཤུ་གིས་ཁོ་ལུ་ མི་ག་ལུ་ཡང་མ་སླབ་པར་ ཕྲང་སྟེ་བླམ་བཞུགས་སར་སོང་སྦེ་ ཁྱོད་མཛེ་ནད་ལས་དྲག་སོང་ཡི་ཟེར་བཏོན་ དེ་ལས་མཛེ་ནད་ལས་དྲག་ཅི་ཟེར་བའི་འཛོམ་དཔང་འབད་བའི་དོན་ལུ་ བཀའ་ཁྲིམས་དང་འཁྲིལ་ཏེ་ ཁོང་གི་གདོང་ཁར་ དཀོན་མཆོག་ལུ་མཆོདཔ་ཕུལ་ཟེར་གསུངས་ནུག། 5 ཡེ་ཤུ་ཁྲོམ་ ཀ་ཕཱར་ནུམ་ནང་འབྱོནམ་ད་ རོམ་གྱི་སྤྱི་དཔོན་གཅིག་ཁོ་གི་སྐུ་མདུན་ལུ་ རོགས་རམ་ཞུ་བ་འོངས་ནུག 6 རོམ་གྱི་སྤྱི་དཔོན་གྱིས་ གཙོ་བོ་ལགས་ ངེ་གི་གཡོགཔོ་དེ་གཟུགས་ཞར་ཏེ་ གནམ་མེད་ས་མེད་ཟུག་བརྐྱབས་ཏེ་ མལ་ཆ་ནང་ཡོད་ཟེར་ཞུཝ་ད། 7 ཡེ་ཤུ་གིས་ཁོ་ལུ་ ང་འོངས་ཏེ་དྲགཔ་བཟོ་ནི་ཨིན་ཟེར་གསུངས་ནུག 8 དེའི་ལན་ལུ་སྤྱི་དཔོན་གྱིས་ གཙོ་བོ་ལགས་ ནཱ་ངེ་གི་ཁྱིམ་ནང་ཞུ་ནི་གི་འོས་འབབ་ང་ལུ་མེད་ དེ་འབདཝ་ད་ ནཱ་གིས་བཀའ་གཅིག་གནང་པ་ཅིན་ ངེ་གི་གཡོགཔོ་དེ་དྲག་འོང་། 9 ག་ཅི་སྨོ་ཟེར་བ་ཅིན་ ང་ཡང་གཞན་གྱི་དབང་ཚད་ཀྱི་འོག་ལུ་སྡོད་མི་གཅིག་ཨིན་ ངེ་གི་འོག་ལུ་ཡང་དམག་མི་ཚུ་ཡོད་ ང་གིས་ཁོང་ལུ་ཕར་སོང་ཟེར་བ་ཅིན་ ཁོང་འགྱོཝ་ཨིན་ དེ་ལས་ཚུར་ཤོག་ཟེར་བ་ཅིན་ ཁོང་ཚུར་འོངམ་ཨིན་ ང་གིས་ང་རང་གི་རྒྱོབོ་ལུ་ཨ་ནི་ལཱ་འབད་ཟེར་སླབ་ད་ ཁོ་གིས་འབདཝ་ཨིན་ཟེར་ཞུ་ནུག 10 ཡེ་ཤུ་གིས་དེ་སྙན་གསནམ་ད་ཡ་མཚན་ཆེ་སྟེ་ ཁོ་གི་ཤུལ་ལས་འོང་མི་ཚུ་ལུ་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཨ་ནི་བཟུམ་གྱི་དད་པ་སྦོམ་ཡོད་མིའི་མི་ ག་ཡང་ ནཱ་ ཨཱིས་ར་ཨཱེལ་ལུ་མ་མཐོང་ཟེར་གསུངས་ནུག 11 ད་རུང་ཡེ་ཤུ་གིས་ ང་གིས་ཁྱེད་ལུ་སླབ་ཨིན་ འཛམ་བུ་གླིང་ཕྱོགས་ག་ར་ནང་ལས་ ཕྱིའི་མི་རིགས་ལེ་ཤ་འོངས་ཏེ་ ཨབ་ར་ཧམ་ ཨི་སག་ ཡ་ཀོབ་དང་གཅིག་ཁར་ ཞིང་ཁམས་ཀྱི་རྒྱལ་སྲིད་ནང་ཟས་ཀྱི་དགའ་སྟོན་ཚོགས་ཏེ་སྡོད་འོང་། 12 དེ་འབདཝ་ད་ ཨཱིས་ར་ཨཱེལ་པ་ཚུ་གི་དོན་ལུ་གྲ་སྒྲིག་བརྐྱབས་ཏེ་ ཡོད་མིའི་རྒྱལ་སྲིད་ནང་ལས་རྒྱལཔོ་གིས་ ཁོང་ཕྱི་ཁར་གནག་དུང་ནང་བཏོན་གཏང་འོང་ དེ་ལས་མི་དེ་ཚུ་འདི་ནང་སོ་བརྡར་ སྔུ་སྡོད་འོང་ཟེར་གསུངས་ནུག 13 དེ་ལས་ཡེ་ཤུ་གིས་སྤྱི་དཔོན་ལུ་ ད་ཁྱོད་ཁྱིམ་ནང་སོང་ ཁྱོད་ཀྱིས་དད་པ་བསྐྱེད་ནི་འདི་གིས་ ཁྱོད་ཀྱི་གཡོགཔོ་དྲག་བཅུག་ཟེར་གསུངས་ནུག་ དེ་ལས་ཡེ་ཤུ་གིས་དེ་སྦེ་གསུངས་བའི་དུས་ཚོད་ནང་རང་ སྤྱི་དཔོན་གྱི་གཡོགཔོ་དེ་དྲག་སོང་ནུག། 14 དེ་ལས་ཡེ་ཤུ་ པེ་ཏྲོ་གི་ཁྱིམ་ནང་འབྱོནམ་ད་ ཁོ་གི་སྒྱུགམོ་དེ་ དྲོད་འབར་རྐྱབ་ན་སྟེ་ མལ་ཆ་ནང་ཡོདཔ་གཟིགས་ཏེ། 15 ཡེ་ཤུ་གིས་མོ་གི་ལགཔ་གུ་ཕྱག་བཀལཝ་ད་ མོ་དྲོད་འབར་སངས་ཏེ་ཡར་ལོང་སྦེ་ ཡེ་ཤུ་གི་ཕྱག་ཞུ་ནུག 16 ནམ་སྲོ་པའི་བསྒང་ལས་ མི་དེ་ཚུ་གིས་ འདྲེ་གདོན་འཛུལ་མི་ལེ་ཤ་ ཡེ་ཤུ་གི་སྐུ་མདུན་ལུ་འཁྱིད་འོངས་ཏེ་ ཁོ་གིས་བཀའ་གནང་སྟེ་ འདྲེ་གདོན་ལུ་བཏོན་བདའཝ་མ་ཚད་ ན་སྟེ་འོང་མི་ག་ར་ལུ་དྲགཔ་མཛད་ནུག 17 ཡེ་ཤུ་གིས་དེ་སྦེ་མཛད་མི་དེ་ ལུང་སྟོན་པ་ ཨའི་ཟ་ཡ་ལས་རྒྱུད་དེ། ཁོ་གིས་ང་བཅས་ཀྱི་ན་ཚ་བཞེས་གནངམ་མ་ཚད་ ང་བཅས་ཀྱི་ནད་གཞི་བསྣམས་བྱོན་ཡི་ཟེར་མི་ ལུང་བསྟན་དེ་གྲུབ་ནིའི་དོན་ལུ་ཨིན།། 18 ད་རུང་ཡེ་ཤུ་གིས་མི་དམངས་ཁོ་གི་བསྐོར་ར་རྐྱབ་འོང་ས་གཟིགསཔ་ད་ ཁོ་གིས་སློབ་མ་ཚུ་ལུ་མཚོ་བརྒལ་ཏེ་ཕ་ཁར་འགྱོ་ཟེར་བཀའ་གནང་ནུག 19 དེ་ལས་བཀའ་ཁྲིམས་ཀྱི་སློབ་དཔོན་གཅིག་འོངས་ཏེ་ སློབ་དཔོན་ལགས་ ནཱ་ག་ཏེ་རང་འབྱོན་རུང་ ང་ཡང་ནཱ་གི་སློབ་མ་སྦེ་འགྱོ་ནི་ཟེར་ཞུ་ནུག 20 དེའི་ལན་ལུ་ཡེ་ཤུ་གིས་ འ་དོམ་ཚུ་ལུ་སྡོད་སའི་ས་དོང་ཡོད་ བྱི་ཅུང་ཚུ་ལུ་སྡོད་སའི་ཚང་ཡོད་ དེ་འབདཝ་ད་ མིའི་བུ་ལུ་མགུ་རྐྱབ་ས་གཅིག་རང་མེད་ཟེར་གསུངས་ནུག 21 སློབ་མ་ཚུ་གི་གྲལ་ཁ་ལས་གཅིག་གིས་ཡེ་ཤུ་ལུ་ གཙོ་བོ་ལགས་ ཧེ་མ་ང་ལོག་འགྱོ་སྟེ་ ངེའི་ཨ་པ་གི་རོ་བསྡུ་བ་འགྱོ་བཅུག་ཟེར་ཞུ་ནུག 22 དེ་འབདཝ་ད་ ཡེ་ཤུ་གིས་ཁོ་ལུ་ ད་ལྟོ་རང་ངེ་གི་སློབ་མ་སྦེ་ཤོག་ ཁོང་རང་གི་རོ་ ཁོང་རང་བསྡུ་བཅུག་ ཟེར་གསུངས་ནུག། 23 དེ་ལས་ཡེ་ཤུ་གྲུ་གཅིག་ནང་འཛུལ་སྦེ་འབྱོནམ་ད་ སློབ་མ་ཚུ་ཡང་ཁོ་དང་གཅིག་ཁར་གྲུ་ནང་འཛུལ་སོང་ནུག 24 དེ་ཅིག་གི་བར་ན་ ཆརཔ་དང་རླུང་འཚུབ་ཤུགས་སྦེ་འཕུ་སྟེ་ མཚོའི་གུ་རྐྱབ་ད་ མཚོའི་རྦ་རླབས་ཀྱིས་གྲུ་ནང་ཆུ་གང་ནི་འབད་ཆི་ནུག་ དེ་འབདཝ་ད་ འདིའི་སྐབས་ཡེ་ཤུ་གཟིམས་ཏེ་བཞུགས་ནུག 25 ཡེ་ཤུ་གི་སློབ་མ་ཚུ་ཁོ་བཞུགས་སར་སོང་སྦེ་མནལ་དཀྲོགས་ཏེ་ གཙོ་བོ་ལགས་ ང་བཅས་ཆུ་ནང་ཐིམ་སྟེ་ཤི་ནི་འབད་དོ་ ང་བཅས་ལུ་སྐྱབས་མཛད་གནང་ཟེར་ཞུཝ་ད། 26 ཡེ་ཤུ་གིས་ཁོང་གི་ལན་ལུ་ ཁྱེད་དད་པ་ཆུང་ཀུ་ཚུ་ ག་ཅི་འབད་འདྲོགཔ་སྨོ་ཟེར་གསུངས་སྦེ་ ཁོ་རང་ཡར་བཞེངས་ཏེ་ ཆར་རླུང་དང་རྦ་རླབས་ལུ་ བཀའ་བཀྱོན་གནངམ་ད་ དེ་འཕྲོ་ལས་ཆར་རླུང་མར་ཞི་སྟེ་ སྐྱིད་ཏོང་ཏོ་སོང་ནུག 27 དེ་ལས་གྲུ་ནང་ཡོད་མི་ཆ་ཁྱབ་ག་ར་ཧ་ལས་ཏེ་ ཁོང་རང་གཅིག་གིས་གཅིག་ལུ་ ཨ་ནི་མི་དེ་ག་དེམ་ཅིག་སྨོ་ ཆར་རླུང་དང་རྦ་རླབས་ཀྱིས་ཡང་ ཁོ་གི་བཀའ་ལུ་ཉན་བཏུབ་པས་ཟེར་སླབ་ནུག། 28 ཡེ་ཤུ་མཚོའི་ཕ་ཁར་ ག་ད་རེ་པ་ཟེར་མི་ཚུ་གི་ཁྲོམ་ནང་ཕེབསཔ་ད་ འདྲེ་གདོན་འཛུལ་མིའི་མི་གཉིས་ ཁོ་དང་མཇལ་ནུག་ ཨ་ནི་མི་གཉིས་ཀུ་དུར་ཁུང་ནང་སྡོདཔ་མ་ཚད་ ཁོང་གནམ་མེད་ས་མེད་འདྲོག་སི་སི་འབད་ནི་འདི་གིས་ མི་ག་ཡང་ ལམ་འདི་ལས་ཕར་དང་ཚུར་འགྱོ་མ་ཚུགས་པར་སྡོད་དོ་ཡོདཔ་ཨིན་མས། 29 ཁོང་གཉིས་ཀྱིས་ཡེ་ཤུ་ལུ་ སྐད་བརྐྱབས་ཏེ་དཀོན་མཆོག་གི་སྲས་ ང་བཅས་ལས་ག་ཅི་དགོ་ནི་སྨོ་ དཀོན་མཆོག་གིས་ང་བཅས་ལུ་ཁྲིམས་གནང་ནིའི་དུས་ཚོད་མ་རནམ་ལས་ ནཱ་ང་བཅས་ལུ་གནོད་བཀལ་བ་བྱོནམ་ཨིན་ན་ཟེར་ཞུ་ནུག 30 དེའི་སྐབས་ལུ་ཨ་ཙི་ཐག་རིང་ས་གཅིག་ཁར་ ཕགཔ་ཚན་སྦོམ་གཅིག་གསོ་སྐྱོང་འཐབ་སྟེ་ཡོདཔ་ཨིན་མས། 31 དེ་ལས་འདྲེ་གདོན་ཚུ་གིས་ཡེ་ཤུ་ལུ་ ནཱ་གིས་ང་བཅས་ལུ་ནཱ་ལས་བཏོན་བདའ་གནང་བ་ཅིན་ ཨ་ཕ་གི་ཕགཔ་ཚུ་ནང་ན་འཛུལ་བ་གཏང་གནང་ཟེར་གསོལཝ་བཏབ་ནུག 32 ཡེ་ཤུ་གིས་འདྲེ་ཚུ་ལུ་སོང་ཟེར་བཀའ་གནངམ་ད་ འདྲེ་གདོན་ཚུ་ཁོང་མི་གཉིས་ནང་ལས་ཐོན་ ཕགཔ་ཚུ་ནང་འཛུལ་ཏེ་ ཁོང་ག་ར་རི་གཟར་དྲགས་གུ་ལས་མར་མཚོ་ནང་མཆོངས་སྦེ་ ཐིམ་སྟེ་ཤི་སོང་ནུག 33 དེ་ལས་ཕག་རྫིཔ་ཚུ་འབྱོག་འགྱོ་སྟེ་ སྦོ་ལོགས་ཁར་གྱི་ཁྲོམ་ཁར་སོང་སྦེ་ འདྲེ་གདོན་འཛུལ་མིའི་མི་གཉིས་ཀྱི་སྐོར་ལས་ ལོ་རྒྱུས་ཚུ་ག་ར་བཤད་སླབ་ནུག 34 དེ་ལས་ཁྲོམ་གྱི་མི་ཚུ་ག་ར་འོངས་ཏེ་ ཡེ་ཤུ་དང་མཇལཝ་ད་ ཡེ་ཤུ་ལུ་ ཨ་ནི་ས་གནས་ནང་ལས་བྱོན་ཟེར་གསོལཝ་བཏབ་ནུག།
1 དེ་ལས་ཡེ་ཤུ་གྲུ་ནང་འཛུལ་ མཚོ་བརྒལ་ ཕ་ཁར་ཐོན་ཏེ་ ཁོ་རང་བཞུགས་སའི་ཁྲོམ་ལུ་བྱོན་ནུག 2 མི་ལ་ལུ་ཅིག་གིས་གཟུགས་ཞར་མི་གཅིག་ ཡེ་ཤུ་བཞུགས་སར་འདོ་ལི་གུ་སྐྱེལ་འབག་འོངས་ནུག་ ཁོང་གིས་དད་པ་བསྐྱེད་དེ་ཡོདཔ་ཡེ་ཤུ་གིས་མཁྱེན་ཏེ་ ཁོ་གིས་གཟུགས་ཞར་མི་འདི་ལུ་ བུ་ཁྱོད་སེམས་མ་སྐྱོ་ ཁྱོད་ཀྱི་སྡིག་པ་ བཀའ་དྲིན་བསྐྱང་ཚར་ཡི་ཟེར་གསུངས་ནུག 3 དེ་ལས་བཀའ་ཁྲིམས་ཀྱི་སློབ་དཔོན་ལ་ལུ་ཅིག་གིས་ ཨ་ནི་མི་དེ་དཀོན་མཆོག་ལུ་དབུ་ཕངས་སྨདཔ་ཨིན་མས་ཟེར་ ཁོང་རང་གཅིག་གིས་གཅིག་ལུ་སླབ་ནུག 4 དེ་ལས་ ཁོང་གིས་མནོ་མི་དེ་ཡེ་ཤུ་གིས་མཁྱེན་ཏེ་ ཁྱེད་ཀྱིས་ག་ཅི་འབད་མནོ་བསམ་ངན་པ་གཏངམ་སྨོ། 5 ཁྱོད་ཀྱི་སྡིག་པ་བཀའ་དྲིན་བསྐྱང་ཡི་ཟེར་སླབ་ནི་ཡང་ན་ཡར་ལོང་སྟེ་ལམ་འགྱོ་ཟེར་སླབ་ནི་གཉིས་ལས་ག་འདི་འཇམ་སྨོ། 6 དེ་འབདཝ་ད་ མིའི་བུ་ལུ་ འཇིག་རྟེན་ནང་སྡིག་པ་བཀའ་དྲིན་བསྐྱང་ནིའི་དབང་ཚད་ཡོད་ཟེར་ ཁྱེད་ཀྱིས་ཤེས་དགོ་ཟེར་གསུངས་ནུག་ འདི་གི་དོན་ལུ་ གཟུགས་ཞར་མི་དེ་ལུ་ ཡར་ལོང་སྟེ་ ཁྱོད་རང་གི་འདོ་ལི་འཐུ་འབག་སྦེ་ ཁྱིམ་ནང་སོང་ཟེར་གསུངས་ནུག 7 དེ་ལས་དོན་ལས་རང་ མི་དེ་ཡར་ལོངས་སྦེ་ ཁོ་རང་གི་ཁྱིམ་ནང་ཡར་སོང་ནུག 8 མི་དམངས་ཀྱི་མཐོང་ས་ཨ་ནི་བཟུམ་འབྱུངམ་ད་ ཁོང་ཧ་ལས་ཏེ་ དཀོན་མཆོག་གིས་མི་ལུ་ཨ་ནི་བཟུམ་གྱི་དབང་ཚད་གནངམ་མས་ཟེར་བསྟོད་པ་ཕུལ་ནུག། 9 དེ་ལས་ཡེ་ཤུ་དེ་ཁར་ལས་འབྱོནམ་ད་ མེ་ཐིའུ་ཟེར་མི་འདི་ཁྲལ་བསྡུ་སའི་ས་གོ་ནང་སྡོདཔ་གཟིགས་ཏེ་ ཁོ་ལུ་ངེ་གི་སློབ་མ་སྦེ་ཤོག་ཟེར་གསུངསམ་ད་ མེ་ཐིའུ་ཡར་ལོངས་སྦེ་ཡེ་ཤུ་གི་སློབ་མ་སྦེ་སོང་ནུག 10 དེ་ལས་ ཡེ་ཤུ་ཁོ་གི་སློབ་མ་ཚུ་དང་མཉམ་ མེ་ཐིའུ་གི་ཁྱིམ་ནང་ཚོགས་བཞེས་བཞུགསཔ་ད་ ཁྲལ་བསྡུ་མི་དང་མི་སྡིག་ཅན་ལེ་ཤ་ཅིག་འོངས་ཏེ་ ཁོང་ཆ་ཁྱབ་དང་གཅིག་ཁར་ཟ་ནུག 11 ཕ་རུ་ཤི་པ་ཚུ་གིས་འདི་མཐོངམ་ད་ སློབ་མ་ཚུ་ལུ་ ཁྱེད་ཀྱི་སློབ་དཔོན་ཁྲལ་བསྡུ་མི་དང་ མི་སྡིག་ཅན་ཚུ་དང་གཅིག་ཁར་ ག་ཅི་འབད་ཚོགས་བཞེསཔ་སྨོ་ཟེར་དྲིས་ནུག 12 ཡེ་ཤུ་གིས་ལོ་རྒྱུས་འདི་སྙན་གསནམ་ད་ དེའི་ལན་ལུ་ དྲུང་འཚོ་འདི་མི་ཁམས་བཟང་པོ་གི་དོན་ལུ་མེན་པར་ ནདཔ་གི་དོན་ལུ་ཨིན། 13 འདི་བཟུམ་སྦེ་རང་ ང་མི་ཆོས་སེམས་ཅན་གྱི་དོན་ལུ་མེན་པར་ མི་སྡིག་ཅན་ཚུ་འབོ་པ་འོང་ཡི་ ད་ཁྱེད་ནཱ་ལས་སོང་ཞིནམ་ད་ གསུང་རབ་ནང་ཡོད་མི། ང་ལུ་དགོ་མི་འདི་ ཕྱི་ཁར་ཕུལ་མི་མཆོད་པ་རྐྱངམ་གཅིག་མེན་ དེ་འབདཝ་ད་ སེམས་ནང་ལུ་ སྙིང་རྗེ་ཅན་སྦེ་དགོ་ནི་ཨིན་ཟེར་བའི་ དོན་དག་དེ་ ཁྱེད་ཀྱིས་ཧ་གོ་དགོ་ཟེར་གསུངས་ནུག། 14 དེ་ལས་ ཡོ་ཧ་ནཱན་གྱི་སློབ་མ་ཚུ་ ཡེ་ཤུ་བཞུགས་སར་བཅར་ཏེ་ཡེ་ཤུ་ལུ་ ང་བཅས་དང་ ཕ་རུ་ཤི་པ་ཚུ་སྨྱུང་གནས་སྲུངམ་ཨིན་ དེ་འབདཝ་ད་ ནཱ་གི་སློབ་མ་ཚུ་སྨྱུང་གནས་མི་སྲུང་པས་ འདི་ག་དེ་སྦེ་སྨོ་ཟེར་ཞུ་ནུག 15 ཡེ་ཤུ་གིས་དེའི་ལན་ལུ་ གཉེན་གྱི་རྟེན་འབྲེལ་བརྩིས་ཏེ་ དགའ་སྤྲོ་འགྱུར་བའི་སྐབས་ལུ་ རྨགཔ་གི་མགྱོནམ་དེ་ཚུ་ སེམས་སྐྱོ་སྟེ་སྡོད་འོང་ག་ ཉིནམ་གཅིག་གི་ཚེ་རྨགཔ་དེ་ ཁོང་ལས་ཁ་འབྱལ་འགྱོ་བའི་དུས་གཅིག་འཐོན་འོང་ དེ་ལས་ཁོང་སྨྱུང་གནས་བསྲུང་འོང་། 16 མི་ག་ར་འབད་རུང་ བགོ་ལ་རྙིང་པའི་གུ་ བགོ་ལ་གསརཔ་གི་ལྷན་པ་མི་བཏབ་ བཏབ་པ་ཅིན་ལྷན་པ་གསརཔ་དེ་གིས་ བགོ་ལ་རྙིངཔ་དེ་ཧྲལ་ཏེ་ ཧེ་མ་ལས་ཡང་སྦོམ་པའི་དོང་བཏོན་འོང་། 17 དེ་ལས་ག་ར་འབད་རུང་ རྒུན་འབྲུམ་ཆང་མ་ཁུགཔ་དེ་ཀོ་བའི་རྐྱལ་ཅུང་རྙིང་པའི་ནང་མི་བླུག་ བླུག་པ་ཅིན་ ཆང་འདི་ འཁོལ་བའི་བསྒང་ལས་རྐྱལ་ཅུང་སྤེད་དེ་ ཆང་ས་ཁར་འབོ་སྦེ་ རྐྱལ་ཅུང་ཡང་མེདཔ་གཏང་འོང་ རྒུན་འབྲུམ་ཆང་མ་ཁུགཔ་དེ་ རྐྱལ་ཅུང་གསརཔ་ནང་རང་བླུག་དགོ་ དེ་ལས་ཆང་དང་རྐྱལ་ཅུང་གཉིས་ཆ་རང་ ལེགས་ཤོམ་སྦེ་སྡོད་འོང་ཟེར་གསུངས་ནུག། 18 ཡེ་ཤུ་གིས་དེ་སྦེ་གསུངས་བཞུགས་པའི་སྐབས་ལུ་ སི་ན་གོག་གི་དབུ་མཛད་གཅིག་འོངས་ཏེ་ ཁོ་གི་སྐུ་མདུན་ལུ་ཕྱག་འཚལ་སྦེ་ ངེ་གི་བུམོ་ད་ལྟོ་ཤིཝ་ཅིག་ཨིན་ དེ་འབདཝ་ད་ ནཱ་བྱོན་ཏེ་ མོ་གི་གུ་ཕྱག་བཀལ་གནང་པ་ཅིན་ མོ་ལོག་སྟེ་གསོན་པོ་སྦེ་སྡོད་འོང་ཟེར་ཞུ་ནུག 19 དེ་ལས་ཡེ་ཤུ་ཡར་བཞེངས་སྦེ་ ཁོ་རང་གི་སློབ་མ་དང་གཅིག་ཁར་ དབུ་མཛད་ཀྱི་རྟིང་ལས་འབྱོནམ་ད། 20 ཨམ་སྲུ་ལོ་བཅུ་གཉིས་ཚུན་ཚོད་ ཁྲག་ཐོན་ཏེ་ན་མི་གཅིག་ ཁོ་གི་སྐུ་རྒྱབ་ལས་འོངས་ཏེ་ ཁོ་གི་ན་བཟའ་མཐའམ་གཅིག་ལུ་འདོགས་ནུག 21 མོ་གིས་རང་གི་སེམས་ཁར་ལུ་ ང་གིས་ཡེ་ཤུ་གི་ན་བཟའ་མཐའ་མ་འདོགས་ཚུགས་པ་ཅིན་ ང་དྲག་འོང་ཟེར་མནོ་ནུག 22 དེ་ལས་ཡེ་ཤུ་སྐུ་རྒྱབ་ལོགཔ་ད་ མོ་ལུ་གཟིགས་ཏེ་ཡེ་ཤུ་གིས་མོ་ལུ་ བུམོ་ཁྱོད་སེམས་མ་ཕམ་ཞིག་ ཁྱོད་རང་གི་དད་པ་གིས་ཁྱོད་རང་ལུ་ དྲགཔ་བཟོ་ཡི་ཟེར་གསུངསམ་ཅིག་ ཨམ་སྲུ་དེ་དྲག་སོང་ནུག 23 ཡེ་ཤུ་དབུ་མཛད་ཀྱི་ཁྱིམ་གྱི་སྒོ་ཁར་འབྱོནམ་ད་ གླིང་འཕུ་མྱ་ངན་འབད་མི་དང་ ཁོ་གིས་མི་དམངས་འུར་འཐབ་སྡོད་ས་གཟིགས་ནུག 24 ཡེ་ཤུ་གིས་ཁོང་ལུ་ ག་ར་ནཱ་ལས་ཕར་སོང་ བུམོ་འདི་མ་ཤི་ མོ་གཉིད་ལོག་སྟེ་སྡོདཔ་མས་ཟེར་གསུངསམ་ད་ ཁོང་དགོད་བྲ་བགའ་ནུག 25 མི་དམངས་འདི་ཁར་ལས་བཏོན་གཏང་བའི་ཤུལ་ལས་ ཡེ་ཤུ་ནང་ན་བྱོན་སྦེ་ བུམོ་དེ་གི་ལག་པ་བཤེདཝ་ད་ མོ་ཡར་ལོངས་ནུག 26 དེ་ལས་ཨ་ནི་ལོ་རྒྱུས་དེ་གི་སྐོར་ལས་ ལུང་ཕྱོགས་དེ་གི་ས་ཆ་ག་ར་ནང་ཁྱབ་སོང་ནུག། 27 དེ་ལས་ཡེ་ཤུ་འདི་ཁར་ལས་བྱོན་པའི་ཤུལ་ལས་ མིག་ཏོ་ཞརཝ་གཉིས་ཁོ་གི་རྟིང་བདའ་སྟེ་ དབའེ་ ད་བིད་ཀྱི་བུ་བརྒྱུད་ ང་བཅས་ལུ་སྙིང་རྗེ་གཟིགས་གནང་ཟེར་སྐད་བརྐྱབས་ཏེ་ཞུ་ནུག 28 དེ་ལས་ཡེ་ཤུ་ ཁོ་རའི་བཞུགས་སའི་ཁྱིམ་ནང་ན་འབྱོནམ་ད་ མིག་ཏོ་ཞརཝ་གཉིསཔ་དེ་ཡང་ ཁོ་བཞུགས་སར་བཅར་ཏེ་ ཡེ་ཤུ་གིས་ཁོང་ལུ་ ང་གིས་ཁྱེད་ལུ་མཐོངམ་བཟོ་ཚུགས་ཟེར་ ཁྱེད་ཀྱིས་དད་པ་བསྐྱེདཔ་ཨིན་ན་ཟེར་དྲིཝ་ད་ ཁོང་གིས་ ཨིན་ལགས་གཙོ་བོ་ཟེར་ཞུ་ནུག 29 དེ་ལས་ཡེ་ཤུ་གིས་ཁོང་གི་མིག་ཏོ་གུ་ཕྱག་སྐྱེལ་སྦེ་ ཁྱེད་རང་གིས་དད་པ་བསྐྱེདཔ་བཞིན་དུ་ ཁྱེད་ཀྱིས་མིག་ཏོ་མཐོང་བཅུག་ཟེར་གསུངསམ་ཅིག 30 ཁོང་གི་མིག་ཏོ་མཐོང་ཚུགསཔ་སོང་ནུག་ དེ་ལས་ཡེ་ཤུ་གིས་ཁོང་ལུ་ཨ་ནི་ལོ་རྒྱུས་དེ་ ག་ལུ་ཡང་མ་སླབ་ཟེར་བཀའ་དམ་དྲགས་སྦེ་གནང་ནུག 31 དེ་འབདཝ་ད་ ཁོང་གཉིས་སོང་སྦེ་ ཡེ་ཤུ་གི་སྙན་གྲགས་ ལུང་ཕྱོགས་ག་ར་ནང་ཁྱབ་བསྒྲགས་འབད་ནུག 32 ཁོང་གཉིས་ཕྱི་ཁར་ཐོན་འགྱོ་ཚརཝ་ད་ ད་རུང་མི་ལ་ལུ་ཅིག་གིས་འདྲེ་གདོན་འཛུལ་ཏེ་ ཁ་སླབ་མ་ཚུགས་མི་གཅིག་ ཡེ་ཤུ་གི་སྐུ་མདུན་ལུ་འཁྱིད་འོངས་ནུག 33 དེ་ལས་ཁོ་གིས་འདྲེ་གདོན་དེ་ལུ་ བཀའ་གནང་སྟེ་བཏོན་བདའ་སྦེ་ མི་འདི་ ཁ་སླབ་ཚུགསཔ་སོང་ནུག་ དེ་ལས་མི་དམངས་ཧ་ལས་ཏེ་ ཨ་ནི་བཟུམ་ ཨཱིས་ར་ཨཱེལ་ནང་ནམ་ཡང་མ་མཐོང་ཟེར་སླབ་ནུག 34 དེ་འབདཝ་ད་ ཕ་རུ་ཤི་པ་ཚུ་གིས་ ཁོ་འདྲེ་གདོན་གྱི་རྒྱལཔོ་གི་དབང་གི་ཐོག་ལས་སྦེ་ འདྲེ་གདོན་བཏོན་བདའཝ་ཨིན་མས་ཟེར་སླབ་ནུག། 35 ཡེ་ཤུ་ཁྲོམ་དང་གཡུས་ག་ར་ནང་བཤལ་བྱོན་ཏེ་ སི་ན་གོག་ཚུ་ནང་ཆོས་སྟོན་ རྒྱལ་སྲིད་ཀྱི་སྐོར་ལས་གཏམ་བཟང་གསུངསམ་མ་ཚད་ ནདཔ་དང་ཁོང་གི་ནད་གཞི་མ་འདྲཝ་ཚུ་ག་ར་དྲགཔ་མཛད་ནུག 36 ཡེ་ཤུ་གིས་མི་དམངས་ལུ་གཟིགསཔ་ད་ ཁོ་གི་ཐུགས་ཁར་སྙིང་རྗེ་ གནམ་མེད་ས་མེད་བྱུང་ནུག་ ག་ཅི་སྨོ་ཟེར་བ་ཅིན་ མི་དེ་ཚུ་ལུག་རྫིཔ་མེད་པའི་ལུག་བཟུམ་སྦེ་ ག་གིས་ཡང་རོགས་རམ་འབད་མི་མེད་པར་ལུས་ནུག 37 དེ་ལས་ཡེ་ཤུ་གིས་ཁོ་རང་གི་སློབ་མ་ཚུ་ལུ་ ཞིང་ཁར་ལུ་ལོ་ཐོག་དེ་གནམ་མེད་ས་མེད་འདུག་ དེ་འབདཝ་ད་ ལས་མི་དེ་གནམ་མེད་ས་མེད་ཉུང་དྲགས་ཨིན་མས། 38 དེ་འབདཝ་ལས་བརྟེན་ཏེ་ ལོ་ཐོག་གི་སྦྱིན་བདག་ལུ་ ལས་མི་ལེ་ཤ་གཏང་གནང་ཟེར་སྨོན་ལམ་ཞུ་ཟེར་གསུངས་ནུག།
1 ཡེ་ཤུ་གིས་སློབ་མ་བཅུ་གཉིས་ལུ་ ཁོ་རང་གི་སྐུ་མདུན་འབོ་སྟེ་ ཁོང་ལུ་འདྲེ་གདོན་བཏོན་བདའ་ནི་དང་ ནད་རིགས་སྣ་ཚོགས་ན་མིའི་ནདཔ་ཚུ་ག་ར་ལུ་ དྲགཔ་བཟོ་ནི་གི་དབང་ཚད་གནང་ནུག 2 ཨ་ནི་སློབ་མ་བཅུ་གཉིསཔ་དེ་ལུ་སྐུ་ཚབ་བཅུ་གཉིས་ཟེར་ཡང་སླབ་ཨིན་ དེ་ལས་ཁོང་གི་མིང་རིམ་པ་བཞིན་དུ་སླབ་པ་ཅིན། དང་པ་ སི་མཱོན་ཁོ་ལུ་ པེ་ཏྲོ་ཟེར་ཡང་སླབ་ཨིན་ དེ་ལས་ཁོ་གི་ནུ་གཅུང་ ཨཱན་དྲུ་ ཟེ་བེ་དི་གི་བུ་ ཡ་ཀོབ་ དེ་ལས་ཁོ་གི་ནུ་གཅུང་ ཡོ་ཧ་ནཱན། 3 ཕི་ལིབ་དང་ བཱར་ཐོ་ལོ་མིའུ་ ཐོ་མཱས་དང་ཁྲལ་བསྡུ་མི་ མེ་ཐིའུ་ ཨཱལ་ཕེ་ཨུས་ཀྱི་བུ་ ཡ་ཀོབ་དང་ ཐཱད་དེ་ཨུས། 4 སྲིད་བྱུས་ཀྱི་སྡེ་ཚན་ལས་ཨིན་མི་ སི་མཱོན་དང་ དེ་ལས་ཤུལ་མ་ཡེ་ཤུ་ལུ་ངོ་ལོག་རྐྱབ་མི་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཀྱི་བརྩིས་ཏེ་ སློབ་མ་བཅུ་གཉིསཔ་འདི་ཨིན་མས།། 5 ཡེ་ཤུ་གིས་ཁོང་བཅུ་གཉིས་ལུ་ ཕྱིའི་མི་རིགས་ཚུ་གི་སྦུག་ལུ་མ་སོང་ ཡང་ན་ ས་མ་རི་ཡ་གི་ཁྲོམ་དེ་ཚུ་ནང་ཡང་ མ་སོང་ཟེར་བཀའ་རྒྱ་དེ་སྦེ་གནང་སྟེ་བཏང་ནུག 6 དེ་འབདཝ་ད་ ལུག་བྱང་དཔ་བཟུམ་མིའི་ ཨཱིས་ར་ཨཱེལ་གྱི་མི་ཚུ་སྡོད་སར་སོང་། 7 ཁྱེད་འགྱོཝ་ད་ ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ནཱ་སྦོ་ལོགས་ཁར་ ལྷོད་ཅི་ཟེར་ཆོས་དེ་སྦེ་བཤད་བྱིན། 8 ནདཔ་ཚུ་དྲགཔ་བཟོ་ ཤི་སོང་མི་ཚུ་གསོན་པོ་སྦེ་ལྷོང་ མཛེ་ནད་ན་མི་ཚུ་གཙངམ་བཟོ་ འདྲེ་གདོན་ཚུ་བཏོན་བདའ་ དེ་ཚུ་ག་ར་ཁྱེད་ཀྱིས་ང་ལས་སྟོང་པ་སྦེ་ཐོབ་ཅི་ གཞན་ལུ་ཡང་སྟོང་པ་སྦེ་བྱིན། 9 དེ་ལས་ཁྱེད་རའི་དངུལ་ཁུག་ནང་གསེར་དང་དངུལ་ ཡང་ན་ཏི་རུ་དེ་ཚུ་ཡང་མ་འབག 10 ལམ་འགྲུལ་གྱི་དོན་ལུ་ཕེད་ཅུང་མ་འབག་ ཡང་ན་ཁེན་འཇར་སོར་ལྡེ་དང་ལྷམ་ འཁརཝ་ཡང་མ་འབག་ ག་ཅི་སྨོ་ཟེར་བ་ཅིན་ ལཱ་འབད་མི་གིས་བཞེས་སྒོ་ཐོབ་པའི་འོས་འབབ་ཡོད། 11 ཁྱེད་ཁྲོམ་ཡང་ན་གཡུས་ག་ཏེ་ལུ་ལྷོད་རུང་ མི་ན་འཐན་ཏོག་ཏོ་གཅིག་འཚོལ་ཏེ་ ཁོ་གི་ཁྱིམ་ནང་གནསཔོ་བརྙའ་སྟེ་སྡོད་ གཡུས་དེ་ནང་ལས་འཐོན་མ་འགྱོ་བའི་བར་དུ་ ཁོ་གི་ཁྱིམ་འདི་ནང་རང་སྡོད་། 12 དེ་ལས་ཁྱེད་ལུ་འབོ་པ་ཅིན་ ཁྱིམ་འདི་ནང་མ་འཛུལ་བའི་ཧེ་མ་ དཀོན་མཆོག་གིས་ཞི་བདེ་གནང་པར་ཤོག་ཟེར་སླབ། 13 ཁྱིམ་འདི་ཞི་བདེ་ཐོབ་ནི་གི་འོས་འབབ་ཡོད་པ་ཅིན་ ཞི་བདེ་འདི་ཁྱིམ་དེ་ནང་རང་སྡོད་འོང་ ག་དེམ་ཅིག་སྦེ་ཁྱིམ་འདི་ཞི་བདེ་ཐོབ་ནི་གི་འོས་འབབ་མེད་པ་ཅིན་ ཁྱེད་ཀྱིས་བྱིན་མི་ཞི་བདེ་ལོག་ལེན། 14 མི་ག་ར་འབད་རུང་ གནསཔོ་བརྙའ་མ་སྟེར་བ་ཅིན་ ཡང་ན་ཁྱེད་ཀྱིས་སླབ་མི་ལུ་མ་ཉན་པ་ཅིན་ ཁྱེད་ཀྱི་རྐང་མའི་ཐལཝ་སྤུད་བཞག་སྦེ་ ཁྱིམ་དེ་ནང་ལས་ ཡང་ན་ཁྲོམ་དེ་ཁར་ལས་ཐོན་སོང་། 15 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁྲིམས་ཕྱེ་བའི་ཉིན་མ་ལུ་ཁྲོམ་དེ་ལས་ཡང་ སོ་དོམ་དང་ གོ་མོ་ར་གི་ཁྲོམ་ངན་པ་དེ་ལུ་སྙིང་རྗེ་གཟིགས་འོང་།། 16 ད་བལྟ་ཞིག་ ང་གིས་ཁྱེད་ལུག་བཟུམ་སྦེ་ འཕརཝ་ཚུ་གི་སྦུག་ལུ་གཏང་དོ་ དེ་འབདཝ་ལས་ཁྱེད་སྦུལ་བཟུམ་སྦེ་རྩེ་དྲགས་དང་ ཐི་ལི་རྒྱལམོ་བཟུམ་སྦེ་གཞན་ལུ་གནོད་མ་བཀལ་བར་སྡོད་དགོ། 17 མི་ཚུ་ལས་དྲན་པ་བཏོན་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ཁྱེད་ལུ་བཟུང་སྟེ་ ཁྲིམས་ཁང་ནང་སྐྱེལ་འོང་ དེ་ལས་ སི་ན་གོག་ནང་ཁོང་གིས་ཁྱེད་ལུ་རྟས་ལྕག་གིས་དྲང་འོང་། 18 ངེ་གི་དོན་དག་ལས་སྦེ་ མི་ཚུ་གིས་ཁྱེད་ལུ་ གཞུང་ཚབ་དང་རྒྱལཔོ་ཚུ་གི་སྐུ་མདུན་ལུ་ ཁྲིམས་ཕྱེ་བ་འཁྱིད་འོང་ དེའི་སྐབས་ལུ་ཁྱེད་ཀྱིས་ཁོང་དང་ཕྱིའི་མི་རིགས་ཚུ་ལུ་ ངེ་གི་སྐོར་ལས་འཛོམ་དཔང་འབད་འོང་། 19 དེ་འབདཝ་ད་ཁོང་གིས་ ཁྱེད་ལུ་བཟུང་སྟེ་འཁྱིད་འགྱོཝ་ད་ ག་ཅི་སླབ་ནི་ན་ ག་དེ་སྦེ་སླབ་ནི་ན་ཟེར་ཚ་གྱང་ལང་མི་དགོ་ ག་ཅི་སྨོ་ཟེར་བ་ཅིན་ དུས་ཚོད་དེ་ལུ་ ཁྱེད་ཀྱིས་སླབ་དགོ་མི་ཚིག་འདི་ཀྲིག་ཀྲི་སྦེ་གནང་འོང་། 20 ག་ཅི་སྨོ་ཟེར་བ་ཅིན་ དེའི་སྐབས་ལུ་སླབ་མི་ཁྱེད་མེན་པར་ ཁྱེད་ཀྱི་ཡབ་ཀྱི་ཐུགས་ཉིད་ཀྱིས་ ཁྱེད་ལས་སྦེ་རྒྱུད་དེ་སླབ་ནི་ཨིན། 21 ཕོ་རྒནམ་གིས་རང་གི་ནུ་གཅུང་ལུ་ རོགས་ཀྱི་ལག་པར་སྤྲོད་དེ་བསད་འོང་ དེ་མ་ཚད་ ཨ་པ་གིས་ཡང་རང་གི་བུ་དང་བུམོ་ལུ་ རོགས་ཀྱི་ལག་པར་སྤྲོད་དེ་བསད་འོང་ དེ་ལས་ཨ་ལོ་ཚུ་གིས་རང་གི་ཕམ་ལུ་ངོ་རྒོལ་འབད་དེ་བསད་བཅུག་འོང་། 22 ངེ་གི་དོན་ལས་སྦེ་མི་གིས་ཁྱེད་ལུ་མི་དགའ་ དེ་འབདཝ་ད་ མི་ག་ར་འབད་རུང་ མཐའན་མཇུག་ཚུན་ཚོད་ལུ་དད་པ་ནང་ སྒྲིང་སྒྲིང་སྦེ་སྡོད་མི་འདི་ལུ་སྐྱབས་མཛད་འོང་། 23 ཁྲོམ་གཅིག་ནང་མི་ཚུ་གིས་ཁྱེད་ལུ་གནོད་པ་བཀལ་ དཀའ་ངལ་བྱིན་ཏེ་འབད་བ་ཅིན་ ཁྲོམ་གཞན་གཅིག་ཁར་འབྱོག་སོང་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ མི་གི་བུ་འདི་ལོག་སྟེ་མ་བྱོན་མིའི་ཧེ་མ་ ཁྱེད་ཀྱིས་ ཨཱིས་ར་ཨཱེལ་གྱི་ཁྲོམ་ག་ར་ནང་བཤལ་མི་ཚར། 24 སློབ་དཔོན་ལས་སློབ་མ་མི་མཐོ་ སྦྱིན་བདག་ལས་གཡོགཔོ་མི་སྦོམ། 25 དེ་བཟུམ་སྦེ་རང་ སློབ་དཔོན་གྱིས་ལྷབ་མི་ཤེས་ཡོན་ཚུ་ སློབ་མ་གིས་ཡང་ལྷབ་ཚར་བ་ཅིན་ དེ་ལུ་ཡིད་རངས་སྡོད་དགོ་ ཡང་ན་སྦྱིན་བདག་ག་དེམ་ཚུན་ཚོད་སྦོམ་ཨིན་ན་ གཡོགཔོ་འདི་ཡང་ཁོ་ལུ་ཡིད་རངས་སྡོད་དགོ་ ཨ་ནི་བཟུམ་སྦེ་ཁྱིམ་ནང་གི་བཟའ་དཔོན་ང་ལུ་ འདྲེ་ བཱེལ་ཟེ་བུལ་ཟེར་སླབ་པ་ཅིན་ ཁྱེད་ངེ་གི་སློབ་མ་ཁྱིམ་ནང་གི་བཟའ་ཚང་བཟུམ་ཚུ་ལུ་ མིང་ངན་པ་ག་དེམ་ཅིག་སླབ་ནི་སྨོ།། 26 དེ་འབདཝ་ད་ ཁྱེད་ལུ་སྡུག་བྱིན་མི་ཚུ་ལུ་བལྟ་སྟེ་འདྲོག་མི་དགོ་ ག་ཅི་སྨོ་ཟེར་བ་ཅིན་ མ་མཐོངམ་སྦེ་སྦ་བཞག་མི་དེ་ ཤུལ་ལས་རང་བཞིན་གྱིས་ཕྱི་ཁར་འཐོན་འོང་ དེ་གི་སྐོར་ལས་གསང་བཞག་མི་འདི་ནམ་གཅིག་གི་ཚེ་ ག་ར་གིས་ཤེས་འོང་། 27 ད་ང་གིས་ཁྱེད་ལུ་གནག་དུང་ནང་གསང་བ་སྦེ་ག་སླབ་མིའི་བློ་འདི་ ཁྱེད་ཀྱིས་ཉིན་མ་མི་ཚུ་གི་གདོང་ཁར་ལུ་ཁྱབ་བསྒྲགས་འབད་དེ་སླབ་ ཁྱེད་ཀྱིས་གསང་བློ་སྦེ་གོ་མི་ལོ་རྒྱུས་འདི་ ཁྱིམ་ཐོག་གུ་ལས་གོཝ་སྦེ་སྐད་བརྐྱབས་ཏེ་སླབ། 28 ཁྱེད་ལུ་བསད་དགོ་མནོ་མི་ཚུ་ལུ་བལྟ་སྟེ་མ་འདྲོག་ ཁོང་གིས་གཟུགས་རྐྱངམ་གཅིག་ལུ་བསད་ནི་མ་གཏོགས་ ཁྱེད་ཀྱི་སེམས་ལུ་བསད་མི་ཚུགས་ དེ་འབདཝ་ད་ ཁྱེད་ཀྱི་གཟུགས་དང་སེམས་གཉིས་ཆ་རང་ལུ་ རྩ་མེད་བཏང་སྟེ་ དམྱལ་བ་གཏང་ཚུགས་མིའི་དཀོན་མཆོག་ལུ་བལྟ་སྟེ་འདྲོག 29 ག་ཅི་སྨོ་ཟེར་བ་ཅིན་ བྱི་ཅུང་གཉིས་ལུ་ཕྱེད་ཀྲམ་གཅིག་སྦེ་བཙོངམ་ཨིན་མེན་ན་ དེ་འབདཝ་ད་ བྱི་ཅུང་གཅིག་ཡང་ ཁྱེད་ཀྱི་ཡབ་ཀྱིས་མ་མཁྱེན་པར་ས་ཁར་མི་བུད། 30 དེ་མ་ཚད་ཁྱེད་ཀྱི་མགུ་ཏོ་གི་སྐྱ་གཅིག་ཡང་མ་ལུས་པར་ ཁྱེད་ཀྱི་ཡབ་ཀྱིས་གྱངས་ཁ་མཁྱེན། 31 དེ་འབདཝ་ལས་བརྟེན་ཏེ་ ཁྱེད་འདྲོག་མི་དགོ་ བྱི་ཅུང་ལེ་ཤ་ཅིག་ལས་ཡང་ ཁྱེད་རིན་གོང་སྦོམ་ཨིན། 32 མི་ག་ར་འབད་རུང་ མི་གི་སྦུག་ལུ་ང་ལུ་ངོ་ཤེས་ཟེར་འཛོམ་དཔང་འབད་བ་ཅིན་ ཞིང་ཁམས་ལུ་བཞུགས་ཡོད་མི་ ངེ་གི་ཡབ་ཀྱི་སྐུ་མདུན་ལུ་ ང་གིས་ཡང་ཁོ་ལུ་ངོ་ཤེས་ཟེར་འཛོམ་དཔང་འབད་ནི་ཨིན། 33 དེ་འབདཝ་ད་ མི་ག་ར་འབད་རུང་ མི་གི་གདོང་ཁར་ང་ལུ་ངོ་མི་ཤེས་ཟེར་སླབ་པ་ཅིན་ ཞིང་ཁམས་ལུ་བཞུགས་ཡོད་མི་ ངེ་གི་ཡབ་ཀྱི་སྐུ་མདུན་ལུ་ ང་གིས་ཡང་ཁོ་ལུ་ངོ་མི་ཤེས་ཟེར་སླབ་ནི་ཨིན།། 34 ང་འཛམ་བུ་གླིང་ནང་ཞི་བདེ་འབག་འོངམ་ཨིན་མས་ཟེར་མནོ་བསམ་མ་གཏང་ ང་ཞི་བདེ་འབག་འོངམ་མེན་ དེ་འབདཝ་ད་ དཔའ་རྟགས་འབག་སྟེ་ ནང་འཁྲུག་སློང་པ་འོང་ཡི། 35 ག་ཅི་སྨོ་ཟེར་བ་ཅིན་ བུ་གིས་ཨ་པ་ལུ་ངོ་རྒོལ་བརྐྱབ་བཅུག་ནི་ བུམོ་གིས་ཨའི་ལུ་ངོ་རྒོལ་བརྐྱབ་བཅུག་ནི་ དེ་ལས་མནའམ་གིས་སྒྱུགམོ་ལུ་ ངོ་རྒོལ་བརྐྱབ་བཅུག་ནི་དོན་ལུ་ང་འོངམ་ཨིན། 36 མི་གི་དགྲ་བྱང་ཕྱད་དེ་ ཁོ་རང་གི་ཁྱིམ་ནང་གི་བཟའ་ཚན་ནང་ལས་ལོངམ་ཨིན།། 37 མི་ག་ར་འབད་རུང་ ང་ལས་ཐེབས་སྦེ་ རང་གིས་ཕམ་ལུ་དགའ་བ་ཅིན་ ཁོ་ངེ་གི་ཕྱག་ཞུ་ནི་གི་འོས་འབབ་མེད་ དེ་ལས་ག་ར་འབད་རུང་ ང་ལས་ཐེབས་སྦེ་ རང་གི་བུ་དང་བུམོ་ལུ་དགའ་བ་ཅིན་ འདི་ཡང་ངེ་གི་ཕྱག་ཞུ་ནི་གི་འོས་འབབ་མེད། 38 དེ་ལས་མི་ག་ར་འབད་རུང་ རང་གི་ཁྲམ་ཤིང་འབག་སྟེ་ ངེ་གི་ཤུལ་ལས་མ་འོང་པ་ཅིན་ ཁོ་ཡང་ངེ་གི་ཕྱག་ཞུ་ནི་གི་འོས་འབབ་མེད། 39 ག་ར་འབད་རུང་ རང་གི་མི་ཚེ་ཕངས་པ་ཅིན་ དེ་གིས་ཁོ་རང་གི་མི་ཚེ་འདི་འཕྲོ་བརླག་གཏངམ་ཨིན་ དེ་འབདཝ་ད་ ག་ར་འབད་རུང་ རང་གི་མི་ཚེ་ངེ་གི་དོན་ལུ་བློས་གཏང་པ་ཅིན་ འདི་གིས་ཚེ་ངོ་མ་ཐོབ་ནི་ཨིན།། 40 མི་ག་ར་འབད་རུང་ ཁྱེད་ལུ་ཁོ་གི་ཁྱིམ་ནང་ཞུ་བ་ཅིན་ ཁོ་གིས་ང་ལུ་ཡང་ཞུཝ་ཨིན་ དེ་ལས་ང་ལུ་ཞུ་མི་གིས་ ང་ལུ་གཏང་མི་ཡབ་ལུ་ཡང་ཞུཝ་ཨིན། 41 ག་ར་འབད་རུང་ ལུང་སྟོན་པ་ལུ་དཀོན་མཆོག་གི་ལུང་བསྟན་བཤད་མི་ཨིན་མནོ་སྟེ་ ཁྱིམ་ནང་ཞུ་བ་ཅིན་ ལུང་སྟོན་པ་གིས་ཐོབ་མི་གསོལ་རས་དེ་ ཁོ་གིས་ཡང་ཐོབ་ནི་ཨིན་ མི་ག་ར་འབད་རུང་ མི་ཆོས་སེམས་ཅན་ཨིན་མནོ་སྟེ་ཞུ་བ་ཅིན་ ཆོས་སེམས་ཅན་གྱི་གསོལ་རས་དེ་ ཁོ་གིས་ཡང་ཐོབ་ནི་ཨིན། 42 དེ་ལས་མི་ག་ར་འབད་རུང་ ཨ་ནི་མི་སྐྱོ་སྐྱོཝ་ཚུ་གི་གྲལ་ཁ་ལས་ གཅིག་ལུ་ངེ་གི་སློབ་མ་ཨིན་ཟེར་མནོ་སྟེ་ ཆུ་བསིལ་ཏོང་ཏོ་ཕོརཔ་གང་ར་བྱིན་རུང་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁོ་གིས་གསོལ་རས་མ་ཐོབ་པར་མི་སྡོད་ཟེར་ ཡེ་ཤུ་གིས་གསུངས་ནུག
1 ཡེ་ཤུ་གིས་སློབ་མ་བཅུ་གཉིས་ལུ་བསླབ་བྱ་གནང་ཚརཝ་ད་ ཁོ་དེ་ཁར་གྱི་ཁྲོམ་དེ་ཚུ་ནང་ཆོས་སྟོན་པ་དང་ཆོས་གསུངས་པ་བྱོན་ནུག། 2 འདིའི་སྐབས་ལུ་ བཙོན་ཁང་ནང་ཡོད་མི་ ཡོ་ཧ་ནཱན་གྱིས་ ཁིརཱིས་ཀྱིས་ག་མཛད་ཡོད་མི་དེའི་སྐོར་ལས་གོ་སྟེ་ ཁོ་གི་སློབ་མ་ཚུ་ལུ་ཡེ་ཤུ་བཞུགས་ས་ལུ། 3 ཁིརཱིས་འབྱོན་ནི་ཟེར་མི་དེ་ནཱ་ཨིན་ན་ ཡང་ན་གཞན་གཅིག་ལུ་ང་བཅས་ཀྱིས་སྒུག་སྡོད་དགོཔ་ཨིན་ན་ཟེར་ཞུ་བ་གཏངམ་ད། 4 དེའི་ལན་ལུ་ཡེ་ཤུ་གིས་ ད་ལོག་སྟེ་སོང་ཞིནམ་ད་ ཁྱེད་ཀྱི་མིག་གིས་མཐོང་མི་དང་ རྣ་བ་གོ་མི་དེ་ཚུ་ ཡོ་ཧ་ནཱན་ལུ་སླབ་ མིག་ཏོ་ཞརཝ་ཚུ་གིས་མཐོང་ཚུགས་པས་ རྐངམ་ཞབོ་ཚུ་འགྱོ་ཚུགས་པས་ མཛེ་ནད་ན་མི་ཚུ་དྲགཔ་བཟོ་དེས་ རྣ་བ་མ་གོ་མི་ཚུ་ལུ་ རྣཝ་གོཝ་བཟོ་དེས་ ཤི་སོང་མི་ཚུ་ ཤི་ས་ལས་གསོན་པོ་སྦེ་ལོག་ལྷོང་དེས་ དེ་ལས་མི་སྤྱང་ཀ་ཚུ་ལུ་གཏམ་བཟང་བཤད་དེ་བྱིན་དེས་ཟེར་སླབ་བྱིན། 6 ང་གིས་འབད་མི་ལུ་བདེན་འཛིན་རེ་སྟེ་ དད་པ་མ་ཉམས་མི་འདི་ བྱིན་རླབས་ཅན་ཨིན་ཟེར་གསུངས་ནུག། 7 ཡོ་ཧ་ནཱན་གྱི་སློབ་མ་ཚུ་ལོག་འགྱོ་ཚར་བའི་ཤུལ་ལས་ ཡེ་ཤུ་གིས་མི་དམངས་ལུ་ ཡོ་ཧ་ནཱན་གྱི་སྐོར་ལས་ ཁྱེད་རི་སྟོང་ནང་ལུ་ག་ཅི་བལྟ་བ་སོང་སོངམ་སྨོ་ རླུང་གིས་གཡབ་མི་རྩྭ་ཚུ་བལྟ་བ་སོང་སོངམ་ཨིན་ན། 8 འདི་མེན་པ་ཅིན་ ག་ཅི་བལྟ་བ་སོང་སོངམ་སྨོ་ རིན་གོང་སྦོམ་གྱི་བགོ་ལ་ལེགས་ཤོམ་གྱོན་མི་ལུ་བལྟ་བ་སོང་སོངམ་ཨིན་ན་ རིན་གོང་སྦོམ་གྱི་བགོ་ལ་ལེགས་ཤོམ་གྱོན་མི་ཚུ་རྒྱལ་པོའི་ཕོ་བྲང་ནང་སྡོདཔ་ཨིན། 9 དེ་སྦེ་འབད་བ་ཅིན་ ཁྱེད་ད་རུང་ལུང་སྟོན་པ་གཅིག་ལུ་བལྟ་བ་སོང་སོངམ་ཨིན་ན་ དེ་སྦེ་ཨིན་པ་ཅིན་ ང་གིས་ཁྱེད་ལུ་སླབ་དོ་ ཁྱེད་ཀྱིས་ལུང་སྟོན་པ་ལས་ཡང་ལྷག་མི་གཅིག་ལུ་མཐོང་ཅི། 10 ག་ཅི་སྨོ་ཟེར་བ་ཅིན་གསུང་རབ་ནང་ལུ། བལྟ་ཤིག་ ང་གིས་ངེ་གི་ཁ་འཐེན་འབག་མི་ ཁྱོད་ཀྱི་ཧེ་མ་གཏང་ནི་ཨིན་ ཁོ་གིས་ཁྱོད་ཀྱི་ལམ་གྲ་སྒྲིག་བཟོ་འོང་ཟེར་ བྲིས་བཞག་མི་དེ་ ཨ་ནི་ ཡོ་ཧ་ནཱན་དེ་གི་སྐོར་ལས་ཨིན། 11 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཨའི་གི་མངལ་ལས་སྐྱེས་མི་ག་ར་གི་གྲལ་ཁ་ལས་སྦོམ་ཤོས་དེ་ ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་ཨིན་ དེ་སྦེ་ཨིན་ཏེ་འབད་རུང་ ཞིང་ཁམས་ཀྱི་རྒྱལ་སྲིད་ནང་ལུ་མི་ཆུང་ཤོས་དེ་ ཁོ་ལས་ཡང་སྦོམ་ཤོས་གཅིག་ཨིན། 12 ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་གྱི་དུས་ཚོད་ལས་འགོ་བཙུགས་ཏེ་ ད་ལྟོ་གི་བར་ན་ ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ཤུགས་ཆེ་དྲགས་སྦེ་ ཡར་རྒྱས་འགྱོ་ཡོདཔ་ལས་ མི་དབང་ཅན་ཚུ་གིས་དབང་བཙོང་སྟེ་ འཕྱོག་ནི་འབདཝ་ཨིན་མས། 13 ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ལས་ལུང་སྟོན་པ་ཚུ་དང་ བཀའ་ཁྲིམས་ཚུ་ནང་ལུ་ གསུངས་མི་ལོ་རྒྱུས་ཚུ་ག་ར་ ཡོ་ཧ་ནཱན་གྱིས་འགོ་བཙུགས་མི་ལཱ་གི་སྐོར་ལས་ལུང་བསྟན་བཤད་ནུག 14 ང་གིས་སླབ་མི་ལུ་ཁྱེད་ཀྱིས་ཆ་བཞག་པ་ཅིན་ ལུང་སྟོན་པ་ ཨེ་ལི་ཡ་ལོག་འབྱོན་ནི་འབད་མི་དེ་ ཡོ་ཧ་ནཱན་ཁོ་རང་ཨིན། 15 ག་ལུ་ཉན་ནི་གི་རྣམ་ཅོག་ཡོད་མི་དེ་གིས་ཉན་ཤིག 16 ད་ལྟོ་གི་མི་བརྒྱུད་ངན་པ་ཚུ་ལུ་ ང་གིས་ག་ཅི་བཟུམ་དང་ག་བསྡུར་བརྐྱབ་ནི་སྨོ་ ཁོང་ཁྲོམ་གྱི་ས་གོ་ནང་སྡོད་མི་ཨ་ལོ་ཚུ་ གཅིག་གིས་གཅིག་ལུ་སྐད་རྐྱབ་འབོ་སྟེ། 17 ང་བཅས་ཀྱིས་གླིངམ་འཕུ་ཡི་ དེ་འབདཝ་ད་ ཁྱེད་ཀྱིས་ཞབས་བྲོ་རྐྱབ་མ་བཏུབ་ ང་བཅས་མྱ་ངན་འབད་ཡི་ དེ་འབདཝ་ད་ ཁྱེད་མྱ་ངན་འབད་མ་བཏུབ་ཟེར་ སླབ་མི་བཟུམ་སྦེ་ཨིན། 18 འདི་བཟུམ་སྦེ་ ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་གྱིས་བཞེས་སྒོ་ག་ཐོབ་མ་ཟཝ་མ་ཚད་ རྒུན་འབྲུམ་གྱི་ཆང་ཡང་མ་འཐུང་རུང་ མི་ཚུ་གིས་ཁོ་ནང་འདྲེ་འཛུལ་ནུག་ཟེར་སླབ་ནུག 19 དེ་ལས་མིའི་བུ་དེ་འོངམ་ད་ བཞེས་སྒོ་ཟ་འཐུང་སྟེ་འབདཝ་ད་ མི་ཚུ་གིས་ཨ་ནི་མི་དེ་ལུ་བལྟ་ཞིག་ ཁོ་ལྟོགས་ལི་བཙོང་མི་དང་ཆང་ཟེ་ཨིན་མས་ ཁོ་ཁྲལ་བསྡུ་མི་དང་མི་སྡིག་ཅན་ཚུ་གི་ཆ་རོགས་ཨིན་མས་ཟེར་སླབ་མས་ དེ་འབདཝ་ད་ དཀོན་མཆོག་གི་ཤེས་རབ་ཀྱི་འབྲས་བུ་ ཕྱི་ཁར་འཐོན་པའི་ཐོག་ལས་སྦེ་ བདེན་པ་ཨིནམ་ཤེས་འོང་།། 20 དེ་ལས་ཡེ་ཤུ་གིས་དབང་ཆེ་བའི་ཕྱག་ལཱ་ ལེ་ཤ་ཅིག་རང་མཛད་གནང་སའི་ཁྲོམ་དེ་ཚུ་ནང་ལུ་ ཁོང་གིས་ཁོང་རའི་སྡིག་པའི་ལཱ་སྤངས་ཏེ་ སེམས་འགྱུར་མ་བཏུབ་པར་འབད་ནི་འདི་གིས་ ཁོ་གིས་ཁོང་ལུ་བཀའ་བཀྱོན་གནང་སྟེ། 21 ཁོ་གིས་ ཁྲོམ་ ཁོ་ར་ཟིན་ དང་ ཁྲོམ་ བཱེད་སའི་ད་ ཁྱེད་ལུ་ག་དེམ་ཅིག་ལཱ་ཁག་བརྐྱབ་ནི་སྨོ་ ང་གིས་ཁྱེད་གཉིས་ལུ་བཏོན་མི་ཡ་མཚན་ཅན་གྱི་རྫུ་འཕྲུལ་ ཁྲོམ་ ཏའིར་དང་ སི་དཱོན་ལུ་བཏོན་བཏོནམ་འབད་བ་ཅིན་ ཁོང་གིས་སྡིག་པའི་ལཱ་སྤངས་ཏེ་ བོ་ར་ཕད་རྩེ་སྤུར་ དེ་ལས་སྒོ་ཐལ་དབུར་ཏེ་ སེམས་འགྱུར་འགྱུརཝ་འོང་། 22 ང་གིས་ཁྱེད་ལུ་སླབ་ཨིན་ ཁྲིམས་ཕྱེ་བའི་ཉིནམ་དེ་ལུ་ ཁྲོམ་ ཏའིར་དང་ སི་དཱོན་ལས་ལྷག་པའི་སྡུག་བསྔལ་ཁྱེད་ཀྱིས་མྱོང་འོང་། 23 ཁྱོད་ ཀ་ཕཱར་ནུམ་ ཁྱོད་ཀྱི་འབད་བ་ཅིན་ ཁྱོད་ཡར་ཞིང་ཁམས་ལུ་བཀལ་འོང་ཟེར་མནོཝ་ཨིན་ན་ མེན་ ཁྱོད་མར་དམྱལ་བ་ལུ་ཕབ་གཏང་འོང་ ང་གིས་ཁྱེད་ལུ་བཏོན་མི་རྫུ་འཕྲུལ་འདི་ ཁྲོམ་ སོ་དོམ་ལུ་བཏོན་བཏོནམ་ཨིན་པ་ཅིན་ སོ་དོམ་ དེ་མེདཔ་མ་གཏང་པར་ད་ལྟོ་ཡང་སྡོད་སྡོདཔ་འོང་། 24 ང་གིས་ཁྱེད་ལུ་སླབ་དོ་ ཁྲིམས་ཕྱེ་བའི་ཉིནམ་གི་སྐབས་ལུ་ སོ་དོམ་ལས་ཡང་ཁྱེད་ལུ་ལཱ་ཁག་བརྐྱབ་འོང་ཟེར་ཡེ་ཤུ་གིས་གསུངས་ནུག། 25 དེའི་སྐབས་ལུ་ཡེ་ཤུ་གིས་ ཀྱེ་ངེ་གི་ཡབ་ཞིང་ཁམས་དང་འཇིག་རྟེན་གཉིས་ཀྱི་གཙོ་བོ་ བཀའ་དྲིན་ཆེ་ ག་ཅི་སྨོ་ཟེར་བ་ཅིན་ རང་ལུ་ཤེས་རབ་ཅན་དང་ཡོན་ཏན་མཁས་དྲགས་ཨིན་ཟེར་མནོ་མི་ཚུ་ལས་ ཨ་ནི་ལོ་རྒྱུས་ཚུ་སྦ་བཞག་སྟེ་ ཨ་ལོ་བཟུམ་ཨིན་མིའི་མི་ཚུ་ལུ་བཏོན་གནང་ཡི། 26 ཨིན་ལགས་ཡབ་ ཨ་ནི་དེ་ནཱ་གི་ཐུགས་དགྱེསཔ་བཞིན་དུ་ ལེགས་ཤོམ་སྦེ་མཛད་གནང་ཡི། 27 ངེ་གི་ཡབ་ཀྱིས་དབང་ཚད་ག་ར་ང་ལུ་གནང་ཡི་ ཡབ་ཀྱིས་མ་གཏོགས་གཞན་ག་གིས་ཡང་སྲས་ལུ་ངོ་མི་ཤེས་ སྲས་ཀྱིས་མ་གཏོགས་གཞན་ག་གིས་ཡང་ཡབ་ལུ་ངོ་མི་ཤེས་ སྲས་ཀྱི་ཐུགས་ཁར་ཡོད་མིའི་མི་འདི་ལུ་རྐྱངམ་གཅིག་ ཡབ་ཀྱི་སྐོར་ལས་ངོ་བཏོན་འོང་། 28 ཁྱེད་འུ་སྡུག་མི་དང་ ཁུར་ཆ་ལྗིད་ཅན་གྱིས་མནེམ་སྡོད་མི་ག་ར་ ང་སྡོད་སར་ཤོག་ ང་གིས་ཁྱེད་ལུ་ངལ་འཚོ་བྱིན་ནི་ཨིན། 29 ངེ་གི་གཉའ་ཤིང་དེ་ ཁྱེད་རང་གི་གུ་ལུ་འབག་སྟེ་ ང་ལས་ལྷབ་ཞིག་ ག་ཅི་སྨོ་ཟེར་བ་ཅིན་ ང་མཉམ་ཆུང་དང་སེམས་ཞི་ཏོག་ཏོ་ཡོད་མི་གཅིག་ཨིན་ དེ་འབདཝ་ལས་ ཁྱེད་ཀྱིས་རང་གི་སེམས་ཁར་ལུ་ངལ་འཚོ་ཐོབ་འོང་། 30 ངེ་གི་གཉའ་ཤིང་དེ་འཇམ་ཏོག་ཏོ་དང་ངེ་གི་ཁུར་ཆ་འདི་ཡང་འཕྲོས་འཕྲོས་ཨིན་ཟེར་ཡེ་ཤུ་གིས་གསུངས་ནུག།
1 ཉིནམ་གཅིག་གི་ཚེ་ ངལ་འཚོ་བའི་ཉིན་མ་ ཡེ་ཤུ་དང་ཁོ་གི་སློབ་མ་ཚུ་ དཀར་ཞིང་སྦུག་ལས་འབྱོནམ་ད་ ཁོ་གི་སློབ་མ་ཚུ་ལྟོཝ་བཀྱེས་ཏེ་ དཀར་གྱི་མགུ་ཏོ་བཏོགས་ཏེ་ཟ་ནུག 2 འདི་ཚུ་ ཕ་རུ་ཤི་པ་ཚུ་གིས་མཐོང་སྟེ་ ཁོང་གིས་ཡེ་ཤུ་ལུ་ གཟིགས་ལགས་ ནཱ་གིས་སློབ་མ་ཚུ་གིས་ ངལ་འཚོ་བའི་ཉིན་མ་ ཁྲིམས་ལས་འགལ་བའི་ལཱ་ འབད་མ་ཆོག་མི་འདི་ ག་ཅི་འབད་འབདཝ་སྨོ་ཟེར་ཞུ་ནུག 3 དེའི་ལན་ལུ་ཡེ་ཤུ་གིས་ཁོང་ལུ་ རྒྱལཔོ་ ད་བིད་དང་ཁོ་དང་གཅིག་ཁར་ཡོད་མི་ཚུ་ལྟོཝ་བཀྱེསཔ་ད་ ག་ཅི་འབད་ཡི་ག་ དེའི་སྐོར་ལས་ཁྱེད་ཀྱིས་ནམ་ཡང་ལྷབ་སྟེ་མ་བལྟ་ག། 4 རྒྱལཔོ་ ད་བིད་ཀྱིས་དཀོན་མཆོག་གི་བཞུགས་ཁང་ནང་འཛུལ་ཏེ་ དཀོན་མཆོག་ལུ་ཕུལ་མི་ཞལ་ཟས་ འདི་བླམ་གྱིས་མ་གཏོགས་ གཞན་གྱིས་ཟ་མ་ཆོག་མི་འདི་ ཁོ་རང་གིས་ཟཝ་མ་ཚད་ ཁོ་དང་མཉམ་གཅིག་ཡོད་མི་ཚུ་ལུ་ཡང་བྱིན་ནུག 5 དེ་མ་ཚད་ བཀའ་ཁྲིམས་ནང་ངལ་འཚོ་བའི་ཉིནམ་ལུ་ མི་ག་ར་གིས་ལཱ་འབད་མ་ཆོགཔ་སྦེ་ཡོད་རུང་ བླམ་ཚུ་གིས་བཀའ་ཁྲིམས་འདི་ལུ་མ་སྲུང་བར་ མཆོད་ཁང་ནང་ཁོང་རང་གི་སྐོར་རྒྱབ་ལུ་ལཱ་འབད་རུང་ ཁོང་ལུ་ཉེས་པ་མེད་ཟེར་བྲིས་ཡོད་མི་དེ་ ཁྱེད་ཀྱིས་མ་ལྷབ་ག། 6 ང་གིས་ཁྱེད་ལུ་སླབ་དོ་ མཆོད་ཁང་ལས་ལྷག་པའི་མི་མཐོ་ཤོས་གཅིག་ནཱ་ལུ་ཡོད། 7 ག་ཅི་སྨོ་ཟེར་བ་ཅིན་ མིའི་བུ་འདི་ ངལ་འཚོ་བའི་ཉིནམ་གི་གཙོ་བོ་ཡང་ཨིན་ དེ་འབདཝ་ལས། ང་ལུ་དགོ་མི་འདི་ ཕྱི་ཁར་ཕུལ་མི་མཆོད་པ་རྐྱངམ་གཅིག་མེན་ དེ་འབདཝ་ད་ སེམས་ནང་ལུ་ སྙིང་རྗེ་ཅན་སྦེ་དགོ་ནི་ཨིན་ཟེར་ གསུང་རབ་ནང་བྲིས་བཞག་མིའི་དོན་དག་དེ་ ཁྱེད་ཀྱིས་ཧ་གོ་གོཝ་ཨིན་པ་ཅིན་ ཁྱེད་ཀྱིས་ཉེས་པ་མེད་མི་ཚུ་ལུ་ སྐྱོན་མི་བཏགཔ་འོང་ཟེར་གསུངས་ནུག། 9 དེ་ལས་ཡེ་ཤུ་དེ་ནང་ལས་བྱོན་ཏེ་ ཁོང་གི་ སི་ན་གོག་ནང་བྱོན་ནུག 10 དེ་ཁར་ལུ་ མི་ལགཔ་ཞར་ཏེ་སྐམ་སོང་མི་གཅིག་ཡོདཔ་ཨིན་མས་ ཕ་རུ་ཤི་པ་ཚུ་གིས་ཡེ་ཤུ་ལུ་སྐྱོན་བཏག་ནི་སྦེ་ ངལ་འཚོ་བའི་ཉིནམ་ལུ་མི་ནདཔ་ལུ་དྲགཔ་བཟོ་ཆོག་ག་ མི་ཆོག་ག་ཟེར་ཞུ་ནུག 11 ཡེ་ཤུ་གིས་ཁོང་ལུ་ ག་ལུ་འབད་རུང་ ལུག་གཅིག་ཡོད་དེ་ ངལ་འཚོ་བའི་ཉིནམ་ལུ་ ལུག་དེ་མར་ཧོ་ཀ་ནང་རྦོབ་རིལ་སོང་པ་ཅིན་ ཁྱེད་ཀྱིས་འདི་ལུ་ཡར་མ་བཏོན་པར་བཞག་འོང་ག། 12 ལུག་དེ་ལས་ཡང་ མི་དེ་ག་དེམ་ཅིག་ཁག་ཆེ་ཤོས་ཨིནམ་སྨོ་ ད་ཐད་རི་བ་རི་རང་ ངལ་འཚོ་བའི་ཉིནམ་ལུ་ ལཱ་ལེགས་ཤོམ་འབད་ནི་འདི་ཀྲིག་ཀྲི་ཨིན་ཟེར་གསུངས་སྦེ། 13 ཁོ་གིས་མི་དེ་ལུ་ ཁྱོད་ཀྱི་ལགཔ་ཕར་བརྐྱང་ཤིག་ཟེར་གསུངས་ཏེ་ ལགཔ་ཕར་བརྐྱངམ་ད་ ལགཔ་དེ་ གཞན་དེ་བཟུམ་སྦེ་རང་དྲག་སོང་ནུག 14 དེ་འབདཝ་ད་ ཕ་རུ་ཤི་པ་ཚུ་དེ་ཁར་ལས་ཐོན་སོང་སྟེ་ ཡེ་ཤུ་ལུ་ག་དེ་སྦེ་བསད་ནི་ཨིན་ན་ཟེར་ཁོང་རང་བསྟུན་གྲོས་འབད་ནུག། 15 ཁོང་གིས་མནོ་མི་འདི་ ཡེ་ཤུ་གིས་མཁྱེན་ཏེ་ ས་ཆ་འདི་ལས་ཐོན་ཏེ་བྱོན་ནུག་ དེ་ལས་མི་ཚོགས་ལེ་ཤ་ཅིག་གིས་ ཁོ་གི་རྟིང་བདའ་སྟེ་འོངས་མི་གི་གྲལ་ཁ་ལས་ ནདཔ་ལེ་ཤ་ལུ་དྲགཔ་མཛད་ནུག 16 དེ་འབདཝ་ད་ཡེ་ཤུ་གིས་ ང་ག་ཨིན་ན་ག་ལུ་ཡང་མ་སླབ་ཟེར་ མི་ཚུ་ལུ་རྣ་བ་སྐྱེལ་གནང་ནུག 17 དེ་སྦེ་བྱུང་མི་དེ་ ཧེ་མ་ལས་ལུང་སྟོན་པ་ ཨའི་ཟ་ཡ་གིས་ལུང་བསྟན་བཤད་མི་འདི་ རིམ་པ་བཞིན་དུ་འགྲུབ་ནི་གི་དོན་ལུ་ཨིན་མས་ ལུང་སྟོན་པ་ ཨའི་ཟ་ཡ་གིས། 18 བལྟ་ཤིག་ ང་གིས་བཙག་འཐུ་མཛད་མི་ངེ་གི་ཞབས་ཕྱིཔ་ ངེ་གི་གཅེས་ཤོས་ཕངས་ཤོས་ ཁོ་ལུ་བལྟ་སྟེ་ང་ངལ་རངས་ཡི་ ངེ་གི་ཐུགས་ཉིད་དེ་ཁོའི་གུ་ལུ་གཏང་ནི་ཨིན་ དེ་ལས་ཁོ་གིས་མི་རིགས་ཚུ་ལུ་ དྲང་ཁྲིམས་ཕྱེ་ནི་གི་གཏམ་ཁྱབ་བསྒྲགས་འབད་འོང་། 19 ཁོ་གིས་འཐབ་འཛིང་མི་འབད་ སྐད་ཡང་མི་རྐྱབ་ ཁོ་གི་གསུང་སྐད་ཡང་ཁྲོམ་འཛོམས་ས་ལུ་མི་གོ། 20 མཐའན་མཇུག་ལུ་ཁོ་གིས་དྲང་ཁྲིམས་ རྒྱལ་ཁ་ཐོབ་ནི་འདི་མ་འགྲུབ་ཚུན་ཚོད་ ཁོ་གིས་པེ་རྟ་དཀར་པའི་རྩྭ་མར་བཀུག་སྟེ་ ཆགས་ནི་འབད་མི་ལུ་བཅག་མི་བཀོག་ ཡང་ན་མེ་ཤི་ནི་སྦེ་དུ་པ་ཐོན་སྡོད་མི་ལུ་ ཁོ་གིས་མི་གསད། 21 འཛམ་བུ་གླིང་ནང་གི་མི་ག་ར་གིས་ ཁོ་གི་མིང་ནང་རེ་བ་བསྐྱེད་འོང་།། 22 དེ་ལས་མི་ཚུ་གིས་ཡེ་ཤུ་བཞུགས་སར་ འདྲེ་གདོན་འཛུལ་ཏེ་མིག་ཏོ་ཞརཝ་ཡར་སོང་མི་དང་ ཁ་ཡང་སླབ་མ་ཚུགས་མི་གཅིག་འབག་འོངས་ནུག་ ཁོ་གིས་དེ་ལུ་དྲགཔ་མཛད་དེ་ མི་དེ་ཁ་སླབ་ཚུགསཔ་དང་མིག་ཏོ་མཐོང་ཚུགསཔ་སོང་ནུག 23 དེ་ལས་མི་དམངས་ཧ་ལས་ཏེ་ ཁོ་རྒྱལཔོ་ ད་བིད་ཀྱི་བུ་བརྒྱུད་ ང་བཅས་ཀྱིས་སྒུག་སྡོད་མི་དེ་མེན་ན་སྨོ་ཟེར་སླབ་ནུག 24 དེ་འབདཝ་ད་ ཕ་རུ་ཤི་པ་ཚུ་གིས་དེ་གོཝ་ད་ཁོང་གིས་ ཁོ་ནང་འདྲེ་གདོན་གྱི་རྒྱལཔོ་ བཱེལ་ཟེ་བུལ་གྱི་དབང་ཤུགས་ཡོད་ནི་འདི་གིས་རྐྱངམ་གཅིག་ འདྲེ་གདོན་བཏོན་བདའཝ་མས་ཟེར་སླབ་ནུག 25 ཁོང་གིས་མནོ་མི་དེ་ཡེ་ཤུ་གིས་མཁྱེན་ཏེ་ཁོང་ལུ་ རྒྱལ་ཁབ་ག་ཏེ་རང་འབད་རུང་ ནང་ན་མ་མཐུནམ་ཡོད་པ་ཅིན་ ཨ་ནི་རྒྱལ་ཁབ་དེ་མེདཔ་ཐལ་འགྱོ་འོང་ དེ་ལས་ཁྲོམ་ཡང་ན་བཟའ་ཚང་ ཁོང་རང་ནང་འཁོད་ནང་མ་འཆམ་པ་ཅིན་ དེ་ནམ་ཡང་སྒྲིང་སྒྲིང་སྦེ་སྡོད་མི་ཚུགས། 26 བདུད་ སེ་ཏཱན་གྱིས་བདུད་བཏོན་བདའ་བ་ཅིན་ བདུད་ཁོང་རང་ནང་འཁོད་ནང་འཐབ་འཛིང་འབདཝ་ཨིན་ དེ་སྦེ་འབད་བ་ཅིན་ ཁོ་གི་རྒྱལ་ཁབ་དེ་ག་དེ་སྦེ་གནས་ནི་སྨོ། 27 ད་རུང་ང་གིས་འདྲེ་ བཱེལ་ཟེ་བུལ་གྱི་དབང་ཤུགས་ཀྱིས་ འདྲེ་གདོན་བཏོན་བདའཝ་ཨིན་པ་ཅིན་ ཁྱེད་ཀྱི་སློབ་མ་ཚུ་གིས་ག་གི་དབང་ཤུགས་ནང་ འདྲེ་གདོན་བཏོན་བདའཝ་སྨོ་ མ་པ་ལས་རང་ ཁྱེད་དང་ངེ་གི་བདེན་རྫུན་འདི་ ཁྱེད་རང་གི་སློབ་མ་ཚུ་གི་ཐོག་ལས་སྦེ་ ཕྱེ་འཐོན་འོང་། 28 དེ་འབདཝ་ད་ ང་གིས་དཀོན་མཆོག་གི་ཐུགས་ཉིད་ཀྱི་ཐོག་ལས་སྦེ་ འདྲེ་གདོན་བཏོན་བདའཝ་ཨིན་པ་ཅིན་ དཀོན་མཆོག་གི་རྒྱལ་སྲིད་དེ་ནཱ་ཁྱེད་ཀྱི་སྦུག་ལུ་ལྷོད་ཅི། 29 དཔེ་གཅིག་འབད་བ་ཅིན་ མི་སྟོབས་ཅན་གྱི་ཁྱིམ་ནང་ལུ་ཨརཝ་རྐྱབ་པ་འགྱོཝ་ད་ ཧེ་མ་མི་སྟོབས་ཅན་འདི་ལུ་བཅིངས་མ་བཞག་པ་ཅིན་ ཁོ་གི་ཁྱིམ་བཅོམ་མི་ཚུགས་ དང་པ་ཁོ་བཅིངས་བཞག་པ་ཅིན་ དེ་ལས་ཁྱིམ་བཅོམ་ཚུགས། 30 ག་ར་འབད་རུང་ ང་དང་མཉམ་གཅིག་མེད་པ་ཅིན་ འདི་ངེ་གི་དགྲ་ཨིན་ ང་དང་གཅིག་ཁར་ལོ་ཐོག་མ་བསྡུ་མི་འདི་གིས་ གཏོར་གཏངམ་ཨིན་ཟེར་གསུངས་ནུག 31 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ག་ར་འབད་རུང་ སྡིག་པ་གཞན་དང་དཀོན་མཆོག་ལུ་དབུ་འཕང་སྨད་མི་དེ་ དཀོན་མཆོག་གིས་བཀའ་དྲིན་བསྐྱང་འོང་ དེ་འབདཝ་ད་ དམ་པའི་ཐུགས་ཉིད་ལུ་དབུ་འཕང་སྨད་མི་དེ་ལུ་ དཀོན་མཆོག་གིས་བཀའ་དྲིན་མི་བསྐྱང་། 32 ག་ར་འབད་རུང་ མིའི་བུ་ལུ་ཚིག་ངན་སླབ་སྟེ་ སྨད་པ་རྐྱབ་མི་སྡིག་པ་དེ་ བཀའ་དྲིན་བསྐྱང་འོང་ དེ་འབདཝ་ད་ དམ་པའི་ཐུགས་ཉིད་ལུ་དབུ་འཕང་སྨད་མིའི་སྡིག་པ་དེ་ དུས་ད་རེས་ལུ་བཀའ་དྲིན་མ་བསྐྱངམ་མ་ཚད་ མ་འོང་པའི་དུས་ལུ་ཡང་བཀའ་དྲིན་མི་བསྐྱང་།། 33 ཤིང་འདི་ལེགས་ཤོམ་བཟོ་ དོག་མ་ཡང་ལེགས་ཤོམ་བཏག་འོང་ ཤིང་འདི་ལེགས་ཤོམ་མ་བཟོ་བ་ཅིན་ དོག་མ་ཡང་ལེགས་ཤོམ་མི་བཏག་ ཤིང་འདི་ག་ཅི་བཟུམ་ཨིན་ན་ དོག་མ་བཏག་ཐངས་ལས་ཤེས་འོང་། 34 ཨ་ཁའི་ སྦུལ་གདུག་དྲགས་ཀྱི་བུ་བརྒྱུད་ངན་པ་ ཁྱེད་ངན་པ་འབད་ནི་དེ་གིས་ གཏམ་ལེགསཔ་ག་དེ་སྦེ་སླབ་ཚུགས་ནི་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་སེམས་ཁར་ག་མནོ་མི་ངན་པ་འདི་ ཁ་ལས་འཐོནམ་ཨིན། 35 མི་བཟང་པོ་གིས་ སེམས་ནང་བཟང་པོ་བསགས་ཏེ་ཡོད་མི་ནང་ལས་ བཟང་པོ་རང་འཐོན་འོངམ་ཨིན་ དེ་ལས་མི་ངན་པ་གི་སེམས་ནང་ ངན་པ་བསགས་ཏེ་ཡོད་མི་ནང་ལས་ ངན་པ་རང་འཐོན་འོངམ་ཨིན། 36 དེ་འབདཝ་ད་ ང་གིས་ཁྱེད་ལུ་སླབ་དོ་ ཁྲིམས་ཕྱེ་བའི་ཉིན་མ་ལུ་ མི་གིས་མནོ་བསམ་མ་གཏང་པར་ སླབ་སྟེ་མི་གཞན་ལུ་ཕོག་མི་ཚིག་ངན་རེ་རེ་བཞིན་དུ་ དཀོན་མཆོག་ལུ་རྩིས་ཕུལ་དགོ། 37 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་རང་གིས་སླབ་མི་ཚིག་ལུ་བརྟེན་ཏེ་ ཁྱེད་རང་ལུ་ཁྲིམས་ཕོག་ནི་ཨིན་ དེ་ལས་ཁྱེད་རང་གིས་སླབ་མི་ཚིག་འདི་གིས་རང་ ཁྱེད་རང་ལུ་བདན་ཁུངས་སྐྱལ་ཏེ་ཐར་འོང་ཟེར་ཡེ་ཤུ་གིས་གསུངས་ནུག། 38 དེ་ལས་ ཕ་རུ་ཤི་པ་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ལ་ལུ་ཅིག་གིས་ཡེ་ཤུ་ལུ་ སློབ་དཔོན་ལགས་ ནཱ་དཀོན་མཆོག་ལས་ཨིན་ཟེར་བའི་ཁུངས་བཀལ་ནིའི་དོན་ལུ་ ང་བཅས་ལུ་རྫུ་འཕྲུལ་གྱི་རྟགས་མཚན་གཅིག་བཏོན་གནང་ལགས་ཟེར་ཞུ་ནུག 39 ཡེ་ཤུ་གིས་དེའི་ལན་ལུ་ མི་རབས་ངན་པ་ དཀོན་མཆོག་དང་གཅིག་ཁར་དམ་ཚིག་མ་སྲུང་མི་ ཁྱེད་ཀྱིས་ང་ལས་རྫུ་འཕྲུལ་གྱི་རྟགས་མཚན་བཏོན་གནང་ཟེར་སླབ་ཨིན་མས་ དེ་འབདཝ་ད་ལུང་སྟོན་པ་ ཡོ་ན་བཟུམ་གྱི་རྟགས་མ་གཏོགས་ རྟགས་མཚན་གཞན་མི་བཏོན། 40 ག་ཅི་སྨོ་ཟེར་བ་ཅིན་ ཡོ་ན་ཉིནམ་གསུམ་དང་ཞག་གསུམ་ཉ་སྦོམ་གཅིག་གི་ཕོཝ་ནང་སྡོད་ཅི་ དེ་བཟུམ་སྦེ་རང་ མིའི་བུ་ཡང་ཉིནམ་གསུམ་དང་ཞག་གསུམ་སའི་འོག་ལུ་སྡོད་འོང་། 41 ཁྲིམས་ཕྱེ་བའི་ཉིནམ་ལུ་ ནི་ནེ་ཝི་གི་མི་ཚུ་ཡར་གསོན་པོ་སྦེ་ལོང་སྟེ་ ཨ་ནི་མི་རབས་ཚུ་གི་སྐོར་ལས་འཛོམ་དཔང་འབད་འོང་ ག་ཅི་སྨོ་ཟེར་བ་ཅིན་ཁོང་ ནི་ནེ་ཝི་ཚུ་གིས་ ལུང་སྟོན་པ་ ཡོ་ན་གི་བཤད་མི་ཆོས་ལུ་ཉན་ཏེ་ སྡིག་པའི་ལཱ་སྤངས་ཏེ་སེམས་འགྱུར་ནུག་ དེ་འབདཝ་ད་ ཡོ་ན་ལས་མཐོ་ཤོས་གཅིག་ནཱ་ལུ་ཡོད་རུང་ ཁྱེད་ཀྱིས་ཁོ་ལུ་སྣང་མེད་བརྩིས་ཏེ་ སེམས་འགྱུར་མ་བཏུབ། 42 ད་རུང་ཁྲིམས་ཕྱེ་བའི་ཉིན་མ་ལུ་ ལྷོ་ཕྱོགས་ཀྱི་རྒྱལམོ་ ཤི་བཱ་གི་ཡང་ཡར་ལོང་སྟེ་ ཨ་ནི་མི་རབས་ཚུ་གི་སྐྱོན་བཏོན་ཏེ་འཛོམ་དཔང་འབད་འོང་ ག་ཅི་སྨོ་ཟེར་བ་ཅིན་ མོ་འཛམ་བུ་གླིང་གི་མཐའ་མ་ལས་ནཱ་ཚུན་ཚོད་ རྒྱལཔོ་ སོ་ལོ་མཱོན་གྱི་ཤེས་རབ་ལུ་ཉན་པ་འོངས་ནུག་ དེ་འབདཝ་ད་ རྒྱལཔོ་ སོ་ལོ་མཱོན་ལས་མཐོ་ཤོས་གཅིག་ནཱ་ལུ་ཡོད་རུང་ ཁྱེད་ཀྱིས་ཁོ་ལུ་སྣང་མེད་བརྩིས་ཏེ་ སེམས་འགྱུར་མ་བཏུབ་ཟེར་ཡེ་ཤུ་གིས་གསུངས་ནུག། 43 མི་གཅིག་གི་ནང་ལས་ འདྲེ་གདོན་བཏོན་བདའཝ་ད་ ཁོ་ཆུ་མེད་པའི་ས་སྐམ་ས་ལས་ཕར་ངལ་འཚོ་སྡོད་ས་འཚོལ་འགྱོཝ་ཨིན་ དེ་འབདཝ་ད་ སྡོད་ས་གཅིག་ཡང་མ་ཐོབ་པར། 44 ཁོ་གིས་ ང་ཧེ་མ་བཏོན་བདའ་སའི་ཁྱིམ་ནང་རང་ལོག་འགྱོ་ནི་ཨིན་ཟེར་སླབ་སྟེ་ ཁོ་ལོག་འོངམ་ད་ ཁྱིམ་དེ་ཕྱགས་བདར་བརྐྱབས་ཏེ་ཧིང་སང་ས་སྦེ་ ག་ཡང་མ་སྡོདཔ་མཐོང་འོང་། 45 དེ་ལས་ ཁོ་གིས་ཁོ་རང་ལས་གདུག་པའི་འདྲེ་གདོན་གཞན་བདུན་འཁྱིད་འོངས་ཏེ་ ཧེ་མ་གི་མི་འདིའི་ནང་ན་ འཛུལ་ཏེ་སྡོད་འོང་ དེ་ལས་མི་འདི་ཧེ་མ་ལས་ཡང་ སྐྱོཝ་སྦེ་འགྱོཝ་ཨིན་ དཔེ་དེ་བཞིན་དུ་ ཨ་ནི་མི་རབས་ངན་པ་དེ་ཚུ་ལུ་ཡང་འབྱུང་འོང་ཟེར་གསུངས་ནུག། 46 ཡེ་ཤུ་མི་དམངས་ལུ་ཆོས་གསུངས་ཏེ་རང་བཞུགསཔ་ད་ ཁོ་གི་ཡུམ་དང་སྐུ་མཆེད་ཚུ་སྒོ་ཁར་ ཁོ་དང་གཅིག་ཁར་གསུང་གྲོས་ཕུལ་ནི་སྦེ་སྒུག་སྡོད་ནུག 47 མི་གཅིག་གིས་ཡེ་ཤུ་ལུ་ ནཱ་གི་ཡུམ་དང་སྐུ་མཆེད་ཚུ་ ནཱ་དང་གཅིག་ཁར་གསུང་གྲོས་ཕུལ་ནི་སྦེ་ ཕྱི་ཁ་ལོངས་སྡོད་ནུག་ཟེར་ཞུ་ནུག 48 ཡེ་ཤུ་གིས་དེའི་ལན་ལུ་ ངེ་གི་ཨའི་དང་སྤུན་ཆ་ཚུ་ག་སྨོ་ཟེར་ མི་དེ་ལུ་གསུངས་ཞིནམ་ད། 49 ཁོ་རང་གི་སློབ་མ་ཚུ་ལུ་ཕྱག་བཏོན་སྦེ་ཡེ་ཤུ་གིས་ ཨ་ནི་དེ་ཚུ་ངེ་གི་ཨའི་དང་སྤུན་ཆ་ཚུ་ཨིན། 50 ག་ཅི་སྨོ་ཟེར་བ་ཅིན་ ག་ར་འབད་རུང་ ཞིང་ཁམས་ལུ་བཞུགས་མི་ ངེ་གི་ཡབ་ཀྱི་ཐུགས་དགོངས་བཞིན་དུ་འབད་བ་ཅིན་ འདི་ཚུ་ངེ་གི་ཨའི་དང་སྤུན་ཆ་ཚུ་ཨིན་ཟེར་ཡེ་ཤུ་གིས་གསུངས་ནུག།
1 ཉིནམ་དེ་ནང་རང་ཡེ་ཤུ་ཁྱིམ་ནང་ལས་ཐོན་ཏེ་ མར་མཚོའི་མཐའ་མ་བྱོན་སྦེ་བཞུགསཔ་ད། 2 མི་ཚོགས་སྦོམ་འོངས་ཏེ་ ཡེ་ཤུ་བཞུགས་སར་འཛོམས་ནི་འདི་གིས་ ཡེ་ཤུ་ཁོ་རང་གྲུ་གཅིག་ནང་བཞུགས་སྦེ་ མི་ག་ར་མཚོའི་མཐའ་མ་ཡར་ལོངས་སྡོད་ནུག 3 ཁོ་གིས་ཆོས་ལེ་ཤ་ དཔེ་གཏམ་ཨ་ནི་བཟུམ་གྱི་ཐོག་ལས་སྦེ་གསུངས་ནུག་ ཉིནམ་གཅིག་གི་ཚེ་ ཞིང་ལཱ་འབད་མི་གཅིག་གིས་ཞིང་ཁར་སོན་གཏོར་བ་སོང་སྟེ། 4 ཁོ་གིས་སོན་གཏོརཝ་ད་ སོན་ལ་ལུ་ལམ་ཁར་བུད་དེ་ བྱི་ཅུང་ཚུ་འོངས་ཏེ་ འཐུ་ཟ་ནུག 5 སོན་ལ་ལུ་ཅིག་ས་རུག་རྡོ་རུག་ནང་བུད་དེ་ ས་གཏིང་མེད་ནི་དེ་གིས་ སོན་དེ་མ་ལས་ཡར་མགྱོགས་པར་སྐྱེས་ཏེ། 6 ཡར་རྒྱགས་རུང་ ར་ཏོ་མར་གཏིང་རིངམ་སྦེ་ འགྱོ་མ་ཚུགསཔ་ལས་བརྟེན་ཏེ་ ཉིམ་ཤརཝ་ད་ དྲོས་ཀྱིས་སྐམ་སྟེ་ཤི་སོང་ནུག 7 སོན་ལ་ལུ་ཅིག་རྩང་གི་ཚང་ནང་བུད་དེ་ རྩང་དང་གཅིག་ཁར་སྐྱེས་རུང་ རྩང་ཡར་སྦོམ་ད་ ལྕུག་གུ་དེ་ལུ་རྩང་གི་མར་མནེམ་སྟེ་ ཡར་སྦོམ་མ་ཚུགས་པས། 8 དེ་འབདཝ་ད་ སོན་ལ་ལུ་ཅིག་ས་བཟང་ནང་བུད་དེ་ སོན་ལ་ལུ་གིས་བརྒྱ་གཅིག་ ལ་ལུ་གིས་དྲུག་བཅུ་ ལ་ལུ་གིས་གསུམ་བཅུ་རེ་སྦེ་ལོ་ཐོག་འཚོ་ནུག 9 ག་ལུ་ཉན་ནི་གི་རྣམ་ཅོག་ཡོད་མི་དེ་གིས་ཉན་ཞིག་ཟེར་གསུངས་ནུག། 10 ཡེ་ཤུ་གི་སློབ་མ་ཚུ་ཁོ་བཞུགས་སར་བཅར་ཏེ་ ནཱ་གིས་ནམ་རང་འབད་རུང་ མི་ཚུ་ལུ་ག་ཅི་འབད་དཔེ་གཏམ་ཚུ་གི་ཐོག་ལས་གསུངསམ་སྨོ་ཟེར་ཞུཝ་ད། 11 དེའི་ལན་ལུ་ཡེ་ཤུ་གིས་ ཞིང་ཁམས་ཀྱི་རྒྱལ་སྲིད་ཀྱི་གསང་བ་ཧ་གོ་ནི་གི་ཤེས་རབ་དེ་ ཁྱེད་ངེ་གི་སློབ་མ་སྦེ་འོང་མི་ཆ་ཁྱབ་ལུ་གནང་ཡི་ དེ་འབདཝ་ད་ ཁོང་ལུ་མ་གནང་པས། 12 ག་ག་ལུ་ཡོད་མི་འདི་ལུ་ ད་རུང་དེ་ལས་ཡང་ལྷགཔ་སྦེ་བྱིན་འོང་ ཡོད་མི་དེ་གུ་ མ་ལང་ལངམ་སྦེ་སྡོད་འོང་ ག་ག་ལུ་མེད་མི་དེ་ནང་ལས་ ད་རུང་ཡོད་མི་དེ་ཡང་ ལེན་འབག་འགྱོ་འོང་། 13 དེ་འབདཝ་ལས་ ང་གིས་ཁོང་ལུ་དཔེ་གཏམ་གྱི་ཐོག་ལས་སྦེ་སླབ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གི་མིག་ཏོ་གིས་བལྟཝ་མས་ དེ་འབདཝ་ད་ ག་ནི་ཡང་མི་མཐོང་པས་ ཁོང་གི་རྣ་བ་གིས་ཉནམ་མས་ དེ་འབདཝ་ད་ དོན་དག་ག་ནི་ཡང་ཧ་མི་གོ་བས། 14 ལུང་སྟོན་པ་ ཨའི་ཟ་ཡ་གིས། ཁྱེད་ཀྱི་རྣ་བ་གོ་ནི་གོ་འོང་ དེ་འབདཝ་ད་ཧ་གོ་མི་ཚུགས་ ཁྱེད་ཀྱི་མིག་ཏོ་གིས་མཐོང་ནི་མཐོང་འོང་ དེ་འབདཝ་ད་ལེགས་ཤོམ་སྦེ་མི་མཐོང་། 15 ག་ཅི་སྨོ་ཟེར་བ་ཅིན་ ཨ་ནི་མི་འདི་ཚུ་ སེམས་སྲ་ཀྲག་དང་ ཁོང་གི་རྣམ་ཅོག་ཡང་བྱ་རྡུགས་སྦེ་ རྣ་བ་ཡང་མི་གོ་བས་ ཁོང་གི་མིག་ཏོ་བཙུམ་སྡོད་དེ་ མིག་གིས་ཡང་མི་མཐོང་པས་ དེ་སྦེ་མེན་པ་ཅིན་ ཁོང་གི་མིག་ཏོ་གིས་ཡང་མཐོང་མཐོངམ་འོང་ རྣམ་ཅོག་གིས་ཡང་གོ་གོཝ་འོང་ སེམས་ཀྱིས་ཡང་ཧ་གོ་སྟེ་ སེམས་འགྱུར་སྦེ་ང་སྡོད་སར་ལོག་ལོགཔ་འོང་ དེ་ལས་ང་གིས་ཡང་ཁོང་ལུ་དྲགཔ་བཟོ་བཟོཝ་འོང་ཟེར་ ལུང་བསྟན་བཤད་དེ་ བཞགཔ་བཞིན་དུ་གྲུབ་ཨིན། 16 དེ་འབདཝ་ད་ ཁྱེད་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་མིག་ཏོ་གིས་མཐོངམ་མས་ ཁྱེད་ཀྱི་རྣམ་ཅོག་གིས་ཡང་གོཝ་མས། 17 ང་གིས་ཁྱེད་ལུ་དོན་ལས་རང་སླབ་དོ་ ཧེ་མ་ལུང་སྟོན་པ་མང་རབས་གཅིག་དང་མི་ཆོས་སེམས་ཡོད་མི་ཚུ་གིས་ ཁྱེད་ཀྱིས་མཐོང་མི་ཚུ་བལྟ་དགོ་མནོ་ཡི་ དེ་འབདཝ་ད་ བལྟ་ནི་མ་ཐོབ་ དེ་ལས་ཁྱེད་ཀྱིས་ཉན་མི་ཚུ་ཉན་དགོ་མནོ་ཡི་ དེ་འབདཝ་ད་ ཉན་ནི་མ་ཐོབ་ཟེར་གསུངས་ནུག། 18 ད་རུང་ཡེ་ཤུ་གིས་ ད་སོན་གཏོར་མིའི་དཔེ་གཏམ་དེ་གི་དོན་དག་ཉན་ཤིག 19 ཨ་ནི་ལམ་ཁར་བུད་མི་སོན་གྱི་དཔེ་འདི་ རྒྱལ་སྲིད་ཀྱི་གཏམ་བཟང་སྐོར་ལས་ཉན་ཏེ་ཧ་མ་གོ་བར་སྡོདཔ་ད་ བདུད་དེ་འོངས་ཏེ་ ཁོང་གི་སེམས་ཁར་ལས་གསུང་འདི་འཐུ་འབགཔ་ཨིན། 20 དེ་ལས་ས་རུག་རྡོ་རུག་ནང་བུད་མིའི་སོན་གྱི་དཔེ་འདི་ མི་དེ་གསུང་གོཝ་ཅིག་ དེ་འཕྲོ་ལས་སེམས་དགའ་སྟེ་འབད་རུང་། 21 སོན་གྱི་ར་ཏོ་མར་གཏིང་རིངམ་སྦེ་མེདཔ་ལས་ དུས་ཡུན་རིངམ་སྦེ་སྐྱེས་ཏེ་ སྡོད་མ་ཚུགསཔ་བཟུམ་སྦེ་ ཁོང་ཡང་གསུང་གིས་འབད་དེ་ དཀའ་ངལ་དང་གནོད་པ་དེ་ཚུ་བྱུང་བའི་བསྒང་ལས་ ཁོ་གིས་བཟོད་མ་ཚུགས་པར་ རྒྱབ་བཤུད་བརྐྱབས་ཏེ་འགྱོཝ་ཨིན། 22 རྩང་གི་ཚང་ནང་བུད་མིའི་སོན་གྱི་དཔེ་འདི་ཨ་ནི་ཨིན་ མི་ཚུ་གིས་གསུང་ཉན་ཏེ་འབད་རུང་ མི་ཚེ་འདི་གི་ཚ་གྱང་དང་ རྒྱུ་ནོར་ལོངས་སྤྱོད་ཀྱི་ཞེན་ཆགས་ཀྱིས་བསྡམས་ཏེ་ ལོ་ཐོག་མ་འཚོ་མི་ཚུ་ཨིན། 23 དེ་འབདཝ་ད་ ས་བཟང་སར་བུད་མིའི་སོན་གྱི་དཔེ་འདི་ཨ་ནི་ཨིན་ མི་སེམས་བཟང་པོ་ཚུ་གིས་ གསུང་འདི་གོ་ཞིནམ་ལས་ དོན་དག་ཧ་གོཝ་ཨིན་ དེ་ལས་ཁོ་གིས་ལོ་ཐོག་གི་འབྲས་བུ་དེ་ ལ་ལུ་གིས་བརྒྱ་གཅིག་ ལ་ལུ་གིས་དྲུག་བཅུ་ ལ་ལུ་གིས་གསུམ་བཅུ་རེ་སྦེ་བཏགཔ་ཨིན་ཟེར་གསུངས་ནུག། 24 ད་རུང་ཡེ་ཤུ་གིས་དཔེ་གཏམ་གཞན་གཅིག་ཁོང་ལུ་གསུངས་ནུག་ དཔེར་ན་ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ཞིང་ལཱ་འབད་མི་གཅིག་གིས་ ཁོ་རང་གི་ཞིང་ཁར་སོན་ལེགས་ཤོམ་བཏབ་བཞག་མི་དང་འདྲ། 25 དེ་འབདཝ་ད་ སོན་བཏབ་བཞག་སྦེ་ ནུབ་མོ་མི་ག་ར་ཉལ་ཚརཝ་ད་ ཁོ་གི་དགྲ་དེ་འོངས་ཏེ་ དཀར་སོན་གྱི་སྦུག་ལུ་ གཡུར་མ་གི་སོན་ཡང་བཏབ་བཞག་ཡར་སོང་ནུག 26 ལོ་ཐོག་དཀར་ཚུ་ཡར་སྐྱེས་ཏེ་ཧིང་མགོ་འཐོནམ་ད་ གཡུར་མ་དེ་ཚུ་ཡང་སྐྱེས་ཏེ་སྦོམ་འགྱོ་ནུག 27 ཞིང་གི་སྦྱིན་བདག་གི་གཡོགཔོ་ཚུ་ཁོ་ཡོད་སར་འོངས་ཏེ་ ཁོ་ལུ་ནཱ་གི་ཞིང་ཁར་ལུ་སོན་བཏབ་ད་ དཀར་གྱི་སོན་རྐྱངམ་གཅིག་བཏབ་བཏབ་ཨིན་མེན་ན་ དེ་སྦེ་ཨིན་པ་ཅིན་ ཨ་ནི་གཡུར་མ་ཚུ་ག་དེ་སྦེ་སྐྱེས་སྐྱེསཝ་ཨིན་ན་ཟེར་ཞུཝ་ད། 28 སྦྱིན་བདག་གིས་ལན་ དེ་དགྲ་བྱང་ཕྱད་ཀྱིས་འབད་འབདཝ་ཨིན་མས་ཟེར་སླབ་ད་ གཡོགཔོ་ཚུ་གིས་ང་བཅས་ཞིང་ཁར་སོང་སྟེ་ གཡུར་མ་ཚུ་འབལ་ཏེ་བཀོག་ད་ག་ཟེར་ཞུཝ་ད། 29 ཁོ་གིས་ལན་ འབལ་བཀོ་ནི་མེན་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་གཡུར་མ་འབལཝ་ད་ ལོ་ཐོག་ལུ་སྐྱོན་བརྐྱབ་འོང་། 30 ལོ་ཐོག་མ་འཚོ་ཚུན་ཚོད་གཉིས་ཆ་རང་དེ་སྦེ་བཞག་ ལོ་ཐོག་བརྔཝ་ད་ང་གིས་ལས་མི་ཚུ་ལུ་ ཧེ་མ་རང་གཡུར་མ་དེ་ཚུ་བརྔ་སྟེ་ ཆག་པ་བསྡམ་ཞིན་ན་ མེ་བཏང་ནི་སྦེ་བཞག་ དེ་ལས་ལོ་ཐོག་དཀར་བརྔ་སྟེ་ ངེ་གི་མཛོད་ཁང་ནང་བླུགས་ཟེར་སླབ་ནི་ཨིན་ཟེར་གསུངས་ནུག། 31 ད་རུང་ཡེ་ཤུ་གིས་ཁོང་ལུ་དཔེ་གཏམ་གཞན་གཅིག་དེ་སྦེ་གསུངས་ནུག་ ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ མི་གཅིག་གིས་པད་དཀར་གྱི་སོན་འབག་སྟེ་ ཁོ་རང་གི་ཞིང་ནང་བཏབ་མི་བཟུམ་གཅིག་ཨིན། 32 པད་དཀར་གྱི་སོན་དེ་ སོན་ག་ར་ལས་ཆུང་ཀུ་གཅིག་ཨིན་རུང་ དེ་ཡར་སྦོམ་མིའི་བསྒང་ལས་ ལྡུམ་ར་ནང་གི་པད་དཀར་ཤིང་དེ་ ག་ར་ལས་སྦོམ་འགྱོ་སྟེ་ ཞལ་ལག་གུ་བྱི་ཅུང་ཚུ་ཆགས་ཏེ་སྡོདཔ་ཨིན།། 33 ད་རུང་ཡེ་ཤུ་གིས་ཁོང་ལུ་དཔེ་གཏམ་གཞན་གཅིག་དེ་སྦེ་ ཞིང་ཁམས་ཀྱི་རྒྱལ་སྲིད་འདི་ ཨམ་སྲུ་གཅིག་གིས་ཕྱེ་བྲེ་གསུམ་ནང་ལུ་ བུལ་ཏོག་སླ་བསྲེས་བརྐྱབས་ཏེ་ ཡར་མ་སྦོས་ཚུན་ཚོད་ བཞག་མི་དང་འདྲ་ཟེར་གསུངས་ནུག། 34 ཡེ་ཤུ་གིས་མི་དམངས་ལུ་ ཆོས་ག་ར་དཔེ་གཏམ་གྱི་ཐོག་ལས་སྦེ་གསུངས་ཏེ་ དཔེ་གཏམ་མེད་པར་ཁོ་གིས་ཁོང་ལུ་ཆོས་ག་ནི་ཡང་མ་གསུངས་པས། 35 དེ་སྦེ་བྱུང་མི་དེ་ དཀོན་མཆོག་གིས་ཧེ་མ་ལུང་སྟོན་པ་ལས་སྦེ་རྒྱུད་དེ་གསུངས་དོཝ་བཟུམ་སྦེ། ང་གིས་དཔེ་གཏམ་ནང་ལས་སྦེ་ཁ་སླབ་ཨིན་ ང་གིས་འཇིག་རྟེན་བཀོད་པའི་བསྒང་ལས་ གསང་བཞག་མིའི་ལོ་རྒྱུས་འདི་ འགྲེལ་བཤད་བརྐྱབ་ནི་ཟེར་ གསུངས་མི་འདི་ལུང་བསྟན་གྲུབ་ནུག། 36 དེ་ལས་ཡེ་ཤུ་མི་དམངས་དང་ཁ་འབྱལ་ཏེ་ ཁོ་རའི་གཟིམ་ཅུང་ནང་འབྱོནམ་ད་ ཁོ་གི་སློབ་མ་ཚུ་ཁོ་བཞུགས་སར་བཅར་ཏེ་ དཀར་ཞིང་ནང་གཡུར་མ་སྐྱེས་མིའི་དཔེ་གཏམ་གྱི་སྐོར་ལས་ ང་བཅས་ལུ་འགྲེལ་བཤད་རྐྱབ་གནང་ཟེར་ཞུཝ་ད། 37 དེའི་ལན་ལུ་ཡེ་ཤུ་གིས་ སོན་ལེགས་ཤོམ་བཏབ་མི་དེ་ མིའི་བུ་ཁོ་ཨིན། 38 ས་ཞིང་དེ་འཛམ་བུ་གླིང་ཨིན་ སོན་ལེགས་ཤོམ་འདི་རྒྱལ་སྲིད་ཀྱི་སྲས་དང་སྲསམོ་ཚུ་ཨིན་ དེ་ལས་གཡུར་མ་འདི་ཚུ་བདུད་ཀྱིས་བུ་དང་བུམོ་ཚུ་ཨིན། 39 གཡུར་མ་གི་སོན་བཏབ་མི་དགྲ་བྱང་ཕྱད་འདི་བདུད་ཨིན་ ལོ་ཐོག་བརྔ་བའི་དུས་དེ་ འཛམ་བུ་གླིང་གི་མཐའན་མཇུག་གི་དུས་ཨིན་ ལོ་ཐོག་བརྔ་མི་དེ་ཕོ་ཉ་ཚུ་ཨིན། 40 གཡུར་མ་ཚུ་འབལ་ཏེ་ མེ་གཏང་བཀོ་དོཝ་བཟུམ་སྦེ་ མཐའན་མཇུག་གི་དུས་ལུ་དེ་སྦེ་འབྱུང་ནི་ཨིན། 41 མིའི་བུ་གིས་ཕོ་ཉ་ཚུ་བཏང་སྟེ་ ངན་པ་འབད་མི་ཚུ་དང་ གཞན་ལུ་སྡིག་པའི་ལཱ་འབད་བཅུག་མི་ཆ་མཉམ་རང་ ཁོ་གི་རྒྱལ་སྲིད་ནང་ལས་ཕྱི་ཁར་བཏོན་སྦེ། 42 ཁོང་ལུ་མེ་ཐབ་ནང་བཀོག་སྟེ་ ཁོང་འདི་ནང་སོ་བརྡར་ཏེ་སྔུ་སྡོད་འོང་། 43 དེ་ལས་ཆོས་སེམས་ཡོད་མི་ཚུ་ ཁོང་གི་ཡབ་ཀྱི་རྒྱལ་སྲིད་ན་ཉིམ་ཤར་དོཝ་བཟུམ་སྦེ་ཤར་སྡོད་ནི་ཨིན་ ག་ལུ་ཉན་ནི་གི་རྣམ་ཅོག་ཡོད་མི་དེ་གིས་ཉན་ཤིག་ཟེར་གསུངས་ནུག། 44 ད་རུང་ཡེ་ཤུ་གིས་ ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ ཞིང་གཅིག་ན་གཏེར་སྦ་བཞག་མི་དང་འདྲ་ མི་གཅིག་གིས་གཏེར་དེ་ཐོབ་ད་ ཁོ་གིས་ད་རུང་དེ་སྦ་བཞག་སྟེ་ ཁོ་གནམ་མེད་ས་མེད་སེམས་དགའ་སོང་ཞིནམ་ད་ ཁོ་ནང་ག་ཡོད་མི་དེ་ཚུ་བཙོང་སྦེ་ གཏེར་ཡོད་མིའི་ཞིང་འདི་ཉོཝ་ཨིན་ཟེར་གསུངས་ནུག། 45 ད་རུང་ཡེ་ཤུ་གིས་ ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ ཚོང་དཔོན་གཅིག་གིས་མུ་ཏིག་ལེགས་ཤོམ་འཚོལ་མི་དང་འདྲ། 46 ཁོ་གིས་རིན་གོང་སྦོམ་གྱི་མུ་ཏིག་གཅིག་ཐོབ་ད་ ཁོ་སོང་ཞིནམ་ད་ ཁོ་ནང་ག་ཡོད་མི་དེ་ཚུ་བཙོང་སྦེ་ མུ་ཏིག་འདི་ཉོཝ་ཨིན་ཟེར་གསུངས་ནུག། 47 ད་རུང་ཡེ་ཤུ་གིས་ ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ ཉ་རོགསཔ་གིས་དྲྭཝ་མཚོ་ནང་བརྐྱབས་ཏེ་ ཉ་རིགས་མ་འདྲཝ་ལེ་ཤ་བཟུང་མི་དྲྭཝ་དང་འདྲ། 48 དྲྭཝ་འདི་ཉ་གིས་གངམ་ད་ ཉ་རོགསཔ་ཚུ་གིས་མཚོའི་མཐའ་མ་ཐོན་ཞིནམ་ད་ མར་ས་ཁར་སྡོད་སྦེ་ ཉ་ལེགས་ཤོམ་ཚུ་སྦ་ཟེ་ནང་བཙུགས་ཏེ་ ཉ་ཟོགཔོ་ཚུ་ཕྱི་ཁར་བཀོཝ་ཨིན། 49 ཨ་ནི་བཟུམ་སྦེ་རང་ འཛམ་བུ་གླིང་གི་མཐའན་མཇུག་ལུ་འབྱུང་ནི་ཨིན་ དེའི་སྐབས་ལུ་ཕོ་ཉ་ཚུ་འོངས་ཏེ་ ཆོས་སེམས་ཡོད་མི་ཚུ་གི་སྦུག་ལས་ ངན་པ་དེ་ཚུ་རང་ས་འཕྱལ་ཏེ། 50 མི་ངན་པ་ཚུ་མེ་ཐབ་ནང་བཀོ་འོང་ ཁོང་དེ་ནང་སོ་བརྡར་ཏེ་སྔུ་སྡོད་འོང་ཟེར་གསུངས་ནུག 51 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཆ་ཁྱབ་ཀྱིས་དཔེ་གཏམ་ཚུ་གི་དོན་དག་ག་ར་ ཧ་གོ་ཡི་ག་ཟེར་དྲི་བ་གསུངསམ་ད་ ཁོང་གིས་ཧ་གོ་ཡི་ལགས་ཟེར་ཞུ་ནུག 52 དེ་ལས་ཁོ་གིས་ དེ་ལེགས་ཤོམ་ཨིན་ ཞིང་ཁམས་ཀྱི་རྒྱལ་སྲིད་ཀྱི་དོན་ལུ་ སྦྱོང་བརྡར་ཐོབ་མིའི་ བཀའ་ཁྲིམས་ཀྱི་སློབ་དཔོན་དེ་ཚུ་ རིན་གོང་ཆེ་བའི་རྒྱུ་ནོར་ཡོད་མི་སྦྱིན་བདག་བཟུམ་སྦེ་ཨིན་ ཁོ་གིས་ཁོ་རང་གི་བང་མཛོད་ནང་ལུ་བཞག་མི་རྒྱུ་ནོར་གསརཔ་དང་རྙིངམ་ཚུ་ བགོ་བཤའ་བརྐྱབ་ནི་སྦེ་ ཕྱི་ཁར་བཏོན་དོཝ་བཟུམ་སྦེ་ཨིན་ཟེར་གསུངས་ནུག། 53 ཡེ་ཤུ་གིས་ཨ་ནི་དཔེ་གཏམ་ཚུ་ག་ར་གསུངས་ཚརཝ་ད་ ཁོ་ལུང་ཕྱོགས་དེ་ཁར་ལས་ཐོན་བྱོན་ཏེ། 54 ཁོ་རའི་ཡུལ་ཁྲོམ་ནང་ལུ་བྱོན་ཏེ་ སི་ན་གོག་ནང་ལུ་ཆོས་སྟོན་ནི་འགོ་བཙུགས་གནངམ་ད་ ཁོ་ལས་ཆོས་ཉན་མི་ཚུ་ག་ར་ཡ་མཚན་ཆེ་སྟེ་ ཨ་ནི་མི་དེ་གིས་ཨ་ནི་བཟུམ་གྱི་ཤེས་རབ་དང་ རྫུ་འཕྲུལ་བཏོན་ནི་གི་སྟོབས་ཤུགས་དེ་ཚུ་ ག་ལས་ཐོབ་ཐོབ་ཨིན་ན། 55 ཁོ་ཤིང་བཟོ་བོ་གི་བུ་དེ་ཨིན་མེན་ན་ ཁོ་གི་ཨའི་ མཱིར་ཡམ་ ཁོ་གི་སྤུན་ཆ་ ཡ་ཀོབ་དང་ ཡོ་སེབ་ སི་མཱོན་ ཡུ་དཱས་དེ་ཚུ་ཨིན་མེན་ན། 56 ཁོ་གི་སྲིངམོ་དེ་ཚུ་ང་བཅས་དང་གཅིག་ཁར་ཡོད་མེན་ན་ དེ་སྦེ་འབད་བ་ཅིན་མི་དེ་གིས་ ཨ་ནི་འདི་ཚུ་ག་ཏེ་ལས་ཐོབ་ཐོབ་ཨིན་ན་སྨོ་ ཟེར་གཅིག་གིས་གཅིག་ལུ་དྲིས་ཏེ། 57 ཁོང་གིས་ཁོ་ལུ་སྣང་མེད་བརྩིས་ཏེ་ ཆ་མ་བཞག་པས་ དེ་ལས་ཡེ་ཤུ་གིས་ཁོང་ལུ་ ས་ཕྱོགས་གཞན་ཁར་ལུང་སྟོན་པ་ལུ་ཞེ་ས་འབདཝ་ཨིན་ དེ་འབདཝ་ད་ རང་གི་གཡུས་ཁ་དང་ རང་གི་ཁྱིམ་ནང་གི་བཟའ་ཚང་ཚུ་གིས་ ལུང་སྟོན་པ་ལུ་ཞེ་ས་མི་འབད་ཟེར་གསུངས་ནུག 58 ཁོང་གིས་ཡེ་ཤུ་ལུ་དད་པ་མ་སྐྱེདཔ་ལས་བརྟེན་ཏེ་ ཁོ་གིས་དེ་ཁར་ལུ་རྫུ་འཕྲུལ་ལེ་ཤ་བཏོན་མ་གནང་པས།།
1 དུས་ཚོད་དེའི་སྐབས་ལུ་ ལུང་ཕྱོགས་ ག་ལི་ལི་གི་དཔོན་ ཧེ་རཱོད་ཀྱིས་ ཡེ་ཤུ་གི་སྐོར་ལས་སྙན་གསན་ཏེ། 2 ཁོ་རང་གི་ཕྱག་ཞུ་མི་ཚུ་ལུ་ ཨ་ནི་མི་དེ་ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་ཨིན་པས་ ཁོ་ཤི་ས་ལས་ལོག་སྟེ་ གསོན་པོ་སྦེ་ལོང་ནི་འདི་གིས་ ཁོ་ལུ་རྫུ་འཕྲུལ་ལེ་ཤ་བཏོན་ཚུགས་པའི་དབང་ཤུགས་ཡོདཔ་ཨིན་པས་ཟེར་གསུངས་ནུག 3 དཔོན་ ཧེ་རཱོད་ཀྱིས་ ཧེ་མ་ཁོ་རའི་སྐུ་མཆེད་ ཕི་ལིབ་ཀྱི་ལྕམ་ ཧེ་རཱོད་ཡཱས་ཀྱི་དོན་ལས་ བཀའ་གནང་སྟེ་ ཡོ་ཧ་ནཱན་བཟུང་སྦེ་ བཅིངས་ཏེ་བཙོན་ཁང་ནང་བཙུགས་བཞག་ནུག 4 ག་ཅི་སྨོ་ཟེར་བ་ཅིན་ ཡོ་ཧ་ནཱན་གྱིས་དཔོན་ལུ་ རང་གི་སྐུ་མཆེད་ཀྱི་སྐུ་ཟླ་ ནཱ་གིས་བཞེས་མི་ཆོག་ཟེར་ ཧེ་མ་ཞུ་ཞུཝ་ཨིན་མས། 5 དེ་གིས་འབད་དཔོན་ ཧེ་རཱོད་ཀྱིས་ ཡོ་ཧ་ནཱན་བསད་ནི་འབད་རུང་ ཁོ་གིས་མི་སེར་ལུ་གཟིགས་ཏེ་འཇིགས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ མི་སེར་གྱིས་ ཡོ་ཧ་ནཱན་འདི་ལུང་སྟོན་པ་སྦེ་ཆ་བཞགཔ་ཨིན་མས། 6 དེ་ལས་དཔོན་ ཧེ་རཱོད་ཀྱི་འཁྲུངས་སྐར་ལུ་ ཧེ་རཱོད་ཡཱས་ཀྱི་སྲསམོ་དེ་ ཁོ་གི་སྐུ་མདུན་ལུ་ཞབས་ཁྲབ་ཕུལཝ་ད་ ཧེ་རཱོད་དེ་གནམ་མེད་ས་མེད་ཐུགས་མཉེས་ཏེ། 7 སྲསམོ་དེ་ལུ་ ཁྱོད་ཀྱིས་ག་ཅི་ར་ཞུ་རུང་ བྱིན་ནི་ཨིན་ཟེར་དབུ་མནའ་བཞེསཔ་ད། 8 སྲསམོ་དེ་གིས་ མོ་རའི་ཡུམ་གྱིས་གསུངམ་བཞིན་དུ་ ང་ལུ་ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་གྱི་མགུ་ཏོ་བཏོགས་ཏེ་ ཤིང་ཀྲོ་ནང་འདེགས་ཏེ་གནང་ཟེར་ཞུ་ནུག 9 དེ་གིས་དཔོན་ཐུགས་མ་མཉེས་ཏེ་འབད་རུང་ མགྱོནམ་ཚུ་གི་གདོང་ཁར་ལུ་ ཁོ་རང་དབུ་མནའ་བཞེས་ཚར་ནི་དེ་གིས་ མོ་གིས་ག་གནང་ཟེར་མི་དེ་བྱིན་ཞིག་ཟེར་བཀའ་གནང་ནུག 10 དེ་ལས་དམག་མི་ཚུ་གིས་བཙོན་ཁང་ནང་འགྱོ་སྦེ་ ཡོ་ཧ་ནཱན་གྱི་མགུ་ཏོ་བཏོགས་ཏེ། 11 ཡོ་ཧ་ནཱན་གྱི་མགུ་ཏོ་ཤིང་ཀྲོ་ནང་འདེགས་སྦེ་འབག་འོངས་ཏེ་ སྲསམོ་དེ་ལུ་ཕུལཝ་ད་ སྲསམོ་དེ་གིས་བསྣམས་ཏེ་ མོ་རང་གི་ཡུམ་ལུ་ཕུལ་ནུག 12 དེ་ལས་ ཡོ་ཧ་ནཱན་གྱི་སློབ་མ་ཚུ་འོངས་སྦེ་ ཁོ་གི་ཕུམ་འཐུ་འབག་སྟེ་ དོང་ནང་བཙུགས་སྦེ་ ཁོང་ཡེ་ཤུ་གི་སྐུ་མདུན་ལུ་བཅར་ཏེ་ ལོ་རྒྱུས་དེ་ཚུ་ཞུ་ནུག། 13 ཡེ་ཤུ་གིས་གནས་ཚུལ་དེ་སྙན་གསནམ་ད་ ཁོ་དེ་ཁར་ལས་བྱོན་ཏེ་ གྲུ་ནང་འཛུལ་སྦེ་རི་ཙག་སར་བྱོན་ནུག་ མི་དམངས་ཀྱིས་ཡེ་ཤུ་རི་ཙག་སར་བྱོན་པའི་ལོ་རྒྱུས་གོ་སྟེ་ ཁོང་ཁྲོམ་ཁར་ལས་ཐོན་ཏེ་ མཚོའི་མཐའམ་བདའ་སྟེ་རྐང་ཐང་སྦེ་ཁོ་གི་རྟིང་བདའ་སོང་ནུག 14 ཁོ་གྲུ་ནང་ལས་མར་འཐོན་འབྱོནམ་ད་ མི་ཚོགས་སྦོམ་ལུ་གཟིགས་ཏེ་ ཐུགས་ཁར་སྙིང་རྗེ་བྱུང་སྟེ་ ནདཔ་ཚུ་ལུ་དྲགཔ་མཛད་གནང་ནུག 15 དེ་ལས་ཉིམ་ལ་འཛུལ་ནི་འབདཝ་ད་ སློབ་མ་ཚུ་ཁོ་བཞུགས་སར་བཅར་ཏེ་ ད་ནམ་སྲོ་ནི་འབད་དོ་ ཨ་ནི་རི་ཙག་སར་ག་ནི་ཡང་མི་ཐོབ་པས་ གཡུས་ཁར་ལས་མར་བཞེས་སྒོ་ཉོ་ཟ་བ་ མི་དམངས་ལུ་གཏང་གནང་ཟེར་ཞུ་ནུག 16 ཡེ་ཤུ་གིས་ ཁོང་འགྱོ་མི་དགོ་ ཁོང་ལུ་ཟ་ནི་ཅིག་ཁྱེད་ཀྱིས་བྱིན་ཟེར་གསུངསམ་ད། 17 སློབ་མ་ཚུ་གིས་ཁོ་ལུ་ ད་ང་བཅས་ཆ་ཁྱབ་ནང་ཡོད་རུང་མེད་རུང་ ཏད་ཟས་ལེབ་ལྔ་དང་ཉ་གཉིས་རྐྱངམ་གཅིག་ཡོད་ཟེར་ཞུ་ནུག 18 ཁོ་གིས་ ཏད་ཟས་དང་ཉ་འདི་ནཱ་འབག་ཤོག་ཟེར་གསུངས་ཏེ། 19 མི་དམངས་ལུ་མར་སྤང་ནང་སྡོད་ཟེར་བཀའ་གནང་ཞིནམ་ད་ ཁོ་རང་ཏད་ཟས་ལེབ་ལྔ་དང་ཉ་གཉིསཔ་དེ་ཕྱག་ལུ་བསྣམས་སྦེ་ ཞལ་ཡར་གནམ་ཁ་ལུ་གཟིགས་ཏེ་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་སྦེ་ ཏད་ཟས་བཅགས་ཏེ་ ཁོ་རང་གི་སློབ་མ་ཚུ་ལུ་ ཏད་ཟས་དང་ཉ་གནངམ་ད་ སློབ་མ་ཚུ་གིས་མི་དམངས་ལུ་དྲང་བཞག་བརྐྱབས་ནུག 20 མི་ཚུ་ག་ར་ཕོཝ་འགྲངས་འགྲངས་ཟ་ཚར་བའི་ཤུལ་ལས་ ཉ་དང་ཏད་ཟས་ཀྱི་བཅག་དཀྲུམ་གྱི་ལྷག་མ་འཐུཝ་ད་ ལྟོ་གི་སྦ་ཟེ་བཅུ་གཉིས་ཐོན་ནུག 21 འདི་ནང་ཟ་མི་ ཨམ་སྲུ་དང་ཨ་ལོ་མ་རྩིས་བར་ ཕོ་སྐྱེས་རྐྱངམ་ཅིག་གི་གྱངས་ཁ་སྟོང་ཕྲག་ལྔ་དེ་ཅིག་ཡོདཔ་ཨིན་མས།། 22 དེ་འཕྲོ་ལས་ཡེ་ཤུ་གིས་ ང་གིས་མི་དམངས་གཏང་པའི་བར་ན་ ཁྱེད་སློབ་མ་ཆ་ཁྱབ་གྲུ་ནང་འཛུལ་སྦེ་ ངེ་གི་ཧེ་མ་ལས་མཚོའི་ཕ་ཁར་སོང་ཟེར་གསུངས་ནུག 23 དེ་ལས་མི་དམངས་ལུ་ཡང་གཏང་ཚར་བའི་ཤུལ་ལས་ ཁོ་རང་རྐྱངམ་གཅིག་སྦེ་ སྒང་གུ་སྨོན་ལམ་ཞུ་བ་བྱོན་ནུག་ དེ་ལས་ནམ་ཕྱི་རུ་ཁོ་རང་རྐྱངམ་གཅིག་སྦེ་བཞུགས་པའི་སྐབས་ལུ། 24 རྐྱེན་ངན་རླུང་འཚུབ་ཤུགས་སྦེ་འཕུ་ནི་དེ་གིས་ མཚོའི་རྦ་རླབས་ཁོང་སློབ་མ་ཚུ་འཛུལ་མིའི་གྲུ་གུ་བརྐྱབས་ཏེ་ གྲུ་མཚོའི་སྦུག་ལུ་རང་ལུས་ནུག 25 དེ་ལས་དྲོ་པ་ནམ་མ་ནངས་པའི་ཧེ་མ་ ཡེ་ཤུ་མཚོའི་ཁ་ལས་ཕར་ལམ་བྱོན་ཏེ་ ཁོང་སྡོད་སར་འབྱོནམ་ད། 26 སློབ་མ་ཚུ་གིས་ཁོ་མཚོའི་ཁ་ལས་ཚུར་འབྱོནམ་ད་ ཁོང་གིས་མཐོང་སྟེ་ ཨ་ཕི་དེ་འདྲེ་ཨིན་མས་ཟེར་ ཁོང་གནམ་མེད་ས་མེད་འདྲོགས་ཏེ་ སྐད་ཤོརཝ་ད། 27 ཡེ་ཤུ་གིས་ཁོང་ལུ་ ཚ་གྱང་མ་ལངས་ ང་ཨིན་ འདྲོག་མི་དགོ་ཟེར་གསུངས་ནུག 28 དེ་ལས་ པེ་ཏྲོ་གིས་ གཙོ་བོ་ལགས་ དོན་ལས་རང་ནཱ་ཨིན་པ་ཅིན་ ང་ཡང་ཆུའི་ཁ་ལས་ཕར་ལམ་འགྱོ་སྟེ་ ནཱ་བཞུགས་སར་ཤོག་ཟེར་བཀའ་གནང་ཟེར་ཞུཝ་ད། 29 ཡེ་ཤུ་གིས་ཤོག་ཟེར་གསུངས་ནུག་ དེ་ལས་ པེ་ཏྲོ་གིས་གྲུ་ནང་ལས་ཐོན་ཏེ་ ཆུའི་ཁ་ལས་ཕར་ ཡེ་ཤུ་བཞུགས་སར་རྐང་ཐང་སྦེ་འགྱོཝ་ད། 30 རླུང་ཤུགས་སྦེ་འཕུ་ས་མཐོང་སྟེ་ ཁོ་འདྲོགས་ཆི་ནུག་ དེ་ལས་ཁོ་ཆུ་ནང་ཐིམ་ནི་འབདཝ་ད་ ཁོ་སྐད་ཤོར་ཏེ་ གཙོ་བོ་ང་ལུ་སྐྱབས་མཛད་གནང་ཟེར་ཞུཝ་ད། 31 ཡེ་ཤུ་གིས་ཁོ་རང་གི་ཕྱག་ཕར་བསྣར་ཏེ་ པེ་ཏྲོ་ལུ་བཟུང་སྦེ་ དབའེ་དད་པ་ཆུང་མིའི་མི་ཁྱོད་ ག་ཅི་འབད་ཐེ་ཚོམ་བསྐྱེདཔ་སྨོ་ཟེར་གསུངས་ཏེ། 32 ཁོང་གཉིས་གྲུ་ནང་ལོག་འབྱོནམ་ད་ རླུང་འཚུབ་དེ་ཚུ་ཡང་མར་ཞི་སོང་ནུག 33 དེ་ལས་ཁོང་གྲུ་ནང་ཡོད་མི་ཚུ་གིས་ ནཱ་དོན་ལས་རང་དཀོན་མཆོག་གི་སྲས་ཨིན་མས་ཟེར་ཕྱག་འཚལ་ཏེ་ བསྟོད་པ་ཕུལ་ནུག 34 ཁོང་མཚོ་བརྒལ་ཏེ་ ཕ་ཁར་འཐོནམ་ད་ གེ་ནེ་ས་རཱེད་ཟེར་མིའི་ནང་བྱོན་ནུག 35 ཁོ་དེ་ནང་འབྱོནམ་ད་ མི་ཚུ་གིས་ཁོ་ངོ་ཤེས་ཏེ་ ཁོང་གིས་ས་གནས་དེ་ནང་གི་མཐའ་བསྐོར་ག་ར་ནང་ཁྱབ་བསྒྲགས་འབད་དེ་ མི་ཚུ་གིས་ནདཔ་ག་ར་ཁོ་བཞུགས་སར་ དྲགཔ་མཛད་གནང་ཟེར་འབག་འོངས་ཏེ། 36 ནདཔ་ཚུ་ག་ར་གིས་ཁོ་གི་ན་བཟའ་མཐའ་མ་ཨིན་རུང་ འདོགས་བཅུག་ཟེར་ཞུཝ་ད་ དེ་བཟུམ་སྦེ་རང་ན་བཟའ་མཐའ་མ་འདོགས་མི་ཆ་ཁྱབ་ག་ར་དྲག་སོང་ནུག།
1 དེ་ལས་ཕ་རུ་ཤི་པ་ལ་ལུ་ཅིག་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་ ཡེ་རུ་ཤ་ལེམ་ལས་ཡེ་ཤུ་བཞུགས་སར་བཅར་སྦེ། 2 ནཱ་གི་སློབ་མ་ཚུ་གིས་ང་བཅས་རའི་འགོ་དཔོན་ཚུ་གི་ལམ་ལུགས་སྲོལ་ག་ཅི་འབད་མ་སྲུངམ་སྨོ་ ཁོང་གིས་བཞེས་སྒོ་མ་ཟ་བའི་ཧེ་མ་ བཙོག་གྲིབ་དགཔ་མི་བཟོ་བས་ཟེར་ཞུཝ་ད། 3 ཡེ་ཤུ་གིས་ དེ་སྦེ་འབད་བ་ཅིན་ ཁྱེད་ཀྱིས་ག་ཅི་འབད་ལམ་ལུགས་སྲོལ་བསྲུངས་ཏེ་ དཀོན་མཆོག་གི་བཀའ་ཁྲིམས་ལས་འགལཝ་སྨོ། 4 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ རང་གི་ཕམ་ལུ་ཞབས་ཏོག་ཞུ་སྟེ་ཞེ་ས་འབད་ ད་རུང་ག་གིས་རང་འབད་རུང་ ཕ་མ་ལུ་ཚིག་ངན་སླབ་སྟེ་ རྒོལ་མི་འདི་ ཐད་རི་བ་རི་ཤི་དགོ་ཟེར་བཀའ་ཁྲིམས་གནང་རུང་། 5 ཁྱེད་ཀྱིས་ཕ་མ་ལུ་བྱིན་དགོཔ་འདི་ མ་བྱིན་པར་ ཁྱེད་ཀྱིས་ང་ལས་ཐོབ་དགོཔ་འདི་ ང་གིས་དཀོན་མཆོག་ལུ་ཕུལ་ཚར་ཡི་ཟེར་ རང་གི་ཕམ་ལུ་བྱིན་མི་དགོ་ཟེར་སླབ་ཨིན་མས་ ཨ་ནི་བཟུམ་སྦེ་ ཁྱེད་ཀྱིས་རང་གི་ལམ་ལུགས་སྲོལ་བསྲུངས་ཏེ་ དཀོན་མཆོག་གི་བཀའ་ཁྲིམས་ལུ་ཆ་མེད་གཏངམ་ཨིན་མས། 7 ཁྱེད་ཁ་ཆོས་འབད་མི་ཚུ་ ལུང་སྟོན་པ་ ཨའི་ཟ་ཡ་གིས་ཁྱེད་ཀྱི་སྐོར་ལས་ དེ་སྦེ་ལུང་བསྟན་གསུངས་མི་དེ་ཀྲིག་ཀྲི་ཨིན་མས། 8 ཨ་ནི་མི་ཚུ་ཁ་གིས་རྐྱངམ་གཅིག་ ང་ལུ་གུས་ཞབས་འབདཝ་ཨིན་ དེ་འབདཝ་ད་ ཁོང་གི་སེམས་དེ་ ང་ལས་ཐག་རིང་ས་ཨིན། 9 ཁོང་གིས་ང་ལུ་ ཁུངས་མེད་པའི་ཕྱག་འཚལ་ཏེ་ མི་གིས་སྟོན་མིའི་ལུགས་སྲོལ་འདི་ཚུ་ དཀོན་མཆོག་གིས་གསུངས་མིའི་ཆོས་བཟུམ་སྦེ་ མི་ལུ་སྟོནམ་ཨིན་མས་ཟེར་ ལུང་བསྟན་དེ་སྦེ་གསུངས་ནུག། 10 ཡེ་ཤུ་གིས་མི་དམངས་ལུ་ཁོ་བཞུགས་སར་འབོ་སྟེ་ ང་གིས་སླབ་མི་བློ་ཉན་ཞིནམ་ད་ ཧ་གོ་དགོ། 11 མི་གིས་ག་ཅི་ཟ་རུང་ དེ་གིས་ཁོ་ལུ་མ་གཙངམ་མི་བཟོ་ དེ་འབདཝ་ད་ ཁོ་གི་ཁ་ལས་ཐོན་མི་དེ་གིས་ མི་ལུ་མ་གཙངམ་བཟོཝ་ཨིན་ཟེར་གསུངསམ་ད། 12 སློབ་མ་ཚུ་ཡེ་ཤུ་བཞུགས་སར་བཅར་ཏེ་ ད་ལྟོ་ནཱ་གིས་གསུངས་མི་ལོ་རྒྱུས་ཚུ་གིས་ ཕ་རུ་ཤི་པ་ཚུ་ཙིགཔ་ཟཝ་ ནཱ་གི་མཁྱེན་ཡི་ག་ཟེར་ཞུཝ་ད། 13 ཡེ་ཤུ་གིས་ ངེ་གི་ཞིང་ཁམས་ཀྱི་ཡབ་ཀྱིས་མ་བཙུགས་མི་ཤིང་ཚུ་ ར་ཏོ་ལས་རང་ཡར་འབལ་ནི་ཨིན། 14 ཁོང་གི་དོན་ལུ་ཚ་གྱང་ལང་མི་དགོ་ ཁོང་འགོ་དཔོན་ཞརཝ་ཚུ་ཨིན་ ཞརཝ་གིས་ཞརཝ་ལུ་འཁྱིདཔ་ད་ ཁོང་རང་གཉིས་ཆ་ར་དོང་ནང་རྦོབ་རིལཝ་ཨིན་ཟེར་གསུངས་ནུག 15 དེ་ལས་ པེ་ཏྲོ་གིས་ཡེ་ཤུ་ལུ་ ནཱ་གིས་གསུངས་མི་དཔེ་གཏམ་འདི་ ང་བཅས་ལུ་འགྲེལ་བཤད་རྐྱབ་གནང་ཟེར་ཞུཝ་ད། 16 ཡེ་ཤུ་གིས་ ད་ལྟོ་གི་བར་ན་ཡང་ཁྱེད་ཀྱིས་ཧ་མ་གོ་ག། 17 ཁ་ལས་ག་ཅི་ཟ་རུང་ དེ་ཁོག་པའི་ནང་ལས་རྒྱུད་དེ་ ཕྱི་ཁར་ལུ་འཐོན་འགྱོཝ་ཨིནམ་ཁྱེད་ཀྱིས་མི་ཤེས་ག། 18 མ་པ་ལས་རང་ སེམས་ཁར་ག་ཅི་མནོ་སྟེ་ ཁ་ལས་འཐོན་མི་དེ་གིས་ མི་ལུ་མ་གཙངམ་བཟོཝ་ཨིན། 19 ག་ཅི་སྨོ་ཟེར་བ་ཅིན་ མི་གིས་སེམས་ཁར་ལས་ མནོ་མི་བྱ་བ་ངན་པའི་རིགས་ མི་བསད་ནི་དང་ གཉེན་ལས་འགལ་བའི་ལུས་འབྲེལ་འབད་ནི་ མནོ་བསམ་ངན་པ་བཏང་སྟེ་ལུས་འབྲེལ་འབད་ནི་ ཨརཝ་བརྐུ་ནི་ ཤོབ་བརྐྱབས་ཏེ་འཛོམ་དཔང་འབད་ནི་ མི་ལུ་ཚིག་ངན་སླབ་ནི་དེ་ཚུ་ སེམས་ཁར་ལས་མནོ་སྟེ་འཐོན་འོངམ་ཨིན། 20 ཨ་ནི་དེ་ཚུ་གིས་མི་ལུ་མ་གཙངམ་བཟོཝ་ཨིན་ དེ་འབདཝ་ད་ བཙོག་གྲིབ་དགཔ་མ་བཟོ་བར་ཟ་མི་དེ་གིས་ མི་ལུ་མ་གཙངམ་མི་བཟོ་ཟེར་གསུངས་ནུག། 21 ཡེ་ཤུ་དེ་ནང་ལས་ཐོན་བྱོན་ཏེ་ ཁྲོམ་ ཏའིར་དང་ སི་དཱོན་གྱི་མཐའ་བསྐོར་ཡོད་མི་ས་གནས་ནང་འབྱོནམ་ད། 22 དེ་ཁར་སྡོད་མི་ ཀ་ནཱན་གྱི་ཨམ་སྲུ་གཅིག་ ཡེ་ཤུ་གི་སྐུ་མདུན་ལུ་བཅར་ཏེ་ གཙོ་བོ་ ད་བིད་ཀྱི་བུ་བརྒྱུད་ ང་ལུ་སྙིང་རྗེ་གཟིགས་གནང་ལགས་ ངེ་གི་བུམོ་འདྲེ་གདོན་འཛུལ་ཏེ་ གནམ་མེད་ས་མེད་སྡུག་བསྔལ་མྱོང་སྟེ་ཡོད་ཟེར་སྐད་བརྐྱབས་ཏེ་ཞུ་ནུག 23 ཡེ་ཤུ་གིས་མོ་ལུ་ལན་ག་ནི་ཡང་མ་གསུངསམ་ད་ ཁོ་གི་སློབ་མ་ཚུ་ཁོ་བཞུགས་སར་བཅར་སྦེ་ ཨུ་ཚུགས་བསྐྱེད་དེ་ མོ་ལུ་སོང་ཟེར་གསུངས་གནང་ལགས་ ག་ཅི་སྨོ་ཟེར་བ་ཅིན་ མོ་ང་བཅས་ཀྱི་ཤུལ་ལས་ སྐད་བརྐྱབས་ཏེ་ར་འོངམ་མས་ཟེར་ཞུཝ་ད། 24 ཡེ་ཤུ་གིས་མོ་ལུ་ ང་ལུ་ ཨཱིས་ར་ཨཱེལ་གྱི་མི་རིགས་ ལུག་བྱང་མི་ཚུ་གི་དོན་ལུ་རྐྱངམ་གཅིག་གཏང་གཏངམ་ཨིན་ཟེར་གསུངས་ནུག 25 དེ་འབདཝ་ད་ ཨམ་སྲུ་དེ་འོང་སྦེ་ ཡེ་ཤུ་གི་སྐུ་མདུན་ལུ་པུས་མོ་ས་ཁར་བཙུགས་ཏེ་ གཙོ་བོ་ང་ལུ་རོགས་རམ་མཛད་གནང་ལགས་ཟེར་ཞུཝ་ད། 26 ཡེ་ཤུ་གིས་ཨ་ལོ་གི་བཞེས་སྒོ་དེ་འཐུ་འབག་སྟེ་ རོ་ཁྱི་ལུ་བྱིན་ནི་འདི་ཀྲིག་ཀྲི་མེད་ཟེར་གསུངསམ་ད། 27 ཨམ་དེ་གིས་ཐུགས་ལྡན་ལགས་གཙོ་བོ་ དེ་འབདཝ་ད་ རོ་ཁྱི་ཚུ་གིས་ཡང་ སྦྱིན་བདག་གི་ཟ་ཁྲི་གུ་ལས་མར་བུད་མི་འདི་ཚུ་ འཐུ་ཟཝ་ཨིན་ཟེར་ཞུཝ་ད། 28 ཡེ་ཤུ་གིས་ དབའེ་ཨམ་ ཁྱོད་ཀྱི་དད་པ་དེ་སྦོམ་འདུག་ ཁྱོད་ཀྱིས་ག་དགོ་མི་དེ་གནང་ཚར་ཡི་ཟེར་གསུངསམ་ད་ དུས་ཚོད་དེ་ལུ་ར་མོ་གི་བུམོ་འདི་དྲག་སོང་ནུག། 29 ཡེ་ཤུ་དེ་ཁར་ལས་བྱོན་ཞིནམ་ལས་ ག་ལི་ལི་གི་མཚོའི་ཁ་ཐུག་ལས་སྦེ་ ཡར་སྒང་གུ་བྱོན་ཏེ་བཞུགསཔ་ད། 30 མི་ཚོགས་སྦོམ་ཁོ་བཞུགས་སར་བཅར་ཏེ་ ཁོང་གིས་ མི་རྐངམ་ཞབོ་ ལགཔ་ཞབོ་ མིག་ཏོ་ཞརཝ་ ཁ་སླབ་ནི་མེདཔ་ ནད་སྣ་ཚོགས་ན་མི་ལེ་ཤ་ ཁོ་གིས་སྐུ་མདུན་ལུ་འཁྱིད་འོངམ་ད་ ཁོ་གིས་ཁོང་ལུ་དྲགཔ་མཛད་ནུག 31 མི་ཁ་སླབ་ནི་མེད་མི་ཚུ་ཁ་སླབ་ཚུགསཔ་སོང་ ལམ་འགྱོ་མ་ཚུགས་མི་ཚུ་ལམ་འགྱོ་ཚུགསཔ་སོང་ རྣམ་ཅོག་མ་གོ་མི་ཚུ་གོ་ཚུགསཔ་སོང་ མིག་ཏོ་ཞརཝ་ཚུ་མཐོང་ཚུགསཔ་སོང་ དེ་ལས་འདི་ཚུ་ག་ར་མི་གི་མཐོང་སར་འབྱུངམ་ད་ མི་དམངས་ཧ་ལས་ཏེ་ ཨཱིས་ར་ཨཱེལ་གྱི་དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག། 32 ཡེ་ཤུ་གིས་ཁོ་རང་གི་སློབ་མ་ཚུ་ལུ་འབོ་སྟེ་ ཨ་ནི་མི་སེར་ཚུ་ལུ་བལྟ་སྟེ་ང་སྡི་ཆེ་ཡི་ ཁོང་ང་དང་གཅིག་ཁར་སྡོད་དེ་ ཉིནམ་གསུམ་སོང་ཡི་ ཁོང་བཞེས་སྒོ་མ་ལང་པར་སྡོད་ནུག་ ཁོང་ལུ་བཞེས་སྒོ་ག་ནི་ཡང་མ་བྱིན་པར་ལོག་གཏང་ནི་མི་འོང་ གཏང་པ་ཅིན་ ཁོང་ལམ་ཁར་ལྟོཝ་བཀྱེས་ཏེ་ ལམ་འགྱོ་མ་ཚུགས་པར་ འགྱེལ་སྡོད་འོང་ཟེར་གསུངསམ་ད། 33 སློབ་མ་ཚུ་གིས་ཡེ་ཤུ་ལུ་ ཨ་ནི་རི་སྟོང་ནང་ མི་དམངས་ག་ར་ལུ་ལང་མིའི་བཞེས་སྒོ་ ང་བཅས་ཀྱིས་ག་ཏེ་ལས་ཐོབ་ནི་སྨོ་ཟེར་ཞུཝ་ད། 34 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱི་ནང་ཏད་ཟས་ལེབ་ག་དེ་ཅིག་ཡོདཔ་སྨོ་ཟེར་གསུངསམ་ད་ ཁོང་གིས་ང་བཅས་ནང་ཏད་ཟས་ལེབ་བདུན་དང་ ཉ་ཆུང་ཀུ་དག་པ་གཅིག་ཡོད་ཟེར་ཞུ་ནུག 35 དེ་ལས་ཡེ་ཤུ་གིས་མི་དམངས་མར་ཐང་ནང་སྡོད་ཟེར་བཀའ་གནང་སྟེ། 36 ཁོ་གིས་ཏད་ཟས་ལེབ་བདུན་དང་ཉ་འདི་ཚུ་ཕྱག་ལུ་བསྣམས་ཏེ་ བཀའ་དྲིན་ཆེ་ཟེར་ཞུ་ཞིནམ་ད་ ཏད་ཟས་བཅགས་སྦེ་ སློབ་མ་ཚུ་ལུ་གནང་སྟེ་ སློབ་མ་ཚུ་གིས་མི་དམངས་ལུ་དྲང་བཞག་བརྐྱབས་ནུག 37 ཁོང་ག་ར་ཕོཝ་འགྲངས་འགྲངས་ཟ་བའི་ཁར་ལས་ ད་རུང་བཅག་དཀྲུམ་གྱི་ལྷག་མ་འཐུཝ་ད་ སྦ་ཟེ་བདུན་ཐོན་ནུག 38 དེ་ཁར་ཟ་མི་ཨམ་སྲུ་དང་ཨ་ལོ་མ་རྩིས་བར་ ཕོ་སྐྱེས་རྐྱངམ་གཅིག་གི་སྟོང་ཕྲག་བཞི་ཡོདཔ་ཨིན་མས། 39 དེ་ལས་ཡེ་ཤུ་གིས་མི་དམངས་ལོག་གཏང་ཞིནམ་ད་ ཁོ་གྲུ་ནང་འཛུལ་སྦེ་ ཁྲོམ་ མ་ག་དཱན་ལུ་བྱོན་ནུག།
1 ཕ་རུ་ཤི་པ་དང་ ས་དུ་ཀི་པ་འདི་ཚུ་ ཡེ་ཤུ་བཞུགས་སར་བཅར་ཏེ་ ཁོ་གི་ཐུགས་ཚོད་བལྟ་བའི་དོན་ལུ་ ནཱ་གིས་ང་བཅས་ལུ་ ཞིང་ཁམས་ཀྱི་རྟགས་མཚན་གཅིག་བཏོན་གནང་ཟེར་ཞུཝ་ད། 2 ཡེ་ཤུ་གིས་ ཕྱི་རུ་ཁམས་གནམ་ཁ་ལུ་ ས་སྨུག་དམརཔ་ཡོདཔ་མཐོངམ་ད་ ཁྱེད་ཀྱིས་ནངས་པ་གནམ་གཤིས་ལེགས་ཤོམ་འདུག་ཟེར་སླབ་ཨིན། 3 དེ་ལས་དྲོ་པ་ས་སྨུག་དམརཔ་སྤུར་ཏེ་ཡོདཔ་མཐོངམ་ད་ ཁྱེད་ཀྱིས་ད་རེས་ཆརཔ་བརྐྱབ་ནི་མས་ཟེར་སླབ་ཨིན་ ཁྱེད་ཀྱིས་གནམ་བལྟ་སྟེ་ ག་ཅི་འབྱུང་ནི་ན་སླབ་ཚུགས་པས་ དེ་འབདཝ་ད་ དུས་ཚོད་ལུ་བྱུང་མིའི་རྟགས་མཚན་གྱི་དོན་དག་ ཁྱེད་ཀྱིས་རྩ་ལས་རང་སླབ་མི་ཚུགས་པས། 4 མི་རབས་ངན་པ་ དཀོན་མཆོག་དང་གཅིག་ཁར་དམ་ཚིག་མ་སྲུང་མི་ ཁྱེད་ཀྱིས་ང་ལས་རྫུ་འཕྲུལ་གྱི་རྟགས་མཚན་བཏོན་གནང་ཟེར་སླབ་ཨིན་མས་ དེ་འབདཝ་ད་ལུང་སྟོན་པ་ ཡོ་ན་ཁོ་རང་ ཨ་ནི་མི་རབས་ཀྱི་དོན་ལུ་རྟགས་ཨིན་ དེ་ལས་རྟགས་མཚན་གཞན་ཁོང་གི་དོན་ལུ་བཏོན་མི་བྱིན་ཟེར་གསུངས་སྦེ་ ཡེ་ཤུ་གིས་ཁོང་ལུ་བཞག་སྟེ་བྱོན་སོང་ནུག། 5 ཁོང་མཚོ་བརྒལ་ཏེ་ཕ་ཁར་ལྷོདཔ་ད་ སློབ་མ་ཚུ་གིས་ཏད་ཟས་འབག་ནི་བརྗེད་སོངམ་ཨིན་མས། 6 ཡེ་ཤུ་གིས་སློབ་མ་ཚུ་ལུ་ ཁྱེད་སེམས་དྲན་པ་བཏོན་ཏེ་ ཕ་རུ་ཤི་པ་དང་ ས་དུ་ཀི་པ་གི་བུལ་ཏོག་དེ་ལས་རིགཔ་བསྒྱིམ་སྡོད་ཟེར་གསུངསམ་ད། 7 སློབ་མ་ཚུ་ཁོང་རང་གཅིག་གིས་གཅིག་ལུ་ ཁོ་གིས་དེ་སྦེ་གསུངས་མི་དེ་ ང་བཅས་ཀྱིས་ཏད་ཟས་འབག་ནི་བརྗེད་སོང་ནི་དེ་གིས་ཨིན་མས་ཟེར་སླབ་ནུག 8 ཡེ་ཤུ་གིས་ཁོང་གིས་མནོ་མི་ཚུ་མཁྱེན་ཏེ་ དབའེ་ ཁྱེད་དད་པ་ཆུང་ཀུ་ཚུ་ ཁྱེད་རང་གི་སྦུག་ལུ་ག་ཅི་འབད་ཏད་ཟས་མེད་པའི་ལོ་རྒྱུས་སླབ་སྨོ། 9 ཁྱེད་ཀྱིས་ད་ལྟོ་ཡང་ཧ་མ་གོ་ག་ ཏད་ཟས་ལེབ་ལྔ་ མི་སྟོང་ཕྲག་ལྔ་ལུ་བྱིན་ཏེ་ ཁྱེད་ཀྱིས་ལྷག་མ་སྦ་ཟེ་ག་དེམ་ཅིག་འཐུ་ཡི་ག་ ཁྱེད་ཀྱིས་སེམས་ཁར་མི་དྲན་པས་ག། 10 ད་རུང་ང་གིས་ཏད་ཟས་ལེབ་བདུན་ མི་སྟོང་ཕྲག་བཞི་ལུ་བྱིན་ཏེ་ ལྷག་མ་སྦ་ཟེ་ག་དེམ་ཅིག་བསྡུ་ཡི་ག་ ཁྱེད་ཀྱིས་མི་དྲན་པས་ག། 11 ང་གིས་ཁྱེད་ལུ་བཞེས་སྒོ་གི་སྐོར་ལས་སླབ་མེན་ཟེར་ ཁྱེད་ཀྱིས་ག་ཅི་འབད་མ་ཤེསཔ་སྨོ་ ད་རུང་ང་གིས་སླབ་དོ་ ཕ་རུ་ཤི་པ་དང་ ས་དུ་ཀི་པ་གི་བུལ་ཏོག་དེ་ལས་རིགཔ་བསྒྱིམ་སྡོད་ཟེར་གསུངས་ནུག 12 དེ་ལས་སློབ་མ་ཚུ་གིས་ ཡེ་ཤུ་གིས་ཏད་ཟས་ནང་བླུག་མི་བུལ་ཏོག་གི་སྐོར་ལས་གསུངསམ་མེན་པར་ ཕ་རུ་ཤི་པ་དང་ ས་དུ་ཀི་པ་ཚུ་གིས་སྟོན་མི་ཆོས་ཚུ་ལས་ རིགཔ་བསྒྱིམ་སྡོད་ཟེར་གསུངསམ་ཨིནམ་ ཁོང་གིས་ཤེས་ནུག། 13 ཡེ་ཤུ་ཁྲོམ་ ཀེ་ས་རི་ཡ་ ཕི་ལི་པི་ཟེར་མི་ནང་བྱོན་ཏེ་ ཁོ་རང་གི་སློབ་མ་ཚུ་ལུ་ མི་ཚུ་གིས་མིའི་བུ་ག་ཨིན་མས་ཟེར་སླབ་སྨོ་ཟེར་དྲི་བ་གསུངསམ་ད། 14 སློབ་མ་ཚུ་གིས་ཡེ་ཤུ་ལུ་ ལ་ལུ་གིས་ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་ ལ་ལུ་གིས་ལུང་སྟོན་པ་ ཨེ་ལི་ཡ་ ལ་ལུ་གིས་ལུང་སྟོན་པ་ ཡེ་རེ་མི་ཡ་ ཡང་ན་ཧེ་མ་གི་ལུང་སྟོན་པ་ཚུ་གི་གྲལ་ཁ་ལས་གཅིག་ཨིནམ་འོངམ་མས་ཟེར་སླབ་མས་ཟེར་ཞུ་ནུག 15 དེ་འབདཝ་ད་ཡེ་ཤུ་གིས་ ཁྱེད་ཀྱིས་འབད་བ་ཅིན་ང་ག་སྨོ་ཟེར་གསུངསམ་ད། 16 དེའི་ལན་ལུ་ སི་མཱོན་པེ་ཏྲོ་གིས་ ནཱ་གསོན་པོའི་དཀོན་མཆོག་གི་སྲས་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་མས་ཟེར་ཞུ་ནུག 17 དེའི་ལན་ལུ་ ཡེ་ཤུ་གིས་ བཱར་ཡོ་ན་གི་བུ་ སི་མཱོན་ ཁྱོད་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཨ་ནི་འདི་མི་ལས་མེན་ དེ་འབདཝ་ད་ ཞིང་ཁམས་ལུ་བཞུགས་ཡོད་མི་ ངེ་གི་ཡབ་ཀྱིས་ཁྱོད་ལུ་སྟོན་གནང་གནངམ་ཨིན། 18 ང་གིས་ཁྱོད་ལུ་དོན་ལས་རང་སླབ་དོ་ ཁྱོད་ཀྱི་མིང་ པེ་ཏྲོ་ཨིན་ ཨ་ནི་ཁྱོད་ཀྱིས་སླབ་མི་འདི་ རྡོ་བཟུམ་གཅིག་དེ་གུ་ ང་གིས་ངེ་གི་ཆོས་ཚོགས་བརྐྱབ་ནི་ཨིན་ དེ་ལས་ཆོས་ཚོགས་ཀྱི་རྒྱལ་ཁ་ཐོབ་ཡོད་མི་ལས་ གཤིན་ཡུལ་གྱིས་རྒྱབ་འགལ་འབད་མི་ཚུགས། 19 ད་ང་གིས་ཞིང་ཁམས་ཀྱི་རྒྱལ་སྲིད་ཀྱི་ལྡེ་མིག་ཚུ་ ཁྱོད་ལུ་སྤྲོད་ནི་ཨིན་ ཁྱོད་ཀྱིས་འཛམ་བུ་གླིང་ནང་ལུ་ག་ཅི་ར་བསྡམ་རུང་ འདི་ཡར་ཞིང་ཁམས་ལུ་བསྡམ་ནི་ཨིན་ དེ་ལས་ཁྱོད་ཀྱི་འཛམ་བུ་གླིང་ནང་ག་ཅི་ར་འཁྱོལ་རུང་ དེ་ཡར་ཞིང་ཁམས་ལུ་ཡང་འཁྱོལ་ནི་ཨིན་ཟེར་གསུངས་ཞིནམ་ད། 20 ཡེ་ཤུ་གིས་སློབ་མ་ཚུ་ལུ་ ང་ཁིརཱིས་ཨིན་ཟེར་ ཁྱེད་ཀྱིས་ག་ལུ་ཡང་མ་སླབ་ཟེར་བཀའ་དམ་དྲགས་སྦེ་གནང་ནུག། 21 ཡེ་ཤུ་གིས་དེའི་ཚེ་ལས་འགོ་བཙུགས་ཏེ་ ཁོ་གི་སློབ་མ་ཚུ་ལུ་ ཁོ་རང་ལུ་ག་ཅི་འབྱུང་ནི་ཨིན་ན་ཟེར་སྟོན་གནང་ནུག་ ཁོ་གིས་དེ་སྦེ་ ང་ ཡེ་རུ་ཤ་ལེམ་ལུ་སོང་སྟེ་ མི་དམངས་ཀྱི་འགོ་དཔོན་དང་ བླ་ཆེན་ཚུ་ དེ་ལས་བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གི་ལག་པར་ སྡུག་བསྔལ་གནམ་མེད་ས་མེད་མྱོང་ཞིནམ་ད་ ཁོང་གིས་ང་ལུ་བསད་འོང་ དེ་ལས་ཉིནམ་གསུམ་པ་ལུ་ གསོན་པོ་སྦེ་ལྷོང་གནང་ནི་ཨིན་ཟེར་གསུངས་བཞུགསཔ་ད། 22 པེ་ཏྲོ་གིས་ཡེ་ཤུ་ལུ་སོ་སོ་སྦེ་ཞུ་སྟེ་ གཙོ་བོ་ལགས་ ནཱ་ལུ་དེ་སྦེ་ནམ་ཡང་བྱུང་མ་བཅུག་ཟེར་བཀའ་སློབ་ཕུལཝ་ད། 23 ཡེ་ཤུ་གིས་ཞལ་ཚུར་ པེ་ཏྲོ་ཁ་ཐུག་བསྒོར་སྦེ་ ཨ་ཁའི་ བདུད་ སེ་ཏཱན་ ཁྱོད་ང་སྡོད་ས་ལས་ཕར་སོང་ ཁྱོད་ཀྱིས་ང་ལུ་བར་ཆད་རྐྱབ་མས་ ཁྱོད་ཀྱི་མནོ་བསམ་འདི་དཀོན་མཆོག་ཁ་ཐུག་མེན་པར་ མིའི་ཁ་ཐུག་ལུ་ཨིན་མས་ཟེར་གསུངས་ནུག 24 དེ་ལས་ཡེ་ཤུ་གིས་སློབ་མ་ཚུ་ལུ་ ག་ར་འབད་རུང་ ངེ་གི་སློབ་མ་སྦེ་འོང་དགོ་མནོ་བ་ཅིན་ མི་དེ་གིས་ཨིན་ཅི་མིན་ཅི་ རང་གིས་རང་ལུ་སྤངས་ ཁོ་རང་གི་ཁྲམ་ཤིང་འབག་སྟེ་ ངེ་གི་ཤུལ་ལས་འོང་དགོ། 25 ག་ཅི་སྨོ་ཟེར་བ་ཅིན་ ག་ར་འབད་རུང་ རང་གི་མི་ཚེ་ཕངས་པ་ཅིན་ དེ་གིས་འཕྲོ་བརླག་གཏང་ནི་ཨིན་ དེ་འབདཝ་ད་ ག་ར་འབད་རུང་ རང་གི་མི་ཚེ་ངེ་གི་དོན་ལུ་བློས་གཏང་པ་ཅིན་ འདི་གིས་མི་ཚེ་ངོ་མ་ཐོབ་ཨིན། 26 ག་དེམ་ཅིག་སྦེ་ མི་གཅིག་གིས་འཛམ་བུ་གླིང་གི་དབང་ཚད་ག་ར་ཐོབ་སྟེ་འབད་རུང་ རང་གི་མི་ཚེ་འདི་འཕྲོ་བརླག་གཏང་པ་ཅིན་ འདི་ལུ་ཁེ་སང་ག་ཅི་ཡོདཔ་སྨོ་ མི་ཚེ་འདི་ལོག་སྟེ་ག་དེ་སྦེ་ཐོབ་ཚུགས་ནི་སྨོ། 27 ག་ཅི་སྨོ་ཟེར་བ་ཅིན་ མིའི་བུ་རང་གི་ཡབ་ཀྱི་གཟི་བརྗིད་ནང་ཕོ་ཉ་ཚུ་དང་གཅིག་ཁར་འབྱོནམ་ད་ མི་དེ་ཚུ་ལུ་ཁོང་རང་སོ་སོ་གི་འབད་མི་ལཱ་དང་འཁྲིལ་ཏེ་ གསོལ་རས་གནང་ནི་ཨིན། 28 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ད་ལྟོ་ནཱ་ལུ་ལོངས་སྡོད་མི་གི་གྲལ་ཁ་ལས་ལ་ལུ་ཅིག་གིས་ མིའི་བུ་ཞིང་ཁམས་ཀྱི་རྒྱལ་སྲིད་སྐྱོང་ནི་སྦེ་འོང་ས་མ་མཐོང་པར་མི་ཤི་ཟེར་གསུངས་ནུག།
1 ཉིནམ་དྲུག་གི་ཤུལ་ལས་ ཡེ་ཤུ་གིས་ པེ་ཏྲོ་དང་ ཡ་ཀོབ་ དེ་ལས་ ཡ་ཀོབ་ཀྱི་སྤུན་ཆ་ ཡོ་ཧ་ནཱན་ཁོང་གསུམ་རྐྱངམ་གཅིག་འཁྱིད་དེ་ ཡར་སྒང་མཐོ་ས་ལུ་བྱོན་ཏེ། 2 ཡར་སྒང་གུ་ཕེབསཔ་ད་ ཡེ་ཤུ་གི་སྐུ་གཟུགས་ཀྱི་བཀྱག་འགྱུར་ས་ ཁོང་གིས་མཇལ་ནུག་ ཁོ་གི་ཞལ་ཉིམ་བཟུམ་སྦེ་ཤར་ཏེ་འོད་འཐོནམ་མ་ཚད་ ཁོ་གི་ན་བཟའ་ཡང་དཀརཔོ་ལུ་འགྱུར་ཏེ་འོད་ཅེམ་ཅེ་སྦེ་སོང་ནུག 3 དེ་འཕྲོ་ལས་ མོ་སཱེས་དང་ ཨེ་ལི་ཡ་ དཔྱད་རིག་མེད་སི་སི་སྦེ་ ཡེ་ཤུ་དང་གཅིག་ཁར་གསུང་གྲོས་གནང་ས་མཇལཝ་ད། 4 པེ་ཏྲོ་གིས་ཡེ་ཤུ་ལུ་ གཙོ་བོ་ལགས་ང་བཅས་ནཱ་ལུ་ཡོད་ནི་དེ་གིས་ ལེགས་ཤོམ་ཨིན་མས་ ནཱ་གིས་ཐུགས་དང་ལྡན་པ་ཅིན་ ང་གིས་དབུ་གུར་གསུམ་སྤུབ་གེ་ གཅིག་ནཱ་གི་དོན་ལུ་ གཅིག་ མོ་སཱེས་ཀྱི་དོན་ལུ་ གཅིག་ ཨེ་ལི་ཡ་གི་དོན་ལུ་ཟེར་ཞུ་ནུག 5 ཁོ་གིས་དེ་སྦེ་ཞུ་སྟེ་སྡོད་པའི་བར་ན་ ཁོང་གི་གུ་ལས་མར་ས་སྨུག་འོད་ཅེམ་ཅེ་སྦེ་སྤུབ་འོངས་ཏེ་ ས་སྨུག་འདི་ནང་ལས་གསུང་སྐད་གཅིག་གིས་ ཨ་ནི་ངེ་གི་བུ་གཅེས་ཤོས་ཕངས་ཤོས་དེ་ཨིན་ ཁོ་ལུ་བལྟ་སྟེ་ ང་གནམ་མེད་ས་མེད་སེམས་དགའཝ་ཨིན་ ཁོ་གིས་སླབ་མི་ཁ་ལུ་ཉན་ཞིག་ཟེར་གསུངས་ནུག 6 སློབ་མ་ཚུ་གིས་དེ་གོཝ་ད་ གནམ་མེད་ས་མེད་འདྲོགས་ཏེ་ ས་ཁར་ག་ཕུབ་བརྐྱབས་ཏེ་གྱེལ་སོང་ནུག 7 དེ་འབདཝ་ད་ ཡེ་ཤུ་བྱོན་ཏེ་ ཁོང་གི་གཟུགས་ཁར་འདོགས་སྦེ་ ཡར་ལོངས་ཤིག་ འདྲོག་མི་དགོ་ཟེར་གསུངས་ནུག 8 དེ་ལས་ཁོང་གིས་ཡར་བལྟཝ་ད་ ཡེ་ཤུ་མ་གཏོགས་གཞན་ག་ཡང་མ་མཐོང་པས། 9 ཁོང་ཡར་སྒང་གུ་ལས་མར་འོངམ་ད་ ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་མཐོང་མི་ཚུ་ མིའི་བུ་ཤི་ས་ལས་གསོན་པོ་སྦེ་ལྷོང་མ་གནང་ཚུན་ཚོད་ ག་ལུ་ཡང་མ་སླབ་ཟེར་བཀའ་གནངམ་ད། 10 སློབ་མ་ཚུ་གིས་ཡེ་ཤུ་ལུ་ ག་ཅི་འབད་བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་ ཨེ་ལི་ཡ་ཧེ་མ་ལོག་བྱོན་དགོ་ཟེར་སླབ་སྨོ་ཟེར་ཞུ་ནུག 11 དེའི་ལན་ལུ་ཡེ་ཤུ་གིས་ དོན་ལས་རང་ཨིན་ ཨེ་ལི་ཡ་འདི་ཧེ་མ་བྱོན་ཏེ་ ག་ར་རིམ་པ་བཞིན་དུ་ཀྲིག་ཀྲི་སྦེ་མཛད་འོང་། 12 དེ་འབདཝ་ད་ ང་གིས་ཁྱེད་ལུ་སླབ་དོ་ ཨེ་ལི་ཡ་ཧེ་མ་ལས་བྱོན་ཚར་ཡི་ དེ་འབདཝ་ད་ ཁོང་གིས་ཁོ་ལུ་ངོ་མ་ཤེས་པར་ ཁོང་རང་གི་འདོད་པ་ལྟར་དུ་ཁོ་ལུ་འབད་ཡི་ དེ་བཟུམ་སྦེ་རང་ མིའི་བུ་ཡང་ཁོང་གི་ལག་པར་སྡུག་བསྔལ་མྱོང་དགོ་ཟེར་གསུངས་ཚརཝ་ད། 13 ཡེ་ཤུ་གིས་ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་གྱི་སྐོར་ལས་ གསུངསམ་ཨིན་མས་ཟེར་སློབ་མ་ཚུ་གིས་ཧ་གོ་ནུག། 14 ཡེ་ཤུ་དང་སློབ་མ་ཚུ་སྒང་གུ་ལས་མར་འབབ་སྟེ་ མི་དམངས་སྡོད་སར་འབྱོནམ་ད་ མི་གཅིག་འོང་སྦེ་ཡེ་ཤུ་གི་སྐུ་མདུན་ལུ་པུས་མོ་ས་ཁར་བཙུགས་སྦེ་ཞུ་ནུག 15 གཙོ་བོ་ལགས་ ངེ་གི་བུ་ལུ་སྙིང་རྗེ་གཟིགས་གནང་ ཁོ་ལུ་བརྒྱལ་ནད་ཕོག་སྟེ་ ཁོ་ཚར་ལེ་ཤ་མེ་དང་ཆུ་ནང་གྱེལ་ཏེ་ གནམ་མེད་ས་མེད་སྡུག་བསྔལ་མྱོང་སྟེ་ཡོད། 16 ང་གིས་ཁོ་ནཱ་གི་སློབ་མ་ཚུ་སྡོད་སར་འཁྱིད་སྐྱེལ་ཡི་ དེ་འབདཝ་ད་ ཁོང་གིས་དྲགཔ་བཟོ་མ་ཚུགས་ཟེར་ཞུཝ་ད། 17 ཡེ་ཤུ་གིས་ ཨ་ཁའི་ ཁྱེད་དད་པ་མེད་མི་དང་ ཚུལ་དང་མ་མཐུན་མིའི་མི་རབས་ཚུ་ ང་ཁྱེད་དང་གཅིག་ཁར་ག་དེམ་ཅིག་སྡོད་ནི་ ག་དེམ་ཅིག་ཚུན་ཚོད་ཁྱེད་ལུ་བཟོད་པ་བསྒོམ་སྡོད་ནི་སྨོ་ བུཚ་འདི་ནཱ་ང་སྡོད་སར་འཁྱིད་ཤོག་ཟེར་གསུངས་ནུག 18 བུ་འདི་འཁྱིད་འོངམ་ད་ ཡེ་ཤུ་གིས་འདྲེ་གདོན་དེ་ལུ་བཀའ་བཀྱོན་གནང་སྟེ་ འདྲེ་གདོན་འདི་ཐོན་འགྱོ་སྦེ་ བུ་འདི་དེའི་བསྒང་ལས་ར་དྲག་སོང་ནུག 19 དེའི་ཤུལ་ལས་མི་གཞན་ག་ཡང་མེདཔ་ད་ སློབ་མ་ཚུ་ཡེ་ཤུ་བཞུགས་སར་བཅར་ཏེ་ ང་བཅས་ཀྱིས་ག་ཅི་འབད་འདྲེ་གདོན་དེ་ བཏོན་བདའ་མ་ཚུགསཔ་ཨིན་ན་ཟེར་དྲི་བ་ཞུཝ་ད། 20 དེའི་ལན་ལུ་ཡེ་ཤུ་གིས་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ལུ་དད་པ་ཆེ་ཏོག་ཏོ་མིན་འདུག་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁྱེད་ལུ་དད་པ་པད་དཀར་སོན་བཟུམ་སྦེ་ཆུང་ཀུ་གཅིག་ཡོད་པ་ཅིན་ ཁྱེད་ཀྱིས་ཨ་ནི་སྒང་འདི་ལུ་ ནཱ་ལས་ཕར་སོང་ཟེར་སླབ་རུང་ སྒང་འདི་ཕར་འགྱོ་འོང་ ཁྱེད་ཀྱིས་འབད་མ་ཚུགསཔ་ག་ནི་ཡང་མེད་ཟེར་གསུངས་ནུག 21 22 དེ་ལས་ཡེ་ཤུ་དང་ཁོ་གི་སློབ་མ་ཚུ་ ལུང་ཕྱོགས་ ག་ལི་ལི་ལུ་འཛོམས་ཞིནམ་ད་ ཡེ་ཤུ་གིས་ཁོང་ལུ་ མིའི་བུ་དེ་ལུ་མི་ཚུ་གི་ལག་པར་སྤྲོད་དེ་བསད་འོང་། 23 དེ་ལས་ཉིནམ་གསུམ་པ་ལུ་ ཁོ་ཤི་ས་ལས་ཡར་གསོན་པོ་སྦེ་ལྷོང་གནང་འོང་ཟེར་གསུངསམ་ད་ ཁོང་སློབ་མ་ཚུ་གནམ་མེད་ས་མེད་སེམས་སྐྱོ་ནུག། 24 ཡེ་ཤུ་དང་ཁོ་གི་སློབ་མ་ཚུ་ཁྲོམ་ ཀ་ཕཱར་ནུམ་ལུ་ལྷོདཔ་ད་ ཡ་ཧུ་ད་པའི་མཆོད་ཁང་དེ་གི་ཁྲལ་བསྡུ་མི་ཚུ་ པེ་ཏྲོ་སྡོད་སར་འོངས་ཏེ་ ཁྱེད་ཀྱི་སློབ་དཔོན་གྱིས་མཆོད་ཁང་གི་ཁྲལ་སྤྲོདཔ་ཨིན་ན་ཟེར་དྲིསཝ་ད། 25 པེ་ཏྲོ་གིས་ཁྲལ་དེ་སྤྲོདཔ་ཨིན་ཟེར་སླབ་ནུག་ དེ་ལས་ པེ་ཏྲོ་ཁྱིམ་ནང་ན་འཛུལཝ་ད་ འགོ་དང་པ་རང་ཡེ་ཤུ་གིས་ཁོ་ལུ་ དབའེ་ སི་མཱོན་པེ་ཏྲོ་ ཁྱོད་ཀྱིས་མནོ་བསམ་ག་དེ་སྦེ་གཏངམ་སྨོ་ ནཱ་འཛམ་བུ་གླིང་ནང་གི་རྒྱལཔོ་ཚུ་གིས་ཁྲལ་ག་ལས་ལེནམ་སྨོ་ ཁོ་རང་གི་བཟའ་ཚན་ཚུ་ལས་ལེནམ་ཨིན་ན་ ཡང་ན་ཁོང་རང་གི་མི་སེར་ཚུ་ལས་ལེནམ་ཨིན་ན་ཟེར་དྲི་བ་གསུངསམ་ད། 26 པེ་ཏྲོ་གིས་མི་སེར་ཚུ་ལས་ལེནམ་ཨིན་ཟེར་ཞུ་ནུག་ དེ་ལས་ཡེ་ཤུ་གིས་དེ་སྦེ་འབད་བ་ཅིན་ ཁོང་རང་གི་བུཚ་ཚུ་གིས་ཁྲལ་སྤྲོད་མི་དགོ་པས། 27 ཨིན་རུང་ ང་བཅས་ཀྱིས་ཁོང་ལུ་ཙིགཔ་ཟ་བཅུག་ནི་མི་འོང་ ཁྱོད་རང་མར་མཚོ་ནང་སོང་སྦེ་ཀོ་མ་བརྐྱབས་ཏེ་ཉ་གཅིག་བཟུང་ཤིག་ འགོ་དང་པ་བཟུང་མི་ཉ་དེ་འཐུ་སྟེ་དེ་གི་ཁ་ཕྱེ་སྟེ་བལྟ་ ཁ་ནང་ལས་ཁྱོད་ཀྱིས་དངུལ་ཀྲམ་བཞི་འབད་མི་གཅིག་ཐོབ་འོང་ དེ་འབག་སྟེ་ཁྱོད་དང་ངེ་གི་ཁྲལ་སྦེ་སྤྲོད་ཟེར་གསུངས་ནུག།
1 དེའི་སྐབས་ལུ་སློབ་མ་ཚུ་ཡེ་ཤུ་གི་སྐུ་མདུན་ལུ་བཅར་ཏེ་ ཞིང་ཁམས་ཀྱི་རྒྱལ་སྲིད་ནང་ག་ར་ལས་མཐོ་ཤོས་འདི་ག་སྨོ་ཟེར་ཞུཝ་ད། 2 ཡེ་ཤུ་གིས་ཨ་ལོ་ཆུང་ཀུ་གཅིག་འབོ་ཞིནམ་ད་ ཁོང་ཆ་ཁྱབ་ཀྱི་སྦུག་ལུ་ལྷོངས་གནང་སྦེ། 3 ཡེ་ཤུ་གིས་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁྱེད་སེམས་འགྱུར་ཏེ་ཨ་ནི་ཨ་ལོ་ཆུང་ཀུ་བཟུམ་སྦེ་མ་འགྱུར་བ་ཅིན་ ཁྱེད་ནམ་ཡང་ཞིང་ཁམས་ཀྱི་རྒྱལ་སྲིད་ནང་འཛུལ་མི་ཚུགས། 4 དེ་འབདཝ་ལས་ག་ར་འབད་རུང་ ཨ་ནི་ཨ་ལོ་ཆུང་ཀུ་ཚུ་བཟུམ་སྦེ་ མཉམ་ཆུང་ཏོག་ཏོ་སྦེ་བཟོ་མི་དེ་ ཞིང་ཁམས་ཀྱི་རྒྱལ་སྲིད་ནང་ག་ར་ལས་སྦོམ་ཤོས་ཨིན། 5 དེ་ལས་ག་ར་འབད་རུང་ངེ་གི་མིང་ནང་ ཨ་ནི་བཟུམ་གྱི་ཨ་ལོ་གཅིག་ལུ་ལེན་པ་ཅིན་ ཁོ་གིས་ང་ལུ་ཡང་ལེནམ་ཨིན། 6 དེ་འབདཝ་ད་ ག་ར་འབད་རུང་ ང་ལུ་དད་པ་བསྐྱེད་མི་ ཨ་ནི་ཨ་ལོ་ཆུང་ཀུ་ཚུ་གི་གྲལ་ཁ་ལས་ གཅིག་ལུ་སྡིག་པ་འབད་བཅུག་པ་ཅིན་ ཨ་ནི་མི་དེ་གི་ཨོལ་ལྐོག་གུ་ རང་འཐག་གི་རྡོ་སྦོམ་གཅིག་བཏགས་ཏེ་ རྒྱ་མཚོ་ནང་ཐིམ་གཏང་དཔ་དྲག 7 ཨ་ནི་འཇིག་རྟེན་པ་དེ་ལུ་ག་དེམ་ཅིག་ལཱ་ཁག་བརྐྱབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ མི་འདི་གི་རྒྱུད་ལས་སྦེ་ མི་ཚུ་ལུ་དད་པ་ཉམས་བཅུགཔ་ཨིན་ དད་པ་ལུ་བར་ཆད་འོང་རང་འོང་དགོཔ་ཨིན་ དེ་འབདཝ་ད་ མི་གཞན་ལུ་བར་ཆད་གཏང་མི་དེ་ལུ་ག་དེམ་ཅིག་ཆདཔ་ཕོག་ནི་སྨོ། 8 ག་དེམ་ཅིག་སྦེ་ཁྱོད་རང་གི་ལགཔ་ཡང་ན་རྐངམ་གིས་ ཁྱོད་ལུ་སྡིག་པ་འབད་བཅུག་པ་ཅིན་ དེ་ལུ་བཏོག་བཀོག་ད་ ལགཔ་གཉིས་དང་རྐངམ་གཉིས་ཆ་རང་ཡོད་དེ་ ཤི་ནི་མེད་པའི་དམྱལ་བའི་མེ་ནང་འགྱོ་བ་འདི་ རྐངམ་དང་ལགཔ་མེད་པར་ཞབོ་སྦེ་ཞིང་ཁམས་ལུ་འགྱོཝ་དྲག 9 ཁྱོད་ཀྱི་མིག་ཏོ་གཅིག་གིས་ ཁྱོད་ལུ་སྡིག་པ་འབད་བཅུག་པ་ཅིན་ མིག་ཏོ་དེ་བཏོན་བཀོག་ད་ ཁྱོད་ཀྱི་མིག་ཏོ་གཉིས་སྦེ་དམྱལ་བའི་མེ་ནང་འགྱོ་བ་འདི་ མིག་ཏོ་ཡ་གཅིག་སྦེ་ཞིང་ཁམས་ལུ་འགྱོཝ་དྲག 10 དེ་འབདཝ་ལས་ ཁྱེད་ཀྱིས་ཨ་ནི་ཆུང་ཀུ་ཚུ་གི་གྲལ་ཁ་ལས་གཅིག་ལུ་ཡང་སྨད་པ་མ་རྐྱབ་ ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ཁྱེད་ལུ་སླབ་དོ་ ཁོང་ལུ་བདག་འཛིན་འཐབ་མིའི་ཕོ་ཉ་ཚུ་ཨ་རྟག་རང་ ཡར་ཞིང་ཁམས་ན་ངེ་གི་ཡབ་ཀྱི་སྐུ་མདུན་ལུ་ ཨ་ལོ་ཚུ་གི་སྐོར་ལས་གསུང་གྲོས་གནངམ་ཨིན་ཟེར་གསུངས་ནུག 11 12 དེ་ལས་འཕྲོ་མཐུད་དེ་རང་ཡེ་ཤུ་གིས་ ཁྱེད་ཀྱིས་མནོ་བསམ་ག་དེ་སྦེ་གཏངམ་སྨོ་ དཔེར་ན་མི་གཅིག་ལུ་ ལུག་གཅིག་བརྒྱ་ཡོད་དེ་ དེ་གི་གྲལ་ཁ་ལས་ལུག་གཅིག་འབྱང་ད་པ་ཅིན་ ཁོ་གིས་ག་ཅི་འབད་འོང་ ཁོ་གིས་ལུག་དགུ་བཅུ་གོ་དགུཔ་དེ་རི་ཁ་བཞག་སྦེ་ བྱང་ད་མིའི་ལུག་གཅིགཔ་དེ་འཚོལ་བ་མི་འགྱོ་ག། 13 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁོ་གིས་མ་བྱང་མི་ལུག་དགུཔ་བཅུ་གོ་དགུཔ་དེ་ལས་ཡང་ འབྱང་སྟེ་ལོག་ཐོབ་མི་ལུག་དེ་ལུ་ སེམས་དགའ་སྟེ་དགའ་ཚོར་འགྱུརཝ་ཨིན། 14 དཔེ་གཏམ་དེ་བཟུམ་སྦེ་རང་ ཁྱེད་ཀྱི་ཞིང་ཁམས་ཀྱི་ཡབ་ལུ་ ཨ་ནི་ཆུང་ཀུ་ཚུ་ལས་གཅིག་ཡང་ བྱང་སྟོར་ཞུགས་ནི་གི་ཐུགས་དགོངས་མེད་ཟེར་ཡེ་ཤུ་གིས་གསུངས་ནུག། 15 དེ་ལས་འཕྲོ་མཐུད་དེ་རང་ཡེ་ཤུ་གིས་ ད་ག་དེམ་ཅིག་སྦེ་ཁྱོད་ཀྱི་དདཔ་ཅན་སྤུན་ཆ་གིས་ ཁྱོད་ལུ་འཛོལ་བ་འབད་བ་ཅིན་ གཞན་གྱི་མ་ཤེསཔ་སྦེ་ཁོ་སྡོད་སར་སོང་སྟེ་ ཁོ་གི་སྐྱོན་བཏོན་ཏེ་བསླབ་བྱ་བྱིན་ ཁོ་གིས་ཁྱོད་ཀྱི་བསླབ་བྱ་ཉན་པ་ཅིན་ ཁྱོད་ཀྱིས་སྤུན་ཆ་དེ་ལམ་འཛོལ་བ་ནང་ལས་ལོག་ཐོབ་ཨིན། 16 ག་དེམ་ཅིག་སྦེ་ཁོ་གིས་ཁྱོད་ཀྱི་བསླབ་བྱ་མ་ཉན་པ་ཅིན་ ད་རུང་མི་གཅིག་ ཡང་ན་གཉིས་དེ་ཅིག་ ཁྱོད་དང་གཅིག་ཁར་འཁྱིད་སོང་ དེ་གིས་འབད་གསུང་རབ་ནང་བྲིས་དོཝ་བཟུམ་སྦེ་ མི་གཉིས་ཡང་ན་གསུམ་འཛོམ་དཔང་འབད་དེ་ སླབ་མི་ལོ་རྒྱུས་འདི་བདེན་པ་སྦེ་བརྩི་འོང་། 17 དེ་སྦེ་འབད་དེ་ཡང་ ཁོ་གིས་སྣང་མེད་བརྩིས་ཏེ་ཉན་མ་བཏུབ་པ་ཅིན་ དེ་ལས་ཆོས་ཚོགས་ལུ་ཞུ་ ཆོས་ཚོགས་ཀྱིས་ཡང་སླབ་སྟེ་ཉན་མ་བཏུབ་པ་ཅིན་ མི་དེ་ལུ་སྙིང་རྗེ་མེད་པའི་ ཁྲལ་བསྡུ་མི་ ཡང་ན་དཀོན་མཆོག་དང་གཞན་འབྲེལ་མེད་མིའི་མི་སྦེ་རྩི་དགོ། 18 ད་རུང་ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁྱེད་ཀྱིས་འཛམ་བུ་གླིང་ནང་ག་ཅི་རང་བསྡམ་རུང་ ཞིང་ཁམས་ལུ་ཡང་བསྡམ་ནི་ཨིན་ ཁྱེད་ཀྱིས་འཛམ་བུ་གླིང་ནང་ག་ཅི་རང་འཁྱོལ་རུང་ དེ་ཡར་ཞིང་ཁམས་ལུ་ཡང་འཁྱོལ་ནི་ཨིན། 19 ང་གིས་ཁྱེད་ལུ་སླབ་ཨིན་ འཛམ་བུ་གླིང་ནང་དཀོན་མཆོག་ལས་ག་ཅི་ཞུ་ནི་ཨིན་ན་ ཁྱེད་ཀྱི་གྲལ་ཁ་ལས་གཉིས་ཁ་འཆམ་པ་ཅིན་ ཞིང་ཁམས་ལུ་བཞུགས་ཡོད་མིའི་ ངེ་གི་ཡབ་ཀྱིས་གནང་ནི་ཨིན། 20 དེ་ལས་ག་ཏེ་རང་འབད་རུང་ མི་གཉིས་དང་གསུམ་ངེ་གི་མིང་ནང་འཛོམ་པ་ཅིན་ ང་ཁོང་གི་སྦུག་ལུ་འོངས་ཏེ་སྡོད་ནི་ཨིན་ཟེར་གསུངས་ནུག། 21 དེ་ལས་ པེ་ཏྲོ་ ཡེ་ཤུ་བཞུགས་སར་བཅར་ཏེ་ གཙོ་བོ་ལགས་ངེ་གི་སྤུན་ཆ་གིས་ ང་ལུ་ལཱ་ཟོགཔོ་འབད་བ་ཅིན་ ང་གིས་ཁོ་ལུ་ཚར་ག་དེམ་ཅིག་བཀའ་དྲིན་བསྐྱང་ནི་སྨོ་ ཚར་བདུན་གྱིས་བཏུབ་ག་ཟེར་ཞུཝ་ད། 22 དེའི་ལན་ཡེ་ཤུ་གིས་ ང་གིས་ཁྱོད་ལུ་ཚར་བདུན་བཀའ་དྲིན་བསྐྱང་ཟེར་སླབ་མེན་ དེ་འབདཝ་ད་ བདུན་བཅུ་སྦེ་མི་ཚར་བདུན་ཚུན་ཚོད་ བཀའ་དྲིན་བསྐྱང་དགོ་ཟེར་གསུངས་ནུག 23 དེ་འབདཝ་ལས་བརྟེན་ཏེ་ ད་རུང་ཨ་ནི་དཔེ་གཏམ་འདི་གསུངས་ནུག་ ཞིང་ཁམས་ཀྱི་རྒྱལ་སྲིད་འདི་ རྒྱལཔོ་གིས་ཁོ་རང་གི་གཡོགཔོ་ཚུ་ལས་བུ་ལོན་ལོག་ལེན་དོཝ་བཟུམ་སྦེ་ཨིན། 24 བུ་ལོན་སྤྲོད་ནི་ཡོད་མི་ཚུ་ རྒྱལཔོ་གི་སྐུ་མདུན་ལུ་འཁྱིད་འོངས་ཏེ་ ཁོ་གིས་བུ་ལོན་རྩིས་རྐྱབ་ད་ འདི་ཚུ་གི་གྲལ་ཁ་ལས་ ཏཱ་ལེན་ཟེར་མི་དུང་ཕྱུར་བཅུ་ཐམ་ལས་ལྷགཔ་སྦེ་སྤྲོད་དགོཔ་ཨིན་མས། 25 མི་དེ་གིས་བུ་ལོན་སྤྲོད་མ་ཚུགསཔ་ལས་བརྟེན་ཏེ་ རྒྱལཔོ་གིས་ཁོ་རང་དང་ཁོ་རའི་ཨམ་སྲུ་ཨ་ལོ་ དེ་ལས་ཁོ་ནང་ག་ཡོདཔ་ཚུ་ག་ར་བཙོང་སྟེ་ བུ་ལོན་སྤྲོད་དགོཔ་སྦེ་བཀའ་གནང་ནུག 26 དེ་འབདཝ་ད་ མི་དེ་གིས་ རྒྱལཔོ་གི་སྐུ་མདུན་ལུ་པུས་མོ་ས་ཁར་བཙུགས་ཏེ་ མངའ་བདག་རྒྱལཔོ་ལགས་ ང་ལུ་ཐུགས་ཀྱིས་བཟོད་པ་བཞེས་གནང་ ང་གིས་བུ་ལོན་ག་ར་ལོག་སྟེ་ཕུལ་འོང་ལགས་ཟེར་ཞུ་ནུག 27 དེ་ལས་རྒྱལཔོ་གིས་བུ་ལོན་འབག་མིའི་ཕྱག་སྒརཔ་དེ་ལུ་ སྐྱིད་སྡུག་གཟིགས་ཏེ་ ཁོ་གི་བུ་ལོན་ག་ར་དགོངས་ཡངས་གནང་སྟེ་ལོག་བཏང་ནུག 28 དེ་འབདཝ་ད་ ཕྱག་སྒརཔ་འདི་ དེ་ནང་ལས་ཐོན་སོངམ་ད་ ཁོ་རང་གི་ཆ་རོགས་ཕྱག་སྒརཔ་གཅིག་གིས་ ཁོ་ལུ་ཏི་རུ་ དེ་ན་རི་ གཅིག་བརྒྱ་སྤྲོད་ནི་ཡོད་མི་དེ་དང་འཕྱད་དེ་ ཁོ་གིས་ཆ་རོགས་དེ་གི་ཨོལ་ལྐོག་གུ་བཤེད་དེ་ ངེ་གི་ཏི་རུ་ལོག་འབག་ཤོག་ཟེར་སླབ་སྟེ་བང་བཙོངས་ནུག 29 ཆ་རོགས་དེ་གིས་ཁོ་གི་གདོང་ཁར་ལུ་ པུས་མོ་ས་ཁར་བཙུགས་ཏེ་ དེ་སྦེ་འབད་མ་ད་ ང་ལུ་དུས་ཚོད་ཨ་ཙི་གནང་ ང་གིས་མགྱོགས་པར་སྤྲོད་འོང་ཟེར་གསོལཝ་བཏབ་ནུག 30 དེ་འབདཝ་ད་ ཁོ་གིས་དུས་ཚོད་ཨ་ཙི་གཅིག་ཡང་བྱིན་མ་བཏུབ་པར་ མི་དེ་བཟུང་སྟེ་ བུ་ལོན་ག་ར་མ་སྤྲོད་ཚུན་ཚོད་ བཙོན་ཁང་ནང་བཙུགས་ཏེ་བཞག་ནུག 31 ཁོ་གིས་དེ་སྦེ་འབད་ས་ ཕྱག་སྒརཔ་གཞན་ཚུ་གིས་མཐོངམ་ད་ ཁོང་གནམ་མེད་ས་མེད་སེམས་ཕམ་ནུག་ དེ་ལས་ཁོང་གིས་འདི་གི་སྐོར་ལས་ག་ར་རྒྱལཔོ་ལུ་ཞུ་ནུག 32 དེ་ལས་རྒྱལཔོ་གིས་ཕྱག་སྒརཔ་དེ་ལུ་འབོ་ཞིནམ་ད་ ཨ་ཁའི་ མི་ངན་པ་ཁྱོད་ ཁྱོད་ཀྱིས་ང་ལུ་གསོལཝ་བཏབ་ད་ ང་གིས་ཁྱོད་ཀྱི་བུ་ལོན་ག་ར་དགོངས་ཡངས་བཏང་བྱིན་ཡི། 33 དེ་འབདཝ་ད་ ང་གིས་ཁྱོད་ལུ་སྙིང་རྗེ་བསྐྱེད་དོཝ་བཟུམ་སྦེ་ ཁྱོད་ཀྱིས་ག་ཅི་འབད་ཁྱོད་རང་གི་ཆ་རོགས་ལུ་སྙིང་རྗེ་མ་སྐྱེདཔ་སྨོ་ཟེར་གསུངས་ནུག 34 དེ་ལས་རྒྱལཔོ་དགོངསམ་ཁྲེལ་ཏེ་ བུ་ལོན་ག་ར་ཚངམ་སྦེ་མ་འབྱོར་ཚུན་ཚོད་ ཕྱག་སྒརཔ་དེ་བཙོན་སྲུང་པ་གི་ལག་པར་སྤྲོད་དེ་དྲངས་བཅུག་སྟེ་ བཙོན་ཁང་ནང་བཙུགས་བཞག་ནུག 35 དཔེ་གཏམ་དེ་བཟུམ་སྦེ་ ཁྱེད་ཀྱིས་རང་གི་སྤུན་ཆ་གི་འཛོལ་བ་ སེམས་ཀྱི་གཏིང་ལས་རང་བཀའ་དྲིན་མ་བསྐྱང་པ་ཅིན་ ཞིང་ཁམས་ལུ་བཞུགས་མིའི་ ངེ་གི་ཡབ་ཀྱིས་ཡང་ ཁྱེད་ལུ་དེ་བཟུམ་སྦེ་མཛད་འོང་ཟེར་གསུངས་ནུག།
1 ཡེ་ཤུ་གིས་ལོ་རྒྱུས་དེ་ཚུ་གསུངས་ཚརཝ་ད་ ལུང་ཕྱོགས་ ག་ལི་ལི་ལས་ཐོན་ཏེ་གཙང་ཆུ་ ཡཱོར་དཱན་གྱི་ཕ་ཁར་ ཡུ་དེ་ཡ་གི་ཤར་ཕྱོགས་ལུ་འབྱོནམ་ད། 2 མི་དམངས་ཁོ་གི་རྟིང་བདའ་འོངས་ཏེ་ ཁོང་གི་གྲལ་ཁ་ལས་ནདཔ་ཚུ་ལུ་ཁོ་གིས་དྲགཔ་མཛད་གནང་ནུག 3 ཕ་རུ་ཤི་པ་ལ་ལུ་ཅིག་ཁོ་བཞུགས་སར་བཅར་ཏེ་ ཡེ་ཤུ་གི་ཐུགས་ཚོད་བལྟ་ནི་སྦེ་ ཕོ་རྒྱ་གིས་རང་གི་ཨམ་སྲུ་ལུ་ དོན་དག་ག་ཅི་ལས་འབད་རུང་ ཁ་འབྱལ་ཐག་ཆོག་ག་ཟེར་དྲི་བ་ཞུཝ་ད། 4 དེའི་ལན་ལུ་ཡེ་ཤུ་གིས་ དཀོན་མཆོག་གིས་འགོ་དང་པ་ལས་རང་ མི་ཕོ་དང་མོ་གཉིས་ལུ་མཛད་ནུག་ འདི་གིས་འབད་ཕོ་རྒྱ་གིས་ཡང་ རང་གི་ཨ་པ་དང་ཨའི་བཀོག་བཞག་སྦེ་ ཨམ་སྲུ་དང་གཅིག་ཁར་བསྡོམས་ཏེ་ ཁོང་གཉིས་ལུས་གཅིག་ལུ་འགྱུརཝ་ཨིན་ཟེར་ གསུང་རབ་ནང་གསུངས་ཡོད་མི་དེ་ ཁྱེད་ཀྱིས་ལྷག་སྟེ་མ་བལྟ་ག། 6 ད་ཁོང་གཉིས་མེན་པར་གཅིག་ལུ་འགྱུར་ཚརཝ་ཨིན་ དེ་འབདཝ་ལས་དཀོན་མཆོག་གིས་ གཅིག་ཁར་བསྡོམ་གནང་མི་དེ་ མི་གིས་རང་ས་ཁ་འབྱལ་ཐག་མི་ཆོག་ཟེར་གསུངས་ནུག 7 ཁོང་གིས་ཡེ་ཤུ་ལུ་ དེ་སྦེ་འབད་བ་ཅིན་ མོ་སཱེས་ཀྱིས་ ཕོ་རྒྱ་ཚུ་གིས་རང་གི་ཨམ་སྲུ་ལུ་ ཡིག་ཐི་བྲིས་སྤྲོད་སྦེ་ཁ་འབྱལ་ཐག་ཆོག་ཟེར་ ག་ཅི་འབད་བཀའ་ཁྲིམས་བྲིས་བྲིསཝ་སྨོ་ཟེར་ཞུཝ་ད། 8 དེའི་ལན་ལུ་ཡེ་ཤུ་གིས་ ཁྱེད་ཀྱི་སེམས་སྲ་ཀྲག་འབད་ནི་དེ་གིས་ མོ་སཱེས་ཀྱིས་ཨམ་སྲུ་དང་ཁ་འབྱལ་ཐག་ཆོག་པའི་ཁྲིམས་འདི་ བྲིས་བྲིསཝ་ཨིན་ དེ་འབདཝ་ད་ འགོ་དང་པ་དེ་སྦེ་མེན། 9 ང་གིས་ཁྱེད་ལུ་སླབ་དོ་ ག་ར་འབད་རུང་ཨམ་སྲུ་གིས་རང་གི་ཕོ་རྒྱ་དང་གཅིག་ཁར་ ལེགས་ཤོམ་སྦེ་མ་སྡོད་པར་ མི་གཞན་དང་གཅིག་ཁར་ལུས་འབྲེལ་འབད་དེ་ ཁ་འབྱལཝ་མ་གཏོགས་ དོན་དག་གཞན་ལས་འབད་ རང་གི་ཨམ་སྲུ་དང་ཁ་འབྱལ་ཏེ་ ཨམ་སྲུ་གཞན་དང་གཉེན་རྐྱབ་པ་ཅིན་ མི་འདི་ལུ་གཉེན་ལས་འགལ་བའི་ལུས་འབྲེལ་འབད་བའི་ཉེས་པ་ཕོག་ཟེར་གསུངས་ནུག 10 སློབ་མ་ཚུ་གིས་ཡེ་ཤུ་ལུ་ ཕོ་རྒྱ་དང་ཨམ་སྲུ་གི་བར་ན་དེ་སྦེ་འབྱུང་ནི་ཨིན་པ་ཅིན་ གཉེན་རང་མ་རྐྱབ་པར་སྡོད་པ་ཅིན་དྲག་ནི་མས་ཟེར་ཞུཝ་ད། 11 དེའི་ལན་ལུ་ཡེ་ཤུ་གིས་ དཀོན་མཆོག་གིས་ཆ་རོགས་འབད་གནང་མི་ཚུ་ལུ་མ་གཏོགས་ མི་ག་ར་གིས་ཨ་ནི་བསླབ་བྱ་འདི་ལུ་ཆ་བཞག་མི་ཚུགས། 12 དེ་མ་ཚད་དཔེ་གཞན་གཅིག་ལུ་བལྟ་བ་ཅིན་ཕོ་རྒྱ་ལ་ལུ་ཅིག་ ཨའི་གིས་སྐྱེས་བའི་བསྒང་ལས་ ཕོ་མེད་མོ་མེད་སྦེ་སྐྱེཝ་ཨིན་ ལ་ལུ་ཅིག་ མི་གིས་ཤ་བཅད་དེ་ ཕོ་མཚན་མེདཔ་སྦེ་བཟོ་བཟོཝ་ཨིན་ ལ་ལུ་ཅིག་ཞིང་ཁམས་ཀྱི་རྒྱལ་སྲིད་ཀྱི་དོན་ལུ་ ཕོ་མཚན་མེདཔ་བཟུམ་སྦེ་བཟོ་སྟེ་ གཉེན་མ་རྐྱབ་པར་སྡོདཔ་ཨིན་ ད་ག་ར་འབད་རུང་ ཨ་ནི་བསླབ་བྱ་ལུ་ངོས་ལེན་འབད་ཚུགས་པ་ཅིན་ འབད་བཅུག་ཟེར་གསུངས་ནུག། 13 དེ་གི་ཤུལ་ལས་ཨ་ལོ་ཆུང་ཀུ་ཚུ་གི་གུ་ ཡེ་ཤུ་གིས་ཕྱག་བཀལ་གནང་སྟེ་ སྨོན་ལམ་བཏབ་བཅུག་ནི་གི་དོན་ལུ་ ཁོ་གི་སྐུ་མདུན་ལུ་འབག་འོངམ་ད་ སློབ་མ་ཚུ་གིས་ཚོགས་བརྡ་བརྐྱབས་ནུག 14 དེ་འབདཝ་ད་ཡེ་ཤུ་གིས་ ཨ་ལོ་ཆུང་ཀུ་ཚུ་ལུ་མ་བཀག་པར་ ང་སྡོད་སར་འོང་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ ཨ་ནི་བཟུམ་ཚུ་གི་དོན་ལུ་ཨིན་ཟེར་གསུངས་ཏེ། 15 ཁོ་གིས་ཨ་ལོ་ཚུ་གི་གུ་ཕྱག་བཀལ་ཏེ་ བྱིན་རླབས་གནང་སྦེ་ ཁོ་དེ་ནང་ལས་བྱོན་ནུག། 16 ཉིནམ་གཅིག་གི་ཚེ་ མི་གཅིག་ཡེ་ཤུ་གི་སྐུ་མདུན་ལུ་བཅར་སྦེ་ སློབ་དཔོན་ལགས་ ང་གིས་ཚེ་མཐའ་མེདཔ་ཐོབ་པའི་དོན་ལུ་ ལཱ་ལེགས་ཤོམ་ག་ཅི་རང་འབད་དགོ་ག་ཟེར་ཞུཝ་ད། 17 དེའི་ལན་ལུ་ཡེ་ཤུ་གིས་ཁྱོད་ཀྱིས་ང་ལུ་ ག་ཅི་འབད་ལེགས་ཤོམ་གྱི་སྐོར་ལས་དྲིཝ་སྨོ་ ལེགས་ཤོམ་དེ་དཀོན་མཆོག་མ་གཏོགས་གཞན་མེད་ ཁྱོད་ཚེ་མཐའ་མེདཔ་དེ་ཐོབ་དགོ་པ་ཅིན་ བཀའ་ཁྲིམས་དེ་ཚུ་སྲུངས་ཟེར་གསུངས་ནུག 18 ད་རུང་མི་དེ་གིས་ བཀའ་ཁྲིམས་ག་འདི་བསྲུང་ནི་ཨིན་ན་ཟེར་ཞུཝ་ད་ ཡེ་ཤུ་གིས་ མི་མ་བསད་ ཨརཝ་མ་བརྐུ་ གཉེན་ལས་འགལ་བའི་ལུས་འབྲེལ་མ་འབད་ ཤོབ་བརྐྱབས་ཏེ་འཛོམ་དཔང་མ་འབད། 19 རང་གི་ཕ་མ་ལུ་ཞབས་ཏོག་ཞུ་སྟེ་ཞེ་ས་འབད་ དེ་ལས་ཁྱོད་ཀྱི་ཁྱིམ་ཚང་ལུ་ རང་དང་འདྲཝ་སྦེ་བྱམས་པ་འབད་ཟེར་གསུངས་ནུག 20 མི་གཞོནམ་དེ་གིས་ཡེ་ཤུ་ལུ་ དེ་ཚུ་ག་ར་ང་གིས་བསྲུངས་ཏེ་རང་ཡོད་ ད་རུང་ང་ལུ་ག་ཅི་མ་ཚངམ་ཡོདཔ་སྨོ་ཟེར་ཞུཝ་ད། 21 དེའི་ལན་ལུ་ཡེ་ཤུ་གིས་ ཁྱོད་ལུ་ག་ར་ཕུན་སུམ་ཚོགསཔ་སྦེ་དགོ་པ་ཅིན་ འགྱོ་ཞིནམ་ད་ ཁྱོད་ནང་ཡོད་མི་རྒྱུ་ནོར་ཚུ་ག་ར་བཙོང་སྟེ་ ཏི་རུ་འདི་མི་སྤྱང་ཀ་ཚུ་ལུ་བྱིན་ དེ་གིས་འབད་ ཁྱོད་ཀྱིས་རྒྱུ་ནོར་ཞིང་ཁམས་ལུ་ཐོབ་ནི་ཨིན་ དེ་ལས་ཁྱོད་རང་ངེ་གི་སློབ་མ་སྦེ་ཤོག་ཟེར་གསུངས་ནུག 22 དེ་འབདཝ་ད་ མི་གཞོནམ་གིས་འདི་གོཝ་ད་ སེམས་སྐྱོ་སྟེ་ལོག་སོང་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ལུ་རྒྱུ་ནོར་ལེ་ཤ་ཡོདཔ་ཨིན་མས། 23 དེ་ལས་ཡེ་ཤུ་གིས་ཁོ་རང་གི་སློབ་མ་ཚུ་ལུ་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ མི་ཕྱུགཔ་དེ་ཚུ་ཞིང་ཁམས་ཀྱི་རྒྱལ་སྲིད་ནང་འཛུལ་ནི་ལུ་ གནམ་མེད་ས་མེད་ལཱ་ཁག་ཨིན། 24 ད་རུང་ང་གིས་ཁྱེད་ལུ་སླབ་དོ་ མི་ཕྱུགཔ་ཞིང་ཁམས་ཀྱི་རྒྱལ་སྲིད་ནང་འཛུལ་ནི་ལས་ རྔ་མོང་གཅིག་ ཁབ་ཀྱི་ལུང་ནང་འཛུལ་ནི་དེ་འཇམ་ཏོང་ཏོ་འོང་ཟེར་གསུངས་ནུག 25 སློབ་མ་ཚུ་གིས་དེ་གོཝ་ད་ གནམ་མེད་ས་མེད་ཧ་ལས་ཏེ་ དེ་སྦེ་འབད་བ་ཅིན་ ཐར་པ་ཐོབ་ཚུགས་མི་ག་ཡོདཔ་སྨོ་ཟེར་ཞུ་ནུག 26 ཡེ་ཤུ་གིས་ཁོང་ལུ་ཐད་ཀར་དུ་གཟིགས་ཏེ་ མི་གིས་འབད་མི་ཚུགས་ དེ་འབདཝ་ད་ དཀོན་མཆོག་གིས་མཛད་མ་ཚུགསཔ་ ག་ནི་ཡང་མེད་ཟེར་གསུངསམ་ད། 27 དེའི་ལན་ལུ་ པེ་ཏྲོ་གིས་ ང་བཅས་ཀྱིས་ག་ར་སྤངས་སྦེ་ ནཱ་གི་སློབ་མ་སྦེ་འོང་ཡི་ ད་ང་བཅས་ཀྱིས་ག་ཅི་ཐོབ་ག་ཟེར་དྲི་བ་ཞུཝ་ད། 28 ཡེ་ཤུ་གིས་ཁོང་ལུ་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ འཛམ་བུ་གླིང་གསརཔ་སྦེ་མཛད་པའི་དུས་ལུ་ མིའི་བུ་ཞིང་ཁམས་ཀྱི་རྒྱལ་སྲིད་ནང་ གཟི་བརྗིད་ཀྱི་ཁྲི་ཁར་བཞུགསཔ་ད་ ཁྱེད་ངེ་གི་སློབ་མ་སྦེ་འོང་མི་ཚུ་གིས་ ཁྲི་བཅུ་གཉིས་གུ་སྡོད་དེ་ ཨཱིས་ར་ཨཱེལ་གྱི་མི་རིགས་བཅུ་གཉིས་ལུ་ཁྲིམས་ཕྱེ་ནི་ཨིན། 29 དེ་ལས་ག་ར་འབད་རུང་ ངེ་གི་དོན་ལུ་ རང་གི་ཁྱིམ་ ཕོ་རྒནམ་དང་ནུ་གཅུང་ ཨ་ཞེམོ་དང་སྲིངམོ་ ཕམ་དང་རང་གི་ཨ་ལོ་ཚུ་ དེ་ལས་ས་གཞི་འདི་ཚུ་ སྤང་མི་གིས་ བརྒྱ་ལས་བརྒྱ་ཆ་སྦེ་ལོག་སྟེ་ཐོབ་མ་ཚད་ ཚེ་མཐའ་མེདཔ་ཡང་ཐོབ། 30 དེ་འབདཝ་ད་ ད་ལྟོ་ཧེ་མ་ལས་ཐོན་འགྱོ་མི་ལེ་ཤ་ཅིག་རང་ ཤུལ་ལས་ལུས་ནི་ཨིན་ དེ་ལས་ད་ལྟོ་ཤུལ་ལས་ལུས་ཏེ་ཡོད་མི་ལེ་ཤ་ཅིག་རང་ ཧེ་མ་འཐོན་འགྱོ་འོང་ཟེར་གསུངས་ནུག།
1 ད་རུང་ཡེ་ཤུ་གིས་ དཔེར་ན་ཞིང་ཁམས་ཀྱི་རྒྱལ་སྲིད་འདི་ ཞིང་གི་སྦྱིན་བདག་གཅིག་གིས་དྲོ་པ་ཧ་སག་སྟེ་ ཁོ་རང་གི་རྒུན་འབྲུམ་ལྡུམ་ར་ནང་ལཱ་འབད་མིའི་ལས་མི་འཚོལ་བ་འགྱོ་མི་དང་འདྲ། 2 སྦྱིན་བདག་དེ་གིས་ལས་མི་ཚུ་ལུ་གླ་ཆ་ དེ་ན་རི་ཟེར་མི་ཏི་རུ་རེ་རེ་སྤྲོད་ནི་ཨིན་ཟེར་ཁ་ཚིག་བརྗེ་སྟེ་ ཁོང་ལུ་ཁོ་གི་ལྡུམ་ར་ནང་ལཱ་འབད་བ་བཏང་ནུག 3 དེ་ལས་སྦྱིན་བདག་འདི་ཉིན་མ་ཆུ་ཚོད་དགུ་དེ་གཅིག་ཁར་ཁྲོམ་ཁར་སོངམ་ད་ མི་གཞན་ཚུ་ལཱ་ག་ནི་ཡང་མེད་པར་ཁྲོམ་ཁར་ལོངས་སྡོད་ས་མཐོང་སྟེ། 4 ཁོ་གིས་ཁོང་ལུ་ཁྱེད་ཡང་ངེ་གི་ལྡུམ་ར་ནང་ལཱ་འབད་བ་སོང་ ཁྱེད་ལུ་ཐོབ་དགོཔ་འོས་འབབ་ཡོད་པའི་གླ་ཆ་ང་གིས་སྤྲོད་འོང་ཟེར་སླབ་ནུག 5 དེ་ལས་ཁོང་ལྡུམ་ར་ནང་ལཱ་འབད་བ་སོང་ནུག་ ད་རུང་སྦྱིན་བདག་འདི་ཆུ་ཚོད་བཅུ་གཉིས་དེ་གཅིག་ཁར་དང་ ཆུ་ཚོད་གསུམ་དེ་གཅིག་ཁར་ཕྱི་ཁར་ཐོན་སོང་སྟེ་ ཧེ་མ་བཟུམ་སྦེ་རང་འབད་ནུག 6 ད་རུང་རང་ཕྱི་རུ་ཆུ་ཚོད་ལྔ་དེ་གཅིག་ཁར་ ཁོ་ཕྱི་ཁར་སོངམ་ད་ ཁྲོམ་ཁར་ལུ་མི་ལ་ལུ་ཅིག་ལོང་སྡོད་ས་མཐོང་སྟེ་ ཁོ་གིས་ཁོང་ལུ་ ཁྱེད་ཉིནམ་གཅིག་རང་ ལཱ་ག་ནི་ཡང་མ་འབད་བར་ ག་ཅི་འབད་ནཱ་ལོང་སྡོདཔ་སྨོ་ཟེར་དྲིསཝ་ད། 7 ཁོང་གིས་ ང་བཅས་ལུ་ལས་མི་སྦེ་འབོ་མི་ ག་ཡང་མིན་འདུག་ཟེར་སླབ་ད་ ཁོ་གིས་དེ་འབད་བ་ཅིན་ཁྱེད་ཡང་ ངེ་གི་ལྡུམ་ར་ནང་ལཱ་འབད་བ་སོང་ཟེར་བཏང་ནུག 8 ནམ་སྲོཔ་ད་སྦྱིན་བདག་གིས་ལཱ་བལྟ་མི་ལུ་ ལས་མི་ཚུ་འབོ་སྟེ་ ཤུལ་ལས་འོང་མིའི་ལས་མི་ལས་འགོ་བཙུགས་ཏེ་ ཧེ་མ་འོང་མི་ཚུན་ཚོད་ལུ་གླ་ཆ་བྱིན་ཟེར་སླབ་ད། 9 ཕྱི་རུ་ཁམས་ཆུ་ཚོད་ལྔ་ལུ་འོང་མིའི་ལས་མི་ཚུ་ཡང་ གླ་ཆ་ཏི་རུ་ དེ་ན་རི་རེ་རེ་ཐོབ་ནུག 10 དྲོ་པ་ལས་འོང་མི་ལས་མི་ཚུ་གིས་སེམས་ཁར་ལུ་ ང་བཅས་ཀྱི་གླ་ཆ་ཐེབས་སྦེ་ཐོབ་འོང་ཟེར་རེ་བ་བསྐྱེད་ནུག་ དེ་འབདཝ་ད་ ཁོང་ག་ར་གིས་གླ་ཆ་ཏི་རུ་ དེ་ན་རི་རེ་རེ་ཐོབ་ནུག 11 ཁོང་གིས་གླ་ཆ་ཏི་རུ་ དེ་ན་རི་རེ་རེ་ལས་བརྒལ་མ་ཐོབ་ནི་དེ་གིས་ སྦྱིན་བདག་ལུ་ཁ་སྡུག་འབར་ཏེ། 12 ཤུལ་ལས་འོང་མིའི་ལས་མི་ཚུ་གིས་ ཆུ་ཚོད་གཅིག་རྐྱངམ་གཅིག་ལཱ་འབད་ཡི་ ང་བཅས་དྲོ་པ་ལས་འོངས་ཏེ་ལཱ་ཁག་རྐྱབ་ ཉིམ་གྱིས་འཚིག་སྟེ་ལཱ་འབད་རུང་ ཁོང་དང་ང་བཅས་ལུ་ ཁྱོད་ཀྱིས་གླ་ཆ་འདི་འདྲན་འདྲ་སྦེ་སྤྲོདཔ་ཨིན་མས་ཟེར་སླབ་ནུག 13 དེ་འབདཝ་ད་ ཁོ་གིས་ལས་མི་གཅིག་ལུ་ དབའེ་ ཆ་རོགས་ང་གིས་ཁྱེད་ལུ་མ་ཕྲངམ་འབདཝ་མེན་ ཁྱེད་ཀྱིས་རང་གླ་ཆ་ཏི་རུ་ དེ་ན་རི་རེ་རེ་གི་དོན་ལུ་ ལཱ་འབད་ནི་སྦེ་ཁ་ཚིག་བཅད་བཅདཔ་ཨིན་མེན་ན། 14 ཁྱེད་རང་གིས་ག་ཐོབ་མི་དེ་འབག་སྟེ་སོང་ ཤུལ་ལས་འོང་མི་ཚུ་ལུ་ཡང་ ཁྱེད་ལུ་སྤྲོད་དོཝ་བཟུམ་ཅིག་རང་ང་གིས་སྤྲོད་ནི་ཨིན། 15 ང་གིས་ང་རའི་ཏི་རུ་དེ་ ག་དེ་སྦེ་འབད་ནི་ཨིན་ན་ འདི་རང་གི་འབད་ཐག་མི་ཆོད་ག་ ཡང་ན་ང་གིས་མི་ལུ་ལེགས་ཤོམ་འབདཝ་ད་ དེ་གིས་ཁྱེད་མིག་ཏོ་ཚརཝ་མས་ག། 16 དེ་བཟུམ་སྦེ་རང་ ག་ཤུལ་ལས་ཡོད་མི་དེ་ ཧེ་མ་འཐོན་འགྱོ་འོང་ ག་ཧེ་མ་ཐོན་མི་དེ་ ཤུལ་ལས་ལུས་ནི་ཨིན་ཟེར་ཡེ་ཤུ་གིས་གསུངས་ནུག། 17 དེ་ལས་ཡེ་ཤུ་ ཡེ་རུ་ཤ་ལེམ་ལུ་འབྱོནམ་ད་ ཁོ་རང་གི་སློབ་མ་བཅུ་གཉིས་སོ་སོ་སྦེ་ལམ་གྱི་ཟུར་ཁར་འབོ་སྟེ་ ཁོང་ལུ་དེ་སྦེ་གསུངས་ནུག 18 ད་ང་བཅས་ཡར་ ཡེ་རུ་ཤ་ལེམ་ལུ་འགྱོ་དོ་ ཡར་ལྷོདཔ་ད་ མིའི་བུ་དེ་བླ་ཆེན་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གི་ལག་པར་སྤྲོད་འོང་ དེ་ལས་ཁོང་གིས་ཉེས་ཁྲིམས་སྲོག་ཐོག་ལུ་བཏང་ནི་སྦེ་ཐག་ཆོད་འོང་། 19 དེ་ལས་ཕྱིའི་མི་རིགས་ཚུ་གི་ལག་པར་སྤྲོད་དེ་ ཁོང་གིས་ཁོ་ལུ་མེས་མེད་བསྐྱུར་ རྟས་ལྕག་གིས་དྲང་ཞིནམ་ད་ ཁྲམ་ཤིང་གུ་བརྐྱངས་ཏེ་བསད་འོང་ དེ་སྦེ་འབད་བའི་ཉིནམ་གསུམ་པ་ལུ་ ལོག་སྟེ་གསོན་པོ་སྦེ་ལྷོང་གནང་འོང་ཟེར་གསུངས་ནུག། 20 དེའི་སྐབས་ལུ་ ཟེ་བེ་དི་གི་ཨམ་སྲུ་དེ་ མོ་རང་གི་བུ་གཉིས་འཁྱིད་འོངས་ཏེ་ ཡེ་ཤུ་གི་སྐུ་མདུན་ལུ་པུས་མོ་ས་ཁར་བཙུགས་སྦེ་ཞུ་བ་ཕུལ་ནུག 21 ཡེ་ཤུ་གིས་མོ་ལུ་ ཁྱོད་ག་ཅི་དགོ་ནི་གི་འདོད་པ་ཡོདཔ་སྨོ་ཟེར་གསུངསམ་ད་ མོ་གིས་ནཱ་གི་རྒྱལ་སྲིད་ནང་ངེ་གི་བུ་གཉིས་ གཅིག་ནཱ་གི་ཕྱག་གཡས་ལས་དང་ གཅིག་ནཱ་གི་ཕྱག་གཡོན་ལས་ སྡོད་ཆོག་སྦེ་བཀའ་དྲིན་བསྐྱང་གནང་ཟེར་ཞུཝ་ད། 22 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་ག་ཅི་སླབ་ཨིན་ན་ འདི་ཁྱེད་རང་གིས་མི་ཤེས་པས་ ང་གིས་འཐུང་ནི་འབད་མིའི་སྡུག་བསྔལ་གྱི་ཕོརཔ་དེ་ལས་ ཁྱེད་གཉིས་ཀྱིས་འཐུང་ཚུགས་ག་ཟེར་གསུངསམ་ད་ ཁོང་གཉིས་ཀྱིས་ འཐུང་ཚུགས་ལགས་ཟེར་ལན་ཞུ་ནུག 23 ཡེ་ཤུ་གིས་ཁོང་ལུ་ ང་གིས་འཐུང་ནི་འབད་མིའི་ཕོརཔ་དེ་ལས་ དོན་ལས་རང་ཁྱེད་ཀྱིས་འཐུང་ནི་ཨིན་ དེ་འབདཝ་ད་ ངེ་གི་གཡས་དང་གཡོན་ལས་བཞག་ནི་གི་དབང་ཚད་འདི་ང་ལུ་མེད་ ཨ་ནི་སྡོད་སའི་འདི་ཚུ་ ངེ་གི་ཡབ་ཀྱིས་ག་ག་ལུ་གྲ་སྒྲིག་བརྐྱབས་ཏེ་ བཙག་འཐུ་མཛདཔ་ཨིན་ན་ དེ་ཚུ་ལུ་བཞག་གནང་འོང་ཟེར་གསུངས་ནུག 24 སློབ་མ་བཅུ་ཐམ་གྱིས་ལོ་རྒྱུས་འདི་གོཝ་ད་ ཁོང་སྤུན་ཆ་གཉིས་ལུ་བལྟ་སྟེ་ཙིགཔ་ཟ་ནུག 25 ཡེ་ཤུ་གིས་སློབ་མ་ཚུ་ག་ར་གཅིག་ཁར་འབོ་སྟེ་ཁོང་ལུ་ ཕྱིའི་མི་རིགས་དབང་ཚད་ཡོད་མིའི་ མི་སྦོམ་ཚུ་གིས་ཁོང་ལུ་སྐྱོངམ་མ་ཚད་ འགོ་དཔོན་ཚུ་གིས་དབང་གི་འོག་ལུ་ མནེམ་བཞགཔ་ཨིནམ་ཁྱེད་ཀྱིས་ཤེས། 26 དེ་འབདཝ་ད་ ཁྱེད་ཆ་ཁྱབ་ཀྱི་སྦུག་ལུ་ ཕྱིའི་མི་རིགས་བཟུམ་སྦེ་འབད་ནི་མི་འོང་ ཁྱེད་ཀྱི་གྲལ་ཁ་ལས་ ག་ར་འབད་རུང་ མི་སྦོམ་སྦེ་རྩི་དགོ་པ་ཅིན་ དེ་གིས་ཁྱེད་ཀྱི་སྦུག་ལུ་གཡོག་རྒྱུག་དགོ། 27 ག་ར་འབད་རུང་ ག་ར་ལས་དྲགཔ་སྦེ་འཐོན་དགོ་མནོ་བ་ཅིན་ དེ་གིས་ཁྱེད་རང་གི་སྦུག་ལུ་གཡོགཔོ་འབད་དགོ། 28 དཔེར་ན་མིའི་བུ་དེ་ མི་ཚུ་གིས་ཁོ་ལུ་ཞབས་ཏོག་ཞུ་བཅུག་ནིའི་དོན་ལུ་འོངམ་མེན་ དེ་འབདཝ་ད་ མི་དེ་ཚུ་གི་ཞབས་ཏོག་ཞུ་བ་དང་ ལེ་ཤ་གི་སྲོག་ཚབ་ལུ་ རང་གི་སྲོག་རིན་སྦེ་བྱིན་པ་འོངམ་ཨིན་ཟེར་གསུངས་ནུག། 29 ཡེ་ཤུ་དང་ཁོ་གིས་སློབ་མ་ཚུ་ ཡེ་རི་ཀོ་ལས་འཐོན་འབྱོནམ་ད་ མི་དམངས་ཡང་ཁོང་གི་ཤུལ་ལས་འོངས་ཏེ། 30 དེའི་སྐབས་ལུ་ལམ་གྱི་ཟུར་ཁ་ལུ་སྡོད་མིའི་ མིག་ཏོ་ཞརཝ་གཉིས་ཀྱིས་ཡེ་ཤུ་ལམ་འདི་ལས་སྦེ་བྱོནམ་མས་ཟེར་གོཝ་ད་ ཁོང་གིས་སྐད་བརྐྱབས་ཏེ་ གཙོ་བོ་ ད་བིད་ཀྱི་བུ་བརྒྱུད་ ང་བཅས་ལུ་སྙིང་རྗེ་གཟིགས་གནང་ཟེར་ཞུ་ནུག 31 མི་དམངས་ཀྱིས་ཁོང་ལུ་སྐད་མ་རྐྱབས་ཟེར་ཚོགས་བརྡ་རྐྱབ་རུང་ ཁོང་གཉིས་ཀྱིས་ད་རུང་ འདི་ལས་ཡང་སྐད་ཤུགས་སྦེ་བརྐྱབས་ཏེ་ གཙོ་བོ་ ད་བིད་ཀྱི་བུ་བརྒྱུད་ང་བཅས་ལུ་ སྙིང་རྗེ་གཟིགས་གནང་ཟེར་སྐད་རྐྱབ་ད། 32 ཡེ་ཤུ་དེ་ཁར་བཞེངས་བཞུགས་ཏེ་ ཁོང་ལུ་ཚུར་འབོ་སྦེ་ ང་གིས་ཁྱེད་ཀྱི་དོན་ལུ་ག་ཅི་འབད་དགོཔ་སྨོ་ཟེར་གསུངསམ་ད། 33 ཁོང་གིས་ གཙོ་བོ་ལགས་ ང་བཅས་ལུ་མིག་ཏོ་མཐོང་ཚུགསཔ་སྦེ་ མཛད་གནང་ཟེར་ཞུ་ནུག 34 ཡེ་ཤུ་གིས་ཁོང་གཉིས་ལུ་གཟིགསཔ་ད་ ཐུགས་ལུ་སྙིང་རྗེ་བྱུང་སྟེ་ ཁོང་གི་མིག་ཏོ་གུ་ཕྱག་སྐྱེལཝ་ད་ དེ་འཕྲོ་ལས་ཁོང་མཐོང་ཚུགསཔ་སོང་སྟེ་ ཁོང་ཡེ་ཤུ་གི་སློབ་མ་སྦེ་སོང་ནུག།
1 དེ་ལས་ཁོང་ ཡེ་རུ་ཤ་ལེམ་གྱི་སྦོ་ལོགས་ཁར་ ཨ་རུ་ར་ཤིང་གི་སྒང་གུ་ ཡོད་མིའི་གཡུས་ཚན་ བཱེད་ཕ་གེ་ནང་ཕེབསཔ་ད་ ཡེ་ཤུ་གིས་སློབ་མ་གཉིས་ལུ་ དེ་སྦེ་གསུངས་ཏེ་གཏང་ནུག 2 ཁྱེད་གཉིས་ཀྱི་གདོང་ཁར་མཐོང་མིའི་གཡུས་ཚན་ནང་སོང་ ཕར་ལྷོདཔ་ཅིག་ ཁྱེད་ཀྱིས་བོང་ཀུ་མོ་གཅིག་ མོ་རའི་ཕྱུག་ཀུ་དང་གཅིག་ཁར་བཏག་བཞག་བཞགཔ་མཐོང་འོང་ ཁྱེད་ཀྱིས་བོང་ཀུ་མ་སྨད་གཉིས་ཀྱི་ཐགཔ་འཁྱོལ་ཞིནམ་ད་ ནཱ་ང་སྡོད་སར་འཁྱིད་ཤོག 3 ག་དེམ་ཅིག་སྦེ་ མི་གཞན་གྱིས་སླབ་མི་རེ་འཐོན་པ་ཅིན་ འདི་གཙོ་བོ་ལུ་ཁག་ཆེ་བས་ དེ་འཕྲོ་ལས་ ཁོ་གིས་ལོག་གཏང་འོང་ཟེར་སླབ་ཟེར་གསུངས་ནུག 4 དེ་ཚུ་ག་ར་ལུང་སྟོན་པ་གིས་གསུངས་བཞགཔ་བཟུམ་སྦེ་རང་ ངོ་མ་སྦེ་འགྲུབ་ནི་གི་དོན་ལུ་ཨིན། 5 ཟི་ཨཱོན་ ཁྲོམ་གྱི་མི་ཚུ་ལུ་དེ་སྦེ་སླབ་ བལྟ་ཤིག་ ཁྱེད་ཀྱི་རྒྱལཔོ་བྱོན་དོ་ ཁོ་མཉམ་ཆུང་སྦེ་ཕེབས་དོ་ བོང་ཀུ་ཕྱུག་ཀུ་ གཅིག་གུ་ཆིབས་ཏེ་ ཁྱེད་སྡོད་སར་བྱོན་དོ་ཟེར་ གསུངས་མི་དེ་འགྲུབ་པའི་དོན་ལུ། 6 སློབ་མ་ཚུ་གིས་ཕར་སོང་སྦེ་ ཡེ་ཤུ་གིས་གསུངསམ་བཟུམ་སྦེ་རང་འབད་ནུག 7 ཁོང་སློབ་མ་ཚུ་གིས་ བོང་ཀུ་ཕྱུག་ཀུ་དང་ཨའི་གཉིས་འཁྱིད་འོངས་ཏེ་ ཁོང་རང་གི་བགོ་ལ་ སྒ་ཁེབས་བརྐྱབས་ཏེ་ ཕྱུག་ཀུ་གུ་ཡེ་ཤུ་ཆིབས་ནུག 8 མི་ཚོགས་སྦོམ་གྱིས་ལམ་བདའ་སྟེ་ ཁོང་རང་གི་བགོ་ལ་འཐིང་ ལ་ལུ་གིས་ ཤིང་གི་ཞལ་ལག་བཏོགས་ཏེ་ལམ་ཁར་འཐིང་ཕུལ་ནུག 9 དེ་ལས་ཡེ་ཤུ་གི་སྐུ་མདུན་ལས་འགྱོ་མི་དང་ སྐུ་རྒྱབ་ལས་འོང་མིའི་མི་དམངས་ཀྱིས། རྒྱལཔོ་ ད་བིད་ཀྱི་བུ་བརྒྱུད་ལུ་ ཧོ་སཱན་ན་ གཙོ་བོའི་མཚན་ནང་བྱོན་མི་དེ་ བྱིན་རླབས་ཅན་ཨིན་ ག་ར་ལས་མཐོ་བའི་དཀོན་མཆོག་ལུ་ ཧོ་སཱན་ན་ཟེར་ སྐད་བརྐྱབས་ནུག 10 ཡེ་ཤུ་ ཡེ་རུ་ཤ་ལེམ་ལུ་ཕེབས་ད་ ཁྲོམ་གྱི་མི་ག་ར་འུར་སྒྲ་ལངས་ཏེ་ གཅིག་གིས་གཅིག་ལུ་ཁོ་ག་སྨོ་ཟེར་དྲིསཝ་ད། 11 ཁོང་གི་ལན་ལུ་མི་དམངས་ཀྱིས་ ཨ་ནི་འདི་ལུང་ཕྱོགས་ ག་ལི་ལི་ ཁྲོམ་ ན་ཟ་རཱེད་ལས་བྱོན་མིའི་ ལུང་སྟོན་པ་ཡེ་ཤུ་ཨིན་མས་ཟེར་སླབ་ནུག། 12 ཡེ་ཤུ་མཆོད་ཁང་ནང་བྱོན་ཏེ་ དེའི་ནང་ལུ་ཚོང་བཙོང་མི་དང་ཉོ་མི་དེ་ཚུ་ ག་ར་ཕྱི་ཁར་བཏོན་ཏེ་བདའ་གཏང་ དེ་ལས་དངུལ་བརྗེ་སོར་གྱི་ཚོང་རྐྱབ་མིའི་ཅོག་སྒྲོམ་དང་ བྱ་ཐི་ལི་རྒྱལམོ་གི་ཚོང་རྐྱབ་མི་ཚུ་གི་རྐང་ཁྲི་དེ་ཚུ་ ག་ར་ཕར་ལྷོགས་བཀོག་ནུག 13 ཡེ་ཤུ་གིས་ཁོང་ལུ་ གསུང་རབ་ནང་དཀོན་མཆོག་གིས། ངེའི་ཁྱིམ་འདི་སྨོན་ལམ་བཏབ་སའི་ཁྱིམ་ཨིན་ཟེར་ བྲིས་ཏེ་ཡོད་ དེ་འབདཝ་ད་ ཁྱེད་ཀྱིས་ཨརཝ་གི་ཚང་བཟུམ་སྦེ་ བཟོ་བཞགཔ་ཨིན་མས་ཟེར་གསུངས་ནུག 14 དེ་ལས་མཆོད་ཁང་ནང་ཡེ་ཤུ་བཞུགས་ས་ལུ་ མིག་ཏོ་ཞརཝ་དང་རྐངམ་ཞབོ་ཚུ་འོངས་ཏེ་ ཁོ་གིས་ཁོང་ལུ་དྲགཔ་མཛད་གནང་ནུག 15 དེ་འབདཝ་ད་ ཁོ་གིས་མཛད་མིའི་ཡ་མཚན་ཆེ་བའི་ཕྱག་ལཱ་ཚུ་དང་ ཨ་ལོ་ཚུ་གིས་ ད་བིད་ཀྱི་བུ་བརྒྱུད་ལུ་ ཧོ་སཱན་ན་ཟེར་མཆོད་ཁང་ནང་བསྟོད་པ་ཕུལ་ས་ བླ་ཆེན་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་མཐོངམ་ད་ ཁོང་གནམ་མེད་ས་མེད་ཙིགཔ་ཟ་སྟེ། 16 ཁོང་གིས་ཡེ་ཤུ་ལུ་ ཨ་ནི་ཨ་ལོ་ཚུ་གིས་ག་ཅི་སླབ་ཨིན་ན་ ནཱ་གིས་མ་གསན་ག་ཟེར་ཞུཝ་ད་ ཡེ་ཤུ་གིས་ང་གིས་གོ་ཡི། ནཱ་གིས་ཨ་ལོ་ཚུ་དང་ཨོམ་འཐུང་མི་ཆུང་ཀུ་ཚུ་ལུ་ བསྟོད་པ་ཕུལ་ནི་སྟོན་གནང་ཡི་ཟེར་ གསུང་རབ་ནང་བྲིས་བཞག་མི་དེ་ ཁྱེད་ཀྱིས་ལྷབ་མ་བལྟ་ག་ཟེར་གསུངས་ནུག 17 དེ་ལས་ཁོ་གིས་ཁོང་ལུ་བཞག་སྦེ་ཁྲོམ་གྱི་ཕྱི་ཁར་ གཡུས་ཚན་ བེ་ཐ་ནི་ཡ་ཟེར་མི་ནང་བྱོན་ཏེ་ དེ་ཚེ་ཕྱི་རུ་ཁོ་དེ་ཁར་བཞུགས་ནུག། 18 དེ་ལས་ཡེ་ཤུ་དྲོ་པ་ ཡེ་རུ་ཤ་ལེམ་ལུ་ལོག་འབྱོནམ་ད་ ལམ་ཁར་ཁོ་གསོལཝ་སྨྱུང་སྦེ། 19 ལམ་གྱི་ཟུར་ཁར་ལུ་ཅོང་སེ་ཤིང་གཅིག་གཟིགས་ཏེ་ དེའི་སྦོ་ལོགས་ཁར་བྱོན་ནུག་ དེ་འབདཝ་ད་ ཤིང་དེ་གུ་ འདབ་མ་མ་གཏོགས་ དོག་མ་གཅིག་ཡང་མེདཔ་གཟིགས་ཏེ་ ཡེ་ཤུ་གིས་ཤིང་དེ་ལུ་ ད་ལས་ཕར་ དུས་ནམ་ཡང་དོག་མ་བཏག་མ་བཅུག་ཟེར་གསུངསམ་ད་ ཤིང་འདི་དེ་འཕྲོ་ལས་སྐམ་སོང་ནུག 20 སློབ་མ་ཚུ་གིས་འདི་མཐོངམ་ད་ཧ་ལས་ཏེ་ ཁོང་གིས་ཤིང་འདི་ ག་དེ་སྦེ་མགྱོགས་པར་སྐམ་སོངམ་སྨོ་ཟེར་ཞུཝ་ད། 21 དེའི་ལན་ལུ་ཡེ་ཤུ་གིས་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁྱེད་ཀྱིས་ཐེ་ཚོམ་ག་ནི་ཡང་མེད་པར་ དད་པ་བསྐྱེད་དེ་འབད་བ་ཅིན་ ང་གིས་ཨ་ནི་ཅོང་སེ་ཤིང་འདི་ལུ་འབད་དོཝ་བཟུམ་སྦེ་ ཁྱེད་ཀྱིས་ཡང་འབད་ཚུགསཔ་མ་ཚད་ ཁྱེད་ཀྱིས་ཨ་ནི་སྒང་འདི་ལུ་ མར་རྒྱ་མཚོ་ནང་མཆོངས་ཟེར་སླབ་རུང་ དེ་བཟུམ་སྦེ་རང་འབྱུང་འོང་། 22 དད་པ་བསྐྱེད་དེ་ སྨོན་ལམ་ནང་ག་ཅི་རང་ཞུ་རུང་ ཁྱེད་ཀྱིས་ཐོབ་ཟེར་གསུངས་ནུག། 23 ཡེ་ཤུ་ལོག་སྟེ་མཆོད་ཁང་ནང་བྱོན་ཏེ་ ཆོས་སྟོན་བཞུགསཔ་ད་ བླ་ཆེན་དང་མི་དམངས་ཀྱི་འགོ་དཔོན་ཚུ་འོངས་ཏེ་ ཁོང་གིས་ཡེ་ཤུ་ལུ་ ག་ཅི་གི་དབང་ཚད་ཀྱིས་ ཨ་ནི་དེ་ཚུ་འབདཝ་སྨོ་ ཁྱོད་ལུ་དབང་ཚད་འདི་ ག་གིས་བྱིན་བྱིནམ་སྨོ་ཟེར་ཞུཝ་ད། 24 དེའི་ལན་ལུ་ཡེ་ཤུ་གིས་ ང་གིས་ཡང་ཁྱེད་ལུ་དྲི་བ་གཅིག་དྲི་ནི་ཨིན་ ཁྱེད་ཀྱིས་ང་ལུ་དེའི་ལན་སླབ་པ་ཅིན་ ང་གིས་ཡང་ག་གིས་དབང་ཚད་ནང་ཨ་ནི་དེ་ཚུ་འབདཝ་ཨིན་ན་ དེའི་ལན་སླབ་ནི་ཨིན་ཟེར་གསུངས་ཞིནམ་ད། 25 ཡོ་ཧ་ནཱན་གྱིས་ཁྲུས་གསོལ་བྱིན་ནི་གི་དབང་ཚད་དེ་ ག་ལས་འོངམ་ཨིན་ན་ ཞིང་ཁམས་ལས་ཨིན་ན་ མི་ལས་ཨིན་ན་ཟེར་གསུངསམ་ད་ ཁོང་རང་གི་སྦུག་ལུ་བསྟུན་གྲོས་བརྐྱབས་ཏེ་ ང་བཅས་ཀྱིས་འདི་ ཞིང་ཁམས་ལས་ཨིན་ཟེར་སླབ་པ་ཅིན་ ཁོ་གིས་ག་ཅི་འབད་ཁྱེད་ཀྱིས་ ཡོ་ཧ་ནཱན་ལུ་ཆ་མ་བཞགཔ་སྨོ་ཟེར་གསུང་འོང་། 26 དེ་འབདཝ་ད་ ང་བཅས་ཀྱིས་ མི་ལས་ཨིན་ཟེར་བ་ཅིན་ ང་བཅས་མི་དམངས་ལུ་བལྟ་སྟེ་འདྲོག་པས་ ག་ཅི་སྨོ་ཟེར་བ་ཅིན་ མི་ཚུ་གིས་ ཡོ་ཧ་ནཱན་ལུ་ ལུང་སྟོན་པ་ངོ་མ་གཅིག་སྦེ་ ཆ་བཞགཔ་ཨིན་མས་ཟེར་སླབ་ནུག 27 དེ་འབདཝ་ལས་བརྟེན་ཏེ་ ཁོང་གིས་ལན་ འདི་ག་ལས་ཨིན་ན་ ང་བཅས་ཀྱིས་མི་ཤེས་པས་ཟེར་ཞུ་ནུག་ དེ་ལས་ཡེ་ཤུ་གིས་ཡང་ཁོང་ལུ་ དེ་སྦེ་ཨིན་པ་ཅིན་ ང་ཡང་ག་གིས་དབང་ཚད་ནང་ལཱ་འདི་འབདཝ་ཨིན་ན་ མི་སླབ་གསུངས་ནུག། 28 མི་གཅིག་ལུ་བུ་གཉིས་ཡོདཔ་ཨིན་མས་ ཨ་ནི་བུ་གཉིས་ཀྱི་སྐོར་ལས་ཁྱེད་ཀྱིས་ག་དེ་སྦེ་མནོ་བསམ་གཏངམ་སྨོ་ མི་དེ་གིས་བུ་གཅིག་ལུ་ བུ་ད་རེས་ཁྱོད་ཀྱིས་རྒུན་འབྲུམ་གྱི་ལྡུམ་ར་ནང་ལཱ་འབད་བ་སོང་ཟེར་སླབ་ད། 29 བུ་དེ་གིས་ང་མི་འགྱོ་ཟེར་སླབ་ནུག་ དེ་འབདཝ་ད་ ཁོ་ཤུལ་ལས་མནོ་ལོག་བསྐྱེད་དེ་ལཱ་འབད་བ་སོང་ནུག 30 དེ་ལས་མི་དེ་གིས་བུ་གཞན་འདི་སྡོད་སར་སོང་སྟེ་ ཧེ་མ་སླབ་དོཝ་བཟུམ་སྦེ་རང་ བུ་དེ་ལུ་ཡང་སླབ་ནུག་ བུ་དེ་གིས་ ལགས་སོ་ལགས་ཟེར་སླབ་སྦེ་ཤུལ་ལས་མ་སོང་པས། 31 ཁྱེད་ཀྱིས་འབད་བ་ཅིན་ ཁོང་གཉིས་ལས་ག་གིས་ཨ་པ་གི་ཁ་ལུ་ཉན་ཡི་ག་ཟེར་གསུངསམ་ད་ ཁོང་གིས་དང་པ་སླབ་མི་བུ་དེ་གིས་ཉན་ཡི་ཟེར་ལན་སླབ་ནུག་ ཡེ་ཤུ་གིས་ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ མི་ངན་པ་ཁྲལ་བསྡུ་མི་དང་སྨད་ཚོང་མ་ཚུ་གིས་ ཁྱེད་ཀྱི་ཧེ་མ་ལས་དཀོན་མཆོག་གི་ཞིང་ཁམས་ནང་ལྷོད་ནི་ཨིན། 32 ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་གྱིས་ཁྱེད་སྡོད་སར་འོངས་ཏེ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་གི་ལམ་འདི་སྟོན་རུང་ ཁྱེད་ཀྱིས་ཁོ་ལུ་ཆ་མ་བཞག་ དེ་འབདཝ་ད་ མི་ངན་པ་ཁྲལ་བསྡུ་མི་དང་ ཨམ་སྲུ་སྨད་འཚོང་མ་ཚུ་གིས་ཆ་བཞག་ཅི་ གཞན་འདི་ལོ་ ཁྱེད་ཀྱིས་ཨ་ནི་དེ་ཚུ་མཐོང་རུང་ ཁྱེད་རང་གི་སྡིག་པ་ལས་སེམས་འགྱུར་ཏེ་ཁོ་ལུ་ཆ་མ་བཞག་པས།། 33 ད་རུང་ཨ་ནི་དཔེ་གཏམ་དེ་ལུ་ཉན་ཤིག་ སྦྱིན་བདག་གཅིག་གིས་ ལྡུམ་ར་བཟོ་སྦེ་ རྒུན་འབྲུམ་གྱི་ཤིང་བཙུགས་ཏེ་ ར་བ་རྐྱབ་སྦེ་ དེ་ལས་རྒུན་འབྲུམ་གྱི་ཁུ་བ་བཙིར་སའི་ས་དོང་བརྐོ་བཟོ་སྟེ་ ད་རུང་ཐོག་སྲུང་སའི་ཁྱིམ་གཅིག་ཡང་བཟོ་ནུག་ དེ་ལས་ཞིང་ལཱ་འབད་མི་ལ་ལུ་ཅིག་ལུ་ བགོ་བཤའ་སྦེ་སྤྲོད་དེ་ ཁོ་རང་ཕྱིའི་རྒྱལ་ཁབ་ལུ་སོང་ནུག 34 ལོ་ཐོག་བསྡུ་བའི་དུས་ཚོད་རནམ་ད་ སྦྱིན་བདག་གིས་ཁོ་རང་གི་གཡོགཔོ་ཚུ་ལུ་ ཁོ་གི་བགོ་བཤའ་ལེན་པ་གཏང་ནུག 35 དེ་འབདཝ་ད་ བགོ་བཤའ་འབད་མི་ཚུ་གིས་ ཁོ་གི་གཡོགཔོ་ཚུ་ལུ་བཟུང་སྟེ་ གཅིག་ལུ་དྲང་བརྡུང་ གཅིག་ལུ་བསད་ དེ་ལས་གཅིག་ལུ་རྡོ་གིས་བརྡུང་ནུག 36 དེ་ལས་སྦྱིན་བདག་གིས་ཧེ་མ་ལས་ཡང་མངམ་སྦེ་ གཡོགཔོ་གཞན་ཚུ་ཁོང་སྡོད་སར་བཏངམ་ད་ ཁོང་གིས་ཧེ་མ་གི་གཡོགཔོ་ཚུ་ལུ་འབད་དོཝ་བཟུམ་སྦེ་རང་འབད་དེ། 37 མཐའན་མཇུག་ལུ་སྦྱིན་བདག་གིས་ ཁོང་གིས་ ངེ་གི་བུ་ལུ་གུས་ཞབས་འབད་འོང་ཟེར་མནོ་སྟེ་ ཁོ་རང་གི་བུ་ལུ་ཁོང་སྡོད་སར་བཏང་ནུག 38 དེ་འབདཝ་ད་ བགོ་བཤའ་ཟ་མི་ཚུ་གིས་ སྦྱིན་བདག་གི་བུ་མཐོངམ་ད་ ཁོང་རང་གཅིག་གིས་གཅིག་ལུ་ ཁོ་ཤུལ་འཛིན་པ་དེ་ཨིན་མས་ ད་ཤོག་ ང་བཅས་ཁོ་བཟུང་སྟེ་བསད་གེ་ དེ་ལས་ཁོ་གི་ཕ་གཞི་དེ་ང་བཅས་རང་འཕྱོག་གེ་ཟེར་སླབ་སྟེ། 39 ཁོང་གིས་ཁོ་ལུ་བཟུང་སྟེ་ ལྡུམ་ར་གི་ཕྱི་ཁར་དྲུད་བཀལ་ཏེ་བསད་ནུག 40 ད་ཁྱེད་ཀྱིས་འབད་བ་ཅིན་ ལྡུམ་ར་གི་སྦྱིན་བདག་འོངམ་ད་ བགོ་བཤའ་ཟ་མི་ཚུ་ལུ་ ག་ཅི་འབད་འོང་ག་ཟེར་གསུངསམ་ད། 41 ཁོང་གོ་མི་ཚུ་གིས་ དེའི་ལན་ལུ་ སྦྱིན་བདག་འོངམ་ད་ མི་ངན་ཚུ་ལུ་བསད་འོང་ དེ་ལས་ལྡུམ་ར་འདི་ཞིང་ལཱ་འབད་མི་གཞན་ དུས་ཚོད་ལུ་ བགོ་བཤའ་ཀྲིག་ཀྲི་སྦེ་སྤྲོད་མི་དེ་ལུ་ སྤྲོད་འོང་ཟེར་སླབ་ནུག 42 ཡེ་ཤུ་གིས་ཁོང་ལུ། རྩིགཔ་བཟོ་བོ་གིས་ མ་དགོ་པར་བཞག་མི་རྡོ་འདི་ ཁག་ཆེ་ཏོག་ཏོ་གཅིག་ལུ་འགྱུར་ནུག་ འདི་ཚུ་ག་ར་ གཙོ་བོ་གིས་མཛད་མཛདཔ་ཨིན་ དེ་ང་བཅས་ཀྱི་མིག་ཏོ་ཁར་ ཡ་མཚན་ཆེ་ཏོག་ཏོ་ཨིན་ཟེར་ གསུང་རབ་ནང་བྲིས་བཞག་མི་དེ་ ཁྱེད་ཀྱིས་མ་ལྷབ་ག། 43 དེ་འབདཝ་ལས་ང་གིས་ཁྱེད་ལུ་སླབ་ཨིན་ དཀོན་མཆོག་གི་རྒྱལ་སྲིད་འདི་ཁྱེད་ལས་ལེན་ཏེ་ འབྲས་བུ་ལེགས་ཤོམ་སྦེ་བཏག་མིའི་མི་རིགས་གཞན་ལུ་སྤྲོད་འོང་། 44 ག་ར་འབད་རུང་ཨ་ནི་རྡོ་དེ་གུ་ བུད་མི་དེ་ཆག་དཀྲུམ་འགྱོ་འོང་ རྡོ་དེ་ག་གིས་གུ་བུད་རུང་ དེ་ཐལ་བ་ལུ་འགྱུར་འོང་ཟེར་གསུངས་ནུག 45 དེ་ལས་བླ་ཆེན་དང་ ཕ་རུ་ཤི་པ་ཚུ་གིས་ དཔེ་གཏམ་དེ་གོཝ་ད་ ཡེ་ཤུ་གིས་ཁོང་གི་སྐོར་ལས་སླབ་ཨིནམ་ཤེས་ཏེ། 46 ཁོང་གིས་ཡེ་ཤུ་བཟུང་ནི་འབདཝ་ད་ མི་དམངས་ལུ་བལྟ་སྟེ་འདྲོགས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ མི་ཚུ་གིས་ ཡེ་ཤུ་ལུ་ལུང་སྟོན་པ་གཅིག་སྦེ་ཆ་བཞག་དོཝ་ཨིན་མས།།
1 ཡེ་ཤུ་གིས་ད་རུང་ཁོང་ལུ་དཔེ་གཏམ་གྱི་ཐོག་ལས་ཨ་ནི་བཟུམ་སྦེ་གསུངས་ཏེ། 2 ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ རྒྱལཔོ་གཅིག་གིས་ ཁོ་རང་གི་བུ་གི་གཉེན་གྱི་ ཚོགས་སྟོན་གྱི་བཅའ་སྒྲིག་རྐྱབ་མི་དང་འདྲ། 3 རྒྱལཔོ་གིས་ཁོ་རང་གི་གཡོགཔོ་ཚུ་ལུ་ ཧེ་མ་བརྡ་སླབ་མིའི་མགྱོནམ་དེ་ཚུ་ལུ་འབོ་པ་བཏང་ནུག་ དེ་འབདཝ་ད་ ཁོང་གིས་འོང་མ་བཏུབ་པས། 4 ཁོ་གིས་ད་རུང་གཡོགཔོ་གཞན་ཚུ་ལུ་ ཁོང་ཧེ་མ་བརྡ་སླབ་མི་མགྱོནམ་ཚུ་ལུ་ གླང་དང་བོའུ་ཅུང་རྒྱགས་ཏོ་རིལ་རི་དེ་ཚུ་བསད་དེ་ ཚོགས་སྟོན་བཞེས་སྒོ་ག་ར་གྲ་སྒྲིག་བརྐྱབས་ཚར་ཡི་ གཉེན་གྱི་ཚོགས་སྟོན་ན་ཤོག་ཟེར་སླབ་སོང་ཟེར་གཏང་ནུག 5 དེ་འབདཝ་ད་ མགྱོནམ་ཆ་ཁྱབ་ཀྱིས་ རྣ་བ་ར་མ་ཉན་པར་ རང་རང་སོ་སོ་གི་ལཱ་གཡོག་ནང་ཡར་སོང་ནུག་ གཅིག་གིས་ ཁོ་རང་གི་ཞིང་ལཱ་འབད་བ་ཡར་སོང་ནུག་ གཅིག་གིས་ ཁོ་རང་གི་ཚོང་ལཱ་འབད་བ་ཡར་སོང་ནུག 6 ལ་ལུ་གིས་ བརྡ་སླབ་མི་གཡོགཔོ་ཚུ་ལུ་བཟུང་སྟེ་ ངོ་ཚ་སི་སི་བཟོ་སྦེ་ཁོང་ལུ་བསད་ནུག 7 དེ་གིས་རྒྱལཔོ་གནམ་མེད་ས་མེད་དགོངསམ་ཁྲེལ་ཏེ་ ཁོ་རང་གི་དམག་མི་དེ་ཚུ་བཏང་སྟེ་ དམར་བསད་འབད་མི་དེ་ཚུ་བསདཔ་མ་ཚད་ ཁོང་གི་ཁྲོམ་ཡང་མེ་སྤར་ཏེ་རྩ་མེད་བཏང་ནུག 8 དེ་གི་ཤུལ་ལས་ད་རུང་རྒྱལཔོ་གིས་གཡོགཔོ་ཚུ་ལུ་ གཉེན་གྱི་ཚོགས་སྟོན་དེ་གྲ་སྒྲིག་བརྐྱབས་ཚར་ཡི་ དེ་འབདཝ་ད་ ང་གིས་ཧེ་མ་འབོ་མིའི་མགྱོནམ་དེ་ཚུ་ ངེ་གི་གཉེན་གྱི་ཚོགས་སྟོན་ལུ་ འོང་ནི་གི་འོས་འབབ་མིན་འདུག 9 དེ་འབདཝ་ལས་ ཁྱེད་ཀྱིས་གཞུང་ལམ་ནང་སོང་ཞིནམ་ད་ མི་ག་མཐོང་རུང་ དེ་ཚུ་ལུ་གཉེན་གྱི་ཚོགས་སྟོན་ནང་འབོ་སྟེ་ འཁྱིད་ཤོག་ཟེར་བཀའ་གནང་ནུག 10 དེ་བཟུམ་སྦེ་རང་གཡོགཔོ་ཚུ་གིས་ལམ་ཁར་སོང་སྟེ་ ཁོང་གིས་མི་མཐོང་རེ་མཐོང་ཚད་ ལེགས་ཤོམ་དང་ཟོགཔོ་གཉིས་ཆ་རང་འབོ་འཁྱིད་འོངས་ཏེ་ ཁོང་གི་ཚོགས་སྟོན་གྱི་མགྲོན་ཁང་ལྟེམ་ལྟེ་སྦེ་གང་ནུག 11 དེ་ལས་རྒྱལཔོ་མགྲོན་ཁང་ནང་མགྱོནམ་ཚུ་ལུ་གཟིགས་པ་འབྱོནམ་ད་ གཉེན་གྱི་ཚོགས་སྟོན་གྱི་བཟང་བགོ་མ་གྱོན་མི་མགྱོནམ་གཅིག་ལུ་གཟིགས་ཏེ། 12 རྒྱལཔོ་གིས་མི་དེ་ལུ་ དབའེ་ ལྟོ་ཚང་ཁྱོད་ཀྱིས་གཉེན་གྱི་ཚོགས་སྟོན་ནང་ བཟང་བགོ་མ་གྱོན་པར་ག་དེ་སྦེ་འོངམ་སྨོ་ཟེར་གསུངསམ་ད་ མི་དེ་གིས་ལན་ག་ནི་ཡང་ཞུ་མ་ཚུགས་པས། 13 དེ་ལས་རྒྱལཔོ་གིས་ཁོ་གི་ཕྱག་ཞུ་མི་ཚུ་ལུ་ ཁོ་གི་ལགཔ་དང་རྐངམ་བཅིངས་ཏེ་ ཕྱི་ཁར་གནག་དུང་དུ་ནང་བཀོག་ དེ་ལས་ཁོ་ དེ་ཁར་ལུ་སྔུ་སྟེ་སོ་བརྡར་སྡོད་འོང་ཟེར་གསུངས་ནུག 14 མདོར་བསྡུས་ཏེ་སླབ་པ་ཅིན་ མི་ལེ་ཤ་ལུ་འབོ་རུང་ བཙག་འཐུ་མི་དེ་ ཨ་ཙི་གཅིག་རང་ཨིན་ཟེར་གསུངས་ནུག། 15 དེ་ལས་ ཕ་རུ་ཤི་པ་ཚུ་འདི་ནང་ལས་ཐོན་སྦེ་གཅིག་ཁར་འཛོམས་ཏེ་ ཡེ་ཤུ་གིས་གསུངས་མིའི་བློ་ནང་ལས་ག་དེ་སྦེ་སྐྱོན་བཏག་ཚུགས་ག་ཟེར་ ཁོང་རང་ནང་འཁོད་ལུ་བསྟུན་གྲོས་བརྐྱབས་ཏེ། 16 ཁོང་གིས་ཁོང་རང་གི་སློབ་མ་ཚུ་དང་ ཧེ་རཱོད་ཀྱི་མི་ཚུ་ ཡེ་ཤུ་བཞུགས་སར་བཏང་སྟེ་ ཁོང་གིས་ཡེ་ཤུ་ལུ་ སློབ་དཔོན་ལགས་ ནཱ་མི་ཕྲངམ་དང་ དཀོན་མཆོག་གི་ལམ་གྱི་སྐོར་ལས་ ཕྲང་སྟེ་ཆོས་སྟོན་གནངམ་ཨིནམ་ ང་བཅས་ཀྱིས་ཤེས་ ནཱ་གིས་མི་ཚུ་གིས་ག་ཅི་སླབ་འོང་ག་ཟེར་ཐུགས་ལུ་ཚ་གྱང་མི་ལང་ ག་ཅི་སྨོ་ཟེར་བ་ཅིན་ ནཱ་མིའི་ངོ་སོ་ལུ་མི་གཟིགས། 17 ད་ནཱ་གིས་འབད་བ་ཅིན་ རྒྱལཔོ་ ཀེ་སཱར་ལུ་ཁྲལ་སྤྲོད་དགོཔ་འདི་ ཀྲིག་ཀྲི་ཨིན་ན་མེན་ན་ ང་བཅས་ལུ་གསུངས་གནང་ཟེར་ཞུཝ་ད། 18 ཡེ་ཤུ་གིས་ཁོང་གིས་མནོ་བསམ་ངན་པ་བཏང་མི་འདི་མཁྱེན་ཏེ་ཁོང་ལུ་ ཨ་ཁའི་ ཁྱེད་ཁ་ཆོས་འབད་མི་ཚུ་ ང་ལུ་ག་ཅི་འབད་ཚོད་བལྟཝ་སྨོ། 19 ཁྲལ་སྦེ་སྤྲོད་མིའི་ཏི་རུ་དེ་ ང་ལུ་སྟོན་ཞིག་ཟེར་གསུངསམ་ད་ ཁོང་གིས་ ཏི་རུ་ དེ་ན་རི་གཅིག་ཁོ་ལུ་ཕུལཝ་ད། 20 དེ་གུ་ཡོད་མི་སྐུ་པར་དང་མཚན་འདི་ ག་གི་སྨོ་ཟེར་གསུངས་ནུག 21 ཁོང་གིས་དེ་ རྒྱལཔོ་ ཀེ་སཱར་གྱི་ཨིན་མས་ཟེར་ཞུཝ་ད་ ཡེ་ཤུ་གིས་རྒྱལཔོ་ ཀེ་སཱར་ལུ་ཕུལ་དགོ་མི་འདི་ རྒྱལཔོ་ལུ་རང་ཕུལ་ དེ་ལས་དཀོན་མཆོག་ལུ་ཕུལ་དགོ་མི་འདི་ དཀོན་མཆོག་ལུ་རང་ཕུལ་ཟེར་གསུངས་ནུག 22 ལོ་རྒྱུས་འདི་གོཝ་ད་ ཁོང་གནམ་མེད་ས་མེད་ཧ་ལས་ཏེ་ ཁོ་ལུ་བཞག་སྦེ་ཡར་སོང་ནུག། 23 ཉིནམ་དེ་ལུ་རང་ ས་དུ་ཀི་པ་ཟེར་མི་ཆོས་ལུགས་ཀྱི་ མཐའན་མཇུག་ལུ་ག་ར་ཤི་ས་ལས་གསོན་པོ་སྦེ་ལོང་ནི་མེད་ཟེར་སླབ་མི་ཚུ་གིས་ ཡེ་ཤུ་གི་སྐུ་མདུན་ལུ་བཅར་ཏེ་ཞུ་ནུག 24 ཁོང་གིས་ཡེ་ཤུ་ལུ་ སློབ་དཔོན་ལགས་ མོ་སཱེས་ཀྱི་བཀའ་ཁྲིམས་ནང་ལུ་མི་གཅིག་བུ་གཞི་མེད་པར་ཤི་སོང་པ་ཅིན་ ཁོ་གི་སྤུན་ཆ་གཅིག་གིས་ཨམ་སྲུ་དེ་ལུ་གཉེན་བརྐྱབས་ཏེ་ སྤུན་ཆ་ཤི་མི་དེ་གི་དོན་ལུ་བུ་གཞི་སྐྱེ་བཅུག་དགོ་ཟེརཝ་ཨིན་མས། 25 ག་དེམ་ཅིག་སྦེ་ང་བཅས་ཀྱི་སྦུག་ལུ་ སྤུན་ཆ་བདུན་ཡོད་ས་ལས་ ཕོ་རྒནམ་སྦོམ་ཤོས་དེ་གཉེན་བརྐྱབས་ཏེ་ ཨ་ལོ་མེད་པར་ཤི་བ་ཅིན་ ཁོ་གི་ཨམ་སྲུ་དེ་ལུ་ ནུ་གཅུང་གཉིས་པ་དེ་གིས་གཉེན་བརྐྱབ་འོང་། 26 ཕོ་རྒནམ་སྦོམ་ཤོས་འདི་བཟུམ་སྦེ་རང་ ནུ་གཅུང་གཉིས་པ་ཤི་སྟེ་ གསུམ་པ་འདི་བཟུམ་སྦེ་རང་ རིམ་པ་བཞིན་དུ་སྤུན་ཆ་བདུན་ག་ར་ བུ་གཞི་མེད་པར་ཤི་སོངམ་མ་ཚད། 27 མཐའན་མཇུག་ལུ་ཨམ་སྲུ་མོ་རང་ཡང་ཤི་སོང་པ་ཅིན། 28 ཨམ་སྲུ་དེ་ སྤུན་ཆ་བདུན་ག་ར་གི་ཨམ་སྲུ་འབད་ནི་དེ་གིས་ ཁོང་ག་ར་ མཐའན་མཇུག་ལུ་ཤི་ས་ལས་གསོན་པོ་སྦེ་ལོང་པའི་དུས་ལུ་ མོ་ག་གིས་ཨམ་སྲུ་འབད་ནི་སྨོ་ཟེར་དྲི་བ་ཞུ་ནུག 29 དེའི་ལན་ལུ་ཡེ་ཤུ་གིས་ ཁྱེད་ལུ་འཛོལ་བ་འདུག་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་གསུང་རབ་མ་ཤེསཔ་མ་ཚད་ དཀོན་མཆོག་གི་དབང་ཤུགས་དེ་ལུ་ཡང་མི་ཤེས་པས། 30 མཐའན་མཇུག་ལུ་ཤི་ས་ལས་གསོན་པོ་སྦེ་ལོང་པའི་དུས་ལུ་ གཉེན་བརྐྱབ་ནི་དང་མནའ་མ་གཏང་ལེན་འབད་ནི་མེད་ ཁོང་ཞིང་ཁམས་ཀྱི་ཕོ་ཉ་བཟུམ་སྦེ་འགྱུར་འོང་། 31 དེ་འབདཝ་ད་ ཤི་ས་ལས་གསོན་པོ་སྦེ་ལོང་པའི་དུས་ཀྱི་སྐོར་ལས་ དཀོན་མཆོག་གིས་གསུང་རབ་ནང་ ཁྱེད་ཀྱི་དོན་ལུ་གསུངས་བཞག་མི་དེ་ ཁྱེད་ཀྱིས་མ་ལྷག་ག། 32 ང་བཅས་ཀྱི་ཕ་བརྒྱུད་ཚུ་གྱོངས་ཚར་ཏེ་ གསུང་རབ་ནང་། ང་ ཨབ་ར་ཧམ་དང་ ཨི་སག་ དེ་ལས་ ཡ་ཀོབ་ཀྱི་དཀོན་མཆོག་ཨིན་ཟེར་ གསུངས་མི་དེ་ ཁོ་ཤི་སོང་མི་ཚུ་གི་དཀོན་མཆོག་མེན་པར་ གསོན་པོ་ཡོད་མི་ཚུ་གི་དཀོན་མཆོག་ཨིན་ཟེར་གསུངས་ནུག 33 མི་དམངས་ཀྱིས་དེ་གོཝ་ད་ ཁོ་གིས་སྟོན་མིའི་ཆོས་ལུ་བལྟ་སྟེ་ ཁོང་གནམ་མེད་ས་མེད་ཧ་ལས་ནུག། 34 ཡེ་ཤུ་གིས་ ས་དུ་ཀི་པ་དེ་ཚུ་ལུ་ལན་ག་ནི་ཡང་སླབ་མ་ཚུགས་བཟོ་དཔ་ ཕ་རུ་ཤི་པ་ཚུ་གིས་གོཝ་ད་ ཁོང་ཡེ་ཤུ་བཞུགས་ས་ལུ་འཛོམས་ཏེ། 35 ཁོང་གི་གྲལ་ཁ་ལས་ བཀའ་ཁྲིམས་ཀྱི་སློབ་དཔོན་གཅིག་གིས་ ཁོ་གི་ཐུགས་ཚོད་བལྟ་ནི་སྦེ་ཨ་ནི་དྲི་བ་དེ་ཞུ་ནུག 36 སློབ་དཔོན་ལགས་ བཀའ་ཁྲིམས་ག་ར་ནང་ལས་སྦོམ་ཤོས་དེ་ ག་འདི་ཨིན་ན་ཟེར་ཞུཝ་ད། 37 དེའི་ལན་ལུ་ཡེ་ཤུ་གིས། ཁྱོད་ཀྱིས་ རང་གི་གཙོ་བོ་དཀོན་མཆོག་ལུ་ དམ་ཚིག་བསྟེན་ཏེ་ སྙིང་ག་ར་དང་ སེམས་ག་ར་དང་ དྲན་པ་ག་ར་གིས་ བྱམས་པ་འབད་དགོ། 38 ཨ་ནི་བཀའ་ཁྲིམས་འདི་ ཁག་ཆེ་ཤོས་དང་སྦོམ་ཤོས་དེ་ཨིན། 39 བཀའ་ཁྲིམས་གཉིས་པ་འདི་ཡང་ འདི་བཟུམ་སྦེ་རང་ཁག་ཆེ་ཤོས་གཅིག་ཨིན། ཁྱིམ་ཚང་ལུ་རང་དང་འདྲཝ་འབད་བྱམས་པ་འབད་དགོ། 40 བཀའ་ཁྲིམས་དང་ལུང་སྟོན་པ་གི་དེབ་ནང་ སྟོན་བཞག་མི་ཆོས་ག་ར་ ཨ་ནི་བཀའ་ཁྲིམས་གཉིས་ལུ་བརྟེན་ཏེ་ཨིན་ཟེར་ ཡེ་ཤུ་གིས་གསུངས་ནུག། 41 ཕ་རུ་ཤི་པ་ཚུ་ག་ར་གཅིག་ཁར་འཛོམས་ཏེ་སྡོད་པའི་བསྒང་ ཡེ་ཤུ་གིས་ཁོང་ལུ་དྲི་བ་གསུངས་ཏེ། 42 ཁྱེད་ཀྱིས་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཀྱི་སྐོར་ལས་ ག་དེ་སྦེ་མནོ་བསམ་གཏངམ་སྨོ་ ཁྱེད་ཀྱིས་འབད་བ་ཅིན་ ཁོ་ག་གི་བུ་བརྒྱུད་ཨིན་སྨོ་ཟེར་གསུངསམ་ད་ ཁོང་གིས་རྒྱལཔོ་ ད་བིད་ཀྱི་བུ་བརྒྱུད་ཨིན་ཟེར་ཞུ་ནུག 43 ཡེ་ཤུ་གིས་ཁོང་ལུ་ ཁོ་ ད་བིད་ཀྱི་བུ་བརྒྱུད་ཨིན་པ་ཅིན་ ད་བིད་འདི་ཐུགས་ཉིད་ཀྱིས་ཁྱབ་སྟེ་ ཁོ་ལུ་ག་དེ་སྦེ་གཙོ་བོ་ཟེར་ཞུ་ཞུཝ་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ད་བིད་ཀྱིས་ཧེ་མ་གསུང་རབ་ནང་། 44 གཙོ་བོ་དཀོན་མཆོག་གིས་ངེ་གི་གཙོ་བོ་ལུ་ ང་གིས་ཁྱོད་ཀྱིས་དགྲ་བྱང་ཕྱད་ཚུ་ ཁྱོད་ཀྱི་དབང་ཚད་འོག་ལུ་ མ་བཙུགས་ཚུན་ཚོད་ ཁྱོད་ངེ་གི་གཡས་ཁ་ཐུག་སྡོད་ཟེར་གསུངས་ནུག 45 ད་བིད་ཀྱིས་ཁོ་ལུ་ གཙོ་བོ་ཟེར་ཞུ་བ་ཅིན་ ཁིརཱིས་འདི་ ག་དེ་སྦེ་ ད་བིད་ཀྱི་བུ་བརྒྱུད་ཨིན་ཟེར་སླབ་ཚུགས་ནི་སྨོ་ཟེར་གསུངསམ་ད། 46 མི་གཅིག་གིས་ཡང་ ཁོ་གིས་དྲི་བ་གི་ལན་སླབ་མ་ཚུགསཔ་མ་ཚད་ ཉིནམ་དེ་ལས་ཕར་ མི་གཅིག་གིས་ཡང་ ཁོ་ལུ་དྲི་བ་ཞུ་མ་ནུས་པས།།
1 དེ་ལས་ཡེ་ཤུ་གིས་མི་དམངས་དང་ ཁོ་རང་གི་སློབ་མ་ཚུ་ལུ་དེ་སྦེ་གསུངས་ནུག 2 བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་དང་ ཕ་རུ་ཤི་པ་ཚུ་གིས་ ལུང་སྟོན་པ་ མོ་སཱེས་ཀྱི་དབང་ཚད་ཡོདཔ་སྦེ་ཆོས་སྟོནམ་ཨིན། 3 དེ་འབདཝ་ལས་ཁོང་གིས་ག་སླབ་མི་དེ་ཚུ་ ཁྱེད་ཀྱིས་ཉན་ཏེ་འབད་ དེ་འབདཝ་ད་ ཁོང་གིས་ག་འབད་དོཝ་བཟུམ་སྦེ་ ཁྱེད་ཀྱིས་མ་འབད་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ མོ་སཱེས་ཀྱི་བཀའ་ཁྲིམས་སྟོན་རུང་ བཀའ་ཁྲིམས་སྟོན་དོཝ་བཟུམ་སྦེ་ཁོང་རང་གིས་མི་འབད་བས། 4 ཁོང་གིས་ག་གིས་ཡང་ བསྲུང་མ་ཚུགས་པའི་ཆོས་ཁྲིམས་དེ་ཚུ་བཟོ་སྟེ་ མི་དམངས་ཀྱི་གུ་ཁུར་ཆ་ལྗིད་ལྕི་དྲགས་སྦེ་བཀལཝ་ཨིན་ དེ་འབདཝ་ད་ ཁོང་རང་གིས་ ལག་པའི་མཛུབ་མོ་གཅིག་གིས་ཡང་ ཁུར་ཆ་གུ་འདོགས་ཏེ་ ཆ་རོགས་འབད་མི་བཏུབ་པས། 5 ཁོང་གིས་ག་ཅི་རང་འབད་རུང་ མི་གི་གདོང་ཁར་ལུ་བཏོན་ནིའི་དོན་ལུ་འབདཝ་ཨིན་ ཁོང་གིས་སྨོན་ལམ་གྱི་སྲུང་འཁོརཔ་བཟུམ་སྦོམ་བཟོ་སྟེ་བཏགསཔ་མ་ཚད་ རལཔ་ཡོད་མིའི་གྱོན་ཆས་ཚུ་ མར་རིངམ་སྦེ་བཏང་སྟེ་གྱོན་བཏོནམ་ཨིན། 6 ཁོང་ཆ་ཁྱབ་ཚོགས་སྟོན་ཚུ་ནང་ གྱལ་མགོ་ལུ་སྡོད་ནི་དང་ སི་ན་གོག་ནང་ན་ཡང་ ག་ར་ལས་མཐོ་བའི་ཁྲི་གུ་སྡོད་ནི་དགའ། 7 དེ་ལས་ཁྲོམ་ཁར་ལུ་ མི་ཚུ་གིས་ཁོང་ལུ་སྐུ་གཟུགས་བཟང་པོ་ལགས་ཟེར་ཞུ་ནི་དང་ ཁོང་ལུ་ རབ་བི་ཟེར་ཞུ་སྟེ་ཞེ་ས་འབད་བ་ཅིན་ ཁོང་དགའ། 8 དེ་འབདཝ་ད་ མི་ཚུ་གིས་ཁྱེད་ལུ་ རབ་བི་ཟེར་ཞུ་བཅུག་ནི་མི་འོང་ ག་ཅི་སྨོ་ཟེར་བ་ཅིན་ཁྱེད་ལུ་ སློབ་དཔོན་གཅིག་མ་གཏོགས་གཞན་མེད་ དེ་ལས་ཁྱེད་སྤུན་ཆ་ཚུ་ག་ར་འདྲན་འདྲ་ཨིན། 9 དེ་ལས་ནཱ་འཛམ་བུ་གླིང་ནང་ ག་ལུ་ཡང་ཡབ་ཟེར་མ་ཞུ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ལུ་ཡབ་གཅིག་རང་ཨིན་ ཁོ་ཡར་ཞིང་ཁམས་ལུ་བཞུགས་མི་འདི་ཨིན། 10 ཡང་ན་ཁྱེད་ལུ་ནཱ་འཛམ་བུ་གླིང་ནང་ ག་གི་ཡང་སློབ་དཔོན་ཟེར་ཞུ་མ་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ལུ་སློབ་དཔོན་གཅིག་རང་ཨིན་ འདི་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན། 11 ཁྱེད་ཀྱི་གྲལ་ཁ་ལས་ག་སྦོམ་མི་དེ་གིས་ མི་གཞན་གྱི་ཞབས་ཏོག་ཞུ་དགོ། 12 ག་ཅི་སྨོ་ཟེར་བ་ཅིན་ ག་ར་འབད་རུང་ རང་གིས་རང་མཐོཝ་བཟོ་སྡོད་པ་ཅིན་ དེ་དམའ་སར་ཕབ་གཏང་འོང་ དེ་ལས་ག་ར་འབད་རུང་ རང་གིས་རང་ལུ་ཉམ་ཆུང་བཟོ་སྡོད་པ་ཅིན་ དེ་ལུ་ཡར་མཐོ་སར་བཀལ་གནང་འོང་། 13 ཁྱེད་བཀའ་ཁྲིམས་ཀྱི་སློབ་དཔོན་དང་ ཕ་རུ་ཤི་པ་ ཁ་ཆོས་འབད་མི་ཚུ་ ག་དེམ་ཅིག་ལཱ་ཁག་བརྐྱབ་ནི་སྨོ་ མི་ཚུ་ཞིང་ཁམས་ཀྱི་རྒྱལ་སྲིད་ནང་ འཛུལ་མ་བཅུག་ནི་གི་དོན་ལུ་ ཁྱེད་ཀྱིས་སྒོ་བསྡམས་བཞགཔ་མས་ ཁྱེད་རང་ཡང་མི་འཛུལ་ གཞན་འཛུལ་མི་ཚུ་ལུ་ཡང་ ལམ་བཀག་བརྐྱབས་ཏེ་འཛུལ་མི་སྟེར་བས། 14 15 ཁྱེད་བཀའ་ཁྲིམས་ཀྱི་སློབ་དཔོན་དང་ ཕ་རུ་ཤི་པ་ ཁ་ཆོས་འབད་མི་ཚུ་ ག་དེམ་ཅིག་ལཱ་ཁག་བརྐྱབ་ནི་སྨོ་ ཁྱེད་ཀྱིས་མི་གཅིག་ ཡ་ཧུ་ད་པའི་ཆོས་ལུགས་ལུ་འགྱུར་ནི་གི་དོན་ལུ་ ས་གཞི་དང་རྒྱ་མཚོ་ག་ར་ནང་བཤལཝ་ཨིན་མས་ དེ་ལས་མི་གཅིག་ཁྱེད་དང་གཅིག་ཁར་འོངམ་ད་ ཁོ་ལུ་ཁྱེད་རང་ལས་ཡང་ལོག་ལྟབ་སྦེ་དམྱལ་བའི་འཁོར་བ་གི་བུ་ངན་པ་བཟོཝ་ཨིན་མས། 16 ཁྱེད་ལམ་སྟོན་ཞརཝ་ཚུ་ ག་དེམ་ཅིག་ལཱ་ཁག་བརྐྱབ་ནི་སྨོ་ ག་ར་འབད་རུང་ ཁྱེད་ཀྱིས་མགོན་ཁང་འཛོམ་དཔང་བཙུགས་ཏེ་ མནའ་འབོ་བ་ཅིན་ཁྱད་མེད་ དེ་འབདཝ་ད་ མགོན་ཁང་ནང་གི་གསེར་འདི་ འཛོམ་དཔང་བཙུགས་ཏེ་མནའ་འབོ་མི་འདི་ ཨིན་ཅི་མིན་ཅི་འབད་དགོ་ཟེར་ཁྱེད་ཀྱིས་སླབ་ཨིན་མས། 17 ཨ་ཁའི་ རྩ་རྒས་ཞརཝ་ ཁྱེད་ཀྱིས་འབད་བ་ཅིན་ ཁག་ཆེ་ཤོས་དེ་གསེར་ཨིན་ན་ ཡང་ན་མགོན་ཁང་ཨིན་ན་ གསེར་ལུ་དམ་པ་བཟོ་མི་དེ་མགོན་ཁང་ཨིན་མེན་ན། 18 ད་རུང་ག་ར་འབད་རུང་ མཆོད་ཁྲི་འཛོམ་དཔང་བཙུགས་ཏེ་ མནའ་འབོ་བ་ཅིན་ ག་ནི་ཡང་མེན་ དེ་འབདཝ་ད་ མཆོད་ཁྲི་གུ་ལུ་ཡོད་མི་མཆོདཔ་དེ་ འཛོམ་དཔང་བཙུགས་ཏེ་མནའ་འབོ་མི་འདི་ ཨིན་ཅི་མིན་ཅི་འབད་དགོ་ཟེར་ཁྱེད་ཀྱིས་སླབ་ཨིན་མས། 19 ཨ་ཁའི་ མིག་ཏོ་ཞརཝ་ ཁྱེད་ཀྱིས་འབད་བ་ཅིན་ ཁག་ཆེ་ཤོས་འདི་མཆོད་རྫས་ཨིན་ན་ ཡང་ན་མཆོད་ཁྲི་ཨིན་ན་ མཆོད་རྫས་ལུ་དམ་པ་བཟོ་མི་དེ་མཆོད་ཁྲི་ཨིན་མེན་ན། 20 དེ་སྦེ་ཨིན་པ་ཅིན་ ག་ར་འབད་རུང་ མཆོད་ཁྲི་འཛོམ་དཔང་སྦེ་བཙུགས་ཏེ་ མནའ་འབོ་མི་དེ་གིས་ མཆོད་ཁྲི་དེ་གུ་ཡོད་མིའི་མཆོད་རྫས་དེ་ཚུ་ལུ་ཡང་མནའ་འབོཔ་ཨིན། 21 དེ་ལས་མགོན་ཁང་འཛོམ་དཔང་བཙུགས་ཏེ་ མནའ་འབོ་མི་དེ་གིས་དེ་ནང་ལུ་བཞུགས་ཡོད་མི་ལུ་ཡང་ འཛོམ་དཔང་བཙུགས་ཏེ་མནའ་འབོཔ་ཨིན། 22 དེ་ལས་མི་ག་ར་འབད་རུང་ ཞིང་ཁམས་འཛོམ་དཔང་བཙུགས་ཏེ་ མནའ་འབོ་མི་དེ་གིས་ ཞིང་ཁམས་ལུ་དཀོན་མཆོག་གི་བཞུགས་ཁྲི་དང་ དེ་གུ་བཞུགས་ཡོད་མི་ལུ་ཡང་ འཛོམ་དཔང་སྦེ་བཙུགས་ཏེ་མནའ་འབོཔ་ཨིན། 23 ཁྱེད་བཀའ་ཁྲིམས་ཀྱི་སློབ་དཔོན་དང་ ཕ་རུ་ཤི་པ་ ཁ་ཆོས་འབད་མི་ཚུ་ ག་དེམ་ཅིག་ལཱ་ཁག་བརྐྱབ་ནི་སྨོ་ ཁྱེད་ཀྱིས་བརྒྱ་ཆ་ལས་བཅུ་ཆ་ ཡ་ཧུ་ད་པའི་མཆོད་ཁང་ནང་ཕུལ་དགོཔ་ ཨུ་ཤི་ལ་དང་ཇི་ར་ བཞེས་སྒོ་ཟས་སྦྱོར་ཧོན་ཚོད་ཀྱི་རིགས་ལ་སོགས་པ་ ཆུང་ཀུ་གཅིག་ཡང་མ་བརྗེད་པར་ཀྲིག་ཀྲི་སྦེ་ཕུལཝ་ཨིན་མས་ དེ་འབདཝ་ད་ བཀའ་ཁྲིམས་ཁག་ཆེ་ཤོས་དང་འཁྲིལ་ཏེ་ ཁྲིམས་ཕྲང་སྟེ་ཕྱེ་ནི་དང་ སྙིང་རྗེ་བསྐྱེད་ནི་ ན་འཐན་ཏོག་ཏོ་སྦེ་སྡོད་དགོཔ་ཚུ་ ཁྱེད་ཀྱིས་སྣང་མེད་བརྩིས་ཏེ་བཞགཔ་ཨིན་མས་ བཀའ་ཁྲིམས་གཞན་ཚུ་ལུ་སྣང་མེད་མ་རྩི་བར་འབད་དགོཔ་མ་ཚད་ ཨ་ནི་ཁག་ཆེ་ཤོས་གསུམ་ལུ་ཡང་ ཁྱེད་ཀྱིས་ཨིན་ཅི་མིན་ཅི་འབད་དགོཔ་ཨིན། 24 ཁྱེད་ལམ་སྟོན་མིག་ཏོ་ཞརཝ་ཚུ་གིས་ འཐུང་ནི་གི་རིགས་ནང་ལས་སྦྱངམ་ཆུང་ཀུ་ཚུ་བཙགས་བཀོཝ་མས་ དེ་འབདཝ་ད་ ཁྱེད་ཀྱིས་རྔ་མོང་སྦོམ་འདི་ཧྲིལ་པོ་སྦེ་ལྐོད་མར་གཏངམ་ཨིན་མས། 25 ཁྱེད་བཀའ་ཁྲིམས་ཀྱི་སློབ་དཔོན་དང་ ཕ་རུ་ཤི་པ་ ཁ་ཆོས་འབད་མི་ཚུ་ ག་དེམ་ཅིག་ལཱ་ཁག་བརྐྱབ་ནི་སྨོ་ ཕྱི་ཁའི་ཧོད་ཆ་དང་ཕོརཔ་དེ་ཚུ་ཁྱེད་ཀྱིས་གཙང་ཏོག་ཏོ་སྦེ་ཆུ་འཁྱུཝ་མས་ དེ་འབདཝ་ད་ དེ་གི་ནང་ན་ ཟ་འདོད་དང་རང་འདོད་ལུ་མཚམས་ཚོད་མ་ཤེསཔ་གིས་གང་སྟེ་འདུག 26 ཕ་རུ་ཤི་པ་ ཞརཝ་ཁྱོད་ ཧེ་མ་ཧོད་ཀྱི་ནང་ན་ལེགས་ཤོམ་སྦེ་ཆུ་འཁྱུ་ཞིག་ དེ་ལས་ཕྱི་ཁར་ཡང་གཙང་ཏོག་ཏོ་འགྱོ་འོང་། 27 ཁྱེད་བཀའ་ཁྲིམས་ཀྱི་སློབ་དཔོན་དང་ ཕ་རུ་ཤི་པ་ ཁ་ཆོས་འབད་མི་ཚུ་ ག་དེམ་ཅིག་ལཱ་ཁག་བརྐྱབ་ནི་སྨོ་ ཁྱེད་རོ་ཁྱིམ་གྱི་ཕྱི་ལས་དཀར་ར་བཏང་སྟེ་ ལེགས་ཤོམ་སྦེ་བཟོ་བཞག་མི་དང་འདྲ་ དེ་འབདཝ་ད་ ནང་ན་ལུ་རོ་རུལ་རུལཝ་དང་ ཁམས་ལོག་སི་སི་གིས་གང་སྟེ་འདུག 28 ཨ་ནི་བཟུམ་སྦེ་རང་ཁྱེད་ཆ་ཁྱབ་ཡང་ཕྱི་ཁ་ལུ་ ཆོས་སེམས་ཡོད་མི་བཟུམ་སྦེ་བཟོ་སྟེ་སྡོདཔ་ཨིན་མས་ དེ་འབདཝ་ད་ ཁྱེད་ཀྱི་ནང་ན་ལུ་ཁ་ཆོས་དང་ངན་པ་གིས་གང་སྟེ་སྡོདཔ་ཨིན་མས། 29 ཁྱེད་བཀའ་ཁྲིམས་ཀྱི་སློབ་དཔོན་དང་ ཕ་རུ་ཤི་པ་ ཁ་ཆོས་འབད་མི་ཚུ་ ག་དེམ་ཅིག་ལཱ་ཁག་བརྐྱབ་ནི་སྨོ་ ཁྱེད་ཀྱིས་ལུང་སྟོན་པ་དང་ ཆོས་སེམས་ཡོད་མི་ཚུ་གི་དོན་ལུ་ དུར་ཁུང་ལེགས་ཤོམ་བཟོ་བཞགཔ་ཨིན་མས། 30 དེ་ལས་ཁྱེད་ཀྱིས་ ང་བཅས་ཕམ་ཚུ་གི་དུས་སྐབས་ལུ་ཡོདཔ་བཟུམ་གཅིག་འབད་བ་ཅིན་ ང་བཅས་ཀྱིས་ལུང་སྟོན་པ་ཚུ་ལུ་གསད་ནི་ནང་བཅའ་མར་མ་གཏོགས་འོང་ཟེར་སླབ་ཨིན་མས། 31 དེ་འབདཝ་ད་ ཨ་ནི་བཟུམ་སྦེ་སླབ་ད་རང་ ཁྱེད་རང་གིས་ ང་བཅས་ལུང་སྟོན་པ་ཚུ་བཀྲོངས་མིའི་བུ་བརྒྱུད་ཨིན་ཟེར་ཁུངས་བཀལཝ་ཨིན་མས། 32 ཧེ་མ་ཁྱེད་རང་གི་ཕ་བརྒྱུད་ཚུ་གིས་འགོ་བཙུགས་མི་དེ་ ད་ཁྱེད་རང་གིས་འབད་བཅུག 33 ཁྱེད་སྦུལ་གདུག་དྲགས་ཀྱི་བུ་བརྒྱུད་ངན་པ་ ཁྱེད་དམྱལ་བ་གི་ཆདཔ་དེ་ལས་ ག་དེ་སྦེ་ཟུར་ཏེ་སྤར་ཐལ་ནི་སྨོ། 34 དེ་སྦེ་འབད་ནི་འདི་གིས་ ཁྱེད་སེམས་འགྱུར་ནི་གི་དོན་ལུ་ ང་གིས་ཁྱེད་ཡོད་ས་ལུ་ལུང་སྟོན་པ་དང་མི་ཤེས་རབ་ཅན་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་དེ་ཚུ་ལུ་གཏང་ནི་ཨིན་ དེ་འབདཝ་ད་ ལ་ལུ་ཅིག་ལུ་ཁྱེད་ཀྱིས་དམར་བསད་འབད་འོང་ ལ་ལུ་ཅིག་ལུ་ཁྱེད་ཀྱིས་ཁྲམ་ཤིང་གུ་བསད་འོང་ ལ་ལུ་ཅིག་ལུ་ཁྱེད་ཀྱིས་ སི་ན་གོག་ནང་རྟས་ལྕག་གིས་དྲང་ ལ་ལུ་ཅིག་ལུ་ཁྲོམ་ལས་ཁྲོམ་རྒྱུད་བདའ་སྟེ་གནོད་པ་བཀལ་འོང་། 35 དེ་འབདཝ་ལས་ སྐྱོན་མེད་མི་ ཨ་བཱེལ་ལུ་དམར་བསད་འབད་མི་ལས་འགོ་བཙུགས་ཏེ་ མཆོད་ཁྲི་དང་མགོན་ཁང་གི་བར་ན་ལུ་ ཁྱེད་ཀྱིས་བསད་མི་ བ་ར་ཀི་ཡཱས་ཀྱི་བུ་ ཟེ་ཀ་རི་ཡ་ཚུན་ཚོད་ འཛམ་གླིང་ནང་ དམར་བསད་འབད་ཡོད་པའི་ཆོས་སེམས་ཅན་ཚུ་གི་ཆདཔ་ག་ར་ ཁྱེད་ཀྱི་གུ་ཕོག་འོང་། 36 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ དེ་ཚུ་ག་ར་ཨ་ནི་མི་རབས་ངན་པ་ཚུ་གི་གུ་ལུ་ཕོག་ནི་ཨིན། 37 དབའེ་ ཡེ་རུ་ཤ་ལེམ་ ཡེ་རུ་ཤ་ལེམ་ ཁྱེད་ཀྱིས་ལུང་སྟོན་པ་ཚུ་ལུ་བསད་བཀོག་ཡི་ དེ་ལས་ཁྱེད་ཡོད་སར་བཏང་མི་ཚུ་ལུ་རྡོ་གིས་བརྡུངས་ཡི་ བྱམོ་གིས་བྱིའུ་ཅུང་ལུ་གཤོག་ཐལ་གྱི་འོག་བཙུགས་ཏེ་ སྐྱབས་འབད་དོཝ་བཟུམ་སྦེ་ ང་གིས་ཚར་ལེ་ཤ་ཁྱོད་ཀྱི་ཨ་ལོ་ཚུ་གཅིག་ཁར་སྤུང་ནི་འབད་ཡི་ དེ་འབདཝ་ད་ ཁྱོད་ཀྱིས་འབད་མ་སྟེར། 38 ད་བལྟ་ཞིག་ ཁྱེད་ཀྱི་ཁྱིམ་འདི་སྟོངམ་སྦེ་ལུས་འོང་། 39 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁྱེད་ཀྱིས་ང་ལུ། གཙོ་བོ་གི་མཚན་ནང་བྱོན་མི་དེ་ བྱིན་རླབས་ཅན་ཨིན་ཟེར་ མ་སླབ་ཚུན་ཚོད་ ང་ལུ་མཐོང་མི་ཚུགས་ཟེར་ཡེ་ཤུ་གིས་གསུངས་ནུག།
1 ཡེ་ཤུ་མཆོད་ཁང་ནང་ལས་ཐོན་བྱོན་པའི་སྐབས་ལུ་ ཁོ་གི་སློབ་མ་ཚུ་གིས་ལགཔ་གིས་བཏོན་ཏེ་ ཨ་ནི་མཆོད་ཁང་གི་བཀོད་པ་ ག་ཅི་དེས་ཅིག་ལེགས་ཤོམ་འདུག་ཟེར་ཞུཝ་ད། 2 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་ཨ་ནི་མཆོད་ཁང་གི་བཀོད་པ་མཐོང་ཅི་ག་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ད་དེ་ཚུ་ཤུལ་ལས་ རྡོ་བརྩེགས་བརྩེགསཔ་གཅིག་ཡང་མ་བཞག་པར་ མར་བརྡལ་བཀོ་འོང་ཟེར་གསུངས་ནུག། 3 ཡེ་ཤུ་ཁོ་རང་གཅིག་སྦེ་ ཨ་རུ་ར་ཤིང་གི་སྒང་ལུ་བཞུགསཔ་ད་ སློབ་མ་ཚུ་གིས་ག་ཡང་མེདཔ་ད་ ཡེ་ཤུ་བཞུགས་སར་བཅར་ཏེ་ ཁོང་གིས་ཁོ་ལུ་ ང་བཅས་ལུ་གསུང་གནང་ལགས་ ཨ་ནི་དེ་ཚུ་ནམ་འབྱུང་འོང་ག་ ནཱ་ལོག་སྟེ་བྱོན་ནིའི་རྟགས་མཚན་དང་ འཛམ་གླིང་གི་དུས་མཐའན་མཇུག་ལུ་ ག་ཅི་བཟུམ་སྦེ་འབྱུང་འོང་ག་ཟེར་དྲི་བ་ཞུ་ནུག 4 དེའི་ལན་ལུ་ཡེ་ཤུ་གིས་ མི་ག་གིས་ཡང་ ཁྱེད་ལུ་མགུ་བསྐོར་ནང་བཙུགས་མ་བཅུག་ནི་གི་དོན་ལུ་ རིགཔ་བསྒྱིམ་སྟེ་སྡོད། 5 ག་ཅི་སྨོ་ཟེར་བ་ཅིན་ མི་ལེ་ཤ་འོངས་ཏེ་ངེ་གི་མིང་བཏོན་སྦེ་ ང་ཁིརཱིས་ཨིན་ཟེར་སླབ་སྟེ་ མི་ལེ་ཤ་ལུ་མགུ་བསྐོར་བརྐྱབ་འོང་། 6 དེ་ལས་ཁྱེད་ཀྱིས་སྦོ་ལོགས་ཁར་དང་ ཐག་རིང་ས་ལས་དམག་གི་ལོ་རྒྱུས་དེ་ཚུ་གོ་འོང་ དེ་འབདཝ་ད་ ཁྱེད་དེ་ལུ་བལྟ་སྟེ་མ་འདྲོག་ ག་ཅི་སྨོ་ཟེར་བ་ཅིན་ དེ་ཚུ་ག་ར་བྱུང་ར་བྱུང་དགོ་ དེ་འབདཝ་ད་ དུས་ཚོད་འདི་མཐའན་མཇུག་ལུ་ལྷོདཔ་མེན། 7 མི་རིགས་དང་མི་རིགས་ རྒྱལ་ཁབ་དང་རྒྱལ་ཁབ་དམག་བརྐྱབ་འོང་ དེ་ལས་འཛམ་བུ་གླིང་གི་ས་ཕྱོགས་སོ་སོ་ནང་མུ་གེ་འཐོན་ ས་གཡོམ་ཡང་བརྐྱབ་འོང་། 8 དེ་འབདཝ་ད་ ཨམ་སྲུ་ཨ་ལོ་མ་སྐྱེས་བའི་ཧེ་མ་ ན་ཟུག་འགོ་བཙུགས་དོཝ་བཟུམ་སྦེ་ དེ་ཚུ་ཡང་ག་ར་འགོ་བཙུགས་འོང་། 9 དེ་ལས་མི་ཚུ་གིས་ཁྱེད་ལུ་བཟུང་ གནོད་པ་སྐྱེལ་ཏེ་བསད་འོང་ ངེ་གི་དོན་དག་ལས་སྦེ་ མི་རིགས་ག་ར་གིས་ཁྱེད་ལུ་མ་དགའ་བར་དགྲ་འབད་འོང་། 10 དེའི་སྐབས་ལུ་མི་ལེ་ཤ་རང་དད་པ་ཉམས་འགྱོ་སྟེ་ གཅིག་གིས་གཅིག་ལུ་མ་དགའ་བར་དགྲ་གི་ལག་པར་སྤྲོད་འོང་། 11 དེ་ལས་ལུང་སྟོན་པ་རྫུས་མ་ལེ་ཤ་ཐོན་ཏེ་ མི་ལེ་ཤ་ལུ་མགུ་བསྐོར་བརྐྱབ་འོང་། 12 ག་ཅི་སྨོ་ཟེར་བ་ཅིན་ ཁྲིམས་ལུ་མ་གནས་མི་ཚུ་གནམ་མེད་ས་མེད་ཡར་འཕར་འགྱོ་སྟེ་ གཅིག་གིས་གཅིག་ལུ་བྱམས་སེམས་དང་སྙིང་རྗེ་བསྐྱེད་ནི་དེ་མར་ཉམས་འགྱོ་འོང་། 13 དེ་འབདཝ་ད་ མཐའན་མཇུག་ཚུན་ཚོད་ལུ་ དད་པ་ནང་སྒྲིང་སྒྲིང་སྦེ་ སྡོད་མི་འདི་ལུ་སྐྱབས་མཛད་འོང་། 14 རྒྱལ་སྲིད་ཀྱི་གཏམ་བཟང་འདི་ རྒྱལ་ཁབ་ཡོངས་ལུ་འཛོམས་དཔང་བཟུམ་ཅིག་སྦེ་ འཛམ་བུ་གླིང་ནང་མི་རིགས་ག་ར་ལུ་བཤད་ཚར་བའི་ཤུལ་ལུ་ དུས་ཚོད་མཐའན་མཇུག་འདི་འོང་ནི་ཨིན་ཟེར་ཡེ་ཤུ་གིས་གསུངས་ནུག། 15 ད་རུང་ཡེ་ཤུ་གིས་ དེ་བཟུམ་སྦེ་རང་ལུང་སྟོན་པ་ ད་ནི་ཨཱེལ་གྱིས་ ལུང་བསྟན་བཤད་བཞག་དོཝ་བཟུམ་སྦེ་ ཉིནམ་གཅིག་གི་ཚེ་ ས་གནས་དམ་པ་ནང་ བལྟ་མ་ཚུགས་པའི་ཁམས་ལོག་སི་སི་གཅིག་ཡར་ལོང་སྟེ་སྡོད་ས་ ཁྱེད་ཀྱིས་མཐོང་འོང་། (ཨ་ནི་དེ་ཚུ་ཁྱེད་ལྷག་མི་ཚུ་གིས་ཧ་གོ་དགོ) 16 དེའི་སྐབས་ལུ་ ཡུ་དེ་ཡ་ལུ་སྡོད་མི་དེ་ཚུ་ སྒང་རི་ཁ་ཐུག་ལུ་འབྱོག་འགྱོ་དགོ། 17 དེ་ལས་མི་ག་ར་འབད་རུང་ ཁྱིམ་ཐོག་གོང་མ་ཡོད་མི་གིས་ ཁྱིམ་གྱི་ནང་ན་ཅ་ལ་འཐུ་བ་མ་སོང་པར་ དེ་འཕྲོ་ལས་རང་འཐོན་འགྱོ་དགོ། 18 དེ་ལས་ད་རུང་ཞིང་ཁར་ལཱ་འབད་མི་དེ་གིས་ལོག་སྟེ་ བགོ་ལ་འཐུ་བ་མ་སོང་། 19 དེའི་སྐབས་ལུ་ཨམ་སྲུ་ཨ་ལོ་སྐྱེ་ནི་ཡོད་མི་དང་ ཨ་ལོ་ཨོམ་འཐུང་ནི་ཡོད་མི་ཨའི་ཚུ་ལུ་ ག་དེམ་ཅིག་སྡུག་བསྔལ་འབྱུང་ནི་སྨོ། 20 འབྱོག་དགོ་པའི་དུས་ཚོད་འདི་གནམ་དགུན་དང་ ངལ་འཚོ་བའི་ཉིན་མ་ལུ་བྱུང་མ་བཅུག་ཟེར་སྨོན་ལམ་བཏབ། 21 དུས་ཚོད་དེའི་སྐབས་ལུ་ སྡུག་བསྔལ་གནམ་མེད་ས་མེད་འབྱུང་ནི་ དེ་བཟུམ་གྱི་སྡུག་བསྔལ་དེ་ ཧེ་མ་འཇིག་རྟེན་བཀོད་པ་ལས་འགོ་བཙུགས་ཏེ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ནམ་ཡང་ དེ་བཟུམ་མ་བྱུང་ དེ་གི་ཤུལ་ལས་ཡང་དེ་བཟུམ་མི་འབྱུང་། 22 དེ་སྦེ་བྱུང་མི་དུས་ཚོད་དེ་དཀོན་མཆོག་གིས་ ཡུན་ཐུང་ཀུ་མ་མཛདཔ་བཟུམ་གཅིག་འབད་བ་ཅིན་ མི་གཅིག་ཡང་མ་ལུསཔ་འོང་ ཨིན་རུང་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཚུ་གི་དོན་ལུ་ ཁོ་རང་གིས་སྡུག་བསྔལ་གྱི་ཉིནམ་དེ་ཐུང་ཀུ་མཛད་གནང་འོང་། 23 དུས་ཚོད་དེའི་སྐབས་ མི་ལ་ལུ་ཅིག་གིས་ཁྱེད་ལུ་ ཨ་ནཱ་བལྟ་ཞིག་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ ནཱ་ལུ་བཞུགས་ཡོད་ ཨ་ཕར་བཞུགས་ནུག་ཟེར་སླབ་མི་ཐོན་རུང་ དེ་ལུ་བདེན་འཛིན་མ་རེ། 24 ཁིརཱིས་རྫུས་མ་དང་ ལུང་སྟོན་པ་རྫུས་མ་ཚུ་ལེ་ཤ་འོངས་ཏེ་ བཙག་འཐུ་མཛད་མི་ཚུ་ལུ་ འབད་ཚུགས་པ་ཅིན་ མགུ་བསྐོར་བརྐྱབ་ནི་གི་དོན་ལུ་ ཡ་མཚན་ཆེ་ཏོག་ཏོ་གི་རྟགས་མ་གཅིགཔ་དང་རྫུ་འཕྲུལ་ཚུ་ལེ་ཤ་བཏོན་འོང་། 25 ད་ནཱ་ཉན་ཞིག་ ཨ་ནི་དེ་ཚུ་མ་བྱུང་མིའི་ཧེ་མ་ལས་ ང་གིས་ཁྱེད་ལུ་བཤད་དེ་སླབ་ཅི། 26 ག་དེམ་ཅིག་སྦེ་མི་དེ་ཚུ་གིས་ཁྱེད་ལུ་ ཁོ་ཨ་ཕར་རི་སྟོང་ནང་འདུག་ཟེར་སླབ་རུང་ ཕྱི་ཁར་ཐོན་ཏེ་བལྟ་བ་མ་སོང་ ཡང་ན་ཁོ་ཁྱིམ་གྱི་ནང་ན་འདུག་ཟེར་སླབ་རུང་ བདེན་འཛིན་མ་རེ། 27 ག་ཅི་སྨོ་ཟེར་བ་ཅིན་ ཤར་ཕྱོགས་ལས་གློག་ཀེམ་ད་ འོད་འདི་ནུབ་ཕྱོགས་ལུ་མཐོང་དོཝ་བཟུམ་སྦེ་ མིའི་བུ་ཡང་དེ་བཟུམ་སྦེ་བྱོན་ས་མཐོང་འོང་། 28 དཔེར་ན་རོ་ག་ཡོད་སར་བྱ་རྒོད་ཆགསཔ་ཨིན།། 29 ད་རུང་ཡེ་ཤུ་གིས་ ད་སྡུག་བསྔལ་དེ་ཚུ་མྱོང་བའི་དུས་ཀྱི་ཤུལ་མ་ དེ་འཕྲོ་ལས་རང་ ཉིན་མིའི་འོད་བསྒྲིབས་ཏེ་གནག་དུང་དུ་འགྱོ་སྟེ་ ཟླཝ་གིས་ཡང་འོད་མི་བྱིན་ གནམ་ཁ་ལས་སྐརམ་ཚུ་ཡང་ས་ཁ་ལུ་བུད་དེ་ ཉིམ་ཟླཝ་སྐརམ་ཚུ་གི་ཤུགས་ཚུ་ཡོམ་བརྐྱབ་འོང་། 30 དེའི་སྐབས་ལུ་མིའི་བུ་གི་རྟགས་མཚན་གནམ་ཁ་ལུ་མཐོང་འོང་ དེ་ལས་འཛམ་བུ་གླིང་ནང་གི་མི་རིགས་ག་ར་མྱ་ངན་འབད་དེ་སྔུ་འོང་ ཁོང་གིས་མིའི་བུ་ནམ་མཁའི་ས་སྨུག་ནང་ ཁོ་རང་གི་དབང་ཤུགས་དང་གཟི་བརྗིད་ཁྱབ་སྟེ་བྱོན་ས་མཇལ་འོང་། 31 དེ་ལས་ དུང་ཆེན་སྐད་སྦོམ་གྱི་འུར་སྒྲ་དང་བཅསཔ་སྦེ་ ཁོ་རང་གི་ཕོ་ཉ་ཚུ་ལུ་ འཛམ་བུ་གླིང་གི་ཕྱོགས་བཞི་ལས་འབད་བཏང་སྟེ་ གནམ་ཁ་ཕར་གྱི་མཐའ་མ་ལས་ཚུར་གྱི་མཐའ་མ་ཚུན་ཚོད་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཚུ་ག་ར་ ཁོང་གིས་གཅིག་ཁར་སྤུང་འོང་ཟེར་ཡེ་ཤུ་གིས་གསུངས་ནུག། 32 ད་ཡོན་ཏན་ལྷབ་ནིའི་དོན་ལུ་ ཨ་ནི་ཅོང་སེ་ཤིང་ལུ་བལྟ་ ནམ་སོ་ཁར་ཅོང་སེ་ཤིང་དེ་ལྕུག་གུ་རྒྱགས་ དེ་ལས་འདབ་མ་གསརཔ་ཐོན་པའི་བསྒང་ལས་ ནམ་བྱཱར་སྦོ་ལོགས་ཁར་ལྷོདཔ་ཨིན་མས་ཟེར་ཁྱེད་ཀྱིས་ཤེས། 33 དཔེ་གཏམ་འདི་བཞིན་དུ་ དེ་ཚུ་བྱུང་ས་མཐོངམ་ད་ ད་ཁོ་ནཱ་སྦོ་ལོགས་ཁར་ སྒོའི་རྩ་བར་ལྷོད་ནུག་ཟེར་ཁྱེད་ཀྱིས་ཤེས་འོང་། 34 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ འདི་ཚུ་ག་ར་མ་བྱུང་པའི་བར་དུ་ ཨ་ནི་མི་རབས་དེ་ཚུ་རབས་ཆད་དེ་མི་འགྱོ། 35 དེ་འབདཝ་ད་ གནམ་དང་ས་གཉིས་ཡལ་འགྱོ་རུང་ ང་གིས་སླབ་མི་འདི་ཚུ་ དུས་ནམ་ཡང་ཡལ་མི་འགྱོ་ཟེར་གསུངས་ནུག། 36 ཡེ་ཤུ་གིས་ ཨ་ནི་མཐའན་མཇུག་གི་ཉིནམ་དང་ཆུ་ཚོད་དེ་ ནམ་འབྱུང་ནི་ཨིན་ན་ དེ་གི་སྐོར་ལས་ ཡབ་ཀྱིས་མ་གཏོགས་ གཞན་ཞིང་ཁམས་ཀྱི་ཕོ་ཉ་དང་སྲས་ ག་གིས་ཡང་མི་ཤེས། 37 དེ་ལས་ཧེ་མ་ ནོ་ཝ་གི་དུས་སྐབས་ལུ་བྱུང་དོཝ་བཟུམ་སྦེ་ མིའི་བུ་ལོག་འབྱོནམ་ད་ དེ་བཟུམ་སྦེ་རང་འབྱུང་འོང་། 38 ག་ཅི་སྨོ་ཟེར་བ་ཅིན་ ཆུ་རུད་མ་ཐོན་པའི་ཧེ་མ་ ནོ་ཝ་གྲུ་ནང་མ་འཛུལ་ཚུན་ཚོད་ མི་དེ་ཚུ་ཟ་འཐུང་སྤྲོ་བཏོན་ མནའ་མ་གཏང་ལེན་འབད་གཉེན་བརྐྱབས་ཏེ་སྡོད་ནུག 39 དེ་ལས་ཆུ་རུད་ཐོན་ཏེ་ ཁོང་ག་ར་ལུ་འཕྱག་མ་འབག་ཚུན་ཚོད་ ཁོང་གིས་ག་ཅི་འབྱུང་ནི་ཨིན་ན་མ་ཤེས་པས་ ཨ་ནི་བཟུམ་སྦེ་རང་ མིའི་བུ་འོངམ་ད་ཡང་ དེ་སྦེ་འབྱུང་ནི་ཨིན། 40 དེའི་སྐབས་ལུ་ མི་གཉིས་ཞིང་ཁར་ལཱ་འབད་དེ་སྡོད་ས་ལས་ གཅིག་ལུ་འཁྱིད་འགྱོ་སྦེ་གཅིག་ལུས་འོང་། 41 ཨམ་སྲུ་གཉིས་ རང་འཐག་ནང་ཕྱེ་འཐག་སྟེ་སྡོད་ས་ལས་ གཅིག་ལུ་འཁྱིད་འགྱོ་སྦེ་གཅིག་ལུས་འོང་། 42 དེ་འབདཝ་ལས་རིག་པ་བསྒྱིམ་སྟེ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་གཙོ་བོ་འདི་ནམ་འབྱོན་ནི་ཨིན་ན་ ཁྱེད་ཀྱིས་མི་ཤེས། 43 དེ་འབདཝ་ད་ ཁྱེད་ཀྱིས་འདི་ཐད་རི་བ་རི་ཤེས་ ག་དེམ་ཅིག་སྦེ་ ཁྱིམ་གྱི་སྦྱིན་བདག་གིས་ ཨརཝ་ནམ་འོང་ནི་ཨིན་ན་ཟེར་ཤེས་པ་ཅིན་ ཁོ་གིས་ཁྱིམ་ལེགས་ཤོམ་སྦེ་སྲུང་སྡོད་དེ་ ཨརཝ་ཁྱིམ་གྱི་ནང་ན་འོང་མི་སྟེར། 44 དེ་འབདཝ་ལས་ཁྱེད་ཆ་ཁྱབ་ཡང་ ནམ་རང་འབད་རུང་གྲ་སྒྲིག་འབད་སྡོད་དགོ་ ག་ཅི་སྨོ་ཟེར་བ་ཅིན་ དཔྱད་རིག་རྣམ་རྟོག་མེད་པའི་དུས་ཚོད་ལུ་ མིའི་བུ་ཡང་འོང་ནི་ཨིན།། 45 ཡེ་ཤུ་གིས་ད་རུང་ ད་གཡོགཔོ་ཤེས་རབ་ཅན་ན་འཐན་ཏོག་ཏོ་ག་སྨོ་ སྦྱིན་བདག་གིས་ཁོ་རང་གི་ཁྱིམ་ནང་གི་གཡོགཔོ་གཞན་ཚུ་ལུ་ དུས་ཚོད་ལུ་བཞེས་སྒོ་ཀྲིག་ཀྲི་སྦེ་ བྱིན་ནི་གི་འགན་ཁག་ ག་ག་ལུ་སྤྲོད་འོང་ག། 46 དེ་ལས་སྦྱིན་བདག་གིས་ཁྱིམ་ནང་ལོག་འོངམ་ད་ ལཱ་འགན་སྤྲོད་བཞག་མི་གཡོགཔོ་འདི་ ལཱ་ལེགས་ཤོམ་སྦེ་འབད་ས་མཐོང་སྟེ་ ཁོ་ལུ་གསོལ་རས་བྱིན་འོང་། 47 ང་གིས་ཁྱེད་ལུ་དོན་ལས་རང་སླབ་དོ་ སྦྱིན་བདག་གིས་གཡོགཔོ་དེ་ལུ་ བདག་འཛིན་འཐབ་ནི་གི་འགན་ཁག་སྤྲོད་འོང་། 48 དེ་འབདཝ་ད་ གཡོགཔོ་དེ་ངན་པ་འབད་བ་ཅིན་ ཁོ་གིས་ཁོ་རང་ལུ་ ངེ་གི་སྦྱིན་བདག་འདི་དུས་ཡུན་རིངམ་སྦེ་འགོར་འོང་ཟེར་སླབ་སྦེ། 49 ཁོ་གིས་གཡོགཔོ་གཞན་ཚུ་ལུ་དྲང་ དེ་མ་ཚད་ ཁོ་རང་གི་ཆ་རོགས་ཆང་ཟེ་ཚུ་དང་གཅིག་ཁར་ ཆང་འཐུང་བཞེས་སྒོ་ཟ་སྤྲོ་བཏོན་ཏེ་སྡོད་པ་ཅིན། 50 གཡོགཔོ་དེ་གིས་ སྦྱིན་བདག་འོང་ནི་གི་མནོ་བསམ་རང་མེད་པའི་དུས་ཚོད་དང་ ཉིནམ་ལུ་ ལོག་འོངས་ཏེ། 51 གཡོགཔོ་དེ་གི་ཡན་ལག་དམ་དུམ་སྦེ་བརྫམ་ དེ་ལས་ཁ་ཆོས་འབད་མི་ཚུ་དང་གཅིག་ཁར་ སྔུ་སྟེ་སོ་བརྡར་སྡོད་སའི་ས་གནས་ནང་བཏོན་གཏང་འོང་ཟེར་གསུངས་ནུག།
1 དེ་ལས་ཡེ་ཤུ་གིས་ ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ བུམོ་ན་ཆུང་མ་བཅུ་ཐམ་གྱིས་ལ་ཝང་འབག་སྟེ་ རྨགཔ་དང་འཕྱད་པར་འགྱོ་མི་དང་འདྲ། 2 ཁོང་ཆ་ཁྱབ་ཀྱི་གྲལ་ཁ་ལས་ ལྔ་དེ་རྩ་རྒསམོ་དང་ལྔ་དེ་ཤེས་རབ་ཅན་ཨིན་མས། 3 ཁོང་རྩ་རྒསམོ་ལྔ་གིས་ལ་ཝང་འབག་རུང་ མར་ཁུ་རྫོགསཔ་ད་ལོག་བླུག་ནི་མ་འབགཔ་ཨིན་མས། 4 དེ་འབདཝ་ད་ ཤེས་རབ་ཅན་ཚུ་གིས་ ལ་ཝང་དང་གཅིག་ཁར་ཧོད་ནང་ལུ་ མར་ཁུ་ཡང་འབག་སོང་ནུག 5 རྨགཔ་དེ་ལྷོད་ནི་གི་དུས་ཡུན་ལེ་ཤ་འགོར་ནི་དེ་གིས་ ཁོང་ཆ་ཁྱབ་གཉིད་སྡུག་བརྐྱབས་ཏེ་གཉིད་ལོག་སོངམ་ཨིན་མས། 6 ནམ་ཕྱེད་ལུ་ རྨགཔ་དེ་ལྷོདཔ་ད་ ད་ཁོ་འཕྱད་པ་ཤོག་ཟེར་བའི་སྐད་ཁོང་གིས་གོཝ་ད། 7 ཁོང་ན་ཆུང་མ་ཚུ་ག་ར་ཡར་ལོང་སྟེ་ རང་རང་སོ་སོ་གི་ལ་ཝང་གྲ་སྒྲིག་བརྐྱབས་ནུག 8 རྩ་རྒསམོ་ཚུ་གིས་ཁོང་ཤེས་རབ་ཅན་ཚུ་ལུ་ ང་བཅས་ལུ་མར་ཁུ་ཨ་ཙི་གནང་མས་ ང་བཅས་ཀྱི་ལ་ཝང་ནང་མར་ཁུ་མེད་པར་ མེ་ཤི་ནི་འབད་དོ་ཟེར་སླབ་ད། 9 ཤེས་རབ་ཅན་ཚུ་གིས་ ཁྱེད་ལུ་བགོ་བཤའ་རྐྱབ་བྱིན་པ་ཅིན་ ཁྱེད་དང་ང་བཅས་གཉིས་ཆ་ར་ལུ་མར་ཁུ་མི་ལངས་ དེ་སྦེ་འབད་བ་འདི་ ཁྱེད་རང་ཚོང་ཁང་ནང་སོང་སྟེ་ ཉོ་བ་ཅིན་དྲག་འོང་ཟེར་སླབ་ནུག 10 ཁོང་མར་ཁུ་ཉོ་བ་འགྱོ་བའི་བར་ན་རྨགཔ་ལྷོད་དེ་ ཁོང་གྲ་སྒྲིག་ཡོད་མི་ཚུ་ ཁོ་དང་གཅིག་ཁར་གཉེན་གྱི་ཚོགས་སྟོན་ནང་འཛུལ་ཏེ་སྒོ་བསྡམས་ནུག 11 དེ་གི་ཤུལ་ལས་ཁོང་བུམོ་ན་ཆུང་མ་གཞན་ཚུ་ཡང་ལྷོད་དེ་ ཁོང་གིས་ སློབ་དཔོན་ལགས་ སློབ་དཔོན་ལགས་ ང་བཅས་ལུ་སྒོ་ཕྱེ་གནང་ཟེར་ཞུ་ནུག 12 དེ་འབདཝ་ད་ཁོ་གིས་ དོན་ལས་རང་ ང་གིས་ཁྱེད་ངོ་མི་ཤེས་ཟེར་སླབ་ནུག 13 དེ་འབདཝ་ལས་བརྟེན་ཏེ་ ཁྱེད་རིགཔ་བསྒྱིམ་སྟེ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ང་ལོག་འོང་ནི་གི་ཉིནམ་དང་དུས་ཚོད་འདི་ ཁྱེད་ཀྱིས་མི་ཤེས་ཟེར་གསུངས་ནུག། 14 ད་རུང་ཡེ་ཤུ་གིས་ཞིང་ཁམས་ཀྱི་རྒྱལ་སྲིད་འདི་ མི་གཅིག་གིས་རྒྱལ་ཁབ་གཞན་ཁར་དུས་ཡུན་རིངམ་ལམ་འགྲུལ་འབད་ནི་སྦེ་ ཁོ་རང་གི་གཡོགཔོ་ཚུ་འབོ་སྟེ་ རང་གི་རྒྱུ་ནོར་ཁོང་ལུ་རྩིས་སྤྲོད་མི་དང་འདྲ། 15 ཁོ་གིས་གཡོགཔོ་ཚུ་གི་ལྕོགས་གྲུབ་དང་འཁྲིལ་ཏེ་ གཅིག་ལུ་ ཏཱ་ལེན་ལྔ་སྤྲོད་ གཞན་དེ་ལུ་ ཏཱ་ལེན་གཉིས་སྤྲོད་ དེ་ལས་ད་རུང་གཞན་དེ་ལུ་ ཏཱ་ལེན་གཅིག་སྤྲོད་བཞག་སྦེ་ཁོ་ཡར་སོང་ནུག 16 དེ་ལས་ ཏཱ་ལེན་ལྔ་ཐོབ་མི་དེ་གིས་དེ་འཕྲོ་ལས་སོང་སྦེ་ ཏཱ་ལེན་དེ་གིས་ཚོང་ལཱ་འཐབ་སྟེ་ ད་རུང་ཁེ་སང་ ཏཱ་ལེན་ལྔ་ཐོབ་ནུག 17 དེ་བཟུམ་སྦེ་རང་ ཏཱ་ལེན་གཉིས་ཐོབ་མི་དེ་གིས་ཡང་ ཏཱ་ལེན་གཉིས་ཐེབས་ཐོབ་ནུག 18 དེ་འབདཝ་ད་ ཏཱ་ལེན་གཅིག་ཐོབ་མིའི་གཡོགཔོ་དེ་གིས་ སྦྱིན་བདག་གི་ ཏཱ་ལེན་དེ་ས་དོང་བརྐོ་སྦེ་སྦ་བཞག་ནུག 19 དུས་ཡུན་རིངམ་གི་ཤུལ་ལས་སྦྱིན་བདག་ལོག་ལྷོད་དེ་ ཁོ་གིས་ཁོང་ལུ་སྤྲོད་བཞག་མི་ ཏཱ་ལེན་འདི་ ག་དེ་སྦེ་ལག་ལེན་འཐབ་ཅི་ག་ རྩིས་ལེན་ནུག 20 དེ་ལས་ ཏཱ་ལེན་ལྔ་ཐོབ་མི་གཡོགཔོ་དེ་གིས་ ཏཱ་ལེན་ལྔ་ཐེབས་འབག་འོང་སྦེ་ ནཱ་གིས་ང་ལུ་བློ་གཏད་དེ་ ཏཱ་ལེན་ལྔ་གནང་མི་དེ་གིས་ ད་རུང་ང་གིས་ ཏཱ་ལེན་ལྔ་ཐེབས་ཐོབ་ཅི་ ནཱ་ལུ་གཟིགས་ལགས་ཟེར་ཞུ་སྟེ་ཕུལཝ་ད། 21 སྦྱིན་བདག་གིས་ཁོ་ལུ་ ཁྱོད་དྲག་པས་ ཨ་ཙི་གཅིག་ནང་ལུ་ཁྱོད་ཀྱིས་དམ་ཚིག་བསྟེན་ཏེ་ གནམ་མེད་ས་མེད་ལེགས་ཤོམ་སྦེ་འབད་ནུག་ དེ་འབདཝ་ལས་ང་གིས་ཁྱེད་ལུ་ ལཱ་ལེ་ཤ་གི་དབང་ཚད་སྤྲོད་ནི་ཨིན་ ད་ང་དང་གཅིག་ཁར་དགའ་སྤྲོ་འགྱུར་བ་ཤོག་ཟེར་སླབ་ནུག 22 དེ་ལས་ ཏཱ་ལེན་གཉིས་ཐོབ་མི་གཡོགཔོ་དེ་གིས་ཡང་ ཏཱ་ལེན་ཐེབས་གཉིས་འབག་འོང་སྦེ་ ནཱ་གིས་ང་ལུ་བློ་གཏད་དེ་ ཏཱ་ལེན་གཉིས་གནང་མི་དེ་གིས་ ད་རུང་ང་གིས་ ཏཱ་ལེན་གཉིས་ཐེབས་ཐོབ་ཅི་ ནཱ་ལུ་གཟིགས་ལགས་ཟེར་ཞུ་སྟེ་ཕུལཝ་ད། 23 སྦྱིན་བདག་གིས་ཁོ་ལུ་ ཁྱོད་དྲག་པས་ ཨ་ཙི་གཅིག་ནང་ལུ་ཁྱོད་ཀྱིས་དམ་ཚིག་བསྟེན་ཏེ་ གནམ་མེད་ས་མེད་ལེགས་ཤོམ་འབད་ནུག་ ད་རུང་ང་གིས་ཁྱོད་ལུ་ལཱ་ལེ་ཤ་གི་དབང་ཚད་སྤྲོད་ནི་ཨིན་ ད་ང་དང་གཅིག་ཁར་དགའ་སྤྲོ་འགྱུར་བ་ཤོག་ཟེར་སླབ་ནུག 24 དེ་ལས་ ཏཱ་ལེན་གཅིག་ཐོབ་མི་གཡོགཔོ་དེ་གིས་ཡང་འོང་སྦེ་ སྦྱིན་བདག་ལགས་ ནཱ་གནམ་མེད་ས་མེད་མི་ལཱ་ཁག་གཅིག་ཨིནམ་ ང་གིས་ཤེས་ཅི་ ནཱ་གིས་ལོ་ཐོག་མ་བཏབ་པར་བརྔ་ནི་དང་ སོན་མ་གཏོར་བར་བསྡུཝ་ཨིན་མས། 25 དེ་འབདཝ་ལས་ང་ནཱ་ལུ་བལྟ་འདྲོགས་ཏེ་ ང་འགྱོ་སྦེ་ནཱ་གི་ ཏཱ་ལེན་འདི་སའི་དོང་ནང་སྦ་བཞག་ཅི་ ནཱ་ལུ་གཟིགས་ལགས་ ནཱ་གི་ ཏཱ་ལེན་འདི་ ལོག་སྟེ་བཞེས་ཟེར་ཞུ་ནུག 26 དེ་འབདཝ་ད་ སྦྱིན་བདག་གིས་ལན་ གཡོགཔོ་ངན་པ་སྒྱིད་ངན་ ཁྱོད་ཀྱིས་ ང་མི་ལཱ་ཁག་ལོ་ཐོག་མ་བཏབ་པར་བསྡུ་མི་དང་ སོན་མ་གཏོར་བར་བརྔཝ་ཨིནམ་ཤེས་པ་ཅིན། 27 ཁྱོད་ཀྱིས་ངེ་གི་ ཏཱ་ལེན་འདི་ག་ཅི་འབད་ དངུལ་ཁང་ནང་བཙུགས་མ་བཞགཔ་སྨོ་ དངུལ་ཁང་ནང་བཙུགས་བཞག་པ་ཅིན་ ང་ལོག་འོངམ་ད་ང་གིས་སྐྱེད་དང་གཅིག་ཁར་ལོག་ཐོབ། 28 ད་ཨ་ནི་གཡོགཔོ་དེ་ན་ལས་ ཏཱ་ལེན་གཅིགཔ་འདི་ལེན་ཏེ་ ཏཱ་ལེན་བཅུ་ཐམ་ཡོད་མི་དེ་ལུ་སྤྲོད་ཟེར་སླབ་ནུག 29 ག་ཅི་སྨོ་ཟེར་བ་ཅིན་ ག་ཡོད་མི་དེ་ལུ་ ད་རུང་ཁ་སྐོང་རྐྱབ་བྱིན་ནི་ཨིན་ དེ་ལས་ཁོ་ནང་ལུ་འབོལ་མཆིས་ཆི་སྦེ་སྡོད་འོང་ ག་མེད་མི་དེ་ནང་ལས་ ཡོད་མི་དེ་ཡང་ལེན་འབག་ནི་ཨིན། 30 ད་ཨ་ནི་གཡོགཔོ་གོ་མ་ཆོདཔ་འདི་ ཕྱི་ཁར་གྱི་གནག་དུང་ནང་ སྔུ་སྟེ་སོ་བརྡར་སྡོད་ས་ལུ་བཀོག་ཟེར་སླབ་ནུག་ཟེར་ཡེ་ཤུ་གིས་གསུངས་ནུག། 31 ད་རུང་ཡེ་ཤུ་གིས་ མིའི་བུ་རང་གི་གཟི་བརྗིད་ནང་ཕོ་ཉ་ག་ར་དང་གཅིག་ཁར་འོངམ་ད་ ཁོ་རང་གི་གཟི་བརྗིད་ཀྱི་ཁྲི་ཁར་སྡོད་འོང་། 32 དེ་ལས་མི་རིགས་ག་ར་ཁོ་གི་སྐུ་མདུན་ལུ་འཛོམས་ཏེ་ ལུག་རྫིཔ་གིས་ར་དང་ལུག་སོ་སོ་འཕྱལ་དོཝ་བཟུམ་སྦེ་ ཁོ་གིས་མི་ཚུ་ལུ་ཁག་སོ་སོ་སྦེ་དབྱེ་བ་ཕྱེ་འོང་། 33 ཁོ་གིས་ལུག་དེ་ཚུ་ཁོ་རང་གི་གཡས་ཁ་ཐུག་ལུ་དང་ ར་དེ་ཚུ་གཡོན་ཁ་ཐུག་ལུ་བཞག་འོང་། 34 དེ་ལས་རྒྱལཔོ་གིས་ གཡས་ཁ་ཐུག་ཡོད་མིའི་ལུག་དེ་ཚུ་ལུ་ ཁྱེད་ངེའི་ཡབ་ཀྱི་བྱིན་རླབས་ཐོབ་མི་དེ་ཚུ་ཤོག་ འཇིག་རྟེན་མཛད་པའི་བསྒང་ལས་ཁྱེད་ཆ་ཁྱབ་ཀྱི་དོན་ལུ་ གྲ་སྒྲིག་རྐྱབ་བཞག་མིའི་རྒྱལ་སྲིད་ཀྱི་བགོ་བཤའ་དེ་ལེན་པ་ཤོག 35 ག་ཅི་སྨོ་ཟེར་བ་ཅིན་ ང་ལྟོཝ་བཀྱེས་ཏེ་སྡོདཔ་ད་ཁྱེད་ཀྱིས་ང་ལུ་ལྟོ་བྱིན་ཡི་ ང་ཁ་སྐོམ་སྡོདཔ་ད་ཁྱེད་ཀྱིས་ཆུ་བྱིན་ཡི་ ང་ས་ཐག་རིང་ས་ལས་འོངམ་ད་ཁྱེད་ཀྱིས་གནསཔོ་བརྙའ་སྟེར་ཡི། 36 ང་གཟུགས་སྒྱེན་མོ་སྦེ་བགོ་ལ་མེད་པར་སྡོདཔ་ད་ ཁྱེད་ཀྱིས་ང་ལུ་བགོ་ལ་བྱིན་ཡི་ ང་ན་སྟེ་སྡོདཔ་ད་ཁྱེད་ཀྱིས་ང་ལུ་བལྟ་བ་འོངས་ཡི་ ང་བཙོན་ཁང་ནང་ལུ་ཚུད་སྡོདཔ་ད་ ཁྱེད་ཀྱིས་ང་ལུ་འཕྱད་པ་འོངས་ཡི་ཟེར་གསུང་འོང་། 37 དེ་ལས་ཆོས་སེམས་ཡོད་མི་ཚུ་གིས་ཁོ་ལུ་ གཙོ་བོ་ལགས་ ང་བཅས་ཀྱིས་ནཱ་ལུ་གསོལཝ་བསྙུངམ་ད་ གསོལ་ཚོགས་དང་ཞལ་སྐོམ་ད་བཏུང་བ་ནམ་དྲངས་ཡི་ག། 38 ནཱ་ས་ཐག་རིང་ས་ལས་འབྱོནམ་ད་ ང་བཅས་ཀྱིས་ཁྱིམ་ནང་ནམ་གདན་འདྲེན་ཞུ་ཡི་ག་ དེ་ལས་ནཱ་ལུ་ན་བཟའ་མེདཔ་ད་ ང་བཅས་ཀྱིས་ན་བཟའ་ནམ་ཕུལ་ཡི་ག། 39 ད་རུང་སྐུ་བསྙུངམ་ད་ ཡང་ན་བཙོན་ཁང་ནང་བཞུགསཔ་ད་ ནམ་ང་བཅས་ཀྱིས་ནཱ་ལུ་མཇལ་བ་འོངས་ཡི་ག་ཟེར་ཞུཝ་ད། 40 རྒྱལཔོ་གིས་ལན་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁྱེད་ཀྱིས་སྤུན་ཆ་ཉམ་ཆུང་ཚུ་ལུ་འབད་མི་དེ་ཚུ་ ང་ལུ་འབདཝ་ཨིན་ཟེར་གསུངས་སྦེ། 41 དེ་ལས་རྒྱལཔོ་གིས་གཡོན་ཁ་ཐུག་སྡོད་མི་ཚུ་ལུ་ ཁྱེད་ཆ་ཁྱབ་ང་ལས་ཐག་རིང་སར་སོང་ ཁྱེད་ཆདཔ་ཐོབ་མི་ཚུ་ ནམ་ཡང་ཤི་ནི་མེད་པའི་མེ་ བདུད་དང་ཁོ་གི་ཕོ་ཉ་ཚུ་གི་དོན་ལུ་ གྲ་སྒྲིག་རྐྱབ་བཞག་ཡོད་མི་དེ་ནང་སོང་། 42 ཁྱེད་ཀྱིས་ང་ལྟོཝ་བཀྱེས་རུང་ བཞེས་སྒོ་མ་བྱིན་ ཁ་སྐོམ་རུང་ ཁྱེད་ཀྱིས་ང་ལུ་འཐུང་ནི་གི་ཆུ་ཡང་མ་བྱིན། 43 ང་ས་ཐག་རིང་ས་ལས་འོང་རུང་ ཁྱེད་ཀྱི་ཁྱིམ་ནང་ལུ་གནསཔོ་བརྙའ་མ་སྟེར་ ང་གཟུགས་སྒྱེན་མོ་སྦེ་བགོ་ལ་མེད་པར་སྡོད་རུང་ ཁྱེད་ཀྱིས་ང་ལུ་བགོ་ལ་མ་བྱིན་ ང་ན་སྟེ་སྡོདཔ་ད་ དེ་ལས་བཙོན་ཁང་ནང་སྡོད་རུང་ ཁྱེད་ཀྱིས་ང་ལུ་བལྟ་བ་མ་འོང་ཟེར་གསུང་འོང་། 44 ཁོང་གིས་ཡང་ལན་ གཙོ་བོ་ལགས་ ང་བཅས་ཀྱིས་ནཱ་ལུ་གསོལཝ་སྨྱུང་ས་དང་ ཞལ་སྐོམ་ས་ ས་ཐག་རིང་ས་ལས་བྱོན་ས་ ན་བཟའ་མེད་པར་བཞུགས་ས་ སྐུ་བསྙུང་སྟེ་བཞུགས་ས་ བཙོན་ཁང་ནང་ལུ་བཞུགས་ས་ང་བཅས་ཀྱིས་ནམ་ཡང་མ་མཇལ་ཟེར་ཞུ་འོང་། 45 དེའི་ལན་ལུ་རྒྱལཔོ་གིས་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཨ་ནི་ཉམ་ཆུང་ཚུ་གི་གྲལ་ཁ་ལས་ག་ལུ་ཡང་ལེགས་ཤོམ་མ་འབད་མི་དེ་ ང་ལུ་ཡང་ལེགས་ཤོམ་མ་འབདཝ་ཨིན་ཟེར་གསུང་འོང་། 46 དེ་ལས་ཁོང་ལུ་མཐའ་མེད་པའི་ཉེས་ཁྲིམས་ཕོག་སྟེ་སྡོད་འོང་ དེ་འབདཝ་ད་ ཆོས་སེམས་ཡོད་མི་དེ་ཚུ་ མཐའ་མེད་པའི་ཚེ་ནང་ལོངས་སྤྱོད་དེ་སྡོད་འོང་ཟེར་ཡེ་ཤུ་གིས་གསུངས་ནུག།
1 ཡེ་ཤུ་གིས་ལོ་རྒྱུས་དེ་ཚུ་ག་ར་གསུངས་ཚརཝ་ད་ ད་རུང་ཁོ་རང་གི་སློབ་མ་ཚུ་ལུ། 2 ཉིནམ་གཉིས་ཀྱི་ཤུལ་ལས་ ཤི་ས་ལས་ཐར་བའི་ཉིནམ་གི་དུས་ཆེན་ཨིནམ་ཁྱེད་ཀྱིས་ཤེས་ དེའི་སྐབས་ མིའི་བུ་ཁྲམ་ཤིང་གུ་བསད་ནི་སྦེ་ དགྲ་གི་ལག་པར་སྤྲོད་འོང་ཟེར་གསུངས་ནུག 3 དེའི་སྐབས་ལུ་མཁན་ཆེན་ ཀའི་ཡ་ཕཱས་ཀྱི་གཟིམ་ཅུང་ནང་ བླ་ཆེན་དང་མི་དམངས་ཀྱི་འགོ་དཔོན་དེ་ཚུ་གཅིག་ཁར་འཛོམས་ཏེ། 4 ཁོང་ཆ་ཁྱབ་ཀྱིས་ ཡེ་ཤུ་གསང་བ་གི་ཐོག་ལས་སྦེ་བཟུང་ཞིནམ་ད་ ཁོ་ལུ་བཀྲོང་ནི་གི་ཐབས་ཤེས་འགྱིར་ནུག 5 དེ་འབདཝ་ད་ ཁོང་ཆ་ཁྱབ་ཀྱིས་ དུས་ཆེན་གྱི་སྐབས་ལུ་བཟུང་ནི་མི་འོང་ ག་ཅི་སྨོ་ཟེར་བ་ཅིན་ མི་དམངས་ཀྱི་སྦུག་ལུ་བྱེལཝ་ལང་འོང་ཟེར་སླབ་ནུག། 6 ཉིནམ་གཅིག་གི་ཚེ་ཡེ་ཤུ་ བེ་ཐ་ནི་ཡ་ལུ་ ཧེ་མ་མཛེ་ནད་ན་མི་ སི་མཱོན་གྱི་ཁྱིམ་ནང་ལུ། 7 ཚོགས་བཞེས་བཞུགསཔ་ད་ ཨམ་སྲུ་གཅིག་གིས་ རིན་གོང་ཆེ་བའི་དྲི་བཟང་གི་མར་ཁུ་ རྡོ་ཀ་མ་རུའི་དམ་སྦྱིས་ནང་འབག་འོངས་ཏེ་ ཡེ་ཤུ་གི་དབུའི་གུ་དབུར་ཕུལ་ནུག 8 སློབ་མ་ཚུ་གིས་དེ་མཐོངམ་ད་ཁོང་ཙིགཔ་ཟ་སྟེ་ ག་ཅི་འབད་མར་ཁུ་དེ་སྦེ་འབད་དེ་ ཆུད་ཟོས་བཏངམ་ཨིན་ན། 9 མོ་གིས་དྲི་བཟང་གི་མར་ཁུ་འདི་ རིན་གོང་སྦོམ་སྦེ་བཙོང་ཞིནམ་ད་ མི་སྤྱང་ཀ་ལུ་བྱིན་པ་ཅིན་ དེ་ལེགས་ཤོམ་ཨིན་ཟེར་སླབ་ནུག 10 ཁོང་གིས་སླབ་མི་དེ་ཡེ་ཤུ་གིས་མཁྱེན་ཏེ་ཁོང་ལུ་ ཁྱེད་ཀྱིས་ག་ཅི་འབད་མོ་ལུ་དཀྲོགསཔ་སྨོ་ མོ་གིས་ང་ལུ་འབད་མི་འདི་ལཱ་ལེགས་ཤོམ་ཨིན། 11 མི་སྤྱང་ཀ་ཚུ་དུས་རྒྱུན་དུ་ཁྱེད་དང་གཅིག་ཁར་སྡོད་འོང་ ཁོང་ལུ་ནམ་ར་འབད་རུང་ཆ་རོགས་འབད་ཚུགས་ དེ་འབདཝ་ད་ ང་ཁྱེད་དང་གཅིག་ཁར་དུས་ཡུན་ལེ་ཤ་སྡོད་ནི་མེད། 12 མོ་གིས་དྲི་བཟང་གི་མར་ཁུ་ ངེ་གི་གཟུགས་ཁར་ལུ་དབུརཝ་ད་ མོ་གིས་ང་དུར་ཁུང་ནང་ལུ་བཙུགས་ནི་གི་གྲ་སྒྲིག་རྐྱབ་ཨིན། 13 ང་གིས་ཁྱེད་ལུ་དོན་ལས་རང་སླབ་དོ་ འཛམ་གླིང་གི་ས་ཕྱོགས་ག་ཏེ་ལུ་ཡང་གཏམ་བཟང་དེ་བཤདཔ་ད་ མོ་གིས་ག་འབད་མི་འདི་ ག་ར་གིས་སེམས་ཁར་དྲན་ཏེ་སླབ་འོང་ཟེར་གསུངས་ནུག། 14 དེ་ལས་ཁོང་སློབ་མ་བཅུ་གཉིས་ཀྱི་གྲལ་ཁ་ལས་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་དེ་གིས་ བླ་ཆེན་ཚུ་བཞུགས་སར་བཅར་ཏེ། 15 ང་གིས་ཡེ་ཤུ་ཁྱེད་ལུ་རྩིས་ཕུལ་བ་ཅིན་ ཁྱེད་ཀྱིས་ང་ལུ་ག་ཅི་བྱིན་འོང་ག་ཟེར་ཞུཝ་ད་ ཁོང་གིས་དངུལ་གྱི་ཏི་རུ་ ཁལ་ཕྱེད་དང་གཉིས་བྱིན་གེ་ཟེར་ཁ་ཚིག་བཟོ་ནུག 16 དེའི་ཚེ་ལས་ཁོ་གིས་ཡེ་ཤུ་ལུ་ དགྲ་གི་ལག་པར་སྤྲོད་ནི་གི་གོ་སྐབས་ལེགས་ཤོམ་གཅིག་ བལྟ་སྡོད་ནུག། 17 ཉིནམ་དང་པ་བུལ་ཏོག་མེད་པའི་ཏད་ཟས་ཀྱི་དུས་ཆེན་ལུ་ སློབ་མ་ཚུ་ཡེ་ཤུ་བཞུགས་སར་བཅར་ཏེ་ ནཱ་གི་དོན་ལུ་ཤི་ས་ལས་ཐར་བའི་ཉིནམ་གི་ཚོགས་ཀྱི་གྲ་སྒྲིག་ག་ཏེ་ལུ་བརྐྱབ་ནི་སྨོ་ཟེར་ཞུཝ་ད། 18 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་ཕར་ཁྲོམ་ཁར་ མི་གཅིག་སྡོད་སར་སོང་སྟེ་ སློབ་དཔོན་གྱིས་ ངེ་གི་དུས་ཚོད་འདི་ནཱ་སྦོ་ལོགས་ཁར་ལྷོད་ཅི་ ངེ་གི་སློབ་མ་ཚུ་དང་གཅིག་ཁར་ ཤི་ས་ལས་ཐར་བའི་ཚོགས་སྟོན་འདི་ ཁྱོད་ཀྱི་ཁྱིམ་ནང་ལུ་འབད་ནི་ཨིན་ཟེར་སླབ་ཟེར་གསུངས་ནུག 19 དེ་ལས་ཁོང་སློབ་མ་ཚུ་གིས་ཡང་ ཡེ་ཤུ་གིས་བཀའ་གནང་དོཝ་བཟུམ་སྦེ་རང་འབད་དེ་ ཤི་ས་ལས་ཐར་བའི་ཉིནམ་གི་དུས་ཆེན་གྱི་དོན་ལུ་ ཚོགས་ཀྱི་གྲ་སྒྲིག་བརྐྱབས་ནུག 20 དེ་ཚེ་ཕྱི་རུ་ ཡེ་ཤུ་ཁོང་སློབ་མ་ཚུ་དང་གཅིག་ཁར་ ཚོགས་བཞེས་ནི་སྦེ་བཞུགས་ནུག 21 དེ་ལས་ཁོང་ཚོགས་བཞེས་པའི་བསྒང་ལུ་ཡེ་ཤུ་གིས་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་དོ་ ཁྱེད་ཀྱི་སྦུག་ལས་གཅིག་གིས་ང་ལུ་ ངོ་ལོག་བརྐྱབ་འོང་ཟེར་གསུངསམ་ད། 22 ཁོང་སློབ་མ་ཚུ་སེམས་གནམ་མེད་ས་མེད་སྐྱོ་སྟེ་ སློབ་མ་རེ་རེ་བཞིན་གྱིས་ གཙོ་བོ་ལགས་ དོན་ལས་རང་ ང་ལུ་གསུངསམ་མེན་ན་ཟེར་ཞུ་ནུག 23 དེའི་ལན་ལུ་ཡེ་ཤུ་གིས་ ད་ལྟོ་ང་དང་གཅིག་ཁར་ ཧོད་ནང་ལགཔ་རྐྱབ་མི་དེ་གིས་ ང་ལུ་ངོ་ལོག་བརྐྱབས་ཏེ་དགྲ་གི་ལག་པར་སྤྲོད་འོང་། 24 མིའི་བུ་ཁོ་རང་གི་སྐོར་ལས་བྲིས་བཞག་དོཝ་བཟུམ་སྦེ་ འགྱོ་དགོཔ་ཨིན་ དེ་འབདཝ་ད་ མིའི་བུ་ལུ་ ངོ་ལོག་རྐྱབ་མི་འདི་ ག་དེ་ཅིག་ལཱ་ཁག་བརྐྱབ་ནི་སྨོ་ མི་འདི་སྐྱེས་ར་མ་སྐྱེས་བ་ཅིན་ ལེགས་ཤོམ་སོང་ནུག་ཟེར་གསུངས་ནུག 25 དེ་ལས་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཀྱིས་ རབ་བི་ལགས་ དོན་ལས་རང་ ང་ལུ་གསུངསམ་མེན་ན་ཟེར་ཞུཝ་ད་ དེའི་ལན་ལུ་ཡེ་ཤུ་གིས་ ཁྱོད་རང་གིས་སླབ་དོཝ་བཟུམ་སྦེ་རང་ཨིན་ཟེར་གསུངས་ནུག 26 དེ་ལས་ཁོང་ཚོགས་བཞེས་པའི་བསྒང་ཡེ་ཤུ་གིས་ ཏད་ཟས་ཕྱག་ལུ་བསྣམས་སྦེ་ བཀའ་དྲིན་ཆེ་ཟེར་ཞུ་ཞིནམ་ད་ བཅགས་སྦེ་ སློབ་མ་ཚུ་ལུ་གནང་སྟེ་ ཨ་ནི་ངེ་གི་གཟུགས་ཨིན་ ལེན་ཏེ་ཟ་ཟེར་གསུངས་སྦེ། 27 བཞེས་ཆ་འདི་ཕྱག་ལུ་བསྣམས་ཏེ་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་སྦེ་ ཁོང་ལུ་གནང་སྟེ་ ཁྱེད་ག་ར་འདི་ནང་ལས་འཐུང་། 28 ཨ་ནི་བཞེས་ཆ་ནང་ཡོད་མི་ཁྲག་དེ་ དཀོན་མཆོག་གི་ཞལ་འཆེས་གསརཔ་འདི་ཨིན་ ངེ་གི་ཁྲག་དེ་ མི་སེར་ལེ་ཤ་གི་སྡིག་པ་བཀའ་དྲིན་བསྐྱང་ནིའི་དོན་ལུ་བླུག་བླུགཔ་ཨིན། 29 ང་གིས་ཁྱེད་ལུ་སླབ་དོ་ ཁྱེད་དང་གཅིག་ཁར་ངེ་གི་ཡབ་ཀྱི་རྒྱལ་སྲིད་ནང་ རྒུན་འབྲུམ་ཆང་གསརཔ་དེ་མ་འཐུང་ཚུན་ཚོད་ ང་གིས་ཆང་འདི་ད་རུང་མི་འཐུང་ཟེར་གསུངས་ནུག 30 དེ་ལས་ཁོང་གིས་གླུ་དབྱངས་ཀྱི་མགུར་མ་གཅིག་འཐེན་ཚརཝ་ད་ ཁོང་ཨ་རུ་ར་ཤིང་གི་སྒང་ལུ་བྱོན་ནུག། 31 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ད་རེས་ཕྱི་རུ་རང་ཁྱེད་ཆ་ཁྱབ་ཀྱིས་ ང་ལུ་སྤངས་ཏེ་འགྱོ་འོང་ ག་ཅི་སྨོ་ཟེར་བ་ཅིན་ གསུང་རབ་ནང་དེ་སྦེ་བྲིས་ཏེ་ཡོད། ང་གིས་ལུག་རྫིཔ་ལུ་བསད་ནི་ཨིན་ དེ་ལས་ལུག་ཚུ་ག་ར་ཁ་གཏོར་གཏང་འོང་ཟེར་ གསུངསམ་བཟུམ་སྦེ་རང་འབྱུང་ནི་ཨིན། 32 དེ་འབདཝ་ད་ ང་ཤི་ས་ལས་གསོན་པོ་སྦེ་ལྷོང་གནངམ་ད་ ང་ཁྱེད་ཀྱི་ཧེ་མ་ལས་ ག་ལི་ལི་ལུ་འགྱོ་ནི་ཨིན་ཟེར་གསུངསམ་ད། 33 དེའི་ལན་ལུ་ པེ་ཏྲོ་གིས་ ཁོང་ག་ར་གིས་ནཱ་ལུ་སྤངས་ཏེ་འགྱོ་རུང་ ང་གིས་རྩ་ལས་རང་མི་སྤང་ཟེར་ཞུ་ནུག 34 དེ་ལས་ཡེ་ཤུ་གིས་ ང་གིས་ཁྱོད་ལུ་དོན་ལས་རང་སླབ་ཨིན་ ད་རེས་ཕྱི་རུ་རང་བྱ་པོད་མ་འབོ་པའི་ཧེ་མ་ལས་ ཁྱོད་ཀྱིས་ཚར་གསུམ་ ང་ལུ་ངོ་མི་ཤེས་ཟེར་སླབ་འོང་ཟེར་གསུངས་ནུག 35 དེ་འབདཝ་ད་ པེ་ཏྲོ་གིས་ ང་ནཱ་དང་མཉམ་གཅིག་ཤི་དགོཔ་ཐལ་རུང་ ང་ནཱ་ལུ་ངོ་མི་ཤེས་ཟེར་རྩ་ལས་རང་མི་སླབ་ཟེར་ཞུཝ་ད་ ཁོ་བཟུམ་སྦེ་རང་སློབ་མ་ཚུ་ག་ར་གིས་དེ་སྦེ་ཞུ་ནུག། 36 དེ་ལས་ཡེ་ཤུ་ཁོ་རང་གི་སློབ་མ་ཚུ་དང་གཅིག་ཁར་ གཱེད་སེ་མ་ནི་ཟེར་མི་ལྡུམ་ར་ལུ་བྱོན་ཏེ་ ཡེ་ཤུ་གིས་ཁོང་སློབ་མ་ཚུ་ལུ་ ཁྱེད་ཆ་ཁྱབ་ཨ་ནཱ་ལུ་སྡོད་ ང་ཨ་ཕར་ལུ་འགྱོ་ཞིནམ་ད་ སྨོན་ལམ་ཞུ་ནི་ཨིན་ཟེར་གསུངས་སྦེ། 37 ཁོ་གིས་ པེ་ཏྲོ་དང་ ཟེ་བེ་དི་གི་བུ་གཉིས་ཡང་ ཁོ་དང་གཅིག་ཁར་འཁྱིད་དེ་བྱོན་ནུག་ དེ་ལས་ཁོ་ཐུགས་འཁྲུགས་ནི་དང་ སྡུག་བསྔལ་བཞེས་ཏེ། 38 ཁོ་གིས་ཁོང་ལུ་ ངེ་གི་སེམས་སྡུག་བསྔལ་གྱིས་གདུངས་ཏེ་ དོན་ཧིང་ཡང་འགས་ཏེ་ཤི་ནི་བཟུམ་ལུ་ཐུག་ཅི་ ཁྱེད་ནཱ་ང་དང་གཅིག་ཁར་དྲན་པ་བཏོན་ཏེ་སྡོད་ཟེར་གསུངས་སྦེ། 39 ཁོ་ཨ་ཙི་ཕར་བྱོན་ཞིནམ་ད་ ཕྱག་འཚལ་ཏེ་ཞལ་མར་གུག་སྟེ་ སྨོན་ལམ་དེ་སྦེ་ཞུ་ནུག་ ཀྱེ་ངེ་གི་ཡབ་ག་དེམ་ཅིག་སྦེ་ཐབས་ཤེས་ཡོད་པ་ཅིན་ ཨ་ནི་སྡུག་བསྔལ་གྱི་ཕོརཔ་འདི་ ངེ་གི་གུ་ལས་འཐུ་བསྣམས་གནང་ མ་གཞི་ངེ་གི་འདོད་པ་ལྟར་དུ་འབད་དགོ་ཟེར་ཞུཝ་མེན་ ཨིན་རུང་ ནཱ་གི་ཐུགས་དགོངས་དང་འཁྲིལ་ཏེ་མཛད་གནང་ཟེར་ཞུ་སྦེ། 40 ཁོ་སློབ་མ་ཚུ་ཡོད་སར་ལོག་འབྱོནམ་ད་ ཁོང་ག་ར་གཉིད་ལོག་སྡོད་ས་གཟིགས་ཏེ་ ཡེ་ཤུ་གིས་ པེ་ཏྲོ་ལུ་ཁྱེད་ཀྱིས་ཆུ་ཚོད་གཅིག་ཡང་གཉིད་མ་ལོག་པར་ ང་དང་གཅིག་ཁར་སྡོད་མི་ཚུགས་པས་ག། 41 གཉིད་མ་ལོག་པར་སྨོན་ལམ་བཏབ་སྟེ་སྡོད་ དེ་ལས་ཁྱེད་རང་བར་ཆད་ནང་མི་ཚུད་ སེམས་ཀྱིས་འབད་དགོ་མནོ་རུང་ ལུས་ཀྱི་རང་བཞིན་དེ་ཉག་ཕྲ་སི་སི་ཨིན་མས་ཟེར་གསུངས་ནུག 42 ད་རུང་ཐེངས་གཉིས་པ་ སྨོན་ལམ་ཞུ་བ་བྱོན་ཏེ་ ཡེ་ཤུ་གིས་ ཀྱེ་ངེ་གི་ཡབ་ག་དེམ་ཅིག་སྦེ་ ཨ་ནི་ཕོརཔ་འདི་ནང་ལས་ ང་གིས་མ་འཐུང་པར་ཐར་མ་ཚུགས་པ་ཅིན་ ནཱ་གི་ཐུགས་དགོངས་བཞིན་དུ་གྲུབ་བཅུག་ཟེར་སྨོན་ལམ་ཞུ་ནུག 43 ད་རུང་ཡེ་ཤུ་ལོག་འབྱོནམ་ད་ ཁོང་སློབ་མ་ཚུ་གཉིད་ལོག་སྡོད་ས་གཟིགས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གཉིད་སྡུག་བརྐྱབས་ཏེ་ འབད་མ་ཚུགསཔ་ཨིན་མས། 44 དེ་ལས་ཁོང་དེ་སྦེ་རང་བཞག་སྦེ་ ཁོ་ལོག་སྟེ་ཐེངས་གསུམ་པ་གི་སྨོན་ལམ་ཞུ་བ་བྱོན་ཏེ་ ད་རུང་ཧེ་མ་བཟུམ་སྦེ་རང་སྨོན་ལམ་ཞུ་ནུག 45 དེ་ལས་ཡེ་ཤུ་སློབ་མ་ཚུ་ཡོད་སར་ལོག་བྱོན་སྦེ་ཁོང་ལུ་ ཁྱེད་ད་ལྟོ་ཡང་གཉིད་ལོག་སྟེ་ངལ་འཚོ་སྡོད་ཡོད་ག་ ད་བལྟ་ཞིག་ མིའི་བུ་ མི་སྡིག་ཅན་ཚུ་གི་ལག་པར་སྤྲོད་ནི་གི་དུས་ཚོད་རན་ཆི་ཡི། 46 ད་ཡར་ལོངས་ཤིག་ ང་བཅས་འགྱོ་གེ་ ང་ལུ་ངོ་ལོག་རྐྱབ་མི་དེ་ ནཱ་ལྷོད་ཅི་ཟེར་གསུངས་ནུག། 47 དེ་ལས་ཡེ་ཤུ་གིས་དེ་སྦེ་གསུངས་བཞུགས་པའི་བར་ན་ ཁོང་སློབ་མ་བཅུ་གཉིསཔ་གི་གྲལ་ཁ་ལས་ ཡུ་དཱས་ཟེར་མི་དེ་དང་གཅིག་ཁར་ བླ་ཆེན་དང་མི་དམངས་ཀྱི་འགོ་དཔོན་ཚུ་གིས་བཏང་མིའི་མི་དམངས་ མཚོན་ཆ་སྒྲོ་གཟུགསམ་དང་རྟས་ཐག་འབག་སྟེ་འོངས་ནུག 48 ངོ་ལོགཔ་འདི་གིས་མི་དམངས་ལུ་ ང་གིས་ག་ལུ་འུ་བཀལ་མི་དེ་བཟུང་ནི་ཨིན་ཟེར་ ཧེ་མ་ལས་ངོ་རྟགས་གཅིག་སྟོན་བྱིན་ཚར་ནུག 49 དེ་གིས་འབད་ ཡུ་དཱས་ལྡུམ་ར་ནང་ལྷོདཔ་ཅིག་ ཁོ་རང་ཧེ་མ་ཐོན་འོངས་ཏེ་ ཁོ་གིས་ཡེ་ཤུ་ལུ་ རབ་བི་ སྐུ་གཟུགས་བཟང་པོ་ལགས་ཟེར་ཞུ་སྟེ་ འུ་ཕུལ་ནུག 50 ཡེ་ཤུ་གིས་ཁོ་ལུ་ དབའེ་ལྟོ་ཚང་ ཁྱོད་ནཱ་ག་ཅི་འབད་ནི་སྦེ་འོངམ་ཨིན་ན་ འདི་འབད་ཟེར་གསུངསམ་ད་ མི་དམངས་ཚུ་གདོང་ཁར་ཐོན་འོང་སྦེ་ ཡེ་ཤུ་ལུ་འཛིན་བཟུང་འབད་ནུག 51 དེ་ལས་ཡེ་ཤུ་གི་ཕྱག་ཞུ་མི་ཚུ་གི་གྲལ་ཁ་ལས་གཅིག་གིས་ སྒྲོ་གཟུགསམ་འབལ་ཏེ་ མཁན་ཆེན་གྱི་གཡོགཔོ་གཅིག་གི་གུ་བརྐྱབས་ཏེ་ རྣམ་ཅོག་བཏོགས་བཏང་ནུག 52 ཡེ་ཤུ་གིས་ཁོ་ལུ་ སྒྲོ་གཟུགསམ་ཕར་ལོག་ ཤུབས་ནང་བཙུགས་ཤིག་ ག་ཅི་སྨོ་ཟེར་བ་ཅིན་ སྒྲོ་གཟུགསམ་བཤེད་མི་དེ་ མཐའ་མ་སྒྲོ་གཟུགསམ་གིས་རང་ཤི་འོང་ཟེར་གསུངས་ནུག 53 ཁྱེད་ཀྱིས་འབད་བ་ཅིན་ ང་གིས་ཡབ་ལུ་ཆ་རོགས་ཞུ་བ་ཅིན་ ཁོ་གིས་དེ་འཕྲོ་ལས་ཕོ་ཉ་གི་དམག་དཔུང་བཅུ་གཉིས་ལས་ལྷགཔ་སྦེ་གཏང་མི་གནང་ག། 54 དེ་འབདཝ་ད་ ང་གིས་དེ་བཟུམ་སྦེ་འབད་བ་ཅིན་གསུང་རབ་ནང་ ཨིན་ཅི་མིན་ཅི་ཨ་ནི་བཟུམ་སྦེ་རང་དོན་དག་ཚུ་འགྲུབ་དགོ་ཟེར་ བྲིས་མི་དེ་ག་དེ་སྦེ་འགྲུབ་ཚུགས་ནི་སྨོ། 55 དེ་ལས་ཡེ་ཤུ་གིས་མི་དམངས་ལུ་ ཁྱེད་ཀྱིས་ང་ལུ་ཨརཝ་བཟུང་པ་འོང་དོཝ་བཟུམ་སྦེ་ སྒྲོ་གཟུགསམ་དང་རྟས་ཐག་འབག་སྟེ་འོངམ་ཨིན་ན་ ང་ཉིནམ་རེ་འཆར་རང་ མཆོད་ཁང་ནང་ཆོས་སྟོན་ཏེ་སྡོད་རུང་ ཁྱེད་ཀྱིས་ང་བཟུང་བ་མ་འོང་། 56 དེ་འབདཝ་ད་ དེ་ཚུ་ག་ར་ཧེ་མ་ལས་ ལུང་སྟོན་པ་ཚུ་གིས་གསུང་རབ་ནང་བྲིས་བཞག་མི་ལུང་བསྟན་དེ་ཚུ་ རིམ་པ་བཞིན་དུ་འགྲུབ་ནི་གི་དོན་ལུ་ཨིན་མས་ཟེར་གསུངས་ནུག་ དེ་ལས་སློབ་མ་ག་ར་གིས་ཡེ་ཤུ་ བཀོག་བཞག་སྦེ་འབྱོག་ཡར་སོང་ནུག། 57 ཡེ་ཤུ་ལུ་འཛིན་བཟུང་འབད་མི་ཚུ་གིས་ ཁོ་ལུ་ཡར་མཁན་ཆེན་ ཀའི་ཡ་ཕཱས་བཞུགས་སར་འཁྱིད་སོང་ནུག་ དེ་ཁར་ཁོང་བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་དང་ མི་དམངས་ཀྱི་འགོ་དཔོན་ཆ་ཁྱབ་གཅིག་ཁར་འཛོམས་བཞུགས་ནུག 58 དེ་འབདཝ་ད་ པེ་ཏྲོ་ཨ་ཙི་ཐག་རིང་ས་ལས་སྦེ་ ཡེ་ཤུ་གི་རྟིང་བདའ་སྟེ་ ཡེ་ཤུ་ལུ་ག་དེ་སྦེ་འབད་འོང་ག་བལྟ་ནི་སྦེ་ མཁན་ཆེན་གྱི་གཟིམ་ཅུང་སྒོ་ར་སྒོའི་ནང་ན་འཛུལ་སྦེ་ སྲུང་རྒྱབ་ཚུ་དང་གཅིག་ཁར་སྡོད་ནུག 59 དེ་ཁར་བླ་ཆེན་ཚུ་དང་ ལྷན་ཚོགས་ཀྱི་འཐུས་མི་གཅིག་ཁར་འཛོམས་ཏེ་ ཡེ་ཤུ་བཀྲོང་ནིའི་དོན་ལུ་ ཤོབ་བརྐྱབས་ཏེ་འཛོམ་དཔང་འབད་མི་འཚོལ་ནུག 60 དེ་འབདཝ་ད་ ཤོབ་བརྐྱབས་ཏེ་འཛོམ་དཔང་འབད་མི་ལེ་ཤ་ཐོན་རུང་ ཁོང་གིས་ཡེ་ཤུ་ལུ་ཉེས་པ་དང་སྐྱོན་རྩ་ལས་རང་ཐོབ་མ་ཚུགས་པས་ མཐའན་མཇུག་ལུ་མི་གཉིས་ཐོན་འོངས་ཏེ། 61 ཨ་ནི་མི་དེ་གིས་ ང་གིས་དཀོན་མཆོག་གི་མཆོད་ཁང་འདི་ མར་བརྡལ་ཞིནམ་ད་ཉིནམ་གསུམ་གྱི་ནང་འཁོད་ ང་གིས་ཨ་རྟག་ག་ཨིནམ་སྦེ་ལོག་སྟེ་ བརྐྱབ་ཚུགས་ཟེར་སླབ་ཅི་ཟེར་ཁོང་གིས་ཞུ་ནུག 62 དེ་ལས་ལྷན་ཚོགས་ཀྱི་མཁན་ཆེན་འདི་གིས་ ཡར་བཞེངས་ཏེ་ཡེ་ཤུ་ལུ་ ཁོང་གིས་ཁྱོད་ལུ་འཛོམ་དཔང་འབད་དེ་ སླབ་མི་དེ་ལུ་ཁྱོད་ཀྱི་ཁ་ཐུག་ལས་ ལན་ག་ནི་ཡང་སླབ་ནི་མེད་ག་ ཁོང་གིས་སླབ་མི་དེ་རྒྱུ་མཚན་ག་ཅི་སྨོ་ཟེར་གསུངས་ནུག 63 དེ་འབདཝ་ད་ ཡེ་ཤུ་གིས་ལན་ག་ནི་ཡང་མ་གསུངས་པར་ ཁུ་སིམ་སི་སྦེ་བཞུགས་ནུག་ མཁན་ཆེན་གྱིས་ཡེ་ཤུ་ལུ་ ང་གིས་ཁྱོད་ལུ་གསོན་པོའི་དཀོན་མཆོག་གི་མཚན་ནང་སླབ་དོ་ ཁྱོད་དོན་ལས་རང་དཀོན་མཆོག་གི་སྲས་ཁིརཱིས་ཨིན་ན་མེན་ན་ ང་བཅས་ལུ་སླབ་ཟེར་གསུངསམ་ད། 64 ཡེ་ཤུ་གིས་ ཁྱོད་རང་གིས་གསུངས་དོཝ་བཟུམ་སྦེ་རང་ཨིན་ ང་གིས་ཁྱེད་ཆ་ཁྱབ་ལུ་ཞུཝ་ཨིན་ ཉིནམ་གཅིག་ མིའི་བུ་འདི་ ཀུན་དབང་གི་ཕྱག་གཡས་ཁ་ཐུག་སྡོད་ནི་ཨིནམ་མ་ཚད་ ནམ་མཁའི་ས་སྨུག་ནང་འོང་ས་ ཁྱེད་ཀྱིས་མཐོང་འོང་ཟེར་གསུངས་ནུག 65 དེ་ལས་མཁན་ཆེན་འདི་གིས་ ཁོ་རང་གི་ན་བཟའ་སྤེད་དེ་ ཁོ་གིས་ག་དེམ་ཅིག་ དཀོན་མཆོག་ལུ་དབུ་འཕང་སྨད་དེ་སླབ་སྨོ་ ད་ང་བཅས་ལུ་འཛོམ་དཔང་གཞན་འཚོལ་དགོཔ་མེད་ བལྟ་ཞིག་ ཁོ་གིས་དབུ་འཕང་སྨད་དེ་སླབ་ས་ ད་ལྟོ་ཁྱེད་ག་ར་གིས་གོ་ཡི། 66 ད་ཁྱེད་ཆ་ཁྱབ་ཀྱི་སེམས་ཁར་ ག་དེ་སྦེ་མནོཝ་སྨོ་ཟེར་གསུངསམ་ད་ ཁོང་ཆ་ཁྱབ་ཀྱིས་ ཁོ་ལུ་ཉེས་ཁྲིམས་ཤི་དགོཔ་ཨིན་ཟེར་སླབ་ནུག 67 དེ་ལས་ཁོང་གིས་ཡེ་ཤུ་གི་ཞལ་ལུ་ཚིལ་མ་གཏོར་ཏེ་ མཛོག་གིས་ཡང་བརྡུངསམ་མ་ཚད་ གཞན་ཚུ་གིས་ལྡན་ལྕག་དྲང་སྟེ། 68 ཁིརཱིས་ ནཱ་ལུ་དྲངས་མི་ག་སྨོ་ ང་བཅས་ལུ་གསུངས་ཟེར་སླབ་ནུག། 69 པེ་ཏྲོ་ཕྱི་ཁར་རྡོ་གཅལ་གྱི་སྦུག་ལུ་སྡོདཔ་ད་ གཡོགམོ་བུམོ་གཅིག་འོངས་ཏེ་ ཁྱོད་ཡང་ ག་ལི་ལི་ལས་འོང་མི་ ཡེ་ཤུ་དང་གཅིག་ཁར་འདུག་ཟེར་སླབ་ནུག 70 དེ་འབདཝ་ད་ ཁོ་གིས་མི་ག་ར་གི་སྦུག་ལུ་ ཁྱོད་ཀྱིས་ག་ཅི་གི་སྐོར་ལས་སླབ་ཨིན་ན་ ང་གིས་མི་ཤེས་ཟེར་ཤོབ་བརྐྱབས་ཏེ་སླབ་ནུག 71 དེ་ལས་ཁོ་སྒོ་ར་སྒོ་ཁར་ལུ་སོང་སྦེ་སྡོདཔ་ད་ གཡོགམོ་བུམོ་གཞན་གཅིག་གིས་ཁོ་མཐོང་སྟེ་ དེ་ཁར་མི་ག་ར་གི་གདོང་ཁར་ལུ་མོ་གིས་ ཨ་ནི་མི་འདི་ཡང་ ན་ཟ་རཱེད་ལས་འོང་མི་ ཡེ་ཤུ་དང་མཉམ་གཅིག་སྡོད་མི་ཨིན་ཟེར་སླབ་ནུག 72 ད་རུང་ཁོ་གིས་མནའ་འབོ་ཤོབ་བརྐྱབས་ཏེ་ ང་གིས་མི་དེ་རྩ་ལས་རང་ངོ་མི་ཤེས་ཟེར་སླབ་ནུག 73 ད་རུང་ཨ་ཙི་གཅིག་གི་ཤུལ་ལས་ མི་ལེ་ཤ་ཡར་ལོངས་སྡོད་མི་ཚུ་གིས་ ཁོ་སྡོད་སར་འོངས་ཏེ་ ཁྱོད་ཐད་རི་བ་རི་ཁོང་དང་མཉམ་གཅིག་སྡོད་མི་ཨིན་མས་ ང་བཅས་ཀྱིས་ཁྱོད་ཀྱི་ཁ་སླབ་ཐངས་བལྟ་སྟེ་ཤེས་ཅི་ཟེར་སླབ་ནུག 74 དེ་ལས་ པེ་ཏྲོ་གིས་ རང་གིས་རང་ལུ་ དཀོན་མཆོག་དཔང་པོ་བཙུགས་ཏེ་ མནའ་འབོ་སྟེ་ ང་གིས་མི་དེ་རྩ་ལས་རང་ངོ་མི་ཤེས་ཟེར་སླབ་ཅིག་ བྱ་པོད་འབོ་ནུག 75 དེ་ལས་ པེ་ཏྲོ་གིས་ ཡེ་ཤུ་གིས་ཁྱོད་ཀྱིས་བྱ་པོད་མ་འབོ་པའི་ཧེ་མ་ལས་ ཚར་གསུམ་ང་ལུ་ངོ་མི་ཤེས་ཟེར་སླབ་འོང་ཟེར་གསུངས་མི་དེ་ དེ་འཕྲོ་ལས་ཁོ་རང་གི་སེམས་ཁར་དྲན་ཏེ་ ཕྱི་ཁར་འགྱོ་སྟེ་གནམ་མེད་ས་མེད་སྔུ་ནུག།
1 དྲོ་པ་ཧ་སག་སྟེ་ བླ་ཆེན་དང་མི་དམངས་ཀྱི་འགོ་དཔོན་ཚུ་གིས་ ཡེ་ཤུ་བཀྲོང་ནི་སྦེ་ཐག་ཆོད་ནུག 2 ཁོང་གིས་ཡེ་ཤུ་གི་ཕྱག་བསྡམས་སྦེ་འཁྱིད་དེ་ རོམ་གྱི་གཞུང་ཚབ་ པི་ལ་ཏུས་ལུ་རྩིས་ཕུལ་ནུག། 3 དེ་ལས་ཡེ་ཤུ་ལུ་ངོ་ལོག་རྐྱབ་དགྲ་གི་ལག་པར་སྤྲོད་མི་ ཡུ་དཱས་ཀྱིས་ ཡེ་ཤུ་བཀྲོང་སྦེ་ཁྲིམས་གཏང་ས་མཐོངམ་ད་ ཁོ་རང་གནམ་མེད་ས་མེད་འགྱོད་སེམས་བསྐྱེད་དེ་ དངུལ་གྱི་ཏི་རུ་ ཁལ་ཕྱེད་དང་གཉིསཔ་དེ་ལོག་འབག་སྟེ་ བླ་ཆེན་དང་མི་དམངས་ཀྱི་འགོ་དཔོན་ཚུ་ལུ་ལོག་སྤྲོད་ནུག 4 དེ་ལས་ཁོ་གིས་ ང་གིས་ཉེས་སྐྱོན་ག་ནི་ཡང་མེད་མི་དེ་ལུ་ ངོ་ལོག་བརྐྱབས་ཏེ་ སྡིག་པའི་ལཱ་འབད་ད་ཡི་ཟེར་སླབ་ནུག་ དེའི་ལན་ལུ་ཁོང་གིས་ དེ་ཁྱོད་རང་གི་འགན་ཁག་ཨིན་མས་ ང་བཅས་ཀྱིས་ག་དེ་སྦེ་འབད་བ་ཟེར་སླབ་ནུག 5 ཡུ་དཱས་ཀྱིས་དངུལ་གྱི་ཏི་རུ་ ཁལ་ཕྱེད་དང་གཉིསཔ་དེ་ མཆོད་ཁང་ནང་གཡུག་བཀོ་བཞག་སྦེ་ དེ་ཁར་ལས་སོང་སྟེ་ ཁོ་རང་གིས་ཨོལ་ལྐོག་གུ་ཐགཔ་བཏགས་སྦེ་རང་སྲོག་བཅད་དེ་ཤི་སོང་ནུག 6 བླ་ཆེན་ཚུ་གིས་དངུལ་གྱི་ཏི་རུ་འདི་ འཐུ་འབག་སྦེ་ ཨ་ནི་ཏིག་རྐྱང་འདི་ཁྲག་ཉོ་ཉོ་བའི་རིན་ཨིནམ་ལས་ མཆོད་ཁང་གི་སྤྱི་རྫས་ སྒྲོམ་ནང་བཞག་མི་ཆོག་ཟེར་སླབ་ནུག 7 དེ་ལས་ཁོང་གིས་བསྟུན་གྲོས་རྐྱབ་ཞིནམ་ད་ དངུལ་གྱི་ཏི་རུ་དེ་གིས་རྫམ་བཟོ་མི་གི་ཞིང་ཟེར་སླབ་མི་དེ་ཉོས་ཏེ་ ཡེ་རུ་ཤ་ལེམ་ལས་ཕྱིའི་མི་རིགས་ཚུ་གི་རོ་བཙུགས་སའི་དུར་ཁུང་སྦེ་བཞག་ནུག 8 དེ་འབདཝ་ལས་ད་ལྟོ་གི་བར་ན་ཡང་ ས་ཆ་དེ་གི་མིང་ཁྲག་གི་ཞིང་ཟེར་སླབ་ཨིན་མས། 9 ལུང་སྟོན་པ་ ཡེ་རེ་མི་ཡ་གིས་ཧེ་མ། གཙོ་བོ་གིས་ང་ལུ་གསུངས་མི་དང་བསྟུན་ཏེ་ ཁོང་ ཨཱིས་ར་ཨཱེལ་གྱི་མི་ཚུ་གིས་ ཁོ་གི་རིན་གོང་རྐྱབ་མིའི་དངུལ་གྱི་ཏི་རུ་ ཁལ་ཕྱེད་དང་གཉིས་དེ་འཐུ་འབག་སྦེ་ རྫམ་བཟོ་མིའི་ཞིང་ཟེར་སླབ་མི་དེ་ཉོ་ཡི་ཟེར་ ལུང་བསྟན་བཤད་བཞག་མི་དེ་གྲུབ་ནུག། 11 ད་ཡེ་ཤུ་གཞུང་ཚབ་ པི་ལ་ཏུས་ཀྱི་སྐུ་མདུན་བཞེངས་བཞུགསཔ་ད་ གཞུང་ཚབ་ པི་ལ་ཏུས་ཀྱིས་ཡེ་ཤུ་ལུ་ ཁྱོད་ ཡ་ཧུ་ད་པའི་རྒྱལཔོ་ཨིན་ན་ཟེར་འདྲིཝ་ད་ཡེ་ཤུ་གིས་ ནཱ་གི་རང་དེ་སྦེ་གསུངས་དོ་ཟེར་ལན་ཞུ་ནུག 12 བླ་ཆེན་དང་མི་དམངས་ཀྱི་འགོ་དཔོན་ཚུ་གིས་ཁོ་ལུ་ ཉེས་སྐྱོན་ག་དེ་སྦེ་བཏོན་ཏེ་སླབ་རུང་ ཡེ་ཤུ་གིས་དེའི་ལན་ག་ནི་ཡང་མ་གསུངས་པས། 13 དེ་ལས་ པི་ལ་ཏུས་ཀྱིས་ཡེ་ཤུ་ལུ་ ཁོང་གིས་ཁྱོད་ལུ་ཉེས་སྐྱོན་བཏོན་སླབ་མི་དེ་ ཁྱོད་ཀྱིས་མ་གོ་ག་ཟེར་གསུངས་རུང་། 14 ཡེ་ཤུ་གིས་ དེ་གི་ལན་ཚིག་གཅིག་ཡང་ མ་ཞུ་པར་བཞུགསཔ་ད་ གཞུང་ཚབ་ཡང་གནམ་མེད་ས་མེད་ཡ་མཚན་ཆེ་ནུག། 15 ད་ལོ་ལྟར་བཞིན་ ཤི་ས་ལས་ཐར་བའི་དུས་ཆེན་གྱི་སྐབས་ གཞུང་ཚབ་ཀྱིས་བཙོན་པ་ཚུ་གི་གྲལ་ཁ་ལས་ མི་དམངས་ཀྱིས་ ག་དགོ་མི་དེ་ལུ་དགོངས་ཡངས་གཏང་ནི་གི་ལུགས་སྲོལ་ཡོདཔ་ཨིན་མས། 16 དེ་བསྒང་ལུ་བཙོན་པ་བཀྲ་མ་ཤིསཔ་ ངན་དྲགས་ཅན་ བ་རབ་བཱས་ཟེར་མི་གཅིག་ཡོདཔ་ཨིན་མས། 17 དེ་ལས་གཞུང་ཚབ་ཀྱིས་ ཁོང་མི་དམངས་ག་ར་འཛོམས་ཚརཝ་ད་ ང་གིས་ཁྱེད་ཀྱི་དོན་ལུ་ བ་རབ་བཱས་དགོངས་ཡངས་གཏང་ནི་སྨོ་ ཨ་ནི་ཡེ་ཤུ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ཟེར་སླབ་མི་དེ་ལུ་གཏང་ནི་སྨོ་ཟེར་འདྲི་ནུག 18 ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ཡེ་ཤུ་ལུ་ངལ་མ་རངས་པར་ ཁོ་སྡོད་སར་འཁྱིད་འོངམ་ གཞུང་ཚབ་ཀྱིས་ལེགས་ཤོམ་སྦེ་མཁྱེན་ནུག 19 པི་ལ་ཏུས་རྩོད་གཞི་ཕྱེ་སྟེ་ དྲང་དཔོན་གྱི་ཁྲི་ཁར་བཞུགས་པའི་བསྒང་ ཁོ་རང་གི་ཨམ་སྲུ་དེ་གིས་ ཁྱོད་ཀྱིས་དྲང་བདེན་པ་དེ་ལུ་ ཁྲིམས་བཀལ་མ་ད་ ག་ཅི་སྨོ་ཟེར་བ་ཅིན་ཁོ་གི་སྐོར་ལས་ ང་གིས་མདང་ཕྱི་རུ་རྨི་ལམ་ནང་ འདྲོག་སི་སི་གཅིག་མཐོང་ཅི་ཟེར་ཁ་འཐེན་གཏང་ནུག 20 དེ་འབདཝ་ད་ བླ་ཆེན་དང་མི་དམངས་ཀྱི་འགོ་དཔོན་ཚུ་གིས་ཨུ་ཚུགས་བསྐྱེད་དེ་ མི་དམངས་ལུ་ བ་རབ་བཱས་ལུ་གཏང་གནང་ ཡེ་ཤུ་ལུ་བསད་དགོ་ཟེར་རྒྱུད་བསྐུལ་རྐྱབ་བཅུག་ནུག 21 གཞུང་ཚབ་ པི་ལ་ཏུས་ཀྱིས་མི་དམངས་ལུ་ད་རུང་ ཁྱེད་ཀྱི་དོན་ལུ་ཁོང་གཉིས་ལས་ག་ལུ་ང་གིས་དགོངས་ཡངས་གཏང་ནི་ན་ཟེར་དྲིཝ་ད་ ཁོང་གིས་ བ་རབ་བཱས་ལུ་དགོངས་ཡངས་གཏང་གནང་ཟེར་ཞུ་ནུག 22 དེ་ལས་ པི་ལ་ཏུས་ཀྱིས་ དེ་འབད་བ་ཅིན་ཨ་ནི་ཡེ་ཤུ་དེ་ ཁིརཱིས་ཨིན་ཟེར་སླབ་མི་དེ་ལུ་ ང་གིས་ག་ཅི་འབད་ནི་སྨོ་ཟེར་འདྲིཝ་ད་ ཁོ་ཁྲམ་ཤིང་གུ་བསད་དགོ་ཟེར་ཞུ་ནུག 23 པི་ལ་ཏུས་ཀྱིས་ ག་ཅི་འབད་བསད་དགོཔ་སྨོ་ ཁོ་གིས་ཉེས་པ་ ག་ཅི་འབད་དཔ་ཡོདཔ་སྨོ་ཟེར་འདྲིཝ་ད་ ཧེང་སྐལ་རང་ཁོང་གིས་སྐད་སྦོམ་སྦེ་བརྐྱབས་ཏེ་ ཁོ་ཁྲམ་ཤིང་གུ་བསད་དགོ་ཟེར་ཞུ་ནུག། 24 གཞུང་ཚབ་ཀྱིས་ཁོ་གིས་མནོ་མི་དེ་ འགྱོ་མ་བཏུབ་ཤེསཔ་མ་ཚད་ བྱེལཝ་དེ་ཡར་ཡར་སྦོམ་འགྱོ་ས་མཐོང་སྟེ་ ཁོ་གིས་ཟངས་གཞོང་ནང་ཆུ་འབག་སྟེ་མི་དམངས་ཀྱི་གདོང་ཁར་ ཁོ་རང་གིས་ལགཔ་ཆུ་འཁྱུ་སྦེ་ ཨ་ནི་མི་དེ་གིས་ སྲོག་བཅད་པའི་ཉེས་དམིགས་དང་ འགན་ཁག་ང་ལུ་ག་ནི་ཡང་མི་ཕོག་ ད་ག་དེ་འབད་ནི་ཨིན་ན་ ཁྱེད་རང་གི་འགན་ཁག་ཨིན་ཟེར་གསུངས་ནུག 25 དེའི་ལན་ལུ་མི་དམངས་ཀྱིས་ བཏུབ་ལགས་ ཁོ་གི་སྲོག་བཅད་པའི་ཉེས་དམིགས་ང་བཅས་དང་ ང་བཅས་ཀྱི་བུ་བརྒྱུད་ཚུ་ལུ་ཕོག་བཅུག་ཟེར་ཞུ་ནུག 26 དེ་ལས་གཞུང་ཚབ་ཀྱིས་ཁོང་གི་དོན་ལུ་ བ་རབ་བཱས་དགོངས་ཡངས་བཏང་ནུག་ དེ་འབདཝ་ད་ ཡེ་ཤུ་ལུ་རྟས་ལྕག་གིས་དྲང་སྟེ་ ཁྲམ་ཤིང་གུ་བཀྲོང་ནི་སྦེ་སྤྲོད་ནུག། 27 དེ་ལས་གཞུང་ཚབ་ཀྱི་དམག་མི་ཚུ་གིས་ཡེ་ཤུ་ རྫོང་ནང་ལུ་འཁྱིད་སོང་ཞིནམ་ད་ ཁོང་གིས་དམག་མི་སྡེ་ཚན་སོ་སོ་སྦེ་ཡོད་མི་ཚུ་ ཡེ་ཤུ་གི་བསྐོར་ར་རྐྱབ་སྤུང་འོངས་ནུག 28 དམག་མི་ཚུ་གིས་ཡེ་ཤུ་ཁོ་རང་གི་ན་བཟའ་ཕུད་བཞག་སྦེ་ ན་བཟའ་དམརཔོ་གཅིག་གྱོན་ཕུལ་ནུག 29 དེ་ལས་ཁོང་གིས་དབུ་ཞྭ་གཅིག་ རྩང་གིས་བཟོ་སྟེ་ ཡེ་ཤུ་གི་དབུ་གུ་བཙུགས་ ཕྱག་གཡས་པ་ལུ་འཁརཝ་གཅིག་ཡང་སྤྲོད་སྦེ་ ཁོང་གིས་ཁོ་གི་སྐུ་མདུན་ལུ་པུས་མོ་བཙུགས་སྦེ་ མེས་མེད་བསྐྱུར་ཏེ་ ཡ་ཧུ་ད་པའི་རྒྱལཔོ་ སྐུ་ཚེ་རིང་བར་ཤོག་ཟེར་ཞུ་ནུག 30 དེ་ལས་ཁོང་གིས་ཡེ་ཤུ་གི་ཞལ་ལུ་ཚིལ་མ་གཏོར་ ཁོ་རང་གི་ཕྱག་ལས་འཁརཝ་དེ་ལེན་ཞིནམ་ད་ ཁོ་རང་གི་དབུ་གུ་དྲངས་ནུག 31 དེ་ལས་ཁོ་ལུ་མེས་མེད་བསྐྱུར་ཚརཝ་ད་ ན་བཟའ་དམརཔོ་དེ་ཕུད་དེ་ ཧེ་མ་ཁོ་རང་གི་ན་བཟའ་འདི་རང་གྱོན་ཕུལ་སྦེ་ ཁྲམ་ཤིང་གུ་བཀྲོངས་པ་འཁྱིད་སོང་ནུག། 32 ཁོང་ཁྲོམ་ཁར་ལས་ཕྱི་ཁར་འཐོན་འགྱོཝ་ད་ སའི་རིན་ལས་ཨིན་མི་ སི་མཱོན་ཟེར་སླབ་མི་དང་འཕྱད་དེ་ ཁོང་གིས་ཡེ་ཤུ་གི་ཁྲམ་ཤིང་དེ་ དབང་བཙོང་གི་ཐོག་ལས་ ཁོ་ལུ་བཀལ་འཁྱིད་ནུག 33 ཁོང་ས་གནས་ གཱོལ་གོ་ཐ་ཟེར་སླབ་མི་ ཁོང་གི་ཁ་ན་འབད་བ་ཅིན་ ཐོདཔ་ཟེར་བའི་ས་ཆ་ནང་ལྷོདཔ་ད། 34 དེ་ཁར་ལུ་ཁོང་གིས་ རྒུན་འབྲུམ་ཆང་ནང་ལུ་མཁྲིསཔ་སླ་བསྲེ་བརྐྱབས་ཏེ་ ཡེ་ཤུ་ལུ་དྲངས་ནུག་ དེ་འབདཝ་ད་ ཁོ་གིས་བྲོཝ་གཟིགས་ཞིནམ་ད་བཞེས་མ་བཏུབ་པས། 35 ཁོང་གིས་ཡེ་ཤུ་ལུ་ཁྲམ་ཤིང་གུ་བརྐྱངས་ཚརཝ་ད་ རྒྱན་ཤོག་བརྐྱབས་ཏེ་ ཁོ་གི་ན་བཟའ་ ཁོང་རང་གི་སྦུག་ལུ་བགོ་བཤའ་བརྐྱབས་ནུག 36 དེ་ལས་ཁོང་རྩ་བ་སྡོད་སྦེ་ཁྲམ་ཤིང་གུ་ཡེ་ཤུ་ལུ་བལྟ་སྡོད་ནུག 37 ཁོང་གིས་ ཨ་ནི་མི་འདི་ ཡ་ཧུ་ད་པའི་རྒྱལཔོ་ཡེ་ཤུ་ཨིན་ཟེར་ ཁོ་གི་ཉེས་སྐྱོན་བྱང་ཤིང་ནང་བྲིས་ཞིནམ་ད་ ཁོ་གི་དབུ་གུ་ལས་ཕར་ ཁྲམ་ཤིང་གུ་བརྡབ་བཞག་ནུག 38 དེའི་སྐབས་ཨརཝ་གཉིས་ཡང་ གཅིག་ཡེ་ཤུ་གི་ཕྱག་གཡས་ལས་དང་ གཅིག་གཡོན་ལུ་ བསད་ནི་སྦེ་ཁྲམ་ཤིང་གུ་བརྐྱངས་ནུག 39 ལམ་དེ་ལས་ཕར་དང་ཚུར་འགྱོ་མིའི་ མི་དེ་ཚུ་གིས་མགུ་ཏོ་གཡུག་སྟེ་ ཁོ་ལུ་མར་སྨད་བརྐྱབས་ཏེ། 40 ཁྱོད་ཀྱིས་དཀོན་མཆོག་གི་མཆོད་ཁང་མར་བརྡལ་ཞིནམ་ད་ ཉིནམ་གསུམ་ལུ་ལོག་སྟེ་ཡར་ལྷོང་ནི་ཟེར་སླབ་མི་ ཁྱོད་ དཀོན་མཆོག་གི་སྲས་ཨིན་པ་ཅིན་ རང་ལུ་སྐྱབས་འབད་ ཁྲམ་ཤིང་གུ་ལས་མར་འབབ་ཤོག་ཟེར་སླབ་ནུག 41 དེ་བཟུམ་སྦེ་རང་ བླ་ཆེན་དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་ དེ་ལས་མི་དམངས་ཀྱི་འགོ་དཔོན་ཚུ་གཅིག་ཁར་སྦེ་ཡེ་ཤུ་ལུ་མེས་མེད་བསྐྱུར་ཏེ། 42 ཁོ་གིས་མི་གཞན་ལུ་སྐྱབས་འབད་ཡི་ དེ་འབདཝ་ད་ ཁོ་རང་ལུ་སྐྱབས་འབད་མི་ཚུགས་པས་ ཁོ་ ཨཱིས་ར་ཨཱེལ་གྱི་རྒྱལཔོ་ཨིན་པ་ཅིན་ ཁོ་རང་ཁྲམ་ཤིང་གུ་ལས་མར་འབབ་འོང་བཅུག་ དེ་ལས་ང་བཅས་ཁོ་ལུ་དད་པ་བསྐྱེད་ནི་ཨིན། 43 ཁོ་གིས་དཀོན་མཆོག་ལུ་བློ་གཏདཔ་ཨིན་ དེ་ལས་དཀོན་མཆོག་གིས་ཁོ་ལུ་ཐུགས་བརྩེ་ཡོད་པ་ཅིན་ དཀོན་མཆོག་གིས་ཁོ་ལུ་ ད་ལྟོ་རང་སྐྱབས་མཛད་བཅུག ག་ཅི་སྨོ་ཟེར་བ་ཅིན་ ཁོ་དཀོན་མཆོག་གི་སྲས་ཨིན་ཟེར་ཁོ་གིས་སླབ་ཅི་ཟེར་སླབ་ནུག 44 དེ་བཟུམ་སྦེ་རང་ཁོ་དང་གཅིག་ཁར་ ཁྲམ་ཤིང་གུ་བརྐྱངས་བཞག་མི་ཨརཝ་ཚུ་གིས་ཡང་ ཁོ་ལུ་མར་སྨད་བརྐྱབས་ནུག། 45 ཉིན་མ་ཆུ་ཚོད་བཅུ་གཉིས་ལས་ཆུ་ཚོད་གསུམ་ཚུན་ཚོད་ ས་ཆ་ག་ར་ནང་གནག་དུང་དུ་ཡར་སོང་ནུག 46 ཆུ་ཚོད་གསུམ་དེ་གཅིག་ཁར་ ཡེ་ཤུ་གིས་གསུང་སྐད་ཤུགས་སྦེ་ ཨེ་ལོ་ཨི་ ཨེ་ལོ་ཨི་ ལ་མ་ཤ་བག་ཐ་ནི་ཟེར་ཞུ་ནུག་ དེ་གི་དོན་དག་དེ་ ཀྱེ་ངེའི་དཀོན་མཆོག་ ཀྱེ་ངེའི་དཀོན་མཆོག་ ནཱ་གིས་ང་ལུ་ག་ཅི་འབད་སྤངམ་སྨོ་ཟེར་ཞུཝ་ཨིན་མས། 47 དེ་ལས་ཁོང་དེ་ཁར་ལོང་སྡོད་མི་ལ་ལུ་ཅིག་གིས་ དེ་གོཝ་ད་ ཨ་ནི་མི་དེ་གིས་ལུང་སྟོན་པ་ ཨེ་ལི་ཡ་ལུ་འབོ་དོ་ཟེར་སླབ་ནུག 48 ཁོང་གི་སྦུག་ལས་མི་གཅིག་ དེ་འཕྲོ་ལས་བརྒྱུགས་སོང་སྟེ་ ལྟོ་རས་གཅིག་ཁུ་བ་སྐྱུརཔོ་ནང་སྦངས་ཞིནམ་ད་ འཁརཝ་གུ་བཀལ་ཏེ་ ཡེ་ཤུ་ལུ་དྲངས་ནུག 49 དེ་ལས་གཞན་ཚུ་གིས་ཁོ་ལུ་མ་དཀྲོགས་ཤིག་ ཁོ་ལུ་སྐྱབས་འབད་བ་ ཨེ་ལི་ཡ་འོང་དོ་ག་ བལྟ་གེ་ཟེར་སླབ་ནུག 50 ད་རུང་ ཡེ་ཤུ་གིས་གསུང་སྐད་ཤུགས་སྦེ་གསུངས་ཏེ་ རང་གི་སྐུ་སྲོག་ཕུལ་ནུག 51 དེའི་སྐབས་ལུ་མགོན་ཁང་ནང་གི་ཡོལ་ལི་འདི་ ཡར་མགུ་ལས་མར་མཇུག་ཚུན་ཚོད་ ཁག་གཉིས་སྦེ་ཧྲལ་སོང་ནུག་ དེ་ལས་ས་གཡོམ་བརྐྱབས་ཏེ་བྱག་དེ་ཚུ་ཡང་འགས་སོང་སྟེ། 52 དུར་ཁུང་ཚུ་རང་བཞིན་གྱིས་ཁ་ཕྱེ་འགྱོ་སྦེ་ ཧེ་མ་ལས་ཤི་སོང་མི་ དཀོན་མཆོག་ཁོ་རང་གི་མི་ ལེ་ཤ་རང་གསོན་པོ་སྦེ་ལོངས་ཏེ། 53 དུར་ཁུང་ནང་ལས་ཕྱི་ཐོན་འོངས་ནུག་ དེ་ལས་ཡེ་ཤུ་གཤགས་ས་ལས་སྐུ་གསོན་པོ་སྦེ་ལྷོངས་ཚརཝ་ད་ ཁོང་དམ་པའི་རྒྱལ་ས་ ཡེ་རུ་ཤ་ལེམ་ལུ་འགྱོ་སྟེ་ མི་ལེ་ཤ་གི་གདོང་ཁར་ཐོན་ནུག 54 དེ་ལས་སྤྱི་དཔོན་དང་ ཁོ་དང་གཅིག་ཁར་ཡེ་ཤུ་ལུ་སྲུང་སྡོད་མི་དམག་མི་ཚུ་གིས་ ས་གཡོམ་རྐྱབ་ས་དང་ དེ་ཁར་བྱུང་མི་ཚུ་ག་ར་མཐོངམ་ད་ ཁོང་གནམ་མེད་ས་མེད་འདྲོགས་ཏེ་ ཨ་ནི་མི་དེ་ དོན་ལས་རང་ དཀོན་མཆོག་གི་སྲས་ཨིན་མས་ཟེར་ཞུ་ནུག 55 དེ་ཁར་ལུ་ ག་ལི་ལི་ལས་ཡེ་ཤུ་གི་རྟིང་བདའ་སྟེ་ ཁོ་ལུ་ཞབས་ཏོག་བསྙེན་བཀུར་ཞུ་བ་འོང་མི་ཨམ་སྲུ་ལེ་ཤ་ཅིག་གིས་ ཨ་ཙི་ཐག་རིང་ས་ལས་སྦེ་བལྟ་སྡོད་ནུག 56 ཁོང་ཨམ་སྲུ་གི་གྲལ་ཁ་ལས་ མཱིར་ཡམ་མག་ད་ལཱེན་དང་ ཡ་ཀོབ་དང་ ཡོ་སེབ་ཀྱི་ཨའི་ མཱིར་ཡམ་དང་ ཟེ་བེ་དི་གི་བུ་ཚུ་གི་ཨའི་ དེ་ཚུ་ཨིན་མས།། 57 ནམ་སྲོ་རནམ་གཅིག་ཁར་ ཁྲོམ་ ཨ་རི་མ་ཐེ་ཡ་ལས་འོང་མི་ མི་ཕྱུགཔ་ ཡོ་སེབ་ཟེར་མི་གཅིག་ཡོདཔ་མས་ ཁོ་ཡང་ཡེ་ཤུ་གི་སློབ་མ་གཅིག་ཨིན་མས། 58 ཁོ་གཞུང་ཚབ་ པི་ལ་ཏུས་བཞུགས་སར་བཅར་ཏེ་ ཡེ་ཤུ་གི་སྐུ་ཕུང་འདི་ཞུ་བ་ཨིན་ཟེར་ཞུཝ་ད་ གཞུང་ཚབ་ཀྱིས་སྐུ་ཕུང་དེ་ཁོ་ལུ་སྤྲོད་ཟེར་བཀའ་གནང་ནུག 59 ཡོ་སེབ་ཀྱིས་ ཁ་ཤ་གི་རས་གཙང་ཏོག་ཏོ་གཅིག་ནང་སྐུ་ཕུང་དེ་སྤུར་སྦེ། 60 ཁོ་རང་གི་དོན་ལུ་བྱག་གུ་དོང་གསརཔ་སྤེད་དེ་ དུར་ཁུང་བཟོ་བཞག་མི་ནང་ཞུ་སྦེ་ དུར་ཁུང་སྒོ་ཁར་ རྡོ་ལེབ་སྦོམ་གཅིག་བསྒྲིལ་བཀལ་བཞག་སྦེ་སོང་ནུག 61 མཱིར་ཡམ་མག་ད་ལཱེན་དང་ མཱིར་ཡམ་གཞན་འདི་ དུར་ཁུང་གི་སྦོ་ལོགས་ཁར་བལྟ་སྟེ་སྡོད་ནུག། 62 དེ་གི་ནངས་པ་ངལ་འཚོ་བའི་ཉིནམ་གི་སྐབས་ བླ་ཆེན་དང་ ཕ་རུ་ཤི་པ་དེ་ཚུ་ གཞུང་ཚབ་ པི་ལ་ཏུས་ཀྱི་སྐུ་མདུན་ལུ་སོང་སྟེ། 63 ཁོང་གིས་ གཞུང་ཚབ་ལགས་ མི་དེ་ཧེ་མ་གསོན་པོ་སྦེ་སྡོད་པའི་སྐབས་ ཁོ་ཤོབ་ཅན་དེ་གིས་ ང་ཤི་སྟེ་ཉིནམ་གསུམ་གྱི་ཤུལ་ལས་ ལོག་སྟེ་གསོན་པོ་སྦེ་ལོང་ནི་ཨིན་ཟེར་སླབ་མི་དེ་ ང་བཅས་ཀྱིས་སེམས་ཁར་དྲན་ཡི། 64 དེ་འབདཝ་ལས་ ནཱ་གིས་ཉིནམ་གསུམ་ཚུན་ཚོད་དུར་ཁུང་ནང་ སྲུང་རྒྱབ་དམ་དམ་བཙུགས་དགོཔ་སྦེ་བཀའ་གནང་ལགས་ དེ་མེན་པ་ཅིན་ ལྟ་མ་ཁོ་གི་སློབ་མ་ཚུ་གིས་ ཁོ་གི་རོ་དེ་ཨརཝ་བརྐུ་འབག་སྦེ་ དེ་ལས་ཡེ་ཤུ་ཤི་ས་ལས་སྐུ་གསོན་པོ་སྦེ་ལོང་ཡི་ཟེར་སླབ་སྟེ་ ཧེ་མ་གི་མགུ་བསྐོར་དེ་ལས་ཡང་ཤུལ་ལས་ཀྱི་ གནོད་སྐྱོན་སྦོམ་འབྱུང་ནི་གི་ཉེན་ཁག་འདུག་ཟེར་ཞུ་ནུག 65 དེའི་ལན་ལུ་གཞུང་ཚབ་ཀྱིས་ ཨ་ནི་དམག་མི་ལ་ལུ་ཅིག་འཁྱིད་སོང་ཞིནམ་ད་ དུར་ཁུང་འདི་ཁྱེད་རང་གིས་ག་དེ་དྲག་དྲག་ བདག་འཛིན་འཐབ་བཞག་བཅུག་ཟེར་བཀའ་གནང་ནུག 66 དེ་ལས་ཁོང་ཆ་ཁྱབ་ཀྱིས་ཕར་སོང་ཞིནམ་ད་ དུར་ཁུང་གི་རྡོ་ལེབ་སྦོམ་དེ་གུ་ཐིའུ་རྐྱབ་ དམག་མི་ཚུ་བཙུགས་ཏེ་དམ་དྲགས་སྦེ་བསྲུང་བཅུག་ནུག།
1 བདུན་ཕྲག་གི་ཉིནམ་དང་པ་ལུ་ དྲོ་པ་ནམ་ནངས་རནམ་གཅིག་ཁར་ལུ་ མཱིར་ཡམ་མག་ད་ལཱེན་དང་ མཱིར་ཡམ་གཞན་མི་འདི་ ཕར་དུར་ཁུང་ནང་བལྟ་བ་སོངམ་ད། 2 དཔྱད་རིག་མེད་སི་སི་སྦེ་ ཞིང་ཁམས་ལས་གཙོ་བོ་གི་ཕོ་ཉ་གཅིག་འོངམ་ད་ དེ་ཁར་ལུ་ས་གཡོམ་ཤུགས་སྦེ་བརྐྱབས་ཏེ་ ཁོ་གིས་དུར་ཁུང་སྒོ་ཁར་གྱི་རྡོ་ལེབ་དེ་ཕར་བསྒྲིལ་གཏང་སྦེ་ ཁོ་རང་དེ་གུ་སྡོད་ནུག 3 ཕོ་ཉ་གི་གཟུགས་དེ་ གློག་ཀེམ་དོཝ་བཟུམ་སྦེ་འོད་ཅེམ་ཅེ་དང་ བགོ་ལ་ཡང་ཁཝ་བཟུམ་སྦེ་དཀརཔོ་སྦེ་ཡོདཔ་མཐོང་ནུག 4 དེ་ལས་ཁོང་སྲུང་རྒྱབ་ཚུ་ ཕོ་ཉ་བལྟ་འདྲོགས་ སྒྱིད་ཐག་འདར་ཏེ་ ཤི་ནི་བཟུམ་སྦེ་སོང་ནུག 5 དེ་འབདཝ་ད་ ཕོ་ཉ་དེ་གིས་ཨམ་སྲུ་ཚུ་ལུ་ ཁྱེད་མ་འདྲོག་ ག་ཅི་སྨོ་ཟེར་བ་ཅིན་ ཁྲམ་ཤིང་གུ་བཀྲོངས་མི་ཡེ་ཤུ་ འཚོལ་བ་འོངམ་ ང་གིས་ཤེས་ཅི། 6 ཁོ་ནཱ་ལུ་མེད་ ཧེ་མ་ཁོ་རང་གིས་གསུངས་དོཝ་བཟུམ་སྦེ་ ཁོ་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་གནང་ཡི་ ཁོ་གི་སྐུ་ཕུང་བཞག་ས་ལུ་བལྟ་བ་ཤོག 7 དེ་ལས་ཁྱེད་མགྱོགས་པར་སོང་ཞིནམ་ད་ ཁོང་སློབ་མ་ཚུ་ལུ་ ཁོ་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་གནང་སྟེ་ ཁྱེད་ཀྱི་ཧེ་མ་ལས་ཁོ་ཕར་ ག་ལི་ལི་ལུ་བྱོན་དོ་ ཁྱེད་ཀྱིས་ཁོ་ལུ་ཕར་མཇལ་འོང་ཟེར་སླབ་བྱིན་ ད་ལྟོ་ང་གིས་ཁྱེད་ལུ་སླབ་མི་དེ་ཚུ་ག་ར་ སེམས་ཁར་བཞག་ཟེར་ཕོ་ཉ་དེ་གིས་སླབ་ནུག 8 དེ་ལས་ཁོང་ཨམ་སྲུ་ཚུ་འདྲོགས་ཏེ་འབད་རུང་ སེམས་ཁར་དགའ་སྤྲོ་སྦོམ་བྱུང་སྟེ་ ཚབ་ཚབ་སྦེ་བརྒྱུགས་ཏེ་ སློབ་མ་ཚུ་ལུ་སླབ་པ་སོང་ནུག 9 དཔྱད་རིག་མེད་སི་སི་སྦེ་ཁོང་ཡེ་ཤུ་དང་མཇལ་ཏེ་ ཡེ་ཤུ་གིས་ཁོང་ལུ་ལེགས་སོ་ཟེར་གསུངསམ་ད་ ཁོང་ཁོ་གི་སྦོ་ལོགས་བཅར་ཞིནམ་ད་ ཁོ་གི་ཞབས་གུ་བཤེད་དེ་ཕྱག་འཚལ་ནུག 10 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ཁྱེད་འདྲོག་མི་དགོ་ ཁྱེད་སོང་སྟེ་ངེ་གི་སྤུན་ཆ་ཚུ་ལུ་ཕར་ ག་ལི་ལི་ལུ་སོང་ ང་གིས་ཁོང་ལུ་ཕར་འཕྱད་ནི་ཨིན་ཟེར་སླབ་ཟེར་གསུངས་ནུག། 11 ཨམ་སྲུ་དེ་ཚུ་དུར་ཁུང་ནང་ལས་ལོག་སྟེ་སློབ་མ་ཚུ་ལུ་སླབ་པ་འགྱོ་ནི་སྦེ་ལམ་ཁར་ལྷོདཔ་ད་ སྲུང་རྒྱབ་ལ་ལུ་ཅིག་ཡང་ཁྲོམ་ཁར་ལུ་སོང་སྟེ་ ཁོང་གིས་ག་མཐོང་མི་གནས་ཚུལ་ཚུ་བླ་ཆེན་ཚུ་ལུ་སླབ་ནུག 12 བླ་ཆེན་ཚུ་དང་མི་དམངས་ཀྱི་འགོ་དཔོན་ཚུ་གཅིག་ཁར་འཛོམས་ཏེ་ བསྟུན་གྲོས་རྐྱབ་སྦེ་ སྲུང་རྒྱབ་ཚུ་ལུ་ནང་གསུག་ཏི་རུ་ལེ་ཤ་བྱིན་ཏེ། 13 ཁོང་ལུ་ ང་བཅས་ཕྱི་རུ་གཉིད་ཐལ་སོངམ་ད་ ཁོང་སློབ་མ་ཚུ་འོངས་ཏེ་ ཡེ་ཤུ་གི་རོ་ཨརཝ་བརྐུ་འབག་ཆི་ནུག་ཟེར་མི་ཚུ་ལུ་སླབ། 14 ག་དེམ་ཅིག་སྦེ་ལོ་རྒྱུས་དེ་ གཞུང་ཚབ་ཀྱིས་སྙན་གསན་ཏེ་འབད་རུང་ ང་བཅས་རང་གིས་གསལ་འདེབས་ཞུ་སྟེ་ ཁྱེད་ལུ་བཀའ་ཁྲེལ་དགོངས་ཁྲེལ་མེདཔ་སྦེ་བཟོ་འོང་ཟེར་སླབ་བཏང་ནུག 15 དམག་མི་ཚུ་གིས་ཏི་རུ་དེ་ལེན་སྦེ་ ཁོང་གིས་ག་སྟོན་དོཝ་བཟུམ་སྦེ་རང་སླབ་ནུག་ དེ་འབདཝ་ལས་ལོ་རྒྱུས་འདི་ ཡ་ཧུ་ད་པའི་སྦུག་ལུ་ ད་ལྟོ་གི་བར་ན་ཡང་དར་ཁྱབ་སོང་སྟེ་ཡོདཔ་ཨིན་མས།། 16 དེ་ལས་ཁོང་སློབ་མ་བཅུ་གཅིགཔ་ཕར་ ག་ལི་ལི་ལུ་ ཡེ་ཤུ་གིས་སོང་ཟེར་གསུངས་པའི་སྒང་གི་གུ་ལུ་སོང་ནུག 17 ཁོང་སློབ་མ་ཚུ་གིས་ཡེ་ཤུ་མཇལཝ་ད་ ཁོང་གིས་ཁོ་ལུ་ཕྱག་འཚལ་ནུག་ དེ་འབདཝ་ད་ ལ་ལུ་ཅིག་གིས་འདི་ཡེ་ཤུ་ངོ་མ་ར་ཨིན་ན་ཟེར་ཐེ་ཚོམ་བསྐྱེད་ནུག 18 དེ་ལས་ཡེ་ཤུ་ཁོང་སྡོད་སར་བྱོན་སྦེ་ ཞིང་ཁམས་དང་འཇིག་རྟེན་ནང་གི་ དབང་ཚད་ག་ར་ང་ལུ་གནང་སྟེ་ཡོད། 19 དེ་འབདཝ་ལས་ ཁྱེད་ཀྱིས་ས་ཆ་ག་ར་ནང་སོང་སྟེ་ མི་རིགས་ག་ར་ལུ་སློབ་མ་བཟོ་ དེ་ལས་ཡབ་སྲས་དམ་པའི་ཐུགས་གཉིད་ཀྱི་མཚན་ནང་ ཁྲུས་གསོལ་བྱིན། 20 དེ་ལས་ང་གིས་སྟོན་བྱིན་མི་བཀའ་ཚུ་ག་ར་སྲུངས་ཟེར་ མི་ཚུ་ལུ་སྟོན་བྱིན་ དུས་མཐའན་མཇུག་ཚུན་ཚོད་ ང་རྟག་བུ་རང་ཁྱེད་དང་གཅིག་ཁར་སྡོད་འོང་ཟེར་གསུངས་ནུག། །།
1 དཀོན་མཆོག་གི་སྲས་ ཡེ་ཤུ་ཁིརཱིས་ཀྱི་གཏམ་བཟང་གི་སྐོར་ལས་ འགོ་བཙུགསཔ་ཨིན། 2 དང་པར་ལུང་སྟོན་པ་ ཨའི་ཟ་ཡ་ཟེར་མི་གིས་ གསུང་རབ་ནང་བྲིས་བཞག་དོཝ་བཟུམ་སྦེ་རང་། དཀོན་མཆོག་གིས་གསུངས་དོ་ བལྟ་ཤིག་ ང་གིས་ངེ་གི་ཁ་འཐེན་འབག་མི་ ཁྱོད་ཀྱི་ཧེ་མ་གཏང་ནི་ཨིན་ ཁོ་གིས་ཁྱོད་ཀྱི་ལམ་གྲ་སྒྲིག་བཟོ་འོང་ཟེར་ 3 གཙོ་བོ་གི་འབྱོན་ལམ་གྲ་སྒྲིག་རྐྱབས་ ཁོ་གི་འབྱོན་ལམ་འདི་ཕྲང་ཏང་ཏ་བཟོ་ཟེར་ རི་སྟོང་ནང་ལས་སྐད་གཅིག་བརྐྱབ་འོང་ཟེར་གསུངས་ནུག 4 འདི་བཟུམ་སྦེ་རང་ ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་གྱིས་ སྡིག་པ་བཤགས་པ་བཞེས་ནིའི་དོན་ལུ་ སེམས་འགྱུར་ཏེ་ཁྲུས་གསོལ་ཞུ་ནི་གི་ཆོས་བཤད་དེ་ རི་སྟོང་ནང་ལྷོད་ཅི། 5 ཡུ་དེ་ཡ་ལུང་ཕྱོགས་དང་ རྒྱལ་ས་ ཡེ་རུ་ཤ་ལེམ་ལས་ མི་ག་ར་ཁོ་སྡོད་སར་ཆོས་ཉན་པ་སོང་ནུག་ དེ་ཚུ་གིས་ཁོང་རང་གི་སྡིག་པའི་མཐོལ་བཤགས་ཕུལ་ཏེ་ གཙང་ཆུ་ ཡཱོར་དཱན་གྱི་ནང་ལུ་ཁོ་ལས་ཁྲུས་གསོལ་ཞུ་ནུག 6 ཡོ་ཧ་ནཱན་འདི་ རྔ་མོང་གི་བལ་གྱིས་འཐག་འཐག་པའི་བགོ་ལ་གྱོན་ ཀོའི་ཐག་ལེབ་བཅིངས་ཏེ་སྡོད་ནུག་ དེ་ལས་བཞེས་སྒོ་ཡང་ སྤྱིའུ་ལྟགཔ་དང་ནགས་ཚལ་ནང་གི་སྦྱང་ཟ་སྟེ་སྡོད་ནུག 7 ཁོ་གིས་ཆོས་དེ་སྦེ་བཤད་ནུག་ ངེ་གི་ཤུལ་ལས་འབྱོན་ནི་འབད་མི་འདི་ ང་ལས་ཡང་དབང་ཤུགས་ཅན་གཅིག་ཨིན་ ང་གིས་མར་གུག་སྟེ་ ཁོ་གི་ལྷམ་སྒྲོག་འཁྱོལ་མི་གཅིག་གི་འོས་འབབ་ཡང་མེད། 8 ང་གིས་ཁྱེད་ལུ་ཆུའི་ཁྲུས་གསོལ་བྱིནམ་ཨིན་ དེ་འབདཝ་ད་ ཁོ་གིས་ཁྱེད་ལུ་དམ་པའི་ཐུགས་ཉིད་ཀྱི་ཁྲུས་གསོལ་གནང་འོང་།། 9 དེའི་ཚེ་ ག་ལི་ལི་ལུང་ཕྱོགས་ཀྱི་ཁྲོམ་ ན་ཟ་རཱེད་ལས་ ཡེ་ཤུ་བྱོན་ཏེ་ གཙང་ཆུ་ ཡཱོར་དཱན་ནང་ལུ་ ཡོ་ཧ་ནཱན་ལས་ཁྲུས་གསོལ་བཞེས་ནུག 10 དེ་ལས་ཁོ་ཆུའི་ནང་ལས་ཡར་བཞེངསམ་ཅིག་ ཡར་གནམ་ཁ་ཕྱེ་སྟེ་ དམ་པའི་ཐུགས་ཉིད་འདི་བྱ་ཐི་ལི་རྒྱལམོ་བཟུམ་སྦེ་ ཁོ་གི་གུ་ཆགས་ས་ཁོ་རང་གིས་གཟིགས་ནུག 11 དེ་ལས་ཡར་གནམ་ཁ་ལས་ གསུང་སྐད་གཅིག་གིས་དེ་སྦེ་གསུངས་ནུག་ ཁྱོད་ངེ་གི་བུ་གཅེས་ཤོས་ཕངས་ཤོས་གཅིག་ཨིན་ ཁྱོད་ལུ་བལྟ་སྟེ་ ང་གནམ་མེད་ས་མེད་སེམས་དགའ་ཡི་ཟེར་གསུངས་ནུག 12 དེ་འཕྲོ་ལས་དམ་པའི་ཐུགས་ཉིད་ཀྱིས་རྒྱུད་བསྐུལ་བརྐྱབས་ཏེ་ ཁོ་རི་སྟོང་ནང་འཁྱིད་བྱོན་ཞིནམ་ད། 13 རི་སྟོང་ནང་ཉིན་ཞག་བཞི་བཅུ་ཚུན་ཚོད་ བདུད་ སེ་ཏཱན་གྱིས་ ཁོ་ལུ་ཐུགས་ཚོད་བལྟ་ནུག་ ཁོ་གཅན་གཟན་ཚུ་དང་གཅིག་ཁར་བཞུགས་ནུག་ དེ་ལས་ཕོ་ཉ་ཚུ་གིས་ཡང་ཁོ་གི་ཕྱག་ཞུ་ནུག། 14 ཡོ་ཧ་ནཱན་བཙོན་ནང་བཙུགས་ཚར་བའི་ཤུལ་ལས་ ཡེ་ཤུ་ ག་ལི་ལི་གི་ལུང་ཕྱོགས་ལུ་བྱོན་ཏེ་ དཀོན་མཆོག་གི་གཏམ་བཟང་གསུངས་ནུག 15 ད་དུས་ཚོད་རནམ་ལས་ དཀོན་མཆོག་གི་རྒྱལ་སྲིད་འདི་ནཱ་སྦོ་ལོགས་ཁར་ལྷོད་ཅི་ སྡིག་པ་སྤང་ སེམས་འགྱུར་ཏེ་ གཏམ་བཟང་ལུ་དད་པ་བསྐྱེད་ཟེར་ ཡེ་ཤུ་གིས་གསུངས་ནུག 16 ཡེ་ཤུ་ ག་ལི་ལི་གི་མཚོའི་མཐའམ་བདའ་འབྱོནམ་ད་ ཉ་རོགསཔ་ སི་མཱོན་ཟེར་མི་དང་ཁོ་གི་ནུ་གཅུང་ ཨཱན་དྲུ་མཚོ་ནང་ལུ་དྲྭཝ་རྐྱབ་སྡོད་ས་གཟིགས་ཏེ། 17 ཡེ་ཤུ་གིས་ཁོང་གཉིས་ལུ་ ང་དང་མཉམ་གཅིག་ཤོག་ ང་གིས་ཁྱེད་ལུ་མི་བཟུང་ནི་སྟོན་བྱིན་འོང་ཟེར་གསུངསམ་ད། 18 ཁོང་གཉིས་ཀྱིས་དེ་འཕྲོ་ལས་རང་ དྲྭཝ་དེ་ཚུ་བཀོག་བཞག་སྦེ་ ཡེ་ཤུ་གི་སློབ་མ་སྦེ་སོང་ནུག 19 དེ་ལས་ཨ་ཙི་ཕར་འབྱོནམ་ད་ ཡེ་ཤུ་གིས་ ཟེ་བེ་དི་གི་བུ་ ཡ་ཀོབ་དང་ ཁོ་གི་ནུ་གཅུང་ ཡོ་ཧ་ནཱན་གཉིས་གྲུ་གི་ནང་ན་ དྲྭཝ་གྲ་སྒྲིག་རྐྱབ་སྡོད་ས་གཟིགསཔ་ད། 20 ཡེ་ཤུ་གིས་དེ་འཕྲོ་ལས་ཁོང་ཆ་ཁྱབ་ལུ་ཤོག་ཟེར་གསུངས་ནུག་ དེ་ལས་ཁོང་གཉིས་ཀྱིས་ཡང་ ཨ་པ་ ཟེ་བེ་དི་ ལས་མི་ཚུ་དང་གཅིག་ཁར་གྲུ་ནང་བཞག་སྦེ་ ཁོང་རང་ཡེ་ཤུ་གི་སློབ་མ་སྦེ་སོང་ནུག། 21 ཡེ་ཤུ་དང་ཁོ་རང་གི་སློབ་མ་ཚུ་ ཁྲོམ་ ཀ་ཕཱར་ནུམ་ལུ་བྱོན་ཏེ་ ཤུལ་མ་གི་ངལ་འཚོ་བའི་ཉིནམ་ལུ་ ཡེ་ཤུ་ཚོགས་ཁང་ནང་བྱོན་ཏེ་ཆོས་སྟོནམ་ད། 22 ཁོ་གིས་གསུངས་མི་ཆོས་འདི་ བཀའ་ཁྲིམས་ཀྱི་སློབ་དཔོན་དེ་ཚུ་བཟུམ་སྦེ་མེན་པར་ དབང་ཚད་ཅན་སྦེ་ ཆོས་སྟོན་གནང་སྟེ་ མི་ག་ར་ཧ་ལས་ནུག 23 འདི་བསྒང་ སི་ན་གོག་དེ་ནང་ལུ་ འདྲེ་འཛུལ་མིའི་མི་གཅིག་འོངས་ཏེ། 24 ཁོ་གིས་སྐད་བརྐྱབས་ཏེ་སླབ་ཅི་ ན་ཟ་རཱེད་ཀྱི་ཡེ་ཤུ་ ནཱ་ང་བཅས་ལས་ག་ཅི་དགོ་ནི་སྨོ་ ང་བཅས་ལུ་རྩ་མེད་གཏང་པ་བྱོནམ་ཨིན་ན་ ནཱ་ག་ཨིན་ན་ང་གིས་ཤེས་ ནཱ་དཀོན་མཆོག་ལས་བྱོན་མིའི་ དམ་པ་གཅིག་ཨིན་ཟེར་ཞུ་ནུག 25 དེ་འབདཝ་ད་ ཡེ་ཤུ་གིས་འདྲེ་གདོན་འདི་ལུ་ བཀའ་བཀྱོན་གནང་སྟེ་ ཁ་བཙུམ་སྦེ་ཁོ་གི་ནང་ལས་ཐོན་སོང་ཟེར་གསུངསམ་ད། 26 འདྲེ་འཛུལ་མི་དེ་གཟའ་ཕོགཔ་བཟུམ་སྦེ་མར་འགྱེལ་ཏེ་ གནམ་མེད་ས་མེད་སྐད་སྦོམ་བརྐྱབས་ཏེ་ འདྲེ་གདོན་འདི་ཐོན་སོང་ནུག 27 འདི་ནང་མཐོང་མིའི་མི་ཚུ་ག་ར་ཧ་ལས་ཏེ་ ཁོང་རང་གི་སྦུག་ལུ་གཅིག་གིས་གཅིག་ལུ་དྲིས་ནུག་ འདི་ག་དེ་སྦེ་ཨིན་ན་ སྟོན་ཐངས་གསརཔ་གཅིག་ཨིན་མས་ ཁོ་དང་གཅིག་ཁར་དབང་ཚད་ཡོདཔ་མ་ཚད་ ཁོ་གིས་བཀའ་གནངམ་ད་ འདྲེ་གདོན་དེ་ཚུ་གིས་ཡང་ ཁོ་གི་བཀའ་ལུ་ཉན་བཏུབ་པས་ཟེར་སླབ་ནུག 28 དེ་ལས་ཡེ་ཤུ་གི་གཏམ་སྙན་བསྒྲགས་དེ་ ག་ལི་ལི་ལུང་ཕྱོགས་ག་ར་ནང་ཁྱབ་སོང་ནུག། 29 དེ་ལས་ཡེ་ཤུ་དང་ཁོ་རང་གི་སློབ་མ་ཚུ་ སི་ན་གོག་ནང་ལས་ཐོན་བྱོན་ཏེ་ ཡ་ཀོབ་དང་ ཡོ་ཧ་ནཱན་གཉིས་དང་གཅིག་ཁར་ སི་མཱོན་དང་ ཨཱན་དྲུ་གི་ཁྱིམ་ནང་བྱོན་ནུག 30 འདིའི་སྐབས་ལུ་ སི་མཱོན་གྱི་སྒྱུགམོ་འདི་ དྲོད་འབར་རྐྱབ་ན་སྟེ་ མོ་གི་སྐོར་ལས་ཁོང་གིས་ཡེ་ཤུ་ལུ་ཞུཝ་ད། 31 ཁོ་མོ་གི་སྦོ་ལོགས་ཁར་བྱོན་སྦེ་ ལག་པའི་གུ་བཤེད་དེ་ཡར་ལྷོངམ་ད་ དེ་འཕྲོ་ལས་དྲོད་འབར་སངས་ཏེ་ མོ་གིས་ཡེ་ཤུ་གི་ཕྱག་ཞུ་ནུག 32 དེ་ལས་ནམ་སྲོ་པའི་བསྒང་ལས་ མི་ཚུ་གིས་མི་ནདཔ་དེ་ཚུ་དང་ འདྲེ་གདོན་འཛུལ་མི་ག་ར་ ཡེ་ཤུ་གི་སྐུ་མདུན་ལུ་འཁྱིད་བཀལ་ཏེ། 33 ཁྲོམ་གྱི་མི་ག་ར་སྒོ་གི་རྩ་བར་སྤུངས་ནུག 34 ནད་མ་གཅིགཔ་ན་སྡོད་མིའི་ལེ་ཤ་ ཡེ་ཤུ་གིས་དྲགཔ་མཛདཔ་མ་ཚད་ འདྲེ་གདོན་འཛུལ་མི་ལེ་ཤ་གི་ནང་ལས་ འདྲེ་གདོན་བཏོན་བདའ་ནུག་ འདྲེ་གདོན་དེ་ཚུ་གིས་ ཁོ་ག་ཨིན་ན་ངོ་ཤེས་ནུག་ དེ་འབདཝ་ད་ ཁོ་གིས་ཁོང་ལུ་ག་ནི་ཡང་སླབ་མ་སྟེར་བས།། 35 འདི་གི་ནངས་པ་དྲོ་པ་ ཡེ་ཤུ་གནམ་མ་ནངསམ་ལས་ཡར་བཞེངས་ཏེ་ ཕྱི་ཁར་རི་ཙག་ས་གཅིག་ཁར་བྱོན་ཏེ་ སྨོན་ལམ་བཏབ་སྟེ་བཞུགས་ནུག 36 སི་མཱོན་དང་ཁོ་དང་མཉམ་གཅིག་ཡོད་མི་ཚུ་གིས་ ཁོ་ལུ་འཚོལ་བ་སོང་སྟེ། 37 ཁོ་དང་མཇལཝ་ད་ཁོང་གིས་ མི་ག་ར་གིས་ནཱ་ལུ་འཚོལ་དོ་ཟེར་ཞུ་ནུག 38 ཁོང་ལུ་ ང་བཅས་ནཱ་སྦོ་ལོགས་ཁར་ཡོད་མིའི་ཁྲོམ་དེ་ཚུ་ནང་ཡང་འགྱོ་གེ་ ཁྲོམ་དེ་ནང་ཡང་ང་ཆོས་བཤད་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ང་དེ་གི་དོན་ལུ་འོང་ཡི་ཟེར་གསུངས་ནུག 39 དེ་ལས་ཁོ་ ག་ལི་ལི་གི་ སི་ན་གོག་ག་ར་ནང་ཆོས་གསུངས་སྦེ་ འདྲེ་ཚུ་བཏོན་བདའ་སྟེ་བྱོན་ནུག། 40 མཛེ་ནད་ན་མི་གཅིག་འོང་སྦེ་ ཡེ་ཤུ་ལུ་ཕྱག་འཚལ་ཏེ་ ནཱ་གི་ཐུགས་དགོངས་ཡོད་པ་ཅིན་ ང་ལུ་དྲགཔ་མཛད་གནང་ཚུགས་ཟེར་གསོལཝ་བཏབ་ད། 41 ཡེ་ཤུ་གིས་མི་དེ་ལུ་སྙིང་རྗེ་གཟིགས་ཏེ་ ཕྱག་ཕར་ཁོ་གི་གུ་བཀལ་ཏེ་ ང་གིས་ཁྱོད་དྲགཔ་བཟོ་ནི་ཨིན་ དྲག་ཤིག་ཟེར་གསུངསམ་ད། 42 དེ་འཕྲོ་ལས་ཁོ་གི་མཛེ་ནད་དེ་དྲག་སོང་ནུག 43 དེ་ལས་ཡེ་ཤུ་གིས་ཁོ་ལུ་བཀའ་དམ་དམ་སྦེ་གནང་སྟེ་ ནཱ་བལྟ་ཞིག་ ཁྱོད་ཀྱིས་ཨ་ནི་ལོ་རྒྱུས་འདི་ག་ལུ་ཡང་མ་སླབ་ དེ་འབདཝ་ད་ བླམ་འབད་སར་འགྱོ་ཞིནམ་ད་ རང་གི་གཟུགས་འདི་ཁོ་ལུ་བཏོན་ དེ་ལས་ཁྱོད་དྲག་ཅི་ཟེར་ འཛོམ་དཔང་འབད་ནིའི་དོན་ལུ་ མོ་སཱེས་ཀྱི་བཀའ་ཁྲིམས་དང་བསྟུན་ཏེ་ མཆོད་པ་ཕུལ་ཞིག་ཟེར་ ཁོ་ལུ་གསུངས་ཏེ་བཏང་ནུག 45 དེ་འབདཝ་ད་ མི་འདི་སོང་སྟེ་ ཁོ་ལུ་ག་བྱུང་མིའི་གནས་ཚུལ་དེ་གི་སྐོར་ལས་ ག་ར་ལུ་ཁྱབ་བསྒྲགས་བཏང་ནུག་ དེ་གིས་འབད་ཡེ་ཤུ་ཁྲོམ་ཁར་ལུ་ རོགས་ཀྱི་མཐོང་སར་བྱོན་མ་ཚུགས་པར་ རི་ཙག་ས་ལུ་བཞུགས་ནུག་ ཨིན་རུང་ ཕྱོགས་བཞི་ལས་མི་དེ་ཚུ་ཁོ་གི་སྐུ་མདུན་ལུ་བཅར་ནུག།
1 ཉིནམ་གཉིས་གསུམ་དེ་ཅིག་གི་ཤུལ་ལས་ ཡེ་ཤུ་ལོག་སྟེ་ ཀ་ཕཱར་ནུམ་ལུ་འབྱོནམ་ད་ མི་ཚུ་གིས་ ཁོ་རང་བཞུགས་སའི་གཟིམ་གཅུང་ནང་བྱོན་ནུག་ཟེར་གོཝ་ད། 2 མི་གནམ་མེད་ས་མེད་སྤུང་འོངས་ཏེ་ ཁྱིམ་ནང་ན་ཤོང་ནི་དེ་ཕར་རང་བཞག་ སྒོ་གི་རྩ་བར་རང་སྡོད་ས་མ་ཐོབ་ཨིན་མས་ དེ་ལས་ཡེ་ཤུ་གིས་མི་དམངས་ལུ་ཆོས་གསུངས་ཏེ་བཞུགས་ནུག 3 དེ་ལས་མི་བཞི་གིས་ གཟུགས་ཞར་མི་གཅིག་འབག་ལྷོད་དེ། 4 མི་དམངས་ཀྱིས་འབད་དེ་ མི་དེ་ཡེ་ཤུ་གི་ཕྱག་དབང་ལུ་བཀལ་མ་ཚུགས་པར་ ཁོ་བཞུགས་སའི་ཁྱིམ་ཐོག་ཕར་དང་ཚུར་འཕྱལ་སྦེ་ དོང་སྤེད་དེ་ འདོ་ལི་དང་མཉམ་གཅིག་ནདཔ་དེ་མར་གཏང་ནུག 5 ཁོང་གིས་དད་པ་བསྐྱེད་དེ་ཡོདཔ་ཡེ་ཤུ་གིས་མཁྱེན་ཏེ་ གཟུགས་ཞར་མི་འདི་ལུ་ བུ་ཁྱོད་ཀྱི་སྡིག་པ་བཀའ་དྲིན་བསྐྱང་ཚར་ཡི་ཟེར་གསུངས་ནུག 6 དེ་འབདཝ་ད་ འདི་ཁར་ལུ་བཀའ་ཁྲིམས་ཀྱི་སློབ་དཔོན་ལ་ལུ་ཅིག་གིས་ ཁོང་རང་གི་སེམས་ཁར་ལུ། 7 ཨ་ནི་མི་དེ་གིས་ག་ཅི་འབད་ དེ་སྦེ་སླབ་སྨོ་ ཁོ་གིས་དཀོན་མཆོག་ལུ་དབུ་ཕངས་སྨདཔ་ཨིན་མས་ དཀོན་མཆོག་གཅིག་མ་གཏོགས་ མི་གཞན་ག་གིས་ཡང་སྡིག་པ་བཀའ་དྲིན་བསྐྱང་མི་ཚུགས་ཟེར་ དེ་སྦེ་མནོ་བསམ་གཏང་ནུག 8 དེ་འཕྲོ་ལས་ཁོང་ཆ་ཁྱབ་ཀྱིས་མནོ་མི་དེ་ཡེ་ཤུ་གིས་མཁྱེན་ཏེ་ ཁོང་ལུ་ ཁྱེད་ཀྱི་སེམས་ཁར་ འདི་བཟུམ་གྱི་མནོ་བསམ་ག་ཅི་འབད་གཏངམ་སྨོ་ཟེར་གསུངས་ཏེ། 9 གཟུགས་ཞར་མི་འདི་ལུ་ ཁྱོད་ཀྱི་སྡིག་པ་བཀའ་དྲིན་བསྐྱང་ཡི་ཟེར་སླབ་ནི་ ཡང་ན་ཡར་ལོང་སྟེ་ རང་གི་འདོ་ལི་འཐུ་འབག་སྟེ་ ལམ་འགྱོ་ཟེར་སླབ་ནི་ དེ་གཉིས་ལས་ག་འདི་འཇམ་སྨོ། 10 ཨིན་རུང་མིའི་བུ་ལུ་ འཇིག་རྟེན་ནང་སྡིག་པ་བཀའ་དྲིན་བསྐྱང་ནིའི་དབང་ཚད་ཡོད་ཟེར་ ཁྱེད་ཆ་ཁྱབ་ཀྱིས་ཤེས་བཅུག་ནིའི་དོན་ལུ་ཨིན་ཟེར་གསུངས་ཞིནམ་ད་ དེ་ལས་གཟུགས་ཞར་མི་འདི་ལུ། 11 ང་གིས་ཁྱོད་ལུ་སླབ་དོ་ ཡར་ལོང་སྟེ་ཁྱོད་རང་གི་འདོ་ལི་འཐུ་འབག་སྦེ་ ཁྱིམ་ནང་སོང་ཟེར་གསུངསམ་ད། 12 གཟུགས་ཞར་མི་དེ་གིས་ཡར་ལོང་སྟེ་ ཁོ་རང་གི་འདོ་ལི་འཐུ་འབག་སྦེ་ ག་ར་གིས་མཐོང་སར་ཡར་སོང་ནུག་ འདི་མཐོངམ་ད་མི་ག་ར་ཧ་ལས་ཏེ་ ང་བཅས་ཀྱིས་ཨ་ནི་བཟུམ་ ནམ་ཡང་མ་མཐོང་ཟེར་ དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག། 13 ཁོ་ལོག་སྟེ་རང་མཚོའི་མཐའ་མ་འབྱོནམ་ད་ མི་དམངས་ཁོ་གི་སྐུ་མདུན་བཅར་ཏེ་ ཁོ་གིས་ཁོང་ལུ་ཆོས་སྟོན་གནང་ནུག 14 འདི་གིས་ཤུལ་ལས་ཁོ་ལམ་བྱོན་པའི་བསྒང་ ཨཱལ་ཕེ་ཨུས་ཀྱི་བུ་ ལེ་ཝི་ཟེར་མི་དེ་ ཁྲལ་བསྡུ་སའི་ས་གོ་ནང་སྡོདཔ་གཟིགས་ཏེ་ ཡེ་ཤུ་གིས་ཁོ་ལུ་ ངེ་གི་སློབ་མ་སྦེ་ཤོག་ཟེར་གསུངསམ་ད་ ཁོ་ལོང་སྟེ་ ཡེ་ཤུ་གི་སློབ་མ་སྦེ་སོང་ནུག 15 ཡེ་ཤུ་ ལེ་ཝི་གི་ཁྱིམ་ནང་ ཚོགས་བཞེས་པའི་ཚེ་ ཁོ་རང་གི་སློབ་མ་ཚུ་དང་ ཁྲལ་བསྡུ་མིའི་མི་དང་ སྡིག་ཅན་ཚུ་ལེ་ཤ་རང་ ཁོང་དང་མཉམ་གཅིག་ཟ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གི་ཤུལ་བདའ་སྟེ་འོང་མིའི་མི་དེ་བཟུམ་ ལེ་ཤ་རང་ཡོདཔ་ཨིན་མས། 16 དེ་ལས་ ཕ་རུ་ཤི་པ་ཆོས་ལུགས་ནང་ལས་འོང་མིའི་ བཀའ་ཁྲིམས་ཀྱི་སློབ་དཔོན་དེ་ཚུ་གིས་ མི་སྡིག་ཅན་དང་ ཁྲལ་བསྡུ་མི་ཚུ་དང་མཉམ་གཅིག་ཚོགས་བཞེས་ས་མཐོང་སྟེ་ ཁོ་ག་ཅི་འབད་ ཁྲལ་བསྡུ་མི་དང་མི་སྡིག་ཅན་ཚུ་དང་མཉམ་གཅིག་ ཚོགས་བཞེསཔ་ཨིན་ན་ཟེར་ ཁོ་གི་སློབ་མ་ཚུ་ལུ་དྲིས་ནུག 17 དེ་ཡེ་ཤུ་གིས་སྙན་གསན་ཏེ་ཁོང་ཆ་ཁྱབ་ལུ་ལན་དེ་སྦེ་གསུངས་ནུག་ དྲུང་འཚོ་འདི་མི་ཁམས་བཟང་པོ་གི་དོན་ལུ་མེན་པར་ ནདཔ་གི་དོན་ལུ་ཨིན་ ང་མི་ཆོས་སེམས་ཅན་གྱི་དོན་ལུ་མེན་པར་ མི་སྡིག་ཅན་ཚུ་འབོ་པ་འོང་ཡི་ཟེར་གསུངས་ནུག། 18 ཉིནམ་གཅིག་གི་ཚེ་ ཡོ་ཧ་ནཱན་གྱི་སློབ་མ་དང་ ཕ་རུ་ཤི་པ་ཆ་ཁྱབ་ སྨྱུང་གནས་སྲུང་སྡོདཔ་ད་ མི་ལ་ལུ་ཅིག་འོངས་ཏེ་ཡེ་ཤུ་ལུ་ཞུ་ནུག་ ཡོ་ཧ་ནཱན་གྱི་སློབ་མ་དང་ ཕ་རུ་ཤི་པ་གི་སློབ་མ་ཚུ་ སྨྱུང་གནས་སྲུངམ་ཨིན་མས་ དེ་འབདཝ་ད་ ནཱ་གི་སློབ་མ་ཚུ་ ག་ཅི་འབད་སྨྱུང་གནས་མ་སྲུངམ་སྨོ་ཟེར་ཞུཝ་ད། 19 ཡེ་ཤུ་གིས་ཁོང་ལུ་ལན་ གཉེན་གྱི་རྟེན་འབྲེལ་ནང་འོང་མིའི་མགྱོནམ་ཚུ་ རྨགཔ་དང་མཉམ་གཅིག་ཡོདཔ་ད་ ཁོང་གིས་བཞེས་སྒོ་མ་ཟ་བར་སྡོད་འོང་ག་ རྨགཔ་ཁོང་དང་གཅིག་ཁར་སྡོད་པའི་བར་ན་ ཁོང་སྨྱུང་གནས་སྲུང་མི་ཚུགས་མེན་ན། 20 དེ་འབདཝ་ད་ ཉིནམ་གཅིག་གི་ཚེ་རྨགཔ་དེ་ ཁོང་ལས་ཁ་འབྱལ་འགྱོ་བའི་དུས་གཅིག་འཐོན་འོང་ དེ་ལས་ཁོང་སྨྱུང་གནས་བསྲུང་འོང་ཟེར་གསུངས་ནུག 21 དཔེར་ན་བགོ་ལ་རྙིང་པའི་གུ་ བགོ་ལ་གསརཔ་གི་ལྷན་པ་ ག་གིས་ཡང་མི་བཏབ་ བཏབ་པ་ཅིན་ལྷན་པ་གསརཔ་དེ་གིས་རྙིངཔ་དེ་ཧྲལ་ཏེ་ ཧེ་མ་ལས་ཡང་སྦོམ་སྦེ་དོང་བཏོན་འོང་། 22 དེ་བཟུམ་སྦེ་རང་ རྒུན་འབྲུམ་ཆང་མ་ཁུགཔ་དེ་ཀོཝ་གི་རྐྱལ་ཅུང་རྙིང་པའི་ནང་བླུག་མི་བཞག་ བླུགས་བཞག་པ་ཅིན་ ཆང་འདི་ འཁོལ་བའི་བསྒང་ལས་རྐྱལ་ཅུང་སྤེད་གཏང་འོང་ དེ་ལས་ཆང་དེ་གིས་ ཀོཝ་གི་རྐྱལ་ཅུང་དང་ཆང་གཉིས་ཆ་ར་མེདཔ་གཏང་འོང་ རྒུན་འབྲུམ་ཆང་མ་ཁུགཔ་དེ་ཀོཝ་གི་རྐྱལ་ཅུང་ གསརཔ་ནང་རང་བླུགས་བཞག་དགོ།། 23 ཡེ་ཤུ་དང་ཁོ་གི་སློབ་མ་ཚུ་ངལ་འཚོ་བའི་ཉིནམ་ལུ་ དཀར་ཞིང་སྦུག་ལས་འབྱོནམ་ད་ ཁོ་གི་སློབ་མ་ཚུ་གིས་དཀར་གྱི་མགུ་ཏོ་བཏོགས་ནུག 24 ཕ་རུ་ཤི་པ་ཚུ་གིས་འདི་མཐོང་སྟེ་ཡེ་ཤུ་ལུ་སླབ་ནུག་ བལྟ་གཞི་ ངལ་འཚོ་བའི་ཉིན་མ་ ཁྲིམས་ལས་འགལ་བའི་ལཱ་ འབད་མ་ཆོག་མི་འདི་ ཁོང་གིས་ག་ཅི་འབད་འབདཝ་སྨོ་ཟེར་སླབ་ད། 25 ཡེ་ཤུ་གིས་ཁོང་གི་ལན་ལུ་ རྒྱལཔོ་ ད་བིད་དང་ཁོ་དང་གཅིག་ཁར་ཡོད་མིའི་མི་ཚུ་ལྟོཝ་བཀྱེས་ བཞེས་སྒོ་མ་ཐོབ་ད་ ག་ཅི་འབད་ཡི་ དེའི་སྐོར་ལས་ཁྱེད་ཀྱིས་ནམ་ཡང་ལྷབ་སྟེ་མ་བལྟ་ག། 26 མཁན་ཆེན་ ཨ་བི་ཐཱར་གྱི་དུས་སྐབས་ལུ་ རྒྱལཔོ་ ད་བིད་ཀྱིས་དཀོན་མཆོག་གི་བཞུགས་ཁང་ནང་འཛུལ་ཏེ་ དཀོན་མཆོག་ལུ་ཕུལ་མི་ཞལ་ཟས་ འདི་བླམ་གྱིས་མ་གཏོགས་ གཞན་གྱིས་ཟ་མ་ཆོག་མི་འདི་ ཁོ་རང་གིས་ཟཝ་མ་ཚད་ ཁོ་དང་མཉམ་གཅིག་ཡོད་མི་ཚུ་ལུ་ཡང་བྱིན་ནུག 27 ད་རུང་ཁོང་ཆ་ཁྱབ་ལུ་ཁོ་གིས་ ངལ་འཚོ་བའི་ཉིནམ་འདི་ མི་ལུ་ཕན་པའི་དོན་ལུ་བཟོ་བཟོཝ་ཨིན་ མི་འདི་ངལ་འཚོ་བའི་ཉིནམ་གི་དོན་ལུ་མེན། 28 དེ་འབདཝ་ལས་ མིའི་བུ་འདི་ ངལ་འཚོ་བའི་ཉིནམ་གི་གཙོ་བོ་ཡང་ཨིན་ནོ་ཟེར་གསུངས་ནུག།
1 ད་རུང་ཁོ་ལོག་སྟེ་ སི་ན་གོག་ནང་འབྱོནམ་ད་ འདི་ཁར་མི་ལགཔ་ཞབོ་གཅིག་ཡོདཔ་ཨིན་མས། 2 ཡེ་ཤུ་ལུ་སྐྱོན་བཏག་ནི་གི་དོན་དག་འཚོལ་མི་དེ་ཚུ་གིས་ ངལ་འཚོ་བའི་ཉིནམ་ལུ་ཁོ་གིས་ཞབོ་དེ་ལུ་ དྲགཔ་བཟོ་འོང་ག་མི་བཟོ་ག་ཟེར་མནོ་སྟེ་ ཁོ་གི་སྦོ་ལོགས་ཁར་འོངས་ཏེ་བལྟ་སྡོད་ནུག 3 ཡེ་ཤུ་གིས་ལགཔ་ཞར་མི་དེ་ལུ་ ལོང་སྟེ་ཡར་གདོང་ཁར་ཤོག་ཟེར་གསུངས་ནུག 4 ད་རུང་ཡེ་ཤུ་གིས་འདི་ཁར་ཡོད་མི་ཚུ་ལུ་ བཀའ་ཁྲིམས་དང་བསྟུན་ཏེ་ ངལ་འཚོ་བའི་ཉིན་མ་ལེགས་ཤོམ་འབད་ཆོག་ག་ ཟོགཔོ་འབད་ཆོག་ག་ སྲོག་སྐྱབས་འབད་ཆོག་ག་ བསད་ཆོག་ག་ ཟེར་དྲིཝ་ད་ ཁོང་གིས་ལན་ག་ནི་ཡང་མ་ཞུ་བས། 5 ཡེ་ཤུ་དགོངསམ་ཁྲེལ་ཏེ་ ཕར་དང་ཚུར་གཟིགསཔ་ད་ མི་ཚུ་གི་སེམས་སྲ་ཀྲག་ལུ་ཐུགས་ཕམ་ནུག་ དེ་ལས་མི་དེ་ལུ་ ཁྱོད་ཀྱི་ལགཔ་ཕར་བརྐྱང་ཤིག་ཟེར་གསུངསམ་ད་ ཁོ་གིས་ལགཔ་ཕར་བརྐྱང་པའི་བསྒང་ལས་དྲག་སོང་ནུག 6 དེ་ལས་ ཕ་རུ་ཤི་པ་ཚུ་དེ་འཕྲོ་ལས་དེ་ཁར་ལས་ཐོན་སོང་སྟེ་ ཁོ་ག་དེ་སྦེ་བསདཔ་དྲག་ག་ཟེར་གྱོས་ངན་བརྩམ་སྟེ་ དཔོན་ ཧེ་རཱོད་དང་ཁ་ཅིག་འབད་མི་ཚུ་སྡོད་སར་བསྟུན་གྲོས་བརྐྱབས་པ་སོང་ནུག། 7 ཡེ་ཤུ་ཁོ་རང་གི་སློབ་མ་ཚུ་དང་གཅིག་ཁར་ མཚོའི་ཁ་ཐུག་ལུ་འབྱོནམ་ད་ མི་དམངས་ཀྱིས་ཁོ་གི་རྟིང་བདའ་འོངས་ནུག 8 དེ་ལས་ཡེ་ཤུ་གིས་མཛད་མིའི་ ཧ་ལས་པའི་ཕྱག་ལཱ་གི་ཁྱབ་བསྒྲགས་དེ་ཚུ་ ག་ལི་ལི་ལུང་ཕྱོགས་དང་ ཡུ་དེ་ཡ་ལུང་ཕྱོགས་དང་ རྒྱལ་ས་ ཡེ་རུ་ཤ་ལེམ་དང་ ལུང་ཕྱོགས་ ཨི་དུ་མེ་ཡ་དང་ གཙང་ཆུ་ ཡཱོར་དཱན་གྱི་ཕ་ཁར་ ཁྲོམ་ ཏའིར་དང་ ཁྲོམ་ སི་དཱོན་གྱི་སྦོ་ལོགས་ཁའི་གཡུས་ཚན་ཚུ་ནང་ སྡོད་མི་ཚུ་གིས་རྣ་བ་གོ་སྟེ་ ག་ར་ཁོ་གི་སྐུ་མདུན་ལུ་བཅར་ནུག 9 མི་དམངས་ཀྱིས་ཁོ་ལུ་ཨེབ་ཐག་རྐྱབ་མ་འོང་ནིའི་དོན་ལུ་ གྲུ་གཅིག་གྲ་སྒྲིག་རྐྱབས་ཟེར་ ཡེ་ཤུ་གིས་སློབ་མ་ཚུ་ལུ་གསུངས་ནུག 10 ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་མི་ལེ་ཤ་དྲགཔ་མཛད་ནི་དེ་གིས་ ནདཔ་དེ་ཚུ་ག་ར་གིས་ ཁོང་རང་དྲག་ནི་གི་དོན་ལུ་ ཕར་འཕུལ་ཚུར་འཕུལ་བརྐྱབས་ཏེ་ ཡེ་ཤུ་གུ་འདོགས་ནི་སྦེ་འོངམ་ཨིན་མས། 11 ནམ་རང་འབད་རུང་འདྲེ་གདོན་འཛུལ་མི་ཚུ་ ཁོ་དང་མཇལཝ་ཙམ་གྱིས་ ཁོ་གི་སྐུ་མདུན་ལུ་ཕྱག་འཚལ་ སྐད་ཤོར་ཏེ་ ཁྱོད་དཀོན་མཆོག་གི་སྲས་ཨིན་མས་ཟེར་ཞུ་ནུག 12 དེ་འབདཝ་ད་ ཁོ་གིས་འདྲེ་གདོན་འདི་ཚུ་ལུ་ ང་ག་ཨིན་ན་ག་ལུ་ཡང་མ་སླབ་ཟེར་བཀའ་དམ་དམ་སྦེ་གནང་ནུག། 13 དེ་ལས་ཡེ་ཤུ་ཡར་སྒང་གུ་བྱོན་ཏེ་ ཁོ་གིས་ཐུགས་དགྱེས་མི་ཚུ་ལུ་ ཁོ་གི་སྐུ་མདུན་ལུ་འབོ་ཞིནམ་ད་ ཁོང་ཆ་ཁྱབ་སོང་ནུག 14 དེ་ལས་ཁོ་གིས་མི་བཅུ་གཉིསཔ་འདི་ ཁོ་དང་གཅིག་ཁར་སྡོད་ནི་དང་ ཆོས་བཤད་པ་གཏང་ནི་གི་དོན་ལུ་ སྐུ་ཚབ་ཀྱི་འགན་ཁུར་གནང་ནུག 15 དེ་ལས་འདྲེ་གདོན་ཚུ་ལུ་ བཏོན་བདའ་ཚུགས་ནི་གི་དབང་ཚད་ཡང་གནང་ནུག 16 དེ་ལས་ ཁོ་གིས་འགན་ཁུར་གནང་མིའི་བཅུ་གཉིསཔ་ རིམ་པ་བཞིན་དུ་སླབ་པ་ཅིན་ དང་པ་རང་། པེ་ཏྲོ་ཟེར་མིང་བཏགས་མི་ སི་མཱོན་དང་། 17 ཟེ་བེ་དི་གི་བུ་ ཡ་ཀོབ་དང་ ཡ་ཀོབ་ཀྱི་ནུ་གཅུང་ ཡོ་ཧ་ནཱན་ ཡེ་ཤུ་གིས་ཁོང་གཉིས་ལུ་ བོ་ཨ་ནེར་གཱེས་ཟེར་མིང་བཏགས་གནང་ནུག་ འདི་རྫོང་ཁ་ནང་ལུ་འབད་བ་ཅིན་ གནམ་ལྕགས་ཀྱི་བུ་ཟེར་སླབ་ཨིན་མས། 18 ཨཱན་དྲུ་དང་ ཕི་ལིབ་དང་ བཱར་ཐོ་ལོ་མིའུ་དང་ མེ་ཐིའུ་དང་ ཐོ་མཱས་དང་ ཨཱལ་ཕེ་ཨུས་ཀྱི་བུ་ ཡ་ཀོབ་དང་ ཐཱད་དེ་ཨུས་དང་ སྲིད་བྱུས་ཀྱི་སྡེ་ཚན་ལས་ཨིན་མི་ སི་མཱོན་དང་། 19 དེ་ལས་ཁོ་ལུ་ངོ་ལོག་རྐྱབ་མི་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཀྱི་བརྩིས་ཏེ་ སློབ་མ་གཉིསཔ་འདི་ཨིན་མས།། 20 དེ་ལས་ཡེ་ཤུ་ཁོ་རང་བཞུགས་སའི་གཟིམ་ཅུང་ནང་འབྱོནམ་ད་ ད་རུང་མི་དམངས་སྤུངས་འོངས་ཏེ་ ཡེ་ཤུ་དང་ཁོ་གི་སློབ་མ་ཆ་ཁྱབ་ གསོལཝ་བཞེས་ནི་གི་དུས་སྐབས་རང་མ་ཐོབ་ཨིན་མས། 21 མི་ཚུ་གིས་ཁོ་འཆོལ་ལོང་ཡར་སོང་ནུག་ཟེར་སླབ་ད་ གཏམ་འདི་ཁོ་གི་ཡུམ་དང་སྐུ་མཆེད་ཚུ་གིས་གསན་ཏེ་ ཡེ་ཤུ་ཞུ་བ་བྱོན་ནུག 22 ཡེ་རུ་ཤ་ལེམ་ལས་འོང་མིའི་བཀའ་ཁྲིམས་ཀྱི་སློབ་དཔོན་ལ་ལུ་གིས་ ཁོ་ནང་ལུ་འདྲེ་ བཱེལ་ཟེ་བུལ་འཛུལ་ནུག་ཟེར་སླབ་ནུག་ འདི་འདྲེ་གདོན་གྱི་རྒྱལཔོ་འབད་ནི་འདི་གིས་ ཁོ་གི་དབང་ཤུགས་ཀྱིས་འདྲེ་གདོན་འདི་ཚུ་བཏོན་བདའཝ་མས་ཟེར་སླབ་ནུག 23 དེ་ལས་ཡེ་ཤུ་གིས་མི་དེ་ཚུ་ཁོ་གི་སྐུ་མདུན་འབོ་སྟེ་ ཁོང་ལུ་དཔེ་གཏམ་གྱི་ཐོག་ལས་ཆོས་གསུངས་ནུག་ བདུད་ སེ་ཏཱན་གྱིས་ཁོ་རང་གིས་ཁོ་རང་ལུ་ ག་དེ་སྦེ་བདའ་ཚུགས་ནི་སྨོ། 24 རྒྱལ་ཁབ་གཅིག་ནང་མ་མཐུནམ་འབྱུང་པ་ཅིན་ རྒྱལ་ཁབ་འདི་ཡུན་མ་རིང་བར་མེདཔ་ཐལ་འོང་། 25 ཁྱིམ་གཅིག་ནང་བཟའ་ཚང་མ་མཐུནམ་འབྱུང་པ་ཅིན་ ཁྱིམ་ནང་གི་བཟའ་ཚང་འདི་ནམ་ཡང་ ཡུན་རིངམ་སྦེ་སྒྲིང་སྒྲིང་སྡོད་མི་ཚུགས། 26 བདུད་ སེ་ཏཱན་གྱིས་ཁོ་རང་གི་ནང་འཁོད་ནང་ལུ་དགྲ་ལོང་སྟེ་ མ་མཐུནམ་འབྱུང་པ་ཅིན་ མེདཔ་ཐལ་བའི་དུས་ཚོད་རནམ་ཨིན། 27 དཔེ་གཅིག་འབད་བ་ཅིན་ མི་སྟོབས་ཅན་གྱི་ཁྱིམ་ནང་ལུ་ཨརཝ་རྐྱབ་པ་འགྱོཝ་ད་ ཧེ་མ་མི་སྟོབས་ཅན་འདི་བཅིངས་མ་བཞག་པ་ཅིན་ ཁོ་གི་ཁྱིམ་བཅོམ་མི་ཚུགས་ དང་པ་ཁོ་བཅིངས་ཞིན་ན་ དེ་ལས་རྐྱངམ་ཅིག་ཁྱིམ་བཅོམ་ཚུགས། 28 ང་གིས་ཁྱེད་ལུ་དོན་དག་རང་སླབ་དོ་ མི་ཚུ་གིས་དཀོན་མཆོག་ལུ་དབུ་འཕང་སྨད་མི་དང་ སྡིག་པ་གཞན་ག་ར་དཀོན་མཆོག་གིས་བཀའ་དྲིན་བསྐྱང་འོང་། 29 དེ་འབདཝ་ད་ དམ་པའི་ཐུགས་ཉིད་ལུ་ དབུ་འཕང་སྨད་མིའི་སྡིག་པ་འདི་ ཐད་རི་བ་རི་བཀའ་དྲིན་མི་བསྐྱང་ ད་རུང་འདི་གི་གུ་ རྒྱུན་ཆད་མེད་པའི་ ཆདཔ་ཕོག་ནི་ཨིན་ཟེར་གསུངས་ནུག 30 ག་ཅི་སྨོ་ཟེར་བ་ཅིན་ མི་ཚུ་གིས་ཡེ་ཤུ་གི་ནང་ན་འདྲེ་འདུག་ཟེར་ སླབ་ནི་དེ་གིས་ ཡེ་ཤུ་གིས་དཔེ་གཏམ་འདི་ཚུ་གསུངས་གསུངསམ་ཨིན་མས།། 31 ཡེ་ཤུ་གིས་དཔེ་གཏམ་འདི་ཚུ་གསུངས་བཞུགསཔ་ད་ ཁོ་གི་ཡུམ་དང་སྐུ་མཆེད་དེ་ཚུ་ ཁོ་བཞུགས་སའི་སྒོ་ཁར་བྱོན་ཏེ་ ཕྱི་ཁར་ལུ་ཡར་བཞེངས་བཞུགས་སྦེ་ ཡེ་ཤུ་ལུ་ཞུ་བ་གཏང་ནུག 32 མི་དམངས་ཁོ་བསྐོར་རི་རྐྱབ་སྡོད་མི་ཚུ་གིས་ ཁོ་ལུ་ཞུ་ནུག་ གཟིགས་ལགས་ ནཱ་གི་ཡུམ་དང་སྐུ་མཆེད་ཚུ་གིས་ ཕྱི་ཁར་འཚོལ་དེས་ཟེར་ཞུཝ་ད། 33 ཡེ་ཤུ་གིས་ཁོང་ལུ་ ངེ་གི་ཡུམ་དང་སྐུ་མཆེད་ཚུ་ག་སྨོ་ཟེར་གསུངས་ཞིནམ་ད། 34 དེ་ལས་ཁོ་གིས་ཡར་གྱལ་སྒོར་སྡོད་མི་ཚུ་ལུ་གཟིགས་ཏེ་ བལྟ་ཞིག་ ཨ་ནཱ་ཡོད་མི་དེ་ཚུ་ངེ་གི་ཨའི་དང་སྤུན་ཆ་ཚུ་ཨིན། 35 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་ཐུགས་དགོངས་དང་བསྟུན་ཏེ་འབད་མི་འདི་ ངེ་གི་ནུ་གཅུང་དང་ ངེ་གི་སྲིངམོ་དང་ ངེ་གི་ཨའི་ཨིན་ཟེར་གསུངས་ནུག།
1 ཡེ་ཤུ་གིས་མི་ཚུ་ལུ་ཆོས་སྟོན་གནངམ་ད་ མཚོའི་མཐའ་མ་མི་ཚོགས་སྦོམ་སྤུངས་འོངས་ནི་དེ་གིས་ ཁོ་རང་གྲུ་གཅིག་གི་ནང་ན་བཞུགས་སྦེ་ མི་ག་ར་མཚོའི་མཐའ་མ་སྡོད་ནུག 2 དེ་ལས་མི་དམངས་ལུ་ཁོ་གིས་དཔེ་གཏམ་ཨ་ནི་བཟུམ་གྱི་ཐོག་ལས་སྦེ་ ཆོས་ལེ་ཤ་སྟོན་གནང་སྟེ། 3 ཁོ་གིས་ ནཱ་ཉན་ཞིག་ ཉིནམ་གཅིག་གི་ཚེ་ ཞིང་ལཱ་འབད་མི་གཅིག་གིས་ཞིང་ཁར་སོན་གཏོར་བ་སོང་སྟེ། 4 ཁོ་གིས་སོན་གཏོརཝ་ད་ སོན་ལ་ལུ་ལམ་ཁར་བུད་དེ་ བྱི་ཅུང་འོངས་ཏེ་ འཐུ་ཟ་ནུག 5 སོན་ལ་ལུ་ཅིག་ས་རུག་རྡོ་རུག་ནང་བུད་དེ་ ས་གཏིང་མེད་ནི་དེ་གིས་ སོན་དེ་མ་ལས་ཡར་མགྱོགས་པར་སྐྱེས་རུང་། 6 སོན་ཡར་སྐྱེ་མི་དེ་ ར་ཏོ་མར་གཏིང་རིངམ་སྦེ་ འགྱོ་མ་ཚུགས་པར་ ཉིམ་ཤརཝ་ད་ དྲོས་ཀྱིས་སྐམ་སྟེ་ཤི་སོང་ནུག 7 སོན་ལ་ལུ་ཅིག་རྩང་གི་ཚང་ནང་བུད་དེ་ རྩང་དང་གཅིག་ཁར་སྐྱེས་རུང་ རྩང་ཡར་སྦོམ་ད་ ལྕུག་གུ་དེ་ལུ་རྩང་གི་མར་མནེམ་སྟེ་ ཡར་སྦོམ་མ་ཚུགས་པས་ དོག་མ་ག་ནི་ཡང་མ་བཏགས་པར་ལུས་ནུག 8 དེ་རང་ཨིན་རུང་ སོན་ལ་ལུ་ཅིག་ས་བཟང་སར་བུད་དེ་ འདི་མར་ལས་ཡར་སྐྱེས་བའི་བསྒང་ལས་ ལོ་ཐོག་ལེགས་ཤོམ་སྦེ་འཚོ་སྟེ་ ཧེ་མ་ས་ཁར་གཅིག་བཏབ་ས་ལས་ ལ་ལུ་གིས་གསུམ་བཅུ་ ལ་ལུ་གིས་དྲུག་བཅུ་ ལ་ལུ་གིས་གཅིག་བརྒྱ་ཐེབས་སྦེ་ལོ་ཐོག་འཚོ་ནུག 9 དེ་ལས་ཁོ་གིས་ ག་ལུ་ཉན་ནི་གི་རྣམ་ཅོག་ཡོད་མི་དེ་གིས་ཉན་ཤིག་ཟེར་གསུངས་ནུག། 10 ཡེ་ཤུ་ཁོ་རང་གཅིག་སྦེ་བཞུགས་པའི་བསྒང་ལུ་ སློབ་མ་བཅུ་གཉིས་དང་ཆོས་ཉན་མིའི་གྲལ་ཁ་ལས་ ལ་ལུ་ཅིག་གིས་ཁོ་གི་སྐུ་མདུན་ལུ་བཅར་ཏེ་ ཨ་ནི་དཔེ་གཏམ་གྱི་སྐོར་ལས་དྲི་བ་ཞུཝ་ད། 11 ཁོ་གིས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་ཧ་གོ་ནི་འདི་ ཁྱེད་ལུ་གནང་སྟེ་ཡོད་ དེ་འབདཝ་ད་ མི་གཞན་ལུ་ག་ཅི་རང་འབད་རུང་ དཔེ་གཏམ་གྱི་ཐོག་ལས་སྦེ་སླབ་དགོཔ་ཨིན། 12 ག་ཅི་སྨོ་ཟེར་བ་ཅིན། ཁོང་གི་མིག་ཏོ་གིས་བལྟཝ་ཨིན་མས་ དེ་འབདཝ་ད་ ག་ནི་ཡང་མི་མཐོང་པས་ རྣ་བ་གིས་ཉནམ་ཨིན་མས་ དེ་འབདཝ་ད་ དོན་དག་ཧ་མི་གོ་བས་ ཁོང་གི་མིག་གིས་མཐོང་ རྣ་བ་ཡང་གོ་གོཝ་འབད་བ་ཅིན་ ཁོང་འགྱོད་སེམས་བསྐྱེད་དེ་ དཀོན་མཆོག་གིས་བཤགས་པ་གནང་གནངམ་འོང་ཟེར་ གསུང་རབ་ནང་བྲིས་ཏེ་ཡོད་ དེ་ལུང་བསྟན་འགྲུབ་ནི་སྦེ་ཨིན་ཟེར་ཁོང་ལུ་གསུངས་ནུག། 13 ཡེ་ཤུ་གིས་ཁོང་ཆ་ཁྱབ་ལུ་ ཁྱེད་ཀྱིས་ཨ་ནི་དཔེ་གཏམ་དེ་གི་དོན་དག་ཧ་མི་གོ་བས་ག་ ཧ་མ་གོ་བ་ཅིན་དཔེ་གཏམ་གཞན་གྱི་དོན་དག་འདི་ཚུ་ ག་དེ་སྦེ་ཧ་གོ་ནི་སྨོ། 14 སོན་གཏོར་མི་དེ་དཀོན་མཆོག་གི་གསུང་བཤད་མི་དེ་ཨིན། 15 ལམ་ཁར་བུད་མིའི་སོན་འདི་དཀོན་མཆོག་གི་གསུང་འདི་ཨིན་ གསུང་འདི་ཁོང་གིས་ཉནམ་ད་ དེ་འཕྲོ་ལས་བདུད་ སེ་ཏཱན་འོངས་ཏེ་ ཁོང་ལུ་བཤད་མིའི་གསུང་འདི་ ཁོ་གིས་འཐུ་འབག་འོང་། 16 དེ་བཟུམ་སྦེ་ ས་རུག་རྡོ་རུག་ནང་བུད་མིའི་སོན་འདི་ཡང་དཀོན་མཆོག་གི་གསུང་ ཁོང་གིས་གོ་མི་འདི་ཨིན་ ཁོང་གིས་ཧེ་མ་གསུང་འདི་གོཝ་ད་ དེ་འཕྲོ་ལས་སེམས་དགའ་སྟེ་ཉནམ་ཨིན། 17 དེ་འབདཝ་ད་ ར་ཏོ་མར་མ་བཏགསཔ་ལས་བརྟེན་ཏེ་ ཁོང་གི་སེམས་ཁར་ལུ་ཡང་ གསུང་འདི་ཡུདཔ་ཐེངས་གཅིག་མ་གཏོགས་མི་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ གསུང་འདི་གི་སྐོར་ལས་ དཀའ་ངལ་དང་གནོད་པ་དེ་ཚུ་འབྱུང་པའི་བསྒང་ལས་ གསུང་འདི་ལས་རྒྱབ་བཤུད་རྐྱབ་འགྱོ་མི་འདི་ཚུ་ ས་རུག་རྡོ་རུག་ནང་བུད་མིའི་སོན་འདི་ཨིན། 18 དེ་ལས་རྩང་གི་ཚང་ནང་བུད་མིའི་སོན་འདི་ཨ་ནི་ཨིན་ མི་ལ་ལུ་ཅིག་གིས་དཀོན་མཆོག་གི་གསུང་ཉན་ཏེ། 19 ཨ་ཙི་ཅིག་ཡར་སྦོམ་འགྱོཝ་ད་ མི་ཚེ་འདི་གི་ཚ་གྱང་དང་ རྒྱུ་ནོར་ལོངས་སྤྱོད་ཀྱི་ཞེན་ཆགས་ དེ་ལས་འདོད་པ་མ་འདྲཝ་འདི་ཚུ་གིས་བསྡམས་ཏེ་ ལོ་ཐོག་མ་འཚོ་མི་ཚུ་ཨིན། 20 དེ་འབདཝ་ད་ མི་ལ་ལུ་ཅིག་གིས་ ས་བཟང་སར་ལུ་ བུད་མིའི་སོན་འདི་བཟུམ་གཅིག་ཨིན་ ཁོང་ཆ་ཁྱབ་དཀོན་མཆོག་གི་གསུང་འདི་ཉན་ཞིནམ་ད་ སེམས་ཁར་ལེན་ཏེ་ལོ་ཐོག་བཏག་མི་ཚུ་འདི་ཨིན་ དཔེར་ན་ཧེ་མ་ས་ཁར་སོན་གཅིག་བཏབ་ས་ལས་ ལ་ལུ་གིས་གསུམ་བཅུ་དང་ ལ་ལུ་གིས་དྲུག་བཅུ་དང་ ལ་ལུ་གིས་བརྒྱ་སྦེ་ ལོ་ཐོག་ཐེབས་སྦེ་བཏགཔ་ཨིན་ཟེར་ཁོ་གིས་གསུངས་ནུག། 21 ཁོ་གིས་ཁོང་ཆ་ཁྱབ་ལུ་ ག་ར་འབད་རུང་ ས་ཏི་བཏེགས་ཏེ་ ཡར་མཐོ་སར་བཞག་ནི་མ་གཏོགས་ མར་སྦ་ཟེ་གི་འོག་ལུ་དང་ ཉལ་ཁྲི་གི་འོག་ལུ་བཙུགས་ནི་སྦེ་འབག་འོང་ག། 22 ག་ཅི་རང་འབད་རུང་ སྦ་བཞག་མི་འདི་ དུས་ཚོད་རནམ་ད་ཕྱི་ཁར་འཐོན་འོང་ གསང་བཞག་མི་འདི་ འོད་ནང་འཐོན་ཏེ་ ག་ར་གིས་ཤེས་འོང་ཟེར་གསུངས་ནུག 23 ད་རུང་ཁོ་གིས་ ག་ལུ་ཉན་ནི་གི་རྣམ་ཅོག་ཡོད་མི་དེ་གིས་ཉན་ཞིག་ཟེར་གསུངས་ནུག 24 ཁོང་ཆ་ཁྱབ་ལུ་ད་རུང་ ཁྱེད་ཀྱིས་ག་ཅི་གོཝ་སྨོ་ འདི་ནང་ལུ་དྲན་པ་བཏོན་ ཁྱེད་ཀྱིས་ག་དེམ་ཅིག་ཚད་འཇལ་ཏེ་ཕར་བྱིན་དོ་ག་ འདི་བཟུམ་སྦེ་རང་ལོག་སྟེ་ཁྱེད་ལུ་བྱིན་འོང་ འདི་གིས་མ་ཚད་ དེ་ལས་ཡང་ལྷགཔ་སྦེ་ ཁྱེད་ལུ་བྱིན་འོང་། 25 ག་ཅི་སྨོ་ཟེར་བ་ཅིན་ ཡོད་མི་འདི་ལུ་ ད་རུང་དེ་ལས་ཡང་ལྷགཔ་སྦེ་བྱིན་འོང་ མེད་མི་དེ་ནང་ལས་ ད་རུང་ཡོད་མི་དེ་ཡང་ ལེན་འབག་འགྱོ་འོང་ཟེར་ཡེ་ཤུ་གིས་གསུངས་ནུག། 26 ཁོ་གིས་དཀོན་མཆོག་གི་རྒྱལ་སྲིད་འདི་ མི་གཅིག་གིས་ཁོ་རང་གི་ཞིང་ཁར་ལུ་ སོན་བཏབ་བཞག་མི་བཟུམ་གཅིག་ཨིན། 27 ཁོ་ཞག་ཉལ་ ཡར་ལོང་ཡི་རང་ དུས་ཚོད་འདི་ག་དེ་སྦེ་འགྱོཝ་ཨིན་ན་ ཁོ་གིས་མི་ཤེས་ ཨིན་རུང་ སོན་འདི་ལུ་མི་འདི་གིས་ཆ་རོགས་འབད་མ་དགོ་པར་ སོན་འདི་ཉིན་ནུབ་མེད་པར་ཁོ་རང་སྐྱེས་ཏེ་རང་ ཡར་སྦོམ་འགྱོཝ་ཁོ་གིས་ཡང་མི་ཤེས། 28 ས་ཞིང་འདི་ནང་ལས་ རང་བཞིན་གྱིས་ལོ་ཐོག་སྐྱེ་འོངམ་ཨིན་ དང་པར་ལྕུག་གུ་རྒྱགས་ དེ་ལས་འདབ་མ་སྐྱེས་ དེ་གི་ཤུལ་ལས་སྦུབ་ཅུ་བཏགས་ཏེ་ དེའི་ནང་ན་ ནང་རྫས་བཏགསཔ་ཨིན། 29 དེ་འབདཝ་ད་ ལོ་ཐོག་འདི་འཚོ་པའི་བསྒང་ལས་ ཁོ་གིས་ཟོརཝ་གི་བརྔ་ནི་འགོ་བཙུགས་འོང་ཟེར་ཡེ་ཤུ་གིས་གསུངས་ནུག། 30 ད་རུང་ཡེ་ཤུ་གིས་ དཀོན་མཆོག་གི་རྒྱལ་སྲིད་དེ་ ང་གིས་དཔེ་ག་ཅི་དང་ག་བསྡུར་བརྐྱབ་ནི་ཨིན་ན་ དཔེ་གཏམ་ག་ཅི་དང་གཅིག་ཁར་འགྲེལ་བཤད་བརྐྱབ་ནི་སྨོ་ཟེར་བ་ཅིན། 31 དཀོན་མཆོག་གི་རྒྱལ་སྲིད་འདི་ པད་དཀར་གྱི་སོན་བཟུམ་གཅིག་ཨིན་ ས་གཞི་ནང་གི་སོན་ག་ར་ལས་ ཆུང་ཤོས་གཅིག་ཨིན་རུང་། 32 ས་ཁར་བཏབ་པའི་བསྒང་ལས་ འདི་ཡར་སྦོམ་འགྱོ་སྟེ་ ཧོན་ཚོད་ཀྱི་རིགས་ཚུ་ལས་ འདི་རང་སྦོམ་ དེ་གི་ཞལ་ལག་ཡང་རྒྱས་ཏེ་ ནམ་མཁའི་བྱི་ཅུང་དེ་ཚུ་ ཞལ་ལག་གུ་ཆགས་ཏེ་ གྱིབ་མ་ནང་སྡོདཔ་ཨིན་ཟེར་ ཁོ་གིས་གསུངས་ནུག 33 ཡེ་ཤུ་གིས་དཔེ་གཏམ་ལེ་ཤ་གི་ཐོག་ལས་ མི་ཚུ་གིས་ག་དེ་དྲག་དྲག་ ཧ་གོ་ཚུགསཔ་སྦེ་ཆོས་སྟོན་གནང་ནུག 34 མི་ཚུ་ལུ་དཔེ་གཏམ་མེད་པར་ ཆོས་མ་གསུངས་པས་ དེ་འབདཝ་ད་ ཁོ་རང་དང་སློབ་མ་ཚུ་རྐྱངམ་གཅིག་སྦེ་བཞུགསཔ་ད་ དཔེ་གཏམ་གྱི་དབྱེ་བ་ཕྱེ་སྟེ་གསུངས་ནུག། 35 ཉིནམ་དེ་གི་ཕྱི་རུ་ཁམས་ཡེ་ཤུ་གིས་ སློབ་མ་ཚུ་ལུ་ ང་བཅས་མཚོ་བརྒལ་ཏེ་ ཕ་ཁར་འཐོན་འགྱོ་གེ་ཟེར་གསུངས་སྦེ། 36 དེ་ལས་མི་དམངས་ལུ་གཏང་ཚརཝ་ད་ སློབ་མ་ཚུ་གིས་ཡེ་ཤུ་བཞུགས་མིའི་གྲུ་ནང་འཛུལ་ཏེ་ ཁོང་གིས་ཡེ་ཤུ་ཞུ་སྟེ་བྱོན་ནུག་ ཁོང་དང་གཅིག་ཁར་གྲུ་གཞན་ཡང་ཡོདཔ་མས། 37 དེ་ཅིག་བར་ན་རླུང་འཚུབ་ལངས་ཏེ་ མཚོའི་རྦ་རླབས་གྲུ་གུ་བརྐྱབས་ཏེ་ གྲུ་གི་ནང་ན་ཆུ་གིས་གང་ནི་འབད་ཆི་ནུག 38 དེ་འབདཝ་ད་ ཡེ་ཤུ་གྲུའི་མཇུག་ལུ་ ཧང་གུ་མནལ་གཟིམ་བཞུགས་ཡོདཔ་ཨིན་མས་ ཁོང་གིས་ཡེ་ཤུ་ལུ་མནལ་ལས་ལྷོང་སྟེ་ སློབ་དཔོན་ལགས་ ང་བཅས་ཆུ་ནང་ཐིམ་སྟེ་ཤི་ནི་འབད་དོ་ ནཱ་གི་ང་བཅས་ལུ་མི་ཕངས་ག་ལགས་ཟེར་ཞུཝ་ད། 39 ཁོ་མནལ་ལས་ཡར་བཞེངས་སྦེ་ རླུང་འཚུབ་ལུ་བཀའ་བཀྱོན་གནང་སྟེ་ མཚོའི་རྦ་རླབས་མར་ཞི་ ཙང་གཏང་སྡོད་ཤིག་ཟེར་གསུངསམ་ད་ དེ་འཕྲོ་ལས་རླུང་འཚུབ་ཡང་མར་ཞི་སྦེ་ སྐྱིད་ཏོང་ཏོ་སོང་ནུག 40 དེ་ལས་ཁོ་གིས་ཁོང་ཆ་ཁྱབ་ལུ་ ཁྱེད་ག་ཅི་འབད་འདྲོགཔ་སྨོ་ ད་ལྟོ་ཡང་ཁྱེད་ལུ་དད་པ་མེད་ག་ཟེར་གསུངསམ་ད། 41 ཁོང་གནམ་མེད་ས་མེད་འདྲོགས་ཏེ་ གཅིག་གིས་གཅིག་ལུ་སླབ་ནུག་ ཨ་ནི་མི་འདི་ག་སྨོ་ རླུང་འཚུབ་དང་རྦ་རླབས་ཀྱིས་ཡང་ ཁོ་གི་བཀའ་ལུ་ཉན་བཏུབ་པས་ཟེར་སླབ་ནུག།
1 དེ་ལས་ཡེ་ཤུ་དང་སློབ་མ་ཚུ་ མཚོའི་ཕ་ཁར་ གེ་ར་ས་པ་ཚུ་གི་ཁྲོམ་ཁར་ལུ་བྱོན་ཏེ། 2 ཡེ་ཤུ་གྲུ་ནང་ལས་འཐོན་བྱོནམ་ཅིག་ འདྲེ་གདོན་འཛུལ་མིའི་མི་གཅིག་གིས་ དུར་ཁུང་ལས་ཐོན་འོངས་ཏེ་ ཁོ་གི་ཕྱག་དབང་བཅར་ནུག 3 མི་འདི་ཨ་རྟག་རང་དུར་ཁུང་ནང་སྡོད་དོ་ཡོདཔ་དང་ མི་དེ་ལུ་ག་གིས་ཡང་ལྕགས་ཐག་གི་བསྡམས་རུང་ བསྡམས་མ་ཚུགས་པར། 4 ཁོ་གི་རྐངམ་དང་ལག་པའི་གུ་ ལྕགས་ཀྱི་ཚར་ལེ་ཤ་བསྡམས་ཏེ་འབད་རུང་ ཨ་རྟག་རང་ལྕགས་ཐག་འདི་ཚུ་བཏོག་བཀོག་སྟེ་ ཁོ་ལུ་མི་ག་གིས་ཡང་ བཏུལ་མ་ཚུགསཔ་ཨིན་མས། 5 ཉིན་ནུབ་མེད་པར་ དུར་ཁུང་དང་སྒང་གུ་ལུ་སྐད་བརྐྱབས་ཏེ་ རང་གིས་རང་ལུ་རྡོ་གིས་རྨ་བཏོན་ཏེ་ སྡོད་དོཝ་ཡོདཔ་ཨིན་མས། 6 མི་དེ་གིས་ཡེ་ཤུ་ཐག་རིང་ས་ལས་མཇལཝ་ཅིག་ བརྒྱུགས་འོངས་ཏེ་ཁོ་གི་སྐུ་མདུན་ལུ་ཕྱག་འཚལ། 7 སྐད་སྦོམ་སྦེ་བརྐྱབས་ཏེ་ བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ་ ནཱ་ང་བཅས་ལས་ག་ཅི་དགོ་ནི་སྨོ་ ང་གིས་དཀོན་མཆོག་ལུ་དཔང་པོ་སྦེ་ཞུ་སྟེ་ ང་ལུ་གནོད་བཀལ་མ་ད་ཟེར་ཞུ་ནུག 8 ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་གིས་ཁོ་ལུ་ ཁའི་ འདྲེ་གདོན་ཁྱོད་ མི་དེའི་ནང་ལས་ཕྱི་ཁར་ཐོན་སོང་ཟེར་གསུངས་ནུག 9 དེ་ལས་ཡེ་ཤུ་གིས་ ཁྱོད་ཀྱི་མིང་ག་ཅི་སྨོ་ཟེར་གསུངསམ་ད་ ང་བཅས་ལེ་ཤ་ཡོད་ནི་དེ་གིས་ ངེ་གི་མིང་ དཔུང་ཚོགས་ཟེར་སླབ་ཨིན་ཟེར་ཞུ་ནུག 10 དེ་ལས་འདྲེ་གདོན་དེ་ཚུ་ལུ་ ས་གནས་དེ་ཁར་ལས་བཏོན་གཏང་མ་ད་ཟེར་ ཁོ་གིས་ཡེ་ཤུ་ལུ་གསོལཝ་བཏབ་ནུག 11 འདི་ཁར་ལུ་ཕགཔ་རུ་ཁག་གཅིག་ གསོ་སྐྱོང་འཐབས་ཏེ་ཡོདཔ་ཨིན་མས་ འདི་ཚུ་སྒང་ཏོག་གུ་ལས་མར་འཚོ་ཡོདཔ་ཨིན་མས། 12 འདྲེ་གདོན་འདི་ཚུ་གིས་ ང་བཅས་ལུ་ཨ་ཕ་གི་ཕགཔ་ཚུ་གི་ནང་ན་ འཛུལ་བ་གཏང་གནང་ཟེར་ཡེ་ཤུ་ལུ་ཞུཝ་ད། 13 དེ་བཟུམ་སྦེ་རང་ཡེ་ཤུ་གིས་གནང་བ་གནང་ནུག་ དེ་ལས་འདྲེ་གདོན་དེ་ཚུ་ མི་དེ་གི་ནང་ལས་ཐོན་ ཕགཔ་གི་ནང་ན་འཛུལ་ཏེ་ ཕགཔ་ཚན་གྱངས་ཁ་ གཉིས་སྟོང་དེ་ཅིག་འུར་ལངས་ཏེ་ རི་གཟར་དྲགས་དེ་གུ་ལས་མར་མཆོངས་ཏེ་ མཚོ་ནང་ཐིམ་སྟེ་ཤི་སོང་ནུག 14 དེ་ལས་ཕག་རྫིཔ་ཚུ་འབྱོག་སོང་སྟེ་ གཡུས་ཁར་དང་ཁྲོམ་ཚུ་ནང་ གནས་ཚུལ་སླབ་ནུག་ དེ་ལས་མི་དེ་ཚུ་ག་ཅི་རང་བྱུང་བྱུངམ་ཨིན་ན་མནོ་སྟེ་ མཚོ་དེ་ནང་ལུ་བལྟ་བ་འོངས་ནུག 15 དེ་ལས་ཁོང་ཆ་ཁྱབ་ཡེ་ཤུ་གི་སྐུ་མདུན་ལུ་བཅརཝ་ད་ ཧེ་མ་འདྲེ་གདོན་དཔུང་ཚོགས་འཛུལ་མི་འདི་ སེམས་དྲན་པ་གསལ་ཏོག་ཏོ་སྦེ་ བགོ་ལ་ཡང་གྱོན་སྦེ་སྡོད་སར་མཐོང་སྟེ་ ཁོང་གནམ་མེད་མ་མེད་འདྲོགས་ནུག 16 ཁོང་མཐོང་མི་ཚུ་གིས་ ཧེ་མ་འདྲེ་གདོན་འཛུལ་མི་དེ་གི་ལོ་རྒྱུས་དང་ ཕགཔ་ལུ་ག་ཅི་བྱུང་ཡི་ག་ ག་ར་འདི་ནང་བལྟ་བ་འོང་མི་དེ་ཚུ་ལུ་སླབ་ནུག 17 དེ་ལས་ཁོང་གིས་ཡེ་ཤུ་ལུ་གསོལཝ་བཏབ་སྟེ་ ཁོང་གི་གཡུས་འདི་ནང་ལས་ཕྱི་ཁར་ ཐོན་བྱོན་གནང་ཟེར་ཞུ་ནུག 18 དེ་ལས་ཡེ་ཤུ་གྲུའི་ནང་ན་འབྱོནམ་ད་ ཧེ་མ་འདྲེ་འཛུལ་མི་དེ་གིས་ ང་ཡང་ནཱ་གི་ཕྱག་ཞུ་སྟེ་འགྱོ་ནི་ཟེར་གསོལཝ་བཏབ་ནུག 19 དེ་འབདཝ་ད་ ཁོ་གིས་ཞལ་གྱི་མ་བཞེས་པར་ མི་དེ་ལུ་ཁྱོད་རང་གི་ཁྱིམ་ནང་ལུ་འགྱོ་སྟེ་ ཁྱོད་རང་གི་མི་ཚན་ཚུ་ལུ་ གཙོ་བོ་གིས་ཁྱོད་ཀྱི་དོན་ལུ་ཕྱག་ལཱ་སྦོམ་དང་ ཁྱོད་ལུ་མཛད་གནང་མིའི་སྐྱིད་སྡུག་སྦོམ་དེ་གི་སྐོར་ལས་ གནས་ཚུལ་དེ་ཚུ་ག་ར་སླབ་པ་སོང་ཟེར་གསུངས་ནུག 20 དེ་ལས་ཁོ་ དེ་ཀ་པོ་ལཱིས་ཟེར་མི་ཁྲོམ་བཅུ་ཐམ་ནང་སོང་སྟེ་ ཡེ་ཤུ་གིས་ཁོ་གི་དོན་ལུ་མཛད་གནང་བའི་སྐོར་ལས་ ག་ར་བཤད་དེ་སླབ་ད་ ལོ་རྒྱུས་གོ་མི་དེ་ཚུ་ག་ར་ཧ་ལས་ནུག། 21 ཡེ་ཤུ་གྲུའི་ནང་འཛུལ་སྦེ་ལོག་སྟེ་མཚོའི་ཕ་ཁར་བྱོན་ཏེ་ ཁོ་མཚོའི་མཐའ་མར་བཞུགསཔ་ད་ མི་དམངས་ཁོ་གི་སྐུ་མདུན་ལུ་འཛོམས་ནུག 22 སི་ན་གོག་གི་དབུ་མཛད་ཀྱི་གྲལ་ཁ་ལས་ ཡའི་རུས་ཟེར་མི་གཅིག་འོངས་ཏེ་ ཡེ་ཤུ་དང་མཇལ་ཏེ་ཁོ་གི་སྐུ་མདུན་ཕྱག་འཚལ་ཏེ། 23 ངེ་གི་བུམོ་ཆུང་གཞོནམ་འདི་ ཤི་ནི་འབད་དོ་ ནཱ་གི་ཨ་ཙི་བྱོན་ཏེ་ ནཱ་གིས་ཕྱག་མོ་གི་གུ་བཀལ་གནང་པ་ཅིན་ མོ་ནད་ལས་དྲག་སྟེ་ གསོན་པོ་སྦེ་སྡོད་འོང་ཟེར་ ལོག་ཅི་ལོག་ཅི་གསོལཝ་བཏབ་སྟེ་ཞུ་ནུག 24 དེ་ལས་ཡེ་ཤུ་ཁོ་དང་གཅིག་ཁར་འབྱོནམ་ད་ མི་ཚོགས་སྦོམ་གཅིག་ཡེ་ཤུ་གི་སྐུ་རྒྱབ་ལས་ཨེབ་ཐག་བརྐྱབས་ཏེ་འོངས་ནུག 25 དེའི་ཚེ་ཨམ་སྲུ་ཁྲག་ཐོན་ན་སྟེ་ ལོ་བཅུ་གཉིས་ལངས་སོང་མི་གཅིག་ཡོདཔ་ཨིན་མས། 26 ཨམ་སྲུ་དེ་གིས་མོ་རང་སྨན་བཅོས་འབད་དེ་ མོ་རང་ནང་ཡོདཔ་མེདཔ་ག་ར་རྫོགས་སོང་རུང་ ནད་དེ་ལས་དྲག་མ་ཚུགས་པར་སྡུག་བསྔལ་མྱོང་སྟེ་ ཉིནམ་གཅིག་བ་ཉིནམ་གཅིག་ རྔམ་སི་སི་འགྱུར་ཏེ་སྡོད་ཡོདཔ་ཨིན་མས། 27 དེ་འབདཝ་ད་ མོ་གིས་ཡེ་ཤུ་གི་སྐོར་ལས་ལོ་རྒྱུས་གོ་སྟེ་ མོ་རང་གི་སེམས་ཁར་ ང་གིས་ཡེ་ཤུ་གི་ན་བཟའ་གི་མཐའམ་གཅིག་འདོགས་རུང་ ང་དྲག་འོང་ཟེར་མནོ་སྟེ་ མི་དམངས་དང་གཅིག་ཁར་འོང་ཞིནམ་ད་ ཁོ་གི་སྐུ་རྒྱབ་ལས་འགྱོ་སྦེ། 29 མོ་གིས་ཁོ་གི་ན་བཟའ་གུ་འདོགསཔ་ཅིག་ མོ་གི་ཁྲག་ཆད་དེ་ མོ་རང་གི་ལུས་ཀྱི་ནད་དེ་ལས་དྲག་སོངམ་མོ་རང་གིས་ཤེས་ནུག 30 དེ་འཕྲོ་ལས་ཡེ་ཤུ་གིས་ཁོ་རང་གི་སྐུ་གཟུགས་ནང་ན་ལས་ སྟོབས་ཤུགས་ཕྱི་ཁར་ཐོན་འགྱོཝ་མཁྱེན་ཏེ་ མི་དམངས་ཀྱི་སྦུག་ལས་ཞལ་ཕར་ལོག་སྟེ་ ངེ་གི་བགོ་ལ་གུ་འདོགས་མི་ག་སྨོ་ཟེར་གསུངསམ་ད། 31 སློབ་མ་ཚུ་གིས་ མི་དམངས་ཀྱིས་ག་དེ་སྦེ་ཨེབ་ཐག་བརྐྱབས་ཏེ་འོངམ་ ནཱ་གིས་གཟིགས་རུང་ ད་རུང་ང་ལུ་འདོགས་མི་ག་སྨོ་ཟེར་ཡང་གསུངས་ནི་འདུག་ཟེར་ཞུ་ནུག 32 ཨིན་རུང་ ཡེ་ཤུ་གི་ཁོ་ལུ་འདོགས་མི་འདི་ག་ཨིན་ན་ཟེར་ ཞལ་ཕར་དང་ཚུར་གཟིགསཔ་ད། 33 ཨམ་སྲུ་འདི་མོ་རང་གི་གཟུགས་ཁར་ ག་ཅི་བྱུང་ཡི་ག་ མོ་རང་གིས་ཧ་གོ་སྟེ་འདྲོག་ སྒྱིད་ཐག་འདར་ཡི་རང་ ཡེ་ཤུ་གི་སྐུ་མདུན་ཕྱག་འཚལ་ཏེ་ བློ་ག་ར་ཕྲང་སྟེ་ཞུ་ནུག 34 དེ་ལས་ཡེ་ཤུ་གིས་མོ་ལུ་ བུམོ་ཁྱོད་རང་གི་དད་པ་གིས་ཁྱོད་རང་དྲགཔ་བཟོ་ཡི་ ད་ཞི་བདེ་ནང་ལོག་སོང་ ཁྱོད་རང་གི་ནད་ལས་དྲག་བཅུག་ཟེར་གསུངས་ནུག 35 དེ་སྦེ་གསུངས་པའི་བསྒང་རང་ དབུ་མཛད་ཀྱི་ཁྱིམ་ནང་ལས་ མི་ལ་ལུ་ཅིག་གིས་མགྱོགས་པར་འོངས་ཏེ་ དབུ་མཛད་ལུ་ ཁྱོད་ཀྱི་བུམོ་ཤི་སོང་ཡི་ ད་སློབ་དཔོན་ལུ་ག་ཅི་འབད་སྐུ་འོ་བརྒྱལ་བཅུགཔ་སྨོ་ཟེར་སླབ་ནུག 36 དེ་འབདཝ་ད་ ཡེ་ཤུ་གིས་ཁོང་གི་བློ་ལུ་སྙན་མ་གསན་པར་ དབུ་མཛད་ལུ་ ཁྱོད་མ་འདྲོག་ དད་པ་བསྐྱེད་དེ་སྡོད་ཟེར་གསུངས་ཞིནམ་ད། 37 དེ་ལས་ པེ་ཏྲོ་དང་ ཡ་ཀོབ་ ཁོ་གི་ནུ་གཅུང་ ཡོ་ཧ་ནཱན་ ཁོང་གསུམ་ལུ་མ་གཏོགས་གཞན་ག་ཡང་ ཁོ་དང་གཅིག་ཁར་ཤོག་ཟེར་མ་གསུངས་པས། 38 དབུ་མཛད་ཀྱི་ཁྱིམ་ནང་འབྱོནམ་ད་ མི་ལེ་ཤ་སྐད་བརྐྱབས་ཏེ་སྔུ་མི་དང་ མྱ་ངན་འབད་མི་ཚུ་གཟིགས་ནུག 39 དེ་ལས་ནང་ན་བྱོན་ཏེ་ ཁོང་ཆ་ཁྱབ་ལུ་ ཁྱེད་ག་ཅི་འབད་སྐད་བརྐྱབས་ཏེ་སྔུཝ་སྨོ་ ཨ་ལོ་དེ་མ་ཤི་བས་ མོ་གཉིད་ལོག་སྟེ་སྡོདཔ་མས་ཟེར་གསུངས་ནུག 40 དེ་འབདཝ་ད་ ཁོ་གི་བློ་ལུ་བལྟ་སྟེ་ཁོང་ག་ར་དགོད་བྲ་བགའ་ནུག་ དེ་ལས་ཁོ་གིས་ཁོང་ག་ར་ཕྱི་ཁར་བཏོན་གཏང་སྦེ་ ཨ་ལོ་གི་ཨའི་དང་ཨ་པ་དེ་ལས་ཁོ་དང་གཅིག་ཁར་ཡོད་མིའི་སློབ་མ་ཚུ་དང་གཅིག་ཁར་ ཨ་ལོ་ཉལ་ས་བྱོན་ནུག 41 དེ་ལས་ཨ་ལོ་གི་ལག་པའི་གུ་བཤེད་དེ་ ཏ་ལི་ཐ་ཀུམ་ཟེར་གསུངས་ནུག་ ཏ་ལི་ཐ་ཀུམ་ཟེར་ འདི་གི་དོན་དག་དེ་ བུམོ་ཆུང་ཁྱོད་ཡར་ལོངས་ཤིག་ཟེར་སླབ་པའི་དོན་དག་ཨིན་མས། 42 དེ་འཕྲོ་ལས་བུམོ་དེ་ཡར་ལོང་སྟེ་ཕར་དང་ཚུར་བཤལ་ནུག་ བུམོ་དེ་ལོ་བཅུ་གཉིས་ལངས་སོང་མི་གཅིག་ཨིན་མས་ འདི་མཐོངམ་ད་མི་འདི་ཚུ་ག་ར་ཧ་ལས་ནུག 43 འདི་གི་སྐོར་ལས་ག་ལུ་ཡང་མ་སླབ་ཟེར་ ཁོང་ལུ་བཀའ་དམ་དམ་སྦེ་གནང་ནུག་ དེ་ལས་ཨ་ལོ་ལུ་བཞེས་སྒོ་ཟ་བཅུག་ཟེར་ཁོང་ལུ་གསུངས་ནུག།
1 ཡེ་ཤུ་དེ་ཁར་ལས་ཐོན་ཏེ་ཁོ་རང་གི་ཁྲོམ་ནང་ལུ་འབྱོནམ་ད་ སློབ་མ་ཚུ་ཡང་ཁོ་གི་ཕྱག་ཞུ་སྟེ་སོང་ནུག 2 དེ་ལས་ངལ་འཚོ་བའི་ཉིན་མ་ སི་ན་གོག་ནང་བྱོན་ཏེ་ ཆོས་སྟོན་ནི་འགོ་བཙུགས་གནང་ནུག་ དེ་ལས་མི་ལེ་ཤ་གིས་ཆོས་དེ་གོཝ་ད་ ཧ་ལས་ཏེ་སླབ་ནུག་ ཨ་ནི་མི་འདི་གིས་སླབ་མི་འདི་ ག་ཏེ་ལས་ཐོབ་ཐོབ་ཨིན་ན་ ཁོ་གིས་ཐོབ་མི་ཤེས་རབ་འདི་ག་དེམ་ཅིག་སྨོ་ ཁོ་གིས་མཛད་མིའི་རྫུ་འཕྲུལ་དེ་ གནམ་མེད་ས་མེད་ཧ་ལས་སི་སི་ཨིན་མས། 3 མི་འདི་ མཱིར་ཡམ་གྱི་བུ་ ཤིང་བཟོ་བོ་འདི་ཨིན་མས་མེན་ན་ ཡ་ཀོབ་དང་ ཡོ་སཱེས་ ཡུ་དཱས་ སི་མཱོན་གྱི་སྤུན་ཆ་འདི་མེན་ན་ ནཱ་ང་བཅས་དང་གཅིག་ཁར་ཡོད་མི་ཚུ་ ཁོ་གི་སྲིངམོ་མེན་ན་ཟེར་དྲིས་ཏེ་ སྣང་མེད་བརྩིས་ཏེ་ ཆ་མ་བཞག་ནུག 4 ཡེ་ཤུ་གིས་ཁོང་ལུ་ ས་ཕྱོགས་གཞན་ཁར་ལུང་སྟོན་པ་ལུ་ཞེ་ས་འབདཝ་ཨིན་ དེ་འབདཝ་ད་ རང་གི་གཡུས་ཁ་དང་ རང་གི་ཕམ་སྤུན་ཆ་ཉེཝ་ཉེ་འཁོར་ རང་གི་ཁྱིམ་ནང་གི་བཟའ་ཚང་ཚུ་གིས་ ལུང་སྟོན་པ་ལུ་ཞེ་ས་མི་འབད་ཟེར་གསུངས་ནུག 5 འདི་འབདཝ་ལས་བརྟེན་ཏེ་ ཡེ་ཤུ་གིས་ཁོང་ནདཔ་རེ་རེ་གཉིས་གཉིས་གུ་ལུ་ ཕྱག་བཀལ་ཏེ་དྲགཔ་མཛདཔ་མ་གཏོགས་ ཁོ་གིས་རྫུ་འཕྲུལ་གཞན་ག་ནི་ཡང་མཛད་མ་གནང་པས། 6 དེ་ལས་ཁོ་མི་ཚུ་ལུ་གཟིགས་ཏེ་གནམ་མེད་ས་མེད་ཧ་ལས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་ལུ་དད་པ་མེད་ནི་དེ་གིས་ཨིན་མས་ དེ་ལས་ཡེ་ཤུ་གཡུས་ལས་གཡུས་རྒྱུད་དེ་ ཆོས་སྟོན་བྱོན་ནུག། 7 ཡེ་ཤུ་གིས་སློབ་མ་བཅུ་གཉིས་ ཁོ་རང་གི་སྐུ་མདུན་འབོ་སྟེ་ འདྲེ་གདོན་བདའ་ནི་གི་དབང་ཚད་གནང་སྦེ་ དེ་ལས་གཉིས་གཉིས་སྦེ་གཏང་གནང་ནུག 8 ད་རུང་ཡེ་ཤུ་གིས་ཁོང་ལུ་དེ་སྦེ་བཀའ་གནང་ནུག་ ཁྱེད་འགྱོཝ་ད་ག་ནི་ཡང་མ་འབག་ ལག་པར་འཁརཝ་གཅིག་མ་གཏོགས་ ཏད་ཟས་དང་ཕད་ཅུང་དང་ དེ་ལས་དངུལ་ཁུག་ནང་ཏི་རུ་ཚུ་མ་འབག 9 རྐང་མར་ལྷམ་བཙུགས་ཏེ་འབག་རུང་ བགོ་ལ་སོར་ལྡེ་མ་འབག 10 ད་རུང་ཁྱེད་ཁྱིམ་ག་ཏེ་རང་འཛུལ་རུང་ གཡུས་དེ་ནང་ལས་འཐོན་མ་འགྱོ་བའི་བར་དུ་ ཁྱིམ་འདི་ནང་རང་སྡོད་ཟེར་གསུངས་ནུག 11 གཡུས་ག་ཏེ་རང་འབད་རུང་ ཁྱེད་ལུ་གནསཔོ་བརྙའ་མ་སྟེར་བ་ཅིན་ ཡང་ན་ཁྱེད་ཀྱིས་སླབ་མི་ལུ་ཉན་མ་བཏུབ་པ་ཅིན་ གཡུས་འདི་བཞག་སྟེ་སོང་ ས་ཆ་དེ་ཁར་ལས་འཐོན་འགྱོཝ་ད་ འཛོམ་དཔང་འབད་བའི་དོན་ལུ་ ཁྱེད་ཀྱི་རྐང་མིའི་ཐལཝ་འདི་ དེ་ཁར་སྤུད་བཞག་ཟེར་གསུངས་ནུག 12 དེ་ལས་སློབ་མ་ཚུ་ཐོན་སོང་སྟེ་ མི་ཚུ་ལུ་སེམས་འགྱུར་བའི་ཆོས་བཤད་ནུག 13 དེ་ལས་ཁོང་གིས་འདྲེ་གདོན་ལེ་ཤ་བཏོན་བདའ་སྟེ་ ནདཔ་ཚུ་ལུ་མར་ཁུ་དབུར་ཏེ་དྲགཔ་བཟོ་ནུག། 14 དཔོན་ ཧེ་རཱོད་ཀྱིས་ཡེ་ཤུ་གི་མཚན་ སྙན་གྲགས་ཅན་འགྱོ་སྟེ་ཡོདཔ་གསན་ནུག་ ག་ཅི་སྨོ་ཟེར་བ་ཅིན་ཁོ་གི་སྐོར་ལས་ ས་ཕྱོགས་ག་ར་ནང་ཁྱབ་སོངམ་ཨིན་མས་ ལ་ལུ་གིས་ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་འདི་ ཤི་ས་ལས་གསོན་པོ་སྦེ་ལོང་འོངས་ཏེ་ ཁོ་གི་ཐོག་ལས་སྦེ་རྫུ་འཕྲུལ་གྱི་ལཱ་ཚུ་འབད་དོ་ཟེར་སླབ་དོཝ་ཨིན་མས། 15 ལ་ལུ་ཅིག་གིས་ ཁོ་ལུང་སྟོན་པ་ ཨེ་ལི་ཡ་ཨིན་མས་ལོ་ ད་རུང་ལ་ལུ་ཅིག་གིས་མི་འདི་ ཧེ་མ་གི་ལུང་སྟོན་པ་ཚུ་གི་གྲལ་ཁ་ལས་གཅིག་ཨིན་མས་ལོ་ཟེར་སླབ་དོཝ་ཨིན་མས། 16 དེ་འབདཝ་ད་ ཧེ་རཱོད་ཀྱིས་ཡེ་ཤུ་གི་སྐོར་ལས་སྙན་གསནམ་ད་ ང་གིས་ཨོལ་ལྐོག་བཏོགས་བཅུག་མི་ ཡོ་ཧ་ནཱན་འདི་ གསོན་པོ་སྦེ་ལོང་འོངས་ནུག་ཟེར་གསུངས་ནུག 17 ཧེ་རཱོད་རང་གི་ནུ་གཅུང་ ཕི་ལིབ་ཀྱི་ཨམ་སྲུ་ ཧེ་རཱོད་ཡཱས་དང་གཉེན་རྐྱབ་ད་ ཡོ་ཧ་ནཱན་གྱིས་ ཁྱོད་རང་གི་ནུ་གཅུང་གི་ཨམ་སྲུ་ལེན་ཏེ་ གཉེན་རྐྱབ་མི་ཆོག་ཟེར་ཞུཝ་ད་ དཔོན་གྱིས་དམག་མི་བཏང་སྟེ་ ཡོ་ཧ་ནཱན་བཟུང་སྦེ་ བཙོན་ནང་བཙུགས་ནུག་ འདི་ག་ར་དཔོན་གྱིས་ཁོ་རང་གི་ཨམ་སྲུ་ ཧེ་རཱོད་ཡཱས་ཀྱི་དོན་ལུ་མཛད་ནུག 19 ཨིན་ཏེ་འབད་རུང་ ཧེ་རཱོད་ཡཱས་ཀྱིས་ ཡོ་ཧ་ནཱན་ལུ་ཧིང་འགྲམ་བཞག་སྟེ་ བསད་བཀོག་ནིའི་ཐབས་ཤེས་འགྲིགས་རུང་ དེ་འཕྲོ་ལས་བསད་མ་ཚུགསཔ་ཨིན་མས། 20 ག་ཅི་སྨོ་ཟེར་བ་ཅིན་ ཡོ་ཧ་ནཱན་འདི་ མི་ཆོས་སེམས་ཅན་དང་དམ་པ་གཅིག་སྦེ་ ཆ་བཞགཔ་ཨིནམ་མ་ཚད་ ཡོ་ཧ་ནཱན་ལུ་གུས་པའི་དབང་གི་ཆ་རོགས་འབད་དེ་ གནོད་པ་ཚུ་ལས་བསྲུང་སྟེ་བཞག་ཡོདཔ་ཨིན་མས་ དཔོན་ ཧེ་རཱོད་ཁོ་གི་ཆོས་ཉནམ་ད་ སེམས་བཀྲུགས་ཏེ་འབད་རུང་ ཉན་ནི་ལུ་དགའཝ་ཨིན་མས། 21 མཐའན་མཇུག་ལུ་ ཧེ་རཱོད་ཀྱི་འཁྲུངས་སྐར་དུས་སྟོན་ལུ་ གཞུང་གི་བློན་པོ་དང་དམག་དཔོན་ཚུ་དང་ ད་རུང་ ག་ལི་ལི་གི་ཆེ་མཐོ་འགོ་དཔོན་ཚུ་ ཚོགས་སྟོན་གྱི་མགྱོནམ་སྦེ་འབོཔ་ད་ ཧེ་རཱོད་ཡཱས་ཀྱིས་དུས་སྐབས་ལེགས་ཤོམ་གཅིག་ཐོབ་ནུག 22 ཧེ་རཱོད་ཡཱས་ཀྱི་བུམོ་འདི་གིས་ དཔོན་དང་མགྱོནམ་ཚུ་གི་སྐུ་མདུན་ལུ་བཅར་ཏེ་ཞབས་ཁྲ་ཕུལཝ་ད་ ཁོང་གནམ་མེད་ས་མེད་ཐུགས་དགྱེས་ནུག་ དེ་ལས་དཔོན་གྱིས་བུམོ་དེ་ལུ་ ཁྱོད་ལུ་ག་དགོ་མནོ་མི་འདི་ལེན་ཞིག་ ང་ཁྱོད་ལུ་བྱིན་ནི་ཨིན་ འདི་མ་ཚད། 23 ངེ་གི་རྒྱལ་ཁབ་ཕྱེད་ཀ་རང་ལེན་རུང་ ང་གིས་བྱིན་ནི་ཨིན་ཟེར་མནའ་འབོ་སྟེ་མོ་ལུ་གསུངས་ནུག 24 དེ་ལས་མོ་ཕྱི་ཁར་ཐོན་འོང་ཞིནམ་ད་ མོ་གིས་ ང་ག་ཅི་ལེན་ནི་ཨིན་ན་ཟེར་ཨའི་ལུ་དྲིཝ་ད་ ཨའི་གིས་ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་གྱི་མགུ་ཏོ་ལེན་ཟེར་སླབ་ནུག 25 མོ་མགྱོགས་པར་དཔོན་གྱི་སྐུ་མདུན་ལུ་བཅར་སྦེ་ ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་གྱི་མགུ་ཏོ་ ཤིང་ཀྲོ་ནང་འདེགས་སྦེ་ ད་ལྟོ་རང་གནང་ཟེར་ཞུཝ་ད། 26 དཔོན་ཧེ་མ་མགྱོནམ་ཚུ་གི་གདོང་ཁར་ལུ་ མནའ་འབོ་འབོཝ་འབད་ནི་དེ་གིས་ མོ་གིས་ཞུ་མི་འདི་མ་གནང་བར་བཞག་ཐབས་མེདཔ་ལས་ དཔོན་གནམ་མེད་ས་མེད་ཐུགས་འཁྲུགས་ནུག 27 དེ་འཕྲོ་ལས་ཁོ་རང་གི་སྐུ་སྲུང་དམག་མི་གཅིག་ལུ་ ཡོ་ཧ་ནཱན་གྱི་མགུ་ཏོ་བཏོག་འབག་ཤོག་ཟེར་གཏང་ནུག་ དམག་མི་དེ་གིས་བཙོན་ཁང་ནང་སོང་སྟེ་ ཡོ་ཧ་ནཱན་གྱི་མགུ་ཏོ་བཏོགས་ནུག 28 དེ་ལས་ཁོ་གི་མགུ་ཏོ་ཤིང་ཀྲོ་གཅིག་ནང་འདེགས་འབག་འོང་སྦེ་ བུམོ་དེ་ལུ་བྱིནམ་ད་ བུམོ་དེ་གིས་ལེན་འབག་སྟེ་ མོ་རང་གི་ཨའི་གི་ལག་པར་སྤྲོད་ནུག 29 ཡོ་ཧ་ནཱན་གྱི་སློབ་མ་ཚུ་གིས་ལོ་རྒྱུས་འདི་གོཝ་ད་ ཁོང་སོང་སྦེ་ཕུང་པོ་འདི་ཞུ་འབག་སྟེ་ དུར་ཁུང་ནང་བཙུགས་ནུག། 30 ཧེ་མ་གཏང་མི་སྐུ་ཚབ་ཚུ་ཡེ་ཤུ་གི་སྐུ་མདུན་ལུ་འཛོམས་ཏེ་ ཁོང་གིས་ག་ཅི་འབད་ཡི་ག་དང་ ག་ཅི་སྟོན་བྱིན་ཡི་ག་ ག་ཅི་རང་མཐོང་ཅི་ག་ དེ་ཚུ་ག་ར་ཡེ་ཤུ་ལུ་ཞུ་ནུག 31 དེ་ལས་མི་དམངས་ལེ་ཤ་ ཕར་འགྱོ་མི་དང་ཚུར་འོང་མི་གིས་འབད་ ཡེ་ཤུ་དང་སློབ་མ་ཚུ་དལ་ཁོམ་མེད་པར་ གཞན་ཕར་བཞག་ གསོལཝ་བཞེས་པའི་དུས་ཚོད་ཡང་མ་ཐོབ་ཨིན་མས་ དེ་ལས་ཡེ་ཤུ་གིས་ཁོང་ལུ་ ད་ནཱ་ཤོག་ ང་བཅས་ཆ་ཁྱབ་རི་ཙག་ས་གཅིག་ཁར་འགྱོ་སྟེ་ངལ་འཚོ་གེ་ཟེར་གསུངས་སྦེ། 32 ཁོང་ཆ་ཁྱབ་གྲུ་གཅིག་ནང་འཛུལ་སྦེ་ རི་ཙག་སར་བྱོན་ནུག 33 དེ་འབདཝ་ད་ ཁོང་བྱོན་ས་མཐོང་མིའི་མི་དམངས་ཀྱིས་ཁོང་ཨིནམ་ཤེས་ནུག་ དེ་ལས་ཁོང་མི་དམངས་ག་ར་ རང་གི་གཡུས་ཁར་ལས་ རྐང་ཐང་སྦེ་བརྒྱུགས་སོང་སྟེ་ སློབ་མ་དང་ཡེ་ཤུ་བྱོན་སའི་ས་གནས་ནང་ ཁོང་ཧེ་མ་ལྷོད་ནུག 34 ཡེ་ཤུ་གྲུ་ནང་ལས་མར་འཐོན་འབྱོནམ་ད་ མི་ཚོགས་སྦོམ་ལུ་གཟིགས་ཏེ་ ཐུགས་ཁར་སྙིང་རྗེ་བྱུང་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ལུག་རྫིཔ་མེད་པའི་ལུག་བཟུམ་སྦེ་གཟིགས་ནུག་ དེ་ལས་ མི་དམངས་ལུ་ཆོས་ལེ་ཤ་སྟོན་གནང་ནུག 35 ཉིམ་ལ་འཛུལ་ནི་འབདཝ་ད་ སློབ་མ་ཚུ་ཡེ་ཤུ་བཞུགས་སར་བཅར་ཏེ་ ད་དུས་ཚོད་གནམ་མེད་ས་མེད་ཕྱི་སོང་ནུག་ ཨ་ནི་རི་ཙག་སར་དེ་ནང་ག་ནི་ཡང་མི་ཐོབ་པས། 36 མི་དམངས་ཁོང་རང་ཟ་ནི་གི་བཞེས་སྒོ་རེ་ མར་སྦོ་ལོགས་ཁའི་གཡུས་ཚན་ཚུ་ནང་ལུ་ ཉོ་བ་སོང་ཟེར་གསུངས་གནང་ཟེར་ཞུ་ནུག 37 དེའི་ལན་ལུ་ཡེ་ཤུ་གིས་ ཁོང་ལུ་ཟ་ནི་ཅིག་ཁྱེད་ཀྱིས་བྱིན་ཟེར་གསུངསམ་ནུག་ ད་རུང་ཁོང་གིས་ ནཱ་གིས་འབད་བ་ཅིན་ང་བཅས་འགྱོ་ཞིནམ་ད་ ཏི་རུ་ དེ་ན་རི་གཉིས་བརྒྱ་གི་ཏད་ཟས་ཉོ་འབག་འོངས་ཏེ་ ཁོང་ལུ་ཟ་བཅུག་ནི་ཨིན་ན་ལགས་ཟེར་ཞུ་ནུག 38 ད་རུང་ཡེ་ཤུ་གིས་ ཁྱེད་ཆ་ཁྱབ་འབད་སར་ ཏད་ཟས་ག་དེམ་ཅིག་ཡོད་ག་བལྟ་བ་སོང་ཟེར་གསུངས་ནུག་ དེ་ལས་ཁོང་གིས་བལྟཝ་ད་ ཏད་ཟས་ལེབ་ལྔ་དང་ཉ་གཉིས་འདུག་ཟེར་ཞུ་ནུག 39 དེ་ལས་ཁོ་གིས་སློབ་མ་ཚུ་ལུ་ མི་དམངས་ཁོང་རང་སོ་སོའི་ཆ་རོགས་ཀྱི་སྡེ་ཚན་ཚུ་དང་གཅིག་ཁར་སྦེ་ སྤང་ནང་རྩྭ་ཧོནམ་མིའི་གུ་གྱལ་བསྒྲིག་ཟེར་བཀའ་གནང་ནུག 40 དེ་ལས་ཁོང་མི་དམངས་ཁོང་རང་གི་སྡེ་ཚན་སྦེ་ མར་རྩ་བར་སྡོདཔ་ད་ གྱལ་མགོ་རིམ་བཞིན་དུ་ བརྒྱ་སྦེ་མི་སོ་སོ་དང་ལྔ་བཅུ་སྦེ་མི་སོ་སོ་སྦེ་སྡོད་ནུག 41 དེ་ལས་ཁོ་གིས་ཏད་ཟས་ལེབ་ལྔ་དང་ ཉ་གཉིསཔ་དེ་ཕྱག་ལུ་བསྣམས་སྦེ་ ཞལ་ཡར་གནམ་ཁ་ལུ་གཟིགས་ཏེ་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་སྦེ་ ཏད་ཟས་བཅག་ ཉ་གཉིསཔ་དེ་ཡང་བགོ་བཤའ་བརྐྱབས་ ཁོང་མི་དམངས་ལུ་དྲང་བཞག་རྐྱབ་བཅུག་ནི་སྦེ་ ཁོ་རང་གི་སློབ་མ་ཚུ་ལུ་གནང་ནུག 42 དེ་ལས་ཁོང་མི་དམངས་ག་ར་ ཕོཝ་འགྲངས་འགྲངས་ཟ་སྟེ་ཚིམ་ནུག 43 ད་རུང་ཟ་ཚར་བའི་ཤུལ་ཁར་ལུ་ ཉ་དང་ཏད་ཟས་ཀྱི་བཅག་དཀྲུམ་གྱི་ལྷག་མ་འཐུཝ་ད་ ལྟོའི་སྦ་ཟེ་བཅུ་གཉིས་ཐོན་ནུག 44 འདི་ནང་ཟ་མི་གྱངས་ཁ་ ཕོ་སྐྱེས་སྟོང་ཕྲག་ལྔ་ཡོདཔ་ཨིན་མས།། 45 དེ་འཕྲོ་ལས་ཡེ་ཤུ་གིས་ ང་གིས་མི་དམངས་གཏང་པའི་བར་ན་ ཁྱེད་སློབ་མ་ཆ་ཁྱབ་གྲུ་ནང་འཛུལ་སྦེ་ ངེ་གི་ཧེ་མ་ལས་མཚོའི་ཕ་ཁར་གྱི་ཁྲོམ་ བཱེད་སའི་ད་ལུ་སོང་ཟེར་གསུངས་ནུག 46 དེ་ལས་མི་དམངས་ཡང་ ལོག་གཏང་ཚར་བའི་ཤུལ་ལས་ ཁོ་རང་སྒང་གུ་སྨོན་ལམ་ཞུ་བ་བྱོན་ནུག 47 དེ་ལས་ཕྱི་རུ་ནམ་སྲོཔ་ད་ སློབ་མ་ཚུ་འཛུལ་མིའི་གྲུ་འདི་མཚོའི་སྦུག་ལུས་ནུག་ ཡེ་ཤུ་ཁོ་རང་རྐྱངམ་གཅིག་ས་སྐམ་ས་ལུ་བཞུགས་ནུག 48 རྐྱེན་ངན་རླུང་འཚུབ་འཕུ་ནི་དེ་གིས་ རླུང་གྲུ་གུ་བརྐྱབས་ཏེ་ གྲུ་གཏང་མ་ཚུགས་པར་མཚོའི་སྦུག་ལུས་ཡོདཔ་ ཁོ་གིས་མཁྱེན་ནུག་ དེ་ལས་དྲོ་པ་གནམ་མ་ནངསམ་གཅིག་ཁར་ ཁོ་སྒང་གུ་ལས་མར་བྱོན་ཏེ་ མཚོའི་ཁར་ལས་ཕར་འབྱོནམ་ད་ སློབ་མ་ཚུ་ལས་བརྒལ་ཏེ་བྱོན་ནི་འབད་ནུག 49 དེ་འབདཝ་ད་ ཡེ་ཤུ་མཚོའི་ཁར་ལས་ཚུར་འབྱོནམ་ད་ ཁོང་གིས་མཐོང་སྟེ་ ཨ་ཕི་འདི་འདྲེ་ཨིན་མས་ཟེར་ སྐད་ཤོར་ནུག 50 ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ཁོ་ལུ་བལྟ་སྟེ་ གནམ་མེད་ས་མེད་འདྲོག་ཆི་ནུག་ དེ་འབདཝ་ད་ ཁོ་གིས་དེ་འཕྲོ་ལས་གསུང་གྲོས་གནང་སྟེ་ ཚ་གྱང་མ་ལངས་ ང་ཨིན་ འདྲོག་མི་དགོ་ཟེར་གསུངས་ནུག 51 དེ་ལས་ཁོ་གྲུ་གི་ནང་ན་འབྱོནམ་ད་ རྐྱེན་ངན་རླུང་འཚུབ་དེ་ཚུ་ཡང་མར་ཞི་སྟེ་ ལེགས་ཤོམ་སོང་ནུག་ དེ་ལས་ཁོང་ཆ་ཁྱབ་གནམ་མེད་ས་མེད་ཧ་ལས་ནུག 52 འདི་ག་ར་བྱུང་དགོ་པའི་དོན་དག་དེ་ ཧེ་མ་ཡེ་ཤུ་གིས་མི་སྟོང་ཕྲག་ལྔ་ལུ་ ཏད་ཟས་ལྔ་དང་ཉ་གཉིས་ཀྱིས་ ག་ར་ལུ་ག་དེ་སྦེ་ཁྱབ་སྟེ་གནང་ཡི་ག་ དེའི་དོན་དག་ཁོང་གིས་ཧ་མ་གོ་བ་ཨིན་མས་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་སེམས་སྲ་ཀྲག་འབདཝ་ལས་བརྟེན་ཏེ་ཨིན་མས།། 53 དེ་ལས་ཡེ་ཤུ་དང་ཁོ་རང་གི་སློབ་མ་ཚུ་མཚོ་བརྒལ་འགྱོ་བའི་ཤུལ་ལས་ གེ་ནེ་ས་རཱེད་ནང་ལྷོད་དེ་ གྲུ་མཚོའི་མཐའ་མ་བཏགས་བཞག་སྦེ། 54 ཁོང་གྲུ་ནང་ལས་ཐོན་འབྱོནམ་ད་ དེ་འཕྲོ་ལས་མི་ཚུ་གིས་ཡེ་ཤུ་ངོ་མཁྱེན་ཏེ། 55 མི་དམངས་འདི་ཚུ་གིས་ སྦོ་ལོགས་ཁའི་ གཡུས་ཚན་ཚུ་ནང་བརྒྱུགས་སོང་སྟེ་ ནདཔ་འདོ་ལི་གུ་བཀལ་འབག་འོངས་ཏེ་ ཁོ་ག་ཏེ་བཞུགས་རུང་ དེ་ཁར་བཀལ་ནུག 56 དེ་ལས་དེ་གིས་མ་ཚད་པར་ ཁོ་ས་གནས་ག་ཏེ་བྱོན་རུང་ གཡུས་དང་ཁྲོམ་ཁར་ དེ་ལས་གཡུས་གཞན་ཁར་དང་ ཁོ་བྱོན་སའི་གཞུང་ལམ་བདའ་སྟེ་ ནདཔ་ཚུ་བཀལ་བཞག་སྦེ་ ཁོང་གིས་ ནཱ་གི་ན་བཟའ་མཐའམ་གཅིག་ འདོགས་བཅུག་ལགས་ཟེར་ཞུཝ་བཞིན་དུ་ ཁོ་གི་ན་བཟའ་མཐའམ་འདོགསཔ་ཙམ་གྱིས་ནདཔ་ཚུ་དྲག་ནུག།
1 ཡེ་རུ་ཤ་ལེམ་ལས་འོང་མིའི་ ཕ་རུ་ཤི་པ་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་དེ་ཚུ་ ཡེ་ཤུ་གི་སྐུ་མདུན་ལུ་འཛོམས་ནུག 2 ཡེ་ཤུ་གི་སློབ་མ་ལ་ལུ་གིས་ ཁོང་རའི་ལག་པར་ བཙོག་གྲིབ་དགཔ་མ་བཟོ་བར་ བཞེས་སྒོ་ཟ་ས་ ཕ་རུ་ཤི་པ་ཚུ་གིས་མཐོངམ་ད་ ཁོང་གི་ལུགས་སྲོལ་དང་འཁྲིལཝ་ད་ གནམ་མེད་ས་མེད་རྣམ་རྟོག་སྦེ་བརྩིས་ཏེ་མ་གཙངམ་སྦེ་མཐོང་ནུག 3 ག་ཅི་སྨོ་ཟེར་བ་ཅིན་ ཕ་རུ་ཤི་པ་དང་ ཡ་ཧུ་ད་པ་ཆ་ཁྱབ་ རང་གི་ཕ་རིགས་ལས་རང་ འབད་དེ་འོང་མིའི་ལུགས་སྲོལ་དང་བསྟུན་ཏེ་ ལག་པར་བཙོག་གྲིབ་དགཔ་མ་བཟོ་བར་བཞེས་སྒོ་མི་ཟ་དོཝ་ཨིན་མས། 4 ཁོང་ཁྲོམ་ཁར་ལས་འོངས་ཏེ་ ཧེ་མ་གཟུགས་ཆུ་འཁྱུ་ གཙང་ཏོག་ཏོ་མ་བཟོ་བར་བཞེས་སྒོ་མི་ཟ་ འདི་གིས་མ་ཚད་པར་ ཕོརཔ་དང་རྫམ་ ཧོད་དང་ཟངས་ཀྱི་ཧོད་ཆ་དེ་ཚུ་ ཆུ་མ་འཁྱུ་བར་ བཞེས་སྒོ་མི་ཟ་ནི་གི་ལུགས་སྲོལ་ མ་འདྲཝ་ལེ་ཤ་ཁོང་གིས་སྲུངམ་ཨིན་མས། 5 ཕ་རུ་ཤི་པ་དང་བཀའ་ཁྲིམས་ཀྱི་སློབ་དཔོན་དེ་ཚུ་གིས་ཡེ་ཤུ་ལུ་ ཁྱོད་ཀྱི་སློབ་མ་ཚུ་གིས་ང་བཅས་ཕ་བརྒྱུད་ཀྱི་ལུགས་སྲོལ་དེ་ཚུ་ ག་ཅི་འབད་མ་སྲུངམ་སྨོ་ ཁོང་ཆ་ཁྱབ་ཀྱིས་བཙོག་གྲིབ་དགཔ་མ་བཟོ་བར་བཞེས་སྒོ་ཟཝ་མས་ཟེར་སླབ་ད། 6 ཡེ་ཤུ་གིས་ཁོང་ལུ་དེའི་ལན་ ལུང་སྟོན་པ་ ཨའི་ཟ་ཡ་གིས་ ཁྱེད་ཁ་ཆོས་འབད་མི་ཚུ་གི་སྐོར་ལས་ ལུང་བསྟན་ཀྲིག་ཀྲི་སྦེ་བཤད་དེ་བྲིས་ནུག ཨ་ནི་མི་ཚུ་ཁ་གིས་རྐྱངམ་གཅིག་ ང་ལུ་གུས་ཞབས་འབད་འོང་ དེ་འབདཝ་ད་ ཁོང་གི་སེམས་འདི་ ང་ལས་ཐག་རིང་སར་ཨིན། 7 ཁོང་གིས་ང་ལུ་ ཁུངས་མེད་པའི་ཕྱག་འཚལ་ཏེ་ མི་གིས་སྟོན་མིའི་ལུགས་སྲོལ་འདི་ཚུ་ དཀོན་མཆོག་གིས་གསུངས་མིའི་ཆོས་བཟུམ་སྦེ་ མི་ལུ་སྟོནམ་ཨིན་མས་ཟེར་ ལུང་བསྟན་དེ་སྦེ་གསུངས་ནུག 8 ཁྱེད་ཆ་ཁྱབ་དཀོན་མཆོག་གི་བཀའ་ཁྲིམས་ལུ་སྤངས་ཏེ་ མི་གིས་འགྲིགས་མིའི་ལུགས་སྲོལ་སྲུངམ་ཨིན་མས། 9 ཡེ་ཤུ་གིས་ཁོང་ལུ་ རང་གི་ལུགས་སྲོལ་བསྲུང་ནིའི་དོན་ལུ་ དཀོན་མཆོག་གི་བཀའ་ཁྲིམས་བཀོག་བཞག་ནི་འདི་ ཁྱེད་མཁས་དྲགས་འདུག 10 མོ་སཱེས་ཀྱིས་ རང་གི་ཕམ་ལུ་ཞབས་ཏོག་ཞུ་སྟེ་ཞེ་ས་འབད་ ད་རུང་ག་ར་འབད་རུང་ ཕ་མ་ལུ་ཚིག་ངན་སླབ་སྟེ་ རྒོལ་མི་འདི་ ཐད་རི་བ་རི་ཤི་དགོ་ཟེར་གསུངས་ནུག 11 དེ་སྦེ་ཨིན་ཏེ་འབད་རུང་ ཁྱེད་ ཕ་རུ་ཤི་པ་ཚུ་གིས་ མི་ཚུ་ལུ་བཀོད་རྒྱ་དེ་སྦེ་གཏངམ་ཨིན་མས་ མི་གཅིག་གིས་རང་གི་ཕ་མ་ལུ་བྱིན་དགོཔ་ ཀོར་བཱན་ཟེར་ འདི་གི་དོན་དག་དེ་ དཀོན་མཆོག་ལུ་མཆོད་པ་ཕུལ་ནི་གི་ཅ་ལ་ཨིན་ཟེར་སླབ་སྟེ། 12 ཁྱེད་ཀྱིས་མི་ལུ་ རང་གི་ཕ་མ་ལུ་བྱིན་དགོཔ་འདི་ ཁྱེད་ཀྱིས་བྱིན་མ་བཅུག་པས། 13 དཔེ་འདི་བཟུམ་སྦེ་རང་ཁྱེད་ཆ་ཁྱབ་ཀྱིས་ མི་གཞན་གྱི་སླབ་མིའི་ལུགས་སྲོལ་གྱི་ཐོག་ལས་སྦེ་ དཀོན་མཆོག་གི་བཀའ་ཁྲིམས་ལུ་ཆ་མེད་བཏང་སྟེ་ འདི་བཟུམ་སྦེ་ལཱ་མ་འདྲཝ་གཞན་ལེ་ཤ་ ཁྱེད་ཀྱིས་འབདཝ་ཨིན་མས་ཟེར་ ཡེ་ཤུ་གིས་གསུངས་ནུག། 14 ཡེ་ཤུ་གིས་མི་དམངས་དེ་ཚུ་ལུ་ ད་རུང་ཁོ་རང་གི་སྦོ་ལོགས་ཁར་འབོ་སྦེ་ ཁྱེད་ག་ར་གིས་ ང་གིས་སླབ་མི་བློ་ཉན་ཞིནམ་ད་ ཧ་གོ་དགོ་ཟེར་གསུངས་ནུག 15 ཕྱི་ཁར་ལས་འོང་མིའི་བཞེས་སྒོ་དེ་གིས་ མི་གི་སེམས་མ་གཙངམ་བཟོ་མི་ཚུགས་ དེ་འབདཝ་ད་ སེམས་ཀྱི་ནང་ལས་ཕྱི་ཁར་ཐོན་མི་དེ་ཚུ་གིས་ མི་ལུ་མ་གཙངམ་བཟོཝ་ཨིན། 16 དེ་ལས་ཁོ་གིས་ ག་ལུ་ཉན་ནི་གི་རྣམ་ཅོག་ཡོད་མི་དེ་གིས་ཉན་ཞིག་ཟེར་གསུངས་ནུག 17 མི་དམངས་དང་ཁ་འབྱལ་ཏེ་ གཟིམ་ཅུང་ནང་ན་འབྱོནམ་ད་ སློབ་མ་ཚུ་གིས་དཔེ་གཏམ་འདི་གི་སྐོར་ལས་དྲི་བ་ཞུ་ནུག 18 དེ་ལས་ཁོ་གིས་ཁོང་ལུ་ ཁྱེད་ཆ་ཁྱབ་ཀྱིས་ད་ལྟོ་ཡང་ ཨ་ནི་དཔེ་གཏམ་འདི་གི་དོན་དག་ཧ་མ་གོ་ག་ ཕྱི་ཁར་ལས་འོང་མིའི་བཞེས་སྒོ་འདི་ ག་ཅི་རང་འབད་རུང་ མི་གི་ཁོག་པ་འཛུལ་ཏེ་ མི་འདི་ལུ་མ་གཙངམ་བཟོ་མི་ཚུགས་ཟེར་ཁྱེད་ཀྱིས་མི་ཤེས་ག། 19 བཞེས་སྒོ་འདི་མི་གི་སེམས་ནང་འཛུལ་ནི་མེན་པར་ ཁོག་པའི་ནང་ལུ་འཛུལ་ཏེ་ཕྱི་ཁར་འཐོན་འགྱོཝ་ཨིན་ དེ་སྦེ་གསུངས་ཏེ་ ཁོ་གིས་ཟས་ག་ར་གཙངམ་ཨིན་ཟེར་ སྟོན་གནང་ནུག 20 ད་རུང་ཡེ་ཤུ་གིས་ མི་གི་སེམས་ཀྱི་ནང་ལས་ཕྱི་ཁར་འཐོན་མི་འདི་གིས་ མི་དེ་ལུ་མ་གཙངམ་བཟོཝ་ཨིན། 21 ག་ཅི་སྨོ་ཟེར་བ་ཅིན་ མི་གི་སེམས་ཁར་ལས་འཐོན་མིའི་བྱ་བ་ངན་པ་གི་རིགས་ འདོད་ཆགས་ ཨརཝ་བརྐུ་ནི་ མི་བསད་ནི་ གཉེན་ལས་འགལ་བའི་ལུས་འབྲེལ། 22 འདོད་པ་ལུ་ཆགས་ནི་ བརྣབ་སེམས་གནོད་སེམས་ མགུ་བསྐོར་ནི་ མིག་ཏོ་ཚ་ནི་ རྔམ་སྟོན་ནི་ གཞན་ལུ་འཕྱ་ཁ་གཏང་ནི་ ང་རྒྱལ་ལང་ནི་ རང་གིས་ཤེས་རུང་ རྩ་རྒས་ཀྱི་ལཱ་འབད་ནི་ལ་སོགས་པ། 23 བྱ་བ་ངན་པ་འདི་ཚུ་མིའི་སེམས་ཁར་ལས་འཐོན་འོང་མི་འདི་གིས་ མི་ལུ་མ་གཙངམ་བཟོཝ་ཨིན་ཟེར་གསུངས་ནུག། 24 ཡེ་ཤུ་དེ་ཁར་ལས་ཐོན་བྱོན་ཏེ་ ཁྲོམ་ ཏའིར་དང་ སི་དཱོན་ལུ་ ཁྱིམ་གཅིག་ནང་བྱོན་ནུག་ ཁོ་འདི་ཁར་བཞུགས་ཡོད་ཟེར་ གཞན་ལུ་ཤེས་མ་བཅུག་ནིའི་དོན་ལས་ ཟུར་ཏེ་བཞུགས་རུང་ བཞུགས་མ་ཚུགས་པས། 25 དེའི་སྐབས་ལུ་ཨམ་སྲུ་གཅིག་ མོ་རང་གི་བུམོ་ འདྲེ་གདོན་འཛུལ་ཏེ་ན་ཡོདཔ་ཨིན་མས་ ཨམ་སྲུ་དེ་གིས་ཡེ་ཤུ་གི་སྐོར་ལས་གོ་སྟེ་ མོ་ཡེ་ཤུ་གི་སྐུ་མདུན་ལུ་བཅར་ཏེ་ཕྱག་འཚལ་ནུག 26 ཨམ་སྲུ་འདི་ གིརིག་ཟེར་མིའི་ ཕྱིའི་མི་རིགས་དང་ སྐྱེས་ཡུལ་ སི་རི་ཡ་ལུང་ཕྱོགས་ཀྱི་ ཕོ་ནི་སི་ཡ་ཟེར་མིའི་ས་གནས་ནང་ལས་ཨིན་མས་ མོ་གི་བུ་མོའི་ནང་ལས་ འདྲེ་གདོན་བཏོན་བདའ་གནང་ཟེར་གསོལཝ་བཏབ་ད། 27 ཡེ་ཤུ་གིས་མོ་ལུ་ ཧེ་མ་ཨ་ལོ་ཚུ་ལུ་བཞེས་སྒོ་ཟ་བཅུག་དགོ་ ཨ་ལོ་གི་བཞེས་སྒོ་ རོ་ཁྱི་ལུ་བྱིན་ནི་འདི་ཀྲིག་ཀྲི་མེད་ཟེར་གསུངས་ནུག 28 དེ་འབདཝ་ད་ མོ་གིས་ཐུགས་ལྡན་ལགས་གཙོ་བོ་ ཨ་ལོ་ཚུ་གིས་བཞེས་སྒོ་ཟཝ་ད་ ཟ་ཁྲི་གུ་ལས་མར་བུད་མི་དེ་ཚུ་ རོ་ཁྱི་གིས་ཡང་འཐུ་ཟཝ་ཨིན་ཟེར་ཞུ་ནུག 29 ཁྱོད་ཀྱིས་ང་ལུ་སླབ་མིའི་བློ་གིས་ལན་ལས་བརྟེན་ཏེ་ ཁྱོད་ཀྱི་བུ་མོའི་ནང་ལས་ འདྲེ་གདོན་ཐོན་ཏེ་དྲག་སོང་ཡི་ ད་ཁྱོད་རང་ལོག་སོང་ཟེར་གསུངས་ནུག 30 དེ་ལས་མོ་རང་གི་ཁྱིམ་ནང་ལོག་སོངམ་ད་ འདྲེ་གདོན་ཐོན་འགྱོ་སྟེ་བུམོ་དྲག་སྦེ་ མལ་ཆ་ནང་ཉལ་སྡོད་ས་མཐོང་ནུག། 31 ཡེ་ཤུ་ ཁྲོམ་ ཏའིར་གྱི་ལུང་ཕྱོགས་ནང་ལས་ ཁྲོམ་ སི་དཱོན་གྱི་ལམ་བདའ་སྟེ་ དེ་ཀ་པོ་ལཱིས་ཟེར་མི་ཁྲོམ་བཅུ་ཐམ་གྱི་སྦུག་ལས་སྦེ་ ག་ལི་ལི་གི་མཚོ་ཁ་ཐུག་བྱོན་ནུག 32 མི་ཚུ་གིས་ གླེན་མགོ་ རྣམ་ཅོག་བྱ་རྡུགས་འབད་མིའི་མི་གཅིག་ ཁོ་གི་སྐུ་མདུན་ལུ་འཁྱིད་འོངས་ཏེ་ མི་འདིའི་གུ་ཕྱག་བཀལ་གནང་ཟེར་གསོལཝ་བཏབ་ད། 33 ཡེ་ཤུ་གིས་མི་འདི་ མི་དམངས་ཀྱི་སྦུག་ལས་ལོགས་སུ་འཁྱིད་དེ་ ཧེ་མ་ཁོ་རང་གིས་ཕྱག་མཛུབ་ མི་འདི་གི་རྣམ་ཅོག་གཉིས་ཆ་ར་ནང་བཙུགས་ནུག་ དེ་ལས་ད་རུང་ཕྱག་མཛུབ་གུ་ ཚིལ་མ་བཏབ་སྟེ་ལྕེ་གུ་བཀལ་ནུག 34 དེ་ལས་ཁོ་རང་ཞལ་ཡར་གནམ་ཁ་གཟིགས་ཏེ་ དབུགས་ཤུགས་སྦེ་ལེན་ཏེ་ ཨེ་ཕ་ཐ་ཟེར་གསུངས་ནུག་ འདི་གི་དོན་དག་དེ་ ཁ་ཕྱེ་ཟེར་སླབ་ཨིན་མས། 35 དེའི་ཚེ་ལས་མི་དེ་གི་རྣམ་ཅོག་ཁ་ཕྱེ་སྟེ་གོཝ་མ་ཚད་ ཁོ་གི་ལྕེ་མ་བདེ་མིའི་སྐྱོན་དེ་དག་སྟེ་ སྐད་དྭངས་འཕྲོས་འཕྲོས་སྦེ་སླབ་ཚུགས་ནུག 36 དེ་ལས་ཡེ་ཤུ་གིས་དེ་གི་སྐོར་ལས་ མི་ག་ལུ་ཡང་མ་སླབ་ཟེར་ ཁོང་ལུ་ག་དེ་ཅིག་བཀའ་གནང་རུང་ མི་དེ་ཚུ་གིས་ད་རུང་དེ་ལས་ཡང་ལྷགཔ་སྦེ་ ཁོ་གི་སྐོར་ལས་གནས་ཚུལ་ཁྱབ་བསྒྲགས་འབད་ནུག 37 མི་དེ་ཚུ་གནམ་མེད་ས་མེད་ཧ་ལས་ཏེ་ ཁོ་གིས་ཕྱག་ལཱ་ག་ར་ལེགས་ཤོམ་མཛད་ཅི་ ཁོ་གིས་རྣམ་ཅོག་མ་གོ་མི་གོ་ཚུགསཔ་དང་ གླེན་མགོ་ཁ་སླབ་མ་ཚུགས་མི་ལུ་ སླབ་ཚུགས་མཛད་གནང་ཡི་ཟེར་ཞུ་ནུག།
1 ཉིནམ་གཅིག་གི་ཚེ་ མི་ཚོགས་སྦོམ་གཅིག་འཛོམས་ནུག་ དེ་འབདཝ་ད་ ཁོང་ལུ་ཟ་ནི་ག་ནི་ཡང་མེད་པར་ ཡེ་ཤུ་གིས་སློབ་མ་ཚུ་འབོ་སྟེ། 2 མི་དམངས་ ང་དང་གཅིག་ཁར་སྡོད་དེ་ ད་རེས་ཀྱི་ཉིནམ་གསུམ་སོང་ཡི་ ཁོང་ལུ་བཞེས་སྒོ་ཟ་ནི་མེད་པར་ ང་ཁོང་ལུ་བལྟ་སྟེ་སྡི་ཆེ་བས་ཟེར་གསུངས་ནུག 3 ང་གིས་ཁོང་ལུ་ལྟོགསཔ་སྦེ་ཁྱིམ་ནང་ལོག་གཏང་པ་ཅིན་ ལམ་ཁར་ལུ་ཁོང་འགྱེལ་སྡོད་འོང་ ཁོང་ལ་ལུ་ཅིག་ས་ཐག་རིང་ས་ལས་འོངམ་ཨིན་མས། 4 ཁོང་སློབ་མ་ཚུ་གིས་ཨ་ནི་བཟུམ་གྱི་རི་སྟོང་ནང་ མི་ལེ་ཤ་ལུ་ལང་པའི་བཞེས་སྒོ་ག་ལས་ཐོབ་སྟེ་ བྱིན་ཚུགས་ནི་སྨོ་ལགས་ཟེར་ཞུཝ་ད། 5 ཡེ་ཤུ་གིས་ཁྱེད་ཆ་ཁྱབ་ལུ་ཏད་ཟས་ལེབ་ ག་དེ་ཅིག་ཡོདཔ་སྨོ་ཟེར་གསུངསམ་ད་ ཁོང་གིས་ཏད་ཟས་ལེབ་བདུན་ཡོད་ལགས་ཟེར་ཞུ་ནུག 6 ཁོ་གིས་མི་དམངས་ལུ་ མར་ཐང་ནང་སྡོད་ཟེར་བཀའ་གནང་ཞིནམ་ད་ ཁོ་རང་གི་ཕྱག་ལུ་ ཏད་ཟས་ལེབ་བདུན་བསྣམས་སྦེ་ བཀའ་དྲིན་ཆེ་ཟེར་ཞུ་ཞིནམ་ད་ ཏད་ཟས་བཅགས་ཏེ་ མི་དམངས་ལུ་དྲང་བཞག་བརྐྱབ་ནིའི་དོན་ལུ་ སློབ་མ་ཚུ་ལུ་གནང་ནུག་ དེ་ལས་ཁོང་གིས་ག་ར་ལུ་བྱིན་ནུག 7 ད་རུང་ཁོང་ལུ་ ཉ་ཆུང་ཀུ་གཉིས་གསུམ་དེ་ཅིག་ཡོདཔ་ཨིན་མས་ དེ་ཡང་ཁོ་གིས་བཀའ་དྲིན་དགའ་ཚོར་ཕུལ་སྦེ་ མི་དམངས་ལུ་བགོ་བྱིན་ཟེར་ སློབ་མ་ཚུ་ལུ་གནང་ནུག 8 མི་དམངས་ཀྱིས་ཕོཝ་འགྲངས་འགྲངས་ཟ་བའི་ཁ་ལས་ ད་རུང་ཏད་ཟས་བཅག་དཀྲུམ་གྱི་ལྷག་མ་ཚུ་འཐུཝ་ད་ སྦ་ཟེ་བདུན་ལང་ནུག 9 དེ་ཁར་ལུ་ཟ་མི་ མི་ཕོ་སྐྱེས་སྟོང་ཕྲག་བཞི་ལྷགཔ་གཅིག་ཡོདཔ་ཨིན་མས། 10 དེ་ལས་ཡེ་ཤུ་གིས་ཁོང་མི་དམངས་ལུ་ལོག་གཏང་སྦེ་ ཁོ་རང་གི་སློབ་མ་ཚུ་དང་གཅིག་ཁར་ གྲུ་ནང་འཛུལ་ཏེ་ ཁྲོམ་ དཱལ་མ་ནུ་ཐ་ལུ་བྱོན་ནུག། 11 ཕ་རུ་ཤི་པ་འདི་ཚུ་འོངས་སྦེ་ ཡེ་ཤུ་ལུ་རྩོད་པ་འཚོལ་ཏེ་ ཁོ་གི་ཐུགས་ཚོད་བལྟ་བའི་དོན་ལུ་ ཞིང་ཁམས་ཀྱི་རྟགས་མཚན་གཅིག་བཏོན་གནང་ཟེར་ཞུ་ནུག 12 ཁོ་ཐུགས་བསམ་ན་འཐན་སྦེ་བཞེས་ཏེ་ དབུགས་ཤུགས་སྦེ་གཏང་ཞིནམ་ད་ ཨ་ནི་མི་རབས་ངན་པ་ ག་ཅི་འབད་རང་རྟགས་མཚན་དེ་ཚུ་འཚོལཝ་སྨོ་ ང་གིས་དོན་ལས་རང་སླབ་དོ་ ཨ་ནི་མི་རབས་ངན་པ་ཚུ་ལུ་ རྟགས་མཚན་ག་ནི་ཡང་མི་བཏོན་ཟེར་གསུངས་སྦེ། 13 དེ་ལས་ཁོང་བཞག་ཞིནམ་ད་ གྲུ་ནང་འཛུལ་སྦེ་མཚོའི་ཕ་ཁར་ལུ་བྱོན་སོང་ནུག། 14 སློབ་མ་ཚུ་གིས་ཁོང་རང་གི་དོན་ལུ་ ལམ་ཁར་ལུ་ཟ་ནི་གི་ཏད་ཟས་འབག་ནི་བརྗེད་སོངམ་ཨིན་མས་ ཨིན་རུང་ ཁོང་འབད་སར་ཏད་ཟས་ལེབ་གཅིག་ཡོདཔ་མས། 15 ཡེ་ཤུ་གིས་འདི་གི་སྐོར་ལས་མཁྱེནམ་ད་ སློབ་མ་ཚུ་ལུ་བསླབ་བྱ་དེ་སྦེ་སྟོན་གནང་སྟེ་ ཁྱེད་ ཕ་རུ་ཤི་པ་དང་ ཧེ་རཱོད་ཀྱི་བུལ་ཏོག་དེ་ཚུ་ལས་ ན་འཐན་སྦེ་སྡོད་ཟེར་གསུངས་ནུག 16 ང་བཅས་ཀྱིས་ཏད་ཟས་མེད་པའི་ལོ་རྒྱུས་སླབ་ནི་འདི་གིས་ འདི་གི་སྐོར་ལས་གསུངསམ་ཨིན་མས་ཟེར་ ཁོང་རང་གཅིག་གིས་གཅིག་ལུ་སླབ་ནུག 17 ཁོང་གིས་སླབ་མི་ཚུ་ཡེ་ཤུ་གིས་མཁྱེན་ཏེ་ ཁྱེད་ཆ་ཁྱབ་ཀྱིས་ག་ཅི་འབད་ཏད་ཟས་མེད་པའི་ལོ་རྒྱུས་སླབ་སྨོ་ ད་ལྟོ་ཡང་ཁྱེད་ཀྱིས་ཧ་མ་གོ་བར་སེམས་སྲ་ཀྲག་སྦེ་སྡོད་ཡོད་ག། 18 མིག་ཏོ་ཡོད་རུང་ཁྱེད་ཀྱི་མིག་གིས་མི་མཐོང་པས་ག་ རྣམ་ཅོག་ཡོད་རུང་ཁྱེད་ཀྱི་རྣ་བ་གིས་མི་གོ་བས་ག་ ད་ལྟོ་ཡང་ཁྱེད་ཀྱིས་སེམས་ཁར་མ་དྲན་ག། 19 ང་གིས་མི་སྟོང་ཕྲག་ལྔ་གི་དོན་ལུ་ཏད་ཟས་ལེབ་ལྔ་བཅགཔ་ད་ དེའི་བསྒང་ལུ་ཁྱེད་ཀྱིས་བཅག་དཀྲུམ་གྱི་ལྷག་མ་ ལྟོའི་སྦ་ཟེ་ག་དེམ་ཅིག་བསྡུ་ཡི་ག་ཟེར་གསུངསམ་ད་ ཁོང་གིས་ལྟོའི་སྦ་ཟེ་བཅུ་གཉིས་བསྡུ་ཡི་ཟེར་ལན་ཞུ་ནུག 20 ད་རུང་མི་སྟོང་ཕྲག་བཞི་གི་དོན་ལུ་ ཏད་ཟས་ལེབ་བདུན་བཅགས་པའི་བསྒང་ལུ་ ཁྱེད་ཀྱིས་བཅག་དཀྲུམ་གྱི་ལྷག་མ་ ག་དེམ་ཅིག་བསྡུ་ཡི་ཟེར་གསུངསམ་ད་ ཁོང་གིས་སྦ་ཟེ་བདུན་བསྡུ་ཡི་ཟེར་ལན་ཞུ་ནུག 21 དེ་སྦེ་འབད་བ་ཅིན་ ཁྱེད་ཀྱིས་ད་ལྟོ་ཡང་ཧ་མ་གོ་ག་ཟེར་ཡེ་ཤུ་གིས་ཁོང་ལུ་གསུངས་ནུག། 22 ཡེ་ཤུ་དང་ཁོ་རང་གི་སློབ་མ་ཚུ་ བཱེད་སའི་ད་ལུ་འབྱོནམ་ད་ མི་ཚུ་གིས་མི་ཞརཝ་གཅིག་ཡེ་ཤུ་གི་སྐུ་མདུན་ལུ་འཁྱིད་འོང་སྦེ་ དེ་གུ་ཕྱག་བཀལ་གནང་ཟེར་གསོལཝ་བཏབ་ད། 23 ཡེ་ཤུ་གིས་མིག་ཏོ་ཞརཝ་དེ་གི་ལག་པའི་གུ་བཤེད་དེ་ གཡུས་ཀྱི་ཕྱི་ཁར་འཁྱིད་དེ་བྱོན་ནུག་ དེ་ལས་ཁོ་གི་མིག་ཏོ་གཉིས་ཆ་ར་གུ་ ཚིལ་མ་གཏོར་ཞིནམ་ད་ཕྱག་བཀལ་སྦེ་ ད་མཐོང་པས་ག་ཟེར་གསུངསམ་ད། 24 མི་དེ་གིས་མིག་ཏོ་ཡར་བལྟ་སྦེ་ ང་གིས་མི་འདི་ཚུ་ཤིང་བཟུམ་སྦེ་ལམ་འགྱོ་ས་མཐོང་བས་ཟེར་ཞུ་ནུག 25 ཡེ་ཤུ་གིས་ད་རུང་ཞརཝ་འདི་གི་ མིག་ཏོ་གུ་ཕྱག་བཞགཔ་ད་ ཁོ་གི་མིག་ཏོ་ཁ་ཕྱེ་སྟེ་ ཧེ་མ་བཟུམ་སྦེ་ར་ ག་ར་གསལ་ཏོག་ཏོ་སྦེ་མཐོང་ཚུགས་ནུག 26 ཡེ་ཤུ་གིས་ཁོ་ལུ་ ད་ལོག་སྟེ་ཨ་ཕི་གཡུས་དེ་ནང་མ་སོང་ཟེར་བཀའ་གནང་སྦེ་ ཁོ་རང་གི་ཁྱིམ་ནང་ལོག་གཏང་ནུག། 27 ཡེ་ཤུ་དང་སློབ་མ་ཚུ་ ཀེ་ས་རི་ཡ་ ཕི་ལི་པི་ཟེར་མིའི་མཐའ་བསྐོར་གྱི་གཡུས་དེ་ཚུ་ནང་བྱོན་ནུག་ དེའི་སྐབས་ལམ་ཁར་ ཁོ་གིས་ཁོང་སློབ་མ་ཚུ་ལུ་ མི་དེ་ཚུ་གིས་ང་ག་ཨིན་མས་ཟེར་སླབ་སྨོ་ཟེར་གསུངསམ་ད། 28 ཁོང་གིས་མི་ལ་ལུ་གིས་ནཱ་ལུ་ ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་ཨིན་མས་ཟེར་ ལ་ལུ་གིས་ལུང་སྟོན་པ་ ཨེ་ལི་ཡ་ཨིན་མས་ཟེར་ ལ་ལུ་གིས་ཧེ་མ་གི་ལུང་སྟོན་པ་ཚུ་གི་གྲལ་ཁ་ལས་ གཅིག་ཨིན་མས་ཟེར་སླབ་མས་ཟེར་ཞུ་ནུག 29 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་འབད་བ་ཅིན་ ང་ག་སྨོ་ཟེར་གསུངསམ་ད་ པེ་ཏྲོ་གིས་ ནཱ་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ཟེར་ཞུ་ནུག 30 དེ་འབདཝ་ད་ཡེ་ཤུ་གིས་ འདི་གི་སྐོར་ལས་མི་ག་ལུ་ཡང་མ་སླབ་ཟེར་བཀའ་དམ་དྲགས་སྦེ་གནང་ནུག། 31 དེ་ལས་ཡེ་ཤུ་གིས་ མིའི་བུ་དེ་སྡུག་བསྔལ་ལེ་ཤ་མྱོང་དགོཔ་དང་ མི་དམངས་ཀྱི་འགོ་དཔོན་ཚུ་དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་ དེ་ལས་བླ་ཆེན་ཚུ་གིས་ ཁོ་ཆ་མ་བཞག་པར་བསད་ནི་ དེ་ལས་ཉིནམ་གསུམ་པ་ལུ་ གསོན་པོ་སྦེ་ལོང་དགོཔ་ཨིན་བའི་སྐོར་ལས་ སྟོན་ནི་འགོ་བཙུགས་ནུག 32 ཡེ་ཤུ་གིས་ལོ་རྒྱུས་འདི་ཚུ་ག་ར་གསལ་ཏོག་ཏོ་སྦེ་སྟོན་གནངམ་ད་ པེ་ཏྲོ་གིས་ཡེ་ཤུ་ལོགས་སུ་སྦེ་ཞུ་སྟེ་ བཀའ་སློབ་ཕུལ་ནུག 33 དེ་འབདཝ་ད་ ཡེ་ཤུ་གིས་ཞལ་ཚུར་བསྒོར་ཞིནམ་ད་ ཁོ་རང་གི་སློབ་མ་ཚུ་ལུ་གཟིགས་ཏེ་ པེ་ཏྲོ་ལུ་ ཨ་ཁའི་ བདུད་ སེ་ཏཱན་ ཁྱོད་ ང་སྡོད་ས་ལས་ཕར་སོང་ ཁྱོད་ཀྱི་མནོ་བསམ་འདི་དཀོན་མཆོག་ཁ་ཐུག་མེན་པར་ མིའི་ཁ་ཐུག་ཨིན་མས་ཟེར་བཀའ་བཀྱོན་གནང་ནུག 34 ད་རུང་ཁོ་གིས་སློབ་མ་ཚུ་དང་མི་དམངས་འབོ་སྟེ་གསུངས་ནུག་ མི་ག་ར་འབད་རུང་ ངེ་གི་སློབ་མ་སྦེ་འོང་དགོ་མནོ་བ་ཅིན་ མི་འདི་གིས་ཨིན་ཅི་མིན་ཅི་ རང་གི་རང་ལུ་སྤངས་ཏེ་ ཁོ་རང་གི་ཁྲམ་ཤིང་འབག་སྟེ་ ངེ་གི་ཤུལ་ལས་འོང་དགོ། 35 ག་ཅི་སྨོ་ཟེར་བ་ཅིན་ ག་ར་འབད་རུང་ རང་གི་མི་ཚེ་ཕངས་པ་ཅིན་ འདི་གིས་འཕྲོ་བརླག་གཏང་འོང་ དེ་འབདཝ་ད་ ག་ར་འབད་རུང་ ང་དང་གཏམ་བཟང་གི་དོན་ལུ་ རང་གི་མི་ཚེ་བློས་གཏང་པ་ཅིན་ འདི་གིས་མི་ཚེ་ངོ་མ་ལོག་ཐོབ་ཨིན། 36 ག་ཅི་སྨོ་ཟེར་བ་ཅིན་ མི་གཅིག་ལུ་འཛམ་བུ་གླིང་གི་དབང་ཚད་ག་ར་ཐོབ་རུང་ རང་གི་མི་ཚེ་འདི་འཕྲོ་བརླག་གཏང་པ་ཅིན་ འདི་ལུ་ཁེ་སང་ག་ཅི་ཡོདཔ་སྨོ། 37 རང་གི་མི་ཚེ་འདི་ འཕྲོ་བརླག་གཏང་པ་ཅིན་ ལོག་སྟེ་ག་དེ་སྦེ་ཐོབ་ཚུགས་ནི་སྨོ། 38 ད་མི་ག་ར་འབད་རུང་ དཀོན་མཆོག་དང་གཅིག་ཁར་དམ་ཚིག་མ་སྲུང་མི་ཚུ་དང་ མི་རབས་ངན་པ་ཚུ་ ང་དང་ངེ་གི་ཆོས་སྟོན་མི་འདི་ལུ་ངོ་ཚ་བ་ཅིན་ མིའི་བུ་ཡབ་ཀྱི་གཟི་བརྗིད་ནང་ དམ་པའི་ཕོ་ཉ་དང་གཅིག་ཁར་འབྱོནམ་ད་ འདི་བསྒང་ཁོང་ལུ་བལྟ་སྟེ་ཁོ་ཡང་ངོ་ཚ་ནི་ཨིན་ཟེར་གསུངས་ནུག
1 ད་རུང་ཡེ་ཤུ་གིས་ང་གིས་ཁྱེད་ལུ་དོན་དག་རང་སླབ་དོ་ ནཱ་ལོང་སྡོད་མིའི་གྲལ་ཁ་ལས་ ལ་ལུ་ཅིག་གིས་ དཀོན་མཆོག་གི་རྒྱལ་སྲིད་དབང་ཤུགས་དང་བཅསཔ་སྦེ་ འོང་ས་མ་མཐོང་མ་ མི་ཤི་ཟེར་གསུངས་ནུག། 2 ཉིནམ་དྲུག་གི་ཤུལ་ལས་ཡེ་ཤུ་གིས་ པེ་ཏྲོ་ ཡ་ཀོབ་དང་ ཡོ་ཧ་ནཱན་ གསུམ་འཁྱིད་དེ་ ཡར་སྒང་མཐོ་ས་ལུ་བྱོན་ཏེ་ ཁོང་རང་རྐྱངམ་གཅིག་སྦེ་བཞུགས་པའི་བསྒང་ དེ་ཁ་སློབ་མ་ཚུ་གི་གདོང་ཁར་ ཡེ་ཤུ་གིས་སྐུ་གཟུགས་བཀྱག་འགྱུར་ཏེ། 3 ན་བཟའ་འདི་འཛམ་བུ་གླིང་འདི་ནང་ ག་ཅི་དང་དོ་འགྲན་མ་ཚུགས་པའི་འོད་ཅེམ་ཅེ་སྦེ་དཀརཔོ་ལུ་འགྱུར་ནུག 4 དེ་འཕྲོ་ལས་དཔྱད་རིག་མེད་སི་སི་སྦེ་ ཨེ་ལི་ཡ་དང་ མོ་སཱེས་ཐོན་ཏེ་ ཡེ་ཤུ་དང་གཅིག་ཁར་ གསུང་གྲོས་གནང་ས་ ཁོང་སློབ་མ་གསུམ་གྱིས་མཇལ་ནུག 5 པེ་ཏྲོ་གིས་ཡེ་ཤུ་ལུ་ རབ་བི་ལགས་ ང་བཅས་ནཱ་དང་གཅིག་ཁར་ ནཱ་ཡོད་ནི་དེ་གིས་ལེགས་ཤོམ་སོང་ཡི་ ང་བཅས་ཀྱིས་དབུ་གུར་གསུམ་སྤུབ་གེ་ གཅིག་ནཱ་གི་དོན་ལུ་ གཅིག་ མོ་སཱེས་ཀྱི་དོན་ལུ་ གཅིག་ ཨེ་ལི་ཡ་གི་དོན་ལུ་ཟེར་ཞུ་ནུག 6 དེ་འབདཝ་ད་ ཁོ་རང་གནམ་མེད་ས་མེད་འདྲོགས་ཏེ་ ག་ཅི་སླབ་དྲག་ག་མ་ཤེས་པས། 7 དེ་ལས་ཁོང་གི་གུ་ལས་མར་ ས་སྨུག་སྤུར་འོངས་ཏེ་ འདི་ནང་ལས་གསུང་སྐད་གཅིག་གིས་དེ་སྦེ་གསུངས་ནུག་ ཨ་ནི་ངེ་གི་བུ་གཅེས་ཤོས་ཕངས་ཤོས་དེ་ཨིན་ ཁོ་གིས་སླབ་མིའི་ཁ་ལུ་ཉན་ཞིག་ཟེར་གསུངས་ནུག 8 དེ་འཕྲོ་ལས་ཁོང་གིས་ཕར་དང་ཚུར་ག་ཏེ་བལྟ་རུང་ ཁོང་དང་གཅིག་ཁར་ཡོད་མི་ཡེ་ཤུ་རྐྱངམ་གཅིག་མ་གཏོགས་ གཞན་ག་ཡང་མ་མཐོང་པས། 9 དེ་ལས་ཁོང་སྒང་གུ་ལས་མར་འབབ་པའི་སྐབས་ལུ་ ཡེ་ཤུ་གིས་ཁོང་ལུ་ མིའི་བུ་ཤི་ས་ལས་གསོན་པོ་སྦེ་མ་ལོང་པའི་བར་ན་ ཁྱེད་ཀྱིས་མཐོང་མི་འདི་ མི་ག་ལུ་ཡང་མ་སླབ་ཟེར་བཀའ་གནང་ནུག 10 ལོ་རྒྱུས་འདི་ག་ར་ཁོང་རང་གི་སེམས་ཁར་བཞག་ཅི་ དེ་འབདཝ་ད་ གཤགས་ས་ལས་གསོན་པོ་སྦེ་ ལོང་ནི་ཟེར་མི་འདི་ ག་ཅི་སྨོ་ཟེར་ཁོང་རང་གཅིག་གིས་གཅིག་ལུ་དྲིས་ནུག 11 ཁོང་གིས་ཡེ་ཤུ་ལུ་ ཨེ་ལི་ཡ་ཧེ་མ་ལོག་འོང་དགོ་ཟེར་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་ག་ཅི་འབད་སླབ་སྨོ་ཟེར་དྲི་བ་ཞུ་ནུག 12 དེ་ལས་ཡེ་ཤུ་གིས་ ཨེ་ལི་ཡ་ཐད་རི་བ་རི་ཧེ་མ་ལོག་འོངས་ཏེ་ ག་ར་ཉམས་བཅོས་འབད་ གྲ་སྒྲིག་བརྐྱབ་འོང་ དེ་འབདཝ་ད་ མིའི་བུ་ལུ་ སྡུག་བསྔལ་ལེ་ཤ་མྱོང་དགོཔ་དང་ ག་གིས་ཡང་མི་དགའ་ཟེར་མི་འདི་ ཁྱེད་ཀྱིས་འབད་བ་ཅིན་ གསུང་རབ་ནང་ག་ཅི་འབད་འབྲི་འབྲིཝ་སྨོ། 13 ད་ང་གིས་ཁྱེད་ལུ་སླབ་དོ་ ཨེ་ལི་ཡ་དེ་ཧེ་མ་ལས་འོང་ཚར་ཡི་ གསུང་རབ་ནང་ཁོ་གི་སྐོར་ལས་ག་བྲིས་བཞག་དོཝ་བཟུམ་སྦེ་རང་ མི་ཚུ་གིས་ཁོ་ལུ་འབད་དགོ་མནོ་མི་འདི་ ཁོང་གིས་ཁོ་ལུ་འབད་ནུག། 14 ཡེ་ཤུ་དང་ཁོང་སློབ་མ་གསུམ་ སྒང་གུ་ལས་མར་འབབ་སྟེ་ སློབ་མ་གཞན་ཚུ་སྡོད་སར་འབྱོནམ་ད་ མི་ཚོགས་སྦོམ་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་ སློབ་མ་གཞན་ཚུ་བསྐོར་རི་བརྐྱབས་ཏེ་ ཁོང་དང་མཚན་ཉིད་རྐྱབ་སྡོད་ས་གཟིགས་ནུག 15 མི་དམངས་ག་ར་གིས་ཡེ་ཤུ་མཇལཝ་ད་ ཧ་ལས་ཏེ་ཁོ་གི་སྐུ་མདུན་ལུ་བརྒྱུགས་འོངས་ཏེ་ གུས་ཞབས་ཀྱི་ཐོག་ལས་སྐུ་གཟུགས་བཟང་པོ་ཟེར་ཞུ་ནུག 16 ཡེ་ཤུ་གིས་སློབ་མ་ཚུ་ལུ་ ཁོང་དང་གཅིག་ཁར་ ཁྱེད་ག་ཅི་གི་མཚན་ཉིད་རྐྱབ་སྨོ་ཟེར་དྲི་བ་གསུངསམ་ད། 17 མི་དམངས་ཀྱི་སྦུག་ལས་མི་གཅིག་གིས་ སློབ་དཔོན་ལགས་ ངེ་གི་བུ་ འདྲེ་གདོན་འཛུལ་ཏེ་ཁ་སླབ་མ་ཚུགས་པར་ ནཱ་གི་སྐུ་མདུན་ལུ་འཁྱིད་འོང་ཡི། 18 དུས་ནམ་རང་འབད་རུང་འདྲེ་གདོན་དེ་གིས་ ཁོ་ལུ་གནོད་པ་བཀལ་བའི་བསྒང་ལས་ ཁོ་མར་ས་ཁར་བརྡབ་སྟེ་ ཁ་ལས་ལྦ་ག་ཐོན་ ཤི་ཤིཝ་བཟུམ་སྦེ་སྲ་ཀྲག་འགྱོ་སྟེ་སྡོདཔ་མས་ ང་གིས་ནཱ་གི་སློབ་མ་ཚུ་ལུ་འདྲེ་གདོན་བཏོན་བདའ་གནང་ཟེར་ཁོང་ལུ་སླབ་ཅི་ དེ་འབདཝ་ད་ ཁོང་གིས་བཏོན་བདའ་མ་ཚུགས་ཟེར་ཞུ་ནུག 19 ཡེ་ཤུ་གིས་ དད་པ་མེད་པའི་མི་རབས་ཁྱེད་ ང་ཁྱེད་དང་གཅིག་ཁར་ག་དེམ་ཅིག་ཚུན་ཚོད་སྡོད་ནི་ དུས་ཚོད་ག་དེམ་ཅིག་ཚུན་ཚོད་བཟོད་པ་བསྒོམ་སྡོད་ནི་སྨོ་ ད་བུཚ་འདི་ནཱ་ང་སྡོད་སར་འཁྱིད་ཤོག་ཟེར་གསུངསམ་ད། 20 ཁོང་གིས་བུཚ་འདི་འཁྱིད་འོངམ་ད་ འདྲེ་གདོན་འདི་གིས་ཡེ་ཤུ་མཇལཝ་ཙམ་གྱིས་ བུ་འདི་གནམ་མེད་ས་མེད་གསིག་སྟེ་ མར་ས་ཁར་འགྱེལ་སྦེ་ ཁ་ལས་ལྦ་ག་ཐོན་ སྒལ་རིལ་མར་རིལ་བསྒྱུར་ཏེ་འགྱོ་ནུག 21 ཡེ་ཤུ་གིས་ཁོ་དེ་སྦེ་ནམ་ལས་ན་ནཝ་སྨོ་ཟེར་ ཨ་པ་འདི་ལུ་གསུངསམ་ད་ ཁོ་ཆུང་ཀུ་བསྒང་ལས་རང་དེ་སྦེ་ན་སྟེ་ཨིན་ཟེར་ཞུ་ནུག 22 འདྲེ་གདོན་འདི་གིས་ཁོ་ལུ་བསད་ནི་གི་དོན་ལུ་ ལོག་ཅི་ལོག་ཅི་རང་མེ་དང་ཆུ་ནང་བརྡབ་བཏངམ་མས་ལགས་ ནཱ་གིས་དྲགཔ་མཛད་ཚུགས་པ་ཅིན་ ང་བཅས་ལུ་སྐྱིད་སྡུག་གཟིགས་ཏེ་ གྲོགས་རམ་མཛད་གནང་ཟེར་ཞུ་ནུག 23 དེ་ལས་ཡེ་ཤུ་གིས་ཁྱོད་ཀྱིས་ང་ལུ་ག་ཅི་འབད་ འབད་ཚུགས་པ་ཅིན་ཟེར་སླབ་སྨོ་ དད་པ་བསྐྱེད་མི་གི་དོན་ལུ་ག་ར་འབད་ཚུགས་ཟེར་གསུངསམ་ད། 24 དེ་འཕྲོ་ལས་བུ་གི་ཨ་པ་འདི་གིས་སྐད་བརྐྱབས་ཏེ་ ང་དད་པ་བསྐྱེད་ནི་ཨིན་ དེ་འབདཝ་ད་ ང་དད་པ་མེད་པའི་སེམས་ལུ་ དད་པ་བསྐྱེད་ཚུགས་པའི་གྲོགས་རམ་མཛད་གནང་ཟེར་ཞུ་ནུག 25 ཡེ་ཤུ་གིས་ མི་ཚོགས་དེ་ཚུ་བརྒྱུགས་ཏེ་ ཁོ་གི་སྦོ་ལོགས་ཁར་འོང་ས་གཟིགསཔ་ད་ ཁོ་གིས་རྣམ་ཅོག་གོ་ནི་མེད་མི་དང་ ཁ་སླབ་ནི་མེད་པའི་འདྲེ་གདོན་ཁྱོད་ བུཚ་འདི་ནང་ལས་ཕྱི་ཁར་ཐོན་སོང་ ནམ་ཡང་ལོག་སྟེ་ཁོ་གི་ནང་མ་འཛུལ་ཟེར་ ང་གིས་ཁྱོད་ལུ་བཀའ་བཀྱོན་གནང་དོ་ཟེར་གསུངསམ་ད། 26 དེ་ལས་འདྲེ་གདོན་འདི་སྐད་སྦོམ་སྦེ་བརྐྱབས་ཏེ་ བུཚ་འདི་གནམ་མེད་ས་མེད་ སྒལ་རིལ་མར་རིལ་བསྒྱུར་ཏེ་ བཀོག་བཞག་སྦེ་འདྲེ་གདོན་དེ་ཐོན་སོང་ནུག་ དེ་ལས་བུཚ་འདི་ཤི་ཤིཝ་བཟུམ་སྦེ་ཐལ་ཏེ་ མི་ཚུ་གིས་བུཚ་འདི་ཤི་སོང་ཡི་ཟེར་སླབ་ནུག 27 དེ་འབདཝ་ད་ཡེ་ཤུ་གིས་ བུཚ་འདི་གི་ལགཔ་བཤེད་དེ་ཡར་ལྷོང་གནངམ་ད་ བུཚ་འདི་ཡར་ལོང་སྟེ་ཆགས་ནུག 28 དེ་ལས་ཡེ་ཤུ་གཟིམ་ཅུང་ནང་འབྱོནམ་ད་ སློབ་མ་ཚུ་གིས་མི་གཞན་ག་ཡང་མེད་པའི་སྐབས་ལུ་ ང་བཅས་ཀྱིས་ག་ཅི་འབད་ འདྲེ་གདོན་བཏོན་བདའ་མ་ཚུགསཔ་སྨོ་ཟེར་དྲི་བ་ཞུཝ་ད། 29 ཡེ་ཤུ་གིས་ཁོང་ལུ་ ཨ་ནི་བཟུམ་གྱི་འདྲེ་གདོན་ལུ་ སྨོན་ལམ་གྱིས་མ་གཏོགས་གཞན་ག་ཅི་གིས་ཡང་ བཏོན་བདའ་མི་ཚུགས་ཟེར་གསུངས་ནུག། 30 ཡེ་ཤུ་དང་ཁོ་རང་གི་སློབ་མ་ཚུ་དེ་ཁར་ལས་ཐོན་བྱོན་ཏེ་ ག་ལི་ལི་གི་ལུང་ཕྱོགས་ལས་འབད་འབྱོནམ་ད་ ཁོང་ག་ཏེ་ཡོདཔ་ཨིན་ན་ ག་གིས་ཡང་ཤེས་མ་བཅུག་ནི་གི་ཐུགས་བསམ་བཞེས་ནུག 31 ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་ཁོ་རང་གི་སྐོར་ལས་ སློབ་མ་ཚུ་ལུ་རྐྱངམ་གཅིག་ སྟོན་ནི་གི་ཐུགས་བསམ་ཡོདཔ་ཨིན་མས་ དེ་ལས་ཁོ་གིས་ མིའི་བུ་ལུ་ མི་ཚུ་གི་ལག་པར་སྤྲོད་དེ་ ཁོང་གིས་ཁོ་བསད་འོང་ ད་རུང་ཁོ་བསད་ཚར་བའི་ཤུལ་ལས་ ཉིནམ་གསུམ་པ་ལུ་གསོན་པོ་སྦེ་ལོང་ནི་ཨིན་ཟེར་གསུངས་རུང་། 32 ཁོ་གིས་སྟོན་གནང་མིའི་དོན་དག་འདི་ ཁོང་གིས་ཧ་མ་གོ་བར་ དྲི་བ་ཞུ་ནི་ཡང་ཁོང་འདྲོགས་ཏེ་སྡོད་ནུག། 33 ཡེ་ཤུ་དང་ཁོ་རང་གི་སློབ་མ་ཚུ་ ཀ་ཕཱར་ནུམ་ལུ་ལྷོད་དེ་ ཁྱིམ་ནང་བཞུགས་པའི་སྐབས་ལུ་ ཡེ་ཤུ་གིས་ཁོང་ལུ་ ཁྱེད་ལམ་བདའ་སྟེ་ག་ཅི་གི་སྐོར་ལས་མཚན་ཉིད་བརྐྱབས་ཏེ་འོངམ་སྨོ་ཟེར་གསུངསམ་ད། 34 ཁོང་ཁུ་སིམ་སི་སྦེ་སྡོད་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ལམ་བདའ་སྟེ་ ཁོང་རང་གཅིག་གིས་གཅིག་ལུ་ ང་བཅས་ཀྱི་སྦུག་ལས་དྲག་ཤོས་ག་སྨོ་ཟེར་ མཚན་ཉིད་རྐྱབ་རྐྱབ་ཨིན་མས། 35 ཡེ་ཤུ་མར་བཞུགས་སྦེ་སློབ་མ་བཅུ་གཉིས་གདོང་ཁར་འབོ་སྦེ་ མི་ག་ར་འབད་རུང་དྲག་ཤོས་དང་ ཨང་དང་པ་སྦེ་འཐོན་དགོ་མནོ་བ་ཅིན་ དེ་གིས་ག་ར་གི་ཤུལ་ལས་སྡོད་དེ་ གཡོགཔོ་འབད་དགོ་ཟེར་གསུངས་ནུག 36 དེ་ལས་ཡེ་ཤུ་གིས་ ཁོང་ཆ་ཁྱབ་ཀྱི་སྦུག་ལུ་ཨ་ལོ་གཅིག་ལུ་ལྷོང་སྟེ་ ཁོ་རང་གི་སྐུ་ཕང་ལུ་བསྣམས་སྦེ། 37 ག་ར་འབད་རུང་ངེ་གི་མིང་ནང་ ཨ་ནི་བཟུམ་གྱི་ཨ་ལོ་གཅིག་ལུ་ངོས་ལེན་འབད་བ་ཅིན་ ང་ལུ་ཡང་འབདཝ་ཨིན་ ང་རྐྱངམ་གཅིག་གིས་མ་ཚད་པར་ ང་ལུ་གཏང་གནང་མི་དེ་ལུ་ཡང་ གདན་འདྲེན་ཞུཝ་ཨིན་ཟེར་གསུངས་ནུག 38 དེ་ལས་སློབ་མ་ ཡོ་ཧ་ནཱན་གྱིས་ སློབ་དཔོན་ལགས་ ནཱ་གི་མཚན་ནང་ མི་གཅིག་གིས་འདྲེ་གདོན་བཏོན་བདའ་ས་ ང་བཅས་ཀྱིས་མཐོང་ཅི་ དེ་འབདཝ་ད་ ཁོ་ང་བཅས་ཀྱི་གྲལ་ཁ་ལས་མེན་ནི་འདི་གིས་ ང་བཅས་ཀྱིས་ཁོ་ལུ་ དེ་སྦེ་འབད་ནི་མེད་ཟེར་བཀག་ཅི་ཟེར་ཞུཝ་ད། 39 ཡེ་ཤུ་གིས་ ཁོ་ལུ་དེ་སྦེ་འབད་ནི་མི་འོང་ ག་ར་འབད་རུང་ ངེ་གི་མིང་ནང་ལུ་ རྫུ་འཕྲུལ་བཏོན་མི་འདི་གིས་ དེ་འཕྲོ་ལས་ང་ལུ་ཚིག་ངན་མི་སླབ། 40 ག་ར་འབད་རུང་ ང་བཅས་ལུ་བྱང་ཕྱད་མ་འབད་བ་ཅིན་ དེ་ང་བཅས་ཀྱི་ཆ་རོགས་ཨིན། 41 ཁྱོད་ཁིརཱིས་ཀྱི་ཨིན་མས་ཟེར་མནོ་སྟེ་ ཆུ་ཕོརཔ་གང་བྱིན་པ་ཅིན་ དེ་གིས་ཐད་རི་བ་རི་གསོལ་རས་འདི་ མ་ཐོབ་པར་མི་སྡོད་ཟེར་གསུངས་ནུག། 42 ག་ར་འབད་རུང་ ཨ་ནི་དད་པ་བསྐྱེད་མི་ཨ་ལོ་ཆུང་ཀུ་ཚུ་གི་གྲལ་ཁ་ལས་ གཅིག་ལུ་ཡང་སྡིག་པ་འབད་བཅུག་པ་ཅིན་ མི་འདི་གི་ཨོལ་ལྐོག་གུ་ རང་འཐག་གི་རྡོ་སྦོམ་གཅིག་བཏགས་ཏེ་ རྒྱ་མཚོ་ནང་བཀོག་དཔ་དྲག་ཟེར་གསུངས་ནུག 43 ཁྱེད་ག་ར་འབད་རུང་རང་གི་ལགཔ་གིས་ སྡིག་པ་འབད་བཅུག་པ་ཅིན་ ལགཔ་དེ་བཏོག་བཀོག་ད་ ལགཔ་གཉིས་དང་གཅིག་ཁར་ ཤི་ནི་མེད་པའི་དམྱལ་བའི་མེ་ནང་འགྱོཝ་ལས་ ལག་རྡུམ་སྦེ་མཐའ་མེད་པའི་ཚེ་ནང་འཛུལཝ་དྲག 44 ~ 45 ཁྱེད་ག་ར་འབད་རུང་རང་གི་རྐངམ་གིས་ སྡིག་པ་འབད་བཅུག་པ་ཅིན་ རྐངམ་འདི་བཏོག་བཀོག་ད་ རྐངམ་གཉིས་དང་གཅིག་ཁར་དམྱལ་བར་འགྱོཝ་ལས་ ཞབོ་འགྱུར་ཏེ་མཐའ་མེད་པའི་ཚེ་ནང་འཛུལཝ་དྲག 46 ~ 47 ཁྱེད་ག་ར་འབད་རུང་རང་གི་མིག་ཏོ་གིས་ སྡིག་པ་འབད་བཅུག་པ་ཅིན་ མིག་ཏོ་འདི་བཏོན་བཀོག་ད་ མིག་ཏོ་གཉིས་དང་གཅིག་ཁར་དམྱལ་བར་འགྱོཝ་ལས་ མིག་ཏོ་ཡ་གཅིག་སྦེ་ དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལཝ་དྲག་ཟེར་གསུངས་ནུག 48 དམྱལ་བ་ནང་ རོ་ཟ་མིའི་འབུབ་དང་མེ་ནམ་ཡང་མི་ཤི། 49 མཆོདཔ་དེ་ཚྭ་གིས་འདགཔ་བཟོཝ་བཟུམ་སྦེ་ མི་ཡང་མེ་གིས་འདགཔ་བཟོཝ་ཨིན། 50 ཚྭ་འདི་ལེགས་ཤོམ་ཨིན་ དེ་འབདཝ་ད་ ཚའི་བྲོཝ་འདི་ཡལ་བ་ཅིན་ ཚྭ་གི་བྲོཝ་ཡོདཔ་སྦེ་ག་དེ་སྦེ་བཟོ་ཚུགས་ནི་ ཁྱེད་རང་ཆ་ཁྱབ་ཚྭ་བཟུམ་སྦེ་འགྱུར་ཏེ་ གཅིག་གིས་གཅིག་ལུ་འཆམ་མཐུན་ཏེ་སྡོད།།
1 ཡེ་ཤུ་དེ་ཁར་ལས་བྱོན་ཏེ་ ཡུ་དེ་ཡ་གི་ལུང་ཕྱོགས་ལས་སྦེ་བརྐྱབས་ཏེ་ གཙང་ཆུ་ ཡཱོར་དཱན་བརྒལ་ཏེ་འབྱོནམ་ད་ མི་དམངས་ད་རུང་ཁོ་གི་སྐུ་མདུན་ལུ་འཛོམས་ནུག་ དུས་རྟག་བུ་རང་ཆོས་སྟོན་དོཝ་བཟུམ་སྦེ་ ཡེ་ཤུ་གིས་ཁོང་ལུ་ཆོས་སྟོན་གནང་ནུག 2 དེའི་སྐབས་ལུ་ ཕ་རུ་ཤི་པ་ལ་ལུ་ཅིག་གིས་འོངས་ཏེ་ ཁོ་ལུ་ཐུགས་ཚོད་བལྟ་བའི་དོན་ལུ་ རང་གི་ཨམ་སྲུ་དང་ཁ་འབྱལ་ཏེ་སྡོད་ཐག་ཆོག་ག་ཟེར་ཡེ་ཤུ་ལུ་དྲི་བ་ཞུཝ་ད། 3 ཁོང་གི་ལན་ལུ་ཡེ་ཤུ་གིས་ མོ་སཱེས་ཀྱིས་ཁྱེད་ལུ་བཀའ་ཁྲིམས་ག་དེ་སྦེ་གནང་གནངམ་སྨོ་ཟེར་གསུངསམ་ད། 4 མོ་སཱེས་ཀྱི་བཀའ་ཁྲིམས་ནང་ ཁ་འབྱལ་བའི་ཡིག་ཐི་བྲིས་ཏེ་སྤྲོད་ དེ་ལས་ཨམ་སྲུ་དང་ཁ་འབྱལ་ཐག་ཆོག་ཟེར་འདུག་ཟེར་ཞུ་ནུག 5 དེ་ལས་ཡེ་ཤུ་གིས་ ཁྱེད་ཀྱི་སེམས་སྲ་ཀྲག་འབད་ནི་འདི་གིས་ མོ་སཱེས་ཀྱི་བཀའ་ཁྲིམས་འདི་ ཁྱེད་ཀྱི་དོན་ལུ་བྲིས་བཞག་ནུག 6 དེ་རང་ཨིན་རུང་ འགོ་དང་པ་དཀོན་མཆོག་གིས་ གནམ་དང་ས་མཛད་པའི་སྐབས་ལུ་ མི་ཕོ་དང་མོ་གཉིས་ལུ་མཛད་ནུག་ 7 དེ་འབདཝ་ལས་བརྟེན་ཏེ་ མི་ག་ར་ རང་གི་ཕམ་བཀོག་བཞག་སྦེ་ ཁོ་རང་གི་ཨམ་སྲུ་དང་གཅིག་ཁར་བསྡོམ་སྟེ་སྡོདཔ་ཨིན། 8 དེ་བསྒང་ལས་ལུས་གཉིས་གཅིག་ལུ་འགྱུར་ཏེ་ ཁོང་གཉིས་སོ་སོ་སྦེ་མ་བརྩིས་བར་གཅིག་སྦེ་བརྩི་འོང་། 9 དེ་འབདཝ་ལས་བརྟེན་ཏེ་ དཀོན་མཆོག་གིས་གཅིག་ཁར་བསྡོམ་གནང་མི་འདི་ མི་ག་ར་འབད་རུང་ ཁ་འབྱལ་ཐག་མི་ཆོག་ཟེར་གསུངས་ནུག 10 ཁྱིམ་ནང་ལུ་ལོག་འབྱོནམ་ད་སློབ་མ་ཚུ་གིས་ ད་རུང་འདི་གིས་སྐོར་ལས་དྲི་བ་ཞུ་ནུག 11 ཡེ་ཤུ་གིས་ཁོང་ལུ་ ཕོ་སྐྱེས་ག་ར་འབད་རུང་ རང་གི་ཨམ་སྲུ་དང་ཁ་འབྱལ་ཏེ་ ཨམ་སྲུ་གསརཔ་འཚོལ་སྡོད་པ་ཅིན་ ཨམ་སྲུ་ངོ་མ་འདི་ལུ་ གནོད་པ་བཀལཝ་མ་ཚད་ ཁོ་ལུ་གཉེན་ལས་འགལ་བའི་ལུས་འབྲེལ་གྱི་ཉེས་པ་ཕོག 12 ཨམ་སྲུ་གིས་རང་གི་རྨགཔ་དང་ཁ་འབྱལ་ཏེ་ རྨགཔ་གསརཔ་འཚོལ་སྡོད་པ་ཅིན་ རྨགཔ་ངོ་མ་འདི་ལུ་ གནོད་པ་བཀལཝ་མ་ཚད་ མོ་ལུ་ཡང་གཉེན་ལས་འགལ་བའི་ལུས་འབྲེལ་གྱི་ཉེས་པ་ཕོག་ཟེར་གསུངས་ནུག། 13 མི་ལ་ལུ་ཅིག་གིས་རང་གི་ཨ་ལོ་ཆུང་ཀུ་ཚུ་གི་གུ་ ཡེ་ཤུ་གིས་ཕྱག་བཀལ་གནང་འོང་ཟེར་མནོ་སྟེ་ ཁོ་གི་སྐུ་མདུན་ལུ་འབག་འོངམ་ད་ སློབ་མ་ཚུ་གིས་ཚོགས་བརྡ་བརྐྱབས་ནུག 14 ཡེ་ཤུ་གིས་འདི་གཟིགསཔ་ད་ དགོངསམ་ཁྲེལ་ནུག་ དེ་ལས་ཁོ་གིས་ ཨ་ལོ་ཆུང་ཀུ་ཚུ་ལུ་མ་བཀག་པར་ ང་སྡོད་སར་འོང་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་རྒྱལ་སྲིད་འདི་ ཁོང་བཟུམ་གྱི་དོན་ལུ་ཨིན་ཟེར་གསུངས་ནུག 15 ང་གིས་ཁྱེད་ལུ་དོན་དག་རང་སླབ་དོ་ ག་ར་འབད་རུང་ཨ་ལོ་ཆུང་ཀུ་བཟུམ་གཅིག་སྦེ་ དཀོན་མཆོག་གི་རྒྱལ་སྲིད་ནང་ལུ་ཁས་མ་ལེན་པ་ཅིན་ མི་འདི་ཐད་རི་བ་རི་ཁོ་གི་རྒྱལ་སྲིད་ནང་འཛུལ་མི་ཚུགས། 16 ཨ་ལོ་ཆུང་ཀུ་ཚུ་ལུ་སྐུ་ཕང་བསྣམས་སྦེ་ ཁོང་གི་གུ་ཕྱག་བཀལ་ཏེ་ བྱིན་རླབས་གནང་ནུག། 17 དེ་ལས་ཡེ་ཤུ་ལམ་བྱོན་པའི་སྐབས་ལུ་ མི་གཅིག་ཁོ་གི་སྐུ་མདུན་ལུ་བརྒྱུགས་འོངས་ཏེ་ པུས་མོ་ས་ཁར་བཙུགས་ཏེ་ སློབ་དཔོན་བཟང་པོ་ལགས་ མཐའ་མེད་པའི་ཚེ་ཐོབ་པའི་དོན་ལུ་ ང་གིས་ག་ཅི་འབད་དགོཔ་སྨོ་ཟེར་ཞུཝ་ད། 18 ཁྱོད་ཀྱིས་ང་ལུ་ག་ཅི་འབད་ སློབ་དཔོན་བཟང་པོ་ཟེར་སླབ་སྨོ་ དོན་ལས་རང་ དཀོན་མཆོག་རྐྱངམ་གཅིག་མ་གཏོགས་ གཞན་ག་ཡང་བཟང་པོ་མེད་ཟེར་ ཡེ་ཤུ་གིས་གསུངས་ནུག 19 བཀའ་ཁྲིམས་ག་ར་ཁྱོད་ཀྱིས་ཤེས་ མི་མ་བསད་ གཉེན་ལས་འགལ་བའི་ལུས་འབྲེལ་མ་འབད་ ཨརཝ་མ་བརྐུ་ ཤོབ་བརྐྱབས་ཏེ་འཛོམ་དཔང་མ་འབད་ མི་ལུ་མགུ་བསྐོར་མ་རྐྱབས་ རང་གི་ཕམ་ལུ་ཞབས་ཏོག་ཞུ་སྟེ་ཞེ་ས་འབད་ཟེར་གསུངསམ་ད། 20 སློབ་དཔོན་ལགས་ དེ་ཚུ་ག་ར་ང་གིས་ ཆུང་ཀུ་བསྒང་ལས་རང་སྲུངམ་ཨིན་ཟེར་ཞུ་ནུག 21 ཡེ་ཤུ་གིས་ཁོ་ལུ་གཟིགསཔ་ད་ ཐུགས་བརྩེ་བ་གཟིགས་ཏེ་ ཁྱོད་ཀྱིས་འབད་དགོཔ་གཅིག་མ་ཚང་པས་ ད་སོང་ཞིནམ་ད་ ཁྱོད་ལུ་ཡོདཔ་མེདཔ་ག་ར་བཙོང་སྟེ་ ཏི་རུ་འདི་མི་སྤྱང་ཀ་ཚུ་ལུ་བྱིན་ དེ་གིས་འབད་ ཁྱོད་ཀྱིས་རྒྱུ་ནོར་ ཡར་ཞིང་ཁམས་ལུ་ཐོབ་འོང་ དེ་ལས་ཁྱོད་རང་ངེ་གི་སློབ་མ་སྦེ་ཤོག་ཟེར་གསུངསམ་ད། 22 དེ་འཕྲོ་ལས་མི་འདི་སེམས་སྐྱོ་སྟེ་ གདོང་མ་འདྲཝ་འགྱུར་ཏེ་ ལོག་ཡར་སོང་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ལུ་རྒྱུ་ནོར་ལེ་ཤ་ཡོདཔ་ཨིན་མས། 23 དེ་ལས་ཡེ་ཤུ་གིས་ཕར་དང་ཚུར་གཟིགས་ཏེ་ ཁོ་རང་གི་སློབ་མ་ཚུ་ལུ་ མི་ཕྱུགཔ་ཚུ་དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་བ་ ག་དེམ་ཅིག་ལཱ་ཁག་ཨིན་སྨོ་ཟེར་གསུངས་ནུག 24 ཡེ་ཤུ་གིས་གསུངས་མི་ལུ་བལྟ་སྟེ་ སློབ་མ་ཆ་ཁྱབ་རྣམ་རྟོག་ལང་ནུག་ ད་རུང་ཡེ་ཤུ་གིས་ཁོང་ལུ་ དབའེ་ ངེ་གི་ཨ་ལོ་ཚུ་ དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་ནི་ལུ་ གནམ་མེད་ས་མེད་ལཱ་ཁག་ཨིན་མས། 25 མི་ཕྱུགཔ་དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་ནི་ལས་ རྔ་མོང་ ཁབ་ཀྱི་ལུང་ནང་འཛུལཝ་འཇམ་པས་ཟེར་གསུངས་ནུག 26 དེ་ལས་ཁོང་གནམ་མེད་ས་མེད་ཧ་ལས་ཏེ་ ཁོང་རང་གཅིག་གིས་གཅིག་ལུ་ དེ་སྦེ་འབད་བ་ཅིན་ ཐར་པ་ཐོབ་ཚུགས་མི་ག་ཡོདཔ་སྨོ་ཟེར་སླབ་ནུག 27 ཡེ་ཤུ་གིས་ཁོང་ལུ་གཟིགས་ཏེ་ མི་གིས་འབད་མི་ཚུགས་ དེ་འབདཝ་ད་ དཀོན་མཆོག་གིས་མཛད་ཚུགས་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་དོན་ལུ་ མཛད་མ་ཚུགསཔ་ག་ནི་ཡང་མེད་ཟེར་གསུངསམ་ད། 28 པེ་ཏྲོ་གིས་ཡེ་ཤུ་ལུ་ གཟིགས་ལགས་ ང་བཅས་ཀྱིས་ག་ར་སྤངས་ཏེ་ ནཱ་གི་སློབ་མ་སྦེ་འོང་ཡི་ཟེར་ཞུཝ་ད། 29 ཡེ་ཤུ་གིས་ དོན་ལས་རང་ང་གིས་སླབ་དོ་ ག་ར་འབད་རུང་ ང་དང་ངེ་གི་གཏམ་བཟང་གི་དོན་ལུ་ རང་གི་ཁྱིམ་དང་ ཕོ་རྒནམ་དང་ནུ་གཅུང་ ཨ་ཞེམོ་དང་སྲིངམོ་ ཨ་པ་དང་ཨའི་ རང་གི་བུ་དང་བུམོ་དང་ ས་གཞི་འདི་ཚུ་སྤངས་ཏེ། 30 ད་ལྟོ་གི་མི་ཚེ་འདི་ནང་ གཏམ་བཟང་གི་དོན་ལུ་ དགྲའི་གནོད་པ་བྱུང་སྟེ་ སྡུག་བསྔལ་མྱོང་དགོ་སྟེ་འབད་རུང་ ཤུལ་མ་འབྲས་བུ་འདི་ལོག་སྟེ་ཁྱིམ་དང་ ཕོ་རྒནམ་དང་ནུ་གཅུང་ ཨ་པ་དང་ཨའི་ ཨ་ཞེམོ་དང་སྲིངམོ་ བུ་དང་བུམོ་ ས་གཞི་དང་བཅས་ཏེ་ བརྒྱ་ལས་བརྒྱ་ཆ་སྦེ་ཐོབ་ དེ་ལས་ཤུལ་ལས་ཀྱི་དུས་ལུ་ ཚེ་མཐའ་མེདཔ་ཐོབ། 31 དེ་འབདཝ་ད་ ད་ལྟོ་ཧེ་མ་ལས་ཐོན་འགྱོ་མི་ལེ་ཤ་ཅིག་རང་ ཤུལ་ལས་ལུས་ནི་ཨིན་ དེ་ལས་ད་ལྟོ་ཤུལ་ལས་ལུས་ཏེ་ཡོད་མི་ལེ་ཤ་ཅིག་རང་ ཧེ་མ་འཐོན་འགྱོ་འོང་ཟེར་གསུངས་ནུག། 32 དེ་ལས་ཁོང་ ཡེ་རུ་ཤ་ལེམ་ལུ་བྱོན་པའི་ལམ་ཁར་ལུ་ ཡེ་ཤུ་ཁོ་རང་གི་སློབ་མ་ཚུ་གི་ཧེ་མ་ལས་འཐོན་འབྱོནམ་ད་ སློབ་མ་ཚུ་སེམས་ཁར་ ཐེ་ཚོམ་བསྐྱེདཔ་མ་ཚད་ ཁོང་གི་རྟིང་ལས་འོང་མི་ཆ་ཁྱབ་ཡང་འདྲོགས་ནུག་ ད་རུང་ཚར་གཅིག་ཡེ་ཤུ་གིས་ ཁོང་སློབ་མ་ཚུ་ཟུར་ཁར་འབོ་སྟེ་ ཁོ་རང་ལུ་ག་ཅི་འབྱུང་ནི་ཨིན་ན་ ལོ་རྒྱུས་དེ་ཚུ་ག་ར་བཤད་དེ་གསུངས་ནུག 33 ཁོ་གིས་ཁོང་ལུ་ ནཱ་ཉན་ཞིག་ ང་བཅས་ཡར་ ཡེ་རུ་ཤ་ལེམ་ལུ་འགྱོ་དོ་ ཡར་ལྷོདཔ་ད་ མིའི་བུ་བླ་ཆེན་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གི་ལག་པར་སྤྲོད་དེ་ ཁོང་གིས་ཉེས་ཁྲིམས་སྲོག་ཐོག་ལུ་བཏང་ནི་སྦེ་ཐག་ཆོད་འོང་ དེ་ལས་ཕྱིའི་མི་རིགས་ཚུ་གི་ལག་པར་སྤྲོད་འོང་། 34 ཁོང་གིས་ཁོ་ལུ་མེས་མེད་བསྐྱུར་ ཚིལ་མ་གཏོར་ རྟས་ལྕག་གིས་དྲང་སྦེ་ ཁོ་བསད་འོང་ དེ་འབདཝ་ད་ ཉིནམ་གསུམ་པ་ལུ་ ད་རུང་ཁོ་ལོག་སྟེ་ གསོན་པོ་སྦེ་ལོང་ནི་ཨིན་ཟེར་གསུངས་ནུག། 35 ཟེ་བེ་དི་གི་བུ་ ཡ་ཀོབ་དང་ ཡོ་ཧ་ནཱན་གཉིས་ཀྱིས་ ཁོ་གི་སྐུ་མདུན་ལུ་བཅར་སྦེ་ སློབ་དཔོན་ལགས་ ང་བཅས་ཀྱིས་ག་ཞུ་མི་འདི་ནཱ་གིས་མཛད་གནང་འོང་ག་ཟེར་ཞུཝ་ད། 36 ཡེ་ཤུ་གིས་ ཁྱེད་ཀྱི་དོན་ལུ་ང་གིས་ག་ཅི་འབད་དགོཔ་སྨོ་ཟེར་གསུངསམ་ད། 37 ཁོང་གིས་ ནཱ་གི་གཟི་བརྗིད་ནང་ང་བཅས་སྤུན་ཆ་གཉིས་ གཅིག་ནཱ་གི་ཕྱག་གཡས་ལས་དང་ གཅིག་ནཱ་གི་ཕྱག་གཡོན་ལས་སྡོད་ནི་ཡོདཔ་ཅིག་སྦེ་ ཞལ་གྱི་བཞེས་གནང་ཟེར་ཞུ་ནུག 38 དེ་འབདཝ་ད་ ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་ག་ཅི་སླབ་ཨིན་ན་ འདི་ཁྱེད་རང་གིས་མི་ཤེས་པས་ ང་གིས་འཐུང་ནི་འབད་མིའི་སྡུག་བསྔལ་གྱི་ཕོརཔ་འདི་ནང་ལས་ ཁྱེད་གཉིས་ཀྱིས་འཐུང་ཚུགས་ག་ ང་གིས་ལེན་ནི་འབད་མིའི་སྡུག་བསྔལ་གྱི་ཁྲུས་གསོལ་འདི་ ཁྱེད་ཀྱིས་ལེན་ཚུགས་ག་ཟེར་གསུངསམ་ད། 39 ཁོང་གཉིས་ཀྱིས་ ཞུ་ཚུགས་ཟེར་ཞུ་ནུག་ ང་གིས་འཐུང་ནི་འབད་མིའི་ཕོརཔ་འདི་ནང་ལས་ དོན་ལས་རང་ཁྱེད་ཀྱིས་འཐུང་ནི་ཨིན་ ང་གིས་ལེན་ནི་འབད་མིའི་ཁྲུས་གསོལ་འདི་ དོན་ལས་རང་ཁྱེད་ཀྱིས་ལེན་ནི་ཨིན། 40 དེ་འབདཝ་ད་ ངེ་གི་གཡས་དང་གཡོན་ལུ་སྡོད་བཅུག་ནི་གི་དབང་ཚད་ང་ལུ་མེད་ ག་དང་ག་གི་དོན་ལུ་གྲ་སྒྲིག་རྐྱབ་རྐྱབ་ཨིན་ན་ འདི་གིས་རྐྱངམ་གཅིག་ཐོབ་འོང་ཟེར་གསུངས་ནུག 41 སློབ་མ་བཅུ་ཐམ་གྱིས་ལོ་རྒྱུས་འདི་གོཝ་ད་ ཡ་ཀོབ་དང་ ཡོ་ཧ་ནཱན་ལུ་བལྟ་སྟེ་ཙིགཔ་ཟ་ནུག 42 ཡེ་ཤུ་གིས་སློབ་མ་ཚུ་ག་ར་གཅིག་ཁར་འབོ་སྟེ་ཁོང་ལུ་ ཕྱིའི་མི་རིགས་དབང་ཚད་ཡོད་མིའི་ མི་སྦོམ་ཚུ་གིས་ཁོང་ལུ་སྐྱོངམ་མ་ཚད་ འགོ་དཔོན་ཚུ་གིས་དབང་གི་འོག་ལུ་ མནེམ་བཞགཔ་ཨིནམ་ཁྱེད་ཀྱིས་ཤེས། 43 དེ་འབདཝ་ད་ ཁྱེད་ཆ་ཁྱབ་ཀྱི་སྦུག་ལུ་ ཕྱིའི་མི་རིགས་བཟུམ་སྦེ་འབད་ནི་མི་འོང་ ཁྱེད་ཀྱི་གྲལ་ཁ་ལས་ ག་ར་འབད་རུང་ མི་སྦོམ་སྦེ་རྩི་དགོ་པ་ཅིན་ དེ་གིས་ཁྱེད་ཀྱི་སྦུག་ལུ་གཡོག་རྒྱུག་དགོ། 44 ག་ར་འབད་རུང་ ག་ར་ལས་དྲགཔ་སྦེ་འཐོན་དགོ་མནོ་བ་ཅིན་ དེ་གིས་ག་ར་གི་སྦུག་ལུ་གཡོགཔོ་འབད་དགོ། 45 ག་ཅི་སྨོ་ཟེར་བ་ཅིན་ མིའི་བུ་དེ་ མི་ཚུ་གིས་ཁོ་ལུ་ཞབས་ཏོག་ཞུ་བཅུག་ནིའི་དོན་ལུ་འོངམ་མེན་ དེ་འབདཝ་ད་ མི་དེ་ཚུ་གི་ཞབས་ཏོག་ཞུ་བ་དང་ ལེ་ཤ་གི་སྲོག་ཚབ་ལུ་ རང་གི་སྲོག་རིན་སྦེ་བྱིན་པ་འོངམ་ཨིན་ཟེར་གསུངས་ནུག། 46 དེ་ལས་ཡེ་ཤུ་དང་ཁོ་རང་གི་སློབ་མ་ཚུ་ ཡེ་རི་ཀོ་ལུ་བྱོན་ཏེ་ འདི་ནང་ལས་མི་ཚོགས་དང་གཅིག་ཁར་འཐོན་འབྱོནམ་ད་ ཏི་མེ་ཨུས་ཀྱི་བུ་ བཱར་ཏི་མེ་ཡཱོས་ཟེར་མིའི་མིག་ཏོ་ཞརཝ་ ལྷངམ་རྐྱབ་མི་གཅིག་ ལམ་ཁར་སྡོད་ཡོདཔ་ཨིན་མས། 47 ཕར་ལས་ཚུར་བྱོན་མི་ ན་ཟ་རཱེདཔ་ ཡེ་ཤུ་ཨིན་མས་ཟེར་གོཝ་ད་ ད་བིད་ཀྱི་བུ་བརྒྱུད་ཡེ་ཤུ་ལགས་ ང་ལུ་སྙིང་རྗེ་གཟིགས་གནང་ཟེར་ སྐད་བརྐྱབས་ཅི་བརྐྱབས་ཅི་ཞུ་ནུག 48 མི་ལེ་ཤ་གིས་ཞརཝ་འདི་ལུ་ སྐད་མ་རྐྱབས་ཟེར་ཚོགས་བརྡ་རྐྱབ་ད་ ད་རུང་འདི་ལས་ཡང་སྐད་ཤུགས་སྦེ་ ད་བིད་ཀྱི་བུ་བརྒྱུད་ ང་ལུ་སྙིང་རྗེ་གཟིགས་གནང་ཟེར་སྐད་བརྐྱབས་ནུག 49 ཡེ་ཤུ་འདི་ཁར་བཞེངས་བཞུགས་སྦེ་ ཞརཝ་ལུ་ཚུར་འབོ་ཟེར་གསུངསམ་ད་ ཁོང་གིས་ཞརཝ་འདི་ལུ་ ཁྱོད་སེམས་མ་ཕམ་པར་ཡར་ལོངས་ཤིག་ ཁོ་གིས་ཁྱོད་ལུ་འབོ་དོ་ཟེར་སླབ་ནུག 50 དེ་ལས་ཞརཝ་འདི་ རང་གི་བགོ་ལ་ཡང་ཕར་ཕུད་བཀོག་བཞག་སྦེ་ ཡར་མཆོངས་ཏེ་ཡེ་ཤུ་གི་སྐུ་མདུན་ལུ་བཅར་ནུག 51 ཁྱོད་ཀྱི་དོན་ལུ་ ང་གིས་ག་ཅི་འབད་དགོཔ་སྨོ་ཟེར་གསུངསམ་ད་ ཞརཝ་འདི་གིས་ རབ་བི་ལགས་ ང་ད་ལྟོ་རང་མཐོང་ཚུགསཔ་ཅིག་ མཛད་གནང་ཟེར་གསོལཝ་བཏབ་ནུག 52 ཁྱོད་རང་གི་དད་པ་གིས་ཁྱོད་རང་དྲགཔ་བཟོ་ཡི་ ད་ཁྱོད་རང་སོང་ཤིག་ཟེར་ ཡེ་ཤུ་གིས་གསུངསམ་ཅིག་ ཁོ་མཐོང་ཚུགསཔ་འགྱོ་སྟེ་ ཡེ་ཤུ་གི་རྟིང་བདའ་འགྱོ་ནུག།
1 ཁོང་ ཡེ་རུ་ཤ་ལེམ་ལུ་འབྱོནམ་ད་ ཨ་རུ་ར་ཤིང་གི་སྒང་གུ་ ཡོད་མིའི་གཡུས་ཚན་ བཱེད་ཕ་གེ་དང་ བེ་ཐ་ནི་ཡ་ལུ་ཕེབས་ད་ ཁོ་རང་གི་སློབ་མ་གཉིས་ལུ། 2 ང་བཅས་ཀྱི་གདོང་ཁར་ལས་ཡོད་མིའི་གཡུས་ཚན་འདི་ནང་སོང་ ཕར་ལྷོདཔ་ད་དེ་འཕྲོ་ལས་ཁྱེད་ཀྱིས་ དུས་ནམ་ཡང་མ་བཞོན་མིའི་བོང་ཀུ་ཕྱུག་ཀུ་ ཐགཔ་བཏགས་བཞག་བཞགཔ་གཅིག་མཐོང་འོང་ འདི་ཐགཔ་འཁྱོལ་ཏེ་ནཱ་འཁྱིད་ཤོག 3 ག་དེམ་ཅིག་སྦེ་ མི་གཞན་གྱིས་ ཁྱེད་ལུ་ག་ཅི་འབདཝ་སྨོ་ཟེར་འདྲི་བ་ཅིན་ གཙོ་བོ་ལུ་ཁག་ཆེ་བས་ ཁོ་གིས་མགྱོགས་པར་ལོག་སྟེ་ ནཱ་གཏང་འོང་ཟེར་སླབ་ཟེར་གསུངས་ནུག 4 དེ་ལས་ཁོང་གཉིས་སོངམ་ད་ ལམ་གྱི་ཟུར་ཁར་ཁྱིམ་གཅིག་གི་སྒོ་ཁར་ བོང་ཀུ་ཕྱུག་ཀུ་ཐགཔ་བཏགས་བཞག་བཞགཔ་འདི་དང་འཕྱད་དེ་ ཁོང་གིས་ཐགཔ་འདི་འཁྱོལཝ་ད། 5 མི་ལ་ལུ་གིས་བོང་ཀུ་ཕྱུག་ཀུ་ཐགཔ་འཁྱོལ་ཏེ་ ཁྱེད་ག་ཅི་འབདཝ་སྨོ་ཟེར་ཁོང་ལུ་དྲིཝ་ད། 6 ཡེ་ཤུ་གིས་གསུངས་དོཝ་བཟུམ་སྦེ་རང་ མི་ཚུ་ལུ་སླབ་ནུག་ དེ་ལས་མི་ཚུ་གིས་གཏང་ནུག 7 ཁོང་གིས་བོང་ཀུ་ཕྱུག་ཀུ་འདི་ ཡེ་ཤུ་གི་སྐུ་མདུན་ལུ་འཁྱིད་བཀལ་སྦེ་ ཁོང་རང་གི་བགོ་ལ་ བོང་ཀུ་ཕྱུག་ཀུ་དེ་གུ་སྒ་ཁེབས་བརྐྱབས་ཏེ་ ཡེ་ཤུ་དེ་གུ་ཆིབས་ནུག 8 མི་ལེ་ཤ་གིས་ཁོ་བྱོན་སའི་ལམ་བདའ་སྟེ་ ཁོང་རང་གི་བགོ་ལ་འཐིང་ ལ་ལུ་གིས་ཞིང་ཁར་ལས་ ཤིང་གི་ཞལ་ལག་བཏོགས་ཏེ་འཐིང་ཕུལ་ནུག 9 ཡེ་ཤུ་གི་སྐུ་མདུན་ལས་འགྱོ་མི་དང་སྐུ་རྒྱབ་ལས་འོང་མིའི་ག་ར་གིས་ ཧོ་སཱན་ན་ གཙོ་བོ་གི་མཚན་ནང་བྱོན་མི་འདི་བྱིན་རླབས་ཅན་ཨིན། 10 ང་བཅས་ཀྱི་ཕ་བརྒྱུད་རྒྱལཔོ་ ད་བིད་ཀྱི་རྒྱལ་སྲིད་ལུ་ བྱིན་རླབས་གནང་བར་ཤོག་ ག་ར་ལས་མཐོ་བའི་ཞིང་ཁམས་ལུ་བཞུགས་མི་ལུ་ ཧོ་སཱན་ན་ཟེར་སྐད་བརྐྱབས་ཏེ་སོང་ནུག 11 ཡེ་རུ་ཤ་ལེམ་ལུ་ཕེབས་ད་ མཆོད་ཁང་ནང་བྱོན་ཏེ་ ཕར་དང་ཚུར་ག་ར་ལུ་གཟིགས་ནུག་ དེ་འབདཝ་ད་ ནམ་ཕྱི་སོང་ནི་འདི་གིས་ ཁོ་རང་གི་སློབ་མ་བཅུ་གཉིས་དང་གཅིག་ཁར་ བེ་ཐ་ནི་ཡ་གཡུས་ཚན་ནང་བྱོན་ནུག། 12 འདི་གི་ནངས་པ་ ཁོང་ བེ་ཐ་ནི་ཡ་ལས་ལོག་འབྱོནམ་ད་ ཡེ་ཤུ་གསོལཝ་སྨྱུང་སྟེ། 13 ཐག་རིང་ས་ལས་ འདབ་མ་ལེ་ཤ་ཡོད་མིའི་ཅོང་སེ་ཤིང་གཅིག་གཟིགས་ཏེ་ ཤིང་འདི་གི་གུ་ལུ་ ཤིང་འབྲས་མེད་ག་ཟེར་ཐུགས་བསམ་བཞེས་ཏེ་ སྦོ་ལོགས་ཁར་འབྱོནམ་ད་ དོག་མ་བཏག་ནི་གི་དུས་ཚོད་མེན་ནི་འདི་གིས་ ཤིང་འདི་གུ་ལུ་འདབ་མ་མ་གཏོགས་ གཞན་ག་ནི་ཡང་མ་ཐོབ་པས། 14 ཁོ་གིས་ཤིང་འདི་ལུ་ དུས་ད་རེས་ལས་འགོ་བཙུགས་ཏེ་ ཁྱོད་ལས་ཤིང་འབྲས་ནམ་ཡང་ མི་གིས་ཟ་མ་བཅུག་ཟེར་གསུངསམ་ད་ ཁོ་གི་སློབ་མ་ཚུ་གིས་རྣ་བ་གོ་ནུག། 15 ཡེ་རུ་ཤ་ལེམ་ལུ་ཕེབས་ད་ མཆོད་ཁང་ནང་བྱོན་ཏེ་ ཚོང་བཙོང་མི་དང་ཉོ་མི་ཚུ་ ཕྱི་ཁར་བཏོན་གཏང་ནུག་ དེ་ལས་དངུལ་བརྗེ་སོར་གྱི་ཚོང་རྐྱབ་མིའི་ཅོག་སྒྲོམ་དང་ བྱ་ཐི་ལི་རྒྱལམོ་གི་ཚོང་རྐྱབ་མིའི་རྐང་ཁྲི་འདི་ཚུ་ག་ར་ལྷོག་བཀོག་ནུག 16 དེ་ལས་མི་ག་ར་མཆོད་ཁང་ནང་ལུ་ ད་རུང་ལོག་སྟེ་ཕར་ཚུར་འགྱོ་སྟེ་ཅ་ལ་ག་ཅི་ཡང་འབག་འགྱོ་ནི་མེད་ཟེར་བཀའ་གནང་ནུག 17 དེ་ལས་ཁོ་གིས་ཁོང་ལུ་ཆོས་སྟོན་གནང་སྟེ་ གསུང་རབ་ནང་དཀོན་མཆོག་གིས། ངེ་གི་ཁྱིམ་འདི་ མི་རིགས་ག་ར་གི་དོན་ལུ་ སྨོན་ལམ་བཏབ་སའི་ཁྱིམ་ཨིན་ཟེར་ བྲིས་ཏེ་མིན་འདུག་ག་ དེ་འབདཝ་ད་ཁྱེད་ཀྱིས་ ཨརཝ་གི་ཚང་བཟུམ་སྦེ་ བཟོ་བཞགཔ་ཨིན་མས་ཟེར་གསུངས་ནུག 18 བླ་ཆེན་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་ དེ་གོཝ་ད་ ཁོང་གིས་ཡེ་ཤུ་བཀྲོང་ནི་འབད་ གནས་སྐབས་བསྒྱིར་སྡོད་ནུག་ དེ་འབདཝ་ད་ ཡེ་ཤུ་བལྟ་འདྲོགས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ མི་དམངས་ག་ར་ཁོ་གིས་སྟོན་གནང་མིའི་ཆོས་ལུ་བལྟ་སྟེ་ ཧ་ལསཔ་ཨིན་མས། 19 དེ་ལས་ནམ་སྲོ་ནི་འབདཝ་ད་ ཡེ་ཤུ་ཁྲོམ་གྱི་ཕྱི་ཁར་ཐོན་བྱོན་ནུག། 20 དེ་གི་ནངས་པ་དྲོ་པ་ཁོང་ལམ་འདི་ལས་རང་ལོག་འབྱོནམ་ད་ ཧེ་མ་གི་ཅོང་སེ་ཤིང་འདི་ ར་ཏོ་ལས་རང་སྐམ་སོངམ་ ཁོང་གིས་མཐོང་ནུག 21 དེ་བསྒང་ པེ་ཏྲོ་གིས་སེམས་ཁར་དྲན་ཏེ་ཡེ་ཤུ་ལུ་ རབ་བི་གཟིགས་ལགས་ ནཱ་གིས་ཐུགས་སྨོན་གནང་མིའི་ཤིང་འདི་ ར་ཏོ་ལས་རང་སྐམ་སོང་ནུག་ཟེར་ཞུཝ་ད། 22 དེའི་ལན་ལུ་ཡེ་ཤུ་གིས་ དཀོན་མཆོག་ལུ་དད་པ་བསྐྱེད། 23 ང་གིས་ཁྱེད་ལུ་དོན་དག་རང་སླབ་དོ་ མི་ག་ར་འབད་རུང་ སེམས་ཁར་ཐེ་ཚོམ་མ་བསྐྱེད་པར་ རང་གི་དོན་དག་གྲུབ་ཚུགས་མནོ་སྟེ་ ཨ་ནི་སྒང་འདི་ལུ་ མར་རྒྱ་མཚོ་ནང་མཆོངས་ཟེར་སླབ་པ་ཅིན་ འདི་ཐད་རི་བ་རི་གྲུབ་འོང་ཟེར་གསུངས་ནུག 24 དེ་གིས་འབད་ ང་གིས་སླབ་དོ་ སྨོན་ལམ་ནང་ག་ཅི་རང་ཞུ་རུང་ འདི་ག་ར་ང་གིས་ཐོབ་མནོ་སྟེ་དད་པ་བསྐྱེད་པ་ཅིན་ ཁྱེད་ཀྱིས་ཞུ་མི་འདི་ག་ར་གནང་འོང་། 25 ད་རུང་ཁྱེད་ཀྱིས་སྨོན་ལམ་ཞུ་ནི་གི་དོན་ལུ་ ཡར་ལོངམ་ད་ མི་གཞན་གྱིས་རང་ལུ་ ཟོགཔོ་ག་ཅི་རང་འབད་འབདཝ་ཡོད་རུང་ འདི་སེམས་ཁར་མ་བཞག་པར་ བཀའ་དྲིན་བསྐྱང་ དེ་ལས་ཞིང་ཁམས་ལུ་བཞུགས་མིའི་ཡབ་ཀྱིས་ཡང་ ཁྱེད་ཀྱི་སྡིག་པ་ལུ་བཀའ་དྲིན་བསྐྱང་འོང་། 26 ག་དེམ་ཅིག་སྦེ་ མི་གཞན་གྱི་སྡིག་པ་ལུ་བཀའ་དྲིན་བསྐྱང་མ་ཚུགས་པ་ཅིན་ ཡར་ཞིང་ཁམས་ལུ་བཞུགས་མི་ཡབ་ཀྱིས་ ཁྱོད་ཀྱི་སྡིག་པ་ལུ་ཡང་བཀའ་དྲིན་མི་བསྐྱང་ཟེར་གསུངས་ནུག། 27 ད་རུང་ཡེ་ཤུ་དང་ཁོ་རང་གི་སློབ་མ་ཚུ་ ཡེ་རུ་ཤ་ལེམ་ལུ་ཕེབས་ཏེ་ མཆོད་ཁང་ནང་ལུ་འབྱོནམ་ད་ བླ་ཆེན་དང་བཀའ་ཁྲིམས་ཀྱི་སློབ་དཔོན་ མི་དམངས་ཀྱི་འགོ་དཔོན་ཚུ་ ཁོ་གི་སྐུ་མདུན་ལུ་བཅར་ཏེ་ཞུ་ནུག 28 ག་ཅི་གི་དབང་ཚད་ཀྱིས་ ཨ་ནི་དེ་ཚུ་འབདཝ་སྨོ་ དབང་ཚད་འདི་ག་གིས་བྱིན་བྱིནམ་སྨོ་ཟེར་སླབ་ད། 29 ཡེ་ཤུ་གིས་ཁོང་ལུ་ ང་གིས་ཡང་ཁྱེད་ལུ་དྲི་བ་གཅིག་དྲི་ནི་ཨིན་ ཁྱེད་ཀྱིས་ང་ལུ་དེའི་ལན་སླབ་པ་ཅིན་ ང་གིས་ཡང་ག་གིས་དབང་ཚད་ནང་ཨ་ནི་དེ་ཚུ་འབདཝ་ཨིན་ན་ དེའི་ལན་སླབ་ནི་ཨིན་ཟེར་གསུངས་ནུག 30 ཡོ་ཧ་ནཱན་གྱིས་ཁྲུས་གསོལ་བྱིན་ནི་གི་དབང་ཚད་དེ་ ཞིང་ཁམས་ལས་ཨིན་ན་ མི་ལས་ཨིན་ན་ ང་ལུ་ལན་སླབ་ཟེར་གསུངསམ་ད། 31 ཁོང་རང་གི་སྦུག་ལུ་བསྟུན་གྲོས་བརྐྱབས་ཏེ་ ག་དེམ་ཅིག་སྦེ་ ང་བཅས་ཀྱིས་ཞིང་ཁམས་ལས་ཨིན་ཟེར་སླབ་པ་ཅིན་ ཁྱེད་ཀྱིས་ ཡོ་ཧ་ནཱན་ལུ་ག་ཅི་འབད་ཆ་མ་བཞགཔ་སྨོ་ཟེར་ ཁོ་གིས་སླབ་འོང་། 32 དེ་ལས་ ག་དེམ་ཅིག་སྦེ་ ང་བཅས་ཀྱིས་མི་ལས་ཨིན་ཟེར་སླབ་པ་ཅིན་ མི་བཏུབ་པས་ཟེར་སླབ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་མི་དམངས་ལུ་བལྟ་སྟེ་འདྲོགཔ་ཨིན་མས་ ཡོ་ཧ་ནཱན་འདི་ དོན་ལས་རང་ ལུང་སྟོན་པ་ངོ་མ་གཅིག་སྦེ་ མི་ག་ར་གིས་ཆ་བཞགཔ་མས་ཟེར་ ཁོང་གིས་ཤེས་ནུག 33 དེ་འབདཝ་ལས་བརྟེན་ཏེ་ ཁོང་གིས་ལན་ འདི་ག་ལས་ཨིན་ན་ ང་བཅས་ཀྱིས་མི་ཤེས་པས་ཟེར་སླབ་ནུག་ དེ་ལས་ཡེ་ཤུ་གིས་ཡང་ཁོང་ལུ་ དེ་སྦེ་ཨིན་པ་ཅིན་ ང་ཡང་ག་གིས་དབང་ཚད་ནང་ལཱ་འདི་འབདཝ་ཨིན་ན་ ཁྱེད་ལུ་མི་སླབ་ཟེར་གསུངས་ནུག།
1 ཡེ་ཤུ་གིས་དཔེ་གཏམ་གྱི་ཐོག་ལས་ཆོས་སྟོན་གནང་ནི་འགོ་བཙུགས་ནུག་ ཧེ་མ་སྦྱིན་བདག་གཅིག་གིས་ ལྡུམ་ར་བཟོ་སྦེ་ རྒུན་འབྲུམ་གྱི་ཤིང་བཙུགས་ཏེ་ ར་བ་རྐྱབ་སྦེ་ རྒུན་འབྲུམ་གྱི་ཁུ་བ་བཙིར་སའི་ས་དོང་བརྐོ་བཟོ་སྟེ་ ཐོག་སྲུང་སའི་ཁྱིམ་གཅིག་ཡང་བཟོ་སྦེ་ རྒུན་འབྲུམ་གྱི་ལྡུམ་ར་དེ་ ཞིང་ལཱ་འབད་མི་ལ་ལུ་ཅིག་ལུ་བགོ་བཤའ་སྤྲོད་དེ་ ཁོ་རང་ཕྱིའི་རྒྱལ་ཁབ་ལུ་སོང་ནུག 2 ལོ་ཐོག་བསྡུ་བའི་དུས་ཚོད་རནམ་ད་ སྦྱིན་བདག་གིས་ཁོ་རང་གི་གཡོགཔོ་གཅིག་ལུ་ ཁོ་གི་བགོ་བཤའ་ལེན་པ་གཏང་ནུག 3 དེ་འབདཝ་ད་ ཨ་ནི་མི་ཚུ་གིས་ གཡོགཔོ་འདི་ལུ་བཟུང་ དྲངས་ཏེ་ སྟོངམ་སྦེ་ལོག་བཏང་ནུག 4 ཁོ་གིས་ད་རུང་གཡོགཔོ་གཞན་གཅིག་ལུ་གཏངམ་ད་ ཁོང་གིས་ཁོ་ལུ་ཡང་མགུ་ཏོ་གུ་དྲངས་ཏེ་ ངོ་ཚ་སི་སི་སྦེ་བཟོ་བཏང་ནུག 5 ད་རུང་གཞན་གཅིག་ལུ་གཏངམ་ད་ འདི་ལུ་ཁོང་གིས་བསད་བཀོག་ནུག་ འདི་བཟུམ་སྦེ་ད་རུང་གཡོགཔོ་ལེ་ཤ་ལུ་གཏངམ་ད་ ལ་ལུ་ཅིག་ལུ་དྲངས་ ལ་ལུ་ཅིག་བསད་དེ་བཀོག་ནུག 6 ཁོ་གི་ནང་ལས་ གཏང་ནི་འབད་མིའི་མི་གཅིག་རྐྱངམ་གཅིག་ལུས་ནུག་ འདི་ཁོ་རང་གི་བུ་གཅེས་ཤོས་ཕངས་ཤོས་གཅིགཔ་འདི་ཨིན་པས་ མཐའན་མཇུག་ལུ་ ད་ཁོང་གིས་ངེ་གི་བུ་འདི་ལུ་ གུས་ཞབས་འབད་ནི་འོང་མནོ་སྟེ་ ཁོང་འབད་ས་ལུ་གཏངམ་ད། 7 ཨ་ཕི་འདི་སྦྱིན་བདག་གི་ཤུལ་འཛིན་པ་དེ་ཨིན་མས་ ཁོ་ལུ་བསད་བཀོ་གེ་ དེ་ལས་ཕ་གཞི་འདི་ཚུ་ག་ར་ང་བཅས་རང་ཐོབ་ཟེར་ ཁོང་རང་ནང་འཁོད་ནང་བློ་བརྐྱབས་ནུག 8 དེ་ལས་ཁོང་གིས་སྦྱིན་བདག་གི་བུ་འདི་ཡང་བཟུང་སྦེ་བསད་དེ་ རྒུན་འབྲུམ་ཞིང་ཁར་ལས་ཕྱི་ཁར་བཏོན་བཀོག་ནུག 9 ད་རྒུན་འབྲུམ་ལྡུམ་ར་གི་སྦྱིན་བདག་གིས་ ག་ཅི་འབད་འོང་ག་ཟེར་བ་ཅིན་ ཁོ་རང་འོངས་ཏེ་ མི་འདི་ཚུ་ལུ་བསད་བཀོག་སྦེ་ དེ་ལས་རྒུན་འབྲུམ་གྱི་ལྡུམ་ར་བགོ་བཤའ་ཟ་མི་ མི་གཞན་ལུ་སྤྲོད་འོང་ཟེར་གསུངས་ནུག 10 གསུང་རབ་ནང་ལུ། རྩིགཔ་བཟོ་བོ་གིས་མ་དགོ་པར་བཞག་མི་རྡོ་འདི་ ཁག་ཆེ་ཏོག་ཏོ་གཅིག་ལུ་འགྱུར་ནུག 11 འདི་ཚུ་ག་ར་གཙོ་བོ་གིས་མཛད་མཛདཔ་ཨིན་ དེ་ང་བཅས་ཀྱི་མིག་ཏོ་ཁར་ ཡ་མཚན་ཆེ་ཏོག་ཏོ་ཨིན་ཟེར་ ཁྱེད་ཀྱིས་ནམ་ཡང་ ཨ་ནི་གསུང་རབ་ནང་ལས་ལྷག་སྟེ་མ་བལྟ་ག་ཟེར་གསུངས་ནུག 12 ཡ་ཧུ་ད་པ་གི་འགོ་དཔོན་ལ་ལུ་གིས་ དཔེ་འདི་ཁོང་ལུ་སྦྱར་སླབ་ཨིནམ་ཤེས་ཏེ་ ཡེ་ཤུ་ལུ་བཟུང་ནི་འབད་ནུག་ དེ་འབདཝ་ད་ མི་དམངས་ལུ་བལྟ་འདྲོགས་ཏེ་ ཁོང་འདི་ཁར་ལས་ཐོན་ཡར་སོང་ནུག། 13 ད་རུང་ཡེ་ཤུ་གིས་གསུངས་མི་བློ་ལུ་ཚིག་བཤེད་དེ་ བཟུང་ནི་གི་ཐབས་ཤེས་འགྱིར་ཏེ་ མི་ལ་ལུ་ཅིག་གིས་ ཧེ་རཱོད་ཀྱི་ཁ་གཅིག་འབད་མི་དང་ ཕ་རུ་ཤི་པ་ལ་ལུ་ཅིག་ ཁོ་སྡོད་ས་ལུ་བཏང་ནུག 14 ཁོང་ཆ་ཁྱབ་ཁོ་གི་སྐུ་མདུན་ལུ་བཅར་ཏེ་ སློབ་དཔོན་ལགས་ ནཱ་མི་ཕྲངམ་ ནཱ་གིས་མི་ཚུ་གིས་ ག་ཅི་སླབ་འོང་ག་ཟེར་ཐུགས་ལུ་ཚ་གྱང་མི་ལང་ ག་ཅི་སྨོ་ཟེར་བ་ཅིན་ ནཱ་མིའི་ངོ་སོ་ལུ་མི་གཟིགས་ དཀོན་མཆོག་གི་ལམ་གྱི་སྐོར་ལས་ ཕྲང་སྟེ་ཆོས་སྟོན་གནངམ་ཨིནམ་ ང་བཅས་ཀྱིས་ཤེས་ དེ་འབདཝ་ད་ རྒྱལཔོ་ ཀེ་སཱར་ལུ་ཁྲལ་སྤྲོད་དགོཔ་འདི་ ཀྲིག་ཀྲི་ཨིན་ན་མེན་ན་ ང་བཅས་ལུ་གསུངས་གནང་ཟེར་ཞུཝ་ད། 15 ཁོ་གིས་ཁོང་གི་གཡོ་སྒྱུ་སྦེ་སླབ་ཨིནམ་མཁྱེན་ཏེ་ཁོང་ལུ་ ཁྱེད་ཀྱིས་ག་ཅི་འབད་ངེ་གི་ཧིང་བརྐུ་སྟེ་ཚོད་བལྟཝ་སྨོ་ ང་ལུ་ཏི་རུ་ དེ་ན་རི་གཅིག་འབག་ཤོག་ བྱིན་དགོཔ་ཨིན་ན་མེན་ན་ ང་གིས་བལྟ་གེ་ཟེར་གསུངས་ནུག 16 དེ་ལས་ཁོང་གིས་ཏི་རུ་ དེ་ན་རི་གཅིག་འབག་སྟེ་ཕུལཝ་ད་ ཡེ་ཤུ་གིས་འདིའི་གུ་ཡོད་མི་འདི་ ག་གི་སྐུ་པར་དང་ ག་གི་མཚན་ཨིན་སྨོ་ཟེར་དྲི་བ་གསུངསམ་ད་ ཁོང་གིས་རྒྱལཔོ་ ཀེ་སཱར་གྱི་སྐུ་པར་ཨིན་མས་ཟེར་ལན་ཞུ་ནུག 17 ཡེ་ཤུ་གིས་ཁོང་ལུ་ རྒྱལཔོ་ལུ་ཕུལ་དགོ་མི་འདི་ རྒྱལཔོ་ལུ་རང་ཕུལ་ དེ་ལས་དཀོན་མཆོག་ལུ་ཕུལ་དགོ་མི་འདི་ དཀོན་མཆོག་ལུ་རང་ཕུལ་ཟེར་གསུངསམ་ད་ ཁོང་ཧ་ལས་ནུག། 18 ས་དུ་ཀི་པ་ཟེར་མི་ཆོས་ལུགས་ཀྱི་ མཐའན་མཇུག་ལུ་ག་ར་ཤི་ས་ལས་གསོན་པོ་སྦེ་ལོང་ནི་མེད་ཟེར་སླབ་མི་ཚུ་གིས་ ཡེ་ཤུ་གི་སྐུ་མདུན་ལུ་བཅར་ཏེ་ཞུ་ནུག 19 སློབ་དཔོན་ལགས་ མོ་སཱེས་ཀྱིས་ང་བཅས་ཀྱི་དོན་ལུ་ བཀའ་ཁྲིམས་ནང་ལུ་དེ་སྦེ་བྲིས་ཏེ་འདུག་ ཕོ་རྒནམ་འདི་ཤི་སོངམ་ད་ ཨམ་སྲུ་འདི་ཨ་ལོ་མེད་པ་ཅིན་ ནུ་གཅུང་གིས་གཉེན་བརྐྱབས་ཏེ་ རང་གི་ཕོ་རྒནམ་གི་དོན་ལུ་བུ་གཞི་སྐྱེ་དགོ་ཟེར་ཨིན་མས། 20 ད་ཧེ་མ་བུ་སྤུན་བདུན་ཡོདཔ་ཨིན་མས་ བུ་སྦོམ་ཤོས་འདི་གཉེན་བརྐྱབས་ཏེ་ ཨ་ལོ་མེད་པའི་ཧེ་མ་ལས་ཤི་སོང་ནུག 21 དེ་ལས་གཉིས་པ་འདི་གིས་ཡང་ མོ་དང་གཉེན་བརྐྱབས་ཏེ་ཨ་ལོ་མེད་པའི་ཧེ་མ་ལས་ཤི་སོང་ནུག་ གསུམ་པ་འདི་ཡང་ ཁོང་གཉིས་བཟུམ་སྦེ་རང་ཤི་སོང་ནུག 22 བུ་སྤུན་བདུན་ཆ་རང་ ཨ་ལོ་གཅིག་ཡང་མེད་པར་ཤི་སྟེ་ མཐའན་མཇུག་ལུ་ཨམ་སྲུ་མོ་རང་ཡང་ཤི་སོང་ནུག 23 ཤུལ་མ་ ཁོང་ག་ར་ཤི་ས་ལས་གསོན་པོ་སྦེ་ལོང་པའི་དུས་ལུ་ མོ་ག་གི་ཨམ་སྲུ་འབད་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་བདུན་ཆ་རང་གིས་ མོ་ལུ་གཉེན་བརྐྱབས་ཅི་ཟེར་ཞུཝ་ད། 24 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་གསུང་རབ་དང་ དཀོན་མཆོག་གི་དབང་ཤུགས་འདི་ མ་ཤེས་ནི་འདི་གིས་ ཁྱེད་ལུ་འཛོལ་བ་འདུག་མེན་ན། 25 ག་ཅི་སྨོ་ཟེར་བ་ཅིན་ ཤི་ས་ལས་གསོན་པོ་སྦེ་ལོང་པའི་དུས་ལུ་ ཁོང་གཉེན་བརྐྱབ་ནི་དང་ མནའ་མ་གཏང་ལེན་འབད་ནི་མེད་ ཁོང་གི་ལུས་འདི་ ཡར་ཞིང་ཁམས་ཀྱི་ཕོ་ཉ་བཟུམ་སྦེ་འགྱུར་འགྱོ་འོང་། 26 ཤི་ས་ལས་གསོན་པོ་སྦེ་ལོང་པའི་དུས་ཀྱི་སྐོར་ལས་ ཁྱེད་ཀྱིས་ མོ་སཱེས་ཀྱི་གསུང་རབ་ནང་ ཚལ་མ་མེ་འབར་བའི་སྐོར་ལས་ནམ་ཡང་མ་ལྷགཔ་ག་ དེ་ནང་ལུ་དེ་སྦེ་བྲིས་ཏེ་འདུག་ ང་ ཨབ་ར་ཧམ་དང་ ཨི་སག་དང་ ཡ་ཀོབ་ཀྱི་དཀོན་མཆོག་ཨིན་ཟེར་ མོ་སཱེས་ལུ་དཀོན་མཆོག་གིས་དེ་སྦེ་གསུངས་ནུག 27 ག་ཅི་སྨོ་ཟེར་བ་ཅིན་ ཁོ་ཤི་སོང་མི་ཚུ་གི་དཀོན་མཆོག་མེན་པར་ གསོན་པོ་ཡོད་མི་ཚུ་གི་དཀོན་མཆོག་ཨིན་ ཁྱེད་ལུ་ མ་པ་ལས་རང་འཛོལ་བ་འདུག་ཟེར་གསུངས་ནུག། 28 བཀའ་ཁྲིམས་ཀྱི་སློབ་དཔོན་གཅིག་འོངམ་ད་ ས་དུ་ཀི་པ་ཚུ་དང་ ཡེ་ཤུ་དྲི་བ་དྲིས་ལན་འབད་སྡོད་དེ་ ཁོང་གིས་ལོ་རྒྱུས་ཚུ་གོཝ་ད་ ཡེ་ཤུ་གིས་ལན་ལེགས་ཤོམ་སྦེ་གནང་ས་མཇལ་ཏེ་ ཁོ་གིས་ཡེ་ཤུ་ལུ་ དང་པ་ར་བཀའ་ཁྲིམས་ག་ར་ལས་ཁག་ཆེ་ཤོས་འདི་ག་ཅི་ཨིན་ན་ཟེར་ཞུ་ནུག 29 ཡེ་ཤུ་གིས་ག་ར་ལས་ཁག་ཆེ་ཤོས་བཀའ་ཁྲིམས་དང་པ་འདི་ཨ་ནི་ཨིན་ དབའེ་ ཨཱིས་ར་ཨཱེལ་ ནཱ་ཉན་ཞིག་ གཙོ་བོ་ང་བཅས་ཀྱི་དཀོན་མཆོག་གཅིགཔ་དེ་ ཁོ་གཙོ་བོ་གཅིག་མ་གཏོགས་ གཞན་དཀོན་མཆོག་མེད། 30 རང་གི་གཙོ་བོ་དཀོན་མཆོག་ལུ་དམ་ཚིག་བསྟེན་ཏེ་ ཁྱོད་ཀྱི་སྙིང་ག་ར་དང་ སེམས་ག་ར་དང་ དྲན་པ་ག་ར་དང་ ཤུགས་ག་ར་གིས་ བྱམས་པ་འབད་དགོ། 31 བཀའ་ཁྲིམས་གཉིས་པ་འདི་ཨིན་ ཁྱིམ་ཚང་ལུ་རང་དང་འདྲཝ་འབད་བྱམས་པ་འབད་དགོ་ འདི་གཉིས་ལས་ལྷག་པའི་བཀའ་ཁྲིམས་ཁག་ཆེ་ཤོས་གཞན་མེད་ཟེར་ ཡེ་ཤུ་གིས་གསུངས་ནུག 32 བཀའ་ཁྲིམས་ཀྱི་སློབ་དཔོན་འདི་གིས་ ཡེ་ཤུ་ལུ་ཞུ་ནུག་ སློབ་དཔོན་ལགས་ ནཱ་གི་ཀྲིག་ཀྲི་སྦེ་རང་གསུངས་ཡི་ དོན་ལས་རང་དཀོན་མཆོག་གཅིག་ར་ཨིན་ ཁོ་མ་གཏོགས་གཞན་ག་ཡང་མེད། 33 དཀོན་མཆོག་ལུ་ སྙིང་ག་ར་དང་ སེམས་ག་ར་དང་ དྲན་པ་ག་ར་དང་ ཤུགས་ག་ར་སྦེ་བྱམས་པ་འབད་དགོ་ ཁྱིམ་ཚང་ལུ་རང་དང་འདྲཝ་འབད་ བྱམས་པ་འབད་དགོ་ གཞན་སེམས་ཅན་གསད་དེ་དམར་མཆོད་ཕུལ་ནི་དང་ མཆོདཔ་ཕུལ་ནི་ལས་ ཁག་ཆེ་ཤོས་འདི་ཨ་ནི་བཀའ་ཁྲིམས་གཉིས་ཨིན་ཟེར་ཞུ་ནུག 34 ཁོ་གིས་ཆོས་སེམས་ཆེ་ཏོག་ཏོ་སྦེ་ལན་རྐྱབ་ས་གཟིགས་ཏེ་ ཡེ་ཤུ་གིས་ ཁྱོད་དཀོན་མཆོག་གི་རྒྱལ་སྲིད་ལས་ ཐག་རིང་ས་མིན་འདུག་ཟེར་གསུངས་ནུག་ དེ་ལས་གཞན་ག་གིས་ཡང་ ཡེ་ཤུ་ལུ་དྲི་བ་ཞུ་མ་ནུས་པས།། 35 ཡེ་ཤུ་གིས་མཆོད་ཁང་ནང་ ཆོས་སྟོན་གནང་བའི་སྐབས་ལུ་ ཁོ་གིས་དྲི་བ་གསུངས་ནུག་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་འདི་རྒྱལཔོ་ ད་བིད་ཀྱི་བུ་བརྒྱུད་ཨིན་ཟེར་ག་དེ་སྦེ་སླབ་ཚུགསཔ་སྨོ། 36 ག་ཅི་སྨོ་ཟེར་བ་ཅིན་ ད་བིད་ཁོ་རང་གིས་དམ་པའི་ཐུགས་ཉིད་ཀྱི་ཐོག་ལས་སྦེ། གཙོ་བོ་དཀོན་མཆོག་གིས་ངེ་གི་གཙོ་བོ་ལུ་ ང་གིས་ཁྱོད་ཀྱིས་དགྲ་བྱང་ཕྱད་ཚུ་ ཁྱོད་ཀྱི་དབང་ཚད་འོག་ལུ་ མ་བཙུགས་ཚུན་ཚོད་ ཁྱོད་ངེ་གི་གཡས་ཁ་ཐུག་སྡོད་ཟེར་ གསུངས་མི་འདི་ ད་བིད་ཀྱིས་བྲིས་ནུག 37 ད་བིད་ ཁོ་རང་གིས་ཁིརཱིས་ལུ་ གཙོ་བོ་ཟེར་ཞུ་བ་ཅིན་ ཁིརཱིས་འདི་ ད་བིད་ཀྱི་བུ་བརྒྱུད་ཨིན་ཟེར་ག་དེ་སྦེ་སླབ་ཚུགསཔ་སྨོ་ འདི་ཁར་གྱི་མི་དམངས་ ཁོ་གིས་གསུངས་མི་ལུ་སེམས་དགའ་སྟེ་ཉན་སྡོད་ནུག། 38 ཡེ་ཤུ་གིས་མི་ཚོགས་ལུ་ཆོས་སྟོན་གནངམ་ད་ བཀའ་ཁྲིམས་ཀྱི་སློབ་དཔོན་དེ་ཚུ་ལས་ རིགཔ་བསྒྱིམ་སྟེ་སྡོད་ ཁོང་གིས་བགོ་ལ་མར་རིངམ་སྦེ་གཏང་གྱོན་ནི་དང་ ཁྲོམ་ཁར་ལས་ཕར་བཤལ་ཏེ་ཁོང་རང་ལུ་ཞེ་ས་འབད་ནི། 39 སི་ན་གོག་ནང་ཁྲི་མཐོཝ་འཚོལ་ནི་ དེ་ལས་ཚོགས་སྟོན་ལུ་མགྱོནམ་སྦེ་འབོ་པ་ཅིན་གྱལ་མགོ་ལུ་སྡོད་ནི་དགའ། 40 ཨམ་སྲུ་ཡུགས་ས་མོ་ཚུ་གི་ཁྱིམ་བཅོམ་ནི་ དེ་ལས་མིའི་གདོང་ཁར་ལུ་བཏོན་ནི་གི་དོན་ལུ་ སྨོན་ལམ་ཡུན་རིངམ་སྦེ་བཏབ་ཨིན་ འདི་བཟུམ་གྱི་མི་ཚུ་ལུ་ལྷག་པར་དུ་ ཉེས་པ་སྦོམ་ཕོགཔ་ཨིན་ཟེར་གསུངས་ནུག། 41 དེ་ལས་ཡེ་ཤུ་མཆོད་ཁང་ནང་ ཞལ་འདེབས་བཙུགས་སའི་སྒྲོམ་གྱི་སྦོ་ལོགས་ཁར་བཞུགས་ཏེ་ མི་དམངས་ཀྱིས་ཞལ་འདེབས་ག་དེ་སྦེ་བཙུགས་དོ་ག་གཟིགསཔ་ད་ ཕྱུགཔ་ལེ་ཤ་གིས་ཏི་རུ་ལེ་ཤ་ཕུལ་ནུག 42 ཨམ་ཡུགས་ས་མོ་སྤྱང་ཀ་གཅིག་འོངས་ཏེ་ ཕྱེད་ཀྲམ་གཉིས་ཕུལ་ནུག་ ཕྱེད་ཀྲམ་གཉིས་སྡོམ་ད་ ཟངས་ཀྲམ་གཅིག་ཨིན་མས། 43 དེ་ལས་ཡེ་ཤུ་གིས་ཁོ་རང་གི་སློབ་མ་ཚུ་ལུ་འབོ་སྟེ་ ང་གིས་ཁྱེད་ལུ་དོན་དག་རང་སླབ་དོ་ ཨ་ནི་ཨམ་ཡུགས་ས་མོ་སྤྱང་ཀ་དེ་གིས་ གཞན་ག་ར་ལས་ལྷགཔ་སྦེ་ཕུལ་ཡི། 44 ག་ཅི་སྨོ་ཟེར་བ་ཅིན་ མི་ག་ར་གིས་རང་ལུ་ལངམ་སྦེ་ཡོད་པའི་ཁར་ལས་ཕུལཝ་ཨིན་མས་ དེ་འབདཝ་ད་ ཨམ་དེ་སྤྱང་ཀ་གཅིག་འབད་རུང་ རང་གི་དོན་ལུ་ག་ནི་ཡང་མ་བཞག་པར་ མོ་རང་ནང་ག་ཡོད་མི་དེ་ཕུལ་ཡི་ཟེར་ ཡེ་ཤུ་གིས་གསུངས་ནུག།
1 ཡེ་ཤུ་མཆོད་ཁང་ནང་ལས་ཕྱི་ཁར་འཐོན་འབྱོནམ་ད་ སློབ་མ་གཅིག་གིས་ སློབ་དཔོན་གཟིགས་ལགས་ རྡོ་སྦོམ་དང་ ཁྱིམ་གྱི་བཀོད་པ་ ག་ཅི་དེས་ཅིག་བྱ་ཆི་ཆི་འདུག་ཟེར་ཞུ་ནུག 2 ཡེ་ཤུ་གིས་ ཁྱེད་ཀྱིས་ཁྱིམ་སྦོམ་དགའ་ཏོག་ཏོ་ཚུ་མཐོང་ཅི་ག་ ད་དེ་ཚུ་ཤུལ་ལས་ རྡོ་བརྩེགས་བརྩེགསཔ་གཅིག་ཡང་མ་བཞག་པར་ མར་བརྡལ་བཀོ་འོང་ཟེར་གསུངས་ནུག། 3 དེ་ལས་ཡེ་ཤུ་ཨ་རུ་ར་ཤིང་གི་སྒང་གུ་ལས་ཞལ་ཕར་མཆོད་ཁང་ཁ་ཐུག་ལུ་གཟིགས་ཏེ་ བཞུགས་པའི་སྐབས་ལུ་ པེ་ཏྲོ་ ཡ་ཀོབ་དང་ ཡོ་ཧ་ནཱན་དང་ ཨཱན་དྲུ་གིས་ ག་ཡང་མེདཔ་ད་ ཁོ་བཞུགས་སར་བཅར་ཏེ། 4 ཧེ་མ་མཆོད་ཁང་གི་སྐོར་ལས་གསུངས་མིའི་ལོ་རྒྱུས་འདི་ཚུ་ དུས་ཚོད་ག་དེམ་ཅིག་ཁར་འབྱུང་ནི་ཨིན་ན་ རྟགས་མཚན་ག་ཅི་བཟུམ་འཐོནམ་ད་ ལཱ་དེ་ཚུ་ག་ར་དོན་ལས་རང་བྱུང་དོ་ཡོདཔ་ ག་དེ་སྦེ་ཤེས་ནི་ན་ ང་བཅས་ལུ་གསུངས་གནང་ལགས་ཟེར་ཞུ་ནུག 5 དེ་ལས་ཡེ་ཤུ་གིས་ མི་ག་གིས་ཡང་ ཁྱེད་ལུ་མགུ་བསྐོར་ནང་བཙུགས་མ་བཅུག་ནི་གི་དོན་ལུ་ རིགཔ་བསྒྱིམ་སྟེ་སྡོད། 6 ངེ་གི་མིང་ནང་ལུ་མི་ལེ་ཤ་གིས་ ང་ཨིན་ཟེར་སླབ་འཐོན་འོང་ ཨ་ནི་མི་ཚུ་གིས་ མི་ལེ་ཤ་ལུ་མགུ་བསྐོར་བརྐྱབ་འོང་། 7 ཁྱེད་ཀྱི་སྦོ་ལོགས་ཁར་དང་ཐག་རིང་ས་ལས་ དམག་གི་ལོ་རྒྱུས་ཚུ་གོ་བའི་ཚེ་མ་འདྲོག་ཤིག་ འདི་ཚུ་འབྱུང་རང་འབྱུང་དགོ་ དེ་འབདཝ་ད་ ཨ་ནི་དུས་མཐའན་མཇུག་འདི་ལྷོདཔ་མེན། 8 མི་རིགས་དང་མི་རིགས་ རྒྱལ་ཁབ་དང་རྒྱལ་ཁབ་དམག་བརྐྱབ་འོང་ ལུང་ཕྱོགས་སོ་སོ་ནང་ ས་ཡོམ་དང་མུ་གེ་དེ་ཚུ་འབྱུང་འོང་ དུས་ཚོད་དེའི་སྐབས་ཀྱི་ན་ཟུག་དེ་ ཨམ་སྲུ་ཨ་ལོ་མ་སྐྱེས་བའི་ཧེ་མ་ ན་ཟུག་འགོ་བཙུགས་དོཝ་བཟུམ་སྦེ་ འགོ་བཙུགས་འོང་། 9 ཁྱེད་རང་རིགཔ་བསྒྱིམ་སྟེ་སྡོད་ མི་དེ་ཚུ་གིས་ཁྱེད་ལུ་ཁྲིམས་ཁང་ནང་འཁྱིད་བཀལ་འོང་ ཁྱེད་ལུ་ སི་ན་གོག་ནང་ལུ་དྲངས་འོང་ ངེའི་དོན་དག་ལས་སྦེ་ གཞུང་ཚབ་དང་རྒྱལཔོ་ཚུ་གི་སྐུ་མདུན་ལུ་འཁྱིད་བཀལ་ཏེ་ ངེ་གི་སྐོར་ལས་དཔང་པོ་འབད་འོང་། 10 ཧེ་མ་རྒྱལ་ཁབ་དང་མི་རིགས་ག་ར་ལུ་ གཏམ་བཟང་འདི་བཤད་དེ་སླབ་བྱིན་དགོ། 11 ཁོང་གིས་ཁྱེད་ལུ་ཁྲིམས་དཔྱད་པ་འཁྱིད་འགྱོ་བའི་དུས་ལུ་ ད་ཁོང་ལུ་ག་ཅི་སླབ་དགོ་ག་ཟེར་ ཧེ་མ་ལས་ཚ་གྱང་མ་ལང་པར་སྡོད་ འདི་གི་དུས་ཚོད་ལུ་ སེམས་ཁར་ག་འོང་མི་འདི་སླབ་བྱིན་ ག་ཅི་སྨོ་ཟེར་བ་ཅིན་ འདི་ཁྱོད་མེན་པར་དམ་པའི་ཐུགས་ཉིད་ཀྱིས་གསུངམ་ཨིན། 12 དེ་ལས་ཕོ་རྒནམ་གིས་རང་གི་ནུ་གཅུང་ལུ་ རོགས་ཀྱི་ལག་པར་སྤྲོད་དེ་བསད་ནི་ཨིནམ་མ་ཚད་ ཨ་པ་གིས་ཡང་རང་གི་བུ་དང་བུམོ་ལུ་ རོགས་ཀྱི་ལག་པར་སྤྲོད་དེ་བསད་འོང་ དེ་ལས་ཨ་ལོ་ཚུ་གིས་ཡང་ ཕམ་ལུ་ངོ་རྒོལ་འབད་དེ་བསད་བཅུག་འོང་། 13 ངེ་གི་དོན་ལས་སྦེ་ མི་གིས་ཁྱེད་ལུ་མི་དགའ་ དེ་འབདཝ་ད་ མི་ག་ར་འབད་རུང་ མཐའན་མཇུག་ཚུན་ཚོད་ལུ་ དད་པ་ནང་སྒྲིང་སྒྲིང་སྦེ་ སྡོད་མི་འདི་ལུ་སྐྱབས་མཛད་འོང་།། 14 དེ་ཚུ་ཁྱེད་ལྷག་མི་ཚུ་གིས་ཤེས་དགོ་ ཉིནམ་གཅིག་གི་ཚེ་ སྡོད་མ་ཆོག་པའི་ས་གནས་ལུ་ ཁམས་ལོག་སི་སི་གཅིག་ལོང་སྡོདཔ་མཐོང་འོང་ དེའི་སྐབས་ལུ་ ཡུ་དེ་ཡ་ལུང་ཕྱོགས་ལུ་སྡོད་མི་ག་ར་ ཨིན་ཅི་མིན་ཅི་སྒང་རི་ཁ་ཐུག་ལུ་འབྱོག་འགྱོ་དགོ། 15 དེ་ལས་མི་ག་ར་འབད་རུང་ ཁྱིམ་ཐོག་གོང་མ་ཡོད་མི་གིས་ ཁྱིམ་གྱི་ནང་ན་ཅ་ལ་འཐུ་བ་མ་སོང་པར་ དེ་འཕྲོ་ལས་རང་འཐོན་འགྱོ་དགོ། 16 དེ་ལས་ད་རུང་ ཞིང་ཁར་ལཱ་འབད་མི་དེ་གིས་ལོག་སྟེ་ བགོ་ལ་འཐུ་བ་མ་སོང་། 17 དེའི་སྐབས་ལུ་ཨམ་སྲུ་ཨ་ལོ་སྐྱེ་ནི་ཡོད་མི་དང་ ཨ་ལོ་ཨོམ་འཐུང་ནི་ཡོད་མི་ཨའི་ཚུ་ལུ་ ག་དེམ་ཅིག་སྡུག་བསྔལ་འབྱུང་ནི་སྨོ། 18 ད་འདི་གནམ་དགུན་ལུ་འབྱུང་མ་བཅུག་ནིའི་དོན་ལུ་ དཀོན་མཆོག་ལུ་སྨོན་ལམ་བཏབ། 19 དེའི་སྐབས་ལུ་ སྡུག་བསྔལ་གནམ་མེད་ས་མེད་འབྱུང་ནི་ཨིན་ དེ་བཟུམ་གྱི་སྡུག་བསྔལ་ ཧེ་མ་འཇིག་རྟེན་བཀོད་པ་ལས་འགོ་བཙུགས་ཏེ་ ད་ཚུན་གྱི་བར་དུ་ དུས་ནམ་ཡང་དེ་བཟུམ་མ་བྱུང་ དེ་གི་ཤུལ་ལས་ཡང་དེ་བཟུམ་མི་འབྱུང་། 20 གཙོ་བོ་གིས་དུས་ཚོད་འདི་ཐུང་ཀུ་མ་མཛད་པ་ཅིན་ མི་གཅིག་ཡང་མི་ལུསཔ་འོང་ དེ་འབདཝ་ད་ ཁོ་གིས་བཙག་འཐུ་མཛད་མི་ཚུ་གི་དོན་ལུ་ དུས་ཚོད་འདི་ཐུང་ཀུ་མཛད་གནང་འོང་། 21 དེའི་ཚེ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨ་ཕ་བཞུགས་ནུག་ ཨ་ནཱ་བཞུགས་ནུག་ བལྟ་ཞིག་ཟེར་ མི་ག་གིས་ར་འབད་རུང་ ཁྱེད་ལུ་སླབ་པ་ཅིན་ འདི་ལུ་བདེན་འཛིན་མ་རེ། 22 ཁིརཱིས་རྫུས་མ་དང་ ལུང་སྟོན་པ་རྫུས་མ་ཚུ་ལེ་ཤ་འོངས་ཏེ་ བཙག་འཐུ་མཛད་མི་ཚུ་ལུ་ འབད་ཚུགས་པ་ཅིན་ མགུ་བསྐོར་བརྐྱབ་ནི་གི་དོན་ལུ་ རྟགས་མ་གཅིགཔ་དང་རྫུ་འཕྲུལ་ཚུ་ལེ་ཤ་བཏོན་འོང་། 23 དེ་ཚུ་ལས་རིགཔ་བསྒྱིམ་སྟེ་སྡོད་ འདི་གི་སྐོར་ལས་ ཧེ་མ་ལས་ང་གིས་ཁྱེད་ལུ་ག་ར་བཤད་དེ་སླབ་ཅི།། 24 དེའི་ཚེ་སྡུག་བསྔལ་འདི་བྱུང་མིའི་ཤུལ་ལས་ ཉིན་མིའི་འོད་བསྒྲིབས་ཏེ་གནག་དུང་དུ་འགྱོ་སྟེ་ ཟླཝ་གིས་ཡང་འོད་མི་བྱིན། 25 གནམ་ཁ་ལས་སྐརམ་ཚུ་ཡང་ས་ཁར་བུད་དེ་ ཉིམ་དང་ཟླཝ་སྐརམ་ཚུ་གི་ཤུགས་དེ་ཡོམ་བརྐྱབ་འོང་། 26 དེའི་ཚེ་ མི་ག་ར་གིས་ མིའི་བུ་ནམ་མཁའི་ས་སྨུག་ནང་ ཁོ་རང་གི་དབང་ཤུགས་དང་གཟི་བརྗིད་ཁྱབ་སྟེ་ བྱོན་ས་མཇལ་འོང་། 27 དེ་ལས་ཁོ་གི་ཕོ་ཉ་ཚུ་ལུ་བཏང་སྟེ་ འཛམ་བུ་གླིང་གི་མཐའ་མ་ལས་བརྐྱབས་ཏེ་ ཕྱོགས་བཞི་ལས་སྦེ་ ནམ་མཁའི་མཐའན་མཇུག་ཚུན་ཚོད་ ཁོ་གིས་བཙག་འཐུ་མཛད་མི་ཚུ་ལུ་ གཅིག་ཁར་སྤུང་བ་གཏང་འོང་། 28 ད་ཡོན་ཏན་ལྷབ་ནིའི་དོན་ལུ་ ཨ་ནི་ཅོང་སེ་ཤིང་ལུ་བལྟ་ དཔེར་ན་ནམ་སོ་ཁ་ ཅོང་སེ་ཤིང་གིས་རིགས་ཚུ་ལྕུག་གུ་རྒྱས་ འདབ་མ་གསརཔ་འཐོན་པའི་བསྒང་ལས་ ནམ་བྱཱར་སྦོ་ལོགས་ཁར་ལྷོདཔ་ཨིནམ་ཤེས། 29 དཔེ་དེ་བཞིན་དུ་ ཁྱེད་ཀྱི་བལྟ་ས་ལུ་ མ་འདྲཝ་ལེ་ཤ་བྱུང་མི་ཚུ་མཐོངམ་ད་ ད་ཁོ་ནཱ་སྦོ་ལོགས་ཁར་ སྒོའི་རྩ་བར་ལྷོདཔ་ཨིནམ་ཤེས་འོང་། 30 ད་ང་གིས་ཁྱེད་ལུ་དོན་དག་རང་སླབ་ཨིན་ ད་དེ་ཚུ་ག་ར་མ་བྱུང་བའི་བར་ན་ ཨ་ནི་མི་རབས་དེ་ཚུ་རབས་ཆད་དེ་མི་འགྱོ། 31 དེ་འབདཝ་ད་ གནམ་དང་ས་གཉིས་ཡལ་འགྱོ་རུང་ ངེ་གི་གསུང་འདི་ཚུ་ དུས་ནམ་ཡང་ཡལ་མི་འགྱོ་ཟེར་གསུངས་ནུག། 32 དེ་འབདཝ་ད་ ཨ་ནི་མཐའན་མཇུག་གི་ཉིནམ་དང་ཆུ་ཚོད་དེ་ ནམ་འབྱུང་ནི་ཨིན་ན་ དེ་གི་སྐོར་ལས་ ཡབ་ཀྱིས་མ་གཏོགས་ གཞན་ཞིང་ཁམས་ཀྱི་ཕོ་ཉ་དང་སྲས་ ག་གིས་ཡང་མི་ཤེས། 33 ད་རིགཔ་བསྒྱིམ་ དྲན་པ་བཏོན་ཏེ་སྡོད་ དུས་ཚོད་དེ་ག་དེམ་ཅིག་ཁར་འོང་ནི་ཨིན་ན་ ཁྱེད་ཀྱིས་མི་ཤེས། 34 ད་དཔེ་གཅིག་འབད་བ་ཅིན་ མི་གཅིག་ཁོ་རང་གི་ཁྱིམ་ནང་ལས་ ས་ཕྱོགས་གཞན་ཁ་འགྱོ་བའི་སྐབས་ལུ་ ཁོ་རང་གིས་གཡོགཔོ་ཚུ་རེ་རེ་བཞིན་དུ་ རང་རང་སོ་སོའི་ལཱ་གི་འགན་ཁག་སྤྲོད་དེ་ སྒོ་སྲུང་དེ་ལུ་ཡང་ཉིན་མཚན་མེད་པར་ ན་འཐན་སྦེ་བལྟ་ཟེར་བཀོད་རྒྱ་བྱིནམ་དང་འདྲ་ཟེར་གསུངས་ནུག 35 དཔེ་དེ་བཞིན་དུ་ ཁྱེད་ཀྱིས་ དྲན་པ་བཏོན་ཏེ་ན་འཐན་སྦེ་སྲུངས་ ག་ཅི་སྨོ་ཟེར་བ་ཅིན་ ཁྱིམ་གྱི་སྦྱིན་བདག་འདི་ ནམ་སྲོཔ་ད་འོང་ནི་ཨིན་ན་ ནམ་ཕྱེད་ལུ་འོང་ནི་ཨིན་ན་ བྱ་པོད་འབོཔ་ད་འོང་ནི་ཨིན་ན་ དྲོ་པ་ཧ་སག་སྟེ་འོང་ནི་ཨིན་ན་ ཁྱེད་ཀྱིས་མི་ཤེས། 36 ད་ག་དེམ་ཅིག་སྦེ་དེ་འཕྲོ་ལས་སྦྱིན་བདག་འདི་འོང་པ་ཅིན་ ཁྱེད་གཉིད་ལོག་སྡོད་ཡོདཔ་མཐོང་ནི་གི་ཉེན་ཁ་ཡོད། 37 ང་གིས་དྲན་པ་བཏོན་ཏེ་སྡོད་ཟེར་ ཁྱེད་རྐྱངམ་གཅིག་ལུ་སླབ་མེན་པར་ མི་ག་ར་གི་དོན་ལུ་སླབ་ཨིན་ཟེར་གསུངས་ནུག།
1 བུལ་ཏོག་མེད་པའི་ཏད་ཟས་ཀྱི་དུས་ཆེན་དང་ ཤི་ས་ལས་ཐར་བའི་དུས་ཆེན་གྱི་ཉིནམ་གཉིས་ཀྱི་ཧེ་མ་ བླ་ཆེན་དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་ ཡེ་ཤུ་ལུ་གསང་བ་གི་ཐོག་ལས་སྦེ་བཟུང་སྟེ་ གསད་ནི་གི་གནས་སྐབས་བལྟ་སྟེ་སྡོད་ནུག 2 དེ་འབདཝ་ད་ཁོང་གིས་ དུས་ཆེན་གྱི་ཉིནམ་ལུ་ ཁོ་ལུ་བཟུང་ནི་མི་འོང་ ལྟ་མ་མི་དམངས་ཀྱིས་བྱེལཝ་ལང་འོང་ཟེར་སླབ་ནུག། 3 ཡེ་ཤུ་ བེ་ཐ་ནི་ཡ་ལུ་ སི་མཱོན་མཛེ་ནད་ན་མི་གི་ཁྱིམ་ནང་ལུ་ ཚོགས་བཞེས་བཞུགསཔ་ད་ ཨམ་སྲུ་གཅིག་གིས་ རིན་གོང་ཆེ་བའི་དྲི་བཟང་གི་མར་ཁུ་ རྡོ་ཀ་མ་རུའི་དམ་སྦྱིས་ནང་འབག་འོངས་ཏེ་ དམ་སྦྱིས་ཀྱི་ཁ་དཀྲུམས་ཏེ་ ཡེ་ཤུ་གི་དབུའི་གུ་དབུར་ཕུལ་ནུག 4 དེ་ལས་དེ་ནང་ མི་ལ་ལུ་ཅིག་གིས་འདི་མཐོངམ་ད་ཙིགཔ་ཟ་སྟེ་ གཅིག་གིས་གཅིག་ལུ་སླབ་ནུག་ མོ་གིས་ག་ཅི་འབད་ རིན་གོང་སྦོམ་གྱི་དྲི་བཟང་གི་མར་ཁུ་འཕྲོ་བརླགས་གཏངམ་སྨོ། 5 དེ་སྦེ་འཕྲོ་བརླགས་གཏངམ་བ་འདི་ དྲི་བཟང་དེ་ཏི་རུ་ དེ་ན་རི་གསུམ་བརྒྱ་ལུ་བཙོང་སྟེ་ མི་སྤྱང་ཀ་ཚུ་ལུ་གྲོགས་རམ་སྦེ་བྱིན་པ་ཅིན་ འདི་ལེགས་ཤོམ་ཨིན་ཟེར་ ཁོང་གིས་ཨམ་སྲུ་འདི་ལུ་ཚོགས་བརྡ་བཏང་ནུག 6 ཡེ་ཤུ་གིས་ མོ་ལུ་ག་ནི་ཡང་མ་སླབ་ ཁྱེད་ཀྱིས་ག་ཅི་འབད་མོ་ལུ་དཀྲོགསཔ་སྨོ་ མོ་གིས་ངེ་གི་དོན་ལུ་ལཱ་ལེགས་ཤོམ་གཅིག་འབད་ཡི། 7 སྤྱང་ཀ་དེ་ཚུ་ཁྱེད་དང་མཉམ་རྟག་བུ་རང་སྡོད་འོང་ ནམ་རང་འབད་རུང་ཁྱེད་ཀྱིས་ཁོང་ལུ་གྲོགས་རམ་འབད་ཚུགས་ དེ་འབདཝ་ད་ ང་རྟག་བུ་རང་ཁྱེད་དང་མཉམ་མི་སྡོད། 8 ཨ་ནི་ཨམ་སྲུ་གིས་ མོ་རང་གིས་ག་འབད་ཚུགས་མི་འདི་ ང་ལུ་འབདཝ་ཨིན་མས་ མོ་གིས་ངེ་གི་གཟུགས་དུར་ཁུང་ནང་ལུ་བཙུགས་ནི་གི་དོན་ལུ་ ཧེ་མ་ལས་དྲི་བཟང་དབུར་ཏེ་ང་ལུ་གྲ་སྒྲིག་རྐྱབ་ཨིན་མས། 9 ང་གིས་ཁྱེད་ལུ་དོན་དག་རང་སླབ་དོ་ འཛམ་གླིང་གི་ས་ཕྱོགས་ག་ཏེ་ལུ་ཡང་གཏམ་བཟང་དེ་བཤདཔ་ད་ མོ་གིས་ག་འབད་མི་འདི་ ག་ར་གིས་སེམས་ཁར་དྲན་ཏེ་སླབ་འོང་ཟེར་གསུངས་ནུག། 10 སློབ་མ་བཅུ་གཉིས་ཀྱི་གྲལ་ཁ་ལས་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཟེར་མི་འདི་གིས་ ཡེ་ཤུ་ལུ་ངོ་ལོག་བརྐྱབ་ནི་སྦེ་ བླ་ཆེན་ཚུ་བཞུགས་སར་བཅར་ནུག 11 ཁོ་གིས་སླབ་མི་ལོ་རྒྱུས་གོཝ་ད་ ཁོང་ཆ་ཁྱབ་གནམ་མེད་ས་མེད་སེམས་དགའ་སྟེ་ ཁོ་ལུ་ཏི་རུ་ཐད་རི་བ་རི་བྱིན་ནི་ཟེར་ཁ་བཟེད་ནུག་ དེ་ལས་ཁོ་ལུ་ དགྲ་གི་ལག་པར་སྤྲོད་ནི་སྦེ་ གོ་སྐབས་ལེགས་ཤོམ་གཅིག་བལྟ་སྡོད་ནུག། 12 བུལ་ཏོག་མེད་པའི་ཏད་ཟས་ཀྱི་དུས་ཆེན་གྱི་ཉིནམ་དང་པ་ལུ་ ཤི་ས་ལས་ཐར་བའི་དུས་ཆེན་གྱི་ལུག་ཕྱུག་བསད་དེ་ དམར་མཆོད་ཕུལ་བའི་ལུགས་སྲོལ་ཡོདཔ་ཨིན་མས་ དུས་ཆེན་དེའི་སྐབས་ སློབ་མ་ཚུ་ཡེ་ཤུ་བཞུགས་སར་བཅར་ཏེ་ ནཱ་གི་དོན་ལུ་ ཤི་ས་ལས་ཐར་བའི་དུས་ཆེན་གྱི་ཚོགས་ཀྱི་དོན་ལུ་ ང་བཅས་ཀྱིས་ག་ཏེ་ལུ་སྦེ་ གྲ་སྒྲིག་བརྐྱབ་ནི་སྨོ་ལགས་ཟེར་ཞུཝ་ད། 13 ཡེ་ཤུ་གིས་སློབ་མ་གཉིས་ལུ་དེ་སྦེ་གསུངས་ནུག་ ཁྱེད་ཕར་ཁྲོམ་ཁར་སོང་ ཕར་ལུ་ཆུ་འབག་མི་གཅིག་དང་འཕྱད་འོང་ དེ་ལས་ཁོ་གི་རྟིང་བདའ་སྟེ་སོང་ཞིནམ་ད། 14 ཁོ་འཛུལ་སའི་ཁྱིམ་གྱི་སྦྱིན་བདག་འདི་ལུ་སླབ་ སློབ་དཔོན་གྱིས་གསུངས་དེས་ ང་བཅས་ཤི་ས་ལས་ཐར་བའི་དུས་ཆེན་གྱི་དོན་ལུ་ ཚོགས་སྟོན་ཟ་སའི་མགྲོན་ཁང་ག་ཏེ་ཡོདཔ་ཟེར་ སྦྱིན་བདག་འདི་ལུ་སླབ། 15 དེ་ལས་ཁོ་གིས་ཐོག་ཁར་ལུ་ཁང་མིག་སྦོམ་གཅིག་བཏོན་འོང་ འདི་ནང་ལུ་ཅ་ལ་ཚུ་ག་ར་ཀྲིག་ཀྲི་སྦེ་འོང་ འདི་ཁར་ཁྱེད་ཀྱིས་གྲ་སྒྲིག་རྐྱབས་ཟེར་གསུངས་ཏེ་བཏང་ནུག 16 སློབ་མ་ཚུ་འདི་ཁར་ལས་ཁྲོམ་ཁར་སོངམ་ད་ ཡེ་ཤུ་གིས་གསུངས་དོཝ་བཟུམ་སྦེ་རང་ཐོབ་སྟེ་ འདི་ནང་ལུ་དུས་ཆེན་གྱི་དོན་ལུ་ ཚོགས་ཀྱི་གྲ་སྒྲིག་བརྐྱབས་ནུག 17 ཕྱི་རུ་ཁམས་ལུ་ ཡེ་ཤུ་སློབ་མ་བཅུ་གཉིས་དང་གཅིག་ཁར་ ཁྱིམ་ནང་ལུ་ཕེབས་ནུག 18 དེ་ལས་ཁོང་མར་བཞུགས་ཏེ་ ཚོགས་བཞེས་པའི་བསྒང་ལུ་ ཡེ་ཤུ་གིས་ ང་གིས་ཁྱེད་ལུ་དོན་དག་རང་སླབ་དོ་ ཁྱེད་ཀྱི་སྦུག་ལས་ ང་དང་མཉམ་ཟ་མི་གཅིག་གིས་ ང་ལུ་ངོ་ལོག་རྐྱབ་འོང་ཟེར་གསུངས་ནུག 19 སློབ་མ་ཚུ་གིས་འདི་གོཝ་ད་ ཁོང་སེམས་སྐྱོ་སྟེ་ སློབ་མ་རེ་རེ་བཞིན་གྱིས་ དོན་ལས་རང་ ང་ལུ་གསུངསམ་མེན་ན་ཟེར་ཞུ་ནུག 20 ཁྱེད་སློབ་མ་བཅུ་གཉིས་ཀྱི་གྲལ་ཁ་ལས་ གཅིག་ད་ལྟོ་ང་དང་གཅིག་ཁར་ ཏད་ཟས་མར་ཧོད་ནང་རྫོབ་མི་འདི་ཨིན་ཟེར་ ཡེ་ཤུ་གིས་ཁོང་ལུ་གསུངས་ནུག 21 མིའི་བུ་ཁོ་རང་གི་སྐོར་ལས་བྲིས་བཞག་དོཝ་བཟུམ་སྦེ་ འགྱོ་དགོཔ་ཨིན་ དེ་འབདཝ་ད་ མིའི་བུ་ལུ་ ངོ་ལོག་རྐྱབ་མི་འདི་ལུ་ ག་དེ་ཅིག་ལཱ་ཁག་བརྐྱབ་སྨོ་ མི་འདི་སྐྱེས་ར་མ་སྐྱེས་བ་ཅིན་ ལེགས་ཤོམ་སོང་ནུག་ཟེར་གསུངས་ནུག། 22 ཚོགས་བཞེས་པའི་བསྒང་ལུ་ ཡེ་ཤུ་གིས་ཏད་ཟས་ཕྱག་ལུ་བསྣམས་སྦེ་ བཀའ་དྲིན་ཆེ་ཟེར་ཞུ་ཞིནམ་ད་ བཅགས་སྦེ་ ཁོང་ལུ་གནང་སྟེ་ ཨ་ནི་ངེ་གི་གཟུགས་ཨིན་ ལེན་ཏེ་ཟ་ཟེར་གསུངས་ནུག 23 བཞེས་ཆ་འདི་ཕྱག་ལུ་བསྣམས་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་སྦེ་ ཁོང་ལུ་གནང་སྟེ་ ག་ར་གིས་འདི་ལེན་ཏེ་འཐུང་ནུག 24 དེ་ལས་ཡེ་ཤུ་གིས་ ཨ་ནི་བཞེས་ཆ་ནང་ཡོད་མིའི་ཁྲག་དེ་ དཀོན་མཆོག་གི་ཞལ་འཆེས་གསརཔ་འདི་ཨིན་ ཨ་ནི་ཁྲག་འདི་ མི་སེར་ལེ་ཤ་གི་དོན་ལུ་བླུག་བླུགཔ་ཨིན། 25 ང་གིས་དོན་ལས་རང་སླབ་དོ་ དཀོན་མཆོག་གི་རྒྱལ་སྲིད་ནང་ རྒུན་འབྲུམ་ཆང་གསརཔ་འདི་མ་འཐུང་ཚུན་ཚོད་ ང་ནམ་ཡང་ཨ་ནི་ཆང་འདི་མི་འཐུང་ཟེར་གསུངས་ནུག 26 དེ་ལས་གླུ་དབྱངས་ཀྱི་མགུར་མ་གཅིག་འཐེན་སྦེ་ ཁོང་འདི་ཁར་ལས་ཐོན་ཏེ་ ཨ་རུ་ར་ཤིང་གི་སྒང་ལུ་བྱོན་ནུག། 27 ཡེ་ཤུ་གིས་སློབ་མ་ཚུ་ལུ་ ཁྱེད་ག་ར་གིས་ང་ལུ་སྤང་སྟེ་འགྱོ་འོང་ ག་ཅི་སྨོ་ཟེར་བ་ཅིན་གསུང་རབ་ནང་། ང་གིས་ལུག་རྫིཔ་ལུ་བསད་ནི་ཨིན་ དེ་ལས་ལུག་ཚུ་ག་ར་ཁ་གཏོར་གཏང་འོང་ཟེར་ དེ་སྦེ་བྲིས་ཏེ་འདུག 28 དེ་འབདཝ་ད་ ང་ཤི་ས་ལས་གསོན་པོ་སྦེ་ལྷོང་གནངམ་ད་ ང་ཁྱེད་ཀྱི་ཧེ་མ་ལས་ ག་ལི་ལི་ལུ་འགྱོ་ནི་ཨིན་ཟེར་གསུངསམ་ད། 29 པེ་ཏྲོ་གིས་ཁོ་ལུ་ མི་ག་ར་གིས་ཁྱོད་ལུ་སྤང་རུང་ ང་གིས་ནམ་ཡང་མི་སྤང་ཟེར་ཞུ་ནུག 30 ཡེ་ཤུ་གིས་ཁོ་ལུ་ ང་གིས་ཁྱེད་ལུ་དོན་དག་རང་སླབ་དོ་ ད་རེས་ཕྱི་རུ་ལས་འགོ་བཙུགས་ཏེ་ ནངས་པ་དྲོ་པ་གི་བར་ན་ བྱ་པོད་ཚར་གཉིས་མ་འབོ་པའི་ཧེ་མ་ལས་ ཁྱོད་ཀྱིས་ང་ལུ་ངོ་མི་ཤེས་ཟེར་ ཚར་གསུམ་སླབ་འོང་ཟེར་གསུངས་ནུག 31 དེ་འབདཝ་ད་ པེ་ཏྲོ་གིས་ད་རུང་ ང་ཁྱོད་དང་མཉམ་གཅིག་ ཤི་དགོཔ་ཐལ་རུང་ ནཱ་ལུ་མི་སྤང་ ནཱ་ངོ་མི་ཤེས་ཟེར་མི་སླབ་ཟེར་ཞུ་ནུག་ འདི་བཟུམ་སྦེ་རང་སློབ་མ་ག་ར་གིས་ཞུ་ནུག། 32 དེ་ལས་ཁོང་ གཱེད་སེ་མ་ནི་ཟེར་མི་ལྡུམ་ར་ལུ་བྱོན་ཏེ་ སློབ་མ་ཚུ་ལུ་ ང་སྨོན་ལམ་ཞུ་མ་ཚར་ཚུན་ཚོད་ ཁྱེད་ཨ་ནཱ་སྡོད་ཟེར་ཡེ་ཤུ་གིས་གསུངས་ནུག 33 དེ་ལས་ པེ་ཏྲོ་དང་ ཡ་ཀོབ་དང་ ཡོ་ཧ་ནཱན་ལུ་ ཁོ་དང་གཅིག་ཁར་འཁྱིད་བྱོན་ནུག་ ཁོ་གནམ་མེད་ས་མེད་ཐུགས་འཁྲུགས་ནི་དང་ སྡུག་བསྔལ་བཞེས་ཏེ། 34 ངེ་གི་སེམས་སྡུག་བསྔལ་གྱིས་གདུངས་ཏེ་ དོན་ཧིང་ཡང་འགས་ཏེ་ཤི་ནི་བཟུམ་ལུ་ཐུག་ཅི་ ཁྱེད་ནཱ་གཉིད་མ་ལོག་པར་སྡོད་ཟེར་ ཁོང་ལུ་གསུངས་ནུག 35 ཁོ་ཨ་ཙི་ཕར་བྱོན་ཞིནམ་ད་ ཕྱག་འཚལ་ཏེ་ ཡབ་དཀོན་མཆོག་ལུ་ ག་དེམ་ཅིག་སྦེ་འབད་ཚུགས་པ་ཅིན་ ཨ་ནི་དུས་ཚོད་ལས་ ང་ཐར་བ་ཤོག་ཟེར་སྨོན་ལམ་ཞུ་ནུག 36 ཁོ་གིས་ ཨབ་བ་ཟེར་ རྫོང་ཁ་ན་འབད་བ་ཅིན་ ཡབ་ལགས་ཟེར་བའི་དོན་དག་ཨིན་མས་ ནཱ་གི་དོན་ལུ་ག་ནི་ཡང་མཛད་མ་ཚུགསཔ་མེད་ སྡུག་བསྔལ་གྱི་ཕོརཔ་འདི་ ངེ་གི་གུ་ལས་འཐུ་བསྣམས་གནང་ མ་གཞི་ ངེ་གི་འདོད་པ་ལྟར་དུ་འབད་དགོ་ཟེར་ཞུཝ་མེན་ ཨིན་རུང་ ནཱ་གི་ཐུགས་དགོངས་དང་འཁྲིལ་ཏེ་ མཛད་གནང་ཟེར་ཞུ་ནུག 37 ཁོ་སློབ་མ་ཚུ་ཡོད་སར་ལོག་འབྱོནམ་ད་ ཁོང་གཉིད་ལོག་སྡོདཔ་གཟིགས་ཏེ་ ཡེ་ཤུ་གིས་ པེ་ཏྲོ་ལུ་ དབའེ་ སི་མཱོན་ ཁྱེད་ཀྱིས་ཆུ་ཚོད་གཅིག་ཡང་གཉིད་མ་ལོག་པར་ ང་དང་གཅིག་ཁར་སྡོད་མི་ཚུགས་པས་ག། 38 གཉིད་མ་ལོག་པར་སྨོན་ལམ་བཏབ་སྟེ་སྡོད་ དེ་ལས་ཁྱེད་རང་བར་ཆད་ནང་མི་ཚུད་ སེམས་ཀྱིས་འབད་དགོ་མནོ་རུང་ ལུས་ཀྱི་རང་བཞིན་དེ་ཉག་ཕྲ་སི་སི་ཨིན་མས་ཟེར་གསུངས་ནུག 39 ད་རུང་ཐེངས་གཉིས་པ་ལོག་བྱོན་ཏེ་ ཧེ་མ་ཞུ་དོཝ་བཟུམ་སྦེ་རང་ སྨོན་ལམ་ཞུ་ནུག 40 ད་རུང་ཚར་གཅིག་ལོག་འབྱོནམ་ད་ སློབ་མ་ཚུ་གཉིད་ལོག་སྡོད་ས་གཟིགས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གཉིད་སྡུག་བརྐྱབས་ཏེ་ འབད་མ་ཚུགས་པས་ དེ་ལས་ཁོ་ལུ་ག་ཅི་ཞུ་ནི་ན་མ་ཤེས་པས། 41 ཐེངས་གསུམ་པ་ཁོ་ལོག་བྱོན་ཏེ་ཡེ་ཤུ་གིས་ ཁྱེད་ད་ལྟོ་ཡང་གཉིད་ལོག་སྟེ་ངལ་འཚོ་དོ་ག་ ད་བཏུབ་པས་ མིའི་བུ་དེ་ སྡིག་ཅན་གྱི་ལག་པར་སྤྲོད་ནི་གི་དུས་ཚོད་རན་ཆི་ཡི། 42 ད་ཡར་ལོངས་ཤིག་ ང་བཅས་འགྱོ་གེ་ ང་ལུ་ངོ་ལོག་རྐྱབ་མི་དེ་ ནཱ་ལྷོད་ཅི་ཟེར་གསུངས་ནུག 43 ཡེ་ཤུ་གིས་དེ་སྦེ་གསུངས་བཞུགས་པའི་བར་ན་ སློབ་མ་བཅུ་གཉིས་ཀྱི་གྲལ་ཁ་ལས་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཟེར་མི་འདི་ འདི་ཁར་ལྷོད་ནུག་ ཁོ་དང་མཉམ་བླ་ཆེན་དང་བཀའ་ཁྲིམས་ཀྱི་སློབ་དཔོན་ དེ་ལས་འགོ་དཔོན་ཚུ་གིས་གཏང་མིའི་མི་དམངས་ མཚོན་ཆ་སྒྲོ་གཟུགསམ་དང་ རྟས་ཐག་འབག་སྟེ་འོངས་ནུག 44 ད་ངོ་ལོགཔ་འདི་གིས་ ཁོང་མི་དམངས་ལུ་སླབ་ནུག་ ཁྱེད་ལུ་དགོ་མིའི་མི་འདི་ ང་གིས་ག་ལུ་འུ་བཀལ་མི་འདི་ལུ་ བཟུང་འཁྱིད་སོང་ཟེར་ ཧེ་མ་ལས་ཁོང་ལུ་ངོ་རྟགས་གཅིག་སྟོན་བྱིན་ཚར་ནུག 45 ཁོ་འོངམ་ཅིག་ ཡར་གདོང་ཁར་སོང་སྟེ་ རབ་བི་ལགས་ཟེར་ཞུ་བའི་འཕྲོལ་ལས་ འུ་ཕུལ་ནུག 46 དེ་ལས་ཁོང་གིས་ཡེ་ཤུ་འཛིན་བཟུང་འབད་ནུག 47 ད་རུང་འདི་ཁར་ལོང་སྡོད་མི་ཚུ་གི་གྲལ་ཁ་ལས་ གཅིག་གིས་སྒྲོ་གཟུགསམ་འབལ་ཏེ་ མཁན་ཆེན་གྱི་གཡོགཔོ་གཅིག་གི་རྣམ་ཅོག་བཏོགས་བཀོག་ནུག 48 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་ང་ལུ་ཨརཝ་བཟུང་པ་འོང་དོཝ་བཟུམ་སྦེ་ སྒྲོ་གཟུགསམ་དང་རྟས་ཐག་འབག་སྟེ་འོངམ་ཨིན་ན། 49 ཧེ་མ་ང་ཉིནམ་རེ་འཆར་རང་ ཁྱེད་དང་མཉམ་གཅིག་ མཆོད་ཁང་ནང་ཆོས་སྟོན་ཏེ་སྡོད་ཅི་ དེའི་སྐབས་ཁྱེད་ཀྱིས་ང་ལུ་མ་བཟུང་ དེ་རང་ཨིན་རུང་ འདི་ཚུ་ག་ར་གསུང་རབ་ནང་བྲིས་མི་ཚུ་ དོན་དག་འགྲུབ་ནིའི་དོན་ལུ་ཨིན་ཟེར་གསུངས་ནུག 50 དེ་ལས་སློབ་མ་ག་ར་གིས་ཁོ་ལུ་བཀོག་བཞག་སྟེ་འབྱོག་ཡར་སོང་ནུག 51 དེ་འཕྲོ་ལས་མི་གཞོནམ་ བགོ་ལ་གིས་སྤུར་མི་གཅིག་ཡེ་ཤུ་གི་ཤུལ་ལས་འོངམ་ད། 52 ཁོང་གིས་མི་དེ་གུ་བཤེདཝ་ད་ ཁོ་གི་བགོ་ལ་བཀོག་བཞག་སྟེ་ སྒྱེན་མོ་སྦེ་ཐོན་ཏེ་འབྱོག་ཡར་སོང་ནུག། 53 ཁོང་གིས་ཡེ་ཤུ་འཁྱིད་དེ་ མཁན་ཆེན་བཞུགས་སར་སོངམ་ད་ འདི་ཁར་ལུ་བླ་ཆེན་དང་ མི་དམངས་ཀྱི་འགོ་དཔོན་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ ག་ར་གཅིག་ཁར་འཛོམས་བཞུགས་ནུག 54 དེ་ལས་ པེ་ཏྲོ་ཡང་ ཨ་ཙི་ཐག་རིང་ས་ལས་སྦེ་ ཡེ་ཤུ་གི་རྟིང་བདའ་སྟེ་ མཁན་ཆེན་གྱི་གཟིམ་ཅུང་མཐའ་འཁོར་ནང་འཛུལ་ཏེ་ འདི་ཁར་དམག་མི་ཚུ་དང་མཉམ་ མེ་སྲོ་སྡོད་ནུག 55 ད་བླ་ཆེན་དང་ལྷན་ཚོགས་ཀྱི་འཐུས་མི་ཚུ་ག་ར་གིས་ ཡེ་ཤུ་བཀྲོང་ནིའི་དོན་ལུ་ ཁུངས་འདི་ཚུ་འཚོལ་ནུག 56 དེ་འབདཝ་ད་ ཤོབ་བརྐྱབས་ཏེ་ འཛོམ་དཔང་འབད་མི་ལེ་ཤ་ཐོན་ཏེ་འབད་རུང་ ཁོང་གི་བློ་ཚུ་ གཅིག་ཁར་སྒྲིགས་མ་ཚུགསཔ་ཨིན་མས། 57 མི་ལེ་ཤ་གིས་ཡར་ལོང་སྟེ་ ཁོ་གི་སྐོར་ལས་ཤོབ་ཀྱི་འཛོམ་དཔང་དེ་སྦེ་སླབ་ནུག 58 མི་གིས་བཟོ་མི་མཆོད་ཁང་འདི་ ང་གིས་མེདཔ་བཏང་སྟེ་ མི་གིས་མ་བཟོ་མིའི་མཆོད་ཁང་གཅིག་ ང་གིས་ཉིནམ་གསུམ་གྱི་ནང་འཁོད་ལུ་ བཞེང་ནི་ཨིན་ཟེར་ ཁོ་གིས་སླབ་ས་ང་བཅས་ཀྱིས་གོ་ཡི་ཟེར་ཞུ་ནུག 59 ད་རུང་ར་ཁོང་གིས་སླབ་མི་ཤོབ་ཀྱི་འཛོམ་དཔང་འདི་ཚུ་ གཅིག་ཁར་སྒྲིགས་མ་ཚུགསཔ་ཨིན་མས། 60 དེ་ལས་ལྷན་ཚོགས་ཀྱི་མཁན་ཆེན་འདི་གིས་ ཡར་བཞེངས་ཏེ་ཡེ་ཤུ་ལུ་ ཁོང་གིས་ཁྱོད་ལུ་འཛོམ་དཔང་འབད་དེ་ སླབ་མི་དེ་ལུ་ཁྱོད་ཀྱི་ཁ་ཐུག་ལས་ ལན་ག་ནི་ཡང་སླབ་ནི་མེད་ག་ ཁོང་གིས་སླབ་མི་དེ་རྒྱུ་མཚན་ག་ཅི་སྨོ་ཟེར་གསུངས་ནུག 61 ཡེ་ཤུ་གིས་ལན་ག་ནི་ཡང་མ་ཞུ་བར་ ཁུ་སིམ་སི་སྦེ་བཞུགས་ནུག་ མཁན་ཆེན་འདི་གིས་ད་རུང་ ཁྱོད་ཁིརཱིས་ བྱིན་རླབས་ཅན་དཀོན་མཆོག་གི་སྲས་ཨིན་ན་ཟེར་གསུངས་ནུག 62 ཡེ་ཤུ་གིས་ལན་ ཁྱོད་ཀྱིས་གསུངས་དོཝ་བཟུམ་སྦེ་རང་ ང་ཨིན་ དེ་ལས་ མིའི་བུ་ ཀུན་དབང་དཀོན་མཆོག་གི་ཕྱག་གཡས་ཁ་ཐུག་ལུ་སྡོད་དེ་ ནམ་མཁའི་ས་སྨུག་ནང་འོང་ས་ ཁྱེད་ཀྱིས་མཇལ་འོང་ཟེར་ཞུ་ནུག 63 དེ་ལས་མཁན་ཆེན་འདི་གིས་ ཁོ་རང་གི་ན་བཟའ་ཡོད་རུང་སྤེད་དེ་ ད་ང་བཅས་ལུ་འཛོམ་དཔང་གཞན་འཚོལ་དགོཔ་མེད་ཟེར་གསུངས་ནུག 64 ཁོ་གིས་ དཀོན་མཆོག་ལུ་དབུ་འཕང་སྨད་དེ་སླབ་ས་ ཁྱེད་ཆ་ཁྱབ་ཀྱིས་གོ་ཡི་ ཁྱེད་ཀྱིས་འབད་བ་ཅིན་ ག་ཅི་འབད་ནི་གི་མནོ་བསམ་ཡོདཔ་སྨོ་ཟེར་གསུངསམ་ད་ ཁོང་ག་ར་གིས་ ཁོ་ལུ་ཉེས་ཁྲིམས་ཤི་དགོཔ་ཨིན་ཟེར་ཞུ་ནུག 65 ད་རུང་ལ་ལུ་གིས་ ཡེ་ཤུ་གི་གདོང་ལུ་ཚིལ་མ་གཏོར་ནུག་ ཁོང་གིས་ཁོ་གི་མིག་ཏོ་ རས་ཀྱི་བསྡམས་བཞག་སྟེ་ ཁྱོད་ལུ་དྲངས་མི་ག་སྨོ་ ང་བཅས་ལུ་མངོན་ཤེས་གསུངས་ཟེར་དྲངས་ནུག་ དམག་མི་ཚུ་གིས་ཡང་ཁོ་ལུ་འཁྱིད་དེ་དྲངས་ནུག། 66 པེ་ཏྲོ་མར་མཁན་ཆེན་གྱི་གཟིམ་ཅུང་གི་རྡོ་གཅལ་ནང་སྡོདཔ་ད་ མཁན་ཆེན་གྱི་གཡོགམོ་གཅིག་འོངས་ཏེ། 67 པེ་ཏྲོ་མེ་བསྲོ་སྡོདཔ་མཐོངམ་ད་ མོ་གིས་ཐད་རི་བ་རི་ཁོ་གི་གདོང་ཁར་བལྟ་སྟེ་སླབ་ནུག་ ཁྱོད་ཡང་ ན་ཟ་རཱེད་ལས་འོངས་མི་ ཡེ་ཤུ་དང་མཉམ་གཅིག་འདུག་ཟེར་སླབ་ད། 68 ཁྱོད་ག་ཅི་བློ་སླབ་ཨིན་ན་ ང་ཧ་མ་གོ་ཟེར་ པེ་ཏྲོ་གིས་ཁས་ལེན་མ་བཏུབ་པས་ འདི་ཁར་ལས་ཐོན་ཏེ་སྒོ་ཁར་ལྷོདཔ་ད་ དེ་འཕྲོ་ལས་བྱ་པོད་འབོ་ནུག 69 ད་རུང་གཡོགམོ་འདི་གིས་ ཁོང་འདི་ཁར་ལོངས་སྡོད་མི་ཚུ་ལུ་ ཁོ་ཡེ་ཤུ་གི་སློབ་མ་གཅིག་ཨིན་ཟེར་སླབ་ནུག་ དེ་འབདཝ་ད་ པེ་ཏྲོ་གིས་ ད་རུང་ཐེངས་གཉིས་པ་ང་གིས་ཁོ་ངོ་མི་ཤེས་ཟེར་སླབ་ནུག 70 དུས་ཡུན་དུམ་གྲ་ཅིག་གི་ཤུལ་ལས་ འདི་ཁར་ལོངས་སྡོད་མི་ཚུ་གིས་ པེ་ཏྲོ་ལུ་སླབ་ནུག་ ཁྱོད་ཐད་རི་བ་རི་ཁོང་གི་གྲལ་ཁ་ལས་གཅིག་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཁྱོད་ ག་ལི་ལི་གི་མི་ཨིན་པས་ཟེར་སླབ་ད། 71 དེ་ལས་ པེ་ཏྲོ་གིས་ དཀོན་མཆོག་དཔང་པོ་བཙུགས་ཏེ་ མནའ་འབོ་སྟེ་ ཁྱེད་ཀྱིས་སླབ་མི་འདི་ག་ཨིན་ན་ ང་གིས་ཁོ་ངོ་མི་ཤེས་ཟེར་སླབ་ནུག 72 དེ་འཕྲོ་ལས་ བྱ་པོད་ཐེངས་གཉིས་པ་འདི་འབོ་ནུག་ འདི་སྐབས་ པེ་ཏྲོ་དེ་ཧེ་མ་ཡེ་ཤུ་གིས་ བྱ་པོད་ཚར་གཉིས་མ་འབོ་པའི་ཧེ་མ་ ཁྱོད་ཀྱིས་ང་ལུ་ངོ་མི་ཤེས་ཟེར་ཚར་གསུམ་སླབ་འོང་ཟེར་གསུངས་མི་འདི་ ཁོ་རང་གི་སེམས་ཁར་དྲན་ཏེ་ གནམ་མེད་ས་མེད་སྔུ་ནུག།
1 དེ་ལས་དྲོ་པ་ཧ་སག་སྟེ་ བླ་ཆེན་ཚུ་གིས་ མི་དམངས་ཀྱི་འགོ་དཔོན་ཚུ་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་དང་ ལྷན་ཚོགས་འཛོམ་མི་འཐུས་དཔོན་ཚུ་ ག་ར་གཅིག་ཁར་འཛོམས་ཏེ་ གནས་སྐབས་བལྟ་སྟེ་བསྟུན་གྲོས་བརྐྱབས་ནུག་ དེ་ལས་ཁོང་གིས་ཡེ་ཤུ་གི་ཕྱག་བསྡམས་འཁྱིད་དེ་ རོམ་གྱི་གཞུང་ཚབ་ པི་ལ་ཏུས་ལུ་རྩིས་ཕུལ་ནུག 2 པི་ལ་ཏུས་ཀྱིས་ཡེ་ཤུ་ལུ་ ཁྱོད་ ཡ་ཧུ་ད་པའི་རྒྱལཔོ་ཨིན་ན་ཟེར་དྲིཝ་ད་ ནཱ་གི་རང་དེ་སྦེ་གསུངས་དོ་ཟེར་ ལན་གསུངས་ནུག 3 དེ་ལས་བླ་ཆེན་དེ་ཚུ་གིས་ ཡེ་ཤུ་ལུ་ཉེས་སྐྱོན་ལེ་ཤ་བཏོན་ཏེ་སླབ་ནུག 4 རོམ་གྱི་གཞུང་ཚབ་ཀྱིས་ད་རུང་ཁོ་ལུ་དྲིས་ནུག་ ཁྱོད་ཀྱི་སྐོར་ལས་ཉེས་སྐྱོན་ལེ་ཤ་བཏོན་ཏེ་སླབ་དོ་ ཁྱོད་ལས་སླབ་ནི་ག་ནི་ཡང་མེད་ག་ཟེར་གསུངས་ནུག 5 དེ་འབདཝ་ད་ ཡེ་ཤུ་གིས་ལན་ག་ནི་ཡང་མ་ཞུ་བར་ རོམ་གྱི་གཞུང་ཚབ་ཡང་ཧ་ལས་ནུག། 6 ཤི་ས་ལས་ཐར་བའི་དུས་ཆེན་གྱི་སྐབས་ལུ་ མི་དམངས་ཀྱིས་ག་དགའ་མིའི་བཙོན་པ་གཅིག་ལུ་ རོམ་གྱི་གཞུང་ཚབ་ཀྱིས་དགོངས་ཡངས་གཏང་པའི་ལུགས་སྲོལ་ཡོདཔ་ཨིན་མས། 7 དེ་ལས་མི་བསད་མི་ བ་རབ་བཱས་ཟེར་མི་ མི་ལྟས་ངན་བཀྲ་མ་ཤིསཔ་གཅིག་ ཧེ་མ་ངོ་རྒོལ་འབད་མི་དང་གཅིག་ཁར་ མི་བསད་དེ་ བཙོན་ཁང་ནང་ཡོདཔ་ཨིན་མས། 8 མི་དམངས་འོངས་ཏེ་ རོམ་གྱི་གཞུང་ཚབ་ལུ་ ནཱ་གི་ལུགས་སྲོལ་དང་བསྟུན་ཏེ་ང་བཅས་ཀྱི་དོན་ལུ་ སྐྱིད་སྡུག་གཟིགས་གནང་ཟེར་ཞུ་ནུག 9 དེ་ལས་ཁོ་གིས་ཁོང་ལུ་ ཁྱེད་ཀྱི་དོན་ལུ་ང་གིས་ ཡ་ཧུ་ད་པའི་རྒྱལཔོ་ལུ་གཏང་ག་ཟེར་གསུངས་ནུག 10 ག་ཅི་སྨོ་ཟེར་བ་ཅིན་ བླ་ཆེན་ཚུ་གིས་ཡེ་ཤུ་ལུ་ངལ་མ་རངས་པར་ ཁོ་སྡོད་སར་འཁྱིད་འོངམ་ གཞུང་ཚབ་ཀྱིས་ལེགས་ཤོམ་སྦེ་མཁྱེན་ནུག 11 བླ་ཆེན་ཚུ་གིས་མི་དམངས་ལུ་དཀྲོགས་ཏེ་ ཡེ་ཤུ་མེན་པར་ཁོང་གི་དོན་ལུ་ བ་རབ་བཱས་ལུ་གཏང་གནང་ཟེར་སླབ་བཅུག་ནུག 12 རོམ་གྱི་གཞུང་ཚབ་ཀྱིས་ ད་རུང་ཁོང་ལུ་གསུངས་ནུག་ དེ་སྦེ་འབད་བ་ཅིན་ ཡ་ཧུ་ད་པའི་རྒྱལཔོ་ཟེར་སླབ་མི་འདི་ལུ་ ང་གིས་ག་ཅི་འབད་ནི་སྨོ། 13 དེ་ལས་མི་དམངས་ཀྱིས་ཁོ་ལུ་ ཁྲམ་ཤིང་གུ་བསད་དགོ་ཟེར་སྐད་རྐྱབ་སླབ་ད། 14 རོམ་གྱི་གཞུང་ཚབ་ཀྱིས་ ག་ཅི་འབད་བསད་དགོཔ་སྨོ་ ཁོ་གིས་ཉེས་པ་ཅན་ ག་ཅི་འབད་དཔ་ཡོདཔ་སྨོ་ཟེར་འདྲིཝ་ད་ ཧེང་སྐལ་རང་ཁོང་གིས་སྐད་སྦོམ་སྦེ་བརྐྱབས་ཏེ་ ཁོ་ཁྲམ་ཤིང་གུ་བསད་དགོ་ཟེར་སླབ་ནུག 15 རོམ་གྱི་གཞུང་ཚབ་ཀྱིས་ཐབས་མེད་པར་ མི་དམངས་ཀྱི་བསམ་པ་རྫོགས་ནི་གི་དོན་ལུ་ བ་རབ་བཱས་ལུ་དགོངས་ཡངས་གཏང་ དེ་ལས་ཡེ་ཤུ་ལུ་རྟས་ལྕག་གིས་དྲང་ཞིནམ་ད་ ཁྲམ་ཤིང་གུ་བཀྲོང་ནི་སྦེ་དམག་མི་ལུ་སྤྲོད་ནུག། 16 དམག་མི་ཚུ་གིས་ཁོ་ལུ་ རྫོང་ནང་འཁྱིད་སོང་སྟེ་ དམག་མི་སྡེ་ཚན་སོ་སོ་སྦེ་ཡོད་མི་ཚུ་ གཅིག་ཁར་འབོ་ནུག 17 དེ་ལས་ཁོང་གིས་ན་བཟའ་རྒྱ་སྨུག་གཅིག་ ཡེ་ཤུ་ལུ་གྱོན་ཕུལ་ རྩང་གི་དབུ་ཞྭ་གཅིག་བཟོ་ཞིནམ་ད་ དབུའི་གུ་བཙུགས་ཕུལ་ཏེ། 18 ཡ་ཧུ་ད་པའི་རྒྱལཔོ་ སྐུ་ཚེ་རིང་བར་ཤོག་ཟེར་ཚོད་བལྟ་སླབ་སྦེ། 19 ཁོང་གིས་ཁོ་གི་དབུ་གྱིམ་སྟེ་འཁརཝ་གིས་དྲང་ཞིནམ་ད་ ཞལ་ལུ་ཚིལ་མ་གཏོར་ནུག་ དེ་ལས་པུས་མོ་བཙུགས་ཏེ་ ཕྱག་འཚལ་ནུག 20 དེ་ལས་ཁོ་ལུ་མེས་མེད་བསྐྱུར་ཚརཝ་ད་ ན་བཟའ་རྒྱ་སྨུག་འདི་ཕུད་དེ་ ད་རུང་ཁོ་རང་གི་ན་བཟའ་གྱོན་ཕུལ་ནུག་ དེ་ལས་ཁོ་ལུ་ཁྲམ་ཤིང་གུ་བཀྲོང་ནིའི་དོན་ལུ་ཕྱི་ཁར་འཁྱིད་སོང་ནུག། 21 དམག་མི་ཚུ་གིས་ཡེ་ཤུ་ལུ་ཁྲམ་ཤིང་བཀལ་འཁྱིད་འོངམ་ད་ སའི་རིན་གྱི་ཁྲོམ་ལས་ཨིན་མིའི་ ཨ་ལེག་སཱན་ཌཱེར་དང་ རུ་ཕཱས་གཉིས་ཀྱི་ཨ་པ་ སི་མཱོན་ གཡུས་ཁ་ལས་འོངམ་ད་ ཁོང་དང་ལམ་ཁ་འཕྱད་དེ་ དབང་བཙོང་གི་ཐོག་ལས་ སི་མཱོན་ལུ་ཁྲམ་ཤིང་བཀལ་ནུག 22 ཁོང་གིས་ཡེ་ཤུ་ས་གནས་ གཱོལ་གོ་ཐ་ཟེར་མི་འདི་ནང་འཁྱིད་བཀལ་ནུག་ གཱོལ་གོ་ཐ་ཟེར་ འདི་གི་དོན་དག་དེ་ ཐོདཔ་ཟེར་སླབ་ཨིན་མས། 23 དེ་ལས་ཁོ་ཟུག་སངས་ནི་གི་དོན་ལུ་ དྲི་བཟང་དང་རྒུན་འབྲུམ་ཆང་སླ་བསྲེས་ཏེ་དྲངསམ་ད་ ཁོ་གིས་མ་བཞེས་པས། 24 དེ་ལས་ཁོ་ལུ་བཀྲོང་ནི་སྦེ་ཁྲམ་ཤིང་གུ་བརྐྱངས་ནུག་ དེ་ལས་ཁོ་གི་ན་བཟའ་འདི་ ག་གིས་ཐོབ་ག་བལྟ་ནི་སྦེ་ རྒྱན་ཤོག་བརྐྱབས་ཏེ་ ཁོང་རང་ཆ་ཁྱབ་བགོ་ནུག 25 ཁྲམ་ཤིང་གུ་བརྐྱངས་པའི་དུས་ཚོད་དེ་ དྲོ་པ་ཆུ་ཚོད་དགུ་ཨིན་མས། 26 དེ་ལས་ ཨ་ནི་མི་འདི་ ཡ་ཧུ་ད་པའི་རྒྱལཔོ་ཨིན་ཟེར་ ཁོ་གི་ཉེས་སྐྱོན་བྱང་ཤིང་ནང་བྲིས་ཞིནམ་ད་ ཁོ་གི་དབུ་གུ་ལས་ཕར་ ཁྲམ་ཤིང་གུ་བརྡབ་བཞག་ནུག 27 དེ་ལས་ཁོ་དང་གཅིག་ཁར་ཨརཝ་གཉིས་ལུ་ཡང་ གཅིག་ཡེ་ཤུ་གི་ཕྱག་གཡས་ལས་དང་ གཅིག་གཡོན་ལས་བསད་ནི་སྦེ་ཁྲམ་ཤིང་གུ་བརྐྱངས་ནུག 28 གསུང་རབ་ནང་བྲིས་བཞག་མི་བཟུམ་སྦེ་འབད་བ་ཅིན་ ཁོ་གཞུང་ཁྲིམས་ལས་བརྒལཝ་སྦེ་བརྩི་འོང་ཟེར་མིའི་དོན་དག་གྲུབ་ཨིན་མས། 29 འདི་ཁར་ལས་ ཕར་ཚུར་འགྱོ་མི་ཚུ་གིས་མར་སྨད་བརྐྱབས་ཏེ་ མགུ་གཡུག་སྦེ་ ཁྱོད་མཆོད་ཁང་མར་བརྡལ་ཏེ་ ཉིནམ་གསུམ་ལུ་བཟོ་ནི་ཟེར་སླབ་མི། 30 རང་ལུ་སྐྱབས་འབད་ ཁྲམ་ཤིང་གུ་ལས་མར་འབབ་ཤོག་ཟེར་ཁོ་ལུ་སླབ་ནུག 31 དེ་བཟུམ་སྦེ་ བླ་ཆེན་དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་ ཁོང་ར་གི་ནང་འཁོད་ན་ ཡེ་ཤུ་ལུ་མེས་མེད་བསྐྱུར་ཏེ་ ཁོ་གིས་གཞན་ལུ་སྐྱབས་འབད་ཡི་ དེ་འབདཝ་ད་ ཁོ་རང་ལུ་སྐྱབས་འབད་མི་ཚུགས་པས་ཟེར་སླབ་ནུག 32 ཨཱིས་ར་ཨཱེལ་གྱི་རྒྱལཔོ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ ཁྲམ་ཤིང་གུ་ལས་མར་འབབ་འོང་བཅུག་ དེ་ལས་ང་བཅས་ཀྱིས་ཁྱོད་ལུ་དད་པ་བསྐྱེད་ནི་ཨིན་ཟེར་སླབ་ནུག་ ཁོ་དང་གཅིག་ཁར་ཁྲམ་ཤིང་གུ་བརྐྱངས་མིའི་ མི་གཉིས་ཀྱིས་ཡང་ ཁོ་ལུ་མར་སྨད་བརྐྱབས་ནུག། 33 ཉིན་མའི་ཆུ་ཚོད་བཅུ་གཉིས་ལས་ཆུ་ཚོད་གསུམ་ཚུན་ཚོད་ ས་ཆ་ག་ར་ནང་གནག་དུང་དུ་སྦེ་ནམ་སྲོ་ནུག 34 ཆུ་ཚོད་གསུམ་དེ་གཅིག་ཁར་ ཡེ་ཤུ་གིས་གསུང་སྐད་ཤུགས་སྦེ་ ཨེ་ལོ་ཨི་ ཨེ་ལོ་ཨི་ ལ་མ་ཤ་བག་ཐ་ནི་ཟེར་ཞུ་ནུག་ དེ་གི་དོན་དག་དེ་ ཀྱེ་ངེའི་དཀོན་མཆོག་ ཀྱེ་ངེའི་དཀོན་མཆོག་ ནཱ་གིས་ང་ལུ་ག་ཅི་འབད་སྤངམ་སྨོ་ཟེར་ཞུཝ་ཨིན་མས། 35 དེ་ལས་སྦོ་ལོགས་ཁར་ལོང་སྡོད་མི་ལ་ལུ་གིས་ དེ་གོཝ་ད་ ཉན་ཞིག་ ཁོ་གིས་ལུང་སྟོན་པ་ ཨེ་ལི་ཡ་ལུ་འབོ་དོ་ཟེར་སླབ་ནུག 36 མི་གཅིག་བརྒྱུགས་སོང་སྟེ་ ལྟོ་རས་ཁུ་བ་སྐྱུརཔོ་ནང་སྦང་སྟེ་ འཁརཝ་གཅིག་གི་གུ་ལུ་བཀལ་ཏེ་ ཡེ་ཤུ་གི་ཞལ་ལུ་དྲངས་ནུག་ དེ་ལས་ཁོ་གིས་ ཁོ་ལུ་མ་དཀྲོགས་ཤིག་ ཁོ་ལུ་སྐྱབས་འབད་བ་ ཨེ་ལི་ཡ་འོང་དོ་ག་ བལྟ་གེ་ཟེར་སླབ་ནུག 37 དེ་ལས་ ཡེ་ཤུ་གིས་གསུང་སྐད་ཤུགས་སྦེ་གསུངས་ཏེ་ གཤགས་ནུག 38 དེའི་སྐབས་མགོན་ཁང་ནང་གི་ཡོལ་ལི་འདི་ཡང་ ཡར་མགུ་ལས་མར་མཇུག་ཚུན་ཚོད་ ཁག་གཉིས་སྦེ་ཧྲལ་སོང་ནུག 39 ཁོ་གི་སྐུ་མདུན་ལུ་ཡོད་པའི་སྤྱི་དཔོན་འདི་གིས་ ཡེ་ཤུ་ག་དེ་སྦེ་གཤགས་གཤགསཔ་ཨིན་ན་ ཁོ་གིས་མངོན་སུམ་སྦེ་རང་མཇལ་ཏེ་ ཁོ་ཐད་རི་བ་རི་ དཀོན་མཆོག་གི་སྲས་ཨིན་མས་ཟེར་ཞུ་ནུག 40 འདི་ཁ་ལུ་ཨམ་སྲུ་ཚུ་ཐག་རིང་ས་ལས་ལོངས་བལྟ་སྡོད་མི་ཚུ་གི་གྲལ་ཁར་ལུ་ མཱིར་ཡམ་མག་ད་ལཱེན་དང་ ཡ་ཀོབ་ཆུང་ཤོས་དང་ ཡོ་སཱེས་ཀྱི་ཨའི་ མཱིར་ཡམ་ དེ་ལས་ སེ་ལོ་མེ་ཡང་ཡོདཔ་ཨིན་མས། 41 ཡེ་ཤུ་ ག་ལི་ལི་ལུ་བཞུགས་པའི་བསྒང་ལུ་ ཁོང་ཆ་ཁྱབ་ཀྱིས་ཁོ་ལུ་དགོ་མི་འདི་ཚུ་ཕུལ་ཏེ་ཕྱག་ཞུ་ནུག་ ཡེ་ཤུ་དང་གཅིག་ཁར་ ཡེ་རུ་ཤ་ལེམ་ལས་འོངས་མིའི་ཨམ་སྲུ་གཞན་ ལེ་ཤ་འདི་ཁར་བལྟ་སྡོད་ནུག། 42 ཨ་རི་མ་ཐེ་ཡ་ཁྲོམ་ལས་ཨིན་མིའི་ ཡོ་སེབ་འདི་ ལྷན་ཚོགས་ཀྱི་འཐུས་མི་ ག་ར་གིས་ཆ་བཞག་མི་གཅིག་ཨིན་མས་ ཁོ་ཡང་ དཀོན་མཆོག་གི་རྒྱལ་སྲིད་ལུ་སྒུག་སྡོདཔ་ཨིན་མས་ ངལ་འཚོ་བའི་ཉིནམ་གི་ཧེ་མ་ལུ་ གྲ་སྒྲིག་གི་ཉིན་མའི་ཕྱི་རུ་ཁམས་གཅིག་ཁར་ ཁོ་གིས་ རོམ་གྱི་གཞུང་ཚབ་ཀྱི་སྐུ་མདུན་ལུ་བཅར་ཏེ་ ཡེ་ཤུ་གི་སྐུ་ཕུང་ཞུ་ནུག 44 དེ་ལས་ ཡེ་ཤུ་ཧེ་མ་ལས་གཤགས་སོང་ཡི་ཟེར་གོཝ་ད་ མགྱོགས་པར་གཤགས་ནུག་ཟེར་ རོམ་གྱི་གཞུང་ཚབ་ཧ་ལས་ནུག་ དེ་ལས་སྤྱི་དཔོན་འདི་ ཁོ་རང་གི་སྐུ་མདུན་ལུ་འབོ་སྟེ་ ཡེ་ཤུ་དོན་ལས་རང་ཤི་སོང་ཡི་ག་ཟེར་གསུངས་ནུག 45 སྤྱི་དཔོན་གྱི་ཁོ་ཤི་སོང་ཡི་ཟེར་ཞུཝ་ད་ རོམ་གྱི་གཞུང་ཚབ་ཀྱིས་ ཡེ་ཤུ་གི་སྐུ་ཕུང་འདི་ ཡོ་སེབ་ལུ་སྤྲོད་ཟེར་བཀའ་གནང་ནུག 46 དེ་ལས་ ཡོ་སེབ་ཀྱིས་སྐུ་ཕུང་དེ་མར་ཕབ་སྟེ་ ཁོ་རང་གིས་ཉོ་འབག་འོང་མིའི་ཁ་ཤ་གི་རས་ནང་སྤུར་འབག་སྟེ་ བྱག་གུ་དོང་སྤེད་དེ་ བཟོ་བཟོ་བའི་དུར་ཁུང་གཅིག་ནང་ཞུ་ དུར་ཁུང་སྒོ་ཁར་ རྡོ་སྦོམ་གཅིག་སྒྲིལ་ཏེ་ བཀལ་བཞག་ནུག 47 མཱིར་ཡམ་མག་ད་ལཱེན་དང་ ཡོ་སཱེས་ཀྱི་ཨའི་ མཱིར་ཡམ་གྱིས་ ཡེ་ཤུ་གི་སྐུ་ཕུང་འདི་ ས་གནས་ག་ཏེ་ལུ་ཞུ་བཞགཔ་ཨིན་ན་ བལྟ་བཞག་ནུག།
1 ངལ་འཚོ་བའི་ཉིནམ་མཇུག་བསྡུ་སྟེ་ མཱིར་ཡམ་མག་ད་ལཱེན་དང་ ཡ་ཀོབ་ཀྱི་ཨའི་ མཱིར་ཡམ་ དེ་ལས་ སེ་ལོ་མེ་ཁོང་གསུམ་གྱིས་ ཡེ་ཤུ་གི་སྐུ་ཕུང་གུ་དབུར་ནི་སྦེ་ དྲི་བཟང་ཚུ་ཉོས་འབག་སྟེ། 2 བདུན་ཕྲག་གི་ཉིནམ་དང་པ་ལུ་ དྲོ་པ་ཤར་དཀརཝ་ད་ ཁོང་ཕར་དུར་ཁུང་ནང་བལྟ་བ་སོང་ནུག 3 ད་དུར་ཁུང་གི་ཁ་ལུ་ཡོད་མི་རྡོ་སྦོམ་འདི་ ག་གིས་ང་བཅས་ཀྱི་དོན་ལུ་ཕར་སྒྲིལ་བྱིན་འོང་ག་ཟེར་ ཁོང་རང་གཅིག་གིས་གཅིག་ལུ་སླབ་ཅི་རང་སོང་ནུག 4 དེ་ལས་ཡར་བལྟཝ་ད་ དུར་ཁུང་གི་རྡོ་སྦོམ་འདི་ཕར་བསྒྲིལ་གཏང་དཔ་ཁོང་གིས་མཐོང་ནུག་ རྡོ་འདི་གནམ་མེད་ས་མེད་སྦོམ་གཅིག་ཨིན་མས། 5 ཁོང་དུར་ཁུང་ནང་ན་འཛུལ་བལྟཝ་ད་ སྐུ་ཕུང་བཞག་སའི་གཡས་ཁ་ཐུག་ལས་མི་གཞོནམ་བགོ་ལ་དཀརཔོ་གྱོན་མི་གཅིག་ སྡོད་ས་མཐོང་སྟེ་ ཁོང་རྣམ་རྟོག་ལངས་ནུག 6 དེ་འབདཝ་ད་ ཁོ་གིས་ཨམ་སྲུ་ཚུ་ལུ་ ཁྱེད་མ་འདྲོག་ ན་ཟ་རཱེད་ཀྱི་ཡེ་ཤུ་ ཁྲམ་ཤིང་གུ་བཀྲོངས་མི་ལུ་ འཚོལ་བ་འོངམ་ ང་གིས་ཤེས་ཅི་ ཁོ་སྐུ་གསོན་པོ་སྦེ་བཞེངས་གནང་ཡི་ ཁོ་ནཱ་ལུ་མེད་ ཁོ་གི་སྐུ་ཕུང་བཞག་ས་ལུ་བལྟ་ཞིག་ཟེར་གསུངས་ནུག 7 ད་སོང་ཞིནམ་ད་ ཁོ་གི་སློབ་མ་གཞན་དང་ པེ་ཏྲོ་ལུ་ ཁོང་གི་ཧེ་མ་ལས་ ཁོ་ཕར་ ག་ལི་ལི་ལུ་བྱོན་དོ་ཟེར་སླབ་བྱིན་ ཁོ་གིས་ཧེ་མ་ཁྱེད་ལུ་གསུངས་དོཝ་བཟུམ་སྦེ་ ཁོ་ལུ་ཕར་མཇལ་འོང་ཟེར་གསུངས་ནུག 8 དེ་ལས་ཁོང་སྒྱིད་ཐག་འདར་ཏེ་ དུར་ཁུང་ནང་ལས་ཐོན་ཏེ་བརྒྱུགས་སོང་ནུག་ དེ་ལས་ ཁོང་གནམ་མེད་ས་མེད་འདྲོགས་ཏེ་ གཞན་ལུ་ག་ནི་ཡང་མ་སླབ་པས།། 9 ཡེ་ཤུ་ བདུན་ཕྲག་གི་ཉིནམ་དང་པའི་དྲོ་པ་ཧ་སག་སྟེ་ སྐུ་གསོན་པོ་སྦེ་ལྷོངས་པའི་ཤུལ་ལས་ མཱིར་ཡམ་མག་ད་ལཱེན་ ཟེར་མི་ཧེ་མ་ཡེ་ཤུ་གིས་ འདྲེ་གདོན་བདུན་བཏོན་བདའ་མིའི་ཨམ་འདི་ལུ་ མཇལ་ཁ་གནང་ནུག 10 ཡེ་ཤུ་གི་ལྟོ་ཚང་ཚུ་མྱ་ངན་འབད་སྔུ་སྡོདཔ་ད་ མཱིར་ཡམ་སོང་སྟེ་ ཁོང་ཆ་ཁྱབ་ལུ་ཁ་འཐེན་སླབ་བྱིན་ནུག 11 ཡེ་ཤུ་སྐུ་གསོན་པོ་སྦེ་བཞེངས་ཏེ་ མཱིར་ཡམ་དང་མཇལ་ནུག་ཟེར་གོ་རུང་ ཁོང་གིས་མོ་ལུ་བདེན་འཛིན་མ་རེ་བས།། 12 དེའི་ཤུལ་ལས་ སློབ་མ་གཉིས་གཡུས་ཁར་འགྱོཝ་ད་ ཡེ་ཤུ་སྐུ་གཟུགས་མ་འདྲཝ་སྦེ་གཞན་ལུ་འགྱུར་ཏེ་ ཁོང་དང་མཇལ་ནུག 13 ཁོང་གཉིས་ལོག་སོང་སྟེ་ལྟོ་ཚང་ཚུ་ལུ་སླབ་ད་ ཁོང་གིས་བདེན་འཛིན་མ་རེ་བས།། 14 སློབ་མ་བཅུ་གཅིགཔ་བཞེས་སྒོ་ཟ་སྡོདཔ་ད་ ཡེ་ཤུ་ཁོང་སྡོད་ས་བྱོན་ཏེ་ ཁོ་གིས་ཁོང་ལུ་ཚོགས་བརྡ་གནང་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་དད་པ་མ་བསྐྱེདཔ་མ་ཚད་ མི་གཞན་གྱིས་ཁོ་སྐུ་གསོན་པོ་སྦེ་ལོང་སྟེ་ ང་བཅས་ཀྱིས་མཐོང་ཅི་ཟེར་སླབ་རུང་ ཁོང་གིས་བདེན་འཛིན་མ་རེ་བས་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་སེམས་སྲ་ཀྲག་འབད་ནི་དེ་གིས་ཨིན་མས། 15 དེ་ལས་ཁོ་གིས་སློབ་མ་ཚུ་ལུ་ འཛམ་བུ་གླིང་གི་ས་ཆ་ག་ར་ནང་སོང་སྟེ་ མི་རིགས་ག་ར་ལུ་གཏམ་བཟང་བཤད་དེ་སླབ་བྱིན། 16 དད་པ་བསྐྱེད་དེ་ཁྲུས་གསོལ་ཞུ་མི་འདི་ཚུ་གིས་ཐར་པ་ཐོབ་འོང་ དེ་འབདཝ་ད་ དདཔ་མ་བསྐྱེད་མི་འདི་ལུ་ཆདཔ་བཀལ་འོང་། 17 དད་པ་བསྐྱེད་མི་ཚུ་ལུ་རྟགས་མཚན་མ་འདྲཝ་སྟོན་ཚུགསཔ་སྦེ་མཛད་གནང་འོང་ འདི་ཚུ་གིས་ངེ་གི་མིང་ནང་ལུ་ འདྲེ་གདོན་བཏོན་བདའ་ཚུགསཔ་ ཁ་གསརཔ་མ་འདྲཝ་ཚུ་སླབ་ཚུགསཔ། 18 སྦུལ་ལག་པར་ལེན་ཚུགསཔ་ དུག་གདུག་དྲགས་འཐུང་རུང་ མི་འདི་ལུ་གནོད་མི་ཚུགས་ དེ་ལས་ནདཔ་གུ་ལགཔ་བཀལཝ་ད་ ནདཔ་དྲགཔ་བཟོ་ཚུགསཔ་ཟེར་གསུངས་ནུག། 19 དེ་ཚུ་ག་ར་ཁོང་ལུ་གསུངས་ཚརཝ་ད་ གཙོ་བོ་ཡེ་ཤུ་ཞིང་ཁམས་ལུ་འཐུ་བསྣམས་ཏེ་ དཀོན་མཆོག་གི་ཕྱག་གཡས་ཁ་ཐུག་ལུ་བཞུགས་ནུག 20 སློབ་མ་ཆ་ཁྱབ་འདི་ཁ་ལས་ལོངས་སོང་སྟེ་ ལུང་ཕྱོགས་ག་ར་ནང་གཏམ་བཟང་འདི་བཤདཔ་ད་ གཙོ་བོ་ཁོང་དང་མཉམ་ཕྱག་ལཱ་མཛད་དེ་ རྟགས་མཚན་མ་གཅིགཔ་ལེ་ཤ་ བཏོན་པའི་ཐོག་ལས་ གཏམ་བཟང་འདི་བདེན་པ་སྦེ་སྟོན་ཚུགས་ནུག། །།
1 ང་བཅས་ཀྱི་སྦུག་ལུ་ག་ར་བྱུང་སྟེ་འགྲུབ་མི་ལོ་རྒྱུས་དེ་ཚུ་ འགོ་དང་པ་ལས་མིག་གིས་མཐོང་མིའི་མི་ བཀའ་གི་ཞབས་ཕྱིཔ་འདི་ཚུ་གིས་ ང་བཅས་ལུ་སླབ་མི་གི་སྐོར་ལས་ མི་ལེ་ཤ་གིས་རྩ་འགེངས་སྦེ་བརྩམས་ཏེ་བྲིས་ནུག 3 འདི་དང་བསྟུན་ཏེ་ ཐེའོ་ཕི་ལུས་ ཁྱོད་ཀྱིས་ག་ཅི་གོ་མི་དེ་ཚུ་ བདེན་པ་ཨིན་མས་ཟེར་ཤེས་ནི་གི་དོན་ལུ་ ང་གིས་ཡང་འགོ་དང་པ་ལས་རིགཔ་བསྒྱིམ་སྟེ་ དེ་ཚུ་ག་ར་ཞིབ་དཔྱད་བརྐྱབས་ཏེ་འབད་བ་ཅིན་ ལེགས་ཤོམ་འོང་ཟེར་མནོ་སྟེ་ ང་ཡང་ལོ་རྒྱུས་འདི་ཚུ་རིམ་པ་བཞིན་དུ་འབྲི་དོ།། 5 ཡུ་དེ་ཡ་ལུང་ཕྱོགས་ཀྱི་དཔོན་ ཧེ་རཱོད་ཀྱི་དུས་ལུ་ ཨ་བི་ཡ་གི་སྡེ་ཚན་གྱི་བླམ་ ཟེ་ཀ་རི་ཡ་ཟེར་མི་གཅིག་ཡོདཔ་ཨིན་མས་ ཁོ་གི་ཨམ་སྲུ་ ཨེ་ལི་ས་བཱེད་འདི་ཡང་ ཁོ་རང་བཟུམ་སྦེ་བླམ་ ཨ་རཱོན་གྱི་རིགས་བརྒྱུད་གཅིག་ཨིན་མི་དང་། 6 ཁོང་གཉིས་ དཀོན་མཆོག་གི་གཟིགས་སར་ཆོས་སེམས་ཅན་ཨིནམ་མ་ཚད་ གཙོ་བོ་དཀོན་མཆོག་གི་བཀའ་དང་ཚུལ་ཁྲིམས་ཚུ་མ་ཉམས་པར་སྲུངམ་ཨིན་མས། 7 ཨེ་ལི་ས་བཱེད་དེ་རབས་ཆད་མ་འབད་ནི་དེ་གིས་ ཁོང་ལུ་བུ་གཞི་མིན་འདུག་ དེ་ལས་ཁོང་གཉིས་ཆ་རང་ལོ་ན་རྒས་སོང་ནུག 8 ཉིནམ་གཅིག་འབདཝ་ད་ བླམ་ ཟེ་ཀ་རི་ཡ་རང་གི་སྡེ་ཚན་གྱི་སྐོར་རྒྱབ་ཕོག་སྟེ་ མཆོད་ཁང་ནང་དཀོན་མཆོག་གི་སྐུ་མདུན་ལུ་ལཱ་འབད་བའི་ཚེ། 9 ཁོང་རང་གི་ལུགས་སྲོལ་བཞིན་དུ་ བླམ་དེ་ཚུ་བསངས་བདུག་བརྐྱབ་ནིའི་ལཱ་གི་དོན་ལུ་རྒྱན་ཤོག་བརྐྱབས་ཏེ་ གཙོ་བོ་དཀོན་མཆོག་གི་མགོན་ཁང་ནང་བསངས་བདུག་བརྐྱབ་ནི་ཁོ་ལུ་ཕོག་ནུག 10 བསངས་བདུག་རྐྱབ་པའི་དུས་ཚོད་ལུ་ མི་དམངས་ག་ར་མགོན་ཁང་གི་ཕྱི་ཁར་སྨོན་ལམ་ཞུ་སྟེ་སྡོད་ནུག 11 ཁོ་བསངས་བདུག་རྐྱབ་ད་ གཙོ་བོ་དཀོན་མཆོག་གི་ཕོ་ཉ་གཅིག་ མཆོད་ཁྲི་གཡས་ཁ་ཐུག་ལུ་ ག་ལས་གུ་ལས་འོང་མི་ཟེརཝ་མེད་པར་ ཡར་ལོང་སྟེ་སྡོད་ཡོདཔ་མཐོངམ་ད། 12 ཁོ་ཧམ་སྟེ་འདྲོག་ཆི་ནུག 13 དེ་འབདཝ་ད་ཕོ་ཉ་འདི་གིས་ ཟེ་ཀ་རི་ཡ་ ཁྱོད་མ་འདྲོག་ དཀོན་མཆོག་གིས་ཁྱོད་ཀྱི་སྨོན་ལམ་གསན་ཏེ་ ཁྱོད་ཀྱི་ཨམ་སྲུ་ ཨེ་ལི་ས་བཱེད་ཀྱིས་ ཁྱོད་ཀྱི་དོན་ལུ་བུ་གཅིག་སྐྱེ་འོང་ ཁྱོད་ཀྱིས་ཁོ་གི་མིང་ ཡོ་ཧ་ནཱན་ཟེར་བཏག་དགོ། 14 ཁོ་གིས་འབད་ཁྱོད་སེམས་དགའ་སྟེ་ངལ་རངས་འོང་ ཁོ་སྐྱེཝ་ད་ མི་ལེ་ཤ་སེམས་དགའ་ནི་ཨིན། 15 ག་ཅི་སྨོ་ཟེར་བ་ཅིན་ ཁོ་གཙོ་བོ་གི་སྐུ་མདུན་ལུ་མི་དྲག་ཤོས་གཅིག་སྦེ་འཐོན་འོང་ ཁོ་གིས་ཆང་དང་ཨ་རག་དེ་ཚུ་རྩ་ལས་རང་མི་འཐུང་ ཨའི་གི་མངལ་ནང་ལས་རང་ དམ་པའི་ཐུགས་ཉིད་ཀྱིས་གང་འོང་། 16 ཁོ་གིས་ ཨཱིས་ར་ཨཱེལ་གྱི་རིགས་བརྒྱུད་ལུ་ ཁོང་རང་གི་གཙོ་བོ་དཀོན་མཆོག་གི་ཕྱོགས་ལུ་ལོག་འོང་བཅུག་ནི་ཨིན། 17 ཕ་མའི་སེམས་བུ་གཞི་གུ་དང་ བཀའ་ཁྲིམས་ལུ་མ་ཉན་མི་འདི་ཚུ་ ཆོས་སེམས་ཡོད་མི་ ཤེས་རབ་ཅན་ལུ་འགྱུར་བཅུག་ནིའི་དོན་ལུ་དང་ གཙོ་བོ་གི་དོན་ལུ་ མི་རིགས་གཅིག་གྲ་སྒྲིག་རྐྱབ་ནིའི་དོན་ལུ་ ཁོ་ ཨེ་ལི་ཡ་གི་སེམས་ཉིད་དང་སྟོབས་ཤུགས་ནང་ གཙོ་བོ་གི་ཧེ་མ་འགྱོ་འོང་ཟེར་སླབ་ནུག 18 དེ་ལས་བླམ་ ཟེ་ཀ་རི་ཡ་གིས་ཕོ་ཉ་འདི་ལུ་ དེ་སྦེ་འབྱུང་འོང་ཟེར་ང་གིས་ག་དེ་སྦེ་ཤེས་ནི་སྨོ་ ང་ལོ་ན་རྒས་སོང་ཡི་ ད་རུང་ངེ་གི་ཨམ་སྲུ་ཡང་ལོ་ན་རྒས་སོང་ཡི་ཟེར་སླབ་ད། 19 ཕོ་ཉ་གིས་ ང་དཀོན་མཆོག་གི་སྐུ་མདུན་ལུ་ལོང་སྟེ་སྡོད་མི་ཕོ་ཉ་ ག་བིརི་ཨཱེལ་ཨིན་ ཁྱོད་དང་གཅིག་ཁར་བློ་རྐྱབ་པ་དང་ ཁ་འཐེན་བཟང་པོ་དེ་སླབ་པ་ ང་ལུ་བཏང་ཡི། 20 དུས་ཚོད་ཀྲིག་ཀྲི་ལུ་དོན་དག་གྲུབ་ནི་འདི་ ཁྱོད་ཀྱིས་ང་ལུ་བདེན་འཛིན་མ་རེ་ནི་དེ་གིས་ ད་དོན་དག་དེ་མ་གྲུབ་ཚུན་ཚོད་ ཁྱོད་ཁ་སླབ་མ་ཚུགས་པར་སྡོད་དགོ་ཟེར་སླབ་ནུག 21 མི་དེ་ཚུ་ ཟེ་ཀ་རི་ཡ་ལུ་བསྒུག་སྡོདཔ་ད་ ཁོ་མགོན་ཁང་ནང་ ཡུན་རིངམ་སྦེ་ལུས་སོངམ་ལས་ ཁོང་ཆ་ཁྱབ་ཚ་གྱང་ལངས་ནུག 22 ཁོ་ཕྱི་ཁར་འཐོན་འོངམ་ད་ ཁོ་ག་ནི་ཡང་སླབ་མ་ཚུགས་པར་ ཁོང་ལུ་ལག་བརྡ་བསྒྱུར་ཏེ་སྟོནམ་ད་ ཁོ་མགོན་ཁང་ནང་ན་ མཐོང་སྣང་གཅིག་མཐོང་མཐོངམ་ཨིན་མས་ཟེར་ཁོང་གིས་ཤེས་ནུག་ དེ་འབདཝ་ད་ ཁོ་ག་ནི་ཡང་སླབ་མ་ཚུགས་པར་སྡོད་ནུག 23 དེ་ལས་ ཞབས་ཏོག་གི་སྐོར་རྒྱབ་ཚང་སྟེ་ ཁོ་རང་གི་ཁྱིམ་ནང་ལོག་སོང་ནུག 24 འདི་གི་ཤུལ་ལས་ཁོ་གི་ཨམ་སྲུ་ ཨེ་ལི་ས་བཱེད་དེ་ཨ་ལོ་སྐྱེ་ནི་ཆགས་ཏེ་ ཟླ་ངོ་ལྔ་ཚུན་ཚོད་མོ་རང་གསང་སྟེ་སྡོད་པའི་ཤུལ་ལས། 25 མོ་གིས་ ད་གཙོ་བོ་གིས་ང་ལུ་སྐྱིད་སྡུག་གཟིགས་ཏེ་ མི་ཚུ་གི་སྦུག་ལུ་ང་ངོ་ཚ་མ་དགོཔ་མཛད་གནང་ཡི་ཟེར་སླབ་ནུག། 26 ཨེ་ལི་ས་བཱེད་འདི་ཨ་ལོ་སྐྱེ་ནི་ཆགས་ཏེ་ཟླ་ངོ་དྲུག་ལངམ་ད་ དཀོན་མཆོག་གིས་གཏང་གནང་མིའི་ཕོ་ཉ་ ག་བིརི་ཨཱེལ་དེ་ ཁ་འཐེན་འབག་སྟེ་ ལུང་ཕྱོགས་ ག་ལི་ལི་ནང་ལུ་ཁྲོམ་ ན་ཟ་རཱེད་ཟེར་ས་ལུ། 27 ཡོ་སེབ་ཟེར་མི་ ད་བིད་ཀྱི་རྒྱལ་རིགས་ལས་ཨིན་མི་དང་གཅིག་ཁར་ ན་ཆུང་མ་ གཉེན་གྱི་ཁ་ཚིག་བྱིན་ཚར་མིའི་བུམོ་ མཱིར་ཡམ་ཟེར་སླབ་མི་སྡོད་སར་སོང་ནུག 28 དེ་ལས་ཕོ་ཉ་གིས་བུམོ་དེ་ལུ་ དབའེ་ གཙོ་བོ་གི་ཐུགས་དགྱེས་པའི་བུམོ་ སྐུ་གཟུགས་བཟང་པོ་ གཙོ་བོ་དུས་རྒྱུན་དུ་ ཁྱོད་དང་གཅིག་ཁར་བཞུགས་ཡོདཔ་ཨིན་ཟེར་སླབ་ད། 29 མཱིར་ཡམ་ཕོ་ཉ་གིས་སླབ་མི་འདི་གོཝ་ད་ སེམས་ཁར་ཐེ་ཚོམ་བསྐྱེད་དེ་ དབའི་ ཁོ་གིས་ང་ལུ་ག་ཅི་འབད་ དེ་སྦེ་སླབ་ཨིན་ན་ཟེར་ མོ་གི་སེམས་ཁར་ལུ་གནམ་མེད་ས་མེད་ཚ་གྱང་ལངས་ནུག 30 དེ་ལས་ད་རུང་ཕོ་ཉ་གིས་ བུམོ་ མཱིར་ཡམ་ ཁྱོད་མ་འདྲོག་སྨ་རེ་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁྱོད་ལུ་ཐུགས་དགྱེསཔ་ཨིན། 31 ཁྱོད་ལུ་ཨ་ལོ་བུ་གཅིག་ཆགས་ཏེ་སྐྱེ་ནི་ཨིན་ ཁྱོད་ཀྱིས་ཁོ་གི་མཚན་ཡང་ ཡེ་ཤུ་ཟེར་ཞུ་དགོ། 32 ཁོ་ག་ར་ལས་མཐོ་བའི་བསོད་ནམ་ཅན་གཅིག་སྦེ་འབྱོན་ནི་ཨིན་ དེ་ལས་བླ་ན་མེད་པའི་དཀོན་མཆོག་གི་སྲས་ཟེར་ཞུ་འོང་ འདི་གིས་མ་ཚད་ གཙོ་བོ་དཀོན་མཆོག་གིས་ ཁོ་གི་ཕ་བརྒྱུད་ ད་བིད་ཀྱི་རྒྱལ་ཁྲི་དེ་ཡང་ཁོ་ལུ་གནང་འོང་། 33 དེ་ལས་ ཡ་ཀོབ་ཀྱི་བུ་བརྒྱུད་དེ་ དུས་ནམ་ཡང་རྒྱུན་ཆད་མེད་པར་ཁོ་གིས་སྐྱོང་སྟེ་ ཁོ་རང་གི་རྒྱལ་སྲིད་དེ་མ་ཉམས་པར་བཞུགས་འོང་ཟེར་སླབ་ནུག 34 ད་རུང་ མཱིར་ཡམ་གྱིས་ཡང་ཕོ་ཉ་ལུ་ ང་ད་ལྟོ་ཚུན་ མི་ག་དང་ཡང་ལུས་འབྲེལ་འབད་རང་མ་མྱོང་མི་གཅིག་ཨིན་ འདི་ག་དེ་སྦེ་འབྱུང་ཚུགས་ནི་སྨོ་ཟེར་སླབ་ད། 35 ཕོ་ཉ་གིས་ དམ་པའི་ཐུགས་ཉིད་ཁྱོད་ཀྱི་གུ་བྱོན་ཏེ་ བླ་ན་མེད་པའི་དཀོན་མཆོག་གི་དབང་ཤུགས་ཀྱིས་གྲིབ་མ་ ཁྱོད་གུ་བཀབ་སྟེ་ ཁྱོད་ནང་ལུ་བུ་ཆགས་འོང་ དེ་ལས་སྦེ་སྐྱེ་ནི་འབད་མི་བུ་འདི་ཡང་ གཞན་དང་མ་འདྲ་བའི་ དམ་པ་གཅིགཔ་འདི་ དཀོན་མཆོག་གི་སྲས་ཟེར་ཞུ་འོང་། 36 དཔེར་ན་ཁྱོད་རང་གི་སྤུན་ཆ་ ཨེ་ལི་ས་བཱེད་ལུ་བལྟ་ཞིག་ མོ་ལོ་དང་ན་ཚོད་རྒས་ཏེ་ མི་ག་ར་གིས་ མོ་ལུ་རབས་ཆད་མ་ཟེར་སླབ་སྟེ་འབད་རུང་ ད་རེས་ནངས་པ་འབདཝ་ད་ མོ་ལུ་ཨ་ལོ་སྐྱེ་ནི་ཆགས་ཏེ་ཟླ་ངོ་དྲུག་ལངས་སོང་ཡི། 37 དེ་ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་ཕྱག་ལུ་མཛད་མ་ཚུགསཔ་ ག་ནི་ཡང་མེད་ཟེར་སླབ་ནུག 38 དེ་ལས་ མཱིར་ཡམ་གྱིས་ ང་ཡང་དཀོན་མཆོག་གི་ཞབས་ཕྱི་ཞུ་མི་གཅིག་ཨིན་ ཁྱོད་ཀྱིས་སླབ་དོཝ་བཟུམ་སྦེ་རང་ དོན་དག་ཚུ་འགྲུབ་བཅུག་ཟེར་སླབ་ནུག་ དེ་ལས་ཕོ་ཉ་ ག་བིརི་ཨཱེལ་དེ་ མོ་འབད་ས་ལས་ལོག་སོང་ནུག། 39 དེའི་སྐབས་ལུ་ མཱིར་ཡམ་ཚབ་ཚབ་རི་རི་སྦེ་ གྲ་སྒྲིག་བརྐྱབས་ཏེ་ རི་གཡུལ་ཁ་ཐུག་ལུ་ ཡུ་དེ་ཡ་ལུང་ཕྱོགས་ནང་སོང་ནུག 40 ལུང་ཕྱོགས་དེ་ཁར་བླམ་ ཟེ་ཀ་རི་ཡ་གི་ཁྱིམ་ནང་འགྱོ་སྟེ་ ཨེ་ལི་ས་བཱེད་ལུ་ སྐུ་གཟུགས་བཟང་པོ་ཟེར་སླབ་ནུག 41 དེ་ལས་ཨེ་ལི་ས་བཱེད་འདི་གོཝ་ཅིག་ མོ་གི་མངལ་ནང་གི་ཨ་ལོ་དེ་སྤར་ཏེ་ ཨེ་ལི་ས་བཱེད་དམ་པའི་ཐུགས་ཉིད་ཀྱིས་གང་ཞིནམ་ལས་ སྐད་སྦོམ་བརྐྱབས་ཏེ་ དེ་སྦེ་སླབ་ནུག 42 ཨམ་སྲུ་ཚུ་གི་གྲལ་ཁ་ལས་ ཁྱོད་བྱིན་རླབས་ཅན་གཅིག་ཨིན་ ཁྱོད་ཀྱིས་སྐྱེ་ནི་འབད་མིའི་ཨ་ལོ་འདི་བྱིན་རླབས་ཅན་གཅིག་ཨིན། 43 ངེ་གི་གཙོ་བོ་གི་ཡུམ་ང་འབད་སར་འོངས་ཏེ་ འདི་བཟུམ་མ་འདྲཝ་ག་ཅི་འབད་ང་ལུ་འབྱུངམ་ཨིན་ན། 44 ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ཁྱོད་ཀྱི་སྐད་གོཝ་ཅིག་ ངེ་གི་མངལ་ནང་གི་ཨ་ལོ་འདི་དགའ་ཚོར་བསྐྱེད་དེ་སྤར་ཡི། 45 གཙོ་བོ་གིས་གསུངས་མི་དོན་དག་དེ་འགྲུབ་འོང་ནི་འདི་ལུ་ དད་པ་བསྐྱེད་མིའི་ མཱིར་ཡམ་ ཁྱོད་ བྱིན་རླབས་ཅན་གཅིག་ཨིན་ཟེར་སླབ་ནུག། 46 དེ་ལས་ མཱིར་ཡམ་གྱིས་དེ་སྦེ་སླབ་ནུག ངེའི་སེམས་ཀྱི་གཏིང་ལས་རང་ གཙོ་བོ་ལུ་བསྟོད་པ་ཕུལཝ་ཨིན། 47 ང་ཡིད་རངས་ཏེ་སྐྱབས་མགོན་དཀོན་མཆོག་ལུ་ དགའ་སྤྲོ་འགྱུརཝ་ཨིན། 48 ག་ཅི་སྨོ་ཟེར་བ་ཅིན་ ཁོ་རང་གི་ཕྱག་ཞུ་མི་ཉམ་ཆུང་ལུ་ སྐྱིད་སྡུག་གཟིགས་ཅི་ ད་ང་ལུ་མི་རབས་ག་ར་གིས་ བྱིན་རླབས་ཅན་གཅིག་ཨིན་ཟེར་སླབ་འོང་། 49 ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་དོན་ལུ་ཀུན་དབང་དཀོན་མཆོག་གིས་ ཡ་མཚན་ཅན་གྱི་ཕྱག་ལཱ་མཛད་ཅི་ ཁོ་གི་མཚན་དེ་དམ་པ་ཨིན། 50 བུ་བརྒྱུད་ལས་བུ་བརྒྱུད་ ཁོ་ལུ་འདྲོག་ཤེས་མི་ཚུ་ལུ་ ཁོ་གིས་སྙིང་རྗེ་གཟིགས་འོང་། 51 ཁོ་གིས་ཤུགས་སྟོབས་ཀྱི་ཕྱག་ལཱ་མཛད་ཅི་ རང་གི་མནོ་བསམ་ནང་རྔམ་སྟོན་ཏེ་ སྡོད་མི་ཚུ་ཁོ་གིས་གཏོར་བཏང་ཡི། 52 དབང་ཅན་ཚུ་མཐོ་ས་ལས་མར་ཕབ་སྟེ་ ཉམ་ཆུང་ཚུ་ཡར་མཐོ་སར་བཀལ་གནང་ཡི། 53 ལྟོགསཔ་ཚུ་ལུ་བཞེས་སྒོ་ལེགས་ཤོམ་ མ་ལངས་ལངསམ་སྦེ་གནང་ཡི་ ཕྱུགཔ་ཚུ་ལུ་སྟོངམ་སྦེ་ལོག་བཏང་ཡི། 54 ང་བཅས་ཀྱི་ཕ་བརྒྱུད་ཚུ་ལུ་གསུངསམ་བཞིན་དུ་ ཨབ་ར་ཧམ་དང་ཁོ་གི་རིགས་བརྒྱུད་ལུ་ དུས་རྟག་བུ་རང་གི་དོན་ལུ་སྙིང་རྗེ་གཟིགས་ཏེ་ ཁོ་གིས་ཁོ་རང་གི་གཡོགཔོ་ ཨཱིས་ར་ཨཱེལ་ལུ་ སྐྱིད་སྡུག་གཟིགས་ཅི་ཟེར་སླབ་ནུག 56 མཱིར་ཡམ་ཟླཝ་གསུམ་དེ་ཅིག་ ཨེ་ལི་ས་བཱེད་དང་མཉམ་གཅིག་སྡོད་སྦེ་ ལོག་སྟེ་མོ་རང་གི་ཁྱིམ་ནང་སོང་ནུག། 57 དེ་ལས་ ཨེ་ལི་ས་བཱེད་ཨ་ལོ་སྐྱེས་བའི་དུས་ཚོད་རན་ཏེ་བུ་གཅིག་སྐྱེཝ་ད། 58 གཙོ་བོ་གིས་མོ་ལུ་སྙིང་རྗེ་སྦོམ་གཟིགས་ནུག་ཟེར་ ཁྱིམ་ཚང་དང་མི་ཚན་གྱིས་གོ་སྟེ་ མོ་དང་གཅིག་ཁར་དགའ་སྤྲོ་སྦོམ་གཅིག་འགྱུར་ནུག 59 ཉིནམ་བརྒྱད་ལངམ་ད་ཁོང་ག་ར་འཛོམས་ཏེ་ བུ་གི་ལུས་ལུ་རྟགས་བཀལ་ནི་གི་རྟེན་འབྲེལ་རྩིཝ་ད་ བུ་གི་མིང་འདི་ཁོ་རང་གི་ཨ་པ་གི་མིང་བཟུམ་སྦེ་ ཟེ་ཀ་རི་ཡ་ཟེར་བཏག་ནི་འབདཝ་ད། 60 ཨའི་གིས་ དེ་སྦེ་བཏག་ནི་མེན་ ཁོ་གི་མིང་ ཡོ་ཧ་ནཱན་ཟེར་བཏག་ནི་ཨིན་ཟེར་སླབ་ནུག 61 ཁོང་གིས་ཁྱོད་ཀྱི་མི་ཚན་ནང་དེ་བཟུམ་གྱི་མིང་ ག་ཡང་མིན་འདུག་ཟེར་སླབ་ནུག 62 དེ་ལས་ཁོང་གིས་ཁོ་རང་གི་ཨ་པ་ལུ་ལག་བརྡ་བཏོན་ཏེ་ བུ་གི་མིང་དེ་ག་ཅི་བཏག་ནི་སྨོ་ཟེར་སླབ་ད། 63 ཁོ་གིས་ཡི་གུ་འབྲི་སའི་གཅིག་ལེན་ཏེ་ བུ་གི་མིང་དེ་ ཡོ་ཧ་ནཱན་ཟེར་བཏག་ནི་ཨིན་ཟེར་བྲིས་བྱིནམ་ད་ ཁོང་ག་ར་ཧ་ལས་ནུག 64 དེ་འཕྲོ་ལས་ཁོ་ཁ་སླབ་ཚུགསཔ་སོང་སྟེ་ དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག 65 ཁྱིམ་ཚང་ཆ་ཁྱབ་ག་ར་རྣམ་རྟོག་ལངས་ཏེ་ ཁོ་གི་སྐོར་ལས་ ཡུ་དེ་ཡ་ལུང་ཕྱོགས་ག་ར་ནང་ཁྱབ་སོང་ནུག 66 ཨ་ནི་ལོ་རྒྱུས་གོ་མི་ག་ར་གིས་ བུ་འདི་ཤུལ་ལས་ ག་དེ་སྦེ་འོང་ག་སྨོ་ཟེར་མནོ་བསམ་བཏང་ཡི་ ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་དཀོན་མཆོག་གི་དབང་ཤུགས་དེ་ ཁོ་གུ་ཡོདཔ་ཨིན་མས།། 67 ཡོ་ཧ་ནཱན་གྱི་ཨ་པ་ བླམ་ ཟེ་ཀ་རི་ཡ་དེ་ དམ་པའི་ཐུགས་ཉིད་ཀྱིས་གང་སྟེ་ ལུང་བསྟན་དེ་སྦེ་བཤད་ནུག 68 ང་བཅས་ ཨཱིས་ར་ཨཱེལ་གྱི་ གཙོ་བོ་དཀོན་མཆོག་ལུ་ ག་ར་གིས་བསྟོད་པ་ཕུལ་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ཁོ་བྱོན་ཏེ་ མི་སེར་དེ་ཚུ་ལུ་སྐྱབས་མཛདཔ་ཨིན། 69 ཁོ་རང་གི་ཞབས་ཕྱིཔ་ ད་བིད་ཀྱི་རྒྱལ་རིགས་ལས་ ང་བཅས་ཀྱི་དོན་ལུ་ དབང་ཆེ་བའི་སྐྱབས་མགོན་གཅིག་ གྲ་སྒྲིག་མཛད་གནང་ཡི། 70 ཧེ་མ་ལས་ཁོ་རང་གི་ལུང་སྟོན་པ་ དམ་པ་ཚུ་གི་ཐོག་ལས་སྦེ་གསུངསམ་བཟུམ་སྦེ། 71 ང་བཅས་ལུ་ངལ་མ་རངས་མི་ དགྲ་གི་ལག་པ་ལས་སྐྱབས་མཛད་གནང་འོང་། 72 ཁོ་གིས་ང་བཅས་ཀྱི་རིགས་བརྒྱུད་དེ་ཚུ་ལུ་སྙིང་རྗེ་གཟིགས་ཏེ་ ཁོ་གིས་ཞལ་འཆེས་དམ་པ་གསུངས་དོཝ་བཟུམ་སྦེ་རང་མཛད་ནི་ཨིན། 73 ཁོ་གིས་ ང་བཅས་ཀྱི་ཡབ་ ཨབ་ར་ཧམ་ལུ་སྙིང་རྗེ་གཟིགས་ཏེ་ དབུ་མནའ་བཞེས་མི་འདི་ག་ཅི་སྨོ་ཟེར་བ་ཅིན། 74 ང་བཅས་ལུ་དགྲ་ཚུ་ལས་ སྐྱབས་མཛད་ནི་ཟེར་ཨིན་མས་ ང་བཅས་ཀྱི་མི་ཚེ་འདི་ ཁོ་གི་སྐུ་མདུན་ལུ་དུས་རྟག་བུ་རང་ དམ་པ་དང་ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་དེ་ འདྲོག་ནི་དང་འཚེར་ནི་ག་ནི་ཡང་མེད་པར་ ཕྱག་ཞུ་ཚུགསཔ་མཛད་གནང་ནི་ཨིན། 76 དེ་ལས་ཁོ་རང་གི་སྲས་ལུ་ ངེ་གི་བུ་ཁྱོད་ལུ་ བླ་ན་མེད་པའི་དཀོན་མཆོག་གི་ ལུང་སྟོན་པ་ཟེར་སླབ་འོང་ ག་ཅི་སྨོ་ཟེར་བ་ཅིན་ཁྱོད་ཀྱིས་ གཙོ་བོ་གི་ཧེ་མ་འགྱོ་སྟེ་ ཁོ་གི་ལམ་གྲ་སྒྲིག་བརྐྱབ་འོང་། 77 སྡིག་པ་བཤགས་པ་ཕུལ་བའི་སྒོ་ལས་སྦེ་ ཐར་པ་ཐོབ་འོང་ཟེར་ ཁོ་རང་གི་མི་སེར་ཚུ་ལུ་ ཆོས་སྟོན་འོང་། 78 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་དཀོན་མཆོག་དེ་ སྙིང་རྗེ་སྦོམ་བསྐྱེད་མི་གཅིག་ཨིན། 79 གནག་དུང་ནང་སྡོད་མི་དང་ ཤི་སའི་གྱིབ་མ་ཕོག་མི་འདི་ཚུ་ལུ་ ཁོ་གིས་གནམ་ཁ་ལས་ཉི་མའི་འོད་ཤར་ཏེ་ སྐྱིད་པའི་ལམ་སྟོན་མཛད་གནང་ནི་ཟེར་ ཟེ་ཀ་རི་ཡ་གིས་སླབ་ནུག 80 དེ་ལས་བུ་འདི་ཡར་སྦོམ་འགྱོ་སྟེ་ ལུས་དང་སེམས་རྒྱས་ཏེ་ ཁོང་ ཨཱིས་ར་ཨཱེལ་པ་ཚུ་གི་གདོང་ཁར་ལུ་མ་ཐོན་ཚུན་ཚོད་ རི་སྟོང་ནང་རང་སྡོད་ནུག།
1 དུས་ཚོད་དེའི་སྐབས་ལུ་ རོམ་གྱི་དབང་ཡོད་པའི་རྒྱལ་ཁབ་ཚུ་ལུ་ རྒྱལཔོ་ ཀེ་སཱར་ ཨའུ་གཱོས་ཏཱོས་ཀྱིས་ མི་ག་ར་མི་རྩིས་རྐྱབ་དགོ་ཟེར་བཀའ་ཤོག་གནང་ནུག 2 དེ་ལས་ཨ་ནི་མི་རྩིས་བརྐྱབ་ནི་འདི་ འགོ་དང་པ་ཨིན་མས་ དེའི་བསྒང་ལུ་ ཀྭི་རི་ནིའུས་ཟེར་མི་འདི་ སི་རི་ཡ་ལུ་དབང་མི་ རོམ་གྱི་གཞུང་ཚབ་གཅིག་ཨིན་མས། 3 དེ་ལས་མི་དམངས་ག་ར་ རང་རང་སོ་སོའི་ཁྲོམ་ནང་ལུ་ མི་རྩིས་རྐྱབ་པ་སོངམ་ད། 4 ཡོ་སེབ་ཡང་ ག་ལི་ལི་གི་ཁྲོམ་ ན་ཟ་རཱེད་ལས་ཐོན་འགྱོ་སྟེ་ ཡུ་དེ་ཡ་གི་ལུང་ཕྱོགས་ རྒྱལཔོ་ ད་བིད་ཀྱི་འཁྲུངས་ཁྲོམ་ བཱེད་ལེ་ཧེམ་ཟེར་སླབ་མི་ལུ་སོང་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ཡང་རྒྱལཔོ་ ད་བིད་ཀྱི་རིགས་བརྒྱུད་ལས་ཨིན་མས། 5 དེ་འབདཝ་ལས་བརྟེན་ཏེ་ ཁོ་དང་གཉེན་བརྐྱབ་ནི་སྦེ་ཁ་ཚིག་བྱིན་ཚར་མིའི་མནའམ་ མཱིར་ཡམ་ཡང་ གཟུགས་སྦོ་ཁོག་སྦེ་ ཁོ་དང་གཅིག་ཁར་མི་རྩིས་རྐྱབ་པ་སོང་ནུག 6 ཁོང་ཕར་ བཱེད་ལེ་ཧེམ་ལུ་ལྷོད་པའི་སྐབས་ མོ་ཟླཝ་ཚང་སྟེ་སྲས་འཁྲུང་ནི་འབདཝ་ད། 7 བ་ཁྱིམ་ནང་ལུ་སྦེ་ མོ་གི་འགོ་སྐྱེས་སྲས་འདི་འཁྲུངས་ནུག་ དེ་ལས་མོ་གིས་སྲས་ ན་བཟའ་རས་གཅིག་གིས་སྤུར་ཏེ་ བྱི་ཧང་ནང་ལུ་ཧལ་སྦེ་བཞུགས་བཅུག་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ག་ཏེ་ལུ་ཡང་བཞུགས་སའི་གནསཔོ་བརྙའ་མ་ཐོབ་པར་ཨིན་མས།། 8 བཱེད་ལེ་ཧེམ་ཁྲོམ་གྱི་མཐའ་འཁོར་ལུ་ ལུག་རྫིཔ་ཚུ་ནུབ་མོ་ས་ཕྱོགས་འདི་ནང་ ལུག་བསྲུང་སྟེ་སྡོདཔ་ད། 9 གཙོ་བོ་གི་ཕོ་ཉ་གཅིག་ རྣམ་རྟོག་དཔྱད་རིག་མེད་སི་སི་སྦེ་ ཁོང་སྡོད་སར་ཐོན་ཏེ་ གཙོ་བོའི་གཟི་བརྗིད་འདི་ ཉིན་མའི་འོད་ཟེར་བཟུམ་སྦེ་ཤར་ཏེ་ ཁོང་ལུ་ཕོག་ནུག་ དེ་འཕྲོ་ལས་ཁོང་ཆ་ཁྱབ་རྣམ་ཤོར་ཐོན་ཏེ་བལྟཝ་ད། 10 ཕོ་ཉ་གིས་ དབའེ་ ཁྱེད་མ་འདྲོག་པར་ནཱ་ལུ་ཉན་ཞིག་ ང་གིས་ཁྱེད་མི་དམངས་ལུ་ དགའ་སྤྲོ་སྦོམ་འབྱུང་ནི་གི་གཏམ་བཟང་གཅིག་འབག་འོང་ཡི། 11 ད་རིས་ཀྱི་ཉིནམ་འདི་ལུ་ ནཱ་རྒྱལཔོ་ ད་བིད་ཀྱི་ཁྲོམ་ཁར་ ཁྱེད་ཀྱི་དོན་ལུ་སྐྱབས་མཛད་མི་གཅིག་འཁྲུངས་ཡི་ ཁྱེད་ཀྱིས་སྒུག་སྡོད་མི་ དཀོན་མཆོག་གིས་བཙག་འཐུ་མཛད་མི་གཙོ་བོ་ཁིརཱིས་འདི་ ཁོ་རང་ཨིན། 12 ཨ་ནི་རྟགས་མཚན་འདི་ཡང་ ཁྱེད་ཀྱི་དོན་ལུ་ཕར་ བ་ཁྱིམ་ནང་ལུ་ སྲས་ན་བཟའ་རས་ཀྱིས་སྤུར་ཏེ་བྱི་ཧང་ནང་ གཟིམས་ཏེ་བཞུགས་ཡོདཔ་ ཁྱེད་ཀྱིས་མཇལ་ཚུགས་ཟེར་སླབ་ནུག 13 དེ་འཕྲོ་ལས་ ཕོ་ཉ་འདི་དང་གཅིག་ཁར་ཕོ་ཉ་མང་རབས་གཅིག་ ཡར་ཞིང་ཁམས་ལས་མར་འོངས་ཏེ་ དཀོན་མཆོག་ལུ་གླུ་དབྱངས་ཀྱི་བསྟོད་པ་དེ་སྦེ་ཕུལ་ནུག 14 ག་ར་ལས་མཐོ་བའི་ཞིང་ཁམས་ལུ་ བཞུགས་མི་དཀོན་མཆོག་ལུ་བསྟོད་པ་དང་ འཛམ་བུ་གླིང་ནང་ དཀོན་མཆོག་གིས་ག་ག་ལུ་ཐུགས་དགྱེས་མི་ཚུ་ལུ་ ཞི་བདེ་གནང་བར་ཤོག་ཟེར་ ཞུ་སྦེ། 15 ཕོ་ཉ་ཚུ་ལོག་སྟེ་ཞིང་ཁམས་ལུ་འགྱོ་ཚརཝ་ད་ ཁོང་ལུག་རྫིཔ་ཚུ་ཁོང་རང་གཅིག་གིས་གཅིག་ལུ་ ད་ལྟོ་གཙོ་བོ་གིས་ང་བཅས་ལུ་གསུངས་མི་ ཕར་ བཱེད་ལེ་ཧེམ་ལུ་བྱུང་ཡི་ཟེར་མི་འདི་ བལྟ་བ་འགྱོ་གེ་ཟེར་སླབ་སྟེ། 16 ཁོང་ག་ར་མགྱོགས་པར་སོང་སྟེ་བལྟཝ་ད་ མཱིར་ཡམ་དང་ ཡོ་སེབ་ཁོང་རང་གཉིས་དང་གཅིག་ཁར་སྲས་འདི་ བྱི་ཧང་ནང་གཟིམས་བཞུགས་ཡོདཔ་ ཁོང་ལུག་རྫིཔ་ཚུ་གིས་མཇལ་ནུག 17 ཁོང་ལུག་རྫིཔ་ཚུ་གིས་སྲས་དེ་མཇལ་ཚར་བའི་ཤུལ་ལས་ སྲས་ཀྱི་སྐོར་ལས་གོ་མིའི་ལོ་རྒྱུས་ཚུ་ག་ར་ མི་དམངས་ལུ་སླབ་ནུག 18 ལུག་རྫིཔ་ཚུ་གིས་སླབ་མིའི་ལོ་རྒྱུས་ཚུ་ལུ་བལྟ་སྟེ་ ཁོང་གོ་མི་ཚུ་ག་ར་ཡ་མཚན་ཆེ་ནུག 19 ལོ་རྒྱུས་དེ་ཚུ་ག་ར་ མཱིར་ཡམ་གྱིས་ལོག་ཅི་ལོག་ཅི་ མོ་རང་གི་སེམས་ཁར་དྲན་ཏེ་བཞག་ནུག 20 དེ་ལས་ཁོང་ལུག་རྫིཔ་ཚུ་གིས་ ཕོ་ཉ་གིས་སླབ་མིའི་ལོ་རྒྱུས་ག་ར་ རྣ་བ་གོ་ མིག་གིས་མཐོང་མི་འདི་ལུ་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་བསྟོད་པ་ཕུལ་སྦེ་ ཁོང་ལོག་སོང་ནུག། 21 ཡེ་ཤུ་འཁྲུངས་ཏེ་ཞག་བརྒྱད་ཀྱི་ཤུལ་ལས་ ཁོང་གི་ལུགས་སྲོལ་དང་འཁྲིལ་ཏེ་ ལུས་ལུ་རྟགས་བཀལ་ཏེ་ ལུས་གཙངམ་བཟོ་བའི་དུས་ལུ་ ཁོ་ཡུམ་གྱི་མངལ་ནང་མ་གནས་པའི་ཧེ་མ་ ཕོ་ཉ་གིས་ཞུ་མི་མཚན་ ཡེ་ཤུ་ཟེར་མི་འདི་ཡང་ བཏགས་ཕུལ་ནུག 22 དེ་ལས་ མོ་སཱེས་ཀྱི་བཀའ་ཁྲིམས་དང་འཁྲིལ་ཏེ་ མཱིར་ཡམ་ལུ་ གཙང་སྦྲ་བཟོ་བའི་དུས་ཚོད་རནམ་ད་ ཡོ་སེབ་དང་ མཱིར་ཡམ་གྱིས་ སྲས་ཡེ་ཤུ་ གཙོ་བོ་ལུ་ཕུལ་ནི་གི་དོན་ལུ་ ཡེ་རུ་ཤ་ལེམ་ལུ་བསྣམ་བྱོན་ནུག 23 ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་གི་བཀའ་ཁྲིམས་ནང་བྲིས་བཞག་དོཝ་བཟུམ་སྦེ་ ཨ་ལོ་འགོ་སྐྱེས་བུ་ཆ་ཁྱབ་ག་ར་ གཙོ་བོ་ལུ་ཕུལ་དགོཔ་ཨིན་མས། 24 དེ་ལས་གཙོ་བོ་གི་བཀའ་ཁྲིམས་དང་འཁྲིལ་ཏེ་ བྱ་ཐི་ལི་རྒྱལམོ་གཞོནམ་གཉིས་ ཡང་ན་ ཕུ་ཀྲུ་གཉིས་ཕུལ་དགོ་ཟེར་ ཁོང་གིས་མཆོད་པ་ཕུལ་ཏེ་ རྟེན་འབྲེལ་རྩིཝ་ཨིན་མས། 25 ཡེ་རུ་ཤ་ལེམ་ལུ་ སི་མི་ཨཱོན་ ཆོས་སེམས་ཆེ་ཏོག་ཏོ་དང་ དམ་ཚིག་བསྲུང་མི་ ཨཱིས་ར་ཨཱེལ་གྱི་མི་ཚུ་སེམས་གསོ་འབད་མི་ལུ་ སྒུག་སྡོད་མི་གཅིག་ཡོདཔ་ཨིན་མས་ ཁོ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་སྟེ་སྡོད་ནུག 26 དམ་པའི་ཐུགས་ཉིད་ཀྱིས་ཁོ་ལུ་ གཙོ་བོ་དཀོན་མཆོག་གིས་ བཙག་འཐུ་མཛད་མི་ཁིརཱིས་དང་མ་མཇལ་ཚུན་ཚོད་ ཁྱོད་མི་ཤི་ཟེར་ཁོ་ལུ་ལུང་བསྟན་གསུངས་གསུངསམ་ཨིན་མས། 27 དེ་ལས་ཁོ་ཐུགས་ཉིད་ཀྱིས་རྒྱུད་བསྐུལ་བརྐྱབས་ཏེ་མཆོད་ཁང་ནང་སོང་ནུག་ འདི་བསྒང་ ཡབ་དང་ཡུམ་གྱིས་ བཀའ་ཁྲིམས་ཀྱི་ལུགས་སྲོལ་སྒྲུབ་ནི་གི་དོན་ལུ་ སྲས་ཡེ་ཤུ་མཆོད་ཁང་ནང་བསྣམ་བྱོནམ་ད། 28 སི་མི་ཨཱོན་གྱིས་སྲས་འདི་ ཁོ་རང་གི་ཕང་མ་བཏབ་སྟེ་ དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག 29 ཀྱེ་གཙོ་བོ་ལགས་ ད་ནཱ་གིས་ཞལ་འཆེས་གསུངསམ་བཞིན་དུ་ ནཱ་གི་ཕྱག་ཞུ་མི་ལུ་བདེ་བའི་ངང་ནང་ ཚེ་ལས་འདས་བཅུག 30 ག་ཅི་སྨོ་ཟེར་བ་ཅིན་ནཱ་གིས་ མི་ག་ར་གི་མཐོང་ས་ལུ་གྲ་སྒྲིག་མཛད་གནང་མི་ ཐར་ལམ་འདི་ང་གིས་མཇལ་ཡི། 32 ཐར་ལམ་གྱི་འོད་ཟེར་དེ་གིས་ དཀོན་མཆོག་ ཕྱིའི་མི་རིགས་ཚུ་ལུ་མངོན་སུམ་དུ་བཏོན་ནི་ཨིན་ དེ་ལས་འོད་ཟེར་འདི་གི་ཐོག་ལས་སྦེ་ ནཱ་གི་མི་ ཨཱིས་ར་ཨཱེལ་པ་ཚུ་ བསྟོད་པ་ཐོབ་ནི་སྦེ་མཛད་གནང་ཡི་ཟེར་ཞུ་ནུག 33 སི་མི་ཨཱོན་གྱིས་སྲས་ཀྱི་སྐོར་ལས་ཞུ་མིའི་ལོ་རྒྱུས་འདི་ ཡབ་དང་ཡུམ་གྱིས་སྙན་གསན་ཏེ་ཧ་ལས་ནུག 34 སི་མི་ཨཱོན་གྱིས་ཁོང་ལུ་བྱིན་རླབས་བྱིན་ཞིནམ་ད་ མཱིར་ཡམ་ལུ་དེ་སྦེ་སླབ་ནུག་ ཨ་ནི་སྲས་འདི་གིས་ ཨཱིས་ར་ཨཱེལ་གྱི་མི་ཚུ་ལུ་ཕན་གནོད་གཉིས་ཆ་རང་འབྱུང་འོང་ ཁོ་ལུ་དད་པ་བསྐྱེད་མི་ཚུ་ལུ་ཐར་པ་དང་ དད་པ་མ་བསྐྱེད་མི་ཚུ་ལུ་ཆདཔ་ཕོག་འོང་ འདི་གི་དོན་ལུ་དཀོན་མཆོག་གིས་ཁོ་ལུ་བཙག་འཐུ་མཛད་ཅི་ དཀོན་མཆོག་གིས་གནང་མི་རྟགས་འདི་ཁོ་ཨིན་ མི་ལེ་ཤ་གིས་ཁོ་ལུ་ངོ་རྒོལ་འབད་འོང་། 35 འདི་འབདཝ་ལས་བརྟེན་ཏེ་ མི་ཚུ་གི་སེམས་ཁར་ཡོད་མིའི་གསང་བ་དེ་ཚུ་ ཕྱི་ཁར་བཏོན་འོང་ མཱིར་ཡམ་ ཁྱོད་སྡུག་བསྔལ་གྱིས་ཁྱོད་རའི་དོན་ཧིང་ལུ་ གྱི་ཅུང་གིས་སྲོབ་དོཝ་བཟུམ་སྦེ་སྲོབ་འོང་ཟེར་སླབ་ནུག 36 ཨ་སེར་གྱི་རིགས་ལས་ ཕ་ནུ་ཨཱེལ་ཟེར་མིའི་བུམོ་ ཨཱན་ན་ཟེར་སླབ་མི་ ལུང་སྟོནམ་རྒན་རྒས་གཅིག་ཡོདཔ་ཨིན་མས་ མོ་ལོ་བརྒྱད་བཅུ་གྱ་བཞི་ཡར་སོང་ནུག 37 མོ་གཉེན་བརྐྱབས་ཏེ་ལོ་བདུན་ལངམ་ད་ཡུགས་ས་མོ་ཐོན་ཏེ་ ཉིན་མཚན་མེད་པར་སྨྱུང་གནས་སྲུང་སྨོན་ལམ་ཞུ་སྟེ་ དཀོན་མཆོག་ལུ་ཞབས་ཏོག་ཞུ་སྟེ་རང་ མཆོད་ཁང་ནང་ལས་ཕྱི་ཁར་ཐོན་མ་སོངམ་ཨིན་མས། 38 འདི་བསྒང་ལུ་ མོ་ཁོང་བཞུགས་སར་ལྷོད་དེ་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་སྦེ་ ཡེ་རུ་ཤ་ལེམ་གྱི་ཐར་པ་ སྒུག་སྡོད་མི་ག་ར་ལུ་ སྲས་འདི་གི་སྐོར་ལས་སླབ་ནུག། 39 ཡོ་སེབ་དང་ མཱིར་ཡམ་ གཙོ་བོའི་བཀའ་ཁྲིམས་དང་འཁྲིལ་ཏེ་ ལཱ་ག་ར་ཚར་ཏེ་ ག་ལི་ལི་ལུང་ཕྱོགས་ ཁོང་རང་གི་ཁྲོམ་ ན་ཟ་རཱེད་ལུ་ལོག་སོང་ནུག 40 དཀོན་མཆོག་གི་ཐུགས་རྗེ་འདི་ཡེ་ཤུ་ལུ་གནང་སྟེ་ ཉིནམ་གཅིག་བ་ཉིནམ་གཅིག་ཡར་སྦོམ་འགྱོ་སྟེ་ ལུས་སྟོབས་སྒྲིང་སྒྲིང་སྦེ་ཐུགས་ཀྱི་མཁྱེན་རྒྱ་ཡང་གོང་འཕེལ་སོང་ནུག། 41 ཡེ་ཤུ་གི་ཡབ་ཡུམ་གཉིས་ཀུ་ ཤི་ས་ལས་ཐར་བའི་དུས་ཆེན་ལུ་ ལོ་རེ་འཆར་རང་ ཡེ་རུ་ཤ་ལེམ་ལུ་འགྱོ་དོ་ཡོདཔ་ཨིན་མས། 42 ཡེ་ཤུ་དགུང་ལོ་བཅུ་གཉིས་བཞེས་པའི་སྐབས་ལུ་ ལོ་ལྟར་བཞིན་གྱི་དུས་ཆེན་གྱི་དོན་ལུ་ཁོང་ ཡེ་རུ་ཤ་ལེམ་ལུ་བྱོན་ནུག 43 དུས་ཆེན་མཇུག་བསྡུ་སྟེ་ལོག་འགྱོཝ་ད་ ཡེ་ཤུ་ ཡེ་རུ་ཤ་ལེམ་ལུ་ལུས་སོངམ་ ཡབ་ཡུམ་གྱིས་མ་མཁྱེན་པས། 44 ཁོང་གིས་འབད་བ་ཅིན་ ཡེ་ཤུ་ཁོང་རང་གི་སྡེ་ཚན་ཚུ་གི་གྲལ་ཁར་ ཡོདཔ་འོང་ཟེར་མནོ་བསམ་བཏང་ནུག་ དེ་འབདཝ་ད་ ཉིན་ལམ་གཅིག་གི་ལམ་ཁར་ལྷོདཔ་ད་ ཁོང་རང་གི་མི་ཚན་ཚུ་དང་ ངོ་ཤེསཔ་ཚུ་གི་གྲལ་ཁར་འཚོལ་རུང་། 45 ཁོ་མ་ཐོབ་པར་ཁོང་གཉིས་ད་རུང་ལོག་སྟེ་ ཡེ་རུ་ཤ་ལེམ་ལུ་འཚོལ་བ་སོང་ནུག 46 ཉིནམ་གསུམ་གྱི་ཤུལ་ལས་ ཁོང་གིས་ཡེ་ཤུ་མཆོད་ཁང་ནང་ སློབ་དཔོན་ཚུ་དང་གཅིག་ཁར་ དྲི་བ་དྲིས་ལན་གནང་བཞུགས་ས་མཇལ་ནུག 47 ཁོ་གི་ཐུགས་ཀྱི་མཁྱེན་རྒྱ་དང་དྲིས་ལན་ལུ་བལྟ་སྟེ་ འདི་ཁར་ཉན་སྡོད་མི་ཚུ་ག་ར་ཧ་ལས་ནུག 48 ཁོ་ལུ་མཇལཝ་ད་ ཁོ་གི་ཡབ་དང་ཡུམ་ཧ་ལས་ཏེ་ ཡུམ་གྱིས་ བུ་ནཱ་གིས་ག་ཅི་འབད་ ང་བཅས་ལུ་འདི་བཟུམ་སྦེ་མཛདཔ་སྨོ་ ང་བཅས་ཕམ་གཉིས་ཚ་གྱང་ལངས་ཏེ་ ནཱ་ལུ་འཚོལ་སྡོད་ཅི་ཟེར་ཞུ་ནུག 49 ཁོ་གིས་ཡབ་དང་ཡུམ་ལུ་ ཁྱེད་ཀྱིས་ག་ཅི་འབད་ང་ལུ་འཚོལཝ་སྨོ་ ང་རང་གི་ཡབ་ཀྱི་གཟིམ་ཅུང་ནང་སྡོད་དགོ་ཟེར་ ཁྱེད་ཀྱིས་མི་ཤེས་ག་ཟེར་གསུངས་ནུག 50 དེ་འབདཝ་ད་ ཁོ་གིས་གསུངས་མི་འདི་ ཁོང་གཉིས་ཀྱིས་ཧ་མ་གོ་བས། 51 དེ་ལས་ཡེ་ཤུ་ཁོང་དང་མཉམ་གཅིག་ ན་ཟ་རཱེད་ལུ་ལོག་བྱོན་ཏེ་ ཨ་རྟག་རང་ཡབ་དང་ཡུམ་གྱིས་ཞུ་མི་ལུ་སྙན་གསན་ཏེ་བཞུགས་ནུག་ ཁོ་གིས་མཛད་སྤྱོད་དེ་ཚུ་ ཡུམ་གྱིས་ལོག་ཅི་ལོག་ཅི་ མོ་རང་གི་སེམས་ཁར་དྲན་ཏེ་བཞག་ནུག 52 དེ་ལས་ཡེ་ཤུ་ལུས་སྟོབས་ཡར་རྒྱས་ ཐུགས་ཀྱི་མཁྱེན་རྒྱ་ཡང་གོང་འཕེལ་སོང་སྟེ་ དཀོན་མཆོག་གིས་ཐུགས་དགྱེསཔ་མ་ཚད་ མི་དམངས་ཀྱིས་ཡང་ཁོ་ལུ་སེམས་དགའ་ནུག།
1 རྒྱལཔོ་ ཀེ་སཱར་ ཏི་བཱེར་ཡཱས་ཟེར་མི་འདི་གིས་ རྒྱལ་ཁབ་ག་ར་དབང་སྟེ་ལོ་བཅོ་ལྔ་བཞུགས་པའི་སྐབས་ལུ་ པཱོན་ཏི་ཨུས་ པི་ལ་ཏུས་ཟེར་མི་འདི་ རོམ་གྱི་གཞུང་གི་དོན་ལུ་ ཡུ་དེ་ཡ་གི་གཞུང་ཚབ་འབད་ནུག་ དེ་ལས་ ཧེ་རཱོད་ཟེར་མི་འདི་གིས་ ག་ལི་ལི་དབང་ ཁོ་གི་ནུ་གཅུང་ ཕི་ལིབ་ཟེར་མི་འདི་གིས་ ཨི་ཏུ་རེ་ཨཱན་དང་ ཏེརེ་ཀོ་ནི་ཏཱིས་དབང་ནུག་ དེ་ལས་ ལི་ས་ནི་ཨཱས་ཟེར་མི་འདི་གིས་ ཨ་བི་ལེན་དབང་ནུག 2 དེའི་སྐབས་ལུ་ ཨཱན་ནཱས་ཟེར་མི་དང་ ཀའི་ཡ་ཕཱས་ཟེར་མི་གཉིས་ མཁན་ཆེན་སྦེ་བཞུགས་ནུག་ དུས་ཚོད་འདི་བསྒང་ བླམ་ ཟེ་ཀ་རི་ཡ་གི་བུ་ ཡོ་ཧ་ནཱན་ཡང་ རི་སྟོང་ནང་སྡོདཔ་ད་ དཀོན་མཆོག་གི་གསུང་དེ་ ཁོ་གི་སེམས་ཉིད་ལུ་ཁྱབ་ནུག 3 ཁོ་གིས་གཙང་ཆུ་ ཡཱོར་དཱན་གྱི་སྦོ་ལོགས་ཁའི་གཡུས་ཚན་ཚུ་ནང་འོངས་ཏེ་ དཀོན་མཆོག་གིས་ཁོང་གི་སྡིག་པ་བཤགས་པ་བཞེས་པའི་དོན་ལུ་ སེམས་འགྱུར་ཏེ་ཁྲུས་གསོལ་ཞུ་ནི་གི་ཆོས་བཤད་ནུག 4 ལུང་སྟོན་པ་ ཨའི་ཟ་ཡ་གི་དེབ་ནང་ལུ་བྲིས་དོཝ་བཟུམ་སྦེ་རང་། རི་སྟོང་ནང་ལས་སྐད་གཅིག་བརྐྱབ་འོང་ གཙོ་བོའི་འབྱོན་ལམ་གྲ་སྒྲིག་རྐྱབས་ ཁོ་གི་འབྱོན་ལམ་ཕྲང་སྟེ་བཟོ། 5 དེ་ལས་གཞོང་འདི་ཐང་སྦེ་བཟོ་ རི་དང་སྒང་དེ་ཚུ་མར་བརྡལ་ཏེ་འདྲན་འདྲ་བཟོ་ གཡོ་ལམ་དེ་ཕྲང་སྟེ་བཟོ་ ལམ་ཟོགཔོ་དེ་ཚུ་མཉམ་ཏོག་ཏོ་བཟོ། 6 དེ་ལས་མི་ག་ར་གིས་ དཀོན་མཆོག་གི་ཐར་པ་འདི་མཐོང་འོང་ཟེར་ བྲིས་ནུག 7 འདི་གི་དུས་ལུ་ཁོ་ལས་ཁྲུས་གསོལ་ཞུ་བ་འོང་མིའི་མི་དམངས་ལུ་ཁོ་གིས་ ཨ་ཁའི་ སྦུལ་གདུག་དྲགས་ཀྱི་བུ་བརྒྱུད་ངན་པ་ ཁྱེད་དཀོན་མཆོག་གིས་གནང་ནི་འབད་མི་ཆདཔ་ལས་འབྱོག་ཟེར་ ག་གིས་སླབ་སྨོ། 8 ཁྱེད་ཀྱིས་སྡིག་པའི་ལཱ་སྤངས་ཏེ་སེམས་འགྱུར་ནི་གི་འབྲས་བུ་བཏོན་དགོ་ ཁྱེད་ རང་གིས་རང་ལུ་ ང་བཅས་ཡབ་ ཨབ་ར་ཧམ་གྱི་བུ་བརྒྱུད་ཨིན་ཟེར་ དཀོན་མཆོག་གི་ཆདཔ་ལས་ཐར་བའི་མནོ་བསམ་མ་གཏང་ ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ཁྱེད་ལུ་སླབ་ཨིན་ དཀོན་མཆོག་གིས་ཨ་ནི་རྡོ་ཚུ་ལས་ཡང་ ཨབ་ར་ཧམ་གྱི་བུ་བརྒྱུད་མཛད་ཚུགས། 9 ད་སྟ་རེ་དེ་ཤིང་གི་རྩ་བ་བཞག་ཡོད་ ཤིང་འབྲས་ལེགས་ཤོམ་མ་བཏགས་མི་ཤིང་འདི་ཚུ་ག་ར་བཏོགས་ཏེ་ མེ་ནང་བཙུགས་ནི་ཨིན་ཟེར་སླབ་ནུག 10 མི་དམངས་ཀྱིས་ ཡོ་ཧ་ནཱན་ལུ་ དེ་སྦེ་འབད་བ་ཅིན་ང་བཅས་ཀྱིས་ག་ཅི་འབད་དགོཔ་སྨོ་ཟེར་སླབ་ད། 11 ཁོ་གིས་ཁྱེད་ལུ་ཁན་འཇར་གཉིས་ཡོད་མི་ཚུ་གིས་ གཅིག་ག་མེད་མིའི་མི་འདི་ལུ་བྱིན་ བཞེས་སྒོ་ཡོད་མི་ཚུ་གིས་ ག་ བཞེས་སྒོ་མེད་མི་ཚུ་ལུ་ བགོ་བཤའ་རྐྱབ་བྱིན་དགོ་ཟེར་སླབ་ནུག 12 དེ་ལས་ཁྲལ་བསྡུ་མི་ཚུ་ཡང་ ཁོ་ལས་ཁྲུས་གསོལ་ཞུ་བ་འོངས་ཏེ་ ཁོང་གིས་ཁོ་ལུ་ སློབ་དཔོན་ ང་བཅས་ཀྱིས་ག་ཅི་འབད་དགོཔ་སྨོ་ཟེར་སླབ་ད། 13 ཁོ་གིས་ཁྱེད་ཀྱིས་ཁྲལ་བསྡུཝ་ད་ ག་ཕོག་མི་འདི་མ་གཏོགས་གཞན་ཐེབས་སྦེ་མ་ལེན་ཟེར་སླབ་ནུག 14 དེ་ལས་ད་རུང་དམག་མི་ཚུ་གིས་ཡང་ ང་བཅས་ག་ཅི་འབད་དགོ་ག་ཟེར་ཁོ་ལུ་འདྲིཝ་ད་ ཁྱེད་ཀྱིས་རོགས་ལུ་ཁྲིམས་ཕོག་ཟེར་སྐྱོན་བཟོ་སྟེ་མ་བཅོམ་ རང་གིས་ག་ཐོབ་མི་གླ་ཆ་འདི་གིས་ལངམ་སྦེ་སྡོད་ཟེར་སླབ་ནུག 15 མི་དེ་ཚུ་གིས་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ལུ་རེ་བ་བསྐྱེད་དེ་ བསྒུག་སྡོད་སྡོདཔ་འབད་ནི་དེ་གིས་ ཁོང་གིས་འབད་བ་ཅིན་ ཡོ་ཧ་ནཱན་འདི་ ཡང་ཅིན་ཁིརཱིས་ཨིནམ་འོང་ནི་མས་ཟེར་ ཁོང་རང་གི་སེམས་ཁར་ལུ་མནོ་བསམ་བཏང་ནུག 16 དེ་ལས་ ཡོ་ཧ་ནཱན་གྱིས་མི་དམངས་ལུ་ལན་ ང་གིས་ཁྱེད་ལུ་ཆུའི་ཁྲུས་གསོལ་བྱིནམ་ཨིན་ དེ་འབདཝ་ད་ ང་ལས་དབང་ཤུགས་ཅན་གཅིག་འབྱོན་དོ་ ཁོ་གི་ལྷམ་སྒྲོག་ འཁྱོལ་མི་གཅིག་གི་འོས་འབབ་ ང་ལུ་མེད་ཟེར་སླབ་ནུག་ ཁོ་གིས་ཁྱེད་ཆ་ཁྱབ་ལུ་དམ་པའི་ཐུགས་ཉིད་དང་ མེའི་ཁྲུས་གསོལ་གནང་འོང་། 17 ཁོ་གི་ཕྱག་ལུ་ཡོད་མིའི་སྦི་འཁྱབ་འདི་གིས་ འབྱུ་དང་ཤུན་པ་ སོ་སོ་འཕྱལ་ནི་སྦེ་གྲ་སྒྲིག་ཡོད་ དགོ་མི་འདི་འབྱུ་ཁྱིམ་ནང་ལུ་བླུག་ མ་དགོ་མི་ཤུན་པ་འདི་ ནམ་ཡང་ཤི་ནི་མེད་པའི་མེ་ནང་བཀོ་འོང་ཟེར་སླབ་ནུག 18 ཡོ་ཧ་ནཱན་གྱིས་ཐབས་ཤེས་མ་འདྲཝ་ལེ་ཤ་གི་ཐོག་ལས་སྦེ་མི་ཚོགས་ལུ་ ཨུ་ཚུགས་བསྐྱེད་དེ་གཏམ་བཟང་དེ་བཤད་ནུག 19 དཔོན་ ཧེ་རཱོད་ཀྱིས་ཁོ་རའི་སྐུ་མཆེད་ཀྱི་ལྕམ་ ཧེ་རཱོད་ཡཱས་བཞེསཔ་མ་ཚད་ ཕྱག་ལཱ་ངན་པ་གཞན་ཡང་འབད་ནི་དེ་གིས་ ཡོ་ཧ་ནཱན་གྱིས་ཁོ་ལུ་སྐྱོན་བརྗོད་ནུག 20 དེ་འབདཝ་ལས་བརྟེན་ཏེ་ ཧེ་རཱོད་ཀྱིས་ ད་རུང་དེ་ལས་སྐྱོ་བའི་ཕྱག་ལཱ་ངན་པ་འབད་དེ་ དམག་མི་གཏང་སྟེ་ ཡོ་ཧ་ནཱན་བཟུང་སྦེ་བཙོན་ཁང་ནང་བཙུགས་ནུག། 21 མི་དེ་ཚུ་ག་ར་ཁྲུས་གསོལ་ཞུ་བའི་ཚེ་ ཡེ་ཤུ་ཡང་ཁྲུས་གསོལ་བཞེས་ཏེ་ སྨོན་ལམ་བཏབ་བཞུགསཔ་ད་ ཡར་གནམ་ ཁ་ཕྱེ་སྟེ། 22 དམ་པའི་ཐུགས་ཉིད་འདི་བྱ་ཐི་ལི་རྒྱལམོ་བཟུམ་སྦེ་ ཡར་ལས་མར་ཁོ་གུ་བྱོན་བཞུགས་ནུག་ དེ་ལས་གནམ་ཁ་ལས་གསུང་སྐད་གཅིག་གིས་ ཁྱོད་ངེ་གི་བུ་གཅེས་ཤོས་ཕངས་ཤོས་གཅིག་ཨིན་ ཁྱོད་ལུ་བལྟ་སྟེ་ ང་གནམ་མེད་ས་མེད་སེམས་དགའ་ཡི་ཟེར་གསུངས་ནུག། 23 ཡེ་ཤུ་ དགུང་ལོ་གསུམ་བཅུ་ བཞེས་པའི་སྐབས་ལུ་ ཕྱག་ལཱ་འགོ་བཙུགས་མཛད་ནུག་ མི་དེ་ཚུ་གིས་ཡེ་ཤུ་ལུ་ ཡོ་སེབ་ཀྱི་བུ་ཨིན་ཟེར་མནོ་སྡོད་ནུག་ དེ་ལས་ ཡོ་སེབ་འདི་ ཧེ་ལི་གི་བུ་ཨིན་མས། 24 ཧེ་ལི་དེ་ མཱད་ཐ་གི་བུ་ མཱད་ཐ་དེ་ ལེ་ཝི་གི་བུ་ ལེ་ཝི་དེ་ མཱེལ་ཀི་གི་བུ་ མཱེལ་ཀི་དེ་ ཡ་ནའི་གི་བུ་ ཡ་ནའི་དེ་ ཡོ་སེབ་ཀྱི་བུ། 25 ཡོ་སེབ་དེ་ མ་ཏ་ཐི་ཨཱས་ཀྱི་བུ་ མ་ཏ་ཐི་ཨཱས་དེ་ ཨ་མཱོས་ཀྱི་བུ་ ཨ་མཱོས་དེ་ ན་ཧུམ་གྱི་བུ་ ན་ཧུམ་དེ་ ཨཱེས་ལི་གི་བུ་ ཨཱེས་ལི་དེ་ ནག་གའི་གི་བུ། 26 ནག་གའི་དེ་ མཱད་ཀྱི་བུ་ མཱད་དེ་ མ་ཏ་ཐི་ཨཱས་ཀྱི་བུ་ མ་ཏ་ཐི་ཨཱས་དེ་ སེ་མཱིན་གྱི་བུ་ སེ་མཱིན་དེ་ ཡོ་སེག་གི་བུ་ ཡོ་སེག་དེ་ ཡོ་ད་གི་བུ། 27 ཡོ་ད་དེ་ ཡོ་ནཱན་གྱི་བུ་ ཡོ་ནཱན་དེ་ རེ་ས་གི་བུ་ རེ་ས་དེ་ ཟེ་རུ་བ་བཱེལ་གྱི་བུ་ ཟེ་རུ་བ་བཱེལ་དེ་ ཤེ་ཨཱལ་ཏི་ཨཱེལ་གྱི་བུ་ ཤེ་ཨཱལ་ཏི་ཨཱེལ་དེ་ ནེ་རི་གི་བུ། 28 ནེ་རི་དེ་ མཱེལ་ཀི་གི་བུ་ མཱེལ་ཀི་དེ་ ཨཱད་དི་གི་བུ་ ཨཱད་དི་དེ་ ཀོ་སམ་གྱི་བུ་ ཀོ་སམ་དེ་ ཨཱེལ་མ་དམ་གྱི་བུ་ ཨཱེལ་མ་དམ་དེ་ ཨཱེར་གྱི་བུ། 29 ཨཱེར་དེ་ ཡོ་ཤུ་ཨ་གི་བུ་ ཡོ་ཤུ་ཨ་དེ་ ཨེ་ལི་ཨེ་ཟཱེར་གྱི་བུ་ ཨེ་ལི་ཨེ་ཟཱེར་དེ་ ཡོ་རིམ་གྱི་བུ་ ཡོ་རིམ་དེ་ མཱད་ཐ་གི་བུ་ མཱད་ཐ་དེ་ ལེ་ཝི་གི་བུ། 30 ལེ་ཝི་དེ་ སི་མི་ཨཱོན་གྱི་བུ་ སི་མི་ཨཱོན་དེ་ ཡུ་ད་གི་བུ་ ཡུ་ད་དེ་ ཡོ་སེབ་ཀྱི་བུ་ ཡོ་སེབ་དེ་ ཡོ་ནམ་གྱི་བུ་ ཡོ་ནམ་དེ་ ཨེ་ལི་ཨ་ཀིམ་གྱི་བུ། 31 ཨེ་ལི་ཨ་ཀིམ་དེ་ མེ་ལི་ཡ་གི་བུ་ མེ་ལི་ཡ་དེ་ མཱེན་ན་གི་བུ་ མཱེན་ན་དེ་ མ་ཏ་ཐ་གི་བུ་ མ་ཏ་ཐ་དེ་ ན་ཐཱན་གྱི་བུ་ ན་ཐཱན་དེ་ ད་བིད་ཀྱི་བུ། 32 ད་བིད་དེ་ ཇེ་སི་གི་བུ་ ཇེ་སི་དེ་ ཨོ་བཱེད་ཀྱི་བུ་ ཨོ་བཱེད་དེ་ བོ་ཨཱཛ་གི་བུ་ བོ་ཨཱཛ་དེ་ ས་ལ་གི་བུ་ ས་ལ་དེ་ ན་ཤཱོན་གྱི་བུ། 33 ན་ཤཱོན་དེ་ ཨ་མི་ན་དབ་ཀྱི་བུ་ ཨ་མི་ན་དབ་དེ་ ཨཱད་མཱིན་གྱི་བུ་ ཨཱད་མཱིན་དེ་ ཨཱར་ནི་གི་བུ་ ཨཱར་ནི་དེ་ ཧཱེས་རཱོན་གྱི་བུ་ ཧཱེས་རཱོན་དེ་ ཕེ་རཱེས་ཀྱི་བུ་ ཕེ་རཱེས་དེ་ ཡུ་ད་གི་བུ། 34 ཡུ་ད་དེ་ ཡ་ཀོབ་ཀྱི་བུ་ ཡ་ཀོབ་དེ་ ཨི་སག་གི་བུ་ ཨི་སག་དེ་ ཨབ་ར་ཧམ་གྱི་བུ་ ཨབ་ར་ཧམ་དེ་ ཐེ་ར་གི་བུ་ ཐེ་ར་དེ་ ན་ཧཱོར་གྱི་བུ། 35 ན་ཧཱོར་དེ་ སེ་རུག་གི་བུ་ སེ་རུག་དེ་ རེའུ་གི་བུ་ རེའུ་དེ་ ཕེ་ལེག་གི་བུ་ ཕེ་ལེག་དེ་ ཨེ་བཱེར་གྱི་བུ་ ཨེ་བཱེར་དེ་ ས་ལ་གི་བུ། 36 ས་ལ་དེ་ ཀེ་ནཱན་གྱི་བུ་ ཀེ་ནཱན་དེ་ ཨཱར་ཕག་ཤཱད་ཀྱི་བུ་ ཨཱར་ཕག་ཤཱད་དེ་ ཤེམ་གྱི་བུ་ ཤེམ་དེ་ ནོ་ཝ་གི་བུ་ ནོ་ཝ་དེ་ ལ་མེག་གི་བུ། 37 ལ་མེག་དེ་ མེ་ཐུ་སེ་ལ་གི་བུ་ མེ་ཐུ་སེ་ལ་དེ་ ཨེ་ནོག་གི་བུ་ ཨེ་ནོག་དེ་ ཡ་རཱེད་ཀྱི་བུ་ ཡ་རཱེད་དེ་ མ་ཧ་ལ་ལཱེལ་གྱི་བུ་ མ་ཧ་ལ་ལཱེལ་དེ་ ཀེ་ནཱན་གྱི་བུ། 38 ཀེ་ནཱན་དེ་ ཨེ་ནཱོས་ཀྱི་བུ་ ཨེ་ནཱོས་དེ་ ཤཱེད་ཀྱི་བུ་ ཤཱེད་དེ་ ཨ་དམ་གྱི་བུ་ ཨ་དམ་དེ་ དཀོན་མཆོག་གི་སྲས་ཨིན།།
1 ཡེ་ཤུ་དམ་པའི་ཐུགས་ཉིད་ཀྱིས་གང་སྟེ་ གཙང་ཆུ་ ཡཱོར་དཱན་ལས་ལོག་འབྱོནམ་ད་ དམ་པའི་ཐུགས་ཉིད་ཀྱིས་རྒྱུད་བསྐུལ་བརྐྱབས་ཏེ་ ཁོ་རི་སྟོང་ནང་ལུ་བྱོན་ཏེ། 2 ཉིན་ཞག་བཞི་བཅུ་ཚུན་ཚོད་ རི་སྟོང་ནང་ལུ་བདུད་ཀྱིས་ཁོ་ལུ་ཐུགས་ཚོད་བལྟ་ནུག་ དུས་ཚོད་དེའི་སྐབས་ལུ་ཁོ་གིས་ གསོལཝ་ལ་སོགས་པ་ག་ཅི་ཡང་མ་བཞེས་པས་ དེ་ལས་ཉིན་ཞག་བཞི་བཅུ་ཚངམ་ད་ ཁོ་གསོལཝ་སྨྱུང་སྟེ། 3 བདུད་ཀྱིས་ཁོ་ལུ་ ནཱ་དཀོན་མཆོག་གི་སྲས་ཨིན་པ་ཅིན་ རྡོ་འདི་ཏད་ཟས་ལུ་འགྱུར་ནི་གི་བཀའ་གནང་ཟེར་ཞུ་ནུག 4 ཡེ་ཤུ་གིས། མི་དེ་ཚུ་བཞེས་སྒོ་རྐྱངམ་གཅིག་ལུ་བརྟེན་ཏེ་ གསོན་པོ་སྦེ་སྡོདཔ་མེན་ཟེར་ གསུང་རབ་ནང་བྲིས་ཏེ་ཡོད་ཟེར་གསུངས་ནུག 5 ད་རུང་བདུད་ཀྱིས་ཡེ་ཤུ་ལུ་ ས་མཐོ་ས་གཅིག་གི་གུ་འཁྱིད་དེ་ ཡུདཔ་ཐེངས་གཅིག་གི་ནང་ འཛམ་བུ་གླིང་གི་རྒྱལ་ཁབ་ག་ར་བཏོན་ཏེ། 6 བདུད་ཀྱིས་ཨ་ནི་འཛམ་བུ་གླིང་གི་དཔལ་འབྱོར་དང་ དབང་ཚད་ག་ར་ནཱ་ལུ་ཕུལ་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ འདི་ངེ་གི་དབང་ཚད་ནང་ཡོད་ ང་གིས་ག་དགའ་མི་དེ་ལུ་བྱིན་ཐག་ཆོག 7 ནཱ་གིས་ང་ལུ་ཕྱག་འཚལ་ཏེ་བསྟོད་པ་གནང་པ་ཅིན་ དེ་ག་ར་ནཱ་གིས་ཐོབ་འོང་ཟེར་ཞུ་ནུག 8 དེའི་ལན་ལུ་ཡེ་ཤུ་གིས། ཁྱོད་རང་གི་གཙོ་བོ་དཀོན་མཆོག་རྐྱངམ་གཅིག་ལུ་ བསྟོད་པ་ཕུལ་ཏེ་ཁོ་ལུ་ཕྱག་ཞུ་ཟེར་ གསུང་རབ་ནང་བྲིས་ཏེ་ཡོད་ཟེར་གསུངས་ནུག 9 དེ་ལས་ད་རུང་བདུད་དེ་གིས་ཡེ་ཤུ་ ཡེ་རུ་ཤ་ལེམ་ལུ་འཁྱིད་དེ་ མཆོད་ཁང་གི་དབུ་རྩེ་གུ་བཀལ་ཏེ་ ནཱ་དཀོན་མཆོག་གི་སྲས་ཨིན་པ་ཅིན་ ནཱ་ལས་མར་མཆོངས། 10 ག་ཅི་སྨོ་ཟེར་བ་ཅིན་གསུང་རབ་ནང་ལུ་དེ་སྦེ་བྲིས་ཏེ་འདུག དཀོན་མཆོག་ཁོ་རང་གི་ཕོ་ཉ་ཚུ་ལུ་ བཀའ་གནང་སྟེ། 11 ཁོང་གིས་ཁྱོད་ལུ་ལག་པར་བཟུང་སྟེ་ རྐངམ་མར་རྡོ་གུ་རྩ་ལས་རང་ ཕོག་མི་བཅུག་ཟེར་ བདུད་ཀྱིས་ཞུ་ནུག 12 དེ་འབདཝ་ད་ཡེ་ཤུ་གིས། ཁྱོད་ཀྱིས་རང་གི་གཙོ་བོ་དཀོན་མཆོག་ལུ་ ཐུགས་ཚོད་མ་བལྟ་ཟེར་ གསུང་རབ་ནང་བྲིས་ཏེ་ཡོད་ ཟེར་གསུངས་ནུག 13 བདུད་ཀྱིས་ཡེ་ཤུ་གི་ཐུགས་ཚོད་བལྟ་ཚར་ཞིནམ་ལས་ ཡེ་ཤུ་བཞག་སྟེ་ཡར་སོང་ནུག་ དེ་འབདཝ་ད་ ལོག་གོ་སྐབས་མ་ཐོབ་ཚུན་ཚོད་སྒུག་སྡོད་ནུག། 14 ཡེ་ཤུ་ཐུགས་ཉིད་ཀྱི་སྟོབས་ཤུགས་དང་ལྡན་ཏེ་ ག་ལི་ལི་ལུང་ཕྱོགས་ལུ་ལོག་འབྱོནམ་ད་ གཡུས་ག་ར་ནང་ཁོ་གི་སྙན་གྲགས་ཁྱབ་ནུག 15 སི་ན་གོག་དེ་ཚུ་ནང་ཆོས་སྟོན་གནང་སྟེ་ མི་ག་ར་གིས་ཁོ་ལུ་བསྟོད་པ་ཕུལ་ནུག། 16 ཡེ་ཤུ་ཁོ་རང་གི་ཁྲོམ་ ན་ཟ་རཱེད་ལུ་ལོག་བྱོན་ཏེ་ ཨ་རྟག་རང་ ཁོ་རང་གི་ལུགས་སྲོལ་དེ་སྦེ་ཨིནམ་ལས་ ངལ་འཚོ་བའི་ཉིན་མ་ སི་ན་གོག་ནང་ལུ་བྱོན་ཏེ་ གསུང་རབ་ལྷག་ནིའི་དོན་ལུ་ཡར་བཞེངས་ཏེ། 17 ལུང་སྟོན་པ་ ཨའི་ཟ་ཡ་གིས་བྲིས་མི་ དཔེ་ཆ་ཤོག་དྲིལ་ཁོ་ལུ་ཕུལ་ཏེ་ ཁོ་གིས་དཔེ་ཆ་ཤོག་དྲིལ་ཁ་ཕྱེཝ་ད་ ཁོ་གིས་འཚོལ་མི་ཚིག་འདི་ཐོབ་སྟེ་ དེ་སྦེ་ལྷག་གནང་ནུག 18 གཙོ་བོ་གིས་ང་ལུ་བཙག་འཐུ་མཛད་གནང་སྟེ་ ཁོ་གི་ཐུགས་ཉིད་ ངེའི་གུ་བཞུགས་ཡོད་ འདི་ག་ར་གཏམ་བཟང་ བཤད་ནི་གི་དོན་ལུ་ཨིན་ གཏམ་བཟང་འདི་བཙོན་པ་ཚུ་ལུ་ ཐར་པ་ཐོབ་ནི་གི་དོན་ལུ་དང་ ཞརཝ་ཚུ་མཐོང་ཚུགསཔ་ བཟོ་ནི་གི་དོན་ལུ་ མར་མནེམ་བཞག་མི་ཚུ་ལུ་ ཐར་གཏང་ནི་གི་དོན་ལུ་ཨིན། 19 གཙོ་བོའི་ཐུགས་རྗེ་འདི་གིས་ མི་ཚུ་སྐྱབས་མཛད་པའི་དོན་ལུ་ ང་ལུ་གཏམ་བཟང་འདི་ བཤད་པ་གཏང་གནང་ཡི་ཟེར་ དེ་སྦེ་ལྷག་གནང་ནུག 20 ཆོས་ལྷག་ཚརཝ་ད་དཔེ་ཆ་དེ་ ད་རུང་ཤོག་དྲིལ་ཡར་ལོག་སྒྲིལ་ཏེ་ ཆོས་གཡོགཔོ་གཅིག་ལུ་གནང་སྦེ་ ཁོ་རང་མར་ས་ཁར་བཞུགས་ནུག་ སི་ན་གོག་ནང་ཡོད་མི་ག་ར་གིས་ ཐད་རི་བ་རི་ཁོ་གི་ཞལ་བལྟ་སྟེ་སྡོདཔ་ད། 21 ཁོ་གིས་ཁོང་ལུ་ ད་རིས་ཁྱེད་ཀྱིས་གོ་དོཝ་བཟུམ་སྦེ་རང་ང་གིས་ལྷག་མི་གསུང་རབ་འདི་ ག་ར་དོན་དག་གྲུབ་ཅི་ཟེར་གསུངས་ནུག 22 མི་ག་ར་གིས་ ཁོ་གི་སྐོར་ལས་བསྟོད་པ་བརྐྱབས་ནུག་ ཁོ་གི་བློ་སླབ་ཐངས་འདི་ཧན་ཏོང་ཏོ་འདུག་ ཁོ་ ཡོ་སེབ་ཀྱི་བུ་ཨིན་མེན་ན་ འདི་ག་དེ་སྦེ་ཨིན་ན་ཟེར་སླབ་སྟེ་མི་ག་ར་ཧ་ལས་ནུག 23 ཡེ་ཤུ་གིས་མི་ཚུ་ལུ་དཔེ་གཏམ་འདི་བཟུམ་སྦེ་ ཐད་རི་བ་རི་ཁྱེད་ཀྱིས་ང་ལུ་སླབ་འོང་ དྲུང་འཚོ་ཁྱོད་རང་ལུ་དྲགཔ་བཟོ་ཞིག་ ཁྱོད་ཀྱིས་ ཀ་ཕཱར་ནུམ་ལུ་མཛད་མི་དེ་ ང་བཅས་ཀྱིས་གོ་ཡི་ འདི་ནཱ་རང་གི་གཡུས་ཁ་ལུ་ཡང་འབད་ཟེར་ ཁྱེད་ཀྱིས་སླབ་འོང་ཟེར་གསུངས་ནུག 24 ད་རུང་ཁོ་གིས་མི་ཚུ་ལུ་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་དོ་ ལུང་སྟོན་པ་ག་ལུ་རང་འབད་རུང་ རང་གི་གཡུས་ཁ་གི་མི་ཚུ་གིས་ ཁོ་ལུ་དགའ་མི་བཏུབ། 25 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ལུང་སྟོན་པ་ ཨེ་ལི་ཡ་གི་སྐབས་ལུ་ ལོ་གསུམ་དང་ཕྱེད་ཆར་ཆུ་མེད་པར་ ས་གཞི་ག་ར་ནང་མུ་གེ་ཤུགས་སྦེ་འབྱུངམ་ད་ ཨཱིས་ར་ཨཱེལ་ལུ་ཨམ་སྲུ་ཡུགས་ས་མོ་ལེ་ཤ་ལུ་ ཆ་རོགས་འབད་དགོཔ་ཡོདཔ་ཨིན་མས། 26 དེ་འབདཝ་ད་ ཁོང་གི་དོན་ལུ་ ཨེ་ལི་ཡ་ལུ་མ་གཏང་པར་ སི་དོན་གྱི་ཁྲོམ་ཁར་ ཟ་རེ་ཕཱད་ལུ་སྡོད་མིའི་ཡུགས་ས་མོ་འབད་སར་རྐྱངམ་གཅིག་གཏང་ནུག 27 ལུང་སྟོན་པ་ ཨེ་ལི་ཤ་གི་སྐབས་ལུ་ ཨཱིས་ར་ཨཱེལ་ལུ་ མཛེ་ནད་ན་མི་ལེ་ཤ་ཡོདཔ་ཨིན་མས་ མཛེ་ནད་ན་མི་འདི་ཚུ་གཅིག་ཡང་དྲགཔ་མ་བཟོ་བས་ དེ་འབདཝ་ད་ ལུང་ཕྱོགས་ སི་རི་ཡ་ལས་འོང་མིའི་ ནའ་མཱན་ཟེར་མི་དེ་ལུ་རྐྱངམ་གཅིག་ དྲགཔ་བཟོ་ནུག་ཟེར་གསུངས་ནུག 28 སི་ན་གོག་ནང་གི་མི་ཚུ་གིས་འདི་གོཝ་ད་ གནམ་མེད་ས་མེད་ཙིགཔ་ཟ་སྟེ། 29 ཁོང་ག་ར་གིས་ཡེ་ཤུ་ལུ་ཁྲོམ་ཁར་ལས་ཕྱི་ཁར་བཏོན་ཏེ་ ཁོང་གི་ཁྲོམ་ཆགས་སའི་རི་གུ་འཁྱིད་དེ་ བྱག་གི་གུ་ལས་མར་བཀོ་ནི་འབད་ནུག 30 དེ་འབདཝ་ད་ ཡེ་ཤུ་ཁོང་གི་སྦུག་ལས་ཐོན་ཏེ་བྱོན་ནུག། 31 ཡེ་ཤུ་ ག་ལི་ལི་གི་ཁྲོམ་ ཀ་ཕཱར་ནུམ་ལུ་བྱོན་ཏེ་ ངལ་འཚོ་བའི་ཉིན་མ་མི་ཚུ་ལུ་ཆོས་སྟོན་གནངམ་ད། 32 ཁོང་ག་ར་ཧ་ལས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གི་ཆོས་སྟོན་ཐངས་འདི་ དབང་ཚད་ཅན་སྦེ་ཨིན་མས། 33 འདིའི་སྐབས་ལུ་ སི་ན་གོག་ནང་འདྲེ་གདོན་འཛུལ་མི་གཅིག་འོངས་ཏེ་ ཁོ་གིས་སྐད་སྦོམ་སྦེ་བརྐྱབས་ཏེ། 34 ན་ཟ་རཱེད་ཀྱི་ཡེ་ཤུ་ ནཱ་ང་བཅས་ལས་ག་ཅི་དགོ་ནི་སྨོ་ ནཱ་ང་བཅས་ལུ་རྩ་མེད་གཏང་པ་བྱོནམ་ཨིན་ན་ ནཱ་ག་ཨིན་ན་ང་གིས་ཤེས་ ནཱ་དཀོན་མཆོག་ལས་བྱོན་མིའི་ དམ་པ་གཅིག་ཨིན་མས་ཟེར་ཞུཝ་ད། 35 ཡེ་ཤུ་གིས་ ཁྱོད་ཁ་བཙུམ་སྟེ་ཁོ་གི་ནང་ན་ལས་ཐོན་སོང་ཟེར་བཀའ་བཀྱོན་གནང་ནུག་ མི་དམངས་ཀྱི་སྦུག་ལུ་ འདྲེ་དེ་གིས་མི་འདི་མར་བརྡབས་ཏེ་འབད་རུང་ ཁོ་ལུ་གནོད་པ་ག་ནི་ཡང་མ་བྱུང་པར་ འདྲེ་གདོན་འདི་ཐོན་སོང་ནུག 36 དེ་ལས་འདི་ཁར་གྱི་མི་ག་ར་ གཅིག་གིས་གཅིག་ལུ་ ག་ཅི་བཟུམ་གྱི་བཏོན་ཐངས་གཅིག་ཨིན་ན་ ཁོ་ནང་དབང་ཚད་དང་ཤུགས་ཡང་འདུག་ ཁོ་གིས་བཀའ་གནང་མིའི་བསྒང་ལས་ འདྲེ་གདོན་འདི་ཚུ་ཡང་འཐོན་འགྱོཝ་ཨིན་མས་ཟེར་སླབ་ནུག 37 དེ་ལས་ཡེ་ཤུ་གི་གཏམ་སྙན་གྲགས་དེ་ ལུང་ཕྱོགས་ཀྱི་མཐའ་བསྐོར་ག་ར་ནང་ཁྱབ་སོང་ནུག། 38 ཡེ་ཤུ་ སི་ན་གོག་ནང་ལས་ཐོན་བྱོན་ཏེ་ སི་མཱོན་གྱི་ཁྱིམ་ནང་འབྱོནམ་ད་ སི་མཱོན་གྱི་སྒྱུགམོ་དེ་ དྲོད་འབར་རྐྱབ་ན་སྟེ་ཡོདཔ་ཨིན་མས་ ཡེ་ཤུ་ལུ་དྲགཔ་མཛད་གནང་ཟེར་ཞུཝ་ད། 39 ཡེ་ཤུ་མོ་གི་སྦོ་ལོགས་ཁར་བྱོན་ཞིནམ་ད་ མར་གུག་སྟེ་ དྲོད་འབར་འདི་ལུ་བཀའ་གནངམ་ད་ དྲོད་འབར་སངས་ཏེ་ མོ་གིས་ཁོང་གི་ཕྱག་ཞུ་ནུག 40 ནམ་སྲོ་པའི་བསྒང་ལས་ ནད་མ་གཅིགཔ་ན་སྡོད་མིའི་ལེ་ཤ་ལུ་ ཡེ་ཤུ་གི་སྐུ་མདུན་ལུ་འཁྱིད་འོངས་ཏེ་ ནདཔ་རེ་རེ་གི་གུ་ལུ་ཕྱག་བཀལ་ཏེ་དྲགཔ་མཛད་ནུག 41 མི་ལེ་ཤ་གི་ནང་ལས་འདྲེ་གདོན་དེ་ཚུ་སྐད་བརྐྱབས་ཏེ་ ནཱ་དཀོན་མཆོག་གི་སྲས་ཨིན་མས་ཟེར་ཞུ་སྟེ་ ཕྱི་ཁར་ཐོན་སོང་ནུག་ དེ་འབདཝ་ད་ ཡེ་ཤུ་གིས་ཁོང་ལུ་ བཀའ་གནང་སྟེ་ཁ་སླབ་མ་སྟེར་བས་ ག་ཅི་སྨོ་ཟེར་བ་ཅིན་ཁོང་གིས་ ཁོ་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ཟེར་ཤེས་ནུག། 42 དྲོ་པ་ཤར་དཀརཝ་ད་ ཡེ་ཤུ་ཁྲོམ་འདི་ཁར་ལས་ རི་ཙག་ས་གཅིག་ནང་བྱོན་ནུག་ དེ་ལས་མི་དམངས་ཀྱིས་ཁོ་འཚོལ་ཏེ་ མཇལཝ་ད་ ང་བཅས་ལུ་བཞག་སྟེ་བྱོན་མ་སོང་ཟེར་ འགོར་བཞག་ནི་འབད་ནུག 43 དེ་འབདཝ་ད་ ཁོ་གིས་ཁོང་ལུ་ དཀོན་མཆོག་གི་རྒྱལ་སྲིད་ཀྱི་གཏམ་བཟང་དེ་ གཡུས་གཞན་ཁར་ལུ་ཡང་བཤད་པ་འགྱོ་དགོ་ འདི་གི་དོན་ལས་སྦེ་ ང་ལུ་གཏང་གནང་ཡི་ཟེར་གསུངས་ནུག 44 དེ་ལས་ཁོ་གིས་ ཡུ་དེ་ཡ་ལུང་ཕྱོགས་ཀྱི་ སི་ན་གོག་དེ་ཚུ་ནང་བྱོན་ཏེ་ཆོས་གསུངས་ནུག།
1 ཡེ་ཤུ་ གེ་ནེ་ས་རད་མཚོ་གི་མཐའ་མར་ བཞེངས་བཞུགས་པའི་སྐབས་ལུ་ མི་དམངས་དཀོན་མཆོག་གི་གསུང་ཉན་པའི་དོན་ལུ་ ཁོ་གི་བསྐོར་ར་བརྐྱབས་ཏེ་ ཨེབ་ཐག་རྐྱབ་འོངམ་ཨིན་མས། 2 འདི་བསྒང་ ཉ་རོགསཔ་ཚུ་གིས་མཚོ་གི་མཐའ་མ་ བཀོག་བཞག་མིའི་གྲུ་གཉིས་ ཡེ་ཤུ་གིས་གཟིགས་ནུག་ འདི་སྐབས་ཉ་རོགསཔ་ཚུ་ དྲྭཝ་ཆུ་འཁྱུ་སྡོད་ཡོདཔ་ཨིན་མས། 3 ཡེ་ཤུ་གིས་ སི་མཱོན་གྱི་གྲུ་ནང་བྱོན་ཏེ་ གྲུ་འདི་མཚོ་གི་མཐའ་མ་ལས་ཨ་ཙི་ཕར་འཕུལ་ཟེར་གསུངས་ཏེ་ ཁོ་གྲུ་ནང་བཞུགས་སྦེ་མི་དམངས་ལུ་ཆོས་སྟོན་གནང་ནུག 4 ཁོ་གིས་ཆོས་སྟོན་གནང་ཚར་ཞིནམ་ད་ སི་མཱོན་ལུ་ མཚོ་གཏིང་ཟབ་དྲགས་བདའ་སྟེ་ དྲྭཝ་བརྐྱབས་ཏེ་ཉ་བཟུང་ཟེར་གསུངསམ་ད། 5 སི་མཱོན་གྱིས་ སློབ་དཔོན་ལགས་ ནུབ་གཅིག་རང་དཀའཝ་སྤྱད་རུང་ ཉ་གཅིག་ཡང་བཟུང་མ་ཐོབ་ དེ་འབདཝ་ད་ ནཱ་གིས་གསུངས་པ་ཅིན་ ད་རུང་དྲྭཝ་བརྐྱབ་ནི་ཨིན་ཟེར་ཞུ་སྟེ། 6 ཁོང་གིས་དྲྭཝ་རྐྱབ་ད་ དེའི་སྐབས་ལུ་ དྲྭཝ་ནང་ཉ་གནམ་མེད་ས་མེད་ཚུད་དེ་ ཁོང་གི་དྲྭཝ་ཡང་ཉ་གིས་སྤེད་གཏང་ནི་འབད་དེ། 7 གྲུ་གཞན་ཁར་གྱི་ཆ་རོགས་ཚུ་ལུ་ ཆ་རོགས་འབད་གནང་ཟེར་འབོཔ་ད་ ཁོང་ཡང་ཚུར་འོངས་ཏེ་ གྲུ་གཉིས་ཆ་རང་ཉ་ལྟེམ་ལྟེ་སྦེ་གང་སྟེ་ གྲུ་གཉིས་ཆ་རང་ཆུ་ནང་ཐིམ་ནི་འབད་ཆི་ནུག 8 དེ་ལས་ སི་མཱོན་པེ་ཏྲོ་གིས་འདི་བཟུམ་གྱི་ཕྱག་ལཱ་མཇལཝ་ད་ ཡེ་ཤུ་གི་ཞབས་གུ་བཤེད་དེ་ གཙོ་བོ་ལགས་ ང་མི་སྡིག་ཅན་ཨིན་ ངེ་གི་སྦོ་ལོགས་ཁར་ལས་ཕར་འབྱོན་གནང་ལགས་ཟེར་ཞུ་ནུག 9 སི་མཱོན་པེ་ཏྲོ་དང་ ཁོ་གི་ཆ་རོགས་ཚུ་གིས་ འདི་བཟུམ་གྱི་ཉ་གནམ་མེད་ས་མེད་ཐོབ་ས་མཐོངམ་ད་ ཡ་མཚན་ཆེ་ནུག 10 སི་མཱོན་གྱི་ཆ་རོགས་ ཟེ་བེ་དི་གི་བུ་ ཡ་ཀོབ་དང་ ཡོ་ཧ་ནཱན་ཡང་འདི་མཐོང་སྟེ་ཧ་ལས་ནུག་ ཡེ་ཤུ་གིས་ སི་མཱོན་ལུ་ མ་འདྲོག་ ད་རེས་ལས་ཁྱོད་ཀྱིས་མི་བཟུང་ནི་ཨིན་ཟེར་གསུངས་ནུག 11 དེ་ལས་ཁོང་རང་གི་གྲུ་དེ་ཚུ་ མཚོའི་ནང་ལས་ཕྱི་ཁར་འཐེན་བཀལ་བཞག་སྦེ་ ཁོང་རང་གི་ཡོདཔ་མེདཔ་ག་ར་སྤངས་ཏེ་ ཡེ་ཤུ་གི་སློབ་མ་སྦེ་སོང་ནུག། 12 ཡེ་ཤུ་ཁྲོམ་གཅིག་ནང་བཞུགས་པའི་ཚེ་ མཛེ་ནད་ན་མི་གཅིག་གིས་ཡེ་ཤུ་དང་མཇལ་ཏེ་ ཕྱག་འཚལ་སྦེ་ གཙོ་བོ་ལགས་ ནཱ་གི་ཐུགས་དགོངས་ཡོད་པ་ཅིན་ ང་ལུ་དྲགཔ་མཛད་གནང་ཚུགས་ཟེར་ཞུ་ནུག 13 ཡེ་ཤུ་གིས་ཕྱག་ཁོ་གི་གུ་བཀལ་ཏེ་ ང་གིས་ཁྱོད་དྲགཔ་བཟོ་ནི་ཨིན་ དྲག་ཞིག་ཟེར་གསུངསམ་ད་ དེ་འཕྲོ་ལས་མཛེ་ནད་དེ་དྲག་སོང་ནུག 14 ཡེ་ཤུ་གིས་ཁོ་ལུ་ཧེ་མ་ག་ལུ་ཡང་མ་སླབ་པར་ བླམ་འབད་སར་སོང་ཞིནམ་ད་ ཁྱོད་རང་གི་གཟུགས་འདི་བཏོན་ དེ་ལས་ མོ་སཱེས་ཀྱི་བཀའ་ཁྲིམས་དང་འཁྲིལ་ཏེ་མཆོད་པ་ཕུལ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱོད་དྲག་ཅི་ཟེར་འཛོམ་དཔང་འབད་བའི་དོན་ལུ་ཨིན་ཟེར་གསུངས་ནུག 15 མཛེ་ནད་ན་མི་འདི་ལུ་ ག་ལུ་ཡང་མ་སླབ་ཟེར་གསུངས་རུང་ ཡེ་ཤུ་གི་སྐོར་ལས་ཁྱབ་བསྒྲགས་འདི་ ཧེ་མ་ལས་ལྷགཔ་སྦེ་ག་ཏེ་ལུ་ཡང་ཁྱབ་སོང་ནུག་ དེ་འབདཝ་ལས་ མི་དམངས་ཀྱིས་ཁོ་གི་ཆོས་ལུ་ཉན་ནི་དང་ ཁོང་རང་གི་ནད་གཞི་ཚུ་ལས་དྲག་པའི་དོན་ལུ་ ཁོ་གི་སྐུ་མདུན་ལུ་བཅར་ནུག 16 དེ་འབདཝ་ད་ ཡེ་ཤུ་འཕྲལ་འཕྲལ་རང་ རི་ཙག་སར་བྱོན་ཏེ་ སྨོན་ལམ་བཏབ་བཞུགས་ནུག། 17 ཉིནམ་གཅིག་གི་ཚེ་ ཡེ་ཤུ་གིས་ཆོས་སྟོན་གནངམ་ད་ ག་ལི་ལི་ལུང་ཕྱོགས་དང་ ཡུ་དེ་ཡ་ལུང་ཕྱོགས་ག་ར་ནང་ལས་དང་ རྒྱལ་ས་ ཡེ་རུ་ཤ་ལེམ་ལས་འོང་མིའི་ ཕ་རུ་ཤི་པ་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་དེ་ཚུ་ ཁོ་བཞུགས་སར་འཛོམས་ཡོད་པའི་སྐབས་ ནདཔ་ཚུ་ལུ་དྲགཔ་བཟོ་ནིའི་དོན་ལུ་ གཙོ་བོ་དཀོན་མཆོག་གི་སྟོབས་ཤུགས་འདི་ ཡེ་ཤུ་ནང་བཞུགས་ནུག 18 མི་ལ་ལུ་ཅིག་གིས་གཟུགས་ཞར་མི་གཅིག་ལུ་ འདོ་ལི་གུ་བཀལ་འབག་འོངས་ཏེ་ ཁྱིམ་གྱི་ནང་ན་ཡེ་ཤུ་གི་སྐུ་མདུན་ལུ་ བཀལ་ནི་སྦེ་གནས་སྐབས་བལྟ་ནུག 19 དེ་འབདཝ་ད་ མི་ཚོགས་ཀྱི་སྦུག་ལས་ཕར་འགྱོ་སའི་ལམ་མ་ཐོབ་པར་ ཡར་ཁྱིམ་ཐོག་གུ་འཛེགས་ཏེ་ ཁྱིམ་ཐོག་ཕར་དང་ཚུར་འཕྱལ་ དོང་སྤེད་དེ་ ནདཔ་འདི་འདོ་ལི་དང་གཅིག་ཁར་ ཡེ་ཤུ་གི་སྐུ་མདུན་ལུ་ཕབ་ནུག 20 ཁོང་གིས་དད་པ་བསྐྱེད་དེ་ཡོདཔ་ཡེ་ཤུ་གིས་མཁྱེན་ཏེ་ དབའེ་ ལྟོ་ཚང་ ད་ཁྱོད་ཀྱི་སྡིག་པ་བཀའ་དྲིན་བསྐྱང་ཚར་ཡི་ཟེར་གསུངསམ་ད། 21 ཕ་རུ་ཤི་པ་དང་བཀའ་ཁྲིམས་ཀྱི་སློབ་དཔོན་དེ་ཚུ་གིས་ དཀོན་མཆོག་ལུ་དབུ་འཕང་སྨད་མི་འདི་ག་སྨོ་ དཀོན་མཆོག་གཅིག་མ་གཏོགས་ མི་གཞན་ག་གིས་ཡང་སྡིག་པ་བཀའ་དྲིན་བསྐྱང་མི་ཚུགས་ཟེར་ ཁོང་རང་གཅིག་གིས་གཅིག་ལུ་སླབ་ནུག 22 ཁོང་གིས་མནོ་མི་འདི་ ཡེ་ཤུ་གིས་མཁྱེན་ཏེ་ཁོང་ལུ་ ཁྱེད་ཆ་ཁྱབ་ཀྱིས་ག་ཅི་འབད་ དེ་བཟུམ་མནོཝ་སྨོ། 23 ཁྱོད་ཀྱི་སྡིག་པ་བཀའ་དྲིན་བསྐྱང་ཚར་ཡི་ཟེར་སླབ་ནི་ ཡང་ན་ཡར་ལོང་སྟེ་ལམ་འགྱོ་ཟེར་སླབ་ནི་གཉིས་ལས་ ག་འདི་འཇམ་སྨོ། 24 དེ་འབདཝ་ད་ མིའི་བུ་ལུ་ འཇིག་རྟེན་ནང་སྡིག་པ་བཀའ་དྲིན་བསྐྱང་ནིའི་དབང་ཚད་ཡོད་ཟེར་ ཁྱེད་ཆ་ཁྱབ་ཀྱིས་ཤེས་དགོ་པའི་དོན་ལུ་ ཡེ་ཤུ་གིས་གཟུགས་ཞར་མི་འདི་ལུ་ ང་གིས་ཁྱོད་ལུ་སླབ་དོ་ ཡར་ལོང་སྟེ་ རང་གི་འདོ་ལི་འཐུ་འབག་སྟེ་ ཁྱིམ་ནང་སོང་ཟེར་གསུངསམ་ད། 25 དེ་འཕྲོ་ལས་མི་ཚུ་གི་གདོང་ཁར་ཁོ་ཡར་ལོང་སྟེ་ ཁོ་རང་བཀལ་འབག་འོང་མིའི་འདོ་ལི་འདི་འཐུ་འབག་སྟེ་ དཀོན་མཆོག་ལུ་བསྟོད་པ་ཕུལ་སྦེ་ ཁྱིམ་ནང་ལོག་སོང་ནུག 26 མི་ག་ར་གིས་ ད་རེས་ང་བཅས་ཀྱིས་རྣམ་རྟོག་ལང་སི་སི་གཅིག་མཐོང་ཅི་ཟེར་ཧ་ལས་ཏེ་ དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག། 27 འདི་གི་ཤུལ་ལས་ཡེ་ཤུ་ཕྱི་ཁར་བྱོན་པའི་སྐབས་ལུ་ ཁྲལ་བསྡུ་མི་ ལེ་ཝི་ཟེར་མི་གཅིག་ ཁྲལ་བསྡུ་སའི་ས་གོ་ནང་སྡོདཔ་གཟིགས་ཏེ་ ཡེ་ཤུ་གིས་ཁོ་ལུ་ ངེ་གི་སློབ་མ་སྦེ་ཤོག་ཟེར་གསུངསམ་ད། 28 ལེ་ཝི་གིས་ག་ར་སྤངས་ཏེ་ཡེ་ཤུ་གི་སློབ་མ་སྦེ་སོང་ནུག 29 ལེ་ཝི་གིས་ཡེ་ཤུ་གི་དོན་ལུ་ཁོ་གི་ཁྱིམ་ནང་ལུ་ ཚོགས་སྟོན་སྦོམ་གཅིག་དྲངམ་ད་ ཡེ་ཤུ་དང་གཅིག་ཁར་ཁྲལ་བསྡུ་མི་ཚུ་དང་ མགྱོནམ་གཞན་ཡང་ལེ་ཤ་ཡོདཔ་ཨིན་མས། 30 དེ་ལས་ ཕ་རུ་ཤི་པ་དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་ ཡེ་ཤུ་གི་སློབ་མ་ཚུ་ལུ་ཁ་སྡུག་འབར་ཏེ་ ཁྱེད་ག་ཅི་འབད་ཁྲལ་བསྡུ་མི་དང་མི་སྡིག་ཅན་ཚུ་དང་གཅིག་ཁར་ཚོགས་བཞེསཔ་སྨོ་ཟེར་སླབ་ནུག 31 དེའི་ལན་ལུ་ཡེ་ཤུ་གིས་ཁོང་ལུ་ དྲུང་འཚོ་འདི་མི་ཁམས་བཟང་པོ་གི་དོན་ལུ་མེན་པར་ ནདཔ་གི་དོན་ལུ་ཨིན། 32 ང་མི་ཆོས་སེམས་ཅན་གྱི་དོན་ལུ་མེན་པར་ མི་སྡིག་ཅན་ཚུ་ སྡིག་པ་སྤང་སྟེ་སེམས་འགྱུར་ནི་གི་དོན་ལུ་ འབོ་པ་འོང་ཡི་ཟེར་གསུངས་ནུག། 33 མི་ལ་ལུ་གིས་ཡེ་ཤུ་ལུ་ ཡོ་ཧ་ནཱན་གྱི་སློབ་མ་ཚུ་ འཕྲལ་འཕྲལ་རང་སྨྱུང་གནས་སྲུང་ སྨོན་ལམ་བཏབ་སྟེ་སྡོདཔ་མས་ དེ་མ་ཚད་ ཕ་རུ་ཤི་པ་གི་སློབ་མ་ཚུ་ཡང་ འདི་བཟུམ་སྦེ་རང་འབདཝ་ཨིན་མས་ དེ་འབདཝ་ད་ ནཱ་གི་སློབ་མ་ཚུ་ ཟ་ འཐུང་སྡོདཔ་ཨིན་མས་ཟེར་ཞུ་ནུག 34 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱི་ཁྱིམ་ནང་གཉེན་གྱི་ཚོགས་སྟོན་ལུ་འོང་མི་མགྱོནམ་ཚུ་ རྨགཔ་དང་གཅིག་ཁར་སྡོད་པའི་བསྒང་ ཁོང་བཞེས་སྒོ་མ་ཟ་བར་སྡོད་འོང་ག། 35 དེ་འབདཝ་ད་ ཉིནམ་གཅིག་གི་ཚེ་རྨགཔ་དེ་ ཁོང་ལས་ཁ་འབྱལ་འགྱོ་བའི་དུས་གཅིག་འཐོན་འོང་ དེ་ལས་ཁོང་སྨྱུང་གནས་བསྲུང་འོང་ཟེར་གསུངས་ནུག 36 ཡེ་ཤུ་གིས་ཁོང་ལུ་དཔེ་གཏམ་གཅིག་ཡང་དེ་སྦེ་གསུངས་ནུག་ མི་ག་ར་འབད་རུང་ བགོ་ལ་གསརཔ་ལས་ལྷན་པ་གཅིག་སྤེད་དེ་ བགོ་ལ་རྙིང་པའི་གུ་ལུ་ལྷན་པ་མི་བཏབ་ ལྷན་པ་བཏབ་པ་ཅིན་ བགོ་ལ་གསརཔ་དེ་ཧྲལ་ཏེ་མེདཔ་གཏང་འོང་ དེ་མ་ཚད་བགོ་ལ་རྙིངཔ་དེ་དང་ཡང་མི་མཐུན། 37 ག་གིས་ཡང་ རྒུན་འབྲུམ་ཆང་མ་ཁུགཔ་འདི་ ཀོཝ་གི་རྐྱལ་ཅུང་རྙིང་པའི་ནང་མི་བླུག་ ག་ཅི་སྨོ་ཟེར་བ་ཅིན་ཆང་འདི་ འཁོལ་བའི་བསྒང་ལས་རྐྱལ་ཅུང་སྤེད་བཏང་སྟེ་ ཆང་ས་ཁར་འབོཝ་མ་ཚད་ རྐྱལ་ཅུང་དེ་ཡང་མེདཔ་གཏང་འོང་། 38 དེ་སྦེ་མེན་པར་ རྒུན་འབྲུམ་ཆང་མ་ཁུགཔ་འདི་རྐྱལ་ཅུང་གསརཔ་ནང་རང་བླུག་དགོ། 39 དེ་ལས་ག་གིས་ཡང་ཆང་ཁུག་ཁུགཔ་དེ་འཐུང་ཞིནམ་ལས་ མ་ཁུགཔ་དེ་འཐུང་དགོ་མི་མནོ་ ཆང་ཁུག་ཁུགཔ་དེ་དྲག་ཟེར་སླབ་འོང་ཟེར་གསུངས་ནུག།
1 ངལ་འཚོ་བའི་ཉིནམ་གཅིག་ལུ་ ཡེ་ཤུ་དང་ཁོ་གི་སློབ་མ་ཚུ་ དཀར་ཞིང་སྦུག་ལས་འབྱོནམ་ད་ ཁོ་གི་སློབ་མ་ཚུ་གིས་དཀར་གྱི་མགུ་ཏོ་བཏོགས་ཏེ་ ལག་པའི་ནང་ཕུར་སྦེ་ཟཝ་ད། 2 ཕ་རུ་ཤི་པ་ལ་ལུ་གིས་ཁོང་ལུ་ ཁྱེད་ཀྱིས་ ངལ་འཚོ་བའི་ཉིན་མ་ ཁྲིམས་ལས་འགལ་བའི་ལཱ་ འབད་མ་ཆོག་མི་འདི་ ག་ཅི་འབད་འབདཝ་སྨོ་ཟེར་ཞུ་ནུག 3 ཡེ་ཤུ་གིས་ཁོང་ལུ་ རྒྱལཔོ་ ད་བིད་དང་ཁོ་དང་གཅིག་ཁར་ཡོད་མི་ཚུ་ལྟོཝ་བཀྱེསཔ་ད་ ག་ཅི་འབད་ཡི་ག་ དེའི་སྐོར་ལས་ཁྱེད་ཀྱིས་ནམ་ཡང་ལྷག་སྟེ་མ་བལྟ་ག། 4 རྒྱལཔོ་ ད་བིད་ཀྱིས་དཀོན་མཆོག་གི་བཞུགས་ཁང་ནང་འཛུལ་ཏེ་ དཀོན་མཆོག་ལུ་ཕུལ་མི་ཞལ་ཟས་ འདི་བླམ་གྱིས་མ་གཏོགས་ གཞན་གྱིས་ཟ་མ་ཆོག་མི་འདི་ ཁོ་རང་གིས་ཟཝ་མ་ཚད་ ཁོ་དང་མཉམ་གཅིག་ཡོད་མི་ཚུ་ལུ་ཡང་བྱིན་ནུག 5 མིའི་བུ་འདི་ ངལ་འཚོ་བའི་ཉིནམ་གི་གཙོ་བོ་ཡང་ཨིན་ནོ་ ཟེར་གསུངས་ནུག། 6 ངལ་འཚོ་བའི་ཉིནམ་གཞན་མི་དེ་ལུ་ཡང་ ཡེ་ཤུ་ སི་ན་གོག་ནང་བྱོན་ཏེ་ཆོས་སྟོན་གནང་ནུག་ འདི་ཁར་ལུ་ལགཔ་གཡསཔ་ཞར་སོང་མི་གཅིག་ཡོདཔ་ཨིན་མས། 7 བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་དང་ ཕ་རུ་ཤི་པ་དེ་ཚུ་གིས་ཡེ་ཤུ་ལུ་སྐྱོན་བཏག་ནི་སྦེ་ ངལ་འཚོ་བའི་ཉིན་མ་ ནདཔ་ལུ་དྲགཔ་མཛད་འོང་ག་མི་མཛད་ག་ཟེར་མནོ་སྟེ་ ན་འཐན་སྦེ་བལྟ་སྡོདཔ་ད། 8 ཡེ་ཤུ་གིས་དེ་ཚུ་གི་བསམ་བློ་མཁྱེན་ཏེ་ མི་ལགཔ་ཞབོ་འདི་ལུ་ ཡར་ལོང་སྟེ་ནཱ་གདོང་ཁར་ཤོག་ཟེར་གསུངསམ་ད་ ཁོ་ལོང་སྟེ་འདི་ཁར་སྡོད་ནུག 9 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ད་ང་གིས་ཁྱེད་ལུ་དྲི་བ་གཅིག་དྲི་ནི་ཨིན་ ངལ་འཚོ་བའི་ཉིན་མ་ ལེགས་ཤོམ་འབད་ཆོག་ག་ ངན་པ་འབད་ཆོག་ག་ སྲོག་སྐྱབས་འབད་ཆོག་ག་ རྩ་མེད་གཏང་ཆོག་ག་ ཟེར་གསུངས་ཞིནམ་ད། 10 ཡེ་ཤུ་གི་བསྐོར་ར་རྐྱབ་ཡོད་མི་ག་ར་ལུ་གཟིགས་ཏེ་ མི་དེ་ལུ་ ཁྱོད་ཀྱི་ལགཔ་ཕར་བརྐྱང་ཟེར་གསུངསམ་ད་ ཁོ་གིས་ལགཔ་ཕར་བརྐྱང་བལྟཝ་ད་ ལགཔ་དྭངས་འཕྲོས་འཕྲོས་སྦེ་དྲག་སོང་ནུག 11 དེ་འབདཝ་ད་ ཁོང་གནམ་མེད་ས་མེད་ཙིགཔ་ཟ་སྟེ་ ཡེ་ཤུ་ལུ་ག་ཅི་གཅིག་འབད་དགོ་ཟེར་ ཁོང་རང་གི་སྦུག་ལུ་བསྟུན་གྲོས་བརྐྱབས་ཏེ་གནས་སྐབས་བལྟ་ནུག། 12 ཉིནམ་གཅིག་གི་ཚེ་ ཡེ་ཤུ་ཡར་སྒང་གུ་བྱོན་ཏེ་ ནུབ་གཅིག་རང་ དཀོན་མཆོག་ལུ་སྨོན་ལམ་ཞུ་སྟེ་བཞུགས་ཞིནམ་ད། 13 དྲོ་པ་གནམ་ནངསམ་ད་ ཁོ་གིས་ཁོ་རང་གི་སློབ་མ་ཚུ་ལུ་འབོ་སྟེ་ ཁོང་གི་གྲལ་ཁ་ལས་ ཁོང་བཅུ་གཉིས་ལུ་བཙག་འཐུ་མཛད་དེ་ སྐུ་ཚབ་ཀྱི་འགན་ཁུར་སྐྱེལ་གནང་ནུག 14 ཁོང་སྐུ་ཚབ་བཅུ་གཉིས་ཀྱི་མིང་རིམ་པ་བཞིན་དུ་སླབ་ནི་ཨིན་ དང་པ་རང་། པེ་ཏྲོ་ཟེར་ ཡེ་ཤུ་གིས་མིང་བཏགས་གནང་མི་ སི་མཱོན་དང་ ཁོ་གི་ནུ་གཅུང་ ཨཱན་དྲུ་ ཡ་ཀོབ་དང་ ཡོ་ཧ་ནཱན་ ཕི་ལིབ་དང་ བར་ཐོལ་མཱ། 15 མེ་ཐིའུ་དང་ ཐོ་མཱས་ ཨཱལ་ཕེ་ཨུས་ཀྱི་བུ་ ཡ་ཀོབ་ སྲིད་བྱུས་ཀྱི་སྡེ་ཚན་ལས་ཨིན་མི་ སི་མཱོན། 16 ཡ་ཀོབ་ཀྱི་བུ་ ཡུ་དཱས་ དེ་ལས་ངོ་ལོག་འབད་མི་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་བརྩིས་ཏེ་ སློབ་མ་བཅུ་གཉིསཔ་འདི་ཨིན་མས།། 17 ཡེ་ཤུ་དང་སྐུ་ཚབ་བཅུ་གཉིསཔ་ སྒང་ལས་མར་བྱོན་ཏེ་ ས་ཆ་སྙོམས་ཏོག་ཏོ་གཅིག་ནང་ལུ་ ཁོ་གི་སློབ་མ་དམངས་དང་ ལུང་ཕྱོགས་ ཡུ་དེ་ཡ་ རྒྱལ་ས་ ཡེ་རུ་ཤ་ལེམ་ ཁྲོམ་ ཏའིར་ ཁྲོམ་ སི་དཱོན་གྱི་རྒྱ་མཚོའི་སྦོ་ལོགས་ཁར་ལས་འོང་མིའི་མི་ཚོགས་སྦོམ་གཅིག་ ཁོ་ལས་ཆོས་ཞུ་བ་དང་ རང་རང་སོ་སོའི་ནད་ཚུ་ལས་དྲག་ནིའི་དོན་ལུ་ འདི་ཁར་འོངས་ནུག་ འདྲེ་གདོན་འཛུལ་ཏེ་སྡུག་བསྔལ་མྱོང་མི་ཚུ་ཡང་ འདི་ཁར་འོངས་ཏེ་དྲག་སོངམ་ལས། 19 ཁོང་མི་དམངས་ ག་ར་གིས་ཁོ་ལུ་འདོགས་པའི་དོན་ལུ་རྩ་འགེངས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གི་སྐུ་གཟུགས་ནང་ལས་ དབང་ཤུགས་ཐོན་ཏེ་ ག་ར་ལུ་དྲགཔ་མཛདཔ་ཨིན་མས།། 20 དེ་ལས་ཡེ་ཤུ་གིས་ཁོ་རང་གི་སློབ་མ་ཚུ་འགྱིམ་གཟིགས་ཏེ་ དེ་སྦེ་གསུངས་ནུག ཁྱེད་ད་ལྟོ་སྤྱང་ཀ་ཚུ་ བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་རྒྱལ་སྲིད་དེ་ ཁྱེད་ཀྱི་ཨིན། 21 ཁྱེད་ད་ལྟོ་ལྟོཝ་བཀྱེས་མི་ཚུ་ བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཤུལ་ལས་ཕོཝ་འགྲང་འོང་ ཁྱེད་ད་ལྟོ་སྔུ་མི་ཚུ་ བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཤུལ་ལས་དགའ་ནི་ཡོད། 22 མིའི་བུ་གི་ཞོར་ལས་ ཁྱེད་ལུ་མ་དགའ་བ་ཅིན་ ཡང་ན་ཁྱེད་དང་མི་གཞན་སོ་སོ་སྦེ་ཉེ་རིང་ཕྱེ་བ་ཅིན་ ཡང་ན་ཁྱེད་ལུ་ལོགས་སུ་སྦེ་བཏོན་གཏང་པ་ཅིན་ ཡང་ན་ཁྱེད་ཀྱི་མིང་ངན་པ་སྦེ་བརྩིས་བ་ཅིན་ ཁྱེད་བྱིན་རླབས་ཅན་ཨིན། 23 དུས་ཚོད་དེ་སྦེ་འབྱུང་བའི་སྐབས་ལུ་ དགའ་སྤྲོ་འགྱུར་ཏེ་ཞབས་ཁྲ་རྐྱབས་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་དོན་ལུ་ཞིང་ཁམས་ལུ་ གསོལ་རས་སྦོམ་གཅིག་ཡོད་ ཁྱེད་ཀྱི་ཕ་བརྒྱུད་དེ་ཚུ་གིས་ཡང་ ལུང་སྟོན་པ་ཚུ་ལུ་དེ་བཟུམ་སྦེ་རང་འབད་ནུག 24 ཁྱེད་ད་ལྟོ་ཕྱུགཔ་ཚུ་ ག་དེམ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་བདེ་བ་ཐོབ་ཚར་ཡི། 25 ཁྱེད་ད་ལྟོ་ཕོཝ་འགྲང་མི་ཚུ་ ག་དེམ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཤུལ་མ་ལྟོཝ་བཀྱེས་འོང་ ཁྱེད་ད་ལྟོ་དགའ་མི་ཚུ་ ག་དེམ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཤུལ་མ་སེམས་ཁར་སྡུག་བསྔལ་བྱུང་སྟེ་ མྱ་ངན་འབད་ནི་དང་སྔུ་ནི་འོང་། 26 ད་ལྟོ་ཁྱེད་མི་གིས་བསྟོད་པ་རྐྱབ་མི་ཚུ་ ག་དེམ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ཕ་བརྒྱུད་ཚུ་གིས་ ལུང་སྟོན་པ་རྫུས་མ་ཚུ་ལུ་ཡང་ བསྟོད་པ་བརྐྱབས་ནུག་ཟེར་ཡེ་ཤུ་གིས་གསུངས་ནུག། 27 ཡེ་ཤུ་གིས་ད་རུང་ ཁྱེད་ནཱ་ཉན་སྡོད་མི་ཆ་ཁྱབ་ལུ་ང་གིས་སླབ་གེ་ རང་གི་དགྲ་བྱང་ཕྱད་ལུ་བྱམས་པ་འབད་ ཁྱེད་ལུ་མ་དགའ་མི་ཚུ་ལུ་ལེགས་ཤོམ་འབད། 28 ཁྱེད་ལུ་ཁ་སྨོན་ངན་པ་བཏབ་མི་ཚུ་གི་དོན་ལུ་ བྱིན་རླབས་ཞུ་བྱིན་ ཁྱེད་ལུ་གནོད་པ་བཀལ་མི་གི་དོན་ལུ་སྨོན་ལམ་ཞུ་བྱིན། 29 ཁྱེད་ཀྱི་ཟ་ལྟབ་གཡསཔ་ལུ་དྲང་པ་ཅིན་ ཟ་ལྟབ་གཡོནམ་འདི་ཡང་བཟེད་ ཁྱེད་ཀྱི་བགོ་འཕྱོག་འབག་པ་ཅིན་ ཁྱེད་ཀྱི་ཁན་འཇར་འདི་ཡང་བྱིན་གཏང་། 30 ཁྱེད་ལས་ལྷང་མི་ག་ར་ལུ་བྱིན་ ཁྱེད་ཀྱི་ཅ་ལ་འབག་པ་ཅིན་ལོག་སྟེ་ཚུར་མ་ལེན། 31 མི་གཞན་གྱིས་ཁྱེད་ལུ་ག་ཅི་འབདཝ་ད་དགའ་ག་ འདི་བཟུམ་སྦེ་རང་ཁྱེད་ཀྱི་རོགས་ལུ་འབད་དགོ། 32 ཁྱེད་ལུ་བྱམས་པ་འབད་མི་ལུ་ ལོག་སྟེ་བྱམས་པ་འབད་བ་ཅིན་ འདི་ག་དེ་སྦེ་དྲག་པས་ཟེར་སླབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ སྡིག་ཅན་ཚུ་གིས་ཡང་ཁོང་ལུ་བྱམས་པ་འབད་མི་ལུ་ ཁོང་གིས་ཕར་བྱམས་པ་འབདཝ་ཨིན། 33 ཁྱེད་ལུ་ལེགས་ཤོམ་འབད་མི་ལུ་ ལོག་སྟེ་ལེགས་ཤོམ་འབད་བ་ཅིན་ འདི་ག་དེ་སྦེ་དྲག་པས་ཟེར་སླབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ སྡིག་ཅན་ཚུ་གིས་ཡང་ འདི་བཟུམ་སྦེ་འབདཝ་ཨིན། 34 ཁྱེད་ཀྱིས་བསྐྱིན་མ་དགོ་ནི་གི་དོན་ལུ་ རོགས་ལུ་བྱིན་པ་ཅིན་ ཁྱེད་ལུ་བཟང་པོ་ག་ཅི་ཐོབ་ག་ ག་ཅི་སྨོ་ཟེར་བ་ཅིན་ སྡིག་ཅན་གྱིས་ཡང་བསྐྱིན་མ་དགོ་ནི་གི་དོན་ལུ་ ཁོང་གིས་ཕར་བྱིནམ་ཨིན། 35 དེ་འབདཝ་ད་ རང་གི་དགྲ་བྱང་ཕྱད་ཚུ་ལུ་ བྱམས་པ་འབད་དེ་ཁོང་ལུ་ཕན་བཏག་བྱིན་དགོ་ བསྐྱི་ནི་བརྙའ་ནི་དེ་ཚུ་བྱིནམ་ད་ ལོག་སྟེ་ཚུར་ཐོབ་ནི་གི་རེ་བ་མ་བསྐྱེད་པར་བྱིན་ དེ་ལས་ཁྱེད་ཀྱིས་གསོལ་རས་སྦོམ་ཐོབ་མ་ཚད་ བླ་ན་མེད་པའི་དཀོན་མཆོག་གི་སྲས་དང་སྲསམོ་སྦེ་བརྩི་འོང་ བཀའ་དྲིན་བསམ་མ་ཤེས་མི་དང་ མི་ངན་པ་ལུ་དཀོན་མཆོག་གིས་སྙིང་རྗེ་གཟིགསཔ་ཨིན། 36 ཁྱེད་ཀྱི་ཡབ་ཀྱིས་ སྙིང་རྗེ་གཟིགས་དོཝ་བཟུམ་སྦེ་ ཁྱེད་ཡང་སྙིང་རྗེ་བསྐྱེད་དགོ་ཟེར་གསུངས་ནུག། 37 རོགས་ཀྱི་སྐྱོན་མ་བཏགས་ དེ་ལས་ཁྱེད་ལུ་ཡང་སྐྱོན་མི་བཏགས་ རོགས་ལུ་ཁྲིམས་མ་བཀལ་ དེ་ལས་ཁྱེད་ལུ་ཡང་ཁྲིམས་མི་བཀལ་ གཞན་གྱི་ཉེས་པ་ལུ་དགོངས་ཡངས་གཏང་ དེ་ལས་ཁྱེད་ཀྱི་ཉེས་པ་ལུ་ཡང་དགོངས་ཡངས་གནང་འོང་། 38 ཕར་བྱིན་ འདི་བཟུམ་སྦེ་ཁྱེད་ལུ་ཡང་གནང་འོང་ ཕར་བྱིནམ་ད་ ཀྲེམ་མ་རྐྱབ་པར་ འཇལ་ཁ་ལེགས་ཤོམ་སྦེ་འཇལ་ཏེ་བྱིན་ བྲེ་ལྟེམ་ལྟེ་སྦེ་ མར་མནེམ་སྟེ་འཇལ་ ཁྱེད་ཀྱིས་ག་དེམ་ཅིག་ཚད་འཇལ་ཏེ་ ཕར་བྱིན་དོཝ་བཟུམ་སྦེ་ ལོག་སྟེ་ཁྱེད་ཀྱི་ཕ་མ་བཀང་སྟེ་གནང་འོང་ཟེར་གསུངས་ནུག 39 ཡེ་ཤུ་གིས་ཁོང་ལུ་དཔེ་གཏམ་གཅིག་དེ་སྦེ་གསུངས་ནུག་ ཞརཝ་གིས་ཞརཝ་ལུ་འཁྱིད་མི་ཚུགས་ ཞརཝ་གིས་ཞརཝ་ལུ་འཁྱིད་པ་ཅིན་ གཉིས་ཆ་ར་དོང་ནང་རྦོབ་རིལ་འགྱོ་འོང་། 40 སློབ་དཔོན་ལས་སློབ་ཕྲུག་མི་མཐོ་ དེ་འབདཝ་ད་ སློབ་ཕྲུག་སྦྱོང་བརྡར་ག་ར་ཚངམ་སྦེ་འབད་ཚར་ཞིནམ་ད་ སློབ་དཔོན་དང་འདྲན་འདྲ་ཨིན། 41 ཁྱེད་རང་གི་སྤུན་ཆ་གི་མིག་ཏོ་ནང་ཡོད་མིའི་རྡུལ་མ་ཆུང་ཀུ་དེ་ ཁྱེད་ཀྱིས་མཐོང་པས་ དེ་འབདཝ་ད་ རང་གི་མིག་ཏོ་ནང་ཡོད་མིའི་ཤིང་དུམ་སྦོམ་འདི་ ག་ཅི་འབད་ཁྱེད་ཀྱིས་མ་མཐོངམ་སྨོ། 42 ཁྱེད་རའི་མིག་ཏོ་ནང་ན་ཤིང་དུམ་མ་མཐོང་བར་ ཁྱེད་རའི་སྤུན་ཆ་ལུ་ དབའེ་ལྟོ་ཚང་ ཁྱོད་ཀྱི་མིག་ཏོ་ནང་ལས་རྡུལ་མ་བཏོན་གེ་ཟེར་ག་དེ་སྦེ་སླབ་ཚུགསཔ་ ཁའི་ ཁྱེད་ཁ་ཆོས་འབད་མི་ཚུ་ དང་པ་རང་གི་མིག་ཏོ་ནང་ལས་ཤིང་དུམ་བཏོན་ དེ་ལས་ཁྱེད་རའི་སྤུན་ཆ་གི་མིག་ཏོ་ནང་གི་རྡུལ་མ་བཏོན་ནིའི་དོན་ལུ་ གསལ་ཏོག་ཏོ་སྦེ་མཐོང་འོང་ཟེར་ཡེ་ཤུ་གིས་གསུངས་ནུག། 43 ཤིང་ལེགས་ཤོམ་གྱིས་དོག་མ་ཟོགཔོ་མི་བཏག་ ཤིང་ཟོགཔོ་གིས་དོག་མ་ལེགས་ཤོམ་མི་བཏག 44 ཤིང་རེ་རེ་གི་ལེགས་ཉེས་འདི་ དོག་མ་བཏག་ཐངས་ཀྱིས་ཤེས་འོང་ རྩང་ཤིང་ལས་ཅོང་སེ་ཤིང་གི་དོག་མ་མི་བཏག་ རྩང་ཤིང་ལས་རྒུན་འབྲུམ་གྱི་དོག་མ་མི་བཏག 45 མི་བཟང་པོ་གིས་ སེམས་ནང་བཟང་པོ་བསགས་ཏེ་ཡོད་མི་ནང་ལས་ བཟང་པོ་རང་འཐོན་འོངམ་ཨིན་ དེ་ལས་མི་ངན་པ་གི་སེམས་ནང་ ངན་པ་བསགས་ཏེ་ཡོད་མི་ནང་ལས་ ངན་པ་རང་འཐོན་འོངམ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་སེམས་ཁར་ག་མནོ་མི་འདི་ ཁ་ལས་འཐོནམ་ཨིན།། 46 ང་གིས་སླབ་མི་ལུ་མ་ཉན་པ་ཅིན་ ཁྱེད་ཀྱིས་ག་ཅི་འབད་ ང་ལུ་གཙོ་བོ་གཙོ་བོ་ཟེར་སླབ་སྨོ། 47 ང་འབད་སར་འོང་མི་དང་ ངེ་གི་བློ་གོ་སྟེ་འབད་རུང་ དེ་དང་འཁྲིལ་ཏེ་འབད་མི་འདི་ ག་དེམ་ཅིག་ཨིན་ན་ ང་གིས་ཁྱེད་ཆ་ཁྱབ་ལུ་སྟོན་བྱིན་ནི་ཨིན། 48 དཔེ་གཅིག་འབད་བ་ཅིན་ མི་གཅིག་གིས་ཁྱིམ་བཟོ་དོཝ་བཟུམ་སྦེ་ཨིན་ ཁོ་གིས་ས་ནང་དོང་མར་གཏིང་རིངམ་སྦེ་བརྐོས་ཏེ་ རྡོ་གུ་རྩིགཔ་འགྱམ་བཙུགས་ཏེ་ ཁྱིམ་སྒྲིང་སྒྲིང་སྦེ་བཟོ་ནི་དེ་གིས་ ཆུ་རུད་ཐོན་འོངས་ཏེ་ཁྱིམ་གུ་ཕོག་རུང་ ཁྱིམ་འདི་གཡུག་མ་ཚུགས་པས། 49 དེ་འབདཝ་ད་ ངེ་གི་བློ་གོ་སྟེ་འབད་རུང་ དེ་དང་འཁྲིལ་ཏེ་མ་འབད་མིའི་མི་འདི་ མི་གཅིག་གིས་ཁྱིམ་བཟོཝ་ད་ རྩིགཔ་འགྱམ་མར་ས་ནང་མ་བཙུགས་ དེ་ལས་ཆུ་རུད་ཐོན་འོང་པའི་བསྒང་ལས་ ཆུ་རུད་ཀྱིས་འབག་འགྱོ་སྟེ་ ཁྱིམ་ལུ་རྩ་མེད་གཏང་དོཝ་བཟུམ་སྦེ་ཨིན་ཟེར་གསུངས་ནུག།
1 ཡེ་ཤུ་གིས་མི་དམངས་ལུ་ཆོས་སྟོན་གནང་ཚར་བའི་ཤུལ་ལས་ ཁྲོམ་ ཀ་ཕཱར་ནུམ་ལུ་བྱོན་ནུག 2 འདིའི་སྐབས་ལུ་ སྤྱི་དཔོན་གཅིག་ལུ་གཡོགཔོ་གཅེས་ཤོས་ཕངས་ཤོས་གཅིག་ཡོད་མི་འདི་ན་སྟེ་ ཤི་ནི་འབདཝ་ལས། 3 སྤྱི་དཔོན་གྱིས་ཡེ་ཤུ་གི་སྐོར་ལས་གོཝ་ད་ ཁོ་གི་གཡོགཔོ་དྲགཔ་མཛད་གནང་ཟེར་ ཡ་ཧུ་ད་པའི་འགོ་དཔོན་ཚུ་ ཡེ་ཤུ་ཞུ་བ་གཏང་ནུག 4 ཁོང་གིས་ཡེ་ཤུ་གི་སྐུ་མདུན་ལུ་བཅར་ཏེ་ སྤྱི་དཔོན་གྱི་སྐོར་ལས་ཞུ་ནུག་ ནཱ་གིས་ཁོ་ལུ་སྐྱིད་སྡུག་མཛད་དགོཔ་ཨིན། 5 ག་ཅི་སྨོ་ཟེར་བ་ཅིན་ ཁོ་ང་བཅས་ཀྱི་མི་རིགས་ལུ་ བྱམས་པ་འབདཝ་མ་ཚད་ ང་བཅས་ཀྱི་དོན་ལུ་ སི་ན་གོག་ཡང་ ཁོ་གིས་བཟོ་བྱིན་ཡི་ཟེར་ཞུ་སྟེ་ ཡེ་ཤུ་ལུ་གསོལཝ་བཏབ་ད། 6 ཡེ་ཤུ་ཁོང་དང་མཉམ་གཅིག་བྱོན་ཏེ་ སྤྱི་དཔོན་གྱི་ཁྱིམ་གྱི་སྦོ་ལོགས་ཁར་ཕེབས་རནམ་ད་ སྤྱི་དཔོན་གྱིས་ཁོ་གི་ཆ་རོགས་ཚུ་ ཡེ་ཤུ་གི་སྐུ་མདུན་ལུ་དེ་སྦེ་ཞུ་བ་བཏང་ནུག་ གཙོ་བོ་ལགས་ སྐུ་འོ་བརྒྱལ་ཏེ་མཛད་མི་དགོ་ ནཱ་གཙོ་བོ་ ཁོ་གི་ཁྱིམ་ནང་ཞུ་ཚུགས་ནི་གི་འོས་འབབ་མེད་ཟེར་ཞུ་དེས། 7 ཁོ་རང་ཡང་ནཱ་གི་སྐུ་མདུན་ལུ་བཅར་ནི་གི་འོས་འབབ་མེད་ དེ་འབདཝ་ད་ ནཱ་གིས་བཀའ་གཅིག་གནང་པ་ཅིན་ ཁོ་གི་གཡོགཔོ་དྲག་འོང་ཟེར་ཞུ་དེས་ལགས། 8 ག་ཅི་སྨོ་ཟེར་བ་ཅིན་ ཁོ་ཡང་གཞན་གྱི་དབང་ཚད་ཀྱི་འོག་ལུ་སྡོད་མི་གཅིག་ཨིན་ ཁོ་གི་འོག་ལུ་ཡང་དམག་མི་དེ་ཚུ་ཡོད་ ཁོ་གིས་ཕར་སོང་ཟེར་སླབ་པ་ཅིན་ དམག་མི་ཚུ་འགྱོ་འོང་ ཚུར་ཤོག་ཟེར་སླབ་པ་ཅིན་ ཁོང་འཐོན་འོང་ རྒྱོབོ་གཅིག་ལུ་ཨ་ནི་ལཱ་འབད་ཟེར་སླབ་པ་ཅིན་ ཁོ་གིས་འབདཝ་ཨིན་ཟེར་ སྤྱི་དཔོན་གྱིས་ཞུ་དེས་ཟེར་ ཆ་རོགས་ཚུ་གིས་དེ་སྦེ་ཞུ་ནུག 9 དེ་ལས་ཡེ་ཤུ་གིས་སྤྱི་དཔོན་གྱི་སྐོར་ལས་སྙན་གསནམ་ད་ཧ་ལས་ཏེ་ སྐུ་རྒྱབ་ལོག་སྦེ་ ཁོ་གི་རྟིང་ཤུལ་ལས་འོང་མིའི་མི་དམངས་ལུ་ ང་གིས་ཁྱེད་ལུ་སླབ་དོ་ ཨཱིས་ར་ཨཱེལ་ལུ་འདི་བཟུམ་གྱི་དད་པ་སྦོམ་ཡོད་མི་ ང་གིས་མ་མཐོང་ཟེར་གསུངས་ནུག 10 དེ་ལས་ཁ་འཐེན་སླབ་མི་ཚུ་སྤྱི་དཔོན་གྱི་ཁྱིམ་ནང་འགྱོཝ་ད་ གཡོགཔོ་དེ་དྲག་སོངམ་ཡོདཔ་ཁོང་གིས་མཐོང་ནུག། 11 འདི་གི་ཤུལ་ལས་ ཡེ་ཤུ་མགྱོགས་པར་ ཁྲོམ་ ནའིན་ཟེར་ས་ལུ་ ཁོ་རང་གི་སློབ་མ་དང་མི་དམངས་དང་གཅིག་ཁར་བྱོན་ཏེ། 12 ཕར་ཁྲོམ་གྱི་སྒོ་ར་སྒོ་གི་སྦོ་ལོགས་ཕེབསཔ་ད་ མིའི་རོ་གཅིག་ཕྱི་ཁར་ལུ་འབག་འོང་ས་ ཁོ་གིས་གཟིགས་ནུག་ འདི་ཨམ་ཡུགས་ས་མོ་ལུ་བུ་ཕུད་རྡོག་གཅིག་ཡོད་མི་འདི་ཨིན་མས་ དེ་ལས་མི་ཚོགས་ཡང་མོ་དང་གཅིག་ཁར་ ཁྲོམ་ཁར་ལས་མར་འོང་ཡོདཔ་ཨིན་མས། 13 དེ་ལས་གཙོ་བོ་ཡེ་ཤུ་གིས་ཨམ་དེ་ལུ་གཟིགསཔ་ད་ ཁོ་གི་ཐུགས་ལུ་སྙིང་རྗེ་བསྐྱེད་དེ་མོ་ལུ་ ཁྱོད་མ་སྔུ་ཟེར་གསུངས་ཞིནམ་ད། 14 ཁོ་རོ་འབག་འོང་མི་ཚུ་གི་རྩ་བར་བྱོན་ཏེ་ རོ་སྒྲོམ་དེ་གུ་ཕྱག་བཀལཝ་ད་ རོ་འབག་འོང་མི་ཚུ་ཙང་བཏང་སྡོད་ནུག་ དེ་ལས་ཡེ་ཤུ་གིས་ ན་གཞོན་ ཁྱོད་ཡར་ལོངས་ཟེར་གསུངསམ་ད། 15 མི་ཤི་སོང་མི་འདི་ ཤི་ས་ལས་ཡར་ལོང་སྟེ་ ཧེ་མ་བཟུམ་སྦེ་རང་ཁ་སླབ་ནི་འགོ་བཙུགས་ནུག་ དེ་ལས་ཡེ་ཤུ་གིས་ཁོ་ར་གི་ཨའི་ལུ་གནངམ་ད། 16 མི་ཚུ་འདྲོགས་ཏེ་དཀོན་མཆོག་ལུ་བསྟོད་པ་ཕུལ་སྦེ་ ཁོང་གིས་ ལུང་སྟོན་པ་མཐོ་ཤོས་གཅིག་ང་བཅས་ཀྱི་སྦུག་ལུ་བྱོན་ནུག་ དཀོན་མཆོག་གིས་ཁོ་རང་གི་མི་ཚུ་ལུ་ བདག་འཛིན་མཛད་པ་བྱོན་ནུག་ཟེར་ཞུ་ནུག 17 དེ་ལས་ཁོ་གི་གནས་ཚུལ་དང་ཁྱབ་བསྒྲགས་དེ་ཚུ་ ཡུ་དེ་ཡ་གི་ལུང་ཕྱོགས་ག་ར་ནང་མ་ཚད་པར་ མཐའ་བསྐོར་གྱི་ལུང་ཕྱོགས་ཚུ་ནང་ཡང་ཁྱབ་སོང་ནུག། 18 ཡོ་ཧ་ནཱན་གྱི་སློབ་མ་ཚུ་གིས་ཡེ་ཤུ་གི་སྐོར་ལས་ ཁོ་ལུ་སླབ་ད་ ཡོ་ཧ་ནཱན་གྱིས་སློབ་མ་གཉིས་འབོ་སྟེ། 19 ཡེ་ཤུ་བཞུགས་ས་ལུ་ འབྱོན་ནི་འབད་མི་ཁིརཱིས་དེ་ ནཱ་ཨིན་ན་ འདི་མེན་པར་ ང་བཅས་གཞན་གཅིག་ལུ་ སྒུག་སྡོད་དགོ་ག་ཟེར་གཙོ་བོ་ལུ་ཞུ་བ་གཏང་ནུག 20 དེ་ལས་སློབ་མ་གཉིས་ཀྱིས་ཡེ་ཤུ་གི་སྐུ་མདུན་ལུ་བཅར་ཏེ་ ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་གྱིས་ཞུ་དེས་ བྱོན་ནི་འབད་མི་ཁིརཱིས་དེ་ ནཱ་ཨིན་ན་ ཡང་ན་ ང་བཅས་གཞན་གཅིག་ལུ་སྒུག་སྡོད་དགོ་ག་ཟེར་ ང་བཅས་ནཱ་ལུ་ཞུ་བ་འོང་ཡི་ཟེར་ཞུ་ནུག 21 འདི་ཁ་རང་ ཡེ་ཤུ་གིས་ ནད་གཞི་སྣ་ཚོགས་ན་སྟེ་ཡོད་མི་ཚུ་ལུ་དྲགཔ་མཛདཔ་མ་ཚད་ འདྲེ་གདོན་ཡང་ལེ་ཤ་བཏོན་བདའ་སྟེ་ མིག་ཏོ་ཞརཝ་ལེ་ཤ་ལུ་མཐོངམ་མཛད་གནང་ནུག 22 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ད་ལོག་སྟེ་སོང་ཞིནམ་ད་ ཁྱེད་ཀྱི་མིག་གིས་མཐོང་མི་དང་ རྣ་བ་གོ་མི་དེ་ཚུ་ ཡོ་ཧ་ནཱན་ལུ་སླབ་ མིག་ཏོ་ཞརཝ་ཚུ་གིས་མཐོང་ཚུགས་པས་ རྐངམ་ཞབོ་ཚུ་འགྱོ་ཚུགས་པས་ མཛེ་ནད་ན་མི་ཚུ་དྲགཔ་བཟོ་དེས་ རྣ་བ་མ་གོ་མི་ཚུ་ལུ་ རྣཝ་གོཝ་བཟོ་དེས་ ཤི་སོང་མི་ཚུ་ ཤི་ས་ལས་གསོན་པོ་སྦེ་ལོག་ལྷོང་དེས་ དེ་ལས་མི་སྤྱང་ཀ་ཚུ་ལུ་གཏམ་བཟང་བཤད་དེ་བྱིན་དེས་ཟེར་སླབ་བྱིན། 23 ང་གིས་འབད་མི་ལུ་བདེན་འཛིན་རེ་སྟེ་ དད་པ་མ་ཉམས་མི་འདི་ བྱིན་རླབས་ཅན་ཨིན་ཟེར་གསུངས་ནུག 24 ཡོ་ཧ་ནཱན་གྱི་སློབ་མ་གཉིས་ལོག་འགྱོ་བའི་ཤུལ་ལས་ ཡེ་ཤུ་གིས་མི་དམངས་ལུ་ ཡོ་ཧ་ནཱན་གྱི་སྐོར་ལས་བཤད་དེ་གསུངས་ནུག་ ཁྱེད་རི་སྟོང་ནང་ལུ་ག་ཅི་བལྟ་བ་སོང་སོངམ་སྨོ་ རླུང་གིས་གཡབ་མི་རྩྭ་ཚུ་བལྟ་བ་སོང་སོངམ་ཨིན་ན། 25 འདི་མེན་པ་ཅིན་ ཁྱེད་ག་ཅི་བལྟ་བ་སོང་སོངམ་སྨོ་ རིན་གོང་མཐོ་བའི་བགོ་ལ་ལེགས་ཤོམ་གྱོན་མི་གཅིག་ལུ་ བལྟ་བ་སོང་སོངམ་ཨིན་ན་ ད་བགོ་ལ་ལེགས་ཤོམ་གྱོན་མི་དང་ རྒྱུ་ནོར་ལོངས་སྤྱོད་ལུ་སྤྱོས་ཏེ་དགའ་ཏོག་ཏོ་སྦེ་སྡོད་མི་ཚུ་ རྒྱལ་པོའི་ཕོ་བྲང་ནང་སྡོདཔ་ཨིན། 26 དེ་མེན་པ་ཅིན་ ཁྱེད་ད་རུང་ལུང་སྟོན་པ་གཅིག་ལུ་བལྟ་བ་སོང་སོངམ་ཨིན་ན་ དེ་སྦེ་ཨིན་པ་ཅིན་ ང་གིས་ཁྱེད་ལུ་སླབ་དོ་ ཁྱེད་ཀྱིས་ལུང་སྟོན་པ་ལས་ཡང་སྦོམ་མི་གཅིག་མཐོང་ཅི། 27 ག་ཅི་སྨོ་ཟེར་བ་ཅིན་ འདི་གི་སྐོར་ལས་གསུང་རབ་ནང་བྲིས་ཏེ་འདུག བལྟ་ཤིག་ ང་གིས་ངེ་གི་ཁ་འཐེན་འབག་མི་ ཁྱོད་ཀྱི་ཧེ་མ་གཏང་ནི་ཨིན་ ཁོ་གིས་ཁྱོད་ཀྱི་ལམ་གྲ་སྒྲིག་བཟོ་འོང་ཟེར་ བྲིས་བཞག་མི་འདི་ ཡོ་ཧ་ནཱན་གྱི་སྐོར་ལས་ཨིན། 28 ང་གིས་ཁྱེད་ལུ་སླབ་དོ་ ཨའི་གི་མངལ་ལས་སྐྱེས་མི་ག་ར་ནང་ལས་ ཡོ་ཧ་ནཱན་ལས་སྦོམ་ཤོས་ག་ཡང་མེད་ དེ་རང་ཨིན་རུང་ དཀོན་མཆོག་གི་རྒྱལ་སྲིད་ཀྱི་ནང་ན་ཆུང་ཤོས་དེ་ ཁོ་ལས་ཡང་ སྦོམ་ཨིན་ཟེར་གསུངས་ནུག 29 མི་ལེ་ཤ་ཡེ་ཤུ་གིས་གསུངས་མིའི་ཆོས་དེ་ཉན་སྡོད་ནུག་ དེ་ལས་ཁོང་དང་ཁྲལ་བསྡུ་མི་ཚུ་གིས་ཡང་ དཀོན་མཆོག་གི་ལམ་དེ་དོན་ལས་རང་ཀྲིག་ཀྲི་ཨིན་མས་ཟེར་ཁ་བཟེད་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ ཡོ་ཧ་ནཱན་ལས་ཁྲུས་གསོལ་ཞུ་ཞུཝ་ཨིན་མས། 30 དེ་འབདཝ་ད་ ཕ་རུ་ཤི་པ་དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་ ཡོ་ཧ་ནཱན་ལས་ཁྲུས་གསོལ་མ་ཞུ་བ་འབད་ནི་དེ་གིས་ དཀོན་མཆོག་གི་ཐུགས་དགོངས་འདི་ ཁོང་གི་དོན་ལུ་མེན་པས་ཟེར་ཆ་མ་བཞག་པས། 31 དེ་ལས་ ཡེ་ཤུ་གིས་ ཁོང་ད་རེས་ནངས་པ་གི་མི་བརྒྱུད་ངན་པ་ཚུ་ལུ་ ང་གིས་ག་ཅི་དང་ག་བསྡུར་བརྐྱབས་ཏེ་བལྟ་ནི་སྨོ་ ཁོང་ག་ཅི་དང་འདྲ་ག་ཟེར་བ་ཅིན། 32 ཁོང་ཁྲོམ་གྱི་ས་གོ་ནང་སྡོད་མི་ཨ་ལོ་ཚུ་ གཅིག་གིས་གཅིག་ལུ་སྐད་རྐྱབ་འབོ་སྟེ། ང་བཅས་ཀྱིས་གླིངམ་འཕུ་ཡི་ དེ་འབདཝ་ད་ ཁྱེད་ཀྱིས་ཞབས་བྲོ་རྐྱབ་མ་བཏུབ་ ང་བཅས་མྱ་ངན་འབད་ཡི་ དེ་འབདཝ་ད་ ཁྱེད་མྱ་ངན་འབད་མ་བཏུབ་ཟེར་ སླབ་མི་བཟུམ་སྦེ་ཨིན། 33 ག་ཅི་སྨོ་ཟེར་བ་ཅིན་ ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་འོངས་ཏེ་ ཁོ་ཏད་ཟས་མི་ཟ་ རྒུན་འབྲུམ་གྱི་ཆང་ཡང་མི་འཐུང་ ཁྱེད་ཀྱིས་ཁོ་ནང་འདྲེ་འཛུལ་སོང་ནུག་ཟེར་སླབ་ཅི། 34 མིའི་བུ་འོངས་ཏེ་ ཟ་ འཐུང་ཡི་ དེ་འབདཝ་ད་ ཁྱེད་ཀྱིས་ཁོ་ལུ་ལྟོགས་ལི་དང་ ཆང་ཟེ་ཨིནམ་མ་ཚད་ ཁྲལ་བསྡུ་མི་དང་ སྡིག་ཅན་གྱི་ཆ་རོགས་ཨིན་མས་ཟེར་སླབ་ཅི། 35 དཀོན་མཆོག་གི་ཤེས་རབ་དང་འཁྲིལ་ཏེ་སྡོད་མི་བུཚ་དེ་ཚུ་གིས་ ཤེས་རབ་ཀྱི་བདེན་ཁུངས་བཀལ་འོང་ཟེར་ ཡེ་ཤུ་གིས་གསུངས་ནུག། 36 ཕ་རུ་ཤི་པ་གཅིག་གིས་ཁོ་རང་གི་ཁྱིམ་ནང་ ཕྱི་རུ་གི་ཚོགས་ལུ་གདན་འདྲེན་ཞུཝ་ད་ ཡེ་ཤུ་ཁོ་གི་ཁྱིམ་ནང་བྱོན་ཏེ་ ཚོགས་བཞེས་ནི་སྦེ་ མར་བཞུགས་ནུག 37 ཁྲོམ་འདི་ནང་ལུ་ ཨམ་སྲུ་སྡིག་པའི་ལཱ་འབད་སྡོད་མི་གཅིག་གིས་ ཡེ་ཤུ་ ཕ་རུ་ཤི་པ་གི་ཁྱིམ་ནང་ཚོགས་བཞེས་པ་བྱོན་ནུག་ཟེར་གོ་སྟེ་ མོ་གིས་རིན་གོང་ཆེ་བའི་དྲི་བཟང་གི་མར་ཁུ་ རྡོ་ཀ་མ་རུའི་དམ་སྦྱིས་གང་འབག་འོང་ཞིནམ་ད། 38 ཨམ་སྲུ་འདི་ཡེ་ཤུ་གི་སྦོ་ལོགས་ཁར་སྔུ་སྡོད་དེ་ མིག་ཆུ་གིས་ཡེ་ཤུ་གི་ཞབས་ཆུ་འཁྱུ་ དེ་ལས་མོ་རང་གི་སྐྱ་གིས་འཕྱགས་ཏེ་འུ་ལེན་སྦེ་ དྲི་བཟང་གི་མར་ཁུ་དབུར་ཕུལ་ནུག 39 ཡེ་ཤུ་ལུ་གདན་འདྲེན་ཞུ་མིའི་ ཕ་རུ་ཤི་པ་འདི་གིས་མཐོང་སྟེ་ ཁོ་རང་གི་སེམས་ཁར་ ཁོ་ལུང་སྟོན་པ་ངོ་མ་གཅིག་ཨིན་པ་ཅིན་ ཁོ་ལུ་འདོགས་མིའི་ཨམ་སྲུ་འདི་ ག་བཟུམ་གཅིག་ཨིན་ན་ མོ་སྡིག་ཅན་གཅིག་ཨིནམ་ ཁོ་གིས་མཁྱེན་འོང་ཟེར་མནོ་བསམ་བཏང་ནུག 40 ཡེ་ཤུ་གིས་ སི་མཱོན་ལུ་ ཁྱོད་ལུ་བློ་གཅིག་སླབ་ནི་ཡོད་ཟེར་གསུངསམ་ད་ སི་མཱོན་གྱིས་ སློབ་དཔོན་ལགས་ ང་ལུ་གསུངས་གནང་ཟེར་ཞུ་ནུག 41 དེ་ལས་ཡེ་ཤུ་གིས་དཔེ་གཏམ་གཅིག་གསུངས་ནུག་ སྦྱིན་བདག་གཅིག་ལས་ བུ་ལོན་ལེན་མིའི་མི་གཉིས་ཡོདཔ་ཨིན་མས་ གཅིག་ལུ་ཏི་རུ་ དེ་ན་རི་ལྔ་བརྒྱ་དང་ གཅིག་ལུ་ལྔ་བཅུ་གི་བུ་ལོན་ སྤྲོད་ནི་ཡོདཔ་ཨིན་མས། 42 དེ་འབདཝ་ད་ ཁོང་གཉིས་ཀྱིས་བུ་ལོན་ལོག་བཏབ་རང་མ་ཚུགས་པར་ སྦྱིན་བདག་དེ་གིས་ཁོང་གཉིས་ཆ་རང་ལུ་ ད་བུ་ལོན་ལོག་སྤྲོད་མི་དགོ་ཟེར་དགོངས་ཡངས་གཏང་ནུག་ ད་ཁོང་གཉིས་ལས་སྦྱིན་བདག་ལུ་ག་གིས་བརྩེ་བ་སྦོམ་སྦེ་བསྐྱེད་ནི་སྨོ་ཟེར་གསུངསམ་ད། 43 སི་མཱོན་གྱིས་ང་གིས་འབད་བ་ཅིན་ ཏི་རུ་ལེ་ཤ་ག་གིས་ལེན་ཡི་ག་ འདི་གིས་གཞན་དེ་ལས་ལྷགཔ་སྦེ་ དྲིན་ལན་འཇལ་འོང་ཟེར་ཞུཝ་ད་ ཁྱོད་ཀྱིས་ཀྲིག་ཀྲི་སྦེ་སླབ་ཅི་ཟེར་ཡེ་ཤུ་གིས་གསུངས་ནུག 44 ད་རུང་ཡེ་ཤུ་གིས་ཞལ་ཕར་ཨམ་སྲུ་ཁ་ཏུ་འགོར་སྦེ་ སི་མཱོན་ལུ་ ཨ་ནི་ཨམ་སྲུ་འདི་མཐོང་ཅི་ག་ ང་ཁྱོད་ཀྱི་ཁྱིམ་ནང་འོང་རུང་ ཁྱོད་ཀྱིས་ངེ་གི་རྐངམ་འཁྱུ་ནི་གི་དོན་ལུ་ཆུ་བླུགས་མ་བྱིན་ དེ་འབདཝ་ད་ མོ་གིས་ ངེ་གི་རྐངམ་མོ་རང་གི་མིག་ཆུ་གིས་འཁྱུ་སྟེ་སྐྱ་གི་འཕྱགས་ཏེ་བྱིན་ཡི། 45 ཁྱོད་ཀྱིས་ང་ལུ་ འུ་བཀལ་ཏེ་ བསུ་བ་མ་འབད་ དེ་འབདཝ་ད་ ང་ནཱ་ལྷོད་ཞིནམ་ད་ ངེ་གི་རྐངམ་མིའི་གུ་ མོ་གིས་མ་ཆད་པ་རང་འུ་བཀལ་ཏེ་ཡོད། 46 དེ་ལས་ཁྱོད་ཀྱིས་ ངེ་གི་མགུ་ཏོ་གུ་མར་ཁུ་ཡང་དབུར་མ་བྱིན་ དེ་འབདཝ་ད་ ཨ་ནི་ཨམ་སྲུ་འདི་གིས་ ངེ་གི་རྐངམ་མིའི་གུ་ལུ་ དྲི་བཟང་གི་མར་ཁུ་དབུར་བྱིན་ཡི། 47 ད་ང་གིས་ཁྱོད་ལུ་སླབ་དོ་ མོ་གིས་སྡིག་པའི་ལཱ་ལེ་ཤ་འབད་དེ་འབད་རུང་ མོ་གིས་ག་ལས་ཡང་ལྷགཔ་སྦེ་ང་ལུ་དགའཝ་ཨིན་མས་ དེ་འབདཝ་ལས་བརྟེན་ཏེ་ མོ་གི་སྡིག་པ་བཀའ་དྲིན་བསྐྱང་ཡི་ ག་ཅི་སྨོ་ཟེར་བ་ཅིན་ མི་གི་སྡིག་པ་ཉུང་སུ་ཅིག་བཀའ་དྲིན་བསྐྱངས་མི་དེ་ལུ་ དགའ་ནི་ཡང་ཉུང་ཟེར་གསུངས་ནུག 48 ད་རུང་ཡེ་ཤུ་གིས་ཨམ་སྲུ་འདི་ལུ་ ད་ཁྱོད་ཀྱི་སྡིག་པ་བཀའ་དྲིན་བསྐྱང་ཚར་ཡི་ཟེར་གསུངསམ་ད། 49 མགྱོནམ་འདི་ཚུ་གིས་ དབའི་ སྡིག་པ་བཀའ་དྲིན་བསྐྱངམ་ཨིན་ཟེར་ ཁོ་ག་སྨོ་ཟེར་ ཁོང་རང་གཅིག་གིས་གཅིག་ལུ་སླབ་ནུག 50 དེ་ལས་ཡེ་ཤུ་གིས་ཨམ་སྲུ་འདི་ལུ་ ཁྱོད་རའི་དད་པ་གིས་ཁྱོད་ཐར་པ་ཐོབ་ཅི་ ད་ཞི་བདེ་ནང་ལོག་སོང་ཟེར་གསུངས་ནུག།
1 འདི་གི་ཤུལ་ལས་ཡེ་ཤུ་གིས་ཁྲོམ་དང་གཡུས་དེ་ཚུ་ནང་ བཤལ་བྱོན་ཏེ་ དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལས་གཏམ་བཟང་གསུངས་ནུག་ འདི་སྐབས་ལུ་ཁོ་དང་གཅིག་ཁར་ ཁོ་རང་གི་སློབ་མ་བཅུ་གཉིསཔ་ཚུ་ཡང་ཕྱག་ཞུ་སོང་ནུག 2 དེ་ལས་ཁོང་དང་མཉམ་གཅིག་ འདྲེ་གདོན་འཛུལ་ཏེ་ དེ་ནང་ལས་སྐྱབས་ཐོབ་མི་དང་ ནད་ལས་དྲག་མི་ཨམ་སྲུ་ཚུ་ཡང་ཡོདཔ་མས་ འདི་ཚུ་གི་གྲལ་ལས་ འདྲེ་གདོན་བདུན་ཐོན་སོང་མི་ མག་ད་ལཱེན་ཟེར་སླབ་མི་ མཱིར་ཡམ་ཡོདཔ་ཨིན་མས། 3 དཔོན་ ཧེ་རཱོད་ཀྱི་གཟིམ་དཔོན་ ཁུ་ཟ་གི་ཨམ་སྲུ་ ཡོ་ཨཱན་ན་དང་ སུ་སཱན་ན་ཨིནམ་མ་ཚད་ ད་རུང་ཁོང་དང་གཅིག་ཁར་ ཨམ་སྲུ་ལེ་ཤ་ཡོདཔ་ཨིན་མས་ དེ་ཚུ་གིས་ཁོང་རང་གི་གཉེར་ཚང་གིས་ ཡེ་ཤུ་ལུ་ཞབས་ཏོག་ཞུ་ནུག། 4 ཁྲོམ་སོ་སོ་ལས་མི་ལེ་ཤ་འོངས་ཏེ་ མི་ཚོགས་སྦོམ་ཁོ་བཞུགས་སར་འཛོམསམ་ད་ ཁོ་གིས་ཨ་ནི་དཔེ་གཏམ་འདི་གསུངས་ནུག 5 ཉིནམ་གཅིག་གི་ཚེ་ ཞིང་ལཱ་འབད་མི་གཅིག་གིས་ ཞིང་ཁར་སོན་གཏོར་བ་སོང་ནུག་ ཁོ་གིས་སོན་གཏོརཝ་ད་ སོན་ལ་ལུ་ལམ་ཁར་བུད་དེ་ རྐངམ་གིས་རྫོབ་ ལ་ལུ་གནམ་ཁའི་བྱི་ཅུང་གིས་འཐུ་ཟ་ནུག 6 སོན་ལ་ལུ་ཅིག་ས་རུག་རྡོ་རུག་ནང་བུད་དེ་ མར་ལས་ཡར་སྐྱེས་རུང་ ཆུ་མ་ཐོབ་པར་སྐམ་སོང་ནུག 7 སོན་ལ་ལུ་ཅིག་རྩང་གི་ཚང་ནང་བུད་དེ་ རྩང་དང་གཅིག་ཁར་སྐྱེས་རུང་ རྩང་ཡར་སྦོམ་ད་ ལྕུག་གུ་དེ་ལུ་རྩང་གི་མར་མནེམ་སྟེ་ ཡར་སྦོམ་མ་ཚུགས་པས། 8 སོན་ལ་ལུ་ཅིག་ས་བཟང་ས་བུད་དེ་ མར་ལས་ཡར་ལེགས་ཤོམ་སྦེ་སྐྱེས་ཏེ་ ཧེ་མ་ས་ཁར་བཏབ་མི་ལས་ཡང་ གཅིག་བརྒྱ་ཐེབས་སྦེ་ལོ་ཐོག་འཚོ་ནུག་ཟེར་གསུངས་ནུག་ དཔེ་གཏམ་འདི་གསུངས་ཚརཝ་ད་ཡེ་ཤུ་གིས་ ག་ལུ་ཉན་ནི་གི་རྣམ་ཅོག་ཡོད་མི་དེ་གིས་ཉན་ཤིག་ཟེར་གསུངས་ནུག། 9 སློབ་མ་ཚུ་གིས་ཡེ་ཤུ་ལུ་ དཔེ་གཏམ་འདི་གི་དོན་དག་ག་ཅི་ཨིན་ན་ཟེར་ཞུཝ་ད། 10 ཡེ་ཤུ་གིས་ལན་ དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་ཧ་གོ་ནི་འདི་ ཁྱེད་ལུ་གནང་སྟེ་ཡོད་ དེ་འབདཝ་ད་ མི་གཞན་ཚུ་ལུ་ ང་གིས་དཔེ་གཏམ་གྱི་ཐོག་ལས་སྦེ་སླབ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གི་མིག་ཏོ་གིས་བལྟ་རུང་ མ་མཐོང་ནི་གི་དོན་ལས་ཨིན་ ཁོང་གི་རྣ་བ་གིས་ཉན་རུང་ དོན་དག་ཧ་མ་གོ་ནི་གི་དོན་ལས་ཨིན་ཟེར་གསུངས་ནུག། 11 ཡེ་ཤུ་གིས་དཔེ་གཏམ་གྱི་དོན་དག་གི་འགྲེལ་བཤད་དེ་སྦེ་བརྐྱབས་གནང་ནུག་ ད་དཔེ་གཏམ་གྱི་དོན་དག་འདི་ཨ་ནི་ཨིན་ སོན་དེ་དཀོན་མཆོག་གི་གསུང་ཨིན། 12 ལམ་ཁར་བུད་མི་འདི་ གསུང་ཉན་མི་ཆ་ཁྱབ་ཨིན་ དེ་འབདཝ་ད་ ཁོང་གིས་གསུང་འདི་ཉན་སྡོདཔ་ད་ བདུད་འོངས་ཏེ་ཁོང་གི་སེམས་ཁར་ལས་གསུང་འདི་འཐུ་འབགཔ་ད་ ཁོང་དད་པ་མ་བསྐྱེད་པར་ ཐར་པ་ཐོབ་མ་ཚུགསཔ་ཨིན། 13 ས་རུག་རྡོ་རུག་ནང་བུད་མི་སོན་དེ་ཨ་ནི་ཨིན་ ཁོང་གསུང་ཉནམ་ད་སེམས་དགའ་སྦེ་ཉན་ཏེ་ དད་པ་བསྐྱེད་མི་ཆ་ཁྱབ་ཨིན་ དེ་འབདཝ་ད་ སོན་མར་ལས་ཡར་སྐྱེསཝ་ད་ ར་ཏོ་མར་བཏགས་མ་ཚུགསཔ་བཟུམ་སྦེ་ ཁོང་གི་དད་པ་ཡང་སྒྲིང་སྒྲིང་མེད་པར་ ཡུདཔ་ཐེངས་གཅིག་གི་དོན་ལུ་དད་པ་བསྐྱེདཔ་མ་གཏོགས་ ཁོང་ལུ་བར་ཆད་འོངམ་ད་དད་པ་བརྟན་ཏོག་ཏོ་ བསྐྱེད་མ་ཚུགས་པར་དད་པ་ལོག་སྟེ་ རྒྱབ་བཤུད་རྐྱབ་འགྱོ་མི་ཚུ་ཨིན། 14 རྩང་གི་ཚང་ན་བུད་མི་སོན་དེ་ཨ་ནི་ཨིན་ གསུང་ཉནམ་ད་ཁས་ལེན་འབད་དེ་ཉན་རུང་ ཁོང་ལུ་འཛམ་གླིང་གི་རྒྱུ་ཕྱེད་ཀྲམ་དང་ ཉམས་དགའཝ་ཚུ་གི་ཚ་གྱང་གིས་བསྡམས་ཏེ་ ཁོང་གི་དད་པ་ཡར་སྦོམ་འགྱོ་མ་ཚུགསཔ་བཟུམ་སྦེ་ ལོ་ཐོག་ཚུ་འཚོ་མ་ཚུགས་པར་ལུས་མི་ཚུ་ཨིན། 15 དེ་འབདཝ་ད་ ས་བཟང་སར་བུད་མི་སོན་འདི་ཨ་ནི་ཨིན་ མི་བསམ་པ་བཟང་པོ་དང་སེམས་ལེགས་ཤོམ་ཚུ་གིས་གསུང་འདི་ཉན་ཏེ་ སེམས་ཁར་བཞགཔ་མ་ཚད་ དཀའ་ངལ་དང་སྡུག་བསྔལ་ཚུ་བྱུང་རུང་ བཟོད་བསྲན་བསྐྱེད་དེ་འབྲས་བུ་ཐོབ་དོཝ་བཟུམ་སྦེ་ ལོ་ཐོག་བཏག་མི་ཚུ་ཨིན་ཟེར་ཡེ་ཤུ་གིས་གསུངས་ནུག། 16 ག་ར་འབད་རུང་ ས་ཏི་བཏེགས་ཏེ་ རྫམ་གྱི་འོག་ལུ་བཙུགས་མི་བཞག་ དེ་མ་ཚད་ མར་ཉལ་ཁྲི་གི་འོག་ལུ་ཡང་བཙུགས་ཏེ་མི་བཞག་ དེ་འབདཝ་ད་ ཡར་མཐོ་སར་བཀལ་ཏེ་ ཁྱིམ་ནང་ཡོད་མི་ག་ར་གིས་ གསལ་ཏོག་ཏོ་སྦེ་མཐོང་ཚུགས་ནི་གི་དོན་ལུ་ བཞག་འོང་། 17 གསང་སྟེ་བཞག་མི་གཏམ་འདི་ ཤུལ་ལས་ག་ར་གིས་ཤེས་འོང་ གནག་དུང་ནང་སྦ་བཞག་མི་འདི་ཤུལ་ལས་ འོད་ཀྱི་ནང་འཐོན་ཏེ་ མི་ག་ར་གིས་མཐོང་འོང་། 18 ད་དེ་ལས་ཕར་ ཁྱེད་ཀྱིས་ག་གོ་མི་འདི་ཉན་ཏེ་ སེམས་ཁར་བཞག་ ག་ག་ལུ་ཡོད་མི་འདི་ལུ་ ད་རུང་དེ་ལས་ཡང་ལྷགཔ་སྦེ་བྱིན་འོང་ མི་གཅིག་ལུ་ག་ནི་ཡང་མེད་ཟེར་མནོ་མི་འདི་ལས་ ད་རུང་ཡོད་མི་འདི་ཡང་ལེན་ཏེ་ འབག་འགྱོ་འོང་ཟེར་ཡེ་ཤུ་གིས་གསུངས་ནུག། 19 ཉིནམ་གཅིག་གི་ཚེ་ ཡེ་ཤུ་གི་ཡུམ་དང་སྐུ་མཆེད་ཚུ་ ཁོ་བཞུགས་སར་བྱོན་ནུག་ དེ་འབདཝ་ད་ མི་དམངས་ཀྱིས་འབད་དེ་ ཁོ་དང་མཇལ་མ་ཚུགས་པར་བཞུགསཔ་ད། 20 མི་གཅིག་གིས་ཁོ་ལུ་ ནཱ་གི་ཡུམ་དང་སྐུ་མཆེད་ཚུ་ ནཱ་དང་མཇལ་བ་བྱོན་ཏེ་ ཕྱི་ཁ་ལུ་བཞེངས་ཏེ་བཞུགས་ནུག་ཟེར་ཞུ་ནུག 21 དེ་འབདཝ་ད་ དེའི་ལན་ལུ་ཁོ་གིས་ ངེ་གི་ཨའི་དང་སྤུན་ཆ་ཚུ་ དཀོན་མཆོག་གི་གསུང་ཉན་ཏེ་ ལག་ལེན་འཐབ་མི་དེ་ཚུ་ཨིན་ཟེར་གསུངས་ནུག། 22 ཉིནམ་གཅིག་གི་ཚེ་ ཡེ་ཤུ་ཁོ་རང་གི་སློབ་མ་ཚུ་དང་གཅིག་ཁར་ གྲུ་ནང་བྱོན་སྦེ་ ང་བཅས་མཚོ་བརྒལ་ཏེ་ ཕ་ཁར་འཐོན་འགྱོ་གེ་ཟེར་ ཁོང་ལུ་གསུངས་ཏེ་ བྱོན་ནི་འགོ་བཙུགས་ནུག 23 བྱོན་ཡི་བྱོན་ཡི་རང་ ཡེ་ཤུ་མནལ་གཟིམས་ནུག་ དེ་ལས་ཆར་རླུང་ཤུགས་སྦེ་འཕུ་སྟེ་ མཚོ་གུ་རྐྱབ་ གྲུ་ནང་ལུ་ཆུ་གང་སྟེ་ ཐིམ་ནི་བཟུམ་སྦེ་འདྲོག་སི་སི་སོང་ནུག 24 དེ་ལས་ཁོང་སློབ་མ་ཚུ་ཡེ་ཤུ་བཞུགས་སར་བཅར་ཏེ་ སློབ་དཔོན་ལགས་ སློབ་དཔོན་ལགས་ ང་བཅས་ཆུ་ནང་ཐིམ་སྟེ་ཤི་ནི་འབད་དོ་ཟེར་ཞུཝ་ད་ ཡེ་ཤུ་མནལ་ལས་ཡར་བཞེངས་ཏེ་ ཆར་རླུང་ལུ་བཀའ་བཀྱོན་གནངམ་ད་ ཆར་རླུང་མར་ཞི་སྟེ་ སྐྱིད་ཏོང་ཏོ་སོང་ནུག 25 ཁྱེད་ཀྱི་དད་པ་འདི་ག་ཏེ་སྨོ་ཟེར་ཡེ་ཤུ་གིས་ཁོང་ལུ་གསུངས་ནུག་ ཁོང་ཆ་ཁྱབ་གནམ་མེད་ས་མེད་འདྲོག་ ཧ་ལས་ཏེ་ཁོང་རང་གཅིག་གིས་གཅིག་ལུ་ ཁོ་ག་ཨིན་ན་ ཆར་རླུང་ལུ་ཡང་བཀའ་གནངམ་ད་ དེ་ཚུ་གིས་ཁོ་གི་བཀའ་ལུ་ཉན་བཏུབ་པས་ ཟེར་སླབ་ནུག། 26 དེ་ལས་ཡེ་ཤུ་དང་ཁོ་གི་སློབ་མ་ཚུ་ ག་ལི་ལི་ལུང་ཕྱོགས་ཀྱི་མཚོའི་ཕ་ཁར་ གེ་ར་ས་པ་ཚུ་གི་ཁྲོམ་ཁར་འབྱོནམ་ད། 27 ཁྲོམ་འདི་ནང་ འདྲེ་གདོན་འཛུལ་མི་གཅིག་ཡོདཔ་ཨིན་མས་ མི་འདི་བགོ་ལ་ཡང་མ་གྱོན་པར་ ཡུན་རིངམ་ལངས་སོངམ་ཨིན་མས་ དེ་མ་ཚད་ ཁྱིམ་ནང་ཡང་མ་སྡོད་པར་དུར་ཁུང་ནང་སྡོད་དོ་ཡོདཔ་ཨིན་མས་ ཡེ་ཤུ་གྲུ་ནང་ལས་ས་སྐམ་སར་འཐོན་བྱོནམ་ཅིག་ མི་འདི་ཡེ་ཤུ་གི་ཕྱག་དབང་བཅར་ཏེ། 28 ཡེ་ཤུ་དང་མཇལཝ་ད་ ཁོ་གི་སྐུ་མདུན་ལུ་ མགུ་མར་ས་ཁར་བརྡབས་ཏེ་ བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ་ ནཱ་ང་ལས་ག་ཅི་དགོ་ནི་སྨོ་ ང་ལུ་གནོད་བཀལ་མ་ད་ ཟེར་སྐད་སྦོམ་བརྐྱབས་ཏེ་ གསོལཝ་བཏབ་ནུག 29 ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་གིས་ཧེ་མ་ཁོ་གཟིགསཔ་ད་ འདྲེ་གདོན་འདི་ཚུ་ཕྱི་ཁར་ཐོན་སོང་ཟེར་ བཀའ་གནང་གནངམ་ཨིན་མས་ ཚར་ལེ་ཤ་རང་འདྲེ་གདོན་འདི་གིས་ མི་འདིའི་ནང་ན་འཛུལ་ནུག་ ཁོ་གི་ལགཔ་དང་རྐངམ་གུ་ ལྕགས་ཐག་གིས་བཅིངས་ཏེ་འབད་རུང་ ཨ་རྟག་རང་ལྕགས་ཐག་འདི་ཚུ་བཏོགས་བཀོག་སྟེ་ འདྲེ་གདོན་འདི་ཚུ་གིས་ཁོ་ལུ་ རི་སྟོང་ནང་ལུ་བདའ་གཏངམ་ཨིན་མས། 30 ཡེ་ཤུ་གིས་མི་དེ་ལུ་ ཁྱོད་ཀྱི་མིང་ག་ཅི་སྨོ་ཟེར་གསུངསམ་ད་ ཁོ་གིས་ངེ་གི་མིང་སྤུང་ཚོགས་ཟེར་སླབ་ཨིན་ཟེར་ཞུ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ འདྲེ་གདོན་ལེ་ཤ་ཁོ་གི་ནང་ན་འཛུལ་ཏེ་ཨིན་མས། 31 ང་བཅས་ལུ་ མཐའ་མེད་པའི་དོང་ནང་ གཏང་མ་ད་ཟེར་ འདྲེ་གདོན་དེ་ཚུ་གིས་ཡེ་ཤུ་ལུ་གསོལཝ་བཏབ་ནུག 32 འདི་གི་སྦོ་ལོགས་ཁར་ ཕགཔ་ཚན་སྦོམ་གཅིག་ཡོདཔ་ཨིན་མས་ ཕགཔ་འདི་ཚུ་སྒང་གུ་ལས་མར་བཤལ་འོངམ་ད་ འདྲེ་གདོན་དེ་ཚུ་གིས་ ཁོང་ཕགཔ་ནང་འཛུལ་བ་གཏང་གནང་ཟེར་ཡེ་ཤུ་ལུ་ཞུ་སྟེ་ ཁོ་གིས་ཁོང་རང་གིས་ཞུ་དོཝ་བཟུམ་སྦེ་རང་མཛད་གནང་ནུག 33 དེ་ལས་འདྲེ་གདོན་འདི་ཚུ་ མི་དེ་གི་ནང་ན་ལས་ཐོན་སྦེ་ཕགཔ་གི་ནང་ན་འཛུལ་ཏེ་ ཕགཔ་ཚན་སྦོམ་འདི་ག་ར་བརྒྱུགས་ཏེ་ གཅིག་གིས་གཅིག་ལུ་ཨེབ་ཐག་རྐྱབ་ད་ བྱག་གུ་ལས་མར་རྦོབ་རིལ་ཏེ་ ག་ར་མཚོ་ནང་ཐིམ་སྦེ་ཤི་སོང་ནུག 34 དེ་ལས་ཕག་རྫིཔ་འདི་ཚུ་གིས་ དེ་མཐོངམ་ད་འབྱོག་སོང་སྟེ་ འདི་ཁར་ག་བྱུང་མིའི་གནས་ཚུལ་འདི་ཚུ་ ཁྲོམ་ཁར་དང་ཁྲོམ་གྱི་སྦོ་ལོགས་ཁར་སྡོད་མི་ཚུ་ལུ་སླབ་སྟེ། 35 མི་དེ་ཚུ་ཡེ་ཤུ་བཞུགས་སར་བལྟ་བ་སོངམ་ད་ འདྲེ་གདོན་ཐོན་ཡར་སོང་མིའི་མི་དེ་ བགོ་ལ་གྱོན་ དྲན་པ་དང་ལྡན་ཏོག་ཏོ་སྦེ་ ཡེ་ཤུ་གི་སྐུ་མདུན་ལུ་ ལེགས་ཤོམ་སྦེ་སྡོད་ས་མཐོངམ་ད་ ཁོང་ག་ར་འདྲོགས་ཆི་ནུག 36 འདི་བྱུང་ས་མཐོང་མི་ཚུ་གིས་འདྲེ་གདོན་འཛུལ་མི་དེ་ ག་དེ་སྦེ་དྲག་དྲགཔ་ཨིན་ན་ བལྟ་བ་འོང་མི་ཚུ་ལུ་སླབ་ནུག 37 དེ་ལས་ གེ་ར་ས་ཁྲོམ་གྱི་མཐའ་འཁོར་ནང་སྡོད་མི་ཚུ་གིས་ཡེ་ཤུ་ལུ་ ཁོང་སྡོད་ས་ལས་བྱོན་གནང་ཟེར་ཞུ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གནམ་མེད་ས་མེད་འདྲོགས་ཏེ་ཨིན་མས་ དེ་ལས་ཡེ་ཤུ་གྲུ་གཅིག་ནང་འཛུལ་སྦེ་འབྱོནམ་ད། 38 འདྲེ་གདོན་ཐོན་ཡར་སོང་མིའི་མི་དེ་གིས་ ང་ཡང་ནཱ་དང་གཅིག་ཁར་འཁྱིད་གནང་ཟེར་ ཡེ་ཤུ་ལུ་གསོལཝ་བཏབ་ནུག 39 དེ་འབདཝ་ད་ ཡེ་ཤུ་གིས་ཁོ་ལུ་ ཁྱོད་རང་གི་ཁྱིམ་ནང་སོང་ཞིནམ་ད་ དཀོན་མཆོག་གིས་ཁྱོད་རང་ལུ་མཛད་མིའི་ཕྱག་ལཱ་སྦོམ་དེ་ ཁོང་ལུ་སླབ་པ་སོང་ཟེར་ལོག་གཏངམ་ད་ ཁོ་རང་གི་ཁྱིམ་ནང་ལོག་སོང་སྟེ་ ཡེ་ཤུ་གིས་ཁོ་ལུ་མཛད་མིའི་ཕྱག་ལཱ་སྦོམ་གྱི་གནས་ཚུལ་དེ་ ཁྲོམ་ག་ར་ནང་བཤད་དེ་སླབ་ནུག། 40 ཡེ་ཤུ་མཚོའི་ཕ་ཁར་ལོག་འབྱོནམ་ད་ ཁོ་ལུ་སྒུག་སྡོད་མིའི་མི་དམངས་ཀྱིས་ བྱོན་པ་ལེགས་སོ་ཞུ་ནུག 41 སི་ན་གོག་གི་དབུ་མཛད་ ཡའི་རུས་ཟེར་མི་གཅིག་ ཡེ་ཤུ་གི་སྐུ་མདུན་ལུ་བཅར་ཏེ་ ཕྱག་འཚལ་སྦེ་ ག་དེ་འབད་རུང་ ངེ་གི་ཁྱིམ་ནང་བྱོན་གནང་ལགས་ཟེར་གསོལཝ་བཏབ་ནུག 42 ག་ཅི་སྨོ་ཟེར་བ་ཅིན་ ཁོ་གི་བུམོ་ལོ་བཅུ་གཉིས་འབད་མི་གཅིག་ གནམ་མེད་ས་མེད་ན་སྟེ་ ཤི་ནི་གུ་ལྷོད་དེ་ཡོདཔ་ཨིན་མས་ དེ་ལས་ཡེ་ཤུ་ཁོ་གི་ཁྱིམ་ནང་འབྱོནམ་ད་ མི་དམངས་ཡང་གཡས་དང་གཡོན་ལས་ ཨེབ་ཐག་བརྐྱབས་ཏེ་འོངམ་ཨིན་མས། 43 འདིའི་སྐབས་ལུ་ཨམ་སྲུ་ ཁྲག་ཐོན་ན་སྟེ་ལོ་བཅུ་གཉིས་ཡར་སོང་མི་གཅིག་ཡོདཔ་མས་ མོ་སྨན་བཅོས་འབད་དེ་ མོ་རང་ནང་ཡོདཔ་མེདཔ་ག་ར་རྫོགས་སོང་རུང་ དྲག་མ་ཚུགས་པར་ལུས་ཡོདཔ་ཨིན་མས། 44 དེ་འབདཝ་ད་ མོ་གིས་མི་དམངས་ཀྱི་སྦུག་ལས་སྦེ་ ཡེ་ཤུ་གི་སྐུ་རྒྱབ་ལུ་སོང་སྟེ་ ཁོ་གི་ན་བཟའི་མཐའ་མ་འདོགསཔ་ཅིག་ དེ་འཕྲོ་ལས་མོ་གི་ཁྲག་ཆད་སོང་ནུག 45 དེ་ལས་ཡེ་ཤུ་གིས་ ང་ལུ་ལགཔ་འདོགས་མི་ག་སྨོ་ཟེར་གསུངསམ་ད་ ག་ར་གིས་ ང་བཅས་མི་ཤེས་ཟེར་ཞུ་ནུག་ དེ་འབདཝ་ད་ པེ་ཏྲོ་གིས་ སློབ་དཔོན་ལགས་ མི་དམངས་ཀྱིས་ཨེབ་ཐག་རྐྱབ་འོངམ་མས་ ནཱ་ལུ་ག་གིས་འདོགསཔ་ཨིན་ན་ ག་གིས་ཤེས་ནི་ཟེར་ཞུཝ་ད། 46 དེ་སྦེ་མེན་ མི་གཅིག་གིས་ང་ལུ་བཤེད་ཡི་ ངེ་གི་གཟུགས་ཁར་ལས་སྟོབས་ཤུགས་གཅིག་ ཕྱི་ཁར་འཐོན་འགྱོཝ་ང་གིས་ཤེས་ཅི་ཟེར་གསུངས་ནུག 47 དེ་ལས་ཨམ་སྲུ་འདི་ མོ་རང་གཡིབ་མ་ཚུགས་པར་མཐོང་ཆེཝ་ཨིནམ་ མོ་རང་གིས་ཤེས་ཏེ་ སྒྱིད་ཐག་འདར་འདྲོགས་ཏེ་ ཡེ་ཤུ་གི་སྐུ་མདུན་ལུ་བཅར་ ཕྱག་འཚལ་ཏེ་ མོ་གིས་ཁོ་གུ་འདོགསཔ་ད་ ག་དེ་སྦེ་དྲག་ཅི་ག་ ག་ར་གི་གདོང་ཁར་ཕྲང་སྟེ་ཞུ་ནུག 48 ཡེ་ཤུ་གིས་ཨམ་སྲུ་འདི་ལུ་ བུམོ་ཁྱོད་རང་གི་དད་པ་གིས་ཁྱོད་རང་དྲགཔ་བཟོ་ཡི་ ད་ཞི་བདེ་ནང་ལོག་སོང་ཟེར་གསུངས་ནུག 49 ཡེ་ཤུ་གིས་དེ་སྦེ་གསུངས་པའི་བསྒང་རང་ དབུ་མཛད་ ཡའི་རུས་ཀྱི་ཁྱིམ་ནང་ལས་ མི་གཅིག་འོངས་ཏེ་ ཁྱོད་ཀྱི་བུམོ་ཤི་སོང་ཡི་ ད་སློབ་དཔོན་ལུ་སྐུ་འོ་བརྒྱལ་མ་བཅུག་ཟེར་སླབ་ནུག 50 ཡེ་ཤུ་གིས་དེ་སྙན་གསནམ་ད་ དབུ་མཛད་ལུ་ ཁྱོད་མ་འདྲོག་ དད་པ་བསྐྱེད་དེ་སྡོད་ ཁྱོད་ཀྱི་བུམོ་དྲག་འོང་ཟེར་གསུངས་ནུག 51 ཁོ་ཁྱིམ་ནང་ན་འབྱོནམ་ད་ ཁོ་གིས་ པེ་ཏྲོ་དང་ ཡ་ཀོབ་ ཡོ་ཧ་ནཱན་ དེ་ལས་ཨ་ལོ་གི་ཨ་པ་དང་ཨའི་ལས་བརྒལ་ཏེ་ གཞན་ག་ལུ་ཡང་ཁོ་དང་མཉམ་ནང་ན་འོང་མ་བཅུག་པས། 52 མི་ག་ར་ཨ་ལོ་གི་དོན་ལུ་མྱ་ངན་འབད་དེ་ སྐད་རྐྱབ་སྔུ་སྡོད་ནུག་ དེ་འབདཝ་ད་ ཡེ་ཤུ་གིས་ཁོང་ལུ་ མ་སྔུ་ ཨ་ལོ་འདི་མ་ཤི་བས་ མོ་གཉིད་ལོག་སོངམ་མས་ཟེར་གསུངསམ་ད། 53 མི་ག་ར་ཡེ་ཤུ་བལྟ་སྟེ་དགོད་བྲ་བགའ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ཨ་ལོ་དེ་ཤི་སོང་ཡི་ཟེར་ཤེས་ནུག 54 ཡེ་ཤུ་གིས་ཨ་ལོ་གི་ལག་པར་བཤེད་དེ་ ཨ་ལོ་ཡར་ལོངས་ཤིག་ཟེར་ གསུང་སྐད་སྦོམ་སྦེ་གསུངསམ་ད། 55 མོ་གི་རྣམ་ཤེས་ལོག་འོངས་ཏེ་ དེ་འཕྲོ་ལས་ཡར་ལོངས་ནུག་ དེ་ལས་ཡེ་ཤུ་གིས་ བུམོ་ལུ་བཞེས་སྒོ་བྱིན་ཟེར་ཁོང་ལུ་བཀའ་གནང་ནུག 56 མོ་གི་ཨ་པ་དང་ཨའི་གཉིས་ཆ་རང་ཧ་ལས་ནུག་ དེ་འབདཝ་ད་ ཡེ་ཤུ་གིས་འདི་གི་སྐོར་ལས་ ག་ལུ་ཡང་མ་སླབ་ཟེར་བཀའ་གནང་ནུག།
1 ཡེ་ཤུ་གིས་སློབ་མ་བཅུ་གཉིསཔ་ལུ་ ཁོ་རང་གི་སྐུ་མདུན་འབོ་སྟེ་ འདྲེ་གདོན་ག་ར་བཏོན་བདའ་ནི་དང་ ནད་དེ་ཚུ་དྲགཔ་བཟོ་ནི་གི་ནུས་ཤུགས་དང་དབང་ཚད་གནང་སྟེ། 2 དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལས་ ཆོས་བཤད་པ་དང་ ནདཔ་ཚུ་ལུ་དྲགཔ་བཟོ་བ་གཏང་གནངམ་ད། 3 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་ལམ་འགྲུལ་འབད་ནི་གི་དོན་ལུ་ ག་ནི་ཡང་འབག་མི་དགོ་ ལག་པར་འཁརཝ་ ཕད་ཅུང་ ཏད་ཟས་ ཏི་རུ་དང་ ཁན་འཇར་སོར་ལྡེ་ཡང་མ་འབག 4 ཁྱེད་གནསཔ་ག་ཏེ་བརྙའ་སྡོད་རུང་ གཡུས་འདི་ནང་ལས་ཐོན་མ་འགྱོ་བའི་བར་དུ་ ཁྱིམ་འདི་ནང་རང་སྡོད། 5 ཁྱེད་ལུ་ཁོང་གིས་ཁྱིམ་ནང་གནསཔོ་བརྙའ་མ་སྟེར་བ་ཅིན་ ཁྲོམ་འདི་ནང་ལས་འཐོན་འགྱོཝ་ད་ ཁྱེད་ཀྱི་རྐངམ་གི་ཐལཝ་དེ་ འཛོམ་དཔང་འབད་ནི་གི་དོན་ལུ་ འདི་ནང་རང་སྤུད་བཞག་ཟེར་གསུངས་ནུག 6 དེ་ལས་ཁོང་སློབ་མ་ཆ་ཁྱབ་ གཡུས་ག་ར་ནང་སོང་སྟེ་ གཏམ་བཟང་བཤད་དེ་ མི་ནདཔ་ཚུ་ལུ་དྲགཔ་བཟོ་སྟེ་ གཡུས་ལས་གཡུས་རྒྱུད་དེ་སོང་ནུག། 7 ཡེ་ཤུ་གི་མཛད་མི་ལོ་རྒྱུས་ཚུ་ དཔོན་ ཧེ་རཱོད་ཀྱིས་གསནམ་ད་མགུ་འཐོམ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ མི་ལ་ལུ་གིས་ ཡོ་ཧ་ནཱན་ཤི་ས་ལས་ གསོན་པོ་སྦེ་ལོངས་ནུག་ཟེར་སླབ་དོཝ་ཨིན་མས། 8 མི་ལ་ལུ་གིས་ལུང་སྟོན་པ་ ཨེ་ལི་ཡ་འོངས་ནུག་ ད་རུང་ལ་ལུ་གིས་ ཧེ་མ་གི་ལུང་སྟོན་པ་ཚུ་གི་གྲལ་ཁ་ལས་ གཅིག་གསོན་པོ་སྦེ་ལོངས་ནུག་ཟེར་སླབ་དོཝ་ཨིན་མས། 9 དེ་འབདཝ་ད་ ཧེ་རཱོད་ཀྱིས་ ང་གིས་ ཡོ་ཧ་ནཱན་གྱི་ཨོལ་ལྐོག་བཏོགས་བཅུག་ཅི་ ཨིན་རུང་ ད་ལྟོ་གཅིག་གི་སྐོར་ལས་ལོ་རྒྱུས་ལེ་ཤ་གོ་མི་འདི་ག་སྨོ་ ང་མི་འདི་དང་འཕྱད་ནི་གི་རེ་བ་ཡོད་ ཟེར་གསུངས་ནུག། 10 སྐུ་ཚབ་ཚུ་ལོག་ལྷོད་དེ་ ཁོང་གིས་འབད་མིའི་ལཱ་གི་སྐོར་ལས་གནས་ཚུལ་དེ་ཚུ་ ཡེ་ཤུ་ལུ་ཞུ་ཚར་བའི་ཤུལ་ལས་ ཁོ་གིས་སློབ་མ་ཚུ་སོ་སོ་སྦེ་འཁྱིད་དེ་ ཁོང་རང་རྐྱངམ་གཅིག་སྦེ་ བཱེད་སའི་ད་ཟེར་མིའི་ཁྲོམ་ལུ་བྱོནམ་ད། 11 ཁོང་ཕར་བྱོན་དེས་ཟེར་ མི་དམངས་ཀྱིས་གོ་སྟེ་ ཁོང་ཡང་ཡེ་ཤུ་གི་སྐུ་རྒྱབ་ལས་སྦེ་རྟིང་བདའ་སོང་ནུག་ ཁོ་གིས་ཁོང་ལུ་མ་བཀག་པར་ ཁོ་རང་གི་སྐུ་མདུན་ལུ་འབོ་སྟེ་ དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལས་ཆོས་གསུངསམ་མ་ཚད་ ནདཔ་ཚུ་ལུ་དྲགཔ་མཛད་ནུག 12 ཉིམ་ལ་འཛུལ་ནི་འབདཝ་ད་ ཁོང་སློབ་མ་ཚུ་ཡེ་ཤུ་བཞུགས་སར་བཅར་ཏེ་ ཨ་ནི་རི་ཙག་སར་འདི་ནང་ལུ་ག་ནི་ཡང་མིན་འདུག་ ད་ནམ་སྲོ་ནི་འབད་དོ་ མི་དེ་ཚུ་ལུ་ཁོང་རང་གི་དོན་ལུ་ སྡོད་ས་དང་བཞེས་སྒོ་རེ་ ནཱ་སྦོ་ལོགས་ཁ་གི་གཡུས་དེ་ཚུ་ནང་འཚོལ་བ་གཏང་གནང་ཟེར་ཞུཝ་ད། 13 དེའི་ལན་ལུ་ཡེ་ཤུ་གིས་ ཁོང་མི་དམངས་འགྱོ་མི་དགོ་ ཁོང་ལུ་བཞེས་སྒོ་ཟ་ནི་ ག་ཅི་འབད་རུང་ ཁྱེད་ཀྱིས་བྱིན་ཟེར་གསུངསམ་ད་ ད་རུང་ཁོང་སློབ་མ་ཚུ་གིས་ ང་བཅས་ཆ་ཁྱབ་ནང་ ཡོད་རུང་མེད་རུང་ ཏད་ཟས་ལེབ་ལྔ་དང་ཉ་གཉིས་ལས་བརྒལ་མེད་ འདི་གིས་ཨ་ནི་མི་དམངས་ལུ་མི་ལངས་ ད་ང་བཅས་བཞེས་སྒོ་ཉོ་བ་འགྱོ་དགོ་པས་ཟེར་ཞུ་ནུག 14 ག་ཅི་སྨོ་ཟེར་བ་ཅིན་ འདི་ནང་ཟ་མི་གྱངས་ཁ་ མི་ཕོ་སྐྱེས་རྐྱངམ་གཅིག་གི་རང་ སྟོང་ཕྲག་ལྔ་འདུག་ཟེར་ཨིན་མས་ དེ་ལས་ཡེ་ཤུ་གིས་ཁོ་རང་གི་སློབ་མ་ཚུ་ལུ་ མི་དེ་ཚུ་རང་རང་སོ་སོའི་སྡེ་ཚན་ ལྔ་བཅུ་ལྔ་བཅུ་སྦེ་བཟོ་སྟེ་ སྤང་ནང་སྡོད་བཅུག་ཟེར་གསུངས་ནུག 15 དེ་ལས་ཁོ་གིས་གསུངས་དོཝ་བཟུམ་སྦེ་རང་ སློབ་མ་ཚུ་གིས་མི་དམངས་ལུ་སླབ་སྟེ་ ཁོང་མར་སྤང་ནང་སྡོདཔ་ད། 16 ཡེ་ཤུ་གིས་ཏད་ཟས་ལེབ་ལྔ་དང་ ཉ་གཉིསཔ་འདི་ཕྱག་ལུ་བསྣམས་སྦེ་ ཞལ་ཡར་ནམ་མཁའ་གཟིགས་ཏེ་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་ཞིནམ་ད་ ཏད་ཟས་བཅགས་སྦེ་ ཁོང་སློབ་མ་ཚུ་ལུ་གནང་སྟེ་ ཁོང་གིས་མི་དམངས་ལུ་དྲང་བཞག་བརྐྱབས་བཅུག་ནུག 17 དེ་ལས་མི་དམངས་ག་ར་ཕོཝ་འགྲངས་འགྲངས་ཟ་ཚར་བའི་ཤུལ་ལས་ ཉ་དང་ཏད་ཟས་ཀྱི་བཅག་དཀྲུམ་གྱི་ལྷག་མ་འཐུཝ་ད་ ལྟོ་གི་སྦ་ཟེ་བཅུ་གཉིས་ཐོན་ནུག། 18 ཉིནམ་གཅིག་གི་ཚེ་ ཡེ་ཤུ་ཁོ་རང་རྐྱངམ་གཅིག་སྦེ་ སྨོན་ལམ་ཞུ་སྟེ་བཞུགས་པའི་སྐབས་ལུ་ སློབ་མ་ཚུ་ཁོ་བཞུགས་སར་བཅར་ཏེ་ ཁོ་གིས་སློབ་མ་ཚུ་ལུ་ མི་དམངས་ཀྱིས་ང་ག་ཨིན་མས་ཟེར་སླབ་སྨོ་ཟེར་གསུངསམ་ད། 19 འདིའི་ལན་ལུ་ཁོང་སློབ་མ་ཚུ་གིས་ མི་ལ་ལུ་གིས་ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་ཨིན་མས་ཟེར་སླབ་དེས་ མི་ལ་ལུ་གིས་ལུང་སྟོན་པ་ ཨེ་ལི་ཡ་ཨིན་མས་ཟེར་སླབ་དེས་ ད་རུང་མི་ལ་ལུ་གིས་ ཧེ་མ་གི་ལུང་སྟོན་པ་ཚུ་གི་གྲལ་ཁ་ལས་ གཅིག་གསོན་པོ་སྦེ་ལོང་ནུག་ཟེར་སླབ་དེས་ཟེར་ཞུ་ནུག 20 ད་རུང་ཡེ་ཤུ་གིས་ ད་ཁྱེད་ཀྱིས་འབད་བ་ཅིན་ ང་ག་སྨོ་ཟེར་གསུངསམ་ད་ དེའི་ལན་ལུ་ པེ་ཏྲོ་གིས་ ནཱ་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ཟེར་ཞུ་ནུག། 21 དེ་ལས་ཡེ་ཤུ་གིས་ ཨ་ནི་ལོ་རྒྱུས་ག་ལུ་ཡང་མ་སླབ་ཟེར་བཀའ་དམ་དྲགས་སྦེ་གནང་ནུག 22 དེ་ལས་ད་རུང་ཁོ་གིས་ཁོང་ལུ་ མིའི་བུ་གནམ་མེད་ས་མེད་སྡུག་བསྔལ་མྱོང་དགོཔ་ཨིནམ་མ་ཚད་ མི་དམངས་ཀྱི་འགོ་དཔོན་དང་ བླ་ཆེན་ དེ་ལས་བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་ མིའི་བུ་ལུ་བཀོག་བཞག་ནི་ཨིནམ་མ་ཚད་ ཁོ་བསད་འོང་ ད་རུང་ཞག་གསུམ་པ་ལུ་ ལོག་གསོན་པོ་སྦེ་ལྷོང་གནང་འོང་ཟེར་གསུངས་ནུག 23 ད་རུང་ཁོ་གིས་ མི་ག་ར་འབད་རུང་ ངེ་གི་སློབ་མ་སྦེ་འོང་དགོ་མནོ་བ་ཅིན་ ཁོ་གིས་ཨིན་ཅི་མིན་ཅི་ རང་གིས་རང་ལུ་སྤངས་ཏེ་ ཉིནམ་རེ་རེ་བཞིན་དུ་ ཁོ་རང་གི་ཁྲམ་ཤིང་འབག་སྟེ་ ངེ་གི་ཤུལ་ལས་འོང་དགོ། 24 ག་ཅི་སྨོ་ཟེར་བ་ཅིན་ མི་ག་ར་འབད་རུང་ རང་གི་མི་ཚེ་ཕངས་པ་ཅིན་ འདི་གིས་འཕྲོ་བརླག་གཏང་འོང་ དེ་འབདཝ་ད་ ག་ར་འབད་རུང་ ངེ་གི་དོན་ལུ་ རང་གི་མི་ཚེ་བློས་གཏང་པ་ཅིན་ འདི་གིས་མི་ཚེ་ངོ་མ་ལོག་ཐོབ་ཨིན། 25 ད་ག་དེམ་ཅིག་སྦེ་ མི་གཅིག་གིས་འཛམ་བུ་གླིང་གི་དབང་ཚད་ག་ར་ཐོབ་རུང་ རང་གི་མི་ཚེ་འདི་འཕྲོ་བརླག་གཏང་པ་ཅིན་ ཁེ་སང་ག་ཅི་ཡོདཔ་སྨོ། 26 ད་མི་ག་ར་འབད་རུང་ ང་དང་ངེ་གི་གསུང་ དེ་ལས་ཆོས་སྟོན་མི་ལུ་བལྟ་སྟེ་ ངོ་ཚ་བ་ཅིན་ ནམ་གཅིག་གི་ཚེ་ མིའི་བུ་རང་གི་གཟི་བརྗིད་དང་འོད་ཟེར་ དེ་ལས་ཡབ་དཀོན་མཆོག་གི་གཟི་བརྗིད་དང་ དམ་པའི་ཕོ་ཉ་ཚུ་དང་གཅིག་ཁར་འོངམ་ད་ ཁོ་ཨ་ནི་མི་འདི་ལུ་བལྟ་སྟེ་ངོ་ཚ་འོང་། 27 དེ་ཨིན་རུང་རང་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་དོ་ ད་ལྟོ་ནཱ་ལུ་ལོང་སྡོད་མིའི་གྲལ་ཁ་ལས་ ལ་ལུ་ཅིག་གིས་དཀོན་མཆོག་གི་རྒྱལ་སྲིད་ མ་མཐོང་བར་མི་ཤི་ཟེར་གསུངས་ནུག། 28 ཉིནམ་བརྒྱད་ཀྱི་ཤུལ་ལས་ཡེ་ཤུ་གིས་ པེ་ཏྲོ་དང་ ཡོ་ཧ་ནཱན་ ཡ་ཀོབ་ ཁོང་གསུམ་འཁྱིད་དེ་ ཡར་སྒང་གུ་སྨོན་ལམ་ཞུ་བ་བྱོན་ཏེ། 29 སྒང་གུ་ཁོང་སྨོན་ལམ་ཞུ་བའི་བསྒང་ལུ་ ཁོ་ཞལ་གྱི་བཀྱག་འགྱུརཝ་མ་ཚད་ ན་བཟའ་ག་ར་དཀརཔོ་སྦེ་འགྱོ་སྟེ་ འོད་ཅེམ་ཅེ་སོང་ནུག 30 དེ་འཕྲོ་ལས་ དཔྱད་རིག་མེད་སི་སི་སྦེ་ མི་གཉིས་ཐོན་ཏེ་ ཡེ་ཤུ་དང་གཅིག་ཁར་ གསུང་གྲོས་གནང་ས་མཇལ་ནུག་ ཨ་ནི་མི་གཉིས་དེ་ ཧེ་མ་གི་ལུང་སྟོན་པ་ མོ་སཱེས་དང་ ཨེ་ལི་ཡ་ཨིན་མས། 31 ཁོང་གཉིས་ཞིང་ཁམས་ཀྱི་གཟི་བརྗིད་ནང་བྱོན་ཏེ་ ཡེ་ཤུ་མགྱོགས་པ་རང་ ཡེ་རུ་ཤ་ལེམ་ལུ་གཤགས་ཏེ་ དཀོན་མཆོག་གི་དོན་དག་ཚུ་བསྒྲུབ་ནི་གི་སྐོར་ལས་ གསུང་གྲོས་གནང་ནུག 32 དེའི་སྐབས་ལུ་ པེ་ཏྲོ་ཁོང་གསུམ་ཆ་རང་གཉིད་ལོག་སོངམ་ཨིན་མས་ ད་རུང་ཡུདཔ་ཐེངས་གཅིག་ནང་ ཁོང་གཉིད་ཚོར་ཏེ་བལྟཝ་ད་ ཡེ་ཤུ་གི་གཟི་བརྗིད་དང་ དེ་ལས་མི་གཉིས་ཡར་བཞེངས་ཏེ་ ཁོ་དང་གཅིག་ཁར་བཞུགས་ཡོདཔ་ ཁོང་གིས་མཇལ་ནུག 33 དེ་ལས་ མོ་སཱེས་དང་ ཨེ་ལི་ཡ་གཉིས་ཡེ་ཤུ་བཞུགས་ས་ལས་ལོག་འགྱོཝ་ད་ པེ་ཏྲོ་གིས་ཡེ་ཤུ་ལུ་ སློབ་དཔོན་ལགས་ ད་རིས་ང་བཅས་ནཱ་ལུ་ཡོད་ནི་དེ་གིས་ ག་ཅི་དེས་ཅིག་ལེགས་ཤོམ་ཨིན་མས་ ང་བཅས་ཀྱིས་དབུ་གུར་གསུམ་སྤུབ་གེ་ གཅིག་ནཱ་གི་དོན་ལུ་དང་ གཅིག་ མོ་སཱེས་ཀྱི་དོན་ལུ་ གཅིག་ ཨེ་ལི་ཡ་གི་དོན་ལུ་ཟེར་ཞུ་ནུག་ དེ་སྦེ་ཞུ་སྟེ་འབད་རུང་ ཁོ་རང་གིས་ག་ཅི་ཞུཝ་ཨིན་ན་ ཁོ་རང་གིས་རྩ་ལས་རང་མ་ཤེས་པས། 34 པེ་ཏྲོ་གིས་དེ་སྦེ་ཞུ་སྟེ་སྡོད་པའི་བར་ན་ ཁོང་གི་གུ་ལས་མར་ ས་སྨུག་གིས་སྤུབ་ད་ ཁོང་སློབ་མ་ཚུ་རྣམ་རྟོག་ལང་སྟེ་ གནམ་མེད་ས་མེད་འདྲོགས་ནུག 35 དེ་ལས་ནམ་མཁའི་ས་སྨུག་ནང་ལས་ གསུང་སྐད་གཅིག་གིས་ ང་གིས་བཙག་འཐུ་འབད་མིའི་བུ་འདི་ཨ་ནི་ཨིན་ ཁོ་གིས་སླབ་མིའི་ཁ་ལུ་ཉན་ཞིག་ཟེར་གསུངས་ནུག 36 གསུང་སྐད་དེ་གིས་དེ་སྦེ་གསུངས་ཚར་བའི་ཤུལ་ལས་ ཡེ་ཤུ་ཁོ་རང་རྐྱངམ་གཅིག་རང་ཨིན་མས་ དེའི་སྐབས་ལུ་ཁོང་སློབ་མ་ཚུ་གིས་ མིག་གིས་མཐོང་ རྣ་བ་གིས་གོ་མིའི་ལོ་རྒྱུས་ཚུ་ ག་གི་གདོང་ཁར་ཡང་མ་སླབ་པར་ གསང་སྟེ་བཞག་ནུག། 37 འདི་གི་ནངས་པ་ ཡེ་ཤུ་དང་ཁོ་གི་སློབ་མ་གསུམ་ ཡར་སྒང་གུ་ལས་མར་འབབ་འབྱོནམ་ད་ མི་ཚོགས་སྦོམ་ཁོ་ལུ་མཇལ་བ་འོངས་ནུག 38 མི་ཚོགས་ཀྱི་སྦུག་ལས་ མི་གཅིག་གིས་སྐད་སྦོམ་བརྐྱབས་ཏེ་ སློབ་དཔོན་ལགས་ ང་གིས་ནཱ་ལུ་གསོལཝ་བཏབ་སྟེ་ཞུ་དོ་ ངེ་གི་བུ་ལུ་སྐྱིད་སྡུག་གཟིགས་གནང་ལགས་ ང་ལུ་བུ་འདི་མ་གཏོགས་གཞན་མེད། 39 གཟིགས་ལགས་ འདྲེ་གདོན་དེ་གིས་ཁོ་གི་ནང་ན་འཛུལ་ཏེ་ ཡུདཔ་ཐེངས་གཅིག་གི་ནང་ སྐད་ཤོར་ ས་ཁར་འགྱེལ་ཏེ་ ཁ་ལས་ལྦ་ག་ཐོན་ སྒལ་རིལ་མར་རིལ་བསྒྱུར་ཏེ་འགྱོཝ་མས་ འདྲེ་གདོན་འདི་གིས་ཁོ་གི་ནང་ན་དཀྲུགས་ཏེ་ ཁོ་ལུ་གནོད་པ་བཀལ་སྡོད་དེ་ ཁོ་གི་ནང་ལས་རྩ་ལས་རང་འཐོན་འགྱོ་མི་བཏུབ་པས། 40 ང་གིས་ནཱ་གི་སློབ་མ་ཚུ་ལུ་འདྲེ་གདོན་དེ་ བཏོན་བདའ་གནང་ཟེར་གསོལཝ་བཏབ་ཞུ་རུང་ ཁོང་གིས་བཏོན་བདའ་མ་ཚུགས་ཟེར་ཞུ་ནུག 41 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ཨ་ཁའི་ ཁྱེད་དད་པ་མེད་མི་དང་ ཚུལ་དང་མ་མཐུན་མིའི་མི་རབས་ཚུ་ ང་ཁྱེད་ལུ་བཟོད་པ་བསྒོམས་ཏེ་ ག་དེམ་ཅིག་སྡོད་ནི་སྨོ་ ད་ཁྱོད་ཀྱི་བུ་འདི་ནཱ་ལུ་འཁྱིད་ཤོག་ཟེར་གསུངས་ནུག 42 ཁོ་གི་བུ་དེ་འཁྱིད་འོངམ་ད་ འདྲེ་གདོན་འདི་གིས་བུ་དེ་ལུ་ས་ཁར་བརྡབ་སྟེ་ ཁ་ལས་ལྦ་ག་ཐོན་ སྒལ་རིལ་མར་རིལ་བསྒྱུར་ཏེ་འགྱོ་ནུག་ ཡེ་ཤུ་གིས་འདྲེ་གདོན་འདི་ལུ་ བཀའ་བཀྱོན་གནང་སྟེ་ ཨ་ལོ་དེ་ལུ་དྲགཔ་མཛད་དེ་ ཁོ་རང་གི་ཨ་པ་ལུ་གནང་ནུག། 43 དེ་ལས་ དཀོན་མཆོག་གི་ ཡ་མཚན་ཆེ་བའི་ཕྱག་ལཱ་སྦོམ་དེ་ཚུ་མཐོངམ་ད་ ཁོང་ག་ར་ཧ་ལས་ནུག་ མི་དེ་ཚུ་ཡེ་ཤུ་གིས་མཛད་མི་ཕྱག་ལཱ་ལུ་བལྟ་སྟེ་ ཧ་ལས་ཏེ་སྡོད་པའི་བསྒང་ ཁོ་རང་གི་སློབ་མ་ཚུ་ལུ། 44 ང་གིས་ཁྱེད་ལུ་བློ་གཅིག་སླབ་ནི་ཡོད་ འདི་ཁྱེད་ཀྱིས་དྲན་པ་བཏོན་ཏེ་ སེམས་ཁར་ལས་མ་བརྗེད་ མིའི་བུ་དེ་ མི་ཚུ་གི་ལག་པར་སྤྲོད་ནི་ཨིན་ཟེར་གསུངས་ནུག 45 དེ་འབདཝ་ད་ ཁོ་གིས་ག་ཅི་གསུངསམ་ཨིན་ན་ ཁོང་གིས་ཤེས་མ་ཚུགས་པས་ ཁོ་གིས་གསུངས་མིའི་དོན་དག་ཚུ་ ཧ་མ་གོ་ནི་གི་དོན་ལུ་ སྦ་བཞག་བཞགཔ་ཨིན་མས་ དེ་མ་ཚད་ དེ་གི་དོན་དག་དེ་ ག་ཅི་ཨིན་ན་ཞུ་ནི་ཡང་ འདྲོགས་ཏེ་ཞུ་མ་ཚུགས་པས།། 46 སློབ་མ་ཚུ་ ཁོང་རང་ཆ་ཁྱབ་ཀྱི་སྦུག་ལུ་ མཐོ་ཤོས་ག་ཨིན་ན་ཟེར་ རྩོད་པ་རྐྱབ་སྡོདཔ་ད། 47 ཡེ་ཤུ་གིས་ ཁོང་གི་མནོ་བསམ་ག་ར་མཁྱེན་ཏེ་ ཁོ་གིས་ཨ་ལོ་གཅིག་ ཁོ་རང་གི་སྦོ་ལོགས་ལྷོངས་གནང་སྦེ། 48 ཁོ་གིས་ཁོང་ལུ་ ག་ར་འབད་རུང་ ངེ་གི་མིང་ནང་ ཨ་ནི་ཨ་ལོ་འདི་བཟུམ་ལུ་ ལེན་པ་ཅིན་ ང་ལུ་ཡང་ལེནམ་ཨིན་ ད་རུང་ ག་ར་འབད་རུང་ ང་ལུ་ལེན་པ་ཅིན་ ང་ལུ་གཏང་གནང་མི་དེ་ལུ་ཡང་ གདན་འདྲེན་ཞུཝ་ཨིན་ ཁྱེད་ག་ར་གི་སྦུག་ལུ་ཆུང་ཤོས་འདི་ ག་ར་ལས་སྦོམ་ཤོས་གཅིག་ཨིན་ཟེར་གསུངས་ནུག། 49 དེ་ལས་སློབ་མ་ ཡོ་ཧ་ནཱན་གྱིས་ སློབ་དཔོན་ལགས་ མི་གཅིག་གིས་ནཱ་གི་མཚན་ནང་ འདྲེ་གདོན་བཏོན་བདའ་ས་ ང་བཅས་ཀྱིས་མཐོང་ཅི་ དེ་འབདཝ་ད་ ང་བཅས་ཀྱིས་དེ་སྦེ་འབད་ནི་མེད་ཟེར་སླབ་ཅི་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ང་བཅས་ཀྱི་མི་མེན་པས་ཟེར་ཞུཝ་ད། 50 ཡེ་ཤུ་གིས་ཁོ་དང་སློབ་མ་གཞན་ཚུ་ལུ་ ཁྱེད་ཀྱིས་ཁོ་ལུ་དེ་སྦེ་མ་སླབ་ ག་ཅི་སྨོ་ཟེར་བ་ཅིན་ ག་ར་འབད་རུང་ ཁྱེད་ལུ་བྱང་ཕྱད་མ་འབད་མི་དེ་ ཁྱེད་ཀྱི་ཆ་རོགས་ཨིན་ཟེར་གསུངས་ནུག། 51 ཡེ་ཤུ་ཞིང་ཁམས་ལུ་འབྱོན་ནི་གི་དུས་ཚོད་ སྦོ་ལོགས་ཁར་ལྷོད་དེ་ ཁོ་ག་དེ་འབད་རུང་ ཡེ་རུ་ཤ་ལེམ་ལུ་བྱོན་དགོ་ཟེར་འབྱོནམ་ད། 52 ཕྱག་ཞུ་མི་ཚུ་གིས་ ཧེ་མ་ ས་མ་རི་ཡ་གི་ལུང་ཕྱོགས་ཀྱི་གཡུས་ཚན་གཅིག་ནང་ལུ་ གྲ་སྒྲིག་རྐྱབ་པ་གཏང་ནུག 53 དེ་འབདཝ་ད་ ས་མ་རི་ཡ་པ་ཚུ་གིས་ཁོ་ ཡེ་རུ་ཤ་ལེམ་ལུ་ ཕྲང་འབྱོནམ་ཤེས་ཏེ་ ཁོ་ལུ་བྱོན་ཟེར་ཞུ་མ་བཏུབ་པས། 54 ཁོ་གི་སློབ་མ་ ཡ་ཀོབ་དང་ ཡོ་ཧ་ནཱན་གྱིས་འདི་མཐོངམ་ད་ ཁོང་གཉིས་ཀྱིས་ཁོ་ལུ་ གཙོ་བོ་ལགས་ ང་བཅས་ཀྱིས་ནམ་མཁའ་ལས་མེ་ཕབ་སྟེ་ ཁོང་ལུ་འཚིག་གཏང་ད་ག་ཟེར་ཞུཝ་ད། 55 ཡེ་ཤུ་ཚུར་ལོག་སྟེ་ ཁོང་ལུ་བཀའ་བཀྱོན་གནང་ནུག 56 དེ་ལས་ཁོང་གཡུས་གཞན་གཅིག་ཁར་བྱོན་ནུག། 57 ཡེ་ཤུ་དང་ཁོ་རང་གི་སློབ་མ་ཚུ་ལམ་བྱོན་པའི་སྐབས་ལུ་ མི་གཅིག་གིས་ཡེ་ཤུ་ལུ་ ནཱ་ག་ཏེ་རང་འབྱོན་རུང་ ང་ཡང་ནཱ་གི་སློབ་མ་སྦེ་འགྱོ་ནི་ཟེར་ཞུཝ་ད། 58 ཡེ་ཤུ་གིས་ འམོ་ཚུ་ལུ་སྡོད་སའི་ས་དོང་ཡོད་ བྱི་ཅུང་ཚུ་ལུ་སྡོད་སའི་ཚང་ཡོད་ དེ་འབདཝ་ད་ མིའི་བུ་ལུ་མགུ་རྐྱབ་ས་གཅིག་རང་མེད་ཟེར་གསུངས་ནུག 59 ཡེ་ཤུ་གིས་མི་གཞན་གཅིག་ལུ་ ངེ་གི་སློབ་མ་སྦེ་ཤོག་ཟེར་གསུངསམ་ད་ མི་དེ་གིས་ གཙོ་བོ་ལགས་ ཧེ་མ་ང་ ངེའི་ཨ་པ་གི་རོ་བསྡུ་བ་འགྱོ་བཅུག་ཟེར་ཞུཝ་ད། 60 ཡེ་ཤུ་གིས་ཁོ་ལུ་ ཁོང་རང་གི་རོ་ ཁོང་རང་བསྡུ་བཅུག་ ཁྱོད་སོང་སྟེ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལས་ ཆོས་བཤད་ཟེར་གསུངས་ནུག 61 ད་རུང་དེ་ཁར་སྡོད་མིའི་མི་ གཞན་གཅིག་གིས་ཡང་ གཙོ་བོ་ལགས་ ང་ཡང་ནཱ་གི་སློབ་མ་སྦེ་འོང་ནི་ དེ་འབདཝ་ད་ དང་པ་ར་ ངེ་གི་བཟའ་ཚན་ལུ་ ལེགས་སྨོན་སླབ་པ་འགྱོ་དགོ་ཟེར་ཞུཝ་ད། 62 ཡེ་ཤུ་གིས་ཁོ་ལུ་ གླང་རྨོ་མི་གིས་ ཁ་མིག་དབྱུག་པ་ལུ་བཤེད་སྦེ་ རྒྱབ་ལོག་བལྟ་སྟེ་ སྡོད་དོཝ་བཟུམ་སྦེ་འབད་མི་འདི་གིས་ དཀོན་མཆོག་གི་རྒྱལ་སྲིད་ལུ་ ཕྱག་ཞུ་མི་ཚུགས་ཟེར་གསུངས་ནུག།
1 དེ་གི་ཤུལ་ལས་ གཙོ་བོ་ཡེ་ཤུ་གིས་མི་གཞན་བདུན་བཅུ་བདུན་གཉིས་ལུ་ སློབ་མ་སྦེ་བཙག་འཐུ་མཛད་གནང་སྟེ་ ཁོ་འབྱོན་ནི་འབད་མི་ཁྲོམ་དང་གཡུས་དེ་ཚུ་ནང་ མི་གཉིས་གཉིས་སྦེ་སྡོམ་སྟེ་ ཁོ་གི་ཧེ་མ་གཏང་ནུག 2 ཡེ་ཤུ་གིས་ ཞིང་ཁར་ལུ་ལོ་ཐོག་དེ་ གནམ་མེད་ས་མེད་འདུག་ དེ་འབདཝ་ད་ ལས་མི་དེ་ གནམ་མེད་ས་མེད་ཉུང་དྲགས་ཨིན་མས་ དེ་འབདཝ་ལས་བརྟེན་ཏེ་ ལོ་ཐོག་གི་སྦྱིན་བདག་ལུ་ ལས་མི་ལེ་ཤ་གཏང་གནང་ཟེར་སྨོན་ལམ་ཞུ། 3 ད་སོང་ ང་གིས་ཁྱེད་ཆ་ཁྱབ་ལུ་ ལུག་གི་ཕྱུག་ཀུ་བཟུམ་སྦེ་ འཕརཝ་ཚུ་གི་སྦུག་ལུ་གཏང་དོ། 4 ད་ཁྱེད་ཀྱིས་དངུལ་ཁུག་དང་ཕད་ཅུང་ ལྷམ་ལ་སོགས་པ་ ག་ནི་ཡང་མ་འབག་ ད་རུང་ ལམ་ཁར་འཕྱད་མི་ཚུ་དང་བཤད་ཐོ་གཏང་མ་སྡོད་པར་སོང་། 5 ནམ་རང་འབད་རུང་ ཁྱིམ་ནང་མ་འཛུལ་བའི་ཧེ་མ་ ཁྱིམ་འདི་ནང་ཞི་བདེ་བྱུང་བར་ཤོག་ཟེར་སླབ། 6 ཞི་བདེ་ཡོད་མི་གཅིག་ དེ་ནང་ཡོད་པ་ཅིན་ ཁྱེད་ཀྱིས་ཞི་བདེ་བྱུང་བར་ཤོག་ཟེར་སླབ་བཞིན་དུ་འབྱུང་འོང་ ཞི་བདེ་མེད་པ་ཅིན་ འདི་ལོག་སྟེ་ ཁྱེད་རང་དང་མཉམ་གཅིག་ལོག་འཐོན་འོང་། 7 ཁོང་གིས་ག་བྱིན་མི་དེ་ཟ་འཐུང་སྟེ་ ཁྱིམ་འདི་ནང་རང་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ལཱ་འབད་མི་འདི་ལུ་ གླ་ཐོབ་ནི་གི་འོས་འབབ་ཡོད་ ཁྱིམ་གཅིག་གི་ནང་ལས་གཞན་ཁར་སྤོ་མ་སོང་། 8 ནམ་རང་འབད་རུང་ ཁྲོམ་ནང་འཛུལཝ་ད་ ཁོང་གིས་ཁྱེད་ལུ་བྱོན་ཟེར་འབོ་པ་ཅིན་ ཁྱེད་ཀྱི་གདོང་ཁར་ ག་བཀལ་མི་བཞེས་སྒོ་འདི་ཟ། 9 འདི་ཁར་གྱི་ནདཔ་ཚུ་ལུ་དྲགཔ་བཟོ་སྟེ་ ཁོང་ག་ར་ལུ་དཀོན་མཆོག་གི་རྒྱལ་སྲིད་འདི་ ཁྱེད་ཀྱི་སྦོ་ལོགས་ལྷོད་ཅི་ཟེར་སླབ། 10 དེ་འབདཝ་ད་ ནམ་རང་འབད་རུང་ ཁྱེད་ཁྲོམ་གཅིག་ནང་འཛུལཝ་ད་ ཁོང་གིས་ཁྱེད་ལུ་ཁྱིམ་ནང་འབོ་མ་བཏུབ་པ་ཅིན་ ཁྲོམ་དེ་ཁར་ལས་འཐོན་འགྱོཝ་ད་ དེ་སྦེ་སླབ། 11 ངེ་གི་རྐང་མ་ལུ་འབྱར་མི་ཁྲོམ་ཁའི་ཐལཝ་འདི་ འཛོམ་དཔང་འབད་བའི་དོན་ལུ་ འདི་ཁར་སྤུད་བཞག་ཅི་ དེ་ལས་ད་རུང་ དཀོན་མཆོག་གི་རྒྱལ་སྲིད་འདི་ སྦོ་ལོགས་ཁར་ལྷོད་ཅི་ཟེར་ ཁྱེད་ཀྱིས་སེམས་ཁར་དྲན་དགོ་ཟེར་ མི་ཚུ་ལུ་སླབ་དགོ། 12 ང་གིས་ཁྱེད་ལུ་སླབ་དོ་ ཁྲིམས་ཕྱེ་བའི་ཉིནམ་འདི་ལུ་ ཁྲོམ་དེ་ལས་ཡང་ སོ་དོམ་གྱི་ཁྲོམ་འདི་ལུ་ སྙིང་རྗེ་གཟིགས་འོང་ཟེར་ ཡེ་ཤུ་གིས་གསུངས་ནུག། 13 ཁྲོམ་ ཁོ་ར་ཟིན་ ཁྱེད་ག་དེ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ཁྲོམ་ བཱེད་སའི་ད་ ཁྱེད་ག་དེ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ང་གིས་ཁྱེད་གཉིས་ལུ་བཏོན་མི་ཡ་མཚན་ཅན་གྱི་རྫུ་འཕྲུལ་ ཁྲོམ་ ཏའིར་དང་ ཁྲོམ་ སི་དཱོན་ལུ་ བཏོན་བཏོནམ་ཨིན་པ་ཅིན་ ཁོང་གིས་ཧེ་མ་ལས་སེམས་འགྱུར་ཏེ་ བོ་ར་ཕད་ཙེ་གྱོན་ཏེ་ གོ་ཐལ་གཟུགས་ཁར་དབུར་སྦེ་ སྡོད་སྡོདཔ་འོང་། 14 དེ་འབདཝ་ད་ ཁྲིམས་ཕྱེ་བའི་ཉིནམ་འདི་ལུ་ ཁྲོམ་ ཏའིར་དང་ སི་དཱོན་ལས་ལྷག་པའི་སྡུག་བསྔལ་ ཁྱེད་ཀྱིས་མྱོང་འོང་། 15 ཁྲོམ་ ཀ་ཕཱར་ནུམ་ ཁྱེད་ག་དེ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ཁྱེད་ཡང་ཡར་ཞིང་ཁམས་ལུ་བཀལ་འོང་ཟེར་མནོ་བསམ་གཏངམ་ཨིན་ན་ མེན་ ཁྱེད་ཡང་མར་གཤིན་ཡུལ་ལུ་ཕབ་གཏང་འོང་ཟེར་གསུངས་ནུག 16 ཡེ་ཤུ་གིས་ཁོ་རང་གི་སློབ་མ་ཚུ་ལུ་ ཁྱེད་ཀྱི་ཁ་ལུ་ཉན་མི་འདི་གིས་ ངེ་གི་ཁ་ལུ་ཡང་ཉནམ་ཨིན་ ཁྱེད་ལུ་མ་དགའ་མི་འདི་གིས་ ང་ལུ་ཡང་མི་དགའ་ ང་ལུ་མ་དགའ་མི་འདི་གིས་ ང་ལུ་གཏང་གནང་མི་དེ་ལུ་ཡང་ མི་དགའ་ཟེར་གསུངས་ནུག། 17 སློབ་མ་བདུན་བཅུ་དོན་གཉིསཔ་ སེམས་དགའ་ལོག་འོངས་ཏེ་ གཙོ་བོ་ལགས་ ནཱ་གི་མཚན་ནང་ འདྲེ་གདོན་ཚུ་གིས་ ང་བཅས་ཀྱིས་ག་སླབ་མི་དེ་ ཉན་བཏུབ་པས་ཟེར་ཞུཝ་ད། 18 ཡེ་ཤུ་གིས་ལན་ ནམ་མཁའ་ལས་གློག་ཀེམ་དོཝ་བཟུམ་སྦེ་ བདུད་ སེ་ཏཱན་རྦོབ་རིལ་ས་ ང་གིས་མཐོང་ཅི། 19 ང་གིས་སྦུལ་དང་སྡིག་པ་ར་ཙ་ལུ་ རྐངམ་གིས་བསྣད་ནི་དང་ དགྲ་གི་སྟོབས་ཤུགས་ཚུ་གིས་ གླགས་ཁེལ་མ་ཚུགས་ནི་གི་དབང་ཚད་ ཁྱེད་ལུ་བྱིན་ཏེ་ཡོད་ ག་ཅི་གིས་ཡང་ ཁྱེད་ལུ་གནོད་པ་བཀལ་མི་ཚུགས། 20 ཨིན་རུང་རང་ འདྲེ་གདོན་འདི་ཚུ་ ཁྱེད་ཀྱི་ཁ་ལུ་ཉན་བཏུབ་པས་ཟེར་དགའ་སྤྲོ་མ་འགྱུར་ དེ་འབདཝ་ད་ ཁྱེད་ཀྱི་མིང་ཞིང་ཁམས་ལུ་ཐོ་བཀོད་ཡོད་མི་འདི་ལུ་ དགའ་སྤྲོ་འགྱུར་ཟེར་གསུངས་ནུག། 21 དེ་གི་དུས་ལུ་ ཡེ་ཤུ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པའི་ངང་ལས་སྦེ་ ཐུགས་སྤྲོ་སྟེ་ཞུ་ནུག་ ཀྱེ་ངེ་གི་ཡབ་ ཞིང་ཁམས་དང་འཇིག་རྟེན་གྱི་གཙོ་བོ་ བཀའ་དྲིན་ཆེ་ ག་ཅི་སྨོ་ཟེར་བ་ཅིན་ རང་ལུ་ཤེས་རབ་ཅན་དང་ མཁས་དྲགས་ཨིན་ཟེར་མནོ་མི་ཚུ་ལས་ ཨ་ནི་ལོ་རྒྱུས་ཚུ་སྦ་བཞག་སྟེ་ མི་ཨ་ལོ་བཟུམ་གཅིག་འབད་མི་ཚུ་ལུ་བཏོན་གནང་ཡི་ ཨིན་ལགས་ཡབ་ ཨ་ནི་དེ་ ནཱ་གི་ཐུགས་དང་འཁྲིལ་ཏེ་ ལེགས་ཤོམ་སྦེ་མཛད་གནང་ཡི། 22 ངེ་གི་ཡབ་ཀྱིས་ དབང་ཚད་ག་ར་ང་ལུ་གནང་ཡི་ ཡབ་ཀྱིས་མ་གཏོགས་ གཞན་ག་གིས་ཡང་སྲས་ངོ་མི་ཤེས་ སྲས་ཀྱིས་མ་གཏོགས་ གཞན་ག་གིས་ཡང་ཡབ་ངོ་མི་ཤེས་ སྲས་ཀྱི་ཐུགས་ཁར་ཡོད་མི་ལུ་རྐྱངམ་གཅིག་ ཡབ་ཀྱི་སྐོར་ལས་ངོ་བཏོན་འོང་། 23 དེ་ལས་ ཡེ་ཤུ་ཁོ་རང་གི་སློབ་མ་ཚུ་ལུ་གཟིགས་ཏེ་ གསང་བའི་ཐོག་ལས་ དེ་སྦེ་གསུངས་ནུག་ ཁྱེད་ཀྱིས་དེ་ཚུ་ག་ར་མཐོང་ཚུགས་ནི་དེ་གིས་ ཁྱེད་ག་དེམ་ཅིག་བྱིན་རླབས་ཅན་སྨོ། 24 ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ཁྱེད་ལུ་སླབ་དོ་ ཧེ་མ་ལུང་སྟོན་པ་མང་རབས་གཅིག་དང་ རྒྱལཔོ་ལེ་ཤ་གིས་ ཁྱེད་ཀྱིས་མཐོང་མི་ཚུ་བལྟ་དགོ་མནོ་ཡི་ དེ་འབདཝ་ད་ བལྟ་ནི་མ་ཐོབ་ དེ་ལས་ཁྱེད་ཀྱིས་ཉན་མི་ཚུ་ཉན་དགོ་མནོ་ཡི་ དེ་འབདཝ་ད་ ཉན་ནི་མ་ཐོབ་ཟེར་གསུངས་ནུག། 25 བཀའ་ཁྲིམས་ཀྱི་སློབ་དཔོན་གཅིག་འོངས་ཏེ་ ཡེ་ཤུ་ལུ་ཐུགས་ཚོད་བལྟ་ནི་སྦེ་ སློབ་དཔོན་ལགས་ མཐའ་མེད་པའི་ཚེ་ཐོབ་ནི་གི་དོན་ལུ་ ང་གིས་ག་ཅི་འབད་དགོ་ག་ཟེར་ཞུཝ་ད། 26 ཡེ་ཤུ་གིས་ཁོ་ལུ་ བཀའ་ཁྲིམས་ནང་ག་ཅི་བྲིས་ཏེ་ཡོདཔ་སྨོ་ ཁྱོད་ཀྱིས་དེ་ལྷག་བལྟཝ་ད་ ག་དེ་སྦེ་གོཝ་སྨོ་ཟེར་གསུངསམ་ད། 27 ཁོ་གིས་ རང་གི་གཙོ་བོ་དཀོན་མཆོག་ལུ་ དམ་ཚིག་བསྟེན་ཏེ་ ཁྱོད་ཀྱི་སྙིང་ག་ར་དང་ སེམས་ག་ར་ ཤུགས་ག་ར་ དྲན་པ་ག་ར་གིས་ བྱམས་པ་འབད་དགོ་ དེ་ལས་ཁྱིམ་ཚང་ལུ་ རང་དང་འདྲཝ་སྦེ་ བྱམས་པ་འབད་དགོ་ཟེར་འདུག་ཟེར་ཞུ་ནུག 28 ཡེ་ཤུ་གིས་ཁོ་ལུ་ ཁྱོད་ཀྱིས་ལན་ཀྲིག་ཀྲི་སྦེ་སླབ་ཅི་ འདི་བཟུམ་སྦེ་རང་འབད་བ་ཅིན་ ཁྱོད་གསོན་པོ་སྦེ་སྡོད་ནི་ཐོབ་འོང་ཟེར་གསུངས་ནུག 29 དེ་འབདཝ་ད་ བཀའ་ཁྲིམས་ཀྱི་སློབ་དཔོན་འདི་གིས་ ཁོ་རང་གིས་སླབ་མི་འདི་བདེན་དགོ་ཟེར་མནོ་སྟེ་ཡེ་ཤུ་ལུ་ ངེ་གི་ཁྱིམ་ཚང་ཚུ་ག་སྨོ་ཟེར་ཞུཝ་ད། 30 ཡེ་ཤུ་གིས་ལན་དེ་སྦེ་གནང་ནུག་ ཧེ་མ་མི་གཅིག་ ཡེ་རུ་ཤ་ལེམ་ལས་མར་ ཡེ་རི་ཀོ་ལུ་འགྱོཝ་ད་ ལམ་ཁར་ལུ་ཨརཝ་ཚུ་གིས་ཁོ་ལུ་བཅོམ་སྟེ་ ཁོ་གི་བགོ་ལ་ཕུད་དེ་ ཁོ་ནང་ཡོད་མི་ཅ་ལ་ག་ར་ འཕྱོག་འབག་སྦེ་ ཁོ་ལུ་བརྡུང་རྫོབ་འབད་དེ་ ཕྱེད་ཤི་ཀོ་ཤི་བཟོ་བཞག་སྦེ་ཡར་སོང་ནུག 31 དེ་སྦེ་སྡོད་པའི་བར་ན་ལུ་ བླམ་གཅིག་ལམ་འདི་ལས་མར་འོངས་ཏེ་ ཁོ་གིས་ནདཔ་འདི་མཐོངམ་ད་ ལམ་ཕར་ལས་མར་བསྐོར་ཡར་སོང་ནུག 32 དེ་བཟུམ་སྦེ་རང་ ལེ་ཝི་རིགས་ཀྱི་མཆོད་གཡོག་གཅིག་ཡང་ ནདཔ་འདི་སྡོད་སར་འོངས་ཏེ་བལྟ་སྦེ་ ཁོ་ཡང་ ལམ་གཞན་ཁར་ལས་སྦེ་བསྐོར་ཡར་སོང་ནུག 33 དེ་འབདཝ་ད་ ས་མ་རི་ཡ་པ་གཅིག་ལམ་འདི་ལས་འོངམ་ད་ མི་འདི་མཐོང་སྟེ་ ཁོ་གནམ་མེད་ས་མེད་སེམས་ཁར་ལུ་སྙིང་རྗེ་བསྐྱེད་དེ། 34 ནདཔ་འདི་གི་སྦོ་ལོགས་ཁར་སོང་སྟེ་ ཁོ་གི་རྨ་གུ་ མར་ཁུ་དང་ཆང་བླུགས་ཏེ་ སྨན་བཅོས་འབད་སྦེ་ ཁོ་རང་གི་བོང་ཀུ་གུ་བཀལ་སྦེ་ མགྱོན་ཁྱིམ་གཅིག་ནང་འཁྱིད་དེ་ བདག་འཛིན་འཐབ་བྱིན་ནུག 35 དེའི་ནངས་པ་ མགྱོན་ཁྱིམ་གྱི་གནས་བདག་ལུ་ ཏི་རུ་ དེ་ན་རི་གཉིས་བྱིན་ཏེ་ ནདཔ་དེ་ལུ་ལེགས་ཤོམ་སྦེ་བལྟ་གནང་ ད་རུང་ཏི་རུ་འདི་གིས་མ་ལང་པ་ཅིན་ ང་ལོག་འོངམ་ད་ རྩིས་རྐྱབ་གེ་ཟེར་སླབ་སྦེ་ ཁོ་ཡར་སོང་ནུག་ཟེར་གསུངས་ནུག 36 ཡེ་ཤུ་གིས་ དོན་དག་འདི་མདོར་བསྡུས་ཏེ་སླབ་པ་ཅིན་ ཨརཝ་གི་ལག་པར་ཚུད་མིའི་མི་འདི་གི་ཁྱིམ་ཚང་དེ་ ཁོང་གསུམ་ལས་ག་ཨིན་སྨོ་ཟེར་གསུངསམ་ད། 37 བཀའ་ཁྲིམས་ཀྱི་སློབ་དཔོན་འདི་གིས་ཡེ་ཤུ་ལུ་ སྙིང་རྗེ་བསྐྱེད་མི་དེ་ ཁོ་གི་ཁྱིམ་ཚང་ཨིན་མས་ཟེར་ཞུ་ནུག་ དེ་ལས་ཡེ་ཤུ་གིས་ ཁྱོད་རང་ཡང་སོང་ཞིནམ་ད་ དེ་བཟུམ་སྦེ་རང་འབད་ཟེར་གསུངས་ནུག། 38 ཡེ་ཤུ་དང་སློབ་མ་ཚུ་གཡུས་གཅིག་ནང་འབྱོནམ་ད་ དེ་ཁར་ལུ་ མར་ཐཱ་ཟེར་མིའི་ཨམ་སྲུ་གཅིག་གིས་ ཁྱིམ་ནང་གདན་འདྲེན་ཞུ་ནུག 39 མོ་ལུ་ནུམོ་ མཱིར་ཡམ་ཟེར་མི་གཅིག་ཡོདཔ་ཨིན་མས་ མོ་གཙོ་བོ་ཡེ་ཤུ་གི་ཞབས་ཀྱི་རྩ་བར་སྡོད་དེ་ ཁོ་གིས་གསུངས་མི་ལུ་ཉན་ཏེ་སྡོད་ནུག 40 དེ་འབདཝ་ད་ མར་ཐཱ་གསོལ་ཚོགས་ཅ་ལ་འགྲིགས་ནི་གི་ ལཱ་གར་དྲགས་ཡོདཔ་ལས་ ཚ་གྱང་ལང་སྟེ་ མོ་ཡེ་ཤུ་བཞུགས་སར་འོང་སྦེ་ཞུ་ནུག་ གཙོ་བོ་ལགས་ ང་རང་གཅིག་སྦེ་ལཱ་མ་ཚར་བར་སྡོདཔ་ད་ ནཱ་གིས་ཐུགས་ཚ་གྱང་མི་བཞེས་པས་ག་ ངེ་གི་ནུམོ་ལུ་ ཆ་རོགས་འབད་ཟེར་གསུངས་གནང་ལགས། 41 དེ་ལས་ཡེ་ཤུ་གིས་མོ་ལུ་ མར་ཐཱ་ མར་ཐཱ་ ཁྱོད་དོན་དག་མེད་པའི་ལཱ་ཚུ་གི་ཚ་གྱང་ལང་སྡོདཔ་མས། 42 དེ་འབདཝ་ད་ ཁྱོད་ལུ་དགོ་མི་འདི་གཅིག་རྐྱངམ་གཅིག་ཨིན་ མཱིར་ཡམ་གྱིས་བཙགས་ཏེ་འབད་མི་ལཱ་འདི་ ག་ར་ལས་ལེགས་ཤོམ་དེ་ཨིན་ འདི་ནམ་ཡང་མོ་ལས་འཐུ་མི་འབག་ཟེར་གསུངས་ནུག།
1 ཉིནམ་གཅིག་གི་ཚེ་ ས་ཆ་གཅིག་ནང་ ཡེ་ཤུ་སྨོན་ལམ་ཞུ་ཚརཝ་ད་ སློབ་མ་གཅིག་འོངས་ཏེ་ཁོ་ལུ་ གཙོ་བོ་ལགས་ ཡོ་ཧ་ནཱན་གྱིས་ཁོ་རང་གི་སློབ་མ་ཚུ་ལུ་སྨོན་ལམ་བཏབ་ནི་ སྟོན་བྱིན་དོཝ་བཟུམ་སྦེ་ ང་བཅས་ལུ་ཡང་ སྨོན་ལམ་བཏབ་ནི་སྟོན་གནང་ཟེར་ཞུཝ་ད། 2 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་སྨོན་ལམ་བཏབ་ད་ ཨ་ནི་བཟུམ་སྦེ་བཏབ་དགོ། ཀྱེ་ཡབ་ ནཱ་གི་མཚན་དམ་པ་བསྲུང་བར་ཤོག་ ནཱ་གི་རྒྱལ་སྲིད་འབྱོན་པར་ཤོག 3 ང་བཅས་ལུ་ཉིན་མ་རིང་ཆེ་གི་བཟའ་འཐུང་གནང་། 4 ང་བཅས་ཀྱིས་མི་གཞན་གྱི་སྡིག་པ་ བཀའ་དྲིན་བསྐྱངམ་བཟུམ་སྦེ་ ང་བཅས་ཀྱི་སྡིག་པ་ལུ་ཡང་ བཀའ་དྲིན་བསྐྱང་གནང་ དེ་ལས་ང་བཅས་ལུ་བར་ཆད་ནང་ཚུད་མ་བཅུག་ཟེར་ དེ་སྦེ་སྟོན་གནང་ནུག 5 དེ་ལས་ད་རུང་ཡེ་ཤུ་གིས་སློབ་མ་ཚུ་ལུ་ དཔེར་ན་ ཁྱེད་གཅིག་ལུ་ལྟོ་ཚང་གཅིག་ཡོད་པ་ཅིན་ ཁྱེད་ཀྱིས་ནུབ་ཕྱེད་ལུ་ཁོ་སྡོད་སར་སོང་སྟེ་ ཁོ་ལུ་ ལྟོ་ཚང་ང་ལུ་ཏད་ཟས་གསུམ་བསྐྱི་གནང་། 6 ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་ཆ་རོགས་གཅིག་ ཐག་རིང་ས་ལས་ང་སྡོད་སར་ལྷོད་ཅི་ ཁོ་ལུ་བྱིན་ནི་ག་ནི་ཡང་མེད་པར་ཨིན་ཟེར་སླབ་པ་ཅིན། 7 ཁྱོད་ཀྱི་ལྟོ་ཚང་འདི་གིས་ ང་ལུ་མ་དཀྲོག་ ད་ང་སྒོ་བསྡམས་ཚར་ཡི་ ང་དང་མཉམ་གཅིག་ཨ་ལོ་དེ་ཚུ་ཉལ་ཏེ་ཡོད་ ད་ང་ཡར་ལོང་སྟེ་ ཁྱོད་ལུ་ག་ནི་ཡང་བྱིན་མི་ཚུགས་ཟེར་སླབ་འོང་། 8 ང་གིས་ཁྱེད་ལུ་སླབ་དོ་ ཁྱེད་གཉིས་ལྟོ་ཚང་ཨིན་ཏེ་འབད་རུང་ དེ་འཕྲོ་ལས་ཁྱོད་ཀྱི་ལྟོ་ཚང་དེ་གིས་ ག་ནི་ཡང་མ་བྱིན་པར་བཞག་འོང་ དེ་འབདཝ་ད་ ཁྱོད་ཀྱིས་ཨུ་ཚུགས་རྐྱབ་ད་ ལྟོ་ཚང་དེ་གིས་མ་བྱིན་པར་ བཞག་མ་ཚུགས་པར་ ཁྱོད་ལུ་ག་དགོ་མི་དེ་བྱིན་གཏང་འོང་། 9 ང་གིས་ཁྱེད་ལུ་སླབ་དོ་ ཞུ་བ་ཅིན་ཁྱེད་ལུ་གནང་འོང་ འཚོལ་བ་ཅིན་ཁྱེད་ཀྱིས་འཚོལ་ཐོབ་འོང་ སྒོ་བརྡུང་བ་ཅིན་ཁྱེད་ཀྱི་དོན་ལུ་སྒོ་ཕྱེ་གནང་འོང་། 10 ག་ཅི་སྨོ་ཟེར་བ་ཅིན་ ག་ཞུ་མི་དེ་ལུ་གནང་འོང་ འཚོལ་མི་དེ་གིས་ཐོབ་འོང་ སྒོ་བརྡུང་མི་དེ་ལུ་སྒོ་ཕྱེ་གནང་འོང་། 11 ཁྱེད་ཀྱི་གྲལ་ལས་ ག་ར་འབད་རུང་ ཨ་པ་གཅིག་ལུ་ ཁོ་རང་གི་བུ་གིས་ཉ་གནང་ཟེར་སླབ་པ་ཅིན་ ཉ་འདི་གི་ཚབ་ལུ་སྦུལ་བྱིན་འོང་ག། 12 ད་རུང་སྒོང་རྡོག་གནང་ཟེར་སླབ་པ་ཅིན་ སྒོང་རྡོག་འདི་གི་ཚབ་ལུ་ སྡིག་པ་ར་ཙ་བྱིན་འོང་ག། 13 ཁྱེད་མི་ངན་པ་ཨིན་ཏེ་འབད་རུང་ རང་གི་བུ་དང་བུམོ་ཚུ་ལུ་ གསོལ་རས་ལེགས་ཤོམ་བྱིན་ཤེས་པ་ཅིན་ ཞིང་ཁམས་ལུ་བཞུགས་ཡོད་མི་ཡབ་ཀྱིས་ མི་ངན་པ་ཚུ་ལས་ཡང་ལྷགཔ་སྦེ་ ཁོ་ལས་ཞུ་མི་ལུ་ དམ་པའི་ཐུགས་ཉིད་དེ་ མ་གནང་བར་མི་བཞག་ཟེར་གསུངས་ནུག། 14 མི་གཅིག་ལུ་འདྲེ་གདོན་འཛུལ་ཏེ་ ཁ་སླབ་མ་ཚུགས་པར་སྡོད་མི་གཅིག་ལས་ ཡེ་ཤུ་གིས་འདྲེ་གདོན་བཏོན་བདའཝ་ད་ འདྲེ་གདོན་འདི་ཐོན་འགྱོ་སྦེ་ ཁ་སླབ་ཚུགསཔ་སོངམ་ད་ མི་དམངས་ཧ་ལས་ནུག 15 དེ་འབདཝ་ད་ ཁོང་གི་གྲལ་ཁ་ལས་ ལ་ལུ་ཅིག་གིས་ འདྲེ་གདོན་གྱི་རྒྱལཔོ་ བཱེལ་ཟེ་བུལ་གྱི་དབང་ཤུགས་ཀྱིས་ ཁོ་གིས་འདྲེ་གདོན་བཏོན་བདའཝ་མས་ཟེར་སླབ་ནུག 16 ལ་ལུ་གིས་ ནཱ་དཀོན་མཆོག་ལས་བྱོན་མི་གཅིག་ཨིན་པ་ཅིན་ ཞིང་ཁམས་ཀྱི་རྟགས་མཚན་གཅིག་ ང་བཅས་ལུ་བཏོན་གནང་ཟེར་ ཐུགས་ཚོད་བལྟ་ནི་སྦེ་ཞུ་ནུག 17 དེ་འབདཝ་ད་ ཁོང་གི་སེམས་ཁར་མནོ་མི་དེ་ ཡེ་ཤུ་གིས་མཁྱེན་ཏེ་ ཁོང་ལུ་གསུངས་ནུག་ རྒྱལ་སྲིད་གཅིག་གི་ནང་ན་ མ་མཐུནམ་འབྱུང་པ་ཅིན་ རྒྱལ་སྲིད་དེ་ ཡུན་མ་རིང་བར་ མེདཔ་ཐལ་འགྱོ་འོང་ ཁྱིམ་གཅིག་གི་ནང་ན་ མ་མཐུནམ་འབྱུང་པ་ཅིན་ བཟའ་ཚང་ཚུ་མེདཔ་ཐལ་འགྱོ་འོང་། 18 ཁྱེད་ཀྱིས་ང་ལུ་ བཱེལ་ཟེ་བུལ་གྱི་དབང་ཤུགས་ཀྱིས་ འདྲེ་གདོན་བཏོན་བདའ་ཡི་ཟེར་སླབ་ཨིན་མས་ བདུད་ སེ་ཏཱན་ ཁོ་རང་གི་ནང་ན་ མ་མཐུནམ་འབྱུང་པ་ཅིན་ ཁོ་རང་གི་རྒྱལ་སྲིད་དེ་ ག་དེ་སྦེ་གནས་ཚུགས་ནི་སྨོ། 19 ང་གིས་ བཱེལ་ཟེ་བུལ་གྱི་དབང་ཤུགས་ཀྱིས་ འདྲེ་གདོན་བཏོན་བདའཝ་ཨིན་པ་ཅིན་ ཁྱེད་ཀྱི་སློབ་མ་ཚུ་གིས་ ག་གི་དབང་ཤུགས་ཀྱིས་ འདྲེ་གདོན་བཏོན་བདའཝ་སྨོ་ ཁྱེད་དང་ངེ་གི་བདེན་རྫུན་འདི་ ཁྱེད་རང་གི་སློབ་མ་ཚུ་གི་ཐོག་ལས་སྦེ་ ཕྱེ་འཐོན་འོང་། 20 དེ་འབདཝ་ད་ ང་གིས་དཀོན་མཆོག་གི་དབང་ཤུགས་ཀྱི་ཐོག་ལས་སྦེ་ འདྲེ་གདོན་བཏོན་བདའཝ་ཨིན་པ་ཅིན་ དཀོན་མཆོག་གི་རྒྱལ་སྲིད་དེ་ ནཱ་ཁྱེད་ཀྱི་སྦུག་ནང་ལྷོད་ཅི། 21 མི་སྟོབས་ཅན་གཅིག་གིས་ རང་གི་མཚོན་ཆ་ག་ར་གྲ་སྒྲིག་བརྐྱབས་ཏེ་ ཁོ་རང་གི་ཁྱིམ་སྲུང་སྡོད་པ་ཅིན་ ཁོ་གི་རྒྱུ་ནོར་ལུ་གནོད་རྐྱེན་མི་འབྱུང་། 22 དེ་འབདཝ་ད་ ཁོ་ལས་སྟོབས་ཤུགས་ཆེ་བའི་མི་གཅིག་འོང་པ་ཅིན་ ཨ་ནི་འདི་གིས་རྒྱལ་ཁ་ཐོབ་སྟེ་ བློ་གཏད་མིའི་མཚོན་ཆ་ཚུ་འཕྱོགས་སྦེ་ ཡོདཔ་མེདཔ་ག་ར་བཅོམ་འབག་སྟེ་ ཁོ་གིས་ཁོ་རང་གི་ཆ་རོགས་ཚུ་དང་བགོ་བཤའ་བརྐྱབ་འོང་། 23 ག་ར་འབད་རུང་ ང་དང་མཉམ་གཅིག་མེད་པ་ཅིན་ འདི་ངེ་གི་དགྲ་ཨིན་ ང་དང་གཅིག་ཁར་ལོ་ཐོག་མ་བསྡུ་མི་འདི་གིས་ གཏོར་གཏངམ་ཨིན་ཟེར་གསུངས་ནུག། 24 མི་གཅིག་གི་ནང་ལས་ འདྲེ་གདོན་བཏོན་བདའཝ་ད་ ཁོ་ཆུ་མེད་པའི་ས་སྐམ་ས་ལས་ཕར་ ངལ་འཚོ་སྡོད་ས་འཚོལ་འགྱོཝ་ཨིན་ དེ་འབདཝ་ད་ སྡོད་ས་གཅིག་ཡང་མ་ཐོབ་པར་ ཁོ་གིས་ ང་ཧེ་མ་བཏོན་བདའ་སའི་ ཁྱིམ་ནང་རང་ལོག་འགྱོ་ནི་ཨིན་ཟེར་སླབ་སྟེ། 25 ཁོ་ལོག་འོངམ་ད་ ཁྱིམ་དེ་ཕྱགས་བདར་བརྐྱབས་ཏེ་ཧིང་སང་ས་སྦེ་མཐོང་སྟེ། 26 ཁོ་གིས་ ཁོ་རང་ལས་གདུག་པའི་འདྲེ་གདོན་གཞན་བདུན་འཁྱིད་འོངས་ཏེ་ ཧེ་མ་གི་མི་འདིའི་ནང་ན་ འཛུལ་ཏེ་སྡོད་འོང་ དེ་ལས་མི་འདི་ཧེ་མ་ལས་ཡང་ སྐྱོཝ་སྦེ་འགྱོཝ་ཨིན་ཟེར་གསུངས་ནུག། 27 ཡེ་ཤུ་གིས་དེ་སྦེ་གསུངས་བཞུགས་པའི་བསྒང་རང་ མི་དམངས་ནང་ལས་ཨམ་གཅིག་གིས་ སྐད་སྦོམ་སྦེ་བརྐྱབས་ཏེ་ ཁྱོད་སྐྱེས་ཏེ་གསོ་མིའི་ཨམ་སྲུ་དེ་ བྱིན་རླབས་ཅན་གཅིག་ཨིན་མས་ཟེར་ཞུཝ་ད། 28 ཡེ་ཤུ་གིས་འདི་བ་འདི་དཀོན་མཆོག་གི་གསུང་ཉན་ཏེ་འབད་མི་འདི་ བྱིན་རླབས་ཅན་ཨིན་ཟེར་གསུངས་ནུག། 29 མི་དམངས་ ཧེ་མ་ལས་ཡང་མངམ་སྦེ་སྤུང་འོངམ་ད་ ཡེ་ཤུ་གིས་ ད་རེས་ནངས་པ་གི་མི་རབས་འདི་ག་དེམ་ཅིག་ངན་པ་སྨོ་ འདི་ཚུ་གིས་རྟགས་མཚན་འཚོལཝ་མས་ དེ་འབདཝ་ད་ལུང་སྟོན་པ་ ཡོ་ན་གི་མི་ཚེ་གི་ཐོག་ལས་ སྟོན་གནང་མི་རྟགས་མཚན་ལས་བརྒལ་ཏེ་ གཞན་གཅིག་ཡང་བཏོན་མི་བྱིན། 30 ཡོ་ན་ལུ་ག་བྱུང་མི་འདི་ ཁྲོམ་ ནི་ནེ་ཝི་གི་མི་འདི་ཚུ་གི་དོན་ལུ་ རྟགས་མཚན་སྦེ་གནང་དོཝ་བཟུམ་སྦེ་ མིའི་བུ་ལུ་བྱུང་མི་འདི་ཡང་ ད་རེས་ནངས་པ་གི་མི་རབས་ཚུ་གི་དོན་ལུ་ རྟགས་མཚན་སྦེ་གནང་གནངམ་ཨིན། 31 ད་རུང་ཁྲིམས་ཕྱེ་བའི་ཉིནམ་འདི་ལུ་ ལྷོ་ཕྱོགས་ཀྱི་རྒྱལམོ་ ཤི་བཱ་གི་ཡང་ཡར་ལོང་སྟེ་ ཨ་ནི་མི་རབས་ཚུ་གི་སྐྱོན་བཏོན་ཏེ་འཛོམ་དཔང་འབད་འོང་ ག་ཅི་སྨོ་ཟེར་བ་ཅིན་ མོ་འཛམ་བུ་གླིང་གི་མཐའ་མ་ལས་ནཱ་ཚུན་ཚོད་ རྒྱལཔོ་ སོ་ལོ་མཱོན་གྱི་ཤེས་རབ་ལུ་ཉན་པ་འོངས་ནུག་ དེ་འབདཝ་ད་ རྒྱལཔོ་ སོ་ལོ་མཱོན་ལས་མཐོ་ཤོས་གཅིག་ནཱ་ལུ་ཡོད་རུང་ ཁྱེད་ཀྱིས་ཁོ་ལུ་སྣང་མེད་བརྩིས་ཏེ་ སེམས་འགྱུར་མ་བཏུབ། 32 ཁྲིམས་ཕྱེ་བའི་ཉིནམ་འདི་ལུ་ ནི་ནེ་ཝི་གི་མི་ཚུ་ཡར་གསོན་པོ་སྦེ་ལོང་སྟེ་ ཨ་ནི་མི་རབས་ཚུ་གི་སྐོར་ལས་འཛོམ་དཔང་འབད་འོང་ ག་ཅི་སྨོ་ཟེར་བ་ཅིན་ཁོང་ ནི་ནེ་ཝི་ཚུ་གིས་ ལུང་སྟོན་པ་ ཡོ་ན་གི་བཤད་མི་ཆོས་ལུ་ཉན་ཏེ་ སྡིག་པའི་ལཱ་སྤངས་ཏེ་སེམས་འགྱུར་ནུག་ དེ་འབདཝ་ད་ ཡོ་ན་ལས་མཐོ་ཤོས་གཅིག་ནཱ་ལུ་ཡོད་རུང་ ཁྱེད་ཀྱིས་ཁོ་ལུ་སྣང་མེད་བརྩིས་ཏེ་ སེམས་འགྱུར་མ་བཏུབ་ཟེར་གསུངས་ནུག། 33 མི་ག་ར་འབད་རུང་ ས་ཏི་བཏེགས་ཏེ་ ག་གིས་ཡང་མ་མཐོངམ་སྦེ་ སྦ་མི་བཞག་ སྦ་ཟེ་གི་འོག་ལུ་ཡང་བཙུགས་ཏེ་མི་བཞག་ དེ་འབདཝ་ད་ ནང་ན་འོང་མི་ག་ར་གིས་ འོད་འདི་མཐོང་ནིའི་དོན་ལུ་ ས་ཏི་བཏེགས་ཏེ་ སྟེགས་ཀྱི་གུ་བཀལ་བཞག་འོང་། 34 ཁྱོད་ཀྱི་མིག་ཏོ་དེ་ ལུས་ཀྱི་ས་ཏི་བཟུམ་སྦེ་ཨིན་ ཁྱོད་ཀྱི་མིག་ཏོ་འདི་ལེགས་ཤོམ་ཡོད་པ་ཅིན་ ཁྱེད་ཀྱི་ལུས་ནང་ན་འོད་ཤར་སྡོད་འོང་ ཁྱོད་ཀྱི་མིག་ཏོ་ལེགས་ཤོམ་མེད་པ་ཅིན་ ལུས་ནང་ན་ གནག་དུང་གིས་གང་སྡོད་འོང་། 35 ཁྱེད་ཀྱི་སེམས་ནང་ཡོད་མི་འོད་ཟེར་དེ་ གནག་དུང་དུ་འགྱོ་མ་བཅུག་ནིའི་དོན་ལུ་ དྲན་པ་བཏོན་ཏེ་སྡོད། 36 ཁྱོད་ཀྱི་ནང་ཡོད་མི་འདི་གནག་དུང་དུ་མེན་པར་ འོད་ཀྱིས་ཁྱབ་སྟེ་ཡོད་པ་ཅིན་ ས་ཏི་གི་འོད་ཀྱིས་མཐོང་དོཝ་བཟུམ་སྦེ་ ཁྱོད་ཀྱི་སེམས་ནང་འོད་ཅེམ་ཅེ་སྦེ་ཤར་འོང་ཟེར་གསུངས་ནུག། 37 ཡེ་ཤུ་གིས་དེ་གསུངས་ཚརཝ་ད་ ཕ་རུ་ཤི་པ་གཅིག་གིས་ ཁོ་གི་ཁྱིམ་ནང་ལུ་གསོལཝ་བཞེས་པ་གདན་འདྲེན་ཞུ་སྟེ་ ཡེ་ཤུ་གསོལཝ་བཞེས་པ་བྱོན་ནུག 38 ཁོ་གིས་གསོལཝ་མ་བཞེས་པའི་ཧེ་མ་ ཁོང་རའི་ལུགས་སྲོལ་བཞིན་དུ་ བཙོག་གྲིབ་དགཔ་མ་མཛད་པར་ གསོལཝ་བཞེས་ས་མཇལ་ཏེ་ ཕ་རུ་ཤི་པ་འདི་གིས་ རྣམ་རྟོག་སྦེ་བརྩིས་ནུག 39 དེ་ལས་གཙོ་བོ་ཡེ་ཤུ་གིས་ཁོ་ལུ་ ཁྱེད་ ཕ་རུ་ཤི་པ་དེ་ཚུ་གིས་ ཧོད་འདི་ ཕྱི་ལས་རྐྱངམ་གཅིག་དགཔ་བཟོཝ་ཨིན་མས་ དེ་འབདཝ་ད་ ཁྱེད་ཀྱི་སེམས་ཀྱི་ནང་ན་དགཔ་མེན་པར་ དགོ་འདོད་དང་ངན་པ་གིས་གང་སྟེ་འདུག 40 ཁྱེད་རྩ་རྒས་ཚུ་ ཕྱི་ཁར་དང་ནང་ན་གཉིས་ཆ་ར་ དཀོན་མཆོག་གིས་མཛད་མཛདཔ་ཨིན་མེན་ན། 41 དེ་འབདཝ་ད་ ཧོད་ནང་ཡོད་མི་འདི་ སྤྱང་ཀ་ཚུ་ལུ་བྱིན་ དེ་ལས་ཁྱེད་ཀྱི་དོན་ལུ་ག་ར་དགཔ་འགྱོ་འོང་། 42 ཕ་རུ་ཤི་པ་ཚུ་ ཁྱེད་ག་དེ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་བརྒྱ་ཆ་ལས་བཅུ་ཆ་ ཡ་ཧུ་ད་པའི་མཆོད་ཁང་ནང་ཕུལ་དགོཔ་ ཟས་སྦྱོར་དང་སྨན་གྱི་ཧོན་ཚོད་ཀྱི་རིགས་མ་འདྲཝ་ཁེ་ཏོག་ཏོ་ཚུ་ ཀྲིག་ཀྲི་སྦེ་ཁྱེད་ཀྱིས་ཕུལཝ་ཨིན་མས་ དེ་འབདཝ་ད་ ཁྲིམས་ཕྲང་ནི་དང་ དཀོན་མཆོག་ལུ་བྱམས་པ་འབད་ནི་འདི་ཚུ་ལུ་ སྣང་མེད་བརྩིས་ཏེ་ བཞགཔ་ཨིན་མས་ བཀའ་ཁྲིམས་གཞན་ཚུ་ལུ་ སྣང་མེད་མ་བརྩིས་བར་འབད་དགོཔ་མ་ཚད་ ཨ་ནི་ཁག་ཆེ་ཤོས་འདི་ཚུ་ལུ་ཡང་ ཁྱེད་ཀྱིས་ཨིན་ཅི་མིན་ཅི་འབད་དགོཔ་ཨིན། 43 ཕ་རུ་ཤི་པ་ཚུ་ ཁྱེད་ག་དེ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་ སི་ན་གོག་ནང་ མཐོ་བའི་ཁྲི་གུ་སྡོད་ནི་དང་ ཁྲོམ་ཁར་འགྱོཝ་ད་ གཞན་གྱིས་ སྐུ་གཟུགས་བཟང་པོ་ལགས་ཟེར་ཞུ་སྟེ་ ཞེ་ས་འབད་ནི་དེ་འཚོལཝ་ཨིན་མས། 44 ཁྱེད་ག་དེ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ རོ་བཙུགས་སའི་དོང་གུ་ རྟགས་བཀལ་མ་བཞག་མི་ས་ཆ་དང་ཁྱེད་འདྲ་བས་ མི་ཚུ་གིས་མ་ཤེས་པར་ འདིའི་གུ་ལས་ཕར་འཁྱམ་འགྱོཝ་ཨིན་ཟེར་གསུངས་ནུག 45 བཀའ་ཁྲིམས་ཀྱི་སློབ་དཔོན་ལེ་ཤ་གི་ནང་ལས་གཅིག་གིས་ སློབ་དཔོན་ལགས་ ནཱ་གིས་དེ་སྦེ་གསུངསམ་ད་ ང་བཅས་ཀྱི་བློ་ཡང་བཙོངམ་མས་ཟེར་ཞུཝ་ད། 46 ཡེ་ཤུ་གིས་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་ ཁྱེད་ག་དེ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ འབད་མ་ཚུགས་པའི་ཁྲིམས་འདི་ འབག་མ་ཐེག་པའི་ཁུར་ཆ་བཟུམ་སྦེ་ གཞན་ལུ་བཀལ་ཏེ་ འབག་བཅུགཔ་མས་ དེ་འབདཝ་ད་ ཁྱེད་ཀྱིས་རང་གི་མཛུབ་མོ་གཅིག་གིས་ཡང་ ཁོང་ལུ་ཆ་རོགས་མི་འབད་བས། 47 ཁྱེད་ག་དེ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་ཕ་བརྒྱུད་ཀྱིས་ལུང་སྟོན་པ་ཚུ་བསད་མི་ཉེས་པ་ལས་ཐར་ནི་སྦེ་ ལུང་སྟོན་པ་གི་དུར་ཁུང་ཁྱེད་ཀྱིས་བཅོ་ཁ་རྐྱབ་མས། 48 ཁྱེད་རང་གི་ཕ་བརྒྱུད་ཚུ་གི་འབད་མི་འདི་ཀྲིག་ཀྲི་ཨིན་ཟེར་ཁྱེད་ཀྱིས་བློ་མཐུན་ཏེ་ དེ་བཟུམ་སྦེ་རང་ཁྱེད་ཀྱིས་འབདཝ་མས་ ཁོང་གིས་ལུང་སྟོན་པ་ཚུ་བསད་ཅི་ དེ་ལས་ཁྱེད་ཆ་ཁྱབ་ཀྱིས་ཁོང་གི་དུར་ཁུང་བཅོ་ཁ་རྐྱབ་མས། 49 འདི་འབདཝ་ལས་བརྟེན་ཏེ་ དཀོན་མཆོག་གིས་ ཁོ་རང་གི་ཤེས་རབ་ཀྱི་ཐོག་ལས་སྦེ་ ང་གིས་ལུང་སྟོན་པ་དང་ ཁ་འཐེན་འབག་མི་ཚུ་ ཁོང་སྡོད་ས་ལུ་གཏང་ནི་ཨིན་ དེ་འབདཝ་ད་ ཁོང་ལ་ལུ་ལུ་བསད་ ལ་ལུ་ལུ་གནོད་པ་བཀལ་འོང་ཟེར་གསུངས་གསུངསམ་ཨིན་མས། 50 འཇིག་རྟེན་བཀོད་པའི་ཚེ་ལས་འགོ་བཙུགས་ཏེ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ལུ་ ལུང་སྟོན་པ་ག་ར་ལུ་དམར་བསད་འབད་མི་ཉེས་པ་འདི་ ཨ་ནི་མི་རབས་ངན་པ་ཚུ་གི་གུ་ལུ་ཕོག་ནི་ཨིན། 51 ད་ཨ་ནི་ལུང་སྟོན་པ་ཆ་ཁྱབ་ ཨ་བཱེལ་ལུ་དམར་བསད་འབད་བའི་དུས་ཚོད་ལས་འགོ་བཟུང་སྟེ་ མཆོད་ཁྲི་དང་མགོན་ཁང་གི་སྦུག་ནང་ དམར་བསད་འབད་མི་ ཟེ་ཀ་རི་ཡ་ཚུ་ཨིན་ དོན་ལས་རང་ ང་གིས་ཁྱེད་ལུ་སླབ་དོ་ ཨ་ནི་མི་རབས་ཚུ་གིས་ ཉེས་པ་དེ་གི་རྩིས་ཕུལ་དགོ། 52 བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་ ཁྱེད་ག་དེ་ཅིག་ལ་ཁག་བརྐྱབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཤེས་རབ་ཀྱི་ལྡེ་མིག་འདི་ ཁྱེད་ཀྱིས་འཐུ་འབག་ཅི་ དེ་ལས་ཁྱེད་རང་ཡང་ཨ་ནི་ཁྱིམ་ནང་ན་མ་འཛུལ་ གཞན་ལུ་ཡང་ཁྱེད་ཀྱིས་འཛུལ་མ་སྟེར་བས་ཟེར་ཡེ་ཤུ་གིས་གསུངས་ནུག 53 ཡེ་ཤུ་དེ་ཁར་ལས་འབྱོན་ནི་འབདཝ་ད་ བཀའ་ཁྲིམས་ཀྱི་སློབ་དཔོན་དང་ ཕ་རུ་ཤི་པ་ཚུ་གིས་ ཁོ་དང་གནམ་མེད་ས་མེད་རྩོད་པ་བརྐྱབས་ཏེ་ གཏམ་ལེ་ཤ་ཁོ་ལུ་དྲིས་ཞིནམ་ད། 54 ཁོ་གིས་གསུངས་མི་གཏམ་ཚུ་ལུ་ཧིང་བརྐྱབས་ཏེ་ བཟུང་ནི་སྦེ་སྒུག་སྡོད་ནུག།
1 དེའི་སྐབས་མི་ཚོགས་སྟོང་ཕྲག་ལེ་ཤ་ཅིག་འཛོམས་ད་ མི་གཅིག་གིས་གཅིག་གི་གུ་ ཨེབ་ཐག་རྐྱབ་འཛེགཔ་ད་ ཡེ་ཤུ་གིས་དང་པ་ཁོ་རང་གི་སློབ་མ་ཚུ་ལུ་བསླབ་བྱ་སྟོན་ཏེ་ ཁྱེད་ཀྱིས་ ཁ་ཆོས་འབད་མི་ ཕ་རུ་ཤི་པ་ གི་བུལ་ཏོག་ལས་དྲན་པ་བཏོན། 2 ག་དེ་སྦེ་རང་མ་མཐོངམ་སྦེ་སྦ་བཞག་མི་དེ་ཚུ་ ཤུལ་ལས་རང་བཞིན་གྱིས་ ཕྱི་ཁར་འཐོན་འོང་ གསང་བཞག་མི་འདི་ ནམ་གཅིག་གི་ཚེ་ག་ར་གིས་ཤེས་འོང་། 3 དེ་འབདཝ་ལས་ ཁྱེད་ཀྱིས་གནག་དུང་ན་ བློ་ག་ཅི་རང་སླབ་རུང་ ཉི་མིའི་འོད་ནང་འཐོན་འོང་ ད་རུང་ཁྱེད་ཀྱིས་ཁྱིམ་གྱི་ནང་འཁོད་ནང་ སླབ་མི་གསང་བློ་འདི་ ཁྱིམ་ཐོག་གུ་ལས་སྐད་སྦོམ་སྦེ་ ཁྱབ་བསྒྲགས་གཏང་འོང་ཟེར་གསུངས་ནུག། 4 ཡེ་ཤུ་གིས་ ངེའི་ཆ་རོགས་ཚུ་ ང་གིས་ཁྱེད་ལུ་སླབ་དོ་ ཁྱེད་ལུ་བསད་དགོ་མནོ་མི་ཚུ་ལུ་བལྟ་སྟེ་མ་འདྲོག་ ཁོང་གིས་གཟུགས་འདི་རྐྱངམ་གཅིག་བསད་ནི་མ་གཏོགས་ གཞན་ག་ནི་ཡང་འབད་མི་ཚུགས། 5 ད་འདྲོག་དགོ་མི་ངོ་མ་འདི་ ག་ཨིན་ན་ ང་གིས་སྟོན་གེ་ དཀོན་མཆོག་ལུ་བལྟ་སྟེ་འདྲོག་ ཁོ་གིས་བསད་ཚར་བའི་ཤུལ་ལས་ དམྱལ་བ་ནང་བཀོ་ནི་གི་དབང་ཚད་ཡོད་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁོ་ལུ་བལྟ་སྟེ་ཨིན་ཅི་མིན་ཅི་འདྲོག 6 བྱི་ཅུང་ལྔ་ལུ་ཕྱེད་ཀྲམ་གཉིས་སྦེ་བཙོངམ་ཨིན་མེན་ན་ དེ་འབདཝ་ད་ དཀོན་མཆོག་གིས་ བྱི་ཅུང་རེ་རེ་ཡང་ཐུགས་ཁ་ལས་མི་བརྗེད། 7 དེ་བཟུམ་སྦེ་རང་ ཁྱེད་ཀྱི་མགུ་ཏོ་གི་སྐྱ་གཅིག་ཡང་མ་ལུས་པར་ དཀོན་མཆོག་གིས་གྱངས་ཁ་མཁྱེན་ དེ་འབདཝ་ལས་བརྟེན་ཏེ་ ཁྱེད་འདྲོག་མི་དགོ་ བྱི་ཅུང་ལེ་ཤ་ཅིག་ལས་ཡང་ ཁྱེད་རིན་གོང་སྦོམ་ཨིན་ཟེར་གསུངས་ནུག། 8 ང་གིས་ཁྱེད་ལུ་སླབ་དོ་ མི་ག་ར་འབད་རུང་ ང་ལུ་ངོ་ཤེས་ཟེར་འཛོམ་དཔང་འབད་བ་ཅིན་ དེ་བཟུམ་སྦེ་མིའི་བུ་གིས་ཡང་ དཀོན་མཆོག་གི་ཕོ་ཉ་གི་གདོང་ཁར་ འདི་ལུ་ངོ་ཤེས་ཟེར་འཛོམ་དཔང་འབད་འོང་། 9 དེ་འབདཝ་ད་ ག་ར་འབད་རུང་ མིའི་གདོང་ཁར་ང་ལུ་ངོ་མི་ཤེས་ཟེར་སླབ་མི་འདི་ལུ་ མིའི་བུ་གིས་ཡང་ དཀོན་མཆོག་གི་ཕོ་ཉ་གི་གདོང་ཁར་ འདི་ལུ་ངོ་མི་ཤེས་ཟེར་སླབ་འོང་། 10 ད་ག་ར་འབད་རུང་ མིའི་བུ་ལུ་ཚིག་ངན་སླབ་མི་འདི་ལུ་ བཀའ་དྲིན་བསྐྱང་འོང་ དེ་འབདཝ་ད་ དམ་པའི་ཐུགས་ཉིད་ལུ་ དབུ་འཕང་སྨད་མི་འདི་ལུ་ བཀའ་དྲིན་མི་བསྐྱང་། 11 ག་ར་འབད་རུང་ ཁྱེད་ལུ་ སི་ན་གོག་ ཡང་ན་དྲང་དཔོན་དང་འགོ་དཔོན་ཚུ་གི་སྐུ་མདུན་ལུ་འཁྱིད་པ་ཅིན་ ལན་ག་ཅི་སླབ་ནི་ཨིན་ན་ཟེར་མནོ་སྟེ་ དེ་གི་སྐོར་ལས་ ཧེ་མ་ལས་ཚ་གྱང་ལང་མི་དགོ། 12 དེ་བསྒང་ ག་ཅི་སླབ་དགོ་ག་ དམ་པའི་ཐུགས་ཉིད་ཀྱིས་ཀྲིག་ཀྲི་སྦེ་ སྟོན་གནང་འོང་ཟེར་ཡེ་ཤུ་གིས་གསུངས་ནུག། 13 ཉིནམ་གཅིག་གི་ཚེ་ མི་དམངས་ཀྱི་སྦུག་ལས་མི་གཅིག་གིས་ཡར་ལོང་སྟེ་ སློབ་དཔོན་ལགས་ ང་དང་ངེའི་ཕོ་རྒནམ་ལུ་ ཨ་པ་གིས་བཞག་མི་རྒྱུ་ནོར་ལོངས་སྤྱོད་ཚུ་ བགོ་བཤའ་རྐྱབས་ད་ཟེར་ ངེ་གི་ཕོ་རྒནམ་ལུ་གསུང་གནང་ཟེར་ཞུཝ་ད། 14 ཡེ་ཤུ་གིས་ དབའི་ཁོ་རེ་ ཁྱེད་གཉིས་ཀྱི་བར་ན་ལུ་ཁྲིམས་ཕྱེ་མི་དང་ རྒྱུ་ནོར་ལོངས་སྤྱོད་བགོ་བཤའ་རྐྱབ་མི་སྦེ་ ང་ལུ་ག་གིས་བཀལ་བཀལཝ་སྨོ་ཟེར་གསུངས་ནུག 15 ད་རུང་ཡེ་ཤུ་གིས་ རིགཔ་བསྒྱིམ་སྟེ་བལྟ་ དེ་ལས་འདོད་པ་དང་ཆགས་སེམས་ཀྱི་རིགས་ཚུ་ལས་དྲན་པ་བཏོན་ ག་ཅི་སྨོ་ཟེར་བ་ཅིན་ མི་ཚེ་ངོ་མ་འདི་ རྒྱུ་ནོར་ལོངས་སྤྱོད་རྐྱངམ་གཅིག་གིས་མི་ལངས་ཟེར་གསུངས་ནུག 16 དེ་ལས་ད་རུང་ཡེ་ཤུ་གིས་ཁོང་ལུ་ དཔེ་གཏམ་གཅིག་དེ་སྦེ་གསུངས་ནུག་ ཧེ་མ་མི་ཕྱུགཔ་གཅིག་གིས་ཞིང་ཁར་ལུ་ ལོ་ཐོག་བཏབ་སྟེ་ གནམ་མེད་ས་མེད་ལོ་ལེགས་ནུག 17 དེ་ལས་མི་དེ་ ཁོ་རང་མནོ་བསམ་བཏང་སྟེ་ ག་དེ་སྦེ་འབད་བ་ཅིན་དྲག་ག་ ང་ལུ་འབྱུ་བཞག་སའི་ཁྱིམ་མིན་འདུག 18 ད་རུང་ཁོ་རང་གིས་ ད་ང་གིས་དེ་སྦེ་འབད་ནི་ཨིན་ ངེ་གི་ཁྱིམ་ཆུང་ཀུ་འདི་མར་བརྡལ་ཞིནམ་ད་ ཁྱིམ་སྦོམ་སྦེ་བཟོ་སྟེ་ དེ་ལས་ངེ་གི་རྒྱུ་ནོར་ལོངས་སྤྱོད་ཚུ་འདི་ནང་ལུ་བཞག་དགོ་པས། 19 ད་རུང་ང་རང་གི་སེམས་ཁར་ལུ་སླབ་ནི་ཨིན་ ངེ་གི་སེམས་ ད་ལོ་ལེ་ཤ་གི་དོན་ལུ་ རྒྱུ་ནོར་ལོངས་སྤྱོད་ལེ་ཤ་བསགས་བཞག་ཡོད་ བློ་བདེ་ཏོག་ཏོ་སྦེ་སྡོད་ཞིནམ་ད་ ཕངས་སེམས་མེད་པར་ཟ་འཐུང་ དགའ་སྤྲོ་འགྱུར་ཏེ་སྡོད་ ཟེར་སླབ་ནུག 20 དེ་འབདཝ་ད་ དཀོན་མཆོག་གིས་ཁོ་ལུ་ མི་རྩ་རྒས་ཁྱོད་ ད་རེས་ཕྱི་རུང་རང་ ཁྱོད་རང་གི་ཚེ་སྲོག་དང་ཁ་འབྲལ་ཏེ་ ཁྱོད་ཤི་ནི་ཨིན་ ཁྱོད་རང་གི་དོན་ལུ་ བསགས་བཞག་མིའི་རྒྱུ་ནོར་ལོངས་སྤྱོད་འདི་ ག་གིས་ཐོབ་ནི་སྨོ་ཟེར་གསུངས་ནུག 21 ཡེ་ཤུ་གིས་ ད་དོན་དག་མདོར་བསྡུས་ཏེ་སླབ་པ་ཅིན་ རང་གི་དོན་ལུ་ཞེན་ཆགས་བསྐྱེད་དེ་ རྒྱུ་ནོར་ལོངས་སྤྱོད་བསགས་ཏེ་ ཕྱུགཔ་འགྱོ་མི་འདི་ རང་གི་དོན་ལུ་མ་གཏོགས་དཀོན་མཆོག་གི་གཟིགས་སར་ མི་ཕྱུགཔ་སྦེ་བརྩི་མི་གནང་ཟེར་གསུངས་ནུག། 22 ཡེ་ཤུ་གིས་ད་རུང་ཁོ་རང་གི་སློབ་མ་ཚུ་ལུ་ ང་གིས་ཁྱེད་ལུ་སླབ་དོ་ ཁྱེད་རང་གི་མི་ཚེ་གི་དོན་ལུ་ག་ཅི་ཟ་ནི་ཨིན་ན་ ལུས་ཀྱི་དོན་ལུ་ག་ཅི་གྱོན་ནི་ཨིན་ན་ ཚ་གྱང་ལངས་མི་དགོ། 23 ག་ཅི་སྨོ་ཟེར་བ་ཅིན་ མིའི་ཚེ་འདི་བཞེས་སྒོ་ཟ་ནི་ལས་ཁག་ཆེཝ་དང་ མིའི་ལུས་འདི་བགོ་ལ་གྱོན་ནི་ལས་ཁག་ཆེཝ་ཨིན། 24 དཔེ་གཅིག་འབད་བ་ཅིན་ ཨོ་ལ་ཚུ་ལུ་བལྟ་བ་ཅིན་ ཁོང་གིས་སོན་མར་བཏབ་ནི་ཡང་མེད་ ཡར་བརྔ་ནི་ཡང་མེད་ ཁོང་ལུ་འབྱུ་བཞག་སའི་འབྱུ་ཁྱིམ་ཡང་མེད་ དེ་རང་ཨིན་རུང་ དཀོན་མཆོག་གིས་ཁོང་ལུ་ཟ་ནི་གནངམ་ཨིན་ བྱི་ཅུང་ཚུ་གི་ཚེ་ལས་ཁྱེད་ཀྱི་མི་ཚེ་འདི་ དཀོན་མཆོག་གི་དོན་ལུ་ཁག་ཆེ་དྲགས་ཨིན། 25 ཁྱེད་ཀྱིས་ཚ་གྱང་ལངས་ཏེ་ ཁྱེད་རང་གི་མི་ཚེ་འདི་ ཁྱུ་གང་ཡང་ཕར་རིངམ་སྦེ་བསྣར་ཚུགས་ག། 26 མི་ཚེ་འདི་ཨ་ཙི་གཅིག་ཡང་ཐེབས་སྦེ་ རིངམ་བཟོ་མ་ཚུགས་པ་ཅིན་ གཞན་གྱི་སྐོར་ལས་ག་ཅི་འབད་ཚ་གྱང་ལངམ་སྨོ། 27 དཔེ་གཅིག་འབད་བ་ཅིན་ ནགས་ཚལ་གྱི་མེ་ཏོག་ཚུ་ལུ་བལྟ་ཞིག་ དེ་ཚུ་ག་དེ་སྦེ་སྐྱེས་ཏེ་ ཡར་སྦོམ་འགྱོཝ་སྨོ་ ཁོང་ལཱ་འབད་ནི་དང་བགོ་ལ་ཐགས་ནི་ཟེར་ཡང་མིན་འདུག་ དེ་འབདཝ་ད་ ང་གིས་ཁྱེད་ལུ་སླབ་ཨིན་ རྒྱལཔོ་ སོ་ལོ་མཱོན་འདི་ གཟི་བརྗིད་དང་ལྡན་ཏེ་ཡོད་རུང་ ཨ་ནི་མེ་ཏོག་ཚུ་བཟུམ་སྦེ་ བགོ་ལ་ལེགས་ཤོམ་གྱོན་ནི་མ་ཐོབ་པས། 28 དབའེ་ ཁྱེད་དད་པ་ཆུང་ཀུ་ཚུ་ ཞིང་ཁར་གྱི་རྩྭ་ ད་རེས་ཡོད་མི་དེ་ ནངས་པ་སྐམ་སྟེ་ མེ་བཏང་བཀོ་ནི་དེ་ལུ་ དཀོན་མཆོག་གིས་བདག་འཛིན་འཐབ་གནང་པ་ཅིན་ ཁྱེད་ལུ་ཨ་ནི་ལས་ཡང་ལྷགཔ་སྦེ་ བདག་འཛིན་འཐབ་ མི་གནང་ག། 29 ག་ཅི་ཟ་ནི་ཨིན་ན་ ག་ཅི་འཐུང་ནི་ཨིན་ན་ཟེར་མནོ་སྟེ་ ཚ་གྱང་ལངས་ཏེ་འཚོལ་མི་དགོ། 30 ག་ཅི་སྨོ་ཟེར་བ་ཅིན་ འཛམ་བུ་གླིང་གི་མི་རིགས་ དཀོན་མཆོག་དང་གཞན་འབྲེལ་མེད་མི་ཚུ་གིས་ དེ་བཟུམ་སྦེ་འབདཝ་ཨིན་ དེ་འབདཝ་ད་ ཁྱེད་ལུ་དགོཔ་ག་ར་ ཁྱེད་ཀྱི་ཡབ་ཀྱིས་མཁྱེན། 31 དེ་བ་འདི་ ཧེ་མ་དཀོན་མཆོག་གི་རྒྱལ་སྲིད་ནང་འགྱོ་ནི་འདི་འཚོལ་ དེ་ལས་ཁྱེད་ལུ་དགོ་མི་ག་ར་གནང་འོང་། 32 ངེའི་གཅེས་ཕྲུག་ཚུ་ མ་འདྲོག་ ཁྱེད་ཀྱི་ཡབ་ཀྱིས་ ཁྱེད་ལུ་ཁོ་རང་གི་རྒྱལ་སྲིད་གནང་ནི་ལུ་ཐུགས་དགྱེས་ཏེ་ཡོད། 33 ཁྱེད་ཀྱིས་རྒྱུ་ནོར་ལོངས་སྤྱོད་འདི་ཚུ་བཙོང་སྟེ་ མི་སྤྱང་ཀ་ཚུ་ལུ་བྱིན་ཏེ་འབད་བ་ཅིན་ རང་གི་དོན་ལུ་ དུས་ནམ་ཡང་རྫོགས་ནི་མེད་པའི་དངུལ་ཁུག་ བཟོ་དོཝ་བཟུམ་སྦེ་ཨིན་ འདི་ག་ཅི་སྨོ་ཟེར་བ་ཅིན་ ཞིང་ཁམས་ལུ་ཡོད་མི་རྒྱུ་ནོར་ལོངས་སྤྱོད་ཚུ་རྫོགས་ནི་དང་ ཨརཝ་གིས་བཅོམ་ནི་མེད་ འབུབ་ཀྱིས་ཡང་མི་ཟ། 34 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་རྒྱུ་ནོར་ག་ཏེ་ཡོད་སར་ དེ་ཁར་ཁྱེད་ཀྱི་སེམས་ཡང་ཆགས་སྡོདཔ་ཨིན་ཟེར་གསུངས་ནུག། 35 ད་རུང་ཡེ་ཤུ་གིས་ སྦྱིན་བདག་གཉེན་གྱི་ཚོགས་སྟོན་ནང་ལས་ལོག་འོངས་ཏེ་སྒོ་རྡུངམ་ཅིག་ སྒོ་ཕྱེ་བྱིན་མི་གཡོགཔོ་ཚུ་བཟུམ་སྦེ་ ཁྱེད་ཆ་ཁྱབ་ཡང་བགོ་ལ་གྱོན་ཏེ་གྲ་སྒྲིག་རྐྱབ་སྦེ་ ས་ཏི་བཏེགས་ཏེ་སྡོད། 37 གྲ་སྒྲིག་རྐྱབ་སྒུག་སྡོད་མི་གཡོགཔོ་ཚུ་ལུ་ སྦྱིན་བདག་གིས་ཐུགས་དགྱེས་ཏེ་ ཁོང་ལུ་གསོལ་རས་གནང་འོང་ ང་གིས་ཁྱེད་ལུ་སླབ་དོ་ ཁོ་རང་གིས་གཡོགཔོ་འདི་ཚུ་ལུ་སྡོད་བཅུག་སྦེ་ དེ་ལས་ཁོ་རང་གདོང་ཁེབས་གྱོན་སྦེ་ ཁོང་ལུ་བཟའ་འཐུང་དྲང་བཞག་རྐྱབ་གནང་འོང་། 38 སྦྱིན་བདག་འདི་གིས་ཕྱི་རུ་ནུབ་ཕྱེད་ལུ་འོང་རུང་ དྲོ་པ་གནམ་མ་ནངས་པའི་ཧེ་མ་འོང་རུང་ གྲ་སྒྲིག་རྐྱབ་སྦེ་སྒུག་སྡོད་མི་གཡོགཔོ་ཚུ་ལུ་ ཁོ་གིས་ཐུགས་དགྱེས་ཏེ་ ཁོང་ལུ་གསོལ་རས་གནང་འོང་། 39 དེ་འབདཝ་ད་ ཁྱེད་ཀྱིས་འདི་ཧ་གོ་དགོ་ ཨརཝ་ནམ་འོང་ནི་ཨིན་ན་ ཁྱིམ་གྱི་སྦྱིན་བདག་གིས་ཤེས་པ་ཅིན་ ཁོ་གཉིད་མ་ལོག་པར་ཁྱིམ་བསྲུང་སྟེ་ ཨརཝ་ནང་ན་འོང་མི་སྟེར། 40 འདི་བཟུམ་སྦེ་རང་ ཁྱེད་ཆ་ཁྱབ་ཡང་ཨ་རྟག་ར་གྲ་སྒྲིག་འབད་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ འཐོན་འོང་ཟེར་མནོ་བསམ་རང་མ་གཏང་པའི་དུས་ཚོད་ལུ་ མིའི་བུ་ཡང་འོང་ནི་ཨིན་ཟེར་ཡེ་ཤུ་གིས་གསུངས་ནུག 41 དེ་ལས་ པེ་ཏྲོ་གིས་ཡེ་ཤུ་ལུ་ གཙོ་བོ་ལགས་ དཔེ་གཏམ་འདི་ང་བཅས་རྐྱངམ་གཅིག་གི་དོན་ལུ་ཨིན་ན་ ཡང་ན་མི་ག་ར་གི་དོན་ལུ་གསུངསམ་ཨིན་ན་ཟེར་ཞུཝ་ད། 42 གཙོ་བོ་གིས་ད་རུང་ ད་གཉེརཔ་ཤེས་རབ་ཅན་ ན་འཐན་ཏོག་ཏོ་ག་སྨོ་ སྦྱིན་བདག་གིས་ཁོ་རང་གི་ཁྱིམ་ནང་གི་གཡོགཔོ་གཞན་ཚུ་ལུ་ དུས་ཚོད་ལུ་བཞེས་སྒོ་ཀྲིག་ཀྲི་སྦེ་ བྱིན་ནི་གི་འགན་ཁག་ ག་ག་ལུ་སྤྲོད་འོང་ག། 43 དེ་ལས་སྦྱིན་བདག་གིས་ཁྱིམ་ནང་ལོག་འོངམ་ད་ ལཱ་འགན་སྤྲོད་བཞག་མི་གཉེརཔ་འདི་ ལཱ་ལེགས་ཤོམ་སྦེ་འབད་ས་མཐོང་སྟེ་ ཁོ་ལུ་གསོལ་རས་བྱིན་འོང་། 44 ང་གིས་ཁྱེད་ལུ་དོན་ལས་རང་སླབ་དོ་ སྦྱིན་བདག་གིས་གཉེརཔ་འདི་ལུ་ ཁོ་རང་གི་རྒྱུ་ནོར་ག་ར་ བདག་འཛིན་འཐབ་ནི་གི་འགན་ཁག་སྤྲོད་འོང་། 45 དེ་འབདཝ་ད་ གཉེརཔ་འདི་གིས་མནོ་བསམ་ལུ་ ངེ་གི་སྦྱིན་བདག་ད་ལྟོ་ལོག་མི་འོང་ཟེར་མནོ་སྟེ་ གཡོགཔོ་དང་གཡོགམོ་གཞན་ཚུ་ལུ་ བརྡུང་རྫོབ་འབད་དེ་ དེ་ལས་ཁོ་རང་ཟ་ འཐུང་ ར་བཟི་སྡོད་པ་ཅིན། 46 སྦྱིན་བདག་ འཐོན་འོང་ཟེར་མནོ་བསམ་རང་མ་གཏང་པའི་དུས་ཚོད་ལུ་ ལོག་འོངས་ཏེ་ ཁོ་གིས་གཉེརཔ་འདི་གི་ཡན་ལག་དམ་དུམ་སྦེ་བརྫམ་ ན་མ་འཐན་མིའི་མི་ཚུ་སྡོད་སར་ལུ་བཏོན་གཏང་འོང་། 47 སྦྱིན་བདག་གིས་ཐུགས་དགྱེས་མིའི་ལཱ་ཚུ་ གཉེརཔ་འདི་གིས་ཤེས་ཏེ་མ་འབད་བར་བཞག་སྟེ་ ད་རུང་བཀོད་རྒྱ་གཏང་མི་ལཱ་འདི་གྲ་སྒྲིག་མ་རྐྱབ་པར་ ཡང་ན་འབད་མ་བཏུབ་པར་ སྣང་མེད་བརྩིས་བ་ཅིན་ ཁྲིམས་སྦོམ་ཕོག་སྟེ་ རྟས་ལྕག་གིས་དྲང་འོང་། 48 དེ་འབདཝ་ད་ སྦྱིན་བདག་གིས་ག་དགའ་མི་ལཱ་འདི་ག་ཅི་ཨིན་ན་ གཡོགཔོ་གིས་མ་ཤེས་པར་འབད་བ་ཅིན་ ཁྲིམས་ཕོག་རུང་ ཁྲིམས་འཇམ་ཏོང་ཏོ་བཏང་སྟེ་རྟས་ལྕག་ལེ་ཤ་མི་དྲང་ ག་ག་ལུ་ལེ་ཤ་བྱིན་བཞག་མི་འདི་ལས་ལེ་ཤ་ལེན་འོང་ ག་ག་ལུ་ཐེབས་སྦེ་ལེ་ཤ་སྤྲོད་བཞག་མི་འདི་ལས་ ཐེབས་སྦེ་ལོག་ལེན་འོང་ཟེར་གསུངས་ནུག། 49 ང་འཛམ་བུ་གླིང་ནང་ མེ་སྤར་ནི་སྦེ་འོང་ཡི་ འཛམ་བུ་གླིང་ནང་མེ་འདི་ ད་ལྟོ་རང་སྤར་ཚུགས་རུང་ ལེགས་ཤོམ་ཨིན་མས། 50 ང་ཁྲུས་གསོལ་ཞུ་དགོཔ་གཅིག་ཡོད་ འདི་མ་སྒྲུབ་ཚུན་ཚོད་ སེམས་ཁར་སྡུག་བསྔལ་གནམ་མེད་ས་མེད་ཡོད། 51 ཁྱེད་ཀྱི་མནོ་བསམ་ལུ་ ང་འཛམ་གླིང་ནང་ཞི་བདེ་འབག་འོང་ཡི་ཟེར་མནོ་ཡི་ག་ དེ་སྦེ་མེན་ ང་གིས་ཁྱེད་ལུ་སླབ་དོ་ མཐུན་ལམ་བཏོགས་ཏེ་ ནང་འཁྲུག་སློང་པ་འོང་ཡི། 52 དུས་ད་རེས་ལས་འགོ་བཙུགས་ཏེ་ ཁྱིམ་གཅིག་ནང་མི་ལྔ་ཡོད་པ་ཅིན་ འདི་ཁག་གཉིས་སྦེ་ཁ་གྱེས་ཏེ་ ཁག་གཅིག་ནང་མི་གསུམ་གྱིས་ང་ལུ་དགའ་ ཁག་གཅིག་ནང་མི་གཉིས་ཀྱིས་ང་ལུ་མི་དགའ་ ཁོང་གི་སྦུག་ལུ་མ་མཐུནམ་འབྱུང་འོང་། 53 བུ་གིས་ཨ་པ་ལུ་རྒོལ་ཏེ་ ཨ་པ་གིས་བུ་ལུ་མ་དགའ་བར་དགྲ་འབད་འོང་ བུམོ་གིས་ཨའི་ལུ་རྒོལ་ཏེ་ ཨའི་གིས་བུམོ་ལུ་དགྲ་འབད་འོང་ མནའམ་གིས་སྒྱུགམོ་ལུ་རྒོལ་ཏེ་ སྒྱུགམོ་འདི་ རང་གི་མནའམ་ལུ་མ་དགའ་བར་ དགྲ་འབད་འོང་ཟེར་གསུངས་ནུག། 54 ཡེ་ཤུ་གིས་མི་དམངས་ལུ་ ནུབ་ཕྱོགས་ཁ་ཐུག་ལུ་ས་སྨུག་སྤུརཝ་མཐོངམ་ད་ ཁྱེད་ཀྱིས་སླབ་འོང་ ཆརཔ་བརྐྱབ་ནི་ཨིན་མས་ དེ་ལས་ཆརཔ་བརྐྱབ་འོང་། 55 ད་རུང་ལྷོ་ཁ་ཐུག་ལས་རླུང་འཕུཝ་མཐོང་པ་ཅིན་ ཁྱེད་ཀྱིས་དྲོད་ལོངས་ནི་མས་ཟེར་སླབ་འོང་ དེ་ལས་དྲོད་བཏག་འོང་། 56 ཁ་ཆོས་འབད་མི་ཁྱེད་ཀྱིས་ གནམ་དང་ས་བལྟཝ་ད་ ག་ཅི་འབྱུང་ནི་ཨིན་ན་ ཁྱེད་ཀྱིས་སླབ་ཚུགས་པས་ དེ་འབདཝ་ད་ དུས་ཚོད་ད་ལྟོ་ལུ་ག་ཅི་འབྱུང་དོ་ག་ ག་ཅི་འབད་ཁྱེད་ཀྱིས་སླབ་མ་ཚུགསཔ་སྨོ་ཟེར་གསུངས་ནུག། 57 ད་ཁྱེད་ཀྱིས་བདེན་པ་འདི་ག་ཨིན་ན་ ག་ཅི་འབད་ཐག་བཅད་མ་ཚུགསཔ་སྨོ། 58 ག་དེམ་ཅིག་སྦེ་མི་གཅིག་ ཁྱོད་དང་མ་སྒྲིག་པར་ ཁྱོད་ལུ་སླབ་གཞི་བརྐྱབ་ནི་སྦེ་འགྱོ་བ་ཅིན་ གོ་སྐབས་ཐོབ་པའི་དུས་ཚོད་ལུ་ ཁྲིམས་ཁང་ནང་མ་ལྷོད་པའི་ཧེ་མ་ལས་ ནང་སྒྲིག་མ་བཟོ་བ་ཅིན་ ཁོ་གིས་ཁྱོད་ལུ་འདྲུད་དེ་ ཁྲིམས་ཁང་ནང་བཀལ་འོང་ དེ་ལས་དྲང་དཔོན་གྱིས་ཁྱོད་ ཁྲིམས་སྲུང་འགག་པ་གི་ལག་པར་སྤྲོད་དེ་ བཙོན་ཁང་ནང་བཙུགས་འོང་། 59 ང་གིས་ཁྱེད་ལུ་སླབ་དོ་ ཁྲིམས་འཐུས་ཕྱེད་ཀྲམ་གཅིག་ཡང་མ་བཞག་པར་ ཚངམ་སྦེ་མ་སྤྲོད་ཚུན་ཚོད་ ཁྱོད་བཙོན་ཁང་ནང་ལས་འཐོན་མི་ཚུགས་ཟེར་ ཡེ་ཤུ་གིས་གསུངས་ནུག།
1 དུས་ཚོད་འདི་ལུ་ ཡེ་ཤུ་གི་སྐུ་མདུན་ལུ་ཡོད་མིའི་མི་ལ་ལུ་ཅིག་གིས་ རོམ་གྱི་གཞུང་ཚབ་ པི་ལ་ཏུས་ཀྱིས་ ག་ལི་ལི་ལུང་ཕྱོགས་ལས་ཨིན་མིའི་མི་ལ་ལུ་བསད་དེ་ ཁོང་གི་ཁྲག་དེ་དམར་མཆོད་ནང་སླ་བསྲེས་བའི་ལོ་རྒྱུས་ ཁོང་གིས་ཡེ་ཤུ་ལུ་ཞུ་ནུག 2 ཡེ་ཤུ་གིས་ཁོང་ལུ་ ག་ལི་ལི་པ་དེ་ཚུ་སྡུག་བསྔལ་ཨ་ནི་སྦེ་མྱོངམ་ད་ ཁོང་ ག་ལི་ལི་པ་ཚུ་གཞན་ལས་ སྡིག་ཅན་སྐྱོ་ཤོས་ཨིན་ཟེར་ ཁྱེད་ཀྱིས་མནོ་ཡི་ག། 3 དེ་སྦེ་མེན་ ང་གིས་ཁྱེད་ལུ་སླབ་དོ་ ཁྱེད་ཆ་ཁྱབ་ཡང་སེམས་མ་འགྱུར་བ་ཅིན་ འདི་བཟུམ་སྦེ་ཁྱེད་ག་ར་ལུ་ཡང་ཆདཔ་ཕོག་སྟེ་ཤི་འོང་། 4 ཡང་ན་ ཤི་ལོ་ཨམ་ལུ་ཁྱིམ་ཐོག་བརྡིབས་ཏེ་ བསད་མིའི་མི་བཅོ་བརྒྱད་དེ་ཚུ་ ཡེ་རུ་ཤ་ལེམ་གྱི་མི་གཞན་ལས་ཡང་ སྡིག་ཅན་སྐྱོ་ཤོས་ཨིན་ཟེར་མནོཝ་མས་ག། 5 དེ་སྦེ་མེན་ ང་གིས་ཁྱེད་ལུ་སླབ་དོ་ ཁྱེད་ཆ་ཁྱབ་སེམས་མ་འགྱུར་བ་ཅིན་ ཁྱེད་ག་ར་ལུ་ཡང་འདི་བཟུམ་སྦེ་ ཆདཔ་ཕོག་སྟེ་ཤི་འོང་ཟེར་གསུངས་ནུག། 6 དེ་ལས་ཡེ་ཤུ་གིས་ཨ་ནི་དཔེ་གཏམ་འདི་གསུངས་ནུག་ མི་གཅིག་གིས་རང་གི་རྒུན་འབྲུམ་གྱི་ལྡུམ་ར་ནང་ལུ་ ཅོང་སེ་ཤིང་གཅིག་བཙུགས་ཏེ་ ཤུལ་ལས་ཤིང་དེ་གི་གུ་དོག་མ་བཏགས་ཅི་ག་མནོ་སྟེ་འཚོལ་བལྟ་བ་འོངམ་ད་ དོག་མ་ཕུད་རྡོག་གཅིག་ཡང་མ་ཐོབ་ཨིན་མས། 7 ཤིང་འབྲས་ཀྱི་དོག་མ་མ་ཐོབ་པར་ཁོ་གིས་ལྡུམ་ར་གི་གཉེརཔ་ལུ་ བལྟ་ཞིག་ ང་གིས་ཨ་ནི་ཅོང་སེ་ཤིང་འདི་ལས་ དོག་མ་འཚོལ་ཏེ་བལྟ་བ་ལོ་གསུམ་གྱི་བར་དུ་འོང་རུང་རང་ དོག་མ་གཅིག་ཡང་མ་ཐོབ་ ད་ཤིང་འདི་བཏོགས་ཏེ་བཀོག་ད་ དེ་སྦེ་རང་ས་བསྲུང་བཞག་སྟེ་དོན་དག་མིན་འདུག་ཟེར་སླབ་ནུག 8 ལྡུམ་ར་གི་གཉེརཔ་གིས་ སྦྱིན་བདག་ལགས་ ད་རུང་ལོ་གཅིག་བཞག་གནང་ ང་གིས་ཤིང་གི་རྩ་བ་བརྐོས་ཞིནམ་ད་ ལུད་བླུག་སྟེ་བལྟ་གེ་ཟེར་ཞུ་ནུག 9 སང་ཕོད་ལས་དོག་མ་བཏག་པ་ཅིན་ལེགས་ཤོམ་ཨིན་ མ་བཏག་པ་ཅིན་ཁྱོད་ཀྱིས་འདི་ལུ་བཏོག་བཀོག་རུང་བཏུབ་ཟེར་ གཉེརཔ་དེ་གིས་ཞུ་ནུག་ཟེར་ ཡེ་ཤུ་གིས་གསུངས་ནུག། 10 ངལ་འཚོ་བའི་ཉིནམ་ལུ་ སི་ན་གོག་གཅིག་ནང་ཡེ་ཤུ་གིས་ཆོས་སྟོན་གནང་བའི་ཚེ། 11 འདི་ཁར་ལུ་ཨམ་གཅིག་ འདྲེ་གདོན་གྱིས་གནོད་པ་བཀལ་ཏེ་ སྐེདཔ་ཡར་ཕྲང་མ་ཚུགས་པར་ ལོ་བཅོ་བརྒྱད་འགྱོ་མི་གཅིག་ཡོདཔ་ཨིན་མས། 12 ཡེ་ཤུ་གིས་མོ་ལུ་གཟིགས་ཞིནམ་ད་ ཁོ་རང་གི་སྐུ་མདུན་ལུ་འབོ་སྟེ་མོ་གི་གུ་ཕྱག་བཀལ་ཏེ་ དབའེ་ཨམ་ ད་ནད་དེ་ལས་ཁྱོད་ཐར་ནི་ཨིན་ཟེར་གསུངསམ་ད་ དེ་འཕྲོ་ལས་མོ་གི་སྐེདཔ་ཡར་ཕྲང་ཚུགསཔ་འགྱོ་སྟེ་ མོ་གིས་དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག 14 དེ་ལས་ སི་ན་གོག་གི་དབུ་མཛད་དེ་དགོངསམ་ཁྲེལ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་གིས་ངལ་འཚོ་བའི་ཉིནམ་ལུ་ ནདཔ་ལུ་དྲགཔ་མཛད་ནི་འདི་གིས་ཨིན་མས་ དབུ་མཛད་ཀྱིས་མི་དམངས་ལུ་ ལཱ་འབད་ནི་གི་དོན་ལུ་ཉིནམ་དྲུག་ཡོད་ ངལ་འཚོ་བའི་ཉིནམ་ལུ་དྲགཔ་མཛད་ནི་མེན་པར་ ཉིནམ་དྲུག་གི་ནང་ན་འོངས་ཏེ་དྲགཔ་བཟོ་ཟེར་སླབ་ནུག 15 དེ་ལས་ཡེ་ཤུ་གིས་ ཨ་ཁའི་ ཁ་ཆོས་འབད་མི་ ཁྱེད་ངལ་འཚོ་བའི་ཉིན་མ་ལུ་ རང་རང་སོ་སོ་གི་གླང་དང་བོང་ཀུ་ཚུ་ ཐགཔ་བཏང་སྟེ་ཆུ་འཐུང་པ་མི་འཁྱིད་ག། 16 ཨ་ནི་ ཨབ་ར་ཧམ་གྱི་རིགས་བརྒྱུད་ཀྱི་བུམོ་འདི་ ལོ་བཅོ་བརྒྱད་ཚུན་ཚོད་ སེ་ཏཱན་གྱིས་གནོད་པ་བཀལ་ཏེ་ ན་སྡོད་མི་འདི་ལུ་ ངལ་འཚོ་བའི་ཉིན་མ་ལུ་དྲགཔ་ད་མི་བཏུབ་ག། 17 ཁོ་གིས་དེ་སྦེ་གསུངསམ་ད་ ཁོ་ལུ་རྒོལ་མིའི་བྱང་ཕྱད་ཚུ་ ངོ་ཚ་རིལ་རི་སོང་ནུག་ དེ་ལས་ མི་དམངས་ཡེ་ཤུ་གིས་མཛད་མི་ ཧ་ལས་པའི་ཕྱག་ལཱ་འདི་མཇལཝ་ད་ ག་ར་དགའ་སྤྲོ་འགྱུར་ནུག། 18 དེ་ལས་ཡེ་ཤུ་གིས་དྲི་བ་གཅིག་གསུངས་ནུག་ དཀོན་མཆོག་གི་རྒྱལ་སྲིད་འདི་ག་བཟུམ་གཅིག་སྨོ་ འདི་གི་སྐོར་ལས་ང་གིས་དཔེ་ག་ཅི་དང་གཅིག་ཁར་ག་བསྡུར་བརྐྱབས་ཏེ་སླབ་ནི་སྨོ། 19 དཀོན་མཆོག་གི་རྒྱལ་སྲིད་འདི་ པད་དཀར་སོན་བཟུམ་གཅིག་ཨིན་ དེ་ལས་པད་དཀར་སོན་འདི་མི་གཅིག་གིས་འབག་སྟེ་ ཞིང་ཁར་བཏབ་པའི་བསྒང་ལས་ དེ་ཡར་སྦོམ་སྟེ་ཤིང་ལུ་འགྱུར་འོང་ དེ་གི་ཞལ་ལག་ཡང་སྐྱེས་སྦེ་ ནམ་མཁའི་བྱི་ཅུང་དེ་ཚུ་ འདི་གུ་ཆགས་སྡོདཔ་ཨིན་ཟེར་ ཡེ་ཤུ་གིས་གསུངས་ནུག། 20 ད་རུང་ཡེ་ཤུ་གིས་དྲི་བ་གཅིག་གསུངས་ནུག་ དཀོན་མཆོག་གི་རྒྱལ་སྲིད་དེ་ལུ་ ང་གིས་དཔེ་ག་ཅི་དང་གཅིག་ཁར་ ག་བསྡུར་བརྐྱབས་ཏེ་སླབ་ནི་སྨོ། 21 དཀོན་མཆོག་གི་རྒྱལ་སྲིད་འདི་ ཨམ་སྲུ་གཅིག་གིས་ཕྱེ་བྲེ་གསུམ་ནང་ལུ་ བུལ་ཏོག་སླ་བསྲེས་བརྐྱབས་ཏེ་ ཡར་མ་སྦོས་ཚུན་ཚོད་ བཞག་མི་དང་འདྲ་ཟེར་གསུངས་ནུག། 22 ཡེ་ཤུ་གིས་ཁྲོམ་དང་གཡུས་དེ་ཚུ་ནང་བྱོན་ཏེ་ མི་ཚུ་ལུ་ཆོས་སྟོན་གནང་སྦེ་ ཡེ་རུ་ཤ་ལེམ་གྱི་ཕྱོགས་ཁ་ཐུག་འབྱོནམ་ད། 23 ལམ་ཁར་ལུ་མི་གཅིག་གིས་ཡེ་ཤུ་ལུ་ གཙོ་བོ་ལགས་ མི་ཨ་ཙི་གཅིག་གིས་མ་གཏོགས་ ཐར་པ་མི་ཐོབ་ག་ཟེར་ཞུ་ནུག་ ཡེ་ཤུ་གིས་མི་དེ་ལུ། 24 སྒོ་དོག་དྲགས་ནང་ལས་ འཛུལ་འགྱོ་ནིའི་དོན་ལུ་རྩ་འགེངས་ ང་གིས་ཁྱེད་ལུ་སླབ་དོ་ མི་ལེ་ཤ་རང་ འདི་ནང་ལས་ འཛུལ་འགྱོ་ནིའི་དོན་ལུ་ རྩ་འགེངས་འོང་ དེ་འབདཝ་ད་ ཁོང་འཛུལ་མི་ཚུགས། 25 ཁྱིམ་གྱི་སྦྱིན་བདག་ལོང་སྟེ་ ནང་ན་ལས་སྒོ་བསྡམས་ཚར་བའི་བསྒང་ལས་ ཁྱེད་ཕྱི་ཁར་ལོངས་སྒོ་བརྡུངས་ཏེ་ སློབ་དཔོན་ལགས་ ང་བཅས་ཀྱི་དོན་ལུ་སྒོ་ཕྱེ་གནང་ཟེར་ཞུ་འོང་ དེ་ལས་ཁོ་གིས་ ཁྱེད་ཆ་ཁྱབ་ག་ལས་འོངམ་ཨིན་ན་ ང་གིས་ངོ་མི་ཤེས་ཟེར་གསུང་འོང་། 26 དེ་འབདཝ་ད་ད་རུང་ ཁྱེད་ཀྱིས་སླབ་འོང་ ང་བཅས་ཁྱོད་དང་མཉམ་གཅིག་ ཟ་འཐུང་སྡོད་ཅི་ ཁྱོད་ཀྱིས་ང་བཅས་ཀྱི་ཁྲོམ་གྱི་སྦུག་ལུ་ཆོས་སྟོན་གནང་ཡི་ཟེར་སླབ་འོང་། 27 དེ་ལས་ཁོ་གིས་ ཁྱེད་ག་ཏེ་ལས་འོངམ་ཨིན་ན་ང་གིས་མི་ཤེས་ ངན་པ་འབད་མི་ཚུ་ ང་སྡོད་ས་ལས་ཕར་སོང་ཟེར་གསུང་འོང་། 28 ཨབ་ར་ཧམ་དང་ ཨི་སག་ ཡ་ཀོབ་ ལུང་སྟོན་པ་ག་ར་ དཀོན་མཆོག་གི་རྒྱལ་སྲིད་ནང་ན་ཁྱེད་ཀྱིས་ མཐོངམ་ད་ ཁྱེད་ཕྱི་ཁར་བཀོག་བཞགཔ་ཤེས་ཏེ་ སོ་བརྡར་ སྔུ་སྡོད་འོང་། 29 དེ་ལས་འཛམ་བུ་གླིང་ཕྱོགས་ག་ར་ནང་ལས་མི་འདི་ཚུ་འོངས་ཏེ་ དཀོན་མཆོག་གི་རྒྱལ་སྲིད་ནང་ ཟས་ཀྱི་ཚོགས་སྟོན་ནང་འཛོམས་ཏེ་སྡོད་འོང་། 30 དེ་འབདཝ་ད་ ཧེ་མ་ཐོན་འགྱོ་མི་ཚུ་ ཤུལ་ལས་ལུས་འོང་ ཤུལ་ལས་ལུས་མི་ཚུ་ཧེ་མ་འཐོན་འགྱོ་འོང་ཟེར་ ཡེ་ཤུ་གིས་གསུངས་ནུག། 31 དུས་ཚོད་འདིའི་སྐབས་ལུ་ ཕ་རུ་ཤི་པ་ལ་ལུ་ཅིག་འོངས་ཏེ་ཡེ་ཤུ་ལུ་ གསོན་པོ་སྦེ་བཞུགས་དགོ་པ་ཅིན་ ནཱ་ལས་ཐོན་བྱོན་ དཔོན་ ཧེ་རཱོད་ཀྱིས་ ནཱ་བཀྲོང་ནི་གི་ཐུགས་བསམ་བཞེས་ཏེ་བཞུགས་ནུག་ཟེར་ཞུ་ནུག 32 དེ་ལས་ཡེ་ཤུ་གིས་ཁོང་ལུ་ གནོད་པ་བཀལ་མི་དང་ བློ་གཏད་མ་ཚུགས་མི་ འམོ་འབད་སར་འགྱོ་ཞིནམ་ད་ ང་གིས་སླབ་དེས་ཟེར་སླབ་བྱིན་ ང་ད་རེས་དང་ནངས་པ་ འདྲེ་གདོན་ཚུ་བཏོན་བདའ་སྟེ་ ནདཔ་དེ་ཚུ་དྲགཔ་བཟོ་དོ་ དེ་ལས་ཉིནམ་གསུམ་པ་ལུ་ ངེ་གི་ལཱ་གི་དོན་དག་འདི་ཚུ་ ག་ར་སྒྲུབ་ནི་ཨིན་ཟེར་ཁོ་ལུ་སླབ། 33 ག་དེ་སྦེ་རུང་ ད་རེས་ ནངས་པ་ ནངས་ཚེས་ཚུན་ཚོད་ལུ་ ང་རང་གི་ལམ་ ཡེ་རུ་ཤ་ལེམ་ལུ་འགྱོ་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཡེ་རུ་ཤ་ལེམ་ནང་མ་གཏོགས་ ས་གནས་གཞན་ཁར་ལུ་ ལུང་སྟོན་པ་ཚུ་བསད་ནི་འདི་མི་བཏུབ། 34 དབའེ་ ཡེ་རུ་ཤ་ལེམ་ ཡེ་རུ་ཤ་ལེམ་ ཁྱེད་ཀྱིས་ལུང་སྟོན་པ་ཚུ་བསད་བཀོག་ཡི་ དེ་ལས་ཁྱེད་ཡོད་སར་བཏང་མི་ཚུ་ རྡོ་གིས་བརྡུངས་ཡི་ བྱམོ་གིས་བྱིའུ་ཅུང་ཚུ་གཤོག་ཐལ་གྱི་འོག་ལུ་བཙུགས་ཏེ་ སྐྱབས་འབད་དོཝ་བཟུམ་སྦེ་ ང་གིས་ཚར་ལེ་ཤ་ ཁྱོད་ཀྱི་ཨ་ལོ་ཚུ་གཅིག་ཁར་སྤུང་ནི་འབད་ཡི་ དེ་འབདཝ་ད་ ཁྱོད་ཀྱིས་འབད་མ་སྟེར། 35 ད་བལྟ་ཞིག་ ཁྱེད་ཀྱི་ཁྱིམ་འདི་སྟོངམ་སྦེ་ལུས་འོང་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁྱེད་ཀྱིས་ང་ལུ། གཙོ་བོ་གི་མཚན་ནང་བྱོན་མི་དེ་ བྱིན་རླབས་ཅན་ཨིན་ཟེར་ མ་སླབ་ཚུན་ཚོད་ ང་ལུ་ད་རུང་མཐོང་མི་ཚུགས་ཟེར་ཡེ་ཤུ་གིས་གསུངས་ནུག།
1 ངལ་འཚོ་བའི་ཉིནམ་གཅིག་ལུ་ ཕ་རུ་ཤི་པ་གི་འགོ་དཔོན་གཅིག་གིས་ ཡེ་ཤུ་ཁོ་རང་གི་ཁྱིམ་ནང་ཞུ་སྟེ་ གསོལཝ་བཞེས་ནི་སྦེ་མར་བཞུགསཔ་ད་ མི་དེ་ཚུ་གིས་ཁོ་ལུ་དོགས་པ་ཟ་སྟེ་བལྟ་སྡོད་ནུག 2 ཁོ་གི་སྐུ་མདུན་ལུ་གཟུགས་སྦོས་ཏེ་ན་མི་གཅིག་ཡོདཔ་ཨིན་མས། 3 བཀའ་ཁྲིམས་ལུ་མཁས་མི་དང་ ཕ་རུ་ཤི་པ་དེ་ཚུ་ལུ་ ཡེ་ཤུ་གིས་ ངལ་འཚོ་བའི་ཉིནམ་ ནདཔ་ལུ་དྲགཔ་བཟོ་ཆོག་ག་ མི་ཆོག་ག་ཟེར་གསུངས་རུང་། 4 ཁོང་གིས་ག་ནི་ཡང་མ་སླབ་པས་ དེ་ལས་ཡེ་ཤུ་གིས་ མི་སྦོས་ཏེ་ན་མི་དེ་གུ་ཕྱག་བཀལ་ཏེ་ ན་མི་དེ་དྲགཔ་མཛད་སྦེ་ ལོག་སྟེ་ཁོ་རང་གི་ཁྱིམ་ནང་བཏང་ནུག 5 དེ་ལས་ཡེ་ཤུ་གིས་མི་དེ་ཚུ་ལུ་ ག་དེམ་ཅིག་སྦེ་ཁྱེད་རང་གི་བུ་གཅིག་ ཡང་ན་གླང་གཅིག་ངལ་འཚོ་བའི་ཉིནམ་ལུ་ ཆུ་དོང་ནང་ལུ་བུད་སོང་པ་ཅིན་ འདི་ལུ་ཁྱེད་ཀྱིས་མགྱོགས་པར་ ཕྱི་ཁར་མ་བཏོན་པར་བཞག་འོང་ག་ཟེར་གསུངས་ནུག 6 ཁོང་ཆ་ཁྱབ་ཡེ་ཤུ་ལུ་ལན་ག་ནི་ཡང་ཞུ་མ་ཚུགས་པས།། 7 ཕ་རུ་ཤི་པའི་ཁྱིམ་ནང་འོང་མིའི་མགྱོནམ་ལ་ལུ་ཅིག་གིས་ སྡོད་ས་ཡར་གྱལ་མགོ་ལུ་སྡོད་ཡོདཔ་ ཡེ་ཤུ་གིས་གཟིགས་ཏེ་ ཁོང་ལུ་དཔེ་གཏམ་གྱི་ཐོག་ལས་སྦེ་བསླབ་བྱ་སྟོན་གནང་ནུག 8 ག་ར་འབད་རུང་ ཁྱོད་ལུ་གཉེན་གྱི་ཚོགས་སྟོན་ནང་འབོཔ་ད་ ཡར་གྱལ་མགོ་མ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ཁྱོད་ལས་གོ་ས་མཐོ་མི་ཚུ་ལུ་ཡང་ འབོ་འབོཔ་འོང་། 9 ཁྱོད་ལས་ཡང་གོ་ས་མཐོ་མི་འདི་འོངམ་ད་ ཁྱེད་གཉིས་ཆ་རང་ལུ་འབོ་མི་སྦྱིན་བདག་དེ་གིས་ ཁྱོད་མར་གྱལ་མཇུག་སོང་ ཁོ་ལུ་ཡར་གྱལ་མགོ་སྡོད་བཅུག་ཟེར་སླབ་འོང་ དེ་ལས་ཁྱོད་མི་ག་ར་གི་གདོང་ཁར་ ངོ་ཚ་སི་སི་སྦེ་གྱལ་མཇུག་ལུ་སྡོད་དགོཔ་ཐལ་འོང་། 10 དེ་འབདཝ་ད་ ཁྱོད་ལུ་འབོཔ་ད་ ཧེ་མ་ལས་མར་གྱལ་མཇུག་ལུ་སོང་སྟེ་སྡོད་ དེ་ལས་སྦྱིན་བདག་དེ་འོང་ཞིནམ་ད་ དབའེ་ ལྟོ་ཚང་ཡར་གྱལ་མགོ་ལུ་བྱོན་ཟེར་སླབ་འོང་ འདི་གི་དུས་ལུ་མགྱོནམ་ག་ར་གི་གདོང་ཁར་ ཁྱོད་ཀྱིས་ཞེ་ས་ཐོབ་འོང་། 11 ག་ཅི་སྨོ་ཟེར་བ་ཅིན་ ག་ར་འབད་རུང་ རང་བསྟོད་རྐྱབ་པ་ཅིན་ དམའ་སར་འགྱོ་འོང་ ག་ར་འབད་རུང་ ཉམ་ཆུང་སྦེ་སྡོད་པ་ཅིན་ ཡར་མཐོ་སར་འགྱོ་འོང་ཟེར་གསུངས་ནུག 12 དེ་ལས་ཁོ་གསོལཝ་བཞེས་པ་བྱོན་གནང་ཟེར་ཞུ་མིའི་སྦྱིན་བདག་དེ་ལུ་ དྲོ་པ་དང་ཕྱི་རུ་གི་བཞེས་སྒོ་ཟ་བའི་དུས་ཚོད་ལུ་ རང་གི་ལྟོ་ཚང་དང་སྤུན་ཆ་ ཡང་ན་རང་གི་མི་ཚན་དང་ཁྱིམ་ཚང་ ཕྱུགཔ་ཚུ་ལུ་མ་འབོ་ འབོ་པ་ཅིན་ཁོང་གིས་ལོག་སྟེ་ཁྱོད་ལུ་ཡང་འདི་བཟུམ་སྦེ་དྲིན་ལན་འཇལ་ཚུགས། 13 དེ་འབདཝ་ད་ ཚོགས་སྟོན་གྱི་མགྱོནམ་འབོ་པའི་སྐབས་ལུ་ མི་སྤྱང་ཀ་ རྐངམ་ཞབོ་ ལགཔ་ཞབོ་ མིག་ཏོ་ཞརཝ་དེ་ཚུ་ལུ་འབོ་པ་ཅིན། 14 འདི་ཚུ་གིས་ ཁྱོད་ལུ་དྲིན་ལན་འཇལ་མ་ཚུགསཔ་ལས་བརྟེན་ཏེ་ ཁྱོད་ཀྱིས་བྱིན་རླབས་ཐོབ་འོང་ མི་ཆོས་སེམས་ཆེ་ཏོག་ཏོ་དེ་ཚུ་ ཤི་ས་ལས་གསོན་པོ་སྦེ་ལོང་པའི་དུས་ནང་ ཁྱོད་ལུ་གསོལ་རས་གནང་འོང་ཟེར་གསུངས་ནུག། 15 དེ་ལས་ཡེ་ཤུ་དང་མཉམ་གཅིག་གསོལཝ་བཞེས་མིའི་མགྱོནམ་གཅིག་གིས་འདི་གོཝ་ད་ ཡེ་ཤུ་ལུ་ དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་ཏེ་བཞེས་སྒོ་ཟ་ནི་ཐོབ་མི་འདི་ བྱིན་རླབས་ཅན་གཅིག་ཨིན་ཟེར་ཞུ་ནུག 16 དེ་ལས་ཡེ་ཤུ་གིས་ཁོ་ལུ་དཔེ་གཏམ་གཅིག་གསུངས་ནུག་ ཉིནམ་གཅིག་གི་ཚེ་ མི་གཅིག་གིས་ ཚོགས་སྟོན་སྦོམ་གཅིག་གྲ་སྒྲིག་བརྐྱབས་ཏེ་ མི་ལེ་ཤ་ལུ་ཚོགས་སྟོན་ནང་འབོ་ནུག 17 དེ་ལས་ཚོགས་སྟོན་གྱི་དུས་ཚོད་རནམ་ད་ ཁོ་གིས་འབོ་མིའི་མགྱོནམ་ཚུ་ལུ་ ད་གྲ་སྒྲིག་ཡོད་ ཤོག་ཟེར་ གཡོགཔོ་གཅིག་ཁོང་འབོ་པ་གཏང་ནུག 18 དེ་འབདཝ་ད་ ཁོང་འགྱོ་དགོ་མ་མནོ་བར་ ཧད་བཏགས་ལཱ་ལུ་འཕུལ་ཏེ་དེ་སྦེ་སླབ་ནུག་ འགོ་དང་པ་གི་མགྱོནམ་འདི་གིས་ ང་གིས་ཞིང་གཅིག་ཉོ་བཞག་ཡོདཔ་ཨིན་ འདི་བལྟ་བ་འགྱོ་དགོ་པས་ དགོངསམ་མ་ཁྲེལ་ཟེར་སླབ་ནུག 19 ད་རུང་མགྱོནམ་གཞན་འདི་གིས་ ང་གིས་གླང་དོ་ལྔ་ཉོ་བཞག་ཡོདཔ་ཨིན་ འདི་བཏུལ་བལྟ་བ་འགྱོ་དགོ་པས་ དགོངསམ་མ་ཁྲེལ་ཟེར་སླབ་ནུག 20 དེ་ལས་མགྱོནམ་གཞན་འདི་གིས་ཡང་ ང་ད་ལྟོ་གཉེན་བརྐྱབས་ཚརཝ་གཅིག་ཨིན་ ང་འོང་མི་ཚུགས་པས་ དགོངསམ་མ་ཁྲེལ་ཟེར་སླབ་ནུག 21 དེ་ལས་གཡོགཔོ་དེ་ལོག་འོང་སྦེ་ ཁོ་རང་གི་སྦྱིན་བདག་ལུ་སླབ་ད་ སྦྱིན་བདག་འདི་ཙིགཔ་ཟ་སྟེ་སླབ་ནུག་ མགྱོགས་པར་ཁྲོམ་ཁར་ལུ་སོང་སྟེ་ གཞུང་ལམ་དང་གསེབ་ལམ་བདའ་སྡོད་མི་སྤྱང་ཀ་དང་ རྐངམ་ཞབོ་ མིག་ཏོ་ཞརཝ་ཚུ་ག་ར་འཁྱིད་ཤོག་ཟེར་སླབ་ད། 22 གཡོགཔོ་འདི་གིས་སྦྱིན་བདག་གིས་སླབ་དོཝ་བཟུམ་སྦེ་རང་ ག་ར་འབད་ཚརཝ་ད་སྦྱིན་བདག་ལུ་ ཁྱོད་ཀྱིས་སླབ་མི་ཚུ་ག་ར་འབད་ཚར་རུང་ ད་རུང་སྡོད་ས་སྟོངམ་ལེ་ཤ་ལུས་ཏེ་ཡོད་ཟེར་སླབ་ནུག 23 དེ་ལས་སྦྱིན་བདག་གིས་ མགྱོགས་པར་གཞུང་ལམ་དང་གསེབ་ལམ་ལུ་སོང་ཞིནམ་ད་ མི་འདི་ཚུ་ག་དེ་སྦེ་ཨིན་རུང་འབོ་སྟེ་འཁྱིད་འོང་སྦེ་ ངེ་གི་ཁྱིམ་ལྟེམ་ལྟེ་སྦེ་གང་བཅུག 24 ང་གིས་ཁྱོད་ལུ་སླབ་དོ་ ཚོགས་སྟོན་ནང་དང་པ་འབོ་མི་ཚུ་གིས་ ངེ་གི་བཞེས་སྒོ་བྲོཝ་བལྟ་ནི་རང་མི་ཐོབ་ཟེར་ སྦྱིན་བདག་གིས་དེ་སྦེ་སླབ་ནུག་ཟེར་ཡེ་ཤུ་གིས་གསུངས་ནུག། 25 ཉིནམ་གཅིག་གི་ཚེ་ མི་ཚོགས་སྦོམ་ཡེ་ཤུ་གི་ཤུལ་ལས་འགྱོཝ་ད་ ཁོ་གིས་སྐུ་རྒྱབ་ལུ་ལོག་གཟིགས་ཏེ་མི་འདི་ཚུ་ལུ་དེ་སྦེ་གསུངས་ནུག 26 ག་ར་འབད་རུང་ ངེ་གི་ཤུལ་ལས་སློབ་མ་སྦེ་འོང་མི་ཚུ་ རང་གི་ཨའི་དང་ཨ་པ་ རང་གི་ཨམ་སྲུ་དང་ཨ་ལོ་ རང་གི་སྤུན་ཆ་ཚུ་གི་ཆགས་ཞེན་འདི་སྤངས་ཏེ་ ཨིན་ཅི་མིན་ཅི་ང་ལུ་དགའ་དགོ་ དེ་ལས་རང་གི་མི་ཚེ་བློས་གཏང་ཚུགས་མི་འདི་གིས་ ངེ་གི་སློབ་མ་འབད་ཚུགས། 27 ག་ར་འབད་རུང་ རང་གི་ཁྲམ་ཤིང་འབག་སྟེ་ ངེ་གི་ཤུལ་ལས་མ་འོང་པ་ཅིན་ འདི་གིས་ངེ་གི་སློབ་མ་འབད་མི་ཚུགས། 28 དཔེ་གཅིག་འབད་བ་ཅིན་ ཁྱེད་ཀྱི་གྲལ་ཁར་ལས་མི་གཅིག་གིས་ ཁྱིམ་སྦོམ་བརྐྱབ་ནི་གི་མནོ་བསམ་ཡོད་པ་ཅིན་ ཁྱིམ་མ་རྐྱབ་པའི་ཧེ་མ་ལས་ ཏི་རུ་དང་གཉེར་ཚང་ག་དེམ་ཅིག་འགྱོ་འོང་ག་ རྩིས་བཏོན་ཏེ་མ་བལྟ་བར་སྡོད་འོང་ག། 29 ཧེ་མ་རྩིས་མ་བཏོན་པར་ཁྱིམ་རྐྱབ་པ་ཅིན་ ཁྱིམ་ག་ར་གྲུབ་མ་ཚུགསཔ་ཕར་བཞག་ ལཱ་འགོ་བཙུགས་ཏེ་ཁྱིམ་གྱི་རྩིགཔ་འགྱམ་བཙུགས་པའི་བསྒང་ལས་ ཏི་རུ་དང་གཉེར་ཚང་ཚུ་ག་ར་རྫོགས་ཏེ་ ཁྱིམ་རྐྱབ་མ་ཚུགས་པར་ལུས་དགོཔ་འབྱུང་འོང་ དེ་ལས་མི་གཞན་ཚུ་གིས་ ཨ་ནི་མི་འདི་གིས་ཁྱིམ་བཟོ་ནི་འགོ་བཙུགས་ཏེ་འབད་རུང་ ཁྱིམ་མ་གྲུབ་པའི་ཧེ་མ་ལས་ཏི་རུ་དང་གཉེར་ཚང་ག་ར་རྫོགས་ཏེ་ ཁྱིམ་རྐྱབ་མ་ཚུགས་པས་ཟེར་དགོད་བྲ་སྟེ་ཁ་གཏང་འོང་། 31 ཡང་ན་དཔེ་གཞན་གཅིག་འབད་བ་ཅིན་ རྒྱལཔོ་གཅིག་གིས་རྒྱལཔོ་གཞན་གཅིག་དང་དམག་རྐྱབ་པ་འབྱོན་ནི་འབད་བ་ཅིན་ མ་འབྱོན་པའི་ཧེ་མ་ལས་ཁོ་རང་གི་དམག་མི་སྟོང་ཕྲག་བཅུ་ཐམ་གྱིས་ རྒྱལཔོ་གཞན་གྱི་དམག་མི་སྟོང་ཕྲག་ཉི་ཤུ་ལས་ རྒྱལ་ཁ་ཐོབ་ཚུགས་ག་མི་ཚུགས་ག་ གསུང་གྲོས་གནང་སྟེ་ལེགས་ཤོམ་སྦེ་ཐུགས་བསམ་བཞེས་འོང་། 32 ཧེ་མ་ལས་རྒྱལ་མ་ཚུགསཔ་མཁྱེན་པ་ཅིན་ རྒྱལ་ཁབ་གཞན་གྱི་དམག་མི་ཚུ་ ཐག་རིང་ས་ལུ་ཡོད་པའི་བསྒང་རང་ སྐུ་ཚབ་བཏང་སྟེ་ཞི་བདེ་འབྱུང་ནི་གི་དོན་ལུ་ ནང་འགྲིགས་མཛད་འོང་། 33 འདི་བཟུམ་སྦེ་རང་ ཁྱེད་ ངེ་གི་སློབ་མ་མ་འབད་བའི་ཧེ་མ་ལས་ མནོ་བསམ་ལེགས་ཤོམ་སྦེ་བཏང་སྟེ་བལྟ་དགོ་ ག་དེམ་ཅིག་སྦེ་ཁྱེད་ནང་ཡོད་མི་ག་ར་སྤང་མ་ཚུགས་པ་ཅིན་ འདི་གིས་ངེ་གི་སློབ་མ་འབད་མི་ཚུགས་ཟེར་གསུངས་ནུག། 34 ཚྭ་འདི་བྲོཝ་བཏོན་ནི་ལུ་ལེགས་ཤོམ་ཨིན་ དེ་འབདཝ་ད་ ཚྭ་གི་བྲོཝ་ཡལ་སོང་པ་ཅིན་ ཚྭ་གི་བྲོཝ་ལོག་ག་དེ་སྦེ་བཏོན་ཚུགས་ནི། 35 བྲོཝ་མེད་པའི་ཚྭ་འདི་ ས་དང་ལུད་ཀྱི་དོན་ལུ་ཕན་པ་ག་ནི་ཡང་མེད་ འདི་འབདཝ་ལས་ བྲོཝ་མེད་པའི་ཚྭ་འདི་བཀོ་བཞག་འོང་ ད་ག་ལུ་ཉན་ནི་གི་རྣམ་ཅོག་ཡོད་མི་དེ་གིས་ཉན་ཞིག་ཟེར་ཡེ་ཤུ་གིས་གསུངས་ནུག།
1 ཉིནམ་གཅིག་གི་ཚེ་ ཁྲལ་བསྡུ་མི་དང་སྡིག་ཅན་ཚུ་ག་ར་ཡེ་ཤུ་གི་སྐུ་མདུན་ལུ་བཅར་ཏེ་ ཁོ་གིས་སྟོན་མི་ཆོས་ལུ་ཉན་སྡོདཔ་ད། 2 ཕ་རུ་ཤི་པ་དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཆ་ཁྱབ་ཀྱིས་ ཨ་ནི་མི་འདི་གིས་ རིགས་ཞན་དྲགས་ཆ་ཁྱབ་ཁོ་གི་སྐུ་མདུན་ལུ་འབོ་སྦེ་ ཁོང་དང་གཅིག་ཁར་གསོལཝ་བཞེསཔ་མས་ཟེར་ ཁ་སྡུག་འབར་ཏེ་ ཁོ་ལུ་ཁ་བཏང་ནུག 3 དེ་ལས་ཡེ་ཤུ་གིས་ཁོང་ལུ་དཔེ་གཏམ་གཅིག་གསུངས་ནུག 4 ཁྱེད་གཅིག་ལུ་ལུག་བརྒྱ་གཅིག་ཡོད་དེ་ འདི་གི་གྲལ་ཁ་ལས་ལུག་གཅིག་འབྱང་ད་པ་ཅིན་ ལུག་དགུ་བཅུ་གོ་དགུཔ་འདི་ཐང་ནང་བཞག་སྦེ་ ལུག་འབྱང་མི་འདི་མ་ཐོབ་ཚུན་ཚོད་འཚོལ་བ་མི་འགྱོ་ག། 5 དེ་ལས་ལུག་འབྱང་མི་འདི་ཐོབ་ད་ གནམ་མེད་ས་མེད་སེམས་དགའ་སྟེ་ ཁྱེད་རང་གི་ལྟག་ལྐོག་གུ་བཀལ་འབག་སྟེ། 6 ཁྱིམ་ནང་འོང་ཞིནམ་ད་ ཁྱེད་རང་གི་ལྟོ་ཚང་དང་ ཁྱིམ་ཚང་ཚུ་ལུ་འབོ་སྟེ་ ང་དང་གཅིག་ཁར་དགའ་ཚོར་འགྱུར་གེ་ ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་ལུག་འབྱང་མི་འདི་ ལོག་ཐོབ་ཅི་ཟེར་སླབ་འོང་། 7 ང་གིས་ཁྱེད་ལུ་སླབ་དོ་ དེ་བཟུམ་སྦེ་སེམས་འགྱུར་མ་དགོ་མི་ ཆོས་སེམས་ཡོད་མི་དགུ་བཅུ་གོ་དགུཔོ་ཚུ་ལས་ཡང་ སེམས་འགྱུར་དགོ་མི་སྡིག་ཅན་གཅིག་ སེམས་འགྱུར་ཏེ་ དཀོན་མཆོག་ཁ་ཐུག་འོང་མི་འདི་ལུ་ ཡར་ཞིང་ཁམས་ལུ་ དགའ་ཚོར་གནམ་མེད་ས་མེད་འབྱུངམ་ཨིན་ཟེར་གསུངས་ནུག། 8 ཡང་ན་ཨམ་གཅིག་ལུ་དངུལ་གྱི་ཏི་རུ་བཅུ་ཐམ་ཡོད་ས་ལས་ གཅིག་འབྱང་ད་པ་ཅིན་ ཨམ་དེ་གིས་ས་ཏི་བཏེགས་ཏེ་ འདི་མ་ཐོབ་ཚུན་ཚོད་ ཁྱིམ་ཕྱགསམ་འཕྱགས་ཏེ་ ལཱ་ཁག་འབད་མི་འཚོལ་ག། 9 དེ་ལས་དངུལ་གྱི་ཏི་རུ་འབྱང་ད་མི་འདི་ལོག་ཐོབ་ད་ མོ་རང་གི་ཆ་རོགས་དང་ཁྱིམ་ཚང་ཚུ་ལུ་འབོ་སྟེ་ ང་དང་གཅིག་ཁར་དགའ་ཚོར་འགྱུར་གེ་ ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་དངུལ་གྱི་ཏི་རུ་འབྱང་ད་མི་འདི་ལོག་ཐོབ་ཅི་ཟེར་སླབ་འོང་། 10 ང་གིས་ཁྱེད་ལུ་སླབ་དོ་ དཔེ་གཏམ་དེ་བཟུམ་སྦེ་མི་སྡིག་ཅན་གཅིག་གིས་ སེམས་འགྱུར་བ་ཅིན་ དཀོན་མཆོག་གིས་ཁོ་རང་གི་ཕོ་ཉ་འདི་ཚུ་གི་སྦུག་ལུ་ ཐུགས་སྤྲོ་འགྱུརཝ་ཨིན་ཟེར་གསུངས་ནུག། 11 ད་རུང་ཡེ་ཤུ་གིས་དཔེ་གཏམ་གཅིག་གསུངས་ནུག་ མི་གཅིག་ལུ་བུ་གཉིས་ཡོདཔ་མས། 12 བུ་ཆུང་ཤོས་དེ་གིས་ཨ་པ་ལུ་སླབ་ནུག་ ད་ཨ་པ་ལས་ཐོབ་ནི་ཡོད་མི་ ངེ་གི་བགོ་བཤའ་འདི་ཚུ་ ང་ལུ་གནང་ཟེར་ཞུཝ་ད་ ཨ་པ་གིས་ཁོ་རང་ལུ་ཡོད་མིའི་རྒྱུ་ནོར་འདི་ བུ་གཉིས་ལུ་བགོ་བཤའ་བརྐྱབས་ཏེ་བྱིན་ནུག 13 དེ་ལས་བུ་ཆུང་ཤོས་འདི་གིས་ ཁོ་རང་གི་བགོ་བཤའ་ཐོབ་སྟེ་ ཉིནམ་ལེ་ཤ་མ་ལངམ་ལས་ རང་གི་བགོ་བཤའ་ག་ར་འབག་སྦེ་ ཁྱིམ་ནང་ལས་ཐོན་ཏེ་ ལུང་ཕྱོགས་ཐག་རིང་ས་གཅིག་ལུ་སོང་ནུག་ དེ་ལས་ཕར་ བྱ་སྤྱོད་ངན་པའི་ལཱ་ཚུ་འབད་དེ་ ཁོ་རང་གི་རྒྱུ་ནོར་ག་ར་བརླག་གཏང་ནུག 14 ཁོ་རང་གི་རྒྱུ་ནོར་ག་ར་ བརླག་གཏང་ཚརཝ་ད་ ལུང་ཕྱོགས་འདི་ནང་ མུ་གེ་སྦོམ་གཅིག་ཐོན་ཏེ་ ཁོ་ལྟོ་མ་ཐོབ་པར་ ལྟོགསཔ་སྦེ་ལུས་ནུག 15 དེ་ལས་ལུང་ཕྱོགས་དེ་ནང་གི་མི་གཅིག་འབད་སར་སོང་སྟེ་ ཁོ་ལུ་ལཱ་གནང་ཟེར་ཞུཝ་ད་ མི་དེ་གིས་བུཚ་དེ་ལུ་ ཁོ་རང་གི་ཞིང་ཁར་ལུ་ཕགཔ་འཚོ་མིའི་ལཱ་བྱིན་ནུག 16 ཁོ་ཕགཔ་འཚོ་སྡོདཔ་ད་ ལྟོཝ་བཀྱེས་ཏེ་ ཕགཔ་གི་ལྟོ་ཟ་དགོ་མནོ་རུང་ ག་གིས་ཡང་ ཁོ་ལུ་ག་ནི་ཡང་ བྱིན་མ་བཏུབ་ཨིན་མས། 17 འདིའི་སྐབས་ལུ་ ཁོ་མནོ་ལོག་བསྐྱེད་དེ་ཁོ་རང་ལུ་ ངེ་གི་ཨ་པ་གི་ཁྱིམ་ནང་ལུ་ གཡོགཔོ་དེ་ཚུ་ཡང་ ག་ར་བཞེས་སྒོ་མ་བཏུབ་བཏུབ་སྦེ་ ཟ་ནི་ཡོད་ ང་ནཱ་ལུ་ལྟོ་མ་ཐོབ་པར་ ཤི་ནི་འབད་དོ་ཟེར་སླབ་ནུག 18 ད་ང་ཨ་པ་སྡོད་སར་འགྱོ་ཞིནམ་ད་ང་གིས་ དཀོན་མཆོག་དང་ཁྱོད་ལུ་སྡིག་པ་སྦོམ་གཅིག་འབད་ཡི། 19 ད་ང་ཁྱོད་ཀྱི་བུ་སྦེ་སྡོད་ནི་གི་འོས་འབབ་མེད་ ཁྱོད་ཀྱི་གཡོགཔོ་གཅིག་སྦེ་བཞག་གནང་ཟེར་ཞུ་ནི་ཨིན་ཟེར་ ཁོ་རང་མནོ་བསམ་གཏང་ནུག 20 དེ་ལས་ཁོ་ཡར་ལོངས་སྦེ་ ཁོ་རང་གི་ཨ་པ་གི་ཁྱིམ་བསྒྱིམ་སྟེ་སོང་ནུག་ དེ་འབདཝ་ད་ ཁོ་ཨ་ཙི་ཕར་ཐག་རིང་ས་གཅིག་ཁར་ལས་འོངམ་ད་ ཁོ་གི་ཨ་པ་གིས་ཁོ་ལུ་མཐོང་སྟེ་ གནམ་མེད་ས་མེད་སེམས་དགའ་སྟེ་ བྱམས་པ་དང་སྙིང་རྗེ་བསྐྱེད་ནུག་ དེ་ལས་ཨ་པ་བརྒྱུགས་སོང་སྦེ་ ཁོ་ལུ་ཕང་མ་བཏབ་སྟེ་འུ་ལེན་ནུག 21 བུ་གིས་ ཨ་པ་ལགས་ ང་གིས་ཁྱོད་དང་ དཀོན་མཆོག་གི་སྐུ་མདུན་ལུ་སྡིག་པ་སྦོམ་གཅིག་འབད་ཡི་ ད་ང་ཁྱོད་ཀྱི་བུ་ཨིན་ཟེར་སླབ་ནིའི་འོས་འབབ་ཡང་མེད་ཟེར་ཞུ་ནུག 22 དེ་འབདཝ་ད་ ཨ་པ་གིས་གཡོགཔོ་ཚུ་ལུ་སླབ་ནུག་ ད་མགྱོགས་པ་རང་ བགོ་ག་ར་ལས་ལེགས་ཤོམ་འདི་འབག་ཤོག་ དེ་ཁོ་ལུ་གྱོན་བྱིན་ ལག་པ་མཛུབ་དཀྱི་དང་རྐངམ་ལུ་ལྷམ་ཡང་བཙུགས་བྱིན། 23 དེ་ལས་བོའུ་ཅུང་ རྒྱགས་ཏོ་རིལ་རི་གཅིག་ཡང་བསད་ཞིནམ་ད་ ང་བཅས་མཛར་ཅུམ་ཟ་སྟེ་ དགའ་སྤྲོ་འགྱུར་གེ། 24 ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་བུ་ཤི་སོང་མི་དེ་ ལོག་སྟེ་གསོན་པོ་སྦེ་འོང་ཡི་ བུ་འབྱང་ད་མི་འདི་ ལོག་སྟེ་ཐོབ་ཅི་ཟེར་སླབ་སྦེ་ ཁོང་དགའ་སྤྲོ་འགྱུར་ནི་འགོ་བཙུགས་ནུག 25 འདི་གི་དུས་ལུ་ ཁོ་གི་བུ་སྦོམ་ཤོས་དེ་ ཞིང་ཁར་ལས་ལོག་སྟེ་ཁྱིམ་ནང་འོངམ་ད་ སྦོ་ལོགས་ཁར་ལྷོདཔ་ད་ གླུ་གཞས་དང་ཞབས་ཁྲ་རྐྱབ་པའི་སྐད་གཅིག་གོ་སྟེ། 26 གཡོགཔོ་གཅིག་ལུ་འབོ་སྟེ་ ཁྱིམ་ནང་ག་ཅི་རང་འབདཝ་ཨིན་ན་ཟེར་དྲིས་ནུག 27 གཡོགཔོ་འདི་གིས་ ཁྱོད་ཀྱི་ནུ་གཅུང་ལོག་ལྷོད་ཅི་ ཁྱོད་ཀྱི་ཨ་པ་གིས་ བོའུ་ཅུང་རྒྱགས་ཏོ་རིལ་རི་གཅིག་ཡང་བསད་ད་ཡི་ ག་ཅི་སྨོ་ཟེར་བ་ཅིན་ ཁྱོད་ཀྱི་ནུ་གཅུང་འགལ་རྐྱེན་ག་ནི་ཡང་མ་འབྱུང་པར་ ལོག་སྟེ་ལྷོད་ཅི་ཟེར་སླབ་ནུག 28 དེ་ལས་ཕོ་རྒནམ་འདི་ གནམ་མེད་ས་མེད་ཙིགཔ་ཟ་སྟེ་ ཁྱིམ་ནང་ཡང་འགྱོ་མ་བཏུབ་པར་སྡོདཔ་ད་ ཨ་པ་ཁོ་འབད་སར་འོངས་ཏེ་ ཁྱིམ་ནང་ན་འགྱོ་གེ་ཟེར་ཁ་ལྷུ་བརྐྱབས་ནུག 29 དེ་འབདཝ་ད་ ཁོ་གིས་ཨ་པ་ལུ་ ང་ལོ་ལེ་ཤ་ཁྱོད་ཀྱི་ལཱ་འབད་སྡོད་ཅི་ ང་གིས་ཁྱོད་ཀྱི་བཀའ་ལུ་མ་ཉན་པར་མ་སྡོད་ འདི་རང་ཨིན་རུང་ ངེ་གི་དོན་ལུ་ ལྟོ་ཚང་དང་གཅིག་ཁར་ དགའ་སྤྲོ་འགྱུར་ཟེར་ ང་ལུ་ར་ཕྱུག་གཅིག་ཡང་མ་བྱིན། 30 ད་ལྟོ་འབདཝ་ད་ཁྱོད་ཀྱི་བུ་ ཨམ་སྲུ་གཞང་བཙོངམ་དང་གཅིག་ཁར་ སྤྱོད་ངན་གྱི་ལཱ་ཚུ་འབད་དེ་ རྒྱུ་ནོར་ཚུ་ག་ར་བརླག་སྟེ་ལོག་འོངམ་ད་ བོའུ་ཅུང་རྒྱགས་ཏོ་རིལ་རི་འདི་ཡང་བསད་སྦེ་ དགའ་སྤྲོ་འགྱུརཝ་ཨིན་མས་ཟེར་སླབ་ནུག 31 དེ་ལས་ཨ་པ་གིས་ཁོ་ལུ་ ཁྱོད་ཨ་རྟག་རང་ ང་དང་གཅིག་ཁར་སྡོདཔ་ཨིན་ ངེའི་ནང་ག་ཡོད་མི་དེ་ ག་ར་ཁྱོད་ཀྱི་ཨིན། 32 ད་ཁྱོད་ཀྱི་ནུ་གཅུང་ཤི་སོང་མི་འདི་ གསོན་པོ་སྦེ་ལོག་སྟེ་འོང་ཡི་ འབྱང་ད་མི་འདི་ལོག་ཐོབ་ཅི་ ང་བཅས་དགའ་སྤྲོ་འགྱུར་རང་འགྱུར་དགོ་ཟེར་ ཨ་པ་གིས་སླབ་ནུག་ཟེར་ཡེ་ཤུ་གིས་གསུངས་ནུག།
1 ཡེ་ཤུ་གིས་ཨ་ནི་དཔེ་གཏམ་དེ་ ཁོ་རང་གི་སློབ་མ་ཚུ་ལུ་གསུངས་ནུག་ སྦྱིན་བདག་ཕྱུགཔ་གཅིག་གིས་མི་གཅིག་ ཁོ་རང་གི་གཉེརཔ་སྦེ་ རྒྱུ་ནོར་བདག་འཛིན་འཐབ་ནི་སྤྲོད་ནུག་ དེ་འབདཝ་ད་ གཉེརཔ་འདི་གིས་ སྦྱིན་བདག་གི་ལཱ་ཕྲང་སྟེ་མི་འབད་བས་ཟེར་ གཏམ་ངན་སྦྱིན་བདག་གིས་གོ་སྟེ། 2 གཉེརཔ་འདི་འབོ་སྟེ་ ཁྱོད་ཀྱིས་ངེ་གི་རྒྱུ་ནོར་ཨརཝ་བརྐུཝ་མས་ཟེར་ང་གིས་གོ་ཡི་ འདི་ག་དེ་སྦེ་སྨོ་ ད་ཁྱོད་རང་ངེ་གི་རྒྱུ་ནོར་ཚུ་གི་རྩིས་འདི་ཚུ་འབག་ཤོག་ དེ་ལས་ཁྱོད་རང་གཉེརཔ་སྦེ་སྡོད་མི་དགོ་ཟེར་སླབ་ནུག 3 དེ་ལས་གཉེརཔ་འདི་ ཁོ་རང་མནོ་བསམ་བཏང་སྟེ་ ད་སྦྱིན་བདག་གིས་གཉེརཔ་གི་ལཱ་ལས་བཏོན་གཏངམ་ད་ ང་ག་ཅི་འབད་ནི་ཨིན་ན་ ལཱ་འབད་གེ་ཟེར་བ་ཅིན་ ཏོག་ཙེ་བརྐོ་ནི་གི་ཤུགས་ང་ལུ་མེད་ ལྷང་པ་ཅིན་ངོ་ཚ་བས། 4 ད་གཉེརཔ་གི་ལཱ་ལས་བཏོན་གཏང་རུང་ ཆ་རོགས་ཚུ་ཡོད་པ་ཅིན་ ཁོང་གིས་ང་ལུ་བལྟ་འོང་མེན་ན་ ད་འདི་གི་དོན་ལུ་ ཐབས་ཤེས་གཅིག་ང་གིས་ཤེས་ཅི་ཟེར་སླབ་ནུག 5 དེ་ལས་ཁོ་གིས་ སྦྱིན་བདག་ལུ་བུ་ལོན་སྤྲོད་ནི་ཡོད་མི་ཚུ་རེ་རེ་བཞིན་དུ་འབོ་སྟེ་ འགོ་དང་པ་འོང་མི་འདི་ལུ་འདྲི་ནུག་ ཁྱོད་ཀྱིས་སྦྱིན་བདག་ལུ་ བུ་ལོན་ག་དེམ་ཅིག་སྤྲོད་ནི་ཡོདཔ་སྨོ། 6 དེ་ལས་མི་འདི་གིས་ལན་ ང་གིས་སྦྱིན་བདག་ལུ་མར་ཁུ་འགྱིབ་རྡོབ་གཅིག་བརྒྱ་སྤྲོད་ནི་ཡོད་ཟེར་སླབ་ད་ གཉེརཔ་གིས་ ཁྱོད་ཀྱི་བུ་ལོན་གྱི་ཡིག་ཅུང་འདི་འབག་འོང་ཞིནམ་ད་ མར་སྡོད་དེ་ འགྱིབ་རྡོབ་ལྔ་བཅུ་སྦེ་བྲིས་ཟེར་སླབ་ནུག 7 འདི་གི་ཤུལ་ལས་ གཉེརཔ་གིས་བུ་ལོན་སྤྲོད་ནི་ཡོད་མིའི་མི་གཞན་གཅིག་ལུ་འབོ་སྟེ་ ཁྱོད་ཀྱིས་བུ་ལོན་ག་དེམ་ཅིག་སྤྲོད་ནི་ཡོདཔ་སྨོ་ཟེར་འདྲིཝ་ད་ ཁོ་གིས་དཀར་ཕད་ཅུང་གཅིག་སྟོང་སྤྲོད་ནི་ཡོད་ཟེར་སླབ་ནུག་ དེ་ལས་གཉེརཔ་འདི་གིས་ཁོ་ལུ་ ཁྱོད་ཀྱི་བུ་ལོན་གྱི་ཡིག་ཅུང་འདི་འབག་འོང་ཞིནམ་ད་ ཕད་ཅུང་བརྒྱད་བརྒྱ་སྦེ་བྲིས་ཟེར་སླབ་ནུག 8 གཉེརཔ་འདི་གིས་ ལཱ་ཕྲང་སྟེ་མ་འབད་རུང་ སྦྱིན་བདག་གིས་ཁོ་ལུ་བསྟོད་པ་བརྐྱབས་ཅི་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་རྩེ་དྲགས་ཀྱི་ལཱ་འབདཝ་ལས་བརྟེན་ཏེ་ཨིན་མས་ ཨ་ནི་འཇིག་རྟེན་པ་འདི་ཚུ་ ཁོང་རང་གི་མི་བརྒྱུད་ཀྱི་འབད་ཐངས་ལུ་བལྟཝ་ད་ འོད་ཀྱི་མི་ལས་ཡང་ ཐེབས་སྦེ་རྩེ་དྲགས་འཐོནམ་ཨིན། 9 ཁྱེད་རང་ཆ་རོགས་བཟོ་ནི་གི་དོན་ལུ་ འཇིག་རྟེན་པའི་རྒྱུ་ནོར་ཚུ་ལག་ལེན་འཐབ་ དེ་ལས་རྒྱུ་ནོར་རྫོགསཔ་ད་ འདི་གི་འབྲས་བུ་འདི་ ནམ་གཅིག་གི་ཚེ་ ཁྱེད་ལུ་འགྱུར་བ་མེད་པའི་ཁྱིམ་ནང་ལུ་ལེན་འོང་། 10 ག་ར་འབད་རུང་ འགན་ཁག་ཆུང་ཀུ་གཅིག་ནང་ ན་འཐན་མི་འདི་གིས་ འགན་ཁག་སྦོམ་ནང་ཡང་ན་འཐན་ ག་ར་འབད་རུང་ ལཱ་ཆུང་ཀུ་གཅིག་ནང་ཕྲང་སྟེ་མ་འབད་མི་འདི་གིས་ ལཱ་སྦོམ་ན་ཡང་ཕྲང་སྟེ་མི་འབད། 11 འདི་བཟུམ་སྦེ་ ཁྱེད་ཀྱིས་འཇིག་རྟེན་ནང་གི་རྒྱུ་ནོར་ལུ་ ན་མ་འཐན་པ་ཅིན་ ཁྱེད་ལུ་ཞིང་ཁམས་ཀྱི་རྒྱུ་ནོར་ངོ་མ་འདི་ཚུ་ ག་གིས་བྱིན་འོང་། 12 ཁྱེད་གཞན་གྱི་རྒྱུ་ནོར་ནང་ ཆ་བཞག་མ་ཚུགས་པ་ཅིན་ ཁྱེད་རང་ལུ་ཐོབ་ནི་ཡོད་མི་རྒྱུ་ནོར་འདི་ ག་གིས་ཁྱེད་ལུ་བྱིན་འོང་ག། 13 ག་ར་འབད་རུང་ གཡོགཔོ་གཅིག་གིས་ སྦྱིན་བདག་གཉིས་ཀྱི་ཕྱག་ཞུ་མི་ཚུགས་ ག་ཅི་སྨོ་ཟེར་བ་ཅིན་ སྦྱིན་བདག་གཅིག་ལུ་དགའ་བ་ཅིན་ གཞན་ལུ་མི་དགའ་ ཡང་ན་སྦྱིན་བདག་གཅིག་ལུ་ཞེ་ས་འབད་བ་ཅིན་ གཞན་ལུ་མར་སྨད་བརྐྱབ་འོང་ དེ་བཟུམ་སྦེ་རང་ ཁྱེད་ཀྱིས་དཀོན་མཆོག་ལུ་ཕྱག་ཞུ་ནི་དང་ རྒྱུ་ནོར་ལུ་ཆགས་སེམས་བསྐྱེད་ནི་ གཉིས་ཆ་རང་འབད་མི་ཚུགས།། 14 ཁོ་གིས་གསུངས་མི་འདི་ ཕ་རུ་ཤི་པ་ཚུ་གིས་གོཝ་ད་ ཡེ་ཤུ་ལུ་མེས་མེད་བསྐྱུར་ཏེ་ཁ་གཏང་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་ཏི་རུ་ལུ་དགའ་ནི་འདི་གིས་ཨིན་མས། 15 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་མིའི་གདོང་ཁར་ལུ་ ཆོས་སེམས་ཅན་བཟུམ་སྦེ་སྟོནམ་ཨིན་མས་ དེ་འབདཝ་ད་ ཁྱེད་ཀྱི་སེམས་ཁར་མནོ་མི་འདི་ ག་ར་དཀོན་མཆོག་གིས་མཁྱེན་ མིའི་སྦུག་ལུ་ག་ར་ལས་དྲག་ཤོས་སྦེ་བརྩིས་མི་འདི་ དཀོན་མཆོག་གི་གཟིགས་སར་ ག་ནི་ཡང་མེནམ་སྦེ་ བརྩི་གནང་འོང་། 16 ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་མ་འོང་ཚུན་ཚོད་ བཀའ་ཁྲིམས་དང་ལུང་སྟོན་པ་གི་དེབ་ནང་བྲིས་བཞག་དོཝ་བཟུམ་སྦེ་རང་ ཁྱེད་ཀྱིས་བཤད་ནུག་ འདི་གི་ཤུལ་ལས་ དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལས་ གཏམ་བཟང་བཤད་ནི་འདི་འགོ་བཙུགས་ཅི་ དེ་ལས་མི་ག་ར་གིས་དབང་བཙོང་སྟེ་ དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་བའི་བསྒང་ཡོད། 17 དེ་འབདཝ་ད་ བཀའ་ཁྲིམས་ནང་ལས་ཡིག་འབྲུ་དང་ཚག་གཅིག་ཡང་ཡལ་འགྱོཝ་བ་འདི་ གནམ་ཁ་དང་ས་ཡལ་འགྱོ་ནི་འཇམ། 18 ག་རང་ཨིན་རུང་ རང་གི་ཨམ་སྲུ་དང་ཁ་འབྱལ་ཏེ་ ཨམ་སྲུ་གཞན་དང་གཉེན་རྐྱབ་པ་ཅིན་ འདི་ལུ་ལུས་འབྲེལ་འབད་བའི་ཉེས་པ་ཕོག་ ག་ར་འབད་རུང་ ཕོ་རྒྱ་དང་ཁ་འབྱལ་མི་ཨམ་སྲུ་དང་གཉེན་རྐྱབ་པ་ཅིན་ འདི་ལུ་ལུས་འབྲེལ་གྱི་ཉེས་པ་ཕོག་ཟེར་ཡེ་ཤུ་གིས་གསུངས་ནུག། 19 ཧེ་མ་མི་ཕྱུགཔ་གཅིག་ཡོདཔ་ཨིན་མས་ ཁོ་ཨ་རྟག་རང་རིན་གོང་སྦོམ་འབད་མི་བགོ་ལ་གྱོན་སྦེ་ ཁོ་གི་མི་ཚེ་འདི་འབྱོར་པ་དང་ལྡན་ཏོག་ཏོ་སྦེ་སྡོད་སྡོདཔ་ཨིན་མས། 20 དེ་ལས་ ལ་ཟ་རཱས་ཟེར་མི་ མི་སྤྱང་ཀ་ གཟུགས་ག་ར་རྨ་གིས་སྤུར་ཏེ་སྡོད་མི་གཅིག་ཡང་ཡོདཔ་ཨིན་མས་ ཁོ་ཉིནམ་རེ་འཆར་རང་ མི་ཕྱུགཔ་གི་སྒོ་ཁར་འཁྱིད་བཀལ་ཏེ་བཞག་དོཝ་ཡོདཔ་ཨིན་མས། 21 མི་སྤྱང་ཀ་འདི་ མི་ཕྱུགཔ་གི་ཟ་ཁྲི་གུ་ལས་མར་བུད་མི་ བཅག་དཀྲུམ་ཚུ་འཐུ་སྟེ་ཟ་དགོ་མནོ་སྟེ་སྡོད་སྡོདཔ་ཨིན་མས་ ཁོ་གི་གཟུགས་ཁར་གྱི་རྨ་ཚུ་ རོ་ཁྱི་འོངས་ཏེ་ ལྕེ་བལྡག་སྟེ་སྡོད་དོཝ་ཨིན་མས། 22 དེ་ལས་ཉིནམ་གཅིག་གི་ཚེ་ མི་སྤྱང་ཀ་ ལ་ཟ་རཱས་ཤིཝ་ད་ ཕོ་ཉ་ཚུ་འོངས་ཏེ་ ཡར་ཞིང་ཁམས་ལུ་འབག་འགྱོ་སྦེ་ ཨབ་ར་ཧམ་སྡོད་སར་བཀལ་ཏེ་དགའ་ཏོག་ཏོ་སྦེ་སྡོད་ནུག་ དེ་ལས་ མི་ཕྱུགཔ་འདི་ཡང་ཤི་སྟེ་ས་དོང་ནང་བཙུགས་ནུག 23 མི་ཕྱུགཔ་འདི་ གཤིན་ཡུལ་ནང་སྡུག་བསྔལ་མྱོང་སྟེ་ མིག་ཏོ་ཡར་བལྟཝ་ད་ ཐག་རིང་ས་གཅིག་ཁར་ ཨབ་ར་ཧམ་སྡོད་ས་ལུ་ ལ་ཟ་རཱས་ཡོདཔ་ མཐོང་ནུག 24 དེ་ལས་མི་ཕྱུགཔ་འདི་གིས་སྐད་བརྐྱབས་ཏེ་ ཨཔ་ ཨབ་ར་ཧམ་ལགས་ ང་ལུ་སྙིང་རྗེ་གཟིགས་གནང་ ལ་ཟ་རཱས་ཀྱི་མཛུབ་མོ་ཆུ་ནང་སྦང་སྟེ་ ཆུ་གི་ཐིག་པ་ ངེ་གི་ལྕེ་གུ་བཀལ་སྦེ་ བསིལ་ཏོང་ཏོ་བཟོ་བ་གཏང་གནང་ ང་མེ་ནང་ གནམ་མེད་ས་མེད་སྡུག་བསྔལ་མྱོང་དོ་ཟེར་ཞུ་ནུག 25 དེ་འབདཝ་ད་ ཨབ་ར་ཧམ་གྱིས་ བུ་ཁྱོད་མནོ་བསམ་གཏང་དགོ་ ཧེ་མ་ཁྱོད་ཀྱི་མི་ཚེ་འདི་ནང་ག་ར་ཐོབ་སྟེ་ དགའ་ཏོག་ཏོ་སྦེ་སྡོད་ཅི་ དེ་སྐབས་ལུ་ ལ་ཟ་རཱས་ཁོ་གནམ་མེད་ས་མེད་སྡུག་བསྔལ་མྱོང་སྟེ་སྡོད་ཅི་ ད་ཁོ་ནཱ་ལུ་སེམས་གསོ་ཐོབ་སྟེ་ དགའ་ཏོག་ཏོ་སྦེ་སྡོདཔ་ཨིན་ ཁྱོད་མར་གཤིན་ཡུལ་ནང་སྡུག་བསྔལ་མྱོང་སྟེ་སྡོད་དགོ། 26 དེ་མ་ཚད་ ཁྱོད་དང་ང་བཅས་ཀྱི་བར་ན་ལུ་ བྱག་དང་ལུངམ་སྦོམ་གྱིས་བཅད་དེ་ཡོད་ ང་བཅས་ག་གིས་ཡང་ ཁྱོད་འབད་སར་འགྱོ་དགོ་མནོ་རུང་ འགྱོ་མི་ཚུགས་ ཡང་ན་ཕར་ལས་ཚུར་འོང་དགོ་མནོ་རུང་ འོང་མི་ཚུགས་ཟེར་སླབ་ནུག 27 དེ་སྦེ་འབད་བ་ཅིན་ ང་ཁྱོད་ལུ་གསོལཝ་བཏབ་དོ་ ལ་ཟ་རཱས་ ངེ་གི་ཨ་པ་གི་ཁྱིམ་ནང་གཏང་གནང་། 28 ག་ཅི་སྨོ་ཟེར་བ་ཅིན་ ང་ལུ་ནུ་གཅུང་ལྔ་ཡོད་ ངེ་གི་ནུ་གཅུང་ཚུ་ལུ་ཉེན་བརྡ་བཀལ་བའི་དོན་ལུ་ཨིན་ འདི་མེན་པ་ཅིན་ ཁོང་ཡང་ཤིཝ་ད་ ཨ་ནི་སྡུག་བསྔལ་གྱི་ས་གནས་ནང་ལྷོད་ནི་ཨིན་མས་ཟེར་ཞུ་ནུག 29 དེ་འབདཝ་ད་ ཨབ་ར་ཧམ་གྱིས་ལན་དེ་སྦེ་སླབ་ནུག་ མོ་སཱེས་དང་ལུང་སྟོན་པ་གི་དེབ་དེ་ཚུ་ ཁོང་ལུ་སྤྲོད་དེ་ཡོད་ ཁོང་གིས་ ནམ་རང་འབད་རུང་ འདི་ལྷག་སྟེ་ཉན་ཚུགསཔ་ཟེར་སླབ་ད། 30 མི་ཕྱུགཔ་འདི་གིས་ ཨཔ་ ཨབ་ར་ཧམ་ དེ་སྦེ་མ་གསུངས་ལགས་ ཤི་སོང་མིའི་ནང་ལས་གཅིག་ ཁོང་སྡོད་སར་འགྱོ་བ་ཅིན་ ཁོང་སེམས་འགྱུར་འོང་ཟེར་ཞུ་ནུག 31 དེ་འབདཝ་ད་ ཨབ་ར་ཧམ་གྱིས་ད་རུང་ཁོ་ལུ་ མོ་སཱེས་དང་ལུང་སྟོན་པ་གི་དེབ་དེ་ཚུ་ལུ་ ཉན་མ་བཏུབ་པ་ཅིན་ མི་ཤི་སྟེ་ལོག་འོང་མི་ཚུ་གི་ཁ་ལུ་ཡང་ཉན་མི་བཏུབ་ཟེར་སླབ་ནུག་ཟེར་ ཡེ་ཤུ་གིས་གསུངས་ནུག།
1 ཡེ་ཤུ་གིས་ཁོ་རང་གི་སློབ་མ་ཚུ་ལུ་གསུངས་ནུག་ སྡིག་པ་འབད་བཅུག་མིའི་རྐྱེན་དེ་ཚུ་ ཐད་རི་བ་རི་འོང་ནི་ཡོད་ དེ་འབདཝ་ད་ སྡིག་པ་འབད་བཅུག་མིའི་མི་དེ་ལུ་ ཆདཔ་ཕོག་འོང་། 2 ཁོང་ཨ་ལོ་ཆུང་ཀུ་ཚུ་གི་གྲལ་ཁ་ལས་ གཅིག་ལུ་སྡིག་པ་འབད་བཅུག་བ་འདི་ ཨ་ནི་མི་དེ་གི་ཨོལ་ལྐོག་གུ་ རྡོའི་རང་འཐག་གཅིག་བཏགས་ཏེ་ རྒྱ་མཚོ་ནང་བཀོག་དཔ་དྲག 3 ཁྱེད་རང་རིགཔ་བསྒྱིམ་སྟེ་སྡོད་ ག་དེམ་ཅིག་སྦེ་ ཁྱེད་ཀྱི་སྤུན་ཆ་ཚུ་གིས་འཛོལ་བ་འབད་བ་ཅིན་ ཁོ་ལུ་དྲན་བསྐུལ་འབད་ དེ་ལས་ཁོ་སེམས་འགྱུར་ཏེ་འོང་པ་ཅིན་ ཁོ་གི་འཛོལ་བ་སེམས་ཁར་མ་བཞག་པར་བརྗེད་དེ་ བཀའ་དྲིན་བསྐྱང་། 4 ཁྱེད་ཀྱི་སྤུན་ཆ་ཚུ་གིས་ ཁྱེད་ལུ་འཛོལ་བ་ཉིནམ་གཅིག་ནང་ ཚར་བདུན་འབད་དེ་འོང་རུང་རང་ ཤུལ་ལས་ལོག་ཅི་ལོག་ཅི་ ཁྱེད་འབད་ས་ལུ་ང་སེམས་འགྱུར་ནི་ཨིན་ཟེར་འོང་པ་ཅིན་ ཁོ་གིས་འཛོལ་བ་འབད་མི་ལུ་ བཀའ་དྲིན་བསྐྱང་དགོ་ཟེར་གསུངས་ནུག། 5 ཉིནམ་གཅིག་གི་ཚེ་ སྐུ་ཚབ་ཚུ་ཡེ་ཤུ་གི་སྐུ་མདུན་ལུ་བཅར་ཏེ་ ང་བཅས་ཀྱིས་དད་པ་སྦོམ་ནི་དོན་ལུ་ ཆ་རོགས་མཛད་གནང་ཟེར་ཞུ་ནུག 6 ཁྱེད་ལུ་དད་པ་པད་དཀར་སོན་བཟུམ་ཆུང་ཀུ་གཅིག་ཡོད་པ་ཅིན་ ཁྱེད་ཀྱིས་ཨ་ནི་རྒྱ་ཚོས་ཤིང་འདི་ལུ་ རྩ་བ་ལས་རང་འབལ་ཏེ་ མར་རྒྱ་མཚོ་ནང་བཙུགས་སྡོད་ཟེར་སླབ་པ་ཅིན་ ཁྱེད་ཀྱིས་སླབ་དོཝ་བཟུམ་སྦེ་རང་ ཉན་འོང་ཟེར་གཙོ་བོ་གིས་གསུངས་ནུག། 7 ཁྱེད་ག་ལུ་འབད་རུང་ གཡོགཔོ་གཅིག་ཡོད་པ་ཅིན་ ཁོ་གླང་རྨོ་ས་ལས་ ཡང་ན་ལུག་འཚོ་ས་ལས་འོང་པ་ཅིན་ ཁྱེད་ཀྱིས་ཁོ་ལུ་ དེ་འཕྲོ་ལས་ མར་སྡོད་དེ་བཞེས་སྒོ་ཟ་ཟེར་སླབ་འོང་ག། 8 དེ་སྦེ་སླབ་ནི་ཕར་བཞག་ མགྱོགས་པར་བགོ་ལ་སོར་ཞིནམ་ད་ ངེ་གི་དོན་ལུ་ བཞེས་སྒོ་འབད་དེ་གྲ་སྒྲིག་རྐྱབས་ དེ་ལས་ང་བཞེས་སྒོ་ཟ་མ་ཚར་བར་དུ་ ང་ལུ་དྲང་བཞག་རྐྱབས་ འདི་གི་ཤུལ་ལས་ ཁྱོད་རང་ཟ་ཟེར་ ཁྱེད་ཀྱིས་སླབ་འོང་མེན་ན། 9 ཁྱེད་ཀྱིས་སླབ་མི་ལཱ་འདི་ཚུ་ག་ར་ གཡོགཔོ་འདི་གིས་འབད་ཚར་རུང་ ཁྱེད་ཀྱིས་ཁོ་ལུ་བཀའ་དྲིན་ཆེ་ཟེར་མི་སླབ། 10 འདི་བཟུམ་སྦེ་རང་ ཁྱེད་ལུ་བཀའ་གནང་མི་ལཱ་ག་ར་འབད་ཚར་ཏེ་འབད་རུང་ རང་རང་དྲག་ཟེར་སླབ་ནི་གི་བདེན་ཁུངས་མེད་ ང་བཅས་ལུ་ཕོག་མི་གི་འགན་ཁུར་འདི་རྐྱངམ་གཅིག་འབདཝ་ཨིན་ཟེར་ ཁྱེད་ཀྱིས་དེ་སྦེ་སླབ་དགོ་ཟེར་གསུངས་ནུག། 11 ཡེ་ཤུ་ ཡེ་རུ་ཤ་ལེམ་ལུ་འབྱོནམ་ད་ ལམ་འདི་ལུང་ཕྱོགས་ ས་མ་རི་ཡ་དང་ལུང་ཕྱོགས་ ག་ལི་ལི་གི་བར་ན་ལས་སྦེ་ཐོན་ཏེ་བྱོན་ནུག 12 ཁོ་གཡུས་ཚན་གཅིག་ནང་འབྱོནམ་ད་ མཛེ་ནད་ན་མི་བཅུ་ཐམ་གྱིས་ཁོ་དང་མཇལ་ནུག་ དེ་ལས་མཛེ་ནད་ན་མི་ཚུ་གིས་ ཁོང་རང་ཐག་རིང་ས་སྡོད་ཞིནམ་ད། 13 སྐད་སྦོམ་བརྐྱབས་ཏེ་ཡེ་ཤུ་ལུ་ སློབ་དཔོན་ལགས་ ང་བཅས་ལུ་སྙིང་རྗེ་གཟིགས་གནང་ལགས་ ཟེར་ཞུཝ་ད། 14 ཡེ་ཤུ་གིས་ཁོང་ལུ་གཟིགས་ཏེ་ ད་སོང་ཞིནམ་ད་ བླམ་ལུ་ཁྱེད་རང་གི་གཟུགས་བཏོན་ཟེར་གསུངས་ནུག་ དེ་ལས་ཁོང་ལོག་འགྱོ་བའི་ལམ་ཁར་ལུ་ མཛེ་ནད་དྲག་སོང་ནུག 15 ཁོང་མི་བཅུ་ཐམ་གྱི་གྲལ་ཁ་ལས་ མི་གཅིག་གིས་ཁོ་རང་གི་གཟུགས་ཁར་ལུ་བལྟཝ་ད་ མཛེ་ནད་ཚུ་དྲག་སོངམ་ཤེས་ཏེ་ ཁོ་ལོག་སྟེ་ཡེ་ཤུ་གི་སྐུ་མདུན་ལུ་བཅར་སྦེ་ སྐད་སྦོམ་སྦེ་བརྐྱབས་ཏེ་ དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག 16 དེ་ལས་ཁོ་གིས་ཡེ་ཤུ་གི་སྐུ་མདུན་ལུ་ཕྱག་འཚལ་ཏེ་ བཀའ་དྲིན་ཆེ་ཟེར་ཞུ་ནུག་ མི་འདི་ལུང་ཕྱོགས་ ས་མ་རི་ཡ་ལས་འབད་མི་གཅིག་ཨིན་མས། 17 དེ་ལས་ཡེ་ཤུ་གིས་ ཁྱེད་མི་བཅུ་ཐམ་དྲག་ཅི་མེན་ན་ ཀ་ལས་གཞན་མི་དགུཔ་འདི་ག་ཏེ་སྨོ། 18 ཨ་ནི་ཕྱིའི་རྒྱལ་ཁབ་ཀྱི་མི་འདི་མ་གཏོགས་ གཞན་ཚུ་ག་ཡང་ དཀོན་མཆོག་ལུ་བསྟོད་པ་ཕུལ་བ་མ་འོང་ག་ཟེར་གསུངས་སྦེ། 19 ཡེ་ཤུ་གིས་མི་དེ་ལུ་ ད་ཡར་ལོང་སྟེ་སོང་ ཁྱོད་རང་གི་དད་པ་གིས་ ཁྱོད་རང་དྲགཔ་བཟོ་ཡི་ཟེར་གསུངས་ནུག། 20 ཉིནམ་གཅིག་གི་ཚེ་ ཕ་རུ་ཤི་པ་ཚུ་གིས་ དཀོན་མཆོག་གི་རྒྱལ་སྲིད་འདི་ ནམ་འོང་ནི་ཨིན་ན་ཟེར་ ཡེ་ཤུ་ལུ་ཞུཝ་ད་ ཁོ་གིས་ལན་ དཀོན་མཆོག་གི་རྒྱལ་སྲིད་འདི་ ཨ་ནི་སྦེ་འོང་ནི་ཨིན་ཟེར་ རྟགས་ཕྱི་ཁར་མིག་གིས་མི་མཐོང་། 21 མི་ག་གིས་ཡང་ རྒྱལ་སྲིད་འདི་ཨ་ནཱ་འདུག་ ཡང་ན་ཨ་ཕ་འདུག་ཟེར་སླབ་མི་ཚུགས་ དེ་འབདཝ་ད་ དཀོན་མཆོག་གི་རྒྱལ་སྲིད་འདི་ ཁྱེད་ཆ་ཁྱབ་ཀྱི་ནང་ན་གནས་ཏེ་ཡོད་ཟེར་གསུངས་ནུག 22 དེ་ལས་ཁོ་རང་གི་སློབ་མ་ཚུ་ལུ་གསུངས་ནུག་ ཁྱེད་ཀྱིས་མིའི་བུ་བལྟ་དགོ་མནོ་བའི་དུས་གཅིག་འོང་དོ་ དེའི་སྐབས་ཁོ་ལུ་ཨ་ཙི་བལྟ་དགོ་མནོ་ཡི་ཟེར་སླབ་འོང་ དེ་འབདཝ་ད་ ཁྱེད་ཀྱིས་མཐོང་མི་ཚུགས། 23 མི་ཚུ་གིས་ཁྱེད་ལུ་ ཁོ་ཨ་ནཱ་འདུག་ ཨ་ཕ་འདུག་ཟེར་སླབ་རུང་ དེ་ལུ་ཆ་བཞག་སྟེ་ ཁོང་གི་རྟིང་བདའ་སྟེ་ བལྟ་བ་མ་སོང་། 24 གནམ་ཁ་ལས་གློག་ཀེམ་སྟེ་ ཕྱོགས་གཅིག་ལས་གཅིག་ནང་མཐོང་དོཝ་བཟུམ་སྦེ་ མིའི་བུ་ཡང་དེ་བཟུམ་སྦེ་ འོང་ས་མཐོང་འོང་། 25 དེ་འབདཝ་ད་ དང་པ་མིའི་བུ་ལུ་ ཨ་ནི་མི་བརྒྱུད་ཚུ་གིས་ ཁོ་ལུ་མ་དགའ་བར་ གནམ་མེད་ས་མེད་སྡུག་བསྔལ་མྱོང་བཅུག་འོང་། 26 ཧེ་མ་ ནོ་ཝ་གི་དུས་སྐབས་ལུ་བྱུང་དོཝ་བཟུམ་སྦེ་ མིའི་བུ་གི་དུས་ལུ་ཡང་ དེ་སྦེ་འབྱུང་འོང་། 27 ཧེ་མ་ ནོ་ཝ་གྲུ་ནང་མ་འཛུལ་ཚུན་ཚོད་ མི་དེ་ཚུ་ཟ་འཐུང་ གཉེན་རྐྱབ་སྤྲོ་བཏོན་སྡོད་ནུག་ དེ་ལས་ ནོ་ཝ་གྲུ་ནང་འཛུལ་ཚར་ཞིནམ་ལས་ ཆུ་རུད་ཐོན་ཏེ་ མི་དེ་ཚུ་ག་ར་རྩ་མེད་གཏང་ནུག 28 དེ་བཞིན་དུ་ ལུད་ཟེར་མི་གི་དུས་སྐབས་ལུ་ཡང་ མི་ཚུ་གིས་ཟ་འཐུང་ ལ་ལུ་གིས་ཚོང་བཙོང་ ལ་ལུ་གིས་ཉོ་ ལ་ལུ་གིས་ལོ་ཐོག་བཏབ་ ལ་ལུ་གིས་ཁྱིམ་རྐྱབ་སྦེ་སྡོད་ནུག 29 དེ་འབདཝ་ད་ ལུད་ སོ་དོམ་གྱི་ཁྲོམ་ཁར་ལས་ཐོན་འགྱོཝ་ད་ ཞིང་ཁམས་ལས་མར་ རྡོའི་མུ་ཟི་ཆརཔ་བཟུམ་སྦེ་བརྐྱབས་ཏེ་ ག་ར་རྩ་མེད་གཏང་ནུག 30 དེ་བཞིན་དུ་ མིའི་བུ་ལོག་འོངམ་ད་ཡང་ དེ་སྦེ་འབྱུང་འོང་། 31 དེ་ལས་མི་ག་ར་འབད་རུང་ ཉིནམ་དེ་ལུ་ ཁྱིམ་ཐོག་གོང་མ་སྡོད་མི་གིས་ འོག་ཐོག་འབབ་འགྱོ་སྟེ་ ཅ་ལ་འཐུ་བ་མ་སོང་ དེ་བཟུམ་སྦེ་རང་ ཞིང་ཁར་ལུ་ལཱ་འབད་དེ་སྡོད་མི་ཡང་ ལོག་སྟེ་ཁྱིམ་ནང་མ་སོང་། 32 དཔེ་ ལུད་ཀྱི་ཨམ་སྲུ་སེམས་ཁར་དྲན། 33 ད་ག་ར་འབད་རུང་ རང་གི་མི་ཚེ་ཕངས་པ་ཅིན་ དེ་གིས་འཕྲོ་བརླག་གཏངམ་ཨིན་ ག་ར་འབད་རུང་ མི་ཚེ་བློས་གཏང་པ་ཅིན་ དེ་གིས་ལོག་ཐོབ་ཨིན། 34 ང་གིས་ཁྱེད་ལུ་སླབ་དོ་ དེ་གི་ནུབ་མོ་ མི་གཉིས་གཅིག་ཁར་ཉལ་སྡོདཔ་ད་ གཅིག་འཐུ་འབག་སྦེ་ གཅིག་ལུས་འོང་། 35 ཨམ་སྲུ་གཉིས་གཅིག་ཁར་ ཕྱེ་འཐག་སྟེ་སྡོདཔ་ད་ གཅིག་འཁྱིད་འགྱོ་སྦེ་ གཅིག་ལུས་འོང་། 36 མི་གཉིས་ཞིང་ཁར་ལཱ་འབད་དེ་སྡོདཔ་ད་ གཅིག་འཁྱིད་འགྱོ་སྦེ་ གཅིག་ལུས་འོང་ཟེར་གསུངས་ནུག 37 དེ་ལས་སློབ་མ་ཚུ་གིས་ གཙོ་བོ་དེ་སྦེ་ག་ཏེ་ལུ་འབྱུང་ནི་སྨོ་ལགས་ཟེར་ཞུཝ་ད་ ཡེ་ཤུ་གིས་ རོ་ག་ཡོད་སར་བྱ་རྒོད་ཆགསཔ་ཨིན་ཟེར་གསུངས་ནུག།
1 ཡེ་ཤུ་གིས་སློབ་མ་ཚུ་ལུ་ དུས་ནམ་ཡང་སེམས་མ་ཤི་བར་ཨ་རྟག་རང་སྨོན་ལམ་བཏབ་སྡོད་བཅུག་ནི་སྦེ་ དཔེ་གཏམ་འདི་གསུངས་ནུག 2 ཧེ་མ་ཁྲོམ་གཅིག་ནང་ དཀོན་མཆོག་ལུ་འདྲོག་ནི་དང་ མི་ལུ་འཚེར་ནི་ག་ནི་ཡང་མེད་མི་ དྲང་དཔོན་གཅིག་ཡོདཔ་མས། 3 ཁྲོམ་དེ་ཁར་ཨམ་ཡུགས་ས་མོ་གཅིག་ཡང་ཡོདཔ་ཨིན་མས་ ཨམ་དེ་གིས་ ཨ་རྟག་རང་དྲང་དཔོན་འདི་སྡོད་སར་འོངས་ཏེ་ ངེ་གི་བྱང་ཕྱད་དང་གཅིག་ཁར་ རྩིས་གཞི་ཕྱེ་གནང་ཟེར་ལོག་ཅི་ལོག་ཅི་ཞུ་ནུག 4 དྲང་དཔོན་དེ་གིས་ ཡུན་རིངམ་སྦེ་ཁྲིམས་མ་ཕྱེ་བར་ སྣང་མེད་སྦེ་བཞག་སྟེ་འབད་རུང་ ཤུལ་མ་ཁོ་རང་གིས་སེམས་ཁར་ལུ་ ང་དཀོན་མཆོག་ལུ་བལྟ་མ་འདྲོག་མི་དང་ མི་ལུ་བལྟ་སྟེ་མ་འཚེར་མི་གཅིག་ཨིན་རུང་། 5 ཨ་ནི་ཨམ་འདི་གིས་ ང་དགའཝ་སྐྱིདཔ་མེད་པར་འཆོལ་ལོང་བཟུམ་བཟོཝ་ཨིན་མས་ དེ་བ་འདི་ ང་མོ་གི་རྩིས་གཞི་འདི་ཕྱེ་སྟེ་བྱིན་དགོ་པས་ དེ་མེན་པ་ཅིན་ ད་རུང་ཤུལ་ལས་ མོ་ལོག་ཅི་ལོག་ཅི་ང་སྡོད་སར་འོངས་ཏེ་ ང་སེམས་སྐྱིད་ཏོང་ཏོ་མེད་འོང་ནི་མས་ཟེར་ ཁོ་གིས་ཁོ་རང་ལུ་སླབ་ནུག་ཟེར་ཡེ་ཤུ་གིས་གསུངས་ནུག 6 དེ་ལས་གཙོ་བོ་ཡེ་ཤུ་གིས་ དྲང་དཔོན་གཏམ་ཕྲང་མ་ཕྱེ་མི་དེ་གིས་ ག་ཅི་སླབ་ཅི་ག་ ཁྱེད་ཀྱིས་ཤེས་དགོ། 7 ད་འདི་ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་བཙག་འཐུ་གནང་མི་ཚུ་གིས་ ཉིན་ནུབ་མེད་པར་ ཁོ་ལུ་རོགས་རམ་ཞུཝ་ཨིན་ དེ་ཨིན་པ་ཅིན་ དཀོན་མཆོག་གིས་ཁོང་ལུ་ ཁྲིམས་ཕྲང་སྟེ་མ་ཕྱེ་བར་ ཕར་འཕུལ་ཏེ་མི་བཞག 8 ང་གིས་ཁྱེད་ལུ་སླབ་དོ་ ཁོ་གིས་མགྱོགས་པར་ར་ ཁོང་ལུ་བཀའ་དྲིན་བསྐྱངས་ཏེ་ ཁྲིམས་ཕྱེ་འོང་ འདི་རང་ཨིན་རུང་ མིའི་བུ་ལོག་འབྱོནམ་ད་ འཛམ་བུ་གླིང་ནང་ལུ་ དད་པ་ཡོད་མིའི་མི་ མཐོང་འོང་ག་ཟེར་གསུངས་ནུག། 9 རང་གིས་རང་ལུ་ལེགས་ཤོམ་དང་དམ་པ་ཨིན་ཟེར་མནོ་མི་དང་ གཞན་ཚུ་ལུ་ག་ནི་ཡང་མེནམ་བཟུམ་སྦེ་བརྩིས་མི་ཆ་ཁྱབ་ལུ་ ཡེ་ཤུ་གིས་ཨ་ནི་དཔེ་གཏམ་འདི་གསུངས་ནུག 10 མི་གཉིས་མཆོད་ཁང་ནང་སྨོན་ལམ་ཞུ་བ་སོང་ནུག་ གཅིག་ ཕ་རུ་ཤི་པ་དང་ གཅིག་ཁྲལ་བསྡུ་མི་ཨིན་མས། 11 ཕ་རུ་ཤི་པ་འདི་ ཁོ་རང་སོ་སོ་སྦེ་ ཡར་ལོངས་ཞིནམ་ད་ སྨོན་ལམ་དེ་སྦེ་ཞུ་ནུག་ དཀོན་མཆོག་ལགས་ ང་ཁྱོད་ལུ་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན་ ང་མི་གཞན་འདི་ཚུ་བཟུམ་སྦེ་མགུ་བརྡུངས་མི་དང་ ངན་པ་འབད་མི་ གཉེན་ལས་འགལ་བའི་ལུས་འབྲེལ་འབད་མི་ དེ་ལས་ཨ་ཕི་ཁྲལ་བསྡུ་མིའི་མི་བཟུམ་སྦེ་མེན། 12 ང་བདུན་ཕྲག་གཅིག་ནང་ ཚར་གཉིས་སྨྱུང་གནས་སྲུངམ་ཨིན་ དེ་ལས་ང་གིས་ཐོབ་མི་བརྒྱ་ཆ་ལས་ བཅུ་ཐམ་ཞལ་འདེབས་སྦེ་ཕུལཝ་ཨིན། 13 དེ་འབདཝ་ད་ ཁྲལ་བསྡུ་མི་འདི་གིས་ ཁོ་ལས་ཐག་རིང་ས་གཅིག་ཁར་ ཡར་ལོངས་ཞིནམ་ད་ མིག་ཏོ་ཡང་གནམ་ཁ་བལྟ་མ་ནུས་པར་ རང་གི་བྱང་ཁོག་བརྡུངས་ཏེ་ དཀོན་མཆོག་ལུ་དེ་སྦེ་ཞུ་ནུག་ དཀོན་མཆོག་ལགས་ ང་མི་སྡིག་ཅན་ལུ་སྙིང་རྗེ་གཟིགས་གནང་ཟེར་ཞུ་ནུག 14 ང་གིས་ཁྱེད་ཆ་ཁྱབ་ལུ་སླབ་དོ་ ཨ་ནི་ཁྲལ་བསྡུ་མི་འདི་ ཕ་རུ་ཤི་པ་དེ་ལས་ཡང་ དཀོན་མཆོག་གི་ཐུགས་དང་ལྡན་ཏེ་ ཁོ་རང་གི་སྡིག་པ་དག་སྦེ་ ཁྱིམ་ནང་ལོག་སོང་ནུག་ ག་ར་འབད་རུང་ རང་བསྟོད་རྐྱབ་པ་ཅིན་ འདི་མར་དམའ་སར་འབབ་འགྱོཝ་ཨིན་ ག་ར་འབད་རུང་ རང་གིས་རང་ལུ་ཉམ་ཆུང་བཟོ་བ་ཅིན་ འདི་ལུ་ཡར་མཐོ་སར་འཛེག་འགྱོཝ་ཨིན་ཟེར་གསུངས་ནུག། 15 ཉིནམ་གཅིག་གི་ཚེ་ ཕམ་ལ་ལུ་གིས་ཁོང་རང་གི་ཨ་ལོ་ཆུང་ཀུ་ཚུ་གི་གུ་ ཡེ་ཤུ་གིས་ཕྱག་བཀལ་གནང་འོང་ཟེར་མནོ་སྟེ་ ཁོ་གི་སྐུ་མདུན་ལུ་འབག་འོངས་ནུག་ དེ་འབདཝ་ད་ སློབ་མ་ཚུ་གིས་ འདི་མཐོངམ་ད་ ཚོགས་བརྡ་བརྐྱབས་ནུག 16 དེ་ལས་ཡེ་ཤུ་གིས་ ཨ་ལོ་ཆུང་ཀུ་ཚུ་ལུ་ཁོ་རང་བཞུགས་སར་འབོ་སྦེ་ སློབ་མ་ཚུ་ལུ་ དེ་སྦེ་གསུངས་ནུག་ དེ་ཚུ་ལུ་མ་བཀག་པར་ ང་སྡོད་སར་འོང་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་རྒྱལ་སྲིད་འདི་ ཨ་ནི་ཨ་ལོ་བཟུམ་ཚུ་གི་དོན་ལུ་ཨིན། 17 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ག་ར་འབད་རུང་ ཨ་ལོ་ཆུང་ཀུ་བཟུམ་གཅིག་སྦེ་ དཀོན་མཆོག་གི་རྒྱལ་སྲིད་དེ་ ཁས་ལེན་མ་འབད་བ་ཅིན་ མི་འདི་ ཐད་རི་བ་རི་ རྒྱལ་སྲིད་ནང་འཛུལ་མི་ཚུགས་ཟེར་གསུངས་ནུག། 18 འགོ་དཔོན་གཅིག་གིས་ཡེ་ཤུ་ལུ་ སློབ་དཔོན་བཟང་པོ་ལགས་ ཚེ་མཐའ་མེདཔ་ཐོབ་ནིའི་དོན་ལུ་ ང་གིས་ག་ཅི་འབད་དགོཔ་སྨོ་ཟེར་དྲི་བ་ཞུ་ནུག 19 ཡེ་ཤུ་གིས་ཁོ་ལུ་ ཁྱོད་ཀྱིས་ང་ལུ་ག་ཅི་འབད་ སློབ་དཔོན་བཟང་པོ་ཟེར་སླབ་སྨོ་ དོན་ལས་རང་ དཀོན་མཆོག་རྐྱངམ་གཅིག་མ་གཏོགས་ གཞན་ག་ཡང་བཟང་པོ་མེད། 20 དེ་འབདཝ་ད་ བཀའ་ཁྲིམས་ག་ར་ཁྱོད་ཀྱིས་ཤེས་ གཉེན་ལས་འགལ་བའི་ལུས་འབྲེལ་མ་འབད་ མི་མ་བསད་ ཨརཝ་མ་བརྐུ་ ཤོབ་བརྐྱབས་ཏེ་འཛོམ་དཔང་མ་འབད་ རང་གི་ཕམ་ལུ་ཞབས་ཏོག་ཞུ་སྟེ་ཞེ་ས་འབད་ཟེར་གསུངས་ནུག 21 དེ་ལས་འགོ་དཔོན་དེ་གིས་ དེ་ཚུ་ག་ར་ང་གིས་ ཆུང་ཀུ་བསྒང་ལས་རང་སྲུངམ་ཨིན་ཟེར་ཞུ་ནུག 22 ཡེ་ཤུ་གིས་དེ་སྙན་གསན་ཏེ་ ད་རུང་ཁྱོད་ཀྱིས་འབད་དགོཔ་གཅིག་མ་ཚང་པས་ ཁྱོད་ལུ་ཡོདཔ་མེདཔ་ག་ར་བཙོང་སྟེ་ ཏི་རུ་འདི་མི་སྤྱང་ཀ་ཚུ་ལུ་བྱིན་ དེ་གིས་འབད་ ཁྱོད་ཀྱིས་ རྒྱུ་ནོར་ཡར་ཞིང་ཁམས་ལུ་ཐོབ་འོང་ དེ་ལས་ཁྱོད་རང་ངེ་གི་སློབ་མ་སྦེ་ཤོག་ཟེར་གསུངས་ནུག 23 དེ་གོ་བའི་བསྒང་ལས་ མི་འདི་གནམ་མེད་ས་མེད་སེམས་སྐྱོ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ལུ་རྒྱུ་ནོར་ལེ་ཤ་ཡོདཔ་ཨིན་མས། 24 དེ་ལས་ཡེ་ཤུ་གིས་མི་དེ་ལུ་གཟིགས་ཞིནམ་ད་ ལོག་སྟེ་ཁོ་རང་གི་སློབ་མ་ཚུ་ལུ་ མི་ཕྱུགཔ་དེ་ཚུ་ དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་ནི་ལུ་ ག་དེམ་ཅིག་ལཱ་ཁག་སྨོ། 25 མི་ཕྱུགཔ་གཅིག་ དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་ནི་ལས་ རྔ་མོང་ ཁབ་ཀྱི་ལུང་ནང་འཛུལཝ་འཇམ་པས་ཟེར་གསུངས་ནུག 26 དེ་ཁར་གོ་མི་འདི་ཚུ་གིས་ དེ་སྦེ་འབད་བ་ཅིན་ ཐར་པ་ཐོབ་ཚུགས་མི་ག་ཡོདཔ་སྨོ་ཟེར་ཞུ་ནུག 27 ཡེ་ཤུ་གིས་ མི་ཚུ་གིས་འབད་མ་ཚུགས་མི་འདི་ དཀོན་མཆོག་གིས་མཛད་ཚུགས་ཟེར་གསུངས་ནུག 28 དེ་ལས་ པེ་ཏྲོ་གིས་ ང་བཅས་ཀྱིས་ག་ར་སྤངས་ཏེ་ ནཱ་གི་སློབ་མ་སྦེ་འོང་ཡི་ཟེར་ཞུ་ནུག 29 ཡེ་ཤུ་གིས་ཁོང་ལུ་ལན་ ང་གིས་ཁྱོད་ལུ་དོན་ལས་རང་སླབ་ཨིན་ མི་ག་ར་འབད་རུང་ དཀོན་མཆོག་གི་རྒྱལ་སྲིད་ཀྱི་དོན་ལུ་ རང་གི་ཁྱིམ་དང་ཨམ་སྲུ་ ཕོ་རྒནམ་དང་ནུ་གཅུང་ ཨ་པ་དང་ཨའི་ རང་གི་བུ་དང་བུམོ་ སྤང་སྟེ་འོང་མི་ཚུ་གིས། 30 མི་ཚེ་འདི་ནང་ དེ་བ་ལྷགཔ་སྦེ་ཐོབ་མ་ཚད་ ཤུལ་ལས་ཀྱི་དུས་ལུ་ཡང་ ཚེ་མཐའ་མེདཔ་ཐོབ་ཟེར་གསུངས་ནུག། 31 ཡེ་ཤུ་གིས་སློབ་མ་བཅུ་གཉིས་ ཟུར་ཁར་འབོ་ཞིནམ་ད་ཁོང་ལུ་ ནཱ་ཉན་ཞིག་ ང་བཅས་ཡར་ ཡེ་རུ་ཤ་ལེམ་ལུ་འགྱོཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ལུང་སྟོན་པ་ཚུ་གིས་ མིའི་བུ་གི་སྐོར་ལས་ ག་བྲིས་བཞག་མི་འདི་ཚུ་ ངོ་མ་རང་བྱུང་སྟེ་འགྲུབ་འོང་། 32 ག་ཅི་སྨོ་ཟེར་བ་ཅིན་ ཁོ་ཕྱིའི་མི་རིགས་ཚུ་གི་ལག་པར་སྤྲོད་འོང་ ཁོང་གིས་ཁོ་ལུ་མེས་མེད་བསྐྱུར་ ངོ་ཚ་སི་སི་བཟོ་ ཚིལ་མ་གཏོར། 33 ཁོང་གིས་ཁོ་ལུ་རྟས་ལྕག་གིས་དྲང་ཚརཝ་ད་ ཁོ་བསད་འོང་ ད་རུང་ཁོ་ཉིནམ་གསུམ་པ་ལུ་ གསོན་པོ་སྦེ་ལོང་འོང་ཟེར་གསུངས་ནུག 34 དེ་འབདཝ་ད་ ཁོང་སློབ་མ་ཚུ་གིས་ ཁོ་གིས་གསུངས་མི་ནང་ལས་ག་ནི་ཡང་ ཧ་མ་གོ་བས་ དོན་དག་འདི་ ག་ཅི་གཅིག་གིས་ སྦ་བཞག་བཞགཔ་བཟུམ་སྦེ་ཡར་སོང་ནུག་ བློ་འདི་ག་ཅི་གི་སྐོར་ལས་གསུངསམ་ཨིན་ན་ ཁོང་གིས་རྩ་ལས་རང་མ་ཤེས་པས།། 35 ཡེ་ཤུ་ཁྲོམ་ ཡེ་རི་ཀོ་གི་སྦོ་ལོགས་ཁར་འབྱོནམ་ད་ མིག་ཏོ་ཞརཝ་གཅིག་ ལྷངམ་བརྐྱབས་ཏེ་ ལམ་གྱི་ཟུར་ཁར་སྡོད་ནུག 36 དེ་ལས་ཞརཝ་དེ་གིས་ མི་ཚོགས་འགྱོ་བའི་སྐད་གོཝ་ད་ ག་ཅི་འབདཝ་ཨིན་ན་ཟེར་དྲིས་ནུག 37 ཁོང་གིས་ ན་ཟ་རཱེད་ཀྱི་ཡེ་ཤུ་འབྱོནམ་ཨིན་མས་ཟེར་སླབ་ད། 38 ཁོ་གིས་སྐད་སྦོམ་སྦེ་བརྐྱབས་ཏེ་ ད་བིད་ཀྱི་བུ་བརྒྱུད་ཡེ་ཤུ་ལགས་ ང་ལུ་སྙིང་རྗེ་གཟིགས་གནང་ཟེར་ཞུ་ནུག 39 ཡེ་ཤུ་གི་ཧེ་མ་འགྱོ་མི་ཚུ་གིས་ཁོ་ལུ་ སྐད་མ་རྐྱབས་ཟེར་ཚོགས་བརྡ་རྐྱབ་ད་ ད་རུང་སྐད་དེ་ལས་ཡང་ཤུགས་སྦེ་ ད་བིད་ཀྱི་བུ་བརྒྱུད་ ང་ལུ་སྙིང་རྗེ་གཟིགས་གནང་ཟེར་སྐད་བརྐྱབས་ནུག 40 དེ་ལས་ཡེ་ཤུ་དེ་ཁར་བཞེངས་བཞུགས་ཏེ་ ཞརཝ་འདི་ ནཱ་ང་སྡོད་ས་འཁྱིད་ཤོག་ཟེར་ བཀའ་གནང་ནུག་ ཞརཝ་འདི་ ཁོ་གི་སྦོ་ལོགས་ཁར་འོངམ་ད། 41 ཡེ་ཤུ་གིས་ཁོ་ལུ་ ང་གིས་ཁྱོད་ཀྱི་དོན་ལུ་ ག་ཅི་འབད་དགོཔ་སྨོ་ཟེར་གསུངསམ་ད་ ཁོ་གིས་ གཙོ་བོ་ལགས་ ངེ་གི་མིག་ཏོ་འདི་ མཐོང་ཚུགསཔ་ཅིག་མཛད་གནང་ཟེར་ཞུ་ནུག 42 དེ་ལས་ཡེ་ཤུ་གིས་ཁོ་ལུ་ བཏུབ་པས་ ཁྱོད་ཀྱིས་མཐོང་བཅུག་ ཁྱོད་རང་གི་དད་པ་གིས་ ཁྱོད་རང་དྲགཔ་བཟོ་ཡི་ཟེར་གསུངས་ནུག 43 དེ་འཕྲོ་ལས་ ཁོ་མིག་ཏོ་མཐོང་ཚུགསཔ་འགྱོ་སྟེ་ ཡེ་ཤུ་དང་གཅིག་ཁར་ དཀོན་མཆོག་ལུ་བསྟོད་པ་ཕུལ་སྦེ་སོང་ནུག་ དེ་ལས་མི་དམངས་ཡང་ འདི་མཐོངམ་ད་ དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག།
1 ཉིནམ་གཅིག་གི་ཚེ་ཡེ་ཤུ་ཁྲོམ་ ཡེ་རི་ཀོ་ལས་སྦེ་བརྐྱབས་ཏེ་འབྱོན་པའི་བསྒང་། 2 ཡེ་རི་ཀོ་ལུ་མི་ཕྱུགཔ་ཁྲལ་བསྡུ་མི་འགོ་དཔོན་ ཟ་ཀི་ཡཱས་ མི་གཟུགས་ཐུང་ཀུ་འབད་མི་གཅིག་ཡོདཔ་མས། 3 མི་དེ་ཡེ་ཤུ་ཟེར་མི་འདི་ག་དེམ་ཅིག་ཡོདཔ་ཨིན་ན་ མཇལ་ནི་གི་རེ་བ་ཡོད་རུང་ ཁོ་གཟུགས་ཐུང་ཀུ་གཅིག་འབད་ནི་དེ་གིས་ མི་ཚོགས་ཀྱི་སྦུག་ལས་མ་མཐོངམ་ཨིན་མས། 4 དེ་ལས་ཁོ་གིས་མི་ཚུ་གི་ཧེ་མ་ལས་ཐོན་ཏེ་ བརྒྱུགས་འགྱོ་ཞིནམ་ད་ ཡེ་ཤུ་འབྱོན་སའི་ལམ་ཁར་ འོ་སེ་ཤིང་གཅིག་གི་གུ་འཛེགས་ཏེ་ བལྟ་སྡོད་ནུག 5 ཡེ་ཤུ་ཡར་ཤིང་གི་རྩ་བར་བྱོན་ཏེ་ སྤྱན་ཡར་ཤིང་ཁར་གཟིགས་སྦེ་ ཟ་ཀི་ཡཱས་ ཚ་ངེར་བཏོན་ཏེ་མར་འབབ་ཤོག་ ག་ཅི་སྨོ་ཟེར་བ་ཅིན་ ང་ད་རེས་ཁྱོད་ཀྱི་ཁྱིམ་ནང་འགྱོ་སྟེ་སྡོད་ནི་ཨིན་ཟེར་གསུངས་ནུག 6 དེ་ལས་ ཟ་ཀི་ཡཱས་ཡར་ཤིང་གུ་ལས་མར་ ཚ་ངེར་བཏོན་འབབ་འོངས་ཏེ་ སེམས་ཀྱི་གདིང་ལས་རང་ དགའ་ཚོར་བསྐྱེད་དེ་ ཡེ་ཤུ་ལུ་བྱོན་པ་ལེགས་སོ་ཟེར་གདན་འདྲེན་ཞུ་ནུག 7 དེ་ལས་མི་དམངས་མཐོང་མི་ཚུ་གིས་ ཁོ་ལུ་མ་དགའ་བར་ མི་འདི་ སྡིག་ཅན་གྱི་ཁྱིམ་ནང་མགྱོནམ་སྦེ་བྱོནམ་མས་ཟེར་ ཁ་སྡུག་འབར་ཏེ་ཁ་བཏང་ནུག 8 ཨིན་རུང་ ཟ་ཀི་ཡཱས་ཀྱིས་ཡར་ལོང་སྟེ་ཡེ་ཤུ་ལུ་ གཙོ་བོ་ལགས་ ནཱ་སྙན་གསན་ལགས་ ང་ལུ་ཡོད་མིའི་རྒྱུ་ནོར་ལོངས་སྤྱོད་ཚུ་བགོ་བཤའ་རྐྱབ་ཞིནམ་ད་ ཕྱེད་ཀ་མི་སྤྱང་ཀ་ལུ་བྱིན་ནི་ཨིན་ དེ་ལས་ང་གིས་མི་གཞན་ལས་ མགུ་བསྐོར་བརྐྱབས་ཏེ་ ལེན་ལེནམ་ཡོད་པ་ཅིན་ འདི་ཚུ་བཞི་བལྟབ་སྦེ་ ལོག་བྱིན་ནི་ཨིན་ཟེར་ཞུཝ་ད། 9 ཡེ་ཤུ་གིས་ཁོ་ལུ་ ད་རེས་ཨ་ནི་ཁྱིམ་ནང་ལུ་ཐར་པ་འོང་ཡི་ ག་ཅི་སྨོ་ཟེར་བ་ཅིན་ཁོ་ཡང་ ཨབ་ར་ཧམ་ལས་མཆེད་པའི་བུ་བརྒྱུད་གཅིག་ཨིན། 10 ག་ཅི་སྨོ་ཟེར་བ་ཅིན་ མིའི་བུ་འབྱང་འབྱངམ་ཚུ་འཚོལ་བ་དང་ སྐྱབས་འབད་བ་འོང་ཡི་ཟེར་གསུངས་ནུག། 11 དེའི་བསྒང་ལས་ ཡེ་ཤུ་ ཡེ་རུ་ཤ་ལེམ་གྱི་སྦོ་ལོག་ཕེབས་ནུག་ དེ་ལས་མི་དམངས་ཀྱིས་ དཀོན་མཆོག་གི་རྒྱལ་སྲིད་འདི་ མགྱོགས་པར་མིག་གིས་མཐོང་འོང་ཟེར་མནོ་སྟེ་ ཡེ་ཤུ་གིས་གསུངས་མི་འདི་ལུ་ཉན་ཏེ་རང་སྡོད་ནུག་ དེ་གིས་འབད་ ཁོ་གིས་ཁོང་གི་འཛོལ་བ་འདི་ བཅོ་ཁ་བརྐྱབ་ནི་སྦེ་ དཔེ་གཏམ་འདི་གསུངས་ནུག 12 ཧེ་མ་མི་རིགས་བཟང་པོ་གཅིག་ཡོདཔ་མས་ ཁོ་ས་ཐག་རིང་སར་ཡོད་མིའི་རྒྱལ་ཁབ་གཅིག་ནང་ རྒྱལ་པོའི་གོ་གནས་བཞེས་ཞིནམ་ད་ ལོག་ནི་སྦེ་བྱོན་ནུག 13 དེ་ལས་ཁོ་རང་མ་བྱོན་པའི་ཧེ་མ་ ཁོ་གིས་གཡོགཔོ་བཅུ་ཐམ་གཅིག་ཁར་འབོ་སྟེ་ གཡོགཔོ་རེ་རེ་ལུ་གསེར་ཀྲམ་རེ་རེ་སྦེ་གནང་ ད་ང་ལོག་མ་ལྷོད་པའི་བར་དུ་ ཨ་ནི་གསེར་ཀྲམ་དེ་གིས་ ངེ་གི་དོན་ལུ་ཚོང་བརྐྱབས་ཏེ་ དངུལ་ག་དེ་ཅིག་བཟོ་ཚུགསཔ་ག་ བལྟ་ནི་ཨིན་ཟེར་གསུངས་ནུག 14 དེ་འབདཝ་ད་ མི་སེར་ཚུ་གིས་ཁོ་ལུ་མ་དགའ་བར་ ཁོ་གི་ཤུལ་ལས་ཁ་འཐེན་འབག་མི་ཚུ་ ཨ་ནི་མི་འདི་ ང་བཅས་ཀྱི་རྒྱལཔོ་སྦེ་མི་དགོ་ཟེར་ཞུ་བ་བཏང་ནུག 15 ཁོ་རྒྱལཔོ་ཐོབ་སྟེ་ལོག་ཕེབས་ད་ ཁོ་གིས་གསེར་ཀྲམ་གནང་བཞག་མི་གཡོགཔོ་དེ་ཚུ་ ཁོང་གིས་ཁེ་སང་ག་དེ་ཅིག་ཐོབ་ཅི་ག་ གཟིགས་ནི་སྦེ་ འབོ་ཟེར་བཀའ་གནང་ནུག 16 གཡོགཔོ་དང་པ་འདི་འོངས་ཏེ་ མི་དབང་མཆོག་ལགས་ ནཱ་གིས་གནང་མི་གསེར་ཀྲམ་གཅིག་གིས་ ཐེབས་བཅུ་ཐམ་བཟོ་ཡི་ཟེར་ཞུ་ནུག 17 དེ་ལས་རྒྱལཔོ་གིས་གཡོགཔོ་འདི་ལུ་ ཁྱོད་དྲག་པས་ དངུལ་ཨ་ཙི་གཅིག་ནང་ ན་འཐན་ཏོག་ཏོ་སྦེ་འབད་ནུག་ ཁྱོད་ལུ་ཁྲོམ་ཚོགས་བཅུ་ཐམ་གྱི་བདག་འཛིན་འཐབ་ནི་གི་དབང་ཚད་སྤྲོད་ནི་ཨིན་ཟེར་གསུངས་ནུག 18 ད་རུང་གཡོགཔོ་གཉིས་པ་འདི་འོངས་ཏེ་ མི་དབང་མཆོག་ལགས་ ནཱ་གིས་གནང་མི་གསེར་ཀྲམ་གཅིག་གིས་ ཐེབས་ལྔ་བཟོ་ཡི་ཟེར་ཞུ་ནུག 19 རྒྱལཔོ་གིས་ཁོ་ལུ་ཡང་ ཁྱོད་ལུ་ཁྲོམ་ཚོགས་ལྔ་གི་བདག་འཛིན་འཐབ་ནི་གི་དབང་ཚད་སྤྲོད་ནི་ཨིན་ཟེར་གསུངས་ནུག 20 དེ་ལས་གཡོགཔོ་གཞན་མི་དེ་ཡང་འོངས་ཏེ་ མི་དབང་མཆོག་ལགས་ ནཱ་གི་གནང་མི་གསེར་ཀྲམ་འདི་ ང་གིས་ལྟོ་རས་ནང་སྤུར་ཏེ་བཞག་ཡོད་ ནཱ་གཟིགས་ལགས། 21 ག་ཅི་སྨོ་ཟེར་བ་ཅིན་ ནཱ་མི་སྲ་ཀྲག་གཅིག་འབད་ནི་འདི་གིས་ ང་ནཱ་ལུ་བལྟ་སྟེ་འདྲོགས་ཅི་ སྤྲོད་བཞག་བཞགཔ་མེད་པར་ལེན་མི་དང་ ལོ་ཐོག་བཏབ་བཏབ་མེད་པར་ བརྔ་མི་གཅིག་ཨིན་མས་ཟེར་ཞུ་ནུག 22 རྒྱལཔོ་གིས་ གཡོགཔོ་ངན་པ་ཁྱོད་ རང་གི་ཁ་ལས་ཐོན་མིའི་བློ་དང་བསྟུན་ཏེ་ ང་གིས་ཁྱོད་ལུ་ཁྲིམས་ཕྱེ་ནི་ཨིན་ ཁྱོད་ཀྱིས་ང་མི་སྲ་ཀྲག་ སྤྲོད་བཞག་བཞགཔ་མེད་པར་ལེན་མི་དང་ ལོ་ཐོག་བཏབ་བཏབ་མེད་པར་ བརྔ་མི་གཅིག་ཨིན་མས་ཟེར་ ཁྱོད་ཀྱིས་ཤེས་པས་སྨོ། 23 དེ་སྦེ་ཨིན་པ་ཅིན་ ཁྱོད་ཀྱིས་ངེ་གི་གསེར་ཀྲམ་འདི་ ག་ཅི་འབད་དངུལ་ཁང་ནང་བཙུགས་མ་བཞགཔ་སྨོ་ དངུལ་ཁང་ནང་བཙུགས་བཞག་པ་ཅིན་ ང་ལོག་འོངམ་ད་ སྐྱེད་དང་སྦྲགས་ཏེ་དངུལ་ཁང་ནང་ལས་ཐོབ་ཚུགས་ཟེར་ རྒྱལཔོ་གིས་གསུངས་ནུག 24 དེ་ལས་འདི་ཁར་ལོངས་སྡོད་མི་ཚུ་ལུ་ གསེར་ཀྲམ་དེ་ གཡོགཔོ་འདི་ལས་ལེན་ཏེ་ གསེར་ཀྲམ་བཅུ་ཐམ་ཡོད་མིའི་གཡོགཔོ་འདི་ལུ་བྱིན་ཟེར་གསུངས་ནུག 25 ཁོང་གིས་ མི་དབང་མཆོག་ལགས་ ཁོ་ལུ་ཧེ་མ་ལས་གསེར་ཀྲམ་བཅུ་ཐམ་འདུག་ཟེར་ཞུ་ནུག 26 ད་རུང་རྒྱལཔོ་གིས་ ང་གིས་ཁྱེད་ལུ་སླབ་དོ་ ཡོད་མི་དེ་ལུ་ད་རུང་བྱིན་འོང་ མེད་མི་འདི་ལས་ ཁོ་ནང་ག་ཡོད་མི་དེ་ ད་རུང་ལེན་འབག་འགྱོ་འོང་། 27 རྒྱལཔོ་དེ་གིས་ ང་རྒྱལཔོ་སྦེ་མ་དགོ་མི་ ངེ་གི་དགྲ་ཚུ་ ད་ལྟོ་རང་ང་སྡོད་ས་འཁྱིད་འོངས་ཏེ་ ངེ་གི་གདོང་ཁ་ལུ་བསད་ཟེར་གསུངས་ནུག་ཟེར་ ཡེ་ཤུ་གིས་གསུངས་ནུག། 28 ད་ཡེ་ཤུ་གིས་དཔེ་གཏམ་འདི་གསུངས་ཚར་བའི་ཤུལ་ལས་ སློབ་མ་ཚུ་གི་ཧེ་མ་ལས་སྦེ་ ཡེ་རུ་ཤ་ལེམ་ལུ་བྱོན་ནུག 29 ཁོང་ ཡེ་རུ་ཤ་ལེམ་ལུ་འབྱོནམ་ད་ ཨ་རུ་ར་ཤིང་གི་སྒང་གུ་ ཡོད་མིའི་གཡུས་ཚན་ བཱེད་ཕ་གེ་དང་ བེ་ཐ་ནི་ཡ་ལུ་ཕེབས་ད་ ཁོ་རང་གི་སློབ་མ་གཉིས་ལུ་ དེ་སྦེ་གསུངས་ཏེ་བཏང་ནུག 30 ང་བཅས་ཀྱི་གདོང་ཁར་ལས་ཡོད་མིའི་གཡུས་ཚན་འདི་ནང་སོང་སྟེ་ ཕར་ལྷོདཔ་ད་ དེ་འཕྲོ་ལས་ དུས་ནམ་ཡང་མ་བཞོན་མིའི་བོང་ཀུ་ཕྱུག་ཀུ་ ཐགཔ་བཏག་བཞག་བཞགཔ་གཅིག་ ཁྱེད་ཀྱིས་མཐོང་འོང་ འདི་གི་ཐགཔ་འདི་ཕུད་དེ་ ནཱ་ང་འབད་སར་འཁྱིད་ཤོག 31 ག་དེམ་ཅིག་སྦེ་ མི་གཞན་གྱིས་ ཁྱེད་ཀྱིས་ག་ཅི་འབད་ནི་སྦེ་ ཨ་ནི་ཐགཔ་འདི་ཕུདཔ་སྨོ་ཟེར་འདྲི་བ་ཅིན་ འདི་གཙོ་བོ་ལུ་ཁག་ཆེ་བས་ཟེར་སླབ་ ཟེར་གསུངས་ནུག 32 དེ་ལས་ཁོང་གཉིས་སོངམ་ད་ ཡེ་ཤུ་གིས་གསུངས་དོཝ་བཟུམ་སྦེ་རང་ཀྲིག་ཀྲི་སྦེ་ བོང་ཀུ་ཕྱུག་ཀུ་ཐགཔ་བཏགས་བཞག་བཞགཔ་དེ་དང་འཕྱད་དེ། 33 ཁོང་གིས་ཐགཔ་འཁྱོལཝ་ད་ སྦྱིན་བདག་འདི་གིས་ ངེ་གི་བོང་ཀུ་ཕྱུག་ཀུ་ཐགཔ་བཏགས་བཞག་མི་འདི་ ག་ཅི་འབད་ཐགཔ་འཁྱོལཝ་སྨོ་ཟེར་འདྲིཝ་ད། 34 ཁོང་གིས་ གཙོ་བོ་ལུ་ཁག་ཆེ་བས་ཟེར་སླབ་ནུག 35 དེ་ལས་ཁོང་གིས་བོང་ཀུ་ཕྱུག་ཀུ་འདི་ འཁྱིད་འོངས་ཏེ་ ཁོང་རང་གི་བགོ་ལ་ བོང་ཀུ་ཕྱུག་ཀུ་དེ་གུ་ སྒ་ཁེབས་བརྐྱབས་ཏེ་ ཆིབས་ཟེར་ཞུ་ནུག 36 དེ་ལས་ཡེ་ཤུ་གིས་དེ་གུ་ཆིབས་སྦེ་ ལམ་བདའ་འབྱོནམ་ད་ མི་དམངས་ག་ར་ཁོང་རང་གིས་བགོ་ལ་ ཡེ་ཤུ་གི་ཧེ་མ་ལམ་ཁར་འཐིང་ཕུལ་ནུག 37 དེ་ལས་ཁོང་ལམ་བྱོན་ཏེ་ ཡེ་རུ་ཤ་ལེམ་གྱི་སྦོ་ལོགས་ཁར་ ཨ་རུ་ར་ཤིང་གི་སྒང་གུ་ལུ་ཕེབསཔ་ད་ ཡེ་ཤུ་གི་སློབ་མ་ལེ་ཤ་གིས་ ཧེ་མ་ལས་ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཁོ་གིས་མཛད་མིའི་ཧ་ལས་པའི་ཕྱག་ལཱ་ ཁོང་གིས་མཐོང་མི་དེ་ལུ་ སྐད་སྦོམ་སྦེ་བརྐྱབས་ཏེ་ དཀོན་མཆོག་ལུ་བསྟོད་པ་དེ་སྦེ་ཕུལ་ནུག 38 གཙོ་བོ་གི་མཚན་ནང་བྱོན་མིའི་རྒྱལཔོ་ བྱིན་རླབས་ཅན་ཨིན་ ག་ར་ལས་མཐོ་བའི་དཀོན་མཆོག་ལུ་གཟི་བརྗིད་དང་ ཞིང་ཁམས་ལུ་ཞི་བདེ་འབྱུང་བར་ཤོག་ ཟེར་བསྟོད་པ་ཕུལཝ་ད། 39 མི་དམངས་ཀྱི་སྦུག་ལུ་ཡོད་མིའི་ ཕ་རུ་ཤི་པ་ལ་ལུ་གིས་ཡེ་ཤུ་ལུ་ སློབ་དཔོན་ལགས་ ནཱ་གི་སློབ་མ་ཚུ་ལུ་སྐད་མ་རྐྱབས་ཟེར་བཀའ་གནང་ཟེར་ཞུ་ནུག 40 དེའི་ལན་ལུ་ ཁོང་སྐད་མ་རྐྱབ་པར་སྡོད་པ་ཅིན་ ལམ་ཁ་གི་རྡོ་དེ་ཚུ་གིས་སྐད་བརྐྱབ་འོང་ཟེར་ཡེ་ཤུ་གིས་གསུངས་ནུག། 41 ཡེ་ཤུ་ ཡེ་རུ་ཤ་ལེམ་གྱི་སྦོ་ལོགས་ཁར་ཕེབསཔ་ད་ རྒྱལ་ས་ལུ་གཟིགས་སྦེ་བཤུམ་སྟེ་དེ་སྦེ་གསུངས་ནུག 42 ཁྱེད་ ཡེ་རུ་ཤ་ལེམ་ལུ་སྡོད་མི་ཚུ་ ཞི་བདེ་ཐོབ་ནི་གི་དོན་ལུ་ ག་ཅི་འབད་དགོ་ག་ ད་རེས་ཁྱེད་ཀྱིས་ཤེས་ཤེསཔ་འབད་བ་ཅིན་ ལེགས་ཤོམ་སོང་ཡི་ དེ་འབདཝ་ད་ དེ་ཚུ་ག་ར་ཁྱེད་ཀྱི་མིག་ཏོ་ཁར་ལས་སྦ་ཆི་ནུག 43 ད་ཉིནམ་གཅིག་འོང་དོ་ ཁྱེད་ཀྱི་དགྲ་ཚུ་གིས་ ཁྱེད་བསྐོར་ར་བརྐྱབས་ཏེ་ ལྕགས་རི་བརྐྱབ་འོང་ ཕྱོགས་བཞི་ལུ་ལམ་འདི་ཚུ་བཀག་སྟེ་ ཁྱེད་ནང་ན་བསྡམ་བཞག་འོང་། 44 ཁོང་གིས་ ཁྱེད་དང་ཁྱེད་ཀྱི་ཨ་ལོ་ཚུ་ མར་ས་ཁར་རྡབ་སྟེ་བསད་འོང་ ག་ར་མར་བརྡལ་ཏེ་ རྡོ་བརྩེག་བརྩེགཔ་གཅིག་ཡང་བཞག་མི་བཏུབ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ལུ་དཀོན་མཆོག་གི་ཐུགས་རྗེ་གཟིགས་པའི་སྐབས་ལུ་ ཁྱེད་ཀྱིས་ཧ་མ་གོ་ཟེར་གསུངས་ནུག། 45 དེ་ལས་ཡེ་ཤུ་མཆོད་ཁང་ནང་བྱོན་ཏེ་ ཚོང་བཙོང་མི་ཚུ་བདའ་གཏང་སྟེ། 46 ཁོ་གིས་དེ་སྦེ་གསུངས་ནུག་ གསུང་རབ་ནང་། ངེ་གི་ཁྱིམ་འདི་སྨོན་ལམ་བཏབ་སའི་ཁྱིམ་ཨིན་ཟེར་ བྲིས་ཏེ་ཡོད་ དེ་འབདཝ་ད་ཁྱེད་ཀྱིས་ ཨརཝ་གི་ཚང་བཟུམ་སྦེ་ བཟོ་བཞགཔ་མས་ཟེར་གསུངས་ནུག 47 དེ་ལས་མཆོད་ཁང་ནང་ལུ་ ཁོ་གིས་ཉིནམ་ཨ་རྟག་རང་མི་ཚུ་ལུ་ཆོས་སྟོན་གནང་ནུག་ བླ་ཆེན་དང་བཀའ་ཁྲིམས་ཀྱི་སློབ་དཔོན་ དེ་ལས་མི་དམངས་ཀྱི་འགོ་དཔོན་ཚུ་གིས་ ཁོ་ག་དེ་སྦེ་བཀྲོང་ནི་ཨིན་ན་ཟེར་ འཆར་གཞི་བརྩམ་སྡོད་ནུག 48 དེ་འབདཝ་ད་ ཁོང་གིས་བཀྲོང་ནི་གི་ཐབས་ཤེས་འགྱིར་རུང་ གོ་སྐབས་མ་ཐོབ་པས་ ག་ཅི་སྨོ་ཟེར་བ་ཅིན་ མི་དེ་ཚུ་ག་ར་ ཁོ་གིས་སྟོན་མི་ཆོས་ལུ་ སྤྲོ་བ་བསྐྱེད་དེ་ཉནམ་ཨིན་མས།།
1 ཉིནམ་གཅིག་གི་ཚེ་ ཡེ་ཤུ་མཆོད་ཁང་ནང་མི་དམངས་ལུ་ཆོས་སྟོན་གནང་ དེ་ལས་གཏམ་བཟང་གསུངས་བཞུགསཔ་ད་ བླ་ཆེན་དང་བཀའ་ཁྲིམས་ཀྱི་སློབ་དཔོན་ དེ་ལས་མི་དམངས་ཀྱི་འགོ་དཔོན་ཚུ་ ཁོ་གི་སྐུ་མདུན་ལུ་བཅར་ཏེ། 2 དབང་ཚད་འདི་ག་ཏེ་ལས་ཐོབ་སྟེ་ དེ་ཚུ་མཛདཔ་སྨོ་ དབང་ཚད་འདི་ ནཱ་ལུ་ག་གིས་བྱིན་བྱིནམ་སྨོ་ ང་བཅས་ལུ་གསུངས་གནང་ཟེར་ཞུ་ནུག 3 ཡེ་ཤུ་གིས་ཁོང་ལུ་ལན་ ང་གིས་ཡང་ཁྱེད་ལུ་དྲི་བ་གཅིག་དྲི་ནི་ཨིན་ ང་ལུ་དེའི་ལན་སླབ་ཟེར་གསུངས་ནུག 4 ཡོ་ཧ་ནཱན་གྱིས་ཁྲུས་གསོལ་བྱིན་ནི་གི་དབང་ཚད་དེ་ ཞིང་ཁམས་ལས་ཨིན་ན་ མི་ལས་ཨིན་ན་ཟེར་གསུངསམ་ད། 5 ཁོང་རང་གི་སྦུག་ལུ་བསྟུན་གྲོས་བརྐྱབས་ཏེ་ ད་ང་བཅས་ཀྱིས་ཞིང་ཁམས་ལས་ཨིན་ཟེར་སླབ་པ་ཅིན་ ཁྱེད་ཀྱིས་ག་ཅི་འབད་ ཡོ་ཧ་ནཱན་ལུ་ཆ་མ་བཞགཔ་སྨོ་ཟེར་གསུང་འོང་། 6 ང་བཅས་ཀྱིས་ མི་ལས་ཨིན་ཟེར་སླབ་པ་ཅིན་ མི་དམངས་ཀྱིས་ང་བཅས་ལུ་རྡོ་གིས་བརྡུང་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཡོ་ཧ་ནཱན་དེ་ ལུང་སྟོན་པ་ངོ་མ་སྦེ་ ཆ་བཞགཔ་ཨིན་མས་ཟེར་སླབ་ནུག 7 དེ་འབདཝ་ལས་བརྟེན་ཏེ་ ཁོང་གིས་ལན་ འདི་ག་ལས་ཨིན་ན་ ང་བཅས་ཀྱིས་མི་ཤེས་པས་ཟེར་ཞུ་ནུག 8 དེ་ལས་ཡེ་ཤུ་གིས་ཡང་ཁོང་ལུ་ དེ་སྦེ་ཨིན་པ་ཅིན་ ང་ཡང་ག་གིས་དབང་ཚད་ནང་ ལཱ་འདི་འབདཝ་ཨིན་ན་ མི་སླབ་ཟེར་གསུངས་ནུག། 9 ད་ཡེ་ཤུ་གིས་མི་ཚུ་ལུ་གཟིགས་ཏེ་ ཨ་ནི་དཔེ་གཏམ་འདི་གསུངས་ནུག་ སྦྱིན་བདག་གཅིག་གིས་ལྡུམ་ར་བཟོ་སྦེ་ རྒུན་འབྲུམ་གྱི་ཤིང་བཙུགས་ཏེ་ ཞིང་ལཱ་འབད་མི་ལ་ལུ་ཅིག་ལུ་ བགོ་བཤའ་སྦེ་སྤྲོད་དེ་ ཁོ་རང་ཕྱིའི་རྒྱལ་ཁབ་ལུ་ ཡུན་རིངམ་གི་དོན་ལུ་སོང་ནུག 10 ལོ་ཐོག་བསྡུ་བའི་དུས་ཚོད་རནམ་ད་ སྦྱིན་བདག་གིས་ཁོ་རང་གི་གཡོགཔོ་གཅིག་ལུ་ ཁོ་གི་བགོ་བཤའ་ལེན་པ་གཏངམ་ད་ ཁོང་གིས་གཡོགཔོ་དེ་ལུ་བཟུང་ དྲངས་ཏེ་ སྟོངམ་སྦེ་ལོག་བཏང་ནུག 11 ད་རུང་ གཡོགཔོ་གཞན་གཅིག་ལུ་གཏངམ་ད་ འདི་ལུ་ཡང་ཁོང་གིས་བརྡུངས་ཏེ་ ངོ་ཚ་སི་སི་བཟོ་སྦེ་ ག་ནི་ཡང་མ་བྱིན་པར་སྟོངམ་སྦེ་ལོག་གཏང་ནུག 12 ཁོ་གིས་གཡོགཔོ་གསུམ་པ་དེ་ལུ་གཏངམ་ད་ དེ་ལུ་ཡང་ཧེ་མ་བཟུམ་སྦེ་རང་ ཁོང་གིས་འདི་ལུ་ཡང་ དྲང་བརྡུངས་རྨ་བཏོན་ཏེ་ལོག་གཏང་ནུག 13 རྒུན་འབྲུམ་ལྡུམ་ར་གི་སྦྱིན་བདག་དེ་གིས་ ག་ཅི་འབད་བ་ཅིན་དྲག་ག་ ད་ངེ་གི་བུ་གཅེས་ཤོས་ཕངས་ཤོས་དེ་ལུ་གཏང་ནི་ཨིན་ ཡང་ཅིན་ ངེ་གི་བུ་ལུ་ ཁོང་གིས་གུས་ཞབས་འབད་འོང་མེན་ན་ཟེར་ཁོ་གིས་ཁོ་རང་ལུ་སླབ་ནུག 14 དེ་འབདཝ་ད་ སྦྱིན་བདག་གི་བུ་འོང་ས་མཐོངམ་ད་ བགོ་བཤའ་འབད་མི་ཚུ་གིས་ ཁོང་རང་གཅིག་གིས་གཅིག་ལུ་ ཨ་ནི་སྦྱིན་བདག་གི་ཤུལ་འཛིན་པ་དེ་ཨིན་མས་ ཁོ་ལུ་བསད་གེ་ དེ་ལས་ཁོ་གི་ཕ་གཞི་དེ་ ང་བཅས་ཐོབ་ཟེར་ ཁོང་རང་དེ་སྦེ་སླབ་ནུག 15 དེ་ལས་ཁོང་གིས་སྦྱིན་བདག་གི་བུ་དེ་ལུ་ རྒུན་འབྲུམ་ལྡུམ་ར་གི་ཕྱི་ཁར་འཁྱིད་དེ་ བསད་བཀོག་ནུག་ ད་རྒུན་འབྲུམ་ལྡུམ་ར་གི་སྦྱིན་བདག་གིས་ ཁོང་ལུ་ག་ཅི་འབད་འོང་ག་ཟེར་ཡེ་ཤུ་གི་གསུངས་ནུག 16 ཁོ་རང་འོངས་ཏེ་ རྒུན་འབྲུམ་ལྡུམ་ར་གི་བགོ་བཤའ་འབད་མི་ཚུ་ལུ་བསད་བཀོག་སྦེ་ རྒུན་འབྲུམ་གྱི་ལྡུམ་ར་དེ་ མི་གཞན་ལུ་སྤྲོད་འོང་ཟེར་གསུངསམ་ད་ འདི་གོ་མི་དེ་ཚུ་གིས་ དེ་བཟུམ་སྦེ་ནམ་ཡང་འབྱུང་མ་བཅུག་ཟེར་ཞུ་ནུག 17 དེ་འབདཝ་ད་ ཡེ་ཤུ་གིས་ཁོང་ལུ་གཟིགས་ཏེ། རྩིགཔ་བཟོ་བོ་གིས་མ་དགོ་པར་བཞག་མི་རྡོ་འདི་ ཁག་ཆེ་ཏོག་ཏོ་གཅིག་ལུ་འགྱུར་ནུག་ཟེར་ གསུང་རབ་ནང་བྲིས་བཞག་མིའི་དོན་དག་དེ་ག་ཅི་སྨོ། 18 ག་ར་འབད་རུང་ རྡོ་དེ་གུ་བུད་མི་དེ་ ཆག་དཀྲུམ་འགྱོ་འོང་ དེ་འབདཝ་ད་ རྡོ་དེ་ག་གི་གུ་བུད་རུང་ དེ་ཐལ་བ་ལུ་འགྱུར་འོང་ཟེར་གསུངས་ནུག། 19 བཀའ་ཁྲིམས་ཀྱི་སློབ་དཔོན་དང་བླ་ཆེན་དེ་ཚུ་གིས་ དཔེ་གཏམ་འདི་ཁོང་ལུ་སྐྱོན་བཏགས་གསུངསམ་ཨིནམ་ཤེས་ཏེ་ ཡེ་ཤུ་ལུ་བཟུང་ནི་འབདཝ་ད་ མི་དམངས་ལུ་བལྟ་འདྲོགས་ཏེ་ བཟུང་མ་ཚུགས་པས། 20 ཁོང་རང་ཆ་ཁྱབ་ཀྱིས་ ཡེ་ཤུ་ལུ་བཟུང་ནི་གི་གནས་སྐབས་བལྟ་སྟེ་ དེ་སྦེ་སླབ་ནུག་ མི་ཕྲངམ་གཅིག་བཟུམ་སྦེ་བཟོ་སྟེ་ ཡེ་ཤུ་བཞུགས་སར་བྱ་བལྟ་བར་བཏང་སྟེ་ ཁོ་གི་ཞལ་ལས་ཐོན་མིའི་གསུང་ལུ་ཚིག་བཤེད་དེ་བཟུང་ཞིནམ་ད་ རོམ་གྱི་གཞུང་ཚབ་ལུ་སྤྲོད་ནི་ཟེར་ མི་ལ་ལུ་ཅིག་ཁོ་གི་སྐུ་མདུན་ལུ་གཏང་ནུག 21 དེ་ལས་ཁོང་གིས་ཡེ་ཤུ་ལུ་ སློབ་དཔོན་ལགས་ ནཱ་གིས་གསུངས་མི་དང་ སྟོན་གནང་མི་ཆོས་འདི་ ཀྲིག་ཀྲི་ཨིན་ ནཱ་གིས་མི་གི་ངོ་སོ་ལུ་མ་གཟིགས་བར་ ཆོས་དང་མཐུན་ཏེ་ དཀོན་མཆོག་གི་ལམ་དོན་ལས་རང་སྟོན་གནང་ཡི་ཟེར་ ང་བཅས་ཀྱིས་ཤེས་ཅི། 22 ད་ང་བཅས་ཀྱིས་ རོམ་གྱི་གཞུང་ལུ་ཁྲལ་སྤྲོད་ནི་འདི་ ཀྲིག་ཀྲི་ཨིན་ན་མེན་ན་གསུངས་གནང་ཟེར་ཞུ་ནུག 23 དེ་འབདཝ་ད་ ཁོང་གིས་མགུ་བསྐོར་རྐྱབ་མི་དེ་ ཡེ་ཤུ་གིས་མཁྱེན་ཏེ་ཁོང་ལུ། 24 ང་ལུ་ཏི་རུ་ དེ་ན་རི་གཅིག་བཏོན་ཞིག་ འདི་གུ་ག་གི་སྐུ་པར་དང་མཚན་འདུག་ག་ཟེར་དྲི་བ་གསུངསམ་ད་ དེ་གུ་རྒྱལཔོ་ ཀེ་སཱར་གྱི་སྐུ་པར་དང་མཚན་འདུག་ཟེར་ཁོང་གིས་ལན་ཞུ་ནུག 25 དེ་ལས་ཡེ་ཤུ་གིས་དེ་སྦེ་འབད་བ་ཅིན་ རྒྱལཔོ་ ཀེ་སཱར་ལུ་ཕུལ་དགོ་མི་འདི་ རྒྱལཔོ་ལུ་རང་ཕུལ་ དཀོན་མཆོག་ལུ་ཕུལ་དགོ་མི་འདི་ དཀོན་མཆོག་ལུ་རང་ཕུལ་ཟེར་གསུངས་ནུག 26 མི་གི་སྦུག་ལུ་ ཁོང་གིས་ཡེ་ཤུ་གིས་གསུངས་མི་ནང་ལས་ ཚིག་བཤེད་དེ་བཟུང་མ་ཚུགས་པས་ ཁོ་གིས་གསུངས་མི་ལན་ལུ་བལྟ་ ཁོང་ཧ་ལས་ཏེ་ ཁུ་སིམ་སི་སྦེ་སྡོད་ནུག། 27 ས་དུ་ཀི་པ་ཟེར་མི་ཆོས་ལུགས་ཀྱི་ མཐའན་མཇུག་ལུ་ག་ར་ཤི་ས་ལས་གསོན་པོ་སྦེ་ལོང་ནི་མེད་ཟེར་སླབ་མི་ཚུ་གི་གྲལ་ཁ་ལས་ ཁོ་གི་སྐུ་མདུན་ལུ་བཅར་ཏེ་ཞུ་ནུག 28 སློབ་དཔོན་ལགས་ མོ་སཱེས་ཀྱིས་ང་བཅས་ཀྱི་དོན་ལས་ བཀའ་ཁྲིམས་ནང་ལུ་དེ་སྦེ་བྲིས་ཏེ་འདུག་ ཕོ་རྒནམ་འདི་ཁོ་རང་གི་ཨམ་སྲུ་དེ་ལས་བུ་གཞི་མེད་པར་ཤི་སོང་པ་ཅིན་ ནུ་གཅུང་གིས་ཕོ་རྒནམ་གྱི་ཨམ་སྲུ་དེ་གཉེན་བརྐྱབས་ཏེ་ རང་གི་ཕོ་རྒནམ་གི་དོན་ལུ་བུ་གཞི་སྐྱེ་དགོ་ཟེར་ཨིན་མས། 29 ད་ཧེ་མ་བུ་སྤུན་ཆ་བདུན་ཡོདཔ་ཨིན་མས་ བུ་སྦོམ་ཤོས་དེ་གཉེན་བརྐྱབས་ཏེ་ཨ་ལོ་མེད་པར་ཤི་སོང་ནུག 30 དེ་ལས་གཉིས་པ་དེ་གིས་ཡང་ ཕོ་རྒནམ་གི་ཨམ་སྲུ་དང་གཅིག་ཁར་གཉེན་བརྐྱབས་ནུག་ དེ་འབདཝ་ད་ ཁོ་ཡང་ཨ་ལོ་མེད་པར་ཤི་སོང་ནུག 31 དེ་ལས་ནུ་གཅུང་གསུམ་པ་དེ་ཡང་ ཁོང་བཟུམ་སྦེ་ཤི་སྟེ་ སྤུན་ཆ་རེ་རེ་བཞིན་དུ་ མོ་དང་གཉེན་བརྐྱབས་ཏེ་ཨ་ལོ་མེད་པར་ཤི་སོང་ནུག 32 མཐའན་མཇུག་ལུ་མོ་རང་ཡང་ཤི་སོང་ནུག 33 དེ་ཚུ་ག་ར་ཤི་ས་ལས་གསོན་པོ་སྦེ་ལོང་པའི་དུས་ལུ་ མོ་ག་གིས་ཨམ་སྲུ་འབད་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ བུ་སྤུན་ཆ་བདུན་གྱིས་མོ་ལུ་གཉེན་བརྐྱབས་ཅི་ཟེར་ཞུ་ནུག 34 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ཨམ་སྲུ་དང་ཕོ་རྒྱ་ ད་ལྟོ་གི་མི་ཚེ་འདི་ནང་མ་གཏོགས་ གཉེན་བརྐྱབ་ནི་མེད། 35 དེ་འབདཝ་ད་ ཤི་ས་ལས་གསོན་པོ་སྦེ་ལོང་པའི་དུས་ལུ་ གཉེན་བརྐྱབ་ནི་དང་མནའ་མ་གཏང་ནི་ཡང་མེད། 36 ག་ཅི་སྨོ་ཟེར་བ་ཅིན་ ཁོང་ནམ་ཡང་ལོག་སྟེ་མི་ཤི་ དེའི་སྐབས་ཁོང་ཕོ་ཉ་དང་འདྲ་ ཁོང་ཤི་ས་ལས་ལྷོང་གནང་སྟེ་ ཚེ་གསརཔ་ཐོབ་མི་ དཀོན་མཆོག་གི་སྲས་དང་སྲསམོ་ཨིན། 37 ཤི་ས་ལས་གསོན་པོ་སྦེ་ལོང་པའི་དུས་ཀྱི་སྐོར་ལས་ མོ་སཱེས་ཀྱིས་ཁུངས་བཀལ་ཏེ་ གསུང་རབ་ནང་ཚལ་མ་མེ་འབར་བའི་སྐོར་ལས་བྲིས་ཏེ་འདུག་ དེ་ནང་ལུ་ ཨབ་ར་ཧམ་གྱི་དཀོན་མཆོག་དང་ ཨི་སག་གི་དཀོན་མཆོག་ དེ་ལས་ ཡ་ཀོབ་ཀྱི་དཀོན་མཆོག་ཟེར་ གཙོ་བོ་གི་མཚན་ཡང་དེ་སྦེ་ཞུ་ནུག 38 དེ་བཟུམ་སྦེ་རང་ ཁོ་ཤི་སོང་མི་ཚུ་གི་དཀོན་མཆོག་མེན་པར་ གསོན་པོ་ཡོད་མི་ཚུ་གི་ དཀོན་མཆོག་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་དོན་ལུ་ ཁོང་ཆ་ཁྱབ་གསོན་པོ་སྦེ་སྡོདཔ་ཨིན་ཟེར་གསུངས་ནུག 39 དེ་ལས་བཀའ་ཁྲིམས་ཀྱི་སློབ་དཔོན་ལ་ལུ་གིས་ཡེ་ཤུ་ལུ་ སློབ་དཔོན་ལགས་ ནཱ་གིས་ལེགས་ཤོམ་སྦེ་རང་གསུངས་ཡི་ཟེར་ཞུ་ནུག 40 དེ་ལས་ཁོང་གིས་ ཁོ་ལུ་དྲི་བ་ཐེབས་ག་ནི་ཡང་ ཞུ་མ་ནུས་པས།། 41 དེ་ལས་ཡེ་ཤུ་གིས་ཁོང་ལུ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་འདི་ རྒྱལཔོ་ ད་བིད་ཀྱི་བུ་བརྒྱུད་ཨིན་ཟེར་ག་དེ་སྦེ་སླབ་ཚུགསཔ་སྨོ། 42 ག་ཅི་སྨོ་ཟེར་བ་ཅིན་ ད་བིད་ཀྱིས་མགུར་མ་ནང་། གཙོ་བོ་དཀོན་མཆོག་གིས་ངེ་གི་གཙོ་བོ་ལུ་ ང་གིས་ཁྱོད་ཀྱིས་དགྲ་བྱང་ཕྱད་ཚུ་ ཁྱོད་ཀྱི་དབང་ཚད་འོག་ལུ་ མ་བཙུགས་ཚུན་ཚོད་ ཁྱོད་ངེ་གི་གཡས་ཁ་ཐུག་སྡོད་ཟེར་གསུངས་ནུག་ཟེར་ བྲིས་ཏེ་འདུག 44 ད་བིད་ཁོ་རང་གིས་ཁིརཱིས་ལུ་གཙོ་བོ་ཟེར་ཞུ་བ་ཅིན་ ཁིརཱིས་འདི་ ད་བིད་ཀྱི་བུ་བརྒྱུད་ཨིན་ཟེར་ག་དེ་སྦེ་སླབ་ཚུགསཔ་ཟེར་ཡེ་ཤུ་གིས་གསུངས་ནུག། 45 མི་ག་ར་གིས་ཉན་ཏེ་སྡོད་པའི་བསྒང་ལུ་ ཡེ་ཤུ་གིས་ཁོ་རང་གི་སློབ་མ་ཚུ་ལུ། 46 བཀའ་ཁྲིམས་ཀྱི་སློབ་དཔོན་དེ་ཚུ་ལས་ རིགཔ་བསྒྱིམ་སྟེ་སྡོད་ ཁོང་གིས་བགོ་ལ་མར་རིངམ་སྦེ་གཏང་གྱོན་ནི་དང་ ཁྲོམ་ཁར་ལས་ཕར་བཤལ་ཏེ་ ཁོང་རང་ལུ་ཞེ་ས་འབད་ནི་ སི་ན་གོག་ནང་ན་ཁྲི་མཐོ་ས་འཚོལ་ནི་ དེ་ལས་ཚོགས་སྟོན་ནང་མགྱོནམ་སྦེ་འབོ་པ་ཅིན་ གྱལ་མགོ་ལུ་སྡོད་ནི་དགའ། 47 ཁོང་ངོ་ཚ་ནི་མེད་ ཡུགས་ས་མོ་ཚུ་གི་རྒྱུ་ནོར་ཚུ་བཅོམ་ཨིན་ མི་གི་གདོང་ཁར་ཆོས་སེམས་ཅན་བཟོ་སྟེ་ སྨོན་ལམ་ཡུན་རིངམ་སྦེ་བཏབ་ཨིན་མས་ འདི་བཟུམ་གྱི་མི་ཚུ་ལུ་ མི་གཞན་ཚུ་ལས་ཡང་ལྷག་པའི་ཆདཔ་ཕོག་འོང་ཟེར་གསུངས་ནུག།
1 ཡེ་ཤུ་མཆོད་ཁང་ནང་ མི་ཕྱུགཔ་ཚུ་གིས་ཁོང་རང་གི་ཞལ་འདེབས་ སྒྲོམ་ནང་བཙུགས་ས་གཟིགས་ནུག 2 དེ་ལས་ཨམ་ཡུགས་ས་མོ་སྤྱང་ཀ་གཅིག་གིས་ཡང་ འདི་ནང་ལུ་ཟངས་ཀྱི་ཕྱེད་ཀྲམ་གཉིས་བཙུགས་ས་གཟིགས་ནུག 3 ད་ཡེ་ཤུ་གིས་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཨ་ནི་ཨམ་ཡུགས་ས་མོ་སྤྱང་ཀ་འདི་གིས་ གཞན་ལས་ལྷགཔ་སྦེ་ཕུལ་ཡི། 4 ག་ར་གིས་རང་ལུ་ལངམ་སྦེ་ཡོད་པའི་ཁ་ལས་ ཞལ་འདེབས་ཕུལཝ་ཨིན་མས་ དེ་འབདཝ་ད་ ཨམ་འདི་སྤྱང་ཀ་གཅིག་འབད་རུང་ མོ་རང་ནང་ག་ཡོད་མི་དེ་ མི་ཚེ་གསོན་པོ་སྦེ་སྡོད་ནི་གི་དོན་ལུ་ ཟ་ནི་ཡང་མ་བཞག་པར་ ག་ར་ཕུལཝ་མས་ཟེར་གསུངས་ནུག། 5 དེ་ལས་སློབ་མ་ལ་ལུ་ཅིག་གིས་མཆོད་ཁང་བལྟ་སྟེ་ ཨ་ནི་རྡོ་ཅུང་བྱ་ཆི་ཆི་གྱང་གུ་སྦྱར་མི་དེ་དང་ དཀོན་མཆོག་ལུ་ཕུལ་མིའི་ཅ་ཆས་འདི་ཚུ་ ག་ཅི་དེས་ཅིག་ཧ་ལས་སི་སི་འདུག་ཟེར་བའི་སྐོར་ལས་བློ་སླབ་ད་ ཡེ་ཤུ་གིས། 6 ཁྱེད་ཀྱིས་མཐོང་མི་དེ་ ད་ཤུལ་མ་དུས་ཚོད་གཅིག་འོང་དོ་ དེའི་སྐབས་ལུ་ རྡོ་བརྩེག་བརྩེགཔ་གཅིག་ཡང་མ་བཞག་པར་ མར་བརྡལ་བཀོ་འོང་ཟེར་གསུངས་ནུག། 7 ཁོང་གིས་ཡེ་ཤུ་ལུ་ སློབ་དཔོན་ལགས་ དེ་སྦེ་ནམ་འབྱུང་ནི་ཨིན་ན་ འདི་མ་འབྱུང་པའི་ཧེ་མ་ རྟགས་མཚན་མ་འདྲཝ་ ག་དེ་སྦེ་འབྱུང་ནི་ཨིན་ན་ཟེར་ཞུ་ནུག 8 ཡེ་ཤུ་གིས་ ཁྱེད་ལུ་མི་ག་གིས་ཡང་མགུ་བསྐོར་ནང་བཙུགས་མ་བཅུག་ནི་གི་དོན་ལུ་ རིགཔ་བསྒྱིམ་སྟེ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་མིང་ནང་ མི་ལེ་ཤ་འོངས་ཏེ་ ང་ཨིན་ཟེར་སླབ་མི་དང་ དུས་སྐབས་འདི་ ད་ལྷོདཔ་ཨིན་ཟེར་སླབ་མི་འཐོན་འོང་ དེ་འབདཝ་ད་ འདི་ཚུ་གི་རྟིང་བདའ་མ་སོང་། 9 ཁྱེད་ཀྱིས་ དམག་བརྐྱབ་ནི་དང་ ནང་འཁྲུག་ལོངས་པའི་ལོ་རྒྱུས་ཚུ་གོཝ་ད་མ་འདྲོག་ འདི་ཚུ་འབྱུང་རང་འབྱུང་དགོ་ དེ་འབདཝ་ད་ དུས་ཚོད་འདི་ དུས་མཐའན་མཇུག་ལུ་ལྷོདཔ་མེན་ཟེར་གསུངས་ནུག 10 འཕྲོ་མཐུད་དེ་རང་ ཡེ་ཤུ་གིས་ མི་རིགས་དང་མི་རིགས་ རྒྱལ་ཁབ་དང་རྒྱལ་ཁབ་དམག་བརྐྱབ་འོང་། 11 གཡུས་ག་ར་ནང་ལུ་ ས་གཡོམ་སྦོམ་བརྐྱབ་ མུ་གེ་འཐོན་ ད་རུང་ཚབས་ཆེན་རིམ་ནད་འབྱུང་འོང་ དེ་གིས་མ་ཚད་ ནམ་མཁའ་ལས་རྟགས་མཚན་མ་འདྲཝ་དང་ འདྲོག་སི་སི་ཚུ་འབྱུང་འོང་། 12 དེ་ཚུ་ག་ར་མ་འབྱུང་པའི་ཧེ་མ་ གནོད་པ་སྦོམ་གཅིག་འབྱུང་འོང་ མི་དེ་ཚུ་གིས་ཁྱེད་ལུ་ སི་ན་གོག་ནང་བཀལ་ཏེ་ རྩིས་གཞི་ཕྱེ་སྟེ་ བཙོན་ཁང་ནང་བཙུགས་འོང་ ངེ་གི་མིང་གི་ཞོར་ཁར་ ཁྱེད་ལུ་རྒྱལཔོ་དང་གཞུང་ཚབ་ཚུ་གི་སྐུ་མདུན་ལུ་འཁྱིད་བཀལ་འོང་། 13 དུས་ཚོད་དེའི་སྐབས་ལུ་ཁྱེད་ཀྱིས་ ངེ་གི་སྐོར་ལས་དཔང་པོ་འབད་བའི་དུས་སྐབས་ཐོབ་ཚུགས། 14 འདིའི་སྐབས་ལུ་ ང་གིས་ག་ཅི་འབད་དགོ་ག་ཟེར་མནོ་སྟེ་ ཧེ་མ་ལས་སེམས་ཁར་ཚ་གྱང་ལངས་ཏེ་གྲ་སྒྲིག་རྐྱབ་མི་དགོ། 15 ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ཁྱེད་ལུ་ ཚིག་ཀྲིག་ཀྲི་དང་ ཁྱེད་ཀྱི་དགྲ་ཚུ་གིས་ལན་རྐྱབ་མ་ཚུགས་མི་དང་ ཁུངས་བཀལ་མ་ཚུགས་པའི་ཤེས་རབ་བྱིན་ནི་ཨིན། 16 དེ་ལས་ཁྱེད་ཀྱི་ཕམ་དང་སྤུན་ཆ་ མི་ཚན་དང་ལྟོ་ཚང་ཚུ་གིས་ཡང་ ངོ་ལོག་བརྐྱབས་ཏེ་ ཁྱེད་ལ་ལུ་བསད་འོང་། 17 ངེ་གི་མིང་གི་ཞོར་ཁར་ མི་ག་ར་གིས་ཁྱེད་ལུ་མི་དགའ་བར་དགྲ་འབད་འོང་། 18 དེ་འབདཝ་ད་ ཁྱེད་ཀྱི་མགུ་ཏོ་གི་སྐྱ་གཅིག་ལུ་ཡང་གནོད་མི་ཚུགས། 19 ཁྱེད་དད་པ་ནང་སྒྲིང་སྒྲིང་སྦེ་སྡོད་དེ་ ཚེ་ཐོབ་འོང་ཟེར་གསུངས་ནུག། 20 དེ་ལས་ ཡེ་རུ་ཤ་ལེམ་དེ་དམག་མི་ཚུ་བསྐོར་ར་བརྐྱབ་སྡོདཔ་མཐོངམ་ད་ ཁྱེད་ཀྱིས་ ད་རྩ་མེད་གཏང་པའི་དུས་ཚོད་སྦོ་ལོགས་ལྷོད་ནུག་ཟེར་ཤེས་འོང་། 21 དེའི་དུས་ལུ་ལུང་ཕྱོགས་ ཡུ་དེ་ཡ་ནང་ཡོད་མིའི་མི་དེ་ཚུ་ སྒང་རི་ཁ་ཐུག་ལུ་འབྱོག་འགྱོ་དགོ་ དེ་ལས་ ཡེ་རུ་ཤ་ལེམ་ནང་ན་ཡོད་མི་ཚུ་ ཕྱི་ཁར་ཐོན་སོང་ དེ་ལས་ཕྱི་ཁར་ཡོད་མི་ཆ་ཁྱབ་ ལོག་སྟེ་རྒྱལ་ས་འདི་ནང་མ་འཛུལ། 22 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་བསྐྱིན་མ་རྐྱབ་པའི་ཉིནམ་འདི་ གསུང་རབ་ནང་ཡོད་མི་ལུང་བསྟན་ཚུ་ག་ར་འགྲུབ་ནི་ཨིན། 23 དེའི་སྐབས་ལུ་ ཨམ་སྲུ་ཨ་ལོ་སྐྱེ་ནི་ཡོད་མི་དང་ ཨ་ལོ་ཨོམ་འཐུང་ནི་ཡོད་མི་ཨའི་ཚུ་ལུ་ ག་དེམ་ཅིག་སྡུག་བསྔལ་མྱོང་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ འཛམ་བུ་གླིང་འདི་ནང་གི་མི་རིགས་ཚུ་ལུ་དཀའ་ངལ་མྱོང་ནི་ཨིན་ དེ་ལས་དཀོན་མཆོག་གི་ཐུགས་ཁྲོས་ཕོག་ནི་ཨིན། 24 ཁོང་ལ་ལུ་ གྱི་ཅུང་ཁ་གི་འོག་ལུ་ཤི་འོང་ ལ་ལུ་མི་གཞན་གྱི་བཟུང་སྟེ་ འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནང་བཙོན་པ་སྦེ་འཁྱིད་འགྱོ་འོང་ དེ་ལས་ཕྱིའི་མི་རིགས་ལས་རྒྱུད་དེ་ དཀོན་མཆོག་གིས་གནང་མི་དོན་དག་ཚུ་མ་གྲུབ་ཚུན་ཚོད་ ཡེ་རུ་ཤ་ལེམ་ཁོང་གི་འོག་ལུ་ མར་མནེམ་བཞག་འོང་ཟེར་གསུངས་ནུག། 25 དེ་ལས་ཡར་གནམ་ཁ་ལུ་ ཉིམ་དང་ཟླཝ་སྐརམ་འདི་ཚུ་ལུ་ རྟགས་མཚན་མ་འདྲཝ་འབྱུང་འོང་ མར་འཛམ་གླིང་ནང་ མི་རིགས་འདི་ཚུ་གིས་ རྒྱ་མཚོ་འཁྲུགས་པའི་རྦ་རླབས་ངར་ནི་དང་ གནམ་མེད་ས་མེད་ལང་ས་མཐོངམ་ད་ ག་ཅི་འབདཝ་ཨིན་ན་མནོ་སྟེ་འདྲོག་འོང་། 26 དེ་གིས་མ་ཚད་ འཛམ་བུ་གླིང་ནང་ག་ཅི་འབྱུང་ནི་ཨིན་ན་ཟེར་ མི་ཚུ་གནམ་མེད་ས་མེད་ཚ་གྱང་ལངས་ཏེ་ དྲན་པ་གཏོར་ཏེ་འགྱེལ་འགྱོ་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཉིམ་དང་ཟླཝ་སྐརམ་འདི་ཚུ་གི་ཤུགས་འདི་གཡོམ་རྐྱབ་འོང་། 27 དེའི་སྐབས་ལུ་ ཁོང་གིས་ མིའི་བུ་ནམ་མཁའི་ས་སྨུག་ནང་ ཁོ་རང་གི་དབང་ཤུགས་དང་གཟི་བརྗིད་ཁྱབ་སྟེ་འོང་ས་མཐོང་འོང་། 28 དེ་ཚུ་ག་ར་འབྱུང་ས་མཐོངམ་ད་ མགྱོགས་པར་ཡར་ལོང་སྟེ་མགུ་ཏོ་ཡར་སེང་སྟེ་བལྟ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་ཐར་པ་འདི་ ནཱ་སྦོ་ལོགས་ཁར་ལྷོད་ཅི་ཟེར་ཡེ་ཤུ་གིས་གསུངས་ནུག། 29 དེ་ལས་ཡེ་ཤུ་གིས་དཔེ་གཏམ་འདི་གི་ཐོག་ལས་སྦེ་ ཨ་ནི་ཅོང་སེ་ཤིང་དང་ཤིང་གཞན་འདི་ཚུ་ལུ་བལྟ། 30 ད་ཤིང་གི་ལྕུག་གུ་འདི་ཚུ་སྐྱེས་ས་མཐོངམ་ད་ ནམ་བྱཱར་ནཱ་སྦོ་ལོགས་ཁར་ལྷོད་ནུག་ཟེར་ཁྱེད་ཀྱིས་སླབ་འོང་། 31 ང་གིས་སླབ་མི་དཔེ་གཏམ་བཟུམ་སྦེ་རང་ མ་འདྲཝ་དེ་ཚུ་འབྱུང་ས་མཐོངམ་ད་ དཀོན་མཆོག་གི་རྒྱལ་སྲིད་དེ་ ནཱ་སྦོ་ལོགས་ཁར་ལྷོད་ཅི་ཟེར་ཁྱེད་ཀྱིས་ཤེས་འོང་། 32 ང་གིས་ཁྱེད་ལུ་དོན་ལས་རང་སླབ་དོ་ དེ་ཚུ་ག་ར་མ་འབྱུང་པའི་ཧེ་མ་ལས་ ཨ་ནི་མི་རབས་དེ་ཚུ་རབས་ཆད་དེ་མི་འགྱོ། 33 དེ་འབདཝ་ད་ གནམ་དང་ས་གཉིས་ཡལ་འགྱོ་རུང་ ང་གིས་སླབ་མི་འདི་ཚུ་ དུས་ནམ་ཡང་ཡལ་མི་འགྱོ་ཟེར་གསུངས་ནུག། 34 ད་ཁྱེད་རིགཔ་བསྒྱིམ་སྟེ་སྡོད་ ལུས་ཀྱི་སྤྲོ་བ་བཏོན་ནི་དང་ ཆང་གིས་འགྲངས་ནི་དང་ མི་ཚེ་འདི་གི་ཚ་གྱང་ལངས་ཏེ་མ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ དུས་ཚོད་འདི་ཁྱེད་ཀྱིས་མ་ཤེས་པར་ འོང་ནི་གི་ཉེན་ཁ་ཡོད། 35 དཔེ་བྱ་ཧིང་ནང་ཧང་སྟོང་མ་ཚུད་དོཝ་བཟུམ་གྱི་ཉིནམ་འདི་ འཛམ་བུ་གླིང་ནང་གནས་མི་ག་ར་ལུ་འབྱུང་ནི་ཨིན། 36 དེ་འབདཝ་ད་ དུས་ནམ་རང་འབད་རུང་ རིགཔ་བསྒྱིམ་ དེ་ལས་འབྱུང་ནི་ཨིན་ཟེར་མི་ནང་ལས་ འཐོན་ཚུགས་ནི་དང་ མིའི་བུ་གི་གདོང་ཁར་ ཡར་ལོང་སྡོད་ཚུགས་ནི་གི་དོན་ལུ་ གསོལ་བ་དང་སྨོན་ལམ་བཏབ་སྟེ་སྡོད་ཟེར་གསུངས་ནུག 37 དེ་ལས་ཡེ་ཤུ་གིས་ཉིནམ་རེ་འཆར་རང་མཆོད་ཁང་ནང་ལུ་ ཆོས་གསུངས་ཏེ་བཞུགས་ནུག་ དེ་འབདཝ་ད་ ཕྱི་རུ་ཁམས་ཨ་རུ་ར་ཤིང་གི་སྒང་གུ་ལུ་བྱོན་ཏེ་བཞུགས་ནུག 38 དེ་ལས་དྲོཔ་རེ་འཆར་རང་ཧ་སག་སྟེ་ མི་དམངས་ཁོ་ལས་ཆོས་ཉན་པ་མཆོད་ཁང་ནང་སོང་ནུག།
1 བུལ་ཏོག་མེད་པའི་ཏད་ཟས་ཀྱི་དུས་ཆེན་དང་ ཤི་ས་ལས་ཐར་བའི་དུས་ཆེན་སྦོ་ལོགས་ཁར་ལྷོདཔ་ད། 2 བླ་ཆེན་དང་བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་ ཡེ་ཤུ་བཀྲོང་དགོ་ཟེར་མནོ་རུང་ མི་དམངས་ལུ་བལྟ་འདྲོག་ནི་འདི་གིས་ ཁོང་གིས་གསང་བ་གི་ཐོག་ལས་སྦེ་ བཀྲོང་ནི་གི་ཐབས་ཤེས་འགྱིར་ནུག 3 དེ་ལས་སློབ་མ་བཅུ་གཉིས་ཀྱི་གྲལ་ཁ་ལས་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཟེར་སླབ་མིའི་ནང་བདུད་ སེ་ཏཱན་འཛུལ་ནུག 4 དེ་ལས་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ བླ་ཆེན་དང་ མཆོད་ཁང་བསྲུང་རྒྱབ་ཀྱི་འགོ་དཔོན་བཞུགས་སར་བཅར་ཏེ་ ངོ་ལོག་བརྐྱབ་ནི་སྦེ་ ཁོང་དང་བསྟུན་གྲོས་བརྐྱབས་ནུག 5 དེ་ལས་ཁོང་གནམ་མེད་ས་མེད་ཐུགས་དགྱེས་ཏེ་ ཁོ་ལུ་ཐད་རི་བ་རི་ཏི་རུ་བྱིན་ནི་སྦེ་ཐུགས་བསམ་བཞེས་ནུག 6 དེ་ལས་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཀྱིས་ཡང་ཁ་བཟེད་དེ་ མི་དམངས་ཀྱིས་མ་ཤེསཔ་སྦེ་ཡེ་ཤུ་བཟུང་སྟེ་ ཁོང་གི་ལག་པར་སྤྲོད་ནི་སྦེ་ གོ་སྐབས་ལེགས་ཤོམ་གཅིག་བལྟ་སྡོད་ནུག། 7 བུལ་ཏོག་མེད་པའི་ཏད་ཟས་ཀྱི་དུས་ཆེན་གྱི་ཉིནམ་ལུ་ ཤི་ས་ལས་ཐར་བའི་དུས་ཆེན་གྱི་ལུག་ཕྱུག་ དམར་མཆོད་ཕུལ་བའི་སྐབས་ལུ། 8 ཡེ་ཤུ་གིས་ པེ་ཏྲོ་དང་ ཡོ་ཧ་ནཱན་གཉིས་ལུ་ ང་བཅས་ཀྱི་དོན་ལུ་ ཤི་ས་ལས་ཐར་བའི་ཚོགས་སྟོན་གྲ་སྒྲིག་རྐྱབ་པ་སོང་ཟེར་གཏངམ་ད། 9 ཁོང་གིས་ནཱ་གི་ཐུགས་ལུ་འབད་བ་ཅིན་ ག་ཏེ་ལུ་སྦེ་ང་བཅས་ཀྱིས་གྲ་སྒྲིག་བརྐྱབ་ནི་སྨོ་ཟེར་ཞུ་ནུག 10 ཁོ་གིས་ལན་ ཁྱེད་ཕར་ཁྲོམ་ཁར་སོང་ ཕར་ལུ་ཆུ་འབག་མི་ཕོ་སྐྱེས་གཅིག་དང་འཕྱད་འོང་ དེ་ལས་ཁོ་གི་རྟིང་བདའ་སྟེ་སོང་ཞིནམ་ད། 11 ཁོ་འཛུལ་སའི་ཁྱིམ་གྱི་སྦྱིན་བདག་འདི་ལུ་སླབ་ སློབ་དཔོན་གྱིས་གསུངས་དེས་ ང་བཅས་ཤི་ས་ལས་ཐར་བའི་དུས་ཆེན་གྱི་དོན་ལུ་ ཚོགས་སྟོན་ཟ་སའི་མགྲོན་ཁང་ག་ཏེ་ཡོདཔ་ཟེར་ སྦྱིན་བདག་འདི་ལུ་སླབ། 12 དེ་ལས་ཁོ་གིས་ཁྱེད་ལུ་འཁྱིད་ཞིནམ་ད་ ཁྱིམ་ཐོག་གོང་མ་ཁང་མིག་སྦོམ་ནང་ ཅ་ལ་ཚུ་ག་ར་ཀྲིག་ཀྲི་སྦེ་ཡོད་མི་གཅིག་བཏོན་འོང་ དེ་ཁར་ཁྱེད་ཀྱིས་གྲ་སྒྲིག་རྐྱབས་ཟེར་གསུངས་ནུག 13 དེ་ལས་ཁོང་ཕར་ལྷོདཔ་ད་ ཡེ་ཤུ་གིས་གསུངས་དོཝ་བཟུམ་སྦེ་རང་ཐོབ་ནུག་ དེ་ཁར་ལུ་ ཁོང་གིས་ཤི་ས་ལས་ཐར་བའི་དུས་ཆེན་གྱི་དོན་ལུ་ ཚོགས་ཀྱི་གྲ་སྒྲིག་བརྐྱབས་ནུག 14 ཚོགས་བཞེས་རནམ་ད་ ཡེ་ཤུ་ཁོང་སྐུ་ཚབ་བཅུ་གཉིསཔ་དང་གཅིག་ཁར་བཞུགས་ནུག 15 ཡེ་ཤུ་གིས་ཁོང་ལུ་ ང་སྡུག་བསྔལ་གྱིས་མ་བརྡུང་པའི་ཧེ་མ་ ཤི་ས་ལས་ཐར་བའི་ཚོགས་སྟོན་འདི་ ཁྱེད་དང་གཅིག་ཁར་ཟ་ནི་གི་རེ་བ་གནམ་མེད་ས་མེད་ཡོདཔ་ཨིན། 16 ང་གིས་ཁྱེད་ལུ་སླབ་དོ་ ད་ཚོགས་སྟོན་གྱི་དོན་དག་ཚུ་དཀོན་མཆོག་གི་རྒྱལ་སྲིད་ནང་མ་བསྒྲུབ་པའི་བར་དུ་ ང་གིས་ཁྱེད་དང་གཅིག་ཁར་ཚོགས་སྟོན་འདི་མི་ཟ་ཟེར་གསུངས་ནུག 17 དེ་ལས་ཡེ་ཤུ་གིས་བཞེས་ཆ་འདི་ཕྱག་ལུ་བསྣམས་ཏེ་ དཀོན་མཆོག་ལུ་གཏང་རག་ཕུལ་སྦེ་ཨ་ནི་ལེན་ཞིནམ་ད་ ཁྱེད་རང་ཆ་ཁྱབ་ཀྱི་སྦུག་ལུ་བགོ་བཤའ་བརྐྱབས་ཏེ་འཐུང་། 18 ང་གིས་ཁྱེད་ལུ་སླབ་དོ་ ད་རེས་ལས་འགོ་བཙུགས་ཏེ་ དཀོན་མཆོག་གི་རྒྱལ་སྲིད་མ་འོང་ཚུན་ཚོད་ རྒུན་འབྲུམ་ཆང་འདི་ང་མི་འཐུང་ཟེར་གསུངས་ནུག 19 ཏད་ཟས་ཕྱག་ལུ་བསྣམས་ཏེ་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་སྦེ་ བཅགས་ཞིནམ་ད་ ཁོང་ལུ་གནང་སྟེ་ འདི་ངེ་གི་གཟུགས་ཨིན་ ཁྱེད་ཀྱི་དོན་ལུ་བྱིནམ་ཨིན་ ང་ལུ་སེམས་ཁར་དྲན་ནི་གི་དོན་ལུ་ ཁྱེད་ཀྱིས་དེ་བཟུམ་སྦེ་རང་འབད་དགོ་ཟེར་གསུངས་ནུག 20 དེ་ལས་ཚོགས་བཞེས་ཚར་བའི་ཤུལ་ལས་ ཧེ་མ་བཟུམ་སྦེ་རང་ བཞེས་ཆ་འདི་ཕྱག་ལུ་བསྣམས་ཏེ་ ཨ་ནི་བཞེས་ཆ་ནང་ཡོད་མིའི་ཁྲག་དེ་ དཀོན་མཆོག་གི་ཞལ་འཆེས་གསརཔ་འདི་ཨིན་ ཨ་ནི་ཁྲག་འདི་ ཁྱེད་ཀྱི་དོན་ལུ་བླུག་བླུགཔ་ཨིན། 21 ད་བལྟ་ཞིག་ ང་ལུ་ངོ་ལོག་སྟེ་ དགྲ་གི་ལག་པར་སྤྲོད་མི་འདི་ ཨ་ནཱ་ཟ་ཁྲི་གི་གདོང་ཁར་སྡོད་མི་འདི་ཨིན། 22 མ་གཞི་མིའི་བུ་དེ་ དཀོན་མཆོག་གི་ཐུགས་དགོངས་དང་འཁྲིལ་ཏེ་ ཤི་དགོཔ་ཨིན་རུང་ ང་ལུ་ངོ་ལོག་མི་དེ་ལུ་ ག་དེམ་ཅིག་ཆདཔ་ཕོག་ནི་སྨོ་ཟེར་གསུངས་ནུག 23 དེ་ལས་ཁོང་རང་ཆ་ཁྱབ་གཅིག་གིས་གཅིག་ལུ་ དེ་བཟུམ་གྱི་ལཱ་འབད་མི་འདི་ག་ཨིན་ན་སྨོ་ཟེར་དྲིས་ནུག། 24 དེའི་སྐབས་ཁོང་རང་སློབ་མ་ཚུ་གི་ནང་འཁོད་ནང་ ང་བཅས་ཀྱི་སྦུག་ལས་དྲག་ཤོས་ག་ཨིན་ན་ཟེར་ ཁོང་རང་ཆ་ཁྱབ་མཚན་ཉིད་བརྐྱབས་ནུག 25 ཡེ་ཤུ་གིས་ཁོང་ལུ་ ཕྱིའི་མི་རིགས་ཚུ་གི་ནང་འཁོད་ནང་ རྒྱལཔོ་ཚུ་གིས་ དབང་བཙོང་གི་ཐོག་ལས་མེ་སེར་ལུ་སྐྱོངམ་ཨིནམ་མ་ཚད་ མི་སྦོམ་དབང་ཚད་ཡོད་མི་ཚུ་གིས་ཡང་ མེ་སེར་ཚུ་ཁོང་གི་དབང་འོག་ལུ་བཞག་སྟེ་ ང་བཅས་ཀྱིས་ཁོང་གི་ཆ་རོགས་འབདཝ་ཨིན་ཟེར་སླབ་ཨིན་མས། 26 དེ་འབདཝ་ད་ ཁྱེད་ཆ་ཁྱབ་ཀྱིས་འདི་བཟུམ་སྦེ་མ་འབད་ ཁྱེད་ཀྱི་སྦུག་ལས་ ག་མཐོ་མི་འདི་གིས་ རང་ལུ་ཉམ་ཆུང་བཟོ་དགོ་ འགོ་དཔོན་འདི་གིས་ གཡོགཔོ་བཟུམ་སྦེ་འབད་དགོ། 27 དཔེ་གཅིག་འབད་བ་ཅིན་ ཡར་ལྟག་ལས་བཞུགས་ཏེ་ གསོལཝ་བཞེས་མི་འདི་མཐོ་ཤོས་ཨིན་ན་ ཡང་ན་བཞེས་སྒོ་དྲང་མི་འདི་མཐོ་ཤོས་ཨིན་ན་ མ་གཞི་ ཡར་ལྟག་ལས་བཞུགས་ཏེ་ གསོལཝ་བཞེས་མི་འདི་རང་མཐོ་ཤོས་ཨིན་ དེ་འབདཝ་ད་ ང་ཁྱེད་ཀྱི་སྦུག་ནང་དྲང་བཞག་རྐྱབ་མི་གཅིག་ཨིན། 28 ཁྱེད་ཆ་ཁྱབ་ ང་ལུ་བར་ཆད་བྱུང་པའི་སྐབས་ལུ་ ཨ་རྟག་རང་ ང་དང་གཅིག་ཁར་སྡོད་མི་ཚུ་ཨིན། 29 ངེ་གི་ཡབ་ཀྱིས་ང་ལུ་རྒྱལ་སྲིད་ཀྱི་དབང་ཚད་གནང་དོཝ་བཟུམ་སྦེ་ ང་གིས་ཡང་། 30 ཁྱེད་ཆ་ཁྱབ་ངེ་གི་རྒྱལ་སྲིད་ནང་སྡོད་དེ་ ངེ་གི་ཟ་ཁྲི་གུ་ལས་ ཟ་ འཐུང་ནི་གི་དབང་ཚད་ཁྱེད་ལུ་བྱིན་ནི་ཨིན་ དེ་གིས་མ་ཚད་ ཁྲི་ཁར་སྡོད་དེ་ ཨཱིས་ར་ཨཱེལ་གྱི་མི་རིགས་བཅུ་གཉིས་ལུ་ ཁྱེད་ཀྱིས་ཁྲིམས་ཕྱེ་ནི་ཨིན་ཟེར་གསུངས་ནུག། 31 ཡེ་ཤུ་གིས་ སི་མཱོན་ སི་མཱོན་ ནཱ་ཉན་ཞིག་ བདུད་ སེ་ཏཱན་གྱིས་དཀོན་མཆོག་ལས་གནང་བ་ཐོབ་སྟེ་ ཁྱེད་ཆ་ཁྱབ་ལུ་ཚོད་བལྟ་ནི་ཨིན་ ཁྱེད་ཀྱི་གྲལ་ཁར་ ལེགས་ཤོམ་དང་ཟོགཔོ་ག་ཨིན་ན་ ལོ་ཐོག་རེད་ཀྱི་འབྱུ་དང་ཤུན་པ་སོ་སོ་སྦེ་ཕྱེ་དོཝ་བཟུམ་སྦེ་ ཁྱེད་ལུ་དབྱེ་བ་ཕྱེ་ནི་ཨིན། 32 དེ་འབདཝ་ད་ ང་གིས་ཁྱེད་ཆ་ཁྱབ་ཀྱི་དད་པ་ཉམས་མ་བཅུག་ནིའི་དོན་ལུ་ སྨོན་ལམ་བཏབ་ཨིན་ སི་མཱོན་ ཁྱོད་ཀྱིས་ དད་པ་ཉམས་ཏེ་ ང་ལུ་བཀོག་བཞག་འོང་ དེ་འབདཝ་ད་ ཁྱོད་སེམས་འགྱུར་ཏེ་ ང་འབད་སར་ལོག་འོངམ་ད་ ཁྱོད་རའི་སྤུན་ཆ་ཆ་ཁྱབ་སྒྲིང་སྒྲིང་སྦེ་བཟོ་དགོ་ཟེར་གསུངས་ནུག 33 དེ་ལས་ པེ་ཏྲོ་གིས་ལན་ གཙོ་བོ་ལགས་ ང་ནཱ་དང་གཅིག་ཁར་བཙོན་ཁང་ནང་འཁྱིད་རུང་ ང་ཤི་དགོ་རུང་ ཤི་ཆོག་ཆོག་ཨིན་ཟེར་ཞུཝ་ད། 34 ཡེ་ཤུ་གིས་ ང་གིས་སླབ་དོ་ པེ་ཏྲོ་ཁྱོད་ཀྱིས་ད་རེས་ཕྱི་རུ་ལས་འགོ་བཙུགས་ཏེ་ ནངས་པ་དྲོ་པ་ བྱ་པོད་མ་འབོ་པའི་ཧེ་མ་ ཁྱོད་ཀྱིས་ཚར་གསུམ་ང་ལུ་ངོ་མི་ཤེས་ཟེར་སླབ་འོང་ཟེར་གསུངས་ནུག། 35 ཡེ་ཤུ་གིས་ཁོ་རང་གི་སློབ་མ་ཚུ་ལུ་ ང་གིས་ཧེ་མ་ཁྱེད་ཕྱི་ཁར་དངུལ་ཁུག་དང་ཕད་ཅུང་ དེ་ལས་ལྷམ་མེད་པར་གཏང་པའི་སྐབས་ལུ་ ཁྱེད་ལུ་སྟབས་མ་བདེཝ་ཐོན་ཡི་ག་ཟེར་གསུངསམ་ད་ ཅ་ལ་ཚུ་མེད་པར་སྟབས་མ་བདེཝ་ག་ནི་ཡང་མ་ཐོན་ཟེར་ཞུ་ནུག 36 ཡེ་ཤུ་གིས་དེ་འབདཝ་ད་ ད་ལྟོ་གི་དུས་སྐབས་ལུ་ ཁྱེད་རང་གི་དངུལ་ཁུག་དང་ཕད་ཅུང་ཡོད་མི་དེ་ཚུ་ ཨིན་ཅི་མིན་ཅི་འབག་དགོ་ སྒྲོ་གཟུགསམ་མེད་མི་ཚུ་ རང་གི་བགོ་ལ་བཙོང་སྟེ་འབད་རུང་སྒྲོ་གཟུགསམ་ཉོ་སྟེ་འབག་དགོ། 37 ང་གིས་ཁྱེད་ལུ་སླབ་དོ་ ངེ་གི་སྐོར་ལས་ གསུང་རབ་དང་འཁྲིལ་ཏེ་འབད་བ་ཅིན་ ང་ལུ་ཁྲིམས་ལས་འགལ་བའི་ཉེས་པ་ཅན་སྦེ་བརྩི་འོང་ཟེར་བྲིས་ཏེ་ཡོད་མི་འདི་ མངོན་སུམ་དུ་གྲུབ་དགོཔ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་སྐོར་ལས་བྲིས་ཏེ་ཡོད་མི་འདི་དོན་ལས་རང་ ང་ལུ་འབྱུང་དོ་ཟེར་གསུངས་ནུག 38 དེ་ལས་སློབ་མ་ཚུ་གིས་ གཙོ་བོ་ནཱ་གཟིགས་ལགས་ ང་བཅས་འབད་སར་སྒྲོ་གཟུགསམ་གཉིས་ཡོད་ཟེར་ཞུཝ་ད་ ཁོ་གིས་ལོ་རྒྱུས་འདི་གི་སྐོར་ལས་བཏུབ་པས་ཟེར་གསུངས་ནུག། 39 ཡེ་ཤུ་ཁྲོམ་ཁར་ལས་ཐོན་ཏེ་ཨ་རྟག་རང་ ཨ་རུ་ར་ཤིང་གི་སྒང་གུ་བྱོན་དོཝ་བཟུམ་སྦེ་ ཁོ་རང་གི་སློབ་མ་ཚུ་དང་གཅིག་ཁར་བྱོན་ནུག 40 ཕར་ས་གནས་དེ་ནང་ཕེབསཔ་ད་ ཁོ་གིས་ཁོང་ལུ་ ཁྱེད་རང་བར་ཆད་ནང་མ་ཚུད་པའི་དོན་ལུ་ སྨོན་ལམ་བཏབ་ཟེར་གསུངས་ནུག 41 དེ་ལས་ཡེ་ཤུ་ཁོང་སྡོད་ས་ལས་ ཐག་རིང་ཐུང་རྡོ་རྒྱང་གང་གི་ས་ཁར་བྱོན་ཏེ་ དེ་ཁར་ལུ་པུས་མོ་ས་ཁར་བཙུགས་ཏེ་སྨོན་ལམ་ཞུ་ནུག 42 ཁོ་གིས་ ངེ་གི་ཡབ་ལགས་ སྡུག་བསྔལ་གྱི་ཕོརཔ་འདི་ ངེ་གི་གུ་ལས་འཐུ་བསྣམས་ནི་ཐུགས་བཞེད་ཡོད་པ་ཅིན་བསྣམས་གནང་ དེ་འབདཝ་ད་ ངེ་གི་འདོད་པ་བཞིན་དུ་མེན་པར་ ནཱ་གི་ཐུགས་དགོངས་བཞིན་དུ་མཛད་གནང་ཟེར་སྨོན་ལམ་ཞུ་ནུག 43 དེ་འཕྲོ་ལས་ཞིང་ཁམས་ལས་ཕོ་ཉ་གཅིག་ཁོ་བཞུགས་སར་འོངས་ཏེ་ ཁོ་གི་ཐུགས་སྒྲིང་སྒྲིང་མཛད་ཚུགསཔ་བཟོ་ནུག 44 དེ་ལས་ཐུགས་ལུ་བཟོད་མ་ཚུགས་པའི་ཟུག་བཞེས་ཏེ་ གནམ་མེད་ས་མེད་ཤུགས་སྦེ་སྨོན་ལམ་ཞུཝ་ད་ སྐུ་གཟུགས་ལས་རྔུལ་ནག་ ཁྲག་གི་ཐིག་པ་བཟུམ་སྦེ་ས་ཁར་འཛག་ནུག 45 ཁོ་སྨོན་ལམ་ཞུ་ས་ལས་བཞེངས་ཏེ་ སློབ་མ་ཚུ་སྡོད་སར་འབྱོནམ་ད་ ཁོང་ཆ་ཁྱབ་མྱ་ངན་གྱིས་བརྡུངས་ཏེ་ གཉིད་ལོག་སྡོད་ས་གཟིགས་ནུག 46 ཁོང་ལུ་ ཁྱེད་ཆ་ཁྱབ་ག་ཅི་འབད་གཉིད་ལོགཔ་སྨོ་ ཡར་ལོང་སྟེ་ བར་ཆད་ནང་མ་ཚུད་ནིའི་དོན་ལུ་ སྨོན་ལམ་བཏབ་ཟེར་གསུངས་ནུག། 47 ཡེ་ཤུ་གིས་དེ་སྦེ་གསུངས་བཞུགས་པའི་བསྒང་ལུ་ སློབ་མ་བཅུ་གཉིས་ཀྱི་གྲལ་ཁ་ལས་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཟེར་མི་འདི་གིས་ མི་དམངས་ལུ་འདི་ཁར་འཁྱིད་འོངས་ཏེ་ ཡེ་ཤུ་ལུ་འུ་བཀལ་ནི་གི་དོན་ལུ་ ཁོ་རང་ཧེ་མ་ཐོན་ཏེ་ སྐུ་མདུན་ལུ་བཅར་ནུག 48 དེ་འབདཝ་ད་ ཡེ་ཤུ་གིས་ཁོ་ལུ་ ཡུ་དཱས་ ཁྱོད་ཀྱིས་མིའི་བུ་དེ་ལུ་ འུ་བཀལ་ཏེ་ ངོ་ལོག་ནི་འབདཝ་ཨིན་ན་ཟེར་གསུངས་ནུག 49 ཡེ་ཤུ་དང་གཅིག་ཁར་ཡོད་མིའི་སློབ་མ་ཚུ་གིས་ ག་འབྱུང་ནི་འབད་མི་འདི་མཐོངམ་ད་ ཡེ་ཤུ་ལུ་ གཙོ་བོ་ལགས་ ང་བཅས་ཀྱིས་གྱི་ཅུང་འབལ་རྐྱབ་ག་ཟེར་ཞུ་ནུག 50 དེ་ལས་གཅིག་གིས་ མཁན་ཆེན་གྱི་གཡོགཔོ་གི་རྣམ་ཅོག་གཡསཔ་དེ་ སྒྲོ་གཟུགསམ་བརྐྱབས་ཏེ་བཏོགས་བཀོག་ནུག 51 ཡེ་ཤུ་གིས་ ད་བཏུབ་པས་ཟེར་ ད་རུང་གཡོགཔོ་གི་རྣམ་ཅོག་གུ་བཤེད་དེ་དྲགཔ་མཛད་ནུག 52 དེ་ལས་ཡེ་ཤུ་གིས་ཁོ་ལུ་བཟུང་པ་འོང་མི་ བླ་ཆེན་དང་ མཆོད་ཁང་གི་བསྲུང་རྒྱབ་ཀྱི་དམག་དཔོན་དང་ མི་དམངས་ཀྱི་འགོ་དཔོན་ཚུ་ལུ་ ཁྱེད་ཀྱིས་ང་ལུ་ཨརཝ་བཟུང་པ་འོང་དོཝ་བཟུམ་སྦེ་ སྒྲོ་གཟུགསམ་དང་རྟས་ཐག་འབག་སྟེ་འོངམ་ཨིན་ན། 53 ང་ཉིནམ་རེ་འཆར་རང་ མཆོད་ཁང་ནང་ལུ་ཁྱེད་དང་གཅིག་ཁར་སྡོད་པའི་དུས་ལུ་ ཁྱེད་ཀྱིས་ང་ལུ་མ་བཟུང་ དེ་འབདཝ་ད་ མུན་པའི་དབང་གི་དུས་ཚོད་དང་འཁྲིལཝ་ད་ ཁྱེད་ཀྱི་དུས་སྐབས་འདི་ད་ལྟོ་ཨིན་ཟེར་གསུངས་ནུག། 54 དེ་ལས་ཁོང་གིས་ཡེ་ཤུ་བཟུང་སྟེ་ མཁན་ཆེན་གྱི་གཟིམ་ཅུང་ནང་འཁྱིད་སོང་ནུག་ པེ་ཏྲོ་ཡང་ཁོང་གི་རྟིང་བདའ་སྟེ་ ཨ་ཙི་ཐག་རིང་ས་ལས་སྦེ་སོང་ནུག 55 རྡོ་གཅལ་སྦུག་ལུ་མི་དེ་ཚུ་མེ་སྲོ་སྡོདཔ་ད་ པེ་ཏྲོ་ཡང་ཁོང་དང་གཅིག་ཁར་མེ་སྲོ་སྡོད་ནུག 56 དེ་ལས་གཡོགམོ་གཅིག་གིས་ ཁོ་ཁོང་དང་གཅིག་ཁར་མེ་སྲོ་སྡོད་ས་མཐོངམ་ད་ཁོ་ལུ་བལྟ་སྦེ་ ཨ་ནི་མི་དེ་ཡང་ཡེ་ཤུ་དང་གཅིག་ཁར་སྡོད་མི་ཨིན་ཟེར་སླབ་ནུག 57 དེ་འབདཝ་ད་ཁོ་གིས་ བུམོ་ ང་གིས་ཁོ་ངོ་མི་ཤེས་ཟེར་ཤོབ་བརྐྱབས་ཏེ་སླབ་ནུག 58 ཡུདཔ་ཐེངས་གཅིག་གི་ཤུལ་ལས་ མི་གཞན་གཅིག་གིས་ཡང་ཁོ་ལུ་མཐོང་སྟེ་ ཁྱོད་ཁོ་གི་མི་རང་ཨིན་ཟེར་སླབ་ད་ པེ་ཏྲོ་གིས་ང་མེན་ཟེར་སླབ་ནུག 59 དེ་ལས་ཆུ་ཚོད་གཅིག་དེ་ཅིག་གི་ཤུལ་ལས་ མི་གཅིག་གིས་ད་རུང་ ཨ་ནི་མི་དེ་ཐད་རི་བ་རི་ ཡེ་ཤུ་དང་གཅིག་ཁར་སྡོད་མི་གཅིག་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཁོ་ཡང་ ག་ལི་ལི་ལས་ཨིན་མས་ཟེར་སླབ་ནུག 60 པེ་ཏྲོ་གིས་ ཨ་ནི་མི་དེ་ག་ཅི་སླབ་ཨིན་ན་ ང་མ་ཤེས་ཟེར་ སླབ་སྟེ་སྡོད་པའི་དུས་ལུ་རང་ བྱ་པོད་འབོ་ནུག 61 ཡེ་ཤུ་སྐུ་རྒྱབ་ལོག་སྟེ་ པེ་ཏྲོ་ལུ་གཟིགས་ནུག་ འདི་གི་དུས་ལུ་གཙོ་བོ་གིས་ ད་རེས་བྱ་པོད་མ་འབོ་པའི་ཧེ་མ་ ཁྱོད་ཀྱིས་ང་ལུ་ཚར་གསུམ་ ངོ་མི་ཤེས་ཟེར་སླབ་འོང་ཟེར་གསུངས་མི་འདི་ པེ་ཏྲོ་གིས་སེམས་ཁར་དྲན་ཏེ། 62 ཕྱི་ཁར་ཐོན་སོང་སྦེ་ གནམ་མེད་ས་མེད་སྔུ་ནུག། 63 ཡེ་ཤུ་བཟུང་མི་སྲུང་རྒྱབ་ཚུ་གིས་ ཁོ་ལུ་མར་སྨད་བརྐྱབས་ཏེ། 64 ཁོ་གི་སྤྱན་བསྡམས་སྦེ་དྲང་ཞིནམ་ད་ ནཱ་ལུ་ག་གིས་དྲང་ཡི་ག་ ང་བཅས་ལུ་མངོན་ཤེས་གསུངས་ཟེར་ཞུ་ནུག 65 ད་རུང་ཁོ་གི་སྐོར་ལས་ཁོང་གིས་བློ་ངན་པ་ལེ་ཤ་སླབ་ནུག། 66 འདི་གི་དྲོ་པ་ མི་དམངས་ཀྱི་འགོ་དཔོན་ཚུ་ག་ར་དང་ བླ་ཆེན་ དེ་ལས་བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གཅིག་ཁར་ ཁོང་རང་ཚོགས་འཛོམས་བརྐྱབས་ཏེ་ ཡེ་ཤུ་ལྷན་ཚོགས་ནང་འཁྱིད་འོངས་སྦེ་ ཁོ་ལུ་དྲིས་ནུག 67 ནཱ་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་འདི་ཨིན་ན་ ང་བཅས་ལུ་གསུངས་ཟེར་ཞུཝ་ད་ ཁོ་གིས་ ང་གི་ཨིན་ཟེར་བ་ཅིན་ ཁྱེད་ཀྱིས་ང་ལུ་བདེན་འཛིན་མི་རེ། 68 ང་གིས་ཁྱེད་ལུ་དྲི་བ་ཞུ་བ་ཅིན་ ཁྱེད་ཀྱིས་ལན་གསུངས་མི་བཏུབ། 69 དེ་འབདཝ་ད་ ད་རེས་ལས་འགོ་བཙུགས་ཏེ་ མིའི་བུ་དེ་ ཀུན་དབང་དཀོན་མཆོག་གི་ཕྱག་གཡས་ཁ་ཐུག་ལུ་ བཞུགས་ནི་ཨིན་ཟེར་གསུངས་ནུག 70 དེ་འབདཝ་ད་ ཁོང་ག་ར་གིས་ དེ་སྦེ་ཨིན་པ་ཅིན་ ནཱ་དཀོན་མཆོག་གི་སྲས་ཨིན་ན་ཟེར་ཞུཝ་ད་ ཡེ་ཤུ་གིས་ ནཱ་བུ་གིས་གསུངས་དོཝ་བཟུམ་སྦེ་རང་ཨིན་ཟེར་གསུངས་ནུག 71 དེ་ལས་ཁོང་གིས་ ད་ང་བཅས་ལུ་འཛོམ་དཔང་གཞན་འཚོལ་དགོཔ་མེད་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་ཁོ་རང་གི་ཞལ་ལས་རང་ གོ་ཡི་ཟེར་སླབ་ནུག།
1 ལྷན་ཚོགས་འཐུས་མི་ག་ར་གིས་ཡེ་ཤུ་ལུ་འཁྱིད་དེ་ གཞུང་ཚབ་ པི་ལ་ཏུས་ཀྱི་སྐུ་མདུན་ལུ་བཅར་ཏེ། 2 ཁོང་གིས་ཁོ་ལུ་སྐྱོན་བཏགས་ཏེ་ ཨ་ནི་མི་འདི་གིས་ ང་བཅས་ཀྱི་མི་རིགས་ལུ་དཀྲོགས་ཏེ་ ཁོང་ལུ་ རོམ་གྱི་གཞུང་ལུ་ཁྲལ་སྤྲོད་མི་དགོ་ཟེར་སླབ་མ་ཚད་ ཁོ་རང་ ཁིརཱིས་དང་རྒྱལཔོ་ཨིན་ཟེར་སླབ་ས་ང་བཅས་ཀྱིས་གོ་ཡི་ཟེར་ཞུ་ནུག 3 དེ་ལས་གཞུང་ཚབ་ པི་ལ་ཏུས་ཀྱིས་ ནཱ་ ཡ་ཧུ་ད་པའི་རྒྱལཔོ་ཨིན་ན་ཟེར་ཞུཝ་ད་ ཡེ་ཤུ་གིས་ ནཱ་གིས་རང་གསུངས་དེས་ཟེར་གསུངས་ནུག 4 གཞུང་ཚབ་ པི་ལ་ཏུས་ཀྱིས་བླ་ཆེན་དང་མི་དམངས་ལུ་ ང་གིས་ཁོ་ལུ་ཁྲིམས་གཏང་ནིའི་སྐྱོན་ག་ནི་ཡང་མ་མཐོང་ཟེར་གསུངས་ནུག 5 དེ་འབདཝ་ད་ ཁོང་གིས་ཚིག་རྩུབ་དྲགས་སླབ་སྟེ་ སྐྱོན་གནམ་མེད་ས་མེད་བཏོན་ཏེ་ ཁོ་གིས་ ག་ལི་ལི་ལུང་ཕྱོགས་ལས་འགོ་བཙུགས་ཏེ་ ནཱ་ ཡེ་རུ་ཤ་ལེམ་ཚུན་ཚོད་ཆོས་སྟོན་ཏེ་ ཡུ་དེ་ཡ་གི་མི་ག་ར་དཀྲུགས་ཅི་ཟེར་ ཧེང་སྐལ་རང་སྐད་ཤུགས་སྦེ་སླབ་ནུག། 6 དེ་ལས་གཞུང་ཚབ་ པི་ལ་ཏུས་ཀྱིས་ལོ་རྒྱུས་འདི་ཚུ་སྙན་གསནམ་ད་ ཨ་ནི་མི་འདི་ལུང་ཕྱོགས་ ག་ལི་ལི་ལས་ཨིན་ན་ཟེར་དྲིས་ནུག 7 ཡེ་ཤུ་དཔོན་ ཧེ་རཱོད་ཀྱི་མངའ་འོག་ལས་ཨིན་མས་ཟེར་གཞུང་ཚབ་ཀྱིས་མཁྱེནམ་ད་ ཡེ་ཤུ་ ཧེ་རཱོད་བཞུགས་སར་གཏང་ནུག་ དེའི་སྐབས་ ཧེ་རཱོད་ཡང་ ཡེ་རུ་ཤ་ལེམ་ལུ་བཞུགས་ཡོདཔ་ཨིན་མས། 8 ཧེ་རཱོད་ཀྱིས་ཡེ་ཤུ་བྱོན་ས་གཟིགསཔ་ད་ ཁོ་གནམ་མེད་ས་མེད་ཐུགས་དགྱེས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་གི་ལོ་རྒྱུས་ཚུ་གསན་ཏེ་ ཁོ་དང་མཇལ་ནི་སྦེ་ ཡུན་རིངམ་སྒུག་སྟེ་བཞུགས་ནུག་ འདི་མ་ཚད་ ཁོ་གིས་མཛད་མིའི་རྫུ་འཕྲུལ་ཚུ་མཇལ་ནི་གི་རེ་བ་ཡོདཔ་མས། 9 ཧེ་རཱོད་ཀྱིས་ཡེ་ཤུ་ལུ་དྲི་བ་ལེ་ཤ་ཞུ་རུང་ ཡེ་ཤུ་གིས་ལན་ག་ནི་ཡང་མ་གསུངསམ་ཨིན་མས། 10 དེ་ཁར་ལོང་སྟེ་ཡོད་མི་བླ་ཆེན་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་ གནམ་མེད་ས་མེད་ང་རྒྱལ་ལངས་ཏེ་ ཡེ་ཤུ་གིས་ཉེས་སྐྱོན་ལེ་ཤ་འབད་ཡི་ཟེར་ཞུ་ནུག 11 ཧེ་རཱོད་དང་ཁོ་གི་དམག་མི་ཚུ་གིས་ ཡེ་ཤུ་ལུ་མེས་མེད་བསྐྱུར་ཏེ་ འཕྱ་ཁ་གཏངམ་མ་ཚད་ རྒྱལ་པོའི་ན་བཟའ་གཅིག་ཕུལ་སྦེ་ ལོག་གཞུང་ཚབ་ པི་ལ་ཏུས་བཞུགས་སར་གཏང་ནུག 12 ཧེ་མ་གཞུང་ཚབ་ པི་ལ་ཏུས་དང་དཔོན་ ཧེ་རཱོད་གཉིས་མཐུན་ཏོག་ཏོ་མེད་པར་ དགྲ་བྱང་ཕྱད་སྦེ་ཡོདཔ་ཨིན་མས་ ཉིནམ་དེ་ལས་འགོ་བཙུགས་ཏེ་ ཁོང་གཉིས་འཆམ་ཏོག་ཏོ་སོང་ནུག། 13 ད་གཞུང་ཚབ་ པི་ལ་ཏུས་ཀྱིས་བླ་ཆེན་དང་འགོ་དཔོན་ མི་དམངས་གཅིག་ཁར་འབོ་སྟེ། 14 ཁོང་ལུ་དེ་སྦེ་གསུངས་ནུག་ ཁྱེད་ཀྱིས་ཨ་ནི་མི་འདི་ང་སྡོད་སར་འཁྱིད་འོངས་ཏེ་ ཁོ་གིས་མི་དམངས་ལུ་བསླབ་བྱ་ལོག་པ་སྟོན་ཏེ་ མགུ་བསྐོར་གྱི་འགོ་དཔོན་འབད་ཡི་ཟེར་ ཉེས་སྐྱོན་བཏགས་སླབ་ཨིན་མས་ ད་ལྟོ་ཁྱེད་ག་ར་གི་གདོང་ཁར་ང་གིས་ག་དེ་སྦེ་ དབྱེ་བ་བཅད་དེ་བལྟ་རུང་རང་ ཁྱེད་ཀྱིས་སླབ་མིའི་ཉེས་སྐྱོན་འདི་ ཁོ་ལུ་མ་མཐོང་། 15 དེ་བཟུམ་སྦེ་རང་ ཧེ་རཱོད་ཀྱིས་ཡང་ ཁོ་ལུ་ཉེས་སྐྱོན་མ་མཐོང་པར་ལོག་སྟེ་ ནཱ་ང་སྡོད་སར་གཏང་ནུག་ ཁོ་ལུ་ཤི་ཁྲིམས་སྲོག་ཐོག་ལུ་གཏང་དགོཔ་མིན་འདུག 16 དེ་འབདཝ་ལས་ ཁོ་ལུ་ཉེས་ཁྲིམས་རྟས་ལྕག་གིས་དྲང་སྦེ་ དགོངས་ཡངས་གཏང་ནི་ཟེར་གསུངས་ནུག 17 ད་ལོ་ལྟར་བཞིན་དུ་ དུས་ཆེན་དེའི་སྐབས་ལུ་ ཁོང་ལུ་ བཙོན་པ་གཅིག་དགོངས་ཡངས་གཏང་ནི་གི་ལུགས་སྲོལ་ཡོདཔ་ཨིན་མས། 18 དེ་འབདཝ་ད་ མི་དམངས་ག་ར་ཁ་གཅིག་སྦེ་ ང་བཅས་ཀྱི་དོན་ལུ་ཡེ་ཤུ་བསད་དགོ་ བ་རབ་བཱས་ལུ་དགོངས་ཡངས་གཏང་དགོ་ཟེར་སླབ་ནུག 19 བ་རབ་བཱས་ཟེར་མི་འདི་ ཧེ་མ་རྒྱལ་ས་གི་ཁྲོམ་ཁར་ལུ་ཟིང་འཁྲུག་ལོངས་བཅུག་མི་དང་ མི་བསད་མིའི་ཉེས་ཁྲིམས་ཕོག་སྟེ་ བཙོན་པ་སྦེ་སྡོད་མི་ཨིན་མས། 20 གཞུང་ཚབ་ པི་ལ་ཏུས་ཀྱིས་འབད་བ་ཅིན་ ཡེ་ཤུ་ལུ་དགོངས་ཡངས་གཏང་ནི་གི་བློ་འདོད་ཡོད་ནི་དེ་གིས་ ད་རུང་མི་དམངས་ལུ་གསུངས་ནུག 21 དེ་འབདཝ་ད་ མི་དམངས་ཀྱིས་ གནམ་མེད་ས་མེད་སྐད་སྦོམ་བརྐྱབས་ཏེ་ ཁོ་ཁྲམ་ཤིང་གུ་བསད་དགོ་ ཁྲམ་ཤིང་གུ་བསད་དགོ་ཟེར་སླབ་ནུག 22 གཞུང་ཚབ་ པི་ལ་ཏུས་ཀྱིས་ཐེངས་གསུམ་པ་ཁོང་མི་དམངས་ལུ་ ང་གིས་ག་དེ་སྦེ་རང་བལྟ་རུང་ མི་འདི་ལུ་བསད་དགོ་པའི་ཉེས་སྐྱོན་ ཁོ་གིས་འབད་འབདཝ་རྩ་ལས་རང་མ་མཐོང་ དེ་བ་འདི་རྟས་ལྕག་གིས་དྲང་སྟེ་དགོངས་ཡངས་གཏང་ནི་ཨིན་ཟེར་གསུངས་ནུག 23 དེ་འབདཝ་ད་ མི་དེ་ཚུ་གིས་ཨུ་ཚུགས་བརྐྱབས་ཏེ་ སྐད་ཚར་གཅིག་བ་ཚར་གཅིག་ ཤུགས་སྦེ་བརྐྱབས་ཏེ་ ཡེ་ཤུ་འདི་ཨིན་ཅི་མིན་ཅི་ཁྲམ་ཤིང་གུ་བསད་དགོ་ཟེར་ མཐའན་མཇུག་ལུ་སྐད་ཤུགས་སྦེ་བརྐྱབ་ནི་དེ་གིས་ ཁོང་གི་དོན་དག་གྲུབ་ནུག 24 དེ་ལས་གཞུང་ཚབ་ པི་ལ་ཏུས་ཀྱིས་ཁོང་གིས་ཞུཝ་བཞིན་དུ་ གསན་ནུག 25 དེ་ལས་ ཧེ་མ་ཟིང་འཁྲུག་ལོངས་བཅུག་མི་དང་ མི་བསད་དེ་བཙོན་པ་སྦེ་སྡོད་མི་དེ་ ཁོང་གི་དོན་ལུ་དགོངས་ཡངས་གཏང་སྦེ་ ཡེ་ཤུ་ལུ་ཁོང་རང་གི་འདོད་པ་དང་འཁྲིལ་ཏེ་ ཁོང་རའི་ལག་པར་སྤྲོད་ནུག། 26 དམག་མི་ཚུ་གིས་ཁོ་འཁྱིད་དེ་འགྱོཝ་ད་ ཁྲོམ་ སའི་རིན་ལས་ཨིན་མི་ སི་མཱོན་ཟེར་མི་དེ་ གཡུས་ཁར་ལས་ཁྲོམ་ཁར་ལུ་འོངམ་ད་ ལམ་ཁར་འཕྱད་དེ་ ཁོང་གིས་ཁོ་བཟུང་ཞིནམ་ད་ ཁྲམ་ཤིང་བཀལ་ཏེ་ ཡེ་ཤུ་གི་ཤུལ་ལས་འོང་བཅུག་ནུག 27 མི་དམངས་ཀྱིས་ཁོ་གི་རྟིང་བདའ་འགྱོ་བའི་བསྒང་ལུ་ ཨམ་སྲུ་ལ་ལུ་ཅིག་མྱ་ངན་འབད་དེ་ གནམ་མེད་ས་མེད་སྔུ་སྦེ་ཁོ་གི་ཤུལ་ལས་འོངས་ནུག 28 དེ་ལས་ཡེ་ཤུ་གིས་ཁོང་ལུ་གཟིགས་ཏེ་ ཡེ་རུ་ཤ་ལེམ་གྱི་བུམོ་ཚུ་ ངེ་གི་དོན་ལུ་སྔུ་མི་དགོ་ ཁྱེད་རང་གི་ཨ་ལོ་དང་ཁྱེད་རང་གི་དོན་ལུ་སྔུ་ཟེར་གསུངས་ནུག 29 དཔེ་གཅིག་འབད་བ་ཅིན་ ཨམ་སྲུ་ཨ་ལོ་སྐྱེ་ནི་མེད་པའི་རབས་ཆད་མ་དང་ ཨ་ལོ་རྩ་ལས་མ་སྐྱེས་མི་ཨམ་སྲུ་ དེ་ལས་ཨོམ་ནམ་ཡང་མ་བྱིན་མི་ཨམ་སྲུ་དེ་ཚུ་བདེ་ཏོག་ཏོ་འདུག་ཟེར་བའི་དུས་གཅིག་འོང་དོ། 30 དུས་ཚོད་དེའི་སྐབས་ལུ་མི་ཚུ་གིས་ གངས་རི་ཚུ་ང་བཅས་ཀྱི་གུ་ལུ་བུད་བཅུག་ རི་ཚུ་གི་འོག་ལུ་ང་བཅས་སྦ་བཞག་བཅུག་ཟེར་སླབ་འོང་། 31 ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་ཤིང་ཧོནམ་ཡོད་པའི་དུས་ལུ་ དེ་བཟུམ་སྦེ་ཧ་ལས་སི་སི་འབད་བ་ཅིན་ ཤུལ་ལས་ཤིང་སྐམ་འགྱོ་བའི་སྐབས་ལུ་ འདི་བ་སྐྱོཝ་སྦེ་འགྱོ་འོང་ཟེར་གསུངས་ནུག 32 ཁོང་གིས་གཞུང་ཁྲིམས་ཕོག་མི་གཉིས་ལུ་ཡང་ ཡེ་ཤུ་དང་གཅིག་ཁར་བསད་ནི་སྦེ་འཁྱིད་སོང་ནུག 33 དེ་ལས་ཁོང་ཕར་ས་གནས་ཐོདཔ་ཟེར་སླབ་མི་ནང་ལྷོདཔ་ད་ དེ་ཁར་ཡེ་ཤུ་བཀྲོང་ནི་སྦེ་ཁྲམ་ཤིང་གུ་བརྐྱངས་ནུག་ དེའི་སྐབས་ཁོང་ཉེས་པ་ཅན་གཞུང་ཁྲིམས་ཕོག་མི་གཉིས་ཡང་ གཅིག་ཡེ་ཤུ་གི་ཕྱག་གཡས་ལས་དང་ གཅིག་གཡོན་ལུ་ བསད་ནི་སྦེ་ཁྲམ་ཤིང་གུ་བརྐྱངས་ནུག 34 དེ་ལས་ཡེ་ཤུ་གིས་ ཡབ་ལགས་ ཨ་ནི་མི་ཚུ་ལུ་བཀའ་དྲིན་བསྐྱང་གནང་ ཁོང་གིས་ག་ཅི་འབདཝ་ཨིན་ན་ ཁོང་རང་གིས་རྩ་ལས་མི་ཤེས་པས་ཟེར་ཞུ་ནུག་ དེ་ལས་དམག་མི་ཚུ་གིས་ ཁོ་གི་ན་བཟའ་འདི་ ག་གིས་ཐོབ་ག་བལྟ་ནི་སྦེ་ རྒྱན་ཤོག་བརྐྱབས་ཏེ་ ཁོང་རང་ཆ་ཁྱབ་བགོ་ནུག 35 དེ་ནང་ལུ་མི་དམངས་ལེ་ཤ་བལྟ་སྡོདཔ་ད་ ཁོང་འགོ་དཔོན་ཚུ་གིས་ མེས་མེད་བསྐྱུར་ཏེ་དེ་སྦེ་སླབ་ནུག་ ཁོ་གིས་མི་གཞན་ལུ་སྐྱབས་འབདཝ་མས་ ད་ཁོ་རང་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་གཅིག་ཨིན་པ་ཅིན་ ཁོ་རང་ལུ་སྐྱབས་འབད་བཅུག་ཟེར་སླབ་ནུག 36 དེ་ལས་དམག་མི་ཚུ་གིས་ ཡར་གདོང་ཁར་འོངས་ཏེ་ དགོད་བྲ་བཟོ་སྦེ་ ཁུ་བ་སྐྱུརཔོ་དྲང་ནུག 37 ཁྱོད་ ཡ་ཧུ་ད་པའི་རྒྱལཔོ་ཨིན་པ་ཅིན་ ཁྱོད་རང་ལུ་སྐྱབས་འབད་ཟེར་སླབ་ནུག 38 དེ་ལས་ ཨ་ནི་མི་འདི་ ཡ་ཧུ་ད་པའི་རྒྱལཔོ་ཨིན་ཟེར་ ཁོ་གི་ཉེས་སྐྱོན་བྱང་ཤིང་ནང་བྲིས་ཞིནམ་ད་ ཁོ་གི་དབུ་གུ་ལས་ཕར་ ཁྲམ་ཤིང་གུ་བརྡབ་བཞག་ནུག 39 ཁྲམ་ཤིང་གུ་བརྐྱངས་མིའི་ཉེས་པ་ཅན་ གཉིས་ལས་གཅིག་གིས་ཡེ་ཤུ་ལུ་མར་སྨད་བརྐྱབས་ཏེ་ ཁྱོད་བཙག་འཐུ་མཛད་མི་ཁིརཱིས་མེན་ན་ ཁྱོད་རང་དང་ང་བཅས་གཉིས་ལུ་སྐྱབས་འབད་ཟེར་ཞུ་ནུག 40 ཁོ་གིས་དེ་སྦེ་ཞུ་རུང་ ཆ་རོགས་དེ་གིས་ཁོ་ལུ་ཚོགས་བརྡ་བརྐྱབས་ཏེ་ དབའི་ ཁྱོད་དཀོན་མཆོག་བལྟ་སྟེ་མི་འདྲོག་པས་ག་ ཁྱོད་ཡང་ཨ་ནི་ཁྲིམས་དེ་འབག་སྟེ་སྡོད་ཡོདཔ་ཨིན། 41 ང་བཅས་ལུ་ཁྲིམས་འདི་ཕོགཔ་བདེན་བདེན་རང་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་རང་གིས་འབད་མིའི་ཉེས་དམིགས་དང་འཁྲིལ་ཏེ་ ཁྲིམས་འབག་དགོཔ་ཨིན་ དེ་འབདཝ་ད་ ཨ་ནི་མི་འདི་གིས་ ཉེས་པ་དང་འཛོལ་བ་ག་ནི་ཡང་མཛད་མཛདཔ་མིན་འདུག་ཟེར་སླབ་ནུག 42 དེ་ལས་ཁོ་གིས་ཡེ་ཤུ་ལུ་ གཙོ་བོ་ལགས་ ཁྱོད་རང་གི་རྒྱལ་སྲིད་སྐྱོང་བ་འབྱོནམ་ད་ ང་ལུ་ཐུགས་ཁར་དྲན་ཏེ་བཀའ་དྲིན་བསྐྱང་གནང་ཟེར་ཞུ་ནུག 43 དེ་བཟུམ་སྦེ་རང་ཡེ་ཤུ་གིས་ཁོ་ལུ་ ང་གིས་ཁྱོད་ལུ་དོན་ལས་རང་སླབ་ཨིན་ ཁྱོད་ད་རེས་ང་དང་གཅིག་ཁར་ཡར་ཞིང་ཁམས་ལུ་ལྷོད་ནི་ཨིན་ཟེར་གསུངས་ནུག། 44 ཉིན་མའི་ཆུ་ཚོད་བཅུ་གཉིས་ལས་ཆུ་ཚོད་གསུམ་ཚུན་ཚོད་ ས་ཆ་ག་ར་ནང་གནག་དུང་དུ་སྦེ་ཡར་སོང་ནུག 45 དེ་ལས་ མགོན་ཁང་ནང་བརྐྱང་སྟེ་ཡོད་མིའི་ཡོལ་ལི་དེ་ སྦུག་ལས་མར་ཧྲལ་ཡར་སོང་ནུག 46 དེ་ལས་ཡེ་ཤུ་གིས་གསུང་སྐད་ཤུགས་སྦེ་གསུངས་ཏེ་ ཀྱེ་ཡབ་ལགས་ ངེ་གི་སེམས་ཉིད་ ནཱ་གི་ཕྱག་ལུ་ཕུལ་ཡོད་ཟེར་ཞུ་སྦེ་གཤགས་སོང་ནུག 47 དེ་ལས་སྤྱི་དཔོན་དེ་ཡང་ རྟགས་མཚན་མ་འདྲཝ་བྱུང་མི་ཚུ་མངོན་སུམ་དུ་མཐོང་ཞིནམ་ལས་ ཨ་ནི་མི་དེ་ དོན་ལས་རང་དྲང་བདེན་པ་གཅིག་ཨིན་མས་ ཁོ་ལུ་ཉེས་པ་མེདཔ་ཐག་ཆོད་ཨིན་མས་ཟེར་ ཁོ་གིས་དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག 48 དེ་ཁར་བལྟ་སྡོད་མིའི་མི་དམངས་ཡང་ འདི་བཟུམ་གྱི་ཡ་མཚན་ཆེ་ཏོག་ཏོ་གི་ལཱ་ཚུ་མངོན་སུམ་དུ་མཐོངམ་ད་ གནམ་མེད་ས་མེད་མྱ་ངན་འབད་དེ་ ཁོང་རང་གི་བྱང་ཁོག་མཛོག་གིས་བརྡུངས་ཏེ་ ག་ར་ཁྱིམ་ནང་ལོག་སོང་ནུག 49 དེ་འབདཝ་ད་ ཡེ་ཤུ་ལུ་ངོ་ཤེས་མི་དང་ དེ་ལས་ཁོ་དང་གཅིག་ཁར་ ག་ལི་ལི་ལས་འོང་མིའི་ཨམ་སྲུ་ཚུ་ ས་ཐག་རིང་ས་ལས་སྦེ་བལྟ་སྡོད་ནུག། 50 འདི་བསྒང་ ཡ་ཧུ་ད་པའི་ཁྲོམ་ ཨ་རི་མ་ཐེ་ཡ་ལས་ ཡོ་སེབ་ཟེར་མི་གཅིག་ཡོདཔ་མས་ ཁོ་མི་ལེགས་ཤོམ་དང་ ཆོས་སེམས་ཡོད་མི་གཅིག་ཨིནམ་མ་ཚད་ ཁོ་དཀོན་མཆོག་གི་རྒྱལ་སྲིད་ལུ་སྒུག་སྡོད་མི་གཅིག་ཡང་ཨིན་མས་ ཁོ་ལྷན་ཚོགས་ཀྱི་འཐུས་མི་གཅིག་ཨིན་ཏེ་འབད་རུང་ ཁོང་གིས་གྲོས་ཐག་ཆོད་མི་དང་ ཁོང་གིས་འབད་མི་ལཱ་གི་གྲལ་ཁར་ ཁ་བཟེད་དོ་མེདཔ་ཨིན་མས། 52 ཁོ་གིས་གཞུང་ཚབ་ པི་ལ་ཏུས་ཀྱི་སྐུ་མདུན་ལུ་བཅར་སྦེ་ ཡེ་ཤུ་གི་སྐུ་ཕུང་ཞུ་ནུག 53 དེ་ལས་ཁོ་གིས་ཡེ་ཤུ་གི་སྐུ་ཕུང་མར་ཕབ་ཞིནམ་ད་ ཁ་ཤ་གི་རས་ནང་སྤུར་སྦེ་འབག་སྟེ་ ཧེ་མ་རོ་རྩ་ལས་མ་བཞག་པའི་ས་གནས་གཅིག་ནང་ བྱག་གཅིག་གི་གུ་དོང་གསརཔ་སྤེད་དེ་ཡོད་མི་ནང་ སྐུ་ཕུང་དེ་ཞུ་ནུག 54 དེའི་སྐབས་ ངལ་འཚོ་བའི་ཉིནམ་གི་ཧེ་མ་ གྲ་སྒྲིག་གི་ཉིནམ་ཨིན་མས། 55 ག་ལི་ལི་ལས་འོང་མིའི་ཨམ་སྲུ་ཚུ་གིས་ ཡོ་སེབ་ཀྱི་རྟིང་བདའ་སོང་སྟེ་ ཡེ་ཤུ་གི་སྐུ་ཕུང་དེ་ ག་ཏེ་ལུ་ཞུ་བཞགཔ་ཨིན་ན་ བལྟ་བཞག་ནུག 56 དེ་ལས་ཁོང་ལོག་སྟེ་ ཁོང་རང་གི་ཁྱིམ་ནང་སོང་སྦེ་ སྐུ་ཕུང་གུ་དབུར་ནི་གི་ ཧུམ་དང་དྲི་བཟང་ཚུ་གྲ་སྒྲིག་བརྐྱབས་ནུག་ དེ་འབདཝ་ད་ ངལ་འཚོ་བའི་ཉིནམ་འབད་ནི་དེ་གིས་ བཀའ་ཁྲིམས་བཞིན་དུ་ ངལ་འཚོ་སྟེ་སྡོད་ནུག།
1 བདུན་ཕྲག་གི་ཉིནམ་དང་པ་ལུ་ དྲོ་པ་ཧ་སག་སྟེ་ ཁོང་ཨམ་སྲུ་ཚུ་ ཁོང་རང་གིས་བཟོ་བཞག་མི་ཧུམ་དང་དྲི་བཟང་དེ་ཚུ་འབག་སྟེ་ དུར་ཁུང་ལུ་འགྱོཝ་ད། 2 དུར་ཁུང་སྒོ་ཁར་ཡོད་མི་རྡོ་སྦོམ་དེ་ ཕར་བསྒྲིལ་གཏང་དཔ་ མཐོང་ནུག 3 དེ་ལས་ཁོང་ནང་ན་འཛུལ་བལྟཝ་ད་ ཁོང་གིས་གཙོ་བོ་ཡེ་ཤུ་གི་སྐུ་ཕུང་དེ་མ་མཇལ་བས། 4 དེ་གིས་འབད་ ཁོང་རྣམ་རྟོག་ལངས་ཏེ་ ག་ཅི་འབདཝ་དྲག་ག་ མ་ཤེས་པར་སྡོད་པའི་བར་ན་ དེ་འཕྲོ་ལས་ བགོ་ལ་འོད་ཅེམ་ཅེ་སྦེ་གྱོན་མིའི་ མི་གཉིས་ཡར་ལོང་སྟེ་སྡོད་ས་མཐོང་ནུག 5 ཨམ་སྲུ་ཚུ་གནམ་མེད་ས་མེད་འདྲོགས་ཏེ་ གདོང་མར་ས་ཁར་སྤུབ་སྡོདཔ་ད་ མི་གཉིས་ཀྱིས་དེ་སྦེ་སླབ་ནུག་ མི་གསོན་པོ་འདི་ལུ་ ག་ཅི་འབད་ཤི་སོང་མི་ཚུ་གི་སྦུག་ནང་འཚོལཝ་སྨོ། 6 ཁོ་ནཱ་མེད་ ཁོ་སྐུ་གསོན་པོ་སྦེ་བཞེངས་གནང་ཚར་ཡི་ ཧེ་མ་ཁོ་ ག་ལི་ལི་ལུ་བཞུགས་པའི་བསྒང་། 7 ཁོ་གིས་མིའི་བུ་དེ་ མི་སྡིག་ཅན་གྱི་ལག་པར་སྤྲོད་དེ་ ཁྲམ་ཤིང་གུ་བརྐྱངས་ཏེ་བསད་ཞིནམ་ད་ ད་རུང་ཉིནམ་གསུམ་པ་ལུ་ གསོན་པོ་སྦེ་ལོང་ནི་ཨིན་ཟེར་མི་དེ་ ཁྱེད་ཀྱིས་སེམས་ཁར་མི་དྲན་པས་ག་ཟེར་སླབ་ནུག 8 དེ་ལས་ཁོང་ཨམ་སྲུ་ཚུ་ ཡེ་ཤུ་གིས་གསུངས་མི་དེ་སེམས་ཁར་དྲན་ནུག 9 དེ་ལས་ཁོང་ དུར་ཁུང་ལས་ལོག་འོངས་ཏེ་ སློབ་མ་བཅུ་གཅིགཔ་དང་ མི་གཞན་སྡོད་སར་སོང་སྦེ་ ལོ་རྒྱུས་དེ་ཚུ་ག་ར་བཤད་དེ་སླབ་ནུག 10 ཁོང་སྐུ་ཚབ་ཚུ་ལུ་གནས་ཚུལ་སླབ་མིའི་ཨམ་སྲུ་ཚུ་ མཱིར་ཡམ་མག་ད་ལཱེན་དང་ ཡོ་ཨཱན་ན་དང་ ཡ་ཀོབ་ཀྱི་ཨའི་ མཱིར་ཡམ་དང་ ཨམ་སྲུ་གཞན་ཚུ་ཨིན་མས། 11 དེ་འབདཝ་ད་ ཁོང་སྐུ་ཚབ་ཚུ་གིས་འབད་བ་ཅིན་ ཨམ་སྲུ་ཚུ་གིས་སླབ་མི་ལོ་རྒྱུས་དེ་ མ་བདེན་པའི་གསུང་བཟུམ་སྦེ་གོ་སྟེ་ ཁོང་གིས་ཆ་མ་བཞག་པས། 12 ཨིན་ཏེ་འབད་རུང་ པེ་ཏྲོ་ཡར་ལོངས་ཞིནམ་ད་ བརྒྱུགས་ཏེ་ དུར་ཁུང་ནང་སོང་སྦེ་ ན་འཐན་སྦེ་མར་བསྒུར་ཏེ་བལྟཝ་ད་ སྐུ་ཕུང་སྤུར་བཞག་མི་ ཁ་ཤ་གི་རས་འདི་རྐྱངམ་གཅིག་མཐོང་སྟེ་ ག་ཅི་བྱུང་ཡི་ག་ཟེར་ཧ་ལས་ཏེ་ ལོག་འོངས་ནུག། 13 ཉིནམ་དེ་གི་ཚེ་རང་ ཡེ་ཤུ་གི་སློབ་མ་གཉིས་ ཡེ་རུ་ཤ་ལེམ་ལས་འོངས་ཏེ་ དཔག་ཚད་བཞི་དེ་ཅིག་གི་ས་ཁར་ཡོད་པའི་གཡུས་ཚན་ ཨེ་མ་ཨུས་ཟེར་མི་ནང་འགྱོ་བའི་བསྒང་། 14 ཁོང་གཉིས་ གཅིག་གིས་གཅིག་ལུ་ ཧེ་མ་ག་ཅི་རང་བྱུང་ཡི་ག་ དེ་ཚུ་གི་སྐོར་ལས་ལོ་རྒྱུས་ཚུ་སླབ་སྟེ། 15 ལམ་འགྱོ་བའི་བར་ན་ ཡེ་ཤུ་ཁོ་རང་གཅིག་སྦེ་ ཁོང་གི་སྦོ་ལོགས་ཁར་ལས་ཚུར་ ཁོང་དང་གཅིག་ཁར་བྱོན་ནུག 16 དེ་འབདཝ་ད་ དཀོན་མཆོག་གིས་ ཁོང་གིས་ཁོ་ངོ་ཤེས་མ་ཚུགསཔ་མཛད་མཛདཔ་ཨིན་མས། 17 ཡེ་ཤུ་གིས་ ཁྱེད་ལམ་འགྱོ་བའི་བསྒང་ ག་ཅི་གི་ལོ་རྒྱུས་སླབ་སྨོ་ཟེར་གསུངསམ་ད་ ཁོང་སེམས་སྐྱོ་སྟེ་ག་ནི་ཡང་མ་ཞུ་བར་ལོངས་སྡོད་ནུག 18 དེ་གི་ཤུལ་ལས་ ཀེལེའུ་པཱས་ཟེར་མི་དེ་གིས་ དབའི་ བལྟ་བཤལཔ་གི་གྲལ་ལས་ ཁ་ཙ་ཁ་ཉིནམ་ ཡེ་རུ་ཤ་ལེམ་ནང་བྱུང་མི་ལོ་རྒྱུས་ཚུ་ མ་ཤེས་མི་ ཁྱོད་རྐྱངམ་གཅིག་རང་ཨིན་ན་ཟེར་ ཡེ་ཤུ་ལུ་ཞུ་ནུག 19 ཡེ་ཤུ་གིས་ཁོང་ལུ་ ག་ཅི་རང་བྱུང་ཡི་ག་ཟེར་གསུངསམ་ད་ ཁོང་གིས་ ན་ཟ་རཱེད་ཀྱི་ཡེ་ཤུ་ཟེར་མི་འདི་ལུ་ བྱུང་མི་གི་ལོ་རྒྱུས་ཚུ་ཨིན་ཟེར་སླབ་ནུག་ དེ་ལས་ད་རུང་ ཁོ་ དཀོན་མཆོག་དང་མི་ག་ར་གི་གདོང་ཁར་ལུ་ ཕྱག་ལཱ་མཛད་ནི་དང་ ཆོས་གསུངས་ནི་ནང་ལུ་ ནུས་ཤུགས་ཡོད་མིའི་ལུང་སྟོན་པ་ཨིན། 20 དེ་འབདཝ་ད་ ང་བཅས་ཀྱི་བླ་ཆེན་དང་འགོ་དཔོན་ཚུ་གིས་ ཁོ་ཤི་ཁྲིམས་སྲོག་ཐོག་ལུ་བཏང་ནི་སྦེ་ རོགས་ཀྱི་ལག་པར་སྤྲོད་དེ་ ཁྲམ་ཤིང་གུ་བརྐྱངས་ཏེ་བཀྲོངས་བཅུག་ཅི། 21 དེ་འབདཝ་ད་ ང་བཅས་ཀྱི་རེ་བ་ལས་འབད་བ་ཅིན་ ཨཱིས་ར་ཨཱེལ་གྱི་མི་ཚུ་ལུ་སྐྱབས་མཛད་པ་བྱོན་མི་འདི་ ཁོ་རང་ཨིན་ཟེར་མནོ་སྡོད་ཅི་ ད་ཨ་ནི་ལོ་རྒྱུསཚུ་ཕར་རང་བཞག་ད་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ཁྲམ་ཤིང་གུ་དཀྲོངས་ཏེ་ ད་རེས་ཀྱི་ཉིནམ་གསུམ་སོང་ཡི། 22 ད་རུང་ ང་བཅས་ཀྱི་གྲལ་ཁ་ལས་ ཨམ་སྲུ་ལ་ལུ་ཅིག་གིས་ ང་བཅས་ལུ་ཧ་ལས་བཅུག་ཅི་ ཁོང་ད་རེས་དྲོ་པ་ཧ་སག་སྟེ་ དུར་ཁུང་ནང་བལྟ་བ་སོངམ་ད། 23 ཁོང་གིས་ཁོ་གི་སྐུ་ཕུང་མ་མཐོང་པས་ དེ་ལས་ཁོང་མར་ལས་ལོག་འོངས་ཏེ་ ཕོ་ཉ་ཚུ་གི་མཐོང་སྣང་ནང་ ཡེ་ཤུ་སྐུ་གསོན་པོ་སྦེ་བཞེངས་ཡི་ཟེར་ང་བཅས་ལུ་སླབ་ཅི། 24 ད་ལས་ ང་བཅས་ཀྱི་གྲལ་ཁ་ལས་ ལྟོ་ཚང་ལ་ལུ་ཅིག་ དུར་ཁུང་ནང་བལྟ་བ་སོངམ་ད་ ཨམ་སྲུ་ཚུ་གིས་སླབ་དོཝ་བཟུམ་སྦེ་རང་ ཁོང་གིས་ཡང་མཐོང་ནུག་ དེ་འབདཝ་ད་ ཁོང་གིས་ཡེ་ཤུ་མ་མཇལ་བས་ཟེར་ཞུ་ནུག 25 དེ་ལས་ཡེ་ཤུ་གིས་ཁོང་ལུ་གསུངས་ནུག་ ཨ་ཁའི་ ཁྱེད་རྩ་རྒས་ཚུ་ ལུང་སྟོན་པ་ཆ་ཁྱབ་ཀྱིས་གསུང་རབ་ནང་བྲིས་ཏེ་ཡོད་མི་དེ་ལུ་ ཆ་བཞག་ནི་དེ་ ག་ཅི་འབད་ལཱ་ཁག་བརྐྱབས་སྨོ། 26 དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་འདི་ སྡུག་བསྔལ་འདི་ཚུ་མྱོངས་ཞིནམ་ད་ ཁོ་རང་གི་གཟི་བརྗིད་ནང་ལོག་བྱོན་དགོཔ་འདི་ ཁག་ཆེ་ཏོག་ཏོ་ཨིནམ་ མ་ཤེས་ག་ཟེར་གསུངས་ནུག 27 ད་རུང་ཡེ་ཤུ་གིས་ཁོ་རང་གི་སྐོར་ལས་ མོ་སཱེས་ལས་འགོ་བཙུགས་ཏེ་ ལུང་སྟོན་པ་ཚུ་ག་ར་གིས་ རིམ་པ་བཞིན་དུ་ གསུང་རབ་ནང་བྲིས་ཏེ་ཡོད་མི་དེ་ཚུ་ འགྲེལ་བཤད་བརྐྱབས་ཏེ་གསུངས་ནུག 28 དེ་ལས་ཁོང་གཉིས་འགྱོ་སའི་གཡུས་ཚན་གྱི་སྦོ་ལོགས་ཁར་ལྷོདཔ་ད་ ཡེ་ཤུ་གཡུས་དེ་ཁར་ལས་ཕར་བརྒལ་ཏེ་ བྱོན་ནི་བཟུམ་སྦེ་མཛདཔ་ད། 29 ཁོང་གིས་ཁོ་ལུ་ ད་དུས་ཚོད་རྫོགས་ཏེ་ནམ་སྲོ་ནི་འབད་དོ་ ད་རེས་ནཱ་ང་བཅས་དང་གཅིག་ཁར་སྡོད་ཟེར་གསོལཝ་བཏབ་ད་ ཁོང་གིས་ཞུ་མི་སྙན་གསན་ཏེ་ ཁོང་དང་གཅིག་ཁར་ཁྱིམ་ནང་བྱོན་བཞུགས་ནུག 30 དེ་ལས་ཡེ་ཤུ་ཁོང་དང་གཅིག་ཁར་ མར་ས་ཁར་བཞུགས་ཏེ་ ཚོགས་བཞེས་པའི་སྐབས་ ཁོ་གིས་ཏད་ཟས་ཕྱག་ལུ་བསྣམས་ཏེ་གཏང་རག་ཕུལ་སྦེ་ ཏད་ཟས་བཅག་སྟེ་ཁོང་ལུ་གནངམ་ད། 31 དེའི་བསྒང་རང་ ཁོང་གི་མིག་ཏོ་ཁ་ཕྱེ་སྟེ་ ཁོ་ཐད་རི་བ་རི་ཡེ་ཤུ་ཨིནམ་ངོ་ཤེས་ནུག་ དེ་འབདཝ་ད་ ཡུདཔ་ཐེངས་ཅིག་ནང་ ཁོང་འབད་ས་ལས་ ཁོ་ཡལ་སོང་ནུག 32 དེ་ལས་ཁོང་རང་གཅིག་གིས་གཅིག་ལུ་ ཁོ་གིས་ལམ་ཁར་ལུ་ གསུང་རབ་ཀྱི་དོན་དག་ཚུ་བཤད་དེ་ ང་བཅས་ལུ་གསུངསམ་ད་ ང་བཅས་ཀྱི་སེམས་ཁར་མེ་འབར་དོཝ་བཟུམ་སྦེ་ དགའ་ཚོར་བྱུང་ཡི་མེན་ན་ཟེར་སླབ་ནུག 33 ཁོང་གཉིས་དེ་འཕྲོ་ལས་ལོང་སྟེ་ ཡེ་རུ་ཤ་ལེམ་ལུ་ལོག་སོངམ་ད་ སློབ་མ་བཅུ་གཅིགཔ་དང་ ཁོང་དང་གཅིག་ཁར་འཛོམས་སྡོད་མི་ཚུ་དང་འཕྱད་དེ། 34 ཁོང་ལུ་སླབ་ནུག་ དོན་ལས་རང་ གཙོ་བོ་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་ཏེ་ སི་མཱོན་ལུ་མཇལ་ཁ་གནང་ནུག 35 དེ་ལས་ ཁོང་གཉིས་ཀྱིས་ལམ་ཁར་ལུ་ ག་ཅི་རང་བྱུང་བྱུངམ་ཨིན་ན་དང་ གཙོ་བོ་གིས་ཁོང་ལུ་ཏད་ཟས་བཅག་གནངམ་ད་ ཁོང་གིས་ཡེ་ཤུ་ ག་དེ་སྦེ་ངོ་ཤེས་ཅི་ག་ འདི་ལོ་རྒྱུས་ཚུ་ག་ར་བཤད་དེ་སླབ་ནུག། 36 ཁོང་གཉིས་ཀྱིས་ལོ་རྒྱུས་སླབ་པའི་བསྒང་རང་ དཔྱེད་རིག་མེད་སི་སི་སྦེ་ གཙོ་བོ་ཡེ་ཤུ་ཁོང་གི་སྦུག་ལུ་ཡར་བཞེངས་ཏེ་ཁོང་ལུ་ ཁྱེད་ལུ་ཞི་བདེ་འོང་བར་ཤོག་ཟེར་གསུངས་ནུག 37 ཁོང་ཆ་ཁྱབ་ཀྱིས་འབད་བ་ཅིན་ ཁོ་འདྲེ་ཨིན་མས་ཟེར་མནོ་སྟེ་ རྣམ་རྟོག་ལངས་ཏེ་ གནམ་མེད་ས་མེད་འདྲོགས་ནུག 38 དེ་འབདཝ་ད་ ཡེ་ཤུ་གིས་ཁོང་ལུ་ ཁྱེད་ག་ཅི་འབད་འདྲོགཔ་སྨོ་ ག་ཅི་འབད་སེམས་ཁར་ཐེ་ཚོམ་ཆགསཔ་སྨོ། 39 བདེན་འཛིན་མ་རེ་བ་ཅིན་ ཨ་ནཱ་ངེ་གི་ལགཔ་དང་རྐངམ་ལུ་བལྟ་ ཐད་རི་བ་རི་ང་ཨིན་ ངེ་གི་གཟུགས་ཁར་ལགཔ་འདོགས་ཏེ་བལྟ་ ང་ལུ་གཟུགས་ཡོད་དོ་བཟུམ་སྦེ་ འདྲེ་ལུ་མེད་ཟེར་གསུངས་ཏེ། 40 ཁོ་རའི་ཕྱག་དང་ཞབས་ ཁོང་ལུ་བཏོན་གནང་ནུག 41 ཁོང་ཧ་ལས་ཏེ་དགའ་སྤྲོ་སྦོམ་བྱུངམ་ལས་བརྟེན་ཏེ་ ཁོང་ད་རུང་བདེན་འཛིན་མ་རེ་ དེ་ལས་ཡེ་ཤུ་གིས་ ནཱ་ལུ་བཞེས་སྒོ་ཟ་ནི་ག་ནི་ཡང་མེད་ག་ཟེར་གསུངསམ་ད། 42 ཁོང་གིས་ཉ་མེ་གཏང་གཏངམ་གཅིག་ཕུལ་ཏེ། 43 ཁོང་གིས་མཐོང་ས་རང་ དེ་ལེན་ཏེ་བཞེས་ནུག 44 དེ་ལས་ཁོ་གིས་ ང་གིས་ཧེ་མ་ཁྱེད་དང་མཉམ་གཅིག་སྡོད་པའི་སྐབས་ལུ་སླབ་ཅི་ ད་རུང་ངེ་གི་སྐོར་ལས་ག་ར་ མོ་སཱེས་ཀྱི་བཀའ་ཁྲིམས་དང་ ལུང་སྟོན་པ་ཚུ་གི་དེབ་ནང་ཡོད་མི་དང་ མགུར་མ་ནང་བྲིས་ཏེ་ཡོད་མིའི་དོན་དག་དེ་ཚུ་བྱུང་དགོ་ཟེར་མི་འདི་ཚུ་ ད་མངོན་སུམ་དུ་བསྒྲུབ་དགོ་ཟེར་གསུངས་ནུག 45 གསུང་རབ་ནང་བྲིས་ཏེ་ཡོད་མིའི་དོན་དག་དེ་ཚུ་ ཁོང་གི་སེམས་ཁར་ལུ་ཧིང་སངས་ས་སྦེ་ཧ་གོ་ཚུགསཔ་མཛད་ནུག 46 ཁོ་གིས་ གསུང་རབ་ནང་ག་ཅི་བྲིས་ཡི་ག་ཟེར་བ་ཅིན་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་འདི་ སྡུག་བསྔལ་མྱོང་སྟེ་ ད་རུང་ཉིནམ་གསུམ་པ་ལུ་ སྐུ་གསོན་པོ་སྦེ་བཞེངས་ཏེ། 47 ཡེ་རུ་ཤ་ལེམ་ལས་འགོ་བཙུགས་ཏེ་ ཁོ་གི་མཚན་གྱི་ཐོག་ལས་སྦེ་ མི་རིགས་ག་ར་ལུ་ ཁོང་རང་སེམས་འགྱུར་ཏེ་ སྡིག་པ་བཀའ་དྲིན་བསྐྱང་ནི་གི་ཆོས་བཤད་འོང་། 48 ཁྱེད་ཆ་ཁྱབ་ ལཱ་དེ་ཚུ་གི་འཛོམ་དཔང་ཨིན། 49 ངེ་གི་ཡབ་ཀྱིས་ཁས་བླངས་བཞེས་མི་དེ་ ང་རང་གིས་ཁྱེད་ལུ་གཏང་ནི་ཨིན་ དེ་འབདཝ་ད་ ཡར་ལས་མར་གྱི་ནུས་ཤུགས་དེ་ ཁྱེད་ཀྱི་གུ་མ་ལྷོད་པའི་བར་དུ་ ཡེ་རུ་ཤ་ལེམ་ལུ་སྒུག་སྟེ་སྡོད་ཟེར་བཀའ་གནང་ནུག། 50 དེ་ལས་ཡེ་ཤུ་གིས་ཁོང་སློབ་མ་ཚུ་ཁྲོམ་ཁ་ལས་ བེ་ཐ་ནི་ཡ་གཡུས་ཚན་ནང་འཁྱིད་དེ་ ཁོ་རང་གི་ཕྱག་ཡར་སེང་སྟེ་ཁོང་ལུ་བྱིན་རླབས་གནང་ནུག 51 བྱིན་རླབས་གནང་བའི་བར་ནང་ ཡེ་ཤུ་ཁོང་དང་ཁ་འབྲལ་ཏེ་ ཁོ་ཡར་ཞིང་ཁམས་ལུ་འཐུ་བསྣམས་ནུག 52 དེ་ལས་ཁོང་ཆ་ཁྱབ་ཡེ་ཤུ་ལུ་ཕྱག་འཚལ་ཏེ་ སེམས་ཁར་རྗེས་སུ་ཡིད་རང་སྦོམ་བྱུང་སྦེ་ ཡེ་རུ་ཤ་ལེམ་ལུ་ལོག་འོངས་ཏེ། 53 དུས་རྟག་བུ་རང་དཀོན་མཆོག་ལུ་བསྟོད་པ་གཏང་རག་ཕུལཝ་ཕུལ་ས་རང་ མཆོད་ཁང་ནང་སྡོད་ནུག། །།
1 འགོ་ཐོག་རང་ གསུང་བཞུགས་ཡོདཔ་ཨིན་མས་ གསུང་འདི་དཀོན་མཆོག་དང་གཅིག་ཁར་ཡོདཔ་ཨིན་མས་ གསུང་འདི་དཀོན་མཆོག་ཁོ་རང་ཨིན་མས། 2 སྔོན་མ་གསུང་དཀོན་མཆོག་དང་གཅིག་ཁར་ཡོདཔ་ཨིན་མས། 3 འབྱུང་བ་ཚུ་ག་ར་གསུང་གི་ཐོག་ལས་སྦེ་མཛད་ནུག་ ཁོ་མེད་པར་འབྱུང་བ་ཚུ་གཅིག་ཡང་མ་འབྱུང་པས། 4 ཁོ་གི་ནང་ལུ་ཚེ་ཡོདཔ་ཨིན་མས་ ཚེ་འདི་མི་ག་ར་གི་དོན་ལུ་འོད་ཟེར་ཨིན་མས། 5 འོད་ཟེར་དེ་གནག་དུང་ནང་ཤར་ཏེ་ཡོདཔ་ཨིན་མས་ གནག་དུང་གིས་འོད་ཟེར་དེ་ལུ་བཀབ་སྟེ་སྦ་མ་ཚུགས་པས། 6 མི་ག་ར་གིས་འོད་ཟེར་དེ་ལུ་དད་པ་བསྐྱེད་བཅུག་ནིའི་དོན་ལུ་ དཀོན་མཆོག་གིས་ ཡོ་ཧ་ནཱན་ཟེར་སླབ་མིའི་མི་གཅིག་ལས་རྒྱུད་དེ་ འོད་ཟེར་གྱི་སྐོར་ལས་འཛོམ་དཔང་བཤད་པ་བཏང་གནང་ནུག 8 འོད་ཟེར་དེ་ ཡོ་ཧ་ནཱན་ཁོ་རང་མེན་པས་ དེ་འབདཝ་ད་ ཁོ་འོད་ཟེར་གྱི་འཛོམ་དཔང་འབད་བ་འོངས་ནུག 9 མི་ག་ར་ལུ་སྐྱ་སི་སི་བཟོ་མི་འོད་ཟེར་ངོ་མ་དེ་ འཛམ་བུ་གླིང་ནང་འབྱོན་ནི་སྦེ་ཡོདཔ་ཨིན་མས། 10 འོད་ཟེར་ཨིན་མི་ཁོ་ འཛམ་བུ་གླིང་ནང་བཞུགས་ཏེ་ ཁོ་ལས་རྒྱུད་དེ་འབྱུང་བ་ཚུ་ག་ར་མཛད་དེ་ཡོད་རུང་ འཛམ་བུ་གླིང་གི་མི་དེ་ཚུ་གིས་ཁོ་ངོ་མ་ཤེས་པས། 11 ཁོ་རང་གི་མི་དེ་ཚུ་སྡོད་སར་བྱོན་རུང་ ཁོ་གི་མི་དེ་ཚུ་གིས་ཁོ་ལུ་བྱོན་ཟེར་ཞུ་མ་བཏུབ་པས། 12 དེ་འབདཝ་ད་ ཁོ་ལུ་ཞུ་སྟེ་ ཁོ་གི་མཚན་ནང་དད་པ་བསྐྱེད་མི་ཆ་ཁྱབ་ལུ་ ཁོ་གིས་དཀོན་མཆོག་གི་སྲས་སྲསམོ་ལུ་འགྱུར་ནིའི་འོས་འབབ་གནང་ནུག 13 ཁོང་སྲས་དང་སྲསམོ་སྦེ་མཛད་གནང་མི་འདི་ ཕམ་བརྒྱུད་ལས་ ཡངན་ལུས་ཀྱི་འདོད་པ་ལས་ ཡངན་རྨགཔ་གི་འདོད་པ་ལས་མེན་པས་ དེ་འབདཝ་ད་ དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་བྱུང་ནུག 14 ད་གསུང་འདི་ཤ་དང་ཁྲག་ལུ་འགྱུར་ཞིནམ་ལས་ སྙིང་རྗེ་དང་བདེན་པ་གིས་གང་སྟེ་ ང་བཅས་དང་གཅིག་ཁར་འཛམ་བུ་གླིང་ནང་བཞུགས་ནུག་ ང་བཅས་ཀྱིས་གཟི་བརྗིད་འདི་མཇལཝ་ད་ འདི་ཡབ་ལས་ ཨིན་མིའི་སྲས་གཅིགཔ་གི་གཟི་བརྗིད་སྦེ་མཇལ་ཡི། 15 ཡོ་ཧ་ནཱན་གྱིས་ སྐད་ཤུགས་སྦེ་བརྐྱབས་ཏེ་ ཁོ་གི་སྐོར་ལས་འཛོམ་དཔང་དེ་སྦེ་བཤད་ནུག་ ངེ་གི་ཤུལ་ལས་འབྱོན་ནི་འབད་མི་འདི་ ང་ལས་ཡང་གོ་ས་མཐོ་ ག་ཅི་སྨོ་ཟེར་བ་ཅིན་ ང་མ་སྐྱེས་བའི་ཧེ་མ་ལས་ ཁོ་བཞུགས་ཏེ་ཡོད་ཟེར་ ང་གིས་སླབ་མི་འདི་ཁོ་ཨིན། 16 ཁོ་གི་ཕུན་སུམ་ཚོགས་པ་ལས་སྦེ་ ང་བཅས་ག་ར་གིས་ཐུགས་རྗེ་གི་གུ་ལུ་ཐུགས་རྗེ་ཐོབ་ཅི། 17 ག་ཅི་སྨོ་ཟེར་བ་ཅིན་ བཀའ་ཁྲིམས་འདི་ མོ་སཱེས་ཀྱི་ཐོག་ལས་སྦེ་གནང་ནུག་ དེ་འབདཝ་ད་ ཐུགས་རྗེ་དང་བདེན་པ་འདི་ ཡེ་ཤུ་ཁིརཱིས་ལས་སྦེ་འབྱུང་འོངས་ནུག 18 མི་ག་གིས་ཡང་དཀོན་མཆོག་ནམ་ཡང་མ་མཇལ་བས་ དེ་འབདཝ་ད་ ཡབ་དཀོན་མཆོག་གི་སྐུ་མདུན་ལུ་ བཞུགས་ཡོད་མི་སྲས་གཅིགཔ་དེ་ ཁོ་རང་དཀོན་མཆོག་ཨིནམ་ལས་ ཡབ་ཀྱི་སྐོར་ལས་ང་བཅས་ལུ་སྟོན་གནང་ནུག། 19 རྒྱལ་ས་ ཡེ་རུ་ཤ་ལེམ་ལས་ ཡ་ཧུ་ད་པའི་འགོ་དཔོན་ཚུ་གིས་ བླམ་དང་ ལེ་ཝི་ཚུ་ ཡོ་ཧ་ནཱན་སྡོད་ས་ལུ་བཏང་སྟེ་ ཁྱོད་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ན་ཟེར་འདྲིཝ་ད། 20 ཡོ་ཧ་ནཱན་གྱིས་བློ་ཧིང་སངས་ས་སྦེ་ ང་ཁིརཱིས་མེན་ཟེར་ཁོང་ལུ་ལན་བརྐྱབས་ནུག 21 དེ་ལས་ཁོང་གིས་ཁོ་ལུ་ དེ་སྦེ་ཨིན་པ་ཅིན་ ཁྱོད་ལུང་སྟོན་པ་ ཨེ་ལི་ཡ་ཨིན་ན་ཟེར་འདྲིཝ་ད་ ཁོ་གིས་ང་ཁོ་མེན་ཟེར་སླབ་ནུག་ ད་རུང་ཁྱོད་ ང་བཅས་ག་ར་གིས་རེ་བ་བསྐྱེད་སྡོད་མི་ལུང་སྟོན་པ་ཨིན་ན་ཟེར་འདྲིཝ་ད་ ང་ཁོ་ཡང་མེན་ཟེར་སླབ་ནུག 22 དེ་ལས་ཁོང་གིས་ཁོ་ལུ་ ཁྱོད་ག་སྨོ་ ཁྱོད་ཀྱིས་ཁྱོད་རང་ལུ་ག་ཨིན་ཟེར་སླབ་ནི་སྨོ་ ང་བཅས་ལུ་ལན་གཅིག་སླབ་གནང་ ང་བཅས་ལུ་བཏང་མི་ཚུ་ལུ་ལན་གསལ་འབད་དགོ་ཟེར་སླབ་ནུག 23 ཡོ་ཧ་ནཱན་གྱིས་ ལུང་སྟོན་པ་ ཨའི་ཟ་ཡ་གིས་སླབ་དོཝ་བཟུམ་སྦེ། གཙོ་བོ་གི་འབྱོན་ལམ་ ཕྲང་ཏང་ཏ་བཟོ་ཟེར་ རི་སྟོང་ནང་ལས་སྐད་གཅིག་རྐྱབ་དོ་ཟེར་མི་ སྐད་དེ་ ང་ཨིན་ཟེར་སླབ་ནུག 24 ད་ ཡོ་ཧ་ནཱན་ལུ་ཁ་འཐེན་འབག་མི་ལ་ལུ་ཅིག་ ཕ་རུ་ཤི་པ་ཚུ་ཨིན་མས། 25 དེ་ལས་ཁོང་གིས་ཁོ་ལུ་ ཁྱོད་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ ཡངན་ལུང་སྟོན་པ་ ཨེ་ལི་ཡ་ ཡངན་ང་བཅས་ཀྱིས་རེ་བ་བསྐྱེད་སྡོད་མི་ལུང་སྟོན་པ་མེན་པ་ཅིན་ ག་ཅི་འབད་ཁྲུས་གསོལ་བྱིནམ་སྨོ་ཟེར་སླབ་ད། 26 ཡོ་ཧ་ནཱན་གྱིས་ཁོང་ལུ་ ང་གིས་ཆུའི་ཁྲུས་གསོལ་བྱིནམ་ཨིན་ དེ་འབདཝ་ད་ ཁྱེད་མི་དམངས་ཀྱི་སྦུག་ལུ་ མི་གཅིག་བཞུགས་ཏེ་ཡོད་ འདི་ལུ་ཁྱེད་ཀྱིས་ངོ་མི་ཤེས། 27 ངེ་གི་ཤུལ་ལས་བྱོན་མི་འདི་ཁོ་ཨིན་ ཁོ་གི་ཞབས་ལྷམ་གྱི་སྒྲོག་འཁྱོལ་ནི་གི་འོས་འབབ་ ང་ལུ་མེད་ཟེར་སླབ་ནུག 28 འདི་ཚུ་ག་ར་ ཡཱོར་དཱན་ཆུའི་ཕ་ཁར་ བེ་ཐ་ནི་ཡ་ཟེར་སླབ་མི་གཡུས་ཚན་འདི་ནང་ ཡོ་ཧ་ནཱན་གྱིས་ཁྲུས་གསོལ་བྱིན་སྡོད་སའི་ས་གནས་ནང་ལུ་བྱུང་ནུག། 29 འདི་གི་ནངས་པ་ ཡོ་ཧ་ནཱན་གྱིས་ཡེ་ཤུ་ཁོ་སྡོད་སར་འབྱོནམ་མཇལ་ཏེ་ དེ་སྦེ་སླབ་ནུག་ བལྟ་ཞིག་ འཛམ་བུ་གླིང་གི་སྡིག་པ་བསྣམས་པ་འབྱོན་མི་ དཀོན་མཆོག་གི་ལུག་གི་ཕྱུག་ཀུ་བྱོན་དོ། 30 ང་གིས་ཧེ་མ་ཁྱེད་ལུ་ ངེའི་ཤུལ་ལས་གཅིག་འབྱོན་དོ་ཟེར་མི་འདི་ ཁོ་གི་སྐོར་ལས་ཨིན་ ཁོ་ང་ལས་ཡང་གོ་ས་མཐོ་ ག་ཅི་སྨོ་ཟེར་བ་ཅིན་ ང་མ་སྐྱེས་བའི་ཧེ་མ་ལས་ཁོ་བཞུགས་ཡོདཔ་མས་ཟེར་སླབ་ནུག 31 ང་རང་གིས་ད་ལྟོ་ཚུན་ཚོད་ཁོ་ངོ་མ་ཤེས་ དེ་འབདཝ་ད་ ཨཱིས་ར་ཨཱེལ་པ་ཚུ་ལུ་ ཁོ་ངོ་སྟོན་ནི་གི་དོན་ལུ་ ང་ཆུའི་ཁྲུས་གསོལ་བྱིན་ཡི་རང་འོང་ཡི། 32 དེ་ལས་ ཡོ་ཧ་ནཱན་གྱིས་འཛོམ་དཔང་དེ་སྦེ་བཤད་ནུག་ ཁོ་གི་གུ་ཐུགས་ཉིད་དེ་ ཡར་ནམ་མཁའ་ལས་མར་ བྱ་ཐི་ལི་རྒྱལམོ་བཟུམ་སྦེ་མར་ཆགས་ཏེ་ བཞུགས་ས་ང་གིས་མཇལ་ཡི། 33 དེའི་སྐབས་ང་གིས་ཡང་ཁོ་ངོ་མ་ཤེས་ ཨིན་རུང་རང་ ང་ལུ་ཆུའི་ཁྲུས་གསོལ་བྱིན་པ་བཏང་མི་དེ་གིས་ ཁྱོད་ཀྱིས་ཞིང་ཁམས་ལས་མར་ཐུགས་ཉིད་འབབ་སྟེ་ ག་གི་གུ་ལུ་ཆགས་ས་མཐོང་འོང་ག་ ཨ་ནི་དེ་ དམ་པའི་ཐུགས་ཉིད་ཀྱི་ཁྲུས་གསོལ་གནང་མི་ཨིན་ཟེར་ ང་ལུ་གསུངས་ཡི། 34 དེ་ལས་ང་རང་གིས་ཡང་མཇལ་ཏེ་ དཀོན་མཆོག་གི་སྲས་འདི་ཁོ་རང་ཨིན་ཟེར་ ང་གིས་འཛོམ་དཔང་བཤདཔ་ཨིན་ཟེར་སླབ་ནུག། 35 ད་རུང་འདི་གི་ནངས་པ་ ཡོ་ཧ་ནཱན་ཁོ་རང་གི་སློབ་མ་གཉིས་དང་གཅིག་ཁར་སྡོདཔ་ད། 36 ཡེ་ཤུ་འདི་ལས་ཕར་བྱོན་ས་མཇལ་ཏེ་ ཁོ་གིས་བལྟ་ཞིག་ དཀོན་མཆོག་གི་ལུག་གི་ཕྱུག་ཀུ་ཟེར་ཞུཝ་ད། 37 སློབ་མ་གཉིས་ཀྱིས་གོ་སྟེ་ ཁོང་ཡེ་ཤུ་གི་རྟིང་བདའ་ཡར་སོང་ནུག 38 ཡེ་ཤུ་སྐུ་རྒྱབ་ལོག་སྟེ་གཟིགསཔ་ད་ ཁོང་གཉིས་རྒྱབ་ལས་འོང་ས་གཟིགས་ཏེ་ ཁྱེད་ག་ཅི་འཚོལ་བ་འོངམ་སྨོ་ཟེར་གསུངསམ་ད་ ཁོང་གིས་ རབ་བི་ལགས་ ནཱ་ག་ཏེ་བཞུགསཔ་སྨོ་ཟེར་ཞུ་ནུག་ རབ་བི་ཟེར་ཞུ་མི་ འདི་གི་དོན་དག་དེ་ སློབ་དཔོན་ལགས་ཟེར་སླབ་ཨིན་མས། 39 ང་ག་ཏེ་སྡོདཔ་ཨིན་ན་ བལྟ་བ་ཤོག་ཟེར་གསུངསམ་ད་ ཁོང་གཉིས་ཡེ་ཤུ་དང་གཅིག་ཁར་སོང་སྟེ་ ཕར་ལྷོདཔ་ད་ ཉིན་མའི་ཆུ་ཚོད་བཞི་ལང་སོངམ་ལས་ དེ་ཉིན་མ་ཡེ་ཤུ་དང་གཅིག་ཁར་སྡོད་ནུག 40 ཡོ་ཧ་ནཱན་གྱིས་སླབ་མི་འདི་རྣ་བ་གོ་སྟེ་ ཡེ་ཤུ་ལུ་རྟིང་བདའ་མིའི་ མི་གཉིསཔ་འདི་གི་གྲལ་ཁ་ལས་གཅིག་ སི་མཱོན་པེ་ཏྲོ་གི་སྤུན་ ཨཱན་དྲུ་ཨིན་མས། 41 ཁོ་གིས་དང་པ་རང་ ཁོ་རང་གི་སྤུན་ སི་མཱོན་འཚོལ་ཐོབ་སྟེ་ཁོ་ལུ་ ང་བཅས་ཀྱིས་ མ་ཤི་ཀ་འཚོལ་ཐོབ་ཅི་ཟེར་སླབ་ནུག (མ་ཤི་ཀ་འདི་ལུ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཟེར་ཞུཝ་ཨིན།) 42 ཁོ་གིས་ སི་མཱོན་ ཡེ་ཤུ་གི་སྐུ་མདུན་ལུ་འཁྱིད་འོངམ་ད་ ཡེ་ཤུ་གིས་ཁོ་ལུ་གཟིགས་སྦེ་ ཁྱོད་ ཡོ་ཧ་ནཱན་གྱི་བུ་ སི་མཱོན་ཨིན་མས་ ད་ཁྱོད་ལུ་ ཀེ་ཕཱས་ཟེར་མིང་བཏག་ནི་ཨིན་ཟེར་གསུངས་ནུག་ ཀེ་ཕཱས་ལུ་ པེ་ཏྲོ་ ཟེར་ཡང་སླབ་ཨིན་ ཨ་ནི་མིང་གཉིས་ཆ་རང་གི་དོན་དག་དེ་རྡོ་ཕུ་ཨིན།། 43 འདི་གི་ནངས་པ་ ཡེ་ཤུ་ལུང་ཕྱོགས་ ག་ལི་ལི་ལུ་བྱོན་ནིའི་ཐུགས་བསམ་བཞེས་ཏེ་འབྱོནམ་ད་ ཕི་ལིབ་ལུ་མཇལ་ཁ་གནང་སྟེ་ ཁོ་ལུ་ངེ་གི་སློབ་མ་སྦེ་ཤོག་ཟེར་གསུངས་ནུག 44 ཨཱན་དྲུ་དང་ པེ་ཏྲོ་བཟུམ་སྦེ་ ཕི་ལིབ་ཡང་ཁྲོམ་ བཱེད་སའི་ད་ལས་ཨིན་མས། 45 དེ་ལས་ ཕི་ལིབ་ ན་ཐ་ནཱེལ་དང་གཅིག་ཁར་འཕྱད་དེ་ ང་བཅས་ཀྱིས་ མོ་སཱེས་ཀྱི་བཀའ་ཁྲིམས་ནང་དང་ ལུང་སྟོན་པ་ཚུ་གིས་བྲིས་བཞག་མི་ ཡོ་སེབ་ཀྱི་སྲས་ ན་ཟ་རཱེད་ཀྱི་ཡེ་ཤུ་དང་མཇལ་ཡི་ཟེར་སླབ་ད། 46 ན་ཐ་ནཱེལ་གྱིས་ ཁོ་ལུ་ ན་ཟ་རཱེད་ལས་ཡང་ལེགས་ཤོམ་གཅིག་འཐོན་ཚུགས་ག་ཟེར་སླབ་ད་ ཕི་ལིབ་ཀྱིས་ཁོ་ལུ་ཁྱོད་རང་འོངས་ཏེ་བལྟ་ཟེར་སླབ་ནུག 47 ཡེ་ཤུ་གིས་ ན་ཐ་ནཱེལ་འོང་ས་གཟིགས་ཏེ་ བལྟ་ཞིག་ གཡོ་སྒྱུ་མེད་པའི་ ཨཱིས་ར་ཨཱེལ་པ་ངོ་མ་འདི་ ཁོ་ཨིན་ཟེར་གསུངས་ནུག 48 དེ་ལས་ ན་ཐ་ནཱེལ་གྱིས་ ནཱ་གིས་ང་ལུ་ག་དེ་སྦེ་མཁྱེནམ་སྨོ་ཟེར་ཞུཝ་ད་ ཡེ་ཤུ་གིས་ཁོ་ལུ་ ཕི་ལིབ་ཀྱིས་ཁྱོད་ལུ་མ་འབོ་པའི་ཧེ་མ་ ཁྱོད་ཅོང་སེ་ཤིང་གི་འོག་ལུ་སྡོདཔ་ད་ ང་གིས་ཁྱོད་མཐོང་ཅི་ཟེར་གསུངས་ནུག 49 ན་ཐ་ནཱེལ་གྱིས་ རབ་བི་ལགས་ ནཱ་དཀོན་མཆོག་གི་སྲས་ ཨཱིས་ར་ཨཱེལ་གྱི་རྒྱལཔོ་ཨིན་མས་ཟེར་ཞུ་ནུག 50 ཡེ་ཤུ་གིས་ཁོ་ལུ་ ང་གིས་ཁྱོད་ཅོང་སེ་ཤིང་གི་འོག་ལུ་མཐོང་ཅི་ཟེར་སླབ་ནི་དེ་གིས་ ཁྱོད་དད་པ་བསྐྱེདཔ་ཨིན་ན་ ད་རུང་འདི་ལས་ཡང་ལྷག་པའི་ལཱ་སྦོམ་དེ་ཚུ་ཁྱོད་ཀྱིས་མཐོང་འོང་ཟེར་གསུངས་ཏེ། 51 འཕྲོ་མཐུད་དེ་རང་ ཡེ་ཤུ་གིས་ཁོ་ལུ་ དོན་ལས་རང་ང་གིས་ཁྱེད་ལུ་སླབ་ཨིན་ ཞིང་ཁམས་སྒོ་ཕྱེ་སྟེ་དཀོན་མཆོག་གི་ཕོ་ཉ་དེ་ཚུ་ མིའི་བུ་གི་གུ་ལུ་འོངས་ཏེ་ ཡར་འཛེག་མར་འབབ་ས་ ཁྱེད་ཀྱིས་མཐོང་འོང་ཟེར་གསུངས་ནུག།
1 དེ་ལས་ཉིནམ་གསུམ་གྱི་ཤུལ་ལས་ ག་ལི་ལི་ཟེར་མི་ལུང་ཕྱོགས་ནང་གི་ཁྲོམ་ ཀ་ན་ཟེར་ས་ལུ་ གཉེན་གྱི་དགའ་སྟོན་གཅིག་ཡོདཔ་ལས་ ཡེ་ཤུའི་ཡུམ་ཡང་འདི་ཁར་ལུ་མགྱོནམ་སྦེ་བྱོན་ནུག 2 ཡེ་ཤུ་དང་ཁོ་གི་སློབ་མ་ཚུ་ཡང་ གཉེན་གྱི་དགའ་སྟོན་ནང་གདན་འདྲེན་ཞུ་ནུག 3 དེ་ལས་དེའི་སྐབས་རྒུན་འབྲུམ་གྱི་ཆང་རྫོགས་སོངམ་ད་ ཡེ་ཤུའི་ཡུམ་གྱིས་ཁོ་ལུ་ ཁོང་འབད་སར་ཆང་མིན་འདུག་ཟེར་ཞུཝ་ད། 4 ཡེ་ཤུ་གིས་ དབའེ་ཨ་མ་ ད་འདི་ང་བཅས་ཀྱི་ལཱ་མེན་ ད་ལྟོ་ངེ་གི་ལཱ་འབད་དགོ་པའི་དུས་ཚོད་མ་རན་ཟེར་གསུངས་ནུག 5 དེ་ལས་ཡེ་ཤུའི་ཡུམ་གྱིས་ འདི་ཁར་གྱི་གཡོགཔོ་ཚུ་ལུ་ ཁོ་གིས་ག་གསུངས་མི་དེ་ ཁྱེད་ཀྱིས་འབད་ཞིག་ཟེར་སླབ་ནུག 6 ཡ་ཧུ་ད་པའི་ལུགས་སྲོལ་དང་འཁྲིལ་ཏེ་ གཙང་སྦྲ་བཟོ་ནིའི་དོན་ལུ་ ཆུ་བླུག་བཞག་སའི་བྱུས་བྲེ་བཅུ་ཐམ་རེ་ཤོང་མིའི་རྡོ་གི་རྒྱ་ཛི་དྲུག་ འདི་ཁར་བཞག་ཡོདཔ་མས། 7 ཡེ་ཤུ་གིས་ཁོང་ལཱ་འབད་མི་ཚུ་ལུ་ རྒྱ་རྫི་དེ་ཚུ་ནང་ཆུ་བཀང་ཟེར་གསུངསམ་ད་ ཁོང་གིས་རྒྱ་རྫི་ལྟེམ་ལྟེ་སྦེ་ཆུ་བཀང་ནུག 8 དེ་ལས་ཡེ་ཤུ་གིས་ ཁོང་གཡོགཔོ་ཚུ་ལུ་ འདི་ནང་ལས་ཨ་ཙི་དབོག་སྟེ་ དགའ་སྟོན་གྱི་གཉེརཔ་ལུ་བྱིན་ཟེར་གསུངསམ་ད་ དེ་བཟུམ་སྦེ་རང་ཁོང་གིས་འབད་ནུག 9 དགའ་སྟོན་གྱི་གཉེརཔ་གིས་ རྒུན་འབྲུམ་ཆང་ལུ་འགྱུར་བའི་ཆུ་དེའི་བྲོཝ་བལྟཝ་ད་ ཆང་བྲོཝ་ལེགས་ཤོམ་ཡོད་ནི་དེ་གིས་ ཆང་འདི་ག་ལས་འབག་འོངམ་ཨིན་ན་ ཁོ་གིས་མ་ཤེས་པར་ རྨགཔ་དེ་ལུ་འབོ་སྟེ་སླབ་ནུག་ ཨིན་རུང་ལཱ་འབད་མི་ཚུ་གིས་ཤེས་ནུག 10 གཉེརཔ་དེ་གིས་ དགའ་སྟོན་ག་ཏེ་རང་འབད་རུང་ མི་གིས་ཆང་བྲོཝ་ཡོད་མི་འདི་ཧེ་མ་བླུག་བྱིནམ་ཨིན་ དེ་ལས་མགྱོནམ་ག་ར་ཆང་གིས་ར་བཟིཝ་ད་ བྲོཝ་མེད་པའི་ཆང་བླུག་བྱིན་འོང་ དེ་འབདཝ་ད་ ཁྱོད་ཀྱིས་ཆང་བྲོཝ་ཡོད་མི་དེ་ ད་ལྟོ་ཡང་བཞག་ནུག་ཟེར་སླབ་ནུག 11 ཡེ་ཤུ་གིས་ ག་ལི་ལི་གི་ལུང་ཕྱོགས་ནང་གི་ཁྲོམ་ ཀ་ན་ཟེར་ས་ལུ་མཛད་མི་འདི་ ཁོ་གིས་མཛད་མི་རྟགས་མཚན་དང་པ་ཨིན་ དེ་ཁར་ལུ་ཁོ་རའི་གཟི་བརྗིད་མངོན་སུམ་དུ་སྟོན་གནང་ནུག་ དེ་ལས་ཁོ་གི་སློབ་མ་ཚུ་གིས་ཁོ་ལུ་དད་པ་བསྐྱེད་ནུག 12 དེ་གི་ཤུལ་ལས་ ཡེ་ཤུ་ཁོ་རའི་ཡུམ་དང་སྐུ་མཆེད་ཚུ་ དེ་ལས་སློབ་མ་ཚུ་དང་གཅིག་ཁར་ ཁྲོམ་ ཀ་ཕཱར་ནུམ་ལུ་བྱོན་ཏེ་ ཉིནམ་དག་པ་ཅིག་ཕར་ལུ་བཞུགས་ནུག། 13 དེའི་སྐབས་ལུ་ ཡ་ཧུ་ད་པའི་ཤི་ས་ལས་ཐར་བའི་དུས་ཆེན་ སྦོ་ལོགས་ཁར་ལྷོད་དེ་ ཡེ་ཤུ་ ཡེ་རུ་ཤ་ལེམ་ལུ་འབྱོནམ་ད། 14 མཆོད་ཁང་ནང་ན་འཛུལ་ཚརཝ་ད་ མཆོད་ཁང་དེ་ནང་ལུ་ གླང་དང་ ལུག་དང་ བྱ་ཐི་ལི་རྒྱལམོ་བཙོང་མི་ཆ་ཁྱབ་དང་ དངུལ་བརྗེ་སོར་གྱི་ཚོང་རྐྱབ་མི་དེ་ཚུ་ལུ་ ཁོ་གིས་གཟིགས་ཏེ། 15 ཐག་པའི་རྟས་ལྕག་བཟོ་ཞིནམ་ད་ གླང་དང་ལུག་དེ་ཚུ་དང་གཅིག་ཁར་ཚོང་བཙོང་མི་ཚུ་ཆ་མཉམ་ ཕྱི་ཁར་བཏོན་བདའཝ་མ་ཚད་ དངུལ་བརྗེ་སོར་གྱི་ཚོང་རྐྱབ་མི་དེ་ཚུ་གི་དངུལ་ཀྲམ་ག་ར་གཏོར་ཏེ་ ཅོག་སྒྲོམ་ཡང་ལྷོག་བཀོག་ནུག 16 དེ་ལས་བྱ་ཐི་ལི་རྒྱལམོ་བཙོང་མི་ཚུ་ལུ་ཁོ་གིས་ ཨ་ནི་དེ་ཚུ་ག་ར་ནཱ་ལས་འཐུ་འབག་སོང་ཤིག་ ངེ་གི་ཡབ་ཀྱི་བཞུགས་ཁང་དེ་ ཁྱེད་ཀྱིས་ཚོང་བཙོང་ས་སྦེ་མ་བཟོ་ཟེར་གསུངས་ནུག 17 འདི་གི་དུས་ལུ་ གསུང་རབ་ནང་། ནཱ་གི་བཞུགས་ཁང་གི་བརྩེ་གདུང་གིས་ ང་ལུ་མེདཔ་གཏང་དོ་ཟེར་ བྲིས་ཏེ་ཡོད་མིའི་ལོ་རྒྱུས་ཚུ་ག་ར་ སློབ་མ་ཚུ་གིས་སེམས་ཁར་དྲན་ནུག 18 ཡ་ཧུ་ད་པའི་འགོ་དཔོན་ཚུ་གིས་ཁོ་ལུ་ ཁྱོད་ལུ་ཨ་ནི་ཕྱག་ལཱ་མཛད་ཐག་ཆོག་པའི་དབང་ཚད་ཡོད་པ་ཅིན་ ང་བཅས་ལུ་རྟགས་མཚན་ག་ཅི་སྟོན་ནི་ཡོདཔ་སྨོ་ཟེར་ཞུཝ་ད། 19 ཡེ་ཤུ་གིས་ཁོང་ལུ་ མཆོད་ཁང་འདི་མར་བརྡལ་གཏང་ཞིནམ་ད་ ད་རུང་ང་གིས་ཉིནམ་གསུམ་གྱི་ནང་འཁོད་ལུ་ ཡར་ལྷོང་ནི་ཨིན་ཟེར་གསུངསམ་ད། 20 ཡ་ཧུ་ད་པ་ཚུ་གིས་ཁོ་ལུ་ མཆོད་ཁང་འདི་བཞེངམ་ད་ ལོ་ངོ་བཞི་བཅུ་ཞེ་དྲུག་འགོར་སོ་ནུག་ ད་ནཱ་གིས་འདི་ལུ་ ཉིནམ་གསུམ་གྱི་ནང་འཁོད་ལུ་ ལོག་བཞེངས་ཚུགས་ག་ཟེར་ཞུ་ནུག 21 ཁོ་གིས་མཆོད་ཁང་གི་སྐོར་ལས་གསུངསམ་ད་ ཁོ་རའི་སྐུ་གཟུགས་ཀྱི་སྐོར་ལས་གསུང་གསུངསམ་ཨིན་མས། 22 དེ་འབདཝ་ལས་ ཡེ་ཤུ་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་གནང་བའི་དུས་ལུ་ ཁོ་གི་སློབ་མ་ཚུ་གིས་ ཧེ་མ་ཡེ་ཤུ་གིས་གསུངས་མི་འདི་ དཔྱད་རིག་བཏང་སྟེ་ གསུང་རབ་དང་ ཡེ་ཤུ་གིས་གསུངས་མི་ལུ་དད་པ་བསྐྱེད་ནུག 23 ད་ཤི་ས་ལས་ཐར་བའི་དུས་ཆེན་གྱི་སྐབས་ ཡེ་ཤུ་ ཡེ་རུ་ཤ་ལེམ་ལུ་བཞུགསཔ་ད་ ཁོ་གིས་མཛད་མིའི་རྟགས་མཚན་འདི་ཚུ་མཇལ་ཏེ་ མི་ལེ་ཤ་གིས་ཡེ་ཤུ་གི་མཚན་ནང་དད་པ་བསྐྱེད་ནུག 24 ཨིན་རུང་ ཡེ་ཤུ་གིས་མི་ག་ར་གི་སེམས་མཁྱེན་ནུག་ དེ་འབདཝ་ལས་ མིའི་རང་བཞིན་གྱི་སྐོར་ལས་ ག་གིས་ཡང་སླབ་མ་དགོ་པར་ མཁྱེན་ནི་འདི་གིས་ ཁོ་གིས་ཁོ་རའི་ཕྱག་ལཱ་ མི་གི་ལག་པར་བློ་གཏད་མ་ཚུགས་པར་ ཁོང་ལུ་འགན་ཁག་བཀལ་ཏེ་མ་གནང་པས།།
1 ད་ ཕ་རུ་ཤི་པ་དང་ ཡ་ཧུ་ད་པའི་ཆོས་ཚོགས་ཀྱི་འགོ་དཔོན་ཚུ་གི་གྲལ་ཁ་ལས་ ནི་ཀོ་དེ་མཱས་ཟེར་སླབ་མི་གཅིག་ཡོདཔ་མས། 2 ཁོ་ཕྱི་རུ་གཅིག་ ཡེ་ཤུ་མཇལ་བ་འོངས་ཏེ་ རབ་བི་ལགས་ ནཱ་ཡར་དཀོན་མཆོག་ལས་བྱོན་མིའི་སློབ་དཔོན་གཅིག་ཨིནམ་ ང་བཅས་ཀྱིས་ཤེས་ལགས་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་ནཱ་དང་གཅིག་ཁར་མ་བཞུགས་པ་ཅིན་ ནཱ་གིས་མཛད་མི་ ཨ་ནི་བཟུམ་གྱི་རྟགས་མཚན་ཚུ་ གཞན་ག་གིས་ཡང་སྟོན་མི་ཚུགས་ཟེར་ཞུཝ་ད། 3 ཡེ་ཤུ་གིས་ཁོ་ལུ་ ང་གིས་ཁྱོད་ལུ་དོན་ལས་རང་སླབ་དོ་ ག་ར་འབད་རུང་ལོག་སྟེ་གསརཔ་སྦེ་མ་སྐྱེས་མི་འདི་གིས་ དཀོན་མཆོག་གི་རྒྱལ་སྲིད་མཐོང་མི་ཚུགས་ཟེར་གསུངསམ་ད། 4 ནི་ཀོ་དེ་མཱས་ཀྱིས་ཡེ་ཤུ་ལུ་ མི་ལོ་རྒསཔ་ད་ ད་རུང་ག་དེ་སྦེ་ལོག་སྟེ་སྐྱེས་ཚུགསཔ་སྨོ་ མི་འདི་ད་རུང་ལོག་ རང་གི་ཨའི་གི་མངལ་ནང་འཛུལ་ཏེ་ སྐྱེས་ཚུགས་ག་ཟེར་ཞུཝ་ད། 5 ཡེ་ཤུ་གིས་ཁོ་ལུ་ ང་གིས་ཁྱོད་ལུ་དོན་ལས་རང་སླབ་དོ་ མི་འདི་ ཆུ་དང་ཐུགས་ཉིད་ཀྱིས་མ་སྐྱེས་བ་ཅིན་ དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་མི་ཚུགས། 6 ཤ་རུས་ལས་སྐྱེས་མི་འདི་ཤ་རུས་ཨིན་ དེ་འབདཝ་ད་ ཐུགས་ཉིད་ལས་སྐྱེས་མི་འདི་ སེམས་ཉིད་ཀྱི་ཚེ་གསརཔ་ལུ་འགྱུར་ཏེ་སྐྱེཝ་ཨིན། 7 ང་གིས་ཁྱེད་ག་ར་ལོག་སྟེ་གསརཔ་སྦེ་སྐྱེ་དགོ་ཟེར་སླབ་ད་ ཁྱོད་རྣམ་ཏོག་མ་ལང་། 8 རླུང་དེ་ག་འགྱོ་དགོ་མནོ་སར་འཕུ་འགྱོཝ་ཨིན་ རླུང་འཕུ་བའི་སྐད་དེ་ང་བཅས་ཀྱིས་རྣ་བ་གོ་འོང་ དེ་འབདཝ་ད་ ག་ལས་འོང་དོ་ག་ ག་ཏེ་འགྱོཝ་ཨིན་ན་ འདི་ང་བཅས་ཀྱིས་མི་ཤེས་ ཐུགས་ཉིད་ལས་སྐྱེས་མི་རེ་རེ་ཡང་ དེ་བཟུམ་སྦེ་རང་ཨིན་ཟེར་གསུངས་ནུག 9 དེ་ལས་ ནི་ཀོ་དེ་མཱས་ཀྱིས་འདི་ག་དེ་སྦེ་འབྱུང་ཚུགསཔ་སྨོ་ཟེར་ཞུཝ་ད། 10 ཡེ་ཤུ་གིས་ ཁྱོད་ ཨཱིས་ར་ཨཱེལ་གྱི་སློབ་དཔོན་གཅིག་ཨིན་རུང་ ཁྱོད་ཀྱིས་ཨ་ནི་བློ་འདི་ཧ་མ་གོ་ག། 11 ང་གིས་ཁྱོད་ལུ་དོན་ལས་རང་སླབ་དོ་ ང་བཅས་ཀྱིས་ཤེས་མི་དེ་སླབ་ཨིན་ ང་བཅས་ཀྱིས་མཐོང་མི་འདི་ འཛོམ་དཔང་འབད་སླབ་ཨིན་ དེ་འབདཝ་ད་ ང་བཅས་ཀྱིས་འཛོམ་དཔང་འབད་མི་དེ་ལུ་ ཁྱེད་ཀྱིས་ཁས་ལེན་མི་བཏུབ་པས། 12 དེ་ལས་ང་གིས་ཁྱེད་ལུ་འཛམ་བུ་གླིང་གི་ལོ་རྒྱུས་ཚུ་སླབ་རུང་ ཁྱེད་ཀྱིས་ཡིད་མ་ཆེས་བ་ཅིན་ ཞིང་ཁམས་ཀྱི་ལོ་རྒྱུས་ཚུ་སླབ་ད་ ཁྱེད་ཀྱིས་ག་དེ་སྦེ་ཡིད་ཆེས་ནི་སྨོ། 13 ཞིང་ཁམས་ལུ་འགྱོ་ཞིནམ་ད་ ད་རུང་འཛམ་བུ་གླིང་ནང་ལོག་སྟེ་འོང་མི་ ག་ཡང་མེད་ དེ་འབདཝ་ད་ མི་གི་བུ་ཁོ་རང་རྐྱངམ་གཅིག་ཞིང་ཁམས་ལས་མར་འབབ་འོངས་ཡི། 14 རི་སྟོང་ནང་ མོ་སཱེས་ཀྱི་སྦུལ་ཡར་ལྷོང་དོཝ་བཟུམ་སྦེ་ མི་གི་བུ་ཁོ་ཡང་ཡར་ལྷོང་དགོཔ་ཨིན། 15 དེ་ལས་ག་ར་འབད་རུང་ ཁོ་ལུ་དད་པ་བསྐྱེད་མི་འདི་གིས་ མཐའ་མེད་པའི་ཚེ་ཐོབ་ནི་ཨིན་ཟེར་གསུངས་ནུག 16 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ག་ཅི་དེས་ཅིག་བྱམས་པ་མཛད་དེ་ ཁོ་རང་གི་སྲས་གཅིགཔ་དེ་ འཛམ་བུ་གླིང་གི་མི་ཚུ་གི་དོན་ལུ་གནང་ནུག་ འདི་འབདཝ་ལས་ སྲས་ལུ་དད་པ་བསྐྱེད་མི་གཅིག་ཡང་ མེདཔ་མ་ཐལ་བར་ ཁོང་ག་ར་གིས་ཚེ་མཐའ་མེདཔ་ཐོབ་ནི་ཨིན། 17 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁོ་རའི་སྲས་ལུ་ འཛམ་བུ་གླིང་ནང་གཏང་གནང་བའི་རྒྱུ་མཚན་དེ་ འཛམ་བུ་གླིང་གི་མི་ཚུ་ལུ་ཁྲིམས་བཀལ་བའི་དོན་ལུ་མེན་ དེ་འབདཝ་ད་ སྲས་ཀྱི་ཐོག་ལས་སྦེ་ ཁོང་ལུ་སྐྱབས་མཛད་པའི་དོན་ལུ་ཨིན། 18 ཁོ་ལུ་དད་པ་བསྐྱེད་མི་ ག་ར་འབད་རུང་འདི་ལུ་ཁྲིམས་མི་བཀལ་ དེ་འབདཝ་ད་ ཁོ་ལུ་དད་པ་མ་བསྐྱེད་མི་དེ་ལུ་ ཧེ་མ་ལས་རང་ཁྲིམས་བཀལ་ཚརཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ དེ་གིས་དཀོན་མཆོག་གི་སྲས་གཅིགཔ་གི་མཚན་ལུ་དད་པ་མི་བསྐྱེད་པས། 19 ཁྲིམས་བཀལ་དགོ་པའི་དོན་དག་འདི་ཨ་ནི་ཨིན་ འོད་ཟེར་འདི་འཛམ་བུ་གླིང་ནང་བྱོན་ཏེ་ཡོད་རུང་ མི་ཚུ་གི་བྱ་བ་སྤྱོད་ལམ་ངན་པ་འབད་ནི་འདི་གིས་ འོད་ཟེར་ལས་ལྷགཔ་སྦེ་ གནག་དུང་ལུ་དགའཝ་ཨིན་མས། 20 ག་ཅི་སྨོ་ཟེར་བ་ཅིན་ ལཱ་ངན་པ་འབད་མི་ག་ར་གིས་འོད་ཟེར་ལུ་ མི་དགའ་ འདི་མ་ཚད་ ཁོང་གིས་འབད་མི་ལཱ་ངན་པ་དེ་ཚུ་ ཕྱི་ཁར་འཐོན་འོང་མནོ་སྟེ་ ཁོང་འོད་ཟེར་གྱི་སྦོ་ལོགས་ཡང་མི་འོང་། 21 དེ་འབདཝ་ད་ ལཱ་བདེན་པ་འབད་མི་འདི་གིས་ ཁོ་རའི་ལཱ་དེ་ཚུ་ དཀོན་མཆོག་ནང་འབད་ཡི་ཟེར་གསལ་ཏོག་ཏོ་སྦེ་ ཕྱི་ཁར་བཏོན་ནིའི་དོན་ལུ་ འོད་ཟེར་གྱི་སྦོ་ལོགས་འོངམ་ཨིན།། 22 དེའི་ཤུལ་ལས་ ཡེ་ཤུ་ཁོ་རང་གི་སློབ་མ་ཚུ་དང་གཅིག་ཁར་ ཡུ་དེ་ཡ་གི་གཡུས་ཚན་གཅིག་ནང་བྱོན་ཏེ་ ས་གནས་འདི་ནང་ སློབ་མ་ཚུ་དང་གཅིག་ཁར་ ཉིནམ་དག་པ་གཅིག་བཞུགས་ཏེ་ མི་ཚུ་ལུ་ཁྲུས་གསོལ་གནང་ནུག 23 ད་ ཡོ་ཧ་ནཱན་གྱིས་ཡང་ཁྲོམ་ ཤ་ལིམ་གྱི་སྦོ་ལོགས་ཁ་ ཨེ་ནཱོན་ཟེར་སླབ་མིའི་ས་གནས་ནང་ལུ་ ཁྲུས་གསོལ་བྱིན་དོ་ཡོདཔ་མས་ ག་ཅི་སྨོ་ཟེར་བ་ཅིན་ འདི་ནང་ཆུ་ལེ་ཤ་ཡོདཔ་མ་ཚད་ མི་དེ་ཚུ་ཡང་འཕྲོ་མཐུད་དེ་རང་ ཁོ་སྡོད་སར་ཁྲུས་གསོལ་ཞུ་བ་འོངས་ནུག 24 ཨ་ནི་འདི་ ཡོ་ཧ་ནཱན་བཙོན་ནང་མ་ཚུད་པའི་ཧེ་མ་ཨིན་མས། 25 དེའི་དུས་ལུ་ ཡོ་ཧ་ནཱན་གྱི་སློབ་མ་དང་ ཡ་ཧུ་ད་པ་གཅིག་གི་བར་ན་ གཙང་སྦྲ་ཁྲུས་གསོལ་གྱི་སྐོར་ལས་མཚན་ཉིད་བརྐྱབས་ཏེ། 26 ཁོང་ ཡོ་ཧ་ནཱན་སྡོད་སར་འོངས་ཏེ་ རབ་བི་ལགས་ ནཱ་དང་གཅིག་ཁར་གཙང་ཆུ་ ཡཱོར་དཱན་གྱི་ཕ་ཁར་ལུ་ཡོད་མི་ ནཱ་གིས་འཛོམ་དཔང་བཤད་མིའི་མི་འདི་གིས་ མི་ཚུ་ལུ་ཁྲུས་གསོལ་བྱིན་ཏེ་ ག་ར་ཁོ་སྡོད་ས་ལུ་འགྱོཝ་མས་ཟེར་ཞུཝ་ད། 27 ཡོ་ཧ་ནཱན་གྱིས་ཁོང་ལུ་ལན་ ཞིང་ཁམས་ལས་དཀོན་མཆོག་གིས་མ་གནང་པར་ མི་འདི་གིས་ག་ནི་ཡང་ཐོབ་མི་ཚུགས། 28 ང་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་མེན་ དེ་འབདཝ་ད་ ང་ཁོ་གི་ཧེ་མ་ལས་གཏང་གཏངམ་ཨིན་ཟེར་ ང་གིས་ཁྱེད་ལུ་གསལ་ཏོག་ཏོ་སྦེ་སླབ་སྟེ་ ཁྱེད་ཀྱིས་འཛོམ་དཔང་འབད་ཚུགསཔ་ཨིན། 29 མནའམ་འདི་རྨགཔ་གི་དོན་ལུ་ཨིན་ རྨགཔ་དང་གཅིག་ཁར་ལོང་སྟེ་ཡོད་པའི་ཆ་རོགས་ཀྱིས་ རྨག་པའི་དོན་དག་སྒྲུབ་ད་ ཁོ་གནམ་མེད་ས་མེད་དགའ་ཚོར་བསྐྱེད་འོང་ འདི་འབདཝ་ལས་ ང་ཡང་ཨ་ནི་དགའ་སྤྲོ་འདི་ གནམ་མེད་ས་མེད་འགྱུརཝ་ཨིན། 30 ཁོ་ཨིན་ཅི་མིན་ཅི་གོང་ནས་གོང་དུ་འཕེལ་སྦེ་བྱོན་དགོ་ ང་འདི་ཨིན་ཅི་མིན་ཅི་མར་ཆུང་ཀུ་འགྱོ་དགོ་ཟེར་སླབ་ནུག 31 མཐོ་ས་ལས་བྱོན་མི་དེ་ ག་ར་ལས་མཐོ་ཤོས་ཨིན་ འཛམ་གླིང་ལས་བྱུང་མི་དེ་ འཛམ་གླིང་གི་རང་ཨིནམ་མ་ཚད་ འཛམ་གླིང་གི་ལོ་རྒྱུས་ཚུ་སླབ་ཨིན་ དེ་འབདཝ་ད་ ཞིང་ཁམས་ལས་བྱོན་མི་དེ་ ག་ར་ལས་མཐོ་ཤོས་ཨིན། 32 ཁོ་གིས་ག་གཟིགས་མི་དང་ ག་གསན་མི་ཚུ་ ཁོ་གིས་འཛོམ་དཔང་མཛདཔ་ཨིན་ དེ་འབདཝ་ད་ ཁོ་གི་འཛོམ་དཔང་དེ་ལུ་ ག་གིས་ཡང་ཆ་མི་བཞག་པས། 33 ཨིན་རུང་ ཁོ་གི་འཛོམ་དཔང་ལུ་ཆ་བཞག་མི་གིས་ དཀོན་མཆོག་དེ་བདེན་པ་རང་ཨིན་ཟེར་ ཁུངས་བཀལཝ་ཨིན། 34 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་གཏང་གནང་ནི་དེ་གིས་ དཀོན་མཆོག་གི་གསུང་མི་དེ་ ཁོ་གིས་གསུངམ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་ཐུགས་ཉིད་འདི་ ཚད་མེདཔ་སྦེ་གནངམ་ཨིན། 35 ཡབ་ཀྱིས་སྲས་ལུ་བྱམས་པ་མཛདཔ་ཨིན་ དེ་འབདཝ་ལས་དབང་ཚད་ག་ར་ཁོ་གི་ཕྱག་ལུ་གནང་ཡོད། 36 ག་ར་འབད་རུང་ དཀོན་མཆོག་གི་སྲས་ལུ་དད་པ་བསྐྱེད་པ་ཅིན་ འདི་གིས་ཚེ་མཐའ་མེདཔ་ཐོབ་ནི་ཨིན་ དེ་འབདཝ་ད་ སྲས་ལུ་ཆ་མ་བཞག་མི་ཚུ་གིས་ ཚེ་མཐའ་མེདཔ་མི་ཐོབ་ནི་ཨིནམ་མ་ཚད་ དཀོན་མཆོག་གི་ཐུགས་ཁྲོ་བོ་འདི་ ཁོང་གི་གུ་ལུ་ཕོག་སྟེ་སྡོད་འོང་།།
1 དེའི་སྐབས་ལུ་ ད་ ཕ་རུ་ཤི་པ་ཚུ་གིས་ ཡེ་ཤུ་གིས་ ཡོ་ཧ་ནཱན་ལས་ལྷགཔ་སྦེ་ སློབ་མ་ལེ་ཤ་བཟོ་སྟེ་ ཁྲུས་གསོལ་ཡང་གནངམ་མས་ཟེར་རྣ་བ་གོ་ནུག 2 མ་གཞི་ ཡེ་ཤུ་ཁོ་རང་གིས་ཁྲུས་གསོལ་གནང་གནངམ་མེན་པར་ ཁོ་གི་སློབ་མ་ཚུ་གིས་བྱིན་ནུག 3 ཡེ་ཤུ་གིས་འདི་མཁྱེནམ་ད་ ཁོ་ལུང་ཕྱོགས་ ཡུ་དེ་ཡ་བཞག་སྦེ་ ད་རུང་ལོག་སྟེ་ ག་ལི་ལི་ལུ་བྱོན་ནུག 4 དེའི་སྐབས་ལུ་ ཁོ་ལུང་ཕྱོགས་ ས་མ་རི་ཡ་ལས་རྒྱུད་དེ་ བྱོན་དགོཔ་ཨིན་མས། 5 དེ་ལས་ ཁོ་ ས་མ་རི་ཡ་གི་ལུང་ཕྱོགས་ སི་ཀཱར་ཟེར་སླབ་མི་ཁྲོམ་ནང་བྱོན་ནུག་ ཁྲོམ་འདི་ ཕ་བརྒྱུད་ ཡ་ཀོབ་ཀྱིས་ ཁོ་རའི་བུ་ ཡོ་སེབ་ལུ་ བྱིན་མི་ས་གནས་ཀྱི་སྦོ་ལོགས་ཁར་ཡོདཔ་མ་ཚད། 6 འདི་ཁར་ལུ་ ཡ་ཀོབ་ཀྱི་ཆུ་དོང་གཅིག་ཡོདཔ་མས་ ཡེ་ཤུ་ལམ་ཐག་རིང་ས་ལས་འབྱོན་འབྱོནམ་འབད་ནི་འདི་གིས་ སྐུ་འོ་བརྒྱལ་ཏེ་ ཆུ་དོང་འདི་གི་སྦོ་ལོགས་ཁར་བཞུགས་ནུག་ དུས་ཚོད་འདི་ ཉིནམ་ཕྱེད་གཅིག་ལུ་ཨིན་མས། 7 དེ་ལས་ ས་མ་རི་ཡ་པའི་ཨམ་སྲུ་གཅིག་ ཆུ་དབོག་པ་འོངས་ཏེ་ ཡེ་ཤུ་གིས་མོ་ལུ་ ང་ལུ་འཐུང་ནིའི་ཆུ་གཅིག་གནང་ཟེར་གསུངས་ནུག 8 དེའི་སྐབས་ཁོ་གི་སློབ་མ་ཆ་ཁྱབ་ ཁྲོམ་ནང་ལས་བཞེས་སྒོ་ཉོ་བ་ཡར་སོང་ནུག 9 དེ་ལས་ ས་མ་རི་ཡ་པའི་ཨམ་སྲུ་གིས་ཁོ་ལུ་ ཁྱོད་ ཡ་ཧུ་ད་པ་ཨིན་མས་ ང་ ས་མ་རི་ཡ་པའི་ལག་པ་ལས་ ག་དེ་སྦེ་ཆུ་བཞེས་ནི་སྨོ་ཟེར་ཞུ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཡ་ཧུ་ད་པ་ཚུ་གིས་ ས་མ་རི་ཡ་པ་དང་འབྲེལ་བ་འཐབ་མ་བཏུབ་ནི་དེ་གིས་ཨིན་མས། 10 ཡེ་ཤུ་གིས་མོ་ལུ་ ཁྱོད་ཀྱིས་དཀོན་མཆོག་གི་གསོལ་རས་འདི་ག་ཅི་ཨིན་ན་དང་ ཁྱོད་ལས་ཆུ་ལེན་མི་འདི་ ངོ་ཤེས་ཤེསཔ་འབད་བ་ཅིན་ ཁྱོད་ཀྱིས་ཁོ་ལས་ ཆུ་གཅིག་ལྷང་ལྷངམ་འོང་ དེ་ལས་ཁོ་གིས་ཁྱོད་ལུ་གསོན་པོའི་ཆུ་བྱིན་བྱིནམ་འོང་ཟེར་གསུངས་ནུག 11 ཨམ་སྲུ་དེ་གིས་ཡེ་ཤུ་ལུ་ སློབ་དཔོན་ལགས་ ཆུ་དོང་འདི་གཏིང་རིངམ་འདུག་ ཁྱོད་ལུ་ཆུ་དབོག་སའི་ཧོད་གཅིག་ཡང་མིན་འདུག་ ཁྱོད་ཀྱིས་གསོན་པོའི་ཆུ་འདི་ག་ཏེ་ལས་དབོག་ནི་སྨོ། 12 ང་བཅས་ཀྱི་ཕ་བརྒྱུད་ ཡ་ཀོབ་ཀྱིས་ ཆུ་དོང་འདི་ཧེ་མ་ལས་བཟོ་ནུག་ ཁོ་དང་ཁོ་གི་བཟའ་ཚང་དང་ ནོར་སེམས་ཅན་ཚུ་གིས་ ཨ་ནི་ཆུ་དོང་ནང་ལས་འཐུང་ཡི་ ང་བཅས་ཀྱི་ཕ་བརྒྱུད་ལས་ཡང་ ཁྱོད་སྦོམ་ཨིན་ན་ཟེར་ཞུ་ནུག 13 ཡེ་ཤུ་གིས་མོ་ལུ་ ཨ་ནི་ཆུ་འཐུང་མི་ག་ར་ད་རུང་ལོག་སྟེ་ ཁ་སྐོམ་འོང་། 14 དེ་འབདཝ་ད་ ང་གིས་བྱིན་མིའི་ཆུ་འཐུང་མི་ག་ར་ ནམ་ཡང་ཁ་སྐོམ་ནི་མེདཔ་མ་ཚད་ ང་གིས་བྱིན་མི་ཆུ་དེ་ ཁོང་གི་མི་ཚེ་ནང་ལུ་ ནམ་ཡང་སྐམ་ནི་མེད་པའི་ཨོམ་ཆུ་ལུ་འགྱུར་ཞིནམ་ལས་ ཆུ་འཐོན་ཏེ་ ཚེ་མཐའ་མེདཔ་ནང་སྐྱེལ་འོང་ཟེར་གསུངསམ་ད། 15 ཨམ་སྲུ་དེ་གིས་ཁོ་ལུ་ སློབ་དཔོན་ ཨ་ནི་ཆུ་འདི་ང་ལུ་གནང་ལགས་ དེ་ལས་ང་ནམ་ཡང་ཁ་མི་སྐོམ་ནི་ཨིནམ་མ་ཚད་ རྟག་བུ་རང་ཆུ་དབོག་པ་ན་ལུ་ འོང་མི་དགོ་ནི་ཨིན་པས་ཟེར་ཞུཝ་ད། 16 ཡེ་ཤུ་གིས་མོ་ལུ་ ད་སོང་ཞིནམ་ད་ ཁྱོད་རང་གི་རྨགཔ་ལུ་འབོ་སྟེ་ ན་འཁྱིད་ཤོག་ཟེར་གསུངས་ནུག 17 དེ་ལས་མོ་གིས་ ང་ལུ་རྨགཔ་མེད་ཟེར་ཞུཝ་ད་ ཡེ་ཤུ་གིས་མོ་ལུ་ ང་ལུ་རྨགཔ་མེད་ཟེར་ ཁྱོད་ཀྱིས་ཀྲིག་ཀྲི་སླབ་ཅི། 18 ག་ཅི་སྨོ་ཟེར་བ་ཅིན་ ཁྱོད་ལུ་རྨགཔ་ལྔ་ཡར་སོང་ནུག་ འདི་གིས་མ་ཚད་ ད་ལྟོ་ཁྱོད་དང་གཅིག་ཁར་ཡོད་མི་དེ་ཡང་ ཁྱོད་ཀྱི་རྨགཔ་མེན་པས་ ད་ལྟོ་ཁྱོད་ཀྱིས་སླབ་མི་འདི་བདེན་པས་ཟེར་གསུངས་ནུག 19 ཨམ་སྲུ་དེ་གིས་ཁོ་ལུ་ སློབ་དཔོན་ ནཱ་ལུང་སྟོན་པ་ཨིནམ་ང་གིས་ཤེས་ཅི། 20 ང་བཅས་ཀྱི་ཕ་བརྒྱུད་ཚུ་ལས་འབད་དེ་ ང་བཅས་ཨ་ནི་རི་དེ་གུ་ལུ་གསོལཝ་བཏབ་ཨིན་ དེ་འབདཝ་ད་ ནཱ་ ཡ་ཧུ་ད་པ་ཚུ་གིས་འབད་བ་ཅིན་ གསོལཝ་བཏབ་སའི་འདི་ ཨིན་ཅི་མིན་ཅི་ ཡེ་རུ་ཤ་ལེམ་ལུ་ཨིན་ཟེར་སླབ་མས་ ག་འདི་བདེནམ་ཨིན་ན་ཟེར་ཞུ་ནུག 21 དེ་ལས་ཡེ་ཤུ་གིས་མོ་ལུ་ དབའེ་བུམོ་ ང་གིས་ཁྱོད་ལུ་དོན་ལས་རང་སླབ་དོ་ ཁྱེད་ཀྱིས་ཡབ་དཀོན་མཆོག་ལུ་ཨ་ནི་རི་འདི་གུ་ལུ་ ཡང་ན་ ཡེ་རུ་ཤ་ལེམ་ལུ་གསོལཝ་བཏབ་པ་ འགྱོ་མ་དགོ་པའི་དུས་ཚོད་གཅིག་འོང་དོ། 22 ཁྱེད་ ས་མ་རི་ཡ་པ་དེ་ཚུ་གིས་ ག་ལུ་གསོལཝ་བཏབ་ཨིན་ན་ མི་ཤེས་པས་ དེ་འབདཝ་ད་ ང་བཅས་ཀྱིས་དཀོན་མཆོག་དང་གཞན་འབྲེལ་ཡོད་དེ་ ཁོ་ལུ་གསོལཝ་བཏབ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཐར་པ་འདི་ ཡ་ཧུ་ད་པ་ཚུ་ལས་རྒྱུད་དེ་འོངམ་ཨིན། 23 དེ་འབདཝ་ད་ གསོལཝ་ངོ་མ་བཏབ་མི་ཚུ་གིས་ ཡབ་དཀོན་མཆོག་ལུ་སེམས་ཉིད་དང་ བདེན་པའི་ཐོག་ལས་སྦེ་ གསོལཝ་བཏབ་པའི་དུས་ཚོད་འདི་འོང་དོ་ མ་པ་དུས་ཚོད་འདི་ད་ལྟོ་རང་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཡབ་ཀྱིས་འདི་བཟུམ་གྱི་གསོལཝ་བཏབ་མི་ཚུ་ལུ་འཚོལཝ་ཨིན། 24 དཀོན་མཆོག་ཐུགས་ཉིད་ཨིན་ ཁོ་ལུ་གསོལཝ་ངོ་མ་སྦེ་བཏབ་མི་ཚུ་གིས་ སེམས་ཉིད་དང་བདེན་པའི་ཐོག་ལས་ གསོལཝ་བཏབ་དགོ་ཟེར་གསུངས་ནུག 25 མོ་གིས་ཁོ་ལུ་ མ་ཤི་ཀ་ (དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཟེར་མི་འདི་) བྱོན་ནི་ཨིན་ཟེར་ང་གིས་ཤེས་ ཁོ་འབྱོནམ་ད་ ཁོ་གིས་ང་བཅས་ལུ་ག་ར་སྟོན་གནང་འོང་ཟེར་ཞུཝ་ད། 26 ཡེ་ཤུ་གིས་ ད་ལྟོ་ཁྱོད་དང་གཅིག་ཁར་བློ་རྐྱབ་མི་འདི་ ང་ཁོ་རང་ཨིན་ཟེར་གསུངས་ནུག 27 དེའི་སྐབས་ལུ་ ཁོང་སློབ་མ་ཚུ་ལོག་ལྷོད་དེ་ ཁོ་ཨམ་སྲུ་དང་གཅིག་ཁར་གསུང་གྲོས་གནང་བཞུགས་ས་མཐོང་སྟེ་ ཁོང་རྣམ་རྟོག་ལང་ནུག་ ཨིན་རུང་ ཁོང་གིས་ཁོ་ལུ་ མོ་ལས་ག་ཅི་དགོ་ནི་སྨོ་ ཡང་ན་ མོ་དང་གཅིག་ཁར་ག་ཅི་འབད་གསུང་གྲོས་གནངམ་སྨོ་ཟེར་མ་ཞུ་བས། 28 དེ་ལས་ མོ་གིས་ཆུ་གི་རྒྱ་རྫི་འདི་ཁར་བཀོག་བཞག་སྦེ་ ཁྲོམ་ནང་ལོག་སོང་སྟེ། 29 མི་ག་ར་ལུ་ དབའི་ཨ་ཕི་མི་འདི་ལུ་བལྟ་བ་ཤོག་ ང་གིས་འབད་མི་ག་ར་ ཁོ་གིས་བཤད་དེ་གསུངས་ནི་འདུག་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་འདི་ ཁོ་ཨིན་ན་སྨོ་ཟེར་སླབ་ནུག 30 དེ་ལས་ཁྲོམ་ཁའི་མི་ཚུ་ག་ར་ཐོན་ཏེ་ ཁོ་ལུ་མཇལ་བ་འོངས་ནུག 31 དེམ་ཅིག་གི་བར་ན་ ཁོ་གི་སློབ་མ་ཚུ་གིས་ཁོ་ལུ་ རབ་བི་ལགས་ གསོལཝ་བཞེས་ཟེར་ཞུཝ་ད། 32 ཁོ་གིས་ཁོང་ལུ་ ང་འབད་སར་བཞེས་སྒོ་ཡོད་ དེའི་སྐོར་ལས་ཁྱེད་ཀྱིས་མི་ཤེས་ཟེར་གསུངསམ་ད། 33 སློབ་མ་ཚུ་ཁོང་རའི་སྦུག་ལུ་ ད་ག་གིས་ ཁོ་ལུ་གསོལཝ་དྲང་དྲངམ་ཨིན་ན་སྨོ་ཟེར་སླབ་ད། 34 ཡེ་ཤུ་གིས་ཁོང་ལུ་ ང་ལུ་བཏང་མི་གི་ཐུགས་དགོངས་ག་ར་སྒྲུབ་ནི་དང་ ཁོ་གི་ཕྱག་ལཱ་ ག་ར་འབད་དེ་ཚར་ནི་དེ་ ངེ་གི་བཞེས་སྒོ་ཨིན། 35 ཟླཝ་བཞི་གི་རྒྱབ་ལས་ལོ་ཐོག་བརྔ་རནམ་ཨིན་ཟེར་ ཁྱེད་ཀྱིས་སླབ་ནི་འདུག་མེན་ན་ ང་གིས་ཁྱེད་ལུ་སླབ་དོ་ རང་གི་མིག་ཏོ་བརྒྱངས་ཏེ་ ལོ་ཐོག་གི་ཞིང་ཁར་བལྟ་ ལོ་ཐོག་དེ་ད་ལྟོ་ལས་བརྔ་བཏུབ་ཡར་སོང་ནུག 36 ད་ལྟོ་ཡང་ལོ་ཐོག་བརྔ་མི་འདི་གིས་ གླ་ཆ་ཐོབ་དོ་ ཁོ་གི་བསྡུ་མིའི་འབྲས་བུ་ཚུ་གིས་ ཚེ་མཐའ་མེདཔ་ཐོབ་ནི་ཨིན་ དེ་འབདཝ་ལས་ སོན་བཏབ་མི་དང་ བརྔ་མི་གཉིས་ཆ་རང་གཅིག་ཁར་སྦེ་ དགའ་སྤྲོ་འགྱུར་འོང་། 37 ག་ཅི་སྨོ་ཟེར་བ་ཅིན་ འདི་གི་སྐོར་ལས་ གཅིག་གིས་སོན་བཏབ་ གཅིག་གིས་བརྔ་ཡི་ཟེར་ སླབ་མིའི་དཔེ་གཏམ་འདི་ ངོ་མ་རང་ཨིན། 38 རང་གིས་དཀའཝ་མ་སྤྱད་རུང་ གཞན་གྱིས་དཀའཝ་སྤྱད་དེ་ འབད་བཞག་མི་ལོ་ཐོག་དེ་ ང་གིས་ཁྱེད་ལུ་ བརྔ་བ་བཏང་ཡི་ གཞན་གྱིས་དཀའཝ་སྤྱད་དེ་ འབད་བཞག་མི་འབྲས་བུ་འདི་ ཁྱེད་ཀྱིས་ཐོབ་ཨིན་ཟེར་གསུངས་ནུག 39 དེ་ལས་ཨམ་སྲུ་དེ་གིས་ ང་གིས་འབད་མི་ག་ར་ ཁོ་གིས་ང་ལུ་བཤད་དེ་གསུངས་ཡི་ཟེར་ དཔང་པོ་བཤད་ནི་དེ་གིས་ ཁྲོམ་འདི་ནང་གི་ ས་མ་རི་ཡ་པ་ལེ་ཤ་གིས་ ཡེ་ཤུ་ལུ་དད་པ་བསྐྱེད་ནུག 40 དེ་གིས་འབད་ ས་མ་རི་ཡ་པ་ག་ར་ཁོ་གི་སྐུ་མདུན་ལུ་བཅར་ཏེ་ ཁོང་དང་གཅིག་ཁར་བཞུགས་གནང་ཟེར་གསོལཝ་བཏབ་ད་ ཡེ་ཤུ་ཁོང་དང་མཉམ་གཅིག་ ཉིནམ་གཉིས་བཞུགས་ནུག 41 དེ་ལས་ཁོ་གིས་གསུངས་མིའི་ཆོས་ཀྱི་ཐོག་ལས་སྦེ་ ད་རུང་མི་ལེ་ཤ་གིས་ཁོ་ལུ་དད་པ་བསྐྱེད་ནུག 42 དེ་ལས་ཁོང་གིས་ཨམ་སྲུ་འདི་ལུ་ ད་ཁྱོད་ཀྱིས་སླབ་སྟེ་རྐྱངམ་གཅིག་ ང་བཅས་དད་པ་བསྐྱེདཔ་མེན་ དེ་འབདཝ་ད་ ཁོ་གིས་གསུངས་མི་འདི་ ང་བཅས་རང་གིས་རྣ་བ་གོ་ཡི་ ཨ་ནི་མི་འདི་ ཐད་རི་བ་རི་འཛམ་བུ་གླིང་གི་སྐྱབས་མགོན་ཨིན་མས་ཟེར་ ང་བཅས་ཀྱིས་ཤེས་ཅི་ཟེར་སླབ་ནུག། 43 ཉིནམ་གཉིས་ཀྱི་ཤུལ་ལས་ ཡེ་ཤུ་ཁྲོམ་འདི་ནང་ལས་ཐོན་ཏེ་ ག་ལི་ལི་ལུ་བྱོན་ནུག 44 ག་ཅི་སྨོ་ཟེར་བ་ཅིན་ ལུང་སྟོན་པ་གཅིག་ལུ་ཡང་ ཁོང་རའི་གཡུས་ཁར་ གུས་ཞབས་མི་འབད་བས་ཟེར་ ཡེ་ཤུ་ཁོ་རང་གི་སྐོར་ལས་ འཛོམ་དཔང་བཤད་བཤདཔ་ཨིན་མས། 45 ཁོ་ ག་ལི་ལི་ནང་འབྱོནམ་ད་ ག་ལི་ལི་པ་དེ་ཚུ་གིས་ ཡེ་ཤུ་ལུ་གདན་འདྲེན་ཞུ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ག་ལི་ལི་པ་དེ་ཚུ་ ཡེ་རུ་ཤ་ལེམ་ལུ་ ཤི་ས་ལས་ཐར་བའི་དུས་ཆེན་ནང་སོངམ་ད་ ཡེ་ཤུ་གིས་མཛད་མི་ག་ར་ ཁོང་གིས་མཇལ་མཇལཝ་ཨིན་མས། 46 ཡེ་ཤུ་ད་རུང་ལོག་སྟེ་ ཆུ་ཆང་ལུ་བསྒྱུར་སའི་ལུང་ཕྱོགས་ ག་ལི་ལི་གི་ཁྲོམ་ ཀ་ན་ཟེར་སླབ་མི་ནང་བྱོན་ནུག་ དེའི་སྐབས་ལུ་ ཁྲོམ་ ཀ་ཕཱར་ནུམ་ལུ་ གཞུང་གི་འགོ་དཔོན་གཅིག་གི་བུ་གཅིག་ན་སྟེ་ཡོདཔ་མས། 47 ཁོ་གིས་ཡེ་ཤུ་ལུང་ཕྱོགས་ ཡུ་དེ་ཡ་ལས་ ག་ལི་ལི་ལུ་བྱོན་ནུག་ཟེར་གོཝ་ད་ ཡེ་ཤུའི་སྐུ་མདུན་ལུ་བཅར་ཏེ་ ཁོ་གི་བུ་ཤི་བའི་སྲོག་ལུ་ཐུག་སོང་མི་འདི་ལུ་ དྲགཔ་མཛད་པ་འབྱོན་གནང་ཟེར་གསོལཝ་བཏབ་ད། 48 ཡེ་ཤུ་གིས་ཁོ་ལུ་ ཁྱེད་ཆ་ཁྱབ་རྟགས་མཚན་དང་ཡ་མཚན་ཆེ་བའི་ལཱ་ཚུ་མ་མཐོང་པར་ རྩ་ལས་རང་དད་པ་མི་བསྐྱེད་པས་ཟེར་གསུངས་ནུག 49 དེ་ལས་ཁོ་གིས་ཡེ་ཤུ་ལུ་ སློབ་དཔོན་ལགས་ ངེ་གི་བུ་མ་ཤིཝ་ལས་བྱོན་གནང་ཟེར་ཞུཝ་ད། 50 ཡེ་ཤུ་གིས་ཁོ་ལུ་ ལོག་སོང་ ད་ཁྱོད་ཀྱི་བུ་དྲག་འོང་ཟེར་གསུངས་ནུག་ དེ་ལས་ཁོ་ཡེ་ཤུ་གིས་གསུངས་མི་འདི་ལུ་ ཆ་བཞག་སྟེ་ལོག་སོང་ནུག 51 ཁོ་ལོག་སྟེ་ཁྱིམ་ནང་འོང་པའི་ལམ་ཁར་ ཁོ་གི་གཡོགཔོ་ཚུ་དང་འཕྱད་དེ་ ཁོང་གིས་ཁྱོད་ཀྱི་བུ་དྲག་སྟེ་གསོན་པོ་སྦེ་ཡོད་ཟེར་ཞུཝ་ད། 52 ཁོ་གིས་ ངེ་གི་བུ་ཆུ་ཚོད་ག་དེ་ཅིག་ལུ་ དྲག་དྲགཔ་སྨོ་ཟེར་འདྲིཝ་ད་ ཁོང་གིས་ཁ་ཙ་ཉིནམ་ཕྱེད་ལས་གྱང་ཤུགས་སངས་ཡི་ཟེར་ཞུ་ནུག 53 ཡེ་ཤུ་གིས་ཁྱོད་ཀྱི་བུ་གསོན་པོ་སྦེ་སྡོད་འོང་ཟེར་ གསུངས་པའི་དུས་ཚོད་ལས་རང་དྲག་དྲགཔ་ཨིནམ་ ཁོ་གིས་ཤེས་ཏེ་ ཁོ་དང་ཁོ་གི་བཟའ་ཚང་ཆ་མཉམ་གྱིས་ ཡེ་ཤུ་ལུ་དད་པ་བསྐྱེད་ནུག 54 ཨ་ནི་འདི་ ཡེ་ཤུ་གིས་ ལུང་ཕྱོགས་ ཡུ་དེ་ཡ་ལས་ ག་ལི་ལི་ལུ་བྱོན་ཏེ་ མཛད་མི་རྟགས་མཚན་ཐེངས་གཉིས་པ་ཨིན་མས།།
1 དུས་ཡུན་དུམ་གྲ་ཅིག་གི་ཤུལ་ལས་ ཡ་ཧུ་ད་པ་དེ་ཚུ་གི་ཚོགས་སྟོན་གཅིག་གི་དོན་ལུ་ ཡེ་ཤུ་ ཡེ་རུ་ཤ་ལེམ་ལུ་བྱོན་ནུག 2 ཡེ་རུ་ཤ་ལེམ་ནང་ལུག་གི་སྒོ་ར་སྒོ་ཟེར་སླབ་མིའི་སྦོ་ལོགས་ཁར་ ཧིབ་རུ་གི་སྐད་ནང་འབད་བ་ཅིན་ བཱེད་ཟ་ཐ་ཟེར་སླབ་མི་ཆུ་རྫིང་གཅིག་ཡོདཔ་མས་ དེ་གི་མཐའ་འཁོར་ནང་ གཡབ་ཁྱིམ་ལྔ་ཡོདཔ་ཨིན་མས། 3 འདི་ཁར་ལུ་ མི་ནདཔ་མིག་ཏོ་ཞར་མི་དང་ རྐངམ་ཞར་མི་དང་ གཟུགས་ཞར་མི་དང་ ནད་མ་གཅིགཔ་ག་ར་ན་སྡོད་མི་དེ་ཚུ་ གཡབ་ཁྱིམ་ནང་ཉལ་སྡོད་དོཝ་མས། 4 5 འདི་ནང་ལུ་ མི་གཅིག་ན་སྟེ་ ལོ་གསུམ་བཅུ་སོ་བརྒྱད་སོང་མི་གཅིག་ཡོདཔ་མས། 6 ཁོ་དེ་ཁར་ལུ་ ཉལ་སྡོད་ས་ ཡེ་ཤུ་གིས་གཟིགས་ཏེ་ ཁོ་དེ་ནང་དུས་ཡུན་རིངམ་སྦེ་སྡོད་ཡོདཔ་མཁྱེནམ་ད་ ཁྱོད་དྲག་ནིའི་སེམས་ཡོད་ག་ཟེར་ཁོ་ལུ་གསུངས་ནུག 7 དེ་ལས་ནདཔ་འདི་གིས་ཁོ་ལུ་ སློབ་དཔོན་ལགས་ ཆུ་དཀྲོགས་པའི་དུས་ཚོད་ལུ་ང་མར་ཆུ་རྫིང་ནང་བཙུག་བྱིན་མི་ག་ཡང་མིན་འདུག་ ང་རང་གིས་གཟུགས་དྲག་བའི་རེ་བ་བསྐྱེད་དེ་ རྩ་འགེངས་སྦེ་ཆུ་ནང་འཛུལཝ་ད་ ངེ་གི་ཧེ་མ་ལས་གཞན་གཅིག་འཛུལ་འགྱོཝ་མས་ཟེར་ཞུ་ནུག 8 དེ་ལས་ཡེ་ཤུ་གིས་ཁོ་ལུ་ ཡར་ལོངས་ཞིནམ་ད་ རང་གི་འདོ་ལི་འཐུ་འབག་སྟེ་ལམ་འགྱོ་ཟེར་གསུངསམ་ད། 9 དེ་འཕྲོ་ལས་ ཁོ་དྲག་སོང་ནུག་ དེ་ལས་མི་འདི་ རང་གི་འདོ་ལི་འཐུ་འབག་སྟེ་ལམ་འགྱོ་ནུག་ འདི་ ཡ་ཧུ་ད་པའི་ངལ་འཚོ་བའི་ཉིནམ་ལུ་བྱུང་ནུག 10 འདི་འབདཝ་ལས་ ཡ་ཧུ་ད་པ་གི་འགོ་དཔོན་ཚུ་གིས་ ནད་ལས་དྲག་སོང་མི་འདི་ལུ་ བཀའ་ཁྲིམས་དང་འཁྲིལཝ་ད་ ད་རེས་ངལ་འཚོ་བའི་ཉིནམ་ལུ་ ཁྱོད་ཀྱིས་འདོ་ལི་འཐུ་འབག་འགྱོ་མི་ཆོག་ཟེར་སླབ་ད། 11 ཁོ་གིས་ཁོང་ལུ་ ང་ལུ་ནད་གཞི་ལས་དྲགཔ་བཟོ་མི་དེ་གིས་ ཁྱོད་རའི་འདོ་ལི་འཐུ་འབག་སོང་ཟེར་གསུངས་ཡི་ཟེར་སླབ་ནུག 12 དེ་ལས་ཁོང་གིས་ཁོ་ལུ་ འདོ་ལི་འཐུ་འབག་སོང་ཟེར་སླབ་མི་དེ་ག་སྨོ་ཟེར་དྲིས་ནུག 13 དེ་འབདཝ་ད་ ནདཔ་དྲག་མི་དེ་གིས་ ཁོ་ལུ་དྲགཔ་བཟོ་མི་དེ་ག་ཨིན་ན་ ཁོ་གིས་ངོ་མ་ཤེས་པས་ ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་མི་དམངས་ཀྱི་སྦུག་ལས་ཕར་ ག་ཏེ་འབྱོནམ་ཨིན་ན་ མ་ཤེསཔ་ཨིན་མས། 14 དེ་གི་ཤུལ་ལས་ ཉིནམ་གཅིག་གི་ཚེ་ ཡེ་ཤུ་གིས་ཁོ་ལུ་མཆོད་ཁང་ནང་གཟིགས་ཏེ་ ན་ཉན་ཞིག་ ད་ཁྱོད་ནད་ལས་དྲག་ཅི་ ད་དེ་ལས་སྐྱོ་བའི་སྡུག་བསྔལ་ཕོག་མ་བཅུག་ནིའི་དོན་ལུ་ ལོག་སྟེ་སྡིག་པ་མ་འབད་ཟེར་གསུངས་ནུག 15 དེ་ལས་མི་དེ་ལོག་སོང་སྟེ་ ང་ལུ་དྲགཔ་བཟོ་མི་དེ་ ཡེ་ཤུ་ཨིན་པས་ཟེར་ ཡ་ཧུ་ད་པའི་འགོ་དཔོན་ཚུ་ལུ་སླབ་ནུག 16 འདི་གིས་འབད་ ཡ་ཧུ་དཱ་པའི་ འགོ་དཔོན་འདི་ཚུ་གིས་ ཡེ་ཤུ་ལུ་གནོད་པ་བཀལ་ནི་འགོ་བཙུགས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་གིས་ངལ་འཚོ་བའི་ཉིན་མ་ ནདཔ་ལུ་དྲགཔ་མཛད་པའི་ཕྱག་ལཱ་གནང་ནི་དེ་གིས་ཨིན་མས། 17 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ངེའི་ཡབ་ཀྱིས་ཉིནམ་ད་རིས་བར་དུ་ ཕྱག་ལཱ་མཛད་དེ་བཞུགས་ཡོདཔ་ཨིན་ ང་ཡང་འདི་བཟུམ་སྦེ་ལཱ་འབད་དེ་ཡོད་ཟེར་གསུངས་ནུག 18 དེ་འབདཝ་ལས་ ཡེ་ཤུ་ངལ་འཚོ་བའི་ཉིནམ་གི་བཀའ་ཁྲིམས་ལས་འགལཝ་ཨིནམ་མ་ཚད་ རང་གིས་རང་ལུ་དཀོན་མཆོག་དང་འདྲན་འདྲ་བཟོ་སྟེ་ དཀོན་མཆོག་ཁོ་གི་ཡབ་ཨིན་ཟེར་གསུངས་ནི་དེ་གིས་ ཡ་ཧུ་ད་པའི་འགོ་དཔོན་ཚུ་གིས་ ཧེང་སྐལ་རང་ཁོ་ལུ་བཀྲོང་ནི་གི་ཐབས་ཤེས་བསྒྱིར་ནུག། 19 ཡེ་ཤུ་གིས་ཁོང་ལུ་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ བུ་གིས་ ཁོ་རང་ལས་རྒྱུད་དེ་ ག་ནི་ཡང་འབད་མི་ཚུགས་ དེ་འབདཝ་ད་ ཡབ་ཀྱིས་མཛད་མི་དེ་ བུ་གིས་མཇལཝ་ད་ འདི་རྐྱངམ་གཅིག་བུ་གིས་འབདཝ་ཨིན་ ཡབ་ཀྱིས་ག་མཛད་མི་འདི་ འདི་བཟུམ་སྦེ་རང་བུ་གིས་ཡང་འབདཝ་ཨིན། 20 ག་ཅི་སྨོ་ཟེར་བ་ཅིན་ ཡབ་ཀྱིས་སྲས་ལུ་བྱམས་པ་མཛད་དེ་ ཁོ་རང་གིས་མཛད་ཡོད་པའི་ཕྱག་ལཱ་ག་ར་སྲས་ལུ་སྟོན་གནངམ་ཨིན་ ད་རུང་འདི་ལས་ཡང་སྦོམ་པའི་ཕྱག་ལཱ་དེ་ཚུ་ ཁོ་གིས་སྲས་ལུ་སྟོན་གནངམ་ད་ ཁྱེད་ཆ་ཁྱབ་ཧ་ལས་འོང་། 21 ག་ཅི་སྨོ་ཟེར་བ་ཅིན་ ཡབ་ཀྱིས་ཤི་སོང་མི་ཚུ་ལུ་ག་དེ་སྦེ་ལྷོང་གནང་སྟེ་ ཚེ་གནངམ་ཨིན་ན་ འདི་བཟུམ་སྦེ་རང་ སྲས་ཀྱིས་ཡང་ ག་ག་ལུ་ཐུགས་དགྱེསཔ་ཨིན་ན་ འདི་ལུ་ཤི་ས་ལས་ལྷོང་གནང་སྟེ་ མཐའ་མེད་པའི་ཚེ་གནངམ་ཨིན། 22 ཡབ་ཀྱིས་ག་ལུ་ཡང་ཁྲིམས་མི་ཕྱེ་ དེ་འབདཝ་ད་ ཁྲིམས་ཕྱེ་ནི་གི་འགན་ཁག་དེ་ བུ་ལུ་གནང་སྟེ་ཡོད། 23 དེ་གིས་འབད་ མི་ག་ར་གིས་ ཡབ་ལུ་ཞེ་ས་ཞུ་དོཝ་བཟུམ་སྦེ་ སྲས་ལུ་ཡང་ཞེ་ས་ཞུ་བཅུག་ སྲས་ལུ་ཞེ་ས་མ་ཕུལ་མི་འདི་གིས་ སྲས་ལུ་བཏང་གནང་མི་ཡབ་ལུ་ཡང་ཞེ་ས་མི་ཕུལ། 24 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ངེ་གི་བློ་ཉན་ཞིནམ་ད་ ང་ལུ་གཏང་གནང་མི་ཡབ་ལུ་དད་པ་བསྐྱེད་པ་ཅིན་ འདི་གིས་ཚེ་མཐའ་མེདཔ་ཐོབ་ནི་ཨིན་ དེ་ལས་ཁོ་ལུ་ཆདཔ་མི་ཕོག་ནི་ཨིནམ་མ་ཚད་ འཆི་བ་ལས་ཡང་ཐར་ཏེ་ ཚེ་ཐོབ་ཚརཝ་ཨིན། 25 ང་གིས་ཁྱེད་ལུ་དོན་ལས་རང་སླབ་དོ་ སེམས་ཉིད་ནང་ཤི་ཚར་མི་ཚུ་གི་དོན་ལུ་ དཀོན་མཆོག་གི་སྲས་ཀྱི་གསུང་སྐད་གོ་བའི་དུས་ཚོད་འོང་དོ་ ཨ་ནི་དུས་ཚོད་དེ་ ད་ལྟོ་རང་ཨིན་ དེ་ལས་ཁོ་གི་གསུང་སྐད་ཉན་མི་ཚུ་ ཚེ་ཐོབ་ནི་ཨིན། 26 ག་ཅི་སྨོ་ཟེར་བ་ཅིན་ ཡབ་ཁོ་རང་གི་ནང་ན་སྐུ་ཚེ་ཡོད་དོཝ་བཟུམ་སྦེ་ ཡབ་ཀྱིས་སྲས་ལུ་ཡང་ མི་ཚུ་ལུ་ཚེ་བྱིན་ནིའི་དབང་ཚད་གནང་ཡི། 27 མིའི་བུ་དེ་ཁོ་དཀོན་མཆོག་གི་སྲས་ཨིནམ་ལས་བརྟེན་ཏེ་ ཁྲིམས་ཕྱེ་ནིའི་དབང་ཚད་ཡང་ཁོ་ལུ་གནང་ཡི། 28 དེ་འབདཝ་ལས་ཨ་ནི་བློ་ལུ་ཉན་ཏེ་ཡ་མཚན་མ་ཆེ་ ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ལས་ཤི་སོང་མི་ག་ར་གིས་ སྲས་ཀྱི་སྐད་གོ་ནི་དུས་གཅིག་འོང་དོ། 29 དེའི་དུས་ལུ་ཁོང་ དུར་ཁུང་ནང་ལས་ལོང་འོང་ནི་ཨིན་ ལཱ་ལེགས་ཤོམ་འབད་མི་ཚུ་ མཐའ་མེད་པའི་ཚེ་གི་དོན་ལུ་གསོན་པོ་སྦེ་ལོང་འོང་ དེ་འབདཝ་ད་ ལཱ་ངན་པ་འབད་མི་ཚུ་ ཁྲིམས་ཕོག་ནི་གི་དོན་ལུ་ གསོན་པོ་སྦེ་ལོང་ནི་ཨིན། 30 ང་ང་རང་གཅིག་གིས་འབད་བ་ཅིན་ ག་ནི་ཡང་འབད་མི་ཚུགས་ ཨིན་རུང་ ཡབ་ཀྱིས་ག་གསུངས་མི་དང་འཁྲིལ་ཏེ་ ང་གིས་ཁྲིམས་ཕྱེཝ་ཨིན་ ང་གིས་ཕྱེ་མི་ཁྲིམས་དེ་ཕྲངམ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་རང་གིས་མནོ་མི་དང་བསྟུན་ཏེ་མེན་པར་ ང་ལུ་བཏང་གནང་མི་གི་ཐུགས་དགོངས་དང་འཁྲིལ་ཏེ་ ང་གིས་འབདཝ་ཨིན།། 31 ང་གིས་རང་གི་སྐོར་ལས་ འཛོམ་དཔང་འབད་བ་ཅིན་ འདི་མི་བདེན། 32 དེ་འབདཝ་ད་ ངེ་གི་སྐོར་ལས་འཛོམ་དཔང་འབད་མི་གཞན་གཅིག་ཡོད་ ཁོ་གིས་ངེ་གི་སྐོར་ལས་འཛོམ་དཔང་འབད་མི་དེ་ བདེན་ཁུངས་བཀལ་ཚུགསཔ་ཟེར་ང་གིས་ཤེས། 33 ཁྱེད་ཀྱིས་ ཡོ་ཧ་ནཱན་འབད་སར་དྲི་བ་དྲིས་མི་ཚུ་གཏངམ་ད་ ཁོ་གིས་ངེའི་སྐོར་ལས་བདེན་པའི་འཛོམ་དཔང་བཤད་དེ་ཁུངས་བཀལ་ཡི། 34 ང་གིས་དགོ་མི་འཛོམ་དཔང་དེ་ མི་གི་འཛོམ་དཔང་མེན་ དེ་འབདཝད་ ཁྱེད་ཐར་པ་ཐོབ་པའི་དོན་ལུ་ དེ་ཚུ་ང་གིས་བཤད་དེ་སླབ་ཨིན། 35 ཡོ་ཧ་ནཱན་ས་ཏི་བཟུམ་སྦེ་འབར་ཏེ་ འོད་ཟེར་བྱིན་མི་གཅིག་ཨིན་མས་ ཁྱེད་ཆ་ཁྱབ་ཁོ་གི་འོད་ཟེར་ནང་ལུ་ ཡུདཔ་ཐེངས་གཅིག་གི་དོན་ལུ་ དགའ་སྤྲོ་འགྱུར་ནི་ནང་སྤྲོ་བ་བསྐྱེད་ཅི། 36 ད་ ངེ་གི་ནང་ཡོད་མི་འཛོམ་དཔང་འདི་ ཡོ་ཧ་ནཱན་གྱི་འཛོམ་དཔང་ལས་ཡང་སྦོམ་ ག་ཅི་སྨོ་ཟེར་བ་ཅིན་ ཡབ་ཀྱིས་ང་ལུ་བཅོལ་ཏེ་འབད་ཟེར་གཏང་གནང་མི་ཕྱག་ལཱ་འདི་ཚུ་ ང་གིས་འབད་དེ་ཡོདཔ་ལས་ འདི་གིས་རང་ ཡབ་ཀྱིས་ང་ལུ་གཏང་གནང་ཡི་ཟེར་ཁུངས་བཀལཝ་ཨིན། 37 ང་ལུ་བཏང་གནང་མི་ཡབ་ཁོ་རང་གིས་ ངེ་གི་སྐོར་ལས་འཛོམ་དཔང་མཛད་གནང་ཡི་ ཁྱེད་ཀྱིས་ཁོ་གི་གསུང་སྐད་ནམ་ཡང་མ་གོཝ་མ་ཚད་ ཁོ་གི་སྐུ་གཟུགས་ཀྱི་བཟོ་རྣམ་ཡང་མ་མཇལ། 38 དེ་ལས་ཁོ་གིས་བཏང་གནང་མི་འདི་ལུ་ ཁྱེད་ཀྱིས་དད་པ་མ་བསྐྱེད་པར་འབད་ནི་དེ་གིས་ ཁོ་གི་གསུང་ ཁྱེད་ཀྱི་སེམས་ནང་མི་གནས། 39 ཁྱེད་ཀྱིས་ ཚེ་མཐའ་མེདཔ་དེ་གསུང་རབ་ནང་ཡོད་ཟེར་མནོ་སྟེ་ འདི་ལུ་ལེགས་ཤོམ་སྦེ་ལྷབ་བལྟཝ་ཨིན་མས་ མ་པ་ ངེ་གི་སྐོར་ལས་འཛོམ་དཔང་བཤད་མི་དེ་ གསུང་རབ་འདི་རང་ཨིན། 40 དེ་སྦེ་ཨིན་རུང་ ཚེ་མཐའ་མེདཔ་ཐོབ་པའི་དོན་ལུ་ ཁྱེད་ང་སྡོད་སར་འོང་ནི་ཁ་མི་བཟེད་བས། 41 མི་ཚུ་གི་བསྟོད་པ་ང་མི་དགོ། 42 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་བྱམས་པ་དེ་ ཁྱེད་ཀྱི་སེམས་ཁར་མིན་འདུག་ཟེར་ང་གིས་ཤེས་ཅི། 43 ང་རང་གི་ཡབ་ཀྱི་མཚན་ནང་འོངས་རུང་ ཁྱེད་ཀྱིས་ང་ལུ་ཁས་ལེན་འབད་མི་བཏུབ་པས་ མི་གཞན་གཅིག་གིས་ཁོ་རའི་མིང་ནང་འོང་པ་ཅིན་ འདི་ལུ་ཁྱེད་ཀྱིས་ཁས་ལེན་འབད་འོང་། 44 དཀོན་མཆོག་གཅིགཔོ་ལས་བྱུང་མི་བསྟོད་པ་ལུ་མ་འཚོལ་བར་ ཁྱེད་རང་གཅིག་གིས་གཅིག་ལས་བསྟོད་པ་འཚོལ་སྡོད་པ་ཅིན་ ག་དེ་སྦེ་ཡབ་ཀྱིས་གཏང་མི་དེ་ལུ་ དད་པ་བསྐྱེད་ཚུགས་ནི་སྨོ། 45 ང་གིས་ཡབ་ཀྱི་སྐུ་མདུན་ལུ་ ཁྱེད་ཀྱི་སྐྱོན་བཏགསཔ་མས་ཟེར་མནོ་བསམ་མ་གཏང་ ཁྱེད་ལུ་སྐྱོན་བཏགས་མི་དེ་ ཁྱེད་ཀྱིས་བློ་གཏད་མི་ མོ་སཱེས་ཨིན། 46 དེ་ལས་ ཁྱེད་ཀྱིས་ མོ་སཱེས་ལུ་དད་པ་བསྐྱེད་བསྐྱེདཔ་ཨིན་པ་ཅིན་ ང་ལུ་ཡང་དད་པ་བསྐྱེད་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ངེ་གི་སྐོར་ལས་བྲིས་ཏེ་འདུག 47 དེ་འབདཝ་ད་ ཁོ་གིས་བྲིས་ཡོད་མི་བཀའ་ཁྲིམས་ཚུ་ལུ་ ཁྱེད་ཀྱིས་དད་པ་མ་བསྐྱེད་པ་ཅིན་ ང་གིས་སླབ་མི་ཚུ་ལུ་ ཁྱེད་ཀྱིས་ག་དེ་སྦེ་དད་པ་བསྐྱེད་ནི་སྨོ་ཟེར་ཡེ་ཤུ་གིས་གསུངས་ནུག།
1 དེ་གི་ཤུལ་ལས་ ཡེ་ཤུ་ ག་ལི་ལི་མཚོ་བརྒལ་ཏེ་ཕ་ཁར་བྱོན་ནུག (མཚོ་དེ་གི་མིང་ ཏི་བཱེར་ཡཱས་མཚོ་ཟེར་ཡང་སླབ་ཨིན་མས།) 2 མི་དམངས་ཁོ་གི་རྟིང་བདའ་སོང་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་མི་ནདཔ་ཚུ་ལུ་ དྲགཔ་མཛད་པའི་ཡ་མཚན་ཆེ་བའི་ཕྱག་ལཱ་འདི་ཚུ་མཇལ་མཇལཝ་ཨིན་མས། 3 དེ་ལས་ཡེ་ཤུ་སྒང་གཅིག་གི་གུ་བྱོན་ཏེ་ དེ་ཁར་ཁོ་རའི་སློབ་མ་ཚུ་དང་གཅིག་ཁར་བཞུགས་ནུག 4 དེའི་སྐབས་ལུ་ ཡ་ཧུ་ད་པའི་ཤི་ས་ལས་ཐར་བའི་དུས་ཆེན་གྱི་ཉིནམ་ སྦོ་ལོགས་ཁར་ལྷོད་དེ་ཡོདཔ་མས། 5 ཡེ་ཤུ་གིས་ཕར་དང་ཚུར་གཟིགསཔ་ད་ མི་དམངས་ཁོ་བཞུགས་སར་འོངམ་གཟིགས་ཏེ་ ཁོ་གིས་ ཕི་ལིབ་ལུ་ ང་བཅས་ཀྱིས་ཨ་ནི་མི་ཚུ་ལུ་ ལང་ནིའི་བཞེས་སྒོ་ག་ཏེ་ལས་ཉོ་འབག་སྟེ་ བྱིན་ནི་སྨོ་ཟེར་གསུངས་ནུག 6 ཁོ་གིས་དེ་སྦེ་གསུངས་མི་དེ་ ཕི་ལིབ་ལུ་ཚོད་བལྟ་བའི་དོན་ལུ་ཨིན་མས་ མ་པ་ ཁོ་རང་གིས་ག་ཅི་མཛད་ནི་ཨིན་ན་ ཐུགས་བསམ་བཞེས་ཏེ་ཡོདཔ་ཨིན་མས། 7 ཕི་ལིབ་ཀྱིས་ཡེ་ཤུ་ལུ་ལན་ ཏི་རུ་ དེ་ན་རི་གཉིས་བརྒྱ་གི་ཏད་ཟས་ཀྱིས་ མི་རེ་ལུ་ཨ་ཙི་རེ་བྱིན་རུང་ མི་ལང་འོང་ཟེར་ཞུ་ནུག 8 དེ་ལས་ཁོ་གི་སློབ་མ་ཚུ་གི་གྲལ་ཁ་ལས་ སི་མཱོན་པེ་ཏྲོ་གི་སྤུན་ཆ་ ཨཱན་དྲུ་ཟེར་མི་དེ་གིས། 9 ཨ་ནཱ་ལུ་བུཚ་གཅིག་གི་ལག་པར་ ནག་ཕྱེ་གི་ཏད་ཟས་ལྔ་དང་ཉ་གཉིས་འདུག་ དེ་འབདཝ་ད་ འདི་གིས་མི་དམངས་ལུ་ལང་འོང་ག་ལགས་ཟེར་ཞུ་ནུག 10 དེ་ལས་ཡེ་ཤུ་གིས་སློབ་མ་ཚུ་ལུ་ ད་མི་དམངས་མར་ས་ཁར་སྡོད་བཅུག་ཟེར་གསུངསམ་ད་ དེ་ནང་ལུ་རྩྭ་ཧོནམ་སྦེ་སྐྱེས་ཏེ་ཡོད་མི་ཐང་སྦོམ་གཅིག་ནང་ མི་ཕོ་སྐྱེས་རྐྱངམ་གཅིག་གིས་ མི་སྟོང་ཕྲག་ལྔ་འདི་ནང་སྡོད་བཅུག་ནུག 11 དེ་ལས་ཡེ་ཤུ་གིས་ཏད་ཟས་ཕྱག་ལུ་བསྣམས་སྦེ་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་ཞིནམ་ད་ མར་སྡོད་མི་ཚུ་ལུ་བགོ་བཤའ་བརྐྱབས་ཏེ་ ག་དེ་ཅིག་ཟ་ཚུགསཔ་བྱིན་བཅུག་ནུག་ འདི་བཟུམ་སྦེ་ཉ་དེ་ཡང་ག་ར་ལུ་བགོ་བྱིན་བཅུག་ནུག 12 དེ་ལས་ཁོང་མི་དམངས་ག་ར་ཕོཝ་འགྲང་འགྲང་ཟ་ཚརཝ་ད་ ཡེ་ཤུ་གིས་སློབ་མ་ཚུ་ལུ་ བཅག་དཀྲུམ་དེ་ཚུ་གཅིག་ཡང་བར་སྟོར་མ་བཏང་པར་ གཅིག་ཁར་སྤུང་ཟེར་གསུངས་ནུག 13 ཁོང་གིས་ཟ་མི་ཏད་ཟས་ལྔཔ་དེ་ལས་ ད་རུང་བཅག་དཀྲུམ་གྱི་ལྷག་མ་ཚུ་འཐུཝ་ད་ སྦ་ཟེ་བཅུ་གཉིས་ལྟེམ་ལྟེ་སྦེ་གང་ནུག 14 ཡེ་ཤུ་གིས་མཛད་མིའི་ཡ་མཚན་ཆེ་བའི་རྟགས་མཚན་འདི་ཚུ་མཇལཝ་ད་ འཛམ་བུ་གླིང་ནང་འབྱོན་ནི་འབད་མིའི་ལུང་སྟོན་པ་དེ་ དོན་ལས་རང་ཁོ་ཨིན་མས་ཟེར་ མི་དེ་ཚུ་གིས་སླབ་ནུག 15 དེ་ལས་མི་དེ་ཚུ་གིས་ཁོ་ལུ་ དབང་བཙོང་གི་ཐོག་ལས་ ཁོ་ལུ་རྒྱལཔོ་བཀལ་ནི་ཨིནམ་ཡེ་ཤུ་གིས་མཁྱེན་ཏེ་ ད་རུང་འདི་ཁར་ལས་སྒང་གུ་ ཁོ་རང་རྐྱངམ་གཅིག་སྦེ་བྱོན་ནུག། 16 དེ་ལས་ནམ་ཕྱི་རུ་འགྱོཝ་ད་ ཁོ་གི་སློབ་མ་ཚུ་མཚོ་གི་མཐའ་མར་སོང་སྟེ། 17 གྲུ་གཅིག་ནང་འཛུལ་སྦེ་ མཚོ་བརྒལ་ཏེ་ཕ་ཁར་གྱི་ཁྲོམ་ ཀ་ཕཱར་ནུམ་ལུ་འགྱོ་ནི་འབད་ཡི་ དེའི་སྐབས་ནམ་སྲོ་སྟེ་འབད་རུང་ ཡེ་ཤུ་ཁོང་ཡོད་སར་མ་འབྱོན་པས། 18 དེ་ཅིག་གི་བར་ན་ རྐྱེན་ངན་རླུང་འཚུབ་ཤུགས་སྦེ་འཕུ་ནི་དེ་གིས་ མཚོ་གི་རྦ་རླབས་སྦོམ་སྦེ་ལོངས་ནུག 19 ཁོང་འདི་ཁར་ལས་ ས་ཐག་རིང་ཐུང་དཔག་ཚད་གཉིས་དེ་ཅིག་མ་ལྷོད་པའི་བར་ན་ ཡེ་ཤུ་ཆུའི་གུ་ལས་ཚུར་ གྲུའི་སྦོ་ལོགས་ཁར་འབྱོནམ་ད་ ཁོང་གིས་མཐོང་སྟེ་ ཁོང་འདྲོགས་ཆི་ནུག 20 དེ་འབདཝ་ད་ ཡེ་ཤུ་གིས་ཁོང་ལུ་ ང་ཨིན་ འདྲོག་མི་དགོ་ཟེར་གསུངས་ནུག 21 དེ་ལས་ཁོང་གིས་ཡེ་ཤུ་གྲུའི་ནང་ན་ལུ་གདན་འདྲེན་ཞུ་སྟེ་ ཁོ་གྲུའི་ནང་ན་བྱོན་ཚརཝ་ཅིག་ དེ་འཕྲོ་ལས་ ཁོང་བྱོན་སའི་ས་གནས་ལུ་ཕེབས་ནུག 22 འདི་གི་ནངས་པ་ མཚོའི་ཚུར་ཁར་ལུ་སྡོད་མིའི་མི་དམངས་ཀྱིས་ ཁ་ཙ་མཚོའི་མཐའ་མ་ གྲུ་གཅིག་ལས་བརྒལ་ཏེ་མིན་འདུག་ ཡེ་ཤུ་ ཁོ་རང་གི་སློབ་མ་ཚུ་དང་གཅིག་ཁར་གྲུ་ནང་འཛུལ་ཏེ་མ་བྱོན་ ཁོང་སློབ་མ་ཚུ་རྐྱངམ་གཅིག་སོང་ཡི་ཟེར་ཤེས་ནུག 23 དེ་ལས་ཁྲོམ་ ཏི་བཱེར་ཡཱས་ལས་གྲུ་གཞན་ཚུ་ཡང་འོངས་ཏེ་ གཙོ་བོ་གིས་བཀའ་དྲིན་གཏང་རག་ཕུལ་ཏེ་ མི་ཚུ་ཏད་ཟས་ཟ་སའི་ས་གནས་ཀྱི་སྦོ་ལོགས་ཁར་ལྷོད་ནུག 24 ཁོང་གིས་ཡེ་ཤུ་དང་ཁོ་གི་སློབ་མ་ཚུ་ལུ་འདི་ཁར་མེདཔ་ཤེས་ཏེ་ ཁོང་ཡང་གྲུ་དེ་ཚུ་ནང་འཛུལ་ཏེ་ ཡེ་ཤུ་འཚོལ་བ་ཁྲོམ་ ཀ་ཕཱར་ནུམ་ལུ་སོང་ནུག། 25 དེ་ལས་ཁོང་གིས་ཡེ་ཤུ་མཚོའི་ཕ་ཁར་ལུ་མཇལ་ཏེ་ རབ་བི་ལགས་ ནཱ་ལུ་ནམ་བྱོན་བྱོནམ་སྨོ་ཟེར་ཞུཝ་ད། 26 ཡེ་ཤུ་གིས་ཁོང་ལུ་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁྱེད་ཀྱིས་ཡ་མཚན་ཆེ་བའི་རྟགས་མཚན་མཐོང་སྟེ་ ང་ལུ་འཚོལ་བ་འོངམ་མེན་པས་ དེ་འབདཝ་ད་ བཞེས་སྒོ་འགྲངམ་སྦེ་ བཟའ་ནི་ཐོབ་ནི་འདི་གིས་ ང་ལུ་འཚོལཝ་མས། 27 མེདཔ་ཐལ་འགྱོ་མི་བཞེས་སྒོ་གི་དོན་ལུ་དཀའཝ་མ་སྤྱད་ དེ་འབདཝ་ད་ ཚེ་མཐའ་མེདཔ་གནང་མི་ མེདཔ་ཐལ་མ་འགྱོ་མི་བཞེས་སྒོ་གི་དོན་ལུ་དཀའཝ་སྤྱད་ ཨ་ནི་བཞེས་སྒོ་འདི་ མིའི་བུ་གིས་ཁྱེད་ལུ་བྱིན་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཡབ་དཀོན་མཆོག་གིས་ཁོ་ལུ་རང་གི་ཕྱག་ཐམ་གནང་སྟེ་ཡོད་ཟེར་གསུངས་ནུག 28 དེ་ལས་ཁོང་གིས་ཁོ་ལུ་ དཀོན་མཆོག་གི་ཕྱག་ལཱ་སྒྲུབ་པའི་དོན་ལུ་ ང་བཅས་ཀྱིས་ག་ཅི་འབད་དགོཔ་སྨོ་ཟེར་ཞུཝ་ད། 29 ཡེ་ཤུ་གིས་ཁོང་ལུ་ དཀོན་མཆོག་གིས་བཏང་གནང་མི་དེ་ལུ་དད་པ་བསྐྱེད་ནི་དེ་རང་ ཁོ་གི་ཕྱག་ལཱ་སྒྲུབ་ནི་ཨིན་ཟེར་གསུངས་ནུག 30 དེ་ལས་ཁོང་གིས་ཁོ་ལུ་ དེ་སྦེ་ཨིན་པ་ཅིན་ ནཱ་གི་རྟགས་མཚན་ག་ཅི་ལུ་བལྟ་སྟེ་ ང་བཅས་དད་པ་བསྐྱེད་ནི་སྨོ་ ནཱ་གིས་ག་ཅི་མཛད་གནང་ནི་སྨོ། 31 མོ་སཱེས་ཀྱིས་ང་བཅས་ཀྱི་ཕ་བརྒྱུད་ཚུ་ལུ་ཟ་ནི་གི་དོན་ལུ་ ཞིང་ཁམས་ལས་བྱུང་མི་བཞེས་སྒོ་བྱིན་ཡི་ཟེར་ གསུང་རབ་ནང་བྲིས་དོཝ་བཟུམ་སྦེ་ ཁོང་ཆ་ཁྱབ་ཀྱིས་རི་སྟོང་ནང་ལུ་ བཞེས་སྒོ་ མཱན་ན་ཟེར་མི་གཅིག་ཟ་སྡོད་ནུག་ཟེར་ ཁོང་གིས་ཞུ་ནུག 32 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁྱེད་ལུ་ཡར་ཞིང་ཁམས་ལས་བཞེས་སྒོ་གནང་མི་དེ་ མོ་སཱེས་མེན་ དེ་འབདཝ་ད་ ཞིང་ཁམས་ལས་བཞེས་སྒོ་ངོ་མ་གནང་མི་དེ་ ངེ་གི་ཡབ་ཨིན། 33 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་བཞེས་སྒོ་ངོ་མ་དེ་ ཞིང་ཁམས་ལས་འབབ་འོངས་ཏེ་ འཛམ་གླིང་གི་མི་ཚུ་ལུ་ ཚེ་བྱིན་མི་དེ་ཨིན་ཟེར་གསུངསམ་ད། 34 ཁོང་གིས་ཁོ་ལུ་ སློབ་དཔོན་ལགས་ ང་བཅས་ལུ་ཨ་ནི་བཞེས་སྒོ་འདི་ ཨ་རྟག་རང་གནང་ཟེར་ཞུ་ནུག 35 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ཚེའི་བཞེས་སྒོ་འདི་ང་ཨིན་ ང་སྡོད་སར་འོང་མི་དེ་ནམ་ཡང་ལྟོཝ་མི་བཀྱེས་ ང་ལུ་དད་པ་བསྐྱེད་མི་དེ་ནམ་ཡང་ཁ་མི་སྐོམ། 36 དེ་འབདཝ་ད་ ཁྱེད་ཀྱིས་ང་ལུ་མཐོང་སྟེ་འབད་རུང་ དད་པ་མི་བསྐྱེད་པས་ཟེར་ང་གིས་ཧེ་མ་ལས་སླབ་ཅི། 37 ཡབ་ཀྱིས་ང་ལུ་གནང་མི་དེ་ཚུ་ག་ར་ ང་སྡོད་སར་འོང་ནི་ཨིན་ དེ་ལས་ང་སྡོད་སར་འོངས་མི་ཚུ་ལུ་ ང་གིས་ནམ་ཡང་ལོག་མི་གཏང་། 38 ག་ཅི་སྨོ་ཟེར་བ་ཅིན་ ང་ཞིང་ཁམས་ལས་འབབ་འོང་མི་འདི་ ང་རའི་དོན་དག་སྒྲུབ་པ་མེན་པར་ ང་ལུ་བཏང་གནང་མི་གི་ཐུགས་དགོངས་སྒྲུབ་པའི་དོན་ལུ་ཨིན། 39 ཡབ་ཀྱི་ཐུགས་དགོངས་འདི་ ཁོ་གིས་ང་ལུ་བཅོལ་གནང་མི་ཚུ་གི་གྲལ་ཁ་ལས་ ང་གིས་གཅིག་ཡང་མ་བྱང་པར་བཞག་སྟེ་ དུས་མཐའན་མཇུག་གི་ཉིནམ་ལུ་ ཁོང་ལུ་གསོན་པོ་སྦེ་ལྷོང་གནང་ནི་ཨིན། 40 ག་ཅི་སྨོ་ཟེར་བ་ཅིན་ ངེའི་ཡབ་ཀྱི་ཐུགས་དགོངས་འདི་ སྲས་ལུ་འཚོལ་མི་དང་ ཁོ་ལུ་དད་པ་བསྐྱེད་མི་ཆ་མཉམ་གྱིས་ ཚེ་མཐའ་མེདཔ་ཐོབ་བཅུག་ནི་ཨིན་ དེ་ལས་དུས་མཐའན་མཇུག་གི་ཉིནམ་ལུ་ ང་གིས་ཁོང་ལུ་ གསོན་པོ་སྦེ་ལྷོང་ནི་ཨིན་ཟེར་གསུངས་ནུག 41 དེ་ལས་ཁོ་གིས་ཞིང་ཁམས་ལས་འབབ་འོང་མིའི་ཚེའི་བཞེས་སྒོ་དེ་ང་ཨིན་ ཟེར་གསུངས་ནི་དེ་གིས་ ཡ་ཧུ་ད་པ་ཚུ་གི་འགོ་དཔོན་འདི་ཚུ་ཁོ་གི་སྐོར་ལས་ཁ་སྡུག་འབར་ནུག 42 དེ་ལས་ཁོང་ཆ་ཁྱབ་ཀྱིས་ ཁོ་ ཡོ་སེབ་ཀྱི་བུ་ཡེ་ཤུ་ཨིན་མེན་ན་ ཁོ་གི་ཨ་པ་དང་ཨའི་ ང་བཅས་ཀྱིས་ངོ་མི་ཤེས་ག་ ད་ལྟོ་ཁོ་གིས་ང་ཞིང་ཁམས་ལས་འབབ་འོངས་ཡི་ཟེར་ ག་དེ་སྦེ་སླབ་ཚུགསཔ་སྨོ་ཟེར་སླབ་ད། 43 ཡེ་ཤུ་གིས་ཁོང་ལུ་ ཁྱེད་རའི་སྦུག་ལུ་ང་ལུ་ཁ་སྡུག་མ་འབར། 44 ང་ལུ་བཏང་གནང་མིའི་ཡབ་ཀྱིས་ མི་ཚུ་ལུ་ངེ་གི་ནང་འཁྱིད་མ་གནང་པ་ཅིན་ ཁོང་ག་ཡང་ངེ་གི་ནང་འོང་མི་ཚུགས་ ངེའི་ནང་འོང་མི་ཚུ་ལུ་ ང་གིས་ དུས་མཐའན་མཇུག་གི་ཉིནམ་ལུ་ གསོན་པོ་སྦེ་ལྷོང་ནི་ཨིན། 45 དཀོན་མཆོག་གིས་མི་ག་ར་ལུ་ ཆོས་སྟོན་གནང་འོང་ཟེར་ ལུང་བསྟན་པའི་དེབ་ནང་བྲིས་དོཝ་བཟུམ་སྦེ་ ཡབ་ལས་ཉན་ཏེ་ལྷབ་མི་འདི་ཚུ་ག་ར་ ང་སྡོད་སར་འོང་ནི་ཨིན། 46 ང་དཀོན་མཆོག་ནང་ལས་འོངས་མི་རྐྱངམ་གཅིག་གིས་ ཡབ་ལུ་མཇལཝ་མ་གཏོགས་ མི་ག་གིས་ཡང་ཡབ་དང་མ་མཇལ། 47 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ང་ལུ་དད་པ་བསྐྱེད་མི་ཚུ་གིས་དོན་ལུ་ཚེ་མཐའ་མེདཔ་ཡོད། 48 ཚེའི་བཞེས་སྒོ་དེ་ང་ཨིན། 49 ཁྱེད་ཀྱི་ཕ་བརྒྱུད་ཚུ་གིས་རི་སྟོང་ནང་སྡོདཔ་ད་ མཱན་ན་ཟ་སྟེ་འབད་རུང་ཁོང་ཤི་སོང་ནུག 50 དེ་འབདཝ་ད་ ཨ་ནི་ཞིང་ཁམས་ལས་འབབ་འོང་མི་བཞེས་སྒོ་ ཟ་མི་ག་རང་ཨིན་རུང་མི་ཤི། 51 ཡར་ཞིང་ཁམས་ལས་འབབ་འོང་མིའི་གསོན་པོའི་བཞེས་སྒོ་འདི་ང་ཨིན་ ག་ར་འབད་རུང་ ཨ་ནི་བཞེས་སྒོ་དེ་ཟ་བ་ཅིན་ དུས་རྟག་བུ་ར་གསོན་པོ་སྦེ་སྡོད་འོང་ འཛམ་བུ་གླིང་གི་མི་ཚུ་ལུ་ ཚེ་བྱིན་མི་བཞེས་སྒོ་དེ་ ངེ་གི་ཤ་ཨིན་ཟེར་གསུངསམ་ད། 52 ཡ་ཧུ་ད་པའི་འགོ་དཔོན་དེ་ཚུ་གིས་ ཁོ་རའི་ཤ་ང་བཅས་ལུ་ག་དེ་སྦེ་ཟ་བཅུག་ནི་ཨིན་ན་ཟེར་ ཁོང་རའི་སྦུག་ལུ་དྲི་བ་དྲིས་ལན་འབད་ནུག 53 འདི་གི་ལན་ལུ་ ཡེ་ཤུ་གིས་ཁོང་ལུ་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་དོ་ ཁྱེད་ཀྱིས་མིའི་བུ་གི་ཤ་མ་ཟ་ ཁྲག་མ་འཐུང་པ་ཅིན་ ཁྱེད་ཀྱི་ནང་ན་ཚེ་མི་གནས། 54 ག་ར་འབད་རུང་ ངེ་གི་ཤ་ཟ་མི་དང་ ཁྲག་འཐུང་མི་གིས་ ཚེ་མཐའ་མེདཔ་ཐོབ་ནི་ཨིནམ་མ་ཚད་ ཉིནམ་མཐའན་མཇུག་ལུ་ ང་གིས་ཁོང་ལུ་གསོན་པོ་སྦེ་ལྷོང་ནི་ཨིན། 55 ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་ཤ་འདི་དོན་ལས་རང་ཟ་ནི་གི་བཞེས་སྒོ་ངོ་མ་དང་ ངེ་གི་ཁྲག་འདི་དོན་ལས་རང་འཐུང་རྒྱུ་ངོ་མ་ཨིན། 56 ངེའི་ཤ་ཟ་མི་དང་ངེའི་ཁྲག་འཐུང་མི་འདི་ ང་དང་གཅིག་ཁར་སྡོདཔ་ཨིནམ་མ་ཚད་ ང་ཡང་ཁོ་གི་སེམས་ཀྱི་ནང་ན་གནས་ཏེ་སྡོད་ནི་ཨིན། 57 སྐུ་གསོན་པོ་བཞུགས་མིའི་ཡབ་ཀྱིས་ང་ལུ་བཏང་སྟེ་ ང་ཡབ་ལས་བརྟེན་ཏེ་ གསོན་པོ་སྦེ་སྡོད་ཡོདཔ་བཟུམ་སྦེ་ ངེ་གི་ཤ་ཟ་མི་ཚུ་ཡང་ ང་གིས་འབད་དེ་གསོན་པོ་སྦེ་སྡོད་ནི་ཨིན། 58 ཞིང་ཁམས་ལས་འོང་མི་ཚེ་བྱིན་མི་བཞེས་སྒོ་དེ་ང་ཨིན་ ག་ར་འབད་རུང་ ཨ་ནི་བཞེས་སྒོ་ཟ་མི་ཚུ་གིས་ ཁྱེད་ཀྱི་ཕ་བརྒྱུད་ཚུ་ མཱན་ན་ཟ་སྟེ་ ཤི་དོཝ་བཟུམ་སྦེ་མེན་ དེ་འབདཝ་ད་ ཨ་ནི་བཞེས་སྒོ་ཟ་མི་འདི་ཚུ་ ཨ་རྟག་རང་གསོན་པོ་སྦེ་སྡོད་འོང་ཟེར་གསུངས་ནུག 59 དེ་ཚུ་ག་ར་ཡེ་ཤུ་གིས་ ཀ་ཕཱར་ནུམ་གྱི་ སི་ན་གོག་ནང་ ཆོས་སྟོན་པའི་བསྒང་ལུ་གསུངས་ནུག། 60 དེ་ལས་ཁོ་གི་སློབ་མ་ཚུ་གི་གྲལ་ཁ་ལས་ལེ་ཤ་གིས་ ཁོ་གིས་སྟོན་མིའི་ཆོས་འདི་གོཝ་ད་ ཨ་ནི་ཆོས་འདི་ལཱ་ཁག་འདུག་ འདི་ལུ་ག་གིས་ཉན་ཚུགས་ནི་སྨོ་ཟེར་སླབ་ནུག 61 དེ་འབདཝ་ད་ ཁོ་རའི་སློབ་མ་ཚུ་ དེ་གི་སྐོར་ལས་ ཁ་སྡུག་འབརཝ་ད་ ཡེ་ཤུ་གིས་མཁྱེན་ཏེ་ བློ་འདི་གིས་ ཁྱེད་ཀྱི་སེམས་ཁར་ཕོགཔ་མས་ག། 62 དེ་སྦེ་ཨིན་པ་ཅིན་ ཁྱེད་ཀྱིས་མིའི་བུ་ཧེ་མ་ཡར་སྡོད་ས་ལུ་ལོག་འགྱོ་ས་མཐོངམ་ད་ ཁྱེད་ཀྱིས་ག་ཅི་སླབ་ནི་སྨོ། 63 ཚེ་མཐའ་མེདཔ་གནང་མི་འདི་ཐུགས་ཉིད་ཨིན་ ཤ་ལུས་འདི་གིས་ཆ་རོགས་ག་ནི་ཡང་མི་ཕན་ ང་གིས་ཁྱེད་ལུ་ག་སླབ་མི་འདི་ ག་ར་ཐུགས་ཉིད་ལས་སྦེ་འབད་ནི་འདི་གིས་ ཁྱེད་ལུ་ཚེ་མཐའ་མེདཔ་གནང་འོང་། 64 དེ་འབདཝ་ད་ ཁྱེད་ཀྱི་གྲལ་ཁ་ལས་ ལ་ལུ་ཅིག་གིས་དད་པ་མི་བསྐྱེད་པས་ཟེར་གསུངས་ནུག་ ཁོ་གིས་དེ་སྦེ་གསུངས་མི་དོན་དག་དེ་ ཁོ་ལུ་དད་པ་མ་བསྐྱེད་མི་ག་ཨིན་ན་ དེ་ལས་ཁོ་ལུ་ངོ་ལོག་རྐྱབ་མི་འདི་ག་འཐོན་འོང་ག་ འགོ་དང་པ་ལས་རང་ ཡེ་ཤུ་གིས་མཁྱེན་མཁྱེནམ་ཨིན་མས། 65 དེ་ལས་ད་རུང་ཡེ་ཤུ་གིས་ ང་གིས་སླབ་མི་དོན་དག་ཨ་ནི་ཨིན་ ཡབ་ཀྱིས་ཁྱེད་ཆ་ཁྱབ་ལུ་ ང་སྡོད་སར་འོང་ཚུགསཔ་མ་མཛད་པ་ཅིན་ མི་ག་ཡང་ང་སྡོད་སར་ལུ་འོང་མི་ཚུགས་ཟེར་གསུངས་ནུག 66 དེ་ལས་དུས་ཚོད་དེ་སྐབས་ལས་ར་ ཁོ་གི་སློབ་མ་ཚུ་གི་གྲལ་ཁ་ལས་ ལེ་ཤ་རང་དད་པ་ནང་ལས་ལོག་སྟེ་ ཁོ་གི་སློབ་མ་འབད་ནི་བཀོག་བཞག་སྦེ་ཡར་སོང་ནུག 67 དེ་ལས་ཡེ་ཤུ་གིས་ཁོང་སློབ་མ་བཅུ་གཉིསཔ་ལུ་ ཁྱེད་ཆ་ཁྱབ་ཡང་ང་ལུ་སྤངས་ཏེ་འགྱོ་ནི་ཨིན་ན་ཟེར་གསུངསམ་ད། 68 སི་མཱོན་པེ་ཏྲོ་གིས་ཁོ་ལུ་ གཙོ་བོ་ལགས་ ང་བཅས་ག་སྡོད་ས་ལུ་འགྱོ་ནི་སྨོ་ ཚེ་མཐའ་མེདཔ་གནང་མིའི་གསུང་དེ་ ནཱ་གི་ནང་ན་འདུག 69 དཀོན་མཆོག་གི་དམ་པ་དེ་ ནཱ་ཨིནམ་ཤེས་ཏེ་ ང་བཅས་ཀྱིས་དད་པ་བསྐྱེད་ཅི་ཟེར་ཞུ་ནུག 70 ཡེ་ཤུ་གིས་ཁོང་ལུ་ ཁྱེད་བཅུ་གཉིསཔ་ལུ་ ང་རང་གིས་བཙག་བཙགཔ་ཨིན་མེན་ན་ དེ་འབདཝ་ད་ ཁྱེད་ཀྱི་གྲལ་ཁ་ལས་ གཅིག་འདི་བདུད་ཨིན་མས་ཟེར་གསུངས་ནུག 71 ཨ་ནི་འདི་ སི་མཱོན་ ཨཱིས་ཀ་རི་ཨཱོད་ཀྱི་བུ་ ཡུ་དཱས་ཀྱི་སྐོར་ལས་གསུང་གསུངསམ་ཨིན་མས་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་སློབ་མ་བཅུ་གཉིསཔ་གི་གྲལ་ཁ་ལས་གཅིག་ཨིན་ཏེ་འབད་རུང་ ཁོ་གིས་ཡེ་ཤུ་ལུ་ངོ་ལོག་རྐྱབ་ནི་སྦེ་སྡོད་ནུག།
1 འདིའི་ཤུལ་ལས་ ཡ་ཧུ་ད་པའི་འགོ་དཔོན་འདི་ཚུ་ཡེ་ཤུ་བཀྲོང་ནི་སྦེ་གནས་སྐབས་འགྱིར་ཡོད་ནི་དེ་གིས་ ཡེ་ཤུ་ལུང་ཕྱོགས་ ཡུ་དེ་ཡ་ལུ་མ་བྱོན་པར་ ག་ལི་ལི་གི་གཡུས་ཚུ་གི་མཐའ་བསྐོར་ན་རང་བྱོན་ཏེ་བཞུགས་ནུག 2 དེའི་སྐབས་ལུ་ ཡ་ཧུ་ད་པའི་ལོ་ལྟར་གྱི་དུས་ཆེན་ གུར་གྱི་ནང་ན་སྡོད་མི་འདི་ སྦོ་ལོགས་ཁར་ལྷོད་ནུག 3 འདི་གིས་འབད་ ཡེ་ཤུ་གི་སྤུན་ཆ་ཚུ་གིས་ཁོ་ལུ་ ཨ་ནི་ས་ཆ་འདི་བཞག་སྦེ་ ཡུ་དེ་ཡ་ལུང་ཕྱོགས་ལུ་བྱོན་ལགས་ དེ་ལས་ཕར་ལུ་ཡང་ ནཱ་གིས་མཛད་ཡོད་པའི་ཡ་མཚན་ཆེ་བའི་ཕྱག་ལཱ་དེ་ཚུ་ ནཱ་གི་སློབ་མ་ཚུ་གིས་ཡང་མཇལ་འོང་། 4 མི་དམངས་ཀྱི་མཐོང་སར་ སྟོན་ནི་ཐུགས་བསམ་ཡོད་པ་ཅིན་ མི་ག་ར་འབད་རུང་ ནམ་ཡང་ལཱ་གསང་སྟེ་མི་འབད་ ནཱ་ཡང་ཕྱག་ལཱ་ཨ་ནི་བཟུམ་མཛད་ནིའི་ཐུགས་བསམ་ཡོད་པ་ཅིན་ འཛམ་གླིང་གི་མི་ཚུ་གི་མཐོང་སར་མཛད་དེ་སྟོན་གནང་ཟེར་ཞུ་ནུག 5 ག་ཅི་སྨོ་ཟེར་བ་ཅིན་ ཁོ་གི་སྤུན་ཆ་ཚུ་གིས་ཡང་ ཁོ་ལུ་ཆ་མ་བཞག་པར་ཨིན་མས། 6 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ཁྱེད་རང་གི་དོན་ལུ་འབད་བ་ཅིན་ དུས་ནམ་རང་འབད་རུང་བཏུབ་པས་ དེ་འབདཝ་ད་ ངེ་གི་དོན་ལུ་དུས་ཚོད་ངོ་མ་འདི་ད་ལྟོ་མ་རན། 7 འཛམ་གླིང་གི་མི་ཚུ་གིས་ ཁྱེད་ལུ་མ་དགའ་བ་ཐབས་རང་མེད་ དེ་འབདཝ་ད་ ཁོང་གིས་ང་ལུ་མི་དགའ་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་འབད་མི་ལཱ་དེ་ཚུ་ངན་པ་ཨིན་ཟེར་ ང་གིས་སྟོན་བྱིན་ནི་དེ་གིས་ཨིན་མས། 8 ཁྱེད་ཆ་ཁྱབ་དུས་ཆེན་ནང་སོང་ ང་མི་འགྱོ་ ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་དོན་ལུ་དུས་ཚོད་ངོ་མ་འདི་ ད་ལྟོ་མ་རན་ཟེར་གསུངས་སྦེ། 9 ཡེ་ཤུ་ཁོ་རང་ ག་ལི་ལི་ནང་རང་བཞུགས་ནུག 10 དེ་འབདཝ་ད་ ཁོ་གི་སྤུན་ཆ་ཚུ་ དུས་ཆེན་ནང་ཡར་སོངམ་ད་ ཡེ་ཤུ་ཁོ་རང་ཡང་ མི་ག་གིས་ཡང་མ་ཤེསཔ་སྦེ་ དུས་ཆེན་ནང་བྱོན་ནུག 11 ད་དུས་ཆེན་ནང་ལུ་ ཡ་ཧུ་ད་པའི་འགོ་དཔོན་ཚུ་གིས་ཡེ་ཤུ་ལུ་འཚོལ་ཏེ་ ཨ་ནི་མི་འདི་ག་ཏེ་ཡོདཔ་སྨོ་ཟེར་ མི་འདི་ཚུ་ལུ་འདྲི་བ་དཔྱད་ནུག 12 མི་དམངས་ཀྱི་སྦུག་ལུ་ ཁོ་གི་སྐོར་ལས་ཁ་བཏང་སྟེ་ ལ་ལུ་གིས་ཁོ་མི་ལེགས་ཤོམ་ཨིན་ ལ་ལུ་གིས་ཁོ་མི་ལུ་མགུ་བསྐོར་རྐྱབ་མས་ཟེར་སླབ་ནུག 13 དེ་འབདཝ་ད་ ཡ་ཧུ་ད་པ་གི་འགོ་དཔོན་ཚུ་ལུ་བལྟ་འདྲོགས་ཏེ་ ཁོ་གི་སྐོར་ལས་མི་ག་གིས་ཡང་ གཞན་གྱིས་གོཝ་སྦེ་མ་སླབ་པས།། 14 དུས་ཆེན་གྱི་བརྩི་སྲུང་ཕྱེད་ཀ་ལྷོདཔ་ད་ ཡེ་ཤུ་མཆོད་ཁང་ནང་ན་བྱོན་ཏེ་ ཆོས་སྟོན་གནངམ་ད། 15 ཡ་ཧུ་ད་པའི་འགོ་དཔོན་ཚུ་ ཁོ་ལུ་བལྟ་སྟེ་ཡ་མཚན་ཆེ་སྟེ་ ཨ་ནི་མི་དེ་གིས་ དཔེ་ཆ་བལྟ་ར་མ་བལྟ་བར་ ཨ་ནི་བཟུམ་གྱི་ཡོན་ཏན་ག་ལས་ཐོབ་ཨིན་ན་ཟེར་སླབ་ནུག 16 ཡེ་ཤུ་གིས་ཁོང་ལུ་ལན་ ང་གིས་སྟོན་མི་འདི་ང་རང་ལས་མེན་ དེ་འབདཝ་ད་ ང་ལུ་བཏང་གནང་མི་དེ་ལས་ཨིན། 17 ག་ར་འབད་རུང་ བཏང་གནང་མི་གི་ཐུགས་དགོངས་ སྒྲུབ་ནི་འཚོལ་མི་འདི་གིས་ ང་གིས་བཤད་མི་ཆོས་འདི་ དཀོན་མཆོག་ལས་ཨིན་ན་ ང་རང་ལས་ཨིན་ན་ ཧ་གོ་འོང་། 18 རང་གིས་མནོ་ཐག་གཅད་སླབ་མི་འདི་གིས་ རང་ལུ་བསྟོད་པ་འཚོལཝ་ཨིན་ དེ་འབདཝ་ད་ ཁོ་ལུ་བཏང་མི་གི་དོན་ལུ་ བསྟོད་པ་འཚོལ་མི་འདི་བདེན་པ་གཅིག་ཨིན་ ཨ་ནི་མི་འདི་གིས་ མ་ཕྲངམ་རྩ་ལས་རང་མི་སླབ། 19 བཀའ་ཁྲིམས་འདི་ མོ་སཱེས་ཀྱིས་ཁྱེད་ལུ་མ་བྱིན་ག་ ཁྱེད་ཀྱིས་བཀའ་ཁྲིམས་འདི་ཐོབ་སྟེ་འབད་རུང་ འདི་ལུ་མ་སྲུང་པར་ ད་རུང་ང་ལུ་ག་ཅི་འབད་བསད་ནི་འབདཝ་སྨོ་ཟེར་གསུངས་ནུག 20 མི་དམངས་ཀྱིས་ཁོ་ལུ་ ཁྱོད་ནང་འདྲེ་འཛུལ་སོང་ནུག་ ག་གིས་ཁྱོད་ལུ་བསད་ནི་འབདཝ་སྨོ་ཟེར་ཞུཝ་ད། 21 ཡེ་ཤུ་གིས་ཁོང་ལུ་ ང་གིས་ངལ་འཚོ་བའི་ཉིན་མ་ལཱ་གཅིག་འབད་དེ་བཏོནམ་ད་ ཁྱེད་རྣམ་རྟོག་ལང་སྟེ་སྡོདཔ་མས། 22 ཁྱེད་ཆ་ཁྱབ་ལུ་ མོ་སཱེས་ཀྱིས་ ལུས་ལུ་རྟགས་བཀལ་བའི་ལུགས་སྲོལ་བྱིན་ནུག་ (མ་པ་ལུགས་སྲོལ་འདི་ མོ་སཱེས་ཁོ་རང་ལས་མེན་པར་ ཕ་བརྒྱུད་ ཨབ་ར་ཧམ་ལས་འོང་མིའི་ལུགས་སྲོལ་ཨིན་མས་) ཨིན་རུང་ ཁྱེད་ཀྱིས་ངལ་འཚོ་བའི་ཉིནམ་ལུ་ཡང་ ལུས་ལུ་རྟགས་བཀལཝ་མས། 23 མོ་སཱེས་ཀྱི་བཀའ་ཁྲིམས་བསྲུངས་ཏེ་ ངལ་འཚོ་བའི་ཉིན་མ་ ཁྱེད་ཀྱིས་བུ་གི་ལུས་ལུ་ རྟགས་བཀལ་བཏུབ་པ་ཅིན་ ང་གིས་ངལ་འཚོ་བའི་ཉིན་མ་ ནདཔ་གཅིག་ལུ་དྲགཔ་བཟོཝ་ད་ ཁྱེད་ག་ཅི་འབད་ཙིགཔ་ཟཝ་སྨོ། 24 ཕྱི་ལས་མཐོང་མི་འདི་ལུ་མ་བལྟ་ དེ་འབདཝ་ད་ ནང་ན་གི་དོན་དག་ངོ་མ་ཡོད་མི་འདི་ལུ་བལྟ་ཟེར་གསུངས་ནུག། 25 ཡེ་རུ་ཤ་ལེམ་གྱི་མི་ལ་ལུ་གིས་ ཁོང་གིས་བསད་ནི་འབད་མི་འདི་ ཁོ་མེན་ན་ཟེར་སླབ་ནུག 26 བལྟ་ཞིག་ ཁོ་གིས་མི་ག་ར་གི་མཐོང་ས་ལུ་ཆོས་སྟོན་རུང་ ཁོང་འགོ་དཔོན་ཚུ་གིས་ཁོ་ལུ་ག་ནི་ཡང་མི་སླབ་པས་ ཁོ་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ཟེར་འགོ་དཔོན་ཚུ་གིས་དོན་ལས་རང་ཤེས་ཤེསཔ་ཨིན་ན། 27 ཁོ་ག་ལས་འོངམ་ཨིན་ན་ ང་བཅས་ཀྱིས་ཁོ་ངོ་ཤེས་ དེ་འབདཝ་ད་ ཁིརཱིས་འབྱོནམ་ད་ ཁོ་ག་ལས་འབྱོན་དོ་ག་ འདི་ག་གིས་ཡང་མི་ཤེས་ཟེར་སླབ་ནུག 28 ཡེ་ཤུ་མཆོད་ཁང་གི་མཐའ་འཁོར་ནང་ ཆོས་སྟོན་པའི་སྐབས་ལུ་ གསུང་སྐད་སྦོམ་སྦེ་གསུངས་ཏེ་ ཁྱེད་ཀྱིས་ང་ལུ་ངོ་ཤེས་པས་ ང་ག་ལས་འོངམ་ཨིན་ན་ དེ་ཡང་ཁྱེད་ཀྱིས་ཤེས་པས་ ང་རང་གིས་མནོ་ཐག་བཅད་དེ་འོངམ་མེན་ དེ་འབདཝ་ད་ ང་ལུ་བཏང་གནང་མི་དེ་གི་དོན་ལུ་འོང་ཡི་ ཁོ་ལུ་ཁྱེད་ཀྱིས་ངོ་མ་ཤེས་རུང་ དཀོན་མཆོག་ངོ་མ་ཁོ་རང་ཨིན། 29 ཨིན་རུང་ ང་གིས་ཁོ་ངོ་ཤེས་ ག་ཅི་སྨོ་ཟེར་བ་ཅིན་ ང་ཁོ་བཞུགས་ས་ལས་འོངམ་མ་ཚད་ ཁོ་གིས་ང་ལུ་བཏང་གནང་ཡི་ཟེར་གསུངས་ནུག 30 དེ་ལས་ཁོ་གིས་དེ་སྦེ་གསུངསམ་ད་ ལ་ལུ་གིས་ཁོ་ལུ་བཟུང་ནི་འབད་ནུག་ དེ་འབདཝ་ད་ ཁོ་གི་དུས་སྐབས་དེ་མ་ཚངམ་ལས་ ག་གིས་ཡང་ཁོ་ལུ་ལགཔ་སྐྱེལ་མ་ཚུགས་པས། 31 དེ་སྦེ་འབད་དེ་འབད་རུང་ མི་དམངས་ཀྱི་སྦུག་ལས་ལེ་ཤ་གིས་ ཁོ་ལུ་དད་པ་བསྐྱེད་ནུག་ དེ་ལས་ཁོང་གིས་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་འབྱོནམ་ད་ ཨ་ནི་མི་དེ་གིས་བཏོན་མི་རྟགས་མཚན་ཚུ་ལས་ཡང་ལྷགཔ་གཅིག་ ཁོ་གིས་མཛད་འོང་ག་ཟེར་སླབ་ནུག 32 མི་དམངས་ཀྱི་སྦུག་ལུ་ ཁོ་གི་སྐོར་ལས་གསང་བློ་བརྐྱབས་ཏེ་སྡོདཔ་ད་ ཕ་རུ་ཤི་པ་ཚུ་གིས་གོ་སྟེ་ བླ་ཆེན་དང་ ཕ་རུ་ཤི་པ་ཚུ་གིས་ཡེ་ཤུ་ལུ་འཛིན་བཟུང་འབད་བ་ མཆོད་ཁང་གི་སྲུང་རྒྱབ་ཚུ་བཏང་ནུག 33 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ང་ཁྱེད་དང་གཅིག་ཁར་དུས་ཡུན་ཐུང་ཀུ་གཅིག་ལས་བརྒལ་སྡོད་ནི་མེད་ དེ་གི་ཤུལ་ལས་ ང་ལུ་བཏང་གནང་མིའི་བཞུགས་ས་ལུ་ལོག་འགྱོ་དགོ། 34 ཁྱེད་ཀྱིས་ང་ལུ་འཚོལ་འོང་ དེ་འབདཝ་ད་འཚོལ་མི་ཐོབ་ ང་ག་སྡོད་ས་ལུ་ ཁྱེད་འོང་མི་ཚུགས་ཟེར་གསུངསམ་ད། 35 ཡ་ཧུ་ད་པ་གི་འགོ་དཔོན་ཚུ་ ཁོང་རང་གཅིག་གིས་གཅིག་ལུ་བློ་བརྐྱབས་ཏེ་ ང་བཅས་ཀྱིས་འཚོལ་མ་ཐོབ་པའི་ས་ཆ་ག་ཏེ་ལུ་ཁོ་འགྱོ་ནི་ན་ ཕྱིའི་མི་རིགས་ཀྱི་གཡུས་ཁ་ལུ་ ཁ་གཏོར་སྡོད་མི་ང་བཅས་ ཡ་ཧུ་ད་པ་ཚུ་སྡོད་སར་འགྱོ་སྟེ་ ཕྱིའི་མི་རིགས་ཚུ་ལུ་ཆོས་སྟོན་སྡོད་ནི་ཨིན་ན། 36 ཁོ་གིས་ཁྱེད་ཀྱིས་ང་ལུ་འཚོལ་འོང་ དེ་འབདཝ་ད་འཚོལ་མི་ཐོབ་ ང་སྡོད་ས་ལུ་ཡང་ ཁྱེད་འོང་མི་ཚུགས་ཟེར་ སླབ་མིའི་དོན་དག་ག་ཅི་སྨོ་ཟེར་སླབ་ནུག། 37 དེ་ལས་དུས་ཆེན་གྱི་མཐའན་མཇུག་གི་ཉིནམ་ཁག་ཆེ་ཏོག་ཏོ་འདི་ནང་ལུ་ ཡེ་ཤུ་ཡར་བཞེངས་ཏེ་གསུང་སྐད་ཤུགས་སྦེ་ ག་ར་འབད་རུང་ཁ་སྐོམ་པ་ཅིན་ ང་འབད་སར་འོངས་ཏེ་འཐུང་ཤོག 38 ག་ར་འབད་རུང་ ང་ལུ་དད་པ་བསྐྱེད་པ་ཅིན་ གསུང་རབ་ནང་དདཔ་ཅན་གྱི་སྐོར་ལས་གསུངས་དོཝ་བཟུམ་སྦེ་ དེའི་ནང་ལས་ཚེ་ངོ་མ་བྱིན་མི་གཙང་ཆུ་འཐོན་འོང་ཟེར་གསུངས་ནུག 39 ཡེ་ཤུ་གིས་ཚེ་གནང་མི་གཙང་ཆུ་ཟེར་གསུངས་མི་དེ་ དམ་པའི་ཐུགས་ཉིད་ཀྱི་སྐོར་ལས་གསུང་གསུངསམ་ཨིན་མས་ ཁོ་ལུ་དད་པ་བསྐྱེད་མི་ཚུ་གིས་ ཨ་ནི་ཐུགས་ཉིད་འདི་ ཤུལ་ལས་ཐོབ་ནི་ཨིན་མས་ ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་ཚུན་ཚོད་ ཡེ་ཤུ་ཁོ་རང་གཟི་བརྗིད་དང་ལྡནམ་སྦེ་མ་འགྱུར་ནི་དེ་གིས་ ཁོང་ལུ་དམ་པའི་ཐུགས་ཉིད་མ་གནང་པས། 40 དེ་གོཝ་ད་ མི་ཚོགས་ཀྱི་གྲལ་ཁ་ལས་ལ་ལུ་གིས་ ཨ་ནི་མི་འདི་ ཐད་རི་བ་རི་འབྱོན་ནི་འབད་མི་ལུང་སྟོན་པ་འདི་ཨིན་མས་ཟེར་སླབ་ནུག 41 ལ་ལུ་གིས་ཁོ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་མས་ དེ་འབདཝ་ད་ ལ་ལུ་གིས་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་དེ་ ག་དེ་སྦེ་ལུང་ཕྱོགས་ ག་ལི་ལི་ལས་འབྱོན་ནི་སྨོ། 42 ཁིརཱིས་འདི་རྒྱལཔོ་ ད་བིད་ཀྱི་གདུང་བརྒྱུད་ལས་དང་ ད་བིད་ཀྱི་འཁྲུངས་ཡུལ་ བཱེད་ལེ་ཧེམ་ལས་འབྱོན་ནི་ཨིན་ཟེར་ གསུང་རབ་ནང་བྲིས་ཏེ་འདུག་མེན་ན་ཟེར་སླབ་ནུག 43 དེ་གིས་འབད་ ཡེ་ཤུ་གི་སྐོར་ལས་མི་དམངས་ཀྱི་སྦུག་ལུ་ མ་མཐུནམ་ཡར་སོང་ནུག 44 ཁོང་གི་གྲལ་ཁ་ལས་ལ་ལུ་གིས་ ཁོ་ལུ་བཟུང་དགོ་མནོ་རུང་ མི་ག་གིས་ཡང་ ཁོ་ལུ་ལགཔ་མ་སྐྱེལ་བས།། 45 དེ་ལས་ཡེ་ཤུ་ལུ་འཛིན་བཟུང་འབད་བ་གཏང་མི་ མཆོད་ཁང་གི་སྲུང་རྒྱབ་དེ་ཚུ་ལོག་སྟེ་ ཕ་རུ་ཤི་པ་གི་འགོ་དཔོན་དང་བླ་ཆེན་དེ་ཚུ་སྡོད་སར་འོངམ་ད་ ཁོང་འགོ་དཔོན་ཚུ་གིས་ ཁྱེད་ཀྱིས་ག་ཅི་འབད་ཁོ་ལུ་འཁྱིད་མ་འོངམ་སྨོ་ཟེར་དྲིས་ནུག 46 དེ་ལས་མཆོད་ཁང་གི་སྲུང་རྒྱབ་ཚུ་གིས་ཁོང་ལུ་ ཨ་ནི་མི་བཟུམ་སྦེ་ མི་གཞན་གྱིས་ནམ་ཡང་སླབ་ས་མ་གོ་ཟེར་ཞུཝ་ད། 47 ཕ་རུ་ཤི་པ་ཚུ་གིས་ཁོང་ལུ་ ཁྱེད་ཡང་ཁོ་གི་མགུ་འབྱིད་ནང་ཚུད་སོངམ་འདྲས་མེན་ན། 48 ང་བཅས་ཀྱི་གྲལ་ཁ་ལས་ འགོ་དཔོན་གཅིག་གིས་ ཡང་ན་ ཕ་རུ་ཤི་པ་ཚུ་གིས་ཁོ་ལུ་དད་པ་བསྐྱེདཔ་མས་ཟེར་གོ་ཡི་ག། 49 དེ་འབདཝ་ད་ མི་དམངས་ཀྱིས་ཨ་ནི་བཀའ་ཁྲིམས་མ་ཤེས་ནི་འདི་གིས་རྐྱངམ་གཅིག་ ཁོ་ལུ་དད་པ་བསྐྱེདཔ་མས་ ཁོང་ག་ར་ལུ་དམོད་ཚིག་ཕོག་འོང་ཟེར་སླབ་ནུག 50 འགོ་དཔོན་ཚུ་གི་གྲལ་ཁ་ལས་ ནི་ཀོ་དེ་མཱས་ཟེར་སླབ་མི་ ཧེ་མ་ཕྱི་རུ་གཅིག་ལུ་ཡེ་ཤུ་བཞུགས་སར་བཅར་མི་དེ་གིས། 51 ང་བཅས་རང་གི་ཁྲིམས་དང་འཁྲིལ་ཏེ་ ཧེ་མ་རང་མི་གི་ཁ་ལས་བློ་མ་ཉན་པར་ མི་དེ་གིས་ག་ཅི་འབད་ཡི་ག་ ལོ་རྒྱུས་འདི་ཚུ་ལེགས་ཤོམ་སྦེ་མ་ཤེས་པར་ མི་ལུ་ཁྲིམས་བཀལ་འོང་ག་ཟེར་སླབ་ནུག 52 དེ་ལས་ཁོང་གིས་ཁོ་ལུ་ ཁྱོད་ཡང་ ག་ལི་ལི་པ་ཨིན་ན་ ཁྱོད་རང་གསུང་རབ་ནང་ ན་འཐན་སྦེ་འཚོལ་བལྟ་ཞིག་ ག་ལི་ལི་ལས་ནམ་ཡང་ལུང་སྟོན་པ་མི་འཐོན་ཟེར་ ཁྱེད་ཀྱིས་ཤེས་འོང་ཟེར་སླབ་ནུག 53 དེ་ལས་ཁོང་རེ་རེ་བཞིན་དུ་ རང་གི་ཁྱིམ་ནང་ལོག་སོང་ནུག།
1 དེ་ལས་ཡེ་ཤུ་ ཨ་རུ་ར་ཤིང་གི་སྒང་གུ་བྱོན་ནུག 2 དེ་འབདཝ་ད་ ཁོ་དྲོ་པ་ཧ་སག་སྟེ་ ད་རུང་ཡང་མཆོད་ཁང་ནང་ལོག་འབྱོནམ་ད་ མི་ག་ར་ཡེ་ཤུ་བཞུགས་སར་འཛོམས་ཏེ་ ཁོ་རང་མར་བཞུགས་སྦེ་ མི་ཚུ་ལུ་ཆོས་སྟོན་གནང་ནུག 3 འདི་གི་དུས་ལུ་ བཀའ་ཁྲིམས་ཀྱི་སློབ་དཔོན་དང་ ཕ་རུ་ཤི་པ་དེ་ཚུ་གིས་ གཉེན་ལས་འགལ་བའི་ལུས་འབྲེས་འབད་ས་ལས་ འཛིན་བཟུང་འབད་ཡོད་མི་ཨམ་སྲུ་གཅིག་ ཁོ་བཞུགས་སར་འཁྱིད་འོང་སྦེ་ ཁོང་གི་གདོང་ཁར་ལྷོང་བཞག་ཞིནམ་ད་ཞུ་ནུག 4 སློབ་དཔོན་ལགས་ ཨ་ནི་ཨམ་སྲུ་འདི་ གཉེན་ལས་འགལ་བའི་ལུས་འབྲེལ་འབད་སྡོདཔ་ད་བཟུང་ཡི། 5 མོ་སཱེས་ཀྱི་བཀའ་ཁྲིམས་ནང་འབད་བ་ཅིན་ ཨ་ནི་བཟུམ་ཨམ་སྲུ་ལུ་ རྡོ་གིས་རྡུངས་བསད་ཟེར་བྲིས་ཏེ་འདུག་ དེ་འབདཝ་ད་ དེའི་སྐོར་ལས་ ནཱ་གིས་ག་ཅི་གསུང་ནི་ཡོད་ག་ལགས་ཟེར་ཞུ་ནུག 6 མ་པ་ ཁོང་གིས་དེ་སྦེ་ཞུ་མི་དེ་ ཁོ་ལུ་ཐུགས་ཚོད་བལྟ་སྟེ་ སྐྱོན་བཏག་ནིའི་དོན་ལུ་ཨིན་མས་ དེ་འབདཝ་ད་ ཡེ་ཤུ་མར་བསྒུར་ཏེ་ ཕྱག་མཛུབ་ཀྱིས་ས་ཁར་བྲིས་ཏེ་བཞུགས་ནུག 7 ཁོང་གིས་ལོག་ཅི་ལོག་ཅི་རང་ཁོ་ལུ་ཞུ་ནི་དེ་གིས་ ཁོ་ཞལ་ཡར་གཟིགས་ཏེ་ཁོང་ལུ་ ག་གིས་སྡིག་པ་རྩ་ལས་རང་མ་འབད་མི་འདི་གིས་ དང་པ་མོ་ལུ་རྡོ་གིས་བརྡུང་ཞིག་ཟེར་གསུངས་སྦེ། 8 ད་རུང་ཁོ་མར་བསྒུར་ཏེ་ ཕྱག་མཛུབ་ཀྱིས་ས་ཁར་བྲིས་ཏེ་བཞུགས་ནུག 9 དེ་འབདཝ་ད་ ཁོང་གིས་དེ་གོཝ་ད་ རྒས་ཤོས་ལས་འགོ་བཟུང་ རེ་རེ་བཞིན་དུ་ཡར་སོང་ནུག་ དེ་ལས་ཡེ་ཤུ་དང་གཅིག་ཁར་ཨམ་སྲུ་འདི་རྐྱངམ་གཅིག་ལུས་ཏེ་ ཨམ་སྲུ་འདི་ཡེ་ཤུ་གི་སྐུ་མདུན་ལུ་ལོངས་སྡོད་ནུག 10 དེ་ལས་ཡེ་ཤུ་ཡར་བཞེངས་ཏེ་ དབའེ་བུམོ་ ཁྱོད་ཀྱི་དགྲ་ཚུ་ག་ཏེ་ཡར་སོངམ་སྨོ་ ག་གིས་ཡང་ཁྱོད་ལུ་ཁྲིམས་མ་གཏང་ག་ཟེར་གསུངསམ་ད། 11 མོ་གིས་ གཙོ་བོ་ལགས་ ང་ལུ་ག་གིས་ཡང་ཁྲིམས་མ་གཏང་ཟེར་ཞུཝ་ད་ ང་གིས་ཡང་ཁྱོད་ལུ་ཁྲིམས་མི་གཏང་ ད་ཁྱོད་རང་ལོག་སོང་ དེ་ལས་ཁྱོད་རང་གི་མི་ཚེ་འདི་ནང་ སྡིག་པ་མ་འབད་བར་སྡོད་ཟེར་ ཡེ་ཤུ་གིས་གསུངས་ནུག། 12 ཡེ་ཤུ་གིས་ད་རུང་མི་ཚུ་ལུ་ ང་འཛམ་བུ་གླིང་གི་འོད་ཟེར་ཨིན་ ང་དང་གཅིག་ཁར་འོང་མི་ཚུ་ ནམ་ཡང་གནག་དུང་ནང་འགྱོ་མི་དགོ་ དེ་འབདཝ་ད་ ཁོང་གིས་འོད་ཟེར་ལས་བྱུང་མིའི་ཚེ་ཐོབ་ནི་ཨིན་ཟེར་གསུངསམ་ད། 13 ཕ་རུ་ཤི་པ་དེ་ཚུ་གིས་ཁོ་ལུ་ ནཱ་གིས་རང་གི་སྐོར་ལས་དཔང་པོ་བཤད་དེ་གསུངས་མས་ དེ་སྦེ་གསུངས་མི་འདི་ བདེན་པ་སྦེ་མི་བརྩི་ཟེར་ཞུཝ་ད། 14 ཡེ་ཤུ་གིས་ཁོང་ལུ་ ང་གིས་རང་གི་སྐོར་ལས་དཔང་པོ་བཤད་དེ་སླབ་རུང་ ང་གིས་སླབ་མི་དེ་ དོན་ལས་རང་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་ག་ལས་འོངས་ཡི་ག་ ག་ཏེ་འགྱོ་ནི་ཨིན་ན་ ང་རང་གིས་ཤེས་ དེ་འབདཝ་ད་ ང་ག་ལས་འོངས་ཡི་ག་ ག་ཏེ་འགྱོ་ནི་ཨིན་ན་ འདི་ཁྱེད་ཀྱིས་མི་ཤེས། 15 ཁྱེད་ཀྱིས་མི་ངོ་བལྟ་སྟེ་ཁྲིམས་ཕྱེཝ་མས་ དེ་འབདཝ་ད་ ང་གིས་ག་ལུ་ཡང་ཁྲིམས་མི་ཕྱེ། 16 ག་དེམ་ཅིག་སྦེ་ ང་གིས་ཁྲིམས་ཕྱེ་བ་ཅིན་ ང་གིས་ཕྱེ་མི་ཁྲིམས་འདི་ཕྲངམ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་རང་རྐྱངམ་གཅིག་གིས་འབདཝ་མེན་ ང་ལུ་བཏང་གནང་མི་ཡབ་ ང་དང་གཅིག་ཁར་ཁྲིམས་ཕྱེཝ་ཨིན། 17 ཁྱེད་རང་གི་བཀའ་ཁྲིམས་ནང་ཡང་ མི་གཉིས་ཀྱིས་འཛོམ་དཔང་འབད་བཤད་པ་ཅིན་ དེ་བདེན་པ་ཨིན་ཟེར་བྲིས་ཏེ་འདུག 18 ང་རའི་སྐོར་ལས་སླབ་མི་གཅིག་ང་རང་ཨིན་ ང་ལུ་བཏང་གནང་མི་ཡབ་ཀྱིས་ཡང་ ངེ་གི་སྐོར་ལས་འཛོམ་དཔང་གསུངས་གནངམ་ཨིན་ཟེར་གསུངསམ་ད། 19 དེ་ལས་ཁོང་གིས་ཁོ་ལུ་ ནཱ་གི་ཡབ་ག་ཏེ་ཡོདཔ་སྨོ་ཟེར་ཞུཝ་ད་ ཡེ་ཤུ་གིས་ ཁྱེད་ཀྱིས་ངེ་གི་ཡབ་དང་ང་ལུ་ངོ་མི་ཤེས་ ཁྱེད་ཀྱིས་ང་ལུ་ངོ་ཤེས་པ་ཅིན་ ངེ་གི་ཡབ་ལུ་ཡང་ངོ་ཤེས་ཟེར་གསུངས་ནུག 20 དེ་ཚུ་ག་ར་ ཁོ་གིས་མཆོད་ཁང་གི་མཐའ་འཁོར་ནང་ ཆོས་སྟོན་ཏེ་བཞུགས་པའི་བསྒང་ལུ་ སྤྱི་རྫས་སྒྲོམ་གྱི་སྦོ་ལོགས་ཁར་གསུངས་ནུག་ དེ་འབདཝ་ད་ ཁོ་གི་དུས་ཚོད་དེ་མ་རན་ནི་འདི་གིས་ མི་ག་གིས་ཡང་ཁོ་ལུ་འཛིན་བཟུང་མ་འབད་བས།། 21 ད་རུང་ཡེ་ཤུ་གིས་ཁོང་ལུ་ ང་འགྱོ་ནི་ཨིན་ ཁྱེད་ཀྱིས་ང་ལུ་འཚོལ་འོང་ དེ་ལས་ཁྱེད་རང་གི་སྡིག་པའི་ནང་རང་ཤི་འོང་ ང་འགྱོ་ས་ལུ་ཁྱེད་འོང་མི་ཚུགས་ཟེར་གསུངས་ནུག 22 དེ་ལས་ ཡ་ཧུ་ད་པའི་འགོ་དཔོན་ཚུ་གིས་ ཁོ་གིས་ང་ག་འགྱོ་ས་ལུ་ཁྱེད་འོང་མི་ཚུགས་ཟེར་སླབ་མས་ རང་གིས་རང་ལུ་སྲོག་བཅད་ནི་འབདཝ་ཨིན་ན་ཟེར་སླབ་ད། 23 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཨ་ནི་འཛམ་གླིང་གི་མི་ དམའ་ས་སྡོད་མི་ཚུ་ཨིན་ དེ་འབདཝ་ད་ ང་ཨ་ནི་འཛམ་གླིང་གི་མེན་ ང་ཡར་མཐོ་ས་ལས་འོངམ་ཨིན། 24 འདི་གིས་འབད་ ཁྱེད་རང་གི་སྡིག་པའི་ནང་ཤི་འོང་ཟེར་ ང་གིས་ཁྱེད་ལུ་སླབ་ཅི་ ག་དེམ་ཅིག་སྦེ་ ཁྱེད་ཀྱིས་ང་ཁོ་རང་ཨིན་ཟེར་བདེན་འཛིན་མ་རེ་བ་ཅིན་ ཐད་རི་བ་རི་ ཁྱེད་རང་གི་སྡིག་པའི་ནང་ཤི་འོང་ཟེར་གསུངས་ནུག 25 དེ་ལས་ཁོང་གིས་ཁོ་ལུ་ ཁྱོད་ག་སྨོ་ཟེར་ཞུཝ་ད་ ཡེ་ཤུ་གིས་ཁོང་ལུ་ ང་གིས་འགོ་དང་པ་ལས་རང་ གཅིག་གི་སྐོར་ལས་ངོ་སྤྲོད་འབད་མི་དེ་ ང་ཨིན། 26 ང་གིས་ཁྱེད་ཀྱི་སྐོར་ལས་སླབ་ནི་དང་ ཁྲིམས་གཏང་དགོཔ་འདི་ ལེ་ཤ་ཡོད་རུང་ ང་ལུ་གཏང་གནང་མི་ལས་གོ་མི་ཚུ་རྐྱངམ་གཅིག་ འཛམ་བུ་གླིང་གི་མི་ཚུ་ལུ་སླབ་ཨིན་ ཁོ་གིས་གསུངས་མི་འདི་ཚུ་ག་ར་བདེན་པ་ཨིན་ཟེར་གསུངས་ནུག 27 དེ་འབདཝ་ད་ ཡེ་ཤུ་གིས་གསུངས་མི་འདི་ ཁོ་རའི་ཡབ་ཀྱི་སྐོར་ལས་གསུངསམ་ཨིན་མས་ཟེར་ ཁོང་གིས་ཧ་མ་གོ་བས། 28 འདི་འབདཝ་ལས་ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཀྱིས་མིའི་བུ་ཁྲམ་ཤིང་གུ་བསདཔ་ད་ ང་ཁོ་ཨིན་མས་ཟེར་ཁྱེད་ཀྱིས་ཤེས་འོང་ དེ་ལས་ང་རང་གིས་མནོ་ཐག་བཅད་དེ་མེན་པར་ ཡབ་ཀྱིས་སྟོན་གནང་མི་འདི་རྐྱངམ་གཅིག་ ང་གིས་ཁྱེད་ལུ་སླབ་ཨིན་མས་ཟེར་ཤེས་འོང་། 29 ང་ལུ་བཏང་མི་འདི་ ང་དང་མཉམ་གཅིག་བཞུགས་ཏེ་ཡོད་ ཁོ་གིས་ནམ་ཡང་ང་རང་གཅིག་སྦེ་མ་བཞག་ ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ཨ་རྟག་རང་ ཁོ་ལུ་ཐུགས་དགྱེས་བཅུག་ནིའི་ལཱ་ཚུ་འབདཝ་ཨིན་ཟེར་གསུངས་ནུག 30 དེ་ལས་ཁོ་གིས་དེ་ཚུ་གསུངསམ་ད་ མི་ལེ་ཤ་གིས་ཁོ་ལུ་དད་པ་བསྐྱེད་ནུག། 31 དེ་ལས་ཡེ་ཤུ་གིས་ཁོ་ལུ་དད་པ་བསྐྱེད་མི་ ཡ་ཧུ་ད་པ་ཚུ་ལུ་ ཁྱེད་འཕྲོ་མཐུད་དེ་རང་ ང་གིས་སྟོན་མི་ལུ་ཉན་ཏེ་སྡོད་པ་ཅིན་ ཐད་རི་བ་རི་ངེ་གི་སློབ་མ་ཨིན། 32 ཁྱེད་ཀྱིས་བདེན་པ་དེ་ག་ཅི་ཨིན་ན་ཤེས་ནི་ཨིནམ་མ་ཚད་ འདི་གིས་ཁྱེད་ལུ་དགོངས་ཡངས་གཏང་ནི་ཨིན་ཟེར་གསུངསམ་ད། 33 ཁོང་གིས་ཁོ་ལུ་ ང་བཅས་ ཨབ་ར་ཧམ་གྱི་བུ་བརྒྱུད་ཨིན་ ད་ལྟོ་གི་བར་ན་ ང་བཅས་རོགས་ཀྱི་རྒྱོབོ་སྦེ་མ་སྡོད་ ཁྱེད་དགོངས་ཡངས་ཐོབ་འོང་ཟེར་ ནཱ་གིས་ང་བཅས་ལུ་ག་དེ་སྦེ་གསུངསམ་སྨོ་ཟེར་ཞུཝ་ད། 34 ཡེ་ཤུ་གིས་ཁོང་ལུ་ལན་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ སྡིག་པ་འབད་མི་ཚུ་ག་ར་སྡིག་པའི་གཡོགཔོ་ཨིན། 35 གཡོགཔོ་དེ་དུས་རྟག་བུ་རང་ ཁྱིམ་ནང་གི་བཟའ་ཚན་གྱི་གྲལ་ཁར་མི་ཚུད་ དེ་འབདཝ་ད་ བུ་འདི་ག་ཅི་རང་འབད་རུང་ ཁྱིམ་ནང་གི་བཟའ་ཚན་སྦེ་སྡོད་འོང་། 36 འདི་བཟུམ་སྦེ་སྲས་ཀྱིས་ ཁྱེད་ལུ་དགོངས་ཡངས་གནང་པ་ཅིན་ ཁྱེད་དོན་ལས་རང་དགོངས་ཡངས་ཐོབ་ཨིན། 37 ཁྱེད་ ཨབ་ར་ཧམ་གྱི་བུ་བརྒྱུད་ཨིན་ཟེར་ང་གིས་ཤེས་ དེ་འབདཝ་ད་ ཁྱེད་ཀྱིས་ང་ལུ་བསད་ནི་གི་ཐབས་ཤེས་འཚོལཝ་མས་ ག་ཅི་སྨོ་ཟེར་བ་ཅིན་ ང་གི་སྟོན་མི་དེ་ལུ་ ཁྱེད་ཀྱི་སེམས་ཁར་འོང་ར་མི་སྟེར། 38 ང་རའི་ཡབ་དང་གཅིག་ཁར་སྡོདཔ་ད་ ཁོ་གིས་ང་ལུ་ག་སྟོན་གནང་མི་འདི་ཁྱེད་ལུ་སླབ་ཨིན་ ཁྱེད་ཀྱིས་ཡང་ ཁྱེད་རང་གི་ཨ་པ་ལས་ག་ཅི་གོ་མི་འདི་རང་འབད་སྡོདཔ་མས་ཟེར་ ཡེ་ཤུ་གིས་གསུངས་ནུག 39 ཁོང་གིས་ཡེ་ཤུ་ལུ་ ང་བཅས་ཀྱི་ཕ་བརྒྱུད་ ཨབ་ར་ཧམ་ཨིན་ཟེར་ཞུཝ་ད་ ཡེ་ཤུ་གིས་ཁོང་ལུ་ ཁྱེད་ ཨབ་ར་ཧམ་གྱི་བུ་བརྒྱུད་ཨིན་པ་ཅིན་ ཁོ་གིས་ག་འབད་མི་དེ་ཁྱེད་ཀྱིས་འབད་འབདཝ་འོང་། 40 ང་གིས་དཀོན་མཆོག་ལས་གོ་མི་བདེན་པ་དེ་ཁྱེད་ལུ་སླབ་ཅི་ དེ་འབདཝ་ད་ ད་ལྟོ་ཁྱེད་ཀྱིས་ང་ལུ་བསད་ནི་འབདཝ་ཨིན་མས་ ཨ་ནི་བཟུམ་གྱི་ལཱ་དེ་ ཨབ་ར་ཧམ་གྱིས་རྩ་ལས་མ་འབད། 41 ཁྱེད་རའི་ཨ་པ་གིས་ག་འབད་མི་འདི་ ཁྱེད་ཀྱིས་ཡང་འབདཝ་མས་ཟེར་གསུངས་ནུག་ དེ་ལས་ཁོང་གིས་ང་བཅས་འབྲང་སྦེ་སྐྱེ་སྐྱེཝ་མེན་ ང་བཅས་ལུ་ཨ་པ་གཅིག་ཡོད་ འདི་དཀོན་མཆོག་ཁོ་རང་ཨིན་ཟེར་ཁོང་གིས་སླབ་ནུག 42 དེ་ལས་ཡེ་ཤུ་གིས་ཁོང་ལུ་ དཀོན་མཆོག་ཁྱེད་ཀྱི་ཡབ་ཨིན་པ་ཅིན་ ཁྱེད་ཀྱིས་ང་ལུ་དགའ་འོང་ ག་ཅི་སྨོ་ཟེར་བ་ཅིན་ ང་དཀོན་མཆོག་བཞུགས་ས་ལས་ཁྱེད་སྡོད་སར་འོངས་ཡི་ ང་རང་གིས་མནོ་ཐག་བཅད་དེ་འོངམ་མེན་པར་ ཡབ་ཀྱིས་ང་ལུ་བཏང་གནང་གནངམ་ཨིན། 43 ང་གིས་སྟོན་མིའི་ཆོས་འདི་ ག་ཅི་འབད་ཁྱེད་ཀྱིས་ཧ་མ་གོཝ་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་ཉན་མི་ཚུགས་པས། 44 ཁྱེད་ཆ་ཁྱབ་ཀྱི་ཨ་པ་བདུད་ཨིན་མས་ ཁོ་གི་འདོད་པ་དང་འཁྲིལ་ཏེ་ ཁྱེད་ཀྱིས་འབད་ནི་དགའ་བས་ འགོ་དང་པ་ལས་ར་ ཁོ་དམར་བསད་འབད་མི་ཨིན་ ཁོ་བདེན་པ་ལུ་སྣང་མེད་བརྩིས་ཏེ་བཞགཔ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ནང་ལུ་བདེན་པ་རྩ་ལས་མེད་ ཁོ་རའི་རང་བཞིན་དང་མཐུན་ཏེ་ཁོ་གིས་ཤོབ་རྐྱབ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ཤོབ་ཅན་དང་ཤོབ་པའི་ཨ་པ་ཨིན། 45 དེ་གིས་འབད་ ང་གིས་ཁྱེད་ལུ་བློ་ཕྲང་སླབ་ད་ ཁྱེད་ཀྱིས་ང་ལུ་བདེན་འཛིན་མི་རེ་བས། 46 ཁྱེད་ཀྱི་གྲལ་ཁ་ལས་ ང་ལུ་སྡིག་པའི་ཉེས་པ་འདུག་ཟེར་ག་གིས་ཁུངས་བཀལ་ཚུགསཔ་སྨོ་ དེ་འབདཝ་ད་ ང་གིས་བདེན་པ་སླབ་རུང་ ཁྱེད་ཀྱིས་ག་ཅི་འབད་ ང་ལུ་བདེན་འཛིན་མ་རེཝ་སྨོ། 47 ག་དཀོན་མཆོག་ལས་ཨིན་མི་འདི་གིས་ ཁོ་གིས་གསུངས་མི་ལུ་ཉན་འོང་ དེ་འབདཝ་ད་ ཁྱེད་དཀོན་མཆོག་གིས་གསུངས་མི་ལུ་མི་ཉན་པས་ ག་ཅི་འབད་ཟེར་བ་ཅིན་ ཁྱེད་དཀོན་མཆོག་ལས་འོངམ་མེན་པས་ཟེར་གསུངས་ནུག། 48 དེ་ལས་ ཡ་ཧུ་ད་པ་ཚུ་གིས་ཁོ་ལུ་ ཁྱོད་ཀྱི་རིགས་ ས་མ་རི་ཡ་པ་ཨིན་མས་ ཁྱོད་ན་འདྲེ་འཛུལ་སོང་ནུག་ ང་བཅས་ཀྱི་སླབ་མི་བློ་འདི་ཀྲིག་ཀྲི་མེན་ན་ཟེར་སླབ་ད། 49 ཡེ་ཤུ་གིས་ཁོང་ལུ་ ངེའི་ནང་ལུ་འདྲེ་མ་འཛུལ་ ང་གིས་ཡབ་ལུ་གུས་ཞབས་ཕུལཝ་ཨིན་ དེ་འབདཝ་ད་ ཁྱེད་ཀྱིས་ང་ལུ་དམའ་ཕབ་རྐྱབ་མས། 50 ང་རང་གི་དོན་ལུ་བསྟོད་པ་མི་འཚོལ་ དེ་འབདཝ་ད་ ངེ་གི་དོན་ལུ་བསྟོད་པ་འཚོལ་གནང་མི་གཅིག་ཡོདཔ་མ་ཚད་ ཁོ་ལུ་ཁྲིམས་ཕྱེ་ནི་གི་དབང་ཚད་ཡང་ཡོད། 51 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ག་ར་འབད་རུང་ ང་གིས་སྟོན་མི་ལུ་ཉན་པ་ཅིན་ འདི་ནམ་ཡང་མི་ཤི་ཟེར་གསུངས་ནུག 52 དེ་ལས་ ཡ་ཧུ་ད་པ་ཚུ་གིས་ལན་ ཁྱོད་ཀྱི་ནང་ན་འདྲེ་འཛུལ་སོང་ནུག་ཟེར་ ད་ང་བཅས་ཀྱིས་ཤེས་ཅི་ ཨབ་ར་ཧམ་དང་ལུང་སྟོན་པ་ཚུ་ཤི་སོང་ཡི་ དེ་འབདཝ་ད་ཁྱོད་ཀྱིས་ ག་ར་འབད་རུང་ ང་གིས་སྟོན་མི་ལུ་ཉན་པ་ཅིན་ མི་འདི་ནམ་ཡང་མི་ཤི་ཟེར་སླབ་དེས། 53 ང་བཅས་ཀྱི་ཕ་བརྒྱུད་ ཨབ་ར་ཧམ་ཤི་སོངམ་ཨིནམ་མ་ཚད་ དཀོན་མཆོག་གི་ལུང་སྟོན་པ་འདི་ཚུ་ཡང་ཤི་སོང་ནུག་ ཁྱོད་ཁོང་ལས་ཡང་དྲགཔ་གཅིག་ཨིན་ན་ ཁྱོད་ཀྱིས་འབད་བ་ཅིན་ ཁྱོད་ག་ཨིན་ཟེར་སླབ་ནི་སྨོ་ཟེར་སླབ་ད། 54 ཡེ་ཤུ་གིས་ལན་ ང་གིས་རང་གིས་རང་ལུ་བསྟོད་པ་རྐྱབ་པ་ཅིན་ ཁུངས་ག་ནི་ཡང་མེད་ དེ་འབདཝ་ད་ ང་ལུ་བསྟོད་པ་རྐྱབ་གནང་མི་གཅིག་ཡོད་ དེ་ངེ་གི་ཡབ་ཨིན་ ཁོ་ལུ་ཁྱེད་ཀྱིས་ང་བཅས་ཀྱི་དཀོན་མཆོག་ཨིན་ཟེར་སླབ་མས། 55 དེ་སྦེ་ཨིན་ཏེ་འབད་རུང་ ཁྱེད་ཀྱིས་ཁོ་ངོ་མ་ཤེས་པས་ དེ་འབདཝ་ད་ ང་གིས་ཁོ་ངོ་ཤེས་ ང་གིས་ཁོ་ངོ་མི་ཤེས་ཟེར་སླབ་པ་ཅིན་ ང་ཡང་ཁྱེད་བཟུམ་སྦེ་ཤོབ་ཅན་ཨིན་ དེ་འབདཝ་ད་ ང་ཁོ་ལུ་ངོ་ཤེས་ཏེ་ ཁོ་གི་གསུང་ལུ་ཉན་ཏེ་སྡོདཔ་ཨིན། 56 ཁྱེད་ཀྱི་ཕ་བརྒྱུད་ ཨབ་ར་ཧམ་གྱིས་ ང་འཛམ་བུ་གླིང་ན་འོང་ནི་ཨིནམ་ཤེས་ཏེ་ དགའ་ཚོར་འགྱུརཝ་མ་ཚད་ ཉིནམ་འདི་མཐོངམ་ད་ སེམས་དགའ་ནུག་ཟེར་གསུངསམ་ད། 57 ཁོང་གིས་ཁོ་ལུ་ ཁྱོད་ད་ལྟོ་ལོ་ལྔ་བཅུ་ཡང་མ་ལང་པས་ ཨབ་ར་ཧམ་ལུ་ག་དེ་སྦེ་མཐོང་མཐོངམ་སྨོ་ཟེར་སླབ་ད། 58 ཡེ་ཤུ་གིས་ཁོང་ལུ་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཨབ་ར་ཧམ་གྱི་ཧེ་མ་ལས་ཡོད་མི་དེ་ ང་རང་ཨིན་ཟེར་གསུངས་ནུག 59 དེ་ལས་ཁོང་གིས་རྡོ་འཐུ་སྟེ་ ཁོ་ལུ་རྐྱབ་ནི་འབདཝ་ད་ ཡེ་ཤུ་གཡིབ་སྟེ་ མཆོད་ཁང་ནང་ལས་ཐོན་བྱོན་སོང་ནུག།
1 ད་ཡེ་ཤུ་ལམ་འདི་ལས་ཕར་འབྱོནམ་ད་ མི་གཅིག་སྐྱེས་བའི་བསྒང་ལས་ མིག་ཏོ་ཞར་མི་གཅིག་ལུ་གཟིགསཔ་ད། 2 ཁོ་གི་སློབ་མ་ཚུ་གིས་ཁོ་ལུ་ རབ་བི་ལགས་ མི་འདི་སྐྱེས་བའི་བསྒང་ལས་ག་ཅི་འབད་ མིག་ཏོ་ཞར་སོངམ་ཨིན་ན་ འདི་ཁོ་རང་གི་སྡིག་པ་གིས་འབད་དེ་ཨིན་ན་ ཡངན་ཁོ་རའི་ཕ་མའི་སྡིག་པའི་རྐྱེན་གྱིས་འབད་དེ་ཨིན་ན་ཟེར་ཞུཝ་ད། 3 ཡེ་ཤུ་གིས་ ཁོ་མིག་ཏོ་ཞར་མི་དེ་ ཁོ་དང་ཁོ་རའི་ཕམ་མའི་སྡིག་པ་གིས་མེན་ དེ་འབདཝ་ད་ དཀོན་མཆོག་གི་ཕྱག་ལཱ་དེ་ ཁོ་གི་མི་ཚེ་ནང་མཐོང་བཅུག་ནིའི་དོན་ལས་ཨིན། 4 ཉིན་མའི་དུས་ཚོད་ཡོད་པའི་བསྒང་ལས་ ང་ལུ་བཏང་གནང་མི་གི་ཕྱག་ལཱ་འདི་ ང་བཅས་ཀྱིས་འབད་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ནམ་ཕྱི་རུ་འགྱོ་བའི་བསྒང་ལས་ མི་ག་གིས་ཡང་ལཱ་འབད་མི་ཚུགས། 5 ང་འཛམ་བུ་གླིང་ནང་སྡོད་པའི་བར་ན་ འཛམ་བུ་གླིང་གི་འོད་ཟེར་འདི་ང་ཨིན་ཟེར་གསུངས་ཏེ། 6 ས་ཁར་ལྗགས་ཚིལ་བཏབ་སྟེ་ འདམ་བསྣད་ཞིནམ་ད་ ཞརཝ་འདི་གི་མིག་ཏོ་གུ་དབུར་གནང་སྦེ། 7 ཞརཝ་འདི་ལུ་ ཁྱོད་ ཤི་ལོ་ཨམ་ཆུ་རྫིང་ནང་ཆུ་འཁྱུ་བ་སོང་ཟེར་གསུངས་ནུག་ དེ་ལས་ཁོ་གིས་ཆུ་འཁྱུ་སྟེ་ མིག་ཏོ་མཐོང་ཚུགསཔ་ལུ་འགྱུར་ཏེ་ལོག་འོངས་ནུག (ཤི་ལོ་ཨམ་ཟེར་ འདི་གི་དོན་དག་དེ་ གཏང་མི་ཟེར་སླབ་ཨིན་མས།) 8 དེ་ལས་ཁོ་གི་ཁྱིམ་ཚང་དང་ ཁོ་ལུ་ཧེ་མ་བསོད་སྙོམས་ལྷང་སྡོད་ས་མཐོང་མི་ཚུ་གིས་ བསོད་སྙོམས་ལྷང་སྡོད་མི་དེ་ ཁོ་མེན་ན་ཟེར་དྲིས་ནུག 9 ལ་ལུ་གིས་ཁོ་རང་ཨིན་ ལ་ལུ་གིས་ཁོ་མེན་པས་ ཁོ་ཅོག་རང་འཐདཔ་ མི་གཞན་གཅིག་ཨིན་མས་ཟེར་སླབ་ད་ ཁོ་གིས་ང་རང་ཨིན་ཟེར་སླབ་ནུག 10 དེ་ལས་ཁོང་གིས་ཁོ་ལུ་ ཁྱོད་མིག་ཏོ་མཐོང་ཚུགསཔ་ག་དེ་སྦེ་འགྱོ་འགྱོཝ་སྨོ་ཟེར་འདྲིཝ་ད། 11 ཁོ་གིས་ཡེ་ཤུ་ཟེར་མི་གཅིག་གིས་སའི་འདམ་བསྣད་དེ་ ངེའི་མིག་ཏོ་གུ་དབུར་ཏེ་ ཤི་ལོ་ཨམ་ཆུ་རྫིང་ནང་སོང་ ཆུ་འཁྱུ་ཟེར་གསུངསམ་ད་ ང་སོང་ཆུ་འཁྱུ་སྟེ་ ངེ་གི་མིག་ཏོ་མཐོང་ཚུགསཔ་སོང་ཡི་ཟེར་སླབ་ད། 12 ཁོང་གིས་ ད་ལྟོ་ཁོ་ག་ཏེ་ཡོདཔ་སྨོ་ཟེར་འདྲིཝ་ད་ ཁོ་གིས་ང་མི་ཤེས་ཟེར་སླབ་ནུག། 13 དེ་ལས་ཁོང་གིས་ཧེ་མ་མིག་ཏོ་ཞརཝ་འདི་འཁྱིད་དེ་ ཕ་རུ་ཤི་པ་ཚུ་སྡོད་སར་སོང་ནུག 14 ཡེ་ཤུ་གིས་སའི་འདམ་བསྣད་དེ་ ཁོ་གི་མིག་ཏོ་དྲགཔ་མཛད་པའི་ཉིནམ་དེ་ ངལ་འཚོ་བའི་ཉིནམ་ཨིན་མས། 15 ད་རུང་ ཕ་རུ་ཤི་པ་ཚུ་གིས་ཡང་ཁོ་ལུ་ ཁྱོད་ག་དེ་སྦེ་མིག་ཏོ་མཐོང་ཚུགསཔ་འགྱོ་འགྱོཝ་སྨོ་ཟེར་འདྲིཝ་ད་ ཁོ་གིས་ངེ་གི་མིག་ཏོ་གུ་ སའི་འདམ་དབུར་གནང་སྟེ་ དེ་ལས་ང་གིས་ཆུ་འཁྱུཝ་ད་ ང་མཐོང་ཚུགསཔ་སོང་ཡི་ཟེར་སླབ་ནུག 16 ཕ་རུ་ཤི་པ་དེ་ཚུ་གི་གྲལ་ཁ་ལས་ལ་ལུ་གིས་ ཨ་ནི་ཡེ་ཤུ་དེ་དཀོན་མཆོག་ལས་འོངམ་མེན་པས་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ངལ་འཚོ་བའི་ཉིནམ་མི་སྲུང་པས་ཟེར་སླབ་ནུག་ དེ་འབདཝ་ད་ལ་ལུ་གིས་ མི་སྡིག་ཅན་གྱིས་ཨ་ནི་བཟུམ་ཡ་མཚན་ཆེ་བའི་རྟགས་ཚུ་ག་དེ་སྦེ་སྟོན་ཚུགས་ནི་སྨོ་ཟེར་སླབ་སྟེ་ ཁོང་རའི་གྲལ་ཁ་ལས་བློ་མ་སྒྲིགསཔ་འཐོན་སོང་ནུག 17 ད་རུང་ཁོང་གིས་ཧེ་མ་མིག་ཏོ་ཞར་མི་འདི་ལུ་ ཁྱོད་ཀྱི་མིག་ཏོ་མཐོང་ཚུགསཔ་བཟོ་བྱིན་མི་འདི་ ཁྱོད་ཀྱིས་འབད་བ་ཅིན་ ཁོ་ག་ཨིན་མས་ཟེར་མནོཝ་སྨོ་ཟེར་འདྲིཝ་ད་ ཁོ་ལུང་སྟོན་པ་ཨིན་མས་ཟེར་སླབ་ནུག 18 མིག་ཏོ་མཐོང་ཚུགས་མིའི་ མི་འདི་ མིག་ཏོ་ཞརཝ་སྦེ་སྡོད་མི་འདི་རང་ཨིན་ཟེར་ ཁོ་རང་གི་ཕམ་ལུ་མ་འདྲི་ཚུན་ཚོད་ ཡ་ཧུ་ད་པའི་འགོ་དཔོན་ཚུ་ བདེན་འཛིན་རེ་མ་ཚུགས་པས། 19 ཨ་ནི་ཁྱེད་ཀྱི་བུ་ཨིན་ན་ ཁྱེད་ཀྱིས་ཁོ་སྐྱེས་བའི་བསྒང་ལས་ཞརཝ་ཨིན་ཟེར་སླབ་ཨིན་ན་ དེ་སྦེ་ཨིན་པ་ཅིན་ད་ལྟོ་ཁོ་གིས་ག་དེ་སྦེ་མཐོང་ཚུགསཔ་སྨོ་ཟེར་ཁོང་ལུ་འདྲིཝ་ད། 20 ཁོ་གི་ཨའི་དང་ཨ་པ་གིས་ཁོང་ལུ་ ཁོ་ང་བཅས་ཀྱི་བུ་ཨིན་ ཁོ་སྐྱེས་བའི་བསྒང་ལས་ཞརཝ་ཨིན་ཟེར་ང་བཅས་ཀྱིས་ཤེས། 21 དེ་འབདཝ་ད་ ད་ལྟོ་ཁོ་གིས་ག་དེ་སྦེ་མཐོང་ཚུགས་ཅི་ག་ འདི་ང་བཅས་ཀྱིས་མི་ཤེས་ དེ་ལས་ ཁོ་གི་མིག་ཏོ་ག་གིས་མཐོང་ཚུགསཔ་བཟོ་ཡི་ག་ འདི་ཡང་ང་བཅས་ཀྱིས་མི་ཤེས་ ད་ཁོ་ཨ་ལོ་ཆུང་ཀུ་མེན་ ཁོ་རང་ལུ་དྲིས་ རང་གི་སྐོར་ལས་ཁོ་རང་གིས་སླབ་འོང་ཟེར་ཞུ་ནུག 22 ད་ཁོ་གི་ཕམ་གྱིས་དེ་སྦེ་སླབ་མི་དེ་ ཁོང་ ཡ་ཧུ་ད་པའི་འགོ་དཔོན་ཚུ་ལུ་བལྟ་འདྲོགས་ཏེ་ཨིན་མས་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་འགོ་དཔོན་ཚུ་གིས་ ཡེ་ཤུ་ཟེར་མི་དེ་ལུ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ཟེར་སླབ་མི་ཆ་ཁྱབ་ལུ་ སི་ན་གོག་ནང་ལས་ཕྱི་ཁར་བཏོན་གཏང་དགོ་ཟེར་ ཧེ་མ་ལས་རང་ཁོང་ཁ་འཆམ་སོང་ནུག 23 འདི་གིས་འབད་ ཁོ་གི་ཕམ་གྱིས་ཁོ་ཨ་ལོ་ཆུང་ཀུ་མེན་ ཁོ་རང་ལུ་དྲིས་ཟེར་སླབ་ཨིན་མས། 24 དེ་ལས་ཁོང་གིས་ཧེ་མ་མིག་ཏོ་ཞར་མི་འདི་ ལོག་འབོ་ཞིནམ་ད་ཁོ་ལུ་ ཁྱོད་དྲག་ཅི་ཟེར་དཀོན་མཆོག་ལུ་བསྟོད་པ་ཕུལ་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་འདི་ མི་སྡིག་ཅན་ཨིན་ཟེར་སླབ་ནུག 25 དེ་ལས་ཞརཝ་འདི་གིས་ ཁོ་སྡིག་ཅན་ཨིན་ན་མེན་ན་ང་མི་ཤེས་ དེ་འབདཝ་ད་ ང་ཞརཝ་སྦེ་སྡོད་མི་འདི་ ཁོ་གིས་མཐོང་ཚུགསཔ་བཟོ་བྱིན་ཡི་ འདི་རྐྱངམ་གཅིག་ང་གིས་ཤེས་ཟེར་སླབ་ནུག 26 དེ་ལས་ཁོང་གིས་ཁོ་ལུ་ ཁོ་གིས་ཁྱོད་ལུ་ག་ཅི་འབད་ཡི་ ཁྱོད་ཀྱི་མིག་ཏོ་ག་དེ་སྦེ་མཐོང་ཚུགསཔ་བཟོ་ཡི་ཟེར་འདྲིཝ་ད། 27 ང་གིས་ད་ཅི་ལས་རང་ཁྱེད་ལུ་སླབ་ཅི་ ཁྱེད་ཀྱིས་མ་གོ་ག་ ད་རུང་ག་ཅི་འབད་ཉན་དགོ་མནོཝ་སྨོ་ ཁྱེད་ཆ་ཁྱབ་ཡང་ཁོ་གི་སློབ་མ་འབད་དགོ་མནོཝ་མས་ག་ཟེར་སླབ་ད། 28 ཁོང་གིས་ཁོ་ལུ་ཚིག་རྩུབ་དྲགས་སླབ་སྟེ་ ཁོ་གི་སློབ་མ་འདི་ཁྱོད་རང་ཨིན་མས་ ང་བཅས་ མོ་སཱེས་ཀྱི་སློབ་མ་ཨིན། 29 མོ་སཱེས་དང་གཅིག་ཁར་དཀོན་མཆོག་གསུང་གྲོས་མཛད་པའི་སྐོར་ལས་ང་བཅས་ཀྱིས་ཤེས་ དེ་འབདཝ་ད་ ཨ་ནི་མི་འདི་ག་ལས་འོངམ་ཨིན་ན་ ང་བཅས་རྩ་ལས་མི་ཤེས་ཟེར་སླབ་ད། 30 ཁོ་གིས་ཁོང་ལུ་ ཡེ་ཤུ་གིས་ངེའི་མིག་ཏོ་མཐོང་ཚུགས་མཛད་གནང་རུང་ ཁོ་ག་ལས་འོངམ་ཨིན་ན་ ང་བཅས་མི་ཤེས་ཟེར་ ཁྱེད་ཀྱིས་སླབ་ད་ཧ་ལས་པས། 31 དཀོན་མཆོག་གིས་མི་སྡིག་ཅན་ཚུ་ལུ་སྙན་མི་གསན་ཟེར་ ང་བཅས་ཀྱིས་ཤེས་ དེ་འབདཝ་ད་ དཀོན་མཆོག་ལུ་བལྟ་འདྲོགས་ཤེས་མི་དང་ ཁོ་གི་ཐུགས་དགོངས་བཞིན་དུ་འབད་མི་ཚུ་ལུ་ དཀོན་མཆོག་གིས་སྙན་གསནམ་ཨིན། 32 འཛམ་བུ་གླིང་འགོ་བཙུགས་ཏེ་ད་ལྟོ་ཚུན་ མི་གཅིག་གིས་ཡང་ སྐྱེས་བའི་བསྒང་ལས་མིག་ཏོ་ཞར་ཏེ་ཡོད་མི་ལུ་དྲགཔ་བཟོ་ཡི་ཟེར་སླབ་ས་མ་གོ། 33 ཨ་ནི་མི་འདི་ དཀོན་མཆོག་ལས་འོངམ་མེན་པ་ཅིན་ ཁོ་གིས་ག་ཅི་ཡང་མཛད་མ་ཚུགསཔ་འོང་ཟེར་སླབ་ད། 34 ཁོང་གིས་ ཁྱོད་རང་སྡིག་པ་གིས་གང་སྟེ་ སྐྱེས་སྐྱེསཝ་ཨིན་མས་ ད་རུང་ང་བཅས་ལུ་སྟོན་ནི་འཚོལཝ་ཨིན་ན་ཟེར་སླབ་སྟེ་ ཁོ་ལུ་ སི་ན་གོག་ནང་ལས་ཕྱི་ཁར་བཏོན་བཏང་ནུག། 35 དེ་ལས་ཁོང་གིས་ཁོ་ལུ་ སི་ན་གོག་ནང་ལས་ ཕྱི་ཁར་བཏོན་བཏང་ནུག་ཟེར་ཡེ་ཤུ་གིས་སྙན་གསན་ཏེ་ ཁོ་ལུ་འཚོལ་བ་འབྱོནམ་ད་ ཁོ་ལམ་ཁར་འཕྱད་ནུག་ དེ་ལས་ཡེ་ཤུ་གིས་ཁོ་ལུ་ ཁྱོད་ཀྱིས་མིའི་བུ་ལུ་དད་པ་བསྐྱེདཔ་ཨིན་ན་ཟེར་གསུངསམ་ད། 36 སློབ་དཔོན་ལགས་ཁོ་ག་ཨིན་ན་ ང་གིས་མཐོང་པ་ཅིན་དད་པ་བསྐྱེད་འོང་ཟེར་ཞུཝ་ད། 37 ཡེ་ཤུ་གིས་ ཁྱོད་ཀྱིས་ཁོ་ལུ་མཐོང་ཅི་ ཁྱོད་དང་མཉམ་ཁ་སླབ་མི་དེ་ ཁོ་རང་ཨིན་ཟེར་གསུངསམ་ད། 38 ཁོ་གིས་ང་དད་པ་བསྐྱེད་ནི་ཟེར་ཕྱག་འཚལ་ནུག 39 ཡེ་ཤུ་གིས་ང་འཛམ་བུ་གླིང་ནང་ཁྲིམས་ཕྱེ་བ་འོངས་ཡི་ ཞརཝ་ལུ་མཐོང་ཚུགསཔ་བཟོ་བ་དང་ ཁོང་མིག་ཏོ་མཐོང་ཟེར་མནོ་མི་ཚུ་ལུ་ ཞརཝ་འགྱུར་བཅུག་ནི་སྦེ་འོངས་ཡི་ཟེར་གསུངསམ་ད། 40 ཁོ་གི་སྦོ་ལོགས་ཁར་ཡོད་མི་ ཕ་རུ་ཤི་པ་ལ་ལུ་གིས་འདི་གོ་སྟེ་ ཁྱོད་ཀྱིས་ང་བཅས་ཡང་ཞརཝ་ཨིན་མས་ཟེར་ སླབ་ཨིན་ན་ཟེར་སླབ་ད། 41 ཡེ་ཤུ་གིས་ཁོང་ལུ་ ཁྱེད་ཞརཝ་ཨིན་པ་ཅིན་ སྡིག་པའི་ཉེས་པ་མ་ཕོགཔ་འོང་ དེ་འབདཝ་ད་ ཁྱེད་ཀྱིས་ང་བཅས་མཐོང་ཚུགསཔ་ཟེར་སླབ་ནི་འདི་གིས་ ཁྱེད་ལུ་སྡིག་པ་གི་ཉེས་པ་ཡོད་ཟེར་གསུངས་ནུག།
1 དེ་ལས་ཡེ་ཤུ་གིས་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ག་ར་འབད་རུང་ ལུག་ཁྱིམ་གྱི་སྒོ་ལས་མ་འོང་པར་ ལམ་གཞན་ཁར་ལས་འཛེག་སྟེ་འོང་མི་འདི་ ཨརཝ་དང་འཕྲོག་བཅོམ་འབད་མི་ཨིན། 2 དེ་འབདཝ་ད་ ལུག་ཁྱིམ་གྱི་སྒོ་ར་སྒོ་ལས་ཕྲངས་ཏེ་འཛུལ་འོངས་མི་འདི་ ལུག་རྫིཔ་ངོ་མ་ཨིན། 3 ཁོ་གི་དོན་ལུ་སྒོ་སྲུང་པ་གིས་ སྒོ་ཕྱེ་བྱིན་ཏེ་ ལུག་ཚུ་གིས་ཁོ་གི་སྐད་རྣ་བ་གོ་འོང་ ཁོ་གིས་རང་གི་ལུག་ཚུ་ལུ་མིང་བཏོན་འབོ་སྟེ་ ཕྱི་ཁར་འཁྱིད་འགྱོ་འོང་། 4 ཁོ་གིས་རང་གི་ལུག་ག་ར་ཕྱི་ཁར་བཏོན་ཚརཝ་ད་ ཁོ་ལུག་ཚུ་གི་ཧེ་མ་འགྱོ་སྟེ་ ལུག་ཚུ་གིས་ཡང་ ཁོ་གི་རྟིང་བདའ་འགྱོཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ལུག་ཚུ་གིས་ཁོ་གི་སྐད་ངོ་ཤེས། 5 མི་ངོ་མ་ཤེས་མི་གི་རྟིང་བདའ་མི་འགྱོ་ དེ་འབདཝ་ད་ ཁོ་སྡོད་ས་ལས་འབྱོག་འགྱོ་འོང་ ག་ཅི་འབད་ཟེར་བ་ཅིན་ ལུག་ཚུ་གིས་སྐད་གསརཔ་འདི་ལུ་རྒྱུས་མེདཔ་ཨིན་ཟེར་གསུངས་ནུག 6 ཡེ་ཤུ་གིས་མི་འདི་ཚུ་ལུ་ཨ་ནི་དཔེ་གསུངས་རུང་ མི་ཚུ་གིས་ག་ཅི་གི་སྐོར་ལས་ཨིན་ན་ ཧ་མ་གོ་བས། 7 དེ་གིས་འབད་ ཡེ་ཤུ་གིས་ད་རུང་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ལུག་ཚུ་གི་དོན་ལུ་སྒོ་ངོ་མ་འདི་ང་ཨིན། 8 ངེ་གི་ཧེ་མ་འཐོན་འོང་མི་ཚུ་ ཨརཝ་དང་འཕྲོག་བཅོམ་འབད་མི་ཨིན་ དེ་འབདཝ་ད་ ལུག་ཚུ་གིས་ཁོང་གི་ཁ་ལུ་མ་ཉན། 9 སྒོ་ངོ་མ་དེ་ང་ཨིན་ ག་ར་འབད་རུང་ ང་ལས་རྒྱུད་དེ་འཛུལ་འོང་མི་དེ་ལུ་ ཉེན་ཁ་ལས་སྐྱབས་མཛད་འོང་ ཁོ་ཕྱི་ཁར་འགྱོ་རུང་ ནང་ན་འོང་རུང་ རྩྭ་ཆུ་ལྡན་ཏོག་ཏོ་ཐོབ་ནི་ཨིན། 10 ཨརཝ་དེ་ཚུ་འོངམ་ད་ ཨརཝ་བརྐུ་ནི་དང་ བསད་ནི་ དེ་ལས་མེདཔ་གཏང་ནི་གི་དོན་ལུ་རྐྱངམ་གཅིག་འོངམ་ཨིན་ དེ་འབདཝ་ད་ ང་འོང་མི་དེ་ མི་ཚུ་ལུ་ཚེ་མཐའ་མེདཔ་འབོལ་མཆིས་ཆི་སྦེ་བྱིན་ནིའི་དོན་ལུ་འོང་ཡི། 11 ང་ལུག་རྫིཔ་བཟང་པོ་ཨིན་ ལུག་རྫིཔ་བཟང་པོ་གིས་ ཁོ་རའི་ལུག་གི་དོན་ལུ་ ཕངས་སེམས་མེད་པར་ཚེ་སྲོག་ཡང་བྱིན་ཚུགས། 12 དེ་འབདཝ་ད་ ལུག་རྫིཔ་མེན་པར་ ལས་མི་གཅིག་གིས་ལུག་འཚོ་བ་ཅིན་ རང་གི་ལུག་མེན་པར་ རོགས་ཀྱི་ཨིནམ་ལས་ འཕརཝ་འོང་ས་མཐོངམ་ད་ ལུག་ག་ར་བཀོག་བཞག་སྦེ་ ཁོ་རང་འབྱོག་འགྱོ་འོང་ དེ་ལས་འཕརཝ་འོང་སྦེ་ ལུག་ཚུ་བཅོམ་པའི་བསྒང་ལས་ ག་ར་ཁ་གཏོར་གཏང་འོང་། 13 ཁོ་ ལས་མི་གཅིག་ཨིནམ་ལས་ ལུག་གི་དོན་ལུ་སྣང་བདག་མ་བསྐྱེད་པར་ འབྱོག་འགྱོ་འོང་། 14 ང་ལུག་རྫིཔ་བཟང་པོ་ཨིན་ ང་གིས་ང་རང་གི་ལུག་ཚུ་ངོ་ཤེས་ ལུག་གིས་ཡང་ ང་ངོ་ཤེས། 15 འདི་བཟུམ་སྦེ་རང་ ཡབ་ཀྱིས་ང་ལུ་ངོ་མཁྱེན་ ང་གིས་ཡང་ཡབ་ངོ་ཤེས་ ང་གིས་ལུག་གི་དོན་ལུ་ང་རའི་ཚེ་སྲོག་ཡང་བྱིན་ཚུགས། 16 ང་ལུ་རུ་ཁག་གཅིག་ལས་མེན་པའི་ལུག་གཞན་ཚུ་ཡང་ཡོད་ ཁོང་ཡང་ང་གིས་འཁྱིད་འོང་དགོ་ ཁོང་གིས་ངེ་གི་སྐད་གོ་འོང་ དེ་ལས་ཁོང་ཨ་ནི་རུ་ཁག་འདི་ནང་འོང་ཞིནམ་ད་ གཅིག་སྦེ་བསྡོམ་སྟེ་ ལུག་རྫིཔ་གཅིག་གི་འོག་ལུ་སྡོད་འོང་། 17 ཡབ་ཀྱིས་ང་ལུ་བྱམས་པ་མཛད་མིའི་དོན་དག་འདི་ ང་ད་རུང་གསོན་པོ་སྦེ་སྡོད་ནིའི་དོན་ལུ་ ང་གིས་ཧེ་མ་ང་རའི་ཚེ་སྲོག་གཞན་ལུ་བྱིན་ནི་འདི་གིས་ཨིན། 18 ག་གིས་ཡང་ངེ་གི་ཚེ་སྲོག་ང་ལས་ལེན་མི་ཚུགས་ དེ་འབདཝ་ད་ ང་རའི་སེམས་ཀྱི་འདོད་པ་ལྟར་དུ་བྱིནམ་ཨིན་ ང་ལུ་ཕར་བྱིན་ནི་དང་ཚུར་ལེན་ནི་གི་དབང་ཚད་ཡོད་ འདི་བཟུམ་སྦེ་ ཐག་བཅད་ནིའི་བཀའ་འདི་ ངེ་གི་ཡབ་ལས་ཐོབ་ཅི་ཟེར་གསུངས་ནུག 19 དེ་ལས་ཁོ་གིས་སྟོན་མིའི་ཆོས་འདི་གིས་འབད་ ཡ་ཧུ་ད་པ་ཚུ་ཁོང་རང་གི་སྦུག་ལུ་མ་འགྲིགསཔ་སོང་ནུག 20 ཁོང་གི་གྲལ་ཁ་ལས་ལེ་ཤ་གིས་ ཁོ་ནང་འདྲེ་འཛུལ་ཏེ་འཆོལཝ་མས་ ཁྱེད་ག་ཅི་འབད་ཁོ་གི་ཁ་ལུ་ཉནམ་སྨོ་ཟེར་སླབ་ནུག 21 དེ་ལས་ལ་ལུ་གིས་ འདྲེ་འཛུལ་མིའི་མི་གིས་བློ་འདི་བཟུམ་མི་སླབ་ འདྲེ་འཛུལ་མི་གིས་ མིག་ཏོ་ཞརཝ་ལུ་མཐོང་ཚུགསཔ་བཟོ་ཚུགས་ག་ཟེར་སླབ་ནུག། 22 དེ་ལས་གནམ་དགུན་གྱི་དུས་ལུ་ ཧ་ནུ་ཀ་ཟེར་མི་ ཡེ་རུ་ཤ་ལེམ་ལུ་ ཡ་ཧུ་ད་པའི་དུས་ཆེན་རན་ཏེ། 23 དུས་ཆེན་གྱི་ཉིནམ་གཅིག་ལུ་ ཡེ་ཤུ་མཆོད་ཁང་གི་མཐའ་འཁོར་ནང་ རྒྱལཔོ་ སོ་ལོ་མཱོན་གྱི་གཡབ་ཁྱིམ་ནང་འབྱོནམ་ད། 24 ཡ་ཧུ་ད་པའི་འགོ་དཔོན་ཚུ་ཁོ་གི་བསྐོར་རི་རྐྱབ་འོངས་ཏེ་ ནམ་ཚུན་ཚོད་ང་བཅས་ཀྱི་སེམས་ཁར་དོགས་པ་ཆགས་ཏེ་བཞག་ནི་སྨོ་ ཁྱོད་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་པ་ཅིན་ ང་བཅས་ལུ་གསལ་ཏོག་ཏོ་སྦེ་གསུངས་གནང་ཟེར་ཞུ་ནུག 25 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ང་གིས་ཁྱེད་ལུ་སླབ་ཚར་ཡི་ དེ་འབདཝ་ད་ ཁྱེད་ཀྱིས་བདེན་འཛིན་མི་རེ་བས་ ང་གིས་ངེ་གི་ཡབ་ཀྱི་མཚན་ནང་འབད་མི་ལཱ་གིས་ ང་ག་ཨིན་ན་ ཁྱེད་ལུ་ཁུངས་བཀལ་དོ། 26 དེ་འབདཝ་ད་ ཁྱེད་ཀྱིས་ང་ལུ་བདེན་འཛིན་རེ་མ་བཏུབ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ངེ་གི་ལུག་གི་རུ་ཁག་ལས་མེན་པས། 27 ངེའི་ལུག་གིས་ངེ་གི་སྐད་ངོ་ཤེས་ ང་གིས་ཁོང་ངོ་ཤེས་ ཁོང་ངེ་གི་རྟིང་བདའ་འོངམ་ཨིན། 28 དེ་ལས་ང་གིས་ཁོང་ལུ་ཚེ་མཐའ་མེདཔ་བྱིན་ནི་ཨིན་ ཁོང་ནམ་ཡང་མེདཔ་མི་འགྱོ་ ཁོང་ག་གིས་ཡང་ངེ་གི་ལག་པ་ལས་འཕྱོག་འབག་མི་ཚུགས། 29 ག་ར་ལས་མཐོ་བའི་ངེའི་ཡབ་ཀྱིས་དེ་ཚུ་ང་ལུ་གནང་ཡི་ ངེའི་ཡབ་ཀྱི་ཕྱག་ལས་ག་གིས་ཡང་ཁོང་འཕྱོག་འབག་མི་ཚུགས། 30 ང་དང་ཡབ་གཅིག་ཨིན་ཟེར་གསུངས་ནུག། 31 དེ་ལས་ ཡ་ཧུ་ད་པའི་འགོ་དཔོན་ཚུ་གིས་ཁོ་ལུ་ རྡོ་གིས་བརྡུང་བསད་ནི་སྦེ་རྡོ་འཐུཝ་ད། 32 ཡེ་ཤུ་གིས་ཁོང་ལུ་ ང་གིས་ངེ་གི་ཡབ་ལས་ལཱ་ལེགས་ཤོམ་ ལེ་ཤ་ཅིག་རང་ ཁྱེད་ཀྱི་དོན་ལུ་འབད་ཡི་ དེ་ཚུ་གི་གྲལ་ཁ་ལས་ ལཱ་ག་འདི་གི་ཐོག་ལས་སྦེ་ ང་ལུ་རྡོ་གིས་བརྡུང་ནི་སྨོ་ཟེར་གསུངསམ་ད། 33 ཡ་ཧུ་ད་པའི་འགོ་དཔོན་ཚུ་གིས་ཁོ་ལུ་ དེ་ཚུ་གི་ཐོག་ལས་སྦེ་ ཁྱོད་ལུ་རྡོ་གིས་བརྡུང་ནི་འབདཝ་མེན་ དེ་འབདཝ་ད་ ཁྱོད་མི་ཨིན་རུང་ དཀོན་མཆོག་ཨིནམ་བཟོ་སྟེ་ དབུ་འཕང་སྨད་ནི་དེ་གིས་ཨིན་ཟེར་སླབ་ནུག 34 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ཁྱེད་ག་ར་ལྷ་ཨིན་མས་ཟེར་ང་གིས་སླབ་ཅི་ཟེར་ ཁྱེད་ཚུའི་བཀའ་ཁྲིམས་ནང་བྲིས་ཏེ་མིན་འདུག་ག། 35 དཀོན་མཆོག་གི་གསུང་རབ་དེ་ཆ་མེད་གཏང་མི་ཚུགས་ དེ་འབདཝ་ལས་ དཀོན་མཆོག་གི་གསུང་རབ་ཐོབ་མི་ཚུ་ལུ་ ཁྱེད་ལྷ་ཨིན་ཟེར་སླབ་པ་ཅིན། 36 དཀོན་མཆོག་གིས་དམ་པ་སྦེ་མཛད་དེ་ འཛམ་བུ་གླིང་ནང་གཏང་གནང་མི་འདི་གིས་ ང་དཀོན་མཆོག་གི་སྲས་ཨིན་ཟེར་སླབ་ད་ ག་དེ་སྦེ་དཀོན་མཆོག་གི་དབུ་ཕངས་སྨདཔ་སྨོ། 37 ང་གིས་ངེའི་ཡབ་ཀྱི་ཕྱག་ལཱ་མ་འབད་བ་ཅིན་ ང་ལུ་བདེན་འཛིན་རེ་མི་དགོ། 38 དེ་འབདཝ་ད་ ང་ཡབ་ཀྱི་ཕྱག་ལཱ་འབད་ཡི་ཟེར་སླབ་མི་ལུ་ བདེན་འཛིན་མ་རེ་རུང་ ཨ་ནི་ཕྱག་ལཱ་ཚུ་ལུ་ཆ་བཞག་ དེ་ལས་ཁྱེད་ཀྱིས་ ཡབ་ངེའི་ནང་བཞུགས་ཡོད་ ང་ཡང་ཡབ་ནང་སྡོདཔ་ཨིན་ཟེར་ཤེས་འོང་ཟེར་གསུངས་ནུག 39 ད་རུང་ཁོང་གིས་ཁོ་ལུ་བཟུང་ནི་འབད་ནུག་ དེ་འབདཝ་ད་ ཡེ་ཤུ་ཁོང་གི་སྦུག་ལས་ཐོན་ཏེ་བྱོན་ནུག 40 ཡེ་ཤུ་གཙང་ཆུ་ ཡཱོར་དཱན་གྱི་ཕ་ཁར་ ཧེ་མ་ ཡོ་ཧ་ནཱན་གྱིས་མི་ཚུ་ལུ་ཁྲུས་གསོལ་བྱིན་སའི་ས་གནས་ནང་བྱོན་ཏེ་ ཕར་ལུ་བཞུགས་ནུག 41 མི་ལེ་ཤ་ཁོ་བཞུགས་སར་བཅར་ཏེ་ ཡོ་ཧ་ནཱན་གྱིས་རྟགས་མཚན་གཅིག་ཡང་མ་བཏོན་ དེ་འབདཝ་ད་ ཁོ་གིས་ཨ་ནི་མི་འདི་གི་སྐོར་ལས་ སླབ་མི་རེ་རེ་བདེན་པས་ཟེར་ཁོང་གིས་སླབ་ནུག 42 འདི་ཁར་གྱི་མི་ལེ་ཤ་གིས་ ཡེ་ཤུ་ལུ་ཆ་བཞག་སྟེ་དད་པ་བསྐྱེད་ནུག།
1 ད་ ལ་ཟ་རཱས་ ཁོ་རང་གི་ཨ་ཞེམོ་ མཱིར་ཡམ་དང་ མར་ཐཱ་གཉིས་དང་གཅིག་ཁར་ གཡུས་ཚན་ བེ་ཐ་ནི་ཡ་ལུ་ སྡོད་དོཝ་ཡོདཔ་མས་ མཱིར་ཡམ་འདི་ ཤུལ་ལས་གཙོ་བོ་ཡེ་ཤུ་གི་ཞབས་པའི་གུ་ དྲི་བཟང་གི་མར་ཁུ་དབུར་ཏེ་ མོ་རའི་སྐྱ་གིས་ ཕྱགས་བྱིན་མིའི་ མཱིར་ཡམ་འདི་ མོ་ཨིན་མས་ ཉིནམ་གཅིག་གི་ཚེ་ མོ་གི་ནུ་གཅུང་ ལ་ཟ་རཱས་འདི་ན་སྟེ་ཡོདཔ་ཨིན་མས། 3 དེ་ལས་ཁོ་གི་ཨ་ཞེམོ་གཉིས་ཀྱིས་ གཙོ་བོ་ལགས་ ནཱ་གིས་ཐུགས་བརྩེ་བ་གཟིགས་ཡོད་པའི་ ལ་ཟ་རཱས་ན་སྟེ་ཡོད་ཟེར་ཡེ་ཤུ་ལུ་ཞུ་བ་བཏང་ནུག 4 དེ་ལས་ཡེ་ཤུ་གིས་དེ་སྙན་གསནམ་ད་ ཨ་ནི་ནད་འདི་གིས་ཁོ་མི་ཤི་ དེ་འབདཝ་ད་ ནད་འདི་ལས་རྒྱུད་དེ་ དཀོན་མཆོག་གི་སྲས་གཟི་བརྗིད་དང་ལྡནམ་སྦེ་འགྱུར་ཏེ་ དཀོན་མཆོག་ཡང་གཟི་བརྗིད་དང་ལྡན་ནི་གི་དོན་ལུ་ཨིན་ཟེར་གསུངས་ནུག 5 ཡེ་ཤུ་གིས་ མར་ཐཱ་དང་མོ་གི་ནུམོ་ མཱིར་ཡམ་དང་ ལ་ཟ་རཱས་ལུ་ཐུགས་བརྩེ་བ་གཟིགས་ཏེ་ཡོདཔ་ཨིན་མས། 6 ཁོ་ན་སྟེ་འདུག་ཟེར་སྙན་གསན་རུང་ ཁོང་སྡོད་ས་ལུ་མ་བྱོན་པར་ ཁོ་རང་བཞུགས་སའི་ས་གནས་དེ་ནང་ ད་རུང་སྐུ་ཞག་གཉིས་བཞུགས་ནུག 7 འདི་གི་ཤུལ་ལས་ ཁོ་གིས་སློབ་མ་ཚུ་ལུ་ ད་ང་བཅས་ ཡུ་དེ་ཡ་ལུ་ལོག་འགྱོ་གེ་ཟེར་གསུངསམ་ད། 8 སློབ་མ་ཚུ་གིས་ཁོ་ལུ་ རབ་བི་ལགས་ ཉིནམ་གཉིས་གསུམ་དེ་ཅིག་གི་ཧེ་མ་ལུ་ ཡུ་ཧུ་ད་པ་ལ་ལུ་ཅིག་གིས་ ནཱ་ལུ་རྡོ་གིས་བརྡུང་སྟེ་བསད་ནི་འབད་ཡི་མེན་ན་ ད་རུང་ནཱ་ལོག་སྟེ་ ཡུ་དེ་ཡ་ལུ་འབྱོན་ནི་ན་ཟེར་ཞུཝ་ད། 9 ཡེ་ཤུ་གིས་སློབ་མ་ཚུ་ལུ་ ཉིནམ་གཅིག་ལུ་ཆུ་ཚོད་བཅུ་གཉིས་ཡོད་མེན་ན་ ག་ར་འབད་རུང་ ཉིན་མ་ལམ་འགྱོ་མི་འདི་རྐངམ་མི་ཐོགས་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་འཛམ་བུ་གླིང་གི་འོད་དེ་གིས་མཐོང་འོང་། 10 དེ་འབདཝ་ད་ ག་ར་འབད་རུང་ ནུབ་མོ་ལམ་འགྱོ་མི་འདི་ རྐངམ་ཐོགས་གྱེལ་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ནང་འོད་ཟེར་མེད་ཟེར་གསུངས་ནུག 11 འདི་གི་ཤུལ་ལས་ ཁོ་གིས་ཁོང་ལུ་ ང་བཅས་ཀྱི་ལྟོ་ཚང་ ལ་ཟ་རཱས་གཉིད་ལོག་སོང་ནུག་ ང་ཁོ་ལུ་གཉིད་ལས་ལྷོང་པ་འགྱོ་ནི་ཨིན་ཟེར་གསུངསམ་ད། 12 སློབ་མ་ཚུ་གིས་གཙོ་བོ་ལགས་ ཁོ་གཉིད་ལོག་སོང་པ་ཅིན་ ཁོ་ཨ་ཙི་དྲག་དྲགཔ་འོང་ནི་ཨིན་མས་ཟེར་ཞུ་ནུག 13 མ་པ་ ཡེ་ཤུ་གིས་ ལ་ཟ་རཱས་ཤི་སོང་ཡི་ཟེར་བློ་བསྐོར་ཏེ་གསུངས་གསུངསམ་ཨིན་པས་ དེ་འབདཝ་ད་ ཁོང་གིས་དོན་ལས་རང་ གཉིད་ཁུག་པའི་མནོ་བསམ་གཏང་གཏངམ་ཨིན་པས། 14 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ལ་ཟ་རཱས་དོན་ལས་རང་ཤི་སོང་ཡི་ཟེར་ཕྲང་སྟེ་གསུངས་ནུག 15 ཁྱེད་དད་པ་བསྐྱེད་བཅུག་ནིའི་དོན་ལུ་ ང་དེ་འཕྲོ་ལས་ཕར་ཁོ་སྡོད་སར་མ་སོང་པར་ སེམས་དགའ་ཡི་ ད་ང་བཅས་ཁོ་སྡོད་སར་འགྱོ་གེ་ཟེར་གསུངས་ནུག 16 སློབ་མ་ཚུ་གི་གྲལ་ཁ་ལས་ ཐོ་མཱས་ཟེར་མི་འདི་གིས་ སློབ་མ་གཞན་ཚུ་ལུ་ ང་བཅས་ཡང་སློབ་དཔོན་དང་གཅིག་ཁར་འགྱོ་གེ་ ཁོ་དང་གཅིག་ཁར་ཤི་དགོཔ་ཐལ་རུང་ཤི་གེ་ཟེར་སླབ་ནུག་ ཁོ་ལུ་མིང་མཚེ་མ་ཟེར་ཡང་སླབ་ཨིན་མས།། 17 ཡེ་ཤུ་གཡུས་ཚན་ བེ་ཐ་ནི་ཡ་ལུ་འབྱོནམ་ད་ ལ་ཟ་རཱས་ཤི་སྟེ་དུར་ཁུང་ནང་བཙུགས་ཏེ་ ཞག་བཞི་སོང་ཡི་ཟེར་ཡེ་ཤུ་གིས་མཁྱེན་ནུག 18 གཡུས་ཚན་ བེ་ཐ་ནི་ཡ་ཟེར་མི་དེ་ ཡེ་རུ་ཤ་ལེམ་ལས་ རྒྱང་གྲགས་གསུམ་མ་ལངམ་གཅིག་གི་ལམ་ཨིན་མས། 19 འདི་ཁར་གྱི་ ཡ་ཧུ་ད་པ་ལེ་ཤ་རང་ མར་ཐཱ་དང་ མཱིར་ཡམ་གྱི་ནུ་གཅུང་ཤི་སོང་ནི་འདི་གིས་ ཁོང་ལུ་སེམས་གསོ་འབད་བ་འོངས་ནུག 20 མར་ཐཱ་གིས་ཡེ་ཤུ་འབྱོན་དེས་ཟེར་རྣ་བ་གོཝ་ད་ མོ་ཡེ་ཤུ་མཇལ་བ་སོང་ནུག་ དེ་འབདཝ་ད་ མཱིར་ཡམ་ཁྱིམ་ནང་རང་སྡོད་ནུག 21 མར་ཐཱ་གིས་ཡེ་ཤུ་ལུ་གཙོ་བོ་ལགས་ ནཱ་ཧེ་མ་ལས་བྱོན་བྱོནམ་འབད་བ་ཅིན་ ངེ་གི་ནུ་གཅུང་མ་ཤི་འོང་། 22 ད་ལྟོ་རང་འབད་རུང་ ནཱ་གིས་དཀོན་མཆོག་ལུ་ག་ཅི་ཞུ་རུང་ ཁོ་གིས་ནཱ་གི་དོན་ལུ་གནང་འོང་ཟེར་ང་གིས་ཤེས་ཟེར་ཞུ་ནུག 23 ཡེ་ཤུ་གིས་མོ་ལུ་ ཁྱོད་ཀྱི་ནུ་གཅུང་གསོན་པོ་སྦེ་ལོང་འོང་ཟེར་གསུངསམ་ད། 24 མར་ཐཱ་གིས་མཐའན་མཇུག་གི་ཉིནམ་ལུ་ མི་ག་ར་གསོན་པོ་སྦེ་ལོང་བའི་དུས་ལུ་ ཁོ་ཡང་གསོན་པོ་སྦེ་ལོང་འོང་ཟེར་ང་གིས་ཤེས་ཟེར་ཞུ་ནུག 25 དེ་ལས་ཡེ་ཤུ་གིས་མོ་ལུ་ གསོན་པོ་སྦེ་ལྷོང་མི་དང་ཚེ་བྱིན་མི་འདི་ང་རང་ཨིན་ ང་ལུ་དད་པ་བསྐྱེད་མི་ཚུ་ཤི་སོང་རུང་ གསོན་པོ་སྦེ་སྡོད་འོང་། 26 ང་ལུ་དད་པ་བསྐྱེད་དེ་སྡོད་མི་ཚུ་ ད་རུང་ནམ་ཡང་མི་ཤི་ ཁྱོད་ཡང་འདི་ལུ་བདེན་འཛིན་རེ་ཡི་ག་ཟེར་གསུངས་ནུག 27 མོ་གིས་ཁོ་ལུ་ གཙོ་བོ་ལགས་ འཛམ་བུ་གླིང་ནང་འབྱོན་ནི་འབད་མི་ དཀོན་མཆོག་གི་སྲས་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་འདི་ ནཱ་ཨིན་མས་ཟེར་ང་གིས་དད་པ་བསྐྱེདཔ་ཨིན་ཟེར་ཞུ་སྦེ། 28 མོ་རང་གི་ནུམོ་ མཱིར་ཡམ་སྡོད་སར་སོང་སྟེ་ སློབ་དཔོན་ནཱ་ལུ་བྱོན་ཡི་ ཁོ་གིས་ཁྱོད་ལུ་འབོ་དེས་ཟེར་ ག་གིས་ཡང་མ་གོཝ་སྦེ་སླབ་ནུག 29 མོ་གིས་དེ་གོཝ་ཅིག་ ཚ་ངེར་བཏོན་ཡར་ལོང་སྟེ་ ཡེ་ཤུ་མཇལ་བ་སོང་ནུག 30 དེའི་བསྒང་ཡང་ ཡེ་ཤུ་ཁོང་གི་གཡུས་ཁ་ལུ་མ་བྱོན་པར་ ཁོ་ མར་ཐཱ་གི་མཇལ་སའི་ས་གནས་ དེ་ནང་རང་བཞུགས་ཡོདཔ་ཨིན་མས། 31 དེ་ལས་ཁོང་གི་ཁྱིམ་ནང་ལུ་སེམས་གསོ་འབད་བ་འོང་མིའི་ ཡ་ཧུ་ད་པ་ཚུ་གིས་ མཱིར་ཡམ་ཚ་ངེར་བཏོན་ ཁྱིམ་ནང་ལས་ཐོན་འགྱོ་ས་མཐོང་སྟེ་ མོ་དུར་ཁུང་ནང་མྱ་ངན་འབད་བ་འགྱོཝ་མས་ཟེར་མནོ་སྟེ་ ཁོང་ཡང་མོ་གི་རྟིང་བདའ་སོང་ནུག 32 དེ་ལས་ མཱིར་ཡམ་ཡེ་ཤུ་བཞུགས་སར་ལྷོད་དེ་ ཁོ་གི་ཞབས་པའི་རྩ་བ་ཕྱག་འཚལ་ཞིནམ་ད་ གཙོ་བོ་ལགས་ ནཱ་ ནཱ་ལུ་བཞུགས་བཞུགསཔ་འབད་བ་ཅིན་ ངེ་གི་ནུ་གཅུང་མ་ཤི་འོང་ཟེར་ཞུ་ནུག 33 དེ་ལས་ཡེ་ཤུ་གིས་ མོ་དང་གཅིག་ཁར་འོང་མི་དང་ མོ་རང་སྔུ་ས་གཟིགས་ཏེ་ ཁོ་གནམ་མེད་ས་མེད་ཐུགས་འཁྲུགས་ཏེ་འཁྲུལ་ནུག 34 དེ་ལས་ཁོ་གིས་ ཁྱེད་ཀྱིས་ཁོ་གི་རོ་འདི་ ག་ཏེ་བཞག་ཡོད་ག་ཟེར་གསུངསམ་ད་ ཁོང་གིས་གཙོ་བོ་ལགས་ ཨ་ནཱ་ལུ་བྱོན་ཏེ་གཟིགས་ལགས་ཟེར་ཞུཝ་ད། 35 ཡེ་ཤུ་བཤུམས་ནུག 36 འདི་གིས་འབད་ མྱ་ངན་འབད་བ་འོང་མི་ཚུ་གིས་ ཁོ་གིས་ ལ་ཟ་རཱས་ལུ་ག་དེམ་ཅིག་ཐུགས་བརྩེ་བ་གཟིགསཔ་སྨོ་ཟེར་སླབ་ནུག 37 དེ་འབདཝ་ད་ ཁོང་གི་གྲལ་ཁ་ལས་ལ་ལུ་གིས་ ཡེ་ཤུ་གིས་མིག་ཏོ་ཞར་སོང་མི་ལུ་ མཐོང་ཚུགསཔ་མཛད་གནངམ་ཨིན་མས་ ཁོ་གིས་ཨ་ནི་ ལ་ཟ་རཱས་ལུ་ཡང་ ཤི་ས་ལས་བཀག་ཐབས་གཅིག་ འབད་དགོཔ་འདུག་མེན་ན་ཟེར་སླབ་ནུག། 38 ཡེ་ཤུ་ད་རུང་ཐུགས་འཁྲུལ་ཏེ་ དུར་ཁུང་ནང་བྱོན་ནུག་ དུར་ཁུང་འདི་བྱག་ཕུག་གཅིག་ནང་ རྡོ་ལེབ་སྦོམ་གཅིག་བཀབ་སྟེ་ ཡོདཔ་ཨིན་མས། 39 དེ་ལས་ཡེ་ཤུ་གིས་རྡོ་ཕར་སྒྲིལ་བཀོག་ཟེར་གསུངསམ་ད་ ཤི་མི་འདི་གི་ཨ་ཞེམོ་ མར་ཐཱ་གིས་ གཙོ་བོ་ལགས་ ད་རོ་དུར་ཁུང་ནང་བཙུགས་ཏེ་ཞག་བཞི་ལང་སོང་ཡི་ རོ་རུལ་ཏེ་དྲིམ་ཡང་མནམ་ཆི་འོང་ཟེར་ཞུཝ་ད། 40 ཡེ་ཤུ་གིས་མོ་ལུ་ དད་པ་བསྐྱེད་པ་ཅིན་ ཁྱོད་ཀྱིས་ དཀོན་མཆོག་གི་གཟི་བརྗིད་དང་ལྡན་པའི་ཤུགས་དེ་ མཐོང་ནི་ཨིན་ཟེར་ ང་གིས་ཁྱོད་ལུ་སླབ་ཅི་མེན་ན་ཟེར་གསུངས་ནུག 41 དེ་ལས་ཁོང་གིས་རྡོ་དེ་ལུ་ཕར་སྒྲིལ་བཀོག་ཞིནམ་ད་ ཡེ་ཤུ་གིས་སྤྱན་ཡར་ནམ་མཁའ་གཟིགས་ཏེ་ ཡབ་ལགས་ང་ནཱ་ལུ་བཀའ་དྲིན་ཆེ་ཟེར་ཞུ་དོ་ ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ཞུ་མི་འདི་ ནཱ་གིས་སྙན་གསན་གནང་ཡི། 42 ང་གིས་ཞུ་མི་ཚུ་ཨ་རྟག་རང་ནཱ་གིས་སྙན་གསནམ་ང་གིས་ཤེས་ དེ་འབདཝ་ད་ ང་གིས་ཞུ་མི་འདི་ ནཱ་གིས་ང་ལུ་གཏང་གནང་གནངམ་ཨིན་ཟེར་ ནཱ་ལུ་ལོང་སྡོད་མིའི་མི་དམངས་ཀྱིས་ དད་པ་བསྐྱེད་བཅུག་ནི་གི་དོན་ལུ་ཨིན་ཟེར་གསུངས་ཞིནམ་ད། 43 གསུང་སྐད་ཤུགས་སྦེ་བརྐྱབས་ཏེ་ ལ་ཟ་རཱས་ ཁྱོད་ཕྱི་ཁར་ཐོན་ཤོག་ཟེར་གསུངསམ་ད། 44 ཤི་མི་འདི་གི་ལགཔ་དང་རྐངམ་ ཁ་ཤ་གི་རས་ཀྱིས་བསྡམས་ཡོདཔ་མ་ཚད་ ཁོ་གི་གདོང་ཡང་ ཁ་ཤ་གི་རས་ཀྱིས་སྤུར་ཏེ་ ཕྱི་ཁར་ཐོན་འོངམ་ད་ ཡེ་ཤུ་གིས་ཁོང་ལུ་ ཁོ་གི་སྤུ་རས་འདི་ཚུ་ཕུད་དེ་གཏང་ཟེར་གསུངས་ནུག། 45 དེ་ལས་ མཱིར་ཡམ་ལུ་འཕྱད་པ་འོང་མི་ ཡ་ཧུ་ད་པ་ལེ་ཤ་གིས་ ཡེ་ཤུ་གིས་མཛད་མི་ཕྱག་ལཱ་ལུ་མཇལཝ་ད་ ཁོང་གིས་ཁོ་ལུ་དད་པ་བསྐྱེད་ནུག 46 དེ་འབདཝ་ད་ ཁོང་གི་གྲལ་ཁ་ལས་ལ་ལུ་གིས་ ཕ་རུ་ཤི་པ་སྡོད་སར་སོང་སྟེ་ ཡེ་ཤུ་གིས་མཛད་པའི་ཕྱག་ལཱ་འདི་གི་སྐོར་ལས་ཁོང་ལུ་སླབ་ནུག 47 དེ་ལས་བླ་ཆེན་དང་ ཕ་རུ་ཤི་པ་དེ་ཚུ་ ལྷན་ཚོགས་ཀྱི་འཐུས་མི་ཆ་ཁྱབ་ག་ར་ གཅིག་ཁར་འཛོམས་ཏེ་ ད་ང་བཅས་ཀྱིས་ག་ཅི་འབད་ནི་སྨོ་ མི་དེ་གིས་དོན་ལས་རང་ཡ་མཚན་ཆེ་བའི་རྟགས་མཚན་ལེ་ཤ་བཏོན་དོ། 48 ཁོ་ལུ་དེ་སྦེ་རང་འབད་བཅུག་པ་ཅིན་ མི་ག་ར་གིས་ཁོ་ལུ་དད་པ་བསྐྱེད་འོང་ དེ་ལས་རྒྱལ་ཁབ་ རོམ་གྱི་དམག་མི་དེ་ཚུ་འོང་སྦེ་ ང་བཅས་ཀྱི་དམ་པའི་ས་གནས་དང་ མི་རིགས་གཉིས་ཆ་རང་ལུ་མེདཔ་གཏང་འོང་ཟེར་སླབ་ནུག 49 དེ་འབདཝ་ད་ ཁོང་གི་གྲལ་ཁ་ལས་ ཀའི་ཡ་ཕཱས་ཟེར་སླབ་མི་ ལོ་ངོ་འདི་ནང་གི་མཁན་ཆེན་དེ་གིས་ཁོང་ལུ་ ཁྱེད་ཀྱིས་ག་ཅི་ཡང་མི་ཤེས་པས། 50 ང་བཅས་ཀྱི་མི་རིགས་ག་ར་མེདཔ་ཐལ་འགྱོ་བ་ལས་ཡང་ མི་དམངས་ཀྱི་དོན་ལུ་མི་གཅིག་ཤི་བ་ཅིན་ ཁྱེད་ཀྱི་དོན་ལུ་འདི་དྲག་ཟེར་ མི་ཤེས་ག་ཟེར་ཁོ་གིས་གསུངས་ནུག 51 ཡེ་ཤུ་ཐད་རི་བ་རི་ ཡ་ཧུ་ད་པ་ཚུ་གི་དོན་ལུ་གཤགས་དགོ་ཟེར་ ཀའི་ཡ་ཕཱས་ཁོ་རང་གིས་མ་གསུངས་པས་ དེ་འབདཝ་ད་ ཁོ་དེའི་སྐབས་ཀྱི་མཁན་ཆེན་འབད་ནི་འདི་གིས་ དཀོན་མཆོག་གིས་ ཀའི་ཡ་ཕཱས་ལས་རྒྱུད་དེ་ མངོན་ཤེས་ཨ་ནི་དེ་གསུངས་ནུག 52 ཁོ་གིས་དེ་སྦེ་གསུངས་མི་དེ་ ཡ་ཧུ་ད་པ་ཚུ་གི་དོན་ལུ་རྐྱངམ་གཅིག་མེན་པར་ དཀོན་མཆོག་གི་བཟའ་ཚན་ས་ཆ་ག་ར་ནང་ ཁ་གཏོར་འགྱོ་མི་ཚུ་ལུ་གཅིག་ཁར་སྤུང་སྟེ་ གཅིག་སྦེ་བཟོ་བའི་དོན་ལུ་ཨིན་མས། 53 ཉིནམ་འདི་ལས་འགོ་བཙུགས་ཏེ་ ཁོང་གིས་ཡེ་ཤུ་ལུ་བཀྲོང་ནི་གི་ཐབས་ཤེས་འགྱིར་ནུག 54 དོན་དག་འདི་ལས་བརྟེན་ཏེ་ ཡེ་ཤུ་ ཡ་ཧུ་ད་པ་ཚུ་གིས་མཐོང་སར་མ་བྱོན་པར་ ཡེ་རུ་ཤ་ལེམ་ལས་ཐོན་ཏེ་ རི་སྟོང་གི་སྦོ་ལོགས་ཡོད་པའི་ཁྲོམ་ ཨེ་ཕེརེམ་ཟེར་མི་གཅིག་ནང་བྱོན་ཏེ་ ཁོ་རང་གི་སློབ་མ་ཚུ་དང་གཅིག་ཁར་ཕར་ལུ་བཞུགས་ནུག 55 དེ་ལས་ ཡ་ཧུ་ད་པའི་ཤི་ས་ལས་ཐར་བའི་དུས་ཆེན་སྦོ་ལོགས་ཁར་ལྷོད་དེ་ གཡུས་དེ་ཚུ་ནང་ལས་ མི་ལེ་ཤ་རང་ལུས་གཙང་སྦྲ་འབད་བ་ དུས་ཆེན་གྱི་ཧེ་མ་ལས་ ཡེ་རུ་ཤ་ལེམ་ལུ་སོང་ནུག 56 དེ་ལས་ཁོང་གིས་ཡེ་ཤུ་ལུ་འཚོལ་ཏེ་ མཆོད་ཁང་ནང་ལོང་སྡོདཔ་ད་ གཅིག་གིས་གཅིག་ལུ་ ཁྱེད་ཀྱིས་སེམས་ཁར་ག་དེ་སྦེ་མནོཝ་སྨོ་ ཁོ་ནཱ་དུས་ཆེན་ནང་འོངས་ག་ཟེར་སླབ་ནུག 57 ད་བླ་ཆེན་དང་ ཕ་རུ་ཤི་པ་དེ་ཚུ་གིས་ཡེ་ཤུ་བཟུང་ནི་གི་དོན་ལུ་ མི་ག་གིས་ར་ཁོ་ལུ་མཐོང་རུང་ ང་བཅས་ལུ་སླབ་ཟེར་བཀའ་གནང་གནངམ་ཨིན་མས།།
1 ད་ཤི་ས་ལས་ཐར་བའི་དུས་ཆེན་མ་རན་པའི་ཞག་དྲུག་གི་ཧེ་མ་ ཡེ་ཤུ་གཡུས་ཚན་ བེ་ཐ་ནི་ཡ་ལུ་བྱོན་ནུག་ ཡེ་ཤུ་གིས་ཤི་ས་ལས་གསོན་པོ་སྦེ་ལྷོང་གནང་མི་ ལ་ཟ་རཱས་ཟེར་མི་འདི་ འདི་ནང་སྡོད་དོཝ་ཡོདཔ་མས། 2 དེ་ལས་ཁོང་གིས་འདི་གི་ཕྱི་རུ་ ཡེ་ཤུ་གི་དོན་ལུ་ཚོགས་སྟོན་གཅིག་གྲ་སྒྲིག་བརྐྱབས་ཏེ་ མར་ཐཱ་གིས་ཁོང་ལུ་ཚོགས་དྲངམ་ད་ ལ་ཟ་རཱས་ཡང་ཡེ་ཤུ་དང་མགྱོནམ་ཚུ་དང་གཅིག་ཁར་ཟ་ཁྲི་ལུ་སྡོད་ནུག 3 དེ་ལས་ མཱིར་ཡམ་གྱིས་རིན་གོང་ཆེ་བའི་དྲི་བཟང་གི་མར་ཁུ་ ལྷད་ག་ནི་ཡང་མེད་མི་ དམ་སྦྱིས་ཕྱེད་དེམ་ཅིག་ ཡེ་ཤུའི་ཞབས་གུ་དབུར་ཏེ་ མོ་རའི་སྐྱ་གིས་ ཁོ་གི་ཞབས་འཕྱགས་ཏེ་ཕུལཝ་ད་ ཁྱིམ་ནང་བཟང་དྲིམ་གྱིས་གང་ནུག 4 དེ་འབདཝ་ད་ ཁོ་རའི་སློབ་མ་ཚུ་གི་གྲལ་ཁ་ལས་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ ཤུལ་ལས་ཡེ་ཤུ་ངོ་ལོག་བརྐྱབས་མི་འདི་གིས། 5 དྲི་བཟང་གི་མར་ཁུ་འདི་ ཏི་རུ་ དེ་ན་རི་གསུམ་བརྒྱ་སྦེ་བཙོང་སྟེ་ མི་སྤྱང་ཀ་ཚུ་ལུ་མ་བྱིན་པར་ ག་ཅི་འབད་དེ་སྦེ་འབདཝ་སྨོ་ཟེར་སླབ་ནུག 6 ཁོ་གིས་མི་སྤྱང་ཀ་འདི་ཚུ་ལུ་སྙིང་རྗེ་བསྐྱེད་དེ་མེན་པས་ དེ་འབདཝ་ད་ ཁོ་རང་ཨརཝ་འབད་ནི་འདི་གིས་ཨིན་མས་ སློབ་མ་ཚུ་གི་གཉེར་ཚང་ཁོ་གིས་བདག་འཛིན་འཐབ་སྟེ་ འདི་ནང་ལས་ཨརཝ་བརྐུ་དོཝ་ཡོདཔ་ཨིན་མས། 7 དེ་ལས་ཡེ་ཤུ་གིས་སློབ་མ་ཚུ་ལུ་ མོ་ལུ་ག་ནི་ཡང་མ་སླབ་ མོ་གིས་འབད་མི་འདི་ ང་དུར་ཁུང་ནང་བཙུགས་པའི་ཉིནམ་གི་དོན་ལུ་ དབུར་བྱིནམ་མས། 8 ག་ཅི་སྨོ་ཟེར་བ་ཅིན་ མི་སྤྱང་ཀ་འདི་ཚུ་ དུས་རྟག་བུ་རང་ཁྱེད་དང་གཅིག་ཁར་སྡོད་ནི་ཡོད་ དེ་འབདཝ་ད་ ང་རྟག་བུ་རང་ཁྱེད་དང་གཅིག་ཁར་མི་སྡོད་ཟེར་གསུངས་ནུག 9 དེ་ལས་ ཡ་ཧུ་ད་པ་གི་མི་ཚོགས་སྦོམ་ཚུ་གིས་ ཡེ་ཤུ་ བེ་ཐ་ནི་ཡ་ལུ་འདུག་ཟེར་ཤེས་ཏེ་ ཁོང་ཡེ་ཤུ་མཇལ་བ་རྐྱངམ་གཅིག་མེན་པར་ ཁོ་གིས་ཤི་ས་ལས་ལྷོང་གནང་མི་ ལ་ཟ་རཱས་ལུ་ཡང་བལྟ་བ་འོངས་ནུག 10 དེ་གིས་འབད་བླ་ཆེན་དེ་ཚུ་གིས་ ལ་ཟ་རཱས་ཡང་བསད་ནི་གི་གནས་སྐབས་བསྒྱིར་ནུག 11 ག་ཅི་སྨོ་ཟེར་བ་ཅིན་ ཁོ་ལས་བརྟེན་ཏེ་ ཡ་ཧུ་ད་པ་ཚུ་གི་གྲལ་ཁ་ལས་ལེ་ཤ་རང་ ཡ་ཧུ་ད་པའི་འགོ་དཔོན་ཚུ་ལས་ཁ་འབྱལ་འགྱོ་སྟེ་ ཡེ་ཤུ་ལུ་དད་པ་བསྐྱེད་ནི་དེ་གིས་ཨིན་མས།། 12 འདི་གི་ནངས་པ་དུས་ཆེན་ནང་འོངས་མིའི་མི་དམངས་ཀྱིས་ ཡེ་ཤུ་ ཡེ་རུ་ཤ་ལེམ་ལུ་འབྱོན་ནི་མས་ཟེར་གོ་སྟེ། 13 ཁོང་གིས་ཏ་ལའི་ཤིང་གི་ཞལ་ལག་བཏོགས་འབག་སྟེ་ ཁོ་ལུ་བྱོན་པ་ལེགས་སོ་ཞུ་བ་སོང་སྟེ་ཁོང་གིས། ཧོ་སཱན་ན་ གཙོ་བོ་དཀོན་མཆོག་གི་མཚན་ནང་ བྱོན་མི་དེ་བྱིན་རླབས་ཅན་ཨིན་ ཨཱིས་ར་ཨཱེལ་གྱི་རྒྱལཔོ་བྱིན་རླབས་ཅན་ཨིན་ཟེར་ སྐད་བརྐྱབས་ནུག 14 དེ་ལས་ཡེ་ཤུ་གིས་བོང་ཀུའི་ཕྱུག་ཀུ་གཅིག་ཐོབ་སྟེ་ དེ་གུ་ལུ་ཆིབས་ནུག 15 དབའེ་ ཟི་ཨཱོན་གྱི་བུམོ་བལྟ་ཤིག་ ཁྱོད་མ་འདྲོག་ ག་ཅི་སྨོ་ཟེར་བ་ཅིན་ཁྱོད་ཀྱི་རྒྱལཔོ་ བོང་ཀུ་ཕྱུག་ཀུ་གཅིག་གུ་ཆིབས་ཏེ་འབྱོན་དོ་ཟེར་ གསུང་རབ་ནང་ལུ་ བྲིས་ཏེ་ཡོད་མིའི་དོན་དག་འདི་ དེ་སྦེ་འགྲུབ་ནུག 16 ཁོ་གི་སློབ་མ་ཚུ་གིས་ དུས་ཚོད་དེའི་སྐབས་ལུང་སྟོན་པ་གིས་གསུངས་མི་དེ་ དོན་དག་འགྲུབ་རུང་ ཧེ་མ་ཁོང་གིས་ཧ་མ་གོ་བས་ དེ་འབདཝ་ད་ཤུལ་ལས་ ཡེ་ཤུ་ཁོ་རང་གཟི་བརྗིད་དང་ལྡནམ་སྦེ་འགྱུརཝ་ད་ གསུང་རབ་ནང་བྲིས་ཏེ་ཡོད་མི་འདི་ ཁོ་གི་སྐོར་ལས་ཨིན་མས་ཟེར་ཁོང་སློབ་མ་ཚུ་གིས་ཤེསཔ་མ་ཚད་ ཁོང་གིས་འབད་མི་ལཱ་འདི་ཚུ་ ཁོ་གི་དོན་ལུ་ཨིན་མས་ཟེར་ ཁོང་གི་སེམས་ཁར་ཤུལ་ལས་དྲན་ནུག 17 ད་ཡེ་ཤུ་གིས་དུར་ཁུང་ནང་ཡོད་མི་ ལ་ཟ་རཱས་ལུ་སྐད་རྐྱབ་འབོ་སྟེ་ ཤི་ས་ལས་གསོན་པོ་སྦེ་ལྷོང་ས་མཐོང་མིའི་མི་དམངས་ཀྱིས་ འདི་གི་སྐོར་ལས་འཛོམ་དཔང་བཤད་སྡོད་ནུག 18 དེ་ལས་ཡེ་ཤུ་གིས་ ཡ་མཚན་ཆེ་བའི་རྫུ་འཕྲུལ་མཛད་ནུག་ཟེར་ མི་ལེ་ཤ་གིས་གོ་སྟེ་ ཁོ་ལུ་མཇལ་བ་འོངམ་ད། 19 ཕ་རུ་ཤི་པ་འདི་ཚུ་གིས་ཁོང་རང་གཅིག་གིས་གཅིག་ལུ་ བལྟ་ཞིག་ འཛམ་བུ་གླིང་གི་མི་ཚུ་ ཁོ་གི་རྟིང་བདའ་འགྱོཝ་མས་ ག་དེ་སྦེ་འབད་རུང་ ཁོང་ལུ་བཀག་ནི་ཐབས་ཤེས་རྩ་ལས་ར་མིན་འདུག་ཟེར་སླབ་ནུག། 20 དུས་ཆེན་གྱི་སྐབས་ལུ་ མཆོད་པ་ཕུལ་བ་འོང་མི་ཚུ་གི་གྲལ་ཁ་ལས་ ཕྱིའི་མི་རིགས་དེ་ཚུ་ཡང་ཡོདཔ་ཨིན་མས། 21 ཁོང་ཆ་ཁྱབ་ ག་ལི་ལི་གི་ཁྲོམ་ བཱེད་སའི་ད་ ཟེར་མི་ནང་ལས་ཨིན་མི་ སློབ་མ་ ཕི་ལིབ་སྡོད་སར་སོང་སྟེ་ སློབ་དཔོན་ལགས་ ང་བཅས་ཡེ་ཤུ་དང་མཇལ་དགོ་པས་ཟེར་ཞུཝ་ད། 22 ཕི་ལིབ་སོང་སྟེ་སློབ་མ་ ཨཱན་དྲུ་ལུ་སླབ་ནུག་ དེ་ལས་ ཨཱན་དྲུ་དང་ ཕི་ལིབ་གཉིས་ཡེ་ཤུ་བཞུགས་སར་བཅར་སྦེ་ཞུཝ་ད། 23 ཡེ་ཤུ་གིས་ཁོང་ལུ་ མིའི་བུ་དེ་གཟི་བརྗིད་དང་ལྡནམ་སྦེ་འགྱུར་ནིའི་དུས་ཚོད་ལུ་ལྷོད་ཅི། 24 ང་གིས་ཁྱེད་ལུ་དོན་ལས་རང་སླབ་དོ་ དཀར་སོན་མར་ས་ཁར་བུད་དེ་མ་ཤི་བ་ཅིན་ འབྱུ་རྡོག་གཅིག་སྦེ་རང་སྡོད་འོང་ དེ་འབདཝ་ད་ འབྱུ་རྡོག་ས་ཁར་ལུ་བུད་དེ་ཤི་བ་ཅིན་ འདི་གིས་དོག་མ་ལེ་ཤ་བཏག་འོང་། 25 ག་ར་འབད་རུང་ རང་གི་མི་ཚེ་ཕངས་མི་ཚུ་གིས་ རང་གི་མི་ཚེ་འདི་འཕྲོ་བརླག་གཏངམ་ཨིན་ དེ་འབདཝ་ད་ ག་ར་འབད་རུང་ འཛམ་གླིང་ནང་རང་གི་མི་ཚེ་མ་ཕངས་མི་དེ་གིས་ ཚེ་མཐའ་མེདཔ་ཚུན་ཚོད་ཀྱི་མི་ཚེ་ བདག་འཛིན་འཐབ་སྟེ་བཞག་འོང་། 26 ག་ར་འབད་རུང་ ངེ་གི་ཕྱག་ཞུ་དགོ་མནོ་མི་གིས་ ངེ་གི་ཤུལ་ལས་རྟིང་བདའ་འོང་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ང་ག་སྡོད་ས་ལུ་ངེ་གི་ཞབས་ཕྱི་ཚུ་ཡང་སྡོད་ནི་ཐོབ་ ག་ར་འབད་རུང་ ངེ་གི་ཕྱག་ཞུ་བ་ཅིན་ འདི་ལུ་ ངེ་གི་ཡབ་ཀྱིས་ཡང་ཞེ་ས་གནང་འོང་། 27 ད་ང་གནམ་མེད་ས་མེད་སེམས་འཁྲུགས་དོ་ ང་གིས་ག་ཅི་ཞུ་ནི་ཨིན་ན་ མ་ཤེས་པར་ཡོད་ ཡབ་ལགས་ ཨ་ནི་དུས་ཚོད་འདི་ལས་ ང་ལུ་སྐྱབས་མཛད་གནང་ཟེར་ཞུ་ནི་ཨིན་ན་ དེ་སྦེ་ཡང་མེན་ ག་ཅི་སྨོ་ཟེར་བ་ཅིན་ ང་དུས་ཚོད་འདི་གི་དོན་ལུ་རང་འོངམ་ཨིན། 28 ཡབ་ལགས་ ནཱ་གི་མཚན་ཡོངས་གྲགས་སྦེ་ གཟི་བརྗིད་དང་ལྡན་པར་མཛད་གནང་ཟེར་ཡེ་ཤུ་གིས་ཞུཝ་ད་ ཡར་ནམ་མཁའ་ལས་གསུང་སྐད་གཅིག་གིས་ ང་གིས་ངེའི་མིང་གཟི་བརྗིད་ཅན་བཟོ་ཚར་ཡི་ ད་རུང་ཡང་གཟི་བརྗིད་དང་ལྡནམ་སྦེ་འགྱུར་ནི་ཨིན་ཟེར་གསུངསམ་ད། 29 འདི་ཁར་སྡོད་མིའི་མི་དམངས་ཀྱིས་གསུང་སྐད་འདི་གོཝ་ད་ ལ་ལུ་གིས་འབྲུག་ལྡིརཝ་མས་ ལ་ལུ་གིས་ཕོ་ཉ་ཁོ་དང་གཅིག་ཁར་གསུང་གྲོས་གནངམ་མས་ཟེར་སླབ་ད། 30 ཡེ་ཤུ་གིས་ ཨ་ནི་གསུང་སྐད་འདི་ངེ་གི་དོན་ལུ་གསུངསམ་མེན་པར་ ཁྱེད་ཀྱིས་ང་ལུ་ངོ་ཤེས་ནི་གི་དོན་ལུ་གསུངས་གསུངསམ་ཨིན་མས། 31 ད་འཛམ་གླིང་ལུ་ཁྲིམས་ཕྱེ་བའི་དུས་ཚོད་ལྷོད་ཅི་ འཛམ་བུ་གླིང་གི་མངའ་བདག་བདུད་འདི་ལུ་ཕྱི་ཁར་བཏོན་བཀོ་འོང་། 32 ང་ལུ་ས་ཁར་ལས་ཡར་ལྷོངམ་ད་ མི་ག་ར་ང་རའི་ཁ་ཐུག་འཐོན་ནི་ཨིན་ཟེར་གསུངས་ནུག 33 ཁོ་གིས་དེ་སྦེ་གསུངས་མི་འདི་ ཁོ་ག་དེ་སྦེ་གཤགས་ནི་ཨིན་ན་ འདི་གི་ངོ་རྟགས་བཟུམ་ཅིག་སྦེ་གསུང་གསུངསམ་ཨིན་མས། 34 མི་དམངས་ཀྱིས་ཁོ་ལུ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་དེ་ དུས་རྒྱུན་དུ་གསོན་པོ་སྦེ་བཞུགས་འོང་ཟེར་ ང་བཅས་ཀྱིས་དམ་པའི་གསུང་རབ་ནང་ལས་ཤེས་ཅི་ དེ་འབདཝ་ད་ ནཱ་གིས་མིའི་བུ་ཤི་དགོ་ཟེར་གསུངས་མས་ ད་མིའི་བུ་ག་སྨོ་ཟེར་ཞུ་ནུག 35 དེ་ལས་ཡེ་ཤུ་གིས་ཁོང་ལུ་ འོད་ཟེར་དེ་ ཁྱེད་དང་གཅིག་ཁར་ཡུདཔ་ཐེངས་ཅིག་གི་དོན་ལུ་ཤར་ཏེ་སྡོད་འོང་ འོད་ཟེར་དེ་ ཁྱེད་དང་གཅིག་ཁར་ཡོད་པའི་བསྒང་ལས་ ཁྱེད་འོད་ཟེར་ནང་འགྱོ་ ག་ཅི་སྨོ་ཟེར་བ་ཅིན་ འོད་ནང་མ་འགྱོ་བ་ཅིན་ གནག་དུང་དུ་གིས་ཁྱེད་ཀྱི་གུ་ལུ་བཀབ་འོང་ དེ་ལས་ཁྱེད་གནག་དུང་ནང་ཚུད་པ་ཅིན་ ཁྱེད་ག་ཏེ་འགྱོཝ་ཨིན་ན་ ཁྱེད་ཀྱིས་མི་ཤེས། 36 འོད་ཟེར་འདི་ཁྱེད་དང་གཅིག་ཁར་ཡོདཔ་ད་ འོད་ཟེར་འདི་ལུ་དད་པ་བསྐྱེད་དགོ་ དེ་ལས་ཁྱེད་འོད་ཟེར་གྱི་བཟའ་ཚན་ལུ་འགྱུར་འོང་ཟེར་གསུངས་ནུག་ ཡེ་ཤུ་གིས་འདི་ཚུ་གསུངས་ཚརཝ་ད་ ཁོ་འདི་ནང་ལས་བྱོན་ཏེ་ ཁོང་ལས་གཡིབ་སྦེ་བཞུགས་ནུག། 37 དེ་ལས་ཡེ་ཤུ་གིས་ཡ་མཚན་ཆེ་བའི་རྟགས་མཚན་ལེ་ཤ་རང་ ཁོང་གི་གདོང་ཁར་མཛད་དེ་འབད་རུང་ མི་མང་ཤོས་རང་ཁོ་ལུ་དད་པ་མ་བསྐྱེད་པས། 38 དེ་སྦེ་བྱུང་མི་འདི་ ལུང་སྟོན་པ་ ཨའི་ཟ་ཡ་གིས་ཧེ་མ་ལས་རང་མངོན་ཤེས་དེ་སྦེ་བཤད་ནུག གཙོ་བོ་ལགས་ ང་བཅས་ཀྱི་གཏམ་བཟང་ལུ་ ག་གིས་དད་པ་བསྐྱེད་ཅི་ག་ གཙོ་བོ་རང་གི་ཕྱག་དབང་འདི་ ག་ལུ་བཏོན་གནང་ཡི་ག་ཟེར་ཞུ་ནུག 39 ཁོང་གིས་དད་པ་མ་བསྐྱེད་པས་ ག་ཅི་སྨོ་ཟེར་བ་ཅིན་ ཨའི་ཟ་ཡ་གིས་སླབ་དོ་བཟུམ་སྦེ་རང་བྱུང་ནུག 40 དཀོན་མཆོག་གིས་ཁོང་ལུ་མིག་ཏོ་ཞརཝ་མཛད་དེ་ ཁོང་གི་སེམས་ཡང་སྲ་ཀྲག་མཛད་དེ་གནང་ནུག་ འདི་མེན་པ་ཅིན་ ཁོང་གི་མིག་གིས་མཐོངམ་མ་ཚད་ སེམས་ཀྱིས་ཧ་གོ་སྟེ་ང་སྡོད་སར་ལོག་འོངས་ཏེ་ ང་གིས་ཁོང་ལུ་དྲགཔ་བཟོ་བཟོཝ་འོང་ཟེར་ 41 ཨའི་ཟ་ཡ་གིས་དེ་སྦེ་སླབ་མི་དེ་ ཁོ་གིས་ཁིརཱིས་ཀྱི་གཟི་བརྗིད་ལུ་མཇལ་ཏེ་ ཡེ་ཤུ་ལུ་ག་ཅི་འབྱུང་ནི་ཨིན་ན་གི་སྐོར་ལས་སླབ་སླབ་ཨིན་མས། 42 དེ་སྦེ་ཨིན་རུང་ ཡ་ཧུ་ད་པའི་འགོ་དཔོན་ཚུ་གི་གྲལ་ཁ་ལས་ མི་ལེ་ཤ་གིས་ཡང་ཡེ་ཤུ་ལུ་དད་པ་བསྐྱེད་ནུག་ དེ་འབདཝ་ད་ཁོང་གིས་ ཕ་རུ་ཤི་པ་ཚུ་ལུ་བལྟ་འདྲོགས་ཏེ་ ཁོང་ལུ་ སི་ན་གོག་ནང་ལས་ཕྱི་ཁར་བཏོན་གཏང་འོང་མནོ་སྟེ་ གཞན་གྱིས་མཐོང་སར་ཁས་བླངས་མ་འབད་བས། 43 ག་ཅི་སྨོ་ཟེར་བ་ཅིན་ ཁོང་ཆ་ཁྱབ་དཀོན་མཆོག་གིས་བསྟོད་པ་གནང་མི་ལས་ཡང་ མི་ཚུ་གིས་བྱིན་མི་བསྟོད་པ་ལུ་ སེམས་དགའཝ་ཨིན་མས། 44 དེ་ལས་ཡེ་ཤུ་གིས་གསུང་སྐད་ཤུགས་སྦེ་གསུངས་ཏེ་ ང་ལུ་དད་པ་བསྐྱེད་མི་གིས་ ང་རྐྱངམ་གཅིག་མེན་པར་ ང་ལུ་བཏང་གནང་མི་འདི་ལུ་ཡང་དད་པ་བསྐྱེདཔ་ཨིན། 45 ད་རུང་ང་ལུ་མཐོང་མི་འདི་གིས་ ང་ལུ་བཏང་གནང་མི་དེ་ལུ་ཡང་མཇལཝ་ཨིན། 46 ང་ལུ་དད་པ་བསྐྱེད་མི་དེ་ཚུ་ གནག་དུང་ནང་མ་སྡོད་པའི་དོན་ལུ་ ང་འཛམ་བུ་གླིང་ནང་འོད་ཟེར་གཅིག་སྦེ་འོངས་ཡི། 47 ག་ར་འབད་རུང་ངེ་གི་བློ་ལུ་ཉན་ཏེ་ འབད་མ་བཏུབ་པ་ཅིན་ དེ་ལུ་ང་ཁྲིམས་མི་ཕྱེ་ ག་ཅི་སྨོ་ཟེར་བ་ཅིན་ ང་འཛམ་བུ་གླིང་ལུ་ ཁྲིམས་ཕྱེ་བ་འོངམ་མེན་པར་ སྐྱབས་འབད་བ་འོངམ་ཨིན། 48 དེ་འབདཝ་ད་ ང་ལུ་དགའ་མ་བཏུབ་མི་དང་ ངེའི་བློ་ལུ་མ་ཉན་མི་འདི་གི་དོན་ལུ་ དྲང་དཔོན་གཅིག་ཡོད་ ང་གིས་སླབ་མི་བློ་འདི་གིས་ དུས་མཐའན་མཇུག་གི་ཉིན་མ་ལུ་ ཁོ་ལུ་ཁྲིམས་ཕྱེ་འོང་། 49 ག་ཅི་སྨོ་ཟེར་བ་ཅིན་ ང་རང་གིས་མནོ་ཐག་བཅད་དེ་སླབ་མེན་ དེ་འབདཝ་ད་ ང་གིས་ག་སླབ་དགོ་མི་དེ་ ང་ལུ་བཏང་གནང་མི་ཡབ་ཁོ་རང་གིས་ ང་ལུ་གསུང་གནང་གནངམ་ཨིན། 50 ཁོ་གིས་གསུངས་མི་དེ་གིས་ མཐའ་མེད་པའི་ཚེ་ནང་བཀལཝ་ཨིན་ཟེར་ང་གིས་ཤེས་ དེ་གིས་འབད་ང་གིས་ག་ཅི་སླབ་རུང་ ཡབ་ཀྱིས་ང་ལུ་གསུང་གནང་མི་འདི་ཚུ་རྐྱངམ་གཅིག་ ང་གིས་སླབ་ཨིན་ཟེར་ཡེ་ཤུ་གིས་གསུངས་ནུག།
1 ད་ཤི་ས་ལས་ཐར་བའི་དུས་ཆེན་གྱི་ཧེ་མ་ ཡེ་ཤུ་གིས་ད་ཁོ་འཛམ་གླིང་བཞག་སྟེ་ ཡབ་ཀྱི་སྐུ་མདུན་ལུ་བྱོན་ནིའི་དུས་ཚོད་རན་ཆི་ཡི་ཟེར་མཁྱེན་ནུག་ ཁོ་གིས་འཛམ་གླིང་འདི་ནང་ཡོད་པའི་སློབ་མ་ཚུ་ལུ་ ཁོ་གི་བྱམས་པ་ཚད་ལས་བརྒལ་ཏེ་མཛདཔ་མ་ཚད་ དུས་མཐའན་མཇུག་ཚུན་ཚོད་ཡང་ཁོང་ལུ་དེ་སྦེ་རང་བྱམས་པ་མཛད་ནུག 2 དེ་གི་ཕྱི་རུ་ ཡེ་ཤུ་དང་ཁོ་རང་གི་སློབ་མ་ཚུ་ ཚོགས་བཞེས་པའི་བསྒང་ སི་མཱོན་གྱི་བུ་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཀྱི་སེམས་ནང་ བདུད་ཀྱིས་ཡེ་ཤུ་ལུ་ དགྲ་གི་ལག་པ་བཟུང་སྤྲོད་ནི་གི་མནོ་བསམ་ ཧེ་མ་ལས་བཙུགས་ཚར་ཚརཝ་ཨིན་མས། 3 ཡེ་ཤུ་གིས་ ཡབ་ཀྱིས་ག་ར་ཁོ་གི་དབང་ཚད་འོག་ལུ་གནང་ཡོད་ དེ་ལས་ཁོ་རང་ཡང་ དཀོན་མཆོག་ནང་ལས་འོངམ་ཨིན་ ད་རུང་ལོག་སྟེ་དཀོན་མཆོག་གི་སྐུ་མདུན་ལུ་འགྱོ་དགོ་ཟེར་ ཁོ་རང་གིས་མཁྱེན་ཏེ། 4 ཁོ་ཚོགས་བཞེས་ས་ལས་ཡར་བཞེངས་ཞིནམ་ད་ ཕྱིའི་ན་བཟའ་ཕར་བཤུབ་བཞག་སྟེ་ ཨ་ཅོ་ལྟོ་རས་གཅིག་སྐུ་རྐེདཔ་བཅིངས་ཏེ། 5 ཟངས་གཞོང་ནང་ཆུ་བླུག་སྟེ་ སློབ་མ་ཚུ་གི་རྐངམ་ཆུ་འཁྱུ་ནི་འགོ་བཙུགས་ཞིནམ་ད་ སྐུ་གཟུགས་ལུ་བཅིང་མི་ཨ་ཅོ་ལྟོ་རས་དེ་གིས་ ཁོང་གི་རྐངམ་འཕྱགས་གནང་སྟེ། 6 སི་མཱོན་པེ་ཏྲོ་གི་རྐངམ་འཁྱུ་ནི་སྦེ་ ཁོ་གི་གདོང་ཁར་འབྱོནམ་ད་ ཁོ་གིས་ཡེ་ཤུ་ལུ་ གཙོ་བོ་ལགས་ ནཱ་གིས་ངེ་གི་རྐངམ་ཆུ་འཁྱུ་ནི་ཨིན་ན་ཟེར་ཞུཝ་ད། 7 ཡེ་ཤུ་གིས་ཁོ་ལུ་ ང་གིས་ག་འབད་མི་འདི་ ད་ལྟོ་ཁྱོད་ཀྱིས་མི་ཤེས་ དེ་འབདཝ་ད་ ཤུལ་ལས་ཁྱོད་ཀྱིས་ཧ་གོ་འོང་ཟེར་གསུངསམ་ད། 8 སི་མཱོན་གྱིས་ གཙོ་བོ་ ནཱ་གིས་ངེའི་རྐངམ་ནམ་ཡང་འཁྱུ་ནི་མི་འོང་ཟེར་ཞུཝ་ད་ ཡེ་ཤུ་གིས་ཁོ་ལུ་ ང་གིས་ཁྱོད་ཀྱི་རྐངམ་མ་འཁྱུ་བ་ཅིན་ ཁྱོད་ང་དང་འབྲེལ་བ་མེད་ཟེར་གསུངས་ནུག 9 སི་མཱོན་པེ་ཏྲོ་གིས་ཡེ་ཤུ་ལུ་ གཙོ་བོ་ལགས་ དེ་སྦེ་ཨིན་པ་ཅིན་ ངེ་གི་རྐངམ་རྐྱངམ་གཅིག་མེན་པར་ ངེའི་ལགཔ་དང་མགུ་ཏོ་ཡང་འཁྱུ་གནང་ཟེར་ཞུ་ནུག 10 ཡེ་ཤུ་གིས་ཁོ་ལུ་ གཙངམ་བཟོ་ནི་གི་དོན་ལུ་ གཟུགས་འཁྱུ་ཚར་མི་ཚུ་རྐངམ་རྐྱངམ་གཅིག་ལས་བརྒལ་འཁྱུ་མི་དགོ་ ཁྱེད་སློབ་མ་ཚུ་གཙངམ་ཨིན་ དེ་འབདཝ་ད་ ཁྱེད་ཀྱི་གྲལ་ཁ་ལས་ག་ར་ གཙངམ་མེན་པས་ཟེར་གསུངས་ནུག 11 ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་གིས་ཁོ་ལུ་ ངོ་ལོག་ག་གིས་བརྐྱབ་ནི་ཨིན་ན་ ཁོ་རང་གིས་མཁྱེན་ཏེ་ ཁྱེད་ཀྱི་གྲལ་ཁ་ལས་ག་ར་གཙངམ་མེན་པས་ཟེར་གསུང་གསུངསམ་ཨིན་མས། 12 དེ་ལས་ཁོ་གིས་ཁོང་གི་རྐངམ་ཆུ་འཁྱུ་ཚརཝ་ད་ ཁོ་གིས་ད་རུང་ན་བཟའ་ལོག་བཞེས་སྦེ་ ཚོགས་བཞེས་པ་བཞུགས་ཏེ་ ང་གིས་ཁྱེད་ལུ་དེ་སྦེ་འབད་མི་འདི་ ག་ཅི་ཨིན་ན་ཁྱེད་ཀྱིས་ཤེས་ག། 13 ཁྱེད་ཀྱིས་ང་ལུ་སློབ་དཔོན་དང་གཙོ་བོ་ཟེར་སླབ་ཨིན་ འདི་ཀྲིག་ཀྲི་རང་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་འདི་རང་ཨིན། 14 ང་སློབ་དཔོན་དང་གཙོ་བོ་འབད་རུང་ ཁྱེད་ཀྱི་རྐངམ་ཆུ་འཁྱུ་བ་ཅིན་ ཁྱེད་ཀྱིས་ཡང་གཅིག་གིས་གཅིག་ལུ་རྐངམ་ཆུ་འཁྱུ་བྱིན་དགོ། 15 ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ཁྱེད་ལུ་འབད་ཐངས་གཅིག་སྟོན་བྱིན་ཡི་ ང་གིས་ཁྱེད་ལུ་འབད་དོཝ་བཟུམ་སྦེ་ ཁྱེད་རང་གཅིག་གིས་གཅིག་ལུ་འབད་དགོ། 16 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ གཡོགཔོ་འདི་སྦྱིན་བདག་ལས་མི་སྦོམ་ ཁ་འཐེན་འབག་མི་འདི་ ཁ་འཐེན་གཏང་མི་ལས་མི་མཐོ། 17 ད་ཨ་ནི་དེ་ཚུ་ཁྱེད་ཀྱིས་ཧ་གོ་སྟེ་ འདི་དང་བསྟུན་འབད་བ་ཅིན་ ཁྱེད་བྱིན་རླབས་ཅན་ཨིན་ཟེར་ཡེ་ཤུ་གིས་གསུངས་ནུག། 18 དེ་སྦེ་སླབ་ད་ལུ་ ང་གིས་ཁྱེད་ག་ར་གི་སྐོར་ལས་དེ་སྦེ་སླབ་མེན་ ང་རང་གིས་བཙག་འཐུ་འབད་མི་འདི་ལུ་ང་གིས་ངོ་ཤེས་ དེ་འབདཝ་ད་ གསུང་རབ་ནང་བྲིས་ཡོད་མི། ང་དང་གཅིག་ཁར་ཏད་ཟས་ཟ་མི་འདི་གིས་ང་ལུ་ངོ་ལོག་བརྐྱབ་འོང་ཟེར་ གསུངས་མི་དེ་དོན་དག་འགྲུབ་དགོ། 19 ཨ་ནི་དོན་དག་འདི་མ་གྲུབ་པའི་ཧེ་མ་ལས་ང་གིས་ཁྱེད་ལུ་སླབ་དོ་ ཤུལ་ལས་འདི་ཚུ་འབྱུང་འོངམ་ད་ ང་ཁོ་རང་ཨིན་ཟེར་ཁྱེད་ཀྱིས་དད་པ་བསྐྱེད་བཅུག་ནི་གི་དོན་ལུ་ཨིན། 20 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ མི་ག་ར་འབད་རུང་ ང་གིས་གཏང་མི་འདི་ལུ་ལེན་པ་ཅིན་ འདི་གིས་ང་ལུ་ཡང་ལེནམ་ཨིན་ ང་ལུ་ལེན་མི་འདི་གིས་ ང་ལུ་གཏང་གནང་མི་ལུ་ཡང་གདན་འདྲེན་ཞུཝ་ཨིན་ཟེར་གསུངས་ནུག 21 དེ་ལས་ཡེ་ཤུ་གིས་འདི་གསུངས་ཚརཝ་ད་ ཁོ་རང་ཐུགས་འཁྲུགས་ཏེ་ཁོང་ལུ་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁྱེད་ཀྱི་གྲལ་ཁ་ལས་ གཅིག་གིས་ང་ལུ་ངོ་ལོག་བརྐྱབ་འོང་ཟེར་འཛོམ་དཔང་བཤད་དེ་གསུངསམ་ད། 22 སློབ་མ་ཚུ་ཁོང་རང་གི་གྲལ་ཁ་ལས་ ག་གི་སྐོར་ལས་གསུངསམ་ཨིན་ན་མ་ཤེས་པར་ ཁོང་རང་གཅིག་གིས་གཅིག་ལུ་བལྟ་སྟེ་ རྣམ་རྟོག་ལང་སྡོདཔ་ད། 23 སློབ་མ་ཚུ་གི་གྲལ་ཁ་ལས་ ཡེ་ཤུ་ཁོ་རང་གི་ཐུགས་བརྩེ་བའི་སློབ་མ་དེ་ ཟ་ཁྲི་གི་གདོང་ལས་ཁོ་རང་གི་སྦོ་ལོགས་ཁར་སྡོད་ཡོདཔ་ལས། 24 ཨ་ནི་སློབ་མ་དེ་ལུ་ སི་མཱོན་པེ་ཏྲོ་གིས་བརྡ་བཏོན་ཏེ་ ག་གི་སྐོར་ལས་གསུངསམ་སྨོ་ཟེར་ཞུ་བཅུགཔ་ད། 25 སློབ་མ་དེ་གིས་ཡེ་ཤུའི་སྦོ་ལོགས་ཁར་སྦྱར་ཏེ་ གཙོ་བོ་ལགས་ ནཱ་གིས་གསུངས་མི་འདི་ག་སྨོ་ཟེར་ཞུཝ་ད། 26 ཡེ་ཤུ་གིས་ ང་གིས་ཏད་ཟས་ཁམ་རྡོག་གཅིག་ ཧོད་ནང་སྦང་སྟེ་ག་ལུ་བྱིན་འོང་ག་ དེ་ཨིན་ཟེར་གསུངས་ཏེ་ ཏད་ཟས་ཁམ་རྡོག་གཅིག་ཧོད་ནང་སྦང་སྦེ་ སི་མཱོན་གྱི་བུ་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ལུ་གནངམ་ད། 27 ཁོ་གིས་ཏད་ཟས་ལེན་ཟ་ཞིནམ་ད་ ཁོ་གི་སེམས་ཁར་བདུད་ སེ་ཏཱན་འཛུལ་ནུག་ དེ་ལས་ཡེ་ཤུ་གིས་ཁོ་ལུ་ ད་ག་ཅི་འབད་ནི་ཨིན་རུང་ མགྱོགས་པར་འབད་ཟེར་གསུངསམ་ད། 28 ཁོང་ཟ་ཁྲི་ལུ་བཞེས་སྒོ་ཟ་སྡོད་མི་ཚུ་གི་གྲལ་ཁ་ལས་ ག་གིས་ཡང་ཧ་མ་གོ་བས། 29 ཁོང་གིས་འབད་བ་ཅིན་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ གཉེརཔ་དངུལ་བདག་འཛིན་ཐབས་མི་འབད་ནི་དེ་གིས་ དུས་ཆེན་གྱི་དོན་ལུ་གྲ་སྒྲིག་བརྐྱབ་ནི་གི་སྐོར་ལས་ཨིནམ་འདྲས་ ཡང་ན་མི་སྤྱང་ཀ་ཚུ་ལུ་ག་ཅི་ཨིན་རུང་ གཅིག་བྱིན་ཟེར་གསུངསམ་ཨིན་མས་ཟེར་ཁོང་གིས་མནོ་བསམ་བཏང་ནུག 30 དེ་ལས་ ཡུ་དཱས་ཏད་ཟས་ཟ་ཚརཝ་ཅིག་ ཕྱི་ཁར་ཐོན་འགྱོ་ནུག་ འདི་བསྒང་ལས་ནམ་ཡང་སྲོས་སོང་ནུག། 31 དེ་ལས་ ཡུ་དཱས་ཕྱི་ཁར་ཐོན་ཡར་སོངམ་ད་ ཡེ་ཤུ་གིས་ ད་མིའི་བུ་དེ་གཟི་བརྗིད་དང་ལྡནམ་སྦེ་འགྱུརཝ་ཨིན་ དཀོན་མཆོག་ཡང་ངེ་གི་ནང་ལས་སྦེ་གཟི་བརྗིད་མངོན་པར་འགྱུརཝ་ཨིན། 32 དཀོན་མཆོག་ངེ་གི་ཐོག་ལས་སྦེ་གཟི་བརྗིད་དང་ལྡན་པ་ཅིན་ དཀོན་མཆོག་གིས་མིའི་བུ་དེ་ལུ་ གཟི་བརྗིད་དང་ལྡནམ་སྦེ་མཛད་གནངམ་མ་ཚད་ འདི་ཚུ་ག་ར་མགྱོགས་པ་མཛད་ནི་ཨིན། 33 དབའེ་ ངེ་གི་གཅེས་པའི་ཨ་ལོ་ཚུ་ ཡུདཔ་ཐེངས་གཅིག་གི་དོན་ལུ་རྐྱངམ་གཅིག་ ང་ཁྱེད་དང་གཅིག་ཁར་སྡོད་ནི་ཨིན་ ཁྱེད་ཀྱིས་ང་ལུ་འཚོལ་རུང་མི་ཐོབ་ ང་གིས་ ཡ་ཧུ་ད་པའི་འགོ་དཔོན་ཚུ་ལུ་སླབ་དོཝ་བཟུམ་སྦེ་རང་ ཁྱེད་ཆ་ཁྱབ་ལུ་ཡང་སླབ་དོ་ ང་འགྱོ་ས་ལུ་ཁྱེད་འོང་མི་ཚུགས། 34 ང་གིས་ཁྱེད་ལུ་བཀའ་གསརཔ་བྱིན་དོ་ བཀའ་གསརཔ་འདི་ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་རང་གཅིག་གིས་གཅིག་ལུ་བྱམས་པ་འབད་དགོ་ ང་གིས་ཁྱེད་ལུ་ག་དེ་སྦེ་བྱམས་པ་འབདཝ་ཨིན་ན་ འདི་བཟུམ་སྦེ་རང་ ཁྱེད་རང་གཅིག་གིས་གཅིག་ལུ་ཡང་བྱམས་པ་འབད་ཞིག 35 དེ་ལས་ཁྱེད་ཀྱིས་གཅིག་གིས་གཅིག་ལུ་བྱམས་པ་འབད་བ་ཅིན་ ཁྱེད་ངེ་གི་སློབ་མ་ཨིན་མས་ཟེར་ ག་ར་གིས་ཤེས་འོང་ཟེར་གསུངས་ནུག 36 དེ་ལས་ སི་མཱོན་པེ་ཏྲོ་གིས་ཁོ་ལུ་ གཙོ་བོ་ ནཱ་ག་ཏེ་འབྱོན་ནི་སྨོ་ཟེར་ཞུཝ་ད་ ཡེ་ཤུ་གིས་ཁོ་ལུ་ ང་འགྱོ་སར་ལུ་ད་ལྟོ་ཁྱོད་ངེའི་རྟིང་བདའ་འོང་མི་ཚུགས་ དེ་འབདཝ་ད་ཤུལ་ལས་ ཁྱོད་ངེ་གི་རྟིང་ལས་འོང་ནི་ཨིན་ཟེར་གསུངསམ་ད། 37 པེ་ཏྲོ་གིས་ཁོ་ལུ་ གཙོ་བོ་ལགས་ ད་ལྟོ་ང་ནཱ་དང་གཅིག་ཁར་ག་ཅི་འབད་འོང་མ་ཚུགསཔ་སྨོ་ ང་རང་གི་ཚེ་ཡང་ནཱ་གི་དོན་ལུ་ཕུལ་ནི་ཨིན་ཟེར་ཞུཝ་ད། 38 ཡེ་ཤུ་གིས་ཁོ་ལུ་ ཁྱོད་ཀྱིས་རང་གི་ཚེ་འདི་ དོན་ལས་རང་ ངེ་གི་དོན་ལུ་བྱིན་ནི་ཨིན་ན་ ང་གིས་ཁྱོད་ལུ་དོན་ལས་རང་སླབ་དོ་ བྱ་པོད་མ་འབོ་པའི་ཧེ་མ་ལས་ ཁྱོད་ཀྱིས་ཚར་གསུམ་ང་ལུ་ངོ་མི་ཤེས་ཟེར་ སླབ་འོང་ཟེར་གསུངས་ནུག།
1 དེ་ལས་འཕྲོ་མཐུད་དེ་རང་ཡེ་ཤུ་གིས་ ད་ཁྱེད་སེམས་ཁར་ཚ་གྱང་མ་ལང་པར་ དཀོན་མཆོག་ལུ་བློ་གཏད་ ང་ལུ་ཡང་བློ་གཏད་དེ་སྡོད། 2 ངེ་གི་ཡབ་ཀྱི་ཕོ་བྲང་ནང་ལུ་ཁང་མིག་ལེ་ཤ་ཡོད་ ང་ཁྱེད་ཀྱི་དོན་ལུ་སྡོད་ས་གཅིག་གྲ་སྒྲིག་རྐྱབ་པ་འགྱོཝ་ཨིན་ ཁང་མིག་ལེ་ཤ་མེད་པ་ཅིན་ ང་ཁྱེད་ཀྱི་དོན་ལུ་སྡོད་ས་གྲ་སྒྲིག་རྐྱབ་པ་འགྱོ་དོ་ཟེར་ ང་གིས་ཁྱེད་ལུ་སླབ་འོང་ག། 3 ད་ག་དེམ་ཅིག་སྦེ་ ང་འགྱོ་སྟེ་ཁྱེད་ཀྱི་དོན་ལུ་སྡོད་ས་གྲ་སྒྲིག་བརྐྱབ་པ་ཅིན་ ང་ལོག་འོངས་ཏེ་ ཁྱེད་ཆ་ཁྱབ་ལུ་ང་དང་གཅིག་ཁར་འཁྱིད་འགྱོ་ནི་ཨིན་ དེ་ལས་ང་ག་སྡོད་ས་ལུ་ཁྱེད་ཡང་ཨ་རྟག་རང་སྡོད་ནི་ཨིན། 4 ང་འགྱོ་སའི་ལམ་འདི་ཡང་ཁྱེད་ཀྱིས་ཤེས་ཟེར་གསུངསམ་ད། 5 ཐོ་མཱས་ཀྱིས་ཡེ་ཤུ་ལུ་ གཙོ་བོ་ལགས་ ནཱ་ག་ཏེ་འབྱོནམ་ཨིན་ན་ ང་བཅས་ཀྱིས་མི་ཤེས་ ལམ་འདི་ག་དེ་སྦེ་ང་བཅས་ཀྱིས་ཤེས་ནི་སྨོ་ཟེར་ཞུཝ་ད། 6 ཡེ་ཤུ་གིས་ཁོ་ལུ་ ལམ་འདི་ང་རང་ཨིན་ བདེན་པ་དང་ཚེ་འདི་ཡང་ང་རང་ཨིན་ ང་ལས་རྒྱུད་དེ་མ་གཏོགས་ ག་ཡང་ཡབ་ཀྱི་སྐུ་མདུན་ལུ་བཅར་མི་ཚུགས། 7 ཁྱེད་ཀྱིས་ང་ངོ་ཤེས་པ་ཅིན་ ངེ་གི་ཡབ་ཡང་ངོ་ཤེས་ ད་རེས་ལས་ཁྱེད་ཀྱིས་ཁོ་ངོ་ཤེས་ ཁྱེད་རའི་མིག་ཏོ་གིས་ཁོ་མཐོང་ཅི། 8 ཕི་ལིབ་ཀྱིས་ཁོ་ལུ་ གཙོ་བོ་ལགས་ ང་བཅས་ལུ་ཡབ་སྟོན་གནང་ ང་བཅས་ལུ་འདི་གིས་རང་བཏུབ་ཟེར་ཞུཝ་ད། 9 ཡེ་ཤུ་གིས་ དབའེ་ ཕི་ལིབ་ ད་ལྟོ་ཚུན་ཚོད་དུས་ཡུན་རིངམ་སྦེ་ ང་ཁྱེད་དང་གཅིག་ཁར་སྡོད་དེ་ཡོད་རུང་ ཁྱོད་ཀྱིས་ང་ངོ་མ་ཤེས་ག་ ག་ར་འབད་རུང་ང་མཐོང་མི་འདི་གིས་ ངེ་གི་ཡབ་ཡང་མཇལཝ་ཨིན་ ད་རུང་ང་བཅས་ལུ་ཡབ་སྟོན་གནང་ཟེར་ཁྱོད་ཀྱིས་ག་དེ་སྦེ་སླབ་སྨོ། 10 ང་ཡབ་ནང་དང་ ཡབ་ངེ་གི་ནང་བཞུགས་ཡོདཔ་ཨིན་ཟེར་ཁྱེད་ཀྱིས་དད་པ་མི་བསྐྱེད་ག་ ང་གིས་ཁྱེད་ལུ་སླབ་མི་དེ་ ང་རང་ལས་མེན་ དེ་འབདཝ་ད་ འདི་ཚུ་ག་ར་ ངེ་གི་ནང་བཞུགས་ཡོད་མི་ཡབ་ཀྱིས་ ཁོ་རའི་ཕྱག་ལཱ་ཚུ་ ང་ལས་རྒྱུད་དེ་ མཛད་གནངམ་ཨིན། 11 ང་ཡབ་ཀྱི་ནང་ན་དང་ ཡབ་ངེ་གི་ནང་བཞུགས་ཡོད་ཟེར་ང་གིས་སླབ་མི་ལུ་དད་པ་བསྐྱེད་ འདི་མེན་རུང་ ང་གིས་བཏོན་མི་ཧ་ལས་པའི་ལཱ་གི་རྟགས་མཚན་ལུ་བལྟ་སྟེ་དད་པ་སྐྱེད། 12 ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ང་ལུ་དད་པ་བསྐྱེད་མི་གིས་ ང་གིས་འབད་མི་ལཱ་ཚུ་འབད་ནི་ཨིནམ་མ་ཚད་ འདི་བ་ལྷག་པའི་ལཱ་ཚུ་ཡང་འབད་འོང་ ག་ཅི་སྨོ་ཟེར་བ་ཅིན་ ང་ཡབ་བཞུགས་སར་འགྱོ་ནི་ཨིན། 13 དེ་ལས་ཁྱེད་ཀྱིས་ ངེ་གི་མིང་ནང་ག་ཅི་རང་ཞུ་རུང་ ང་གིས་འབད་འོང་ འདི་ག་ར་ཡབ་ལུ་ སྲས་ཀྱི་ཐོག་ལས་སྦེ་ གཟི་བརྗིད་མངོན་པར་འགྱུར་ནི་གི་དོན་ལུ་ཨིན། 14 དོན་ལས་རང་ངེ་གི་མིང་ནང་ ཁྱེད་ཀྱིས་ང་ལུ་ག་ཅི་རང་དགོ་ཟེར་ཞུ་རུང་ ང་གིས་འབད་བྱིན་འོང་ཟེར་གསུངས་ནུག། 15 དེ་ལས་འཕྲོ་མཐུད་དེ་རང་ཡེ་ཤུ་གིས་ ཁྱེད་ཀྱིས་ང་ལུ་དགའ་བ་ཅིན་ངེ་གི་བཀའ་ལུ་ཉན་འོང་། 16 དེ་ལས་ང་གིས་ ཁྱེད་དང་གཅིག་ཁར་བཞུགས་མི་ བསླབ་སྟོན་པ་གཞན་གཅིག་ ཡབ་ལས་ཞུ་ནི་ཨིན་ འདི་དུས་རྟག་བུ་ར་ ཁྱེད་དང་གཅིག་ཁར་བཞུགས་འོང་། 17 བདེན་པ་སྟོན་གནང་མི་ཐུགས་ཉིད་ལུ་ འཛམ་བུ་གླིང་གི་མི་ཚུ་གིས་དགོ་མི་བཏུབ་ ག་ཅི་སྨོ་ཟེར་བ་ཅིན་ འདི་ལུ་ཁོང་གིས་མི་མཐོང་ ངོ་ཡང་མི་ཤེས་ དེ་འབདཝ་ད་ ཁྱེད་ཀྱིས་ཁོ་ལུ་ངོ་ཤེས་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ཁྱེད་དང་མཉམ་གཅིག་བཞུགས་ཡོདཔ་མ་ཚད་ ཁོ་ཁྱེད་ཀྱི་ནང་ན་བཞུགས་འོང་། 18 ང་གིས་ཁྱེད་ལུ་ ཕམ་མེད་པའི་ཨ་ལོ་བཟུམ་སྦེ་ བཀོག་མི་བཞག་ ང་ཁྱེད་སྡོད་ས་ལུ་ལོག་འོང་ནི་ཨིན། 19 དུས་ཚོད་ཨ་ཙི་ཅིག་གི་ཤུལ་ལས་ འཛམ་བུ་གླིང་གི་མི་ཚུ་གིས་ད་རུང་ང་ལུ་མི་མཐོང་ དེ་འབདཝ་ད་ ཁྱེད་ཀྱིས་ང་ལུ་མཐོང་འོང་ ག་ཅི་སྨོ་ཟེར་བ་ཅིན་ ང་ད་རུང་ཨ་རྟག་རང་གི་དོན་ལུ་གསོན་པོ་སྦེ་སྡོད་ནི་ཨིན་ དེ་ལས་ཁྱེད་ཡང་གསོན་པོ་སྦེ་སྡོད་འོང་། 20 ཨ་ནི་ཉིནམ་འདི་ནང་ ང་ངེའི་ཡབ་ནང་སྡོདཔ་ཨིནམ་དང་ ཁྱེད་ཆ་ཁྱབ་ངེའི་ནང་ དེ་ལས་ང་ཁྱེད་ནང་སྡོདཔ་ཨིན་ཟེར་ ཁྱེད་ཀྱིས་ཤེས་འོང་། 21 ངེ་གི་བཀའ་ལུ་ཉན་ཏེ་འབད་མི་དེ་གིས་ ང་ལུ་དགའཝ་ཨིན་ ང་ལུ་དགའ་མི་དེ་ལུ་ ངེ་གི་ཡབ་ཀྱིས་ཡང་ཐུགས་དགྱེསཔ་ཨིན་ དེ་ལས་ང་ཡང་ཁོ་ལུ་དགའ་སྟེ་ ཁོ་ལུ་མངོན་སུམ་སྦེ་བཏོན་ནི་ཨིན་ཟེར་ གསུངས་ནུག 22 དེ་ལས་ ཡུ་དཱས་ཟེར་ (ངོ་ལོག་རྐྱབ་མི་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་དེ་མེན་པར་) གཞན་དེ་གིས་ཡེ་ཤུ་ལུ་ གཙོ་བོ་ལགས་ ནཱ་ག་ཨིན་ན་ ང་བཅས་ལུ་མངོན་སུམ་སྦེ་བཏོན་གནང་ནི་དང་ འཛམ་བུ་གླིང་གི་མི་ཚུ་ལུ་ མི་བཏོན་ཟེར་མི་དོན་དག་ ག་ཅི་སྨོ་ཟེར་ཞུཝ་ད། 23 ཡེ་ཤུ་གིས་ཁོ་ལུ་ ང་ལུ་དགའ་མི་འདི་གིས་ངེ་གི་བཀའ་ལུ་ཉན་འོང་ དེ་ལས་ངེ་གི་ཡབ་ཀྱིས་ཁོ་ལུ་ཐུགས་དགྱེས་ཏེ་ ང་བཅས་ཁོ་སྡོད་སར་འགྱོ་ཞིནམ་ད་ ཁོ་དང་གཅིག་ཁར་སྡོད་ནི་ཨིན། 24 ང་ལུ་མ་དགའ་མི་དེ་གིས་ངེ་གི་བཀའ་ལུ་མི་ཉན་ ཁྱེད་ཀྱིས་ང་ལས་གོ་མི་བཀའ་འདི་ ངེ་གི་བཀའ་མེན་ དེ་འབདཝ་ད་ ང་ལུ་བཏང་གནང་མི་ཡབ་ཀྱི་བཀའ་ཨིན། 25 འདི་ཚུ་ག་ར་ ང་ཁྱེད་དང་གཅིག་ཁར་ཡོད་པའི་སྐབས་ལུ་རང་ སླབ་བཞགཔ་ཨིན། 26 དེ་འབདཝ་ད་ཡབ་ཀྱིས་ ངེ་གི་མིང་ནང་གཏང་ནི་འབད་མི་ བསླབ་སྟོན་པ་ དམ་པའི་ཐུགས་ཉིད་ཀྱིས་ ཁྱེད་ལུ་ ག་ར་སྟོན་གནང་ནི་ཨིནམ་མ་ཚད་ ང་གིས་ཁྱེད་ལུ་སླབ་མིའི་ལོ་རྒྱུས་ག་ར་ ཁྱེད་ཀྱི་སེམས་ཁར་དྲན་བསྐུལ་གནང་འོང་། 27 དེ་ལས་ཞི་བདེ་ཁྱེད་ཀྱི་དོན་ལུ་བྱིན་བཞག་ནི་ཨིན་ ང་རའི་ཞི་བདེ་དེ་ཁྱེད་ལུ་བྱིནམ་ཨིན་ ང་གིས་བྱིན་མི་ཞི་བདེ་འདི་ འཛམ་བུ་གླིང་གིས་བྱིན་མི་ཞི་བདེ་དང་མི་འདྲ་ དེ་འབདཝ་ལས་བརྟེན་ཏེ་ ཁྱེད་ཀྱི་སེམས་ཁར་ཚ་གྱང་ལང་སྟེ་འདྲོག་མི་དགོ། 28 ང་འགྱོ་ཞིནམ་ད་ ཁྱེད་ཡོད་སར་ད་རུང་ལོག་འོང་ནི་ཟེར་ང་གིས་སླབ་མི་འདི་ ཁྱེད་ཀྱིས་གོ་ཡི་ ཁྱེད་ཀྱིས་ང་ལུ་དགའ་བ་ཅིན་ ང་ཡབ་ཀྱི་སྐུ་མདུན་ལུ་ལོག་འགྱོཝ་ད་ ཁྱེད་དགའ་སྤྲོ་འགྱུར་འོང་ ག་ཅི་སྨོ་ཟེར་བ་ཅིན་ ང་ལས་ཡང་ངེའི་ཡབ་གོ་ས་མཐོ། 29 དེ་ཚུ་འབྱུངམ་ད་ ཁྱེད་ཀྱིས་དད་པ་བསྐྱེད་ཚུགས་ནིའི་དོན་ལུ་ མ་བྱུང་མིའི་ཧེ་མ་ལས་ ང་གིས་ཁྱེད་ལུ་སླབ་ཨིན། 30 ད་ང་ཁྱེད་ལུ་ལེ་ཤ་མི་སླབ་ ག་ཅི་སྨོ་ཟེར་བ་ཅིན་ འཛམ་བུ་གླིང་གི་མངའ་བདག་བདུད་འདི་འོང་དོ་ ཁོ་གི་ངེའི་གུ་དབང་ནིའི་དབང་ཚད་ག་ནི་ཡང་མེད། 31 ཨིན་རུང་ ང་རང་གི་ཡབ་ལུ་ང་གིས་དགའཝ་ཨིནམ་ འཛམ་བུ་གླིང་གི་མི་ཚུ་གིས་ཤེས་ནིའི་དོན་ལུ་ ཡབ་ཀྱིས་ག་གསུངས་མི་འདི་ ང་གིས་འབདཝ་ཨིན་ཟེར་གསུངས་སྦེ་ ད་ང་བཅས་ནཱ་ལས་ཡར་ལོང་འགྱོ་གེ་ཟེར་གསུངས་ནུག།
1 དེ་ལས་ད་རུང་ཡེ་ཤུ་གིས་ ད་རྒུན་འབྲུམ་ཤིང་ངོ་མ་དེ་ང་ཨིན་ རྒུན་འབྲུམ་ལྡུམ་ར་གི་ཞིང་པ་འདི་ ངེ་གི་ཡབ་ཨིན། 2 ཁོ་གིས་ ང་དང་མཐུད་དེ་ཡོད་མི་ཞལ་ལག་ འབྲས་བུ་མ་བཏག་པར་སྡོད་མི་ག་ར་ ཁོ་གིས་བཏོག་བཀོཝ་ཨིན་ དེ་ལས་ངེའི་ནང་འབྲས་བུ་བཏག་མི་ཞལ་ལག་དེ་ཚུ་ ཧེ་མ་ལས་ཡང་དྲགཔ་སྦེ་ དོག་མ་བཏག་བཅུག་ནིའི་དོན་ལུ་ སྤྱི་ཏོག་གཡམ་སྟེ་བཞགཔ་ཨིན། 3 འདི་བཟུམ་སྦེ་རང་ ང་གིས་ཁྱེད་ལུ་སླབ་མི་བློ་ཚུ་གིས་ ཁྱེད་ལུ་གཙངམ་བཟོ་ཚར་ཡི། 4 ངེའི་ནང་གནས་ཏེ་སྡོད་ དེ་ལས་ང་ཡང་ཁྱེད་ཀྱི་ནང་རང་སྡོད་ནི་ཨིན་ རྒུན་འབྲུམ་ཤིང་གི་ཞལ་ལག་འདི་ཤིང་དང་མཐུད་དེ་མེད་པ་ཅིན་ ཞལ་ལག་རྐྱངམ་གཅིག་གིས་དོག་མ་བཏག་མི་ཚུགས་ འདི་བཟུམ་སྦེ་ ཁྱེད་ཡང་ངེ་གི་ནང་མེད་པ་ཅིན་ དོག་མ་བཏག་མི་ཚུགས། 5 རྒུན་འབྲུམ་ཤིང་འདི་ ང་རང་ཨིན་ ཁྱེད་ཆ་ཁྱབ་རྒུན་འབྲུམ་ཤིང་གི་ཞལ་ལག་ཨིན་ ག་ར་འབད་རུང་ ངེའི་ནང་སྡོད་པ་ཅིན་ ང་ཡང་འདི་ནང་སྡོད་ནི་ཨིན་ དེ་ལས་ངེའི་ནང་སྡོད་མི་འདི་གིས་ འབྲས་བུ་ལེ་ཤ་བཏག་འོང་ ག་ཅི་སྨོ་ཟེར་བ་ཅིན་ ང་དང་གཅིག་ཁར་མཐུད་དེ་མ་སྡོད་པ་ཅིན་ ཁྱེད་ཀྱིས་ག་ནི་ཡང་འབད་མི་ཚུགས། 6 མི་ག་ར་འབད་རུང་ ངེའི་ནང་མ་སྡོད་པ་ཅིན་ ཤིང་གི་ཞལ་ལག་བཏོགས་བཀོག་ཞིནམ་ད་ སྐམ་འགྱོ་མི་བཟུམ་གཅིག་ཨིན་ ཤིང་གི་ཞལ་ལག་སྐམ་སོང་མི་འདི་ལུ་འཐུ་སྟེ་ མེ་ནང་བཙུགས་ཏེ་མེ་བཏང་བཀོཝ་ཨིན། 7 དེ་འབདཝ་ད་ ཁྱེད་ངེ་གི་ནང་རང་སྡོད་དེ་ ང་གིས་སྟོན་མི་ཚུ་ཁྱེད་ཀྱི་སེམས་ཁར་བཞག་སྟེ་ ཁྱེད་ལུ་ག་དགོ་མནོ་མི་དེ་ཞུ་བ་ཅིན་ ཁྱེད་ཀྱི་དོན་ལུ་མཛད་གནང་འོང་། 8 ཁྱེད་ཀྱིས་དོག་མ་ལེ་ཤ་བཏགས་ཏེ་ ངེ་གི་སློབ་མ་ཨིན་པའི་བདེན་ཁུངས་བཀལ་བ་ཅིན་ ངེ་གི་ཡབ་གཟི་བརྗིད་མངོན་པར་འགྱུར་ནི་ཨིན། 9 ངེའི་ཡབ་ཀྱིས་ང་ལུ་ཐུགས་ཀྱི་བརྩེ་བ་གཟིགས་དོཝ་བཟུམ་སྦེ་ ང་གིས་ཁྱེད་ལུ་དགའ་ནི་ཨིན་ ད་ཁྱེད་ཆ་ཁྱབ་ངེ་གི་བརྩེ་བ་ནང་རང་སྡོད། 10 ང་གིས་ངེ་གི་ཡབ་ཀྱི་བཀའ་ལུ་ཉན་ཏེ་ ཁོ་གི་ཐུགས་བརྩེ་བ་ནང་སྡོད་དོཝ་བཟུམ་སྦེ་ ཁྱེད་ཡང་ངེ་གི་བཀའ་ལུ་ཉན་ཏེ་འབད་བ་ཅིན་ ངེ་གི་བརྩེ་བ་ནང་སྡོད་ནི་ཨིན། 11 ངེའི་ནང་ཡོད་མི་དགའ་སྤྲོ་ ཁྱེད་ཀྱིས་ཡང་ཐོབ་སྟེ་ ཁྱེད་ཀྱི་སེམས་ནང་དགའ་སྤྲོ་གིས་གང་བཅུག་ནིའི་དོན་ལུ་ ང་གིས་ཨ་ནི་ལོ་རྒྱུས་ཚུ་ཁྱེད་ལུ་སླབ་ཨིན། 12 ངེ་གི་བཀའ་འདི་ ཨ་ནི་ཨིན་ ང་གིས་ཁྱེད་ལུ་བྱམས་པ་འབད་དོཝ་བཟུམ་སྦེ་ ཁྱེད་ཡང་གཅིག་གིས་གཅིག་ལུ་བྱམས་པ་འབད། 13 རང་གི་ལྟོ་ཚང་གི་དོན་ལུ་ རང་གི་སྲོག་བློས་བཏང་ནི་ལས་ བྱམས་པ་སྦོམ་གཞན་ཡོད་རང་མེད། 14 ང་གིས་ག་ཅི་བསྐུལ་མི་འདི་ཉན་ཏེ་འབད་བ་ཅིན་ ཁྱེད་ངེ་གི་ལྟོ་ཚང་ཨིན། 15 ད་རིས་ལས་འགོ་བཟུང་སྟེ་ ང་གིས་ཁྱེད་ལུ་གཡོགཔོ་སྦེ་མི་བརྩི་ ག་ཅི་སྨོ་ཟེར་བ་ཅིན་ ཇོ་བདག་གིས་ ག་ཅི་འབད་མི་འདི་གཡོགཔོ་གིས་མི་ཤེས་ དེ་འབདཝ་ད་ ངེ་གི་ཡབ་ལས་གོ་མི་ག་ར་ཁྱེད་ལུ་བཤད་སླབ་ཨིནམ་ལས་ ཁྱེད་ཆ་ཁྱབ་ལུ་ངེ་གི་ལྟོ་ཚང་སྦེ་རྩིཝ་ཨིན། 16 ཁྱེད་ཀྱིས་ང་ལུ་བཙག་འཐུ་མ་འབད་ དེ་འབདཝ་ད་ ཁྱེད་ཆ་ཁྱབ་འགྱོ་སྟེ་ དུས་རྟག་བུ་འབྲས་བུ་བཏག་བཅུག་ནིའི་དོན་ལུ་ ང་གིས་ཁྱེད་ལུ་བཙག་འཐུ་འབད་དེ་ འགན་ཁུར་སྐྱེལ་ཡི་ དེ་འབདཝ་ལས་ ཁྱེད་ཀྱིས་ངེ་གི་མིང་ནང་ཡབ་ལས་ག་ཅི་རང་ཞུ་རུང་ འདི་ཁྱེད་ལུ་གནང་འོང་། 17 དེ་ལས་ གཅིག་གིས་གཅིག་ལུ་བྱམས་པ་འབད་ཟེར་ ང་གིས་ཁྱེད་ལུ་བཀའ་བྱིན་དོ་ཟེར་གསུངས་ནུག། 18 དེ་ལས་ད་རུང་ཡེ་ཤུ་གིས་ཁོང་ལུ་ འཛམ་གླིང་གི་མི་ཚུ་གིས་ཁྱེད་ལུ་ མ་དགའཝ་བསྐྱེད་པ་ཅིན་ ཁོང་གིས་ཧེ་མ་ལས་ ང་ལུ་མ་དགའཝ་བསྐྱེད་ཚར་ཡི་ཟེར་ཁྱེད་ཀྱིས་ཤེས་དགོ། 19 ཁྱེད་འཛམ་བུ་གླིང་གི་ཨིན་པ་ཅིན་ ཁོང་རའི་མི་བཟུམ་སྦེ་ཁྱེད་ཆ་ཁྱབ་ལུ་ཡང་དགའ་འོང་ དེ་འབདཝ་ད་ ང་གིས་ཁྱེད་ལུ་འཛམ་གླིང་ནང་ལས་བཙག་འཐུ་འབད་དེ་ ཁྱེད་འཛམ་བུ་གླིང་གི་མེན་ནི་འདི་གིས་ ཁོང་གིས་ཁྱེད་ལུ་ཡང་མི་དགའ། 20 ཧེ་མ་ང་གིས་ཁྱེད་ལུ་སླབ་མིའི་བློ་དེ་ ཁྱེད་ཀྱིས་སེམས་ཁར་དྲན་དགོ་ གཡོགཔོ་དེ་སྦྱིན་བདག་ལས་མི་མཐོ་ ཁོང་གིས་ང་ལུ་གནོད་པ་བཀལ་བ་ཅིན་ ཁྱེད་ལུ་ཡང་གནོད་པ་བཀལ་འོང་ ཁོང་གིས་ངེའི་བློ་ལུ་ཉན་པ་ཅིན་ ཁྱེད་ལུ་ཡང་ཉན་འོང་། 21 ཨིན་རུང་ ཁོང་གིས་ང་ལུ་བཏང་མི་དེ་ལུ་ངོ་མ་ཤེས་པ་ལས་བརྟེན་ ངེ་གི་མིང་གི་ཐོག་ལས་སྦེ་ ཁོང་གིས་དེ་ཚུ་ག་ར་ཁྱེད་ལུ་འབད་འོང་། 22 ང་འོངས་ཏེ་ཁོང་ལུ་མ་སླབ་པ་ཅིན་ ཁོང་ལུ་སྡིག་པའི་ཉེས་པ་ཡོདཔ་སྦེ་མ་བརྩི་འོང་ ད་ཁོང་རའི་སྡིག་པའི་བཤགས་ཐབས་ག་ནི་ཡང་མིན་འདུག 23 ང་ལུ་མ་དགའཝ་བསྐྱེད་མི་གིས་ ངེ་གི་ཡབ་ལུ་ཡང་མ་དགའཝ་བསྐྱེདཔ་ཨིན། 24 མི་ག་གིས་ཡང་འབད་མ་ཚུགས་པའི་ལཱ་ཚུ་ ང་གིས་ཁོང་གི་སྦུག་ལུ་མ་འབད་བ་ཅིན་ ཁོང་ལུ་སྡིག་པའི་ཉེས་པ་ཡང་མ་ཕོགཔ་འོང་ དེ་འབདཝ་ད་ ང་གིས་འབད་མི་ལཱ་ཚུ་ ཁོང་གིས་མཐོང་སྟེ་འབད་རུང་ ང་ལུ་མ་དགའཝ་བསྐྱེདཔ་མ་ཚད་ ངེ་གི་ཡབ་ལུ་ཡང་ཁོང་གིས་མ་དགའཝ་བསྐྱེདཔ་ཨིན། 25 དེ་འབདཝ་ད་ ཁོང་རའི་བཀའ་ཁྲིམས་ནང་ལུ་ཡང་ ཁོང་གིས་ང་ལུ་དོན་དག་ག་ནི་ཡང་མེད་པར་མ་དགའཝ་སྐྱེདཔ་མས་ ཟེར་བྲིས་ཏེ་ཡོད་མི་བཀའ་ཁྲིམས་དེ་ ག་ར་གྲུབ་ནི་སྦེ་ཨིན་མས། 26 ང་གིས་ཡབ་བཞུགས་ས་ལས་ ཁྱེད་སྡོད་ས་ལུ་བསླབ་སྟོན་པ་གཏང་ནི་ཨིན་ བདེན་པ་མངོན་པར་མཛད་མི་ཐུགས་ཉིད་འདི་ཨིན་ ཁོ་གིས་ངེ་གི་སྐོར་ལས་འཛོམ་དཔང་གསུངས་གནང་འོང་། 27 དེ་ལས་ཁྱེད་ཆ་ཁྱབ་ཀྱིས་ཡང་ ངེ་གི་སྐོར་ལས་འཛོམ་དཔང་བཤད་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཆ་ཁྱབ་འགོ་དང་པ་ལས་རང་ ང་དང་གཅིག་ཁར་སྡོད་ཡོདཔ་ཨིན་ཟེར་གསུངས་ནུག
1 དེ་ལས་ཁྱེད་ཆ་ཁྱབ་དད་པ་མ་ལོག་ནིའི་དོན་ལུ་ ང་གིས་འདི་ཚུ་ག་ར་ཁྱེད་ལུ་བཤད་སླབ་ཨིན། 2 ཁོང་གིས་ཁྱེད་ཆ་ཁྱབ་ལུ་ སི་ན་གོག་ནང་ལས་ ཕྱི་བཏོན་གཏང་འོང་ མ་གཞི་ ཁྱེད་ལུ་བསད་མི་གིས་ དཀོན་མཆོག་ལུ་ཞབས་ཏོག་ཕུལཝ་ཨིན་ཟེར་མནོ་བའི་དུས་སྐབས་གཅིག་འོང་དོ། 3 ཁོང་གིས་ངེའི་ཡབ་དང་ང་ལུ་ ངོ་མ་ཤེས་པར་འབད་ནི་འདི་གིས་ འདི་བཟུམ་གྱི་ལཱ་ཚུ་འབད་འོང་། 4 དེ་འབདཝ་ད་ དུས་ཚོད་དེ་འོངམ་ད་ ང་གིས་ཁྱེད་ལུ་ག་ཅི་སླབ་ཅི་ག་ འདི་ཚུ་ག་ར་ཁྱེད་ཀྱི་སེམས་ཁར་དྲན་ཚུགས་པའི་དོན་ལུ་ ད་ལྟོ་ལས་སླབ་བྱིནམ་ཨིན།། དེ་ལས་འཕྲོ་མཐུད་དེ་རང་ཡེ་ཤུ་གིས་ ཧེ་མ་ང་ཁྱེད་དང་གཅིག་ཁར་ཡོད་ནི་འདི་གིས་ འདི་ཚུ་གི་སྐོར་ལས་ ང་གིས་མ་སླབ། 5 ད་ང་ལུ་གཏང་གནང་མི་ཁོ་གི་སྐུ་མདུན་ལུ་ལོག་འགྱོ་ནི་ ཨིན་རུང་ ཁྱོད་ག་ཏེ་འགྱོ་ནི་སྨོ་ཟེར་ ཁྱེད་ག་གིས་ཡང་ང་ལུ་དྲི་བ་དྲིས་ནི་མིན་འདུག 6 དེ་སྦེ་ཨིན་རུང་ ང་གིས་འདི་ཚུ་ག་ར་ཁྱེད་ལུ་སླབ་ནི་དེ་གིས་ ཁྱེད་ཀྱི་སེམས་ མྱ་ངན་གྱིས་གང་སོང་ནུག 7 དེ་འབདཝ་ད་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་དོ་ ཁྱེད་ལུ་ཕན་ཐོགས་ནིའི་དོན་ལུ་ ང་འགྱོཝ་ཨིན་ ང་མ་འགྱོ་བ་ཅིན་ བསླབ་སྟོན་པ་དེ་ ཁྱེད་ནང་མི་འབྱོན་ དེ་འབདཝ་ད་ ང་འགྱོ་བ་ཅིན་ ང་གིས་ཁོ་ལུ་ཁྱེད་ཡོད་སར་གཏང་ནི་ཨིན། 8 དེ་ལས་ཁོ་འཛམ་གླིང་ནང་འབྱོནམ་ད་ མི་ཚུ་གིས་འབད་མིའི་སྡིག་པ་ཕྱི་ཁར་གསལ་ཏོག་ཏོ་སྦེ་བཏོན་ནི་དང་ རྣམ་པར་དག་ཏོག་ཏོ་བཟོ་ནི་ དེ་ལས་མ་འོང་པ་ནང་ འོང་ནི་འབད་མིའི་ཆདཔ་ཚུ་ ཕྱི་ཁར་བཏོན་གནང་འོང་། 9 སྡིག་པ་གི་སྐོར་ལས་སླབ་ད་ ང་ལུ་དད་པ་མ་བསྐྱེད་པའི་ཁུངས་ལས་བརྟེན་ཏེ་ཨིན། 10 རྣམ་པར་དག་པའི་སྐོར་ལས་སླབ་ད་ ད་ང་ཁྱེད་ཀྱི་མ་མཐོང་སར་ ཡབ་ཀྱི་སྐུ་མདུན་ལུ་འགྱོ་བའི་ཁུངས་ལས་བརྟེན་ཏེ་ཨིན། 11 མ་འོང་པའི་ཆདཔ་འདི་གི་སྐོར་ལས་སླབ་ད་ འཛམ་བུ་གླིང་གི་མངའ་བདག་བདུད་དེ་ལུ་ ཆདཔ་ཕོག་ཚར་ཡི་ཟེར་བའི་ཁུངས་ལས་བརྟེན་ཏེ་ཨིན། 12 ད་རུང་ང་གིས་ཁྱེད་ལུ་སླབ་ནི་ལེ་ཤ་ཡོད་ དེ་འབདཝ་ད་ ད་ལྟོ་ཁྱེད་ཀྱིས་བཟོད་མི་ཚུགསཔ་འོང་། 13 དེ་འབདཝ་ད་ བདེན་པ་མངོན་པར་མཛད་མི་ཐུགས་ཉིད་དེ་འབྱོནམ་ད་ ཁོ་གིས་བདེན་པའི་སྐོར་ལས་ ག་ར་ཁྱེད་ལུ་སྟོན་གནང་འོང་ ཁོ་གིས་རང་གི་ནང་ན་ལས་མེན་པར་ ཁོ་གིས་གོ་མི་དེ་རྐྱངམ་གཅིག་གསུངསམ་ཨིན་ དེ་ལས་མ་འོང་པའི་དུས་ལུ་ག་ཅི་འབྱུང་ནི་ཨིན་ན་ འདི་གི་སྐོར་ལས་ཁྱེད་ལུ་གསུང་འོང་། 14 ཁོ་གིས་ང་ལུ་གཟི་བརྗིད་ཅན་དང་ལྡན་པར་མཛད་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་ནང་ག་ཡོད་མི་འདི་ ང་ལས་ལེན་ཏེ་ ཁྱེད་ཆ་ཁྱབ་ལུ་སྟོན་གནང་འོང་། 15 ཡབ་ནང་ག་ཡོད་མི་འདི་ངེ་གི་ཨིན་ དེ་འབདཝ་ལས་བརྟེན་ཏེ་ ང་ལུ་ག་ཡོད་མི་དེ་ ཐུགས་ཉིད་ཀྱིས་ང་ལས་ལེན་ཏེ་ ཁྱེད་ཆ་ཁྱབ་ལུ་གནང་འོང་ཟེར་ང་གིས་སླབ་ཅི་ཟེར་གསུངས་ནུག། 16 ད་རུང་ཡེ་ཤུ་གིས་ ད་ཨ་ཙི་ཅིག་གི་ཤུལ་ལས་ ཁྱེད་ཀྱིས་ང་མི་མཐོང་ དེ་ལས་ད་རུང་ ཨ་ཙི་ཅིག་གི་ཤུལ་ལས་ ཁྱེད་ཀྱིས་ང་ལུ་མཐོང་འོང་ཟེར་གསུངསམ་ད། 17 ཁོ་གི་སློབ་མ་ལ་ལུ་གིས་ ཁོང་རང་གཅིག་གིས་གཅིག་ལུ་ ཁོ་གིས་ཨ་ཙི་ཅིག་གི་ཤུལ་ལས་ ཁྱེད་ཀྱིས་ང་མི་མཐོང་ དེ་ལས་ད་རུང་ཨ་ཙི་ཅིག་གི་ཤུལ་ལས་ ཁྱེད་ཀྱིས་ང་ལུ་མཐོང་འོང་ ད་རུང་ང་ཡབ་ཀྱི་སྐུ་མདུན་ལུ་འགྱོ་དོ་ཟེར་གསུངས་མིའི་དོན་དག་དེ་ ག་ཅི་ཨིན་ན་ཟེར་སླབ་ནུག 18 ཁོ་གིས་ཨ་ཙི་ཅིག་གི་ཤུལ་ལས་ཟེར་ གསུངས་མིའི་དོན་དག་དེ་ ག་ཅི་ཨིནམ་སྨོ་ ཁོ་གིས་ག་ཅི་གསུངསམ་ཨིན་ན་ ང་བཅས་ཀྱིས་མ་ཤེས་ཟེར་ཁོང་རང་སླབ་ད། 19 ཁོང་གིས་དེ་གི་སྐོར་ལས་ དྲི་བ་ཁོ་ལུ་དྲིས་ནི་གི་རེ་བ་ཡོདཔ་མཁྱེན་ཏེ་ ཡེ་ཤུ་གིས་ཁོང་ལུ་ ཨ་ཙི་ཅིག་གི་ཤུལ་ལས་ཁྱེད་ཀྱིས་ང་མི་མཐོང་ ཨ་ཙི་ཅིག་གི་ཤུལ་ལས་ ད་རུང་ཁྱེད་ཀྱིས་ང་ལུ་མཐོང་འོང་ཟེར་ ང་གིས་སླབ་མི་འདི་ག་ཅི་ཨིན་ན་ ཁྱེད་རང་ཕར་དང་ཚུར་དྲི་བ་འདྲིཝ་ཨིན་མས། 20 དོན་ལས་རང་ང་གིས་སླབ་ཨིན་ ཁྱེད་ཆ་ཁྱབ་མྱ་ངན་འབད་དེ་ སྔུ་སྡོདཔ་ད་འཛམ་གླིང་གི་མི་ཚུ་དགའ་སྤྲོ་འགྱུར་འོང་ ཁྱེད་སེམས་སྐྱོ་སྟེ་སྡུག་བསྔལ་མྱོང་རུང་ ཤུལ་ལས་ཁྱེད་ཀྱི་སྡུག་བསྔལ་དེ་དགའ་སྤྲོ་ལུ་འགྱུར་འོང་། 21 ཨ་ལོ་སྐྱེ་རན་པའི་དུས་སྐབས་འོངམ་ད་ ཨམ་སྲུ་ལུ་ན་ཟུག་གི་སྡུག་བསྔལ་མྱོངམ་ཨིན་ དེ་འབདཝ་ད་ ཨ་ལོ་སྐྱེ་ཚརཝ་ད་ འཛམ་བུ་གླིང་ནང་ཨ་ལོ་གཅིག་སྐྱེས་ཡི་ཟེར་དགའ་ཚོར་གྱིས་ མོ་རང་གི་ན་ཟུག་ཡང་བརྗེད་འགྱོ་འོང་། 22 འདི་བཟུམ་སྦེ་ད་ལྟོ་ཁྱེད་ལུ་ སྡུག་བསྔལ་འདི་ཚུ་འབྱུང་ནི་ཨིན་ དེ་འབདཝ་ད་ ད་རུང་ ང་ཁྱེད་དང་འཕྱདཔ་ད་ ཁྱེད་དགའ་ཚོར་ཐོབ་ནི་ཨིན་ ཁྱེད་ཀྱི་དགའ་ཚོར་དེ་ མི་ག་གིས་ཡང་ཁྱེད་ལས་འཕྱོག་འབག་མི་ཚུགས། 23 འདི་ཉིན་མ་ ཁྱེད་ཀྱིས་ང་ལུ་དྲི་བ་ག་ཅི་ཡང་མི་འདྲི་ ང་གིས་ཁྱེད་ལུ་དོན་ལས་རང་སླབ་ཨིན་ ཁྱེད་ཀྱིས་ངེ་གི་མིང་ནང་ཡབ་ལུ་ག་ཅི་རང་ཞུ་རུང་ ཁོ་གིས་ཁྱེད་ལུ་གནང་འོང་། 24 ད་ལྟོ་ཚུན་ཚོད་ ཁྱེད་ཀྱིས་ངེ་གི་མིང་ནང་ག་ཅི་ཡང་མ་ཞུ་ ད་རེས་ལས་ཞུ་དགོ་ དེ་ལས་ཁྱེད་ཀྱིས་ཐོབ་པའི་བསྒང་ལས་ ཁྱེད་ཀྱིས་དགའ་ཚོར་ཡོངས་སུ་ཐོབ་ནི་ཨིན། 25 དེ་ཚུ་ག་ར་ང་གིས་ཁྱེད་ལུ་དཔེ་སྦེ་སླབ་ཨིན་ དེ་འབདཝ་ད་ དུས་གཅིག་འོང་དོ་ འདི་བསྒང་ལུ་ང་གིས་ཁྱེད་ལུ་དཔེ་གཏམ་ལུ་འགྱུར་ཏེ་མེན་པར་ ཡབ་ཀྱི་སྐོར་ལས་གསལ་ཏོག་ཏོ་སྦེ་ང་གིས་ཁྱེད་ལུ་སྟོན་འོང་། 26 ཨ་ནི་ཉིནམ་ནང་ཁྱེད་ཀྱིས་ ངེ་གི་མིང་ནང་ཞུ་ནི་ཨིན་ འདིའི་སྐབས་ལུ་ང་གིས་ཁྱེད་ཀྱི་དོན་ལུ་ཡབ་ལུ་ཞུ་མི་དགོ། 27 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་ང་ལུ་བརྩེ་བ་བསྐྱེད་དེ་ ང་ཡབ་དཀོན་མཆོག་ལས་ཨིན་ཟེར་ཁྱེད་ཀྱིས་དད་པ་བསྐྱེད་ཅི་ འདི་གིས་འབད་ ཡབ་ཁོ་རང་གིས་ཁྱེད་ལུ་བྱམས་པ་མཛདཔ་ཨིན། 28 ང་ཡབ་ལས་འཛམ་བུ་གླིང་ནང་འོངས་ཡི་ ད་རུང་ང་ འཛམ་བུ་གླིང་བཞག་སྦེ་ ཡབ་ཀྱི་སྐུ་མདུན་ལུ་ལོག་འགྱོ་དོ་ཟེར་གསུངསམ་ད། 29 ཁོ་རང་གི་སློབ་མ་ཚུ་གིས་ཁོ་ལུ་ ད་ནཱ་གིས་དཔེ་གཏམ་སྦེ་མེན་པར་ གསལ་ཏོག་ཏོ་སྦེ་གསུངས་ཡི། 30 ང་བཅས་ཀྱིས་ནཱ་ལུ་མ་ཞུཝ་ལས་ ང་བཅས་ཀྱི་སེམས་ནང་ག་ཅི་ཡོདཔ་ཨིན་ན་ ང་བཅས་ཀྱིས་ནཱ་ལུ་དྲི་བ་འདྲི་མ་དགོཔ་སྦེ་ ག་ར་ ནཱ་གིས་མཁྱེནམ་ ད་ང་བཅས་ཀྱིས་ཤེས་ཅི་ དེ་གིས་འབད་ ནཱ་དཀོན་མཆོག་གི་སྐུ་མདུན་ལས་བྱོན་ཡི་ཟེར་ང་བཅས་དད་པ་བསྐྱེད་ནི་ཟེར་ཞུ་ནུག 31 དེ་ལས་ཡེ་ཤུ་གིས་ཁོང་ལུ་ ད་ཁྱེད་ཀྱིས་དད་པ་བསྐྱེདཔ་ཨིན་ན། 32 བལྟ་ཞིག་ ཁྱེད་ཆ་ཁྱབ་ཁ་གཏོར་འགྱོ་སྟེ་ ང་གཅིག་བཀོག་བཞག་སྦེ་ རང་རང་སོའི་ས་གནས་ལུ་ལོག་འགྱོ་བའི་དུས་ཚོད་གཅིག་འོང་དོ་ དུས་ཚོད་དེ་ད་ལྟོ་རང་ཨིན་ ཨིན་རུང་ ང་རང་རྐྱངམ་གཅིག་ལུས་ནི་མེན་ ཡབ་ང་དང་མཉམ་བཞུགས་ཏེ་ཡོད། 33 ཁྱེད་ཆ་ཁྱབ་ང་ལས་བརྟེན་ཏེ་ ཞི་བདེ་ཐོབ་ནིའི་དོན་ལུ་ ང་གིས་ཁྱེད་ལུ་འདི་སླབ་ཨིན་ འཛམ་བུ་གླིང་ནང་ཁྱེད་ཆ་ཁྱབ་སྡུག་བསྔལ་མྱོང་དགོ་ ཨིན་རུང་སེམས་མ་ཕམ་ ག་ཅི་སྨོ་ཟེར་བ་ཅིན་ ང་གིས་འཛམ་བུ་གླིང་ལས་ རྒྱལ་ཁ་ཐོབ་ཚར་ཡི་ཟེར་གསུངས་ནུག།
1 དེ་ལས་ཡེ་ཤུ་གིས་དེ་ཚུ་ག་ར་གསུངས་ཚརཝ་ད་ སྤྱན་ཡར་ཞིང་ཁམས་ལུ་གཟིགས་ཏེ་ སྨོན་ལམ་དེ་སྦེ་ཞུ་ནུག་ ཡབ་ལགས་ དུས་ཚོད་རན་ཆི་ཡི་ ང་གིས་ཡབ་ནཱ་གི་གཟི་བརྗིད་འདི་ཕྱི་ཁར་བཏོན་ནི་གི་དོན་ལུ་ བུ་ང་ལུ་ཡང་ གཟི་བརྗིད་དང་ལྡནམ་སྦེ་མཛད་གནང་། 2 ག་ཅི་སྨོ་ཟེར་བ་ཅིན་ ནཱ་གིས་ང་ལུ་གནང་མིའི་མི་ཚུ་ལུ་ ཚེ་མཐའ་མེདཔ་བྱིན་ནི་གི་དོན་ལུ་ ནཱ་གིས་མི་ག་ར་ངེ་གི་དབང་ཚད་ནང་གནང་ཡི། 3 མི་དེ་ཚུ་གིས་ ནཱ་རྐྱངམ་གཅིག་བདེན་པའི་དཀོན་མཆོག་ཨིན་ཟེར་ ངོ་ཤེས་ནི་དང་ ནཱ་གིས་གཏང་གནང་མིའི་ཡེ་ཤུ་ཁིརཱིས་ལུ་ ངོ་ཤེས་ནི་དེ་ ཚེ་མཐའ་མེདཔ་དེ་ཨིན། 4 ནཱ་གིས་ང་ལུ་བཅོལ་གནང་མིའི་ཕྱག་ལཱ་ ག་ར་སྒྲུབ་ཚརཝ་ལས་ ནཱ་གི་གཟི་བརྗིད་འདི་ཡང་ ང་གིས་འཇིག་རྟེན་ནང་ཕྱི་ཁར་བཏོན་བྱིན་ཡི། 5 ཡབ་ལགས་ འཇིག་རྟེན་མ་བཀོད་པའི་ཧེ་མ་ ང་ནཱ་དང་མཉམ་ཡོད་པའི་གཟི་བརྗིད་དེ་ ད་རུང་ཡང་ལོག་སྟེ་ ནཱ་གི་སྐུ་མདུན་ལུ་ང་ལུ་གཟི་བརྗིད་དང་ལྡནམ་སྦེ་མཛད་གནང་།། 6 ནཱ་གིས་འཛམ་བུ་གླིང་ནང་ལས་ ང་ལུ་གནང་མིའི་མི་ཚུ་ལུ་ ང་གིས་ནཱ་གི་མཚན་མངོན་སུམ་སྦེ་སྟོན་བྱིན་ཚར་ཡི་ ཁོང་ཧེ་མ་ནཱ་གི་ཨིན་ ཁོང་ནཱ་གིས་ང་ལུ་གནང་སྟེ་ ཁོང་གིས་ནཱ་གི་བཀའ་ལུ་ཉན་ཏེ་སྡོད་ཡོདཔ་ཨིན། 7 ད་ནཱ་གིས་ང་ལུ་གནང་མི་ག་ར་ ཡབ་ཁྱོད་ལས་རང་འབྱུང་འོངས་ཡི་ཟེར་ཁོང་གིས་ཤེས་ཅི། 8 ག་ཅི་སྨོ་ཟེར་བ་ཅིན་ ནཱ་གིས་ང་ལུ་གནང་མི་བཀའ་དེ་ ང་གིས་ཁོང་ལུ་སྟོནམ་ད་ ཁོང་གིས་ཁས་ལེན་འབད་ཡི་ ང་ནཱ་ཡོད་ས་ལས་འོངམ་ཨིནམ་ ཁོང་གིས་ཐད་རི་བ་རི་ཤེསཔ་མ་ཚད་ ནཱ་གིས་ང་ལུ་བཏང་གནང་གནངམ་ཨིན་ཟེར་ ཁོང་གིས་དད་པ་བསྐྱེད་དེ་ཡོད། 9 ང་གིས་ཁོང་གི་དོན་ལུ་སྨོན་ལམ་བཏབ་ཨིན་ ང་གིས་འཛམ་བུ་གླིང་གི་མི་ག་ར་གི་དོན་ལུ་སྨོན་ལམ་བཏབ་མེན་པར་ ནཱ་གིས་ང་ལུ་གནང་མིའི་མི་ཚུ་གི་དོན་ལུ་སྨོན་ལམ་བཏབ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་ནཱ་གི་ཨིན། 10 དོན་ལས་རང་ ང་ལུ་ཡོད་མི་དེ་ ག་ར་ནཱ་གི་ཨིན་ དེ་ལས་ནཱ་ལུ་ཡོད་མི་དེ་ ག་ར་ངེ་གི་ཨིན་ ད་ང་གིས་ང་རའི་གཟི་བརྗིད་ཁོང་གི་ཚེ་ནང་མཐོང་ཚུགསཔ་བཟོ་ཡི། 11 ད་ང་འཛམ་བུ་གླིང་ནང་མི་སྡོད་ ཁོང་ཆ་ཁྱབ་འཛམ་བུ་གླིང་ནང་བཞག་སྟེ་ ང་ནཱ་གི་སྐུ་མདུན་ལུ་བཅར་དོ་ དམ་པའི་ཡབ་ལགས་ ནཱ་གིས་ང་ལུ་གནང་མི་ཚུ་ ནཱ་གི་མཚན་གྱི་ཐོག་ལས་སྦེ་ཁོང་ལུ་སྲུང་སྐྱོབ་མཛད་གནང་ དེ་ལས་ང་དང་ནཱ་གཅིག་ཨིན་དོཝ་བཟུམ་སྦེ་ ཁོང་ཡང་གཅིག་སྦེ་མཐུན་ཚུགསཔ་མཛད་གནང་། 12 དེ་ལས་ང་ཁོང་དང་གཅིག་ཁར་སྡོད་པའི་བར་དུ་ ནཱ་གིས་ང་ལུ་གནང་མིའི་མཚན་གྱི་དབང་ཤུགས་ནང་ མ་འབྱང་པར་བདག་འཛིན་འཐབ་སྟེ་བཞག་ཅི་ དེ་ལས་གསུང་རབ་ནང་གསུངས་ཡོད་མི་འདི་གྲུབ་ནིའི་དོན་ལུ་ ཁོང་གི་གྲལ་ཁ་ལས་བརླག་སྟོར་ཤོར་བའི་བུ་གཅིག་མ་གཏོགས་ གཞན་གཅིག་ཡང་མ་འབྱང་པར་ཡོད། 13 ད་ང་ནཱ་གི་སྐུ་མདུན་ལུ་ལོག་འོང་དོ་ ངེ་གི་དགའ་ཚོར་དེ་ཁོང་ནང་ལུ་ལྟེམ་ལྟེ་སྦེ་གང་བཅུག་ཟེར་མནོ་སྟེ་ ང་འཛམ་གླིང་ནང་ཡོད་པའི་བསྒང་ལས་ཨ་ནི་དེ་ཚུ་ག་ར་ཁོང་ལུ་སླབ་དོ། 14 ང་གིས་ཁོང་ལུ་ནཱ་གི་བཀའ་བཤད་དེ་བྱིན་ཡི་ དེ་འབདཝ་ད་ འཛམ་གླིང་གི་མི་ཚུ་གིས་ཁོང་ལུ་དགའ་མ་བཏུབ་ ག་ཅི་སྨོ་ཟེར་བ་ཅིན་ ང་འཛམ་བུ་གླིང་གི་མེན་དོཝ་བཟུམ་སྦེ་ ཁོང་ཡང་འཛམ་བུ་གླིང་གི་མེན། 15 ཁོང་ལུ་འཛམ་གླིང་ནང་ལས་ཡར་བསྣམས་བྱོན་ཟེར་ ནཱ་ལུ་ང་སྨོན་ལམ་བཏབ་མེན་ དེ་འབདཝ་ད་ བདུད་ངན་པ་ སེ་ཏཱན་ལས་ ཁོང་ལུ་སྐྱབས་མཛད་གནང་ཟེར་ཞུཝ་ཨིན། 16 ང་འཛམ་གླིང་གི་མེན་དོཝ་བཟུམ་སྦེ་ ཁོང་ཆ་ཁྱབ་ཡང་འཛམ་བུ་གླིང་གི་མེན། 17 བདེན་པ་གིས་ཁོང་ལུ་དམ་པ་མཛད་གནང་ ག་ཅི་སྨོ་ཟེར་བ་ཅིན་ ནཱ་གི་བཀའ་འདི་བདེན་པ་ཨིན། 18 ནཱ་གིས་ང་ལུ་འཛམ་བུ་གླིང་ནང་བཏང་གནང་དོཝ་བཟུམ་སྦེ་ ང་གིས་ཡང་ཁོང་ལུ་འཛམ་བུ་གླིང་ནང་བཏང་ཡི། 19 ཁོང་ཆ་ཁྱབ་བདེན་པ་གི་ཐོག་ལས་ དམ་ཚིག་གཙངམ་སྦེ་སྡོད་བཅུག་ནི་གི་དོན་ལུ་ ང་གིས་ང་རང་དམ་ཚིག་བསྟེན་ཡི།། 20 ང་སློབ་མ་གི་དོན་ལུ་རྐྱངམ་གཅིག་སྨོན་ལམ་བཏབ་མེན་པར་ ཁོང་གིས་བཤད་མི་གཏམ་བཟང་གི་ཐོག་ལས་སྦེ་ ང་ལུ་དད་པ་བསྐྱེད་མི་ག་ར་གི་དོན་ལུ་ཡང་སྨོན་ལམ་ཞུཝ་ཨིན། 21 ཡབ་ལགས་ ནཱ་ངེའི་ནང་བཞུགས་ཡོདཔ་དང་ ང་ཡབ་ནང་སྡོད་ཡོདཔ་བཞིན་དུ་ ཁོང་ག་ར་ང་བཅས་གཉིས་ཀྱི་ནང་གནས་ཚུགས་པའི་ཐོག་ལས་ ཁོང་སེམས་གཅིག་ལུ་འགྱུར་བཅུག་ དེ་ལས་འཛམ་བུ་གླིང་གི་མི་ཚུ་གིས་ ནཱ་གིས་ང་ལུ་བཏང་གནང་ཡི་ཟེར་དད་པ་བསྐྱེད་འོང་། 22 དེ་ལས་ང་བཅས་གཉིས་གཅིག་ཨིནམ་ལས་ ཁོང་ཆ་ཁྱབ་ཡང་གཅིག་ཁར་འགྱུར་བཅུག་ནིའི་དོན་ལུ་ ནཱ་གིས་ང་ལུ་གནང་སྟེ་ཡོད་མིའི་གཟི་བརྗིད་དེ་ ང་གིས་ཁོང་ལུ་ཡང་བྱིན་ཡི། 23 ང་ཁོང་གི་ནང་ན་དང་ ནཱ་ངེ་གི་ནང་བཞུགས་ཡོད་མི་འདི་ ཁོང་ཆ་ཁྱབ་སེམས་ཡོངས་སུ་རྫོགསཔ་སྦེ་ གཅིག་ལུ་འགྱུར་བཅུག་ནིའི་དོན་ལུ་ཨིན་ དེ་ལས་ནཱ་གིས་ང་ལུ་བཏང་གནང་གནངམ་ཨིན་མས་ཟེར་ འཛམ་གླིང་གི་མི་ཚུ་གིས་ཧ་གོ་ནི་ཨིནམ་མ་ཚད་ ང་ལུ་བྱམས་པ་མཛདཔ་བཞིན་དུ་ ནཱ་གིས་ཁོང་ལུ་ཡང་བྱམས་པ་མཛདཔ་ཨིན་ཟེར་ཧ་གོ་ནི་ཨིན། 24 ཡབ་ལགས་ ནཱ་གིས་འཇིག་རྟེན་མ་བཀོད་པའི་ཧེ་མ་ལས་ ང་ལུ་ཐུགས་བརྩེ་བའི་ཐོག་ལས་གནང་མིའི་གཟི་བརྗིད་དེ་ ཁོང་གིས་མཇལ་ནི་གི་དོན་ལུ་ ནཱ་གིས་ང་ལུ་གནང་མིའི་མི་ཚུ་ ང་ག་ཡོད་སར་ཁོང་ཡང་སྡོད་བཅུག་ཟེར་ངེ་གི་རེ་བ་ཨིན། 25 དྲང་བདེན་ཨིན་མི་ཡབ་ལགས་ འཛམ་གླིང་གི་མི་ཚུ་གིས་ནཱ་ལུ་ངོ་མ་ཤེས་རུང་ ང་གིས་ནཱ་ལུ་ངོ་ཤེས་ དེ་ལས་ཁོང་སློབ་མ་ཚུ་གིས་ཡང་ ནཱ་གིས་ང་ལུ་བཏང་གནང་ཡི་ཟེར་ཤེས། 26 ནཱ་གིས་ང་ལུ་མཛད་མིའི་བྱམས་པ་འདི་ ཁོང་ནང་གནས་ནིའི་དོན་ལུ་དང་ ང་ཁོང་གི་ནང་ན་གནས་ནིའི་དོན་ལུ་ ང་གིས་ནཱ་གི་མཚན་དེ་ ཁོང་ལུ་ངོ་སྟོན་བྱིན་ཡི་ འདི་མ་ཚད་ ནཱ་གི་མཚན་འདི་རྟག་བུ་རང་ ཁོང་ལུ་སྟོན་བྱིན་ནི་ཨིན་ཟེར་ ཡེ་ཤུ་གིས་སྨོན་ལམ་དེ་སྦེ་ཞུ་ནུག།
1 དེ་ལས་ཡེ་ཤུ་གིས་འདི་ཚུ་ག་ར་གསུངས་ཚརཝ་ད་ ཁོ་རང་གི་སློབ་མ་ཚུ་དང་མཉམ་གཅིག་ ཀིད་རཱོན་ཟེར་མི་ལུང་གཤོང་ ཕ་ཁར་ལུ་ལྡུམ་ར་གཅིག་ཡོདཔ་ལས་ ཁོང་འདི་ནང་བྱོན་ནུག 2 ད་ཁོ་ལུ་ངོ་ལོག་རྐྱབ་མི་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཀྱིས་ ས་གནས་དེ་ག་ཏེ་ཨིན་ན་ ཁོ་ལུ་རྒྱུས་ཡོདཔ་མས་ ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་འཕྲལ་འཕྲལ་སྦེ་ཁོ་རའི་སློབ་མ་ཚུ་དང་གཅིག་ཁར་ ལྡུམ་ར་འདི་ཁར་བྱོན་དོཝ་ཡོདཔ་མས། 3 དེ་ལས་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཀྱིས་ དམག་མི་སྤུང་ཚོགས་དང་ བླ་ཆེན་དང་ ཕ་རུ་ཤི་པ་ཚུ་གིས་གཏང་མི་སྲུང་རྒྱབ་དེ་ཚུ་ མེ་ཆག་དང་ས་ཏི་བཏེག་ མཚོན་ཆ་འབག་སྟེ་ འདི་ནང་འཁྱིད་འོངས་ནུག 4 ཡེ་ཤུ་གིས་ཁོ་ལུ་དེ་སྦེ་འབྱུང་ནི་ཨིནམ་མཁྱེན་ཏེ་ ཨ་ཙི་ཕར་གདོང་ཁར་བྱོན་ཞིནམ་ད་ ཁྱེད་ག་ལུ་འཚོལཝ་སྨོ་ཟེར་གསུངས་ནུག 5 དེ་ལས་ཁོང་གིས་ ན་ཟ་རཱེད་ཀྱི་ཡེ་ཤུ་ལུ་འཚོལཝ་ཨིན་ཟེར་ཞུཝ་ད་ འདི་ང་རང་ཨིན་ཟེར་གསུངས་ནུག་ དེ་ལས་ཁོ་ལུ་ངོ་ལོག་རྐྱབ་མི་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཡང་ ཁོང་དང་མཉམ་གཅིག་འདི་ནང་ལོང་སྟེ་ཡོདཔ་མས། 6 དེ་ལས་ཡེ་ཤུ་གིས་ ང་ཁོ་རང་ཨིན་ཟེར་ གསུངསམ་ཙམ་ཅིག་གིས་ ཁོང་ཆ་ཁྱབ་ཨ་ཙི་ཕར་རྒྱབ་བཤུད་རྐྱབ་སོང་སྟེ་ ས་ཁར་འགྱེལ་སོང་ནུག 7 ད་རུང་ཁོ་གིས་ཁོང་ལུ་ ཁྱེད་ཀྱིས་ག་ལུ་འཚོལཝ་སྨོ་ཟེར་གསུངསམ་ད་ ཁོང་གིས་ ན་ཟ་རཱེད་ཀྱི་ཡེ་ཤུ་ལུ་འཚོལཝ་ཨིན་ཟེར་ཞུ་ནུག 8 ཡེ་ཤུ་གིས་ཁོང་ལུ་ འདི་ང་རང་ཨིན་ཟེར་ ང་གིས་ཁྱེད་ལུ་སླབ་ཚར་ཡི་ ད་ཁྱེད་ང་ལུ་འཚོལ་བ་འོངམ་ཨིན་པ་ཅིན་ ཁོང་མི་གཞན་ཚུ་ལུ་ འགྱོ་བཅུག་ཟེར་གསུངས་ནུག 9 ཡེ་ཤུ་གི་སྨོན་ལམ་ནང་ ནཱ་གིས་ ང་ལུ་གནང་མི་ཚུ་གི་གྲལ་ཁ་ལས་ གཅིག་ལུ་ཡང་ང་གིས་མི་འབྱང་ཟེར་ གསུངས་མི་འདི་ ག་ར་གྲུབ་ནིའི་དོན་ལུ་ ཁོ་གིས་དེ་གསུང་གསུངསམ་ཨིན་མས། 10 སི་མཱོན་པེ་ཏྲོ་གིས་ཁོ་ནང་ཡོད་པའི་སྒྲོ་གཟུགསམ་འབལ་ཞིནམ་ད་ མཁན་ཆེན་གྱི་གཡོགཔོ་ མཱལ་ཀཱས་ཟེར་མི་གཅིག་གི་རྣམ་ཅོག་གཡསཔ་དེ་ བཏོགས་བཀོག་ནུག 11 དེ་འབདཝ་ད་ཡེ་ཤུ་གིས་ པེ་ཏྲོ་ལུ་ ཁྱོད་ཀྱི་སྒྲོ་གཟུགསམ་ལོག་སྟེ་ཤུབས་ནང་བཙུག་ ངེ་གི་ཡབ་ཀྱིས་ང་ལུ་གནང་མིའི་ཕོརཔ་ལས་ ང་མ་འཐུང་པར་སྡོད་ནི་ཨིན་ན་ཟེར་གསུངས་ནུག། 12 དེ་ལས་དམག་མི་སྤུང་ཚོགས་ ཁོང་རའི་དམག་དཔོན་དང་ ཡ་ཧུ་ད་པའི་འགོ་དཔོན་གྱི་སྲུང་རྒྱབ་ཚུ་གིས་ ཡེ་ཤུ་ལུ་འཛིན་བཟུང་འབད་ཞིནམ་ད་ ཁོ་གི་ཕྱག་བཅིངས་ཏེ། 13 འགོ་དང་པ་རང་ ཨཱན་ནཱས་ཀྱི་སྐུ་མདུན་ལུ་འཁྱིད་སོང་ནུག་ ཁོ་ལོ་འདི་ནང་གི་མཁན་ཆེན་ ཀའི་ཡ་ཕཱས་ཀྱི་གྱོསཔོ་ཨིན་མས། 14 ཧེ་མ་ལས་ ཡ་ཧུ་ད་པའི་འགོ་དཔོན་ཚུ་ལུ་ མི་དམངས་ཀྱི་དོན་ལུ་མི་གཅིག་ཤིཝ་དྲག་འོང་ཟེར་བསླབ་བྱ་བྱིན་མི་དེ་ ཀའི་ཡ་ཕཱས་ཨིན་མས།། 15 སི་མཱོན་པེ་ཏྲོ་དང་སློབ་མ་གཞན་གཅིག་ ཡེ་ཤུ་གི་སྐུ་རྒྱབ་ལས་རྟིང་བདའ་སོང་ནུག་ ག་ཅི་སྨོ་ཟེར་བ་ཅིན་ སློབ་མ་གཞན་དེ་གིས་མཁན་ཆེན་ངོ་ཤེསཔ་ཨིན་མས་ ཁོ་ཡེ་ཤུ་དང་མཉམ་གཅིག་མཁན་ཆེན་གྱི་གཟིམ་ཅུང་ནང་གི་རྡོ་གཅལ་ནང་ལུ་སོང་ནུག 16 དེ་འབདཝ་ད་ པེ་ཏྲོ་ཕྱི་ཁར་སྒོ་ར་སྒོ་བའི་རྩ་བ་ལོངས་སྡོད་ནུག་ དེ་ལས་མཁན་ཆེན་ལུ་ངོ་ཤེས་མི་སློབ་མ་དེ་ ཕྱི་ཁར་ཐོན་འོངས་ཏེ་ སྒོ་སྲུང་འབད་མི་བུམོ་དེ་ལུ་སླབ་སྟེ་ པེ་ཏྲོ་ལུ་ནང་ན་འཁྱིད་འོངས་ནུག 17 དེ་ལས་སྒོ་སྲུང་འབད་མི་བུམོ་གིས་ པེ་ཏྲོ་ལུ་ ཁྱོད་ཡང་ཁོ་གི་སློབ་མ་ཚུ་ལས་ གཅིག་ཨིན་མས་མེན་ན་ཟེར་སླབ་ད་ པེ་ཏྲོ་གིས་ང་མེན་ཟེར་ཤོབ་བརྐྱབས་ཏེ་སླབ་ནུག 18 དེའི་སྐབས་གནམ་གྱང་ནི་འདི་གིས་ གཡོགཔོ་དང་སྲུང་རྒྱབ་ཚུ་ མེ་འཕུ་བསྲོ་སྟེ་སྡོད་སྡོདཔ་ཨིན་མས་ པེ་ཏྲོ་ཡང་ཁོང་དང་མཉམ་གཅིག་མེ་བསྲོ་སྡོད་ནུག། 19 དེ་ལས་མཁན་ཆེན་གྱིས་ཡེ་ཤུ་ལུ་ཁོ་རའི་སློབ་མ་ཚུ་དང་ ཁོ་གིས་སྟོན་མི་ཆོས་ཀྱི་སྐོར་ལས་དྲི་བ་འདྲིཝ་ད། 20 ཡེ་ཤུ་གིས་ལན་ ང་གིས་མི་ག་ར་ལུ་ ག་ནི་ཡང་མ་གསང་པར་མངོན་སུམ་སྦེ་ ཡ་ཧུ་ད་པ་ག་ར་འཛོམས་སའི་གི་ སི་ན་གོག་དང་མཆོད་ཁང་ནང་ལུ་ ཨ་རྟག་རང་ཆོས་སྟོན་ཡི། 21 ང་ལུ་ག་ཅི་འབད་འདྲིཝ་སྨོ་ ང་གིས་ཁོང་ལུ་ག་ཅི་སླབ་ཅི་ག་ རྣ་བ་གོ་མི་ཚུ་ལུ་དྲིས་ ང་གིས་སླབ་མི་ག་ར་ཁོང་གིས་ཤེས་ཟེར་གསུངས་ནུག 22 ཡེ་ཤུ་གིས་དེ་སྦེ་གསུངས་པའི་བསྒང་རང་ འདི་ནང་ལོངས་སྡོད་མི་སྲུང་རྒྱབ་ཚུ་གི་གྲལ་ཁ་ལས་གཅིག་གིས་ ཡེ་ཤུ་ལུ་ལྡན་ལྕག་དྲང་སྟེ་ ནཱ་གིས་མཁན་ཆེན་ལུ་དེ་སྦེ་ཞུཝ་ཨིན་ན་ཟེར་ཞུ་ནུག 23 དེ་ལས་ཡེ་ཤུ་གིས་ ང་གིས་འཛོལ་ཏེ་སླབ་སླབ་ཡོད་པ་ཅིན་ འདི་གི་འཛོམ་དཔང་བཏོན་ དེ་འབདཝ་ད་ ང་གིས་སླབ་མི་དེ་བདེན་པ་ཅིན་ ཁྱོད་ཀྱིས་ང་ལུ་ག་ཅི་འབད་དྲངམ་སྨོ་ཟེར་གསུངས་ནུག 24 དེ་ལས་ ཨཱན་ནཱས་ཀྱིས་ཁོ་ལུ་བཅིངས་ཏེ་ མཁན་ཆེན་ ཀའི་ཡ་ཕཱས་བཞུགས་སར་བཏང་ནུག། 25 དེའི་བར་ན་ སི་མཱོན་པེ་ཏྲོ་རྡོ་གཅལ་ནང་མེ་བསྲོ་སྡོདཔ་ད་ ཁོང་གིས་ཁྱོད་ཡང་ཁོ་གི་སློབ་མ་ཚུ་གི་གྲལ་ཁ་ལས་གཅིག་ཨིན་མེན་ན་ཟེར་འདྲིཝ་ད་ ཁོ་གིས་ང་མེན་ཟེར་ཤོབ་བརྐྱབས་ནུག 26 མཁན་ཆེན་གྱི་གཡོགཔོ་ པེ་ཏྲོ་གིས་རྣམ་ཅོག་བཏོག་བཀོག་མི་དེ་གི་སྤུན་ཆ་གཅིག་གིས་ཁོ་ལུ་ ང་གིས་ཁྱོད་ལུ་ཁོ་དང་གཅིག་ཁར་ལྡུམ་ར་ནང་མཐོང་ཅི་མེན་ན་ཟེར་དྲིས་ནུག 27 པེ་ཏྲོ་གིས་ད་རུང་ཡང་ང་མེན་ཟེར་ཤོབ་བརྐྱབས་ནུག་ དེ་འཕྲོ་ལས་བྱ་པོད་འབོ་ནུག། 28 འདི་གི་ནངས་པ་དྲོ་པ་ཧ་སག་སྟེ་ ཁོང་གིས་ཡེ་ཤུ་ལུ་མཁན་ཆེན་ ཀའི་ཡ་ཕཱས་ཡོད་ས་ལས་ རོམ་གྱི་གཞུང་ཚབ་ཀྱི་ཕོ་བྲང་ནང་འཁྱིད་སྐྱེལ་ནུག་ ཁོང་ཤི་ས་ལས་ཐར་བའི་དུས་ཆེན་གྱི་ཚོགས་མ་ཟ་བའི་ཧེ་མ་ རོམ་གྱི་ཕོ་བྲང་ནང་འཛུལ་བ་ཅིན་ བཙོག་གྲིབ་ཕོག་འོང་ཟེར་མནོ་སྟེ་ ཁོང་མ་འཛུལ་བས། 29 འདི་གི་དོན་ལས་གཞུང་ཚབ་ པི་ལ་ཏུས་ཕྱི་ཁར་བྱོན་ཏེ་ ཁྱེད་ཀྱིས་ཨ་ནི་མི་འདི་ལུ་སྐྱོན་ག་ཅི་བཏག་ནི་ཡོདཔ་སྨོ་ཟེར་དྲི་བ་གསུངསམ་ད། 30 ཁོང་གིས་ ཁོ་ཁྲིམས་ལས་འགལ་མི་གཅིག་མེན་པ་ཅིན་ ང་བཅས་ཀྱིས་ཁོ་ནཱ་ལུ་འཁྱིད་མི་འོང་ཟེར་ཞུ་ནུག 31 པི་ལ་ཏུས་ཀྱིས་ཁོང་ལུ་ ཁོ་ལུ་ལོག་འཁྱིད་སོང་ཞིནམ་ད་ ཁྱེད་རང་གི་བཀའ་ཁྲིམས་དང་བསྟུན་ཏེ་ དབྱེ་ཞིབ་འབད་ཟེར་གསུངསམ་ད་ ཡ་ཧུ་ད་པའི་འགོ་དཔོན་ཚུ་གིས་ ང་བཅས་ཀྱིས་མི་ག་ལུ་ཡང་ཉེས་ཁྲིམས་བཀལ་ཐག་མི་ཆོད་ཟེར་ཞུ་ནུག 32 དེ་འབདཝ་ལས་ ཡེ་ཤུ་ཁོ་རང་ག་དེ་སྦེ་གཤགས་ནི་ཨིན་ན་ དེའི་སྐོར་ལས་ ཁོ་གིས་ཧེ་མ་ལས་གསུངས་ཡོད་མི་དེ་ཏན་ཏན་གྲུབ་ནུག། 33 དེ་ལས་ པི་ལ་ཏུས་ད་རུང་ཕོ་བྲང་ནང་ན་བྱོན་ཏེ་ ཡེ་ཤུ་ལུ་ཁོ་ཡོད་སར་འབོ་ཞིནམ་ད་ ཁྱོད་ ཡ་ཧུ་ད་པའི་རྒྱལཔོ་ཨིན་ན་ཟེར་དྲིས་ནུག 34 ཡེ་ཤུ་གིས་ པི་ལ་ཏུས་ལུ་ དྲི་བ་དེ་ཁྱོད་རང་ལས་ཨིནམ་སྨོ་ ཡང་ན་ ཡ་ཧུ་ད་པ་ཚུ་གིས་ངེའི་སྐོར་ལས་ནཱ་ལུ་ཞུ་བ་ཕུལ་ཡོདཔ་སྨོ་ཟེར་ཞུ་ནུག 35 དེ་ལས་ པི་ལ་ཏུས་ཀྱིས་ ང་ ཡ་ཧུ་ད་པ་ཨིན་མས་ག་ ཁྱོད་ཀྱི་མི་སེར་དང་མཁན་ཆེན་ཚུ་གིས་ ཁྱོད་ལུ་འཁྱིད་འོང་ཡི་ ཁྱོད་ཀྱིས་ག་ཅི་འབད་ཡི་ཟེར་གསུངམ་ད། 36 ཡེ་ཤུ་གིས་ཁོ་ལུ་ ངེའི་རྒྱལ་སྲིད་འཛམ་གླིང་ནང་གི་རྒྱལ་སྲིད་མེན་ ག་དེམ་ཅིག་སྦེ་ ངེའི་རྒྱལ་སྲིད་འདི་ཨིན་པ་ཅིན་ ང་ལུ་བཟུང་བ་འོང་མི་ ཡ་ཧུ་ད་པའི་འགོ་དཔོན་ཚུ་གི་ལག་པར་ལས་ ངེ་གི་ཕྱག་ཞུ་མི་ཚུ་གིས་བཀག་ཐབས་འབད་འབདཝ་འོང་ དེ་འབདཝ་ད་ ངེའི་རྒྱལ་སྲིད་འཛམ་བུ་གླིང་ནང་གི་མེན་ཟེར་ཞུཝ་ད། 37 པི་ལ་ཏུས་ཀྱིས་ཁོ་ལུ་ དེ་སྦེ་ཨིན་པ་ཅིན་ ཁྱོད་རྒྱལཔོ་རང་ཨིན་མས་ཟེར་གསུངསམ་ད་ ཡེ་ཤུ་གིས་ ཁྱོད་ཀྱིས་གསུངས་དེས་ མི་ཚུ་ལུ་བདེན་པ་ངོ་སྟོན་བྱིན་ནི་སྦེ་ ང་འཛམ་གླིང་ནང་སྐྱེ་འོང་ཡི་ བདེན་པ་ལུ་དགའ་མི་ཚུ་གིས་ ངེའི་ཁ་ལུ་ཉན་འོང་ཟེར་གསུངསམ་ད། 38 པི་ལ་ཏུས་ཀྱིས་བདེན་པ་ག་ཅི་སྨོ་ཟེར་གསུངས་སྦེ་ ཁོ་རང་ད་རུང་ཕྱི་ཁར་ཐོན་བྱོན་ཏེ་ ཡ་ཧུ་ད་པའི་འགོ་དཔོན་ཚུ་ལུ་ ཨ་ནི་མི་དེ་ལུ་ཉེས་པ་ག་ནི་ཡང་མིན་འདུག 39 དེ་འབདཝ་ད་ ཁྱེད་རང་གི་ལུགས་སྲོལ་དང་བསྟུན་ཏེ་ ཤི་ས་ལས་ཐར་བའི་དུས་ཆེན་ལུ་ བཙོན་པ་གཅིག་དགོངས་ཡངས་གཏང་གནང་ཟེར་ཁྱེད་ཀྱིས་ང་ལུ་སླབ་ཨིན་ ད་ཁྱེད་དགའ་བ་ཅིན་ ང་གིས་ཁྱེད་ཀྱི་དོན་ལུ་ ཡ་ཧུ་ད་པ་གི་རྒྱལཔོ་ཟེར་མི་དེ་ལུ་ དགོངས་ཡངས་གཏང་ནི་ཨིན་ན་ཟེར་གསུངས་ནུག 40 དེ་འབདཝ་ད་ ཁོང་གིས་སྐད་བརྐྱབས་ཏེ་ ཁོ་མེན་པར་ བ་རབ་བཱས་ལུ་དགོངས་ཡངས་གཏང་གནང་ཟེར་ཞུ་ནུག་ ད་ བ་རབ་བཱས་ཟེར་མི་དེ་ཨརཝ་གཅིག་ཨིན་མས།།
1 དེ་ལས་ པི་ལ་ཏུས་ཀྱིས་བཀའ་གནང་སྟེ་ ཡེ་ཤུ་ལུ་རྟས་ལྕག་གིས་དྲང་བཅུག་ནུག 2 དམག་མི་ཚུ་གིས་རྩང་གི་དབུ་ཞྭ་བཟོ་སྟེ་ ཁོ་གི་དབུ་གུ་བཙུགས་ དེ་ལས་ན་བཟའ་རྒྱ་སྨུག་གཅིག་གྱོན་བྱིན་ཞིནམ་ད། 3 ཁོ་གི་སྦོ་ལོགས་ཁར་སོང་སྟེ་ ཡ་ཧུ་ད་པའི་རྒྱལཔོ་ སྐུ་ཚེ་རིང་བར་ཤོག་ཟེར་ལོག་ཅི་ལོག་ཅི་རང་སླབ་སྟེ་ ཁོ་ལུ་ཚར་ལེ་ཤ་ལྡན་ལྕག་གིས་དྲངས་ནུག 4 ད་རུང་ པི་ལ་ཏུས་ཕྱི་ཁར་བྱོན་ཏེ་མི་དེ་ཚུ་ལུ་ ཁོ་ལུ་ཉེས་སྐྱོན་ཡོདཔ་ང་གིས་ག་ནི་ཡང་མ་མཐོང་ ད་ཁྱེད་ཆ་ཁྱབ་ཀྱིས་ཤེས་ནིའི་དོན་ལུ་ ང་གིས་མི་དེ་ལུ་ཁྱེད་ཀྱི་གདོང་ཁར་འཁྱིད་འོང་དོ་ཟེར་གསུངས་ནུག 5 ཡེ་ཤུ་རྩང་གི་དབུ་ཞྭ་བཙུགས་ཏེ་ ན་བཟའ་རྒྱ་སྨུག་གྱོན་ཏེ་ ཕྱི་ཁར་ཐོན་འབྱོནམ་ད་ པི་ལ་ཏུས་ཀྱིས་མི་དེ་ཚུ་ལུ་བལྟ་ཞིག་ ཁྱེད་ཀྱི་མི་འདི་ཨ་ནི་རང་ཨིན་ཟེར་གསུངས་ནུག 6 བླ་ཆེན་དང་སྲུང་རྒྱབ་དམག་མི་དེ་ཚུ་གིས་ཁོ་མཐོངམ་ད་ ཁོང་གིས་སྐད་ཤུགས་སྦེ་བརྐྱབས་ཏེ་ ཁོ་ལུ་ཁྲམ་ཤིང་གུ་བསད་དགོ་ ཁྲམ་ཤིང་གུ་བསད་དགོ་ཟེར་སླབ་ད་ པི་ལ་ཏུས་ཀྱིས་ཁོང་ལུ་ ཁྱེད་རང་གིས་ཁོ་ལུ་འཁྱིད་དེ་ཁྲམ་ཤིང་གུ་བསད་ ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ཨ་ནི་མི་དེ་ལུ་ཉེས་སྐྱོན་ག་ནི་ཡང་མ་མཐོང་ཟེར་གསུངསམ་ད། 7 ཡ་ཧུ་ད་པའི་འགོ་དཔོན་དེ་ཚུ་གིས་ཁོ་ལུ་ ང་བཅས་ལུ་ཁྲིམས་གཅིག་ཡོད་ ཁྲིམས་དེ་དང་བསྟུན་ཏེ་ ཁོ་ཤི་རང་ཤི་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་རང་ལུ་དཀོན་མཆོག་གི་སྲས་ཨིན་ཟེར་སླབ་ཅི་ཟེར་ཞུ་ནུག 8 འདི་གོཝ་ད་ པི་ལ་ཏུས་ཧེང་སྐེལ་འདྲོག་ཆི་ནུག 9 ཁོ་ད་རུང་གཟིམ་གཅུང་ནང་ན་བྱོན་ཏེ་ ཁོ་གིས་ཡེ་ཤུ་ལུ་ ཁྱོད་སྐྱེ་ཡུལ་ག་ལས་སྨོ་ཟེར་དྲི་བ་གསུངས་རུང་ ཡེ་ཤུ་གིས་ལན་ག་ནི་ཡང་མ་གསུངས་པས། 10 དེ་ལས་ པི་ལ་ཏུས་ཀྱིས་ཡེ་ཤུ་ལུ་ ཁྱོད་ང་ལུ་ལན་རྐྱབ་ནི་མེད་ག་ ཁྱོད་ལུ་དགོངས་ཡངས་གཏང་ནི་དང་ ཁྲམ་ཤིང་གུ་གསད་ནིའི་དབང་ཚད་ང་ལུ་ཡོད་ཟེར་ ཁྱོད་ཀྱིས་མི་ཤེས་ག་ཟེར་གསུངསམ་ད། 11 ཡེ་ཤུ་གིས་ ནཱ་ལུ་དབང་ཚད་ ཡར་ཞིང་ཁམས་ལས་མ་གནང་པ་ཅིན་ ངེའི་གུ་ལུ་ནཱ་གི་དབང་ཚད་རྩ་ལས་རང་མེད་ དེ་འབདཝ་ལས་ ང་ནཱ་གི་ཕྱག་ལུ་སྤྲོད་མི་འདི་ལུ་ སྡིག་པ་སྦོམ་ཡོད་ཟེར་ལན་ཞུ་ནུག 12 དེ་བསྒང་ལས་འགོ་བཟུང་སྟེ་ པི་ལ་ཏུས་ཀྱིས་ཁོ་ལུ་དགོངས་ཡངས་གཏང་ནི་འབདཝ་ད་ ཡ་ཧུ་ད་པའི་འགོ་དཔོན་ཚུ་གིས་སྐད་བརྐྱབས་ཏེ་ ནཱ་གིས་ཡེ་ཤུ་ལུ་ཐར་གཏང་གནང་པ་ཅིན་ ནཱ་རྒྱལཔོ་ ཀེ་སཱར་གྱི་ལྟོ་ཚང་མེན་པས་ རང་གིས་རང་ལུ་རྒྱལཔོ་ཨིན་ཟེར་སླབ་མི་འདི་གིས་ རྒྱལཔོ་ ཀེ་སཱར་གྱི་དགྲ་འབདཝ་ཨིན་ཟེར་ཞུ་ནུག 13 དེ་ལས་ པི་ལ་ཏུས་ཀྱིས་ མི་ཚུ་གི་སྐད་གོཝ་ད་ ཡེ་ཤུ་ལུ་ཕྱི་ཁར་འཁྱིད་བྱོན་ཞིནམ་ད་ ཁོ་རང་རྡོ་ལེབ་ཟེར་མི་ཕོ་བྲང་ནང་ལུ་རྡོ་གཅལ་གཅིག་ཡོད་སར་ དྲང་དཔོན་གྱི་ཁྲི་གུ་ལུ་བཞུགས་ནུག་ ཧིབ་རུ་གི་སྐད་ནང་འབད་བ་ཅིན་ དེའི་མིང་ ག་བ་ཐ་ཟེར་སླབ་ཨིན་མས། 14 འདི་བསྒང་ ཤི་ས་ལས་ཐར་བའི་དུས་ཆེན་གྱི་དོན་ལུ་ གྲ་སྒྲིག་རྐྱབ་པའི་ཉིནམ་གི་ ཉིན་མ་ཆུ་ཚོད་བཅུ་གཉིས་དེ་གཅིག་ཁར་ཨིན་མས་ པི་ལ་ཏུས་ཀྱིས་ ཡ་ཧུ་ད་པའི་འགོ་དཔོན་ཚུ་ལུ་ བལྟ་ཞིག་ ཁྱེད་ཀྱི་རྒྱལཔོ་འདི་ ཨ་ནི་ཨིན་ཟེར་གསུངསམ་ད། 15 ཁོང་གིས་སྐད་ཤུགས་སྦེ་བརྐྱབས་ཏེ་ ཁོ་འཁྱིད་སོང་ ཁོ་འཁྱིད་སོང་ ཁྲམ་ཤིང་གུ་བསད་དགོ་ཟེར་སླབ་ད་ པི་ལ་ཏུས་ཀྱིས་ཁོང་ལུ་ ང་གིས་ཁྱེད་ཀྱི་རྒྱལཔོ་ལུ་ ཁྲམ་ཤིང་གུ་བཀྲོང་བཅུག་ནི་ཨིན་ན་ཟེར་ གསུངསམ་ད་ ཁོང་བླ་ཆེན་དེ་ཚུ་གིས་ང་བཅས་ལུ་རྒྱལཔོ་ ཀེ་སཱར་ལས་བརྒལ་གཞན་མེད་ཟེར་ཞུ་ནུག 16 དེ་ལས་ པི་ལ་ཏུས་ཀྱིས་ཡེ་ཤུ་ལུ་ཁྲམ་ཤིང་གུ་བཀྲོང་ནིའི་དོན་ལུ་ ཁོང་གི་ལག་པར་སྤྲོད་དེ་ ཁོང་གིས་ཡེ་ཤུ་འཁྱིད་སོང་ནུག། 17 ཡེ་ཤུ་ཁོ་རང་གི་ཁྲམ་ཤིང་བསྣམས་སྦེ་ ཐོདཔ་ཟེར་སླབ་མིའི་ས་གནས་ནང་བྱོན་ནུག་ ཧིབ་རུ་གི་སྐད་ནང་འབད་བ་ཅིན་ གཱོལ་གོ་ཐ་ཟེར་སླབ་ཨིན་མས། 18 ས་གནས་འདི་ནང་ལུ་ཁོང་གིས་ ཡེ་ཤུ་བཀྲོང་ནི་སྦེ་ཁྲམ་ཤིང་གུ་བརྐྱངས་ནུག་ ཁོ་དང་གཅིག་ཁར་མི་གཉིས་ལུ་ཡང་ གཅིག་ཁོ་གི་ཕྱག་གཡས་ལས་དང་ གཅིག་གཡོན་ལུ་ བསད་ནི་སྦེ་ཁྲམ་ཤིང་གུ་བརྐྱངས་ནུག 19 དེ་ལས་ པི་ལ་ཏུས་ཀྱིས་ ཡ་ཧུ་ད་པའི་རྒྱལཔོ་ ན་ཟ་རཱེད་ཀྱི་ཡེ་ཤུ་ཟེར་ བྱང་ཤིང་གུ་བྲིས་ཞིནམ་ད་ ཁོ་གི་དབུ་གུ་ལས་ཕར་ ཁྲམ་ཤིང་གུ་བརྡབ་བཞག་ནུག 20 དེ་ལས་ཡེ་ཤུ་ཁྲམ་ཤིང་གུ་བརྐྱངས་སའི་ས་གནས་འདི་ ཁྲོམ་གྱི་སྦོ་ལོགས་ཁར་ཡོད་ནི་དེ་གིས་ ཡ་ཧུ་ད་པ་ལེ་ཤ་གིས་རང་ བྱང་ཤིང་གུ་བྲིས་ཏེ་ཡོད་མི་དེ་ལྷབ་ནུག་ བྱང་ཤིང་དེ་ནང་ ཧིབ་རུ་ ལཱ་ཏེན་ གིརིག་གི་སྐད་ནང་བྲིས་ནུག 21 དེ་ལས་ ཡ་ཧུ་ད་པའི་བླ་ཆེན་ཚུ་གིས་ པི་ལ་ཏུས་ལུ་ ཡ་ཧུ་ད་པ་གི་རྒྱལཔོ་ཟེར་མེན་པར་ ཨ་ནི་མི་དེ་གིས་ང་ ཡ་ཧུ་ད་པའི་རྒྱལཔོ་ཨིན་ཟེར་སླབ་ཅི་ཟེར་བྲིས་གནང་ཟེར་ཞུཝ་ད། 22 པི་ལ་ཏུས་ཀྱིས་ ང་གིས་ག་དེ་སྦེ་བྲིས་ཏེ་འབད་རུང་ ད་བྲིས་ཚར་ཡི་ཟེར་གསུངས་ནུག 23 དེ་ལས་དམག་མི་ཚུ་གིས་ ཡེ་ཤུ་ཁྲམ་ཤིང་གུ་བརྐྱངས་ཚརཝ་ད་ ཁོ་གི་ན་བཟའ་འཐུ་སྟེ་ ཁོང་དམག་མི་བཞི་གིས་ བགོ་བཤའ་བཞི་སྦེ་རྐྱབ་ཞིནམ་ད་ ཁོ་རང་རེ་རེ་ལངམ་སྦེ་བགོ་ནུག་ དེ་ལས་ནང་ན་གི་སྨད་གོས་དེ་ བྱང་ཐགས་མ་མཐུད་པར་བྱང་ཐགས་སྦོམ་སྦེ་ མགུ་ལས་མཇུག་ཚུན་ཚོད་གཅིག་སྦེ་ འཐག་འཐགཔ་ཨིན་མས། 24 དེ་གིས་འབད་ ཁོང་རང་ནང་ན་བློ་སླབ་སྟེ་ འདི་ལུ་མ་སྤེད་པར་བཞག་ཞིནམ་ད་ རྒྱན་ཤོག་བརྐྱབས་ཏེ་ ག་གིས་ཐོབ་ག་བལྟ་གེ་ཟེར་སླབ་ནུག་ དེ་ཚུ་ག་ར་གསུང་རབ་ནང་ ག་བྲིས་བཞག་མི་དེ་བྱུངམ་ཨིན་མས་ གསུང་རབ་ནང་ལུ། ངེ་གི་བགོ་ལ་དེ་ ཁོང་རའི་ནང་ན་བགོ་བཤའ་བརྐྱབས་ཏེ་ ངེ་གི་སྨད་གོས་ཀྱི་དོན་ལུ་ ཁོང་གིས་རྒྱན་ཤོག་བརྐྱབས་ཅི། དེ་འབདཝ་ལས་དམག་མི་ཚུ་གིས་འདི་བཟུམ་གྱི་ལཱ་འབད་ནུག 25 ཡེ་ཤུ་གི་ཡུམ་དང་མོ་རའི་ནུམོ་ དེ་ལས་ ཀོལོ་པཱས་ཀྱི་ཨམ་སྲུ་ མཱིར་ཡམ་དང་ མཱིར་ཡམ་མག་ད་ལཱེན་ ཁྲམ་ཤིང་གི་སྦོ་ལོགས་ཁར་སྡོད་ནུག 26 ཡེ་ཤུ་གིས་ ཁོ་རའི་ཡུམ་ཁོ་གི་སློབ་མ་དགའ་ཤོས་ཀྱི་སྦོ་ལོགས་ཁར་ལོངས་སྡོད་ས་གཟིགས་ཏེ་ མོ་ལུ་ དབའེ་ཨ་མ་ ཨ་ཕི་དེ་ད་ཁྱོད་ཀྱི་བུ་ཨིན། 27 དེ་ལས་སློབ་མ་འདི་ལུ་ བལྟ་ཞིག་ ཨ་ཕི་དེ་ ཁྱོད་ཀྱི་ཨའི་ཨིན་ཟེར་གསུངས་ནུག་ འདི་ཉིནམ་ལས་རང་ཁོ་གི་སློབ་མ་གིས་ཨའི་ལུ་ ཁོ་རའི་ཁྱིམ་ནང་འཁྱིད་སོང་ནུག། 28 འདི་གི་ཤུལ་ལས་ ད་ག་ར་གྲུབ་ཚར་ཡི་ཟེར་ཡེ་ཤུ་གིས་མཁྱེན་ཏེ་ གསུང་རབ་ནང་གི་ལུང་བསྟན་གྲུབ་ནིའི་དོན་ལུ་ ང་ཁ་སྐོམ་ཆི་ཡི་ཟེར་གསུངས་ནུག 29 འདི་ཁར་ལུ་ ཁུ་བ་སྐྱུརཔོ་གི་རྫམ་གཅིག་ཡོདཔ་མས་ དེ་ལས་ཁོང་གིས་ལྟོ་རས་ཁུ་བ་སྐྱུརཔོ་ནང་སྦང་སྟེ་ འཁརཝ་གུ་སྐྱེལ་ཞིནམ་ད་ ཁོ་གི་ཞལ་ལུ་དྲངས་ནུག 30 དེ་ལས་ཡེ་ཤུ་གིས་ཁུ་བ་སྐྱུརཔོ་བཞེས་སྦེ་ ད་གྲུབ་ཚར་ཡི་ཟེར་གསུངས་ཞིནམ་ད་ ཁོ་གི་དབུ་མར་གུག་སྦེ་ རང་གི་སྐུ་སྲོག་ཕུལ་ནུག 31 དེའི་དུས་ལུ་ ངལ་འཚོ་བའི་ཉིནམ་གི་གྲ་སྒྲིག་རྐྱབ་པའི་ཉིནམ་ཨིནམ་མ་ཚད་ དེའི་ནངས་པ་ ཤི་ས་ལས་ཐར་བའི་དུས་ཆེན་གྱི་ཉིནམ་ རྩ་ཆེ་ཤོས་གཅིག་ཨིན་མས་ ངལ་འཚོ་བའི་ཉིནམ་ལུ་རོ་ཁྲམ་ཤིང་གུ་མི་བཞག་ནི་སྦེ་ མགྱོགས་པར་ཤི་བཅུག་ནི་གི་དོན་ལུ་ ཁོང་གི་རྐངམ་བཅག་སྟེ་ རོ་ཁྲམ་ཤིང་གུ་ལས་འཐུ་འབག་བཅུག་ཟེར་ ཡ་ཧུ་ད་པའི་འགོ་དཔོན་ཚུ་གིས་ པི་ལ་ཏུས་ལུ་ཞུ་བ་ཕུལ་ནུག 32 དེ་ལས་དམག་མི་ཚུ་འོངས་ཏེ་ ཡེ་ཤུ་དང་གཅིག་ཁར་ཁྲམ་ཤིང་གུ་བརྐྱངས་མི་ མི་གཉིས་ཀྱི་རྐངམ་བཅགས་བཞག་སྦེ། 33 ཡེ་ཤུ་གི་སྦོ་ལོགས་སོང་བལྟཝ་ད་ ཡེ་ཤུ་གཤགས་སོངམ་མཇལ་ཏེ་ ཁོ་གི་ཞབས་མ་བཅག་པས། 34 དེ་འབདཝ་ད་ དམག་མི་གཅིག་གིས་ ཡེ་ཤུ་གི་མཆན་ལོགས་གུ་ཀྲིང་ཀ་གིས་གསོབ་ད་ སྐུ་ཁྲག་དང་མཉམ་ཆུ་ཐོན་འོངས་ནུག 35 འདི་ཚུ་ག་ར་ཁྱེད་ལུ་ཡང་དད་པ་བསྐྱེད་བཅུག་ནིའི་དོན་ལུ་ མཐོང་མིའི་མི་དེ་གིས་འཛོམ་དཔང་བཤད་ནུག་ ཁོ་གི་འཛོམ་དཔང་དེ་ བདེན་པ་ཨིནམ་མ་ཚད་ ཁོ་གིས་ཕྲང་སླབ་ཨིན་ཟེར་ཁོ་རང་གིས་ཤེས། 36 གསུང་རབ་ནང་ལུ། ཁོ་གི་སྐུ་གཟུགས་ནང་ལས་ རུ་ཏོ་གཅིག་ཡང་མི་བཅག་ཟེར་ བྲིས་ཏེ་ཡོད་མི་དེ་ག་ར་གྲུབ་ནིའི་དོན་ལུ་བྱུང་ནུག 37 དེ་ལས་ད་རུང་གསུང་རབ་ནང་ལུ། ཁོང་གིས་ཀྲིང་ཀ་གིས་གསོབ་མི་དེ་ལུ་ ཁོང་རང་གིས་མཐོང་འོང་ཟེར་བྲིས་ཏེ་ཡོད། 38 འདི་གི་ཤུལ་ལས་ ཡ་ཧུ་ད་པ་དེ་ཚུ་བལྟ་འདྲོགས་ཏེ་ ཁོང་གིས་མ་ཤེསཔ་སྦེ་ ཡེ་ཤུ་གི་སློབ་མ་འབད་མི་ ཁྲོམ་ ཨ་རི་མ་ཐེ་ཡ་ལས་ ཡོ་སེབ་ཟེར་མི་གཅིག་ཡོདཔ་མས་ ཁོ་གིས་ པི་ལ་ཏུས་ལུ་ ཡེ་ཤུ་གི་སྐུ་ཕུང་འདི་ཞུ་བ་ཨིན་ཟེར་ཞུཝ་ད་ པི་ལ་ཏུས་ཀྱིས་འབག་ཆོག་པའི་བཀའ་གནང་སྟེ་ ཁོ་སོང་སྦེ་ ཡེ་ཤུ་གི་སྐུ་ཕུང་འཐུ་འབག་འོངས་ནུག 39 དེ་ལས་ཧེ་མ་ཕྱི་རུ་གཅིག་ལུ་ ཡེ་ཤུ་ལུ་མཇལ་བ་འོངས་མི་ ནི་ཀོ་དེ་མཱས་ཡང་ ཡོ་སེབ་དང་གཅིག་ཁར་ ཨ་ག་རུ་དང་དྲི་བཟང་སླ་བསྲེས་སྲེཝ་དམ་སྦྱིས་སུམ་བཅུ་ལས་ལྷགཔ་ཅིག་འབག་སྟེ་འོངས་ནུག 40 དེ་བཟུམ་སྦེ་ ཁོང་གིས་ཡེ་ཤུ་གི་སྐུ་ཕུང་ལུ་ ཡ་ཧུ་ད་པ་གི་ལུགས་སྲོལ་དང་བསྟུན་ཏེ་ དྲི་བཟང་དང་གཅིག་ཁར་ ཁ་ཤ་གི་རས་ཀྱིས་བསྡམས་ནུག 41 དེ་ལས་ཡེ་ཤུ་ལུ་ཁྲམ་ཤིང་གུ་བཀྲོངས་སའི་སྦོ་ལོགས་ཁར་ ལྡུམ་ར་གཅིག་ཡོདཔ་མས་ ལྡུམ་ར་འདི་ནང་ལུ་ བྱག་གུ་དོང་སྤེད་དེ་ བཟོ་བཟོ་བའི་ རོ་ནམ་ཡང་མ་བཞག་པའི་དུར་ཁུང་གསརཔ་གཅིག་ཡོདཔ་མས། 42 དེ་ལས་ ཡ་ཧུ་ད་པ་ཚུ་གི་ངལ་འཚོ་བའི་ཉིནམ་གི་དོན་ལུ་ གྲ་སྒྲིག་རྐྱབ་པའི་ཉིནམ་འབད་ནི་འདི་གིས་ དེ་མ་ཚད་ དུར་ཁུང་དེ་སྦོ་ལོགས་ཁར་ཡོདཔ་ལས་ ཡེ་ཤུ་གི་སྐུ་ཕུང་ དེ་ནང་བཙུགས་བཞག་ནུག།
1 བདུན་ཕྲག་གི་ཉིནམ་དང་པ་ལུ་ དྲོ་པ་གནམ་མ་ནངསམ་གཅིག་ཁར་ མཱིར་ཡམ་མག་ད་ལཱེན་དུར་ཁུང་ནང་སོང་ནུག་ མོ་གིས་དུར་ཁུང་གི་སྒོ་ཁར་ ཡོད་པའི་རྡོ་ཕར་བསྒྲིལ་བཀོག་དཔ་མཐོང་སྟེ། 2 མོ་བརྒྱུགས་ཏེ་ སི་མཱོན་པེ་ཏྲོ་དང་ཡེ་ཤུའི་ཐུགས་བརྩེ་བའི་སློབ་མ་སྡོད་སར་སོང་སྟེ་ ཁོང་གིས་གཙོ་བོ་གི་སྐུ་ཕུང་ དུར་ཁུང་ནང་ལས་བཏོན་འབག་ཆི་ནུག་ ད་ཁོ་གི་སྐུ་ཕུང་འདི་ག་ཏེ་ལུ་བཞག་ཅི་ག་ ང་བཅས་མི་ཤེས་ཟེར་སླབ་ནུག 3 དེ་ལས་ པེ་ཏྲོ་དང་སློབ་མ་གཞན་དེ་ བརྒྱུགས་ཏེ་དུར་ཁུང་ནང་བལྟ་བ་སོང་ནུག 4 ཁོང་གཉིས་ཆ་རང་བརྒྱུགས་ཏེ་སོངམ་ད་ སློབ་མ་གཞན་དེ་ པེ་ཏྲོ་གི་ཧེ་མ་ཐོན་ཏེ་ དུར་ཁུང་ནང་ལྷོད་སོང་ནུག 5 ཁོ་གིས་ཨ་ཙི་མར་གུག་སྟེ་བལྟཝ་ད་ ནང་ན་ལུ་ཁ་ཤ་གི་རས་མཐོང་རུང་ ཁོ་ནང་ན་མ་སོང་པས། 6 པེ་ཏྲོ་ཁོ་གི་ཤུལ་ལས་བརྒྱུགས་འོངས་ཏེ་ དུར་ཁུང་ནང་ན་འཛུལ་བལྟཝ་ད་ ཁ་ཤ་གི་རས་དེ་ཚུ་ཡང་མཐོང་ནུག 7 ཡེ་ཤུ་གི་དབུ་གུ་སྤུར་མི་ཁ་ཤ་གི་རས་འདི་ སྐུ་གཟུགས་ཀྱི་ཁ་ཤ་གི་རས་ གཞན་དང་མཉམ་གཅིག་མེན་པར་ རང་ས་སྦེ་བཏབ་བཞག་བཞགཔ་མཐོང་ནུག 8 དེ་ལས་ཧེ་མ་ལྷོད་མི་སློབ་མ་འདི་ཡང་ ནང་ན་འཛུལ་ཏེ་བལྟཝ་ད་ ཁོ་གིས་བདེན་འཛིན་རེ་ནུག 9 ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ ཡེ་ཤུ་གཤགས་ཏེ་སྐུ་གསོན་པོ་སྦེ་ལོང་དགོ་ཟེར་གསུང་རབ་ཀྱི་ལུང་བསྟན་དེ་ དེའི་ཚུན་ཚོད་ཧ་མ་གོ་བས། 10 དེ་ལས་ཁོང་སློབ་མ་གཉིས་ཁོང་རའི་སྡོད་ས་ལོག་སོང་ནུག། 11 དེ་འབདཝ་ད་ མཱིར་ཡམ་དུར་ཁུང་གི་ཕྱི་ཁར་ལུ་སྔུ་སྟེ་སྡོད་ནུག་ ཨིན་རུང་སྔུ་ཡི་རང་ མོ་རང་མར་གུག་སྟེ་དུར་ཁུང་གི་ནང་ན་བལྟཝ་ད། 12 ཡེ་ཤུ་གི་སྐུ་ཕུང་བཞག་སའི་འདི་ནང་ལུ་ བགོ་ལ་དཀརཔོ་གྱོན་མི་ཕོ་ཉ་གཉིས་ གཅིག་ཡར་དབུ་ཁ་ཐུག་ལས་དང་ གཅིག་མར་ཞབས་ཁ་ཐུག་ལས་སྡོད་ས་མཐོང་ནུག 13 དེ་ལས་ཁོང་གིས་མོ་ལུ་ དབའེ་ཨམ་ ཁྱོད་ག་ཅི་འབད་སྔུཝ་སྨོ་ཟེར་སླབ་ད་ མོ་གིས་ཁོང་གིས་ངེ་གི་གཙོ་བོ་ནཱ་ལས་འཐུ་འབག་སོང་ནུག་ ཁོ་ག་ཏེ་བཞག་ཅི་ག་ ང་མི་ཤེས་ཟེར། 14 ཁོང་ལུ་དེ་སྦེ་སླབ་སྟེ་ རྒྱབ་ལོག་བལྟཝ་ད་ ཡེ་ཤུ་བཞེང་བཞུགས་ཡོདཔ་མཇལ་རུང་ མོ་གིས་ཡེ་ཤུ་ངོ་མ་ཤེས་པས། 15 ཡེ་ཤུ་གིས་མོ་ལུ་ དབའེ་ཨམ་ ཁྱོད་ག་ཅི་འབད་སྔུཝ་སྨོ་ ག་ལུ་འཚོལཝ་སྨོ་ཟེར་གསུངསམ་ད་ མོ་གིས་ཁོ་ལྡུམ་ར་བདག་འཛིན་འཐབ་མི་དེ་ཨིནམ་འོང་ནི་མས་ཟེར་མནོ་སྟེ་ སྐུ་ཕུང་དེ་ ཁྱོད་ཀྱིས་འབག་འབགཔ་ཨིན་པ་ཅིན་ ག་ཏེ་ལུ་བཞག་ཅི་ག་ ང་ལུ་སླབ་གནང་ལགས་ ང་ཁོ་ལུ་ཞུ་བ་འགྱོ་ནི་ཨིན་ཟེར་སླབ་ད། 16 ཡེ་ཤུ་གིས་མོ་ལུ་ མཱིར་ཡམ་ཟེར་གསུངསམ་ད་ མོ་རྒྱབ་ལོག་སྟེ་ ཧིབ་རུ་གི་སྐད་ནང་ རབ་བོ་ནི་ལགས་ཟེར་ཞུ་ནུག་ འདི་གི་དོན་དག་དེ་སློབ་དཔོན་ཟེར་སླབ་ཨིན་མས། 17 ཡེ་ཤུ་གིས་མོ་ལུ་ ངེའི་གུ་ལགཔ་མ་བཤེད་ ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་ཚུན་ཚོད་ ང་ཡབ་ཀྱི་སྐུ་མདུན་ལུ་མ་སོང་ ད་ཁྱོད་ངེ་གི་སྤུན་ཆ་ཚུ་སྡོད་སར་སོང་སྟེ་ ངེའི་ཡབ་དང་ ཁྱེད་ཀྱི་ཡབ་ ངེའི་དཀོན་མཆོག་དང་ ཁྱེད་ཀྱི་དཀོན་མཆོག་གི་སྐུ་མདུན་ལུ་ ང་ཡར་ལོག་འགྱོ་དོ་ཟེར་སླབ་བྱིན་ཟེར་གསུངསམ་ད། 18 མཱིར་ཡམ་མག་ད་ལཱེན་སློབ་མ་ཚུ་སྡོད་སར་སོང་སྟེ་ཁོང་ལུ་ ང་གིས་གཙོ་བོ་ལུ་མཇལ་ཡི་ཟེར་སླབ་སྟེ་ ཡེ་ཤུ་གིས་གསུངས་མི་ཚུ་ཡང་ ཁོང་ལུ་སླབ་བྱིན་ནུག། 19 ཉིནམ་དེ་གི་ཕྱི་རུ་རང་ བདུན་ཕྲག་གི་ཉིནམ་དང་པ་ལུ་ སློབ་མ་ཚུ་ ཡ་ཧུ་ད་པའི་འགོ་དཔོན་ཚུ་བལྟ་འདྲོགས་ཏེ་ སྒོ་ཚུ་ཡང་བསྡམས་ཏེ་ནང་ན་སྡོདཔ་ད་ ཡེ་ཤུ་ནང་ན་བྱོན་སྦེ་ ཁོང་གི་སྦུག་ལུ་བཞེངས་ཏེ་ ཁྱེད་ལུ་ཞི་བདེ་འོང་བར་ཤོག་ཟེར་གསུངས་ཏེ། 20 ཁོ་རའི་ཕྱག་དང་མཆན་ལོགས་ཡང་ ཁོང་ལུ་སྟོན་གནངམ་ད་ སློབ་མ་ཚུ་གཙོ་བོ་དང་མཇལ་ཏེ་ གནམ་མེད་ས་མེད་སེམས་དགའ་ནུག 21 དེ་ལས་ཡེ་ཤུ་གིས་ད་རུང་ཁོང་ལུ་ ཁྱེད་ལུ་ཞི་བདེ་འོང་བར་ཤོག་ ངེའི་ཡབ་ཀྱིས་ང་ལུ་བཏང་དོཝ་བཟུམ་སྦེ་ ང་གིས་ཁྱེད་ལུ་ཡང་གཏང་ནི་ཨིན་ཟེར་གསུངས་སྦེ། 22 ཁོང་གི་གུ་ལུ་འཕུ་བཏབ་ཞིནམ་ད་ ཁྱེད་ཀྱིས་དམ་པའི་ཐུགས་ཉིད་ཐོབ་བཅུག 23 ཁྱེད་ཀྱིས་མི་ག་ལུ་རང་འབད་རུང་ སྡིག་བཤགས་བྱིན་པ་ཅིན་ ཁོང་གི་སྡིག་པ་བཀའ་དྲིན་བསྐྱང་འོང་ དེ་ལས་ཁྱེད་ཀྱིས་ཁོང་ལུ་སྡིག་བཤགས་མ་བྱིན་པ་ཅིན་ ཁོང་གི་སྡིག་པ་ཡང་བཀའ་དྲིན་མི་བསྐྱང་ཟེར་གསུངས་ནུག། 24 ཡེ་ཤུ་སློབ་མ་ཚུ་གི་སྦུག་ལུ་འབྱོནམ་ད་ ཁོང་སློབ་མ་བཅུ་གཉིསཔ་གི་གྲལ་ཁ་ལས་ མཚེ་མ་ཟེར་ཡང་སླབ་མི་ ཐོ་མཱས་ ཁོང་དང་གཅིག་ཁར་མེདཔ་ཨིན་མས། 25 དེ་འབདཝ་ལས་སློབ་མ་གཞན་ཚུ་གིས་ཁོ་ལུ་ ང་བཅས་ཀྱིས་གཙོ་བོ་དང་མཇལ་ཡི་ཟེར་སླབ་ད་ ཁོ་གིས་ཁོང་ལུ་ང་གིས་ཁོ་གི་ཕྱག་གུ་ལྕགས་གཟེར་གྱི་རྨ་ཤུལ་མཐོང་སྟེ་ རྨ་ཤུལ་ནང་ངེ་གི་མཛུབ་མོ་བཙུག་སྟེ་བལྟ་དགོཔ་མ་ཚད་ མཆན་ལོགས་ནང་ངེ་གི་ལགཔ་བཙུག་མ་བལྟ་བར་ ང་བདེན་འཛིན་མི་རེ་ཟེར་སླབ་ནུག 26 ཉིནམ་བརྒྱད་ཀྱི་ཤུལ་ལས་ ཁོ་གི་སློབ་མ་ཚུ་ད་རུང་ཁྱིམ་ནང་ན་སྡོདཔ་ད་ ཐོ་མཱས་ཡང་ཁོང་དང་གཅིག་ཁར་ཡོདཔ་མས་ སྒོ་ག་ར་བསྡམས་ཏེ་ཨིན་རུང་ ཡེ་ཤུ་ནང་ན་བྱོན་ཏེ་ ཁོང་གི་སྦུག་ལུ་དཔྱད་རིག་མེད་སི་སི་སྦེ་བཞེངས་བཞུགས་ཏེ་ ཁྱེད་ལུ་ཞི་བདེ་འོང་བར་ཤོག་ཟེར་གསུངས་ནུག 27 དེ་ལས་ཁོ་གིས་ ཐོ་མཱས་ལུ་ ཁྱོད་ཀྱི་མཛུབ་མོ་གིས་ ངེ་གི་ལགཔ་འདོགས་ཏེ་བལྟ་ཞིག་ ཁྱོད་ཀྱི་ལགཔ་བརྐྱངས་ཏེ་ ངེ་གི་མཆན་ལོགས་ནང་བཙུག་ ཐེ་ཚོམ་མ་བསྐྱེད་པར་དད་པ་བསྐྱེད་ཟེར་གསུངསམ་ད། 28 ཐོ་མཱས་ཀྱིས་ཁོ་ལུ་ ངེ་གི་གཙོ་བོ་ ངེ་གི་དཀོན་མཆོག་ཟེར་ཞུཝ་ད། 29 ཡེ་ཤུ་གིས་ཁོ་ལུ་ ཁྱོད་ཀྱིས་ང་ལུ་མཐོང་སྟེ་དད་པ་བསྐྱེད་ཅི་ དེ་འབདཝ་ད་ ང་ལུ་མ་མཐོང་རུང་ དད་པ་བསྐྱེད་མི་དེ་ བྱིན་རླབས་ཅན་ཨིན་ཟེར་གསུངས་ནུག 30 ཡེ་ཤུ་གིས་ཡ་མཚན་ཆེ་བའི་རྟགས་ཚན་ལེ་ཤ་རང་ ཁོ་གི་སློབ་མ་ཚུ་གི་གདོང་ཁར་ལུ་མཛད་དེ་འབད་རུང་ འདི་ཚུ་ག་ར་གི་སྐོར་ལས་ ཨ་ནི་དེབ་འདི་ནང་བྲིས་བྲིསཝ་མིན་འདུག 31 དེ་འབདཝ་ད་ ཁྱེད་ཀྱིས་ཡེ་ཤུ་དེ་ དཀོན་མཆོག་གི་སྲས་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ཟེར་དད་པ་བསྐྱེད་ནི་གི་དོན་ལུ་ ཨ་ནི་འདི་ཚུ་བྲིས་ཏེ་འདུག་ དེ་ལས་དད་པ་བསྐྱེད་པའི་ཐོག་ལས་སྦེ་ ཁོ་གི་མཚན་ནང་ཁྱེད་ཀྱིས་ཚེ་མཐའ་མེདཔ་ཡང་ཐོབ་ནི་ཨིན།།
1 དེའི་ཤུལ་ལས་ ཏི་བཱེར་ཡཱས་མཚོའི་མཐའ་མ་ལུ་ ད་རུང་ཡེ་ཤུ་ཁོ་རའི་སློབ་མ་ཚུ་ལུ་མཇལ་ཁ་ཨ་ནི་བཟུམ་སྦེ་གནང་ནུག 2 སི་མཱོན་པེ་ཏྲོ་དང་ མཚེ་མ་ཟེར་ཡང་སླབ་མི་ ཐོ་མཱས་འདི་དང་ ལུང་ཕྱོགས་ ག་ལི་ལི་གི་ཁྲོམ་ ཀ་ན་ལས་ཨིན་མིའི་ ན་ཐ་ནཱེལ་དང་ ཟེ་བེ་དི་གི་བུ་དེ་ཚུ་ དེ་ལས་ཁོ་གི་སློབ་མ་གཞན་གཉིས་ ཁོང་ག་ར་གཅིག་ཁར་སྦེ་སྡོད་པའི་སྐབས་ལུ། 3 སི་མཱོན་པེ་ཏྲོ་གིས་ཁོང་ལུ་ ང་ཉ་བཟུང་པ་འགྱོ་དོ་ཟེར་སླབ་ད་ ཁོང་གིས་ང་བཅས་ཆ་ཁྱབ་ཡང་ ཁྱོད་དང་གཅིག་ཁར་འོང་ནི་ཟེར་སླབ་སྟེ་ གྲུ་ནང་འཛུལ་སྦེ་སོང་ནུག་ དེ་འབདཝ་ད་ འདི་གི་ཕྱི་རུ་ ཁོང་གིས་ཉ་གཅིག་ཡང་མ་ཐོབ་པས། 4 གནམ་ནངས་ནི་འབདཝ་ད་ ཡེ་ཤུ་མཚོའི་མཐའ་མ་ལུ་བཞེང་བཞུགས་རུང་ སློབ་མ་ཚུ་གིས་ཁོ་ཡེ་ཤུ་ཨིན་མས་ཟེར་ངོ་མ་ཤེས་པས། 5 ཡེ་ཤུ་གིས་ཁོང་ལུ་ དབའེ་ལྟོ་ཚང་ཚུ་ ཁྱེད་ཀྱིས་ཉ་མ་ཐོབ་ག་ཟེར་གསུངསམ་ད་ ཁོང་གིས་མ་ཐོབ་ལགས་ཟེར་ཞུ་ནུག 6 དེ་ལས་ཁོ་གིས་ཁོང་ལུ་ གྲུ་གི་གཡས་ཁ་ཐུག་ལུ་དྲྭཝ་རྐྱབ་པ་ཅིན་ ཉ་ཐོབ་འོང་ཟེར་གསུངས་ནུག་ ཁོང་གིས་དེ་བཟུམ་སྦེ་རང་དྲྭཝ་རྐྱབ་ད་ ཉ་ལེ་ཤ་ཐོབ་སྟེ་ ཁོང་གིས་དྲྭཝ་ཚུར་ཁ་ཐུག་འཐེན་མ་ཚུགས་པས། 7 ཡེ་ཤུ་གིས་ཐུགས་བརྩེ་བའི་སློབ་མ་དེ་གིས་ པེ་ཏྲོ་ལུ་ ཁོ་གཙོ་བོ་ཨིན་པས་ཟེར་སླབ་ད་ པེ་ཏྲོ་གིས་ཁོ་གཙོ་བོ་ཨིན་པས་ཟེར་རྣ་བ་གོཝ་ཅིག་ ཁོ་རའི་ཁེན་འཇར་ཕུད་བཞག་མི་དེ་འཐུ་གྱོན་སྦེ་ ཆུ་ནང་མཆོངས་སྦེ་ ཡེ་ཤུ་བཞུགས་སར་སོང་ནུག 8 དེ་འབདཝ་ད་ སློབ་མ་གཞན་ཚུ་གྲུ་ནང་རང་སྡོད་དེ་ དྲྭཝ་མཚོ་གི་མཐའ་མ་ལུ་འཐེན་ཏེ་འབག་འོངས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་ཆ་ཁྱབ་མཚོའི་མཐའ་མ་ལས་ས་སྐམ་ས་ལུ་ ཐག་རིང་ཐུང་ཁྱུ་གཉིས་བརྒྱ་དེ་ཅིག་ཨིན་མས། 9 དེ་ལས་ཁོང་མཚོའི་མཐའ་མ་ལུ་ལྷོདཔ་ད་ དེ་ཁར་ལུ་མེ་འཕུ་སྟེ་མེ་རུབ་གུ་ཉ་དང་ཏད་ཟས་ཚུ་ཡོདཔ་མཐོང་ནུག 10 ཡེ་ཤུ་གིས་ཁོང་ལུ་ཁྱེད་ཀྱིས་ད་ལྟོ་ཁམས་བཟུང་བཟུངམ་ནང་ལས་ ཉ་གཉིས་གསུམ་དེ་ཅིག་འབག་ཤོག་ཟེར་གསུངསམ་ད། 11 སི་མཱོན་པེ་ཏྲོ་ཡར་གྲུ་གུ་འཛེག་སྟེ་ ཉ་སྦོམ་ལྟེམ་ལྟེ་འབད་མི་གཅིག་བརྒྱ་ལྔ་བཅུ་ལྔ་གསུམ་ཡོད་པའི་དྲྭཝ་ ཚུར་མཚོའི་མཐའ་མ་ལུ་འཐེན་འབག་འོངས་ནུག་ ཉ་ལེ་ཤ་ཡོད་རུང་དྲྭཝ་དེ་སྤེད་དེ་མ་སོང་པས། 12 དེ་ལས་ཡེ་ཤུ་གིས་ཁོང་ལུ་ དྲོ་མཛར་ཟ་བ་ཤོག་ཟེར་གསུངས་ནུག་ དེ་འབདཝ་ད་ སློབ་མ་ཚུ་གི་གྲལ་ཁ་ལས་ གཅིག་གིས་ཡང་ཁོ་ལུ་ ཁྱོད་ག་སྨོ་ཟེར་ཞུ་མ་ནུམ་པས་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ཁོ་གཙོ་བོ་ཨིན་མས་ཟེར་ཤེས་ནུག 13 ཡེ་ཤུ་བྱོན་སྦེ་ ཏད་ཟས་བསྣམས་ཏེ་ ཁོང་ལུ་གནང་ནུག་ དེ་བཟུམ་སྦེ་རང་ཁོང་ལུ་ཉ་ཡང་གནང་ནུག 14 ཡེ་ཤུ་སྐུ་གསོན་པོ་སྦེ་བཞེངས་ཚར་བའི་ཤུལ་ལས་ ཁོ་གི་སློབ་མ་ཚུ་ལུ་མཇལ་ཁ་གནང་མི་འདི་ ཚར་གསུམ་པ་ཨིན་མས།། 15 དེ་ལས་ཁོང་དྲོ་མཛར་ཟ་ཚརཝ་ད་ ཡེ་ཤུ་གིས་ སི་མཱོན་པེ་ཏྲོ་ལུ་ དབའེ་ ཡོ་ཧ་ནཱན་གྱི་བུ་ སི་མཱོན་ དོན་ལས་རང་ཁྱོད་ཀྱིས་ང་ལུ་ ཁོང་གཞན་ལས་ཡང་ལྷགཔ་སྦེ་དགའཝ་ཨིན་ན་ཟེར་གསུངསམ་ད་ ཁོ་གིས་ཨིན་ལགས་གཙོ་བོ་ ང་གིས་ནཱ་ལུ་དགའཝ་ཨིན་ཟེར་ ནཱ་གིས་མཁྱེན་ལགས་ཟེར་ཞུཝ་ད་ ཡེ་ཤུ་གིས་ངེའི་ལུག་གི་ཕྱུག་ཀུ་ཚུ་ལུ་རྩྭ་ཆུ་བྱིན་ཟེར་གསུངས་ནུག 16 ཡེ་ཤུ་གིས་ད་རུང་ཚར་གཅིག་ཁོ་ལུ་ དབའེ་ ཡོ་ཧ་ནཱན་གྱི་བུ་ སི་མཱོན་ ཁྱོད་ཀྱིས་ང་ལུ་དོན་ལས་རང་དགའཝ་ཨིན་ན་ཟེར་གསུངསམ་ད་ ཁོ་གིས་དགའཝ་ཨིན་ལགས་ ང་གིས་ནཱ་ལུ་དགའཝ་ ནཱ་གིས་མཁྱེན་ཟེར་ཞུཝ་ད་ ཡེ་ཤུ་གིས་ངེ་གི་ལུག་ཚུ་ལུ་བདག་འཛིན་འཐབ་ཟེར་གསུངས་ནུག 17 ད་རུང་ཚར་གསུམ་པ་ལུ་ཡེ་ཤུ་གིས་ཁོ་ལུ་ ཡོ་ཧ་ནཱན་གྱི་བུ་ སི་མཱོན་ ཁྱོད་ཀྱིས་དོན་ལས་རང་ང་ལུ་དགའཝ་ཨིན་ན་ཟེར་གསུངསམ་ད་ པེ་ཏྲོ་གི་སེམས་ཁར་ཕོག་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་གིས་ད་རུང་ཚར་གསུམ་པ་ ཁྱོད་ཀྱིས་ང་ལུ་དགའཝ་ཨིན་ན་ཟེར་དྲི་བ་གསུངས་ནུག་ དེ་ལས་ པེ་ཏྲོ་གིས་གཙོ་བོ་ ནཱ་གིས་ག་ར་མཁྱེན་ལགས་ ང་གིས་ནཱ་ལུ་དགའ་མི་འདི་ཡང་ནཱ་གིས་མཁྱེན་ཟེར་ཞུཝ་ད་ ཡེ་ཤུ་གིས་ངེ་གི་ལུག་ཚུ་ལུ་རྩྭ་ཆུ་བྱིན། 18 ད་ང་གིས་ཁྱོད་ལུ་དོན་ལས་རང་སླབ་ཨིན་ ཁྱོད་གཞོནམ་སྦེ་སྡོད་པའི་བསྒང་ལུ་ བགོ་ལ་རང་གིས་གྱོན་ སྐེད་པ་སྐེ་རགས་རང་གིས་བཅིང་ཡི་ དེ་ལས་ག་ཏེ་འགྱོ་དགོ་མནོ་རུང་ འདི་ཁར་སོང་ཡི་ ད་ཁྱོད་ལོ་རྒས་བའི་བསྒང་ལས་ ཁྱོད་ཀྱིས་ལགཔ་ཕར་བརྐྱངས་ཏེ་ གཞན་གྱིས་ལགཔ་བཅིང་སྟེ་ ཁྱོད་ག་ཏེ་འགྱོ་དགོ་མ་མནོ་བའི་ས་ཁར་ལུ་ ཁོང་གིས་འཁྱིད་འགྱོ་འོང་ཟེར་གསུངས་ནུག 19 ཁོ་གིས་དེ་སྦེ་གསུངས་མི་དེ་ དཀོན་མཆོག་གི་གཟི་བརྗིད་དེ་ཕྱི་ཁར་བཏོན་པའི་དོན་ལུ་ པེ་ཏྲོ་ག་དེ་སྦེ་ཤི་དགོཔ་ཨིན་ན་ འདི་གི་སྐོར་ལས་ཨིན་མས་ དེ་གསུངས་ཚརཝ་ད་ཡེ་ཤུ་གིས་ པེ་ཏྲོ་ལུ་ངེའི་རྟིང་ལས་ཤོག་ཟེར་གསུངས་ནུག། 20 དེ་ལས་ པེ་ཏྲོ་གིས་རྒྱབ་ལོག་བལྟཝ་ད་ ཡེ་ཤུའི་ཐུགས་བརྩེ་བའི་སློབ་མ་དེ་ ཁོང་གི་རྟིང་ཤུལ་ལས་འོངས་ས་མཐོང་ནུག་ ཁོང་ཚོགས་བཞེས་པའི་དུས་ལུ་ ཡེ་ཤུ་གུ་ཧེན་ཏེ་ གཙོ་བོ་ ནཱ་ལུ་ངོ་ལོག་རྐྱབ་མི་དེ་ག་སྨོ་ཟེར་ཞུ་མི་སློབ་མ་དེ་ཁོ་ཨིན་མས། 21 ཁོ་མཐོང་སྟེ་ པེ་ཏྲོ་གིས་ཡེ་ཤུ་ལུ་ གཙོ་བོ་ལགས་ ཁོ་ལུ་ག་ཅི་འབྱུང་ནི་སྨོ་ཟེར་ཞུཝ་ད། 22 ཡེ་ཤུ་གིས་ཁོ་ལུ་ ང་ལོག་མ་འོང་ཚུན་ཚོད་ ཁོ་མ་ཤི་བར་སྡོད་བཅུག་དགོ་མནོ་རུང་ ཁྱོད་ལུ་ག་ཅི་ཁྱད་པར་ཡོད་ ཁྱོད་རང་ ངེ་གི་རྟིང་ཤུལ་ཤོག་ཟེར་གསུངས་ནུག 23 དེ་གིས་འབད་ དདཔ་ཅན་སྤུན་ཆ་ཚུ་གི་སྦུག་ལུ་ ཨ་ནི་སློབ་མ་དེ་གི་སྐོར་ལས་ ཁོ་ནམ་ཡང་མི་ཤི་ཟེར་ལོ་རྒྱུས་ལེ་ཤ་ཐོན་ནུག་ དེ་འབདཝ་ད་ ཡེ་ཤུ་གིས་ཁོ་མི་ཤི་ཟེར་མ་གསུངས་པར་ ཡེ་ཤུ་གིས་ང་མ་འོང་ཚུན་ཚོད་ ཁོ་མ་ཤི་བར་སྡོད་བཅུག་དགོ་མནོ་རུང་ ཁྱོད་ལུ་ག་ཅི་ཁྱད་པར་ཡོད་ཟེར་གསུང་གསུངསམ་ཨིན་མས།། 24 འདི་ཚུ་ག་ར་གི་འཛོམ་དཔང་བཤད་མི་དང་བྲིས་མི་དེ་ སློབ་མ་ཁོ་རང་ཨིན་ ཁོ་གི་འཛོམ་དཔང་དེ་ངོ་མ་ཨིན་ཟེར་ང་བཅས་ཀྱིས་ཤེས། 25 ཡེ་ཤུ་གིས་མཛད་མི་ཕྱག་ལཱ་བཞན་ཡང་ལེ་ཤ་འདུག་ ཁོ་གིས་མཛད་མི་ཕྱག་ལཱ་གི་སྐོར་ལས་ རེ་རེ་བཞིན་དུ་བྲིས་བྲིསཝ་ཨིན་པ་ཅིན་ ང་གིས་མནོ་བསམ་གཏང་དོཝ་བཟུམ་འབད་བ་ཅིན་ དེབ་དེ་ཚུ་ནཱ་འཛམ་བུ་གླིང་ནང་ཡང་མི་ཤོང་འོང་ཟེར་ཞུ་ནི་ཨིན།། །།
1 ཡེ་ཤུ་གིས་ག་ཅི་མཛད་ཅི་ག་དང་ ག་ཅི་སྟོན་གནང་ཡི་ག་ དེ་ལས་ཁོ་ཡར་ཞིང་ཁམས་ལུ་མ་བསྣམ་པའི་ཉིནམ་ཚུན་ཚོད་ ཁོ་རང་གིས་བཙག་འཐུ་མཛད་གནང་མིའི་སྐུ་ཚབ་དེ་ཚུ་ལུ་ དམ་པའི་ཐུགས་ཉིད་ལས་སྦེ་ ག་ཅི་རང་བཀའ་གནང་ཡི་ག་ འདི་ཚུ་གི་སྐོར་ལས་ ནཱ་ ཐེའོ་ཕི་ལུས་ཀྱི་དོན་ལུ་ ང་གིས་ དེབ་དང་པོ་དེ་ནང་བྲིས་ཏེ་ཡོད། 3 ཡེ་ཤུ་སྡུག་བསྔལ་བཞེས་པའི་ཤུལ་ལས་ ཞག་བཞི་བཅུ་ཚུན་ཚོད་ ཁོ་སྐུ་ཚབ་ཚུ་སྡོད་ས་ལུ་བྱོན་ཏེ་ ཁོ་སྐུ་གསོན་པོ་སྦེ་རང་ཡོད་ཟེར་ ཁོང་ཆ་ཁྱབ་ལུ་ངོ་རྟགས་ལེ་ཤ་ ཁོ་རང་གིས་མཛད་གནངམ་མ་ཚད་ དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལས་གསུངས་ནུག 4 སྐུ་ཚབ་ཚུ་དང་མཉམ་གཅིག་བཞུགས་པའི་བསྒང་ ཁོ་གིས་ཁོང་ལུ་རྒྱལ་ས་ ཡེ་རུ་ཤ་ལེམ་ལས་ག་ཏེ་ཡང་མ་སོང་ དེ་འབདཝ་ད་ ང་གིས་སླབ་དོཝ་བཟུམ་སྦེ་ ཡབ་ཀྱིས་གནང་ནི་ཟེར་ ཁས་བླངས་བཞེས་མི་གསོལ་རས་འདི་ལུ་སྒུག་སྡོད། 5 ག་ཅི་སྨོ་ཟེར་བ་ཅིན་ ཡོ་ཧ་ནཱན་གྱིས་ ཆུའི་ཁྲུས་གསོལ་བྱིན་ཡི་ དེ་འབདཝ་ད་ ཉིནམ་དག་པ་གཅིག་གི་ཤུལ་ལས་ ཁྱེད་ཆ་ཁྱབ་ཀྱིས་ དམ་པའི་ཐུགས་ཉིད་ལས་ཁྲུས་གསོལ་ཐོབ་ནི་ཨིན་ཟེར་བཀའ་གནང་ནུག 6 ཁོང་ག་ར་མཉམ་གཅིག་འཛོམས་པའི་སྐབས་ལུ་ སྐུ་ཚབ་ཚུ་གིས་ཡེ་ཤུ་ལུ་ གཙོ་བོ་ལགས་ ད་རེས་ནངས་པ་གི་དུས་ཚོད་ལུ་རང་ ཨཱིས་ར་ཨཱེལ་གྱི་རྒྱལ་ཁབ་འདི་ ད་རུང་ལོག་སྟེ་ཁོང་རང་ལུ་གནང་ནི་ཨིན་ན་ཟེར་ཞུ་ནུག 7 དེ་ལས་ཡེ་ཤུ་གིས་ ངེ་གི་ཡབ་ཀྱི་དབང་ཚད་ཀྱི་འོག་ལུ་བཞག་མི་ དུས་ཚོད་དང་དུས་སྐབས་ཤེས་དགོཔ་དང་ འཚོལ་དགོཔ་འདི་ ཁྱེད་ཆ་ཁྱབ་ཀྱི་ལཱ་མེན། 8 དམ་པའི་ཐུགས་ཉིད་ཁྱེད་གུ་འབྱོནམ་ད་ ཁྱེད་ཆ་ཁྱབ་ཀྱིས་སྟོབས་ཤུགས་དང་དབང་ཐོབ་ནི་ཨིན་ དེ་ལས་རྒྱལ་ས་ ཡེ་རུ་ཤ་ལེམ་དང་ ལུང་ཕྱོགས་ ཡུ་དེ་ཡ་ ལུང་ཕྱོགས་ ས་མ་རི་ཡ་ དེ་ལས་འཛམ་གླིང་གི་མཐའན་མཇུག་ཚུན་ཚོད་ ཁྱེད་ཆ་ཁྱབ་ངེ་གི་འཛོམ་དཔང་ བཤད་མི་སྦེ་འབྱུང་ནི་ཨིན་ཟེར་གསུངས་ནུག 9 ཁོ་གིས་འདི་གསུངས་ཚར་བའི་ཤུལ་ལས་ སྐུ་ཚབ་ཚུ་གིས་ཁོ་ལུ་ མཇལ་སྡོད་པའི་བར་ན་རང་ ཁོ་ཡར་ཞིང་ཁམས་ལུ་འཐུ་བསྣམས་ནུག་ དེ་ལས་ཁོང་གི་མིག་ཏོ་ཁ་རང་ ས་སྨུག་ནང་ཡལ་སོང་ནུག 10 ཁོ་ཡར་ཞིང་ཁམས་ལུ་འབྱོན་ས་ཁོང་གིས་མཇལ་སྡོདཔ་ད་ དེ་འཕྲོ་ལས་བགོ་ལ་དཀརཔོ་གྱོན་མིའི་མི་གཉིས་ཀྱིས་ ཁོང་གི་སྦོ་ལོགས་ཁར་ལོང་སྡོད་དེ། 11 ཁོང་གཉིས་ཀྱིས་ཁོང་ལུ་ དབའེ་ ག་ལི་ལི་གི་མི་འདི་ཚུ་ ཁྱེད་ཆ་ཁྱབ་ག་ཅི་འབད་རང་ ནཱ་ལུ་ལོང་སྟེ་བལྟ་སྡོདཔ་སྨོ་ ཨ་ནི་ད་ལྟོ་ཁྱེད་ཀྱི་གྲལ་ཁ་ལས་ ཡར་ཞིང་ཁམས་ལུ་འཐུ་བསྣམས་མི་ཡེ་ཤུ་འདི་ ད་ལྟོ་ཁྱེད་ཀྱིས་མཐོང་སར་འབྱོན་དོཝ་བཟུམ་སྦེ་ ད་རུང་ལོག་སྟེ་མར་འབྱོན་ནི་ཨིན་ཟེར་སླབ་ནུག། 12 དེ་ལས་ཁོང་ཆ་ཁྱབ་ ཨ་རུ་ར་ཤིང་ཟེར་མིའི་སྒང་ལས་མར་ལོག་སྟེ་ ཡེ་རུ་ཤ་ལེམ་ལུ་བྱོན་ནུག་ ཡེ་རུ་ཤ་ལེམ་སྦོ་ལོགས་ཁར་འབད་ནི་དེ་གིས་ ངལ་འཚོ་བའི་ཉིནམ་ལུ་འགྱོ་ཆོག་པའི་རིང་ཚད་བཟུམ་ཅིག་རང་ཨིན་མས། 13 ཕར་ཁྲོམ་ལུ་ལྷོད་ཞིནམ་ལས་ ཧེ་མ་ཁོང་རང་བཞུགས་སའི་ ཡར་ཐོག་ཁའི་ཁང་མིག་ནང་སོང་ནུག་ འདི་ཁར་ལུ་སྡོད་མི་ པེ་ཏྲོ་དང་ ཡོ་ཧ་ནཱན་ ཡ་ཀོབ་ ཨཱན་དྲུ་ ཕི་ལིབ་ ཐོ་མཱས་ བཱར་ཐོ་ལོ་མིའུ་ མེ་ཐིའུ་ ཨཱལ་ཕེ་ཨུས་ཀྱི་བུ་ ཡ་ཀོབ་ སྲིད་བྱུས་ཀྱི་སྡེ་ཚན་ལས་ཨིན་མི་ སི་མཱོན་ ཡ་ཀོབ་ཀྱི་བུ་ ཡུ་དཱས་དེ་ཚུ་ཨིན་མས། 14 ཁོང་ཆ་ཁྱབ་དང་གཅིག་ཁར་ ཨམ་སྲུ་གཞན་ཚུ་དང་ དེ་ལས་ཡེ་ཤུ་གི་ཡུམ་ མཱིར་ཡམ་དང་ ཡེ་ཤུ་གི་ནུ་གཅུང་ཚུ་ རྟག་བུ་རང་འཛོམས་ཏེ་སེམས་གཅིག་སྦེ་མཐུན་ སྨོན་ལམ་བཏབ་སྡོད་ནུག 15 དུས་ཚོད་འདི་གི་སྐབས་ལུ་ དདཔ་ཅན་བརྒྱ་དང་ཉི་ཤུ་དེ་ཅིག་འཛོམས་སྡོད་པའི་ཉིན་མ་ལུ་ པེ་ཏྲོ་གིས་ཡར་ལོང་སྟེ་ དེ་སྦེ་སླབ་ནུག 16 དབའེ་སྤུན་ཆ་ཚུ་ ཡེ་ཤུ་བཟུང་མི་ཚུ་ལུ་ ལམ་སྟོན་ཏེ་འཁྱིད་འོང་མི་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ཀྱི་སྐོར་ལས་ དམ་པའི་ཐུགས་ཉིད་ཀྱིས་ ཧེ་མ་ལས་རྒྱལཔོ་ ད་བིད་ཀྱི་ཞལ་ལས་ གསུང་རབ་ནང་ལུ་བྲིས་དོཝ་བཟུམ་སྦེ་ ག་ར་བྱུང་སྟེ་འོང་ཡི། 17 ཡུ་དཱས་ ཨཱིས་ཀ་རི་ཨཱོད་འདི་ང་བཅས་དང་མཉམ་གཅིག་འདྲན་འདྲ་གཡོག་བརྐྱབས་ཏེ་སྡོད་མི་གཅིག་ཨིན། 18 མི་འདི་གིས་ ཁོ་རའི་ལཱ་ངན་པའི་གླ་ཆ་དེ་གིས་ས་ཞིང་གཅིག་ཉོ་ཡི་ དེ་ནང་ལུ་ཁོ་མཐོ་ས་ལས་དམའ་ས་མཆོང་སྟེ་ གཟུགས་ཀྱི་ཡན་ལག་ག་ར་གཏོར་ཏེ་ ནང་ཁྲོལ་ཕྱི་ཁར་ཐོན་ཏེ་ཤི་སོང་ཡི། 19 ཡེ་རུ་ཤ་ལེམ་ནང་སྡོད་མི་ག་ར་གིས་ལོ་རྒྱུས་དེ་གོཝ་ད་ ཁོང་གི་ཁ་ནང་ལུ་ས་ཆ་དེ་གི་མིང་ ཨ་ཀཱེལ་ད་མ་ཟེར་བཏགས་ནུག་ འདི་གི་དོན་དག་དེ་ ཁྲག་གི་ཞིང་ཟེར་སླབ་ཨིན་མས། 20 མགུར་མ་ནང་། ཁོ་གི་སྡོད་ཁྱིམ་སྟོངམ་འཐོན་འགྱོ་བཅུག་ ས་ཆ་འདི་ནང་ག་ལུ་ཡང་སྡོད་མ་བཅུག་ ད་རུང་ཁོ་གི་ལཱ་ཡང་ གཞན་གྱིས་ཐོབ་བཅུག་ཟེར་ ལུང་བསྟན་དེ་སྦེ་བྲིས་ཏེ་འདུག 21 དེ་འབདཝ་ལས་ ང་བཅས་དང་མཉམ་སྡོད་མི་ཚུ་གི་གྲལ་ལས་ ཡོ་ཧ་ནཱན་གྱིས་ཁྲུས་གསོལ་བྱིན་མི་ལས་འགོ་བཙུགས་ཏེ་ གཙོ་བོ་ཡེ་ཤུ་ང་བཅས་སྡོད་ས་ ལས་ཡར་ཞིང་ཁམས་ལུ་འཐུ་བསྣམས་པའི་ཉིནམ་ཚུན་ཚོད་ ཡེ་ཤུ་ང་བཅས་ཀྱི་སྦུག་ལུ་ ཕར་དང་ཚུར་བྱོན་མི་གི་སྐོར་ལས་ ཤེས་མི་གཅིག་བཙག་དགོ་ མི་འདི་གིས་ གཙོ་བོ་ཡེ་ཤུ་སྐུ་གསོན་པོ་སྦེ་བཞེངས་གནང་མི་གི་སྐོར་ལས་ ང་བཅས་དང་གཅིག་ཁར་ འཛོམ་དཔང་འབད་དགོ་ཟེར་སླབ་ནུག 23 དེ་ལས་ཁོང་གིས་ མི་གཉིས་ཀྱི་མིང་བཏོན་ནུག་ གཅིག་འདི་ཡོ་སེབ་ ཁོ་ལུ་བཱར་ས་བཱས་དང་ ཡུས་ཏཱོས་ཟེར་ཡང་སླབ་མི་ཨིན་མས་ གཞན་མི་དེ་ མ་ཐི་ཨཱས་ཨིན་མས། 24 ཁོང་གིས་ གཙོ་བོ་ལགས་ ནཱ་གིས་མི་རེ་རེ་གི་སེམས་མཁྱེན་ ཡུ་དཱས་ ཨཱིས་ཀ་རི་ཨཱོད་ སྐུ་ཚབ་ཀྱི་ཕྱག་འགན་སྤང་བཞག་སྟེ་ ཁོ་ལུ་འཁོར་བའི་ཉེས་ཆད་ཐོབ་ཚར་ཡི་ ད་ཁོང་གཉིས་ལས་སྐུ་ཚབ་ཀྱི་ཕྱག་ཞུ་མི་སྦེ་ ནཱ་གིས་བཙག་འཐུ་མཛད་གནང་མི་འདི་ ག་འདི་ཨིན་ན་ ང་བཅས་ལུ་སྟོན་གནང་ཟེར་སྨོན་ལམ་ཞུ་སྟེ། 26 ཁོང་གིས་རྒྱན་ཤོག་རྐྱབ་ད་ མ་ཐི་ཨཱས་ཀྱི་མིང་ཐོན་ནུག་ དེ་ལས་སྐུ་ཚབ་བཅུ་གཅིགཔ་གི་གྲལ་ཁར་ ཁོ་ལུ་བསྡོམས་གནང་ནུག།
1 པེན་ཏི་ཀཱོས་ཟེར་མིའི་དུས་ཆེན་གྱི་ཉིན་མ་ལུ་ དདཔ་ཅན་ག་ར་ས་གནས་གཅིག་ནང་འཛོམས་སྡོད་པའི་དུས་ལུ། 2 ཡུདཔ་ཐེངས་ཅིག་ནང་ ནམ་མཁའ་ལས་རླུང་འཚུབ་འཕུ་བའི་སྐད་སྒྲ་བཟུམ་ཅིག་བྱུང་འོངས་ཏེ་ སྐད་འདི་གིས་ཁོང་སྡོད་སའི་ཁྱིམ་ནང་ག་ར་ཁྱབ་སོང་ནུག 3 དེ་ལས་མེ་ལྷབ་བཟུམ་ ཁ་གཏོར་འོངས་ཏེ་ ཁོང་རེ་རེ་གུ་ལུ་འབབ་འོང་ས་མཐོང་ནུག 4 ཁོང་ག་ར་དམ་པའི་ཐུགས་ཉིད་ཀྱིས་གང་སྟེ་ ཁོང་ལུ་ཐུགས་ཉིད་ནང་སླབ་ཚུགས་པའི་དབང་གནངམ་ལས་ ཁོང་ཁ་མ་གཅིགཔ་ལེ་ཤ་སླབ་ནུག 5 འདི་གི་དུས་ལུ་འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་ཡང་ཁྱབ་ཡོད་པའི་ ཆོས་སེམས་ཆེ་མི་ ཡ་ཧུ་ད་པ་ཚུ་ལེ་ཤ་འོངས་ཏེ་ ཡེ་རུ་ཤ་ལེམ་ལུ་སྡོད་ཡོདཔ་ཨིན་མས། 6 དེ་ཁར་ལུ་རླུང་འཚུབ་ཤུགས་སྦེ་འཕུ་བའི་སྐད་སྒྲ་གོ་སྟེ་ མི་དམངས་ག་ར་འདི་ནང་བལྟ་བ་འོང་ནུག་ འདི་ནང་ དདཔ་ཅན་ཚུ་གིས་ ཁོང་རྒྱལ་ཁབ་སོ་སོ་ལས་འོང་མི་ཚུ་གི་སྐད་རིགས་ནང་སླབ་སར་གོ་སྟེ་ ཁོང་མགུ་འཐོམ་ནུག 7 ཁོང་ག་ར་ཧ་ལས་ཏེ་ དེ་སྦེ་སླབ་ནུག་ ཁ་མ་གཅིགཔ་སླབ་མི་འདི་ཚུ་ག་ར་ལོང་ཕྱོགས་ ག་ལི་ལི་ལས་ཨིན་མས་མེན་ན། 8 འདི་ཚུ་གིས་ག་དེ་སྦེ་ང་བཅས་ཀྱི་ཁ་ནང་ལུ་སླབ་ཚུགསཔ་སྨོ། 9 ང་བཅས་ཨ་ནཱ་འཛོམས་མི་ཆ་ཁྱབ་ ཕར་ཐི་ཡཱ་དང་ མེ་དེ་ ཨེ་ལམ་པ་ མེ་སོ་པོ་ཏྲ་མི་ཡ་གི་ལུང་ཕྱོགས་ ཡུ་དེ་ཡ་ ཀ་པ་དོ་ཀི་ཡ་ པཱོན་ཏུས་ ཨཱ་སི་ཡཱ། 10 ཕིརི་གི་ཡ་ པམ་ཕི་ལི་ཡ་ ཨི་ཇིབ་ སའི་རིན་སྦོ་ལོགས་ཁའི་ ལིབ་ཡ་ལུ་སྡོད་མི་ རོམ་ལས་འོང་མི་མགྱོནམ་འདི་ཚུ། 11 ཡ་ཧུ་ད་པ་དང་ ཡ་ཧུ་ད་པའི་ཆོས་ལུགས་ནང་དད་པ་བསྐྱེད་མིའི་མི་རིགས་སོ་སོ་དེ་ཚུ་ ཀིརཱིད་པ་ ཨ་རབ་པ་འདི་ཚུ་ལས་ཨིན་ དེ་འབདཝ་ད་ དཀོན་མཆོག་གི་ཧ་ལས་པའི་ཕྱག་ལཱ་གི་སྐོར་ལས་ ཁོང་གིས་ང་བཅས་ཀྱི་ཁ་ནང་སླབ་སར་གོ་ཡི་ཟེར་ ཁོང་གིས་སླབ་ནུག 12 དེ་ལས་ཁོང་ག་ར་ཧ་ལས་མགུ་འཐོམ་སྟེ་ ཁོང་རང་གཅིག་གིས་གཅིག་ལུ་ དེ་གི་དོན་དག་ག་ཅི་སྨོ་ཟེར་དྲིས་ནུག 13 ཨིན་རུང་ ཁོང་ལ་ལུ་གིས་ རྒུན་བྲུམ་ཆང་གིས་ར་བཟིཝ་མས་ཟེར་མེས་མེད་སྐྱུར་ནུག། 14 དེ་ལས་སྐུ་ཚབ་བཅུ་གཅིགཔ་དང་མཉམ་ པེ་ཏྲོ་ཡར་ལོང་སྟེ་ སྐད་སྦོམ་སྦེ་མི་དམངས་ལུ་དེ་སྦེ་སླབ་ནུག་ ང་བཅས་ ཡ་ཧུ་ད་པ་ཆ་ཁྱབ་དང་ ཡེ་རུ་ཤ་ལེམ་ནང་སྡོད་མི་ག་ར་ ནཱ་ཉན་ཤིག་ ད་ལྟོ་ག་བྱུང་མི་འདི་གི་སྐོར་ལས་ ང་གིས་སླབ་གེ། 15 ཁྱེད་ཀྱིས་མནོ་དོཝ་བཟུམ་སྦེ་ ཨ་ནི་མི་འདི་ཚུ་རྒུན་འབྲུམ་ཆང་གིས་ར་བཟི་བཟིཝ་མེན་ ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་དྲོ་པ་གི་ཆུ་ཚོད་དགུ་རང་ཨིན་མས། 16 དེ་འབདཝ་ད་ ད་ལྟོ་བྱུང་མི་འདི་གི་སྐོར་ལས་ ཧེ་མ་ལས་ལུང་སྟོན་པ་ ཡོ་ཨཱེལ་གྱིས། 17 དཀོན་མཆོག་གིས་གསུངས་མི་ལྟར་དུ་ ཉིནམ་མཐའན་མཇུག་ལུ་ ངེ་གིས་ཐུགས་ཉིད་འདི་ མི་ག་ར་གི་གུ་ལུ་འབྱོ་ནི་ ཁྱེད་ཀྱི་བུ་དང་བུམོ་འདི་ཚུ་གིས་ དཀོན་མཆོག་གི་ལུང་བསྟན་བཤད་འོང་ ཁྱེད་ཀྱི་ཕོ་སྐྱེས་གཞོནམ་ཚུ་གིས་ མཐོང་སྣང་མཐོང་འོང་ ཁྱེད་ཀྱི་ཕོ་སྐྱེས་རྒས་ཤོས་འདི་ཚུ་གིས་ རྨི་ལམ་མཐོང་འོང་། 18 ད་རུང་ཉིནམ་མཐའན་མཇུག་ལུ་ ངེ་གི་གཡོགཔོ་དང་གཡོགམོ་ཚུ་གི་གུ་ལུ་ ངེ་གི་ཐུགས་ཉིད་འབྱོཝ་ད་ ཁོང་ཆ་ཁྱབ་ཀྱིས་ཡང་ དཀོན་མཆོག་གི་ལུང་བསྟན་བཤད་འོང་། 19 ཡར་ནམ་མཁའ་ལུ་ ང་གིས་ཧ་ལས་པའི་ཕྱག་ལཱ་བཏོན་ནི་ མར་འཛམ་བུ་གླིང་ནང་ལུ་རྟགས་མཚན་མ་འདྲཝ་བཏོན་ནི་ ཁྲག་དང་མེ་ དུ་པ་གནམ་མེད་ས་མེད་འཐོན་འོང་། 20 གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ ཆེ་ཏོག་ཏོ་གི་ཉིནམ་སྦོམ་འདི་ མ་འབྱུང་པའི་ཧེ་མ་ ཉིམ་གནགཔོ་ལུ་འགྱུར་ ཟླཝ་ཁྲག་བཟུམ་སྦེ་དམརཔོ་ལུ་འགྱུར་འོང་། 21 དེའི་སྐབས་ལུ་ག་ར་ཨིན་རུང་ གཙོ་བོ་དཀོན་མཆོག་གི་མཚན་ཞུ་མི་ཚུ་གིས་རྐྱངམ་གཅིག་ ཐར་པ་ཐོབ་ནི་ཨིན་ཟེར་ ལུང་བསྟན་དེ་སྦེ་བྲིས་བཞག་ནུག 22 དབའེ་ང་བཅས་ ཨཱིས་ར་ཨཱེལ་པ་ཆ་ཁྱབ་ ང་གིས་སླབ་མིའི་བློ་ལུ་ཉན་ཤིག་ ཡེ་ཤུ་འདི་ ཐད་རི་བ་རི་རང་ དཀོན་མཆོག་ལས་དབང་ཚད་ཐོབ་མི་གཅིག་ཨིན་ཟེར་བའི་ཁུངས་འདི་ ན་ཟ་རཱེད་ཀྱི་ཡེ་ཤུ་གིས་མཛད་མི་ཕྱག་ལཱ་ཧ་ལས་སི་སི་དང་ རྫུ་འཕྲུལ་གྱི་རྟགས་མ་གཅིགཔ་འདི་ཚུ་ག་ར་ དཀོན་མཆོག་གིས་ང་བཅས་ཀྱི་སྦུག་ལུ་སྟོན་གནང་མི་དེ་ ཁྱེད་ཀྱིས་ཤེས། 23 ཡེ་ཤུ་ལུ་ངོ་ལོག་རྐྱབ་པའི་སྐབས་ལུ་ དཀོན་མཆོག་གིས་ག་ཅི་འབྱུང་ནི་ཨིན་ན་ ཧེ་མ་ལས་མཁྱེན་ཏེ་ ཁོ་གིས་ཧེ་མ་ལས་བརྩམ་བཞག་མི་ཐུགས་དགོངས་དང་འཁྲིལ་ཏེ་མཛད་གནང་ཡི་ ཁྲིམས་ལུ་མ་གནས་མིའི་ ཕྱིའི་མི་རིགས་ཚུ་ལུ་ཆ་རོགས་འཚོལ་ཏེ་ ཁྱེད་ཀྱིས་ཁོ་གི་ལག་པར་ལྕགས་གཟེར་བརྡབས་ཏེ་ ཁྲམ་ཤིང་གུ་བརྐྱངས་ཏེ་བཀྲོངས་བཅུག་ཅི། 24 དེ་འབདཝ་ད་ ཤི་བའི་དབང་གིས་ཡེ་ཤུ་ལུ་བཤེད་བཞག་རང་མི་ཚུགས་ དཀོན་མཆོག་གིས་ཁོ་ལུ་ ཤི་བའི་སྡུག་བསྔལ་ལས་ཐར་གནང་སྟེ་ སྐུ་གསོན་པོ་སྦེ་བཞེངས་གནང་ཡི། 25 ག་ཅི་སྨོ་ཟེར་བ་ཅིན་རྒྱལཔོ་ ད་བིད་ཀྱིས། ངེ་གི་གཙོ་བོ་ལུ་རྟག་བུ་རང་ ང་དང་མཉམ་གཅིག་བཞུགས་སར་ང་གིས་མཐོང་ཅི་ ཁོ་ངེ་གི་ལགཔ་གཡས་ཁ་ཐུག་ལུ་བཞུགས་ནི་འདི་གིས་ ང་ལུ་ཚ་གྱང་དང་སྡུག་བསྔལ་མྱོང་སྟེ་འབད་རུང་ ངེ་གི་སེམས་ལུ་གནོད་མི་ཚུགས། 26 དེ་འབདཝ་ལས་བརྟེན་ཏེ་ ང་སེམས་དགའ་སྟེ་ ངེ་གི་ཁ་ལས་འཐོན་མི་ཚིག་འདི་ ག་ར་བསྟོད་པ་གི་ཚིག་འཐོནམ་ཨིན་ ད་རུང་ང་གིས་དཀོན་མཆོག་ལུ་རེ་བ་བསྐྱེད་དེ་ གཟུགས་ལུ་ངལ་འཚོ་ཐོབ་ཅི། 27 ག་ཅི་སྨོ་ཟེར་བ་ཅིན་ཁྱེད་ཀྱིས་ ངེ་གི་རྣམ་ཤེས་དེ་ ཤིཝ་ཤི་ས་རང་མི་བཞག་ ད་རུང་ཁྱོད་ཀྱི་དམ་པའི་སྲས་འདི་ལུ་ དུར་ཁུང་ནང་མེདཔ་ཐལ་རུལ་ཏེ་ཡང་མི་བཞག 28 ཁྱོད་ཀྱིས་ང་ལུ་ཚེ་གི་ལམ་སྟོན་གནང་སྟེ་ ཁྱོད་ཀྱི་སྐུ་མདུན་ ངེ་གི་སེམས་དགའ་ཚོར་ཐོབ་སྟེ་སྡོདཔ་ཨིན་ཟེར་ རྒྱལཔོ་ ད་བིད་ཀྱིས་ཡེ་ཤུ་གི་སྐོར་ལས་དེ་སྦེ་གསུངས་ནུག 29 དབའེ་སྤུན་ཆ་ཚུ་ སྙན་གྲགས་ཅན་གྱི་ཕ་བརྒྱུད་རྒྱལཔོ་ ད་བིད་ཀྱི་སྐོར་ལས་ གསལ་ཏོག་ཏོ་སྦེ་ང་གིས་སླབ་ནི་ཨིན་ ཁོ་གཤགས་ཏེ་ དུར་ཁུང་ནང་ཡང་བཙུགས་ཚར་ཡི་ འདི་མ་ཚད་ཁོ་གི་དུར་ཁུང་དེ་ ད་རེས་ནཱ་ལུ་ང་བཅས་མིག་གིས་མཐོང་ས་ཡོད། 30 རྒྱལཔོ་ ད་བིད་འདི་ ལུང་སྟོན་པ་གཅིག་ཨིན་མས་ དཀོན་མཆོག་གིས་ཁོ་དང་མཉམ་གཅིག་ ཁོ་གི་བུ་བརྒྱུད་ལས་ མི་གཅིག་ཁོ་གི་རྒྱལ་ཁྲི་གུ་བཀལ་ནི་ཟེར་ དབུ་མནའ་བཞེས་མི་འདི་ ཁོ་གིས་མཁྱེན་ནུག 31 དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ སྐུ་གསོན་པོ་སྦེ་བཞེངས་གནང་ནི་གི་སྐོར་ལས་ ཁོ་གིས་ཧེ་མ་ལས་མཁྱེན་ཏེ་ ཁོ་གི་རྣམ་ཤེས་དེ་ ཤིཝ་ཤི་ས་རང་མི་བཞག་ ད་རུང་ཁོ་གིས་སྐུ་ཕུང་དེ་ལུ་ དུར་ཁུང་ནང་ལུ་ མེདཔ་ཐལ་རུལ་ཏེ་ཡང་མི་བཞག་ཟེར་ དེ་སྦེ་གསུངས་གསུངསམ་ཨིན་མས། 32 ཨ་ནི་ལུང་བསྟན་འདི་ཡེ་ཤུ་གི་སྐོར་ལས་ཨིན་ དཀོན་མཆོག་གིས་ཁོ་སྐུ་གསོན་པོ་སྦེ་བཞེངས་གནང་ཡི་ འདི་གི་འཛོམ་དཔང་འདི་ ད་ལྟོ་ང་བཅས་ག་ར་ཨིན། 33 ཨ་ནི་ཡེ་ཤུ་འདི་ དཀོན་མཆོག་གིས་ཡར་ཞིང་ཁམས་ལུ་བསྣམས་ཏེ་ ཁོ་རང་གི་ཕྱག་གཡས་པའི་ཁ་ཐུག་ལུ་བཞག་སྟེ་ ཡབ་དཀོན་མཆོག་གིས་ཁས་བླངས་བཞེས་མིའི་དམ་པའི་ཐུགས་ཉིད་དེ་ ཁོ་གིས་ཐོབ་སྟེ་ ང་བཅས་ཀྱི་གུ་ལུ་འབྱོ་གནང་ཡི་ ད་ལྟོ་ཁྱེད་ཆ་ཁྱབ་ཀྱི་མིག་གིས་མཐོང་ རྣ་བ་ཡང་གོ་མི་འདི་ ཨ་ནི་ཨིན། 34 ག་ཅི་སྨོ་ཟེར་བ་ཅིན་ ད་བིད་འདི་ཡར་ཞིང་ཁམས་ལུ་ དཀོན་མཆོག་གི་ཕྱག་གཡས་ཁ་ཐུག་ལུ་མ་ལྷོད་རུང་ ཁོ་གིས། གཙོ་བོ་དཀོན་མཆོག་གིས་ངེ་གི་གཙོ་བོ་ལུ། 35 ང་གིས་ཁྱོད་ཀྱིས་དགྲ་བྱང་ཕྱད་ཚུ་ ཁྱོད་ཀྱི་དབང་ཚད་འོག་ལུ་ མ་བཙུགས་ཚུན་ཚོད་ ཁྱོད་ངེ་གི་གཡས་ཁ་ཐུག་སྡོད་ཟེར་ དེ་སྦེ་གསུངས་གསུངསམ་ཨིན་མས། 36 དེ་འབདཝ་ལས་བརྟེན་ཏེ་ ཨཱིས་ར་ཨཱེལ་གྱི་མི་བརྒྱུད་ག་ར་གིས་ ཐད་རི་བ་རི་ཤེས་དགོ་ ཁྱེད་ཀྱིས་ཁྲམ་ཤིང་གུ་བརྐྱངས་ཏེ་བཀྲོངས་མི་ཡེ་ཤུ་འདི་ དཀོན་མཆོག་གིས་གཙོ་བོ་དང་ཁིརཱིས་གཉིས་སྦེ་མཛད་གནང་ཡི་ཟེར་པེ་ཏྲོ་གིས་སླབ་ནུག 37 མི་དམངས་ཀྱིས་ལོ་རྒྱུས་འདི་གོཝ་ད་ ཁོང་གི་སེམས་ཁར་འབབ་སྟེ་ ཁོང་གིས་ པེ་ཏྲོ་དང་སྐུ་ཚབ་གཞན་འདི་ཚུ་ལུ་ སྤུན་ཆ་ཚུ་ ད་ང་བཅས་ག་དེ་འབད་ནི་ན་ཟེར་སླབ་ནུག 38 པེ་ཏྲོ་གིས་ཁོང་ལུ་ སྡིག་པ་དག་ནི་གི་དོན་ལུ་ ཁྱེད་ག་ར་སེམས་འགྱུར་ཏེ་ ཡེ་ཤུ་ཁིརཱིས་ཀྱི་མཚན་ནང་ཁྲུས་གསོལ་ཞུ་ དེ་ལས་ཁྱེད་ཆ་ཁྱབ་ཀྱིས་དམ་པའི་ཐུགས་ཉིད་དེ་ གསོལ་རས་སྦེ་ཐོབ་འོང་། 39 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁས་བླངས་བཞེས་མི་དམ་པའི་ཐུགས་ཉིད་དེ་ ཁྱེད་ཀྱི་དོན་ལུ་དང་ ཁྱེད་ཀྱི་བུ་བརྒྱུད་ ཐག་རིང་ས་ལུ་སྡོད་མིའི་མི་ཚུ་ དེ་ལས་ང་བཅས་ཀྱི་གཙོ་བོ་དཀོན་མཆོག་གིས་ ག་ག་ལུ་འབོ་སྟེ་ཡོད་མི་ཚུ་གི་དོན་ལུ་ཨིན་ཟེར་གསུངས་ནུག 40 ད་རུང་ པེ་ཏྲོ་གིས་མི་འདི་ཚུ་ལུ་ མི་བརྒྱུད་ངན་པ་འདི་ཚུ་ལུ་ཕོག་ནི་འབད་མི་ཆདཔ་ལས་སྐྱབས་མཛད་གནང་ཟེར་ དཀོན་མཆོག་ལུ་ཞུ་ཟེར་ ཨུ་ཚུགས་བརྐྱབས་ཏེ་ ཉེན་བརྡ་བཀལ་ནུག 41 དེ་ལས་ པེ་ཏྲོ་གིས་བཤད་མི་ཆོས་ལུ་ དད་པ་བསྐྱེད་མི་ཆ་ཁྱབ་ག་ར་སེམས་འགྱུར་ ཁྲུས་གསོལ་ཞུ་སྟེ་ ཉིནམ་དེ་ལུ་ མི་གྱངས་ཁ་གསུམ་སྟོང་དདཔ་ཅན་ཚུ་དང་བསྡོམས་ནུག། 42 དེ་ལས་སྐུ་ཚབ་ཚུ་གིས་སྟོན་གནང་མི་ཆོས་དང་ དདཔ་ཅན་གྱི་མཉམ་འབྲེལ་ བཞེས་སྒོ་ཟ་ས་ ཡེ་ཤུ་ལུ་དྲན་ནི་ཚོགས་སྟོན་ནང་བཅའ་མར་བཏོགས་ས་ སྨོན་ལམ་ཞུ་ས་ དདཔ་ཅན་ག་ར་གིས་སེམས་ཁར་བཀལ་ཏེ་ སྒྲིག་ལམ་ཚུ་སྒྲིགས་ནུག 43 སྐུ་ཚབ་དེ་ཚུ་གིས་རྫུ་འཕྲུལ་དང་རྟགས་ལེ་ཤ་བཏོནམ་ད་ མི་ག་ར་ཧ་ལས་ཏེ་ དཀོན་མཆོག་ལུ་གུས་ཞབས་ཕུལ་ནུག 44 དདཔ་ཅན་ག་ར་སེམས་མཐུན་ཏེ་ ཁོང་ནང་ཡོད་མི་ག་ར་ སྤྱི་ཏོག་ཁར་བཞག་ནུག 45 ཁོང་ནང་ཡོད་མི་ ས་གཞི་དང་རྒྱུ་ཅ་ལ་ག་ར་བཙོང་སྟེ་ ཏི་རུ་འདི་ག་ག་ལུ་ཁག་ཆེ་མི་དེ་ཚུ་ལུ་བྱིན་ནུག 46 ཉིནམ་རེ་འཆར་རང་ ཁོང་ག་ར་སེམས་མཐུན་ཏེ་ མཆོད་ཁང་ནང་མ་ཆད་པར་འཛོམ་དོཝ་ཡོདཔ་ཨིན་མས་ དེ་ལས་རྟག་བུ་རང་ཁྱིམ་གཅིག་ནང་མེན་པར་ སོར་ཡི་སོར་ཡི་རང་འཛོམས་ཏེ་ གཙོ་བོ་ཡེ་ཤུ་གི་དྲན་པའི་ཚོགས་སྟོན་ནང་བཅའ་མར་བཏོགས་ བཞེས་སྒོ་ཟ་སྦེ་ སེམས་ཡིད་རངས་ཏེ་ དགའ་སྤྲོ་འགྱུར་སྡོད་ནུག 47 འདི་དང་གཅིག་ཁར་ དཀོན་མཆོག་ལུ་བསྟོད་པ་ཕུལ་སྦེ་སྡོད་ནུག་ དེ་ལས་མི་གཞན་ག་ར་གིས་ཁོང་ལུ་ སེམས་དགའ་སྟེ་ལེགས་ཤོམ་འབད་དོཝ་མས་ གཙོ་བོ་ཡེ་ཤུ་གིས་ཉིནམ་རེ་འཆར་སྐྱབས་མཛད་མི་ཚུ་ ཁོང་དང་གཅིག་ཁར་བསྡོམས་གནང་ནུག།
1 ཉིནམ་གཅིག་གི་ཚེ་ པེ་ཏྲོ་དང་ ཡོ་ཧ་ནཱན་ སྨོན་ལམ་གྱི་དུས་ཚོད་ནང་ ཉིན་མའི་ཆུ་ཚོད་གསུམ་ལུ་ཡར་མཆོད་ཁང་ནང་འགྱོཝ་ད། 2 མི་སྐྱེས་བའི་བསྒང་ལས་རྐངམ་ཞབོ་འབད་མི་གཅིག་ཡོདཔ་མས་ སྒོ་ར་སྒོ་ མཛེས་ཏོག་ཏོ་ཟེར་མི་སྦོ་ལོགས་ཁར་ལུ་ མཆོད་ཁང་ནང་འོང་མི་ཚུ་ལས་བསོད་སྙོམས་ལྷང་བཅུག་ནི་སྦེ་ ཉིནམ་རེ་འཆར་རང་ ཁོ་དེ་ནང་བཀལ་བཞག་དོཝ་ཨིན་མས། 3 པེ་ཏྲོ་དང་ ཡོ་ཧ་ནཱན་ མཆོད་ཁང་ནང་ན་འཛུལ་ནི་འབདཝ་ད་ ཞབོ་གིས་ཁོང་གཉིས་མཐོང་སྟེ་ཏི་རུ་ལྷངམ་ད། 4 པེ་ཏྲོ་དང་ ཡོ་ཧ་ནཱན་གྱིས་ ཁོ་གི་གདོང་ཐད་ཀར་དུ་བལྟ་སྟེ་ པེ་ཏྲོ་གིས་ཁོ་ལུ་ ང་བཅས་ལུ་ལྟ་ཤིག་ཟེར་སླབ་ད། 5 ཁོང་གིས་ཁོ་ལུ་ག་ཅི་གཅིག་བྱིན་ནི་འོང་ཟེར་ རེ་ཆ་བསྐྱེད་དེ་ཁོང་ལུ་བལྟ་ནུག 6 དེ་ལས་ པེ་ཏྲོ་གིས་ གསེར་དང་དངུལ་ང་ལུ་མེད་ དེ་འབདཝ་ད་ ངེ་གི་ནང་ག་ཡོད་མི་དེ་ ཁྱོད་ལུ་བྱིན་ནི་ཨིན་ ན་ཟ་རཱེད་ཀྱི་ཡེ་ཤུ་ཁིརཱིས་ཀྱི་མཚན་ནང་ ཡར་ལོང་སྟེ་ལམ་འགྱོ་ཟེར་སླབ་ནུག 7 དེ་ལས་ཁོ་གིས་ཞབོ་དེ་གི་ལགཔ་གཡས་པ་བཤེད་དེ་ཡར་ལྷོངམ་ད་ དེ་འཕྲོ་ལས་ མི་དེ་གི་རྐང་མའི་ཚིགས་འདི་ཚུ་ སྒྲིང་སྒྲིང་འགྱོ་སྟེ། 8 ཡར་མཆོང་སྟེ་ ཁོ་ཕར་དང་ཚུར་ལམ་འགྱོ་བལྟ་སྦེ་ ཁོང་གཉིས་དང་གཅིག་ཁར་མཆོད་ཁང་ནང་འགྱོཝ་ད་ མཆོང་བརྐྱབས་ཅི་བརྐྱབས་ཅི་ དཀོན་མཆོག་ལུ་བསྟོད་པ་ཕུལ་ཏེ་སོང་ནུག 9 ཁོ་ལམ་འགྱོ་ས་དང་ དཀོན་མཆོག་ལུ་བསྟོད་པ་ཕུལ་ས་ མི་ག་ར་གིས་མཐོངམ་ད། 10 མི་དེ་རྟག་བུ་རང་མཆོད་ཁང་གི་སྒོ་ར་སྒོ་ མཛེས་ཏོག་ཏོ་གི་སྦོ་ལོགས་ཁར་སྡོད་དེ་ བསོད་སྙོམས་ལྷང་མི་འདི་ཨིནམ་ མི་ག་ར་གིས་ངོ་ཤེས་ཏེ་ ཁོ་ལུ་ག་ཅི་རང་འབྱུང་འབྱུངམ་ཨིན་ན་ཟེར་ ཁོང་ག་ར་རྣམ་རྟོག་ལང་སྟེ་ཧ་ལས་ནུག། 11 མཆོད་ཁང་ནང་ རྒྱལཔོ་ སོ་ལོ་མཱོན་ཟེར་མི་གི་གཡབ་ཁྱིམ་ཡོད་ས་ལུ་ ཁོ་གིས་ པེ་ཏྲོ་དང་ ཡོ་ཧ་ནཱན་གྱི་སྦོ་ལོགས་ཁར་འབྱར་སྡོདཔ་ད་ མི་ག་ར་ཧ་ལས་ཏེ་ཁོང་སྡོད་སར་བརྒྱུགས་ཏེ་འོངས་ནུག 12 ཁོང་དེ་སྦེ་རྒྱུག་འོང་ས་མཐོང་སྟེ་ པེ་ཏྲོ་གིས་ཁོང་ལུ་སླབ་ནུག་ དབའེ་ ང་བཅས་རའི་ ཨཱིས་ར་ཨཱེལ་པ་ཆ་ཁྱབ་ དེ་མཐོངམ་ད་ ཁྱེད་ཆ་ཁྱབ་ག་ཅི་འབད་ཧ་ལསཔ་སྨོ་ འདི་ང་བཅས་རང་གི་སྟོབས་ཤུགས་དང་ ཆོས་དང་མཐུན་པའི་ཐབས་ཤེས་ཀྱིས་ མི་འདི་ལམ་འགྱོ་ཚུགསཔ་བཟོ་བཟོཝ་བཟུམ་སྦེ་ ག་ཅི་འབད་ང་བཅས་ཀྱི་གདོང་ཁར་ལུ་ན་འཐན་སྦེ་བལྟཝ་སྨོ། 13 ཕ་བརྒྱུད་ ཨབ་ར་ཧམ་དང་ ཨི་སག་ ཡ་ཀོབ་ཀྱི་དཀོན་མཆོག་ ང་བཅས་རའི་ཕ་བརྒྱུད་ཀྱི་དཀོན་མཆོག་གིས་ ཡེ་ཤུ་དེ་ ཁོ་རང་གི་ཕྱག་ལཱ་མཛད་མི་སྦེ་ གཟི་བརྫིད་དང་ལྡནམ་མཛད་གནང་ཡི་ དེ་འབདཝ་ད་ ཁྱེད་ཀྱིས་ཁོ་ལུ་བཟུང་སྟེ་ གཞུང་ཚབ་ པི་ལ་ཏུས་ཀྱི་ཕྱག་ལུ་སྤྲོད་དེ་ ཁོ་གིས་ཡེ་ཤུ་ལུ་དགོངས་ཡངས་གཏང་ནི་སྦེ་ ཐུགས་བསམ་བཞེས་ཅི་ དེ་འབདཝ་ད་ ཁྱེད་ཆ་ཁྱབ་ཀྱིས་ཉན་མ་བཏུབ་པར། 14 ཁོ་དམ་པ་དང་དྲང་བདེན་པ་དེ་ལུ་བཞག་སྟེ་ ལྟས་ངན་མི་བསད་མི་འདི་ལུ་ དགོངས་ཡངས་གཏང་ཟེར་ གཞུང་ཚབ་ པི་ལ་ཏུས་ལུ་ཞུ་སྟེ། 15 ཁྱེད་ཆ་ཁྱབ་ཀྱིས་ ཚེ་གི་བདགཔོ་དེ་ལུ་བཀྲོངས་བཅུག་ཅི་ དེ་འབདཝ་ད་ དཀོན་མཆོག་གིས་ཁོ་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་གནང་ཡི་ དེ་གི་སྐོར་ལས་ང་བཅས་འཛོམ་དཔང་ཨིན། 16 ཁྱེད་ཀྱིས་རྟག་བུ་རང་མཐོང་མི་དང་ ངོ་ཤེས་མིའི་མི་དེ་ ཡེ་ཤུ་གི་མཚན་གྱི་ཐོག་ལས་ དད་པ་བསྐྱེད་དེ་དྲག་དྲགཔ་ཨིན་ ཁོ་དྲག་མི་འདི་ ཁྱེད་ཀྱིས་མཐོང་ཅི་ ཨ་ནི་འདི་ ཡེ་ཤུ་ལུ་དད་པ་བསྐྱེད་ནི་འདི་གིས་ཨིན། 17 དབའེ་ངེ་གི་སྤུན་ཆ་དེ་ཚུ་ ཁྱེད་ཆ་ཁྱབ་དང་ ཁྱེད་ཀྱི་འགོ་དཔོན་དེ་ཚུ་གིས་ མ་ཤེས་པར་ཡེ་ཤུ་ལུ་འབད་མི་འདི་ ང་གིས་ཤེས། 18 དེ་འབདཝ་ད་ ཧེ་མ་ལས་དཀོན་མཆོག་གིས་ལུང་སྟོན་པ་ག་ར་ལས་རྒྱུད་དེ་ ཁོ་གིས་གནང་མིའི་ཁིརཱིས་དེ་ སྡུག་བསྔལ་མྱོང་དགོ་ཟེར་སླབ་མི་འདི་ ངོ་མ་སྦེ་དོན་དག་ཚུ་བསྒྲུབ་གནངམ་ཨིན་མས། 19 ད་སེམས་འགྱུར་ཏེ་ དཀོན་མཆོག་གི་ཁ་ཐུག་འོང་པ་ཅིན་ ཁྱེད་ཀྱི་སྡིག་པ་ག་ར་ བཀའ་དྲིན་བསྐྱང་འོང་། 20 དེ་ལས་གཙོ་བོ་དཀོན་མཆོག་གི་སྐུ་མདུན་ལུ་ ད་རུང་ལོག་སྟེ་ ངལ་སངས་ནི་གི་དུས་སྐབས་ཐོབ་ནི་ཨིནམ་མ་ཚད་ ཁོ་གིས་ཁྱེད་ཀྱི་དོན་ལུ་ བཙག་འཐུ་མཛད་མི་ཁིརཱིས་དེ་ ད་རུང་ལོག་སྟེ་གཏང་གནང་འོང་། 21 དཀོན་མཆོག་གིས་ལུང་སྟོན་པ་དམ་པ་དེ་ཚུ་གིས་ཐོག་ལས་སྦེ་ འཛམ་བུ་གླིང་འདི་ནང་ གནམ་དང་ས་ག་ར་གསརཔ་ལུ་མ་འགྱུར་ཚུན་ཚོད་ ཡེ་ཤུ་ཡར་ཞིང་ཁམས་ལུ་བཞུགས་དགོ་ཟེར་ཁས་བླངས་བཞེས་ཏེ་གསུངས་ནུག 22 ག་ཅི་སྨོ་ཟེར་བ་ཅིན་ མོ་སཱེས་ཀྱིས། གཙོ་བོ་དཀོན་མཆོག་གིས་ ལུང་སྟོན་པ་ང་བཟུམ་ཅིག་ ཁྱེད་རའི་མི་བརྒྱུད་ནང་ལས་ ཁྱེད་ཆ་ཁྱབ་ཀྱི་དོན་ལུ་གནང་ནི་ཨིན་ ཁོ་གིས་ག་ཅི་གསུངས་མི་དེ་ལུ་ཁྱེད་ཀྱིས་ཉན་དགོ། 23 ཁོ་གི་བཀའ་ལུ་མ་ཉན་མི་དེ་ཚུ་ དཀོན་མཆོག་གིས་ཁོ་རའི་མི་རྩིས་ནང་ལས་ ཨ་རྟག་རང་གི་དོན་ལུ་བཏོག་གཏང་ནི་ཨིན་ཟེར་ སླབ་ནུག 24 པེ་ཏྲོ་གིས་འཕྲོ་མཐུད་དེ་རང་ ལུང་སྟོན་པ་ ས་མུ་ཨཱེལ་ལས་འགོ་བཙུགས་ཏེ་ ཤུལ་ལས་འོང་མི་ལུང་སྟོན་པ་ཚུན་ཚོད་ ག་ར་གིས་ ད་རེས་ནངས་པ་གི་ཉིནམ་ནང་ ག་ཅི་འབྱུང་འོང་ག་ དེ་གི་སྐོར་ལས་སླབ་ནུག 25 ལུང་སྟོན་པ་ཚུ་གི་བུ་བརྒྱུད་ཁྱེད་ཆ་ཁྱབ་ཨིན་ ད་རུང་དཀོན་མཆོག་གིས་བཞེས་མི་ཞལ་འཆེས་འདི་ ཁྱེད་ཀྱི་བུ་བརྒྱུད་ཆ་ཁྱབ་ཀྱི་དོན་ལུ་ཨིན་ ཧེ་མ་དཀོན་མཆོག་གིས་ཁྱེད་ཀྱི་ཕ་བརྒྱུད་ ཨབ་ར་ཧམ་ལུ། ཁྱོད་ཀྱི་བུ་བརྒྱུད་ལས་སྦེ་འཛམ་བུ་གླིང་ནང་ཡོད་མི་ མི་ག་ར་གིས་བྱིན་རླབས་ཐོབ་ནི་ཨིན་ཟེར་ དེ་སྦེ་ཞལ་འཆེས་བཞེས་ནུག 26 འདི་འབད་ནི་འདི་གིས་ དཀོན་མཆོག་གིས་ཁོ་གི་ཕྱག་ལཱ་མཛད་མི་སྦེ་ བཙག་འཐུ་མཛད་མི་ཡེ་ཤུ་འདི་ འགོ་དང་པ་རང་ ཁྱེད་ལུ་བྱིན་རླབས་གནང་སྟེ་ ཁྱེད་རེ་རེ་བཞིན་དུ་ལཱ་ངན་པའི་ལམ་ལས་ལོག་སྟེ་ འགྱོད་སེམས་བསྐྱེད་བཅུག་ནི་སྦེ་ ཁོ་ལུ་གཏང་གནང་ནུག་ཟེར་སླབ་ནུག།
1 པེ་ཏྲོ་དང་ ཡོ་ཧ་ནཱན་གྱིས་མི་ཚུ་ལུ་ཆོས་དེ་སྦེ་བཤད་དེ་སྡོདཔ་ད་ ཡ་ཧུ་ད་པའི་བླམ་འདི་ཚུ་དང་ མཆོད་ཁང་གི་སྲུང་རྒྱབ་འགོ་དཔོན་ དེ་ལས་ ས་དུ་ཀི་པ་འདི་ཚུ་ ཁོང་གི་སྦོ་ལོགས་ཁར་བྱོན་ནུག 2 སྐུ་ཚབ་འདི་ཚུ་གིས་ ཡེ་ཤུ་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་གནང་མི་འདི་ ཤི་ས་ལས་གསོན་པོ་སྦེ་ལོང་ནི་ཡོད་ཟེར་ ཁུངས་བཀལ་ཏེ་ཆོས་བཤདཔ་ད་ ཁོང་བླམ་སློབ་དཔོན་ཆ་ཁྱབ་ གནམ་མེད་ས་མེད་དབུགས་འགམ་ནུག 3 ཁོང་གིས་ པེ་ཏྲོ་དང་ ཡོ་ཧ་ནཱན་གཉིས་བཟུང་སྟེ་ ཕྱི་རུ་ཁམས་གཅིག་ཁར་འབད་ནི་འདི་གིས་ འདི་གི་ནངས་པ་ཚུན་ཚོད་ བཙོན་ཁང་ནང་བཙུག་བཞག་ནུག 4 དེ་འབདཝ་ད་ ཆོས་ཉན་མི་ཚུ་གི་གྲལ་ལས་ ལེ་ཤ་ཅིག་དད་པ་བསྐྱེད་ནུག་ འདི་ཚུ་ག་ར་བསྡོམས་ཏེ་གྱངས་ཁ་རྐྱབ་ད་ ཕོ་སྐྱེས་ལྔ་སྟོང་དེ་ཅིག་འདུག་ཟེར་ཨིན་མས། 5 འདི་གི་ནངས་པ་ ཁོང་ ཡ་ཧུ་ད་པ་གི་དཔོན་ཚུ་དང་ མི་དམངས་ཀྱི་འགོ་དཔོན་ དེ་ལས་བཀའ་ཁྲིམས་ཀྱི་སློབ་དཔོན་འདི་ཚུ་ག་ར་ ཡེ་རུ་ཤ་ལེམ་ལུ་ལྷན་ཚོགས་འཛོམས་ནུག 6 མཁན་ཆེན་ ཨཱན་ནཱས་དང་ ཀའི་ཡ་ཕཱས་ ཡོ་ཧ་ནཱན་ ཨ་ལེག་སཱན་ཌཱེར་ དེ་ལས་ མཁན་ཆེན་ཁོ་རའི་བཟའ་ཚན་ནང་ལས་ཨིན་མི་ མི་གཞན་འདི་ཚུ་ཡང་དེ་ཁར་འཛོམས་ནུག 7 ཁོང་གིས་ པེ་ཏྲོ་དང་ ཡོ་ཧ་ནཱན་ ལྷན་ཚོགས་ཀྱི་སྐུ་མདུན་ལུ་ལྷོང་སྟེ་ ག་གི་དབང་ཤུགས་དང་ག་གི་མཚན་ནང་ཁྱེད་ཀྱིས་ ཨ་ནི་མི་འདི་ལུ་དྲགཔ་བཟོ་བཟོཝ་སྨོ་ཟེར་གསུངསམ་ད། 8 པེ་ཏྲོ་དམ་པའི་ཐུགས་ཉིད་ཀྱིས་གང་སྟེ་ཁོང་ལུ་ མི་དམངས་ཀྱི་དཔོན་ཚུ་དང་འགོ་དཔོན་ཚུ། 9 ད་རེས་ཀྱི་ཉིནམ་ལུ་ ཨ་ནི་མི་ཞབོ་འདི་ལུ་ ལཱ་ལེགས་ཤོམ་ག་དེ་སྦེ་བྱུང་སྟེ་མི་འདི་དྲག་དྲགཔ་ཨིན་ན་ འདི་ཚུ་གི་སྐོར་ལས་ ང་བཅས་ཀྱིས་ནཱ་ཆ་ཁྱབ་ཀྱིས་གསུངས་མི་གི་ལན་ཞུ་དགོ་པ་ཅིན། 10 ནཱ་ཆ་ཁྱབ་དང་ ཨཱིས་ར་ཨཱེལ་གྱི་མི་ག་ར་གིས་ཨ་ནི་དེ་ཤེས་དགོ་ ནཱ་ཆ་ཁྱབ་ཀྱིས་ཁྲམ་ཤིང་གུ་བརྐྱངས་ཏེ་བཀྲོངས་མི་འདི་ དཀོན་མཆོག་གིས་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་གནང་མི་ ན་ཟ་རཱེད་ཀྱི་ཡེ་ཤུ་ཁིརཱིས་ཀྱི་མཚན་ནང་ ཨ་ནི་མི་འདི་དྲག་སྟེ་ ནཱ་ཆ་ཁྱབ་ཀྱི་སྦུག་ལུ་ལོང་སྟེ་ཡོད། 11 ཨ་ནི་ཡེ་ཤུ་འདི་གི་སྐོར་ལས་ གསུང་རབ་ནང་། ཁྱེད་རྩིགཔ་བཟོ་བོ་འདི་ཚུ་གིས་ མིག་ཁར་མ་རྐྱབ་པར་ཕར་བཀོག་བཞག་མི་རྡོ་འདི་ ད་ལྟོ་ཁག་ཆེ་ཏོག་ཏོ་ ཁྱིམ་གྱི་ཟུར་རྡོ་སྦེ་འགྱུར་ཡོདཔ་ཨིན་ཟེར་ དེ་སྦེ་བྲིས་ཏེ་འདུག 12 ཡེ་ཤུ་མ་གཏོགས་གཞན་ག་གི་ནང་ལས་ཡང་ཐར་པ་མི་ཐོབ་ ག་ཅི་སྨོ་ཟེར་བ་ཅིན་ ཐར་པ་ཐོབ་པའི་དོན་ལུ་ ཁོ་གི་མཚན་མ་གཏོགས་ དཀོན་མཆོག་གིས་གཞན་ག་གི་མིང་ཡང་ ཞིང་ཁམས་ཀྱི་འོག་ལུ་ཡོད་མི་ཚུ་ལུ་མ་གནང་པས་ཟེར་ཞུ་ནུག 13 ལྷན་ཚོགས་ཆ་ཁྱབ་ཀྱིས་ པེ་ཏྲོ་དང་ ཡོ་ཧ་ནཱན་གྱི་བློ་སླབ་ཐངས་གསནམ་ད་ ཆོས་མ་བལྟ་མི་ མི་གནགཔོ་བཟུམ་གྱིས་ ག་དེ་སྦེ་སྤོབས་པ་ཆེ་ཏོག་ཏོ་སྦེ་བློ་སླབ་སྨོ་ཟེར་ ཁོང་གཉིས་ལུ་བལྟ་སྟེ་ ཡ་མཚན་ཆེ་ནུག་ འདི་ཚུ་ཡེ་ཤུ་དང་མཉམ་གཅིག་སྡོད་དེ་ཤེས་ཤེསཔ་ཨིན་མས་ཟེར་ ཁོང་གིས་མཁྱེན་ནུག 14 ཞབོ་དྲག་སོང་མི་འདི་ པེ་ཏྲོ་དང་ ཡོ་ཧ་ནཱན་གཉིས་དང་མཉམ་གཅིག་ལོང་སྡོད་ནི་འདི་གིས་ ཁོང་གིས་གསུང་ནི་ཚིག་ག་ནི་ཡང་མ་ཐོབ་པས། 15 དེ་ལས་ཁོང་གཉིས་ལུ་ ལྷན་ཚོགས་འཛོམས་སར་ནང་ལས་ཕྱི་ཁར་འཐོན་སོང་ཟེར་གསུངས་ཞིནམ་ད་ ཁོང་ར་ཆ་ཁྱབ་ཀྱི་ནང་ན་གསུང་གྲོས་གནང་ནུག 16 ད་ཨ་ནི་མི་གཉིས་ལུ་ག་དེ་སྦེ་འབད་ནི་སྨོ་ ཁོང་གིས་བཏོན་མི་རྫུ་འཕྲུལ་མ་འདྲཝ་འདི་ ཡེ་རུ་ཤ་ལེམ་ལུ་སྡོད་མི་ག་ར་གིས་ཧ་གོ་ཚར་ཡི་ ང་བཅས་ཀྱིས་ཁོང་གིས་འབད་མི་འདི་མི་བདེན་ཟེར་སླབ་མི་ཚུགས་པས། 17 དེ་འབདཝ་ད་ འདི་ལས་ཕར་ཁོང་གིས་མི་ག་ར་ལུ་ ཨ་ནི་བཟུམ་གྱི་ཁྱབ་བསྒྲགས་གཏང་ནི་དང་ ཡེ་ཤུ་གི་མིང་ནང་ལུ་ མི་ཚུ་གི་སྦུག་ལུ་ཆོས་བཤད་ཐག་མི་ཆོག་ཟེར་ ཁོང་གཉིས་ལུ་ཉེན་བརྡ་འབད་དགོཔ་འདུག་ཟེར་ ལྷན་ཚོགས་ཚུ་ཁོང་རང་གསུང་གྲོས་དེ་སྦེ་གནང་ནུག 18 དེ་ལས་ཁོང་གཉིས་ལུ་འབོ་སྟེ་ ད་དེ་ལས་ཕར་ དུས་ནམ་དང་ནམ་ཡང་ཡེ་ཤུ་གི་མིང་ནང་ལུ་ ཆོས་བཤད་མི་ཆོག་ཟེར་ ཁོང་གིས་བཀའ་དམ་དྲགས་སྦེ་གནང་ནུག 19 དེ་འབདཝ་ད་ པེ་ཏྲོ་དང་ ཡོ་ཧ་ནཱན་གྱིས་ཁོང་ལུ་ དཀོན་མཆོག་གི་གཟིགས་སར་ ང་བཅས་ཀྱིས་ནཱ་ཆ་ཁྱབ་ལུ་ཉན་ནི་ཨིན་ན་ ཡང་ན་དཀོན་མཆོག་ལུ་ཉན་ནི་ཨིན་ན་ ནཱ་ཆ་ཁྱབ་ཀྱིས་ན་འཐན་སྦེ་ཐུགས་བསམ་བཞེས། 20 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་མིག་གིས་མཐོང་མི་དང་ རྣ་བ་གོ་མི་བློ་འདི་མ་སླབ་པར་སྡོད་རང་མི་ཚུགས་ཟེར་ཞུ་ནུག 21 ཁོང་གིས་བཏོན་མི་ཧ་ལས་པའི་ལཱ་འདི་ མི་ག་ར་གིས་མཐོང་སྟེ་ དཀོན་མཆོག་ལུ་བསྟོད་པ་ཕུལཝ་ལས་ བླ་ཆེན་དང་འགོ་དཔོན་ཚུ་གིས་ཁོང་གཉིས་ལུ་ ག་དེ་སྦེ་ཡང་ཁྲིམས་གཏང་མ་ཚུགས་པར་ ཁོང་གཉིས་ལུ་འདྲོག་བཏོན་ཏེ་བཏང་ནུག 22 རྫུ་འཕྲུལ་གྱི་ཐོག་ལས་ དྲག་མིའི་མི་འདི་ ལོ་བཞི་བཅུ་ལས་ལྷག་སོང་མི་གཅིག་ཨིན་མས།། 23 དེ་ལས་ཐརཝ་ཅིག་ པེ་ཏྲོ་དང་ ཡོ་ཧ་ནཱན་ ཁོང་རའི་མི་འདི་ཚུ་སྡོད་སར་ལོག་སོང་ཞིནམ་ད་ བླ་ཆེན་དང་འགོ་དཔོན་ཆ་ཁྱབ་ཀྱིས་གསུངས་མི་བློ་ག་ར་ ཁོང་ལུ་བཤད་དེ་སླབ་ནུག 24 དདཔ་ཅན་ཚུ་གིས་དེ་གོཝ་ད་ སྐད་སྦོམ་སྦེ་བརྐྱབས་ཏེ་ སེམས་གཅིག་སྦེ་མཐུན་ དཀོན་མཆོག་ལུ་སྨོན་ལམ་དེ་སྦེ་ཞུ་ནུག་ ཀུན་དབང་གི་གཙོ་བོ་ལགས་ གནམ་དང་ས་གཉིས་ རྒྱ་མཚོ་འདི་ཚུ་དང་དེ་ནང་ཡོད་མི་ག་ར་ནཱ་གིས་མཛད་མཛདཔ་ཨིན། 25 ནཱ་གི་དམ་པའི་ཐུགས་ཉིད་ལས་སྦེ་ ང་བཅས་རའི་ཞབས་ཕྱིཔ་ ཕ་བརྒྱུད་ ད་བིད་ཀྱི་ཞལ་ལས། དཀོན་མཆོག་ལུ་ཕྱིའི་མི་རིགས་ཀྱི་རྒྱལ་ཁབ་འདི་ཚུ་གིས་ ག་ཅི་འབད་ང་རྒྱལ་ལངམ་སྨོ་ མི་འདི་ཚུ་གིས་ཁུངས་མེད་པའི་གནས་སྐབས་ ག་ཅི་འབད་བལྟཝ་སྨོ། 26 འཛམ་བུ་གླིང་གི་རྒྱལཔོ་དང་བློན་པོ་འདི་ཚུ་ གཅིག་ཁར་འཛོམས་ཏེ་ གཙོ་བོ་དཀོན་མཆོག་དང་ ཁོ་རའི་བཙག་འཐུ་མཛད་མི་ཁིརཱིས་ལུ་ དགྲ་ལོངས་ནི་སྦེ་ གྲ་སྒྲིག་རྐྱབ་ཨིན་མས་ཟེར་ གསུངས་ནུག 27 ཐད་རི་བ་རི་ དཔོན་ ཧེ་རཱོད་དང་ གཞུང་ཚབ་ པཱོན་ཏི་ཨུས་ པི་ལ་ཏུས་ དེ་ལས་ཕྱིའི་མི་རིགས་དང་ ཨཱིས་ར་ཨཱེལ་པ་འདི་ཚུ་གིས་ ནཱ་གིས་བཙག་འཐུག་མཛད་མི་ ཞབས་ཕྱིཔ་དམ་པའི་ཡེ་ཤུ་ལུ་ དགྲ་ལོང་ནི་གི་དོན་ལུ་ ཨ་ནི་རྒྱལ་ས་ནང་འཛོམས་ནུག 28 འདི་ཚུ་ག་ར་ ཧེ་མ་ལས་ ནཱ་གི་ཐུགས་དགོངས་དང་འཁྲིལ་ཏེ་ ཁོང་གིས་འབད་ནུག 29 གཙོ་བོ་ལགས་ ད་ཁོང་གནོད་པ་བཀལ་མི་ཚུ་ལས་ ང་བཅས་ལུ་སྲུང་སྐྱོབས་མཛད་གནང་ལགས་ དེ་ལས་ནཱ་གི་ཕྱག་ཞུ་མི་འདི་ཚུ་ལུ་ ག་དེ་དྲག་དྲག་ ནཱ་གི་གཏམ་བཟང་བཤད་ནི་གི་སྤོབས་གནང་། 30 དེ་ལས་ནདཔ་འདི་ཚུ་ལུ་དྲགཔ་མཛད་ནི་གི་དོན་ལུ་ ནཱ་གི་ཕྱག་ཕར་བརྐྱང་གནང་ དེ་ལས་ནཱ་གི་ཞབས་ཕྱིཔ་དམ་པའི་ཡེ་ཤུ་གི་མཚན་གྱི་ཐོག་ལས་ རྫུ་འཕྲུལ་གྱི་རྟགས་མཚན་དང་ ཧ་ལས་པའི་ལཱ་འདི་ཚུ་མཛད་བཅུག་ཟེར་སྨོན་ལམ་ཞུ་ནུག 31 ཁོང་གིས་སྨོན་ལམ་ཞུ་ཚར་བའི་ཤུལ་ལས་ ཁོང་འཛོམས་མི་ས་གནས་འདི་ གནམ་མེད་ས་མེད་གཡོམ་བརྐྱབས་ནུག་ དེ་ལས་ཁོང་ག་ར་ དམ་པའི་ཐུགས་ཉིད་ཀྱིས་གང་སྟེ་ དཀོན་མཆོག་གི་གསུང་འདི་སྤོབས་པ་ཆེ་ཏོག་ཏོ་སྦེ་བཤད་ཚུགས་ནུག། 32 དེ་ཁར་དད་པ་བསྐྱེད་མི་ག་ར་སེམས་དང་མནོ་བསམ་གཅིག་སྦེ་མཐུན་ཏེ་ ཁོང་གི་གྲལ་ལས་གཅིག་གིས་ཡང་ རང་གི་རྒྱུ་ཕྱེད་ཀྲམ་ཨིན་ཟེར་མ་སླབ་པར་ ཁོང་ནང་ག་ཡོད་མི་ ག་ར་གཅིག་ཁར་བསྡོམས་ཏེ་སྦུག་ལུ་བཞག་ནུག 33 ད་རུང་སྐུ་ཚབ་འདི་ཚུ་གིས་ གཙོ་བོ་ཡེ་ཤུ་སྐུ་གསོན་པོ་སྦེ་བཞེངས་གནང་མིའི་སྐོར་ལས་ གནམ་མེད་ས་མེད་དབང་ཤུགས་ཀྱི་སྒོ་ལས་སྦེ་ འཛོམ་དཔང་འབད་དོཝ་ཡོདཔ་ཨིན་མས་ དཀོན་མཆོག་གིས་ཁོང་ལུ་ཐུགས་རྗེ་མ་ལང་ལངམ་སྦེ་གནང་ནུག 34 དེ་ལས་ཁོང་གི་སྦུག་ལས་གཅིག་ལུ་ཡང་ ཁག་ཆེཝ་ག་ནི་ཡང་མེདཔ་མས་ ག་ཅི་སྨོ་ཟེར་བ་ཅིན་ དེ་ཁར་ས་ཞིང་དང་ཁྱིམ་ཡོད་མི་ཚུ་གིས་ འདི་ཚུ་བཙོང་སྟེ་ ཏི་རུ་འབག་འོང་སྦེ་ སྐུ་ཚབ་ཚུ་ལུ་ཕུལ་དོཝ་ཡོདཔ་མས། 35 དེ་ལས་ཏི་རུ་དེ་ག་ག་ལུ་ཁག་ཆེཝ་ཡོད་མི་འདི་ཚུ་ལུ་ བགོ་སྟེ་བྱིན་དོཝ་ཡོདཔ་མས། 36 སའིཔ་རཱས་འཚོ་གླིང་ལས་ཨིན་མིའི་ ལེ་ཝི་གི་རིགས་བརྒྱུད་ ཡོ་སེབ་ཟེར་མི་དེ་ལུ་ སྐུ་ཚབ་འདི་ཚུ་གིས་ བཱར་ན་བཱས་ཟེར་མིང་བཏགས་ནུག་ འདི་གི་དོན་དག་དེ་ སེམས་གསོ་འབད་མི་བུ་ཨིན་མས། 37 ཁོ་གིས་རང་གི་ཞིང་གཅིག་བཙོང་སྟེ་ ཏི་རུ་ག་ར་འབག་སྟེ་སྐུ་ཚབ་ཚུ་ལུ་སྤྲོད་ནུག།
1 དེ་འབདཝ་ད་ ཉིནམ་གཅིག་གི་ཚེ་ ཨ་ན་ནའི་ཨཱས་ཟེར་མིའི་མི་གཅིག་གིས་ ཁོ་རང་གི་ཨམ་སྲུ་ སབ་ཕི་ར་དང་མཉམ་ ཁོང་རང་གི་ས་གཞི་གཅིག་བཙོང་ཞིནམ་ད། 2 ཨམ་སྲུ་དང་བསྟུན་གྲོས་བརྐྱབས་ཏེ་ ཏི་རུ་ཨ་ཙི་ཅིག་ཁོང་རང་བཞག་སྦེ་ ལྷག་མ་དེ་སྐུ་ཚབ་ལུ་སྤྲོད་ནུག 3 དེ་ལས་ པེ་ཏྲོ་གིས་ ཨ་ན་ནའི་ཨཱས་ལུ་ ཁྱོད་ཀྱི་སེམས་ཁར་བདུད་ སེ་ཏཱན་གྱིས་ལཱ་འབད་དེ་ ས་གཞི་ བཙོང་བཙོངམ་གི་ཏི་རུ་དེ་ ཁྱོད་རང་གི་དོན་ལུ་ཡང་བཞག་སྦེ་ ཁྱོད་ཀྱིས་དམ་པའི་ཐུགས་ཉིད་ལུ་ག་ཅི་འབད་རྫུན་མ་ཞུཝ་སྨོ། 4 ས་གཞི་འདི་ མ་བཙོང་ཚུན་ཚོད་ ཁྱོད་རང་གི་ཨིན་མེན་ན་ དེ་ལས་བཙོང་ཚརཝ་ད་ཡང་ ཏི་རུ་དེ་ཁྱོད་ཀྱི་དབང་ཚད་ལུ་ཡོདཔ་ཨིན་མེན་ན་ དེ་བཟུམ་ཨིན་པ་ཅིན་ ཁྱོད་ཀྱིས་ལཱ་དེ་ག་དེ་སྦེ་འབད་ཚུགསཔ་སྨོ་ ཁྱོད་ཀྱིས་མི་ལུ་མེན་པར་ དཀོན་མཆོག་ལུ་རྫུན་མ་ཞུ་ཡི་ཟེར་སླབ་ད། 5 ཨ་ན་ནའི་ཨཱས་ཀྱིས་བློ་དེ་གོཝ་ཅིག་ ས་ཁ་འགྱེལ་སྦེ་ཤི་སོང་ནུག་ དེ་ལས་ཨ་ནི་བློ་དེ་གོ་མི་ཆ་ཁྱབ་ག་ར་ གནམ་མེད་ས་མེད་འདྲོག་ཆེ་ནུག 6 དེ་ལས་མི་གཞོནམ་འདི་ཚུ་གིས་ རོ་དེ་ཁ་ཤ་གི་རས་ཀྱིས་སྤུར་སྦེ་ཕྱི་ཁར་འབག་སྟེ་ དོང་ནང་བཙུགས་ནུག 7 ད་རུང་ཆུ་ཚོད་གསུམ་དེ་ཅིག་གི་ཤུལ་ལས་ ཁོ་གི་ཨམ་སྲུ་དེ་ཡང་ དེ་ཁར་ག་ཅི་བྱུང་ཡོད་ག་མ་ཤེས་པར་ ནང་ན་བལྟ་བ་འོངམ་ད། 8 པེ་ཏྲོ་གིས་མོ་ལུ་ ཁྱེད་གཉིས་ཀྱིས་ས་གཞི་དེ་ ཏི་རུ་དེམ་ཅིག་འབད་རང་བཙོང་བཙོངམ་ཨིན་ན་ ང་ལུ་སླབ་ཤིག་ཟེར་སླབ་ད་ དེམ་ཅིག་འབད་རང་བཙོང་བཙོངམ་ཨིན་ཟེར་མོ་གིས་སླབ་ནུག 9 དེ་འབདཝ་དང་ པེ་ཏྲོ་གིས་མོ་ལུ་ ཁྱོད་ཀྱི་རྨགཔ་དང་ཁྱོད་རང་བློ་གཅིག་སྦེ་སྒྲིག་སྟེ་ ག་ཅི་འབད་གཙོ་བོ་གི་ཐུགས་ཚོད་བལྟཝ་སྨོ་ ལྟ་ཤིག་ ཁྱོད་ཀྱི་རྨགཔ་ལུ་དོང་ནང་བཙུགས་མི་ཚུ་ སྒོ་ཁར་རང་ལྷོད་དེ་ཡོད་ འདི་ཚུ་གིས་ཁྱོད་ལུ་ཡང་འབག་སྟེ་ ཕྱི་ཁར་བཏོན་ནི་ཨིན་ཟེར་སླབ་ནུག 10 དེ་འཕྲོ་ལས་ མོ་ པེ་ཏྲོ་གི་རྐང་མི་རྩ་བ་འགྱེལ་སྦེ་ཤི་སོང་ནུག་ དེ་ལས་མི་གཞོནམ་འདི་ཚུ་ནང་ན་འོངམ་ད་ མོ་ཤི་སོངམ་མཐོང་སྟེ་ མོ་ཡང་འཐུ་འབག་སྟེ་ མོ་རའི་རྨགཔ་གི་སྦོ་ལོགས་ཁར་དོང་ནང་བཙུགས་ནུག 11 དེ་ལས་ཆོས་ཚོགས་ནང་ཡོད་མི་དང་ ཨ་ནི་ལོ་རྒྱུས་གོ་མི་ག་ར་ གནམ་མེད་ས་མེད་འདྲོག་ཆེ་ནུག། 12 དེ་སྐབས་ལུ་ སྐུ་ཚབ་འདི་ཚུ་གིས་རྫུ་འཕྲུལ་ཡ་མཚན་ཆེ་ཏོག་ཏོ་དང་ རྟགས་མ་འདྲཝ་དེ་ཚུ་ མི་ཚུ་གི་སྦུག་ནང་བཏོན་དོཝ་ཡོདཔ་མས་ དད་པ་བསྐྱེད་མི་འདི་ཚུ་ག་ར་སེམས་གཅིག་སྦེ་མཐུན་ཏེ་ མཆོད་ཁང་ནང་ རྒྱལཔོ་ སོ་ལོ་མཱོན་གྱི་གཡབ་ཁྱིམ་ཡོད་ས་ལུ་ འཛོམས་དོ་ཡོདཔ་ཨིན་མས། 13 མ་གཞི་ མི་འདི་ཚུ་གིས་ཁོང་ལུ་བརྩི་མཐོང་བསྐྱེད་ཡོད་དེ་འབད་རུང་ མི་གཞན་ག་ཡང་ཁོང་དང་མཉམ་གཅིག་བསྡོམས་ཏེ་ སྡོད་པ་འོང་མ་ནུམ་བས། 14 དེ་རང་ཨིན་རུང་ ཕོ་རྒྱ་དང་ཨམ་སྲུ་ལེ་ཤ་རང་འོངས་ཏེ་ གཙོ་བོ་ཡེ་ཤུ་ལུ་དད་པ་བསྐྱེད་དེ་ མི་གི་གྱངས་ཁ་ལེ་ཤ་ཡར་ཕར་སོང་ནུག 15 དེ་འབདཝ་ལས་བརྟེན་ཏེ་ མི་འདི་ཚུ་གིས་ མི་ནདཔ་འདི་ཚུ་འབག་འོངས་ཏེ་ པེ་ཏྲོ་ཕར་དང་ཚུར་འགྱོཝ་ད་ ཁོ་གི་གྲིབ་མ་གཅིག་ཨིན་རུང་ ནདཔ་ཚུ་གི་གུ་ལུ་ཕོག་གེ་ཟེར་ ཁོ་འགྱོ་སའི་ལམ་ཁར་ གདན་ཐིངས་སྦེ་བཀལ་བཞག་དོཝ་ཨིན་མས། 16 ཡེ་རུ་ཤ་ལེམ་གྱི་ མཐའ་འཁོར་ལུ་ཡོད་མི་གཡུས་འདི་ཚུ་ནང་ལས་ མི་ལེ་ཤ་གིས་ ནདཔ་དང་འདྲེ་གདོན་འཛུལ་མི་ཚུ་འབག་འོངས་ཏེ་སྤུང་ནུག་ དེ་ལས་དེ་ཚུ་ག་ར་དྲགཔ་བཟོ་ནུག། 17 མཁན་ཆེན་དང་ཁོ་རང་གི་ཚོགས་པ་ ས་དུ་ཀི་པ་ཟེར་མིའི་ཚོགས་པ་ཚུ་གིས་ སྐུ་ཚབ་ཚུ་ལུ་ངལ་མ་རངས་པར་ ཁོང་ལུ་གཅིག་འབད་དགོ་ཟེར་ཐག་བཅད་དེ། 18 ཁོང་བཟུང་སྟེ་མི་དམངས་ཀྱི་བཙོན་ཁང་ནང་བཙུགས་བཞག་ནུག 19 དེ་འབདཝ་ད་ དེ་གི་ཕྱི་རུ་ གཙོ་བོ་གི་ཕོ་ཉ་བཙོན་ཁང་ནང་འོངས་ཏེ་སྒོ་ཕྱེ་ ཁོང་ལུ་ཕྱི་ཁར་བཏོན་གཏང་སྦེ། 20 ཕོ་ཉ་གིས་ཁོང་ལུ་ ཨ་ནཱ་ལས་ཕར་སོང་ དེ་ལས་མཆོད་ཁང་ནང་ལོང་སྟེ་ མི་ཚེ་གསརཔ་ཐོབ་པའི་གཏམ་འདི་ མི་ག་ར་ལུ་བཤད་དེ་བྱིན་ཟེར་སླབ་ནུག 21 ཁོང་གིས་དྲོ་པ་ཧ་སག་སྟེ་ མཆོད་ཁང་ནང་སོང་སྦེ་ ཕོ་ཉ་གིས་སླབ་དོཝ་བཟུམ་སྦེ་རང་ ཆོས་སྟོན་ཏེ་སྡོད་ནུག དེ་ལས་མཁན་ཆེན་དང་ཁོ་གི་ཚོགས་པ་ཆ་ཁྱབ་བྱོན་ཏེ་ ཨཱིས་ར་ཨཱེལ་གྱི་འགོ་དཔོན་འདི་ཚུ་ལུ་ ལྷན་ཚོགས་ནང་འབོ་ཞིནམ་ད་ ཁོང་སྐུ་ཚབ་འདི་ཚུ་ལུ་བཙོན་ཁང་ནང་ལས་ནཱ་འཁྱིད་ཤོག་ཟེར་ མཆོད་ཁང་གི་སྲུང་རྒྱབ་ལ་ལུ་ཅིག་ བཙོན་ཁང་ནང་བཏང་ནུག 22 དེ་འབདཝ་ད་ ཁོང་མཆོད་ཁང་གི་སྲུང་རྒྱབ་ཚུ་བཙོན་ཁང་ནང་ན་སོངམ་ད་ སྐུ་ཚབ་ཚུ་འཚོལ་མ་ཐོབ་པར་ ལོག་སྟེ་ལྷན་ཚོགས་འཛོམས་ས་འོངས་ཏེ་ཁོང་ལུ་ཞུ་ནུག 23 ང་བཅས་ཀྱིས་ཕར་བཙོན་ཁང་ནང་ལྷོད་དེ་བལྟཝ་ད་ བཙོན་ཁང་སྒོ་ལེགས་ཤོམ་སྦེ་རང་བསྡམ་བཞག་ཡོདཔ་མ་ཚད་ སྲུང་རྒྱབ་འདི་ཚུ་ཡང་སྒོ་གི་རྩ་བར་ལོང་སྡོདཔ་ང་བཅས་ཀྱིས་མཐོང་ཅི་ དེ་འབདཝ་ད་ སྒོ་ཕྱེ་སྟེ་ནང་ན་བལྟཝ་ད་ ཁོང་ག་ཡང་མིན་འདུག་ཟེར་ཞུ་ནུག 24 དེ་ལས་མཆོད་ཁང་གི་སྲུང་རྒྱབ་འགོ་དཔོན་དང་བླ་ཆེན་འདི་ཚུ་གིས་ བློ་འདི་སྙན་གསནམ་ད་མགུ་འཐོམ་སྟེ་ དེ་སྦེ་འབད་བ་ཅིན་ ཤུལ་མ་ག་དེ་སྦེ་འབྱུང་ནི་ཨིན་ན་ཟེར་ ཐུགས་བསམ་བཞེས་ཏེ་བཞུགསཔ་ད། 25 མི་གཅིག་འོངས་ཏེ་ཁོང་ལུ་ ནཱ་ལུ་སྙན་གསན་ལགས་ ནཱ་ཆ་ཁྱབ་ཀྱིས་བཙོན་ཁང་ནང་བཙུགས་བཞག་མིའི་མི་འདི་ཚུ་ ཕར་མཆོད་ཁང་ནང་ལོང་སྟེ་ཆོས་སྟོན་དེས་ཟེར་ཞུ་ནུག 26 དེ་ལས་ མཆོད་ཁང་གི་སྲུང་རྒྱབ་འགོ་དཔོན་འདི་གིས་ ཁོ་རང་གི་སྲུང་རྒྱབ་འདི་ཚུ་འཁྱིད་སོང་སྟེ་ སྐུ་ཚབ་ཚུ་ལུ་དབང་བཙོང་མ་འབད་བར་ ལེགས་ཤོམ་སྦེ་སླབ་སྟེ་འཁྱིད་འོངས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ མི་དམངས་ཀྱིས་ཁོང་ལུ་ རྡོ་གིས་བརྡུང་འོང་ཟེར་འདྲོགས་ཏེ་ཨིན་མས། 27 དེ་ལས་ཁོང་འཁྱིད་དེ་ ལྷན་ཚོགས་ཀྱི་སྐུ་མདུན་ལུ་ལྷོང་བཞག་སྦེ་ མཁན་ཆེན་གྱིས་ཁོང་ལུ། 28 མི་འདི་གི་མིང་ནང་ལུ་ཆོས་མ་སྟོན་ཟེར་ ང་བཅས་ཀྱིས་ཁྱེད་ལུ་ན་འཐན་སྦེ་སླབ་སླབ་ཨིན་ དེ་འབདཝ་ད་ ཁྱེད་ཆ་ཁྱབ་ཀྱིས་ ཆོས་འདི་ ཡེ་རུ་ཤ་ལེམ་གྱི་ས་ཆ་ག་ར་ནང་ཁྱབ་ཚར་ནུག་ ཁྱེད་ཀྱིས་འབད་བ་ཅིན་ མི་བསད་མི་འདི་གི་ཉེས་པ་ ང་བཅས་གུ་བཀལ་ནི་སྦེ་ མནོ་བསམ་གཏངམ་ཨིན་ན་ཟེར་གསུངས་ནུག 29 དེ་འབདཝ་ད་ པེ་ཏྲོ་དང་སྐུ་ཚབ་འདི་ཚུ་གིས་ ང་བཅས་མི་གིས་སླབ་མི་ལུ་མེན་པར་ དཀོན་མཆོག་གི་བཀའ་ལུ་ཉན་དགོ། 30 ནཱ་ཆ་ཁྱབ་ཀྱི་ཁྲམ་ཤིང་གུ་བརྐྱངས་ཏེ་བཀྲོངས་བཅུག་མི་ཡེ་ཤུ་འདི་ ང་བཅས་རའི་ཕ་བརྒྱུད་ཀྱི་དཀོན་མཆོག་གིས་ སྐུ་གསོན་པོ་སྦེ་བཞེངས་གནང་ཡི། 31 དཀོན་མཆོག་གིས་ ཨཱིས་ར་ཨཱེལ་པ་ཚུ་ལུ་ སྡིག་པའི་ལཱ་ལས་སེམས་འགྱུར་ཏེ་ སྡིག་པ་བཀའ་དྲིན་བསྐྱང་ནིའི་དོན་ལུ་ ཡེ་ཤུ་ལུ་སྐྱབས་མགོན་དང་རྒྱལ་སྲས་སྦེ་ ཡར་སེང་རྐྱབ་གནང་སྟེ་ དཀོན་མཆོག་ཁོ་རང་གི་ཕྱག་གཡས་པའི་ཁ་ཐུག་བཞག་གནང་ཡི། 32 ལོ་རྒྱུས་འདི་ཚུ་གི་སྐོར་ལས་ ང་བཅས་འཛོམ་དཔང་ཨིན་ དེ་བཟུམ་སྦེ་རང་ དཀོན་མཆོག་ཁོ་རའི་བཀའ་ལུ་ཉན་མི་ཚུ་ལུ་ གསོལ་རས་སྦེ་གནང་མི་དམ་པའི་ཐུགས་ཉིད་དེ་ཡང་ འཛོམ་དཔང་ཨིན་ཟེར་ཞུ་ནུག 33 དེ་འབདཝ་ད་ ལྷན་ཚོགས་ཚུ་ལོ་རྒྱུས་དེ་གོཝ་ད་ ཁོང་གནམ་མེད་ས་མེད་ཁོང་ཁྲོ་ལང་སྟེ་ ཁོང་ལུ་བསད་ནི་འབད་ནུག 34 དེ་འབདཝ་ད་ ལྷན་ཚོགས་ཀྱི་འཐུས་མི་ ཕ་རུ་ཤི་པ་ ག་མ་ལི་ཨཱེལ་ཟེར་མི་ བཀའ་ཁྲིམས་ལུ་མཁས་མི་ མི་ག་ར་གིས་ཞེ་ས་འབད་མི་ གཅིག་ཡོདཔ་ཨིན་མས་ ཁོ་གིས་ལྷན་ཚོགས་འཛོམས་སར་ལུ་ཡར་ལོང་ཞིནམ་ད་ སྐུ་ཚབ་འདི་ཚུ་ལུ་ཨ་ཙི་ཅིག་ ཕར་ཕྱི་ཁར་འཁྱིད་སོང་ཟེར་སླབ་ཞིནམ་ད། 35 ཁོ་གིས་དེ་ཁར་ཡོད་མི་ཆ་ཁྱབ་ལུ། དབའེ་ ང་བཅས་རའི་ ཨཱིས་ར་ཨཱེལ་གྱི་མི་ཆ་ཁྱབ་ཀྱིས་ ཨ་ནི་མི་འདི་ལུ་ག་ཅི་འབད་དགོཔ་ཨིན་ན་ ན་འཐན་སྦེ་དྲན་པ་བཏོན་དགོ། 36 ག་ཅི་སྨོ་ཟེར་བ་ཅིན་ དུས་ད་རེས་བཟུམ་ཅིག་ ཧེ་མ་ཡང་ ཐེའུ་དཱས་ཟེར་མི་གཅིག་ཐོན་ཏེ་ ག་ར་ལས་ཁོ་སྦོམ་ཟེར་ མི་བཞི་བརྒྱ་དེ་ཅིག་ཁོ་དང་མཉམ་བསྡོམས་སྡོད་ཅི་ དེ་གི་ཤུལ་ལས་ མི་འདི་ལུ་བསད་དཔ་ད་ ཁོ་གི་རྟིང་ཤུལ་བདའ་མི་ཚུ་ཡང་ཕར་དང་ཚུར་ཁ་གཏོར་སོང་ཡི་ དོན་དག་ག་ནི་ཡང་ཆོད་མ་ཚུགས། 37 མི་འདི་གི་ཤུལ་ལས་ མི་རྩིས་བརྐྱབས་པའི་དུས་ལུ་ ལུང་ཕྱོགས་ ག་ལི་ལི་ལས་ཨིན་མི་ ཡུ་དཱས་ཟེར་མི་གཅིག་ཡང་ཐོན་ཏེ་ མི་འདི་ཚུ་ཁོ་གི་རྟིང་བདའ་སྟེ་ གཞུང་ལུ་ངོ་རྒོལ་འབད་བཅུག་ཅི་ ཁོ་ལུ་ཡང་བསད་དཔ་ད་ འདི་གི་རྟིང་བདའ་མི་དེ་ཚུ་ཡང་ཕར་དང་ཚུར་ཁ་གཏོར་སོང་ཡི། 38 དེ་འབདཝ་ལས་ ང་གིས་ཁྱེད་ལུ་ཞུ་དོ་ མི་འདི་ཚུ་ལུ་ཁྲིམས་མ་གཏང་པར་ ཁོང་གཏང་གནང་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གི་གནས་སྐབས་འདི་ མི་ལས་ཨིན་པ་ཅིན་ འདི་ཚུ་དོན་དག་སྒྲུབ་མ་ཚུགས་པར་ ཁོང་རང་ཕམ་འགྱོ་འོང་། 39 དེ་འབདཝ་ད་ དཀོན་མཆོག་ལས་ཨིན་པ་ཅིན་ ནཱ་ཆ་ཁྱབ་ཀྱི་ཁོང་ལུ་བཀག་མི་ཚུགས་ འདི་མ་ཚད་ ནཱ་ཆ་ཁྱབ་ཀྱིས་དཀོན་མཆོག་ལུ་ངོ་རྒོལ་འབད་དོཝ་བཟུམ་སྦེ་འགྱོ་ནི་ཨིན་ཟེར་ ཁོ་གིས་དེ་སྦེ་ཞུ་ནུག 40 དེ་ལས་ལྷན་ཚོགས་ཚུ་གིས་ ཁོ་གི་ཁ་ལུ་ཉན་ཏེ་ སྐུ་ཚབ་འདི་ཚུ་ལུ་ ནང་ན་འབོ་ཞིནམ་ད་ རྟས་ལྕག་གིས་བརྡུང་སྦེ་ ད་རེས་ལས་ཡེ་ཤུ་གི་མཚན་ནང་ ག་ནི་ཡང་སླབ་མི་ཆོག་ཟེར་བཀའ་རྒྱ་གནང་སྟེ་བཏང་ནུག 41 སྐུ་ཚབ་ཚུ་ལྷན་ཚོགས་ནང་ལས་ཐོན་འོངམ་ད་ ཁོང་ཡེ་ཤུ་གི་མཚན་ནང་སྡུག་བསྔལ་འབག་ནི་གི་ འོས་འབབ་ཡོདཔ་སྦེ་བརྩི་ནི་འདི་གིས་ སེམས་ཁར་དགའ་སྤྲོ་སྦོམ་འགྱུར་ནུག 42 དེ་ལས་ ཉིནམ་རེ་འཆར་རང་ ཡེ་ཤུ་འདི་རྐྱངམ་གཅིག་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ཟེར་ མཆོད་ཁང་ནང་དང་ ཁྱིམ་ལས་ཁྱིམ་བཤལ་ཏེ་ རྒྱུན་ཆད་མེད་པར་ ཆོས་སྟོན་ གཏམ་བཟང་འདི་བཤད་དེ་ ཁྱབ་བསྒྲགས་འབད་ནུག།
1 འདི་གི་དུས་ལུ་ སློབ་མ་འདི་ཚུ་ཡར་ཡར་རང་གྱངས་ཁ་མངམ་འགྱོ་བའི་སྐབས་ལུ་ གིརིག་གི་ཁ་སླབ་མི་ ཡ་ཧུ་ད་པ་གིས་ ཧིབ་རུ་གི་ཁ་སླབ་མི་ ཡ་ཧུ་ད་པ་འདི་ཚུ་ལུ་ ཉོགས་བཤད་བཀོད་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཉིནམ་རེ་འཆར་གྱི་བཞེས་སྒོ་བགོ་བྱིནམ་ད་ གིརིག་གི་ཁ་སླབ་མི་ ཡ་ཧུ་ད་པ་གི་ཡུགས་ས་མོ་འདི་ཚུ་ལུ་ ལེགས་ཤོམ་མི་འབད་བས་ཟེར་སླབ་ནུག 2 དེ་ལས་སྐུ་ཚབ་བཅུ་གཉིསཔ་གིས་ སློབ་མ་ག་ར་གཅིག་ཁར་འབོ་སྟེ་སླབ་ནུག་ ང་བཅས་ཀྱིས་ ནང་ན་དྲང་བཞག་རྐྱབ་སྡོད་དེ་ ཕྱི་ཁ་དཀོན་མཆོག་གི་གསུང་བཤད་ནི་ལུ་སྣང་མེད་སྦེ་བཀོག་བཞག་ནི་དེ་ ལེགས་ཤོམ་མི་འོང་། 3 ད་ཁྱེད་ནུ་གཅུང་ཆ་ཁྱབ་ཀྱི་སྦུག་ལས་ དམ་པའི་ཐུགས་ཉིད་དང་ལྡན་མི་དང་ ཤེས་རབ་ཡོད་མི་ མི་གཞན་གྱིས་བརྩི་མཐོང་བསྐྱེད་མི་ མི་བདུན་བཙག་འཐུ་འབད་ཞིག་ ཁོང་ལུ་དྲང་བཞག་རྐྱབ་ནི་གི་ལཱ་འགན་སྤྲོད་ནི་ཨིན། 4 དེ་ལས་ང་བཅས་ཆ་ཁྱབ་ཀྱིས་ སྨོན་ལམ་ཞུ་ནི་དང་ གཏམ་བཟང་བཤད་ནི་ལུ་རྐྱངམ་གཅིག་ བརྩོན་ཤུགས་བསྐྱེད་དེ་འབད་ནི་ཨིན་ཟེར་སླབ་ནུག 5 སྐུ་ཚབ་ཚུ་གིས་སླབ་མི་དེ་ལུ་ སློབ་མ་ཚུ་ག་ར་གི་ཁན་འཆམ་སྟེ་སེམས་དགའ་ནུག་ དེ་ལས་ཁོང་གིས་ དམ་པའི་ཐུགས་ཉིད་ཀྱིས་གང་མིའི་སློབ་མ་ ཨཱིས་ཏེ་ཕཱན་ཟེར་མི་དང་ ཕི་ལིབ་ པོརོ་ཀོ་རུས་ ནི་ཀ་ནཱོར་ ཏི་མཱོན་ པཱར་མེ་ནཱས་ དེ་ལས་ཁྲོམ་ ཨཱན་ཏི་ཡོག་ལས་ཨིན་མི་ ཡ་ཧུ་ད་པའི་ལུགས་སྲོལ་སྒྲིག་མི་ཕྱིའི་མི་རིགས་ ནི་ཀོ་ལཱས་ཟེར་མི་བདུན་ལུ་བཙག་འཐུ་འབད་ནུག 6 ཁོང་མི་བདུན་ སྐུ་ཚབ་ཚུ་གི་གདོང་ཁར་བཞག་ཞིནམ་ད་ སྐུ་ཚབ་ཚུ་གིས་ཁོང་མི་བདུན་གུ་ ལགཔ་བཀལ་ཏེ་སྨོན་ལམ་ཞུ་ནུག 7 དེ་ལས་དཀོན་མཆོག་གི་གསུང་དེ་ ཡེ་རུ་ཤ་ལེམ་ལུ་འཕྲོ་མཐུད་དེ་རང་ དར་ཁྱབ་སོང་ནུག་ སློབ་མ་འདི་ཚུ་གནམ་མེད་ས་མེད་ཡར་ཕར་སོང་ ཡ་ཧུ་ད་པའི་བླམ་ལེ་ཤ་རང་དཀོན་མཆོག་གི་གསུང་ལུ་ཁ་བཟེད་དེ་ དད་པ་བསྐྱེད་ནུག། 8 དཀོན་མཆོག་གི་ཐུགས་རྗེ་དང་དབང་གིས་གང་གངམ་འབད་ནི་དེ་གིས་ ཨཱིས་ཏེ་ཕཱན་གྱིས་རྫུ་འཕྲུལ་མ་འདྲཝ་ལེ་ཤ་སྟོན་ཡོདཔ་ཨིན་མས། 9 དེ་ལས་ རང་དབང་ཅན་ཟེར་མིའི་ སི་ན་གོག་ནང་ལས་ཨིན་མི་ སའི་རིན་དང་ ཨ་ལེག་སཱན་དྲི་ཡ་ལས་འོང་མི་ ཡ་ཧུ་ད་པ་འདི་ཚུ་ དེ་ལས་ ཀི་ལི་ཀི་ཡ་དང་ ཨེ་སི་ཡ་ས་གནས་ལས་འོང་མི་ ཡ་ཧུ་ད་པ་འདི་ཚུ་ ཁོང་ག་ར་གིས་ ཨཱིས་ཏེ་ཕཱན་ལུ་བྱང་ཕྱད་སྦེ་ ཁོ་དང་གཅིག་ཁར་རྩོད་པ་བརྐྱབས་ནུག 10 དེ་འབདཝ་ད་ ཁོ་ལུ་ཐུགས་ཉིད་ཀྱིས་གནང་མིའི་ཤེས་རབ་ཐོབ་སྟེ་ ཁོ་གིས་སླབ་མིའི་ཚིག་གི་ལན་ ཁོང་གིས་བརྐྱབས་མ་ཚུགས་པས། 11 དེ་ལས་ཁོང་གིས་མི་ལ་ལུ་ལུ་ ནང་གསུག་བྱིན་ཏེ་ དེ་སྦེ་སླབ་བཅུག་ནུག་ ལུང་སྟོན་པ་ མོ་སཱེས་དང་དཀོན་མཆོག་གི་སྐོར་ལས་ ཁོ་གིས་སྨད་པ་བརྐྱབས་ཏེ་སླབ་སར་ ང་བཅས་ཀྱིས་གོ་ཡི་ཟེར་སླབ་ཟེར་གསང་བློ་སྦེ་སླབ་ནུག 12 དེ་མ་ཚད་ མི་དམངས་དང་ འགོ་དཔོན་ བཀའ་ཁྲིམས་ཀྱི་སློབ་དཔོན་འདི་ཚུ་ལུ་ཡང་དཀྲོགས་ཁ་བརྐྱབས་ཏེ་ ཨཱིས་ཏེ་ཕཱན་ལུ་བཟུང་སྟེ་ ལྷན་ཚོགས་ཀྱི་སྐུ་མདུན་ལུ་འཁྱིད་བཀལ་ནུག 13 ཁོང་གིས་ མི་ལ་ལུ་ཅིག་འཁྱིད་འོངས་ཏེ་ ཁོ་གི་སྐོར་ལས་རྫུན་གཏམ་འདི་ཚུ་སྟོན་ཏེ་ འཛོམ་དཔང་སྦེ་སླབ་བཅུག་ནུག་ རྫུན་གཏམ་སླབ་མི་ཚུ་གིས་ ཨ་ནི་མི་འདི་གིས་ དམ་པའི་མཆོད་ཁང་དང་ བཀའ་ཁྲིམས་ཀྱི་སྐོར་ལས་ ཨ་རྟག་རང་ཁ་གཏང་སྟེ་སྡོདཔ་མས། 14 ད་རུང་ ན་ཟ་རཱེད་ཀྱི་ཡེ་ཤུ་གིས་ ང་བཅས་རའི་ ཡ་ཧུ་ད་པའི་མཆོད་ཁང་རྩ་མེད་གཏང་ནི་དང་ མོ་སཱེས་ཀྱིས་ང་བཅས་ལུ་བྱིན་མི་ལུགས་སྲོལ་དེ་ཚུ་ཡང་ ག་ར་སྒྱུར་བཅོས་འབད་གཏང་ནི་ཟེར་ ཁོ་གིས་དེ་སྦེ་སླབ་ས་ང་བཅས་ཀྱིས་གོ་ཡི་ཟེར་ཞུ་ནུག 15 དེ་ལས་ལྷན་ཚོགས་ག་ར་གིས་ ཐད་རི་བ་རི་ཁོ་ལུ་གཟིགསཔ་ད་ ཁོ་གི་གདོང་ཕོ་ཉ་གི་གདོང་བཟུམ་སྦེ་རང་མཐོང་ནུག།
1 དེ་ལས་མཁན་ཆེན་གྱིས་ཁོ་ལུ་ ཁོང་གིས་སླབ་མི་བློ་འདི་ཚུ་དོན་ལས་རང་ཨིན་ན་ཟེར་གསུངསམ་ད། 2 དེའི་ལན་ལུ་ ཨཱིས་ཏེ་ཕཱན་གྱིས་ དབའེ་སྤུན་ཆ་དང་འགོ་དཔོན་ཚུ་ ནཱ་ལུ་སྙན་གསན་ལགས་ ང་བཅས་རའི་ཕ་བརྒྱུད་ ཨབ་ར་ཧམ་ཁྲོམ་ ཧ་རཱན་ལུ་མ་བཞུགས་པའི་ཧེ་མ་ ལུང་ཕྱོགས་ མེ་སོ་པོ་ཏྲ་མི་ཡ་ལུ་བཞུགསཔ་ད་ གཟི་བརྗིད་ཅན་དང་ལྡན་པའི་དཀོན་མཆོག་གིས་ཁོ་ལུ་མཇལ་ཁ་གནང་སྟེ། 3 ཁྱོད་རང་གི་གཡུས་དང་མི་ཚན་ག་ར་བཞག་སྟེ་ ང་གིས་སྟོན་མི་ས་ཆ་དེ་ནང་སོང་ཟེར་དེ་སྦེ་གསུངས་ནུག 4 དེ་ལས་ཁོ་རང་གི་སྐྱེས་ཡུལ་ ཁཱལ་དེ་ཨཱོས་ཟེར་མི་དེ་ བཀོག་བཞག་སྟེ་ ཧ་རཱན་ལུ་སོང་ནུག་ ཧ་རཱན་ལུ་ཁོ་རང་གི་ཨ་པ་གྱོང་སོང་པའི་ཤུལ་ལས་ དཀོན་མཆོག་གིས་ད་ལྟོ་ནཱ་ཆ་ཁྱབ་བཞུགས་མིའི་གཡུས་འདི་ནང་ལུ་བཏང་གནང་ནུག 5 ཨབ་ར་ཧམ་གྱིས་ཁོ་རང་གི་དབང་མིའི་ས་གཞི་ཨིན་ཟེར་ རྐངམ་འཁྱམ་སའི་ས་གཞི་གཅིག་ཡང་དཀོན་མཆོག་གིས་མ་གནང་པས་ དེ་རང་ཨིན་རུང་ ཁོ་གི་བུ་གཞི་མ་ཐོན་པའི་ཧེ་མ་ལས་ དཀོན་མཆོག་གིས་ ཁོ་དང་ཁོ་གི་ཤུལ་ལས་འོང་མིའི་བུ་བརྒྱུད་འདི་ཚུ་གི་དབང་ཚད་འོག་ལུ་ ཨ་ནི་ས་གཞི་འདི་ཕ་གཞིས་སྦེ་གནང་ནི་ཟེར་ཁས་བླངས་བཞེས་ནུག 6 དཀོན་མཆོག་གིས་ཁོ་ལུ་ག་དེ་སྦེ་གསུངས་ཡི་ག་ཟེར་བ་ཅིན་ རོགས་ཀྱི་གཡུས་ཁ་ལུ་ ལོ་བཞི་བརྒྱ་ཚུན་ཚོད་ ཁོང་གི་འོག་ལུ་ཁྱོད་ཀྱི་མི་འདི་ཚུ་ལུ་རྒྱོབོ་དང་རྒྱམོ་སྦེ་བཟོ་སྟེ་བཞག་འོང་། 7 དེ་འབདཝ་ད་ ཁྱོད་ཀྱི་མི་ལུ་རྒྱོབོ་དང་རྒྱམོ་སྦེ་བཟོ་མིའི་རྒྱལ་ཁབ་ལུ་ ང་གིས་རྩོད་གཞི་ཕྱེ་སྟེ་ཉེས་ཁྲིམས་བཀལ་ནི་ དེ་གི་ཤུལ་ལས་ ཁྱོད་ཀྱི་བུ་བརྒྱུད་ཆ་ཁྱབ་ཀྱིས་ རྒྱལ་ཁབ་དེ་ནང་ལས་ཐོན་ཏེ་ ང་ལུ་བསྟོད་པ་ཕུལ་བ་ ཨ་ནི་ས་ཆ་འདི་ནང་ལུ་འོང་ནི་ཟེར་གསུངས་ནུག 8 དེ་ལས་དཀོན་མཆོག་གིས་ ཨབ་ར་ཧམ་གྱི་བུ་བརྒྱུད་ཚུ་ག་ར་ གཟུགས་གུ་རྟགས་བཀལ་ནི་གི་ལུགས་སྲོལ་འབད་དགོཔ་སྦེ་ ཞལ་འཆེས་གནང་ནུག་ དེ་བཟུམ་སྦེ་རང་ ཨབ་ར་ཧམ་གྱིས་ ཨི་སག་གི་ཨ་པ་སྦེ་བྱུང་སྟེ་ ཉིནམ་བརྒྱད་ལངམ་ད་ ཨི་སག་གི་གཟུགས་གུ་རྟགས་བཀལ་བྱིན་ནུག་ དེ་ལས་ ཨི་སག་གིས་ ཡ་ཀོབ་ཀྱི་ཨ་པ་སྦེ་བྱུང་ནུག་ ཡ་ཀོབ་ལས་བུ་བཅུ་གཉིས་བྱུང་སྟེ་ འདི་གིས་ ཡ་ཧུ་ད་པ་གི་མི་རིགས་བཅུ་གཉིས་ཀྱི་ཨ་པ་སྦེ་བྱུང་ནུག 9 མི་རིགས་བཅུ་གཉིས་ཀྱི་ཨ་པ་འདི་ཚུ་གིས་ ཁོང་རང་གི་སྤུན་ཆ་ ཡོ་སེབ་ལུ་ མིག་ཏོ་ཚ་སྟེ་ ཨི་ཇིབ་རྒྱལ་ཁབ་ནང་ ཁོ་རྒྱོབོ་སྦེ་བཙོངས་ནུག་ དེ་རང་ཨིན་རུང་ དཀོན་མཆོག་ ཡོ་སེབ་དང་མཉམ་གཅིག་བཞུགས་ཏེ། 10 ཁོ་གི་སྡུག་བསྔལ་ག་ར་ནང་ལས་སྐྱབས་མཛདཔ་མ་ཚད་ ཡོ་སེབ་ལུ་ཤུལ་ལས་ ཨི་ཇིབ་ཀྱི་རྒྱལཔོ་ ཕེ་རོ་ཟེར་མི་གི་སྐུ་མདུན་ལུ་འབོཔ་ད་ རྒྱལཔོ་ལུ་ཞུ་དགོ་པའི་ཤེས་རབ་འདི་ཚུ་ག་ར་ དཀོན་མཆོག་གིས་སྟོན་གནང་ནི་འདི་གིས་ རྒྱལཔོ་ ཕེ་རོ་གིས་ཁོ་ལུ་ཐུགས་མཉེས་ཏེ་ ཁོ་ལུ་ ཨི་ཇིབ་རྒྱལ་ཁབ་སྐྱོང་ནི་དང་ རྒྱལཔོ་ཁོ་རང་གི་ཕོ་བྲང་བདག་འཛིན་འཐབ་ནི་དབང་ཚད་སྤྲོད་ནུག 11 འདི་གི་ཤུལ་ལས་ རྒྱལ་ཁབ་ ཨི་ཇིབ་དང་ལུང་ཕྱོགས་ ཀ་ནཱན་ནང་ལུ་ མུ་གེ་སྦོམ་སྦེ་ཐོན་ཏེ་ དཀའ་ངལ་འབྱུངམ་ད་ ང་བཅས་ཀྱི་ཕམ་འདི་ཚུ་ བཞེས་སྒོ་ཟ་ནི་ག་ནི་ཡང་མ་ཐོབ་པར་སྡོད་ནུག 12 དེ་འབདཝ་ད་ ཡ་ཀོབ་ཀྱིས་ རྒྱལ་ཁབ་ ཨི་ཇིབ་ལུ་འབྱུ་བཙོང་ནི་འདུག་ཟེར་གོ་སྟེ་ ཁོ་རང་གི་བུཚ་ ང་བཅས་ཀྱི་ཕམ་འདི་ཚུ་འགོ་དང་པ་ ཨི་ཇིབ་ལུ་བཏང་ནུག 13 ཐེངས་གཉིས་པ་ལུ་ ཡོ་སེབ་ཁོ་རང་གི་སྤུན་ཆ་ཚུ་ལུ་ ངོ་སྤྲོད་འབད་དེ་ གཅིག་གིས་གཅིག་ལུ་ངོ་ཤེས་ནུག་ དེ་ལས་རྒྱལཔོ་ ཕེ་རོ་གིས་ཡང་ ཡོ་སེབ་ཀྱི་བཟའ་ཚང་ལུ་ངོ་ཤེས་ནུག 14 འདི་གི་ཤུལ་ལས་ ཡོ་སེབ་ཀྱིས་ ཁོ་རང་གི་ཨ་པ་ ཡ་ཀོབ་དང་སྤུན་ཆ་ག་ར་ལུ་ ཁོ་སྡོད་སར་ཤོག་ཟེར་ཁ་འཐེན་བཏང་ནུག་ ཁོང་གི་སྤུན་ཆ་ག་ར་བསྡོམ་ད་ མི་བདུན་བཅུ་དོན་ལྔ་ཡོདཔ་ཨིན་མས། 15 དེ་ལས་ ཡ་ཀོབ་ ཨི་ཇིབ་རྒྱལ་ཁབ་ལུ་སོང་སྟེ་ ཁོ་དང་ང་བཅས་ཀྱི་ཕ་བརྒྱུད་ཚུ་ ཕར་ལུ་རང་ཤི་སོང་ནུག 16 ཁོང་གི་ཕུང་པོ་འདི་ཚུ་ ས་གནས་ ཤེ་ཀེམ་ལུ་འབག་སྟེ་ འདི་ཁར་ལུ་ཧེ་མ་ ཨབ་ར་ཧམ་གྱིས་ ཧ་མཱོར་གྱི་བུ་འདི་ཚུ་ལུ་ ཏི་རུ་སྤྲོད་དེ་ ཉོ་བཞག་མིའི་དུར་ཁུང་ནང་བཀལ་བཞག་ནུག 17 དེ་འབདཝ་ད་དཀོན་མཆོག་གིས་ ཨབ་ར་ཧམ་ལུ་བཞེས་མི་ཁས་བླངས་དེ་ སྒྲུབ་པའི་དུས་སྐབས་སྦོ་ལོགས་ལྷོདཔ་ད་ ཨི་ཇིབ་ལུ་ ཡ་ཧུ་ད་པ་གི་མི་རློབས་ཀྱི་གྱངས་ཁ་འདི་ གནམ་མེད་ས་མེད་འཕེལ་སོང་ནུག 18 དེ་ལས་ ཡོ་སེབ་ཀྱི་སྐོར་ལས་ག་ནི་ཡང་མ་མཁྱེན་མི་རྒྱལཔོ་གཅིག་གིས་ ཨི་ཇིབ་ཀྱི་རྒྱལ་སྲིད་སྐྱོངས་ནུག 19 ཁོ་གིས་ང་བཅས་ཀྱི་མི་བརྒྱུད་འདི་ཚུ་ལུ་ མགུ་བསྐོར་མཛད་དེ་ ཁོང་གི་ཨ་ལོ་གསརཔ་སྐྱེས་མི་འདི་ཚུ་ག་ར་ དབང་བཙོང་གི་ཐོག་ལས་སྦེ་ ཁྱིམ་གྱི་ནང་ལས་ཕྱི་ཁར་བཏོན་ཏེ་ སྤྱང་དྲགས་ཀྱི་ལཱ་ངན་པ་འབད་དེ་ཤི་བཅུག་ནུག 20 དེའི་སྐབས་ལུ་ མོ་སཱེས་སྐྱེས་ཏེ་ ཁོ་གནམ་མེད་ས་མེད་ འཇའ་རིསམོ་གཅིག་ཡོདཔ་མས་ ཁོ་སྐྱེས་ཏེ་ཟླཝ་གསུམ་ཚུན་ཚོད་ རང་གི་ཨ་པ་དང་ཨའི་གི་ཁྱིམ་ནང་བདག་འཛིན་འཐབ་བཞག་ནུག 21 དེའི་ཤུལ་ལས་ ཁོ་ཕྱི་ཁ་བཀལ་བཞག་དགོཔ་ཐལཝ་ད་ རྒྱལཔོ་ ཕེ་རོ་གི་སྲསམོ་གིས་ཁོ་ལུ་འཐུ་བསྣམས་ཏེ་ མོ་རང་གི་སྲས་བཟུམ་སྦེ་རང་མཛད་ནུག 22 ཁོ་གིས་ ཨི་ཇིབ་ཀྱི་ཡོན་ཏན་ག་ར་སྦྱང་སྟེ་ ཁོ་གི་བྱ་སྤྱོད་ཚུ་མི་མཁས་པ་གཅིག་ལུ་འགྱུར་ནུག 23 དེ་འབདཝ་ད་ མོ་སཱེས་ལོ་བཞི་བཅུ་ལངམ་ད་ ཁོ་རང་གི་རིགས་བརྒྱུད་ ཨཱིས་ར་ཨཱེལ་པ་ཚུ་ལུ་ དཀའ་ངལ་འདི་ཚུ་ག་ཅི་ཡོད་ག་ བལྟ་བ་འགྱོཝ་ད། 24 ཨཱིས་ར་ཨཱེལ་པ་གཅིག་ལུ་ ཨི་ཇིབ་ཀྱི་མི་གཅིག་གིས་ དྲངས་ས་མཐོང་སྟེ་ ཁོ་ ཨཱིས་ར་ཨཱེལ་པ་དེ་གི་རྒྱབ་བཟུང་ དགྲ་ལན་འཇལ་ཏེ་ ཨི་ཇིབ་པ་འདི་ལུ་བསད་ནུག 25 མོ་སཱེས་ཀྱི་མནོ་བསམ་ལུ་འབད་བ་ཅིན་ ཁོང་ཆ་ཁྱབ་ལུ་སྐྱབས་འབད་བ་ དཀོན་མཆོག་གིས་ང་ལུ་གཏང་གནང་ཡི་ཟེར་ ཁོང་གིས་སེམས་ཁར་དྲན་ཚུགས་འོང་ཟེར་མནོ་ནུག་ དེ་འབདཝ་ད་ ཁོང་གིས་འདི་ཧ་མ་གོ་བས། 26 དེ་གི་ནངས་པ་ ཨཱིས་ར་ཨཱེལ་པ་གཉིས་འཛིང་སྡོད་སར་མཐོངམ་ད་ ཁོ་གིས་འབད་བ་ཅིན་ ཁོང་གཉིས་ཀྱི་བར་ན་ལུ་ འཆམ་ཁ་བཟོ་ནི་སྦེ་ ཁོང་གཉིས་ལུ་ དབའེ་ལྟོ་ཚང་ ཁྱེད་གཉིས་སྤུན་ཆ་ཨིན་མེན་ན་ ག་ཅི་འབད་གཅིག་གིས་གཅིག་ལུ་དེ་སྦེ་འབདཝ་སྨོ་ཟེར་སླབ་ནུག 27 དེ་འབདཝ་ད་ གཞན་ལུ་དྲང་མི་དེ་གིས་ མོ་སཱེས་ལུ་ཕར་ལྷོག་བཀོག་སྦེ་ དེ་སྦེ་སླབ་ནུག་ ཁྱོད་ང་བཅས་ཀྱི་འགོ་དཔོན་དང་ཁྲིམས་ཕྱེ་མི་སྦེ་ ག་གིས་བཀལ་བཀལཝ་སྨོ། 28 ཁྱོད་ཀྱིས་ཁ་ཙ་ ཨི་ཇིབ་པ་ལུ་བསད་དོཝ་བཟུམ་སྦེ་ ད་རེས་ང་ལུ་ཡང་བསད་ནི་ཨིན་ན་ཟེར་དྲིས་ནུག 29 མོ་སཱེས་ཀྱིས་བློ་འདི་གོཝ་ད་ ཁོ་འདྲོགས་ཏེ་ ཨི་ཇིབ་ལས་འབྱོག་སྦེ་ རོགས་ཀྱི་ས་གནས་ ལུང་ཕྱོགས་ མི་དི་ཡཱན་ནང་སྡོད་པ་སོང་ནུག་ ཕར་སྡོདཔ་ད་ གཉེན་བརྐྱབས་ཏེ་ བུ་གཉིས་སྐྱེས་ནུག 30 དེ་ལས་ལུང་ཕྱོགས་འདི་ཁར་ལུ་སྡོད་དེ་ ལོ་བཞི་བཅུ་ལང་པའི་ཤུལ་ལས་ གངས་རི་ སི་ནའི་གི་སྦོ་ལོགས་ རི་སྟོང་གཅིག་ནང་ ཚེར་མ་མེ་འབར་ཏེ་ དེ་གི་ནང་ལས་དཀོན་མཆོག་གི་ཕོ་ཉ་གཅིག་གིས་ མོ་སཱེས་དང་འཕྱད་ནུག 31 དེ་མཐོངམ་ད་ མོ་སཱེས་གནམ་མེད་ས་མེད་ཡ་མཚན་ཆེ་སྟེ་ ཚེར་མ་གི་སྦོ་ལོགས་ཁར་སོང་སྟེ་བལྟཝ་ད་ ཁོ་གིས་ཚེར་མ་ནང་ལས་ གཙོ་བོ་དཀོན་མཆོག་གི་གསུང་སྐད་གཅིག་གོ་ནུག 32 གསུང་སྐད་འདི་གིས་ ང་ཁྱོད་ཀྱི་ཕ་བརྒྱུད་ཚུ་གི་དཀོན་མཆོག་ཨིན་ ཕ་བརྒྱུད་ ཨབ་ར་ཧམ་དང་ ཨི་སག་ ཡ་ཀོབ་ཀྱི་དཀོན་མཆོག་ཨིན་ཟེར་གསུངསམ་ད་ མོ་སཱེས་གནམ་མེད་ས་མེད་འདྲོག་ སྒྱིད་ཐག་འདར་ཏེ་ མིག་ཏོ་ཡར་བལྟ་མ་ཚུགས་པར་སྡོད་ནུག 33 དེ་ལས་གཙོ་བོ་དཀོན་མཆོག་གིས་ཁོ་ལུ་ ཁྱོད་ཀྱི་རྐང་མའི་ལྷམ་འདི་ཕར་ཕུད་ ཁྱོད་ལོང་སྡོད་སའི་ས་གནས་འདི་དམ་པ་ཨིན། 34 ཨི་ཇིབ་ལུ་ངེ་གི་མི་འདི་ཚུ་གིས་ ག་དེ་སྦེ་སྡུག་བསྔལ་མྱོང་ཡོདཔ་ཨིན་ན་ ཐད་རི་བ་རི་རང་ ངེ་མིག་གིས་མཐོང་ རྣ་བ་ཡང་གོ་ཡི་ དེ་འབདཝ་ལས་ ང་ཁོང་ལུ་སྐྱབས་འབད་བ་ནཱ་ལུ་འོངམ་ཨིན་ ད་ནཱ་ཤོག་ ང་གིས་ཁྱོད་ལུ་ལོག་སྟེ་ ཨི་ཇིབ་ལུ་གཏང་ནི་ཨིན་ཟེར་གསུངས་ནུག 35 དེ་འབདཝ་ད་ ཨཱིས་ར་ཨཱེལ་པ་ཚུ་གིས་ ཁྱོད་ང་བཅས་ཀྱི་འགོ་དཔོན་དང་ཁྲིམས་ཕྱེ་མི་སྦེ་ ག་གིས་བཀལ་བཀལཝ་སྨོ་ཟེར་སྣང་མེད་བརྩིས་ཏེ་ ཆ་མ་བཞག་མིའི་ མོ་སཱེས་དེ་ ཁོ་རང་ཨིན་མས་ ཁོ་ལུ་དཀོན་མཆོག་གིས་ཚེར་མ་ནང་ལུ་ཕོ་ཉ་གི་ཐོག་ལས་ མཇལ་ཁ་གནང་སྟེ་ ང་བཅས་རའི་ ཨཱིས་ར་ཨཱེལ་པ་ཚུ་ལུ་སྐྱབས་འབད་བ་དང་ འགོ་དཔོན་འབད་བ་བཏང་གནང་ནུག 36 མོ་སཱེས་ཀྱིས་ཁོང་ལུ་ ཨི་ཇིབ་ལས་བཏོན་འཁྱིད་དེ་ ཨི་ཇིབ་དང་ རྒྱ་མཚོ་དམརཔོ་ཟེར་མིའི་མཐའ་མ་ དེ་ལས་རི་སྟོང་ནང་ ལོ་བཞི་བཅུ་ཚུན་ཚོད་ ཁོ་གིས་རྫུ་འཕྲུལ་དང་རྟགས་མ་འདྲཝ་འདི་ཚུ་སྟོན་ནུག 37 དཀོན་མཆོག་གིས་ཁྱེད་རང་གི་རིགས་བརྒྱུད་ལས་ལུང་སྟོན་པ་ ང་བཟུམ་ཅིག་ཁྱེད་ཨཱིས་ར་ཨཱེལ་པ་ཆ་ཁྱབ་ཀྱི་དོན་ལུ་གནང་ནི་ཟེར་སླབ་མིའི་མི་དེ་ མོ་སཱེས་ཁོ་རང་ཨིན། 38 ཨཱིས་ར་ཨཱེལ་པ་ མི་དམངས་དང་གཅིག་ཁར་ རི་སྟོང་ནང་ལུ་ ཚོགས་པ་དང་གཅིག་ཁར་འཛོམས་ཏེ་སྡོད་མི་འདི་ ཨ་ནི་ མོ་སཱེས་རང་ཨིན་ དེ་ལས་ང་བཅས་རའི་ཕ་བརྒྱུད་དང་གཅིག་ཁར་ཡོད་མི་འདི་ཡང་ མོ་སཱེས་ ཁོ་རང་ཨིན་མས་ ད་རུང་གངས་རི་ སི་ནའི་གུ་ ཕོ་ཉ་དང་གཅིག་ཁར་བསྟུན་གྲོས་རྐྱབ་སྡོད་མི་འདི་ མོ་སཱེས་ ཁོ་རང་ཨིན་མས་ འདི་སྐབས་ལུ་ དཀོན་མཆོག་གི་གཟིགས་སར་ག་དེ་སྦེ་སྡོད་དགོཔ་ཨིན་ན་ ཟེར་སྟོན་མི་བཀའ་འདི་ཚུ་ དཀོན་མཆོག་ལས་ཐོབ་སྟེ་ ད་ལྟོ་ང་བཅས་ཀྱིས་ཐོབ་མི་འདི་ཡང་ ཁོ་ལས་རྒྱུད་དེ་ཨིན། 39 དེ་རང་ཨིན་རུང་ ང་བཅས་ཀྱི་ཕམ་འདི་ཚུ་གིས་ ཁོ་གི་སླབ་མི་ལུ་སྣང་མེད་བརྩིས་ཏེ་ ཆ་མ་བཞག་པས་ ཁོང་གི་འདོད་པ་ལྟར་དུ་འབད་བ་ཅིན་ ད་རུང་ལོག་སྟེ་ ཨི་ཇིབ་ལུ་འགྱོ་ནི་གི་སེམས་ཨིན་མས། 40 ཁོང་གིས་ ང་བཅས་ཀྱི་གདོང་ཁར་བཞག་ནི་གི་སྐུ་དང་ལམ་སྟོན་མི་གཅིག་བཟོ་གནང་ ང་བཅས་ ཨི་ཇིབ་ལས་འཁྱིད་འོང་མིའི་ མོ་སཱེས་ལུ་ག་ཅི་འབད་དཔ་ཨིན་ན་མི་ཤེས་པས་ཟེར་ ཨ་རཱོན་ལུ་སླབ་ནུག 41 དེ་སྐབས་ལུ་ ཁོང་གིས་གསེར་གྱི་བོའུ་ཅུང་གི་སྐུ་གཅིག་བཟོ་ཞིནམ་ད་ ཁོང་གིས་འདི་ལུ་མཆོད་པ་ཕུལ་ཏེ་ ཁོང་རང་གི་ལགཔ་གིས་བཟོ་མི་དེ་ལུ་ རང་བསྟོད་རྐྱབ་སྦེ་ ཚོགས་སྟོན་གཅིག་འབད་ནུག 42 དེ་ལས་དཀོན་མཆོག་གིས་ ཁོང་ལུ་ནམ་མཁའི་སྐརམ་འདི་ཚུ་ལུ་བསྟོད་པ་ཕུལ་བཅུག་སྦེ་ ཁོ་རང་ཁོང་ལས་ཐག་རིང་ས་བྱོན་ནུག་ ཨ་ནི་ལོ་རྒྱུས་འདི་ལུང་སྟོན་པ་གི་དེབ་ནང་ བྲིས་བཞག་མི་དང་མཐུན་ཏེ། དབའེ་ ཨཱིས་ར་ཨཱེལ་པ་ཚུ་ རི་སྟོང་ནང་ལོ་བཞི་བཅུ་སྡོད་པའི་བསྒང་ལུ་ ང་ལུ་མཆོདཔ་དང་ ནོར་སེམས་ཅན་ཚུ་དམར་མཆོད་ཕུལ་ཡི་ག། 43 ཁྱེད་ཀྱིས་བསྟོད་པ་ཕུལ་ནི་གི་དོན་ལུ་ མོ་ལོག་གི་སྐུ་དང་ སྐར་མའི་ལྷ་ རེ་ཕཱན་འདི་ཚུ་ ཁྱེད་རང་གི་ལགཔ་གིས་བཟོ་མི་འདི་ཚུ་ལུ་ ཕྱག་འཚལཝ་ཨིན་མས་ དེ་འབདཝ་ལས་ང་གིས་ཉེས་ཁྲིམས་སྦེ་ ཁྱེད་ཆ་ཁྱབ་རྒྱལ་ཁབ་ བ་བི་ལཱོན་ལུ་བཏོན་བཏང་ནི་ཨིན་ཟེར་ གསུངས་ནུག 44 ང་བཅས་རའི་ཕ་བརྒྱུད་འདི་ཚུ་ རི་སྟོང་ནང་ལུ་སྡོད་པའི་བསྒང་ དཀོན་མཆོག་ངོ་མ་བཞུགས་པའི་འཛོམ་དཔང་གི་གུར་ཁང་གཅིག་ ཁོང་དང་གཅིག་ཁར་ཡོདཔ་ཨིན་མས་ གུར་ཁང་འདི་དཀོན་མཆོག་གིས་ མོ་སཱེས་ལུ་ སྟོན་གནང་མིའི་དཔེ་དང་འཁྲིལ་ཏེ་རྐྱབ་རྐྱབ་ཨིན་མས། 45 ཤུལ་ལས་ང་བཅས་རའི་ཕ་བརྒྱུད་འདི་ཚུ་གིས་ཡང་ ཁོང་རང་གི་ཕ་བརྒྱུད་ཚུ་ལས་གུར་ཁང་འདི་ཐོབ་ནུག་ དེ་ལས་འགོ་དཔོན་ ཡོ་ཤུ་ཨ་དང་ཕ་བརྒྱུད་འདི་ཚུ་གིས་དམག་རྐྱབ་ད་ དཀོན་མཆོག་གི་ནུས་མཐུ་ལས་ ཕྱིའི་མི་རིགས་ཀྱི་རྒྱལ་ཁབ་འདི་ཚུ་ལུ་བདའ་བཏང་སྟེ་ རྒྱལ་ཁ་ཐོབ་ཅི་ཐོབ་ཅི་རང་ གུར་ཁང་འདི་ཁོང་དང་གཅིག་ཁར་འབག་འོངས་ནུག་ དེ་ལས་གུར་ཁང་འདི་ རྒྱལཔོ་ ད་བིད་ཀྱི་དུས་སྐབས་ཚུན་ཚོད་ ས་ཆ་འདི་ནང་རང་བཞག་ནུག 46 དཀོན་མཆོག་གིས་ཁོ་ལུ་ཐུགས་དགྱེས་ནི་འདི་གིས་ ཁོ་གིས་ ཡ་ཀོབ་ཀྱི་དཀོན་མཆོག་ལུ་བཞུགས་ཁང་གཅིག་ བཟོ་ཆོག་པའི་སྣང་བ་གནང་ཟེར་ ད་བིད་ཀྱིས་ཞུ་ནུག 47 དེ་འབདཝ་ད་ བཞུགས་ཁང་བཞེངས་མི་འདི་ རྒྱལཔོ་ ད་བིད་ཀྱི་སྲས་ སོ་ལོ་མཱོན་ལུ་ཕོག་ནུག 48 དེ་ཨིན་ཏེ་འབད་རུང་ ག་ར་ལས་མཐོ་བའི་དཀོན་མཆོག་འདི་ མི་གི་བཟོ་མི་ཁྱིམ་ནང་མི་བཞུགས་ཟེར་ལུང་སྟོན་པ་གིས་སླབ་དོཝ་བཟུམ་སྦེ། 49 གཙོ་བོ་དཀོན་མཆོག་གིས་གསུངས་དེས་ ནམ་མཁའ་འདི་ངེ་གི་ཁྲི་དང་ ས་འདི་ངེ་གི་རྐངམ་བཀལ་ས་ཨིན་ ཁྱེད་ཀྱིས་ང་སྡོད་ས་ ནམ་མཁའ་དང་ས་བ་ལེགསཔ་སྦེ་ ག་དེ་སྦེ་བཟོ་ཚུགས་ནི་སྨོ་ ཡང་ན་ང་སྡོད་ས་འདི་ག་ཏེ་ལུ་བཟོ་ནི་སྨོ། 50 ནམ་མཁའ་དང་ས་གཞི་འདི་ག་ར་ ང་གིས་བཟོ་བཟོཝ་མེན་ན་ཟེར་ གསུངས་ནུག 51 ཨཱིས་ཏེ་ཕཱན་གྱིས་ ཨ་ཁའི་ ཁྱེད་སེམས་སྲ་ཀྲག་དང་ དཀོན་མཆོག་དང་གཞན་འབྲེལ་མེདཔ་བཟུམ་ ཁྱེད་རང་གི་ཕ་བརྒྱུད་འདི་ཚུ་བཟུམ་སྦེ་ དམ་པའི་ཐུགས་ཉིད་ལུ་ཨ་རྟག་རང་ཉན་མ་བཏུབ་པར་ སྣང་མེད་སྦེ་བརྩིས་མི། 52 ཁྱེད་ཀྱི་ཕ་བརྒྱུད་འདི་ཚུ་གིས་ གནོད་པ་མ་བཀལ་མི་ལུང་སྟོན་པ་འདུག་ག་ དེ་ལས་ཁྱེད་ཀྱི་ཕ་བརྒྱུད་ཚུ་གིས་ བྱོན་ནི་འབད་མི་ དྲང་བདེན་པའི་ ཁིརཱིས་དེ་གི་སྐོར་ལས་ ལུང་བསྟན་བཤད་མི་ཆ་ཁྱབ་ལུ་ཡང་བསད་དེ་བཀོག་ནུག་ ད་རེས་སྐབས་ཁིརཱིས་དེ་ལུ་ཡང་ ཁྱེད་ཀྱིས་ངོ་ལོག་བརྐྱབས་ཏེ་བཀྲོངས་བཅུག་ཅི། 53 ད་དཀོན་མཆོག་གིས་ ཕོ་ཉ་གི་ཐོག་ལས་སྦེ་གནང་མི་བཀའ་ཁྲིམས་འདི་ ཁྱེད་ཀྱིས་ཐོབ་རུང་ འདི་ལུ་ཉན་མ་བཏུབ་ཨིན་པས་ཟེར་ ཨཱིས་ཏེ་ཕཱན་གྱིས་ལྷན་ཚོགས་ལུ་དེ་སྦེ་ཞུ་ནུག། 54 ལྷན་ཚོགས་ཚུ་གིས་ལོ་རྒྱུས་འདི་གོཝ་ད་ ཁོང་གནམ་མེད་ས་མེད་ཁོང་ཁྲོ་ལང་ནུག 55 དེ་འབདཝ་ད་ ཨཱིས་ཏེ་ཕཱན་ དམ་པའི་ཐུགས་ཉིད་ཀྱིས་གང་སྟེ་ ནམ་མཁའ་ལུ་བལྟཝ་ད་ དཀོན་མཆོག་གི་གཟི་བརྗིད་དང་འོད་ཟེར་ནང་ ཡེ་ཤུ་འདི་དཀོན་མཆོག་གི་ཕྱག་གཡས་ཁ་ཐུག་ལུ་བཞེངས་བཞུགས་ཡོདཔ་ ཁོ་གིས་མཇལ་ནུག 56 ཁོ་གིས་ བལྟ་ཤིག་ ཞིང་ཁམས་སྒོ་ཕྱེ་ས་ང་གིས་མཐོང་དེས་ མིའི་བུ་དེ་ དཀོན་མཆོག་གི་ཕྱག་གཡས་ཁ་ཐུག་ལུ་བཞེངས་བཞུགས་ནུག་ཟེར་ཞུ་ནུག 57 འདི་གསནམ་ད་ ཁོང་ལྷན་ཚོགས་ཆ་ཁྱབ་ཀྱིས་ རང་གི་རྣམ་ཅོག་སུབས་ སྐད་བརྐྱབས་ཏེ་ ཁོ་སྒྱིམ་བརྒྱུགས་འོངས་ཏེ། 58 ཁོ་གི་གཟུགས་ཁར་བཤེད་སྦེ་འདྲུད་དེ་ ཁྲོམ་ཁ་ལས་ཕྱི་ཁར་བཏོན་སྦེ་ རྡོ་གིས་བརྡུང་ནུག་ དེ་ནང་ཁོ་དང་རྩོད་པ་རྐྱབ་མི་ཚུ་གིས་ ཁོང་རང་གི་སྟོད་གོ་ཕུད་དེ་ སའུལ་ཟེར་མིའི་མི་གཞོནམ་གཅིག་འབད་ས་བཀལ་བཞག་ནུག 59 ཨཱིས་ཏེ་ཕཱན་ལུ་རྡོ་གིས་བརྡུངམ་ད་ ཁོ་གིས་ གཙོ་བོ་ཡེ་ཤུ་ ངེ་གི་སེམས་ཉིད་འདི་ ཡར་ལེན་གནང་ཟེར་སྨོན་ལམ་ཞུ་ནུག 60 དེ་ལས་པུས་མོ་མར་ས་ཁར་བཙུགས་ སྐད་བརྐྱབས་ཏེ་ གཙོ་བོ་ལགས་ སྡིག་པ་འདི་གི་ལན་ ཁོང་ལུ་མཛད་མ་ད་ཟེར་ཞུ་སྦེ་ ཁོ་ཤི་སོང་ནུག
1 ཨཱིས་ཏེ་ཕཱན་བསད་བའི་སྐབས་ འཛོམ་དཔང་གཅིག་ སའུལ་ ཁོ་རང་ཨིན་ཟེར་ཁ་བཟེད་ནུག་ དེ་ལས་ མི་ཆོས་སེམས་ཆེ་ཏོག་ཏོ་འདི་ཚུ་གིས་ ཨཱིས་ཏེ་ཕཱན་གྱི་ཕུང་པོ་ དོང་ནང་བཙུགས་ཞིནམ་ད་ མྱ་ངན་སྦོམ་འབད་ནུག། འདི་གི་ཉིནམ་ལས་རང་ ཡེ་རུ་ཤ་ལེམ་ལུ་ཡོད་མིའི་ཆོས་ཚོགས་ཚུ་ལུ་ སྡུག་བསྔལ་ཤུགས་ཆེ་དྲགས་འབད་མྱོང་དགོཔ་འབྱུངམ་ད་ སྐུ་ཚབ་འདི་ཚུ་མ་གཏོགས་ དདཔ་ཅན་ཚུ་ལུང་ཕྱོགས་ ས་མ་རི་ཡ་དང་ ལུང་ཕྱོགས་ ཡུ་དེ་ཡ་ནང་ཁ་གཏོར་སོང་ནུག 3 དེ་འབདཝ་ད་ སའུལ་གྱིས་ཆོས་ཚོགས་ལུ་མེདཔ་གཏང་ནི་འགོ་བཙུགས་ཏེ་ མི་འདི་ཚུ་གི་ཁྱིམ་ལས་ཁྱིམ་རྒྱུད་དེ་ ཕོ་རྒྱ་དང་ཨམ་སྲུ་འདི་ཚུ་ལུ་དབང་བཙོང་གི་ཐོག་ལས་འདྲུད་དེ་ བཙོན་ཁང་ནང་བཙུགས་དོཝ་ཡོདཔ་ཨིན་མས།། 4 དེ་ལས་ཁ་གཏོར་འགྱོ་མི་དདཔ་ཅན་འདི་ཚུ་གིས་ ཁོང་རང་ག་འགྱོ་ས་ལུ་གཏམ་བཟང་འདི་བཤད་ནུག 5 ཕི་ལིབ་འདི་ ལུང་ཕྱོགས་ ས་མ་རི་ཡ་གི་ཁྲོམ་སྦོམ་ཤོས་གཅིག་ནང་སོང་སྟེ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཀྱི་སྐོར་ལས་ གཏམ་བཟང་བཤད་ནུག 6 དེ་ལས་མི་དམངས་ཀྱིས་ ཕི་ལིབ་ཀྱིས་བཤད་མི་ཆོས་འདི་གོཝ་མ་ཚད་ ཁོ་གིས་བཏོན་མི་རྫུ་འཕྲུལ་འདི་ཚུ་མཐོངམ་ད་ ག་ར་གིས་སེམས་ཁར་དྲན་པ་བཏོན་ཏེ་ ཁོ་གིས་བཤད་མི་ཆོས་ལུ་ཉན་ནུག 7 འདི་གི་དུས་ལུ་ མི་ལེ་ཤ་གི་ནང་ན་ལས་འདྲེ་གདོན་ཚུ་སྐད་སྦོམ་བརྐྱབས་ཏེ་ཐོན་སོངམ་མ་ཚད་ གཟུགས་ཞབོ་དང་ མི་རྐངམ་ལགཔ་ཞབོ་ལེ་ཤ་དྲགཔ་བཟོ་ནུག 8 དེ་གིས་འབད་དེ་ ཁྲོམ་འདི་ཁར་མི་ག་ར་ལུ་ དགའ་སྤྲོ་སྦོམ་བྱུང་ནུག 9 ད་ཨ་ནི་ཁྲོམ་ཁར་ སི་མཱོན་ཟེར་མི་ འདྲེ་དང་བདུད་ཀྱི་དབང་ཤུགས་ཀྱིས་འབད་ རྫུ་འཕྲུལ་བཏོན་ནི་ལུ་མཁས་པ་གཅིག་ཡོདཔ་ཨིན་མས་ ཁོ་གིས་རྫུ་འཕྲུལ་བཏོན་ཏེ་ ས་མ་རི་ཡ་པ་ཚུ་ག་ར་ཧ་ལས་བཅུག་དོཝ་ཨིན་མས་ ཁོ་གིས་ཁོ་ར་རང་དྲག་ཤོས་གཅིག་ཨིན་ཟེར་སླབ་དོཝ་ཡོདཔ་ཨིན་མས། 10 དེ་ལས་མི་ཆེ་ཆུང་ དྲག་ཞེན་ག་ར་གིས་ མཐུ་དང་ནུས་པ་སྦོམ་ཡོད་མིའི་ལྷ་གཅིག་གིས་ ཁོ་ལུ་ཁྱབ་ནུག་ཟེར་ ཁོང་ག་ར་གིས་ཁོ་གིས་སླབ་མི་ལུ་ སེམས་དྲན་པ་བཏོན་ཏེ་ཉན་ནུག 11 ཧེ་མ་ལས་ཁོ་གིས་རྫུ་འཕྲུལ་ཡུན་རིངམ་སྦེ་བཏོན་ནི་འདི་གིས་ མི་ཚུ་ག་ར་ཧ་ལས་ཏེ་ ཁོ་གིས་སླབ་མི་ལུ་སེམས་དྲན་པ་བཏོན་ཏེ་སྡོད་ནུག 12 དེ་འབདཝ་ད་ ཕི་ལིབ་ཀྱིས་ཁོང་ལུ་ དཀོན་མཆོག་གི་རྒྱལ་སྲིད་དང་ ཡེ་ཤུ་འདི་ཁིརཱིས་ཨིན་ཟེར་ གཏམ་བཟང་བཤདཔ་ད་ ཕོ་རྒྱ་དང་ཨམ་སྲུ་ལེ་ཤ་ཅིག་རང་དད་པ་བསྐྱེད་དེ་ ཁྲུས་གསོལ་ཞུ་ནུག 13 ད་རུང་ སི་མཱོན་ ཁོ་རང་ཡང་དད་པ་བསྐྱེད་དེ་ ཁྲུས་གསོལ་ཞུ་ནུག་ དེ་ལས་ དཀོན་མཆོག་གི་དབང་གིས་འབད་ ཕི་ལིབ་ཀྱིས་བཏོན་མིའི་རྟགས་དང་རྫུ་འཕྲུལ་འདི་ཚུ་མཐོངམ་ད་ ཧ་ལས་ཏེ་ ཕི་ལིབ་ག་འགྱོ་སར་ལུ་རྟིང་བདའ་སོང་ནུག 14 ཡེ་རུ་ཤ་ལེམ་ལུ་ཡོད་མི་སྐུ་ཚབ་དེ་ཚུ་གིས་ ས་མ་རི་ཡ་གི་མི་དེ་ཚུ་གིས་ དཀོན་མཆོག་གི་གསུང་ལུ་དད་པ་བསྐྱེད་ནུག་ཟེར་གོཝ་ད་ པེ་ཏྲོ་དང་ ཡོ་ཧ་ནཱན་ལུ་ ཁོང་ ས་མ་རི་ཡ་པ་ཚུ་འབད་ས་བཏང་ནུག 15 དེ་ལས་ཁོང་གཉིས་ ས་མ་རི་ཡ་ལུ་ལྷོདཔ་ད་ ཁོང་ལུ་དམ་པའི་ཐུགས་ཉིད་ཐོབ་བཅུག་ནི་སྦེ་ སྨོན་ལམ་ཞུ་ནུག 16 ག་ཅི་སྨོ་ཟེར་བ་ཅིན་ ཁོང་ ས་མ་རི་ཡ་པ་ཚུ་གིས་ གཙོ་བོ་ཡེ་ཤུ་གི་མཚན་ནང་ཁྲུས་གསོལ་རྐྱངམ་གཅིག་ལེནམ་མ་གཏོགས་ དམ་པའི་ཐུགས་ཉིད་ཀྱིས་མ་ཁྱབ་ཨིན་མས། 17 དེ་ལས་ པེ་ཏྲོ་དང་ ཡོ་ཧ་ནཱན་གྱིས་ཁོང་དདཔ་ཅན་ཆ་ཁྱབ་ཀྱི་གུ་ལུ་ལགཔ་བཀལ་ སྨོན་ལམ་ཞུཝ་ད་ ཁོང་དམ་པའི་ཐུགས་ཉིད་ཀྱིས་གང་ནུག 18 དེ་ལས་སྐུ་ཚབ་དེ་ཚུ་གིས་ལགཔ་བཀལ་ཏེ་དམ་པའི་ཐུགས་ཉིད་གང་ས་ སི་མཱོན་གྱིས་མཐོང་སྟེ་ ཁོ་གིས་ཏི་རུ་འབག་འོང་ཞིནམ་ད། 19 ཐུགས་ཉིད་ཀྱི་དབང་འདི་ང་ལུ་ཡང་གནང་ལགས་ དེ་ལས་ང་གིས་ཡང་རོགས་ལུ་ལགཔ་བཀལ་ སྨོན་ལམ་བཏབ་ད་ དམ་པའི་ཐུགས་ཉིད་ཀྱིས་ཁྱབ་བཅུག་གེ་ཟེར་སླབ་ནུག 20 དེ་འབདཝ་ད་ པེ་ཏྲོ་གིས་ དཀོན་མཆོག་གི་གསོལ་རས་འདི་ ཏི་རུ་གིས་ཉོ་ཚུགས་ཟེར་མནོ་བསམ་གཏངམ་ལས་བརྟེན་ ཁྱོད་དང་ཁྱོད་ཀྱི་ཏི་རུ་རྩ་མེད་གཏང་བཅུག 21 ཁྱོད་ཀྱི་སེམས་དཀོན་མཆོག་གི་གཟིགས་སར་ཀྲིག་ཀྲི་མིན་འདུག་ ཨ་ནི་དཀོན་མཆོག་གི་ཕྱག་ལཱ་ནང་ ག་ཅི་གི་བགོ་བཤའ་ཡང་ཁྱོད་ཀྱིས་མི་ཐོབ། 22 ཁྱོད་ཀྱིས་ འགྱོད་སེམས་བསྐྱེད་དེ་ ཨ་ནི་ལཱ་ངན་པ་ལས་སེམས་འགྱུར་ཏེ་ ཁྱོད་ཀྱི་སེམས་ཁར་གྱི་མནོ་བསམ་ངན་པ་ཚུ་ དཀོན་མཆོག་གིས་བཀའ་དྲིན་བསྐྱངས་ཟེར་ གཙོ་བོ་དཀོན་མཆོག་ལུ་སྨོན་ལམ་ཞུ། 23 ག་ཅི་སྨོ་ཟེར་བ་ཅིན་ ཁྱོད་ཀྱི་སེམས་ཁ་ལུ་ ང་རྒྱལ་དང་ཕྲག་དོག་གིས་གང་སྟེ་ སྡིག་པ་ནང་ཐིམ་ཆེཝ་ ང་གིས་མཐོང་ཅི་ཟེར་སླབ་ནུག 24 དེ་ལས་ སི་མཱོན་གྱིས་ ཁྱོད་ཀྱིས་སླབ་མིའི་བློ་ཚུ་ག་ར་ ངེ་གི་གུ་ལུ་ཕོག་མ་བཅུག་ ཁྱོད་ཀྱིས་རང་ ངེ་གི་དོན་ལུ་གཙོ་བོ་ལུ་གསོལ་བ་བཏབ་གནང་ཟེར་སླབ་ནུག 25 དེ་ལས་ཁོང་སྐུ་ཚབ་གཉིས་ཀྱིས་ ས་མ་རི་ཡ་ལུ་འཛོམ་དཔང་འབད་ ཆོས་བཤད་ཚར་བའི་ཤུལ་ལུ་ ད་རུང་ལོག་སྟེ་ ཡེ་རུ་ཤ་ལེམ་ལུ་འོང་པའི་ཞོར་ཁ་ ལམ་བདའ་ ས་མ་རི་ཡ་གི་གཡུས་ཚན་ལེ་ཤ་ནང་ གཏམ་བཟང་འདི་བཤད་ཅི་རང་སོང་ནུག། 26 འདི་གི་ཤུལ་ལས་ གཙོ་བོ་གི་ཕོ་ཉ་གཅིག་གིས་ ཕི་ལིབ་ལུ་ ནཱ་ལས་ཐོན་ཏེ་ ཡེ་རུ་ཤ་ལེམ་གྱི་ལྷོ་ཕྱོགས་ལས་ ཁྲོམ་ ག་ཟ་ལུ་འགྱོ་སའི་ རི་སྟོང་གི་ལམ་ཁར་སོང་ཤིག་ཟེར་སླབ་ནུག 27 ཁོ་དེ་ཁར་ལས་ཐོན་ཏེ་འགྱོཝ་ད་ ལུང་ཕྱོགས་ ཨེ་ཐི་ཨོཔ་གི་རྒྱལམོ་ ཀཱན་དཱེས་ཀྱི་དངུལ་རྩིས་བློན་པོ་ ཉུག་རུམ་པ་དང་མཉམ་འཕྱད་ནུག་ ཁོ་ ཡེ་རུ་ཤ་ལེམ་ལུ་བསྟོད་པ་ཕུལ་བ་འོངས་ཡོདཔ་ཨིན་མས། 28 ཁོ་ལོག་འགྱོ་བའི་ལམ་ཁར་ རྟ་གཱ་རི་གུ་ཞོན་ཏེ་ ལུང་སྟོན་པ་ ཨའི་ཟ་ཡ་གི་དེབ་ལྷབ་སྟེ་འགྱོ་ཡོདཔ་མས། 29 དེ་ལས་ཐུགས་ཉིད་ཀྱིས་ ཕི་ལིབ་ལུ་ ཁྱོད་ཡར་ཧེ་མ་ཐོན་ཞིནམ་ད་ རྟ་གཱ་རི་འདི་གི་སྦོ་ལོགས་ཁར་ལས་ འདྲན་འདྲ་འབད་ལམ་འགྱོ་སོང་ཟེར་གསུངས་ནུག 30 དེ་ལས་ ཕི་ལིབ་དངུལ་རྩིས་བློན་པོ་སྡོད་ས་རྒྱུག་འགྱོཝ་ད་ ཁོ་གིས་ ཨའི་ཟ་ཡ་གི་དེབ་གཅིག་ལྷབ་ས་གོ་སྟེ་ ད་ལྟོ་ཁྱོད་ཀྱིས་ལྷབ་མི་གི་དཔེ་ཆ་འདི་གི་དོན་དག་ ཁྱོད་ཀྱིས་ཧ་གོ་ཡི་ག་ཟེར་འདྲིཝ་ད། 31 དངུལ་རྩིས་བློན་པོ་གིས་ ང་ལུ་འགྲེལ་བཤད་རྐྱབ་བྱིན་མི་མེད་པར་ ག་དེ་སྦེ་ང་གིས་ཧ་གོ་ཚུགས་ནི་ཟེར་སླབ་ནུག་ དེ་ལས་ ཕི་ལིབ་ལུ་ཡར་ཁོ་དང་མཉམ་གཅིག་ རྟ་གཱ་རི་གུ་འཛེག་ཤོག་ཟེར་སླབ་ནུག 32 ཁོ་གིས་ལྷབ་མི་དེབ་ནང་གི་ཚིག་འཕྲོ་འདི། ཁོ་ལུག་བཟུམ་སྦེ་བསད་པ་འཁྱིད་ཅི་ མི་གིས་ལུག་གི་ཕྱུག་ཀུ་གི་བལ་བཞུརཝ་ད་ སྐད་མ་རྐྱབ་པར་ ཁུ་སིམ་སི་སྦེ་སྡོད་དོཝ་བཟུམ་སྦེ་ ཁོ་ཡང་ཁུ་སིམ་སི་སྦེ་ཚིག་གཅིག་ཡང་ མ་གསུངས་པར་བཞུགས་ནུག 33 ཁོ་ལུ་དམའ་ཕབས་བརྐྱབས་ད་ལུ་ དྲང་དཔོན་གྱིས་ཡང་གཏམ་ཕྲང་སྟེ་ མ་ཕྱེཝ་ཨིནམ་ད་ མི་ག་གིས་འབད་རུང་ ཁོ་རང་གི་བུ་བརྒྱུད་ཀྱི་སྐོར་ལས་སླབ་མི་ཚུགས་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་སྐུ་ཚེ་འདི་འཇིག་རྟེན་ནང་ལས་ མཇུག་བསྡུཝ་ཨིན་མས་ཟེར་ དེ་སྦེ་བྲིས་ནུག 34 དེ་ལས་དངུལ་རྩིས་བློན་པོ་དེ་གིས་ ཕི་ལིབ་ལུ་ ལུང་སྟོན་པ་འདི་གིས་ ག་གི་སྐོར་ལས་འབྲི་འབྲིཝ་སྨོ་ ང་ལུ་སླབ་གནང་ ཁོ་གིས་རང་གི་དོན་ལུ་སླབ་སླབ་ཨིན་ན་ ཡང་ན་གཞན་གྱི་དོན་ལུ་སླབ་སླབ་སྨོ་ཟེར་འདྲིཝ་ད། 35 ཕི་ལིབ་ཀྱིས་ དངུལ་རྩིས་བློན་པོ་འདི་གིས་ལྷབ་མི་དེབ་དེ་ལས་འཕྲོ་མཐུད་དེ་ ཡེ་ཤུ་གིས་སྐོར་ལས་གཏམ་བཟང་ག་ར་བཤད་དེ་སླབ་ནུག 36 ཁོང་རྟ་གཱ་རི་གུ་འགྱོཝ་ད་ ལམ་གྱི་མཐའ་མར་ཆུ་གཅིག་གི་སྦོ་ལོགས་ལྷོད་དེ་ དངུལ་རྩིས་བློན་པོ་འདི་གིས་ བལྟ་ལགས་ ཨ་ནཱ་ཆུ་འདུག་ ང་གིས་ཁྱོད་ལས་ཁྲུས་གསོལ་ཞུ་ཚུགས་ག་ཟེར་སླབ་ནུག 37 38 དེ་ལས་ཁོ་གིས་རྟ་གཱ་རི་བཀག་ཞིནམ་ད་ ཕི་ལིབ་དང་ཁོ་ཆུ་ནང་སོང་སྟེ་ ཕི་ལིབ་ཀྱིས་ཁོ་ལུ་ཁྲུས་གསོལ་བྱིན་ནུག 39 ཁོང་གཉིས་ཆུ་ནང་ལས་ཡར་འཐོན་འོངམ་ད་ གཙོ་བོ་གི་ཐུགས་ཉིད་ཀྱིས་ ཕི་ལིབ་ལུ་ ཡུདཔ་ཐེངས་ཅིག་གི་ནང་འཁོད་ན་ ག་སོང་མེད་པར་འཁྱིད་བྱོན་ནུག་ དེ་ལས་དངུལ་རྩིས་བློན་པོ་འདི་གིས་ ཕི་ལིབ་རྩ་ལས་རང་མཐོང་མ་ཚུགས་པས་ དེ་སྦེ་ཨིན་རུང་ ཁོ་གནམ་མེད་ས་མེད་དགའ་སྤྲོ་བསྐྱེད་དེ་ ད་རུང་འཕྲོ་མཐུད་དེ་རང་ ཁོ་རང་གི་ལམ་བདའ་སོང་ནུག 40 དེ་འབདཝ་ད་ ཕི་ལིབ་ ཁོ་རང་གིས་མ་ཤེས་པའི་བར་ན་ ཁྲོམ་ ཨ་ཟོ་ཏཱོས་ལུ་ལྷོད་ནུག་ དེ་ལས་ད་རུང་ཁོ་ཁྲོམ་ ཀེ་ས་རི་ཡ་ལུ་མ་ལྷོད་ཚུན་ཚོད་ ལམ་བདའ་སྟེ་ཡོད་མི་ཁྲོམ་ག་ར་ནང་ གཏམ་བཟང་བཤད་ཅི་རང་སོང་ནུག།
1 དེམ་ཅིག་གི་བར་ན་ སའུལ་གྱིས་གཙོ་བོ་གི་སློབ་མ་དེ་ཚུ་ལུ་ང་རྒྱལ་ལོང་སྟེ་ དབང་བཙོང་གི་སྒོ་ལས་བསད་བཀོག་ནི་སྦེ་ གནོད་པ་བཀལ་བའི་བསྒང་ལུ་ ཁོ་བླ་ཆེན་བཞུགས་སར་སོང་ནུག 2 ཁིརཱིས་ཀྱིས་སྟོན་མི་ལམ་ལུ་ དད་པ་བསྐྱེད་མི་ཕོ་རྒྱ་དང་ཨམ་སྲུ་ག་ར་ཨིན་རུང་ ཁོང་དང་འཕྱད་པ་ཅིན་ ཁོ་གིས་བཟུང་སྟེ་ ཡེ་རུ་ཤ་ལེམ་གྱི་བཙོན་ཁང་ནང་ འཁྱིད་འོང་ཐག་ཆོག་པའི་བཀའ་ཤོག་གཅིག་ ཁྲོམ་ ད་མཱས་ཀཱོས་ལུ་ཡོད་མིའི་ སི་ན་གོག་ཚུ་ལུ་ སྟོན་ནི་སྦེ་ཞུ་འབག་ནུག 3 ཁོ་ ད་མཱས་ཀཱོས་ལུ་འགྱོ་བའི་སྐབས་ ཕར་སྦོ་ལོགས་ཁར་ལྷོདཔ་ད་ དཔྱད་རིག་མེད་སི་སི་སྦེ་ ཡར་ནམ་མཁའ་ལས་འོད་གཅིག་གློག་ཀེམ་དོཝ་བཟུམ་སྦེ་ ཁོ་གི་བསྐོར་ར་བརྐྱབས་ཕོག་སྟེ། 4 ཁོ་མར་ས་ཁ་འགྱལ་སོངམ་ད་ ཁོ་ལུ་གསུང་སྐད་གཅིག་གིས་ དབའེ་ སའུལ་ སའུལ་ ཁྱོད་ཀྱིས་ག་ཅི་འབད་རང་ ང་ལུ་གནོད་པ་བཀལཝ་སྨོ་ཟེར་ གསུངས་མི་འདི་ཁོ་གིས་གོ་ནུག 5 གཙོ་བོ་ལགས་ ནཱ་ག་སྨོ་ཟེར་ཞུཝ་ད་ ཁྱོད་ཀྱིས་གནོད་པ་བཀལ་མི་ཡེ་ཤུ་འདི་ ང་ཨིན། 6 ད་ཡར་ལོང་སྟེ་ཁྲོམ་ཁར་སོང་ཤིག་ ཁྱོད་ཀྱིས་ག་ཅི་འབད་དགོ་ག་ ཕར་ལྷོདཔ་ད་སླབ་འོང་ཟེར་གསུངས་ནུག 7 ཁོ་དང་མཉམ་འགྱོ་མི་དེ་ཚུ་གིས་ ག་ཅི་ཡང་སླབ་མ་ཚུགས་པར་ལོངས་སྡོད་ནུག་ ཁོང་གིས་སྐད་འདི་གོ་ནུག་ དེ་འབདཝ་ད་ དེ་ཁར་མི་ག་ཡང་མ་མཐོང་པས། 8 སའུལ་ས་ཁར་ལས་ཡར་ལོང་སྟེ་ མིག་ཏོ་ཁ་ཕྱེ་བལྟཝ་ད་ ག་ནི་ཡང་མཐོང་མ་ཚུགས་པས་ དེ་ལས་ཁོང་གིས་ལག་པ་བཤེད་འཁྱིད་དེ་ ད་མཱས་ཀཱོས་ཚུན་ཚོད་བཀལ་བྱིན་ནུག 9 ཕར་ལྷོདཔ་ད་ ཉིནམ་གསུམ་ཚུན་ཚོད་ མིག་ཏོ་མ་མཐོང་པས་ དེའི་སྐབས་ལུ་བཞེས་སྒོ་ག་ནི་ཡང་མ་ཟ་ ཆུ་ཡང་མ་འཐུང་པར་སྡོད་ནུག 10 ད་མཱས་ཀཱོས་ལུ་ ཨ་ན་ནའི་ཨཱས་ཟེར་མི་ ཡེ་ཤུ་གི་སློབ་མ་གཅིག་ཡོདཔ་མས་ གཙོ་བོ་གིས་ཁོ་ལུ་ མཐོང་སྣང་མཇལ་ཁ་གནང་སྟེ་ དབའེ་ ཨ་ན་ནའི་ཨཱས་ཟེར་གསུངསམ་ད་ ཁོ་གིས་ང་ནཱ་ལུ་ཡོད་ལགས་ཟེར་ཞུ་ནུག 11 དེ་ལས་གཙོ་བོ་གིས་ཁོ་ལུ་ ཡར་ལོང་ གྲ་སྒྲིག་བརྐྱབས་ཏེ་ ཁྲོམ་ལམ་གྱི་མིང་ ཕྲང་ཟེར་མི་འདི་བདའ་སྟེ་སོང་ དེ་ལས་ ཡུ་དཱས་ཟེར་མི་གི་ཁྱིམ་ནང་ལུ་ ཁྲོམ་ ཏཱར་སུས་ལས་འོང་མི་ སའུལ་ཟེར་སླབ་མིའི་མི་གཅིག་ཡོད་ ཁོ་ད་ལྟོ་སྨོན་ལམ་ཞུ་བའི་བསྒང་ཡོད། 12 ཁོ་གི་མཐོང་སྣང་ལུ་ ཨ་ན་ནའི་ཨཱས་ཟེར་མི་གཅིག་གིས་ ཁོ་གི་གུ་ལུ་ལགཔ་བཀལ་ཏེ་ ད་རུང་མཐོང་ཚུགས་ནི་གི་དོན་ལུ་ སྨོན་ལམ་ཞུ་ས་ཁོ་གིས་མཐོང་ཅི་ཟེར་གསུངས་ནུག 13 དེ་ལས་ ཨ་ན་ནའི་ཨཱས་ཀྱིས་ གཙོ་བོ་ལགས་ ཁོ་གིས་ ཡེ་རུ་ཤ་ལེམ་ལུ་ ནཱ་གི་དམ་པའི་མི་ཚུ་ལུ་ལཱ་ངན་འབད་དེ་ གནོད་པ་བཀལ་མི་ཚུ་གི་སྐོར་ལས་ མི་ལེ་ཤ་གིས་ང་ལུ་སླབ་དེས། 14 ད་རུང་ཁོ་ ད་མཱས་ཀཱོས་ལུ་ ནཱ་ལུ་གཙོ་བོ་ཟེར་ཞུ་མི་དད་པ་བསྐྱེད་མི་ཚུ་ལུ་བཟུང་ནི་སྦེ་ བླ་ཆེན་ལས་བཀའ་ཤོག་གཅིག་ཡང་ཞུ་འབག་འོངས་ནུག་ཟེར་ཞུ་ནུག 15 དེ་ལས་གཙོ་བོ་གིས་ཁོ་ལུ་ ད་སོང་ཤིག་ ཕྱིའི་མི་རིགས་དང་ ཁོང་རང་གི་རྒྱལཔོ་དེ་ཚུ་ ཨཱིས་ར་ཨཱེལ་པ་ཚུ་གི་གདོང་ཁར་ལུ་ ངེ་གི་གཏམ་བཟང་བཤད་ནི་གི་ལཱ་འབད་མི་གཅིག་སྦེ་ ང་གིས་མི་འདི་ལུ་བཙག་འཐུ་འབད་འབདཝ་ཨིན། 16 ངེ་གི་དོན་ལས་སྦེ་ ཁོ་ག་དེམ་ཅིག་སྡུག་བསྔལ་མྱོང་དགོ་ག་ འདི་ང་རང་གིས་ཁོ་ལུ་བཏོན་ནི་ཨིན་ཟེར་གསུངས་ནུག 17 དེ་ལས་ ཨ་ན་ནའི་ཨཱས་ སའུལ་སྡོད་མི་ཁྱིམ་ནང་ན་སོང་སྟེ་ ཁོ་གི་གུ་ལུ་ལགཔ་བཀལ་སྦེ་ དབའེ་ ནུ་གཅུང་ སའུལ་ ཁྱོད་ནཱ་ ད་མཱས་ཀཱོས་ལུ་འོངམ་ད་ ལམ་ཁར་ལུ་མཇལ་མི་གཙོ་བོ་ཡེ་ཤུ་གིས་ ཁྱོད་ད་རུང་མིག་ཏོ་མཐོང་ཚུགསཔ་དང་ དམ་པའི་ཐུགས་ཉིད་ཐོབ་པའི་དོན་ལུ་ ང་ལུ་བཏང་ཡི་ཟེར་སླབ་ནུག 18 དེ་འཕྲོ་ལས་ ཁོ་གི་མིག་ཏོ་ནང་ལས་རྡུལ་མ་བཟུམ་གཅིག་ ཕྱི་ཁར་ཐོན་ཏེ་ མིག་ཏོ་མཐོང་ཚུགས་ནུག་ དེ་ལས་ཁོ་ལོང་ཞིནམ་ད་ ཁྲུས་གསོལ་ཞུ་ནུག 19 འདི་གི་ཤུལ་ལས་ ཁོ་བཞེས་སྒོ་ཟ་བའི་བསྒང་ལས་ ཧེ་མ་བཟུམ་སྦེ་རང་གཟུགས་སྒྲིང་སྒྲིང་སོང་ནུག། དེ་ལས་ ད་མཱས་ཀཱོས་ལུ་ཡོད་མི་ཡེ་ཤུ་གི་སློབ་མ་དེ་ཚུ་དང་མཉམ་གཅིག་ ཉིནམ་གཉིས་གསུམ་ཅིག་སྡོད་སྦེ། 20 དུས་ཚོད་ཕར་ཕུལ་མ་བཞག་པར་ ཡེ་ཤུ་འདི་དཀོན་མཆོག་གི་སྲས་ཨིན་ཟེར་ སི་ན་གོག་དེ་ཚུ་ནང་ཆོས་བཤད་ནུག 21 ཁོ་གིས་ཆོས་བཤད་སར་གོཝ་ད་ མི་དེ་ཚུ་གནམ་མེད་ས་མེད་ཧ་ལས་ཏེ་ ཡེ་རུ་ཤ་ལེམ་ལུ་ཡེ་ཤུ་གིས་མཚན་ནང་དད་པ་བསྐྱེད་མི་ཚུ་ལུ་ མེདཔ་བཏང་མི་དེ་ཁོ་མེན་ན་ ད་རུང་ཁོང་དདཔ་ཅན་ཚུ་བཟུང་སྟེ་ ཕར་ ཡེ་རུ་ཤ་ལེམ་ལུ་ བླ་ཆེན་བཞུགས་ས་བཀལ་ནི་གི་དོན་ལུ་ ནཱ་ ད་མཱས་ཀཱོས་ལུ་འོངམ་མེན་ན་ཟེར་སླབ་ནུག 22 དེ་འབདཝ་ད་ ཉིནམ་གཅིག་བ་ཉིནམ་གཅིག་ ཁོ་གིས་བཤད་མི་ཆོས་དེ་ཤུགས་ཐོན་ཏེ་ ཡེ་ཤུ་དེ་དོན་ལས་རང་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ ཟེར་ཁུངས་བཀལཝ་ད་ ད་མཱས་ཀཱོས་ལུ་ཡོད་མི་ ཡ་ཧུ་ད་པ་དེ་ཚུ་ དབུགས་འགམ་སྟེ་ ལན་ག་ནི་ཡང་སླབ་མ་ཚུགས་པར་སྡོད་ནུག 23 ཉིནམ་ལེ་ཤ་གི་ཤུལ་ལས་ ཡ་ཧུ་ད་པ་གི་མི་དེ་ཚུ་གིས་ ཁོང་རང་ཁ་འཆམ་སྟེ་ སའུལ་ལུ་བསད་ནི་སྦེ་ འཆར་གཞི་བརྩམ་ནུག 24 དེ་འབདཝ་ད་ ཁོང་གིས་འཆར་གཞི་བརྩམ་ནི་ལོ་རྒྱུས་ སའུལ་གྱིས་གོ་ནུག་ ཁོང་ཆ་ཁྱབ་ཀྱིས་ཁོ་ལུ་བསད་ནི་སྦེ་ ཉིན་ནུབ་མེད་པར་ཁྲོམ་གྱི་སྒོ་ར་སྒོ་ཁར་ལུ་སྒུག་སྡོད་ནུག 25 དེ་འབདཝ་ད་ ཁོ་གི་ཆ་རོགས་སློབ་མ་དེ་ཚུ་གིས་ ཁོ་ལུ་དེ་ཚེ་ཕྱི་རུ་རང་ ཙེའུ་ནང་བཙུགས་ཏེ་ ལྕགས་རི་གི་ཕྱི་ལས་མར་བཏོན་བཏང་ནུག། 26 ཁོ་ ཡེ་རུ་ཤ་ལེམ་ལུ་ལྷོདཔ་ད་ དེ་ཁར་ལུ་ཡོད་མི་ཡེ་ཤུ་གི་སློབ་མ་ཚུ་དང་གཅིག་ཁར་བསྡོམ་ནི་སྦེ་འགྱོ་རུང་ ཁོ་སློབ་མ་ཨིན་མས་ཟེར་ ཁོང་ཆ་ཁྱབ་བདེན་འཛིན་མ་རེ་བར་འདྲོགས་ཏེ་སྡོད་ནུག 27 དེ་ལས་ བཱར་ན་བཱས་དེ་གིས་ ཁོ་ལུ་འཁྱིད་དེ་སྐུ་ཚབ་དེ་ཚུ་སྡོད་ས་བཀལ་ཏེ་ ལམ་ཁ་ལུ་གཙོ་བོ་གིས་ཁོ་ལུ་ག་དེ་སྦེ་མཇལ་ཁ་གནང་ཡི་ག་ གསུང་གྲོས་ག་དེ་སྦེ་གནང་ཡི་ག་དང་ ད་མཱས་ཀཱོས་ལུ་ཁོ་གིས་འདྲོག་རང་མ་འདྲོག་པར་ ཡེ་ཤུ་གི་མཚན་ནང་ཆོས་ག་དེ་སྦེ་བཤད་ཅི་ག་ འདི་ཚུ་ག་ར་ཁོང་ལུ་སླབ་ནུག 28 དེ་ལས་ཁོང་ཡང་བདེན་འཛིན་རེ་སྟེ་ སའུལ་ཁོང་དང་གཅིག་ཁར་སྡོད་དེ་ ཡེ་རུ་ཤ་ལེམ་ལུ་ཕར་དང་ཚུར་འགྱོ་སྟེ་ ཡེ་ཤུ་གི་མཚན་ནང་ མ་འདྲོག་པར་ ཆོས་བཤད་ནུག 29 ད་རུང་ གིརིག་གི་ཁ་སླབ་མི་ ཡ་ཧུ་ད་པ་དེ་ཚུ་དང་མཉམ་གཅིག་ ཡེ་ཤུ་གི་སྐོར་ལས་རྩོད་པ་རྐྱབ་ད་ ཁོང་ཆ་ཁྱབ་ཀྱིས་ཁོ་ལུ་མ་དགའ་བར་ བསད་ནི་སྦེ་ཐབས་ཤེས་འགྱིར་ནུག 30 དེ་འབདཝ་ད་ དེ་ཚུ་ག་ར་དདཔ་ཅན་སྤུན་ཆ་དེ་ཚུ་གིས་ཤེས་ཏེ་ ཁོ་ཁྲོམ་ ཀེ་ས་རི་ཡ་ལུ་འཁྱིད་སོང་སྟེ་ དེ་ཁར་ལས་སྦེ་ ཁྲོམ་ ཏཱར་སུས་ལུ་བཏང་ནུག 31 དེ་ལས་ལུང་ཕྱོགས་ ཡུ་དེ་ཡ་ལས་འགོ་བཙུགས་ཏེ་ ལུང་ཕྱོགས་ ག་ལི་ལི་དང་ ལུང་ཕྱོགས་ ས་མ་རི་ཡ་གི་ཆོས་ཚོགས་ནང་ གནོད་འཚེ་མེད་པར་ཞི་བདེ་བྱུང་སྟེ་ ཆོས་ཚོགས་ཡང་ཡར་རྒྱས་སོང་ནུག་ ལྷག་པར་དུ་ ཁོང་ག་ར་གཙོ་བོ་གི་སྐུ་མདུན་ལུ་ཉམ་ཆུང་ཏོག་ཏོ་སྦེ་སྡོད་དེ་ དམ་པའི་ཐུགས་ཉིད་ཀྱིས་ཁོང་གི་སེམས་ཁ་ལུ་ ཤུགས་སྟོབས་དང་དགའ་ཚོར་གནངམ་ལས་ གྱངས་ཁ་ཡར་སེང་སོང་ནུག། 32 དེ་ལས་ པེ་ཏྲོ་ ས་ཕྱོགས་ག་ར་ནང་བཤལ་ཏེ་འགྱོཝ་ད་ ལི་ད་ཁྲོམ་ལུ་ཡོད་མི་ དཀོན་མཆོག་ཁོ་རའི་དམ་པའི་མི་སྡོད་སར་ཡང་འཕྱད་པ་སོང་ནུག 33 ཕར་ལུ་ ཨེ་ནེ་ཡཱས་ཟེར་མི་འདི་ ལོ་བརྒྱད་ཚུན་ཚོད་གཟུགས་ག་ར་ཞར་ཏེ་ མལ་ཆ་ནང་སྡོད་ཡོདཔ་ཨིན་མས་ པེ་ཏྲོ་གིས་ཁོ་དང་འཕྱད་དེ། 34 དབའེ་ ཨེ་ནེ་ཡཱས་ ཡེ་ཤུ་ཁིརཱིས་ཀྱིས་ཁྱོད་ལུ་དྲགཔ་མཛད་ནི་ཨིན་ ཡར་ལོང་སྟེ་ ཁྱོད་རང་གི་གདན་མལ་ཆ་ཡར་བསྒྲིལ་ཤིག་ཟེར་སླབ་ད་ དེ་འཕྲོ་ལས་ཁོ་ཡར་ལོང་ཚུགསཔ་སོང་ནུག 35 དེ་ལས་ཁྲོམ་ ལི་ད་དང་ ཤེ་རཱོན་གྱི་ཐང་ནང་སྡོད་མི་ག་ར་གིས་ ཨེ་ནེ་ཡཱས་མཐོངམ་ད་ ཁོང་སེམས་འགྱུར་ཏེ་ གཙོ་བོ་དཀོན་མཆོག་ལུ་དད་པ་བསྐྱེད་ནུག། 36 དེ་སྐབས་ལུ་ ཡོ་པ་ལུ་སྡོད་མི་སློབ་མ་ཨམ་སྲུ་ ཏ་བི་ཐ་ཟེར་མི་གཅིག་ཡོདཔ་མས་ ཏ་བི་ཐ་ཟེར་མི་འདི་ གིརིག་གི་ཁ་ན་སྐད་འགྱུར་འབདཝ་ད་ དཱོར་ཀཱས་ཟེར་སླབ་ཨིན་མས་ མོ་ཨ་རྟག་རང་ལཱ་ལེགས་ཤོམ་འབདཝ་ཨིནམ་མ་ཚད་ མི་སྤྱང་ཀ་ཚུ་ལུ་ཡང་ཆ་རོགས་འབད་སྡོད་སྡོདཔ་ཨིན་མས། 37 དེ་ཅིག་གི་བར་ནང་ལུ་ མོ་ན་སྟེ་ཤི་སོང་ནུག་ དེ་ལས་དེ་ཁར་གྱི་མི་དེ་ཚུ་གིས་ མོ་གི་རོ་དེ་ ཆུ་འཁྱུ་ཞིནམ་ད་ ཡར་ཐོག་ཁར་གྱི་ཁང་མིག་གཅིག་ནང་བཞག་ནུག 38 ཁྲོམ་ ལི་ད་འདི་ ཡོ་པ་གི་སྦོ་ལོགས་ཨིན་མས་ སློབ་མ་དེ་ཚུ་གིས་ པེ་ཏྲོ་ཕར་ལུ་སྡོད་ནུག་ཟེར་གོ་སྟེ་ པེ་ཏྲོ་སྡོད་སར་མི་གཉིས་ལུ་ མགྱོགས་པར་ཚུར་ཁོང་སྡོད་སར་ཤོག་ཟེར་སླབ་པ་བཏང་ནུག 39 དེ་ལས་ པེ་ཏྲོ་ ཁོང་དང་གཅིག་ཁར་འགྱོ་སྟེ་ ཕར་ལྷོདཔ་ཅིག་ ཕྲང་སྟེ་ཡར་ཐོག་ཁ་གི་ཁང་མིག་ནང་འཁྱིད་སོང་ནུག་ འདི་བསྒང་ ཨམ་ཡུགས་ས་མོ་དེ་ཚུ་ག་ར་ཁོ་བསྐོར་ར་བརྐྱབས་ ཡར་ལོང་སྡོད་སྦེ་ དཱོར་ཀཱས་གསོན་པོ་སྦེ་སྡོདཔ་ད་ མོ་གིས་ བཙེམ་མིའི་གྱོན་ཆས་དང་བགོ་ལ་གཞན་ཚུ་ ཁོ་གི་གདོན་ཁར་བཏོན་ཏེ་སྔུ་ནུག 40 དེ་ལས་ པེ་ཏྲོ་གིས་ཁོང་ག་ར་ཕྱི་ཁར་བཏོན་གཏང་ཞིནམ་ད་ ཁོ་རང་པུས་མོ་བཙུགས་ཏེ་ སྨོན་ལམ་ཞུ་ཞིནམ་ད་ རོ་དེའི་ཁ་ཐུག་བསྒྱིར་ཏེ་ དབའེ་ ཏ་བི་ཐ་ ཡར་ལོང་ཤིག་ཟེར་སླབ་ད་ མོ་གིས་མིག་ཏོ་ཁ་ཕྱེ་སྟེ་ པེ་ཏྲོ་ལུ་བལྟ་ཞིནམ་ད་ ཡར་ལོང་སྡོད་ནུག 41 དེ་ལས་ པེ་ཏྲོ་གིས་མོ་གི་ལག་པར་བཤེད་དེ་ ཆ་རོགས་སྦེ་ཡར་ལྷོངམ་ད་ མོ་རྐངམ་བཙུགས་ཏེ་ཡར་ལོང་སྡོད་ནུག་ དེ་ལས་ཁོ་གིས་དདཔ་ཅན་གཞན་དང་ཨམ་ཡུགས་ས་མོ་དེ་ཚུ་ག་ར་ཡར་འབོ་སྟེ་ མོ་གསོན་པོ་སྦེ་ཁོང་ལུ་སྤྲོད་ནུག 42 དེ་གི་སྐོར་ལས་ ཡོ་པ་གི་ཁྲོམ་ག་ར་ནང་ཁྱབ་བསྒྲགས་སོང་སྟེ་ མི་ལེ་ཤ་གིས་གཙོ་བོ་ཡེ་ཤུ་ལུ་དད་པ་བསྐྱེད་ནུག 43 དེ་ལས་ པེ་ཏྲོ་ ཡོ་པ་ལུ་ཀོཝ་མཉེད་མི་ སི་མཱོན་དང་མཉམ་གཅིག་ཉིནམ་ལེ་ཤ་སྡོད་ནུག།
1 ལུང་ཕྱོགས་ ཨི་ཏྲ་ལི་གི་སྤྱི་དཔོན་ ཀཱོར་ནེ་ལི་ཨུས་ཟེར་མིའི་མི་གཅིག་ཡོདཔ་མས་ ཁོ་ ཁྲོམ་ ཀེ་ས་རི་ཡ་དེ་ནང་སྡོདཔ་ཨིན་མས། 2 མི་འདི་དང་ཁོ་རང་གི་བཟའ་ཚང་ག་ར་ཆོས་སེམས་ཆེ་ཏོག་ཏོ་དང་ གཙོ་བོ་གི་སྐུ་མདུན་ལུ་ཉམ་ཆུང་ཏོག་ཏོ་སྦེ་སྡོད་མི་གཅིག་ཨིན་མས་ ཁོ་གིས་མི་ཉམ་ཆུང་ཚུ་ལུ་གྲོགས་རམ་འབད་དེ་ ཆ་རོགས་འབདཝ་མ་ཚད་ དཀོན་མཆོག་ལུ་ཨ་རྟག་རང་སྨོན་ལམ་ཞུ་དོཝ་ཨིན་མས། 3 ཉིནམ་གཅིག་གི་ཚེ་ ཉིན་མའི་ཆུ་ཚོད་གསུམ་དེ་གཅིག་ཁར་ ཁོ་གི་མཐོང་སྣང་ལུ་ དཀོན་མཆོག་གི་ཕོ་ཉ་གཅིག་ཁོ་སྡོད་སར་འོངས་ཏེ་ ཀཱོར་ནེ་ལི་ཨུས་ཟེར་སླབ་ས་ ཁོ་གིས་གོཝ་མ་ཚད་ ཕོ་ཉ་འདི་དངོས་སུ་སྦེ་མཐོང་ནུག 4 ཀཱོར་ནེ་ལི་ཨུས་ཀྱིས་ཕོ་ཉ་མཐོངམ་ད་ གནམ་མེད་ས་མེད་འདྲོགས་ཏེ་ གཙོ་བོ་ལགས་ ག་ཅི་གསུངསམ་སྨོ་ཟེར་ཞུཝ་ད་ ཕོ་ཉ་གིས་ ཁྱོད་ཀྱིས་མི་སྤྱང་ཀ་ལུ་གྲོགས་རམ་འབད་མི་དང་ སྨོན་ལམ་ཞུ་མི་དེ་ཚུ་ག་ར་ ཡར་དཀོན་མཆོག་གི་སྐུ་མདུན་ལུ་ལྷོད་དེ་ ཐུགས་དགྱེས་ཅི། 5 ད་ཁྱོད་ཀྱིས་མི་གཉིས་གསུམ་དེ་ཅིག་ ཕར་ཁྲོམ་ ཡོ་པ་ལུ་གཏང་ཞིནམ་ད་ པེ་ཏྲོ་ཟེར་སླབ་མི་ སི་མཱོན་དེ་འབོ་པ་གཏང་། 6 ཁོ་རྒྱ་མཚོའི་མཐའ་མར་སྡོད་མི་ ཀོཝ་མཉེད་མི་ སི་མཱོན་གྱི་ཁྱིམ་ནང་ལུ་སྡོད་ཡོད་ཟེར་སླབ་ནུག 7 ཕོ་ཉ་ལོག་འགྱོ་ཚརཝ་ད་ ཀཱོར་ནེ་ལི་ཨུས་ཀྱིས་ཁོ་རང་གི་གཡོགཔོ་གཉིས་དང་ ཁོ་རང་གི་དམག་མི་ཆོས་སེམས་ཆེ་ཏོག་ཏོ་གཅིག་ལུ་འབོ་སྟེ། 8 ག་ཅི་དང་ག་ཅི་ར་བྱུང་ཡི་ག་ དེ་ཚུ་ག་ར་ཁོང་ལུ་སླབ་ཞིནམ་ད་ ཕར་ ཡོ་པ་ལུ་བཏང་ནུག། 9 དེ་གི་ནངས་པ་ཁོང་ཆ་ཁྱབ་ ཕར་ ཡོ་པ་གི་ཁྲོམ་ཁར་ལྷོད་རནམ་ད་ ཉིན་མའི་ཆུ་ཚོད་བཅུ་གཉིས་ལུ་ པེ་ཏྲོ་ཡར་ཁྱིམ་གྱི་ཐོག་ཁར་སོང་སྟེ་སྨོན་ལམ་ཞུ་ནུག 10 ཁོ་ལྟོཝ་བཀྱེས་ཏེ་བཞེས་སྒོ་གཅིག་ཟ་དགོ་མནོ་སྟེ་སྡོད་ནུག་ དེ་ལས་བཞེས་སྒོ་འབད་བའི་བསྒང་ལུ་ ཁོ་དྲན་པ་ཉམས་བཞག་སྦེ་སྡོད་པའི་སྐབས་ མཐོང་སྣང་དེ་སྦེ་མཐོང་ནུག 11 གནམ་ཁ་ཕྱེ་སྟེ་ ཡར་ལས་མར་ཁ་ཤ་གི་རས་བཟུམ་ ཟུར་བཞི་འབད་མི་གཅིག་གུ་བཤེད་དེ་ མར་ས་ཁར་ལུ་གཏང་ས་ ཁོ་གིས་མཐོང་ནུག 12 ཁ་ཤ་དེ་ནང་ལུ་ རྐང་ལག་བཞི་ཡོད་པའི་སེམས་ཅན་གྱི་རིགས་དང་ ཕོ་བཤུད་རྐྱབ་འགྱོ་མི་སེམས་ཅན་ དེ་ལས་གནམ་ཁ་ཕུར་མི་བྱ་དེ་ཚུ་ ལྷམ་པ་མ་འདྲཝ་ག་ར་བཙུགས་ཏེ་ཡོདཔ་ཨིན་མས། 13 དེ་ལས་གནམ་ཁ་ལས་གསུང་སྐད་གཅིག་གིས་ཁོ་ལུ་ པེ་ཏྲོ་ཡར་ལོང་སྟེ་ སེམས་ཅན་འདི་ཚུ་བསད་དེ་ཟ་ཤིག་ཟེར་གསུངས་ནུག 14 དེ་སྦེ་གསུངས་རུང་ ཁོ་གིས་གཙོ་བོ་ལགས་ འདི་ང་གིས་འབད་མི་བཏུབ་ ང་ནམ་ཡང་མ་གཙངམ་དང་སྒྲིབ་ཅན་དེ་ཚུ་མ་ཟ་ཟེར་ཞུ་ནུག 15 ད་རུང་ཚར་གཉིས་པ་ལུ་ དཀོན་མཆོག་གིས་ག་ར་གཙངམ་སྦེ་མཛད་མི་འདི་ཚུ་ལུ་ མ་གཙངམ་ཨིན་མས་ཟེར་ཁྱོད་ཀྱིས་མ་སླབ་ཟེར་གསུངས་ནུག 16 ཚར་གསུམ་ལངམ་ད་ ཁ་ཤ་བཟུམ་འབད་མི་འདི་ དེ་འཕྲོ་ལས་ཡར་ནམ་མཁའ་ལུ་བསྡུ་འབག་ནུག 17 འདི་བཟུམ་ཧ་ལས་སི་སི་མཐོང་མི་གི་དོན་དག་འདི་ག་ཅི་ཨིན་ན་ཟེར་ མནོ་བསམ་གཏང་སྟེ་སྡོད་པའི་བར་ན་ ཀཱོར་ནེ་ལི་ཨུས་ཀྱིས་བཏང་མིའི་མི་དེ་ཚུ་ སི་མཱོན་གྱི་ཁྱིམ་འཚོལ་ཐོབ་སྟེ་ སྒོ་ཁར་ལུ་ལྷོད་དེ་ལོང་སྡོད་ནུག 18 ཁོང་གིས་ སི་མཱོན་པེ་ཏྲོ་ཟེར་མི་ ནཱ་ལུ་སྡོདཔ་ཨིན་ན་ཟེར་ སྐད་བརྐྱབས་དྲིས་ནུག 19 དེ་སྐབས་ པེ་ཏྲོ་མཐོང་སྣང་འདི་གི་དོན་དག་ག་ཅི་ཨིན་ན་ཟེར་མནོ་བསམ་གཏང་སྟེ་སྡོདཔ་ད་ ཐུགས་ཉིད་ཀྱིས་ཁོ་ལུ་ མི་གསུམ་གྱིས་ཁྱོད་ལུ་འཚོལ་དོ། 20 མགྱོགས་པར་ལོང་སྟེ་མར་འོག་ཐོག་སོང་ དེ་ལས་ཐེ་ཚོམ་མ་བསྐྱེད་པར་ཁོང་དང་མཉམ་གཅིག་སོང་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་ལུ་ང་གིས་བཏང་བཏངམ་ཨིན་ཟེར་གསུངས་ནུག 21 དེ་ལས་ པེ་ཏྲོ་མར་འབབ་འགྱོ་ཞིནམ་ད་ ཁྱེད་ཆ་ཁྱབ་ཀྱིས་འཚོལ་མི་འདི་ང་ཨིན་ ཁྱེད་ནཱ་ལུ་ག་ཅི་འབད་འོངམ་སྨོ་ཟེར་དྲིས་ནུག 22 དེ་ལས་མི་དེ་ཚུ་གིས་ སྤྱི་དཔོན་ ཀཱོར་ནེ་ལི་ཨུས་ཀྱིས་ང་བཅས་ཁྱོད་སྡོད་སར་ལུ་བཏང་ཡི་ ཁོ་ཆོས་སེམས་ཆེ་ཏོག་ཏོ་དང་ དཀོན་མཆོག་གི་གཟིགས་སར་ཉམ་ཆུང་ཏོག་ཏོ་སྦེ་སྡོད་མི་གཅིག་ཨིན་ ཡ་ཧུ་ད་པ་ག་ར་གིས་ཁོ་ལུ་ཆ་བཞག་མི་གཅིག་ཨིན་ ཁོ་སྡོད་སར་ དམ་པའི་ཕོ་ཉ་གཅིག་འོངས་ཏེ་ ཁྱོད་ཁོ་གི་ཁྱིམ་ནང་འབོ་པ་གཏང་ ཁྱོད་ཀྱིས་ཁོ་ལུ་དགོ་པའི་བསླབ་བྱ་ཚུ་སླབ་འོང་ཟེར་སླབ་ནུག་ དེ་འབདཝ་ལས་བརྟེན་ཏེ་ ང་བཅས་ཁྱོད་འབོ་པ་འོངམ་ཨིན་ཟེར་སླབ་ནུག 23 དེ་ལས་ པེ་ཏྲོ་གིས་དེ་ཚེ་ཕྱི་རུ་ ཁོང་ལུ་ཁྱིམ་ནང་འབོ་སྟེ་བཞག་ནུག དེ་གི་ནངས་པ་དྲོ་པ་ ཡར་ལོང་སྟེ་ཁོང་དང་མཉམ་གཅིག་སོང་ནུག་ དེ་ལས་ ཡོ་པ་ལུ་ཡོད་མིའི་དདཔ་ཅན་སྤུན་ལ་ལུ་ཅིག་ཁོ་དང་གཅིག་ཁར་སོང་ནུག 24 དེ་གི་ནངས་པ་དྲོ་པ་ཁོང་ཆ་ཁྱབ་ ཀེ་ས་རི་ཡ་ལུ་ལྷོད་ནུག་ ཀཱོར་ནེ་ལི་ཨུས་ ཁོང་ཆ་ཁྱབ་འོང་དེས་ཟེར་ ཁོ་གི་བཟའ་ཚང་དང་ལྟོ་ཚང་ག་ར་འབོ་སྟེ་སྒུག་སྡོད་ནུག 25 པེ་ཏྲོ་ཁྱིམ་ནང་ན་འཛུལཝ་ད་ ཀཱོར་ནེ་ལི་ཨུས་ཀྱིས་ཁོ་དང་འཕྱད་དེ་ མར་བསྒུར་ཏེ་གུས་ཞབས་ཕུལ་ནི་དོན་ལུ་ཕྱག་འཚལ་ནུག 26 དེ་འབདཝ་ད་ པེ་ཏྲོ་གིས་ཁོ་ལུ་ ཡར་ལོང་བཅུག་སྟེ་ ང་ཡང་ཁྱོད་བཟུམ་སྦེ་མི་གཅིག་ཨིན་ཟེར་སླབ་ནུག 27 དེ་ལས་ཁོ་དང་གཅིག་ཁར་ བློ་སླབ་ཅི་སླབ་ཅི་རང་ ནང་ན་འགྱོཝ་ད་ མི་ལེ་ཤ་འཛོམས་སྡོད་ས་མཐོང་ནུག 28 པེ་ཏྲོ་གིས་ཁོང་ལུ་ ང་བཅས་ ཡ་ཧུ་ད་པ་གི་ལུགས་སྲོལ་ག་དེ་སྦེ་ཨིན་ན་ ཁྱེད་རང་གིས་ཤེས་ ང་བཅས་ ཡ་ཧུ་ད་པ་གི་ལུགས་སྲོལ་དང་འཁྲིལ་ཏེ་ ཕྱིའི་མི་རིགས་ཀྱི་ཁྱིམ་ནང་འགྱོ་ནི་དང་ ཆ་རོགས་བསྡོམ་ནི་དེ་འབད་མ་ཆོགཔ་གཅིག་ཨིན་ དེ་རང་ཨིན་རུང་ དཀོན་མཆོག་གིས་མི་ག་ལུ་ཡང་མ་གཙངམ་དང་ སྒྲིབ་ཅན་སྦེ་མ་བརྩིས་ཟེར་ ང་ལུ་སྟོན་གནང་ཡི། 29 དེ་འབད་ནི་འདི་གིས་ ཁྱེད་ཆ་ཁྱབ་ཀྱིས་ང་ལུ་འབོཔ་ད་ སེམས་ཁར་ཐེ་ཚོམ་ག་ནི་ཡང་མེད་པར་ ང་ནཱ་ལུ་འོངས་ཡི་ ད་ཁྱེད་ཀྱིས་ག་ཅི་འབད་ནི་སྦེ་ ང་ལུ་འབོ་འབོཔ་སྨོ་ སླབ་ཤིག་ཟེར་སླབ་ནུག 30 དེ་ལས་ ཀཱོར་ནེ་ལི་ཨུས་ཀྱིས་ ཉིནམ་བཞི་གི་ཧེ་མ་ དུས་ཚོད་ཨ་ནི་བཟུམ་ཅིག་ལུ་ ཆུ་ཚོད་གསུམ་ལུ་ང་རང་གི་ཁྱིམ་ནང་སྨོན་ལམ་ཞུ་སྡོདཔ་ད་ དེ་ཅིག་གི་བར་ན་ མི་བགོ་ལ་འོད་ཅེམ་ཅེ་སྦེ་གྱོན་མི་གཅིག་ ངེ་གི་གདོང་ཁ་ལུ་ལོང་སྟེ། 31 དབའེ་ ཀཱོར་ནེ་ལི་ཨུས་ ཁྱོད་ཀྱིས་སྨོན་ལམ་ཞུ་མི་དང་ མི་སྤྱང་ཀ་དེ་ཚུ་ལུ་གྲོགས་རམ་འབད་མི་ཚུ་ག་ར་ དཀོན་མཆོག་གིས་གཟིགས་ཏེ་ ཐུགས་དགྱེས་ཅི་ཟེར་སླབ་ཅི། 32 ད་མི་ལ་ལུ་ སི་མཱོན་པེ་ཏྲོ་ཟེར་སླབ་མི་འདི་འབོ་ནི་གི་དོན་ལུ་ ཡོ་པ་གི་ཁྲོམ་ཁ་ལུ་གཏང་ད་ ཁོ་རྒྱ་མཚོའི་མཐའ་མར་ ཀོཝ་ཚེམ་རྐྱབ་མི་ སི་མཱོན་གྱི་ཁྱིམ་ནང་མགྱོནམ་སྦེ་སྡོད་ཡོད་ཟེར་སླབ་ཅི། 33 དེ་འབདཝ་ལས་ ང་གིས་མགྱོགས་པར་མི་བཏང་བཏངམ་ཨིན་ ཁྱོད་འོངས་ཏེ་ག་ཅི་དེས་ཅིག་བཀྲིན་ཆེ་ཡི་ ད་ང་བཅས་ག་ར་གཙོ་བོ་དཀོན་མཆོག་གིས་ ཁྱོད་ལུ་གནང་མི་བཀའ་འདི་ཉན་ནི་སྦེ་ དཀོན་མཆོག་གི་གཟིགས་སར་འཛོམས་ཏེ་ཡོད་ཟེར་སླབ་ནུག། 34 དེ་ལས་ པེ་ཏྲོ་གིས་ཆོས་བཤད་ནི་འགོ་བཙུགས་ནུག་ ད་ང་གིས་ཐད་རི་བ་རི་ཤེས་ཅི་ དཀོན་མཆོག་གིས་ག་ལུ་ཡང་ ཆགས་སྡང་ཕྱོགས་རིས་མི་ཕྱེ། 35 མི་རིགས་ག་རང་ཨིན་རུང་ ཁོ་གི་སྐུ་མདུན་ལུ་ཉམ་ཆུང་སྦེ་སྡོད་མི་དང་ ལཱ་ཕྲང་འབད་མི་ཚུ་ལུ་ ཁོ་གིས་ཐུགས་དགྱེསཔ་ཨིན། 36 ཡེ་ཤུ་ཁིརཱིས་དེ་ ག་ར་གི་གཙོ་བོ་ཨིནམ་མ་ཚད་ ཁོ་གི་ཐོག་ལས་སྦེ་ ཞི་བདེ་ཐོབ་ཚུགས་ནི་གི་ཁ་འཐེན་འདི་ ཁྱེད་ཀྱིས་གོ་ཡི་ ཁ་འཐེན་འདི་ དཀོན་མཆོག་གིས་ ཨཱིས་ར་ཨཱེལ་གྱི་བུ་བརྒྱུད་ཚུ་གི་དོན་ལུ་ཁྱབ་གནང་ཡི། 37 ཡོ་ཧ་ནཱན་གྱིས་ཁྲུས་གསོལ་གྱི་སྐོར་ལས་ ཆོས་བཤད་པའི་ཤུལ་ལས་ ག་ལི་ལི་ལུང་ཕྱོགས་ལས་འགོ་བཙུགས་ཏེ་ ཡུ་དེ་ཡ་ལུང་ཕྱོགས་ཀྱི་ས་ཆ་ག་ར་ནང་ ག་བྱུང་མིའི་ལོ་རྒྱུས་འདི་ ཁྱེད་ཀྱིས་ཤེས། 38 དཀོན་མཆོག་གིས་ ན་ཟ་རཱེད་ཀྱི་ཡེ་ཤུ་ལུ་ དམ་པའི་ཐུགས་ཉིད་དང་དབང་གནང་སྟེ་ དཀོན་མཆོག་ཁོ་དང་མཉམ་རྟག་བུ་རང་བཞུགས་ཏེ་ ས་ཆ་ག་ར་ནང་བྱོན་ཏེ་ ཕྱག་ལཱ་བཟང་པོ་དང་བདུད་ཀྱི་དབང་གིས་མར་མནེམ་སྡོད་མི་ཚུ་ལུ་ དྲགཔ་མཛད་མི་འདི་ ཁྱེད་ཀྱིས་ཤེས། 39 ད་རུང་ཁོ་གིས་ ཡ་ཧུ་ད་པའི་ལུང་ཕྱོགས་དང་ ཡེ་རུ་ཤ་ལེམ་ལུ་ ཕྱག་ལཱ་ག་ཅི་རང་མཛད་ཅི་ག་ འདི་གི་འཛོམ་དཔང་ ང་བཅས་ཡོད་ ཁོང་གིས་ཁོ་ལུ་ཁྲམ་ཤིང་གུ་བརྐྱངས་ཏེ་བཀྲོངས་ཅི། 40 དེ་འབདཝ་ད་ དཀོན་མཆོག་གིས་ཁོ་ལུ་ ཉིནམ་གསུམ་པ་ལུ་སྐུ་གསོན་པོ་སྦེ་བཞེངས་གནང་སྟེ་ ད་རུང་ཁོ་གསོན་པོ་སྦེ་ཡོད་ཟེར་མི་དེ་ཚུ་ལུ་ མཇལ་བཅུག་ཅི། 41 མི་ག་ར་གིས་མ་མཐོང་སྟེ་འབད་རུང་ དཀོན་མཆོག་གིས་ཧེ་མ་ལས་ བཙག་འཐུ་མཛད་གནང་མིའི་ བར་མི་འདི་ཚུ་ང་བཅས་ཨིན་ ཁོ་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་བྱོན་ཏེ་ ང་བཅས་དང་གཅིག་ཁར་གསོལ་ཚོགས་བཞེས་མི་ ང་བཅས་རྐྱངམ་གཅིག་གིས་མཇལ་ཡི། 42 དེ་ལས་ཁོ་གིས་མི་དེ་ཚུ་ལུ་གཏམ་བཟང་བཤད་དེ་བྱིན་ཟེར་ ང་བཅས་ལུ་བཀའ་གནང་ཡི་ ད་རུང་མི་གསོན་པོ་དང་ ཤི་སོང་མི་ཚུ་གི་ཁྲིམས་ཕྱེ་མི་སྦེ་ དཀོན་མཆོག་གིས་ཁོ་ལུ་ འགན་ཁུར་གནང་བཞག་མི་དེ་གི་འཛོམ་དཔང་འབད་ཟེར་ ང་བཅས་ལུ་གསུངས་ཡི། 43 ཁོ་གི་སྐོར་ལས་ ལུང་སྟོན་པ་ག་ར་གིས་དེ་སྦེ་འཛོམ་དཔང་འབད་ནུག་ ཡེ་ཤུ་གི་མཚན་ནང་དད་པ་བསྐྱེད་མི་ཚུ་ལུ་ སྡིག་པ་བཀའ་དྲིན་བསྐྱང་འོང་ཟེར་ པེ་ཏྲོ་གིས་ཆོས་བཤད་ནུག། 44 པེ་ཏྲོ་གིས་དེ་སྦེ་ཆོས་བཤད་པའི་བསྒང་ལུ་ ཆོས་ཉན་མི་ཚུ་གི་གུ་ལུ་དམ་པའི་ཐུགས་ཉིད་ཆགས་ནུག 45 ཁོང་ཕྱིའི་མི་རིགས་ཚུ་ལུ་ཡང་དཀོན་མཆོག་གིས་ དམ་པའི་ཐུགས་ཉིད་འདི་གསོལ་རས་སྦེ་འབྱོ་གནང་ནི་འདི་གིས་ པེ་ཏྲོ་དང་མཉམ་གཅིག་ ཡོ་པ་ལས་འོང་མི་ ཡ་ཧུ་ད་པའི་དདཔ་ཅན་ཚུ་ཧ་ལས་ནུག 46 ག་ཅི་སྨོ་ཟེར་བ་ཅིན་ དེ་ཁར་ཕྱིའི་མི་རིགས་ཚུ་ག་ར་གིས་ ཁ་མ་འདྲཝ་འདི་ཚུ་སླབ་སྟེ་ དཀོན་མཆོག་ལུ་བསྟོད་པ་ཕུལ་སར་ ཁོང་གིས་གོ་ནུག 47 དེ་ལས་ པེ་ཏྲོ་གིས་ མི་དེ་ཚུ་ ཆུ་གི་ཁྲུས་གསོལ་ཞུ་ནི་ལུ་ ག་གིས་བཀག་ཚུགས་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་ཆ་ཁྱབ་ཀྱིས་ཡང་ ང་བཅས་ཀྱིས་ཐོབ་དོཝ་བཟུམ་སྦེ་ དམ་པའི་ཐུགས་ཉིད་ཐོབ་ཅི་ཟེར་སླབ་ནུག 48 དེ་ལས་ པེ་ཏྲོ་གིས་ཁོང་ག་ར་ལུ་ ཡེ་ཤུ་ཁིརཱིས་ཀྱི་མཚན་ནང་ཁྲུས་གསོལ་ཞུ་ཟེར་བཀའ་རྒྱ་བྱིན་ནུག་ ད་རུང་ཁོང་གིས་ པེ་ཏྲོ་ལུ་ཉིནམ་དག་པ་ཅིག་ ཁོང་དང་གཅིག་ཁར་སྡོད་གནང་ཟེར་སླབ་ནུག།
1 སྐུ་ཚབ་འདི་ཚུ་དང་ ཡུ་དེ་ཡ་གི་ལུང་ཕྱོགས་ནང་ཡོད་མི་དདཔ་ཅན་དེ་ཚུ་ག་ར་གིས་ ཕྱིའི་མི་རིགས་དེ་ཚུ་གིས་ཡང་དཀོན་མཆོག་གི་གསུང་ལུ་ཁས་ལེན་ནུག་ཟེར་གོ་ནུག 2 དེ་འབདཝ་ད་ པེ་ཏྲོ་ ཡེ་རུ་ཤ་ལེམ་ལུ་འགྱོཝ་ད་ ཡ་ཧུ་ད་པ་དདཔ་ཅན་ཚུ་གིས་ ཁོ་ལུ་རྩོད་པ་འཚོལ་ཏེ་སྐྱོན་བཏགས་སླབ་ནུག 3 ཁྱོད་ ཕྱིའི་མི་རིགས་ཚུ་གི་གཟུགས་ཁར་ རྟགས་མ་བཀལ་མི་ ལུས་གཙངམ་མེད་མི་ཚུ་གི་ཁྱིམ་ནང་མགྱོནམ་སྦེ་སོང་སྟེ་ བཞེས་སྒོ་གཅིག་ཁར་ཟཝ་མས་ཟེར་སླབ་ནུག 4 དེ་འབདཝ་ད་ པེ་ཏྲོ་གིས་ཕར་ལུ་ག་ཅི་དང་ག་ཅི་བྱུང་ཡི་ག་ རིམ་པ་བཞིན་དུ་ ཁོང་ལུ་གསལ་བཤད་འབད་ནི་འགོ་བཙུགས་ནུག 5 ང་ཁྲོམ་ ཡོ་པ་ལུ་སྨོན་ལམ་ཞུ་སྟེ་ ང་དྲན་པ་ཉམས་བཞག་པའི་ཐོག་ལས་ མཐོང་སྣང་མཐོང་སྟེ་སྡོད་པའི་བསྒང་ལུ་ ཡར་ནམ་མཁའ་ལས་མར་ ཁ་ཤ་གི་རས་བཟུམ་ གཟུར་བཞི་འབད་མི་ ངེ་གི་གདོང་ཁར་འབབ་འོངས་ཡི། 6 དེ་ནང་ལུ་བལྟཝ་ད་ ས་ཁར་གྱི་སེམས་ཅན་རྐངམ་ལགཔ་བཞི་བཙུག་འགྱོ་མི་དང་ རི་དྭགས་སེམས་ཅན་ ཕོ་བཤུད་རྐྱབ་འགྱོ་མི་སེམས་ཅན་ དེ་ལས་ནམ་མཁའ་ལས་ཕུར་མི་བྱ་ལྷམ་པ་མ་གཅིགཔ་དེ་ཚུ་ ག་ར་དེ་ནང་འདུག 7 དེ་ལས་གསུང་སྐད་གཅིག་གིས་དེ་སྦེ་གསུངས་ས་ང་གིས་གོ་ཡི་ པེ་ཏྲོ་ཡར་ལོང་ཞིནམ་ད་ ཨ་ནི་སེམས་ཅན་དེ་ཚུ་བསད་དེ་ཟ་ཟེར་གསུངས་ཡི། 8 དེ་འབདཝ་ད་ང་གིས་ གཙོ་བོ་ལགས་ དེ་སྦེ་མི་བཏུབ་ ང་ནམ་ཡང་མ་གཙངམ་དང་སྒྲིབ་ཅན་དེ་ཚུ་མ་ཟ་ཟེར་ཞུ་ཡི། 9 ད་རུང་ཚར་གཉིས་པ་ ཡར་ནམ་མཁའ་ལས་གསུང་སྐད་ཀྱིས་ གཙངམ་སྦེ་མཛད་གནང་མི་དེ་ལུ་ ཁྱོད་ཀྱིས་ནམ་ཡང་མ་གཙངམ་ཨིན་ཟེར་མ་སླབ་ཟེར་གསུངས་ཡི། 10 དེ་ལས་ཚར་གསུམ་ཟེརཝ་ད་ ཁ་ཤ་བཟུམ་འབད་མི་འདི་ ཡར་ནམ་མཁའ་ལུ་བསྡུ་སྟེ་འབག་ཆེ་ཡི། 11 དེ་ཅིག་གི་བར་ན་ ཀེ་ས་རི་ཡ་ལས་གཏང་གཏངམ་ཨིན་ཟེར་ མི་གསུམ་ང་སྡོད་སའི་ཁྱིམ་ནང་ལྷོད་ཅི། 12 དེ་ལས་དམ་པའི་ཐུགས་ཉིད་ཀྱིས་ང་ལུ་ ཁོང་དང་མཉམ་གཅིག་འགྱོ་ནི་ལུ་ཐེ་ཚོམ་བསྐྱེད་མི་དགོ་ཟེར་གསུངས་ཡི་ ད་ལྟོ་ནཱ་ང་དང་གཅིག་ཁར་སྡོད་ཡོད་མི་སྤུན་ཆ་དྲུག་པོ་ཡང་ ང་དང་མཉམ་གཅིག་ ཀེ་ས་རི་ཡ་ལུ་སོང་སྟེ་ ང་ལུ་འབོ་པ་གཏང་མིའི་སྤྱི་དཔོན་ ཀཱོར་ནེ་ལི་ཨུས་ཟེར་མི་དེ་གི་ཁྱིམ་ནང་ལུ་འཛུལ་ཡི། 13 དེ་ལས་ ཀཱོར་ནེ་ལི་ཨུས་ཀྱིས་ང་ལུ་འབོ་པ་གཏང་དགོ་པའི་རྒྱུ་མཚན་དེ་ ཁོ་གིས་ཁོང་རང་གི་ཁྱིམ་ནང་ལུ་ཕོ་ཉ་འོངས་ཏེ་ ཕོ་ཉ་གིས་ཁོ་ལུ་ ད་ཁྱོད་ཀྱིས་ ཡོ་པ་ལུ་ཡོད་པའི་མི་གི་མིང་ སི་མཱོན་པེ་ཏྲོ་ཟེར་སླབ་མི་འདི་ལུ་ མི་གཏང་སྟེ་འབོ་བ་གཏང་། 14 ཁོ་གིས་ ཁྱོད་དང་ཁྱོད་རའི་བཟའ་ཚང་ལུ་ ཐར་པ་ཐོབ་ནི་གི་ཚིག་ཚུ་སླབ་འོང་ཟེར་ ཕོ་ཉ་གིས་སླབ་ཅི་ཟེར་ ཀཱོར་ནེ་ལི་ཨུས་ཀྱིས་སླབ་དེས། 15 ད་རུང་ང་གིས་ཁོང་ལུ་གཏམ་བཟང་བཤད་དེ་སྡོད་པའི་བསྒང་རང་ དམ་པའི་ཐུགས་ཉིད་འདི་ འགོ་དང་པ་ ང་བཅས་གུ་ལུ་ཆགས་དོཝ་བཟུམ་སྦེ་ ཁོང་ལུ་ཡང་ཆགས་ཅི། 16 དེ་བསྒང་ ཧེ་མ་གཙོ་བོ་ཡེ་ཤུ་གིས་གསུངས་མི་འདི་ ངེ་གི་སེམས་ཁར་དྲན་ཡི་ ཡོ་ཧ་ནཱན་གྱིས་ཆུ་གི་ཁྲུས་གསོལ་བྱིན་ནུག་ དེ་འབདཝ་ད་ ཁྱེད་ལུ་དམ་པའི་ཐུགས་ཉིད་ཀྱི་ཁྲུས་གསོལ་བྱིན་ནི་ཨིན། 17 ད་ང་བཅས་གཙོ་བོ་ཡེ་ཤུ་ཁིརཱིས་ལུ་དད་པ་བསྐྱེད་མི་ཆ་ཁྱབ་ལུ་གནང་མི་གསོལ་རས་འདི་ དཀོན་མཆོག་གིས་ཁོང་ལུ་ཡང་གནངམ་ཨིན་པ་ཅིན་ དེ་ལུ་ང་གིས་ག་དེ་སྦེ་བཀག་ནི་སྨོ་ཟེར་ པེ་ཏྲོ་གིས་སླབ་ནུག 18 དེ་གི་ལོ་རྒྱུས་གོ་བའི་བསྒང་ལས་ ཁོང་ཆ་ཁྱབ་ཡང་རྩོད་པ་བརྐྱབ་ནི་བཞག་སྟེ་ ད་དཀོན་མཆོག་གིས་ ཁོང་ཕྱིའི་མི་རིགས་ཚུ་ལུ་ཡང་སྡིག་པ་ལས་སེམས་འགྱུར་ཏེ་ ཚེ་མཐའ་མེདཔ་ཐོབ་ནི་གི་གོ་སྐབས་གནངམ་ཨིན་མས་ཟེར་ དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག། 19 ཨཱིས་ཏེ་ཕཱན་བསད་དེ་གནོད་འཚེ་བྱུང་པའི་སྐབས་ལུ་ དདཔ་ཅན་ཚུ་ག་ར་ཁ་གཏོར་སོང་སྦེ་ ཡེ་རུ་ཤ་ལེམ་ལས་ཐོན་སོང་མི་དེ་ཚུ་ ལ་ལུ་ལུང་ཕྱོགས་ ཕོ་ནི་སི་ཡ་དང་ འཚོ་གླིང་ སའིཔ་རཱས་དང་ ཁྲོམ་ ཨཱན་ཏི་ཡོག་ལུ་སོང་སྟེ་ གཏམ་བཟང་འདི་བཤད་དེ་འབད་རུང་ ཡ་ཧུ་ད་པ་ཚུ་ལུ་མ་གཏོགས་གཞན་ལུ་མ་བཤད་པས། 20 དེ་འབདཝ་ད་ ཁོང་གི་གྲལ་ཁ་ལས་ སའིཔ་རཱས་དང་ སའི་རིན་ལས་ཨིན་མིའི་དདཔ་ཅན་ལ་ལུ་ཅིག་གིས་ ཁྲོམ་ ཨཱན་ཏི་ཡོག་ལུ་སོང་ཞིནམ་ད་ དེ་ནང་སྡོད་མི་ ཕྱིའི་མི་རིགས་ཆ་ཁྱབ་ལུ་ གཙོ་བོ་ཡེ་ཤུ་གི་གཏམ་བཟང་བཤད་ནུག 21 གཙོ་བོ་གི་དབང་ཤུགས་འདི་ ཁོང་དང་མཉམ་ཡོདཔ་ལས་བརྟེན་ཏེ་ ཕྱིའི་མི་རིགས་ལེ་ཤ་སེམས་འགྱུར་ཏེ་ གཙོ་བོ་ཡེ་ཤུ་ལུ་དད་པ་བསྐྱེད་འོངས་ནུག 22 དེ་གི་གནས་ཚུལ་འདི་ ཡེ་རུ་ཤ་ལེམ་ལུ་ཡོད་མི་ཆོས་ཚོགས་ཀྱིས་གོ་སྟེ་ ཁོང་གིས་ བཱར་ན་བཱས་ ཁྲོམ་ ཨཱན་ཏི་ཡོག་ལུ་བཏང་ནུག 23 ཁོ་ ཨཱན་ཏི་ཡོག་ལུ་ལྷོད་དེ་ ཁོ་གིས་དཀོན་མཆོག་གི་ཐུགས་རྗེ་འདི་ ཁུངས་དང་བཅསཔ་སྦེ་མཇལ་ཏེ་ གནམ་མེད་ས་མེད་སེམས་སྤྲོཝ་མ་ཚད་ གཙོ་བོ་དཀོན་མཆོག་ལུ་སེམས་ཀྱི་གཏིང་ལས་རང་དམ་ཚིག་བསྟེན་ཏེ་ ན་འཐན་ཏོག་ཏོ་སྦེ་སྡོད་ཚུགས་ནི་གི་དྲན་བསྐུལ་འབད་ནུག 24 བཱར་ན་བཱས་མི་བཟང་པོ་དང་དདཔ་ནང་སྒྲིང་སྒྲིང་ཨིནམ་མ་ཚད་ དམ་པའི་ཐུགས་ཉིད་ཀྱིས་གང་གངམ་གཅིག་ཨིན་མས་ ཁོ་གི་ཐོག་ལས་སྦེ་ མི་ལེ་ཤ་གཙོ་བོ་ཡེ་ཤུ་ལུ་དད་པ་བསྐྱེད་དེ་འོངས་ནུག 25 དེ་ལས་ཁོ་ སའུལ་འཚོལ་བའི་དོན་ལུ་ ཁྲོམ་ ཏཱར་སུས་ལུ་སོང་ནུག 26 ཁོ་ཕར་འགྱོཝ་ད་ སའུལ་འཚོལ་ཐོབ་སྟེ་ ཁྲོམ་ ཨཱན་ཏི་ཡོག་ལུ་འཁྱིད་འོངས་ནུག་ ཁོང་གཉིས་ཕར་ལོ་གཅིག་སྡོད་དེ་ ཁོང་གིས་ཆོས་ཚོགས་ནང་སོང་སྟེ་ མི་སྡེ་ཚན་མང་རབས་གཅིག་ལུ་ཆོས་སྟོན་ནུག་ སློབ་མ་ཚུ་ལུ་ ཡེ་ཤུ་པ་ ཟེར་འགོ་དང་པ་མིང་བཏགས་སའི་འདི་ ཁྲོམ་ ཨཱན་ཏི་ཡོག་ལུ་ཨིན་མས། 27 འདི་གི་སྐབས་ལུ་ ལུང་སྟོན་པ་ལ་ལུ་ཅིག་ ཡེ་རུ་ཤ་ལེམ་ལས་ཁྲོམ་ ཨཱན་ཏི་ཡོག་ལུ་སོང་ནུག 28 ཁོང་གི་གྲལ་ལས་གཅིག་གི་མིང་ ཨ་ག་བུས་ཟེར་མི་འདི་ཡར་ལོང་སྟེ་ དམ་པའི་ཐུགས་ཉིད་ཀྱིས་རྒྱུད་བསྐུལ་བརྐྱབས་ཏེ་ འཛམ་གླིང་ག་ར་ནང་ལུ་ མུ་གེ་སྦོམ་འཐོན་ནི་འབད་དོ་ཟེར་ ལུང་བསྟན་བཤད་ནུག་ འདི་རྒྱལཔོ་ ཀལའུ་དི་ཨཱས་ཀྱི་སྐབས་ལུ་བྱུང་བྱུངམ་ཨིན་མས། 29 དེ་ལས་ཁོང་སློབ་མ་ག་ར་གིས་ ཡུ་དེ་ཡ་གི་ལུང་ཕྱོགས་ལུ་སྡོད་མིའི་ ཡེ་ཤུ་པ་སྤུན་ཆ་ཚུ་ལུ་ ཁོང་གིས་རོགས་རམ་ག་འབད་ཚུགས་མི་དེ་ འབད་བྱིན་ནི་སྦེ་ཐག་བཅད་ནུག 30 དེ་ལས་ཁོང་ནང་ག་ཡོད་མི་འདི་ བཱར་ན་བཱས་དང་ སའུལ་གཉིས་ལས་རྒྱུད་དེ་ ཡེ་རུ་ཤ་ལེམ་གྱི་འགོ་འདྲེན་པ་ཚུ་ལུ་བཀལ་བཏང་ནུག།
1 དུས་ཚོད་དེ་སྐབས་ དཔོན་ ཧེ་རཱོད་ཀྱིས་ ཆོས་ཚོགས་ནང་ མི་ལ་ལུ་ཅིག་ལུ་ གནོད་པ་བཀལ་ནི་འགོ་བཙུགས་ཏེ། 2 ཁོ་གིས་ ཡོ་ཧ་ནཱན་གྱི་ཕོ་རྒནམ་ སྐུ་ཚབ་ ཡ་ཀོབ་ལུ་གྱི་རྐྱབ་བསད་ཟེར་བཀའ་གནང་སྟེ་ བསད་བཅུག་ནུག 3 དཔོན་ ཧེ་རཱོད་ཀྱིས་ ཡ་ཀོབ་ལུ་དམར་བསད་འབདཝ་ད་ ཡ་ཧུ་ད་པ་གི་འགོ་དཔོན་དེ་ཚུ་སེམས་དགའ་ནི་འདི་གིས་ ཁོ་གིས་ པེ་ཏྲོ་ཡང་འཛིན་བཟུང་འབད་ནུག་ དུས་ཚོད་འདི་སྐབས་ལུ་ བུལ་ཏོག་མེད་པའི་ཏད་ཟས་ཀྱི་དུས་ཆེན་ཨིན་མས། 4 པེ་ཏྲོ་དུས་ཆེན་གྱི་སྐབས་ལུ་ དམག་མི་གིས་འཁྱིད་དེ་ བཙོན་ཁང་ནང་བཙུགས་ཏེ་ ཕྱོགས་བཞི་ལུ་དམག་མི་བཞི་བཞི་སྲུང་རྒྱབ་སྦེ་བཙུགས་ཏེ་བཞག་ནུག་ དེ་ལས་དཔོན་ ཧེ་རཱོད་ཀྱི་ཐུགས་བསམ་ལུ་འབད་བ་ཅིན་ ཤི་ས་ལས་ཐར་བའི་དུས་ཆེན་གྱི་ཤུལ་ལས་ པེ་ཏྲོ་མི་འཛོམས་སར་འཁྱིད་འོང་ཞིནམ་ད་ ཁྲིམས་གཏང་ནི་སྦེ་ཨིན་མས། 5 འདི་འབད་ནི་དེ་གིས་ པེ་ཏྲོ་བཙོན་ཁང་ནང་སྲུང་རྒྱབ་བཙུགས་ཏེ་བཞག་ནུག་ ཨིན་རུང་ ཆོས་ཚོགས་ཀྱིས་ཁོ་གི་དོན་ལུ་ གནམ་མེད་ས་མེད་དཀོན་མཆོག་ལུ་གསོལཝ་བཏབ་ སྨོན་ལམ་ཤུགས་སྦེ་ཞུ་ནུག། 6 དཔོན་ ཧེ་རཱོད་ཀྱིས་ པེ་ཏྲོ་ནངས་པ་དྲོ་པ་མི་འཛོམས་སར་བཏོན་ནི་འབདཝ་ད་ ད་རེས་ཀྱི་ཕྱི་རུ་ པེ་ཏྲོ་ སྲུང་རྒྱབ་གཉིས་ཀྱི་སྦུག་ནང་ གཉིད་ལོག་སྡོད་སྡོདཔ་མས་ ཁོ་ལྕགས་ཐག་གཉིས་ཀྱིས་བསྡམས་ཏེ་བཞག་སྦེ་ སྲུང་རྒྱབ་གཞན་དེ་ཚུ་ སྒོ་སྲུང་སྟེ་སྡོད་སྡོདཔ་ཨིན་མས། 7 རྣམ་རྟོག་དཔྱད་རིག་མེད་སི་སི་སྦེ་ གཙོ་བོ་གི་ཕོ་ཉ་གཅིག་འོངས་ཏེ་ བཙོན་ཁང་ནང་ པེ་ཏྲོ་སྡོད་སའི་ཁང་མིག་དེ་ གཟི་བརྗིད་ཀྱི་འོད་ཟེར་ཁྱབ་ནུག་ དེ་ལས་ཕོ་ཉ་དེ་གིས་ པེ་ཏྲོ་གི་གཟུགས་ཁར་བཤེད་གཉིད་དཀྲོགས་ཏེ་ ད་མགྱོགས་པར་ཡར་ལོང་ཟེར་སླབ་སྟེ་ལྷོངམ་ད་ དེ་སྦེ་སླབ་ཅིག་ ཁོ་གི་ལག་པ་གི་ལྕགས་ཐག་ཕུད་ཡར་སོང་ནུག 8 དེ་ལས་ཕོ་ཉ་གིས་ ད་བགོ་ལ་གྱོན་ ལྷམ་བཙུགས་ཟེར་སླབ་ད་ པེ་ཏྲོ་གིས་དེ་བཟུམ་སྦེ་རང་འབད་ནུག་ ད་རུང་ཕོ་ཉ་གིས་ ད་ཁྱོད་རང་གི་སྟོད་བཀབ་བཀབ་སྟེ་ ངེ་གི་རྟིང་ལས་ཤོག་ཟེར་བཀའ་རྒྱ་བྱིན་ནུག 9 དེ་ལས་ པེ་ཏྲོ་བཙོན་ཁང་ལས་འཐོན་འོངས་ཏེ་ ཕོ་ཉ་གི་རྟིང་ཤུལ་འགྱོ་སྟེ་འབད་ས་ཅི་རུང་ དེ་ཚུ་ག་ར་མངོན་སུམ་ཨིནམ་མ་ཤེས་པར་ མཐོང་སྣང་བཟུམ་སྦེ་མནོ་བསམ་བཏང་སྟེ་སྡོད་ནུག 10 དེ་ལས་ཁོང་གཉིས་སྒོ་སྲུང་དང་པ་དང་གཉིས་པ་འདི་བརྒལ་ཏེ་ མཐའན་མཇུག་ལུ་ ཁྲོམ་གྱི་ཕྱི་ཁར་ཐོན་འགྱོ་སའི་ལྕགས་ཀྱི་སྒོ་ར་སྒོ་སྦོམ་འདི་ནང་ལྷོདཔ་ད་ སྒོ་དེ་རང་བཞིན་གྱིས་ཕྱེ་སྟེ་སོང་ནུག་ དེ་ཁར་ལས་ཐོན་ཏེ་ ཕོ་ཉ་དེ་གིས་ལམ་གཅིག་ལས་འཁྱིད་དེ་ ཨ་ཙི་ཕར་སོང་ཞིནམ་ད་ དེ་འཕྲོ་ལས་ ཕོ་ཉ་དེ་ག་སོང་མེད་པར་ཡལ་སོང་ནུག 11 དེ་ལས་ པེ་ཏྲོ་ ཁོ་རང་དྲནམ་ཚོརཝ་ད་ དོན་ལས་རང་ ང་གིས་ལེགས་ཤོམ་སྦེ་རང་ཤེས་ཅི་ གཙོ་བོ་དཀོན་མཆོག་གིས་ཁོ་རང་གི་ཕོ་ཉ་བཏང་སྟེ་ ང་ལུ་དཔོན་ ཧེ་རཱོད་ཀྱི་ཕྱག་ལས་དང་ ཡ་ཧུ་ད་པའི་འགོ་དཔོན་དེ་ཚུ་གིས་རེ་བ་བསྐྱེད་སྡོད་མི་འདི་ལས་ སྐྱབས་མཛད་པ་བཏང་གནང་ནུག་ཟེར་སླབ་ནུག 12 ཁོ་རང་གི་གནས་སྟངས་དེ་ཚུ་ག་ར་ཧ་གོ་ཞིནམ་ད་ དེ་གི་ཤུལ་ལས་ ཁོ་ ཡོ་ཧ་ནཱན་མཱར་ཀུ་གི་ཨའི་ མཱིར་ཡམ་གྱི་ཁྱིམ་ནང་འགྱོཝ་ད་ དེ་ཁ་ལུ་མི་ལེ་ཤ་འཛོམས་ཏེ་ སྨོན་ལམ་ཞུ་སྡོད་ཡོདཔ་ཨིན་མས། 13 པེ་ཏྲོ་གིས་སྒོ་གི་རྩ་བར་སྒོ་བརྡུངས་ཏེ་སྡོདཔ་ད་ དེ་ཁར་གཡོགམོ་གི་མིང་ རོ་ད་ཟེར་མི་དེ་ སྒོ་གི་སྦོ་ལོགས་འོངས་ཏེ་སྐད་ཉན་བལྟཝ་ད། 14 པེ་ཏྲོ་གི་སྐད་ངོ་ཤེས་ཏེ་ མོ་གནམ་མེད་ས་མེད་སེམས་དགའ་སྟེ་ སྒོ་མ་ཕྱེ་བར་ཁོང་འབད་ས་སོང་སྟེ་ པེ་ཏྲོ་སྒོ་ཁར་འོང་ནུག་ཟེར་སླབ་ནུག 15 དེ་འབདཝ་ད་ ཁོང་ཆ་ཁྱབ་ཀྱིས་བདེན་འཛིན་མ་རེ་བར་ ད་ཁྱོད་འཆོལ་ལོང་ཡར་སོངམ་འདྲས་མེན་ན་ཟེར་སླབ་ནུག་ ད་རུང་མོ་གིས་ འདི་དོན་ལས་རང་ཨིན་ཟེར་ལོག་ཅི་ལོག་ཅི་ཨུ་ཚུགས་བསྐྱེད་དེ་སླབ་རུང་ ཁོང་གིས་ ཡང་ཅིན་ཁོ་གི་ཕོ་ཉ་འདི་འོང་ཟེར་སླབ་ནུག 16 དེ་འབདཝ་ད་ པེ་ཏྲོ་སྒོ་བརྡུང་སྟེ་རང་སྡོད་དེ་ ཁོང་གིས་སྒོ་ཕྱེ་བལྟཝ་ད་ ཁོ་དོན་ལས་རང་མཐོང་ནུག་ དེ་ལས་ཁོང་ག་ར་ཧ་ལས་ནུག 17 ག་ར་སྐད་མ་རྐྱབ་པར་ ཁུ་སིམ་སི་སྦེ་སྡོད་ཟེར་ལགཔ་གིས་བཏོན་ཞིནམ་ད་ བཙོན་ཁང་ནང་ལས་ཕོ་ཉ་གིས་ ཁོ་ལུ་ག་དེ་སྦེ་བཏོན་འཁྱིད་འོང་ཡི་ག་ དེ་ཚུ་ག་ར་བཤད་དེ་སླབ་ནུག་ ད་རུང་དེ་ཚུ་ག་ར་ཁྱེད་ཀྱིས་འགོ་འདྲེན་པ་ ཡ་ཀོབ་དང་ དདཔ་ཅན་སྤུན་ཆ་གཞན་ཚུ་ལུ་ཡང་སླབ་བྱིན་ཟེར་སླབ་སྦེ་ ཁོ་ས་ཆ་གཞན་ཁ་ལུ་སོང་ནུག 18 དྲོ་པ་གནམ་ནངས་པའི་བསྒང་ལས་ པེ་ཏྲོ་ལུ་ག་ཅི་འབད་དཔ་སྨོ་ཟེར་ དམག་མི་ཚུ་ཁོང་རང་གི་སྦུག་ ནང་འཁྲུག་སྦོམ་ཐོན་ནུག 19 དེ་ལས་ ཧེ་རཱོད་ཀྱིས་ པེ་ཏྲོ་འཚོལ་ཟེར་བཀའ་གནང་སྟེ་ ས་ཆ་ག་ར་ནང་འཚོལ་བ་གཏང་རུང་ འཚོལ་མ་ཐོབ་པར་ དམག་མི་ཚུ་ལུ་ཞིབ་དཔྱད་བརྐྱབས་ཞིནམ་ད་ བསད་ཟེར་གསུངས་ནུག་ དེ་ལས་ ཧེ་རཱོད་ ཁོ་རང་ ཡུ་དེ་ཡ་གི་ལུང་ཕྱོགས་ལས་ ཀེ་ས་རི་ཡ་ལུ་བྱོན་ཏེ་ ཉིནམ་དག་པ་གཅིག་དེ་ཁར་བཞུགས་ནུག། 20 དཔོན་ ཧེ་རཱོད་ཀྱིས་ ཁྲོམ་ ཏའིར་དང་ ཁྲོམ་ སི་དཱོན་གྱི་མི་ཚུ་ལུ་ གནམ་མེད་ས་མེད་ཁོང་ཁྲོ་ལང་སྟེ་མ་མཐུན་སོང་ནུག་ དེ་འབདཝ་ད་ ཁོང་མི་སེར་ཚུ་གིས་བསྟུན་གྲོས་བརྐྱབས་ཏེ་ དཔོན་ ཧེ་རཱོད་ཀྱི་ཐུགས་ཁར་ཡོད་མིའི་གཟིམ་དཔོན་ བཱལཱས་ཏཱོས་ཟེར་མི་ལུ་ཆ་རོགས་འཚོལ་ཏེ་ ཁོང་རྒྱལཔོ་དང་མཐུན་ལམ་བཟོ་བ་ རྒྱལ་པོའི་སྐུ་མདུན་ལུ་བཅར་ནི་གི་དུས་ཚོད་གཅིག་བཟོ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་ཆ་ཁྱབ་ཀྱིས་ བཟའ་འཐུང་ཚུ་ག་ར་དཔོན་ ཧེ་རཱོད་ཀྱི་རྒྱལ་ཁབ་ལས་ལེན་དགོཔ་ཨིན་མས། 21 རྒྱལཔོ་གི་སྐུ་མདུན་ ཞལ་འཛོམས་ཚོགས་པའི་ཉིནམ་དེ་ལུ་ དཔོན་ ཧེ་རཱོད་ན་བཟའ་བཞེས་ཏེ་ ཁྲི་གུ་བཞུགས་སྦེ་ མི་སེར་ལུ་གསུང་བཤད་གནངམ་ད། 22 ཁོ་གི་གསུང་སྐད་འདི་མི་གི་མེན་པར་ ལྷ་གི་ཨིན་མས་ཟེར་ མི་སེར་ཆ་ཁྱབ་ཀྱིས་སྐད་ཤུགས་སྦེ་བརྐྱབས་ནུག 23 དེ་ལས་རྒྱལཔོ་གིས་ བསྟོད་པ་འདི་ དཀོན་མཆོག་ལུ་མ་ཕུལ་བར་ ཁོ་ར་རང་ཨིན་ཟེར་ཐུགས་བསམ་བཞེས་ཏེ་བཞུགསཔ་ད་ གཙོ་བོ་དཀོན་མཆོག་གི་ཕོ་ཉ་གཅིག་གིས་ གནོད་འཚུབ་བཀལ་ཏེ་ དེ་འཕྲོ་ལས་ རྒྱལཔོ་ལུ་འབུབ་ཀྱིས་ཟ་སྟེ་ གཤགས་སོང་ནུག 24 དེ་འབདཝ་ད་ དཀོན་མཆོག་གི་གསུང་འདི་ ས་ཆ་ག་ར་ནང་དར་ཁྱབ་སོང་སྟེ་ དད་པ་བསྐྱེད་མི་ལེ་ཤ་ཐོན་ནུག 25 བཱར་ན་བཱས་དང་ སའུལ་ ཡེ་རུ་ཤ་ལེམ་ལུ་འབད་དགོ་མི་ལཱ་ག་ར་ཚར་ཏེ་ ཡོ་ཧ་ནཱན་མཱར་ཀུ་ཡང་འཁྱིད་དེ་ ཡེ་རུ་ཤ་ལེམ་ལས་ཁྲོམ་ ཨཱན་ཏི་ཡོག་ལུ་ལོག་སོང་ནུག།
1 ཁྲོམ་ ཨཱན་ཏི་ཡོག་ལུ་ཡོད་མིའི་ཆོས་ཚོགས་ནང་ ལུང་སྟོན་པ་དང་སློབ་དཔོན་དེ་ཚུ་ཡོདཔ་མས་ ཁོང་ཆ་ཁྱབ་ཀྱི་གྲལ་ཁ་ལས་ བཱར་ན་བཱས་དང་ མི་རིགས་གནགཔོ་འབད་མི་ སི་མི་ཨཱོན་ དེ་ལས་ཁྲོམ་ སའི་རིན་ལས་འོང་མི་ ལུ་ཀིའུས་དང་ ཆུང་ཀུ་བསྒང་ལས་དཔོན་ ཧེ་རཱོད་དང་གཅིག་ཁར་སྡོད་དེ་སྦོམ་འགྱོ་མི་ མ་ན་ཨཱེན་ དེ་ལས་ སའུལ་ཚུ་ཨིན་མས། 2 ཁོང་ག་ར་དཀོན་མཆོག་ལུ་བསྟོད་པ་ཕུལ་ སྨྱུང་གནས་བསྲུང་སྟེ་སྡོདཔ་ད་ དམ་པའི་ཐུགས་ཉིད་ཀྱིས་ཁོང་ལུ་ ཁྱེད་ཀྱིས་ བཱར་ན་བཱས་དང་ སའུལ་ལུ་བཙག་འཐུ་འབད་ ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་ལཱ་ཁག་ཆེ་ཏོག་ཏོ་གི་དོན་ལུ་ ང་གིས་ཁོང་ལུ་འབོ་འབོཔ་ཨིན་ཟེར་གསུངས་ནུག 3 དེ་ལས་ད་རུང་ སྨྱུང་གནས་བསྲུང་ སྨོན་ལམ་ཞུ་བའི་ཤུལ་ལས་ ཁོང་གཉིས་ཀྱི་གུ་ལགཔ་བཀལ་སྦེ་ ཆོས་བཤད་པ་བཏང་ནུག། 4 དེ་ལས་ བཱར་ན་བཱས་དང་ སའུལ་གཉིས་ལུ་ དམ་པའི་ཐུགས་ཉིད་ཀྱིས་བཏང་གནང་སྟེ་ ཁོང་ སེ་ལེའུ་སི་ཡ་ལས་གྲུ་ནང་འཛུལ་ཏེ་ སའིཔ་རཱས་ཀྱི་མཚོ་གླིང་ལུ་སོང་ནུག 5 དེ་ལས་ཁོང་གཉིས་ ཁྲོམ་ ས་ལ་མཱིས་ལུ་ལྷོདཔ་ད་ ཡ་ཧུ་ད་པའི་ སི་ན་གོག་དེ་ཚུ་ནང་སོང་སྟེ་ དཀོན་མཆོག་གི་གསུང་བཤད་ནུག་ ཡོ་ཧ་ནཱན་མཱར་ཀུ་ ཡང་ཁོང་གི་ཆ་རོགས་འབད་ཡོདཔ་མས། 6 དེ་ལས་ཁོང་ཆ་ཁྱབ་མཚོ་གླིང་གི་གཡུས་ག་ར་ལས་རྒྱུད་དེ་ ཆོས་བཤད་ཅི་བཤད་ཅི་རང་ ཁྲོམ་ པ་ཕཱོས་ལུ་ལྷོདཔ་ད་ ཡ་ཧུ་ད་པའི་རྫུ་འཕྲུལ་བཏོན་མི་ ལུང་བསྟན་རྫུན་མ་བཤད་མི་ བཱར་ཡེ་ཤུ་ཟེར་མི་གཅིག་དང་འཕྱད་ནུག 7 རྫུ་འཕྲུལ་བཏོན་མི་འདི་ རོམ་གྱི་རྒྱལ་སྲིད་ལས་འོང་མིའི་ སའིཔ་རཱས་ཀྱི་གཞུང་ཚབ་ སེར་གེའུ་ པའུལ་ཟེར་མི་གི་ཆ་རོགས་ཨིན་མས་ གཞུང་ཚབ་ སེར་གེའུ་ པའུལ་འདི་ མི་ཤེས་རབ་ཅན་གཅིག་ཨིན་མས་ གཞུང་ཚབ་འདི་དཀོན་མཆོག་གི་གསུང་ཉན་ནི་སྦེ་ བཱར་ན་བཱས་དང་ སའུལ་གཉིས་ཁོ་བཞུགས་སར་འབོ་ནུག 8 དེ་འབདཝ་ད་ ཨེ་ལུ་མཱས་ཀྱིས་ (ཁོ་ལུ་ བཱར་ཡེ་ཤུ་ཟེར་ཡང་སླབ་ཨིན་མས་ དེ་གི་དོན་དག་རྫུ་འཕྲུལ་བཏོན་མི་ཨིན་མས།) བཱར་ན་བཱས་དང་ སའུལ་ལུ་བཀག་བརྐྱབ་ནི་སྦེ་ གཞུང་ཚབ་ སེར་གེའུ་ པའུལ་ལུ་དད་པ་ལོག་བཅུག་ནི་སྦེ་ དཔའ་བཅམ་ནུག 9 དེ་ལས་ པའུལ་ཟེར་ཡང་སླབ་མི་ སའུལ་དམ་པའི་ཐུགས་ཉིད་ཀྱིས་གང་སྟེ་ ཨེ་ལུ་མཱས་ཀྱི་གདོང་ཐད་ཀར་དུ་བལྟ་ཞིནམ་ད། 10 ཨ་ཁའི་ གཡོ་སྒྱུ་དང་ངན་སེམས་ཀྱི་གང་མི་བདུད་ཀྱི་བུ་ བྱ་བ་ལེགས་ཤོམ་ག་ར་གི་དགྲ་ཁྱོད་ གཙོ་བོ་གི་ལམ་བདེན་པ་འདི་ལུ་བཀག་བརྐྱབས་ཏེ་ ལམ་འཛོལ་བ་སྟོན་ནི་འདི་མི་སྤང་ག། 11 ད་བལྟ་ཤིག་ གཙོ་བོ་གི་ཕྱག་འདི་ཁྱོད་ཀྱི་གུ་བསྣར་ཏེ་ ཆདཔ་ཕོགཔ་ཨིན་ ཁྱོད་ད་ལྟོ་རང་ཞརཝ་ལུ་འགྱུར་ཏེ་ དུས་ཚོད་སྐབས་གཅིག་ ཉིམ་གྱི་འོད་ཡང་མིག་གིས་མཐོང་མ་ཚུགས་པར་ ཨ་ཙི་སྡོད་དགོ་ཟེར་སླབ་ད་ དེ་འཕྲོ་ལས་ ཆརཔ་ཟམ་ཟིམ་བཏང་འབབ་དོཝ་བཟུམ་སྦེ་ གནག་དུང་དུ་གིས་ ཨེ་ལུ་མཱས་ཀྱི་མིག་ཏོ་སྤུར་ཏེ་ མིག་གིས་མ་མཐོང་པར་ ལགཔ་ནུམ་བརྐྱབས་ཏེ་ ཁོ་ལུ་འཁྱིད་མི་ མི་གཞན་འཚོལ་ནུག 12 དེ་ལས་གཞུང་ཚབ་ཀྱིས་དེ་ཚུ་ག་ར་གཟིགསཔ་ད་ གཙོ་བོ་ཡེ་ཤུ་གི་སྐོར་ལས་སྟོན་མི་དེ་ལུ་ གནམ་མེད་ས་མེད་ཡ་མཚན་ཆེ་སྟེ་ དད་པ་བསྐྱེད་ནུག། 13 དེ་ལས་ པའུལ་དང་ ཁོ་གི་ལྟོ་ཚང་ཆ་ཁྱབ་ ཁྲོམ་ པ་ཕཱོས་ནང་ལས་གྲུ་ནང་འཛུལ་ཏེ་ ལུང་ཕྱོགས་ པམ་ཕི་ལི་ཡ་ནང་ཡོད་མི་ པེར་ག་ཁྲོམ་ལུ་ལྷོད་ནུག་ དེ་ཁར་ལས་ ཡོ་ཧ་ནཱན་མཱར་ཀུ་ ཁོང་ལུ་བཞག་སྦེ་ ཡེ་རུ་ཤ་ལེམ་ལུ་ལོག་སོང་ནུག 14 དེ་ལས་ཁོང་གཉིས་ཁྲོམ་ པེར་ག་ལས་སྦེ་བརྐྱབས་ཏེ་ ལུང་ཕྱོགས་ ཕི་སི་དི་ཡ་ནང་ཡོད་མི་ཁྲོམ་ ཨཱན་ཏི་ཡོག་ལུ་ལྷོདཔ་ད་ ངལ་འཚོ་བའི་ཉིནམ་སྦེ་ སི་ན་གོག་ནང་སོང་སྟེ་ མར་ས་ཁར་སྡོད་ནུག 15 དེ་ལས་ བཀའ་ཁྲིམས་དང་ལུང་སྟོན་པ་གི་དེབ་དེ་ཚུ་ལྷགཔ་ཚརཝ་ད་ སི་ན་གོག་གི་དབུ་མཛད་ཚུ་གིས་ཁོང་ལུ་ དབའེ་ ནུ་གཅུང་ཚུ་གིས་ང་བཅས་ཀྱི་འཛོམས་ས་ལུ་ སྐུལ་མ་རེ་སླབ་ནི་ཡོད་པ་ཅིན་སླབ་གནང་ཟེར་སླབ་ད། 16 དེ་ལས་ པའུལ་ཡར་ལོང་ཞིནམ་ད་ མི་འདི་ཚུ་ཁུ་སིམ་སི་སྦེ་སྡོད་ནི་གི་དོན་ལུ་ ཁོ་རང་གི་ལག་པ་གིས་བརྡ་བཏོན་ཏེ་ ཆོས་དེ་སྦེ་བཤད་ནུག་ ང་བཅས་རའི་ ཨཱིས་ར་ཨཱེལ་པ་ཆ་ཁྱབ་དང་ དཀོན་མཆོག་དང་གཞན་འབྲེལ་ཡོད་མི་ ཕྱིའི་མི་རིགས་ཚུ་ ནཱ་ལུ་ཉན་གནང་། 17 ཨཱིས་ར་ཨཱེལ་རྒྱལ་ཁབ་ཀྱི་དཀོན་མཆོག་གིས་ ང་བཅས་ཕ་བརྒྱུད་ཚུ་ལུ་བཙག་འཐུ་མཛད་གནང་སྟེ་ ཁོང་ ཨི་ཇིབ་རྒྱལ་ཁབ་ནང་སྡོད་པའི་སྐབས་ལུ་ཡང་ སྟོབས་ཤུགས་དང་མི་རློབས་ཡར་འཕེལ་འགྱོ་བཅུག་སྟེ་ ཤུལ་ལས་དཀོན་མཆོག་ཁོ་རང་གི་དབང་ཤུགས་ཀྱིས་ ཁོང་ ཨི་ཇིབ་རྒྱལ་ཁབ་ཀྱི་བྱ་རོགས་རྒྱུག་སྡོད་ས་ལས་བཏོན་འཁྱིད་དེ། 18 རི་སྟོང་ནང་དཀོན་མཆོག་གིས་ ལོ་བཞི་བཅུ་དེ་ཅིག་ ཁོང་གི་སྤྱོད་ལམ་ལུ་ཐུགས་བཟོད་པ་བསྒོམས་གནང་ནུག 19 དེ་ལས་དཀོན་མཆོག་གིས་ ཀ་ནཱན་ལུ་ཡོད་པའི་རྒྱལ་ཁབ་བདུན་གྱི་མི་དམངས་ཚུ་ རྩ་མེད་མཛད་དེ་ ཁོང་གི་རྒྱལ་ཁབ་འདི་ནང་ ང་བཅས་རའི་མི་སེར་ཚུ་ལུ་ རང་དབང་རང་བཙན་སྦེ་གནང་ནུག 20 དེ་ཚུ་ག་ར་འབྱུང་ནི་གི་དོན་ལུ་ དུས་ཡུན་ལོ་བཞི་བརྒྱ་ལྔ་བཅུ་འགོར་ནུག་ དེ་གི་ཤུལ་ལས་ ལུང་སྟོན་པ་ ས་མུ་ཨཱེལ་གྱི་དུས་སྐབས་མ་འོང་བར་ན་ དྲང་དཔོན་གྱིས་རྒྱལ་སྲིད་སྐྱོང་ནུག་ འདི་གི་ཤུལ་ལས་ དྲང་དཔོན་གྱིས་རྒྱལ་སྲིད་སྐྱོང་སྟེ་ ལུང་སྟོན་པ་ ས་མུ་ཨཱེལ་གྱི་དུས་སྐབས་ཚུན་ཚོད་སྡོད་ནུག 21 དེ་ལས་མི་སེར་ཚུ་གིས་ རྒྱལཔོ་དགོ་ནི་ཟེར་ཞུཝ་ད་ དཀོན་མཆོག་གིས་ཁོང་གི་དོན་ལུ་ རིགས་བརྒྱུད་ བེན་ཇ་མིན་ལས་ ཀཱིས་ཟེར་མི་གི་བུ་ སའུལ་ལུ་ བཙག་འཐུ་མཛད་གནང་སྟེ་ ཁོ་གིས་ལོ་བཞི་བཅུ་ཚུན་ཚོད་ རྒྱལ་སྲིད་སྐྱོང་ནུག 22 དེ་འབདཝ་ད་ དཀོན་མཆོག་གིས་ སའུལ་ལུ་ རྒྱལ་ཁྲི་ལས་བཏོན་ཞིནམ་ད་ དཀོན་མཆོག་གིས་ ཇེ་སི་ཟེར་མི་གི་བུ་ ད་བིད་ཀྱིས་འབད་མི་འདི་ ང་གིས་ཤེས་ དེ་བཟུམ་གྱི་མི་ལུ་ ང་གིས་དགའཝ་ཨིན་ ངེ་གི་འདོད་པ་བཞིན་དུ་ ག་ར་ཁོ་གིས་འབད་འོང་ཟེར་གསུངས་ཏེ་ ད་བིད་ལུ་ རྒྱལཔོ་སྦེ་བཀལ་གནང་ནུག 23 དེ་ལས་དཀོན་མཆོག་གིས་ ཨཱིས་ར་ཨཱེལ་པ་ཚུ་ལུ་སྐྱབས་མཛད་མི་སྐྱབས་མགོན་ཡེ་ཤུ་འདི་ རྒྱལཔོ་ ད་བིད་ཀྱི་རིགས་བརྒྱུད་ལས་འཁྲུངས་བཅུག་ནི་སྦེ་ ཁས་བླངས་བཞེས་ནུག 24 དེ་འབདཝ་ད་ ཡེ་ཤུ་མ་བྱོན་པའི་ཧེ་མ་ལས་ ཁྲུས་གསོལ་བྱིན་མི་ ཡོ་ཧ་ནཱན་འོངས་ཏེ་ ཨཱིས་ར་ཨཱེལ་པ་ག་ར་ལུ་སྡིག་པ་ལས་སེམས་འགྱུར་ཏེ་ དཀོན་མཆོག་ཁ་ཐུག་ལུ་ལོག་འོང་ཚུགས་པའི་དོན་ལུ་ ཁྲུས་གསོལ་ཞུ་དགོ་ཟེར་ ཆོས་བཤད་ནུག 25 ཡོ་ཧ་ནཱན་གྱིས་ཁོ་རང་གི་ལཱ་ཚུ་ཚར་ནི་འབདཝ་ད་ ཁོ་གིས་མི་ཚུ་ལུ་ ཁྱེད་ཆ་ཁྱབ་ཀྱིས་ ང་ག་ཨིན་མས་ཟེར་མནོ་བསམ་གཏངམ་སྨོ་ ཁྱེད་ཀྱིས་སྒུག་སྡོད་མི་འདི་ང་མེན་ དེ་འབདཝ་ད་ ནཱ་ཉན་ཤིག་ ངེ་གི་ཤུལ་ལས་མགྱོགས་པར་གཅིག་འབྱོན་དོ་ ཁོ་གི་ཞབས་ལྷམ་ཕུད་མི་གཅིག་གི་འོས་འབབ་ཡང་ ང་ལུ་མེད་ཟེར་སླབ་ནུག 26 ཨ་ནི་ཐར་པ་གི་སྐོར་ལས་གསུངས་མི་འདི་ ང་བཅས་རའི་སྤུན་ཆ་ཚུ་ ཨབ་ར་ཧམ་གྱི་བུ་བརྒྱུད་ཆ་ཁྱབ་དང་ དཀོན་མཆོག་དང་གཞན་འབྲེལ་ཡོད་མི་ ཕྱིའི་མི་རིགས་ཚུ་གི་དོན་ལུ་ཨིན། 27 ག་ཅི་སྨོ་ཟེར་བ་ཅིན་ ཡེ་རུ་ཤ་ལེམ་ལུ་སྡོད་མི་ཆ་ཁྱབ་དང་ ཁོང་གི་འགོ་དཔོན་དེ་ཚུ་གིས་ ཡེ་ཤུ་སྐྱབས་མགོན་ཨིན་ཟེར་མ་ཤེས་པས་ ལུང་སྟོན་པ་གིས་བྲིས་བཞག་མི་གསུང་རབ་འདི་ ངལ་འཚོ་བའི་ཉིནམ་ལུ་ཨ་རྟག་རང་ལྷབ་སྟེ་འབད་རུང་ དེ་གི་དོན་དག་ཁོང་གིས་ཧ་མ་གོ་བས་ ཨིན་རུང་ ཁོང་ཆ་ཁྱབ་ཀྱིས་ཁོ་ལུ་བཀྲོངས་ཏེ་ ལུང་སྟོན་པ་གིས་ཡེ་ཤུ་གི་སྐོར་ལས་གསུངས་བཞག་མི་དེ་ཚུ་ག་ར་ ཁོང་གིས་བསྒྲུབ་བཅུག་ནུག 28 ཁོང་གིས་ཡེ་ཤུ་ལུ་བཀྲོང་དགོ་པའི་དོན་དག་ ག་ནི་ཡང་མ་ཐོབ་སྟེ་འབད་རུང་ ཁོང་གིས་གཞུང་ཚབ་ པི་ལ་ཏུས་ལུ་ཡེ་ཤུ་བཀྲོང་དགོ་ཟེར་གསོལཝ་བཏབ་ནུག 29 ད་རུང་ཁོང་གིས་ ཡེ་ཤུ་གི་སྐོར་ལས་གསུང་རབ་ནང་བྲིས་བཞག་དོཝ་བཟུམ་སྦེ་ ག་ར་བསྒྲུབ་སྟེ་ ཁོ་གི་སྐུ་ཕུང་འདི་ ཁྲམ་ཤིང་གུ་ལས་མར་ཞུ་སྟེ་ དུར་ཁུང་ནང་བཙུགས་ནུག 30 དེ་རང་ཨིན་རུང་ དཀོན་མཆོག་གིས་ཁོ་ལུ་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་གནང་ཡི། 31 དེ་ལས་ཧེ་མ་ཁོ་དང་གཅིག་ཁར་ ག་ལི་ལི་ལུང་ཕྱོགས་ལས་ ཡེ་རུ་ཤ་ལེམ་ལུ་འགྱོ་མི་ཚུ་གིས་ ཚར་ལེ་ཤ་ཁོ་ལུ་མཇལ་ཡི་ ད་ལྟོ་ཁོང་ཆ་ཁྱབ་ཀྱིས་ ཨཱིས་ར་ཨཱེལ་གྱི་མི་ཚུ་ལུ་ འཛོམ་དཔང་འབད་དེས། 32 དཀོན་མཆོག་གིས་ང་བཅས་རའི་ཕ་བརྒྱུད་ཚུ་ལུ་ཁས་བླངས་བཞེས་ཏེ་ མཛད་གནང་མིའི་གཏམ་བཟང་འདི་ དཀོན་མཆོག་གིས་ ཡེ་ཤུ་ལུ་སྐུ་གསོན་པོ་སྦེ་བཞེངས་གནང་སྟེ་ ཁས་བླངས་སྒྲུབ་ཚར་མི་འདི་ ང་དང་ བཱར་ན་བཱས་ཀྱིས་ཁྱེད་ཆ་ཁྱབ་ལུ་སླབ་དོ་ འདི་བཟུམ་སྦེ་རང་མགུར་མ་ལེའུ་གཉིས་པའི་ནང་ཡང་། ཁྱོད་ངེ་གི་སྲས་ཨིན་ ད་རིས་ང་ཁྱོད་ཀྱི་ཡབ་སྦེ་བྱུང་ཡི་ཟེར་ བྲིས་ཏེ་འདུག 34 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁོ་ལུ་ གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་གནང་སྟེ་ ནམ་ཡང་རུལ་མི་འགྱོ་ཟེར་བའི་སྐོར་ལས་ ཁས་བླངས་ཧེ་མ་ལས་བཞེས་ཏེ་ གསུང་རབ་ནང་དེ་སྦེ། རྒྱལཔོ་ ད་བིད་ལུ་བྱིན་རླབས་དམ་པ་དང་ བརྟན་ཏོག་ཏོ་འདི་ཚུ་ང་གིས་བྱིན་ནི་ཨིན་ཟེར་མི་འདི་ ཁྱོད་ལུ་ཡང་བྱིན་ནི་ཨིན་ཟེར་ གསུངས་ནུག 35 ད་རུང་མགུར་མ་གཞན་གཅིག་ནང་ཡང་། ཁྱོད་ཀྱི་དམ་པ་འདི་རུལ་ཏེ་འགྱོ་མི་བཅུག་ཟེར་ བྲིས་ཏེ་འདུག 36 འདི་རྒྱལཔོ་ ད་བིད་ཀྱི་སྐོར་ལས་མེན་པས་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་རང་གི་དུས་སྐབས་ལུ་ དཀོན་མཆོག་གི་ཐུགས་དགོངས་དང་བསྟུན་ཏེ་ ཕྱག་ལཱ་ག་ར་མཛད་ཚར་ཏེ་ གཤགས་པའི་བསྒང་ལས་ ཁོ་རང་གི་ཕ་བརྒྱུད་དེ་ཚུ་དང་གཅིག་ཁར་དུར་ཁུང་ནང་བཙུགས་ཏེ་ ཁོ་གི་སྐུ་ཕུང་དེ་རུས་སོང་ནུག 37 དེ་འབདཝ་ད་ དཀོན་མཆོག་གིས་སྐུ་གསོན་པོ་བཞེངས་གནང་མིའི་མི་འདི་ མ་རུལ་བས། 38 དེ་འབདཝ་ལས་བརྟེན་ཏེ་ ང་བཅས་སྤུན་ཆ་ཚུ་ག་ར་གིས་ཧ་གོ་དགོ་ ཡེ་ཤུ་ལུ་དད་པ་བསྐྱེད་པའི་ཐོག་ལས་ སྡིག་པ་བཀའ་དྲིན་བསྐྱང་ནི་གི་ཆོས་འདི་ ཁྱེད་ཆ་ཁྱབ་ལུ་བཤད་དེ་ཡོད། 39 ཁྱེད་ཆ་ཁྱབ་ག་ར་འབད་རུང་ ལུང་སྟོན་པ་ མོ་སཱེས་ཀྱི་བཀའ་ཁྲིམས་བསྲུང་སྟེ་འབད་རུང་ སྡིག་པ་ལས་དགོངས་ཡངས་མི་ཐོབ་པས་ དེ་འབདཝ་ད་ ཡེ་ཤུ་ལུ་དད་པ་བསྐྱེད་པའི་ཐོག་ལས་ ཉེས་པ་དང་སྡིག་པ་ག་ར་ལས་ དཀོན་མཆོག་གིས་དགོངས་ཡངས་གནངམ་ཨིན། 40 དེ་འབདཝ་ལས་བརྟེན་ཏེ་ ཁྱེད་ཀྱིས་དྲན་པ་བཏོན་ཏེ་སྡོད་ ལུང་སྟོན་པ་གིས་བཤད་དོཝ་བཟུམ་སྦེ་ ཁྱེད་ལུ་བྱུང་མ་བཅུག 41 གསུང་རབ་ནང་ལུ། ཨ་ཁའི་ གཞན་ལུ་ཁ་གཏང་མི་ ཁྱེད་ཡ་མཚན་ཆེ་སྟེ་ཤི་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཆ་ཁྱབ་ཀྱི་དུས་སྐབས་ལུ་ ང་གིས་ལཱ་ག་ཅི་གཅིག་འབད་ནི་ཨིན་ ལཱ་འདི་འབད་ནི་ཟེར་ཁྱེད་ལུ་སླབ་རུང་ ཁྱེད་ཆ་ཁྱབ་ཀྱིས་བདེན་འཛིན་མི་རེ་ཟེར་ བྲིས་ཏེ་འདུག་ཟེར་ པའུལ་གྱིས་སླབ་ནུག 42 དེ་ལས་ པའུལ་དང་ བཱར་ན་བཱས་ སི་ན་གོག་ནང་ལས་འཐོན་འགྱོཝ་ད་ མི་དེ་ཚུ་གིས་ལོག་ཤུལ་མམ་གྱི་ངལ་འཚོ་བའི་ཉིནམ་ལུ་ཡང་ ང་བཅས་ལུ་ཆོས་བཤད་པ་འོང་གནང་ཟེར་གསོལཝ་བཏབ་ནུག 43 སི་ན་གོག་ནང་གི་ཞལ་འཛོམས་འདི་གྲོལ་བའི་ཤུལ་ལས་ ཡ་ཧུ་ད་པ་འདི་ཚུ་གི་གྲལ་ཁ་ལས་མ་ཚད་ ཡ་ཧུ་ད་པའི་ཆོས་ལུགས་འབད་མི་ཕྱིའི་མི་རིགས་ ཆོས་སེམས་ཡོད་མི་ཚུ་ཡང་ པའུལ་དང་ བཱར་ན་བཱས་ཀྱི་རྟིང་བདའ་འོངམ་ད་ ཁོང་གཉིས་ཀྱིས་ཁོང་ལུ་ དུས་ཨ་རྟག་རང་དཀོན་མཆོག་གི་ཐུགས་རྗེ་དང་མ་འབྲལ་བར་སྡོད་ཟེར་དྲན་བསྐུལ་འབད་ནུག། 44 ད་རུང་ཤུལ་མམ་གྱི་བདུན་ཕྲག་ནང་ལུ་ ཁྲོམ་གྱི་མི་མང་ཤོས་རང་ གཙོ་བོ་དཀོན་མཆོག་གི་གསུང་ཉན་ནིའི་དོན་ལུ་འཛོམས་ནུག 45 དེ་འབདཝ་ད་ ཡ་ཧུ་ད་པའི་འགོ་དཔོན་ཚུ་གིས་ མི་དམངས་ཆོས་ཉན་པ་འགྱོ་ས་མཐོངམ་ད་ ཁོང་མིག་ཏོ་ཚ་སྟེ་ པའུལ་གྱིས་བཤད་མི་ཆོས་ལུ་རྩོད་པ་བརྐྱབས་ཏེ་ མར་སྨད་བརྐྱབས་ནུག 46 དེ་འབདཝ་ད་ པའུལ་དང་ བཱར་ན་བཱས་ཀྱིས་སྤོབས་པ་ཆེ་ཏོག་ཏོ་སྦེ་ཁོང་ལུ་ དཀོན་མཆོག་གི་གསུང་འདི་འགོ་དང་པ་རང་ ཁྱེད་ཆ་ཁྱབ་ལུ་བཤད་དགོཔ་འདི་ གནམ་མེད་ས་མེད་ཁག་ཆེ་ཏོག་ཏོ་ཨིན་ དེ་འབདཝ་ད་ གཏམ་བཟང་འདི་ ཁྱེད་ཀྱིས་བཀག་བཞགཔ་མ་ཚད་ ཚེ་མཐའ་མེདཔ་ཐོབ་ནི་གི་འོས་འབབ་དེ་ཡང་ མེདཔ་བཟོཝ་ཨིན་མས་ ད་ང་བཅས་ཁྱེད་བཞག་སྟེ་ ཕྱིའི་མི་རིགས་ཚུ་སྡོད་སར་འགྱོ་ནི་ཨིན། 47 ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་དཀོན་མཆོག་གིས་ང་བཅས་ལུ་དེ་སྦེ་བཀའ་གནང་སྟེ། ང་གིས་ཁྱོད་ཕྱིའི་མི་རིགས་ཚུ་གི་སྦུག་ལུ་ འོད་སྦེ་གཏང་གཏངམ་ཨིན་ དེ་འབདཝ་ལས་ འཛམ་བུ་གླིང་གི་མཐའ་མ་ཚུན་ཚོད་ལུ་ ཁྱོད་ལས་རྒྱུད་དེ་ ག་ར་གིས་ཐར་པ་ཐོབ་ནི་ཨིན་ཟེར་ དེ་སྦེ་གསུངས་ནུག 48 དེ་ལས་ཁོང་ཕྱིའི་མི་རིགས་ཚུ་གིས་དེ་གོཝ་ད་ ཁོང་གནམ་མེད་ས་མེད་སེམས་དགའ་སྟེ་ གཙོ་བོའི་གསུང་གི་དོན་ལུ་ བཀྲིན་ཆེ་ཟེར་ཞུ་སྟེ་ བསྟོད་པ་ཕུལ་ནུག་ དེ་ལས་ དཀོན་མཆོག་གིས་ཁོང་ཕྱིའི་མི་རིགས་ཆ་ཁྱབ་ལུ་ ཚེ་མཐའ་མེདཔ་ཐོབ་མི་སྦེ་ བཙག་འཐུ་མཛད་ཚར་མི་འདི་ཚུ་གིས་ དད་པ་བསྐྱེད་དེ་ སློབ་མ་སྦེ་འོངས་ནུག 49 དེ་ཁར་གྱི་ལུང་ཕྱོགས་ག་ར་ནང་ གཙོ་བོ་གི་གསུང་འདི་དར་ཁྱབ་སོང་ནུག 50 དེ་འབདཝ་ད་ ཡ་ཧུ་ད་པ་ཚུ་གིས་ཆོས་ལུ་ མོས་གུས་བསྐྱེད་མི་ མི་བཟང་གི་ཨམ་སྲུ་དང་ ཁྲོམ་གྱི་འགོ་དཔོན་དེ་ཚུ་ལུ་དཀྲོགས་ཏེ་ པའུལ་དང་ བཱར་ན་བཱས་གཉིས་ལུ་གནོད་འཚེ་བཀལ་ཏེ་ ཁོང་གི་ས་གནས་ནང་ལས་བཏོན་བཏང་ནུག 51 དེ་འབདཝ་ད་ པའུལ་དང་ བཱར་ན་བཱས་ ཁོང་གཉིས་ཀྱིས་ རྐང་མ་གི་ཐལ་བ་འདི་ ཁོང་གི་སྒོ་ཁར་ལུ་སྤུད་བཞག་སྦེ་ ཁོང་རང་གཉིས་ཁྲོམ་ ཨི་ཀོ་ནི་ཨུམ་ལུ་སོང་ནུག 52 དེ་འབདཝ་ད་ཁྲོམ་ ཨཱན་ཏི་ཡོག་གི་སློབ་མ་དེ་ཚུ་ དམ་པའི་ཐུགས་ཉིད་ཀྱིས་གང་སྟེ་ གནམ་མེད་ས་མེད་སེམས་དགའ་སྟེ་སྡོད་ནུག།
1 དེ་ལས་ཁྲོམ་ ཨི་ཀོ་ནི་ཨུམ་ལུ་ཡང་ པའུལ་དང་ བཱར་ན་བཱས་ཀྱིས་ ཡ་ཧུ་ད་པའི་ སི་ན་གོག་ནང་སོང་སྟེ་ གནམ་མེད་ས་མེད་དབང་ཤུགས་ཡོད་པའི་ཆོས་བཤདཔ་ད་ ཡ་ཧུ་ད་པ་དང་ ཕྱིའི་མི་རིགས་ལས་ མི་ལེ་ཤ་དད་པ་བསྐྱེད་ནུག 2 དེ་འབདཝ་ད་ དད་པ་བསྐྱེད་མ་བཏུབ་མི་ ཡ་ཧུ་ད་པ་དེ་ཚུ་གིས་ ཕྱིའི་མི་རིགས་ཚུ་ལུ་དཀྲོགས་ཁ་བརྐྱབས་ཏེ་ ཁོང་སྤུན་ཆ་ཚུ་ལུ་མིག་ཁར་བཀལ་བཅུག་ནུག 3 དེ་འབདཝ་ལས་བརྟེན་ཏེ་ ཁོང་གཉིས་ཀྱིས་ཁྲོམ་དེ་ཁར་ ཡུན་རིངམ་སྦེ་སྡོདཔ་ད་ གཙོ་བོ་གིས་ཁོང་གཉིས་ཀྱི་ལཱ་གི་ཐོག་ལས་སྦེ་ རྫུ་འཕྲུལ་དང་རྟགས་མཚན་མ་གཅིགཔ་ལེ་ཤ་བཏོན་གནང་སྟེ་ སྤོབས་པ་ཆེ་ཏོག་ཏོ་སྦེ་ གཙོ་བོ་གི་ཐུགས་རྗེ་གི་སྐོར་ལས་ཆོས་བཤད་མི་འདི་ བདེན་པ་སྦེ་ཁུངས་བཀལ་ནུག 4 དེ་འབདཝ་ད་ ཁྲོམ་དེ་ཁར་གྱི་མི་དེ་ཚུ་ ཁོང་རང་ནང་འཁོད་མ་མཐུནམ་བྱུང་སྟེ་ ཁ་གཉིས་སྦེ་འགྱོཝ་ད་ ཁ་གཅིག་གིས་ ཡ་ཧུ་ད་པ་གི་ཁ་ཐུག་དང་ གཞན་མི་འདི་གིས་སྐུ་ཚབ་ཀྱི་ཁ་ཐུག་འབད་ནུག 5 དེ་ལས་ཕྱིའི་མི་རིགས་དང་ ཡ་ཧུ་ད་པ་དེ་ཚུ་ ཁྲོམ་གྱི་འགོ་དཔོན་ཚུ་དང་གཅིག་ཁར་ཁ་འཆམ་སྟེ་ ཁོང་སྐུ་ཚབ་ཚུ་ལུ་གནོད་པ་སྦོམ་བཀལ་ཏེ་ རྡོ་གིས་བརྡུང་གསད་ནི་སྦེ་གནས་སྐབས་བསྒྱིར་ནུག 6 འདི་ཁོང་སྐུ་ཚབ་ཚུ་གིས་ཤེས་ཏེ་ དེ་ཁར་ལས་ ལུང་ཕྱོགས་ ལི་ཀའོ་ནི་ཡཱ་ནང་ཡོད་མི་ ཁྲོམ་ ལིས་ཏྲ་དང་ དཱེར་བེ་དང་ དེའི་སྦོ་ལོགས་ཁར་ཡོད་མིའི་ས་གནས་ལུ་ཟུར་ཏེ་སོང་ནུག 7 ད་རུང་སྐུ་ཚབ་ཚུ་གིས་ཕར་གྱི་མི་དམངས་ལུ་ཡང་ གཏམ་བཟང་དེ་ འཕྲོ་མཐུད་དེ་རང་བཤད་ནུག། 8 ཁྲོམ་ ལིས་ཏྲ་ལུ་ མི་གཅིག་སྐྱེས་བའི་བསྒང་ལས་ ཞབོ་སྦེ་ དུས་ནམ་ཡང་ལམ་མ་འགྱོ་མི་གཅིག་ཡོདཔ་ཨིན་མས། 9 མི་དེ་གིས་ པའུལ་གྱིས་ཆོས་བཤད་ས་ ན་འཐན་སྦེ་ཉན་སྡོདཔ་ད་ པའུལ་གྱིས་ཞབོ་དེ་ལུ་ ཐད་ཀར་དུ་བལྟ་སྟེ་ ཁོ་རང་དྲག་ཚུགས་པའི་དད་པ་ཡོདཔ་ པའུལ་གྱིས་ཤེས་ཏེ། 10 སྐད་སྦོམ་སྦེ་བརྐྱབས་ཏེ་ ཁྱོད་རང་གིས་རྐངམ་བཙུགས་ཏེ་ ཡར་ལོང་ཟེར་སླབ་ད་ དེ་འཕྲོ་ལས་ཞབོ་དེ་གིས་ ཡར་མཆོང་ ལམ་འགྱོ་ནུག 11 པའུལ་གྱིས་འབད་མི་ལཱ་དེ་ཚུ་མཐོངམ་ད་ མི་དམངས་ཀྱིས་ཁོང་རང་གི་ཁ་ནང་ལུ་ སྐད་སྦོམ་སྦེ་བརྐྱབས་ཏེ་ ལྷ་དེ་ཚུ་ང་བཅས་སྡོད་སར་ མི་གི་ལུས་ནང་སྤྲུལ་ཏེ་བྱོན་ནུག་ཟེར་སླབ་ནུག 12 ད་རུང་ཁོང་ཆ་ཁྱབ་ཀྱིས་ བཱར་ན་བཱས་ལུ་ གིརིག་གི་ལྷ་གི་མིང་ ཟེའུས་དང་ པའུལ་ལུ་ ཧཱེར་མཱེས་ཟེར་མིང་བཏགས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ལྷ་ ཧཱེར་མཱེས་དེ་ སྐད་གྲགས་ཆེ་ཏོག་ཏོ་ཨིནམ་ལས་ འདི་བཟུམ་སྦེ་ པའུལ་ཡང་ ཆོས་བཤད་མི་གཙོ་བོ་དེ་ ཁོ་འབད་ནི་འདི་གིས་ཨིན་མས། 13 ལྷ་ ཟེའུས་ཀྱི་ལྷ་ཁང་དེ་ ཁྲོམ་གྱི་ཕྱི་ཁར་ལུ་ཡོདཔ་ཨིན་མས་ འདི་ནང་གི་བླམ་དང་མི་དམངས་ཀྱིས་ གླང་དང་མེ་ཏོག་དེ་ཚུ་ཡང་ ཁྲོམ་གྱི་སྒོ་ར་སྒོ་ཁར་འབག་འོངས་ཏེ་ ཁོང་སྐུ་ཚབ་གཉིས་ལུ་ དམར་མཆོད་ཕུལ་ནི་འབད་ནུག 14 སྐུ་ཚབ་ བཱར་ན་བཱས་དང་ པའུལ་གྱིས་འདི་གོཝ་ད་ རང་གི་གཟུགས་ཁ་གི་བགོ་ལ་ཡོད་རུང་སྤེད་དེ་ མི་དམངས་ཀྱི་སྦུག་ལུ་བརྒྱུགས་སོང་སྟེ་ སྐད་སྦོམ་སྦེ། 15 དབའེ་ ཁྱེད་ཆ་ཁྱབ་ ག་ཅི་འབད་རང་འདི་བཟུམ་གྱི་ལཱ་འབདཝ་སྨོ་ ང་བཅས་ཡང་ཁྱེད་བཟུམ་སྦེ་ མི་རང་ཨིན་ ཁུངས་མེད་པའི་སྐུ་ལུ་ དད་པ་བསྐྱེད་ནི་ལས་སེམས་འགྱུར་ཏེ་ གནམ་ཁ་དང་ས་གཞི་ རྒྱ་མཚོ་ དེ་ལས་འདི་ནང་ཡོད་མི་ ག་ར་མཛད་མིའི་དཀོན་མཆོག་ངོ་མ་ལུ་ དད་པ་བསྐྱེད་ནི་གི་གཏམ་བཟང་འདི་ ང་བཅས་ཀྱིས་ཁྱེད་ལུ་བཤད་པ་འོངམ་ཨིན། 16 ཧེ་མ་ འདས་པའི་དུས་ལུ་ ཁོ་གིས་དང་པ་རང་ མི་རིགས་ག་ར་ རང་རང་སོ་སོ་གི་འདོད་པ་ལྟར་དུ་ ག་དགའཝ་འབད་བཅུག་ནུག 17 དེ་རང་ཨིན་རུང་ ཁོ་གི་བཀའ་དྲིན་ལས་བརྟེན་ཏེ་ ནམ་མཁའ་ལས་ཆར་ཆུ་དུས་ལུ་འབབས་ དུས་ཚོད་ལུ་ལོ་ཐོག་ལེགས་ཤོམ་འཚོ་ བཟའ་འཐུང་ཚུ་མ་ཆད་པར་གནང་སྟེ་ ཁྱེད་ལུ་དགའ་སྤྲོ་ནང་ལུ་བཞག་མི་འདི་ དཀོན་མཆོག་ཁོ་རང་རང་ཨིན་ཟེར་ འཛོམ་དཔང་མ་མཛད་པར་མ་བཞག་ཟེར་དེ་སྦེ་སླབ་ནུག 18 པའུལ་དང་ བཱར་ན་བཱས་ཀྱིས་ལོ་རྒྱུས་འདི་ཚུ་ཁུངས་གསལ་ཏེ་སླབ་རུང་ མི་དམངས་ཀྱིས་ཁོང་ལུ་དམར་མཆོད་ཕུལ་ནི་ལས་ བཀག་ནི་ལུ་གནམ་མེད་ས་མེད་ལཱ་ཁག་བརྐྱབས་ནུག 19 དེ་འབདཝ་ལས་ ཁྲོམ་ ཨཱན་ཏི་ཡོག་དང་ ཁྲོམ་ ཨི་ཀོ་ནི་ཨུམ་ལས་ ཡ་ཧུ་ད་པ་དེ་ཚུ་འོངས་ཏེ་ མི་དམངས་ལུ་དཀྲོགཔ་ད་ མི་དམངས་ཀྱིས་ཁོང་གི་ཁ་ལུ་ཉན་ཏེ་ པའུལ་ལུ་རྡོ་གིས་བརྡུང་ནུག་ དེ་ལས་ཁོང་གིས་འབད་བ་ཅིན་ ཁོ་ཤི་སོང་ནུག་ཟེར་མནོ་སྟེ་ ཁོ་ཁྲོམ་ཁ་ལས་འདྲུད་དེ་ ཕྱི་ཁར་བཀལ་ནུག 20 དེ་འབདཝ་ད་ སློབ་མ་དེ་ཚུ་གིས་ ཁོ་བསྐོར་རི་རྐྱབ་ཡར་ལོང་སྡོདཔ་ད་ པའུལ་ཡར་ལོང་སྟེ་ཁྲོམ་ཁར་ལོག་སོང་སྦེ་ འདི་གི་ནངས་པ་དྲོ་པ་ ཁོ་རང་གི་ཆ་རོགས་ བཱར་ན་བཱས་དང་གཅིག་ཁར་ ཁྲོམ་ དཱེར་བེ་ལུ་སོང་ནུག། 21 ཁྲོམ་ དཱེར་བེ་ལུ་ཡང་ ཁོང་གཉིས་ཀྱིས་ དཀོན་མཆོག་གི་གཏམ་བཟང་བཤདཔ་ད་ མི་ལེ་ཤ་གིས་དད་པ་བསྐྱེད་དེ་ སློབ་མ་སྦེ་འོངས་ནུག་ ད་རུང་ཁོང་ཁྲོམ་ ལིས་ཏྲ་དང་ ཁྲོམ་ ཨི་ཀོ་ནི་ཨུམ་ ལུང་ཕྱོགས་ ཕི་སི་དི་ཡ་གི་ཁྲོམ་ ཨཱན་ཏི་ཡོག་ལུ་ལོག་སོང་སྟེ། 22 ཁོང་གིས་སློབ་མ་ཚུ་ སྒྲིང་སྒྲིང་བཟོ་ཡི་རང་ དད་པ་བསྐྱེད་དེ་རང་སྡོད་དགོ་ཟེར་སེམས་གསོ་འབད་ནུག་ དེ་ལས་དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་ནིའི་དོན་ལུ་ སྡུག་བསྔལ་ལེ་ཤ་མྱོང་དགོ་ཟེར་དྲན་བསྐུལ་འབད་ནུག 23 དེ་ལས་ པའུལ་དང་ བཱར་ན་བཱས་ཀྱིས་ སྨྱུང་གནས་བསྲུང་ སྨོན་ལམ་ཞུ་ཞིནམ་ད་ ཆོས་ཚོགས་རེ་རེ་ནང་འགོ་འདྲེན་པ་བཀལ་ཏེ་ ཁོང་ཆ་ཁྱབ་ བློ་གཏད་ཚུགས་མི་གཙོ་བོ་གི་ཕྱག་ལུ་ཕུལ་ནུག 24 དེ་ལས་ཁོང་གཉིས་ ལུང་ཕྱོགས་ ཕི་སི་དི་ཡ་ལས་བརྐྱབས་ཏེ་ ལུང་ཕྱོགས་ པམ་ཕི་ལི་ཡ་ལུ་སོང་སྟེ། 25 དཀོན་མཆོག་གི་གསུང་འདི་ ཁྲོམ་ པེར་ག་ནང་བཤད་ཚརཝ་ད་ ཁྲོམ་ ཨ་ཏ་ལེ་ཡ་ནང་སོང་ནུག 26 དེ་ཁར་ལས་གྲུ་ནང་ལོག་སྟེ་ ལུང་ཕྱོགས་ སི་རི་ཡ་གི་ཁྲོམ་ ཨཱན་ཏི་ཡོག་ལུ་སོང་ནུག་ ཨཱན་ཏི་ཡོག་དེ་ཧེ་མ་དདཔ་ཅན་ཚུ་གིས་ ཁོང་གཉིས་གཙོ་བོ་གི་ཕྱག་འོག་ལུ་ཕུལ་གཏང་ས་ཨིན་ དེ་ལས་དཀོན་མཆོག་གི་ཐུགས་རྗེ་ལུ་བརྟེན་ཏེ་ ཁོང་གཉིས་ཀྱི་ལཱ་ཚུ་ག་ར་དོན་དག་གྲུབ་སྦེ་ ལོག་འོང་ཚུགས་ནུག 27 ཁོང་དེ་ཁར་ལྷོདཔ་ད་ ཁོང་གིས་ཆོས་ཚོགས་ག་ར་གཅིག་ཁར་འབོ་ཞིནམ་ད་ དཀོན་མཆོག་གིས་ཁོང་དང་གཅིག་ཁར་ ག་དེམ་ཅིག་ཕྱག་ལཱ་མཛད་གནང་ཡི་ག་ དེ་ལས་ཕྱིའི་མི་རིགས་ཚུ་གིས་ ག་དེ་སྦེ་སེམས་ཀྱི་སྒོ་ཕྱེ་སྟེ་ དད་པ་བསྐྱེད་དེ་འོངས་ཡི་ག་ དེ་ཚུ་ག་ར་བཤད་དེ་སླབ་ནུག 28 དེ་ལས་ཁོང་གཉིས་སློབ་མ་ཚུ་དང་གཅིག་ཁར་ ཡུན་རིངམ་སྦེ་ཁྲོམ་ ཨཱན་ཏི་ཡོག་ལུ་སྡོད་ནུག།
1 ཉིནམ་གཅིག་གི་ཚེ་ ལུང་ཕྱོགས་ ཡུ་དེ་ཡ་ལས་མི་ལ་ལུ་ཅིག་གིས་ཁྲོམ་ ཨཱན་ཏི་ཡོག་ལུ་འོངས་ཏེ་ མོ་སཱེས་ཀྱིས་སྟོན་མི་ལུགས་སྲོལ་དང་བསྟུན་ཏེ་ ཁྱེད་ཆ་ཁྱབ་ཀྱིས་ གཟུགས་གུ་རྟགས་བཀལ་ཏེ་ ལུས་གཙངམ་མ་བཟོ་བ་ཅིན་ ཐར་པ་མི་ཐོབ་ཟེར་ དདཔ་ཅན་ཚུ་ལུ་ཆོས་སྟོན་ནུག 2 འདི་གི་སྐོར་ལས་ པའུལ་དང་ བཱར་ན་བཱས་ ཁོང་དང་གཅིག་ཁར་རྩོད་པ་གནམ་མེད་ས་མེད་བརྐྱབས་ཏེ་ མ་མཐུནམ་བྱུང་ནུག་ དེ་ལས་མཐའན་མཇུག་ལུ་ ཕར་གྱི་དདཔ་ཅན་ཚུ་གིས་ པའུལ་དང་ བཱར་ན་བཱས་གཉིས་དང་ གཡུས་མཐའ་འཁོར་གྱི་དདཔ་ཅན་ལ་ལུ་ཅིག་ ཡེ་རུ་ཤ་ལེམ་ལུ་ སྐུ་ཚབ་དང་འགོ་འདྲེན་པ་ཚུ་ལུ་ དྲི་བ་འདི་གི་སྐོར་ལས་བསྟུན་གྲོས་རྐྱབ་པ་འགྱོ་ནི་སྦེ་ གྲོས་ཐག་བཅད་ནུག 3 དེ་ལས་ཆོས་ཚོགས་ཀྱིས་ ཁོང་ ཡེ་རུ་ཤ་ལེམ་ལུ་བཏངམ་ད་ ཁོང་ཆ་ཁྱབ་ལུང་ཕྱོགས་ ཕོ་ནི་སི་ཡ་དང་ལུང་ཕྱོགས་ ས་མ་རི་ཡ་གི་དདཔ་ཅན་ཚུ་འབད་ས་ལས་སྦེ་བརྐྱབས་ཏེ་འགྱོཝ་ད་ ཕྱིའི་མི་རིགས་ཚུ་གིས་ཡང་དད་པ་བསྐྱེད་པའི་སྐོར་ལས་སླབ་ད་ ཁོང་དདཔ་ཅན་ཚུ་གནམ་མེད་ས་མེད་སེམས་དགའ་ནུག 4 དེ་ལས་ཁོང་ ཡེ་རུ་ཤ་ལེམ་ལུ་ལྷོདཔ་ད་ ཆོས་ཚོགས་དང་ སྐུ་ཚབ་ འགོ་འདྲེན་པ་ཚུ་གིས་ ཁོང་ལུ་བྱོན་པ་ལེགས་སོ་ཟེར་ཞུ་ནུག་ དེ་ལས་དཀོན་མཆོག་གིས་ཁོང་གཉིས་ལས་སྦེ་ ཧ་ལས་པའི་ཕྱག་ལཱ་མཛད་གནང་མི་ག་ར་ ཁོང་ལུ་བཤད་དེ་སླབ་ནུག 5 དེ་འབདཝ་ད་ ཕ་རུ་ཤི་པ་གི་ཆོས་ལུགས་ལས་འོངས་ཏེ་དད་པ་བསྐྱེད་མི་ལ་ལུ་གིས་ དེ་ཁར་ལོང་སྟེ་ ཁོང་གིས་ ཕྱིའི་མི་རིགས་ལས་འོང་མི་ཚུ་ག་ར་ གཟུགས་གུ་རྟགས་བཀལ་ཏེ་ མོ་སཱེས་ཀྱི་བཀའ་ཁྲིམས་རིམ་པ་བཞིན་དུ་སྲུང་སྟེ་སྡོད་དགོ་ཟེར་སླབ་ནུག 6 དེ་ལས་སྐུ་ཚབ་དང་འགོ་འདྲེན་པ་འདི་ཚུ་ གཅིག་ཁར་འཛོམས་ཏེ་ དྲི་བ་དེ་གི་སྐོར་ལས་བསྟུན་གྲོས་ལེ་ཤ་བརྐྱབས་ནུག 7 དེ་གི་ཤུལ་ལས་ པེ་ཏྲོ་གིས་ཡར་ལོང་སྟེ་ དབའེ་སྤུན་ཆ་ཚུ་ དུས་ཚོད་ཧེ་མ་ལས་རང་ ཕྱིའི་མི་རིགས་ཚུ་ལུ་ང་གིས་གཏམ་བཟང་བཤད་དེ་ ཁོང་གིས་ཉན་ཏེ་དད་པ་བསྐྱེད་འོང་ནི་གི་དོན་ལུ་ དཀོན་མཆོག་གིས་ཁྱེད་ཆ་ཁྱབ་ཀྱི་སྦུག་ལས་ ང་ལུ་བཙག་འཐུ་མཛད་གནང་མི་དེ་ ཁྱེད་ཀྱིས་ཤེས། 8 ད་རུང་ང་བཅས་ཀྱི་མནོ་བསམ་ཚུ་ག་ར་མཁྱེན་མི་དཀོན་མཆོག་གིས་ ང་བཅས་ཆ་ཁྱབ་ལུ་དམ་པའི་ཐུགས་ཉིད་གནང་དོཝ་བཟུམ་སྦེ་ ཕྱིའི་མི་རིགས་ཚུ་ལུ་ཡང་དམ་པའི་ཐུགས་ཉིད་གནང་ཡི་ ཨ་ནི་འདི་ཐུགས་དགྱེས་པའི་ཁུངས་ཨིན། 9 ང་བཅས་དང་ཁོང་གི་བར་ན་ དབྱེ་བ་ག་ནི་ཡང་མཛད་མ་གནང་པར་ ཁོང་རང་གི་དད་པའི་སྒོ་ལས་སྦེ་ སེམས་གཙངམ་མཛད་ནུག 10 ད་ཁྱེད་ཆ་ཁྱབ་ཀྱིས་འབག་མ་ཚུགས་པའི་འགན་ཁུར་འདི་ ག་ཅི་འབད་ ཕྱི་ལས་འོང་མིའི་སློབ་མ་ཚུ་གི་ལྟག་ཀོ་གུ་བཀལ་ཏེ་ དཀོན་མཆོག་གི་ཐུགས་ཚོད་བལྟཝ་སྨོ་ འགན་ཁུར་འདི་ང་བཅས་རའི་ཕ་བརྒྱུད་ཚུ་གིས་ཡང་ འབག་མ་ཐེགཔ་ཨིན་ དེ་མ་ཚད་ང་བཅས་རང་གིས་ཡང་འབག་མ་ཐེགཔ་ཨིན། 11 དེ་འབདཝ་ད་ ང་བཅས་ཀྱིས་བདེན་འཛིན་རེ་ཡི་ གཙོ་བོ་ཡེ་ཤུ་གིས་ཐུགས་རྗེ་ལས་བརྟེན་ཏེ་ ཐར་པ་ཐོབ་སྟེ་ཡོད་ དེ་བཟུམ་སྦེ་ཁོང་ཆ་ཁྱབ་ཡང་ ཁོ་གི་ཐུགས་རྗེ་གི་ཐོག་ལས་སྦེ་ ཐར་པ་ཐོབ་ནི་ཨིན་ཟེར་ པེ་ཏྲོ་གིས་སླབ་ཚརཝ་ད། 12 ད་རུང་ལོག་སྟེ་རང་ བཱར་ན་བཱས་དང་ པའུལ་གྱིས་ ཁོང་གི་ཐོག་ལས་སྦེ་དཀོན་མཆོག་གིས་ ཕྱིའི་མི་རིགས་ཚུ་གི་སྦུག་ལུ་ག་དེ་སྦེ་ ཧ་ལས་པའི་ཕྱག་ལཱ་དང་རྟགས་མ་གཅིགཔ་ཚུ་མཛད་ཅི་ག་ དེ་ཚུ་ག་ར་བཤད་དེ་སླབ་ད་ ཞལ་འཛོམས་ནང་ཡོད་མི་ག་ར་ལོ་རྒྱུས་འདི་ལུ་ཉན་ཏེ་ ཁུ་སིམ་སི་སྦེ་སྡོད་ནུག 13 ཁོང་གཉིས་ཀྱིས་སླབ་ཚརཝ་ད་ ད་རུང་ ཡ་ཀོབ་ཀྱིས་ཡང་ཡར་ལོང་སྟེ་ དབའེ་སྤུན་ཆ་ཚུ་ནཱ་ཉན་ཤིག 14 དཀོན་མཆོག་གིས་དང་པ་ ཕྱིའི་མི་རིགས་ཚུ་ལུ་ཐུགས་རྗེ་གཟིགས་ཏེ་ ཁོང་རང་གི་སྦུག་ལས་བཙག་འཐུ་མཛད་དེ་ ཁོ་རང་གི་མི་སྦེ་མཛད་གནང་མི་དེ་ པེ་ཏྲོ་ གིས་ད་ལྟོ་འགྲེལ་བཤད་བརྐྱབས་ཏེ་སླབ་ཅི། 15 དཔེ་དེ་བཟུམ་སྦེ་ལུང་སྟོན་པ་ཚུ་གིས་ཡང་ ཧེ་མ་ལས་ཕྱིའི་མི་རིགས་ཚུ་གི་སྐོར་ལས། 16 དེ་གི་ཤུལ་ལས་ང་ལོག་འོངས་ཏེ་ ད་བིད་ཀྱི་རྒྱལ་སྲིད་མར་རམས་ཡར་སོང་མི་འདི་ ལོག་སྟེ་ཡར་རྩིགཔ་ནི་ གྱང་འཁོགས་ཐལ་ལུས་མི་ཚུ་ཡང་ བཅོ་ཁ་བརྐྱབས་ཏེ་སྒྲིང་སྒྲིང་བཟོ་ནི་ཨིན། 17 དེ་འབདཝ་ལས་བརྟེན་ཏེ་ ངེ་གི་མི་སྦེ་འབོ་མི་ཕྱིའི་མི་རིགས་ག་ར་དང་ ཤུལ་ལས་ལུས་སྡོད་མི་ག་ར་གིས་ཡང་ ང་ལུ་འཚོལ་ཚུགས། 18 ལོ་རྒྱུས་འདི་ཧེ་མ་ལས་ད་རེས་ཚུན་ཚོད་ འཕྲོ་མཐུད་དེ་རང་ངེ་གི་མི་ཚུ་ལུ་སྟོནམ་ཨིན་ཟེར་ བྲིས་ཏེ་འདུག 19 ད་ང་གིས་གཏམ་ཕྲང་སྟེ་སླབ་པ་ཅིན་ ཕྱིའི་མི་རིགས་ཚུ་ལས་ དཀོན་མཆོག་ཁ་ཐུག་སེམས་འགྱུར་འོང་མི་ཚུ་ལུ་ ང་བཅས་ཀྱིས་སྡུག་བྱིན་ནི་མི་འོང་། 20 དེ་འབདཝ་ད་ སྲུང་དགོ་མི་དེ་ཚུ་ སྐུ་ལུ་ཚོགས་ཕུལ་ཕུལ་བའི་བཞེས་སྒོ་དང་ སྐེ་བསྡམས་ཏེ་གསད་མི་སེམས་ཅན་གྱི་ཤ་ཟ་ནི་ ཁྲག་འཐུང་ནི་ དེ་ལས་འདོད་ཆགས་ཀྱི་ལུས་འབྲེལ་འབད་ནི་ཚུ་ལས་ བསྲུང་དགོ་ཟེར་བཀའ་ཤོག་གཏང་ནི་སྦེ་ ང་བཅས་ཐག་བཅད་ནི་ཨིན། 21 ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་གི་དུས་སྐབས་ལས་ གཡུས་ཚན་གྱི་ སི་ན་གོག་ག་ར་ནང་ངལ་འཚོ་བའི་ཉིནམ་རེ་རེ་བཞིན་དུ་ མོ་སཱེས་ཀྱི་བཀའ་ཁྲིམས་ལྷག་སྟེ་ཆོས་བཤད་དེ་ཡོད་ ཟེར་སླབ་ནུག། 22 དེ་ལས་སྐུ་ཚབ་དང་འགོ་འདྲེན་པ་ཚུ་ ཡེ་རུ་ཤ་ལེམ་གྱི་ཆོས་ཚོགས་ག་ར་ འཛོམས་པའི་ཐོག་ལས་ ཁོང་གི་གྲལ་ལས་ མི་དག་པ་གཅིག་བཙག་འཐུ་འབད་དེ་ པའུལ་དང་ བཱར་ན་བཱས་གཉིས་དང་གཅིག་ཁར་ ཁྲོམ་ ཨཱན་ཏི་ཡོག་ལུ་ གནས་ཚུལ་ཚུ་སླབ་པ་གཏང་ནི་སྦེ་ གྲོས་ཐག་བཅད་ནུག་ དེ་ལས་ཆོས་ཚོགས་ཀྱི་ནང་ན་ལས་འཐུས་མི་ ག་ར་གིས་ཞེ་ས་འབད་མི་ ཡུ་དཱས་ལུ་ བཱར་ས་བཱས་ཟེར་ཡང་སླབ་མི་དང་ སི་ལཱས་ཟེར་མི་གཉིས་ལུ་བཙག་འཐུ་འབད་དེ། 23 ཁོང་ལུ་བཀལ་གཏང་མིའི་བཀའ་རྒྱ་འདི་ནང་དེ་སྦེ་བྲིས་ནུག ང་བཅས་ ཡེ་རུ་ཤ་ལེམ་ལུ་ཡོད་མི་སྐུ་ཚབ་དང་འགོ་འདྲེན་པ་ཚུ་ལས་ ཁྱེད་སྤུན་ཆ་ཁྱབ་ ཁྲོམ་ ཨཱན་ཏི་ཡོག་ དེ་ལས་ལུང་ཕྱོགས་ སི་རི་ཡ་དང་ ཀི་ལི་ཀི་ཡ་ནང་སྡོད་མི་ ཕྱིའི་མི་རིགས་ལས་འོང་མི་དདཔ་ཅན་ཚུ་ལུ་ སྐུ་གཟུགས་བཟང་པོ་ཟེར་ཞུ་དོ། 24 ང་བཅས་ཀྱི་གྲལ་ལས་ མི་ལ་ལུ་ཅིག་གིས་ཁྱེད་སྡོད་སར་འོངས་ཏེ་ སློབ་སྟོན་འཛོལ་བ་སྟོན་ཏེ་ ཁྱེད་སེམས་ཤི་བཅུག་ནུག་ཟེར་ང་བཅས་ཀྱིས་གོ་ཡི་ དེ་འབདཝ་ད་ ཁོང་ལུ་ང་བཅས་ཀྱིས་དབང་ཚད་བྱིན་ཏེ་གཏང་གཏངམ་མེད། 25 ང་བཅས་ག་ར་ཁ་འཆམ་སྟེ་ ང་བཅས་ཀྱི་བྱམས་པའི་སྤུན་ཆ་ བཱར་ན་བཱས་དང་ པའུལ་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཞབས་ཕྱི་ཞུ་ནི་ལུ་ ཁོང་རང་གི་སྲོག་ལུ་ཡང་མ་ཕང་མི་ གཉིས་དང་གཅིག་ཁར་ ཁ་འཐེན་འབག་མི་དག་པ་ཅིག་ ཁྱེད་སྡོད་སར་གཏང་ནི་སྦེ་ཐག་ཆོད་ཅི། 27 དེ་འབདཝ་ལས་བརྟེན་ཏེ་ ཁྱེད་ཀྱི་དྲི་བ་གི་སྐོར་ལས་ ང་བཅས་ཀྱིས་གྲོས་ཐག་ཆོད་མི་འདི་ ཡི་གུ་ནང་བྲིས་ཏེ་ ཁྱེད་སྡོད་སར་ལུ་ ཡུ་དཱས་དང་ སི་ལཱས་གཉིས་གཏང་དོ་ ཁོང་གིས་ཡང་འདི་གི་སྐོར་ལས་ ཧིང་སང་ས་སྦེ་སླབ་འོང་། 28 ག་ཅི་སྨོ་ཟེར་བ་ཅིན་ དམ་པའི་ཐུགས་ཉིད་ཀྱིས་ང་བཅས་ལུ་སྟོན་གནང་མི་དང་འཁྲིལ་ཏེ་ ཁག་ཆེ་བའི་བསྲུང་དགོ་པའི་འགན་ཁུར་འདི་མ་གཏོགས་ གཞན་དོན་མེད་པའི་ཁུར་ཆ་མ་བཀལ་བ་ཅིན་ ལེགས་ཤོམ་འོང་ཟེར་མནོ་ཡི། 29 སྲུང་དགོ་མི་འདི་ཚུ་ཨ་ནི་ཨིན་ སྐུ་ལུ་ཚོགས་ཕུལ་ཕུལ་བའི་བཞེས་སྒོ་དང་ སྐེ་བསྡམས་ཏེ་གསད་མི་སེམས་ཅན་གྱི་ཤ་ཟ་ནི་ ཁྲག་འཐུང་ནི་ དེ་ལས་འདོད་ཆགས་ཀྱི་དབང་དུ་གཏང་སྟེ་ ལུས་འབྲེལ་འབད་ནི་ཚུ་ཨིན་ འདི་ཚུ་སྤང་སྟེ་སྡོད་པ་ཅིན་ ཁྱེད་ལུ་ལེགས་ཤོམ་འོང་ཟེར་ང་བཅས་ཀྱིས་ཞུ་དོ། 30 འཐེན་འབག་མི་དེ་ཚུ་བཏང་སྟེ་ ཁོང་ཁྲོམ་ ཨཱན་ཏི་ཡོག་ལུ་ལྷོདཔ་ད་ དདཔ་ཅན་ཚུ་ག་ར་འབོ་ཞིནམ་ད་ ཡི་གུ་འདི་སྤྲོད་ནུག 31 དདཔ་ཅན་ཚུ་གིས་ཡི་གུ་འདི་ལྷབ་བལྟཝ་ད་ སེམས་ཁར་དགའ་སྤྲོ་བྱུང་པའི་བློ་འབད་ནི་དེ་གིས་ ཁོང་ག་ར་སེམས་དགའ་ནུག 32 ཡུ་དཱས་དང་ སི་ལཱས་ ཁོང་གཉིས་ཆ་རང་ ལུང་སྟོན་པ་ཡང་ཨིནམ་ལས་ ཁོང་ལུ་སེམས་གསོ་དང་སྐུལ་མ་གི་བསླབ་བྱ་ཡུན་རིངམ་སྦེ་སླབ་སྟེ་ ཁོང་དདཔ་ཅན་ཚུ་གི་དད་པ་སྒྲིང་སྒྲིང་བཟོ་ནུག 33 དེ་ལས་ ཡུ་དཱས་དང་ སི་ལཱས་གཉིས་ཞག་དག་པ་ཅིག་ཕར་ལུ་སྡོད་ཞིནམ་ད་ དདཔ་ཅན་སྤུན་ཆ་ཚུ་གིས་ བར་ཆད་ཚུ་ག་ནི་ཡང་འབྱུང་མ་བཅུག་པར་ ཞི་བདེ་ནང་བྱོན་ཟེར་སྨོན་ལམ་གཅིག་ཞུ་སྦེ་ ཁོང་གཏང་མི་ཚུ་སྡོད་སར་ལུ་ལོག་བཏང་ནུག 34 35 དེ་འབདཝ་ད་ པའུལ་དང་ བཱར་ན་བཱས་ ཁྲོམ་ ཨཱན་ཏི་ཡོག་ལུ་འཕྲོ་མཐུད་དེ་རང་སྡོད་སྦེ་ མི་གཞན་དང་གཅིག་ཁར་ གཙོ་བོ་གི་གསུང་བཤད་ ཆོས་སྟོན་ཏེ་སྡོད་ནུག། 36 ཉིནམ་ལེ་ཤ་གི་ཤུལ་ལས་ པའུལ་གྱིས་ བཱར་ན་བཱས་ལུ་ ཧེ་མ་ང་བཅས་གཙོ་བོ་གི་གསུང་བཤད་དེ་འགྱོ་སའི་ཁྲོམ་འདི་ཚུ་ནང་ལོག་སྟེ་ དདཔ་ཅན་ཚུ་ག་དེ་སྦེ་འབད་དོ་ག་ བལྟ་བ་འགྱོ་གེ་ཟེར་སླབ་ནུག 37 བཱར་ན་བཱས་ཀྱི་མནོ་བསམ་ལུ་ ཡོ་ཧ་ནཱན་མཱར་ཀུ་འདི་ཡང་ ཁོང་དང་གཅིག་ཁར་འཁྱིད་འགྱོ་ནི་སྦེ་ཨིན་མས། 38 དེ་འབདཝ་ད་ པའུལ་གྱིས་ཁོ་འཁྱིད་པ་ཅིན་ལེགས་ཤོམ་མི་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ལུང་ཕྱོགས་ པམ་ཕི་ལི་ཡ་ལུ་ ཁོ་ཁོང་དང་གཅིག་ཁར་སྡོད་མ་བཏུབ་པར་ ལཱ་མ་སྒྲུབ་ལས་ཁ་འབྱལ་སོང་སོངམ་ཨིན་ ཁོ་ལུ་འཁྱིད་ནི་མེད་ཟེར་ཁ་མ་བཟེད་བས། 39 དེ་ལས་ཁོང་གཉིས་ཀྱི་བར་ན་ མ་འགྲིགསཔ་སྦོམ་བྱུང་སྟེ་ རང་རང་སོ་སོ་ཁ་འབྱལ་སོང་ནུག་ བཱར་ན་བཱས་ཀྱིས་ མཱར་ཀུ་འཁྱིད་དེ་གྲུ་ནང་སོང་སྦེ་ མཚོ་གླིང་ སའིཔ་རཱས་ལུ་སོང་ནུག 40 དེ་འབདཝ་ད་ པའུལ་གྱིས་ སི་ལཱས་ལུ་བཙག་འཐུ་འབད་དེ་ དདཔ་ཅན་སྤུན་ཆ་ཚུ་གིས་ཁོང་གཉིས་ལུ་ གཙོ་བོ་དཀོན་མཆོག་གིས་ཐུགས་རྗེ་གཟིགས་བཅུག་ཟེར་སྨོན་ལམ་ཞུ་སྦེ་ ཁོང་ཡར་སོང་ནུག 41 དེ་ལས་ཁོང་ སི་རི་ཡ་དང་ ཀི་ལི་ཀི་ཡ་གི་ལུང་ཕྱོགས་ཚུ་ལུ་སོང་སྟེ་ ཕར་གྱི་ཆོས་ཚོགས་ཚུ་ལུ་སྒྲིང་སྒྲིང་བཟོ་ནུག།
1 དེ་ལས་ པའུལ་དང་ སི་ལཱས་ དང་པ་རང་ཁྲོམ་ དཱེར་བེ་དང་ ལིས་ཏྲ་གཉིས་ནང་ལྷོདཔ་ད་ སློབ་མ་ ཏི་མོ་ཐི་ཟེར་མི་དང་འཕྱད་ནུག་ ཁོ་གི་ཨའི་འདི་ ཡ་ཧུ་ད་པའི་མི་རིགས་ཀྱི་དདཔ་ཅན་ཨིན་མས་ དེ་འབདཝ་ད་ཨ་པ་འདི་ ཕྱིའི་མི་རིགས་ཨིན་མས། 2 ལིས་ཏྲ་དང་ ཁྲོམ་ ཨི་ཀོ་ནི་ཨུམ་ལུ་སྡོད་མི་དདཔ་ཅན་ཚུ་གིས་ ཏི་མོ་ཐི་འདི་མི་ལེགས་ཤོམ་གཅིག་ཡོད་ཟེར་ཆ་བཞག་དོཝ་ཨིན་མས། 3 དེ་ལས་ པའུལ་གྱིས་ ཏི་མོ་ཐི་ ཁོང་དང་གཅིག་ཁར་འཁྱིད་ནི་སྦེ་མནོ་བསམ་གཏང་ནུག་ དེ་འབདཝ་ད་ འདི་ཁར་སྡོད་མི་ ཡ་ཧུ་ད་པ་དེ་ཚུ་གིས་ ཁོ་གི་ཨ་པ་འདི་ ཕྱིའི་མི་རིགས་ལས་ཨིནམ་ ག་ར་གིས་ཤེས་ནུག་ དེ་འབདཝ་ལས་ ཁ་མ་གཏང་ནི་གི་དོན་ལུ་ པའུལ་གྱིས་ཁོ་ལུ་འཁྱིད་དེ་ ཁོ་གི་གཟུགས་གུ་ ཡ་ཧུ་ད་པའི་རྟགས་བཀལ་ཏེ་ ལུས་གཙངམ་བཟོ་ནུག 4 དེ་ལས་ཁོང་ཁྲོམ་གཅིག་ལས་གཅིག་རྒྱུད་དེ་ ཡེ་རུ་ཤ་ལེམ་གྱི་སྐུ་ཚབ་དང་འགོ་འདྲེན་པ་ཚུ་གིས་ གྲོས་ཐག་ཆོད་མི་བཀའ་རྒྱ་འདི་ཚུ་ ཨིན་ཅི་མིན་ཅི་སྲུང་དགོ་ཟེར་ སླབ་སྟེ་རང་འགྱོ་ནུག 5 དེ་ལས་ཆོས་ཚོགས་དེ་ཚུ་ དད་པ་བརྟན་ཏོག་ཏོ་སོང་སྟེ་ ཉིནམ་རེ་རེ་བཞིན་དུ་ ཁོང་གི་གྱངས་ཁ་ཡར་འཕར་སོང་ནུག། 6 དེ་ལས་དམ་པའི་ཐུགས་ཉིད་ཀྱིས་ཁོང་ལུ་ ལུང་ཕྱོགས་ ཨེ་སི་ཡ་ལུ་ཆོས་བཤད་པ་འགྱོ་ནི་མེད་ཟེར་བཀགཔ་ལས་ ཁོང་ ཕིརི་གི་ཡ་དང་ ག་ལ་ཏི་གི་ལུང་ཕྱོགས་ལས་སྦེ་བརྐྱབས་ཏེ། 7 ལུང་ཕྱོགས་ མུ་སི་ཡ་གི་ས་མཚམས་ལུ་ལྷོདཔ་ད་ ད་རུང་ཁོང་ ལུང་ཕྱོགས་ བི་ཐུན་ཡ་ལུ་འགྱོ་ནི་འབདཝ་ད་ ཡེ་ཤུ་གི་ཐུགས་ཉིད་ཀྱིས་མ་སོང་ཟེར་བཀག་སྟེ་མ་གཏང་པས། 8 དེ་ལས་ཁོང་ཕར་འགྱོ་ནི་བཞག་སྦེ་ ཕྲང་སྟེ་ མུ་སི་ཡ་ལུང་ཕྱོགས་ལས་སྦེ་ ཁྲོམ་ ཏོརོ་ཨཱས་ལུ་སོང་ནུག 9 ཏོརོ་ཨཱས་ལུ་སྡོད་པའི་ཕྱི་རུ་ པའུལ་གྱི་མཐོང་སྣང་ལུ་ ལུང་ཕྱོགས་ མ་ཀེ་དོ་ནི་ཡ་གི་མི་གཅིག་ཡར་ལོང་སྟེ་ དེ་སྦེ་གསོལཝ་བཏབ་སྟེ་སླབ་ནུག་ ནཱ་ མ་ཀེ་དོ་ནི་ཡ་ལུ་འོངས་ཏེ་ ང་བཅས་ལུ་ཆ་རོགས་འབད་གནང་། 10 དེ་ལས་ པའུལ་གྱིས་མཐོང་སྣང་འདི་མཐོང་པའི་ཤུལ་ལས་ དཀོན་མཆོག་གིས་ང་བཅས་ མ་ཀེ་དོ་ནི་ཡ་ལུ་གཏམ་བཟང་བཤད་པ་ཤོག་ཟེར་འབོ་དོ་ཟེར་ཧ་གོ་ཡི་ ད་ང་བཅས་དེ་འཕྲོ་ལས་ནཱ་ལས་འཐོན་སྦེ་ མ་ཀེ་དོ་ནི་ཡ་ལུ་འགྱོ་སྟེ་ ཕར་གྱི་མི་ཚུ་ལུ་ཆོས་བཤད་ནི་ཨིན་ཟེར་གྲ་སྒྲིག་འབད་ཡི།། 11 ང་བཅས་དེ་འཕྲོ་ལས་ ཁྲོམ་ ཏོརོ་ཨཱས་ལས་གྲུ་ནང་འཛུལ་སྦེ་ དེ་ནང་ལས་ཕྲང་རྒྱ་མཚོ་བརྒལ་ཏེ་ འཚོ་གླིང་ ས་མོ་ཐེརཱེས་ནང་ལས་སྦེ་འགྱོ་སྟེ་ དེ་གི་ནངས་པ་ ཁྲོམ་ ནེ་ཨ་པོ་ལཱིས་ནང་ལྷོད་ཅི། 12 དེ་ཁར་ལས་ཐོན་ཏེ་ ལུང་ཕྱོགས་ མ་ཀེ་དོ་ནི་ཡ་ནང་ཡོད་མི་ རོམ་རྒྱལ་སྲིད་ཀྱིས་གོང་འཕེལ་གཏང་མི་ ཁྲོམ་ཁག་ཆེ་ཏོག་ཏོ་ ཕི་ལི་པི་ཟེར་སར་ལྷོདཔ་ད་ དེ་ཁར་ང་བཅས་ཉིནམ་དག་པ་ཅིག་སྡོད་ཅི། 13 ངལ་འཚོ་བའི་ཉིནམ་ལུ་ སྨོན་ལམ་ཞུ་སའི་ས་ཆ་གཅིག་ ཁྲོམ་གྱི་སྒོ་ར་ཁའི་ཕྱི་ཁར་ གཙང་ཆུ་གི་མཐའ་མ་ལུ་འོང་མནོ་སྟེ་འགྱོཝ་ད་ལུ་ དེ་ཁར་ཕྱིའི་མི་རིགས་ཀྱི་ཨམ་སྲུ་ཚུ་འཛོམས་སྡོད་ས་མཐོང་སྟེ་ ཁོང་དང་གཅིག་ཁར་འཕྱད་དེ་ མར་ས་ཁར་སྡོད་དེ་ཁ་སླབ་ཅི། 14 དེ་ཁར་ ཐི་ཨ་ཏེ་ར་གི་ཁྲོམ་ཁ་ལས་ཨིན་མི་ཨམ་སྲུ་ ལི་དི་ཡཱ་ཟེར་མི་གཅིག་ཡོདཔ་མས་ མོ་རིན་གོང་སྦོམ་འབད་མི་བགོ་ལ་རྒྱ་སྨུག་གི་ཚོང་རྐྱབ་མི་གཅིག་ཨིན་མས་ མོ་ཕྱིའི་མི་རིགས་གཅིག་ཨིན་རུང་ དཀོན་མཆོག་ལུ་གསོལཝ་བཏབ་མི་གཅིག་ཨིན་མས་ མོ་གིས་ང་བཅས་ཀྱིས་བཤད་མིའི་ཆོས་ ཉན་སྡོདཔ་ད་ གཙོ་བོ་དཀོན་མཆོག་གིས་མོ་གི་སེམས་སྒོ་ཕྱེ་གནང་སྟེ་ པའུལ་གྱིས་བཤད་མི་ཆོས་ལུ་ཆ་བཞག་སྟེ་དད་པ་བསྐྱེད་ཅི། 15 མོ་དང་མོ་རང་གི་བཟའ་ཚན་ག་ར་ཁྲུས་གསོལ་ཞུ་ཚརཝ་ད་ མོ་གིས་ང་བཅས་ལུ་ ཁྱེད་ཆ་ཁྱབ་ཀྱིས་ ང་གིས་གཙོ་བོ་ཡེ་ཤུ་ལུ་ཐད་རི་བ་རི་དད་པ་བསྐྱེདཔ་མས་ཟེར་ཆ་བཞག་པ་ཅིན་ ངེ་གི་ཁྱིམ་ནང་ལུ་འོངས་ཏེ་ ང་བཅས་དང་མཉམ་གཅིག་སྡོད་ཟེར་ མོ་གིས་ལོག་ཅི་ལོག་ཅི་གསོལཝ་བཏབ་སྟེ་ ང་བཅས་ལུ་འབོ་སྟེ་འཁྱིད་ཅི།། 16 ཉིནམ་གཅིག་གི་ཚེ་ ང་བཅས་སྨོན་ལམ་ཞུ་སའི་ས་གནས་ནང་སོངམ་ད་ འདྲེ་མཐོང་མཁནམ་ མངོན་ཤེས་བཤད་མི་གཡོགམོ་བུམོ་གཅིག་དང་འཕྱད་ཅི་ བུམོ་དེ་གིས་མངོན་ཤེས་བཤད་ཅི་ར་ ཏི་རུ་ལེ་ཤ་ཐོབ་སྟེ་ མོ་རང་གི་སྦྱིན་བདག་ཚུ་ལུ་སྤྲོད་དོཝ་ཡོདཔ་ཨིན་མས། 17 མོ་གིས་ པའུལ་དང་ང་བཅས་ཀྱི་རྟིང་བདའ་འོང་ཞིནམ་ད་ དེ་སྦེ་སྐད་བརྐྱབས་ཏེ་ ཨ་ནི་མི་འདི་ཚུ་ ག་ར་ལས་མཐོ་བའི་དཀོན་མཆོག་གི་ཞབས་ཕྱི་ཞུ་མི་ཨིན་ ཁོང་གིས་ཁྱེད་ཆ་ཁྱབ་ལུ་ཐར་པ་འདི་ ག་དེ་སྦེ་ཐོབ་ག་སླབ་པ་འོངམ་ཨིན་མས་ཟེར་སླབ་ཅི། 18 མོ་གིས་དེ་སྦེ་རང་སྐད་བརྐྱབས་ཏེ་ ཉིནམ་ལེ་ཤ་ང་བཅས་ཀྱི་རྟིང་བདའ་སྡོདཔ་ད་ པའུལ་གནམ་མེད་ས་མེད་ཁོང་ཁྲོ་ལང་སྟེ་ རྒྱབ་ལོག་ཞིནམ་ད་ འདྲེ་འདི་ལུ་ ཡེ་ཤུ་ཁིརཱིས་ཀྱི་མཚན་ནང་ ཁྱོད་མོ་གི་ནང་ལས་འཐོན་སོང་ཟེར་སླབ་ད་ དེ་འཕྲོ་ལས་འདྲེ་འདི་མོ་གི་ནང་ལས་ཐོན་སོང་ཡི། 19 མོ་གི་སྦྱིན་བདག་ཚུ་གིས་འདི་གི་སྐོར་ལས་ཧ་གོཝ་ད་ ད་ཏི་རུ་བཟོ་ནི་གི་རེ་བ་དང་ཐབས་ཤེས་ཚུ་མེད་ནི་དེ་གིས་ པའུལ་དང་ སི་ལཱས་གཉིས་བཟུང་ཞིནམ་ད་ ཁྲོམ་འཛོམས་ས་ལུ་འདྲུད་དེ་བཀལ་ནུག 20 ད་རུང་དེ་ཁར་ལས་ རོམ་གྱི་འགོ་དཔོན་ཚུ་གི་སྐུ་མདུན་ལུ་བཀལ་ཞིནམ་ད་ ཨ་ནི་མི་དེ་ཚུ་ ཡ་ཧུ་ད་པ་ཨིན་མས་ དེ་ཚུ་གིས་ང་བཅས་ཀྱི་ཁྲོམ་ཁ་ལུ་འོངས་ཏེ་ ང་བཅས་མི་ཚུ་ལུ་ ནང་འཁྲུག་ལོང་བཅུགསཔ་མས། 21 དེ་ལས་ད་རུང་ང་བཅས་ རོམ་མི་ཚུ་གིས་ག་འབད་མ་ཆོག་མིའི་ལུགས་སྲོལ་ཚུ་ ཁོང་གིས་འབད་ཟེར་སྟོནམ་ཨིན་མས་ཟེར་ཞུ་ནུག 22 དེ་ལས་ཁོང་ནང་འཁྲུག་ལོང་མི་ཆ་ཁྱབ་ཀྱིས་ཡང་ ཁ་བསྡོམས་ཏེ་ པའུལ་དང་ སི་ལཱས་གཉིས་ལུ་དགྲ་སྦེ་ལོང་ཡི་ རོམ་གྱི་འགོ་དཔོན་དེ་ཚུ་གིས་ ཁོང་གཉིས་ཀྱི་བགོ་ལ་སྤེད་བཀོག་ཞིནམ་ད་ ད་རུང་ཁོང་ལུ་རྟས་ཐག་གིས་བརྡུང་ཟེར་བཀའ་གནང་ཡི། 23 ད་རུང་ཁོང་ལུ་གནམ་མེད་ས་མེད་དྲང་བརྡུང་སྦེ་ བཙོན་ཁང་ནང་བཙུགས་ཏེ་ བྱོག་འགྱོ་མ་ཚུགསཔ་སྦེ་བསྡམ་བཞག་དགོ་ཟེར་ ཉེན་ཁ་བཀལ་ཏེ་ བཙོན་སྲུང་ལུ་བཀའ་དམ་དམ་སྦེ་གནང་ཡི། 24 ཁོང་གིས་བཀའ་དམ་དམ་སྦེ་གནངམ་ལས་ བཙོན་སྲུང་པ་དེ་གིས་ཡང་ཁོང་གཉིས་ལུ་ བཙོན་ཁང་གི་ཕུག་ནང་འཁྱིད་དེ་ ཁོང་གཉིས་ཀྱི་རྐངམ་ ཤིང་དུམ་གྱི་བར་ན་བཙུགས་ཏེ་ བསྡམས་བཞག་ཅི། 25 དེ་འབདཝ་ད་ གནམ་ནུབ་ཕྱེད་ལུ་ པའུལ་དང་ སི་ལཱས་གཉིས་ཀྱིས་ དཀོན་མཆོག་ལུ་སྨོན་ལམ་ཞུ་སྟེ་ མགུར་མ་འཐེནམ་ད་ བཙོན་པ་གཞན་ཚུ་གིས་ཡང་ ཁོང་གིས་འཐེན་མི་བསྟོད་དབྱངས་ཀྱི་གླུ་དེ་ལུ་ཉན་སྡོད་ནུག 26 དེ་འབདཝ་ད་ རྣམ་རྟོག་དཔྱད་རིག་མེད་སི་སི་སྦེ་ ས་གཡོམ་ཤུགས་སྦེ་བརྐྱབས་ཏེ་ བཙོན་ཁྱིམ་ག་ར་རམས་ནི་བཟུམ་སྦེ་གཡོ་སོང་སྟེ་ སྒོ་དེ་ཚུ་རང་བཞིན་གྱིས་ཕྱེ་སྟེ་ བཙོན་པ་ཚུ་གི་ལྕགས་ཐག་ཚུ་ག་ར་འཁྱོལ་ཡར་སོངམ་ཨིན་མས། 27 བཙོན་སྲུང་པ་དེ་གཉིད་ཚོརཝ་ད་ བཙོན་ཁྱིམ་སྒོ་ག་ར་ཕྱེ་ཡར་སོངམ་མཐོང་སྟེ་ ད་བཙོན་པ་ག་ར་བྱོག་ཡར་སོངམ་འོང་ཟེར་མནོ་སྟེ་ བཙོན་སྲུང་དེ་གནམ་མེད་ས་མེད་ཚ་གྱང་ལངས་ཏེ་ དཔའ་རྟགས་འབལ་ཏེ་ཁོ་རང་རང་སྲོག་བཅད་ནི་འབད་ནུག 28 དེ་འབདཝ་ད་ པའུལ་གྱིས་སྐད་སྦོམ་སྦེ་བརྐྱབས་ཏེ་ རང་གིས་རང་ལུ་གནོད་པ་མ་བཀལ་ ང་བཅས་ག་ར་ནཱ་ལུ་ཡོད་ཟེར་སླབ་ད། 29 བཙོན་སྲུང་དེ་གིས་ དེ་འཕྲོ་ལས་མེ་བཏེག་འབག་ཤོག་ཟེར་སླབ་སྟེ་ མེ་འབག་སྦེ་བརྒྱུགས་ཏེ་ པའུལ་དང་ སི་ལཱས་གཉིས་ཀྱི་གདོང་ཁ་ལུ་ སྒྱིད་ཐག་འདར་ཏེ་ཕྱག་འཚལ་ནུག 30 དེ་ལས་བཙོན་སྲུང་དེ་གིས་ ཁོང་གཉིས་ལུ་ཕྱི་ཁར་འཁྱིད་དེ་ སློབ་དཔོན་ལགས་ ང་གིས་ཐར་པ་ཐོབ་ནིའི་དོན་ལུ་ ག་ཅི་འབད་དགོ་ག་ཟེར་ཞུཝ་ད། 31 དེའི་ལན་ལུ་ཁོང་གིས་ ཁྱོད་ཀྱིས་གཙོ་བོ་ཡེ་ཤུ་ལུ་དད་པ་བསྐྱེད་ དེ་ལས་ཁྱོད་དང་ཁྱོད་ཀྱི་བཟའ་ཚང་ག་ར་གིས་ ཐར་པ་ཐོབ་ནི་ཨིན་ཟེར་སླབ་ནུག 32 དེ་ལས་ཁོང་གཉིས་ཀྱིས་ བཙོན་སྲུང་དང་ཁོ་གི་ཁྱིམ་ནང་ཡོད་མི་ག་ར་ལུ་ གཙོ་བོ་གི་གསུང་དེ་ཁོང་ལུ་བཤད་དེ་སླབ་ནུག 33 དུས་ཚོད་དེ་ ཕྱི་རུ་ནུབ་ཕྱེད་ཨིན་རུང་ བཙོན་སྲུང་གིས་ཁོང་གཉིས་ལུ་འཁྱིད་དེ་ རྟས་ཐག་གི་བརྡུང་མི་རྨ་དེ་ཚུ་ ག་ར་ཆུ་འཁྱུ་ནུག་ དེ་སྦེ་འབད་ཞིནམ་ད་ དེ་འཕྲོ་ལས་ཁོ་དང་ཁོ་རང་གི་བཟའ་ཚང་ག་ར་ཁྲུས་གསོལ་ཞུ་ནུག 34 དེ་ལས་ཁོང་གཉིས་ལུ་ཁྱིམ་ནང་འཁྱིད་སྦེ་ བཞེས་སྒོ་བྱིན་ནུག་ དེ་ལས་དཀོན་མཆོག་ལུ་དད་པ་བསྐྱེད་ནི་དེ་གིས་ ཁོ་དང་ཁོ་རང་གི་བཟའ་ཚང་ག་ར་ལུ་དགའ་སྤྲོ་སྦོམ་བྱུང་ནུག 35 དེ་གི་ནངས་པ་དྲོ་པ་ རོམ་གྱི་འགོ་དཔོན་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་བཀའ་གནང་སྟེ་ ཁོང་ཆ་ཁྱབ་བཙོན་སྲུང་པ་འབད་སར་འགྱོ་སྟེ་ ཁོང་གཉིས་གཏང་ད་ཟེར་གསུངས་ནུག 36 དེ་ལས་བཙོན་སྲུང་གིས་ པའུལ་ལུ་ འགོ་དཔོན་ཚུ་གིས་ ཁྱོད་དང་ སི་ལཱས་གཉིས་བཙོན་ཁང་ནང་ལས་གཏང་ཟེར་བཀའ་གནང་ནུག་ ད་ཞི་བདེ་ནང་སོང་ཟེར་སླབ་ནུག 37 དེ་འབདཝ་ད་ དེའི་ལན་ལུ་ པའུལ་གྱིས་ཁོང་ལུ་ ང་བཅས་ རོམ་གྱི་མི་ཁུངས་ཨིན་ ང་བཅས་ཀྱི་ཉེས་པ་སྦོམ་ག་ནི་ཡང་འབད་འབདཝ་མེད་ དེ་སྦེ་ཨིན་ཏེ་འབད་རུང་ ཁོང་གིས་ང་བཅས་ལུ་དབྱེ་བ་ག་ནི་ཡང་མ་ཕྱེ་བར་ མི་ག་ར་གི་གདོང་ཁར་ལུ་དྲང་བརྡུང་ ད་རུང་ཁྲིམས་གཏང་སྟེ་བཙོན་ཁང་ནང་བཙུགས་བཞག་ཞིནམ་ད་ ད་ང་བཅས་ལུ་ཁུ་སིམ་སི་སྦེ་བཏོན་གཏང་ནི་གི་རྩིས་རྐྱབ་ཨིན་མས་ དེ་སྦེ་འགྱོ་མི་བཏུབ་ རོམ་གྱི་འགོ་དཔོན་ཚུ་ ཁོང་རང་ནཱ་བྱོན་ཞིནམ་ད་ ལོ་རྒྱུས་དེ་ཚུ་ག་ར་ཧིང་སང་ས་སྦེ་གསུངས་ཏེ་ ང་བཅས་ལུ་གཏང་དགོ་ཟེར་སླབ་ནུག 38 ཁྲིམས་སྲུང་འགག་པ་ཚུ་གིས་ ལོ་རྒྱུས་འདི་ཚུ་ག་ར་ཕར་འགོ་དཔོན་ཚུ་ལུ་ཞུཝ་ད་ ཁོང་ རོམ་གྱི་མི་ཁུངས་ཨིནམ་མཁྱེན་ཏེ་ ཁོང་འགོ་དཔོན་ཚུ་གནམ་མེད་ས་མེད་འདྲོག་ཆེ་ནུག 39 དེ་ལས་ཁོང་རང་འགོ་དཔོན་ཆ་ཁྱབ་བཙོན་ཁང་ནང་བྱོན་ཏེ་ ཁོང་གཉིས་ལུ་ཁ་ལྷུ་བརྐྱབས་ཞིནམ་ད་ ཕྱི་ཁར་བཏོན་འཁྱིད་དེ་ ད་ཁྱེད་གཉིས་ཁྲོམ་དེ་ཁར་ལས་འཐོན་འགྱོ་གནང་ཟེར་གསོལཝ་བཏབ་བཏང་ནུག 40 དེ་ལས་ཁོང་གཉིས་བཙོན་ཁང་ནང་ལས་ཐོན་སྦེ་ ལི་དི་ཡཱ་གི་ཁྱིམ་ནང་ལུ་སོང་སྟེ་ དདཔ་ཅན་སྤུན་ཆ་ཚུ་དང་འཕྱད་ནུག་ དེ་ལས་ཁོང་ལུ་སེམས་གསོ་འབད་དེ་ ཁོང་གཉིས་ཁྲོམ་དེ་ཁར་ལས་ཐོན་སོང་ནུག།
1 དེ་ལས་ པའུལ་དང་ སི་ལཱས་གཉིས་ ཁྲོམ་ ཨམ་ཕི་པོ་ལཱིས་དང་ ཁྲོམ་ ཨ་པོ་ལོ་ནི་ཡ་ལས་བརྐྱབས་ཏེ་ ཁྲོམ་ ཐེ་ས་ལོ་ནི་ཀ་ལུ་ཡོད་པའི་ ཡ་ཧུ་ད་པའི་ སི་ན་གོག་གཅིག་ནང་སོང་ནུག 2 པའུལ་ ཁོ་རང་ཨ་རྟག་གི་ལུགས་སྲོལ་བཞིན་དུ་ སི་ན་གོག་ནང་སོང་སྟེ་ ངལ་འཚོ་བའི་ཉིནམ་ ཚར་གསུམ་གྱི་རིང་ལུ་ གསུང་རབ་ལྟར་དུ་ མི་ཚུ་དང་གཅིག་ཁར་ཆོས་ཀྱི་དྲི་བ་དྲི་ལན་འབད་ནུག 3 དེ་ལས་ཁོ་གིས་གསུང་རབ་ནང་ག་བྲིས་ཡོད་མི་དེ་ གསལ་ཏོག་ཏོ་སྦེ་བཏོན་ཏེ་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་འདི་ ག་དེ་སྦེ་སྡུག་བསྔལ་བཞེས་ཏེ་ ད་རུང་གཤགས་ས་ལས་སྐུ་གསོན་པོ་བཞེངས་གནང་དགོཔ་དེ་ ཨིན་ཅི་མིན་ཅི་འབྱུང་དགོཔ་གཅིག་ཨིན་ཟེར་ ཁོང་ལུ་ཁུངས་བཀལ་ཏེ་སླབ་ཚརཝ་ད་ ད་རུང་ཁོ་གིས་ ད་ལྟོ་ང་གིས་ཡེ་ཤུ་གི་སྐོར་ལས་བཤད་མི་འདི་ དོན་ལས་རང་ཁིརཱིས་དེ་ ཁོ་ཨིན་ཟེར་ ཁྱེད་ལུ་སླབ་དོ་ཟེར་སླབ་ནུག 4 འདི་ཁར་ ཡ་ཧུ་ད་པ་ལ་ལུ་དང་ དཀོན་མཆོག་དང་གཞན་འབྲེལ་ཡོད་མི་ ཕྱིའི་མི་རིགས་ལེ་ཤ་ དེ་ལས་རིགས་བཟང་མིའི་འགོ་དཔོན་གྱི་ཨམ་སྲུ་ལེ་ཤ་ཅིག་རང་ དད་པ་བསྐྱེད་དེ་ པའུལ་དང་ སི་ལཱས་གཅིག་ཁར་ ཡེ་ཤུ་གི་སློབ་མ་སྦེ་འོངས་ནུག 5 དེ་འབདཝ་ད་ ཡ་ཧུ་ད་པའི་འགོ་དཔོན་ཚུ་ མིག་ཏོ་ཚ་སྟེ་ ཁྲོམ་ཁར་ལས་ མི་ངན་བཀྲ་མ་ཤིསཔ་ལ་ལུ་ཅིག་འབོ་སྟེ་ ས་གནས་དེ་ཁར་གནམ་མེད་ས་མེད་བྱེལཝ་ལོང་བཅུག་ནུག་ ཡ་སཱོན་ཟེར་མི་གི་ཁྱིམ་ནང་ཤུགས་བཙོང་འཛུལ་སྦེ་ པའུལ་དང་ སི་ལཱས་འཚོལ་ཏེ་ ཚོགས་པ་གི་གདོང་ཁར་འཁྱིད་བཀལ་ནི་སྦེ་འོངམ་ད། 6 པའུལ་དང་ སི་ལཱས་གཉིས་མ་ཐོབ་པར་ ཡ་སཱོན་དང་དདཔ་ཅན་ལ་ལུ་ལུ་འཁྱིད་དེ་ ཁྲོམ་དཔོན་ཚུ་གི་སྐུ་མདུན་ལུ་བཀལ་སྦེ་ སྐད་སྦོམ་སྦེ་ཧམ་བཤད་བརྐྱབས་ཏེ་ ཨ་ནི་མི་ཚུ་གིས་ ས་ཆ་ག་ཏེ་ལུ་ཡང་ ཡར་དང་མར་དཀྲུགས་ཏེ་ ད་ང་བཅས་ཀྱི་ཁྲོམ་ནང་ཡང་ལྷོད་ནུག 7 ཨ་ནི་མི་ཚུ་ ཡ་སཱོན་གྱིས་ ཁོ་གི་ཁྱིམ་ནང་མགྱོནམ་སྦེ་བཞག་སྟེ་ ང་བཅས་ཀྱི་རྒྱལཔོ་ ཀེ་སཱར་གྱི་ཁྲིམས་ལུ་མ་ཉན་པར་ངོ་ལོག་དོ་ ཁོང་གིས་རྒྱལཔོ་གཞན་ཡེ་ཤུ་ཟེར་མི་གཅིག་ཡོད་ རྒྱལཔོ་ ཀེ་སཱར་གྱི་བཀའ་ལུ་ཉན་མི་དགོ་ཟེར་དཀྲོགསཔ་མས་ཟེར་སླབ་ནུག 8 མི་དམངས་དང་ཁྲོམ་གྱི་འགོ་དཔོན་ཚུ་གིས་ ལོ་རྒྱུས་དེ་ཚུ་གོཝ་ད་ གནམ་མེད་ས་མེད་འུར་ལང་བཅུག་ནུག 9 དེ་ལས་ཁྲོམ་གྱི་འགོ་དཔོན་ཚུ་གིས་ ཡ་སཱོན་དང་དདཔ་ཅན་གཞན་ཚུ་ལས་ཁྲིམས་འཐུས་ཏི་རུ་ལེན་སྦེ་ ཁོང་ལུ་བཏང་ནུག། 10 དེ་ཚེ་ནམ་སྲོཔ་ཅིག་ དདཔ་ཅན་ཚུ་གིས་ པའུལ་དང་ སི་ལཱས་ལུ་ མགྱོགས་པ་རང་ཁྲོམ་ བེ་རོ་ཡ་ལུ་བཏང་སྟེ་ ཁོང་གཉིས་ཕར་ལྷོདཔ་ད་ ཡ་ཧུ་ད་པའི་ སི་ན་གོག་ནང་སོང་ནུག 11 ཁྲོམ་ ཐེ་ས་ལོ་ནི་ཀ་གི་མི་ཚུ་ལས་ ཁྲོམ་ བེ་རོ་ཡ་ནང་སྡོད་མི་ཆ་ཁྱབ་ སེམས་བཟང་པོ་ཡོདཔ་ཨིན་མས་ ཡེ་ཤུ་གི་སྐོར་ལས་ཆོས་བཤད་མི་ལུ་ཉན་དགོ་མནོ་སྟེ་སྡོདཔ་ཨིནམ་མ་ཚད་ པའུལ་གྱི་བཤད་མིའི་ཆོས་འདི་ བདེན་པ་ཨིན་ན་མེན་ན་བརྟག་ཞིབ་དཔྱད་དེ་ ཉིནམ་རེ་རེ་བཞིན་དུ་ གསུང་རབ་ནང་ཡང་ལྷབ་དོ་ཡོདཔ་ཨིན་མས། 12 འདི་གི་འབྲས་བུ་དེ་ ཁོང་གི་གྲལ་ལས་ ཡ་ཧུ་ད་པ་ལེ་ཤ་དད་པ་བསྐྱེདཔ་མ་ཚད་ ཕྱིའི་མི་རིགས་ཚུ་གི་ཨམ་སྲུ་རིགས་བཟང་པོ་དང་ ཕོ་རྒྱ་གཞན་ལེ་ཤ་ཡང་དད་པ་བསྐྱེད་ནུག 13 དེ་འབདཝ་ད་ ཐེ་ས་ལོ་ནི་ཀ་གི་ ཡ་ཧུ་ད་པ་ཚུ་གིས་ པའུལ་ བེ་རོ་ཡ་ལུ་དཀོན་མཆོག་གི་གསུང་བཤད་དེས་ཟེར་གོ་སྟེ་ ད་རུང་ཁོང་ བེ་རོ་ཡ་ལུ་འོངས་ཏེ་ ནང་འཁྲུག་ལོངས་བཅུག་ནུག 14 དེ་འཕྲོ་ལས་དདཔ་ཅན་ཚུ་གིས་ པའུལ་རྒྱ་མཚོའི་མཐའ་མ་བཀལ་བ་སོང་ནུག་ དེ་འབདཝ་ད་ སི་ལཱས་དང་ ཏི་མོ་ཐི་ བེ་རོ་ཡ་ལུ་རང་སྡོད་ནུག 15 པའུལ་དང་གཅིག་ཁར་འགྱོ་མི་ཚུ་གིས་ ཁྲོམ་ ཨ་ཐེན་ཚུན་ཚོད་བཀལ་བ་སོང་ནུག་ དེ་ལས་ཁོང་ཚུར་ བེ་རོ་ཡ་ལུ་ལོགཔ་ད་ པའུལ་གྱིས་ སི་ལཱས་དང་ ཏི་མོ་ཐི་གཉིས་ མགྱོགས་པར་ཁོ་དང་འཕྱད་པར་ཤོག་ཟེར་ཁ་འཐེན་བཏང་ནུག། 16 ད་རུང་ པའུལ་གྱིས་ སི་ལཱས་དང་ ཏི་མོ་ཐི་ལུ་སྒུག་སྟེ་ ཁྲོམ་ ཨ་ཐེན་ལུ་སྡོདཔ་ད་ ཁྲོམ་འདི་ནང་ག་ར་སྐུ་གིས་གང་ཡོདཔ་མཐོང་སྟེ་ ཁོ་གནམ་མེད་ས་མེད་སེམས་ཤི་ནུག 17 དེ་འབདཝ་ལས་བརྟེན་ཏེ་ སི་ན་གོག་ནང་ལུ་འགྱོ་སྟེ་ ཡ་ཧུ་ད་པ་འདི་ཚུ་དང་ དཀོན་མཆོག་དང་གཞན་འབྲེལ་ཡོད་མི་ ཕྱིའི་མི་རིགས་ཚུ་ དེ་ལས་ཁྲོམ་ཁར་ལུ་འཕྱད་མི་ག་ར་དང་གཅིག་ཁར་ ཉིནམ་རེ་འཆར་རང་ ཆོས་ཀྱི་སྐོར་ལས་དྲི་བ་དྲིས་ལན་འབད་ནུག 18 དེ་ཅིག་གི་བར་ན་ དེ་ཁར་ ཨེ་པི་ཀུར་ཡཱན་དང་ ཨཱིས་ཏོ་ཡིག་ཟེར་མི་ཆོས་ལུགས་ལུ་མཁས་མི་ཚུ་དང་གཅིག་ཁར་ དྲི་བ་དྲིས་ལན་འབདཝ་ད་ པའུལ་གྱིས་ཡེ་ཤུ་གཤགས་ས་ལས་ སྐུ་གསོན་པོ་བཞེངས་གནང་བའི་སྐོར་ལས་སླབ་ད་ ཁོང་ལ་ལུ་ཅིག་གིས་ ཨ་ནི་མི་ཁ་མང་དྲགས་འདི་གིས་ག་ཅི་སླབ་སྨོ་ཟེར་འདྲིཝ་ད་ ལ་ལུ་ཅིག་གིས་ ཕྱིའི་རྒྱལ་ཁབ་ཀྱི་ལྷ་མ་འདྲཝ་ཚུ་གི་སྐོར་ལས་ ང་བཅས་ལུ་སྟོནམ་མས་ཟེར་སླབ་ནུག 19 དེ་ལས་ཁོང་གིས་ པའུལ་འཁྱིད་དེ་ ཁྲོམ་གྱི་ཚོགས་པ་ ཨ་རེ་པ་གཱོས་ཟེར་མིའི་སྦུག་ནང་ཡར་ལྷོང་སྟེ་ ཁྱོད་ཀྱིས་བཤད་མི་ཆོས་ལུགས་གསརཔ་དེ་གི་སྐོར་ལས་སླབ་གནང་ ང་བཅས་ཤེས་དགོ་མནོ་ཡི། 20 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་དུས་ནམ་ཡང་མ་གོ་བའི་ལོ་རྒྱུས་ཚུ་ ཁྱོད་ཀྱིས་ང་བཅས་ལུ་སླབ་ནི་འདུག་ དེའི་དོན་དག་དེ་ག་ཅི་ཨིན་ན་ ང་བཅས་ལྷབ་དགོ་མནོ་ཡི་ཟེར་སླབ་ནུག 21 ཨ་ཐེན་པའི་མི་དེ་ཚུ་དང་ ས་གནས་གཞན་ཁར་ལས་འོང་སྡོད་མིའི་མི་དེ་ཚུ་ ལཱ་མ་འབད་བར་ དུས་ཚོད་ཨ་རྟག་རང་ལོ་རྒྱུས་གསརཔ་སླབ་ད་ དེ་ལུ་སེམས་དགའ་སྟེ་ཉན་དོཝ་ཡོདཔ་ཨིན་མས། 22 དེ་ལས་ པའུལ་གྱིས་ ཁྲོམ་གྱི་ཚོགས་པ་ ཨ་རེ་པ་གཱོས་ཀྱི་སྦུག་ལུ་ཡར་ལོང་སྟེ་ ཁྱེད་ ཨ་ཐེན་གྱི་མི་ཆ་ཁྱབ་ག་ར་ ཆོས་སེམས་ཆེ་ཏོག་ཏོ་ཨིནམ་ང་གིས་མཐོང་ཅི། 23 ག་ཅི་སྨོ་ཟེར་བ་ཅིན་ ང་ཕར་དང་ཚུར་བཤལ་བལྟ་བ་སོངམ་ད་ ཁྱེད་ཀྱིས་གསོལཝ་བཏབ་སྟེ་ མཆོད་པ་ཕུལ་བའི་ས་གནས་དེ་ཚུ་ནང་ལུ་ ང་གིས་གཅིག་མཐོང་ཅི་ འདི་ནང་ལུ་ རང་གིས་ངོ་མ་ཤེས་མིའི་དཀོན་མཆོག་ལུ་ མཆོད་པ་ཕུལཝ་ཨིན་ཟེར་ མཆོད་ཁྲི་གུ་བྲིས་ཏེ་འདུག་ ད་ཁྱེད་ཆ་ཁྱབ་ཀྱིས་ངོ་མ་ཤེས་པའི་དཀོན་མཆོག་ལུ་ མཆོད་པ་ཕུལ་ཡོད་མི་འདི་ ག་ཨིན་ན་ ཁོ་གི་སྐོར་ལས་ ང་གིས་ཁྱེད་ལུ་བཤད་དེ་སླབ་དོ། 24 འཛམ་གླིང་དང་འདི་ནང་ག་ར་མཛད་གནང་མི་དཀོན་མཆོག་དེ་ ནམ་མཁའ་དང་ས་ག་ར་གི་གཙོ་བོ་ཁོ་ཨིན་ ཁོ་མི་གིས་བཟོ་མི་ལྷ་ཁང་དེ་ཚུ་ནང་མི་བཞུགས། 25 དཀོན་མཆོག་གིས་ག་ཅི་མཛད་རུང་ མི་ཚུ་གི་ཆ་རོགས་འབད་མི་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ལུ་ག་ཅི་བཞེས་དགོ་རུང་ ཁོ་རང་གིས་མཛད་ཚུགསཔ་ཨིན་ དེ་མ་ཚད་ ཁོ་གིས་མི་གི་སྲོག་དབུགས་དང་ ང་བཅས་ལུ་དགོ་མི་ག་ར་ཁོ་གིས་མཛད་གནངམ་ཨིན། 26 འཛམ་གླིང་ནང་དང་པ་རང་ ཁོ་གིས་མི་གཅིག་མཛད་གནང་ནུག་ མི་དེའི་སྒོ་ལས་སྦེ་ མི་རིགས་མ་འདྲཝ་ཚུ་འཛམ་གླིང་ག་ར་ནང་ དར་ཁྱབ་འགྱོ་བཅུག་ནུག་ དེ་ལས་མི་དེ་ཚུ་སྡོད་ནི་གི་ས་གནས་དང་ དུས་ཚོད་མང་ཉུང་དེ་ཚུ་ག་ར་ཀྲིག་ཀྲི་སྦེ་མཛད་གནང་ནུག 27 ཁོ་གིས་དེ་སྦེ་མཛད་གནང་མི་འདི་ ང་བཅས་མི་རིགས་ག་ར་གིས་ དཀོན་མཆོག་ལུ་མཇལ་ནི་གི་རེ་བ་བསྐྱེད་དགོཔ་དང་ ཁོ་ལུ་འཚོལ་ཏེ་ཐོབ་བཅུག་ནི་སྦེ་ཨིན་ དེ་སྦེ་ཨིན་རུང་ ཁོ་ང་བཅས་མི་རེ་རེ་ལས་ཐག་རིང་ས་ལུ་མ་བཞུགས། 28 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་གོ་དོཝ་བཟུམ་སྦེ་ ང་བཅས་མི་ཚུ་སྡོད་ནི་གི་དབང་ཚད་ འགྱོ་ནི་གི་དབང་ཚད་ག་ར་ ཁོ་ནང་རྐྱངམ་གཅིག་ཡོདཔ་ཨིན་ དེ་མ་ཚད་ ཁྱེད་ ཨ་ཐེན་པ་གི་སྙན་ངག་མཁས་མི་ལ་ལུ་ཅིག་གིས་ ང་བཅས་ཐད་རི་བ་རི་དཀོན་མཆོག་གི་བུ་བརྒྱུད་ཨིན་ཟེར་སླབ་བཞིན་དུ་ཨིན། 29 ང་བཅས་དཀོན་མཆོག་གི་བུ་བརྒྱུད་ཨིནམ་ལས་ དཀོན་མཆོག་འདི་ལག་བཟོ་གིས་བཟོ་མིའི་སྐུ་དང་ གསེར་དངུལ་ ཡང་ན་རྡོ་གིས་བཟོ་མི་དང་འདྲཝ་སྦེ་ཨིན་ཟེར་ མནོ་བསམ་གཏང་ནི་མི་འོང་། 30 མ་གཞི་ ཧེ་མ་གི་དུས་སྐབས་ལུ་ ང་བཅས་ཀྱིས་སྡིག་པ་མ་ཤེས་པར་འབདཝ་ད་ དཀོན་མཆོག་གིས་དགོངས་ཡངས་གཏང་སྟེ་འབད་རུང་ ད་ལྟོ་མི་ག་ར་ག་ཏེ་སྡོད་རུང་ སྤྱོད་ངན་སྡིག་པ་ལས་སེམས་འགྱུར་ཏེ་འོང་དགོ་ཟེར་ ཁོ་གིས་བཀའ་གནངམ་ཨིན། 31 ག་ཅི་སྨོ་ཟེར་བ་ཅིན་ ཉིནམ་གཅིག་གི་ཚེ་ ཁོ་གིས་འཛམ་བུ་གླིང་ནང་ ཁོ་གིས་བཙག་འཐུ་མཛད་གནང་མིའི་ མི་གི་ཐོག་ལས་སྦེ་ ག་ར་ལུ་ཁྲིམས་ཕྲང་སྟེ་ཕྱེ་ནི་ཨིན་ཟེར་དུས་ཚོད་གཅིག་ ཁོ་གིས་ཀྲིག་ཀྲི་སྦེ་མཛད་བཞག་ནུག་ དེ་འབདཝ་ལས་བརྟེན་ཏེ་ ཨ་ནི་མི་དེ་ ཁོ་གཤགས་ས་ལས་སྐུ་གསོན་པོ་བཞེངས་གནངམ་ད་ དཀོན་མཆོག་གིས་ ང་བཅས་ལུ་ཁྲིམས་ཕྲང་སྟེ་ཕྱེ་ནི་ཁུངས་གཅིག་སྟོན་གནང་ཡི་ཟེར་ པའུལ་གྱིས་སླབ་ནུག 32 པའུལ་གྱིས་ མི་ཤི་ས་ལས་གསོན་པོ་སྦེ་ལོང་ནི་གི་སྐོར་ལས་སླབ་ད་ མི་ལ་ལུ་གིས་ མེས་མེད་བསྐྱུར་ནུག་ དེ་འབདཝ་ད་ མི་ལ་ལུ་ཅིག་གིས་ ད་རུང་ལོག་སྟེ་ཉན་དགོ་མནོ་ཡི་ཟེར་སླབ་ནུག 33 དེ་ལས་ པའུལ་གྱིས་དེ་ཅིག་སྦེ་མཇུག་བསྡུ་བཞག་སྦེ་ ཚོགས་འཛོམས་ནང་ལས་ཐོན་འོང་ནུག 34 དེ་འབདཝ་ད་ མི་ལ་ལུ་ཅིག་ ཁོ་གིས་བཤད་མི་ཆོས་ལུ་ཉན་ཏེ་ དད་པ་བསྐྱེད་འོངས་ནུག་ ཁོང་དད་པ་བསྐྱེད་མི་ཚུ་ ཚོགས་པ་ ཨ་རེ་པ་གཱོས་ཀྱི་འཐུས་མི་ དི་ཨོ་ནུ་སི་ཨཱོས་ཟེར་མི་དང་ ཨམ་སྲུ་ ད་མ་རཱིས་ཟེར་མི་ དེ་ལས་མི་གཞན་དེ་ཚུ་ཡང་ཡོདཔ་ཨིན་མས།།
1 པའུལ་ ཨ་ཐེན་ལས་ཐོན་ཏེ་ ཁྲོམ་ ཀོ་རཱིན་ཐི་ལུ་སོང་ནུག 2 དེའི་སྐབས་ལུ་རྒྱལཔོ་ ཀལའུ་དི་ཨཱས་ཀྱིས་ ཡ་ཧུ་ད་པ་ཆ་ཁྱབ་ རྒྱལ་ས་ རོམ་ལས་འཐོན་དགོ་ཟེར་བཀའ་གནང་སྟེ་ ལུང་ཕྱོགས་ པཱོན་ཏུས་ནང་སྐྱེས་མིའི་ ཡ་ཧུ་ད་པ་ ཨ་ཀུ་ལཱས་ཟེར་མི་དང་ ཁོ་རང་གི་ཨམ་སྲུ་ པིརཱིས་ཀ་དང་གཅིག་ཁར་ རྒྱལ་ཁབ་ ཨི་ཏྲ་ལི་ལས་ ཀོ་རཱིན་ཐི་ལུ་ལྷོད་ཚརཝ་གཅིག་ཨིན་མས། 3 ཁོང་གཉིས་གུར་བཙེམ་ནི་གི་ལཱ་འབད་དེ་སྡོད་ཡོདཔ་ཨིན་མས་ དེ་ལས་ པའུལ་གྱི་ལཱ་འདི་ཡང་ གུར་བཙེམ་མི་འབད་ནི་འདི་གིས་ པའུལ་ ཁོང་དང་འཕྱད་དེ་ ཁོང་གི་ཁྱིམ་ནང་འགྱོ་ཞིནམ་ད་ ཁོང་གཉིས་དང་གཅིག་ཁར་བསྡོམས་ཏེ་ ཁོང་བཟུམ་སྦེ་རང་གུར་བཙེམ་ནི་གི་ལཱ་འབད་ནུག 4 དེ་ལས་ངལ་འཚོ་བའི་ཉིནམ་ལུ་ ཁོ་ཨ་རྟག་རང་ སི་ན་གོག་ནང་ ཡ་ཧུ་ད་པ་དང་ ཕྱིའི་མི་རིགས་ཚུ་དང་གཅིག་ཁར་ དྲི་བ་དྲིས་ལན་འབད་དེ་ ཁོང་ལུ་ཨུ་ཚུགས་བརྐྱབས་ཏེ་ ཆོས་ཀྱི་དོན་དག་ཧ་གོ་བཅུག་ནུག 5 དེའི་སྐབས་ སི་ལཱས་དང་ ཏི་མོ་ཐི་ ལུང་ཕྱོགས་ མ་ཀེ་དོ་ནི་ཡ་ལས་ལོག་ལྷོདཔ་ད་ པའུལ་གུར་བཙེམ་ནི་གི་ལཱ་བཞག་སྟེ་ ཡ་ཧུ་ད་པ་གི་མི་ཚུ་ལུ་ ཡེ་ཤུ་འདི་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ཟེར་ ཉིནམ་རེ་འཆར་རང་ཆོས་སྟོན་ནུག 6 དེ་འབདཝ་ད་ ཡ་ཧུ་ད་པ་གིས་ པའུལ་ལུ་རྒོལ་ཏེ་ ཚིག་ངན་ཚུ་ལེ་ཤ་སླབ་ནུག་ དེ་ལས་ པའུལ་གྱིས་ ཁོ་རང་གི་བགོ་ལ་གུ་ལས་ཐལཝ་འདི་ཕར་གསིག་བཀོག་སྟེ་ དེ་སྦེ་སླབ་ནུག་ ཡེ་ཤུ་འདི་ཁིརཱིས་སྦེ་ཆ་མ་བཞག་པའི་ཆདཔ་འདི་ ཁྱེད་རང་གི་མགུ་ལུ་ཕོག་བཅུག་ དེའི་སྐོར་ལས་ང་ལུ་འགན་ཁུར་དང་སྐྱོན་ག་ནི་ཡང་མེད་ ཉིནམ་ད་རེས་ལས་འགོ་བཙུགས་ཏེ་ ང་ཕྱིའི་མི་རིགས་ཚུ་གི་སྦུག་ལུ་ཆོས་བཤད་པ་འགྱོ་ནི་ཨིན་ཟེར་སླབ་སྦེ་སོང་ནུག 7 དེ་གི་ཤུལ་ལས་ པའུལ་ཕྱིའི་མི་རིགས་ དཀོན་མཆོག་ལུ་གསོལཝ་བཏབ་མི་ ཏི་ཏུས་ ཡུས་ཏཱོས་ཟེར་མི་གི་ཁྱིམ་དེ་ནང་སོང་སྟེ་སྡོད་ནུག་ ཁོ་གི་ཁྱིམ་འདི་ སི་ན་གོག་གི་སྦོ་ལོགས་ཁར་ཡོདཔ་ཨིན་མས། 8 དེ་ལས་ སི་ན་གོག་གི་དབུ་མཛད་ ཀིརཱིས་པུས་དང་ཁོ་གི་བཟའ་ཚང་ག་ར་ཆོས་ཉན་ཏེ་ གཙོ་བོ་ཡེ་ཤུ་ལུ་དད་པ་བསྐྱེདཔ་མ་ཚད་ ཁྲོམ་ ཀོ་རཱིན་ཐི་ལུ་སྡོད་མི་གཞན་ལེ་ཤ་རང་དད་པ་བསྐྱེད་དེ་ ཁྲུས་གསོལ་ཞུ་ནུག 9 དེ་ལས་ཕྱི་རུ་གཅིག་གི་ཚེ་ པའུལ་གྱི་མཐོང་སྣང་ལུ་ གཙོ་བོ་གིས་ཁོ་ལུ་ ཁྱོད་འདྲོག་མི་དགོ་ ཁ་བཙུམ་སྟེ་མ་སྡོད་པར་ཆོས་སྟོན། 10 ག་ཅི་སྨོ་ཟེར་བ་ཅིན་ ང་ཁྱོད་དང་མཉམ་གཅིག་ཡོད་ མི་ག་གིས་ཡང་ཁྱོད་ལུ་རྒོལ་ཏེ་གནོད་པ་བཀལ་མི་ཚུགས་ ཨ་ནི་ཁྲོམ་དེ་ནང་ ངེ་གི་མི་ལེ་ཤ་ཡོད་ཟེར་གསུངས་ནུག 11 དེ་ལས་ པའུལ་ལོ་གཅིག་དང་ཕྱེད་ཁ་ དེ་ཁར་སྡོད་དེ་དཀོན་མཆོག་གི་གསུང་ཁོང་ལུ་སྟོན་ནུག 12 དེ་འབདཝ་ད་ ག་ལི་ཡོ་ཟེར་མི་འདི་ ལུང་ཕྱོགས་ ཨ་ཀེ་ཡ་གི་གཞུང་ཚབ་སྦེ་བཞུགས་པའི་སྐབས་ལུ་ ཡ་ཧུ་ད་པ་ཆ་ཁྱབ་ག་ར་གཅིག་ཁར་བསྡོམས་ཏེ་ པའུལ་ལུ་དགྲ་ལོང་སྟེ་ ཁོ་ལུ་བཟུང་ ཁྲིམས་ཁང་ནང་འཁྱིད་འོངས་ཏེ། 13 ཨ་ནི་མི་དེ་ ང་བཅས་རའི་བཀའ་ཁྲིམས་དང་མ་མཐུན་པར་ དཀོན་མཆོག་ལུ་ཞབས་ཏོག་ཞུ་དགོ་ཟེར་ ཨུ་ཚུགས་བརྐྱབས་ཏེ་སྟོན་བྱིནམ་མས་ཟེར་སླབ་ནུག 14 པའུལ་གྱིས་ལན་སླབ་ནི་འབདཝ་ད་ གཞུང་ཚབ་ ག་ལི་ཡོ་གིས་ ཡ་ཧུ་ད་པའི་མི་ཚུ་ལུ་ མ་གཞི་ ཐད་རི་བ་རི་རང་ འབད་མ་བཏུབ་མིའི་ལཱ་ངན་སྦོམ་དང་ འཛོལ་བ་ཁོ་གིས་འབད་འབདཝ་ཨིན་པ་ཅིན་ ཁྱེད་ ཡ་ཧུ་ད་པ་ཚུ་གིས་ག་སླབ་མི་དེ་ང་གིས་ཉན་འོང་། 15 དེ་འབདཝ་ད་ ཁྱེད་རང་ ཡ་ཧུ་ད་པ་གི་བཀའ་ཁྲིམས་དང་ མི་གི་མིང་དང་ ཆོས་ཀྱི་ཚིག་གི་སྐོར་ལས་རྩོད་པ་རྐྱབ་མི་འདི་ལུ་ ང་གིས་ཁྲིམས་མི་ཕྱེ་ འདི་གི་སྐོར་ལས་ག་དེ་སྦེ་འབད་ནི་ཨིན་ན་ ཁྱེད་རང་ཆ་ཁྱབ་ཀྱིས་བལྟ་སྟེ་འབད་ཟེར་གསུངས་སྦེ། 16 ཁོང་ཚུ་གཞུང་ཚབ་ཀྱི་ཁྲི་གི་རྩ་བར་ལས་བཏོན་བཏང་ནུག 17 ད་རུང་ཁོང་གིས་ སི་ན་གོག་གི་དབུ་མཛད་ སཱོས་ཐེ་ནཱེས་ཟེར་མི་འདི་ལུ་བཟུང་སྟེ་ གཞུང་ཚབ་ཀྱི་ཁྲི་གི་རྩ་བར་འཁྱིད་འོངས་ཏེ་དྲང་རུང་ ག་ལི་ཡོ་གིས་དེ་ལུ་སྣང་བདག་མ་བསྐྱེད་པས།། 18 འདི་གི་ཤུལ་ལས་ པའུལ་ ད་རུང་ ཀོ་རཱིན་ཐི་ལུ་སྡོད་མི་དདཔ་ཅན་ཚུ་དང་གཅིག་ཁར་ ཞག་ལེ་ཤ་སྡོད་པའི་ཤུལ་ལས་ ཁོང་དང་ཁ་འབྱལ་ཏེ་ པིརཱིས་ཀ་དང་ ཨ་ཀུ་ལཱས་དང་གཅིག་ཁར་ ཁྲོམ་ ཀེན་ཁེརེ་ཡི་ལས་སྦེ་བརྐྱབས་ཏེ་ ལུང་ཕྱོགས་ སི་རི་ཡ་ལུ་སོང་ནུག་ དེ་འབདཝ་ད་ཁྲོམ་ ཀེན་ཁེརེ་ཡི་ལས་གྲུ་ནང་མ་འགྱོ་བའི་ཧེ་མ་ལས་ པའུལ་སྐྱ་བཞུར་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ཧེ་མ་ཁས་བླངས་ཞུ་མིའི་དོན་དག་ཚུ་གྲུབ་ནི་འདི་གིས་ཨིན་མས། 19 དེ་ལས་ སི་རི་ཡ་ནང་མ་ལྷོད་པའི་ཧེ་མ་ ཁྲོམ་ ཨི་ཕི་སི་ལུ་སོང་ནུག་ ཨ་ནི་ཁྲོམ་འདི་ནང་ལུ་ པའུལ་ པིརཱིས་ཀ་དང་ ཨ་ཀུ་ལཱས་ལས་ ཁ་འབྱལ་ཏེ་སོང་ནུག་ དེ་འབདཝ་ད་ ཁོ་མ་འགྱོ་བའི་ཧེ་མ་ལས་ ཁོ་རང་ སི་ན་གོག་གཅིག་ནང་འགྱོ་སྟེ་ ཡ་ཧུ་ད་པ་གི་མི་དེ་ཚུ་དང་གཅིག་ཁར་ ཆོས་ཀྱི་དྲི་བ་དྲིས་ལན་འབད་ནུག 20 དེ་ཁར་གྱི་མི་ཚུ་གིས་ཁོ་ལུ་ ད་རུང་ཞག་དག་པ་ཅིག་སྡོད་གནང་ཟེར་སླབ་ད། 21 ཁོ་གིས་དཀོན་མཆོག་གི་ཐུགས་དགོངས་ཡོད་པ་ཅིན་ ང་ད་རུང་ལོག་སྟེ་ ཁྱེད་སྡོད་སར་འཐོན་འོང་ཟེར་སླབ་སྦེ་ སྡོད་མ་བཏུབ་པས་ དེ་ལས་ཁོ་ཁྲོམ་ ཨི་ཕི་སི་ནང་ལས་གྲུ་ནང་འཛུལ་སྦེ་སོང་ནུག 22 ད་རུང་ ཁྲོམ་ ཀེ་ས་རི་ཡ་ལས་སྦེ་ ཡེ་རུ་ཤ་ལེམ་གྱི་ཆོས་ཚོགས་ཚུ་དང་འཕྱད་དེ་ ལོག་ཁྲོམ་ ཨཱན་ཏི་ཡོག་ལུ་སོང་ནུག 23 པའུལ་ ཁྲོམ་ ཨཱན་ཏི་ཡོག་ལུ་ ཉིནམ་དག་པ་ཅིག་སྡོད་སྦེ་ ད་རུང་ལོག་སྟེ་ ལུང་ཕྱོགས་ ག་ལ་ཏི་དང་ ཕིརི་གི་ལུ་ཡོད་མི་ སློབ་མ་ཆ་ཁྱབ་དང་གཅིག་ཁར་འཕྱད་དེ་ དད་པ་ནང་སྒྲིང་སྒྲིང་བཟོ་ནུག། 24 དེ་སྐབས་ལུ་ཁྲོམ་ ཨ་ལེག་སཱན་དྲི་ཡ་ནང་སྐྱེས་མི་ ཡ་ཧུ་ད་པ་ ཨ་པོ་ལཱོས་ཟེར་མི་ ཁྲོམ་ ཨི་ཕི་སི་ལུ་སོང་ནུག་ ཁོ་གསུང་རབ་ལུ་མཁས་མི་ ཁ་བདེ་དྲགས་འབད་མི་གཅིག་ཡོདཔ་ཨིན་མས། 25 ཁོ་གིས་གཙོ་བོ་གི་ལམ་འདི་ག་དེ་སྦེ་ཡོདཔ་ཨིན་ན་ ལེགས་ཤོམ་སྦེ་ཤེསཔ་ཨིནམ་མ་ཚད་ ཁོ་གིས་ཆོས་སྟོན་ནི་ལུ་སྤྲོ་བ་བསྐྱེད་དེ་ ཡེ་ཤུ་གི་སྐོར་ལས་སྦྱང་བ་ག་ཅི་རང་ཐོབ་ཡོད་མི་ཚུ་ ཧིང་སང་ས་སྦེ་བཤད་དེ་ ཆོས་སྟོན་དོཝ་ཡོདཔ་ཨིན་མས་ དེ་འབདཝ་ད་ ཁྲུས་གསོལ་གྱི་སྐོར་ལས་འབད་བ་ཅིན་ ཁོ་གིས་ ཡོ་ཧ་ནཱན་གྱི་ཁྲུས་གསོལ་གྱི་སྐོར་ལས་རྐྱངམ་གཅིག་ཤེས་ནུག 26 ཁོ་གིས་ སི་ན་གོག་ནང་ལུ་སྤོབས་པ་ཆེ་ཏོག་ཏོ་སྦེ་ཆོས་སྟོནམ་ད་ པིརཱིས་ཀ་དང་ ཨ་ཀུ་ལཱས་གཉིས་ཀྱིས་ ཁོ་གི་ཆོས་ལེགས་ཤོམ་སྦེ་བཤད་ས་གོ་སྟེ་ ཁོ་ལུ་ཁོང་རང་གི་ཁྱིམ་ནང་འཁྱིད་དེ་ ཁོང་གཉིས་ཀྱིས་ཁོ་ལུ་དཀོན་མཆོག་གི་ལམ་གྱི་སྐོར་ལས་གསལ་ཏོག་ཏོ་སྦེ་སྟོན་བྱིན་ནུག 27 དེ་ལས་ ཨ་པོ་ལཱོས་ ལུང་ཕྱོགས་ ཨ་ཀེ་ཡ་ལུ་འགྱོ་ནི་གི་མནོ་བསམ་ཡོད་ཟེར་སླབ་ད་ ཨི་ཕི་སི་ལུ་སྡོད་མི་དདཔ་ཅན་ཚུ་གིས་ ཁོང་ཕར་ལུ་ཡོད་མི་དདཔ་ཅན་ཚུ་ལུ་ ཨ་ནི་མི་འདི་ལུ་ལེགས་ཤོམ་འབད་བྱིན་ཟེར་ཡི་གུ་བྲིས་བཏང་ནུག་ ཕར་ལུ་ལྷོདཔ་ད་ འདི་བཟུམ་སྦེ་རང་དཀོན་མཆོག་གི་ཐུགས་རྗེ་གི་ཐོག་ལས་སྦེ་ དད་པ་བསྐྱེད་འོང་མི་ཚུ་ལུ་ ཕན་ཐོགས་ལེ་ཤ་བྱུང་ནུག 28 ག་ཅི་སྨོ་ཟེར་བ་ཅིན་ ཁྲོམ་གྱི་སྦུག་ལུ་ ཡ་ཧུ་ད་པ་ཚུ་དང་གཅིག་ཁར་རྩོད་པ་རྐྱབ་ད་ ཁོ་གིས་གསུང་རབ་ནང་ལས་ ཡེ་ཤུ་འདི་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ཟེར་ ཁུངས་བཀལ་ཏེ་ ཡ་ཧུ་ད་པ་དེ་ཚུ་ཕམ་བཏང་ནུག།
1 ཨ་པོ་ལཱོས་ ཁྲོམ་ ཀོ་རཱིན་ཐི་ལུ་སྡོད་པའི་སྐབས་ལུ་ པའུལ་ ལུང་ཕྱོགས་ ག་ལ་ཏི་ གི་ནང་ལས་སྦེ་རྒྱུད་དེ་ ཁྲོམ་ ཨི་ཕི་སི་ལུ་ལྷོདཔ་ད་ སློབ་མ་ལ་ལུ་ཅིག་དང་འཕྱད་དེ། 2 ཁོ་གིས་སློབ་མ་ཚུ་ལུ་ ཁྱེད་ཆ་ཁྱབ་ཡེ་ཤུ་ལུ་དད་པ་བསྐྱེདཔ་ད་ དམ་པའི་ཐུགས་ཉིད་ཞུ་ཡི་ག་ཟེར་སླབ་ད་ ང་བཅས་ཀྱིས་དམ་པའི་ཐུགས་ཉིད་ཀྱི་སྐོར་ལས་རྣ་བ་རང་མ་གོ་ཟེར་སླབ་ནུག 3 དེ་སྦེ་འབད་བ་ཅིན་ ཁྱེད་ཆ་ཁྱབ་ཀྱིས་ག་ཅི་གི་ཁྲུས་གསོལ་ཞུ་ཞུཝ་སྨོ་ཟེར་ པའུལ་གྱིས་འདྲིཝ་ད་ ཁོང་གིས་ ཡོ་ཧ་ནཱན་གྱིས་སྟོན་མིའི་ཁྲུས་གསོལ་ཞུ་ཡི་ཟེར་སླབ་ནུག 4 དེ་ལས་ པའུལ་གྱིས་སླབ་ནུག་ ཡོ་ཧ་ནཱན་གྱིས་སྡིག་པ་ལས་སེམས་འགྱུར་ནི་གི་ ཁྲུས་གསོལ་བྱིན་ནུག་ དེ་འབདཝ་ད་ཁོ་ཁོ་རང་གིས་ ངེ་གི་རྟིང་ཤུལ་ལས་གཅིག་འབྱོན་དོ་ ཁོ་ལུ་དད་པ་བསྐྱེད་དགོ་ཟེར་ཆོས་སྟོན་ནུག་ ཨ་ནི་འདི་ཡེ་ཤུ་ཨིན་ཟེར་སླབ་ད། 5 ཁོང་གིས་འདི་གོཝ་ད་ ཁོང་ག་ར་གཙོ་བོ་ཡེ་ཤུ་གི་མཚན་ནང་ཁྲུས་གསོལ་ཞུ་ནུག 6 པའུལ་གྱིས་ཁོང་གི་གུ་ལུ་ལགཔ་བཀལཝ་ད་ དམ་པའི་ཐུགས་ཉིད་ཁོང་གུ་བྱོན་ཏེ་ ཁ་མ་གཅིགཔ་སླབ་སྟེ་ ལུང་བསྟན་ཡང་བཤད་ནུག 7 ད་དམ་པའི་ཐུགས་ཉིད་ཐོབ་མི་ ཁོང་མི་བཅུ་གཉིས་དེ་ཅིག་ཡོདཔ་ཨིན་མས། 8 དེ་ལས་ པའུལ་ སི་ན་གོག་ནང་འགྱོ་སྟེ་ ཟླཝ་གསུམ་གྱི་རིང་ལུ་ མ་འདྲོག་པར་སྤོབས་པ་ཆེ་ཏོག་ཏོ་སྦེ་ མི་ཚུ་དང་གཅིག་ཁར་ དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལས་རྩོད་པ་བརྐྱབས་ཏེ་ མི་དེ་ཚུ་གི་བདེན་འཛིན་རེ་ནི་གི་དོན་ལུ་ བརྩོན་འགྲུས་བསྐྱེད་དེ་བསྐུལ་མ་འབད་ནུག 9 དེ་འབདཝ་ད་ མི་ལ་ལུ་ཅིག་སེམས་སྲ་ཀྲག་སྦེ་ དད་པ་བསྐྱེད་མ་བཏུབ་མ་ཚད་ གཙོ་བོ་གི་ལམ་འདི་ལུ་ མི་ཚུ་གི་སྦུག་ལུ་ཁ་གཏང་སྟེ་ སྨད་པ་བརྐྱབས་ནུག་ འདི་གིས་འབད་ པའུལ་གྱིས་ཁོང་ལུ་བཞག་སྦེ་ སློབ་མ་ཚུ་འཁྱིད་དེ་ ཉིནམ་རྟག་བུ་རང་ ཁྲོམ་ཏི་ར་ནུས་ཀྱི་ཞལ་འཛོམས་ཁང་ནང་ལུ་ གསུང་གི་སྐོར་ལས་འདྲི་བ་དྲིས་ལེན་འབད་ནུག 10 དེ་བཟུམ་སྦེ་རང་འབད་དེ་ ལོ་གཉིས་ཚུན་ཚོད་སྡོདཔ་ད་ ཨེ་སི་ཡ་གི་ལུང་ཕྱོགས་ནང་སྡོད་མིའི་ ཡ་ཧུ་ད་པ་དང་ ཕྱིའི་མི་རིགས་ཚུ་ག་ར་གིས་ གཙོ་བོ་གི་གསུང་གོ་ནུག། 11 དཀོན་མཆོག་གིས་ པའུལ་གྱི་ཐོག་ལས་ ནམ་ཡང་མཐོང་མ་མྱོང་མི་རྫུ་འཕྲུལ་མ་དྲཝ་ཚུ་མཛད་གནང་ནུག 12 ག་དེ་སྦེ་ཟེར་བ་ཅིན་ པའུལ་གྱིས་གཟུགས་འཕྱག་ནི་གི་ཨ་ཅོ་ལྟོ་རས་དང་ ཁོ་གི་གཟུགས་ཁར་གྱོན་མིའི་བགོ་ལ་ཚུ་འབག་སྟེ་ མི་ནདཔ་ཚུ་གི་གུ་བཀལཝ་ད་ ནདཔ་དེ་ཚུ་ དེ་འཕྲོ་ལས་ནད་ལས་དྲགཔ་མ་ཚད་ འདྲེ་གདོན་ཚུ་ཡང་ག་ར་ཐོན་འགྱོ་དོཝ་ཨིན་མས། 13 དེའི་སྐབས་ལུ་ ཕར་དང་ཚུར་བཤལ་ཏེ་འདྲེ་གདོན་བཏོན་བདའ་མི་ ཡ་ཧུ་ད་པ་ལ་ལུ་ཅིག་གིས་ པའུལ་གྱིས་བཤད་མི་ཡེ་ཤུ་གི་མཚན་ནང་ ཁྱོད་ཕྱི་ཁར་འཐོན་སོང་ཟེར་ གཙོ་བོ་ཡེ་ཤུ་གི་མཚན་ཞུ་སྟེ་ འདྲེ་གདོན་ཡོད་མི་ཚུ་ནང་ལས་ བཏོན་བདའ་ནི་དཔའ་བཅམ་ནུག 14 འདི་གི་གྲལ་ཁར་ ཡ་ཧུ་ད་པ་གི་བླ་ཆེན་ སེཀེ་ཝ་ཟེར་མི་གི་བུ་བདུན་ཆ་ཁྱབ་ཡང་ཨིན་མས། 15 ཚར་གཅིག་དེ་སྦེ་འབདཝ་ད་ འདྲེ་གདོན་གྱིས་ཁོང་ལུ་ ཡེ་ཤུ་ང་གིས་ངོ་ཤེས་ པའུལ་ཡང་ང་གིས་ངོ་ཤེས་ དེ་འབདཝ་ད་ ཁྱེད་ཆ་ཁྱབ་ག་སྨོ་ཟེར་སླབ་སྟེ། 16 འདྲེ་གདོན་འཛུལ་མིའི་མི་དེ་ ཁོང་གུ་མཆོང་སྟེ་ མར་མནེམ་སྦེ་ དྲངམ་མ་ཚད་ རྨ་བཏོན་ཁྲག་ཐོན་འབད་དེ་ ཁྱིམ་ནང་ལས་སྒྱེན་མོ་སྦེ་བྱོག་ཡར་སོང་ནུག 17 འདི་ཁར་བྱུང་མི་ལོ་རྒྱུས་དེ་ ཁྲོམ་ ཨི་ཕི་སི་ནང་སྡོད་མིའི་ ཡ་ཧུ་ད་པ་དང་ ཕྱིའི་མི་རིགས་ཚུ་གིས་ཤེས་མཐོང་སྟེ་ ཁོང་གཙོ་བོ་ཡེ་ཤུ་བལྟ་སྟེ་ གནམ་མེད་ས་མེད་འདྲོགས་ཏེ་ ཁོ་ལུ་གུས་ཞབས་ཕུལ་ནུག 18 དེའི་སྐབས་ལུ་གཙོ་བོ་ལུ་དད་པ་བསྐྱེད་མི་ལེ་ཤ་འོངས་ཏེ་ རང་རང་གིས་འབད་མི་ལཱ་ངན་པ་དེ་ཚུ་ འགྱོད་སེམས་བསྐྱེད་དེ་ མི་དམངས་འཛོམས་ས་བཤགས་པ་ཕུལ་ནུག 19 དེའི་སྐབས་ཁོང་གི་གྲལ་ཁ་ལས་ངན་རྐྱབ་མི་ཚུ་ རང་རང་སོ་སོ་གི་དཔེ་ཆ་དེ་ཚུ་ག་ར་འབག་འོངས་ཏེ་ མི་ག་ར་གི་མཐོང་ས་ལུ་མེ་བཏང་ནུག་ དཔེ་ཆ་དེ་ཚུ་གི་རིན་གོང་རྩིས་རྐྱབ་པ་ཅིན་ དངུལ་གྱི་ཏི་རུ་སྟོང་ཕྲག་ལྔ་བཅུ་དེ་ཅིག་འཐོནམ་ཨིན་མས། 20 འདི་བཟུམ་སྦེ་རང་ གཙོ་བོ་གི་གསུང་འདི་ དར་ཁྱབ་སོང་སྟེ་ འདི་གི་དབང་ཤུགས་ཀྱི་གྲུབ་འབྲས་ཡང་ཡར་ཡར་སྦོམ་སྦེ་སོང་ནུག། 21 ལོ་རྒྱུས་འདི་ཚུ་ག་ར་བྱུང་ཚར་བའི་ཤུལ་ལས་ པའུལ་གྱི་མནོ་བསམ་ལུ་ ང་ ཡེ་རུ་ཤ་ལེམ་ལུ་མ་འགྱོ་བའི་ཧེ་མ་ ལུང་ཕྱོགས་ མ་ཀེ་དོ་ནི་ཡ་དང་ ཨ་ཀེ་ཡ་ལུ་འགྱོ་དགོ་ ཕར་ལས་སྦེ་ ཡེ་རུ་ཤ་ལེམ་ལུ་འགྱོ་ནི་ དེ་ལས་སྦེ་ ང་ག་དེ་སྦེ་ཨིན་རུང་ རོམ་ལུ་འགྱོ་དགོ་ཟེར་ཁོ་རང་གིས་སླབ་ནུག 22 ཁོ་ལུ་ཆ་རོགས་འབད་མི་ཚུ་གི་གྲལ་ལས་ ཏི་མོ་ཐི་དང་ ཨེ་རཱས་ཏཱོས་ལུ་ ཧེ་མ་ལས་ལུང་ཕྱོགས་ མ་ཀེ་དོ་ནི་ཡ་ལུ་བཏང་སྦེ་ ཁོ་རང་ཉིནམ་དག་པ་གཅིག་ ལུང་ཕྱོགས་ ཨེ་སི་ཡ་ལུ་སྡོད་ནུག 23 དུས་ཚོད་དེའི་སྐབས་ལུ་ ཁྲོམ་ ཨི་ཕི་སི་ལུ་གཙོ་བོ་གི་ལམ་དེའི་སྐོར་ལས་ ཟིང་འཁྲུག་སྦོམ་གཅིག་ལོངས་ནུག 24 ག་ཅི་སྨོ་ཟེར་བ་ཅིན་ སྤྲོས་རྐོཔ་ དེ་མེ་ཏྲཱོས་ཟེར་མི་འདི་ ལྷ་མོ་ ཨཱར་ཏེ་མཱིས་ཀྱི་སྐུ་བཞག་ས་ དངུལ་གྱིས་བཟོ་སྟེ་ བཙོངམ་མ་ཚད་ ཁོ་གི་འོག་ལུ་ ལཱ་འབད་མི་ལེ་ཤ་བཙུགས་ཏེ་ ཁོང་ག་ར་ལུ་ཁེ་སང་སྦོམ་ཐོབ་དོཝ་ཡོདཔ་ཨིན་མས། 25 དེ་ལས་ཁོ་གིས་ཁོ་རང་གི་འོག་ལུ་ ལཱ་འབད་མི་ཚུ་ག་ར་དང་ ཁོང་རང་བཟུམ་སྦེ་ སྤྲོས་རྐོཔ་གཞན་ཚུ་ཡང་འབོ་ཞིནམ་ད་ གྱོས་སྐོར་བརྐྱབས་ཏེ་ དབའེ་ལྟོ་ཚང་ཚུ་ ང་བཅས་ལུ་ཨ་ནི་ལཱ་འདི་གིས་ ཁེ་སང་སྦོམ་ཐོབ་སྟེ་ཡོད་ཟེར་ང་བཅས་ག་ར་གིས་ཤེས། 26 ཨ་ནི་ པའུལ་ཟེར་མིའི་མི་འདི་གིས་ ག་ཅི་འབད་ཡི་ག་ ཁྱེད་ཀྱི་མིག་གིས་མཐོང་ རྣ་བ་ཡང་གོ་ཡི་ ཁོ་གིས་ཁྲོམ་ ཨི་ཕི་སི་གི་མི་ཚུ་ལུ་ ལགཔ་གིས་བཟོ་མི་ལྷ་ཚུ་དཀོན་མཆོག་མེན་ཟེར་སླབ་སྟེ་ མི་ཚུ་ལུ་མགུ་བསྐོར་རྐྱབ་ནུག་ ཨ་ནི་འདི་ ང་བཅས་ཀྱི་ཁྲོམ་ ཨི་ཕི་སི་ལུ་རྐྱངམ་གཅིག་མེན་པར་ ལུང་ཕྱོགས་ ཨེ་སི་ཡ་ག་ར་ནང་ དེ་སྦེ་སླབ་སྟེ་ མི་ཚུ་ལུ་བདེན་འཛིན་རེ་བཅུག་ནུག 27 ད་ང་བཅས་ཀྱི་ཚོང་ལཱ་གི་མིང་གཏམ་གནོད་ནི་ཨིན་མས་ དེ་ལས་ ཨེ་སི་ཡ་གི་མི་རིགས་ག་ར་དང་ འཛམ་བུ་གླིང་གི་མི་ག་ར་གིས་མཆོདཔ་ཕུལ་མི་ ལྷ་མོ་ཆེན་མོ་ ཨཱར་ཏེ་མཱིས་ཀྱི་གཟི་བརྗིད་མར་ཉམས་ནི་ཨིནམ་མ་ཚད་ ལྷ་མོ་གི་ལྷ་ཁང་དེ་ཡང་ ཁུངས་ག་ནི་ཡང་མེདཔ་སྦེ་འགྱོ་ནི་གི་ཉེན་ཁ་སྦོམ་འདུག་ཟེར་སླབ་ནུག 28 ལོ་རྒྱུས་འདི་གོཝ་ད་ མི་ག་ར་གནམ་མེད་ས་མེད་ཙིགཔ་ཟ་སྟེ་ ནཱ་ ཨི་ཕི་སི་གི་ལྷ་མོ་ ཨཱར་ཏེ་མཱིས་དེ་ ག་ར་ལས་དབང་ཆེ་ཤོས་གཅིག་ཨིན་ཟེར་ ལོག་ཅི་ལོག་ཅི་སྐད་ཤུགས་སྦེ་བརྐྱབས་ནུག 29 དེ་ལས་ཨ་ནི་བྱེལཝ་འདི་ཁྲོམ་ག་ར་ནང་ལུ་ཁྱབ་སྟེ་ མི་ཚུ་ག་ར་སེམས་མཐུན་ཏེ་ པའུལ་དང་གཅིག་ཁར་འོང་མི་ ལུང་ཕྱོགས་ མ་ཀེ་དོ་ནི་ཡ་ལས་ གའི་ཡུས་དང་ ཨ་རཱིས་ཏཱར་ཁཱོས་གཉིས་ལུ་བཟུང་སྟེ་ ལྟདམོ་ལྟ་སའི་ཁྱིམ་ནང་བརྒྱུགས་ཏེ་འཁྱིད་སོང་ནུག 30 པའུལ་མི་དམངས་ཀྱི་སྦུག་ལུ་འགྱོ་ནི་འབདཝ་ད་ སློབ་མ་ཚུ་གིས་ གཏང་མ་བཏུབ་མ་ཚད། 31 ད་རུང་ ཨེ་སི་ཡ་ལུ་ཡོད་མི་ པའུལ་གྱི་ལྟོ་ཚང་ གཞུང་གི་འགོ་དཔོན་དེ་ཚུ་གིས་ པའུལ་རང་གི་ཚེ་སྲོག་དགོ་པ་ཅིན་ ལྟདམོ་ལྟ་སའི་ཁྱིམ་ནང་མ་སོང་ཟེར་ཁ་འཐེན་བཏང་ནུག 32 བྱེལཝ་ལངས་ཏེ་ མི་འཛོམས་མི་མང་ཤོས་ཀྱིས་རང་ དོན་དག་དེ་ག་ཅི་ཨིན་ན་ཧ་མ་གོ་བས་ ག་ཅི་སྨོ་ཟེར་བ་ཅིན་ གཅིག་གིས་བློ་གཅིག་སླབ་ད་ ད་རུང་གཅིག་གིས་བློ་མ་དྲཝ་གཞན་སླབ་སྟེ་ མི་ག་ར་མགུ་འཐོམ་སྟེ་སྡོད་ནུག 33 དེ་ལས་ཚོགས་འཛོམས་རྐྱབ་དགོ་པའི་དོན་དག་དེ་ག་ཅི་ཨིན་ན་ སླབ་བྱིན་ནི་སྦེ་ ཡ་ཧུ་ད་པ་ཚུ་གི་གྲལ་ལས་ ཨ་ལེག་སཱན་ཌཱེར་ཟེར་མི་འདི་ལུ་ མིའི་གདོང་ཁར་འཕུལ་ནུག་ ཁོ་གིས་ལོ་རྒྱུས་དེ་ཚུ་གསལ་སླབ་ནི་སྦེ་ མི་དམངས་ལུ་སྐད་མ་རྐྱབས་ཟེར་ ལགཔ་གིས་ག་དེ་སྦེ་བརྡ་སྟོན་རུང་། 34 མི་དེ་ཚུ་གིས་ཁོ་ ཡ་ཧུ་ད་པ་ཨིནམ་ཤེས་ཏེ་ ཆུ་ཚོད་གཉིས་ཀྱི་རིང་ལུ་ མི་ག་ར་གིས་ ཨི་ཕི་སི་གི་ ཨཱར་ཏེ་མཱིས་འདི་དབང་ཆེ་ཤོས་གཅིག་ཨིན་ཟེར་ སྐད་གཅིག་སྦེ་བརྐྱབས་སྡོད་ནུག 35 དེ་ལས་མཐའན་མཇུག་ལུ་ ཁྲོམ་གྱི་དྲུང་ཡིག་གིས་སྐད་མ་རྐྱབས་ཟེར་གསུངསམ་ད་ མི་དམངས་ཀྱིས་ཉན་ནུག་ དེ་ལས་ཁོ་གིས་ དབའེ་ ཁྱེད་ ཨི་ཕི་སི་གི་མི་ཆ་ཁྱབ་ ཁྲོམ་ ཨི་ཕི་སི་འདི་ནང་ལུ་ ཞིང་ཁམས་ལས་མར་འབབ་མི་དམ་པའི་རྡོ་ ལྷ་ཆེན་མོ་ ཨཱར་ཏེ་མཱིས་ཀྱི་སྐུ་འདྲ་དང་ མོ་རའི་ལྷ་ཁང་དེ་གི་སྲུང་རྒྱབ་དེ་ ང་བཅས་ ཨི་ཕི་སི་ལུ་སྡོད་མི་ཆ་ཁྱབ་ཨིནམ་ ག་ར་གིས་ཤེས། 36 ཨ་ནི་ལོ་རྒྱུས་འདི་ ག་གིས་ཡང་ཧམ་བཤད་བརྐྱབས་ཏེ་མེན་ཟེར་སླབ་མི་ཚུགས་ འདི་བ་དེ་ འུར་མ་ལངས་པར་ ཁུ་སིམ་སི་སྦེ་སྡོད། 37 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་འཁྱིད་འོང་མིའི་མི་གཉིསཔ་དེ་གིས་ ལྷ་ཁང་ཡང་མ་བཅོམ་པས་ དེ་ལས་ང་བཅས་ཀྱི་ལྷ་མོ་ལུ་སྐུ་ཕངས་ཡང་མ་སྨད་པས། 38 དེ་མེ་ཏྲཱོས་དང་སྤྲོས་རྐོཔ་ཆ་རོགས་ཚུ་གིས་ མི་གཞན་དང་རྩོད་གཞི་ཡོད་པ་ཅིན་ ཁྲིམས་ཁང་ནང་ཕྱེ་བ་སོང་ ཡར་ལུ་དྲང་དཔོན་ཚུ་ཡོད་ ཁྱེད་རང་གཅིག་གིས་གཅིག་ལུ་ སྐྱོན་བཏོན་ནི་ཡོད་པ་ཅིན་ ཁྲིམས་ཁང་ནང་སོང་སྟེ་ རྩོད་གཞི་ཕྱེ་ཐག་ཆོད། 39 ད་རུང་དོན་དག་འདི་མེན་པར་ བློ་གཞན་གྱི་སྐོར་ལས་དྲི་ནི་ཡོད་པ་ཅིན་ ཁྲོམ་གྱི་ཁྲིམས་ཁང་ནང་དྲི་བ་སོང་ ཁྲིམས་དང་འཁྲིལ་ཏེ་ ཁོང་གིས་བློ་སྒྲིག་བྱིན་འོང་། 40 ད་རིས་ཀྱི་བྱེལཝ་ལངས་མི་དེ་ལུ་ རོམ་གྱི་གཞུང་གིས་སྙན་གསན་པ་ཅིན་ ང་བཅས་ཀྱིས་ངོ་ལོག་རྐྱབ་དེས་ཟེར་སླབ་ནི་ཉེན་ཁ་སྦོམ་འདུག་ ག་ཅི་སྨོ་ཟེར་བ་ཅིན་ དོན་དག་དེ་ཚུ་དྲི་བ་ཅིན་ ང་བཅས་ཀྱིས་ཧིང་སང་ས་ག་ནི་ཡང་ཞུ་ནི་མེད་ཟེར་གསུངས་ཏེ། 41 མི་དེ་ཚུ་ག་ར་ རང་རང་སོ་སོ་གི་ཁྱིམ་ནང་ལོག་བཏང་ནུག།
1 དེ་ལས་བྱེལཝ་དེ་ཚུ་ག་ར་ཞི་ཚར་བའི་ཤུལ་ལས་ པའུལ་གྱིས་སློབ་མ་ཚུ་ལུ་འབོ་སྟེ་ སེམས་གསོ་འབད་ནུག་ དེ་ལས་ ད་ཁྱེད་ཆ་ཁྱབ་སྡོད་སྨ་རེ་ཟེར་སླབ་སྦེ་ ཁོང་དང་ཁ་འབྱལ་ཏེ་ ཁོ་ལུང་ཕྱོགས་ མ་ཀེ་དོ་ནི་ཡ་ལུ་སོང་ནུག 2 དེ་ལས་ མ་ཀེ་དོ་ནི་ཡ་ལས་སྦེ་འགྱོ་སྟེ་ མི་ག་ར་ལུ་སེམས་གསོ་གི་བསླབ་བྱ་ལེ་ཤ་བྱིན་སྦེ་ ལུང་ཕྱོགས་ གིརཱིས་ནང་སོང་ནུག 3 ཟླཝ་གསུམ་ཚུན་ཚོད་དེ་ཁར་སྡོད་སྦེ་ དེ་ལས་གྲུ་ནང་འགྱོ་སྦེ་ ལུང་ཕྱོགས་ སི་རི་ཡ་ལུ་འགྱོ་ནི་འབདཝ་ད་ ཡ་ཧུ་ད་པ་དེ་ཚུ་གིས་ ཁོ་ལུ་བཀྲ་མ་ཤེསཔ་འབད་ནི་སྦེ་ གནས་སྐབས་སྒྲིག་ཡོདཔ་ལས་ ཁོ་ད་རུང་ལོག་སྟེ་ལུང་ཕྱོགས་ མ་ཀེ་དོ་ནི་ཡ་ལས་སྦེ་བསྐོར་ཏེ་ འགྱོ་ནི་འབད་ཐག་བཅད་ནུག 4 ཁོ་དང་མཉམ་གཅིག་འགྱོ་མི་ཆ་ཁྱབ་ ཁྲོམ་ བེ་རོ་ཡ་ལུ་སྡོད་མི་ པཱིར་རུས་ཟེར་མི་གི་བུ་ སོ་པ་ཏཱེར་དང་ ཁྲོམ་ ཐེ་ས་ལོ་ནི་ཀ་ལས་འོངས་མིའི་མི་གཉིས་ ཨ་རཱིས་ཏཱར་ཁཱོས་དང་ སེ་ཀུན་དུས་ དེ་ལས་ཁྲོམ་ དཱེར་བེ་ལས་འོངས་མི་ གའི་ཡུས་ དེ་ལས་ ཏི་མོ་ཐི་ དེ་ལས་ལུང་ཕྱོགས་ ཨེ་སི་ཡ་ལས་འོང་མིའི་མི་གཉིས་ ཏི་ཀི་ཀུས་དང་ ཏོརོ་ཕི་མུས་ཟེར་མི་ཆ་ཁྱབ་ཨིན་མས། 5 དེ་ལས་ཁོང་ཆ་ཁྱབ་ཧེ་མ་ལས་འགྱོ་སྟེ་ ང་བཅས་མ་ལྷོད་ཚུན་ཚོད་ ཁྲོམ་ ཏོརོ་ཨཱས་ལུ་བསྒུགས་སྡོད་ནི་སྦེ་སོང་ཡི། 6 དེ་ལས་བུལ་ཏོག་མེད་པའི་ཏད་ཟས་ཀྱི་དུས་ཆེན་དེ་རྫོགས་ཏེ་ ང་བཅས་ཁྲོམ་ ཕི་ལི་པི་ལས་གྲུ་ནང་འཛུལ་ཏེ་ ཞག་ལྔ་ལངམ་དང་ཁྲོམ་ ཏོརོ་ཨཱས་ལུ་ཁོང་སྡོད་སར་ལྷོད་ཅི་ དེ་ལས་ང་བཅས་བདུན་ཕྲག་གཅིག་ཕར་ལུ་སྡོད་ཅི།། 7 བདུན་ཕྲག་གི་ཉིནམ་དང་པའི་ཕྱི་རུ་ལུ་ གཙོ་བོ་ཡེ་ཤུ་དྲན་ནི་གི་ཚོགས་སྟོན་གྱི་དོན་ལུ་ ང་བཅས་ག་ར་གཅིག་ཁར་འཛོམས་ཅི་ དེ་ལས་ པའུལ་གྱིས་ ཁོ་ནངས་པ་ལོག་འགྱོ་ནི་ཨིན་ཟེར་སླབ་སྟེ་ ནུབ་ཕྱེད་ཚུན་ཚོད་ ཁོང་དང་མཉམ་གཅིག་བློ་སླབ་སྡོད་ཅི། 8 ང་བཅས་འཛོམས་སའི་ཁྱིམ་ཐོག་གོང་མ་ལུ་ ས་ཏི་ལེ་ཤ་བཏེགས་ཏེ་འདུག 9 མི་གཞོནམ་ ཨེའུ་ཏི་ཀུས་ཟེར་མི་དེ་ སྒོ་ཅུང་ཟུར་ཁར་ལུ་ཆོས་ཉན་སྡོདཔ་ད་ པའུལ་གྱིས་ཆོས་བཤད་ཅི་བཤད་ཅི་སྡོདཔ་ད་ ཁོ་གཉིད་སྡུག་བརྐྱབས་ཅི་བརྐྱབས་ཅི་རང་ ཡོདཔ་ཅིག་ཁར་ལས་ ཁོ་གཉིད་ལོག་སྟེ་ ཁྱིམ་ཐོག་གསུམ་པ་དེ་གི་གུ་ལས་ མར་རྦོབ་རིལ་སོང་ནུག་ དེ་ལས་མི་འདི་ཚུ་མར་བལྟ་བ་འགྱོ་སྟེ་ ཡར་ལྷོང་བལྟཝ་ད་ མི་འདི་ཤི་སོང་ནུག་ཟེར་སླབ་ནུག 10 དེ་ལས་ པའུལ་མར་བརྒྱུགས་སོང་སྟེ་ རོ་དེ་ལུ་ཕང་མ་བཏབ་ནུག་ ཁྱེད་ཆ་ཁྱབ་ཚ་གྱང་མ་ལང་ ཁོ་མ་ཤི་བས་ཟེར་སླབ་ཅི། 11 ད་རུང་ཁོང་ལོག་སྟེ་ཡར་ཐོག་ཁར་སོང་སྦེ་ གཙོ་བོ་ཡེ་ཤུ་དྲན་ནི་གི་ཚོགས་སྟོན་གྱི་ཏད་ཟས་བཅག་སྟེ་ཟ་ནུག་ དེ་ལས་དྲོ་པ་ནམ་མ་ནངས་ཚུན་ཚོད་ ཁོང་དང་མཉམ་གཅིག་བློ་སླབ་སྡོད་སྦེ་ པའུལ་ལོག་སྟེ་སོང་ཡི། 12 ཁོང་དེ་ནང་ཡོད་མི་ཚུ་གིས་ མི་གཞོནམ་དེ་གསོན་པོ་སྦེ་ ཁྱིམ་ནང་འཁྱིད་འགྱོ་ནི་ཡོད་ནི་དེ་གིས་ ཁོང་བློ་བདེ་པག་པ་ཡར་སོང་ནུག། 13 པའུལ་གྱིས་སླབ་དོཝ་བཟུམ་སྦེ་ ང་བཅས་ཧེ་མ་ལས་གྲུ་ནང་འཛུལ་ཏེ་ ཁྲོམ་ ཨ་སཱོས་ལུ་འོངས་ཡི་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་རང་གི་འཆར་གཞི་དེ་ ཁྲོམ་ ཨ་སཱོས་ཚུན་ཚོད་ས་ཁར་ལས་འགྱོ་ནི་སྦེ་ཨིན་མས། 14 དེ་ལས་ཁྲོམ་ ཨ་སཱོས་ལུ་ ཁོ་ང་བཅས་དང་འཕྱད་དེ་ གྲུ་ནང་གཅིག་ཁར་འཛུལ་སྦེ་ ང་བཅས་ཀྱིས་ཁོ་ཁྲོམ་ མི་ཏི་ལེ་ནི་ལུ་འཁྱིད་སོང་ཡི། 15 འདི་གི་ནངས་པ་དྲོ་པ་ ང་བཅས་གྲུ་ནང་འཛུལ་ཏེ་ ཉིནམ་དེ་ལུ་ རྒྱ་མཚོ་སྦུག་གི་འཚོ་གླིང་ ཁི་ཨཱོས་ཟེར་མི་གི་རྩ་བ་ལུ་ལྷོད་ཅི་ དེ་གི་ནངས་པ་རྒྱ་མཚོ་སྦུག་གི་འཚོ་གླིང་ ས་མཱོས་ཟེར་མི་ལུ་འོངས་ཡི་ ཉིནམ་དེ་གི་ཤུལ་ལས་ང་བཅས་ མི་ལེ་ཏཱུས་ཟེར་མི་ཁྲོམ་ལུ་ལྷོད་ཅི། 16 དེ་ལས་ པའུལ་གྱི་མནོ་བསམ་ལུ་འབད་བ་ཅིན་ ཁྲོམ་ ཨི་ཕི་སི་ལུ་མ་ཐོན་ནི་ཨིནམ་མ་ཚད་ ལུང་ཕྱོགས་ ཨེ་སི་ཡ་ནང་ཡང་ཡུན་རིངམ་མ་སྡོད་པར་ ཡེ་རུ་ཤ་ལེམ་ལུ་འགྱོ་ནི་སྦེ་ཐག་བཅད་ཅི་ ག་ཅི་སྨོ་ཟེར་བ་ཅིན་ པེན་ཏི་ཀཱོས་ཀྱི་དུས་ཆེན་འདི་རན་ཏེ་ འདི་ནང་ལྷོད་ཚུགསཔ་སྦེ་འགྱོ་ནི་འབད་ཨིན་མས།། 17 པའུལ་གྱིས་ཁྲོམ་ ཨི་ཕི་སི་གི་ཆོས་ཚོགས་ཀྱི་འགོ་འདྲེན་པ་ཆ་ཁྱབ་ལུ་ ཁོ་དང་འཕྱད་པ་ ཁྲོམ་ མི་ལེ་ཏཱུས་ལུ་ཤོག་ཟེར་ མི་གཅིག་ཁྲོམ་ ཨི་ཕི་སི་ལུ་འཐེན་སླབ་པ་བཏང་ནུག 18 འགོ་འདྲེན་པ་ཆ་ཁྱབ་ པའུལ་འཕྱད་པ་འོངམ་ད་ ཁོ་གིས་སླབ་ཅི། ང་ཧེ་མ་ ལུང་ཕྱོགས་ ཨེ་སི་ཡ་ལུ་ལྷོད་པའི་སྐབས་ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཁྱེད་དང་གཅིག་ཁར་ ང་ག་དེ་སྦེ་སྡོད་ཅི་ག་ ཁྱེད་ཆ་ཁྱབ་ཀྱིས་ཤེས། 19 ཡ་ཧུ་ད་པ་ཆ་ཁྱབ་ཀྱིས་ ང་ལུ་གནོད་འཚེ་བཀལ་ཏེ་ དཀའ་ངལ་དང་སྡུག་བསྔལ་ལེ་ཤ་བྱིན་ཏེ་འབད་རུང་ བཟོད་པ་བསྒོམས་ཏེ་སྡོད་ཅི་ ངེའི་མིག་ཏོ་ལས་མིག་ཆུ་འཛག་སྟེ་འབད་རུང་ ཉམ་ཆུང་གི་ཐོག་ལས་ གཙོ་བོ་གི་ཕྱག་ཞུ་ནི་ཡང་མ་བཞག 20 ཁྱེད་ཆ་ཁྱབ་ལུ་ ང་གིས་ཕན་པའི་ཆོས་བཤད་མི་འདི་ཚུ་ མི་ཁྲོམ་འཛོམས་སར་དང་ཁྱིམ་ནང་ དེ་ལས་ས་གནས་ག་ཏེ་རང་འབད་རུང་ སྦ་གསང་མེད་པར་སྟོན་བྱིན་མི་དེ་ ཁྱེད་ཀྱིས་ཤེས། 21 ད་རུང་ང་གིས་ ཡ་ཧུ་ད་པ་དང་ ཕྱིའི་མི་རིགས་ཚུ་ སྡིག་པ་ལས་སེམས་འགྱུར་ཏེ་ དཀོན་མཆོག་ཁ་ཐུག་འོང་དགོཔ་དང་ ང་བཅས་གཙོ་བོ་ཡེ་ཤུ་ལུ་དད་པ་བསྐྱེད་དགོ་ཟེར་ ཨུ་ཚུགས་བསྐྱེད་དེ་སྟོན་བྱིན་ཡི། 22 ད་བལྟ་ཞིག་ དམ་པའི་ཐུགས་ཉིད་ཀྱིས་རྒྱུད་བསྐུལ་བརྐྱབས་ཏེ་ ང་ ཡེ་རུ་ཤ་ལེམ་ལུ་འགྱོ་དོ་ ཕར་ལྷོདཔ་ད་ ང་ལུ་ག་ཅི་འབྱུང་འོང་ག་ ང་གིས་མི་ཤེས། 23 ང་གིས་ཤེས་མི་དེ་ དམ་པའི་ཐུགས་ཉིད་ཀྱིས་ ང་འགྱོ་སའི་ཁྲོམ་ཡོད་རེ་ཡོད་ཚད་ནང་ལྷོདཔ་ད་ བཙོན་ཁང་ནང་བཙུགས་ནི་དང་ སྡུག་བསྔལ་དེ་ཚུ་གིས་ང་ལུ་སྒུག་སྟེ་ཡོད་ཟེར་མི་རྐྱངམ་གཅིག་ཤེས། 24 ག་དེ་སྦེ་ཨིན་རུང་ ང་རང་གི་ཚེ་སྲོག་དེ་ཁག་ཆེ་ཏོག་ཏོ་སྦེ་མི་བརྩི་ དཀོན་མཆོག་གི་ཐུགས་རྗེ་གི་གཏམ་བཟང་གི་ འཛོམ་དཔང་འབད་ནི་གི་ལཱ་འགན་ གཙོ་བོ་ཡེ་ཤུ་གིས་ང་ལུ་གནང་སྟེ་ཡོད་མི་ དེ་མཇུག་བསྡུ་ནི་འདི་ངེ་གི་དོན་ལུ་གནམ་མེད་ས་མེད་རྩ་ཆེ་ཤོས་ཨིན། 25 ང་གིས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལས་ཆོས་ ག་དང་ག་ལུ་བཤད་དེ་འོང་ཡི་ག་ ད་འདི་ཚུ་གི་གྲལ་ལས་ གཅིག་གིས་ཡང་ ངེ་གི་གདོང་དུས་ནམ་ཡང་མི་མཐོང་ཟེར་ང་གིས་ཤེས། 26 དེ་འབདཝ་ལས་ ག་དེམ་ཅིག་སྦེ་ ཁྱེད་ཀྱི་ཚེ་སྲོག་འདི་འབྱང་ད་པ་ཅིན་ དེ་གི་རྩིས་ང་གིས་ཕུལ་མི་དགོ་ཟེར་ ད་རིས་ང་གིས་ཁྱེད་ཆ་ཁྱབ་ཀྱི་མཐོང་ས་སླབ་དོ། 27 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་ཐུགས་དགོངས་ཡོད་མི་ག་ར་ སྦ་གསང་མེད་པར་ ག་ར་ང་གིས་ཁྱེད་ཆ་ཁྱབ་ལུ་སྟོན་བྱིན་ཡི། 28 དེ་ལས་ཕར་ དཀོན་མཆོག་ཁོ་རང་གི་སྲས་ཀྱི་སྐུ་ཁྲག་གིས་ ཉོ་མི་ཆོས་ཚོགས་ འགོ་འདྲེན་འཐབ་མི་སྦེ་ དམ་པའི་ཐུགས་ཉིད་ཀྱིས་ ཁྱེད་ཆ་ཁྱབ་བཀལ་གནང་ཡི་ དེ་འབདཝ་ལས་ རང་གིས་རང་ལུ་དྲན་པ་བཏོན་ཏེ་ ཆོས་ཚོགས་ལུ་ལུག་རྫིཔ་སྦེ་བདག་འཛིན་འཐབ་དགོ། 29 ད་ང་གིས་ཤེས་ ང་ནཱ་ལས་ཡར་སོང་མིའི་ཤུལ་ལས་ ལམ་འཛོལ་བ་སྟོན་མི་སློབ་དཔོན་ འཕརཝ་བཟུམ་གྱི་གཅན་གཟན་འདྲོག་སི་སི་ཚུ་གིས་ ཁྱེད་ཆ་ཁྱབ་ཀྱི་སྦུག་ལུ་འཛུལ་ཏེ་ ལུག་གཅིག་ཡང་མ་བཞག་པར་གཏོར་གཏང་འོང་། 30 ཁྱེད་ཆ་ཁྱབ་ཀྱི་གྲལ་ལས་ཡང་ ལ་ལུ་ཅིག་གིས་སློབ་མ་ཚུ་ལུ་དཀྲོགས་ཁ་བརྐྱབས་ཏེ་ གཏམ་རྫུན་མ་སླབ་སྦེ་ འཁྱིད་འགྱོ་ནི་གི་དུས་སྐབས་གཅིག་འོང་དོ། 31 དེ་འབདཝ་ལས་བརྟེན་ཏེ་ ང་ལོ་གསུམ་གྱི་རིང་ལུ་ ཉིན་ནུབ་མེད་པར་ མིག་ཏོག་ལས་མིག་ཆུ་འཛག་སྟེ་ མི་ག་ར་ལུ་ང་གིས་ཉེན་བརྡ་འབད་མི་འདི་ ཁྱེད་ཆ་ཁྱབ་ཀྱིས་སེམས་ཁ་ལས་མ་བརྗེད་པར་ དྲན་པ་བཏོན་ཏེ་སྡོད། 32 ད་ང་གིས་ཁྱེད་ཆ་ཁྱབ་ཀྱི་བདག་འཛིན་འདི་ དཀོན་མཆོག་གི་ཕྱག་ལུ་དང་ ཁོ་གི་ཐུགས་རྗེ་གི་གཏམ་བཟང་དེ་ལུ་ཕུལ་ནི་ཨིན་ ཐུགས་རྗེ་དེ་གིས་ ཁྱེད་ཀྱི་དདཔ་སྒྲིང་སྒྲིང་སྦེ་མཛད་ཚུགས་ནི་ཨིནམ་མ་ཚད་ དཀོན་མཆོག་གིས་ཁོ་རའི་དོན་ལུ་གཙངམ་མཛད་མི་ཚུ་ལུ་ ཤུལ་ནོར་གྱི་བགོ་བཤའ་ཡང་གནང་ནི་ཨིན། 33 ང་གིས་མི་གཞན་གྱི་གསེར་དང་དངུལ་ བགོ་ལ་ལ་སོགས་པ་ལུ་ རེ་འདོད་མ་བསྐྱེད། 34 ང་རང་ལུ་དགོ་མི་དང་ ངེ་གི་ཆ་རོགས་ཚུ་ལུ་དགོ་མི་ག་ར་ ང་རང་གི་ལགཔ་གཉིས་ཀྱིས་ལཱ་འབད་དེ་སྡོད་ཅི་ འདི་ཁྱེད་ཆ་ཁྱབ་ཀྱིས་ཤེས། 35 འདི་བཟུམ་སྦེ་རང་ སྐྱིད་སྡུག་ཕོག་མི་ཚུ་ལུ་ཆ་རོགས་འབད་བྱིན་ནི་གི་དོན་ལུ་ རང་གི་ལཱ་བཙོན་ཤུགས་བསྐྱེད་དེ་འབད་དགོ་ཟེར་ ང་གིས་འབད་མི་ག་ར་ནང་ དཔེ་སྦེ་སྟོན་ཡི་ དེ་ལས་གཙོ་བོ་ཡེ་ཤུ་གིས་ ཚུར་ཐོབ་ནི་དེ་ལས་ཕར་བྱིན་ནི་དེ་ བྱིན་རླབས་ཅན་ཨིན་ཟེར་མི་དེ་སེམས་ཁར་བཞག 36 ཁོ་གིས་དེ་སྦེ་སླབ་ཚརཝ་ད་ པུས་མོ་ས་ཁར་བཙུགས་སྦེ་ ཁོང་ག་ར་དང་མཉམ་གཅིག་སྨོན་ལམ་ཞུ་ཡི། 37 དེ་ལས་ཁོང་ཆ་ཁྱབ་ག་ར་གིས་ པའུལ་ཕང་མ་བཏབ་སྟེ་འུ་བཀལ་སྦེ་ ད་བྱོན་ཟེར་སླབ་སྦེ་ ཁོང་གནམ་མེད་ས་མེད་སྔུ་ནུག 38 ག་ཅི་སྨོ་ཟེར་བ་ཅིན་ ག་ར་ནང་ལས་གནམ་མེད་ས་མེད་སེམས་འཁྲུལ་སི་སི་འབད་མི་དེ་ ཁོ་གིས་ཁོང་ལུ་ ད་ནམ་ཡང་ཁྱེད་ཀྱིས་ངེ་གི་གདོང་དེ་མི་མཐོང་ཟེར་སླབ་ནི་དེ་གིས་ཨིན་མས་ དེ་ལས་ཁོང་གིས་ པའུལ་གྲུ་ནང་ཚུན་ཚོད་བཀལ་སོང་ཡི།།
1 ཨི་ཕི་སིཔ་གི་འགོ་འདྲེན་པ་ཚུ་བཞག་ནི་འདི་ལ་ཁག་གཏང་སྟེ་འབད་རུང་ སྡོད་སྨ་རེ་ཟེར་སླབ་སྦེ་ ཁོང་དང་ཁ་འབྱལ་ཏེ་ ང་བཅས་གྲུ་ནང་འཛུལ་སྦེ་ རྒྱ་མཚོ་བརྒལ་ཏེ་ འཚོ་གླིང་ ཀཱོས་ལུ་ཕྲང་སྟེ་འོངས་ཡི་ དེ་གི་ནངས་པ་འཚོ་གླིང་ རོ་དཱེས་ལུ་ལྷོད་ཅི་ དེ་གི་ཤུལ་ལས་ཁྲོམ་ པ་ཏ་ར་ལུ་སོང་ཡི། 2 ཕར་ལས་སྦེ་ལུང་ཕྱོགས་ ཕོ་ནི་སི་ཡ་ལུ་འགྱོ་མི་གྲུ་གཅིག་ཐོབ་སྟེ་ ང་བཅས་དེ་ནང་འཛུལ་སྦེ་སོང་ཡི། 3 དེ་ལས་འཚོ་གླིང་ སའིཔ་རཱས་མཐོང་སའི་སྦོ་ལོགས་ཁར་ལྷོདཔ་ད་ གྲུ་དེ་ལྷོ་ཕྱོགས་འགྱོ་སྟེ་ ལུང་ཕྱོགས་ སི་རི་ཡ་ལུ་འགྱོ་ནི་སྦེ་ ཁྲོམ་ ཏའིར་ནང་ཐོན་ཡི་ ག་ཅི་སྨོ་ཟེར་བ་ཅིན་ གྲུ་གི་དོས་ དེ་ཁར་བཏོན་དགོཔ་ཨིན་མས། 4 ད་རུང་དེ་ཁར་གྱི་སློབ་མ་ཚུ་དང་གཅིག་ཁར་འཕྱད་དེ་ ང་བཅས་བདུན་ཕྲག་གཅིག་ དེ་ནང་ལུ་སྡོད་ཅི་ ཐུགས་ཉིད་ཀྱིས་ཁོང་ལུ་རྒྱུད་བསྐུལ་བརྐྱབས་ཏེ་ སློབ་མ་ཚུ་གིས་ པའུལ་ལུ་ ཡེ་རུ་ཤ་ལེམ་ལུ་མ་སོང་ཟེར་སླབ་ཅི། 5 བདུན་ཕྲག་གཅིག་རྫོགས་ཏེ་ ང་བཅས་འགྱོ་ནི་འབདཝ་ད་ ཁོང་སློབ་མ་ཚུ་ག་ར་ དེ་ལས་ཁོང་གི་ཨམ་སྲུ་དང་ཨ་ལོ་ཚུ་གིས་ཡང་ ང་བཅས་བཀལ་བ་ ཁྲོམ་ཁ་ལས་ཐོན་ཏེ་ མཚོའི་མཐའ་མར་ཚུན་ཚོད་འོངས་ཡི་ དེ་ཁར་ང་བཅས་ཀྱིས་ པུས་མོ་ས་ཁར་བཙུགས་ཏེ་སྨོན་ལམ་ཞུ་སྦེ། 6 ང་བཅས་གཅིག་གིས་གཅིག་ལུ་ ཁ་བྲལ་ལེགས་སྨོན་ཚུ་སླབ་པའི་ཤུལ་ལས་ ང་བཅས་གྲུ་ནང་འཛུལ་ དེ་ལས་ཁོང་ཁྱིམ་ནང་ལོག་སོང་ཡི། 7 ང་བཅས་འཛུལ་འགྱོ་མིའི་གྲུ་དེ་ ཁྲོམ་ ཏའིར་ལས་ཐོན་ཏེ་ ཁྲོམ་ པོཏོ་ལེ་མའཱིས་ལྷོདཔ་ད་ ད་རུང་དེ་ཁར་གྱི་དདཔ་ཅན་ཚུ་དང་ཁ་འཕྱད་དེ་ ཉིནམ་གཅིག་ཕར་ལུ་སྡོད་ཅི། 8 འདི་གི་ནངས་པ་ ང་བཅས་ཁྲོམ་ པོཏོ་ལེ་མའཱིས་ལས་ ཁྲོམ་ ཀེ་ས་རི་ཡ་ལུ་སོང་ཡི་ ཕར་ལྷོདཔ་ད་ ཧེ་མ་ཁོང་ ཡེ་རུ་ཤ་ལེམ་ལུ་ མི་བདུན་དྲང་བཞག་རྐྱབ་མིའི་གྲལ་ལས་ ཆོས་བཤད་མི་ ཕི་ལིབ་ཀྱི་ཁྱིམ་ནང་སོང་སྟེ་ ང་བཅས་ཁོ་དང་གཅིག་ཁར་སྡོད་ཅི། 9 ཁོ་རང་གི་བུམོ་ གཉེན་མ་རྐྱབ་མིའི་ ན་ཆུང་མ་ལུང་བསྟན་བཤད་མི་བཞི་ཡོདཔ་མས། 10 ང་བཅས་འདི་ནང་ལུ་ ཉིནམ་དག་པ་གཅིག་སྡོདཔ་ད་ ལུང་ཕྱོགས་ ཡུ་དེ་ཡ་ལས་ ཨ་ག་བུས་ཟེར་མི་ ལུང་སྟོན་པ་གཅིག་འོངས་ཡི། 11 ཁོ་ང་བཅས་སྡོད་ས་འོངས་ཏེ་ པའུལ་གྱི་རྐེད་རགས་ལེན་སྦེ་ ཁོ་རང་གི་ལགཔ་དང་རྐངམ་བཅིང་ཞིནམ་ད་ ཁོ་གིས་ རྐེད་རགས་ཀྱི་སྦྱིན་བདག་དེ་ལུ་ ཡ་ཧུ་ད་པའི་མི་དེ་ཚུ་གིས་ ཡེ་རུ་ཤ་ལེམ་ལུ་ ཨ་ནི་བཟུམ་སྦེ་རང་བཅིངས་ཏེ་ ཕྱིའི་མི་རིགས་ཀྱི་ལག་པར་སྤྲོད་འོང་ཟེར་ དམ་པའི་ཐུགས་ཉིད་ཀྱིས་གསུངས་དེས་ཟེར་སླབ་ཅི། 12 དེ་གོཝ་ད་ ང་བཅས་དང་ཁྲོམ་དེ་ནང་གི་དདཔ་ཅན་ཚུ་གིས་ པའུལ་ལུ་ ཡེ་རུ་ཤ་ལེམ་ལུ་མ་སོང་ཟེར་གསོལཝ་བཏབ་ཅི། 13 དེ་འབདཝ་ད་ པའུལ་གྱིས་ ཁྱེད་ཆ་ཁྱབ་སྔུ་སྟེ་ ང་ལུ་ག་ཅི་འབད་སེམས་སྐྱོ་བཅུགཔ་སྨོ་ ང་ལུ་བཟུང་སྟེ་བཙོན་ནང་བཙུགས་ཏེ་འབད་རུང་ ང་གྲ་སྒྲིག་ཡོད་ དེ་མ་ཚད་ ཡེ་རུ་ཤ་ལེམ་ལུ་གཙོ་བོ་ཡེ་ཤུ་གི་མཚན་གྱི་དོན་ལུ་ ང་ཤི་ཆོག་ཆོག་ཡོད་ཟེར་སླབ་ཅི། 14 ང་བཅས་ཀྱིས་ཁོ་ལུ་ག་དེ་སྦེ་སླབ་སྟེ་འབད་རུང་ ཁོ་ ཡེ་རུ་ཤ་ལེམ་ལུ་འགྱོ་ནི་ལས་བཀག་མ་ཚུགས་ དེ་ལས་ཁོ་ལུ་སླབ་ནི་བཞག་སྦེ་ ང་བཅས་ཀྱིས་གཙོ་བོ་གི་ཐུགས་དགོངས་བཞིན་དུ་བསྒྲུབ་བཅུག་ཟེར་སྨོན་ལམ་ཞུ་ཡི། 15 དེ་གི་ཤུལ་ལས་ ང་བཅས་གྲ་སྒྲིག་བརྐྱབས་ཏེ་ ཡེ་རུ་ཤ་ལེམ་ལུ་སོང་ཡི། 16 ཁྲོམ་ ཀེ་ས་རི་ཡ་གི་སློབ་མ་ལ་ལུ་ཅིག་གིས་ འཚོ་གླིང་ སའིཔ་རཱས་ལས་ཨིན་མི་ མ་ན་སཱོན་གྱི་ཁྱིམ་ནང་ལུ་གནསཔོ་བརྙའ་སྟེ་ ང་བཅས་ལུ་བཞག་གེ་ཟེར་སླབ་སྦེ་ ཁོང་གིས་ང་བཅས་ལུ་འཁྱིད་སོང་ཡི་ མ་ན་སཱོན་འདི་ཧེ་མ་ལས་ཡོད་མི་སློབ་མ་ཨིན་མས།། 17 དེ་ལས་ང་བཅས་ ཡེ་རུ་ཤ་ལེམ་ལུ་ལྷོདཔ་ད་ དདཔ་ཅན་ཚུ་སེམས་དགའ་སྟེ་ ང་བཅས་ལུ་ཁོང་སྡོད་སར་ཤོག་ཟེར་སླབ་ཅི། 18 འདི་གི་ནངས་པ་ པའུལ་ ང་བཅས་དང་གཅིག་ཁར་ ཡ་ཀོབ་དང་འཕྱད་པ་སོང་ཡི་ དེ་སྐབས་དདཔ་ཅན་གྱི་འགོ་འདྲེན་པ་ཚུ་ག་ར་གཅིག་ཁར་འཛོམས་ཏེ་སྡོད་ནུག 19 དེ་ལས་ པའུལ་གྱིས་ཁོང་ག་ར་དང་འཕྱད་དེ་ སྐུ་གཟུགས་བཟང་པོ་ཟེར་སླབ་སྦེ་ ཁོ་གིས་འབད་མིའི་ལཱ་གི་ཐོག་ལས་ དཀོན་མཆོག་གིས་ ཕྱིའི་མི་རིགས་ཚུ་གི་སྦུག་ལུ་མཛད་མིའི་ཕྱག་ལཱ་ཚུ་གི་གནས་ཚུལ་ རིམ་པ་བཞིན་དུ་ ཁོང་ལུ་བཤད་ཅི། 20 ཁོང་གིས་ལོ་རྒྱུས་འདི་ཚུ་ཉན་པའི་ཤུལ་ལས་ དཀོན་མཆོག་ལུ་བསྟོད་པ་གཏང་རག་ཕུལ་ཡི་ དེ་ལས་འགོ་འདྲེན་པ་ཚུ་གིས་ཁོ་ལུ་ དབའེ་ནུ་གཅུང་ ཡ་ཧུ་ད་པ་མི་སྟོང་ཕྲག་ལས་བཅད་དེ་ ཡེ་ཤུ་ལུ་དད་པ་བསྐྱེད་དེ་འོང་རུང་ ཁོང་ཆ་ཁྱབ་ཀྱིས་ མོ་སཱེས་ཀྱི་བཀའ་ཁྲིམས་ཚུ་ གཙོ་བོ་བསྟེན་ཏེ་སྡོདཔ་ཨིན། 21 ཕྱིའི་མི་རིགས་ཀྱི་སྦུག་ལུ་སྡོད་མི་ ཡ་ཧུ་ད་པ་དེ་ཚུ་ལུ་ ཁྱོད་ཀྱིས་ མོ་སཱེས་ཀྱི་བཀའ་ཁྲིམས་བཞིན་དུ་ གཟུགས་གུ་རྟགས་བཀལ་ནི་དང་ ལུགས་སྲོལ་གཞན་འདི་ཚུ་ ཨིན་ཅི་མིན་ཅི་སྲུང་མི་དགོ་ཟེར་སླབ་མི་དེ་ ཁོང་གིས་གོ་ནུག 22 ད་ ང་བཅས་ཀྱིས་ག་དེ་སྦེ་འབད་བ་ཅིན་དྲག་ནི་སྨོ་ ཁོང་གིས་ཁྱོད་ནཱ་ལུ་ལྷོད་ནུག་ཟེར་ཐད་རི་བ་རི་ཤེས་འོང་། 23 དེ་གི་དོན་ལུ་ ང་བཅས་ཀྱིས་སླབ་མི་ཐབས་ཤེས་འདི་ ཁྱོད་ཀྱིས་འབད་དགོ་ ཁོང་ ཡ་ཧུ་ད་པ་གི་ལུགས་སྲོལ་བཞིན་དུ་དམ་བཅའ་ཞུ་ ང་བཅས་ནཱ་ལུ་དམ་བཅའ་ཞུ་མིའི་མི་བཞི་ཡོད། 24 མི་དེ་ཚུ་འཁྱིད་ཞིནམ་ད་ ལུས་གཙངམ་བཟོ་ནི་གི་དོན་ལུ་ མཆོད་ཁང་ནང་ཁོང་གི་མཆོད་པ་ཕུལ་ནི་འགྲོ་སོང་ ཁྱོད་ཀྱིས་བཏང་བྱིན་ ཁོང་དང་མཉམ་གཅིག་ལུས་གཙངམ་བཟོ་ དེ་ལས་ཁོང་ཡང་དམ་བཅའ་གི་དོན་དག་འདི་ཚུ་སྒྲུབ་ནི་གི་རྟགས་སྦེ་ མགུ་ཏོ་གི་སྐྱ་བཞུར་ཚུགསཔ་ དེ་ལས་ཁྱོད་རང་ཡང་བཀའ་ཁྲིམས་ཚུལ་བཞིན་དུ་བསྲུང་སྡོད་ས་མཐོངམ་ད་ ཁོང་ ཡ་ཧུ་ད་པ་ཆ་ཁྱབ་ཀྱིས་ཁྱོད་ཀྱི་སྐོར་ལས་གོ་མི་ལོ་རྒྱུས་དེ་མ་བདེནམ་ཨིནམ་ཤེས་འོང་། 25 དེ་འབདཝ་ད་ ཕྱིའི་མི་རིགས་ལས་འོངས་མིའི་དདཔ་ཅན་ཚུ་གི་དོན་ལུ་ སྐུ་ལུ་ཚོགས་ཕུལ་ཕུལ་བའི་བཞེས་སྒོ་དང་ སྐེ་བསྡམས་ཏེ་གསད་མི་སེམས་ཅན་གྱི་ཤ་ཟ་ནི་ ཁྲག་འཐུང་ནི་ དེ་ལས་འདོད་ཆགས་ཀྱི་ལུས་འབྲེལ་འབད་ནི་ཚུ་ལས་སྤང་སྟེ་སྡོད་ཟེར་ ང་བཅས་ཀྱིས་ཧེ་མ་ལས་ དེ་སྦེ་ཡི་གུ་ནང་བྲིས་ཏེ་སླབ་གཏང་ཡི། 26 དེ་ལས་ པའུལ་གྱིས་ ཁོང་གིས་སླབ་བཞིན་དུ་ ཁ་བཟེད་དེ་ དེ་གི་ནངས་པ་དྲོ་པ་ ཁོང་མི་བཞི་འཁྱིད་དེ་ ཁོ་ཡང་ཁོང་དང་གཅིག་ཁར་ལུས་གཙངམ་བཟོ་སྟེ་ མཆོད་ཁང་ནང་སོང་སྦེ་ པའུལ་གྱིས་ཁོང་རེ་རེ་བཞིན་གྱི་མཆོད་པ་མ་ཕུལ་བའི་ཧེ་མ་ མི་ག་ར་གིས་མཐོང་སར་ལུ་ ཞག་ག་དེ་ཅིག་དམ་ཚིག་བསྲུང་སྡོད་དགོཔ་ཨིན་ན་ དེ་ཚུ་ག་ར་བསྲུང་སྡོད་ཅི།། 27 ཉིནམ་བདུན་ལང་ནི་འབདཝ་ད་ ལུང་ཕྱོགས་ ཨེ་སི་ཡ་ལས་ཨིན་མི་ ཡ་ཧུ་ད་པ་ཚུ་གིས་ པའུལ་མཆོད་ཁང་ནང་མཐོང་སྟེ་ ཁོང་གིས་མི་དམངས་ལུ་དཀྲོགས་ཞིནམ་ད་ ཁོ་བཟུང་ནུག 28 ཁོང་གིས་སྐད་སྦོམ་སྦེ་བརྐྱབས་ཏེ་ དབའེ་ ཨཱིས་ར་ཨཱེལ་གྱི་མི་དེ་ཚུ་ ང་བཅས་ལུ་ཆ་རོགས་འབད་བ་ཤོག་ ས་གནས་ག་ར་ནང་ ང་བཅས་རའི་མི་རིགས་ཚུ་གི་སྐོར་ལས་དང་ བཀའ་ཁྲིམས་དང་ མཆོད་ཁང་དམ་པ་དེ་ལུ་ ངོ་རྒོལ་འབད་མི་འདི་ ཨ་ནི་མི་འདི་ཨིན་ དེ་གིས་མ་ཚད་ ད་རུང་ཁོ་གིས་ ཕྱིའི་མི་རིགས་ཚུ་ཡང་ མཆོད་ཁང་ནང་ན་འཁྱིད་འོངས་ཏེ་ གནས་དམ་པ་འདི་མ་གཙངམ་བཟོ་ཡི་ཟེར་སླབ་ནུག 29 ག་ཅི་སྨོ་ཟེར་བ་ཅིན་ ཁོང་གི་མནོ་བསམ་ལུ་ པའུལ་གྱིས་ ཨི་ཕི་སི་ལས་ཨིན་མི་ ཕྱིའི་མི་རིགས་ ཏོརོ་ཕི་མུས་དང་གཅིག་ཁར་ ཧེ་མ་ཁྲོམ་ཁར་འགྱོ་སར་མཐོང་སྟེ་ པའུལ་གྱིས་ཁོ་མཆོད་ཁང་ནང་འཁྱིད་འགྱོ་ཡི་ཟེར་མནོ་སྟེ་ཨིན་མས། 30 དེ་ལས་ཁྲོམ་ཁར་གྱི་མི་ཚུ་དཀྲོགས་ཞིནམ་ད་ ག་ར་འུར་ལངས་བརྒྱུགས་འོངས་སྦེ་ པའུལ་བཟུང་སྟེ་ མཆོད་ཁང་ནང་ལས་ཕྱི་ཁར་བཏོན་འདྲུད་དེ་ དེ་འཕྲོ་ལས་སྒོ་བསྡམས་ནུག 31 ཁོང་གིས་ པའུལ་བསད་ནི་སྦེ་དྲང་སྡོདཔ་ད་ དམག་དཔོན་གྱིས་ ཡེ་རུ་ཤ་ལེམ་གྱི་ཁྲོམ་ཁར་ལུ་ ཛིང་འཁྲུགས་སྦོམ་སྦེ་ལོང་པའི་གནས་ཚུལ་གསན་ཏེ། 32 ཁོ་གིས་དེ་འཕྲོ་ལས་ སྤྱི་དཔོན་ དང་དམག་མི་ཚུ་འཁྱིད་བྱོན་ཏེ་ ཛིང་འཁྲུགས་ལོངས་སར་འབྱོནམ་ད་ མི་ཚུ་གིས་ཁོང་འོང་སར་མཐོང་སྟེ་ པའུལ་ལུ་དྲང་ནི་བཞག་ནུག 33 དམག་དཔོན་གྱིས་ པའུལ་གྱི་སྦོ་ལོགས་ཁར་བྱོན་སྦེ་ ཁོ་འཛིན་བཟུང་འབད་དེ་ ལྕགས་ཐག་གཉིས་ཀྱིས་བསྡམ་ཟེར་བཀའ་གནང་ནུག་ དེ་ལས་ཁོ་གིས་མི་དམངས་ལུ་ ཨ་ནི་མི་འདི་ ག་ཟེར་མི་དེ་སྨོ་ ཁོ་གིས་འཛོལ་བ་ག་ཅི་འབད་དཔ་ཡོདཔ་སྨོ་ཟེར་གསུངས་ནུག 34 མི་དམངས་སྐད་བརྐྱབས་ཏེ་ ལ་ལུ་གིས་བློ་གཅིག་སླབ་ ལ་ལུ་གིས་གཞན་གཅིག་སླབ་སྟེ་ དམག་དཔོན་གྱིས་ཛིང་འཁྲུགས་ལངས་པའི་དོན་དག་ག་ཅི་ཨིན་ན་ ཧ་མ་གོ་བར་ པའུལ་ལུ་དམག་ཁང་ནང་འཁྱིད་སོང་ཟེར་བཀའ་གནང་ནུག 35 པའུལ་དམག་ཁང་ནང་གི་རྡོན་ཁྲི་འཛེགས་ནི་འབདཝ་ད་ མི་དམངས་ཀྱིས་ཁོ་གི་རྟིང་བདའ་འོངས་ཏེ་ བསད་ནི་འབདཝ་ལས་ དམག་མི་ཚུ་གིས་ཁོ་ལུ་འཐུ་འབག་དགོཔ་ཐལ་ནུག 36 མི་དམངས་ཀྱིས་ཤུལ་ལས་རྟིང་བདའ་འོངས་ཏེ་ ཁོ་བསད་ཤིག་ ཁོ་བསད་ཤིག་ཟེར་སྐད་བརྐྱབས་ནུག། 37 དམག་མི་ཚུ་གིས་ པའུལ་དམག་ཁང་ནང་འཁྱིད་ནི་འབདཝ་ད་ པའུལ་གྱིས་ དམག་དཔོན་དེ་ལུ་ ཐུགས་དང་ལྡནམ་གཅིག་ཡོད་པ་ཅིན་ ང་གིས་ནཱ་ལུ་བློ་གཅིག་སླབ་ཆོག་ག་ཟེར་ཞུཝ་ད་ དམག་དཔོན་གྱིས་ཁོ་ལུ་ དབའི་ ཁྱོད་ཀྱིས་ གིརིག་གི་ཁ་ཤེས་ག་ཟེར་ ཧ་ལས་ཏེ་གསུངས་ནུག 38 ད་རུང་དམག་དཔོན་གྱིས་ ཧེ་མ་ ཨི་ཇིབ་རྒྱལ་ཁབ་ལུ་ངོ་རྒོལ་བརྐྱབས་ཏེ་ མི་སྟོང་ཕྲག་བཞི་ རི་སྟོང་ནང་འཁྱིད་འགྱོ་མི་ཨི་ཇིབ་པ་འདི་ ཁྱོད་མེན་ན་ཟེར་གསུངས་ནུག 39 པའུལ་གྱིས་ འདི་ང་མེན་ལགས་ ང་ ཀི་ལི་ཀི་ཡ་གི་ལུང་ཕྱོགས་ མིང་གཏམ་ཅན་གྱི་ཁྲོམ་ ཏཱར་སུས་ནང་གི་མི་རྩིས་ཡོད་མི་ ཡ་ཧུ་ད་པའི་མི་རིགས་གཅིག་ཨིན་ ང་ཨ་ནི་མི་ཚུ་ལུ་ བློ་ཚིག་ཐེངས་གཅིག་གཉིས་དེ་ཅིག་སླབ་ཆོག་པའི་དུས་སྐབས་གཅིག་ བཀའ་དྲིན་བསྐྱང་གནང་ལགས་ཟེར་ཞུ་ནུག 40 དེ་ལས་དམག་དཔོན་གྱིས་བཏུབ་ཟེར་ཞལ་གྱི་བཞེས་ཏེ་ པའུལ་རྡོན་ཁྲི་གུ་ཡར་ལོང་སྟེ་ མི་ཚུ་ལུ་ལགཔ་གིས་བརྡ་སྟོནམ་ད་ མི་ཚུ་ཁུ་སིམ་སི་སྦེ་སྡོད་དེ་ ཁོ་གིས་ཁོང་རང་གི་ཁ་ ཧིབ་རུ་གི་སྐད་ནང་ལུ་སླབ་ནུག
1 དབའེ་སྤུན་ཆ་དང་འགོ་དཔོན་ཚུ་ དང་པ་ང་ལུ་ག་ཅི་བྱུང་ཡི་ག་ འདི་གི་གསལ་ཆ་སྙན་གསན་གནང་ཟེར་ཞུཝ་ཨིན། 2 དེ་ལས་ཁོ་གིས་ ཧིབ་རུ་གི་སྐད་ནང་ལུ་སླབ་ད་ མི་ཚུ་ག་ར་ཧེ་མ་བ་ལྷགཔ་སྦེ་ ཁུ་སིམ་སི་སྦེ་ཉན་སྡོད་ནུག་ དེ་ལས་ཁོ་གིས། 3 ང་ ཡ་ཧུ་ད་པ་ཨིན་ ང་ལུང་ཕྱོགས་ ཀི་ལི་ཀི་ཡ་གི་ཁྲོམ་ ཏཱར་སུས་ནང་སྐྱེས་ཏེ་འབད་རུང་ ཆུང་ཀུ་བསྒང་ལས་རྒྱལ་ས་འདི་ནང་ ག་མ་ལི་ཨཱེལ་ཟེར་མི་གི་ཞབས་སར་ལུ་ ང་བཅས་རང་གི་ཕ་བརྒྱུད་ཀྱི་བཀའ་ཁྲིམས་ཚུ་ལུ་གཙོ་བོ་བསྟེན་ལྷབ་སྟེ་སྡོད་ཅི་ ད་ལྟོ་ཁྱེད་ཆ་ཁྱབ་ཀྱི་ཤུགས་བཙོང་སྟེ་ དཀོན་མཆོག་གི་ཁ་ཐུག་འབད་དོཝ་བཟུམ་སྦེ་ ང་ཡང་ཁོ་གི་ཕྱོགས་བཟུང་སྟེ་ གནམ་མེད་ས་མེད་འབད་ཡི། 4 ང་གིས་གཙོ་བོ་གི་ལམ་ནང་འགྱོ་མིའི་ཨམ་སྲུ་དང་ཕོ་རྒྱ་ཚུ་ལུ་གནོད་པ་བཀལ་ཏེ་ ལ་ལུ་བསད་ ལ་ལུ་འཛིན་བཟུང་འབད་དེ་བཙོན་ཁང་ནང་བཙུགས་ཅི། 5 དེ་གི་འཛོམ་དཔང་ བླ་ཆེན་དང་ལྷན་ཚོགས་འགོ་དཔོན་ཚུ་ག་ར་ཡོད་ ད་རུང་ང་གིས་ཁོང་ལས་བཀའ་ཤོག་གཅིག་ཞུ་སྟེ་ ཁྲོམ་ ད་མཱས་ཀཱོས་ལུ་སྡོད་མི་ ཡེ་ཤུ་ལུ་དད་པ་བསྐྱེད་མི་སྤུན་ཆ་ ཡ་ཧུ་ད་པ་ཚུ་འཛིན་བཟུང་འབད་དེ་ ཡེ་རུ་ཤ་ལེམ་ལུ་འཁྱིད་འོངས་ཏེ་ ཁྲིམས་གཏང་ནི་སྦེ་ ང་ཁྲོམ་ ད་མཱས་ཀཱོས་ལུ་སོང་ཡི་ཟེར་སླབ་ནུག། 6 དེ་ལས་འཕྲོ་མཐུད་དེ་ པའུལ་གྱིས་ ང་ཁྲོམ་ ད་མཱས་ཀཱོས་ཀྱི་སྦོ་ལོགས་ལྷོད་ནི་འབདཝ་ད་ ཉིནམ་ཕྱེད་དེ་ཅིག་ལུ་ དེ་འཕྲོ་ལས་ནམ་མཁའ་ལས་ གློག་ཀེམ་དོཝ་བཟུམ་ འོད་ཅེམ་ཅེ་སྦེ་ངེ་གི་གུ་ལུ་ཕོག་སྟེ། 7 ང་མར་ས་ཁར་ལུ་འགྱེལ་སོང་ཡི་ དེ་ལས་སྐད་གཅིག་གིས་ སའུལ་ སའུལ་ ཁྱོད་ཀྱིས་ང་ལུ་ག་ཅི་འབད་ གནོད་པ་བཀལཝ་སྨོ་ཟེར་གསུངས་སར་ང་གིས་གོ་ཡི། 8 དེ་གི་ལན་ལུ་ང་གིས་ གཙོ་བོ་ཁྱོད་ག་སྨོ་ལགས་ཟེར་ཞུཝ་ད་ ང་ཁྱོད་ཀྱིས་གནོད་པ་བཀལ་མི་ ཁྲོམ་ ན་ཟ་རཱེད་ཀྱི་ཡེ་ཤུ་ཨིན་ཟེར་ ང་ལུ་གསུངས་ཡི། 9 ང་དང་གཅིག་ཁར་ཡོད་མི་ཚུ་གིས་ འོད་འདི་མཐོང་ཡི་ གསུང་སྐད་ཡང་གོ་ཡི་ དེ་འབདཝ་ད་ དེ་གི་དོན་དག་འདི་ ཁོང་གིས་ཧ་མ་གོ་བས། 10 དེ་ལས་ གཙོ་བོ་ལགས་ང་གིས་ག་ཅི་འབད་དགོ་ག་ཟེར་ཞུཝ་ད་ གཙོ་བོ་གིས་ང་ལུ་ ཡར་ལོང་སྟེ་ ཁྲོམ་ ད་མཱས་ཀཱོས་ལུ་སོང་ ཁྱོད་ག་ཅི་འབད་དགོ་ག་ ཕར་ལྷོདཔ་ད་ ཁྱོད་ལུ་སླབ་འོང་ཟེར་གསུངས་ཡི། 11 འོད་དེ་གི་གཟི་བརྗིད་ཀྱིས་ ངེའི་མིག་ཏོ་མཐོང་མ་ཚུགསཔ་འགྱོ་སྟེ་ ང་དང་གཅིག་ཁར་འོངས་མི་ཆ་རོགས་ཚུ་གིས་ ངེ་གི་ལག་པ་བཤེད་འཁྱིད་དེ་ ཁྲོམ་ ད་མཱས་ཀཱོས་ལུ་བཀལ་ཡི། 12 དེ་ལས་བཀའ་ཁྲིམས་ཚུལ་བཞིན་དུ་བསྲུང་མི་ དེ་ཁར་སྡོད་མིའི་ ཡ་ཧུ་ད་པ་ག་ར་གིས་ ཞེ་ས་འབད་མིའི་མི་ ཨ་ན་ནའི་ཨཱས་ཟེར་མི་གཅིག་འདུག 13 ཁོ་ང་འབད་སར་འོང་སྦེ་ ཡར་ལོང་སྟེ་ ང་ལུ་ ནུ་གཅུང་ སའུལ་ ཁྱོད་ཀྱིས་ད་མཐོང་ཚུགསཔ་ཟེར་སླབ་ཅིག་ དེ་འཕྲོ་ལས་ང་གིས་ཁོ་མཐོང་ཚུགས་ཅི། 14 དེ་ལས་ཁོ་གིས་ང་ལུ་ ང་བཅས་རའི་ཕ་བརྒྱུད་ཀྱི་དཀོན་མཆོག་གི་ཐུགས་དགོངས་ཤེས་ནིའི་དོན་ལུ་དང་ དྲང་བདེན་པའི་ཞབས་ཕྱིཔ་ལུ་མཇལ་ནིའི་དོན་ལུ་དང་ ཁོ་རང་གི་ཞལ་ལས་གསུངས་མི་འདི་ཉན་ནིའི་དོན་ལུ་ ཁྱོད་ལུ་བཙག་འཐུ་འབད་ཡི། 15 ད་ཁྱོད་ཀྱིས་ཁོ་གི་ཞལ་ལས་གོ་མི་དང་ མཐོང་མི་ཚུ་ ས་ཕྱོགས་ག་ར་ནང་ འཛོམ་དཔང་འབད་དགོ། 16 ད་ག་ཅི་འབད་ཡུན་རིངམ་སྦེ་སྒུག་སྡོད་ནི་ མགྱོགས་པར་ཡར་ལོང་སྟེ་ ཁྲུས་གསོལ་ཞུ་ དེ་ལས་ཁོ་གི་མཚན་ཞུ་སྟེ་ རང་གི་སྡིག་པ་དགཔ་བཟོ་ཟེར་གསུངས་ཡི།། 17 དེ་ལས་ཉིནམ་གཅིག་གི་ཚེ་ ང་ ཡེ་རུ་ཤ་ལེམ་ལུ་ལོག་འོངས་ཏེ་ མཆོད་ཁང་ནང་སྨོན་ལམ་ཞུ་སྡོད་པའི་བསྒང་ ང་དྲན་པ་ཉམས་བཞག་གི་ཐོག་ལས་ གཙོ་བོ་ཡེ་ཤུ་དང་མཇལ་ཡི། 18 ཁོ་གིས་ང་ལུ་མགྱོགས་པར་ ཡེ་རུ་ཤ་ལེམ་ལས་འཐོན་སོང་ ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་སྐོར་ལས་ ཁྱོད་ཀྱིས་འཛོམ་དཔང་འབད་མི་འདི་ མི་ཚུ་གིས་ཉན་མི་བཏུབ་ཟེར་གསུངས་ཡི། 19 དེ་འབདཝ་ད་ ང་གིས་ཞུ་ཡི་ གཙོ་བོ་ལགས་ ང་གིས་ སི་ན་གོག་དེ་ཚུ་ནང་སོང་སྟེ་ ཁྱོད་ལུ་དད་པ་བསྐྱེད་མི་ཚུ་འཛིན་བཟུང་འབད་ བཙོན་ནང་བཙུགས་ཏེ་ བརྡུང་མི་དེ་ང་ཨིན་ཟེར་ཁོང་གིས་ཤེས། 20 ནཱ་གི་འཛོམ་དཔང་འབད་མི་ ཨཱིས་ཏེ་ཕཱན་བསད་པའི་བསྒང་ལུ་ བསད་མི་ཆ་ཁྱབ་དང་ཁ་འཆམ་སྟེ་ ཁོང་གི་བགོ་ལ་བདག་འཛིན་འབད་མི་འདི་ ང་ཨིན་ཟེར་ཁོང་གིས་ཤེས་ཟེར་ཞུཝ་ད། 21 ད་རུང་གཙོ་བོ་གིས་ ཁྱོད་ནཱ་ལས་འཐོན་སོང་ ང་གིས་ཁྱོད་ཐག་རིང་སར་ ཕྱིའི་མི་རིགས་ཚུ་སྡོད་སར་གཏང་ནི་ཟེར་གསུངས་ཡི།། 22 ད་ལྟོ་ཚུན་ཚོད་ པའུལ་གྱིས་སླབ་མི་ལོ་རྒྱུས་ལུ་ མི་དམངས་ཀྱིས་ཁུ་སིམ་སི་སྦེ་ཉན་སྡོད་ནུག་ ཁོ་གིས་ཨ་ནི་བློ་འདི་སླབ་ཅིག་ མི་ཚུ་གིས་སྐད་སྦོམ་བརྐྱབས་ཏེ་ ག་དེ་སྦེ་ཨིན་རུང་ ཁོ་བཟུམ་གྱི་མི་འདི་ གསོན་པོ་སྦེ་སྡོད་ནིའི་འོས་འབབ་མིན་འདུག་ ཁོ་འཛམ་བུ་གླིང་དེ་ནང་མ་བཞག་ཟེར་སླབ་སྟེ། 23 ཁོང་རང་གི་སྟོད་གོ་ཡོད་རུང་ ཕུད་བཀོག་སྦེ་ ཐལཝ་ནམ་མཁའ་གཏོར་ཏེ་ སྐད་བརྐྱབས་ནུག 24 དེ་ལས་དམག་དཔོན་གྱིས་དམག་མི་ཚུ་ལུ་ པའུལ་དམག་ཁང་ནང་འཁྱིད་ཞིནམ་ད་ རྟས་ལྕག་གིས་བརྡུང་སྟེ་ མི་དམངས་ཀྱིས་ དེ་ཚུན་ཚོད་སྐད་རྐྱབ་དགོ་པའི་དོན་དག་ ག་ཅི་ཨིན་ན་དྲིས་ཟེར་བཀའ་གནང་ནུག 25 དེ་ལས་དམག་མི་ཚུ་གིས་ པའུལ་ཐགཔ་གིས་བཅིངས་ གཟུགས་སྤྲིང་སྟེ་ རྟས་ལྕག་གིས་དྲང་ནི་འབདཝ་ད་ ཁོ་གིས་སྦོ་ལོགས་ལོངས་སྡོད་མི་སྤྱི་དཔོན་གཅིག་ལུ་ ནཱ་གི་ རོམ་རྒྱལ་སྲིད་ཀྱི་མི་ཁུངས་ཨིན་མི་ལུ་ གཏམ་བདེན་རྫུན་མ་ཕྱེ་བར་ དེ་འཕྲོ་ལས་དྲང་ཐག་ཆོག་ག་ཟེར་ཞུཝ་ད། 26 སྤྱི་དཔོན་དེ་མགྱོགས་པར་བྱོན་ཏེ་ དམག་དཔོན་དེ་ལུ་ ནཱ་གིས་ག་དེ་སྦེ་མཛདཔ་སྨོ་ མི་འདི་ རོམ་རྒྱལ་སྲིད་ཀྱི་མི་ཁུངས་ཨིན་མི་གཅིག་ཨིན་མས་ཟེར་ཞུ་ནུག 27 དེ་ལས་དམག་དཔོན་བྱོན་ཏེ་ པའུལ་ ཁྱོད་ རོམ་རྒྱལ་སྲིད་ཀྱི་མི་ཁུངས་ཨིན་ན་ཟེར་གསུངསམ་ད་ ཁོ་གིས་ང་ཨིན་ཟེར་ཞུ་ནུག 28 དེ་ལས་དམག་དཔོན་གྱིས་ ངེ་གི་ རོམ་གྱི་མི་ཁུངས་ཐོབ་ནི་གི་དོན་ལུ་ ཏི་རུ་ལེ་ཤ་སྤྲོད་དེ་ ཐོབ་ཐོབ་ཨིན་ཟེར་གསུངསམ་ད་ པའུལ་གྱིས་ང་སྐྱེས་བའི་བསྒང་ལས་ རོམ་གྱི་མི་ཁུངས་ཨིན་ཟེར་ཞུ་ནུག 29 ཁོ་ལུ་དྲི་བ་དྲི་ནི་འབད་མི་ཆ་ཁྱབ་ག་ར་ དེ་འཕྲོ་ལས་ རྒྱབ་བཤུད་བརྐྱབས་སོངམ་མ་ཚད་ དམག་དཔོན་ཡང་ པའུལ་ རོམ་གྱི་མི་ཁུངས་ཨིནམ་ཤེསཔ་ད་ ཁོ་གིས་ རོམ་གྱི་མི་ཁུངས་ཡོད་མི་ལུ་ ལྕགས་ཐག་གིས་ བཅིང་བཅུག་ནི་འདི་གིས་ ཁོ་གནམ་མེད་ས་མེད་འདྲོགས་ནུག། 30 དེ་གི་ནངས་པ་དྲོ་པ་ ཡ་ཧུ་ད་པ་ཚུ་གིས་ ག་ཅི་འབད་ཁོ་ལུ་སྐྱོན་བཏགསཔ་ཨིན་ན་ ཤེས་ནིའི་དོན་ལུ་ དམག་དཔོན་གྱིས་ པའུལ་གྱི་ལྕགས་ཐག་ཕུད་སྦེ་ བཙོན་ཁང་ནང་ལས་བཏོན་ཞིནམ་ད་ བླ་ཆེན་དང་ལྷན་ཚོགས་འཐུས་མི་ག་ར་ ཚོགས་འཛོམས་ནང་ཤོག་ཟེར་བཀའ་གནང་སྟེ་ པའུལ་འཁྱིད་དེ་ ཁོང་གི་སྐུ་མདུན་ལུ་ཡར་ལྷོང་བཞག་ནུག
1 པའུལ་གྱིས་ལྷན་ཚོགས་འཐུས་མི་ཆ་ཁྱབ་ལུ་ ཐད་ཀར་དུ་བལྟ་སྟེ་ ངེའི་སྤུན་ཆ་ཚུ་ ཉིནམ་ད་རིས་ཚུན་ཚོད་ ང་གིས་དཀོན་མཆོག་གི་གཟིགས་སར་ ང་རང་གི་མནོ་བསམ་ལུ་ ལཱ་འདི་ཚུ་འཛོལ་བ་མེད་པར་ཕྲང་སྟེ་འབད་སྡོད་ཅི་ཟེར་ཞུཝ་ད། 2 མཁན་ཆེན་ ཨ་ན་ནའི་ཨཱས་ཀྱིས་ པའུལ་གྱི་སྦོ་ལོགས་ཁར་ལོངས་སྡོད་མི་ཚུ་ལུ་ ཁོ་གི་ཁ་གྱིམ་སྟེ་ ལྡན་ལྕག་དྲང་བྱིན་ཟེར་བཀའ་གནང་ནུག 3 དེ་ལས་ པའུལ་གྱིས་མཁན་ཆེན་ ཨ་ན་ནའི་ཨཱས་ལུ་ ཨ་ཁའི་ ཁ་ཆོས་འབད་མི་ འགྱང་གུ་དཀར་ར་གཏང་གཏངམ་བཟུམ་ཁྱོད་ དཀོན་མཆོག་གིས་ཁྱོད་ལུ་དྲང་འོང་ ཁྱོད་ཀྱིས་ང་ལུ་ཁྲིམས་འདི་ བཀའ་ཁྲིམས་དང་འཁྲིལ་ཏེ་ཕྱེ་དོཝ་བཟུམ་སྦེ་སྡོད་དེ་ ཁྲིམས་དང་མ་འཁྲིལ་བར་ ང་ལུ་དྲང་ཟེར་སླབ་སྟེ་ འགྱོ་བཏུབ་ཨིན་ན་ཟེར་ལན་རྐྱབ་ད། 4 པའུལ་གྱི་སྦོ་ལོགས་ཁར་ལོང་སྡོད་མི་ཚུ་གིས་ཁོ་ལུ་ ཁྱོད་དཀོན་མཆོག་གི་མཁན་ཆེན་ལུ་དེ་སྦེ་སྨད་པ་བརྐྱབས་ཨིན་ན་ཟེར་སླབ་ནུག 5 དེ་ལས་ པའུལ་གྱིས་ ངེའི་སྤུན་ཆ་ཚུ་ དགོངསམ་མ་ཁྲེལ་ལགས་ ང་གིས་ ཁོ་མཁན་ཆེན་ཨིནམ་མ་ཤེས་ འདི་ངེ་གི་འཛོལ་བ་ཨིན་མས་ གསུང་རབ་ནང་ཡང་ མི་གོངམ་ལུ་ཁ་ངན་སླབ་མི་བཏུབ་ཟེར་བྲིས་ཏེ་འདུག་ཟེར་ཞུ་ནུག 6 དེ་ལས་ པའུལ་གྱིས་བལྟཝ་ད་ འདི་ཁར་འཛོམས་མི་འཐུས་མི་ ལ་ལུ་ ས་དུ་ཀི་པ་དང་ ལ་ལུ་ ཕ་རུ་ཤི་པ་ཨིནམ་ཤེས་ཏེ་ ཁོ་གིས་ལྷན་ཚོགས་ལུ་སྐད་སྦོམ་བརྐྱབས་ཏེ་ ངེའི་སྤུན་ཆ་ཚུ་ ང་ ཕ་རུ་ཤི་པ་ཨིན་ ངེ་གི་ཕ་བརྒྱུད་ཡང་ ཕ་རུ་ཤི་པ་ཨིན་ ང་ནཱ་ལུ་ལོང་དགོ་པའི་ཁུངས་དེ་ ཤི་ས་ལས་གསོན་པོ་སྦེ་ལོག་འོང་ནི་ཡོད་ཟེར་ རེ་བ་བསྐྱེདཔ་ལས་བརྟེན་ཏེ་ཨིན་ཟེར་ཞུ་ནུག 7 ཁོ་གིས་དེ་སྦེ་སླབ་པའི་བསྒང་ལས་ ཕ་རུ་ཤི་པ་དང་ ས་དུ་ཀི་པ་དེ་ཚུ་གི་སྦུག་ལུ་ མ་འགྲིགཔ་ཐོན་ཏེ་ ཕྱོགས་གཉིས་སྦེ་སོང་སྟེ་ མཚན་ཉིད་བརྐྱབ་ནི་འགོ་བཙུགས་ནུག 8 ག་ཅི་སྨོ་ཟེར་བ་ཅིན་ ས་དུ་ཀི་པ་གིས་ ཤི་ས་ལས་གསོན་པོ་སྦེ་ལོག་འོང་ནི་མེད་ ཕོ་ཉ་དང་རྣམ་ཤེས་ཡང་མེད་ཟེར་སླབ་ཨིན་མས་ དེ་འབདཝ་ད་ ཕ་རུ་ཤི་པ་གིས་འབད་བ་ཅིན་ དེ་ཚུ་ག་ར་ཡོད་ཟེར་སླབ་ཨིན་མས། 9 དེ་ལས་འུར་སྒྲ་སྦོམ་ལངས་ཏེ་ ཕ་རུ་ཤི་པ་གི་ཁ་ཐུག་ལས་ བཀའ་ཁྲིམས་ཀྱི་སློབ་དཔོན་ལ་ལུ་ཅིག་གིས་ཡར་བཞེངས་ཏེ་ ང་བཅས་ཀྱིས་ཨ་ནི་མི་འདི་ལུ་ སྐྱོན་ག་ནི་ཡང་མི་མཐོང་པས་ ཁོ་ལུ་བདེན་པ་འདུག་ དོན་ལས་རང་ རྣམ་ཤེས་ ཡང་ན་ཕོ་ཉ་གིས་ ཁོ་ལུ་སླབ་སླབ་ཨིན་མས་ ཟེར་སྐད་ཤུགས་སྦེ་མཚན་ཉིད་བརྐྱབས་ནུག 10 དེ་ལས་བྱེལཝ་གནམ་མེད་ས་མེད་སྦོམ་འགྱོ་སྟེ་ པའུལ་ལུ་ཕར་དང་ཚུར་འཐེན་ཏེ་ གཟུགས་ཀྱི་ཡན་ལག་ཚུ་འཕྱལ་ནི་འབདཝ་ད་ དམག་དཔོན་འདི་འདྲོགས་ཏེ་ ཁོ་རང་གི་དམག་མི་ཚུ་ལུ་མར་སོང་ཞིནམ་ད་ ཤུགས་བཙོང་སྟེ་ པའུལ་དམག་ཁང་ནང་འཁྱིད་སོང་ཟེར་བཀའ་གནང་ནུག 11 དེ་གི་ཕྱི་རུ་ཁམས་ གཙོ་བོ་ཁོ་གི་གདོང་ཁར་བཞེངས་ཏེ་ དབའེ་ པའུལ་ ཁྱོད་མ་འདྲོག་ ཁྱོད་ཀྱིས་ ནཱ་ ཡེ་རུ་ཤ་ལེམ་ལུ་ ངེ་གི་སྐོར་ལས་འཛོམ་དཔང་བཤད་དོཝ་བཟུམ་སྦེ་ རོམ་ལུ་ཡང་འཛོམ་དཔང་བཤད་དགོ་ཟེར་གསུངས་ནུག། 12 དེ་གི་ནངས་པ་དྲོ་པ་ ཡ་ཧུ་ད་པ་ལ་ལུ་ གཅིག་ཁར་འཛོམས་ཏེ་ པའུལ་བསད་དེ་མ་བཀོག་ཚུན་ཚོད་ ང་བཅས་བཞེས་སྒོ་ག་ནི་ཡང་མི་ཟ་ ཆུ་ཡང་མི་འཐུང་ཟེར་ཁོང་རང་མནའ་འབོ་ནུག 13 ལཱ་ངན་པ་འབད་ནི་སྦེ་ བསྟུན་གྲོས་རྐྱབ་མི་མིའི་གྱངས་ཁ་འདི་ བཞི་བཅུ་ལས་ལྷགཔ་ཡོདཔ་ཨིན་མས། 14 གྱོས་སྐོར་བསྡུར་མི་ཚུ་གིས་ བླ་ཆེན་དང་འགོ་དཔོན་ཚུ་བཞུགས་སར་སོང་སྟེ་ པའུལ་མ་བསད་ཚུན་ཚོད་ ང་བཅས་བཞེས་སྒོ་ག་ནི་ཡང་མི་ཟ་ ཆུ་ཡང་མི་འཐུང་ཟེར་ང་བཅས་མནའ་འབོ་ཅི་ཟེར་ཞུ་ནི་ཨིན། 15 དེ་ལས་ཁོང་གིས་ལྷན་ཚོགས་འཐུས་མི་ཚུ་ལུ་ དམག་དཔོན་ལུ་ པའུལ་གྱི་རྩོད་གཞི་འདི་ ལེགས་ཤོམ་སྦེ་ཤེས་དགོ་པས་ དེ་གི་དོན་ལུ་ ཁོ་ད་རུང་ནཱ་ང་བཅས་ཀྱི་སྦུག་ལུ་འཁྱིད་ཤོག་ཟེར་ ནཱ་ཆ་ཁྱབ་ཀྱིས་ཁ་འཐེན་གཏང་གནང་ དམག་དཔོན་གྱིས་ཁོ་འཁྱིད་འབྱོནམ་ད་ ནཱ་མ་ལྷོད་པའི་ཧེ་མ་ལས་ ལམ་ཁར་ལུ་བསད་ནི་སྦེ་ ང་བཅས་ཀྱིས་གྲ་སྒྲིག་བརྐྱབ་སྡོད་འོང་ཟེར་ཞུ་ནུག 16 དེ་འབདཝ་ད་ པའུལ་གྱི་ཚ་བོ་དེ་གིས་ ཁོང་གིས་སླབ་མི་ལོ་རྒྱུས་འདི་གོ་སྟེ་ ཁོ་དམག་ཁང་ནང་སོང་སྦེ་ ལོ་རྒྱུས་འདི་ཚུ་ག་ར་ པའུལ་ལུ་སླབ་ནུག 17 དེ་ལས་ པའུལ་གྱིས་ སྤྱི་དཔོན་ཚུ་གི་གྲལ་ལས་གཅིག་འབོ་སྟེ་ ཨ་ནི་བུཚ་གཞོནམ་དེ་གིས་ ཁག་ཆེ་བའི་ལོ་རྒྱུས་གཅིག་དམག་དཔོན་ལུ་ཞུ་ནི་འདུག་ ཁོ་དམག་དཔོན་གྱི་སྐུ་མདུན་ལུ་འཁྱིད་བཀལ་གནང་ཟེར་ཞུ་ནུག 18 དེ་ལས་སྤྱི་དཔོན་དེ་གིས་ བུཚ་འདི་འཁྱིད་དེ་ དམག་དཔོན་བཞུགས་སར་སོང་སྦེ་ བཙོན་པ་ པའུལ་གྱིས་ང་ལུ་འབོ་སྟེ་ ཨ་ནི་བུཚ་གཞོནམ་འདི་གིས་ ནཱ་ལུ་ལོ་རྒྱུས་ཞུ་ནི་གཅིག་ཡོད་ ནཱ་གི་སྐུ་མདུན་ལུ་འཁྱིད་བཀལ་གནང་ཟེར་སླབ་ནི་དེ་གིས་ ང་གིས་ནཱ་ལུ་འཁྱིད་འོངས་ཡི་ཟེར་ཞུ་ནུག 19 དེ་ལས་དམག་དཔོན་གྱིས་ཁོ་ལུ་ལག་པ་བཤེད་དེ་ མི་ག་ཡང་མེད་སར་གཅིག་ནང་འཁྱིད་དེ་ ཁྱོད་ཀྱིས་ང་ལུ་ག་ཅི་སླབ་ནི་ཡོདཔ་སྨོ་ཟེར་གསུངསམ་ད། 20 ཁོ་གིས་ ཡ་ཧུ་ད་པ་ལ་ལུ་ཅིག་གིས་ པའུལ་གྱི་རྩོད་གཞི་དེའི་སྐོར་ལས་ ལེགས་ཤོམ་སྦེ་ དབྱེ་བ་བཅད་ནི་གི་དོན་ལུ་ ནཱ་གིས་ནངས་པ་ ཁོ་ལྷན་ཚོགས་ནང་འཁྱིད་བྱོན་གནང་ཟེར་ ནཱ་ལུ་ཞུ་བ་གཏང་ནི་ཨིན་མས། 21 ཁོང་གིས་ཞུཝ་བཞིན་དུ་ ནཱ་གིས་ཞལ་གྱི་བཞེས་མ་ད་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་ལམ་ཁར་ གཡིབ་སྟེ་སྒུག་སྡོད་ནི་སྦེ་ གྲོས་ཐག་ཆོད་ཚར་ཡི་ པའུལ་མ་བསད་ཚུན་ཚོད་ ཁོང་བཞེས་སྒོ་ཡང་མི་ཟ་ ཆུ་ཡང་མི་འཐུང་ཟེར་ ཁོང་མི་བཞི་བཅུ་ལས་ལྷགཔ་ཅིག་གིས་མནའ་འབོ་ཅི་ ཁོང་གིས་ཞུཝ་བཞིན་དུ་ ནཱ་གིས་གཏང་འོང་ཟེར་རེ་བ་བསྐྱེད་དེ་སྡོདཔ་ཨིན་མས་ཟེར་ཞུ་ནུག 22 དེ་ལས་དམག་དཔོན་གྱིས་བུཚ་འདི་ལུ་ ཁྱོད་ཀྱིས་ང་ལུ་ལོ་རྒྱུས་འདི་སླབ་ཅི་ཟེར་ མི་ག་ལུ་ཡང་མ་སླབ་ཟེར་གསུངས་སྦེ་ བུཚ་དེ་ལོག་བཏང་ནུག། 23 དེ་གི་ཤུལ་ལས་དམག་དཔོན་གྱིས་ སྤྱི་དཔོན་གཉིས་ལུ་འབོ་སྟེ་ ད་རིས་ཕྱི་རུ་ཆུ་ཚོད་དགུ་ལུ་ ཁྲོམ་ ཀེ་ས་རི་ཡ་ལུ་འགྱོ་ནི་གི་དོན་ལུ་ དམག་མི་གཉིས་བརྒྱ་དང་ རྟ་དམག་བདུན་བཅུ་ ད་རུང་མཚོན་ཆ་ཀྲིང་ཀ་འབག་མི་གཉིས་བརྒྱ་ གྲ་སྒྲིག་རྐྱབས་བཞག 24 དེ་ལས་ པའུལ་གྱི་དོན་ལུ་ ཞོན་རྟ་དེ་ཚུ་ཡང་གྲ་སྒྲིག་བརྐྱབས་ཏེ་ གཞུང་ཚབ་ ཕེ་ལཱིཀས་ཀྱི་སྐུ་མདུན་ལུ་མ་ལྷོད་ཚུན་ཚོད་ སྐྱོན་ག་ནི་ཡང་མ་འབྱུང་པར་འཁྱིད་བཀལ་དགོ་ཟེར་བཀའ་གནང་ནུག 25 དེ་ལས་ཁོ་གིས་ཞུ་ཡིག་གཅིག་ཡང་དེ་སྦེ་བྲིས་ནུག 26 མི་རྗེ་གཞུང་ཚབ་ ཕེ་ལཱིཀས་མཆོག་གི་དྲུང་དུ་ གུས་པས་ ཀལའུ་དི་ཨཱས་ ལུ་སི་ཨཱས་ཀྱིས་ཞུ་དོན་དེ་ནི། 27 པའུལ་ཟེར་མིའི་མི་འདི་ ཡ་ཧུ་ད་པ་ཚུ་གིས་འཛིན་བཟུང་འབད་དེ་ བསད་ནི་འབད་ཡོདཔ་ད་ ང་གིས་དམག་མི་འཁྱིད་སོང་སྦེ་ ཁོང་གི་ལག་པ་ལས་ ཁོ་བསད་མ་བཅུག་པར་ བདག་འཛིན་འཐབ་སྟེ་བཞག་ཅི་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ རོམ་རྒྱལ་སྲིད་ཀྱི་མི་ཁུངས་ཡོད་མི་གཅིག་ཨིནམ་ ང་གིས་ཤེས་ཅི། 28 དེ་ལས་ང་གིས་ཁོ་ལུ་དེ་སྦེ་འབད་དགོ་པའི་དོན་དག་ ག་ཅི་ཨིན་ན་ ཤེས་ནིའི་དོན་ལུ་ ཁོང་རང་ ཡ་ཧུ་ད་པ་གི་ལྷན་ཚོགས་ཀྱི་འཐུས་མི་འཛོམས་སར་འཁྱིད་དེ་ དབྱེ་བ་བཅད་བལྟཝ་ད། 29 ང་གིས་ཁོ་ལུ་ཉེས་པ་སྦོམ་ག་ནི་ཡང་མ་མཐོང་ དོན་དག་ཟེར་རུང་ ཁོང་རང་གི་ཆོས་ཁྲིམས་ཀྱི་སྐོར་ལས་ཨིན་མས་ དེ་འབདཝ་ད་ དོན་དག་ཆུང་ཀུ་གཅིག་གིས་ ཁོ་ཤི་དགོཔ་དང་ བཙོན་ཁང་ནང་བཙུགས་དགོཔ་མེདཔ་ ང་གིས་ཤེས་ཅི། 30 དེ་འབདཝ་ད་ མི་ལ་ལུ་གིས་གྱོས་སྐོར་བརྩམ་སྟེ་ ཁོ་བསད་ནི་སྦེ་ གྲོས་ཐག་ཆོད་ཡོདཔ་ ང་གིས་གོ་ཡི་ དེ་འབདཝ་ལས་བརྟེན་ཏེ་ ཁོ་དེ་འཕྲོ་ལས་ནཱ་བཞུགས་སར་གཏང་དོ་ དེ་ལས་ཁོ་གི་བྱང་ཕྱད་ཚུ་ཡང་རྩོད་གཞི་ཕྱེ་བ་ ནཱ་བཞུགས་སར་སོང་ཟེར་གཏང་དོ་ཟེར་ཞུ་ནི་ཨིན། 31 དེ་ལས་ཁོ་གིས་བཀའ་གནངམ་བཞིན་དུ་ དམག་མི་ཚུ་གིས་ པའུལ་འཁྱིད་སོང་སྟེ་ དེ་ཚེ་ཕྱི་རུ་རང་ ས་ཐག་རིང་སར་ ཨཱན་ཏི་པ་ཏྲཱིས་ཟེར་མིའི་ཁྲོམ་ཁར་ལྷོད་ནུག 32 དེ་ལས་དེ་གི་ནངས་པ་ ཁོང་དམག་མི་གཞན་མི་ཚུ་ག་ར་དམག་ཁང་ནང་ལོག་གཏང་སྦེ་ རྟ་དང་གཅིག་ཁར་ཡོད་མིའི་དམག་མི་ཚུ་རྐྱངམ་གཅིག་ འཕྲོ་མཐུད་དེ་རང་ པའུལ་འཁྱིད་དེ་ཕར་སོང་ནུག 33 ཁོང་ཆ་ཁྱབ་ཁྲོམ་ ཀེ་ས་རི་ཡ་ལུ་ལྷོད་དེ་ གཞུང་ཚབ་ལུ་ཞུ་ཡིག་ཕུལ་སྦེ་ པའུལ་ཡང་ཁོ་གི་སྐུ་མདུན་ལུ་རྩིས་ཕུལ་ནུག 34 དེ་ལས་གཞུང་ཚབ་ཀྱིས་ཞུ་ཡིག་འདི་གཟིགས་སྦེ་ པའུལ་ལུ་ ཁྱོད་གཡུས་ག་ལས་སྨོ་ཟེར་གསུངམ་ད་ ང་ལུང་ཕྱོགས་ ཀི་ལི་ཀི་ཡ་ལས་ཨིན་ཟེར་ཞུ་ནུག་ དེ་མཁྱེན་ཏེ་ པའུལ་ལུ། 35 ཁྱོད་ལུ་སྐྱོན་བཏགས་མི་ཚུ་ནཱ་ལྷོདཔ་ད་ རྩོད་གཞི་ཕྱེ་གེ་ཟེར་གསུངས་སྦེ་ པའུལ་ དཔོན་ ཧེ་རཱོད་ཀྱི་ཕོ་བྲང་ནང་སྲུང་བཞག་ཟེར་བཀའ་གནང་ནུག།
1 ཉིནམ་ལྔ་གི་ཤུལ་ལས་ མཁན་ཆེན་ ཨ་ན་ནའི་ཨཱས་དང་ མི་དམངས་ཀྱི་འགོ་དཔོན་ལ་ལུ་ཅིག་ དེ་ལས་ཁྲིམས་རྩོདཔ་ ཏཱེར་ཏུ་ལུས་ཟེར་མི་ཆ་ཁྱབ་ མར་ཁྲོམ་ ཀེ་ས་རི་ཡ་ལུ་ པའུལ་གྱི་སྐོར་ལས་གཞུང་ཚབ་ཀྱི་སྐུ་མདུན་ལུ་རྩོད་གཞི་ཕྱེ་བ་བཅར་ནུག 2 པའུལ་ནང་ན་འཁྱིད་ལྷོདཔ་ད་ རྩོད་གཞི་སྐོར་ལས་གཞུང་ཚབ་ ཕེ་ལཱིཀས་ཀྱི་སྐུ་མདུན་ལུ་ ཏཱེར་ཏུ་ལུས་ཀྱིས། ནཱ་མི་དབང་མཆོག་གི་བཀའ་དྲིན་ལས་ ད་ལྟོ་ཚུན་ཚོད་ ང་བཅས་ ཡ་ཧུ་ད་པ་ཚུ་ལུ་ཞི་བདེ་ཡོདཔ་མ་ཚད་ མི་རིགས་ཚུ་ལུ་ཁག་ཆེ་བའི་སྐྱིད་སྡུག་ག་ར་མཛད་གནང་སྟེ་ ང་བཅས་ཀྱི་རྒྱལ་ཁབ་ག་ར་ནང་ ཧེ་མ་ལས་ལྷགཔ་སྦེ་ཡར་རྒྱས་འགྱོ་སྟེ་ཡོད། 3 དེ་འབདཝ་ལས་བརྟེན་ཏེ་ ལུང་ཕྱོགས་ག་ར་གི་ཁ་ཐུག་ལས་ ནཱ་མི་དབང་མཆོག་ལུ་ བསམ་བརྗོད་ལས་ འདས་པའི་བཀའ་དྲིན་ཤིན་ཏུ་ཆེ་ཟེར་ཞུ་ནི་ཨིན། 4 ད་རུང་ནཱ་གི་ཐུགས་འཚེར་མ་འགྱོ་ནི་གི་དོན་ལུ་ ང་བཅས་ཀྱིས་ཞུ་བའི་ཚིག་གཞི་གཉིས་གསུམ་དེ་ཅིག་ སྙན་གསན་གནང་ཟེར་ཞུ་ནི་ཨིན། 5 དེ་ག་དེ་སྦེ་ཟེར་བ་ཅིན་ ཨ་ནི་མི་འདི་ང་བཅས་ཀྱིས་བལྟཝ་ད་ ཕུང་ལོང་མི་ལྟས་ངན་གཅིག་ཨིན་ ཁོ་གིས་ ན་ཟ་རཱེད་ཟེར་མིའི་ཆོས་ལུགས་ཀྱི་འགོ་དཔོན་འབད་དེ་ འཛམ་བུ་གླིང་གི་ས་ཆ་ག་ར་ནང་སྡོད་མིའི་ ཡ་ཧུ་ད་པའི་མི་ཚུ་གི་སྦུག་ལུ་འགྱོ་སྟེ་ ནང་འཁྲུག་ལོང་བཅུགཔ་མ་ཚད། 6 ཁོ་གིས་མཆོད་ཁང་ཡང་ མ་གཙངམ་བཟོ་ནི་འབདཝ་ཨིན་མས་ དེ་འབདཝ་ལས་བརྟེན་ཏེ་ ང་བཅས་ཀྱིས་ཁོ་ལུ་བཟུང་ཡི། 8 ནཱ་གིས་དབྱེ་བ་ལེགས་ཤོམ་སྦེ་དཔྱད་དེ་གཟིགས་པ་ཅིན་ ང་བཅས་ཀྱིས་ཁོ་ལུ་ སྐྱོན་བཏགས་དགོ་པའི་གཏམ་གྱི་བདེན་རྫུན་འདི་ ནཱ་གིས་མཁྱེན་འོང་ཟེར་དེ་སྦེ་ཞུ་ནུག 9 དེ་ལས་ ཡ་ཧུ་ད་པ་དེ་ཚུ་གིས་ཡང་ ཁོ་གིས་ཞུ་མི་དང་བློ་མཐུན་ཏེ་ པའུལ་ལུ་སྐྱོན་ཡོདཔ་ངེས་བདེན་ཨིན་ཟེར་ཞུ་ནུག། 10 གཞུང་ཚབ་ཀྱིས་ པའུལ་ལུ་ ཕྱག་གི་བརྡ་སྟོན་ཏེ་ ཁྱོད་ཀྱིས་སྐོར་རྐྱབ་ཨིན་ཟེར་གསུངསམ་ད་ པའུལ་གྱིས། ནཱ་ལོ་ལེ་ཤ་གི་བར་དུ་ ཡ་ཧུ་ད་པ་གི་མི་དེ་ཚུ་གི་དྲང་དཔོན་ཨིནམ་ལས་ ད་རེས་ང་རང་གི་སྐོར་ལས་ནཱ་ལུ་ཕྲང་སྟེ་ བདེན་ཁུངས་བཀལ་ནི་ཐོབ་ནི་དེ་གིས་ང་སེམས་དགའ་ཡི། 11 ང་གིས་ཞུ་མི་ཚིག་དང་འཁྲིལ་ཏེ་ ཐད་རི་བ་རི་ནཱ་གིས་མཁྱེན་ཚུགས་ ང་ ཡེ་རུ་ཤ་ལེམ་ལུ་མཆོདཔ་ཕུལ་བ་སོང་སྟེ་ ཉིནམ་བཅུ་གཉིས་ལས་བརྒལ་མ་སོང་། 12 ང་ལུ་སྐྱོན་བཏགས་མི་ཚུ་གིས་ མཆོད་ཁང་ནང་མི་གཅིག་དང་མཚན་ཉིད་རྐྱབ་སར་དང་ སི་ན་གོག་ནང་ ཡང་ན་རྒྱལ་ས་གི་ས་གནས་ག་ཏེ་ལུ་ཡང་ མི་དམངས་ལུ་དཀྲོགས་ཁ་རྐྱབ་སར་ ང་ལུ་མ་མཐོང་། 13 ད་ལྟོ་ཁོང་ག་གིས་ཡང་ ང་ལུ་སྐྱོན་བཏགས་དགོ་པའི་ཁུངས་འདི་ ག་ཅི་ཨིན་ན་ སླབ་མི་ཚུགས། 14 དེ་སྦེ་ཨིན་ས་ཅི་རུང་ དོན་ལས་རང་ང་གིས་ནཱ་ལུ་ཞུ་བ་ཅིན་ ཁོང་གིས་ལམ་འཛོལ་བ་ཨིན་མས་ཟེར་སླབ་མི་ གཙོ་བོ་གི་ལམ་དང་འཁྲིལ་ཏེ་ ང་བཅས་ཀྱི་ཕ་བརྒྱུད་ཀྱི་དཀོན་མཆོག་ལུ་ ང་རང་གིས་ཞབས་ཕྱི་ཞུཝ་ཨིན་ དེ་འབདཝ་ད་ བཀའ་ཁྲིམས་དང་ ལུང་སྟོན་པ་གིས་གསུང་རབ་ནང་བྲིས་བཞག་མི་དང་ འདི་དང་མཐུན་མི་ག་ར་ལུ་ ང་གིས་དད་པ་བསྐྱེདཔ་ཨིན། 15 མི་ཆོས་སེམས་ཅན་དང་ བསམ་པ་ངན་པ་གཉིས་ཆ་ར་ལུ་ དཀོན་མཆོག་གིས་ཤི་ས་ལས་གསོན་པོ་སྦེ་ལྷོང་གནང་ནི་ཡོད་ཟེར་ ནཱ་ལུ་ལོང་སྟེ་སྐྱོན་བཏགས་མི་འདི་ཚུ་གིས་ རེ་བ་བསྐྱེད་དོཝ་བཟུམ་སྦེ་ ང་ཡང་དེ་ལུ་རེ་བ་བསྐྱེད་དེ་ དཀོན་མཆོག་ལུ་དད་པ་བསྐྱེདཔ་ཨིན། 16 དེ་འབདཝ་ལས་བརྟེན་ཏེ་ དཀོན་མཆོག་གིས་གཟིགས་སར་དང་ མི་གི་མཐོང་སར་ལུ་སྐྱོན་མེདཔ་སྦེ་ ང་ཨ་རྟག་རང་ བྱ་བ་བཟང་པོ་ལུ་ བརྩོན་འགྲུས་བསྐྱེད་དེ་སྡོདཔ་ཨིན། 17 ད་ལོ་ལེ་ཤ་གི་ཤུལ་ལས་ ཡེ་རུ་ཤ་ལེམ་ལུ་ ང་རང་གི་མི་སེར་ཉམ་ཆུང་ཚུ་ལུ་ གྲོགས་རམ་འབད་བ་དང་ ང་རང་གི་དོན་ལུ་མཆོད་པ་ཕུལ་བ་སོང་ཡི། 18 དེ་སྐབས་ལུ་ ང་དང་མི་དམངས་ཡང་མ་འཛོམས་ འཐབ་འཛིང་གི་འུར་ཡང་མ་ལངས་ ང་རང་གཅིག་མཆོད་ཁང་ནང་གཙང་སྦྲ་བཏོན་ཏེ་ མཆོདཔ་ཕུལ་སྡོདཔ་ད་ ཁོང་གིས་ང་ལུ་མཐོང་ཅི། 19 དེ་འབདཝ་ད་ ང་ལུ་སྐྱོན་བཏགས་མི་ ཡ་ཧུ་ད་པ་ལ་ལུ་ཅིག་ ལུང་ཕྱོགས་ ཨེ་སི་ཡ་ལས་འོང་མི་ཚུ་ཨིན་ དོན་ལས་རང་ ང་ལུ་སྐྱོན་བཏགས་ནི་ཡོད་པ་ཅིན་ ཁོང་རང་ནཱ་གི་སྐུ་མདུན་ལུ་བཅར་ཏེ་ཞུ་དགོཔ་ཨིན། 20 ཡང་ན་དེ་མེན་པར་ ང་གིས་ལྷན་ཚོགས་འཐུས་མི་གི་སྐུ་མདུན་ལོང་པའི་སྐབས་ལུ་ སྐྱོན་དང་འཛོལ་བ་ག་ཅི་འབད་ཡི་ག་ ད་ལྟོ་ནཱ་སྡོད་མི་ཆ་ཁྱབ་ཀྱིས་ནཱ་ལུ་ཞུ་དགོཔ་ཨིན། 21 དེ་མེན་པར་ དོན་དག་གཞན་ཟེར་རུང་ ཁོང་གི་སྦུག་ལུ་ང་གིས་སྐད་བརྐྱབས་ཏེ་ ཤི་ས་ལས་གསོན་པོ་སྦེ་ལོངས་པའི་སྐོར་ལས་ ང་ལུ་ཁྲིམས་ཕྱེ་དོ་ཟེར་མི་གཅིག་མ་གཏོགས་ དོན་དག་གཞན་གྱི་སྐོར་ལས་ཁོང་གིས་སླབ་ནི་མི་འོང་ཟེར་ཞུ་ནུག 22 དེ་ལས་གཞུང་ཚབ་ ཕེ་ལཱིཀས་དེ་ གཙོ་བོ་གི་ལམ་ལུགས་ཚུ་ ལེགས་ཤོམ་སྦེ་མཁྱེན་ཏེ་འབད་རུང་ ཁོ་གིས་རྩོད་གཞི་དེ་ཅིག་སྦེ་བཞག་སྦེ་ དམག་དཔོན་ ལུ་སི་ཨཱས་ལྷོདཔ་ད་ ཁྱེད་ཀྱི་ཁྲིམས་ཕྱེ་གེ་ཟེར་གསུངས་ནུག 23 དེ་ལས་ཁོ་གིས་སྤྱི་དཔོན་ལུ་ པའུལ་སྲུང་སྟེ་ དགའ་ཏོག་ཏོ་སྦེ་བཞག་ ཁོ་གི་ཆ་རོགས་ཚུ་ ཁོ་ལུ་ཁག་ཆེཝ་དགོ་མི་ཚུ་འབག་སྟེ་ འཕྱད་པ་འོངམ་ད་ དེ་ལུ་མ་བཀག་ཟེར་བཀའ་གནང་ནུག། 24 ཉིནམ་དག་པ་གཅིག་གི་ཤུལ་ལས་ གཞུང་ཚབ་ ཕེ་ལཱིཀས་ཀྱིས་ ཁོ་རང་གི་ཨམ་ དྲུ་སི་ལ་འཁྱིད་སྦེ་ ཁྲིམས་ཁང་ནང་བྱོན་ནུག་ ཨམ་དེ་ ཡ་ཧུ་ད་པ་གཅིག་ཨིན་མས་ དེ་ལས་ཁོང་གིས་ པའུལ་འབོ་སྟེ་ ཁོ་ལས་ཁིརཱིས་ཡེ་ཤུ་ལུ་དད་པ་བསྐྱེད་ནིའི་སྐོར་ལས་ སྙན་གསན་ནུག 25 པའུལ་གྱི་ཆོས་འདི་ སེམས་ཕྲང་དགོཔ་དང་ རང་གི་འདོད་པ་ལུ་མཚམས་ཚོད་ཤེས་དགོཔ་ ཤུལ་ལས་ཉིནམ་གཅིག་གི་ཚེ་ དཀོན་མཆོག་འཛམ་བུ་གླིང་ནང་བྱོན་ཏེ་ ཁྲིམས་ཕྱེ་ནིའི་སྐོར་ལས་ཞུཝ་ད་ གཞུང་ཚབ་ ཕེ་ལཱིཀས་འདྲོགས་ཏེ་ ད་རིས་དེ་ཅིག་སྦེ་བཏུབ་པས་ ལོག་ཤུལ་ལས་དུས་ཚོད་ཡོདཔ་ད་འབོ་གེ་ཟེར་གསུངས་ནུག 26 དེ་འབདཝ་ད་ ཁོ་ པའུལ་གྱི་རྩོད་གཞི་དེ་གི་དོན་ལུ་ ཁོ་ལས་ནང་གསུག་ཐོབ་པའི་རེ་བ་བསྐྱེད་དེ་ འཕྲལ་འཕྲལ་རང་ པའུལ་ ཁོ་བཞུགས་སར་འབོ་སྦེ་ བློ་བརྐྱབས་ཏེ་བཞུགས་དོ་ཡོདཔ་ཨིན་མས། 27 ཕེ་ལཱིཀས་ཀྱིས་ ཡ་ཧུ་ད་པ་གི་མི་ཚུ་སེམས་དགའ་བཅུག་ནིའི་དོན་ལུ་ པའུལ་བཙོན་ཁང་ནང་རང་བཞག་ནུག་ དེ་ཚར་གཅིག་སྦེ་ ལོ་གཉིས་འགྱོ་བའི་ཤུལ་ལས་ ཕེ་ལཱིཀས་ཀྱི་ཚབ་མ་སྦེ་གཞུང་ཚབ་ པོར་སི་ཨུས་ ཕཱེས་ཏུས་ཟེར་མི་དེ་བྱོན་ནུག།
1 གཞུང་ཚབ་ ཕཱེས་ཏུས་ཁོ་རང་ ཡ་ཧུ་ད་པ་གི་ལུང་ཕྱོགས་ལུ་བྱོན་ཏེ་ ཉིནམ་གསུམ་གྱི་ཤུལ་ལས་ཁྲོམ་ ཀེ་ས་རི་ཡ་ལས་ ཡེ་རུ་ཤ་ལེམ་ལུ་བྱོན་ནུག 2 དེ་ཁར་བླ་ཆེན་དང་ ཡ་ཧུ་ད་པ་གི་འགོ་དཔོན་ཚུ་གིས་ གཞུང་ཚབ་ ཕཱེས་ཏུས་ཀྱི་སྐུ་མདུན་ལུ་ པའུལ་གྱི་སྐོར་ལས་སྐྱོན་བཏགས་ཏེ་ཞུ་ནུག 3 དེ་ལས་ཁོང་གིས་ པའུལ་ ཡེ་རུ་ཤ་ལེམ་ལུ་གཏང་གནང་ཟེར་གྲོགས་རམ་ཞུ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ པའུལ་ལུ་ ལམ་ཁར་བསད་ནི་སྦེ་གནས་སྐབས་བསྒྲིགས་ནུག 4 གཞུང་ཚབ་ ཕཱེས་ཏུས་ཀྱིས་ཁོང་ལུ་ པའུལ་ ཁྲོམ་ ཀེ་ས་རི་ཡ་གི་བཙོན་ཁང་ནང་བཞག་ནུག་ ད་ ང་ཡང་མགྱོགས་པར་ ཀེ་ས་རི་ཡ་ལུ་ལོག་འགྱོ་ནི་འབད་དོ། 5 ཁྱེད་ཀྱི་གྲལ་ལས་ འགོ་དཔོན་ལ་ལུ་ཅིག་ང་དང་གཅིག་ཁར་ ཁྲོམ་ ཀེ་ས་རི་ཡ་ལུ་འགྱོ་གེ་ དེ་ལས་ པའུལ་གྱི་འཛོལ་བ་འབད་འབདཝ་ཡོད་པ་ཅིན་ ཕར་ལུ་སྦེ་ རྩོད་གཞི་ཕྱེ་གེ་ཟེར་གསུངས་ནུག 6 དེ་ལས་གཞུང་ཚབ་ད་རུང་ཞག་བརྒྱད་ ཡང་ན་ཞག་བཅུ་ཐམ་དེ་ཅིག་ ཡེ་རུ་ཤ་ལེམ་ལུ་བཞུགས་སྦེ་ ལོག་སྟེ་ ཁྲོམ་ ཀེ་ས་རི་ཡ་ནང་བྱོན་ནུག་ དེའི་ནངས་པ་ ཁྲིམས་ཁང་ནང་ཁྲི་གུ་བཞུགས་ཏེ་ པའུལ་ ཁོ་བཞུགས་སར་འཁྱིད་ཤོག་ཟེར་བཀའ་གནང་ནུག 7 པའུལ་འཁྱིད་ལྷོད་པའི་བསྒང་ལས་ ཡེ་རུ་ཤ་ལེམ་ལས་འོངས་མི་ ཡ་ཧུ་ད་པའི་འགོ་དཔོན་ཆ་ཁྱབ་ ཁོ་གི་བསྐོར་རི་བརྐྱབས་སྡོད་སྦེ་ པའུལ་གྱི་སྐོར་ལས་ སྐྱོན་ཁག་ཆེ་ཏོག་ཏོ་སྦོམ་ལེ་ཤ་བཏོན་ཞུ་སྟེ་འབད་རུང་ ཁུངས་བཀལ་མ་ཚུགས་པས། 8 དེ་ལས་ པའུལ་ ཁོ་རང་གི་གསལ་ཆ་ཞུ་སྟེ་ ང་གིས་ ཡ་ཧུ་ད་པ་གི་བཀའ་ཁྲིམས་ལས་མ་བརྒལ་ མཆོད་ཁང་ལུ་སྨད་པ་མ་རྐྱབས་ དེ་ལས་ རྒྱལཔོ་ ཀེ་སཱར་ལུ་ཡང་ངོ་ལོག་མ་བརྐྱབས་ ང་གིས་ཉེས་པ་ག་ནི་ཡང་འབད་འབདཝ་མེད་ཟེར་ཞུ་ནུག 9 དེ་འབདཝ་ད་ ཕཱེས་ཏུས་ཀྱིས་ ཡ་ཧུ་ད་པ་ཚུ་ལུ་ སེམས་དགའ་བཅུག་ནིའི་དོན་ པའུལ་ལུ་ ཁྱོད་ཀྱིས་ ཡེ་རུ་ཤ་ལེམ་ལུ་འགྱོ་ཞིནམ་ད་ ཨ་ནི་རྩོད་གཞི་འདི་ཕར་སྦེ་ ངེ་གི་གདོང་ཁར་ཕྱེ་ནི་གི་བློ་འདོད་ཡོད་ག་ཟེར་གསུངས་ནུག 10 པའུལ་གྱིས་ལན་ ཨ་ནི་ རོམ་གྱི་ཁྲིམས་ཁང་དང་དྲང་དཔོན་གྱི་སྐུ་མདུན་ལུ་ ང་ལོང་སྟེ་ཡོད་ ངེ་གི་ཁྲིམས་འདི་ནཱ་རང་ཕྱེ་དགོཔ་ཨིན་ ང་གིས་ ཡ་ཧུ་ད་པ་ལུ་ ཟོགཔ་ག་ནི་ཡང་འབད་འབདཝ་མེད་ འདི་གི་སྐོར་ལས་ག་ར་ ནཱ་གི་ལེགས་ཤོམ་སྦེ་མཁྱེན། 11 གལ་སྲིད་འཆི་བ་ལུ་ཐུག་ནི་གི་ལཱ་ཟོགཔོ་ ང་གིས་འབད་འབདཝ་ཡོད་པ་ཅིན་ ཤི་རུང་ཤི་ཆོག་ཆོག་ཡོད་ དེ་འབདཝ་ད་ ཁོང་གིས་ང་ལུ་སྐྱོན་བཏགས་མི་ འདི་གི་ཁུངས་བཀལ་མ་ཚུགས་པ་ཅིན་ མི་ག་གིས་ཡང་ ང་ཁོང་གི་ལག་པ་སྤྲོད་ནི་དབང་ཚད་མེད་ དེ་སྦེ་འབད་བ་ཅིན་ ང་ག་ར་ལས་མཐོ་བའི་རྒྱལཔོ་ ཀེ་སཱར་གྱི་སྐུ་མདུན་ལུ་ སྐྱིད་སྡུག་ཞུ་བ་འགྱོ་ནི་ཟེར་ཞུཝ་ད། 12 ཕཱེས་ཏུས་ཀྱིས་ཁོ་རང་གི་འཐུས་མི་ཆ་ཁྱབ་དང་གསུང་གྲོས་གནང་ཞིནམ་ད་ ཁོ་ལུ་ ཁྱོད་རྒྱལཔོ་ ཀེ་སཱར་གྱི་སྐུ་མདུན་ལུ་ སྐྱིད་སྡུག་ཞུ་བ་འགྱོ་ནི་ཨིན་ཟེར་སླབ་ཨིན་མས་ ད་རྒྱལཔོ་ ཀེ་སཱར་བཞུགས་སར་བཅར་བཅུག་འོང་ཟེར་བཀའ་གནང་ནུག། 13 དེ་ལས་ ཉིནམ་དག་པ་གཅིག་གི་ཤུལ་ལས་ དཔོན་ ཨ་གིརི་པ་དང་ ཁོ་གི་སྲིངམོ་ བེར་ནི་ཀེ་ ཁྲོམ་ ཀེ་ས་རི་ཡ་ལུ་ གཞུང་ཚབ་ ཕཱེས་ཏུས་བཞུགས་སར་ ཁོ་རང་གི་གུས་ཞབས་ཕུལ་བ་བཅར་ནུག 14 ཁོང་གཉིས་ཡུན་རིངམ་སྦེ་ ཁྲོམ་ ཀེ་ས་རི་ཡ་ལུ་བཞུགས་ནི་དེ་གིས་ ཕཱེས་ཏུས་ཀྱིས་ པའུལ་གྱི་སྐོར་ལས་ལོ་རྒྱུས་ཚུ་དཔོན་ལུ་གསུངས་ནུག་ ཧེ་མ་གི་གཞུང་ཚབ་ ཕེ་ལཱིཀས་ཀྱིས་བཙོན་ཁང་ནང་བཙུགས་བཞག་མིའི་མི་གཅིག་ནཱ་ལུ་ལུས་ཏེ་ཡོད། 15 ང་ ཡེ་རུ་ཤ་ལེམ་ལུ་སོངམ་ད་ བླ་ཆེན་དང་ ཡ་ཧུ་ད་པ་གི་འགོ་དཔོན་ཚུ་གིས་ ཁོ་ལུ་ཉེས་པ་སྦོམ་ཡོདཔ་སྦེ་སླབ་མ་ཚད་ ཉེས་ཆད་སྲོག་ཐོག་ལུ་གཏང་དགོཔ་སྦེ་ ང་ལུ་སྐྱོན་བཏགས་སླབ་པ་འོང་ཡི། 16 དེ་འབདཝ་ད་ དེ་གི་ལན་ལུ་ང་གིས་ཁོང་ལུ་ ཁྱེད་ རོམ་གྱི་ཁྲིམས་དང་འཁྲིལཝ་ད་ མི་ག་ར་ཨིན་རུང་ སྐྱོན་བཏགས་མི་དང་ སྐྱོན་ཡོད་མི་གཉིས་ གཅིག་ཁར་རྩོད་གཞི་ཕྱེ་ནི་གི་གོ་སྐབས་མ་བྱིན་པར་ ཁྲིམས་གཏང་ཐག་མི་ཆོད་ཟེར་སླབ་ཅི། 17 ཁོང་ག་ར་ང་དང་གཅིག་ཁར་ནཱ་ལུ་འོངམ་ད་ ང་གིས་དུས་ཡུན་མ་རིང་པར་ དེ་གི་ནངས་པ་རང་ ང་གིས་ པའུལ་ཁྲིམས་ཁང་ནང་འཁྱིད་ཤོག་ཟེར་འབོ་ཅི། 18 དེ་ལས་ ཁོ་ལུ་སྐྱོན་བཏགས་མི་ཚུ་གིས་ཡར་ལོང་སྟེ་སྐྱོན་བཏགས་སླབ་ད་ ངེ་གི་སེམས་ཁར་ལུ་ཁོང་གིས་སྐྱོན་སྦོམ་བཏགས་ནི་འོང་ཟེར་མནོ་ཡི་ དེ་འབདཝ་ད་ མི་ཚུ་གིས་ཁོ་ལུ་སྐྱོན་སྦོམ་ ག་ནི་ཡང་སྟོན་ནི་མིན་འདུག 19 ཁོང་གིས་ཁོ་ལུ་སྐྱོན་སྟོན་ནི་ཟེར་རུང་ ཁོང་རང་གི་ཆོས་ལུགས་ཀྱི་སྐོར་ལས་དང་ ཡེ་ཤུ་ཤི་སོང་མིའི་སྐོར་ལས་ ལོ་རྒྱུས་ཚུ་ལེ་ཤ་སླབ་ཨིན་མས་ དེ་འབདཝ་ད་ དེ་གི་སྐོར་ལས་ པའུལ་གྱིས་ད་ལྟོ་ཡང་ ཡེ་ཤུ་གསོན་པོ་སྦེ་ཡོད་ཟེར་སླབ་ཨིན་མས། 20 དེ་འབདཝ་ལས་བརྟེན་ཏེ་ རྩོད་གཞི་འདི་ག་དེ་སྦེ་ཐག་བཏོག་ནི་ཨིན་ན་ མ་ཤེས་པར་ ང་གིས་ པའུལ་ལུ་རྩོད་གཞི་ཕྱེ་བ་ ཡེ་རུ་ཤ་ལེམ་ལུ་འགྱོ་ནི་གི་འདོད་པ་ཡོད་ག་ཟེར་དྲིས་ཡི། 21 དེ་འབདཝ་ད་ པའུལ་གྱི་འདོད་པ་ལུ་རྩོད་གཞི་འདི་ ག་ར་ལས་མཐོ་བའི་རྒྱལཔོ་ ཀེ་སཱར་གྱི་སྐུ་མདུན་ལུ་ཕྱེ་བ་ཅིན་ ཁོ་གིས་ཐག་ཆོད་འོང་ཟེར་སླབ་ཨིན་མས་ ང་གིས་རྒྱལཔོ་ ཀེ་སཱར་བཞུགས་སར་གཏང་མ་ཚུགས་ཚུན་ཚོད་ བཙོན་ཁང་ནང་བཞག་ཟེར་བཀའ་གནང་སྟེ་ བཞག་སྟེ་ཡོད་ཟེར་སླབ་ཅི། 22 དེ་ལས་དཔོན་ ཨ་གིརི་པ་གིས་ ཕཱེས་ཏུས་ལུ་ མི་འདི་ཁོ་རང་གི་ཁ་ལས་རང་ ལོ་རྒྱུས་འདི་ང་གིས་ཉན་ནི་གི་འདོད་པ་ཡོད་ཟེར་གསུངསམ་ད་ ཕཱེས་ཏུས་ཀྱིས་ནངས་པ་སྙན་གསན་གནང་ཟེར་ཞུ་ནུག 23 དེ་གི་ནངས་པ་ཉིན་མ་ དཔོན་ ཨ་གིརི་པ་དང་ ཁོ་གི་སྲིངམོ་ བེར་ནི་ཀེ་གཉིས་ དམག་དཔོན་དང་ ཁྲོམ་གྱི་འགོ་དཔོན་ཚུ་དང་གཅིག་ཁར་ ཆིབས་གྲལ་བཙར་ཏེ་ ཞལ་འཛོམས་ཁང་ནང་བྱོན་ནུག་ དེ་ལས་གཞུང་ཚབ་ ཕཱེས་ཏུས་ཀྱིས་ པའུལ་ཞལ་འཛོམས་ཁང་ནང་འཁྱིད་ཤོག་ཟེར་ བཀའ་གནངམ་བཞིན་དུ་ པའུལ་འཁྱིད་འོངས་ནུག 24 དེ་ལས་གཞུང་ཚབ་ ཕཱེས་ཏུས་ཀྱིས་ དཔོན་ ཨ་གིརི་པ་དང་ ད་རིས་ང་བཅས་དང་གཅིག་ཁར་ འཛོམས་མིའི་ལྷན་རྒྱས་ ཁྱེད་ག་ར་གིས་ ཨ་ནི་མི་དེ་ལུ་གཟིགས་ཞིག་ ཁོ་ལུ་ནཱ་ཐག་ཉེ་སར་གྱི་ ཡ་ཧུ་ད་པ་དང་ ཡེ་རུ་ཤ་ལེམ་ལུ་ཡོད་མི་ ཡ་ཧུ་ད་པ་ཚུ་གིས་ ཁོ་གསོན་པོ་སྦེ་བཞག་ནི་གི་མི་མེན་ཟེར་ སྐད་སྦོམ་སྦེ་བརྐྱབས་ཏེ་ ང་འབད་སར་རྩོད་གཞི་དེ་ ཁོང་རང་བདེན་དགོཔ་སྦེ་ཕྱེ་བ་འོངས་ཡི། 25 ང་གིས་ག་དེ་སྦེ་བལྟ་རུང་ ཁོ་ལུ་ཉེས་ཆད་སྲོག་ཐོག་ལུ་ བཏང་དགོ་པའི་ལཱ་ངན་པ་འབད་འབདཝ་ ག་ནི་ཡང་མ་མཐོང་ དེ་འབདཝ་ད་ ཁོ་གི་རྩོད་གཞི་འདི་ རྒྱལཔོ་ ཀེ་སཱར་གྱི་སྐུ་མདུན་ལུ་ ཕྱེ་བ་གཏང་གནང་ཟེར་སླབ་ནི་དེ་གིས་ ང་གིས་རྒྱལཔོ་བཞུགས་སར་གཏང་ནི་སྦེ་ཐག་ཆོད་ཅི། 26 དེ་འབདཝ་ད་ རོམ་གྱི་མི་དབང་མཆོག་ ཀེ་སཱར་ལུ་ མི་དེ་གི་སྐོར་ལས་ལོ་རྒྱུས་ཚུ་ཡིག་གུ་ནང་ གསལ་ཏོག་ཏོ་སྦེ་ བྲིས་ཏེ་གཏང་ནི་ག་ནི་ཡང་མིན་འདུག་ དེ་འབདཝ་ལས་བརྟེན་ཏེ་ ང་གིས་ཁོ་ནཱ་ལྷན་རྒྱས་ག་ར་འཛོམས་སར་དང་ ལྷག་པར་དུ་ དཔོན་ ཨ་གིརི་པ་གི་སྐུ་མདུན་ལུ་འཁྱིད་འོངས་ཡི་ ནཱ་དཔོན་དང་ ང་བཅས་ག་ར་འཛོམས་ཏེ་ དབྱེ་བ་བཅད་ཚར་བའི་ཤུལ་ལས་ ང་གིས་ཡིག་གུ་གཅིག་བྲི་གཏང་ཚུགས་པའི་རེ་བ་ཡོད། 27 ག་ཅི་སྨོ་ཟེར་བ་ཅིན་ བཙོན་པ་གི་སྐྱོན་ག་ཅི་ཨིན་ན་ གསལ་ཏོག་ཏོ་མ་ཤེས་པར་ རྒྱལཔོ་ ཀེ་སཱར་བཞུགས་སར་བཙོན་པ་གཏང་ནི་འདི་ ལེགས་ཤོམ་གཅིག་མེན་ཟེར་གསུངས་ནུག།
1 དཔོན་ ཨ་གིརི་པ་གིས་ པའུལ་ལུ་ ད་ཁྱོད་རང་གི་སྐོར་ལས་ ག་ཅི་རང་སླབ་ནི་ཡོད་རུང་ སླབ་ཐག་ཆོད་ཟེར་གསུངསམ་ད་ པའུལ་གྱིས་ལགཔ་གིས་ལག་བརྡ་འགྱུར་ཏེ་ ཁོ་རང་གི་གསལ་ཆ་ཞུ་ནི་འགོ་བཙུགས་ནུག 2 མི་དབང་ ཨ་གིརི་པ་མཆོག་ལགས་ ཡ་ཧུ་ད་པ་ཚུ་གིས་ ང་ལུ་ཧད་བཏགས་འཚོལ་ཏེ་ སྐྱོན་བཏགས་མི་སྐོར་ལས་ལོ་རྒྱུས་ཚུ་ག་ར་ ནཱ་ད་རིས་ཞབས་ཀྱི་སྐུ་མདུན་ལུ་ གསལ་ཆ་ཞུ་ནི་གི་གོ་སྐབས་ཐོབ་མི་དེ་ལུ་ ང་བྱིན་རླབས་ཅན་གཅིག་ཨིན་ཟེར་ཞུ་ནི་ཨིན། 3 ད་ ཡ་ཧུ་ད་པ་གི་ལུགས་སྲོལ་དང་བཀའ་ཁྲིམས་ རྙོགས་དྲག་དེ་གི་སྐོར་ལས་ ག་དེམ་ཅིག་ཨིན་ན་ ནཱ་གིས་མཁྱེན་ དེ་རང་ཨིན་རུང་ ངེ་གི་མིག་གསལ་གྱི་ཞུ་བའི་ཚིག་གཞི་ལུ་ ཐུགས་དགོངས་མ་ཁྲེལ་བར་ ཞི་བའི་ངང་ནས་སྙན་གསན་གནང་ཟེར་ཞུ་ནི་ཨིན། 4 ང་ཆུང་ཀུ་བསྒང་ལས་ ང་རང་གི་གཡུས་ཁའི་ མི་ཚུ་གི་སྦུག་ལུ་ སྤྱོད་པ་ག་དེ་སྦེ་སྒྲིག་སྡོད་སྡོདཔ་ཨིན་ན་ དེ་ལས་ཤུལ་ལས་ ཡེ་རུ་ཤ་ལེམ་ལུ་ག་དེ་སྦེ་སྡོད་ཅི་ག་ ཁོང་ ཡ་ཧུ་ད་པ་དེ་ཚུ་ག་ར་གིས་ཤེས། 5 ང་བཅས་ཀྱི་ཆོས་ལུགས་ག་ར་གི་གྲལ་ལས་ སྒྲིགས་ལམ་དམ་ཤོས་དེ་ ཕ་རུ་ཤི་པ་གི་ཆོས་ལུགས་ཨིན་ དེ་ལུ་ང་གིས་སྒྲིག་སྡོད་ཅི་ཟེར་ ཁོང་གིས་ང་ལུ་ཡུན་རིངམ་སྦེ་རང་ངོ་ཤེས་ མ་གཞི་ ཁོང་ལུ་འབད་དགོ་མནོ་བའི་སེམས་ཡོད་པ་ཅིན་ ཁོང་གིས་ངེ་གི་འཛོམ་དཔང་ཡང་འབད་ཚུགསཔ། 6 དེ་ལས་ད་རིས་ ང་ནཱ་ལུ་ཁྲིམས་དཔྱད་ནི་སྦེ་ ནཱ་ཆ་ཁྱབ་ཀྱི་སྐུ་མདུན་ལུ་ལོངས་དགོ་མི་དོན་དག་དེ་ ག་ཅི་ཨིན་ན་ཟེར་བ་ཅིན་ དཀོན་མཆོག་གིས་ང་བཅས་རའི་ཕ་བརྒྱུད་ཚུ་ལུ་ ཁས་བླངས་བཞེས་མི་དེ་ལུ་ ང་ཡང་རེ་བ་བསྐྱེད་ནི་དེ་གིས་ཨིན། 7 ཉིན་མཚན་མེད་པར་ དཀོན་མཆོག་ལུ་ཞབས་ཕྱི་ཞུ་མི་ ང་བཅས་ཀྱི་ཕ་བརྒྱུད་ཀྱི་སྡེ་ཚན་བཅུ་གཉིས་ཀྱིས་ཡང་ ཁས་བླངས་བཞེས་མི་འདི་ལུ་ རེ་བ་བསྐྱེདཔ་ཨིན་ མི་དབང་ ཨ་གིརི་པ་མཆོག་ལགས་ ང་ཡང་ཨ་ནི་རེ་བ་དེ་ལུ་དད་པ་བསྐྱེད་པ་ལས་བརྟེན་ཏེ་ ཡ་ཧུ་ད་པ་ཚུ་གིས་ ང་ལུ་སྐྱོན་བཏགས་དོ། 8 ནཱ་ལུ་སྙན་གསན་མི་ཆ་ཁྱབ་ཀྱིས་ དཀོན་མཆོག་གིས་ཤི་སོང་མི་ཚུ་གསོན་པོ་སྦེ་ལྷོང་གནངམ་ཨིན་ཟེརཝ་ད་ལུ་ ག་ཅི་འབད་ཐུགས་ཀྱི་རྣམ་ཏོག་ལངམ་སྨོ། 9 ཧེ་མ་ང་གིས་ཡང་ ན་ཟ་རཱེད་ཀྱི་ཡེ་ཤུ་གི་མཚན་ལུ་རྒོལ་ཏེ་ ག་ར་ང་གིས་འབད་ཚུགས་ཚུགསཔ་ ང་གིས་འབད་བ་ཅིན་ ལེགས་ཤོམ་ཨིན་ཟེར་ང་གིས་ཐད་རི་བ་རི་མནོ་ཡི། 10 དེ་བཟུམ་སྦེ་ང་གིས་ ཡེ་རུ་ཤ་ལེམ་ལུ་འབད་ཡི་ བླ་ཆེན་དེ་ཚུ་ལས་བཀའ་ཤོག་ཐོབ་སྟེ་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ལུ་ ང་གིས་བཙོན་ནང་ལུ་བཙུགསཔ་མ་ཚད་ ཁོང་ལུ་སྲོག་ཁྲིམས་གཏངམ་ད་ ཆ་རོགས་འབད་ཡི། 11 ང་གིས་ཚར་ལེ་ཤ་རང་ སི་ན་གོག་ག་ར་ནང་སོང་སྟེ་ དཀོན་མཆོག་ཁོ་རའི་མི་དམ་པ་ཚུ་ལུ་ཁྲིམས་བཏང་ དབང་བཙོང་འབད་ ཁིརཱིས་ལུ་དབུ་ཕང་སྨད་བཅུག་སྟེ་ དད་པ་ལས་དགོངམ་ཞུ་བཅུག་ཅི་ དེ་མ་ཚད་ ངེ་གི་སེམས་ཁར་ལུ་ཡང་ ལཱ་དེ་མ་འབད་བར་བཞག་མ་ཚུགས་པར་ ཕྱིའི་རྒྱལ་ཁབ་ཚུ་གི་ཁྲོམ་ཚུ་ནང་ཡང་སོང་སྟེ་ དཀོན་མཆོག་གི་མི་ཚུ་ལུ་གནོད་པ་བཀལ་ཡི།། 12 དེ་བཟུམ་སྦེ་རང་ ཉིནམ་གཅིག་གི་ཚེ་ བླ་ཆེན་ཚུ་གིས་ང་ལུ་བཀའ་ཤོག་གནང་སྟེ་ ཁོང་གི་དབང་ཚད་ཀྱི་ཐོག་ལས་སྦེ་ ཐག་རིང་སར་གྱི་ཁྲོམ་ ད་མཱས་ཀཱོས་ལུ་སོངམ་ད། 13 མི་དབང་མཆོག་ལགས་ ཉིན་མའི་ཆུ་ཚོད་བཅུ་གཉིས་དེ་གཅིག་ཁར་ ང་ལམ་འགྱོ་བའི་བར་ན་ལུ་ དེ་འཕྲོ་ལས་ ནམ་མཁའ་ལས་འོད་ ཉིམ་གྱི་འོད་ལས་ཤུགས་ཆེ་བའི་འོད་གཅིག་ཤར་ཏེ་ ང་དང་ངེ་གི་ཆ་རོགས་ཚུ་གི་གུ་ལུ་ཕོག་ཅི། 14 ང་བཅས་ག་ར་མར་ས་ཁར་འགྱེལ་སོང་ཡི་ དེ་ལས་ ཧིབ་རུ་གི་སྐད་ནང་ལུ་གསུང་སྐད་གཅིག་གིས་ དབའེ་ སའུལ་ སའུལ་ ཁྱོད་ཀྱིས་ང་ལུ་ག་ཅི་འབད་གནོད་པ་བཀལཝ་སྨོ་ ང་གིས་སྟོན་མི་ལམ་ལུ་རྒོལ་ནི་དེ་ ཁྱོད་ལུ་ལཱ་ཁག་ཡོད་ཟེར་གསུངས་ས་ ང་གིས་གོ་ཡི། 15 དེ་ལས་ང་གིས་ གཙོ་བོ་ནཱ་ག་སྨོ་ཟེར་ཞུཝ་ད་ གཙོ་བོ་གིས་ལན་ ང་ཁྱོད་ཀྱིས་གནོད་འཚེ་བཀལ་མི་ཡེ་ཤུ་ཨིན་ཟེར་གསུངས་ཡི། 16 ད་ཁྱོད་ཡར་ལོང་སྟེ་ རྐངམ་བཙུགས་ཞིག་ ག་ཅི་སྨོ་ཟེར་བ་ཅིན་ ད་རིས་ང་ཁྱོད་ཀྱི་གདོང་ཁར་མཇལ་ཁ་གནང་མི་དེ་ ད་ལྟོ་ཁྱོད་ཀྱིས་མཐོང་མི་དང་གོ་མི་དེ་ཚུ་ དེ་ལས་ང་གིས་ཤུལ་ལས་ཁྱོད་ལུ་སྟོན་ནི་འབད་མི་ཚུ་ མི་ག་ར་ལུ་འཛོམ་དཔང་བཤད་ནིའི་དོན་ལུ་ ངེ་གི་ཞབས་ཕྱི་ཞུ་མི་སྦེ་ ཁྱོད་ལུ་བཙག་འཐུ་འབད་འབདཝ་ཨིན། 17 དེ་མ་ཚད་ ང་གིས་ཁྱོད་རའི་མི་རིགས་ཚུ་དང་ ཕྱིའི་མི་རིགས་ཚུ་གི་གནོད་པ་ལས་ ཁྱོད་ལུ་སྐྱབས་འབད་ནི་ཨིན་ དེ་ལས་ཁྱོད་ཁོང་སྡོད་སར་གཏང་སྟེ། 18 ཁོང་གི་མིག་ཏོ་ཁ་ཕྱེ་ནི་ཨིན་ དེ་གིས་འབད་ ཁོང་གནག་དུང་དུ་གི་ལཱ་དང་ བདུད་ སེ་ཏཱན་གྱི་དབང་ཤུགས་ལས་ གཟི་བརྗིད་ཡོད་མིའི་དཀོན་མཆོག་ཁ་ཐུག་ལུ་ སེམས་འགྱུར་བཅུག་ནི་ཨིན་ དེ་ལས་ ཁོང་གི་སྡིག་པ་ཚུ་བཀའ་དྲིན་བསྐྱང་སྟེ་ ང་ལུ་དད་པ་བསྐྱེད་པའི་ཐོག་ལས་སྦེ་ དཀོན་མཆོག་གིས་གཙངམ་མཛད་དེ་ དཀོན་མཆོག་གི་མི་ཚུ་དང་གཅིག་ཁར་ ཁོང་གིས་ཡང་ བགོ་བཤའ་ཐོབ་ནི་ཨིན་ཟེར་ང་ལུ་གསུངས་ཡི།། 19 མི་དབང་མཆོག་ ཨ་གིརི་པ་ལགས་ ཞིང་ཁམས་ལས་བྱུང་མི་མཐོང་སྣང་ལུ་ ང་གིས་མ་ཉན་པར་སྡོད་མ་ཚུགས། 20 དེ་འབདཝ་ལས་ དང་པ་ཁྲོམ་ ད་མཱས་ཀཱོས་ལུ་སྡོད་མི་ཆ་ཁྱབ་ ཡེ་རུ་ཤ་ལེམ་དང་ ལུང་ཕྱོགས་ ཡུ་དེ་ཡ་ནང་སྡོད་མི་ཆ་ཁྱབ་ དེ་ལས་མཐའན་མཇུག་ལུ་ ཕྱིའི་མི་རིགས་ཚུ་ལུ་ སྡིག་པ་ལས་སེམས་འགྱུར་ཏེ་ དཀོན་མཆོག་གི་ཁ་ཐུག་ལུ་འོང་བཅུག་ནིའི་ བྱ་བ་སྤྱོད་ལམ་དེ་ བཏོན་དགོ་པའི་ཆོས་བཤད་ཅི། 21 རྒྱུ་མཚན་འདི་ལུ་བརྟེན་ཏེ་ ཡ་ཧུ་ད་པ་དེ་ཚུ་གིས་ ང་ལུ་མཆོད་ཁང་ནང་ལས་བཟུང་སྟེ་ བསད་ནི་འབདཝ་ཨིན་མས། 22 དེ་འབདཝ་ད་ ད་ལྟོ་ཚུན་ཚོད་ དཀོན་མཆོག་གིས་ང་ལུ་སྐྱབས་མཛད་དེ་ཡོད་ དེ་སྦེ་འབད་ནི་འདི་གིས་ ང་རང་གི་འཛོམ་དཔང་ མི་ཆེ་ཆུང་ དྲག་ཞེན་ག་ར་གི་སྦུག་ལུ་ལོང་སྟེ་ཞུཝ་ཨིན་ ང་གིས་སླབ་མི་དེ་ ལུང་སྟོན་པ་ག་ར་དང་ མོ་སཱེས་ཀྱི་བཤད་མི་ལུང་བསྟན་ལས་མ་འགལ། 23 ལུང་བསྟན་དེ་ཚུ་ནང་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་དེ་ སྡུག་བསྔལ་མྱོང་སྟེ་ གཤགས་ས་ལས་གསོན་པོ་སྦེ་དང་པ་རང་ཁོ་བཞེངས་གནང་སྟེ་ ཁོ་རང་གི་མི་རིགས་ཚུ་དང་ ཕྱིའི་མི་རིགས་ཚུ་གི་སྦུག་ནང་ འོད་ཟེར་ཤར་དོཝ་བཟུམ་སྦེ་ ཐར་པ་ཐོབ་ནི་གི་གཏམ་བཟང་ ཁྱབ་བསྒྲགས་གནང་ནི་ཨིན་ཟེར་ ཧེ་མ་ལས་གསུངས་ནུག་ཟེར་ཞུ་ནུག 24 དེ་ལས་ པའུལ་གྱིས་ ཁོ་གི་གནས་ཚུལ་དེ་སྦེ་ཞུ་བའི་བར་ན་ ཕཱེས་ཏུས་ཀྱིས་གསུང་སྐད་ཤུགས་སྦེ་གསུངས་ཏེ་ པའུལ་ ཁྱོད་རིག་པ་ཆེ་ནི་དེ་གིས་ འཆོལ་ལོང་ཡར་སོངམ་འདྲས་མེན་ན་ཟེར་གསུངས་ནུག 25 པའུལ་གྱིས་ མི་དབང་ ཕཱེས་ཏུས་ལགས་ ང་འཆོལ་ལོང་མ་སོང་ ང་རང་གི་ལོ་རྒྱུས་བདེན་པ་འདི་ གསལ་ཏོག་ཏོ་སྦེ་ཞུཝ་ཨིན། 26 ནཱ་དཔོན་ ཨ་གིརི་པ་གིས་ ཨ་ནི་ལོ་རྒྱུས་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་མཁྱེན་མཁྱེནམ་འོང་ ཨ་ནི་ལོ་རྒྱུས་དེ་ཚུ་སླབ་པ་ལུ་ ང་འདྲོག་དགོཔ་དང་འཚེར་དགོཔ་ག་ནི་ཡང་མེད་ ག་ཅི་སྨོ་ཟེར་བ་ཅིན་ ལོ་རྒྱུས་འདི་ཚུ་འབྱུངམ་ད་ གསང་སྟེ་ཟུར་ཁར་ཡང་བྱུང་བྱུངམ་མེན། 27 མི་དབང་མཆོག་ ཨ་གིརི་པ་ལགས་ ནཱ་གིས་ལུང་བསྟན་བཤད་མི་ལུ་ཆ་བཞགཔ་ཨིན་ན་ མ་གཞི་ ང་གིས་ཤེས་ ནཱ་གིས་ཆ་བཞགཔ་ཨིན་ཟེར་ཞུ་ནུག 28 དེ་ལས་དཔོན་ ཨ་གིརི་པ་གིས་ པའུལ་ལུ་ ཁྱོད་ཀྱིས་འབད་བ་ཅིན་ དུས་ཡུན་ཐུང་ཀུ་གཅིག་ནང་ལུ་ ཁྱོད་ཀྱིས་ང་ལུ་ ཡེ་ཤུ་པ་བཟོ་ནི་སྦེ་ཨིན་ན་ཟེར་གསུངས་ནུག 29 ད་རུང་ པའུལ་གྱིས་ དུས་ཡུན་ཐུང་ཀུ་གཅིག་ཨིན་རུང་ རིངམ་ཨིན་རུང་ ག་དེ་སྦེ་འབད་རུང་ ད་རིས་ནཱ་མི་དབང་མཆོག་དང་ ང་ལས་ལོ་རྒྱུས་གོ་མི་ཚུ་ག་ར་ ང་བཟུམ་སྦེ་ལྕགས་ཐག་གིས་སྡམ་སྟེ་བཞག་ནི་འདི་མ་བཏུབ་མ་གཏོགས་ དད་པ་བསྐྱེད་པ་ཅིན་ལེགས་ཤོམ་ཨིན་ཟེར་ དཀོན་མཆོག་ལུ་སྨོན་ལམ་ཞུཝ་ཨིན་ཟེར་ཞུ་ནུག 30 དེ་ལས་གཞུང་ཚབ་དང་དཔོན་ དཔོན་གྱི་སྲིངམོ་ བེར་ནི་ཀེ་ དེ་ལས་ཁོང་གསུམ་དང་གཅིག་ཁར་བཞུགས་མི་ཚུ་ ཁོང་ག་ར་བཞེངས་སྦེ། 31 ཞལ་འཛོམས་ཁང་ནང་ལས་ཐོན་བྱོན་ཏེ་ ཁོང་རང་གཅིག་གིས་གཅིག་ལུ་ ཨ་ནི་མི་དེ་ལུ་ བཙོན་ཁང་ནང་བཞག་དགོཔ་དང་ ཉེས་ཆད་སྲོག་ཐོག་ལུ་བཀལ་དགོཔ་ ག་ནི་ཡང་མིན་འདུག་ཟེར་གསུངས་ནུག 32 དེ་ལས་དཔོན་ ཨ་གིརི་པ་གིས་ གཞུང་ཚབ་ ཕཱེས་ཏུས་ལུ་ ག་དེམ་ཅིག་སྦེ་ ཨ་ནི་མི་འདི་གིས་ ག་ར་ལས་མཐོ་བའི་ རོམ་གྱི་རྒྱལཔོ་ ཀེ་སཱར་བཞུགས་སར་ ཁྲིམས་ཕྱེ་བ་འགྱོ་ནི་ཟེར་མ་སླབ་པ་ཅིན་ བཙོན་ཁང་ནང་ལས་གཏང་ཚུགས་ནི་ཨིན་མས་ཟེར་ཞུ་ནུག།
1 དེ་ལས་ང་བཅས་ཆ་ཁྱབ་གྲུ་ནང་འཛུལ་ཏེ་ རྒྱལ་ཁབ་ ཨི་ཏྲ་ལི་ལུ་འགྱོ་ནི་སྦེ་ ཐག་བཅད་ཚར་བའི་ཤུལ་ལས་ བཙོན་ཁང་གི་འགོ་དཔོན་དེ་གིས་ པའུལ་དང་བཙོན་པ་ལ་ལུ་ཅིག་ རོམ་གྱི་རྒྱལཔོ་གི་སྐུ་སྲུང་སྤྱི་དཔོན་ ཡུ་ལི་ཨཱས་ཟེར་མི་གཅིག་གི་ལག་པར་རྩིས་སྤྲོད་ཅི། 2 དེ་ལས་ཁྲོམ་ ཨ་དྲ་མུ་ཏེ་ནཱོས་ལས་འོང་མིའི་ ལུང་ཕྱོགས་ ཨེ་སི་ཡ་གི་མཐའ་མ་ལས་སྦེ་འགྱོ་མི་གྲུ་ དེ་ཁར་ལྷོད་དེ་ཡོདཔ་ཨིན་མས་ ང་བཅས་གྲུ་དེ་ནང་འཛུལཝ་ད་ ལུང་ཕྱོགས་ མ་ཀེ་དོ་ནི་ཡ་གི་ཁྲོམ་ ཐེ་ས་ལོ་ནི་ཀ་ལས་ཨིན་མི་ ཨ་རཱིས་ཏཱར་ཁཱོས་ཟེར་སླབ་མིའི་མི་གཅིག་ཡང་ ང་བཅས་དང་གཅིག་ཁར་འོངས་ཡི། 3 འདི་གི་ནངས་པ་ ང་བཅས་ཁྲོམ་ སི་དཱོན་གྱི་མཚོའི་མཐའ་མ་ལྷོད་ཅི་ དེ་ལས་སྤྱི་དཔོན་ ཡུ་ལི་ཨཱས་ཀྱིས་ པའུལ་ལུ་སྐྱིད་སྡུག་གཟིགས་ཏེ་ ཁོ་རང་ལུ་དགོ་མི་ཁག་ཆེཝ་འདི་ཚུ་ལེན་པ་ ཁོ་གི་ལྟོ་ཚང་གི་ཁྱིམ་ནང་འགྱོ་ཆོག་ཟེར་གནང་བ་གནང་ཡི། 4 ད་རུང་ང་བཅས་གྲུ་ནང་འཛུལ་ཏེ་འགྱོཝ་ད་ ང་བཅས་ཀྱི་གདོང་འགྱིམ་སྟེ་ གནམ་མེད་ས་མེད་རླུང་འཕུ་འོངས་ཏེ་ ང་བཅས་ཕྲང་འགྱོ་མ་ཚུགས་པར་ རླུང་མ་འཕུ་སའི་ཁ་ཐུག་ལས་སྦེ་ འཚོ་གླིང་ སའིཔ་རཱས་ལས་སྦེ་བསྐོར་ཏེ། 5 ད་རུང་ལུང་ཕྱོགས་ ཀི་ལི་ཀི་ཡ་དང་ ལུང་ཕྱོགས་ པམ་ཕི་ལི་ཡ་གི་ཁ་ཐུག་མཚོ་བརྒལ་ཏེ་ ལུ་ཀི་ཡ་གི་ལུང་ཕྱོགས་ ཁྲོམ་ མུ་ར་ཟེར་མི་ནང་ལྷོད་ཅི། 6 དེ་ཁར་ལས་ སྤྱི་དཔོན་གྱིས་ ཁྲོམ་ ཨ་ལེག་སཱན་དྲི་ཡ་ལས་འོང་མིའི་རྒྱལ་ཁབ་ ཨི་ཏྲ་ལི་ལུ་འགྱོ་མི་གྲུ་གཅིག་ཐོབ་སྟེ་ ང་བཅས་དེ་ནང་ལུ་བཙུགས་ཏེ་བཏང་ཡི། 7 ང་བཅས་ཀྱི་གྲུ་ འགྲོས་ཀྱིས་སྦེ་བཏང་སྟེ་ ཉིནམ་ལེ་ཤ་འགྱོ་ནི་དེ་གིས་ གནམ་མེད་ས་མེད་དཀའ་ངལ་བྱུངམ་མ་ཚད་ ཁྲོམ་ ཀིནི་དུས་ཟེར་མིའི་སྦོ་ལོགས་ཁར་ལྷོདཔ་ད་ རླུང་གིས་གྲུ་བཀག་སྟེ་ དེ་ཁར་ཐོན་མ་ཚུགས་པར་ འཚོ་གླིང་ ཀིརཱིད་ཟེར་མི་ རླུང་མ་འཕུ་སའི་ཁ་ཐུག་ལས་སྦེ་བསྐོར་ཏེ་ སཱེལ་མོ་ནེ་ལས་སྦེ་ཕྲང་སྟེ་སོང་ཡི། 8 ད་རུང་གནམ་མེད་ས་མེད་ལ་ཁག་བརྐྱབས་ཏེ་ མཚོའི་མཐའ་མ་གི་ས་སྐམ་བདའ་སྟེ་འོངམ་ད་ ཁྲོམ་ ལ་སེ་ཡ་གི་སྦོ་ལོགས་ཁར་ ཉེན་ཁ་མེད་པའི་གི་ཁུག་ ཟེར་མི་ས་གནས་གཅིག་ནང་ལྷོད་ཅི། 9 དེ་སྐབས་ ཡ་ཧུ་ད་པ་གི་དུས་ཆེན་ སྡིག་བཤགས་ཕུལ་བའི་དུས་ཚོད་རྫོགས་པའི་ཤུལ་ལས་ གནམ་གཤིས་འདི་ངན་པ་འོངམ་ཨིནམ་མ་ཚད་ ལམ་ཁ་ལུ་དུས་ཚོད་ལེ་ཤ་འགོར་སོང་ཡི་ ཆུ་ལས་འགྱོ་ནི་འདི་ཉེན་ཁ་འདུག་ཟེར་མནོ་སྟེ་ པའུལ་གྱིས་དྲན་བསྐུལ་དེ་སྦེ་འབད་ནུག 10 དབའེ་འགོ་དཔོན་ཆ་ཁྱབ་ ཆུ་ལས་འགྱོ་ནི་དེ་ གྲུ་དང་དེའི་ནང་ཡོད་མིའི་ཅ་ལ་ཚུ་ལུ་ རྒུད་ཕོག་ནི་ཨིནམ་མ་ཚད་ ང་བཅས་རང་གི་སྲོག་ལུ་ཡང་ ཉེན་ཁ་སྦོམ་ཡོདཔ་ ང་གིས་ཧ་གོ་ཡི་ཟེར་ཞུ་ཡི། 11 དེ་འབདཝ་ད་ སྤྱི་དཔོན་དེ་གིས་ པའུལ་གྱིས་ཞུ་མི་དེ་ལུ་མ་ཉན་པར་ གྲུ་བཏང་མི་དང་ གྲུ་གི་སྦྱིན་བདག་གིས་ཞུ་མི་ལུ་ཉན་ནུག 12 ཨ་ནི་ ཉེན་ཁ་མེད་པའི་གི་ཁུག་ཟེར་མི་ས་གནས་འདི་ནང་ གནམ་དགུན་ལུ་སྡོད་ནི་དེ་ ལེགས་ཤོམ་མིན་འདུག་ དེ་འབདཝ་ལས་བརྟེན་ཏེ་ མི་མང་ཤོས་ཀྱི་རང་ ས་གནས་དེ་ནང་ལས་ཐོན་ཏེ་ འཚོ་གླིང་ ཀིརཱིད་ཟེར་མི་ གྲུ་ཁག་སོ་སོར་ལས་འོང་སའི་གི་ཁུག་ ལྷོ་ནུབ་དང་ནུབ་བྱང་འབད་མི་ཕྱོགས་ ཕི་ནཱིཀས་ཟེར་མི་ནང་ ཐབས་ཤེས་ག་དེ་སྦེ་ཨིན་རུང་བཏོན་ཏེ་ ལྷོད་ཚུགས་པ་ཅིན་ གནམ་དགུན་གྲུ་སྡོད་སའི་ལེགས་ཤོམ་འོང་ཟེར་སླབ་ནུག། 13 ལྷོ་ཕྱོགས་ལས་རླུང་འཇམ་ཏོག་ཏོ་སྦེ་འཕུཝ་ད་ དེ་གི་སྐྱོན་མི་འོང་ འགྱོ་ཚུགས་པས་ཟེར་མནོ་བསམ་གཏང་སྟེ་ གྲུ་གི་ཕྱི་ལས་མར་དཔྱང་ཡོད་མི་ གྲུ་གཟིངས་ཀོ་མ་འདི་ཡར་འཐུ་སྟེ་ ཀིརཱིད་ཟེར་མི་འཚོ་གླིང་བདའ་སྟེ་གྲུ་བཏང་སོང་ཡི། 14 དེ་འབདཝ་ད་ དུས་ཡུན་དུམ་གྲ་ཅིག་གི་ནང་ ས་སྐམ་ས་ལས་བྱང་ཤར་ཟེར་མི་ རླང་ཤུགས་སྦེ་འཕུ་འོང་སྟེ། 15 རླུང་འདི་གྲུའི་གུ་རྐྱབ་པའི་བསྒང་ལས་ ང་བཅས་ཀྱིས་གྲུ་ཕྲང་སྟེ་གཏང་མ་ཚུགས་ དེའི་བསྒང་ལས་ཐབས་ཤེས་ག་ནི་ཡང་མེད་པར་ གྲུ་རླུང་གིས་ག་འབག་སར་འགྱོ་གེ་ཟེར་བཏང་ཡི། 16 ད་རུང་ ཀའུ་ད་ཟེར་མི་འཚོ་གླིང་ཆུང་ཀུ་གཅིག་ཡོད་མི་ རླུང་མ་འཕུ་སའི་གི་ཁ་ཐུག་ལས་སྦེ་བསྐོར་ཏེ་འགྱོ་བའི་བསྒང་ལུ་ ང་བཅས་གནམ་མེད་ས་མེད་ལཱ་ཁག་བརྐྱབས་ཏེ་འབད་རུང་ རྒྱབ་ཁར་ལས་བཏགས་མི་གྲུ་ཆུང་ཀུ་དེ་ལུ་ དུས་དུས་རང་སྒྲིང་སྒྲིང་སྦེ་བསྡམས་མ་ཚུགས། 17 ཁོང་གིས་གྲུ་ཆུང་ཀུ་དེ་ ཡར་གྲུ་སྦོམ་ནང་འཐུ་སྟེ་བཙུགས་ཚརཝ་ད་ གྲུ་སྒྲིང་སྒྲིང་བཟོ་ནི་གི་དོན་ལུ་ གྲུ་གི་འོག་ལས་སྦེ་ཐགཔ་གཏང་སྟེ་བསྡམས་ཡི་ དེ་ལས་གྲུ་ཕར་ སཱིར་ཏཱིས་ཟེར་མིའི་ཁ་ཐུག་ བྱེམ་ནང་རེག་སྟེ་ཐིམ་ནི་མས་ཟེར་འདྲོགས་ཏེ་ དར་དཔྱང་མར་ཕབ་ གྲིལ་ཏེ་བསྡམ་སྦེ་ གྲུ་ནང་བཙུགས་ཅི་ དེ་ལས་གྲུ་འགོར་ལས་འབད་ རླུང་གིས་འབག་སྟེ་འགྱོ་བཅུག་ཅི། 18 རླུང་འཚུབ་དེ་འཕྲོ་མཐུད་དེ་རང་ཤུགས་སྦེ་འཕུ་སྟེ་ གྲུ་གུ་བརྐྱབ་ནི་དེ་གིས་ དེ་གི་ནངས་པ་ གྲུ་ཡང་འཕྲོས་འཕྲོས་འགྱོ་ནིའི་དོན་ལུ་ གྲུ་ནང་ལས་དོས་དེ་ཚུ་བཏོན་བཀོག་ཡི། 19 ཉིནམ་གསུམ་པ་ལུ་ གྲུ་ནང་དགོ་མི་ཅ་ལ་དེ་ཚུ་ཡང་ གྲུ་གཏང་མི་ཚུ་ཁོང་རང་གིས་འཐུ་སྦེ་ ཆུ་ནང་བཀོག་ཡི། 20 དེ་ལས་ཉིམ་དང་སྐརམ་དེ་ཚུ་ཡང་མ་མཐོང་བར་ ཉིནམ་ལེ་ཤ་སོང་སྟེ་ ཆར་རླུང་དེ་ཤུགས་ཆེ་སུ་ཆེ་སུ་འཕུ་སྟེ་ ང་བཅས་གསོན་པོ་སྦེ་སྡོད་འོང་མནོ་བའི་རེ་བ་ཡང་རྫོགས་སོང་ཡི། 21 ཁོང་ཆ་ཁྱབ་ཡུན་རིངམ་སྦེ་བཞེས་སྒོ་ག་ནི་ཡང་མ་ཟ་བར་སྡོདཔ་ད་ པའུལ་ ཁོང་གི་སྦུག་ལུ་ལོང་སྟེ་ཞུ་ཡི་ དབའེ་ འགོ་དཔོན་ཚུ་ ནཱ་ཆ་ཁྱབ་ཀྱིས་ཧེ་མ་ལས་ ང་གིས་ཞུ་མི་ལུ་སྙན་གསན་ཏེ་ ཀིརཱིད་ལུ་བཞུགས་པ་ཅིན་ ད་ལྟོ་མེདཔ་གཏང་ནི་དང་ གྱོང་རྒུད་ཕོག་ནི་ཡང་མ་འོངམ་འོང་། 22 དེ་རང་ཨིན་རུང་ ནཱ་ཆ་ཁྱབ་མ་འདྲོག་པར་ ཐུགས་བདེ་ཏོག་ཏོ་སྦེ་བཞུགས་ཟེར་བསྐུལ་མ་ཞུ་དོ་ གྲུ་དེ་ལུ་མེདཔ་འགྱོ་ནི་མ་གཏོགས་ མི་གཅིག་གི་སྲོག་ལུ་ཡང་སྐྱོན་མི་འབྱུང་། 23 ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་དཀོན་མཆོག་ ང་གིས་ཨ་རྟག་རང་གསོལཝ་བཏབ་མི་དཀོན་མཆོག་གི་ཕོ་ཉ་གཅིག་གིས་ མདང་ཕྱི་རུ་ ངེ་གི་ཟུར་ཁར་ལོངས་ཏེ། 24 དབའེ་ པའུལ་ མ་འདྲོག་ ཁྱོད་རྒྱལཔོ་ ཀེ་སཱར་གྱི་སྐུ་མདུན་ལུ་ ག་དེ་སྦེ་ཨིན་རུང་ རྩོད་གཞི་དེ་ཕྱེ་དགོ་ དེ་ལས་ཁྱོད་དང་གཅིག་ཁར་གྲུ་ནང་ཡོད་མི་ག་ར་གི་ཚེ་སྲོག་འདི་ དཀོན་མཆོག་གི་ཐུགས་རྗེ་གི་ཐོག་ལས་སྦེ་ སྐྱབས་མཛད་གནང་འོང་ཟེར་སླབ་ཅི། 25 འདི་གིས་འབད་ འགོ་དཔོན་ཆ་ཁྱབ་ མ་འདྲོག་པར་ ཐུགས་བདེ་ཏོག་ཏོ་སྦེ་བཞུགས་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ང་ལུ་གསུངས་དོཝ་བཟུམ་སྦེ་རང་ མཛད་གནང་འོང་ཟེར་ང་ལུ་དད་པ་ཡོད། 26 དེ་འབདཝ་ད་ གྲུ་དེ་རྒྱ་མཚོ་སྦུག་གི་ས་སྐམ་གཅིག་ལུ་རེག་སྟེ་ ཐུག་རྐྱེན་ཤོར་འོང་ཟེར་ཞུ་ཡི། 27 དེ་ལས་ཞག་བཅུ་བཞི་ལངམ་ད་ ང་བཅས་རླུང་གིས་འབག་སྟེ་ ཨ་དྲི་ཡཱས་ཟེར་མིའི་རྒྱ་མཚོ་གི་བསྐོར་རི་བརྐྱབས་ཏེ་ལྷོད་ཅི་ དེ་སྐབས་ནུབ་ཕྱེད་དེ་ཅིག་ལུ་ གྲུ་གཏང་མི་ཚུ་གིས་བལྟཝ་ད་ ས་སྐམ་གྱི་སྦོ་ལོགས་ཁར་ལྷོད་ནུག་ཟེར་མནོ་ནུག 28 རྒྱ་མཚོ་གི་གཏིང་ཚད་འཇལ་བལྟཝ་ད་ འདོམ་ཉི་ཤུ་ཡོདཔ་ཁོང་གིས་ཤེས་ཅི་ ད་རུང་ཨ་ཙི་འགྱོཝ་ད་འདོམ་བཅོ་ལྔ་ཡོདཔ་ཁོང་གིས་ཤེས་ཅི། 29 ད་རུང་འགྱོ་བ་ཅིན་ རྒྱ་མཚོ་མཐའ་མ་གི་བྱག་གུ་ཕོག་འོང་ཟེར་མནོ་འདྲོགས་ཏེ་ གྲུ་གི་རྒྱབ་ལས་ གྲུ་གཟིངས་ཀོ་མ་ཡོད་མི་བཞི་བཏགས་ཏེ་ མར་ཆུ་ནང་གཏང་སྦེ་ མགྱོགས་པར་གནམ་ནངས་བཅུག་ཟེར་སྨོན་ལམ་ཞུ་སྡོད་ཅི། 30 ད་རུང་གྲུ་གཏང་མི་ཚུ་གིས་ འབྱོག་འགྱོ་ནི་སྦེ་ཐབས་ཤེས་འཚོལ་ཏེ་ གྲུ་གི་རྒྱབ་ཁར་ལས་གྲུ་ཆུང་འདི་ མར་ཕབ་ཞིནམ་ད་ གྲུ་གཟིངས་ཀོ་མ་ཡོད་མི་འདི་ཚུ་ མར་ཆུ་ནང་གཏང་ནི་བཟུམ་སྦེ་ གྲུ་ཆུང་ནང་འཛུལ་ནི་འབད་ཡི། 31 དེ་འབདཝ་ད་ པའུལ་གྱིས་ སྤྱི་དཔོན་དང་དམག་མི་ཚུ་ལུ་ གྲུ་གཏང་མི་ཚུ་ཨ་ནི་གྲུ་སྦོམ་ནང་མ་སྡོད་པ་ཅིན་ ཁྱེད་དམག་མི་ཚུ་གསོན་པོ་སྦེ་ཐར་མི་ཚུགས་ཟེར་ཞུ་ཡི། 32 དེ་འཕྲོ་ལས་ དམག་མི་ཚུ་གིས་གྲུ་ཆུང་ཀུ་གི་ཐགཔ་འདི་བཏོག་བཏང་སྟེ་ གྲུ་ཆུང་མར་ཆུ་ནང་བཀོག་ཡི། 33 དེ་ལས་དྲོ་པ་ཤར་དཀར་ནི་འབདཝ་ད་ པའུལ་གྱིས་མི་ག་ར་ལུ་གསོལཝ་བཞེས་གེ་ཟེར་ཨུ་ཚུགས་བརྐྱབས་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཤི་ནི་ཨིན་ན་ གསོན་པོ་སྦེ་སྡོད་ནི་ཨིན་ན་ཟེར་མ་ཤེས་པར་འདྲོགས་ཏེ་ ག་ནི་ཡང་མ་བཞེས་པར་ ད་རིས་ཀྱི་ཉིནམ་བཅུ་བཞི་ལངས་སོང་ཡི། 34 དེ་སྦེ་འབདཝ་ལས་བརྟེན་ཏེ་ ཁྱེད་རང་གི་གཟུགས་སྟོབས་སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ གསོལཝ་བཞེས་ཟེར་ང་གིས་ཁྱེད་ཆ་ཁྱབ་ལུ་གསོལཝ་བཏབ་ཨིན་ ཁྱེད་ཚ་གྱང་ལང་མི་དགོ་ ཁྱེད་ཀྱི་གྲལ་ལས་ མི་གཅིག་གི་མགུ་ཏོ་གུ་གི་སྐྱ་གཅིག་ལུ་ཡང་ སྐྱོན་མི་འབྱུང་ཟེར་སླབ་ནུག 35 དེ་ལས་ཁོ་གིས་ཏད་ཟས་གཅིག་འཐུ་ཞིནམ་ད་ ག་ར་གི་གདོང་ཁར་ལུ་ དཀོན་མཆོག་ལུ་གཏང་རག་ཕུལ་སྦེ་ བཅག་སྟེ་ཁོ་རང་ཟ་ཡི། 36 དེ་ལས་ཁོང་ཆ་ཁྱབ་ཡང་སེམས་བདེ་ཏོག་ཏོ་སོང་སྟེ་ ཁོང་ཡང་བཞེས་སྒོ་ཟ་ཚུགསཔ་སོང་ནུག 37 ང་བཅས་གྲུ་ནང་ལུ་ཡོད་མི་གྱངས་ཁ་ མི་གཉིས་བརྒྱ་བདུན་བཅུ་དོན་དྲུག་ཡོད། 38 ཁོང་ཆ་ཁྱབ་ བཞེས་སྒོ་འགྲངམ་སྦེ་ཟ་ཚརཝ་ད་ གྲུ་ཡང་འཕྲོས་འཕྲོས་བཟོ་ནི་སྦེ་ གྲུ་ནང་ཡོད་མིའི་ཁུར་ཆ་ དཀར་དེ་ཚུ་ག་ར་འཐུ་སྟེ་ཆུ་ནང་བཀོག་ཡི།། 39 དྲོ་པ་ནམ་ནངསམ་ད་ ཁོང་ཆ་ཁྱབ་ཀྱིས་ས་ཕྱོགས་ག་ཏེ་ལྷོདཔ་ཨིན་ན་ མ་ཤེསཔ་ཨིན་རུང་ ཁོང་གིས་བྱེ་ཐང་ཆུང་ཀུ་གཅིག་མཐོང་སྟེ་ གྲུ་འདི་འབད་ཚུགས་པ་ཅིན་ དེ་ཁར་བདའ་འགྱོ་གེ་ཟེར་གྲོས་ཐག་ཆོད་དེ། 40 གྲུ་གི་རྒྱབ་ལས་ གྲུ་གཟིངས་ཀོ་མ་བཏགས་བཞག་མི་དེ་ཚུ་འཁྱོལ་ཏེ་ མར་མཚོ་ནང་བཀོག་སྦེ་ གྲུ་གི་གཟན་སྐྱ་གུ་བཏགས་ཏེ་ཡོད་མི་ཐགཔ་དེ་ཚུ་ཡང་འཁྱོལ་གཏང་སྦེ་ གདོང་ལས་ཡོད་མིའི་དར་དེ་ཚུ་ཕར་དཔྱང་སྟེ་ རླུང་གིས་གཡབ་ཅི་གཡབ་ཅི་ ས་སྐམ་ཁ་ཐུག་ལུ་སོང་ཡི། 41 དེ་འབདཝ་ད་ གྲུ་ཕར་བྱེམ་གྱི་གུ་ཕོག་སྟེ་ མགུ་མར་ས་ཁར་བཏབ་སྟེ་ ཐར་མ་ཚུགས་པར་སྡོདཔ་ད་ གྲུ་གི་མཇུག་འདི་ མཚོའི་རྦ་རླབས་ཀྱིས་བརྐྱབས་ཏེ་འཕྱལ་བཏང་ཡི། 42 དམག་མི་ཚུ་གིས་འབད་བ་ཅིན་ བཙོན་པ་ཚུ་གིས་རྩལ་བརྐྱབས་ཏེ་ འབྱོག་འགྱོ་འོང་ཟེར་མནོ་སྟེ་ བཙོན་པ་དེ་ཚུ་ག་ར་བསད་ནི་འབད་གྲོས་ཐག་ཆོད་ཅི། 43 དེ་འབདཝ་ད་ སྤྱི་དཔོན་གྱིས་ པའུལ་ལུ་ སྲོག་སྐྱབས་མཛད་ནི་འབད་ ད་རུང་ཧེ་མ་གྲོས་ཐག་ཆོད་དོཝ་བཟུམ་སྦེ་འབད་ནི་མེན་ ག་ར་འབད་རུང་ དང་པ་རྩལ་རྐྱབ་ཚུགས་མི་ཚུ་ ཆུ་ནང་མཆོངས་ཏེ་ རྩལ་བརྐྱབས་ཏེ་ས་སྐམ་སར་འཐོན་དགོ། 44 གཞན་དེ་ཚུ་ གྲུ་ནང་ཡོད་མི་ཅ་ལ་གུ་དང་ ལ་ལུ་ཨེན་ཏ་གུ་བཤེད་སྦེ་ལྡིང་སྟེ་ འཐོན་དགོ་ཟེར་བཀའ་གནང་ཡི་ སྤྱི་དཔོན་གྱིས་གསུངས་དོཝ་བཟུམ་སྦེ་རང་ མི་གཅིག་ལུ་ཡང་སྐྱོན་ག་ནི་ཡང་མ་འབྱུང་པར་ ས་སྐམ་སར་ཐོན་ཚུགས་ཅི།།
1 དེ་ལས་ང་བཅས་སྐྱོན་ག་ནི་ཡང་མ་འབྱུང་པར་ ས་སྐམ་སར་འཐོན་སའི་འདི་ འཚོ་གླིང་ མཱལ་ཏ་ཟེར་སླབ་ཨིནམ་ ང་བཅས་ཀྱིས་ཤེས་ཅི། 2 དེ་ཁར་སྡོད་མིའི་མི་ཚུ་གིས་ ཁ་སངས་ཧིང་གསལ་སྦེ་ ང་བཅས་ལུ་འབོ་ཅི་ དེ་སྐབས་ལུ་གནམ་ཆརཔ་བརྐྱབས་ གྱང་ནི་དེ་གིས་ ཁོང་གིས་ང་བཅས་ལུ་མེ་འཕུ་བྱིན་ཏེ་ གནམ་མེད་ས་མེད་ལེགས་ཤོམ་འབད་བྱིན་ཡི། 3 དེ་སྐབས་ པའུལ་གྱིས་ ས་ཁར་ལས་ཤིང་གི་ཞལ་ལག་ཚུ་འཐུ་སྟེ་ ཕང་མ་བཏབ་སྦེ་མེ་ནང་བཙུགསཔ་ད་ མེ་གི་དྲོད་རེགཔ་ད་ སྦུལ་དུག་གདུག་དྲགས་གཅིག་ཐོན་ཏེ་ པའུལ་གྱི་ལགཔ་གུ་སོ་བཏབ་སྟེ་དཔྱངས་ཡི། 4 དེ་ཁར་གྱི་མི་ཚུ་གིས་ སྦུལ་འདི་ པའུལ་གྱི་ལགཔ་གུ་དཔྱངས་ཏེ་སྡོད་ས་མཐོངམ་ད་ ཁོང་རང་གཅིག་གིས་གཅིག་ལུ་ ཨ་ནི་མི་འདི་ ཨིན་ཅི་མིན་ཅི་ མི་བསད་མི་གཅིག་ཨིན་མས་ ཁོ་རྒྱ་མཚོ་ལས་ཐར་རུང་ ཁྲིམས་ཕྱེ་མི་དེ་གིས་ ཁོ་ལུ་གསོན་པོ་སྦེ་མི་བཞག་པས་ཟེར་སླབ་ནུག 5 དེ་རང་ཨིན་རུང་ པའུལ་གྱིས་སྦུལ་འདི་ མེ་ནང་བཀོག་སྦེ་ ཁོ་ལུ་སྐྱོན་ག་ནི་ཡང་མེད་པར་སྡོད་ཅི། 6 དེ་ཁར་མི་ཚུ་གི་སེམས་ཁར་འབད་བ་ཅིན་ ཁོ་དེ་འཕྲོ་ལས་གཟུགས་ག་ར་སྦོས་ཏེ་ ཡང་ན་དེ་ཁར་འགྱེལ་ཏེ་ཤི་འོང་ཟེར་མནོ་སྟེ་ ཡུན་རིངམ་སྦེ་སྒུག་སྟེ་བལྟ་སྡོད་རུང་ ཁོ་ལུ་སྐྱོན་ག་ནི་ཡང་མེད་པར་སྡོད་ནི་དེ་གིས་ ཁོང་ཆ་ཁྱབ་ཀྱིས་སེམས་སོར་ཏེ་ ཨ་ནི་མི་འདི་ལྷ་ཨིནམ་འདྲས་མེན་ན་ཟེར་སླབ་ཅི། 7 དེ་ལས་ས་གནས་དེ་ཁར་ལས་ ཐག་ཉེས་སུ་གཅིག་ཁར་ འཚོ་གླིང་གི་འགོ་དཔོན་ ཕུབ་ལི་ཨུས་ཟེར་མི་དེ་གི་ས་གཞི་ཨིན་མས་ ཁོ་གིས་ང་བཅས་ལུ་ ཁོ་རང་གི་གཟིམ་ཅུང་ནང་འབོ་སྟེ་ ཉིནམ་གསུམ་ཁོ་གི་གཟིམ་ཅུང་ནང་བཞག་སྟེ་ ང་བཅས་ལུ་གནམ་མེད་ས་མེད་ལེགས་ཤོམ་འབད་བྱིན་ཡི། 8 དེ་སྐབས་ ཕུབ་ལི་ཨུས་ཀྱི་ཨ་པ་འདི་ ཆབ་གསང་བཤལ་ དྲོད་འབར་བརྐྱབས་ ན་སྟེ་མལ་ཆ་ནང་ཡོདཔ་ཨིན་མས་ པའུལ་ཁོ་སྡོད་ས་འགྱོ་ཞིནམ་ད་ སྨོན་ལམ་ཞུ་སྟེ་ ཨ་པ་གི་གུ་ལུ་ལགཔ་བཀལ་སྦེ་དྲགཔ་བཟོ་ཡི། 9 འཚོ་གླིང་ནང་དེའི་སྐོར་ལས་གནས་ཚུལ་གོཝ་ད་ དེ་ནང་གི་ནདཔ་ག་ར་ པའུལ་སྡོད་སར་འོངས་ཏེ་ ཁོ་གིས་ཁོང་ལུ་དྲགཔ་བཟོ་ཡི། 10 ད་རུང་ཁོང་གིས་ང་བཅས་ལུ་ གནམ་མེད་ས་མེད་ཞེ་ས་འབད་ཡི་ དེ་མ་ཚད་ རྒྱ་མཚོ་ལས་སྦེ་གྲུ་ནང་འོང་རནམ་ད་ ང་བཅས་ལུ་ཁག་ཆེ་མི་ག་ར་ གྲུ་ནང་བཙུགས་སྦེ་ བཀལ་གཏང་སྟེ་ ལེགས་ཤོམ་འབད་ཡི།། 11 ཁྲོམ་ ཨ་ལེག་སཱན་དྲི་ཡ་ལས་འོང་མིའི་གྲུའི་མགུ་ལུ་ ཁོང་རའི་ལྷའི་སྐུ་ཆ་གཅིག་ བཀལ་ཏེ་ཡོད་མི་དེ་ གནམ་དགུན་ང་བཅས་སྡོད་མི་ས་གནས་དེ་ནང་སྡོདཔ་ཨིན་མས་ ང་བཅས་ཟླཝ་གསུམ་དེ་ཁར་སྡོད་པའི་ཤུལ་ལས་ གྲུ་དེ་ནང་འཛུལ་ཏེ་འོང་ཡི། 12 དེ་ལས་ཁྲོམ་ སི་ར་ཀུས་ལུ་ལྷོད་དེ་ ཉིནམ་གསུམ་དེ་ནང་སྡོད་ཅི། 13 དེ་ནང་ལས་འགྱོཝ་ད་ ཁྲོམ་ རེ་གི་ཨུམ་ལུ་ལྷོད་དེ་ ཉིནམ་གཅིག་ལངམ་ད་ ལྷོ་ཕྱོགས་ཁ་ཐུག་ལས་རླུང་འཕུ་ནི་དེ་གིས་ ང་བཅས་ཉིནམ་གཉིས་ལུ་ ཁྲོམ་ པུ་ཏེའོ་ལི་ལུ་ལྷོད་ཅི། 14 དེ་ནང་ལྷོད་དེ་ དདཔ་ཅན་ཚུ་དང་འཕྱདཔ་ད་ ཁོང་གིས་ང་བཅས་ལུ་བདུན་ཕྲག་གཅིག་སྡོད་ཟེར་འབོ་སྟེ་ ཁོང་དང་གཅིག་ཁར་བདུན་ཕྲག་གཅིག་སྡོད་སྦེ་ རོམ་ལུ་སོང་ཡི། 15 དེ་ལས་ང་བཅས་ རོམ་ལུ་མ་ལྷོད་པའི་ལམ་ཁར་ དདཔ་ཅན་ཚུ་གིས་ང་བཅས་འོང་དེས་ཟེར་གོ་སྟེ་ གདོང་བསུ་ ཨ་བི་ཡུས་ཁྲོམ་ཁར་དང་ ཟ་ཁང་གསུམ་ ཟེར་སླབ་མི་ཚུན་ཚོད་ ང་བཅས་ལུ་ལེན་པ་འོངས་ནུག་ པའུལ་གྱིས་ཁོང་མཐོངམ་ད་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་སྟེ་ ཁོ་གནམ་མེད་ས་མེད་སེམས་དགའ་ཡི།། 16 ང་བཅས་ རོམ་ལུ་ལྷོདཔ་ད་ པའུལ་གྱིས་ ཁོ་རང་ཁང་མིག་གཅིག་ལེན་ཏེ་ སོ་སོ་སྦེ་ སྲུང་རྒྱབ་དམག་མི་དང་གཅིག་ཁར་ སྡོད་བཅུག་ཅི། 17 ཉིནམ་གསུམ་གྱི་ཤུལ་ལས་ པའུལ་གྱིས་ ཡ་ཧུ་ད་པ་གི་འགོ་དཔོན་ཚུ་འབོ་སྟེ་ ཁོང་ག་ར་འཛོམས་སར་ལུ་ པའུལ་གྱིས་སླབ་ཅི་ དབའེ་ ངེའི་སྤུན་ཆ་ཚུ་ ང་གིས་ ང་བཅས་རའི་མི་དང་ ང་བཅས་རའི་ཕ་བརྒྱུད་ཀྱི་བཀའ་ཁྲིམས་ལུ་ མ་རྒོལ་ཏེ་འབད་རུང་ ཁོང་གིས་ང་ ཡེ་རུ་ཤ་ལེམ་ལུ་འཛིན་བཟུང་འབད་དེ་ རོམ་མི་ཚུ་གི་ལག་པར་སྤྲོད་དེ་བཏང་ཡི། 18 རོམ་གྱི་གཞུང་གིས་ཞིབ་དཔྱད་རྐྱབ་པའི་ཤུལ་ལས་ ང་ལུ་གཏང་ནི་འབད་ཡི་ ག་ཅི་སྨོ་ཟེར་བ་ཅིན་ ཉེས་ཆད་སྲོག་ཐོག་བཀལ་དགོ་པའི་སྐྱོན་ ཁོང་གིས་ག་ནི་ཡང་མ་ཐོབ། 19 དེ་འབདཝ་ད་ ཡ་ཧུ་ད་པ་ཚུ་གིས་ང་ལུ་དགྲ་འབདཝ་ཨིནམ་ལས་ ང་རྒྱལཔོ་ ཀེ་སཱར་གྱི་སྐུ་མདུན་ལུ་ ཐབས་མེད་པར་ ཁྲིམས་ཕྱེ་བ་འོང་དགོཔ་བྱུང་ཡི་ དེ་སྦེ་འབད་ས་ཅི་རུང་ ང་རང་གི་མི་བརྒྱུད་ཚུ་ལུ་སྐྱོན་བཏགས་ཏེ་ རྩོད་གཞི་ཕྱེ་ནི་སྦེ་མེན། 20 དེ་འབདཝ་ལས་བརྟེན་ཏེ་ ཁྱེད་ཆ་ཁྱབ་ནཱ་ལུ་འབོ་དགོ་མི་འདི་ ཨ་ནི་ལོ་རྒྱུས་དེ་གི་སྐོར་ལས་ཁ་སླབ་ནི་སྦེ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་ཨ་ནི་ལྕགས་ཐག་གིས་བཅིངས་དགོ་མི་དོན་དག་དེ་ ཨཱིས་ར་ཨཱེལ་གྱིས་རེ་བ་བསྐྱེད་མི་ཁིརཱིས་ལུ་ ང་གིས་དད་པ་བསྐྱེདཔ་ལས་བརྟེན་ཏེ་ཨིན་ཟེར་སླབ་ཅི། 21 ཁོང་གིས་ཁོ་ལུ་སླབ་ནུག་ ང་བཅས་ཀྱིས་ ཡུ་དེ་ཡ་གི་མི་ལས་ ཁྱོད་ཀྱི་སྐོར་ལས་ཡི་གུ་གཅིག་ཡང་མ་ཐོབ་ དེ་ལས་སྤུན་ཆ་ཚུ་ག་ཡང་ནཱ་འོངས་ཏེ་ ཁྱོད་ཀྱི་སྐོར་ལས་ལོ་རྒྱུས་དང་ གནས་ཚུལ་ངན་པ་ཚུ་ག་ནི་ཡང་ ང་བཅས་ལུ་སླབ་པ་མ་འོང་། 22 དེ་འབདཝ་ད་ ཁྱོད་ཀྱིས་ག་ཅི་སླབ་ནི་ཡོད་ག་ དེ་ང་བཅས་ཀྱིས་ཉན་ནི་གི་རེ་བ་ཡོད་ ག་ཅི་སྨོ་ཟེར་བ་ཅིན་ ཆོས་ལུགས་དེ་ལུ་ལུང་ཕྱོགས་ག་ར་ལུ་ མ་ཧེནམ་དང་མ་བཏུབ་སླབ་མས་ཟེར་སླབ་ཅི། 23 དེ་ལས་ཁོང་ཆ་ཁྱབ་ཀྱིས་ པའུལ་དང་གཅིག་ཁར་ འཕྱད་ནི་གི་དུས་ཚོད་གཅིག་ཏན་ཏན་བཟོ་ནུག་ དུས་ཚོད་དེ་ལུ་ མི་ཧེ་མ་ལས་ཡང་མངམ་སྦེ་ པའུལ་སྡོད་སར་འོངས་ཡི་ དེ་ལས་ཁོ་གིས་དྲོ་པ་ལས་ཕྱི་རུ་ཚུན་ཚོད་ ཁོང་ལུ་དཀོན་མཆོག་གི་རྒྱལ་སྲིད་དང་གཏམ་བཟང་གི་སྐོར་ལས་ ཆོས་སྟོནམ་མ་ཚད་ མོ་སཱེས་ཀྱི་བཀའ་ཁྲིམས་དང་ ལུང་སྟོན་པ་གིས་བཤད་མི་གསུང་རབ་ནང་ལས་ ཁུངས་བཀལ་ཏེ་ ཡེ་ཤུ་གི་སྐོར་ལས་ཆོས་དེ་ཚུ་ ལེགས་ཤོམ་སྦེ་བདེན་འཛིན་རེ་ཚུགསཔ་སྦེ་སྟོན་ཡི། 24 ཁོ་གིས་བཤད་མི་ཆོས་དེ་ལུ་ ལ་ལུ་ཅིག་གིས་བདེན་འཛིན་རེ་སྟེ་དད་པ་བསྐྱེད་ཅི་ ལ་ལུ་གིས་ཆ་བཞག་མ་བཏུབ། 25 པའུལ་གྱིས་ཁོང་ལུ་ལོ་རྒྱུས་གཅིག་སླབ་ད་ ཁོང་རང་ཆ་ཁྱབ་ཀྱི་ནང་ན་ མ་འཆམ་སོང་སྟེ་ ཁོང་དེ་ཁར་ལས་ཐོན་ཏེ་སོང་ཡི་ པའུལ་གྱི་སླབ་མི་དེ་ཨ་ནི་ཨིན། དམ་པའི་ཐུགས་ཉིད་ཀྱིས་ ལུང་སྟོན་པ་ ཨའི་ཟ་ཡ་ལས་རྒྱུད་དེ་ ཁྱེད་ཀྱི་ཕ་བརྒྱུད་ཚུ་ལུ་ལོ་རྒྱུས་བདེན་པ་དེ་བཤད་ཅི། 26 ངེ་གི་མི་བརྒྱུད་ཚུ་སྡོད་སར་སོང་ཞིནམ་ད་ དེ་སྦེ་སླབ་ ཁོང་གིས་ངེ་གི་ཚིག་རྣ་བ་ཉན་ཏེ་སྡོད་རུང་ ཧ་མི་གོ་ མིག་གིས་བལྟ་སྟེ་སྡོད་རུང་ ང་གིས་ག་ཅི་འབདཝ་ཨིན་ན་ ཁོང་གིས་མི་མཐོང་། 27 ག་ཅི་སྨོ་ཟེར་བ་ཅིན་ ཨ་ནི་མི་བརྒྱུད་ཚུ་ སེམས་སྲ་ཀྲག་ རྣཝ་བྱ་རྡུགས་སྦེ་ མི་གོཝ་ཨིན་མས་ མིག་ཏོ་ཡང་བཙུམ་སྡོད་དེ་ མིག་གིས་ཡང་མི་མཐོང་པས་ དེ་སྦེ་མ་འབད་བ་ཅིན་ ཁོང་གི་མིག་ཏོ་གིས་མཐོང་ཚུགས་ རྣ་བ་གིས་གོ་སྟེ་ཧ་གོ་འོང་ དེ་ལས་ཁོང་སེམས་འགྱུར་ཏེ་ ང་གིས་ཁོང་ལུ་ སྐྱབས་འབད་ཚུགས་ཟེར་གསུངས་དེས་ཟེར་ པའུལ་གྱིས་སླབ་ཅི། 28 མཐའན་མཇུག་ལུ་ པའུལ་གྱིས་ དེ་འབདཝ་ལས་ དཀོན་མཆོག་གིས་ཐར་པ་འདི་ ཕྱིའི་མི་རིགས་ལུ་གནངམ་ཨིན་ ཁོང་གིས་ཉན་འོང་ཟེར་ཁྱེད་ཀྱིས་ཤེས་དགོ་ཟེར་སླབ་ཅི། 30 དེ་ལས་ པའུལ་གྱིས་ཁྱིམ་གྱི་ཁང་གླ་ཁོ་རང་སྤྲོད་དེ་ ལོ་གཉིས་ཚུན་ཚོད་སྡོད་སྦེ་ ཁོ་དང་འཕྱད་པ་འོང་མི་ཚུ་ལུ་ ཁོ་གིས་ཁ་སངས་ཧིང་གསལ་སྦེ་འབོ་ཅི། 31 ཁོ་གིས་དཀོན་མཆོག་གི་རྒྱལ་སྲིད་དང་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་སྐོར་ལས་ བཀག་ཆ་ག་ནི་ཡང་མེད་པར་ སྤོབས་པ་ཆེ་ཏོག་ཏོ་སྦེ་ ཆོས་བཤད་བྱིན་ནུག། །།
1 ཨ་ནི་ཡི་གུ་འདི་ ང་ཡེ་ཤུ་ཁིརཱིས་ཀྱི་ཕྱག་ཞུ་མི་ པའུལ་གྱིས་གཏངམ་ཨིན་ དཀོན་མཆོག་གིས་ང་ལུ་ མི་ག་ར་ལུ་གཏམ་བཟང་བཤད་ནིའི་དོན་ལུ་ བཙག་འཐུ་མཛད་གནང་སྟེ་ སྐུ་ཚབ་ཀྱི་འགན་ཁུར་གནང་ཡི། 2 ཨ་ནི་གཏམ་བཟང་དེ་གི་སྐོར་ལས་ དཀོན་མཆོག་གིས་ཧེ་མ་ལས་རང་ཁས་བླངས་བཞེས་ཏེ་ ཁོ་རའི་ལུང་སྟོན་པ་ཚུ་ལས་རྒྱུད་དེ་ དམ་པའི་གསུང་རབ་ནང་ལུ་བྲིས་བཞག་ནུག 3 ཨ་ནི་གཏམ་བཟང་དེ་ དཀོན་མཆོག་གི་སྲས་ཀྱི་སྐོར་ལས་ཨིན་ ཁོ་ཕྱི་ཁར་ མི་གི་རང་བཞིན་ལུ་བལྟ་བ་ཅིན་ ད་བིད་ཀྱི་རྒྱལ་རིགས་ལས་སྦེ་འཁྲུངས་ནུག 4 དེ་ལས་ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་དམ་པའི་རང་བཞིན་ལུ་བལྟ་བ་ཅིན་ ཁོ་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་པའི་ཐོག་ལས་ ཁོ་དཀོན་མཆོག་གི་སྲས་ཨིན་ཟེར་སྟོན་གནང་ནུག 5 དེ་གིས་འབད་ ཁིརཱིས་སྙན་གྲགས་ཅན་སྦེ་འགྱུར་ནི་གི་དོན་ལུ་ མི་རིགས་ག་ར་གིས་ གཏམ་བཟང་འདི་ལུ་དད་པ་བསྐྱེད་དེ་ ཁོ་གི་བཀའ་ལུ་ཉན་བཅུག་ནིའི་དོན་ལུ་ དཀོན་མཆོག་གིས་ང་ལུ་ཐུགས་རྗེ་གཟིགས་ཏེ་ སྐུ་ཚབ་ཀྱི་འགན་ཁུར་གནང་ཡི། 6 ཁྱེད་ཆ་ཁྱབ་ཡང་ ཁོང་ག་ར་གི་གྲལ་ལས་ ཡེ་ཤུ་ཁིརཱིས་ཀྱི་བཀའ་ལུ་ཉན་ནི་གི་དོན་ལུ་ ཁོ་གི་མེ་སྦེ་འབོ་འབོཔ་ཨིན། 7 དཀོན་མཆོག་གིས་བྱམས་པ་མཛད་མི་ ཁོ་རའི་དམ་པའི་མི་སྦེ་འབོ་མི་ རྒྱལ་ས་ རོམ་ནང་ཡོད་མི་ ཁྱེད་ག་ར་ལུ་ཨ་ནི་ཡི་གུ་འདི་འབྲི་དོ་ ང་བཅས་ཀྱི་ཡབ་དཀོན་མཆོག་དང་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱིས་ཞི་བདེ་དང་ཐུགས་རྗེ་ ཁྱེད་ག་ར་ལུ་གནང་བཅུག། 8 འགོ་དང་པ་རང་ ཡེ་ཤུ་ཁིརཱིས་ལས་རྒྱུད་དེ་ ངེ་གི་དཀོན་མཆོག་ལུ་ ཁྱེད་ག་ར་གི་དོན་ལུ་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་ཁིརཱིས་ལུ་དད་པ་བསྐྱེད་ཅི་ཟེར་ འཛམ་བུ་གླིང་གི་ས་ཆ་ག་ར་ནང་ཁྱབ་སྟེ་ཡོད། 9 དཀོན་མཆོག་གི་སྲས་ཀྱི་སྐོར་ལས་ གཏམ་བཟང་དེ་གཞན་ལུ་བཤད་པའི་རྒྱུད་ལས་སྦེ་ ངེ་གི་སེམས་ཀྱི་གདིང་ལས་ར་ཕྱག་ཞུ་མི་དཀོན་མཆོག་ལུ་ འཛོམ་དཔང་སྦེ་བཙུགས་ཏེ་ ང་གིས་རྟག་བུ་ར་ཁྱེད་ཀྱི་དོན་ལུ་སྨོན་ལམ་ཞུཝ་ཨིན། 10 ང་གིས་དུས་རྟག་བུ་གི་སྨོན་ལམ་ནང་ དཀོན་མཆོག་གི་ཐུགས་དགོངས་ལས་སྦེ་ ཉིནམ་གཅིག་གི་ཚེ་ང་ཁྱེད་སྡོད་ས་ ག་དེ་འབད་རུང་འོང་ནིའི་གོ་སྐབས་ ཐོབ་བཅུག་ཟེར་ཞུཝ་ཨིན། 11 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་དད་པ་ནང་སྒྲིང་སྒྲིང་བཟོ་ནི་གི་དོན་ལུ་ ཐུགས་ཉིད་ཀྱི་གསོལ་རས་ལ་ལུ་ཅིག་ ཁྱེད་དང་བགོ་བཤའ་བརྐྱབ་ནི་སྦེ་ ཁྱེད་སྡོད་ས་འོང་ནི་གི་རེ་བ་སྦོམ་ང་ལུ་ཡོད། 12 འདི་ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ ང་ཁྱེད་སྡོད་ས་འོངམ་ད་ ང་བཅས་གཅིག་གིས་གཅིག་ལུ་ སེམས་ཤུགས་བྱིན་ཏེ་དད་པ་སྒྲིང་སྒྲིང་བཟོ་ནིའི་རེ་བ་ཡོད། 13 སྤུན་ཆ་ཚུ་ ང་གིས་ཁྱེད་ལུ་ཤེས་བཅུག་དགོ་པའི་བློ་གཅིག་ཡོད་ དེ་ག་ཅི་སྨོ་ཟེར་བ་ཅིན་ ང་ཁྱེད་སྡོད་ས་ལུ་འོང་ནིའི་དོན་ལུ་ ཚར་ལེ་ཤ་རང་གནས་སྐབས་བསྒྱིར་ཡི་ དེ་འབདཝ་ད་ ཚར་གཅིག་ཡང་ ཚགས་ཁར་ཚུད་མ་ཚུགས་ ང་ཁྱེད་སྡོད་ས་ལུ་འོང་དགོ་མནོ་མི་དོན་དག་དེ་ ང་གིས་ཧེ་མ་ ཕྱིའི་མི་རིགས་ཚུ་ལུ་ དཀོན་མཆོག་ལུ་དད་པ་བསྐྱེད་བཅུག་དོཝ་བཟུམ་སྦེ་ ཁྱེད་ རོམ་ལུ་སྡོད་མི་ཆ་ཁྱབ་ཀྱི་གྲལ་ལས་ཡང་ དད་པ་བསྐྱེད་བཅུག་ནི་དོན་ལུ་ཨིན། 14 རིགས་བཟངམ་དང་ རིགས་ཞནམ་འབད་རུང་འདྲ་ ཡོན་ཏན་ཡོད་མི་དང་ མེད་མི་ཚུ་འབད་རུང་འདྲ་ ཁོང་ག་ར་ལུ་ཆོས་བཤད་ནི་གི་འགན་ཁག་དེ་ང་གིས་འབག་དགོ། 15 འདི་གི་དོན་ལས་སྦེ་ཁྱེད་ རོམ་ནང་སྡོད་མི་ཚུ་ལུ་ཡང་ ང་གིས་ག་དེ་དྲག་དྲག་གཏམ་བཟང་བཤད་པ་འོང་དགོ་མནོ་ཡི།། 16 ག་ཅི་སྨོ་ཟེར་བ་ཅིན་ དད་པ་བསྐྱེད་མིའི་ མི་ཆ་མཉམ་ འགོ་དང་པ་ ཡ་ཧུ་ད་པ་ཚུ་གི་དོན་ལུ་དང་ ཕྱིའི་མི་རིགས་ཚུ་ལུ་ དཀོན་མཆོག་གིས་སྐྱབས་མཛད་ནི་གི་དབང་ཆེ་ཤོས་འདི་ ཨ་ནི་གཏམ་བཟང་འདི་ཨིན་ འདི་ལུ་ང་གིས་ངོ་མ་ཚ་བར་བཤདཔ་ཨིན། 17 ཨ་ནི་གཏམ་བཟང་གི་རྒྱུད་ལས་ དཀོན་མཆོག་གིས་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་ནི་ལམ་སྟོན་གནངམ་ཨིན་ ཨ་ནི་ལམ་འདི་ འགོ་དང་པ་ལས་མཐའན་མཇུག་ཚུན་ཚོད་རང་ དད་པ་ལས་བརྟེན་ཏེ་ཨིན་ དམ་པའི་གསུང་རབ་ནང་། ཆོས་སེམས་ཡོད་མི་དེ་ དད་པ་ལས་བརྟེན་ཏེ་ སྡོདཔ་ཨིན་ཟེར་བྲིས་ཏེ་འདུག། 18 དེ་འབདཝ་ད་ དཀོན་མཆོག་གི་སྐོར་ལས་ མི་སྡིག་ཅན་ཚུ་གིས་ཤེས་དགོ་མི་འདི་ཚུ་ དཀོན་མཆོག་གིས་ཁོང་ལུ་སྟོན་གནང་སྟེ་ མི་སྡིག་ཅན་ཚུ་གིས་ལེགས་ཤོམ་སྦེ་ཤེས་རུང་ སྡིག་པ་དང་སྤྱོད་པ་ངན་པ་གི་རྒྱུད་ལས་སྦེ་ བདེན་པ་ལུ་མནན་བཞག་ནུག་ དེ་འབདཝ་ལས་ ཞིང་ཁམས་ལས་ དཀོན་མཆོག་གིས་ཁོང་ལུ་ དགོངསམ་ཁྲེལ་ཏེ་ཆདཔ་གནངམ་ཨིན། 20 དཀོན་མཆོག་ཁོ་རང་གིས་ འཇིག་རྟེན་མཛད་ཚར་བའི་ཤུལ་ལས་ ཁོ་གི་མཐའ་མེད་པའི་མཐུ་སྟོབས་དང་ ཁོ་ག་ར་ལས་མཐོ་ཤོས་ཅིག་ཨིན་ཟེར་ མངོན་གསུམ་དུ་མཐོང་ནུག་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་མཛད་མི་ལུ་བལྟཝ་ད་ ཁོ་གི་རང་བཞིན་གྱི་སྐོར་ལས་ ཧིང་སངས་ས་སྦེ་ཧ་གོ་ཚུགས་ འདི་ལས་སྦེ་ དཀོན་མཆོག་དང་གཞན་འབྲེལ་མེད་ཟེར་ཧད་འཕུལ་ཏེ་སླབ་མི་ཚུགས། 21 ཁོང་གིས་དཀོན་མཆོག་ལུ་ངོ་ཤེས་རུང་ ཁོ་ལུ་དཀོན་མཆོག་སྦེ་མ་བརྩིས་པར་ བཀའ་དྲིན་ཆེ་ཟེར་ཡང་མ་ཞུ་ དེ་ལས་ཁོང་གི་མནོ་བསམ་འདི་ཕར་ཕར་རང་ ཁུངས་མེད་པའི་རྩ་རྒས་ཀྱི་མནོ་བསམ་གཏང་སྟེ་ ཁོང་གི་སེམས་གནག་དུང་དུ་འགྱུར་ཏེ་ལུས་ནུག 22 ཁོང་རང་གིས་འབད་བ་ཅིན་ མཁས་པ་འཐོན་ནི་གི་རྩིས་ཨིན་མས་ དེ་འབདཝ་ད་ ག་ནི་ཡང་མ་ཤེས་པར་ ཕར་ཕར་རང་རྩ་རྒས་ལུ་འགྱུར་ནུག 23 གཟི་བརྗིད་དང་ལྡན་པའི་ འཁྲུང་ནི་དང་གཤགས་ནི་མེད་པའི་དཀོན་མཆོག་ལུ་དད་པ་མ་བསྐྱེད་པར་ ཁོང་གིས་ འཆི་བ་མྱོང་པའི་ མི་གི་སྐུ་འདྲ་ ཡང་ན་བྱ་བྱིའུ་ དུད་འགྲོ་སེམས་ཅན་ སྦུལ་ལ་སོགས་པའི་སྐུ་འདྲ་ ལྷམ་པ་མ་གཅིགཔ་ལེ་ཤ་བཟོ་སྟེ་ འདི་ཚུ་ལུ་དད་པ་སྐྱེདཔ་ཨིན་མས། 24 དེ་གི་དོན་ལས་ ཁོང་ཕོ་རྒྱ་དང་ཨམ་སྲུ་ རང་གི་གཟུགས་བློ་བཙོང་ནིའི་མར་རབས་ཀྱི་སྤྱོད་པ་ ག་འབད་དགོ་མནོ་མིའི་འདོད་ཆགས་ཚུ་ དཀོན་མཆོག་གིས་འབད་བཅུག་ནུག 25 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་བདེན་པ་ལུ་ ཁོང་གིས་རྫུས་མ་དང་སོརཝ་མ་ཚད་ གནམ་དང་ས་མཛད་མི་དཀོན་མཆོག་ལུ་སྤངས་ཏེ་ ཁོ་གིས་མཛད་མི་ཚུ་ལུ་དད་པ་བསྐྱེདཔ་ཨིན་མས་ དེ་འབདཝ་ད་ དཀོན་མཆོག་དེ་དུས་རྟག་བུ་ར་བསྟོདཔ་ཕུལ་དགོ་མི་གཅིག་ཨིན་ ཨ་མཱེན། 26 དེ་གིས་འབད་ དཀོན་མཆོག་གིས་ཁོང་ལུ་ བློ་བཙོང་ནིའི་ལཱ་རང་འབད་བཅུག་ནུག་ ཨམ་སྲུ་ཚུ་གིས་ཡང་ཕོ་རྒྱ་དང་འབྲེལ་བ་འཐབ་ནི་བཞག་སྟེ་ ཁོང་རའི་ནང་འཁོད་ནང་ལུས་འབྲེལ་འབད་ནུག 27 འདི་བཟུམ་སྦེ་ མི་ཕོ་རྒྱ་ཚུ་གིས་ཡང་ ཨམ་སྲུ་ཚུ་དང་གཅིག་ཁར་ལུས་འབྲེལ་འབད་ནི་བཞག་སྟེ་ ཁོང་རང་གཅིག་གིས་གཅིག་ལུ་འདོད་ཆགས་བསྐྱེད་དེ་ ངོ་ཚ་སི་སིའི་ལཱ་ངན་པ་དེ་ཚུ་འབད་ནུག་ དེ་ལས་རང་གིས་འབད་མི་འཛོལ་བ་ལས་བརྟེན་ཏེ་ ཁོང་ལུ་ཆདཔ་ཕོག་སྟེ་སྡུག་བསྔལ་མྱོང་ནུག 28 དཀོན་མཆོག་ལུ་ངོ་ཤེས་དགོ་མནོ་བའི་སེམས་ ཁོང་ལུ་མེདཔ་ལས་བརྟེན་ཏེ་ ཁོང་གིས་འབད་མ་བཏུབ་པའི་ལཱ་ཚུ་འབད་མི་སྦེ་ དཀོན་མཆོག་གིས་ཁོང་གི་མནོ་བསམ་དེ་ཚུ་ གོ་མ་ཆོདཔ་མཛད་དེ་བཞག་ནུག 29 ཁོང་གི་སེམས་ཁར་ལུ་སྡིག་པའི་རིགས་ མ་འདྲཝ་ལེ་ཤ་དང་ ངན་སེམས་དང་ འདོད་པ་ཆེ་དྲགས་དང་ གནོད་སེམས་བསྐྱེད་ནི་དང་ ཕྲག་དོག་བསྐྱེད་ནི་དང་ མི་གསད་ནི་དང་ འཐབ་རྒྱགས་འབད་ནི་དང་ མགུ་བསྐོར་བརྐྱབ་ནི་དང་ ཞན་སེམས་བསྐྱེད་ནི་དང་ དཀྲོགས་ཁ་རྐྱབས་ནི་དང་། 30 འཕྱ་ཁ་གཏང་ནི་དང་ དཀོན་མཆོག་ལུ་ངོ་རྒོལ་འབད་ནི་དང་ ཞེ་ས་འབད་མ་བཏུབ་ནི་དང་ ཁམས་བཙོང་ནི་དང་ རང་བསྟོད་བརྐྱབ་ནི་དང་ ལཱ་ངན་པའི་ཐབས་ཤེས་འགྲིགས་ནི་དང་ ཕམ་གྱི་ཁ་ལུ་མ་ཉན་ནི་དང་། 31 ཤེས་མཐོང་རུང་མ་ཤེསཔ་བཟོ་ནི་དང་ རང་གི་ཁ་ཚིག་འཇལ་ཚར་མི་ལུ་མ་འབད་ནི་ དེ་ལས་བྱམས་སེམས་མེད་མི་ སྙིང་རྗེ་མེད་མི་ འདི་བཟུམ་གྱི་ལཱ་ལེ་ཤ་གིས་གང་སྟེ་སྡོད་ནུག 32 དཀོན་མཆོག་གི་བཀའ་ནང་ ཨ་ནི་བཟུམ་གྱི་མི་ཚུ་ཤི་བ་ཅིན་ཀྲིག་ཀྲི་རང་ཨིན་ཟེར་མི་འདི་ ཁོང་གིས་ཤེས་མཐོང་སྟེ་འབད་རུང་ ཨ་ནི་བཟུམ་གྱི་ལཱ་འབདཝ་ཨིནམ་མ་ཚད་ ད་རུང་འདི་བཟུམ་གྱི་ལཱ་འབད་མི་ གཞན་ཚུ་གི་ཁ་ཐུག་བཅརཝ་ཨིན།།
1 ཨ་ཁའི་ ཁྱོད་ཀྱིས་རོགས་ལུ་སྐྱོན་བཏག་ནི་ཀྲིག་ཀྲི་ཨིན་ཟེར་བ་ཅིན་ ཁྱོད་ཀྱིས་རོགས་ལུ་སྐྱོན་བཏགཔ་ད་ རོགས་ལུ་རྐྱངམ་གཅིག་མེན་པར་ རང་ལུ་ཡང་བཏགཔ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ག་འབད་མི་དེ་ ཁྱོད་ཀྱིས་ཡང་འབདཝ་ཨིན་མས་ ཁྱོད་ཀྱིས་འབད་མི་ལཱ་ཉེས་པ་འདི་ཚུ་ལས་ ཁྱོད་སྤར་མི་ཐར། 2 ཨ་ནི་བཟུམ་གྱི་ལཱ་འབད་མི་ལུ་ཆདཔ་གནངམ་ད་ དཀོན་མཆོག་གིས་ཁྲིམས་འདི་ ཕྲང་ཕྱེཝ་ཨིན་ཟེར་ང་བཅས་ཀྱིས་ཤེས། 3 ཨ་ཁའི་ ཁྱོད་ཀྱིས་ཨ་ནི་བཟུམ་ལཱ་འབད་མི་ཚུ་ལུ་སྐྱོན་བཏགས་ཏེ་ རང་ཡང་འདི་བཟུམ་གྱི་ལཱ་འབད་བ་ཅིན་ ཁྱོད་དཀོན་མཆོག་གི་ཁྲིམས་ལས་སྤར་ཐར་ཟེར་ མནོ་བསམ་གཏངམ་ཨིན་ན། 4 དཀོན་མཆོག་གི་སྐྱིད་སྡུག་དང་ བཟོད་པ་མ་ལང་ལངམ་སྦེ་མཛད་དེ་ཡོད་རུང་ ཁྱོད་ཀྱིས་ཁུངས་མེདཔ་སྦེ་རྩིཝ་ཨིན་ན་ དཀོན་མཆོག་གིས་ཁྱོད་ལུ་སྐྱིད་སྡུག་གཟིགསཔ་ད་ སྡིག་པ་ལས་སེམས་འགྱུར་ནི་དོན་ལུ་ཨིན་ཟེར་མ་ཤེས་ག། 5 དེ་འབདཝ་ད་ ཁྱོད་ཀྱི་སེམས་སྲ་ཀྲག་དང་ སྡིག་པ་ལས་སེམས་མ་འགྱུར་ནི་འདི་གིས་ ཁྱོད་རང་གི་དོན་ལུ་ ཆདཔ་ཕོག་ནི་གི་རྒྱུ་བསག་བཞགཔ་ཨིན་མས་ དེ་འབདཝ་ལས་ ཉིནམ་གཅིག་གི་ཚེ་ ཁྲིམས་ཕྲང་ཕྱེ་མི་དཀོན་མཆོག་གིས་ཆདཔ་གནང་འོང་། 6 དཀོན་མཆོག་གིས་མི་ག་ར་ལུ་ ཁོང་གིས་ག་འབད་མི་དང་བསྟུན་ཏེ་ཁྲིམས་ཕྱེ་འོང་། 7 བཟོད་པ་བསྒོམ་ ལཱ་ལེགས་ཤོམ་འབད་དེ་ དཀོན་མཆོག་གིས་གནང་མི་བསྟོད་པ་དང་ གཟི་བརྗིད་དང་ འཆི་བ་མེདཔ་འཚོལ་མི་འདི་ཚུ་ལུ་ ཁོ་གིས་ཚེ་མཐའ་མེདཔ་གནང་འོང་། 8 དེ་འབདཝ་ད་ མི་རང་གི་དོན་ལུ་འདོདཔ་བཙོང་མི་དང་ བདེན་པ་གི་ཁ་ལུ་མ་ཉན་པར་ ལཱ་ངན་པ་འབད་སྡོད་མི་ཚུ་ལུ་ དཀོན་མཆོག་གིས་ཁོ་རང་གི་ཆདཔ་ ཡང་ཆ་མེད་པར་བཀལ་གནང་འོང་། 9 ལཱ་ངན་པ་འབད་སྡོད་མིའི་མི་ག་ར་ལུ་ དཀའ་ངལ་སྡུག་བསྔལ་མྱོང་ནི་ཨིན་ དང་པ་རང་ ཡ་ཧུ་ད་པ་ཚུ་དང་ གཉིས་པ་ལུ་ ཕྱིའི་མི་རིགས་ཚུ་ལུ་ཕོག་འོང་། 10 དེ་འབདཝ་ད་ ལཱ་ལེགས་ཤོམ་འབད་སྡོད་མི་ཚུ་ལུ་ བསྟོད་པ་དང་ གཟི་བརྗིད་དང་ ཞི་བདེ་གནང་འོང་ དང་པ་རང་ ཡ་ཧུ་ད་པ་ཚུ་ལུ་དང་ གཉིས་པ་ལུ་ ཕྱིའི་མི་རིགས་ཚུ་ལུ་གནང་འོང་། 11 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་མི་ག་ལུ་ཡང་ཉེ་རིང་མི་ཕྱེ། 12 དེ་གིས་འབད་ དཀོན་མཆོག་གི་བཀའ་ཁྲིམས་མ་ཤེས་པར་ ཉེས་པ་འབད་མི་ཚུ་ལུ་ བཀའ་ཁྲིམས་ཡོད་རུང་ དེ་དང་འཁྲིལ་ཏེ་ཉེས་ཁྲིམས་མི་བཀལ་ དཀོན་མཆོག་གི་བཀའ་ཁྲིམས་ཤེས་ཏེ་ ཉེས་པ་འབད་མི་ཚུ་ལུ་ བཀའ་ཁྲིམས་དང་འཁྲིལ་ཏེ་ ཁྲིམས་བཀལ་འོང་། 13 བཀའ་ཁྲིམས་ཤེསཔ་རྐྱངམ་གཅིག་གིས་ དཀོན་མཆོག་གི་གཟིགས་སར་ ཆོས་སེམས་ཅན་འགྱུར་མི་ཚུགས་ དེ་འབདཝ་ད་ བཀའ་ཁྲིམས་དང་བསྟུན་ཏེ་འབད་མི་འདི་ལུ་ དཀོན་མཆོག་ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་བརྩི་གནང་འོང་། 14 དཀོན་མཆོག་གིས་ མོ་སཱེས་ལུ་གནང་མི་བཀའ་ཁྲིམས་འདི་ ཕྱིའི་མི་རིགས་ཚུ་གིས་མ་ཐོབ་སྟེ་འབད་རུང་ ཁོང་གི་འབད་བཞག་བཅའ་བཞག་གི་ཐོག་ལས་ ཁྲིམས་ལྟར་དུ་སྒྲིགས་ལམ་སྒྲིགས་ནི་འདི་གིས་ ཁོང་ལུ་ཡང་ཁྲིམས་ཡོད་དོཝ་བཟུམ་སྦེ་ཨིན་མས། 15 དཀོན་མཆོག་གི་བཀའ་ཁྲིམས་འདི་ ཁོང་གི་སེམས་ནང་ཡོད་ཟེར་བྲིས་ཏེ་སྟོནམ་ཨིནམ་མ་ཚད་ རང་གིས་རང་ལུ་ང་གིས་ཀྲིག་ཀྲི་འབད་ཡི་ཟེར་མནོ་ནི་དང་ ང་གིས་ཟོགཔོ་འབད་ཡི་ཟེར་མནོ་ནི་ ཁོང་གི་སེམས་ཀྱི་ནང་འཁོད་ནང་ལས་རང་ བཟང་ངན་དབྱེ་བ་ཕྱེ་ཚུགསཔ་ཨིན་མས། 16 དེ་འབདཝ་ལས་ ང་གིས་ཧེ་མ་ལས་བཤད་མི་གཏམ་བཟང་དང་བསྟུན་ཏེ་ ཉིནམ་གཅིག་གི་ཚེ་ དཀོན་མཆོག་གིས་ཡེ་ཤུ་ཁིརཱིས་ལས་རྒྱུད་དེ་ མི་ཚུ་གི་སེམས་ཀྱི་ནང་ན་སྦ་བཞག་མི་བློ་ཚུ་ལུ་བརྟེན་ཏེ་ ཁྲིམས་བཀལ་གནང་འོང་།། 17 དེ་འབདཝ་ད་ ཁྱོད་ཀྱིས་རང་ལུ་ ཡ་ཧུ་ད་པ་ཨིན་ཟེར་སླབ་མས་ དཀོན་མཆོག་གི་བཀའ་ཁྲིམས་ལུ་བརྟེན་ཏེ་ དཀོན་མཆོག་དང་ཁྱོད་ཀྱི་སྦུག་ལུ་མཐུན་ལམ་ཡོད་ཟེར་ རང་བསྟོད་རྐྱབ་ཨིན་མས། 18 ཁྱོད་ཀྱིས་འབད་བ་ཅིན་ གསུང་རབ་ཀྱི་སྟོནམ་བཞིན་དུ་ དཀོན་མཆོག་གིས་ག་ཅི་ཐུགས་དགྱེསཔ་ཨིན་ན་ བཟང་ངན་འདི་ག་དེ་སྦེ་དབྱེ་བ་ཕྱེ་ཚུགས་ག་ འདི་ཁྱོད་ཀྱིས་ཤེས་ཟེར་སླབ་ཨིན་མས། 19 ཁྱོད་ཀྱིས་འབད་བ་ཅིན་ ཁྱོད་ཀྱིས་དཀོན་མཆོག་གི་བཀའ་ཁྲིམས་ཐོབ་ནི་འདི་གིས་ ཡོན་ཏན་དང་བདེན་པ་ག་ར་ཁྱོད་ནང་ཡོད་ འདི་འབདཝ་ལས་ ཞརཝ་གི་དོན་ལུ་ལམ་སྟོན་ཚུགས་ནི་དང་ དཀོན་མཆོག་གི་ལམ་འབྱང་སྟེ་ གནག་དུང་དུ་ནང་ལུས་མི་ཚུ་ལུ་འོད་ཤར་བཅུག་ནི་དང་ ཡོན་ཏན་མ་ཤེས་མི་གི་དོན་ལུ་ཆོས་སྟོན་ཚུགས་ནི་ དེ་ལས་མི་དད་པ་ནང་ཨ་ལོ་བཟུམ་ཚུ་ལུ་ དཀོན་མཆོག་གི་ལམ་སྟོན་ཚུགསཔ་ཨིན་ཟེར་སླབ་ཨིན་མས། 21 དེ་སྦེ་རོགས་ལུ་ལེགས་ཤོམ་སྦེ་སྟོན་ཚུགསཔ་ཨིན་པ་ཅིན་ ཁྱོད་རང་གི་དོན་ལུ་ག་ཅི་འབད་སྟོན་མ་ཚུགསཔ་སྨོ་ ཁྱོད་རོགས་ལུ་ཨརཝ་མ་རྐུ་ཟེར་སླབ་ཨིན་མས་ ཁྱོད་རང་ག་ཅི་འབད་ཨརཝ་རྐུཝ་སྨོ། 22 ཁྱོད་ཀྱིས་གཉེན་ལས་འགལ་བའི་ལུས་འབྲེལ་འབད་ནི་མེད་ཟེར་སླབ་མས་ དེ་འབདཝ་ད་ ཁྱོད་རང་གིས་མ་འབད་ག་ ཁྱོད་ཀྱིས་སྐུ་འདྲ་ལུ་མི་དགའ་ཟེར་སླབ་ཨིན་མས་ དེ་འབདཝ་ད་ ལྷ་ཁང་ནང་ལས་ཨརཝ་མ་རྐུ་ག། 23 བཀའ་ཁྲིམས་ཤེས་ཟེར་རང་བསྟོད་རྐྱབ་ཨིན་མས་ དེ་འབདཝ་ད་ བཀའ་ཁྲིམས་ལས་འགལཝ་ད་ དཀོན་མཆོག་ལུ་དམའ་ཕབ་མི་བརྐྱབ་ག། 24 དེ་འབདཝ་ལས་ ཁྱེད་ལས་བརྟེན་ཏེ་ ཕྱིའི་མི་རིགས་ཚུ་གིས་ དཀོན་མཆོག་ལུ་དབུ་ཕང་སྨདཔ་མས་ཟེར་ གསུང་རབ་ནང་བྲིས་མི་འདི་ ཀྲིག་ཀྲི་ཨིན་མས། 25 དཀོན་མཆོག་གི་བཀའ་ཁྲིམས་ཉན་ཏེ་སྡོད་པ་ཅིན་ ཡ་ཧུ་ད་པ་གི་ལུགས་སྲོལ་བཞིན་དུ་ཕོ་རྒྱ་ལུ་ རྟགས་བཀལ་ནི་དེ་ཕན་པ་ཅིག་ཡོད་ དེ་འབདཝ་ད་ ཁྱོད་ཀྱིས་བཀའ་ཁྲིམས་ལས་འགལ་ཏེ་སྡོད་པ་ཅིན་ ཡ་ཧུ་ད་པའི་རྟགས་མེད་མི་ ཕྱིའི་མི་རིགས་ཚུ་དང་ཁྱད་པར་མེད། 26 འདི་བཟུམ་སྦེ་ ཡ་ཧུ་ད་པའི་རྟགས་མ་བཀལ་མི་ཚུ་གིས་ བཀའ་ཁྲིམས་ལུ་ཉན་སྡོད་པ་ཅིན་ དཀོན་མཆོག་གིས་ཁོང་ལུ་རྟགས་བཀལ་མི་བཟུམ་སྦེ་ མ་བརྩིས་བར་བཞག་འོང་ག། 27 ཁོང་ཕྱིའི་མི་རིགས་ལུ་ ཡ་ཧུ་ད་པའི་རྟགས་མ་བཀལ་ཏེ་འབད་རུང་ དཀོན་མཆོག་གི་བཀའ་ཁྲིམས་ལུ་ཉནམ་ཨིན་མས་ དེ་འབདཝ་ད་ཁྱོད་ཀྱིས་ ཡ་ཧུ་ད་པའི་རྟགས་བཀལ་ཏེ་ དཀོན་མཆོག་གི་བཀའ་ཁྲིམས་ཤེས་ཏེ་འབད་རུང་ མ་པ་ལས་རང་བཀའ་ལུ་མི་ཉན་པས་ དེ་འབདཝ་ལས་ ཁོང་རྟགས་མ་བཀལ་མི་ ཕྱིའི་མི་རིགས་ཚུ་གིས་ ཁྱོད་རྟགས་བཀལ་མི་ལུ་སྐྱོན་མི་བཏག་ག། 28 ཁྱོད་ཕྱི་ཁར་ལས་རྐྱངམ་གཅིག་ ཡ་ཧུ་ད་པའི་ལུགས་སྲོལ་སྒྲིགས་ཏེ་ དཀོན་མཆོག་གི་གཟིགས་སར་ ཡ་ཧུ་ད་པ་ངོ་མ་མེན་ ད་རུང་ཕྱི་ལུས་ལུ་རྐྱངམ་གཅིག་རྟགས་བཀལ་ནི་འདི་ དཀོན་མཆོག་གི་གཟིགས་སར་ རྟགས་ངོ་མ་སྦེ་བརྩི་མི་གནང་། 29 ཡ་ཧུ་ད་པ་ངོ་མ་འབད་ནི་འདི་ ཕྱི་ལུས་ལུ་མེན་པར་ སེམས་འགྱུར་ཏེ་ དཀོན་མཆོག་གིས་ཐུགས་དགྱེས་མི་གཅིག་ཨིན་ ད་རུང་ཕོ་རྒྱ་ལུ་རྟགས་བཀལ་ནི་ངོ་མ་འདི་ ཕྱི་ལུས་ལུ་མེན་པར་ བཀའ་གི་ཚིག་འབྲུ་རེ་རེ་བཞིན་དུ་ ཕྱི་ཁ་ལུ་སྲུང་ནི་ཡང་མེན་པར་ དེ་འབདཝ་ད་ ཐུགས་ཉིད་ལས་སེམས་འགྱུར་མི་གཅིག་ཨིན་ ཨ་ནི་བཟུམ་སེམས་འགྱུར་མི་གཅིག་ཡོད་པ་ཅིན་ ཁོ་གིས་མི་གི་བསྟོད་པ་ལུ་མ་བལྟ་བར་ དཀོན་མཆོག་གི་བསྟོད་པ་ལུ་མཇལཝ་ཨིན།།
1 དེ་འབདཝ་ལས་ ཡ་ཧུ་ད་པ་ལུ་ཁེ་ཕན་ག་ཅི་ཡོདཔ་སྨོ་ ཡ་ཧུ་ད་པའི་ལུགས་སྲོལ་སྒྲིགས་ཏེ་ ཕོ་རྒྱ་ཚུ་གི་གཟུགས་གུ་རྟགས་བཀལ་དགོ་པའི་ཕན་པ་ག་ཅི་སྨོ། 2 ཡ་ཧུ་ད་པ་ཟེར་སླབ་དགོ་མི་ཁེ་ཕན་ལེ་ཤ་ཡོད་ ག་ཅི་སྨོ་ཟེར་བ་ཅིན་ འགོ་དང་པ་རང་ དཀོན་མཆོག་གིས་ཁོ་རང་གི་གསུང་དེ་ཚུ་ ཡ་ཧུ་ད་པ་ཚུ་ལུ་ཐུགས་གཏད་དེ་བཅོལ་གནང་ནུག 3 ག་དེམ་ཅིག་སྦེ་ ཁོང་ལ་ལུ་ཅིག་གིས་ ཨ་ནི་གསུང་དེ་ཚུ་ལུ་ མ་ཉན་པར་སྡོད་པ་ཅིན་ ཁོང་མ་ཉན་པར་སྡོད་པའི་རྒྱུད་ལས་ དཀོན་མཆོག་གི་ཞལ་འཆེས་འདི་ ཉམས་གཏང་ཚུགས་ཟེརཝ་ཨིན་ན། 4 འདི་ཐད་རི་བ་རི་མེན་ མི་འདི་ཚུ་ག་ར་ཤོབ་ཟེ་སྦེ་འཐོན་ཏེ་འབད་རུང་ དཀོན་མཆོག་འདི་བདེན་པ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་གསུང་རབ་ནང་ལུ། ནཱ་གི་བཀའ་འདི་ བདེན་པ་སྦེ་བཞུགས་ནི་ཨིན་ མི་ཚུ་གིས་ནཱ་ལུ་བརྟག་དཔྱད་འབད་དེ་མཇལཝ་ད་ ནཱ་སྐྱོན་མེད་མི་གཅིག་སྦེ་ རྒྱལ་ཁ་བཞེས་ནི་ཨིན་ཟེར་ བྲིས་ཏེ་འདུག 5 དེ་འབདཝ་ད་ ག་དེམ་ཅིག་སྦེ་ ང་བཅས་ཀྱིས་ཉེས་པ་འབདཝ་ད་ དཀོན་མཆོག་གིས་མཛད་མི་འདི་ དྲང་བདེན་སྦེ་མཐོང་པ་ཅིན་ འདི་ལུ་ང་བཅས་ཀྱིས་ག་ཅི་སླབ་ནི་ དཀོན་མཆོག་གིས་དགོངསམ་ཁྲེལ་ཏེ་ ང་བཅས་ལུ་ཆདཔ་གནངམ་ད་ ཁོ་གིས་ཁྲིམས་མི་ཕྲང་མས་ཟེར་སླབ་ནི་ཨིན་ན་ མ་གཞི་ མི་གི་མནོ་བསམ་གཏང་ཐངས་འདི་ དེ་སྦེ་རང་ཨིན། 6 འདི་ཐད་རི་བ་རི་མེན་ དཀོན་མཆོག་གིས་ཉེས་ཁྲིམས་འདི་ཕྱེ་མ་ཚུགས་པ་ཅིན་ ག་དེ་སྦེ་འཛམ་བུ་གླིང་གི་ཁྲིམས་ཕྱེ་ནི་སྨོ། 7 ད་རུང་མི་གཅིག་གིས་ ང་གིས་ཤོབ་རྐྱབ་པའི་རྒྱུད་ལས་སྦེ་ དཀོན་མཆོག་གི་བདེན་པ་འདི་ གསལ་ཏོག་ཏོ་སྦེ་མཐོང་ནི་དང་ ཁོ་གི་གཟི་བརྗིད་ཡར་ཡར་འགྱོ་ནི་ཨིན་པ་ཅིན་ དཀོན་མཆོག་གིས་ག་ཅི་འབད་ ང་ལུ་ཉེས་ཅན་སྦེ་ ཁྲིམས་དང་ཆདཔ་གནངམ་ཨིན་ན་ཟེར་སླབ་མས། 8 དེ་བཟུམ་གྱི་མནོ་བསམ་གཏང་པ་ཅིན་ ང་བཅས་སྡིག་པ་ག་དེ་ཅིག་འབད་རུང་ལེགས་ཤོམ་ཨིན་ཟེར་སླབ་དོཝ་བཟུམ་སྦེ་ཨིན་ མི་ལ་ལུ་ཅིག་གིས་ ང་གིས་དེ་སྦེ་སླབ་དེས་ཟེར་སླབ་མས་ དེ་སྦེ་མེན་ ཨ་ནི་བཟུམ་སླབ་མི་ཚུ་ལུ་ཆདཔ་ཕོག་དགོཔ་འདི་ ཀྲིག་ཀྲི་རང་ཨིན། 9 མདོར་བསྡུས་ཏེ་སླབ་པ་ཅིན་ ང་བཅས་ ཡ་ཧུ་ད་པ་ཚུ་མི་གཞན་ལས་དྲག་ཤོས་ཨིན་ན་ འདི་ཐད་རི་བ་རི་མེན་ ཆདཔ་གནང་དགོ་པའི་དོན་དག་དེ་ ཡ་ཧུ་ད་པ་དང་ ཕྱིའི་མི་རིགས་ཚུ་ག་ར་ སྡིག་པའི་དབང་འོག་ལུ་ཡོདཔ་ཨིན་ཟེར་ གོང་ལས་ང་གིས་སྟོན་ཚར་ཡི། 10 གསུང་རབ་ནང་དེ་སྦེ་བྲིས་ཏེ་ཡོད། མི་ཆོས་སེམས་ཅན་ག་ཡང་མེད་ མེད་པའི་ནང་ལས་གཅིག་ཡང་མེད། 11 དཀོན་མཆོག་ལུ་ཧ་གོ་མི་དང་འཚོལ་མི་ག་ཡང་མིན་འདུག 12 ཁོང་ག་ར་དཀོན་མཆོག་ལས་རྒྱབ་ལོག་སྟེ་ དོན་མེད་པའི་ལམ་བདའ་ཡར་སོང་ཡི་ ལེགས་ཤོམ་འབད་མི་ག་ཡང་མེད་ མེད་པའི་ནང་ལས་གཅིག་ཡང་མིན་འདུག 13 ཁོང་གི་བློ་འདི་ དུར་ཁུང་ཁ་ཕྱེཝ་ད་ དྲིམ་མནམ་དོ་བཟུམ་སྦེ་ རུལ་དྲི་ཧག་ཧ་སྦེ་མནམ་མས་ ཁོང་གི་སླབ་མི་བློ་འདི་གིས་ མི་ལུ་མགུ་རྡུངམ་མས། སྦུལ་དུག་དྲགས་ཀྱིས་མི་ལུ་དུག་དོཝ་བཟུམ་སྦེ་ ཁོང་གི་བློ་གིས་མི་ལུ་གནོདཔ་བསྐྱེལཝ་མས། 14 ཁོང་གི་ཁ་ནང་ཁ་སྨོན་དང་ བློ་གདུག་དྲགས་ཚུ་གིས་གང་སྟེ་འདུག 15 ཁོང་གི་རྐངམ་དེ་བསད་ནི་ནང་ མགྱོགས་དྲགས་ཨིན་མས། 16 ཁོང་ག་སྟེ་འགྱོ་རུང་ མི་ལུ་མེདཔ་གཏང་ནི་དང་ བགེགས་སྐྱོན་བསྐྱེལཝ་མས། 17 ག་ཅི་སྨོ་ཟེར་བ་ཅིན་ ཞི་བདེ་གི་ལམ་ ཁོང་གིས་ངོ་མ་ཤེས་པར་ཨིན་མས། 18 དཀོན་མཆོག་བལྟ་སྟེ་ཡང་ ཁོང་འདྲོག་དགོཔ་མི་ཤེས་བས་ཟེར་ གསུང་རབ་ནང་བྲིས་དོཝ་བཟུམ་སྦེ་ཨིན། 19 གོང་ལས་ང་གིས་གསུང་རབ་ལྟར་དུ་ཞུ་མི་འདི་ བཀའ་ཁྲིམས་ཀྱི་འོག་ལུ་སྡོད་མི་ ཡ་ཧུ་ད་པ་ཚུ་གི་དོན་ལུ་ དཀོན་མཆོག་གིས་གསུངས་གསུངསམ་ཨིནམ་ ང་བཅས་ཀྱི་ཤེས་ དེ་འབདཝ་ལས་བརྟེན་ཏེ་ བཀའ་ཁྲིམས་ཀྱི་དོན་དག་འདི་ཧ་མ་གོ་ཟེར་ ཁོང་ ཡ་ཧུ་ད་པ་ཚུ་ཡང་ཧད་བཏགས་བཟོ་སྟེ་སྡོད་མི་ཚུགས་ ཡ་ཧུ་ད་པ་ཚུ་འབད་རུང་འདྲ་ མི་གཞན་འབད་རུང་འདྲ་ རང་གི་འབད་མི་ལཱ་འདི་ ཨིན་ཅི་མིན་ཅི་ དཀོན་མཆོག་ལུ་རྩིས་ཕུལ་དགོཔ་ཨིན། 20 ག་ཅི་སྨོ་ཟེར་བ་ཅིན་ མི་ག་ར་འབད་རུང་ བཀའ་ཁྲིམས་སྲུང་སྟེ་ དཀོན་མཆོག་གི་གཟིགས་སར་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་མི་གནང་ དེ་འབདཝ་ད་ ང་བཅས་ཀྱིས་བཀའ་ཁྲིམས་ཤེས་ཏེ་ མི་ག་ར་སྡིག་ཅན་ཨིན་ཟེར་ཧིང་སངས་ས་སྦེ་ཧ་གོ་ནི་ཨིན།། 21 དཀོན་མཆོག་ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་བྱུང་ནི་འདི་ བཀའ་ཁྲིམས་ལས་བརྟེན་ཏེ་མེན་ཟེར་ ཧེ་མ་ལས་ བཀའ་ཁྲིམས་དང་ལུང་སྟོན་པ་གི་དེབ་ནང་ བྲིས་མི་བཀའ་འདི་ཚུ་གིས་ ཨ་ནི་གི་སྐོར་ལས་འཛོམ་དཔང་འབད་ནུག་ དེ་འབདཝ་ད་ ད་རེས་ནངས་པ་ དཀོན་མཆོག་གིས་འདི་གི་སྐོར་ལས་སྟོན་གནང་ཡི། 22 འདི་ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་ཁིརཱིས་ལུ་དད་པ་བསྐྱེད་མི་ག་ར་ལུ་ དཀོན་མཆོག་གིས་ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནངམ་ཨིན་ དཀོན་མཆོག་གིས་ ཡ་ཧུ་ད་པའི་མི་རིགས་ཨིན་རུང་མེན་རུང་ ཁོ་གིས་ག་ལུ་ཡང་ཉེ་རིང་མི་ཕྱེ། 23 མི་ག་ར་གིས་སྡིག་པ་འབདཝ་ལས་བརྟེན་ཏེ་ དཀོན་མཆོག་གི་ཐུགས་དགྱེས་པའི་ལཱ་ ག་གིས་ཡང་འབད་མི་ཚུགས། 24 དེ་འབདཝ་ད་ དཀོན་མཆོག་གི་ཐུགས་རྗེ་ལས་བརྟེན་ཏེ་ ཁིརཱིས་ཡེ་ཤུ་གཤགས་ཏེ་ ང་བཅས་ལུ་དགོངས་ཡངས་གནང་སྟེ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་མི་འདི་ ང་བཅས་ལུ་གསོལ་རས་སྦེ་གནང་ནུག 25 དེ་གིས་འབད་ ཁིརཱིས་ལུ་དད་པ་བསྐྱེདཔ་ལས་ དཀོན་མཆོག་གིས་ཡེ་ཤུ་ཁིརཱིས་ཀྱི་སྐུ་ཁྲག་གི་སྒོ་ལས་སྦེ་ ང་བཅས་ལུ་ཕོག་དགོ་མི་ཆདཔ་ལས་དགོངས་ཡངས་གནང་ནུག་ ཁིརཱིས་ཀྱིས་དགོངས་ཡངས་གནང་པ་མ་བྱོན་ཚུན་ཚོད་ ཧེ་མ་འབད་མི་ཉེས་པ་འདི་ཚུ་ལུ་བཟོད་པ་བསྒོམས་ཏེ་ དཀོན་མཆོག་གིས་ཐུགས་བསམ་མ་བཞེས་པས་ དེ་འབདཝ་ད་ ཁིརཱིས་ཀྱི་དགོངས་ཡངས་ལས་རྒྱུད་དེ་ ཆདཔ་ཁོ་རང་གིས་བཞེས་ཏེ་ དཀོན་མཆོག་གིས་མཛད་མི་དེ་ དྲང་བདེན་སྦེ་འཐོན་ནུག 26 འདི་ཚུ་ག་ར་ད་རེས་ཀྱི་དུས་ལུ་ དཀོན་མཆོག་ཁོ་རང་ དྲང་བདེན་ཨིན་ཟེར་སྟོན་ནི་གི་དོན་ལུ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་དྲང་ཁྲིམས་ཕྱེ་མི་ཨིནམ་མ་ཚད་ ཡེ་ཤུ་ལུ་དད་པ་བསྐྱེད་མི་ཚུ་ལུ་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་མི་ཨིན། 27 དེ་སྦེ་ཨིན་པ་ཅིན་ ང་བཅས་ཀྱིས་ལཱ་ལེགས་ཤོམ་འབད་དེ་ རང་བསྟོད་རྐྱབ་ཚུགས་ག་ དེ་སྦེ་རྩ་ལས་རང་མེན་ ག་ཅི་སྨོ་ཟེར་བ་ཅིན་དཀོན་མཆོག་གིས་ ཁྲིམས་ཀྱི་ཉེས་ཆད་ཀྱི་དགོངས་ཡངས་ བཀའ་ཁྲིམས་སྲུང་ནི་ལུ་བརྟེན་ཏེ་མེན་པར་ དད་པ་བསྐྱེད་པའི་རྒྱུད་ལས་ཨིན། 28 དེ་འབདཝ་ལས་བརྟེན་ཏེ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་འབྱུང་ནི་འདི་ བཀའ་ཁྲིམས་སྲུང་སྟེ་མེན་པར་ ཁིརཱིས་ལུ་དད་པ་བསྐྱེད་ནི་གི་རྒྱུད་ལས་ཨིན་ཟེར་ཞུ་ནི་ཨིན། 29 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་དེ་ ཡ་ཧུ་ད་པ་ཚུ་གི་དཀོན་མཆོག་རྐྱངམ་གཅིག་ཨིན་ན་ ཕྱིའི་མི་རིགས་ཚུ་གི་དོན་ལུ་ཡང་ཨིན་མེན་ན་ ཐད་རི་བ་རི་ ཕྱིའི་མི་རིགས་ཚུ་གི་དཀོན་མཆོག་ཡང་ཨིན། 30 དཀོན་མཆོག་འདི་གཅིག་རྐྱངམ་གཅིག་ཡོདཔ་ལས་ ཡ་ཧུ་ད་པ་ཨིན་རུང་མེན་རུང་ ཁིརཱིས་ལུ་དད་པ་བསྐྱེད་པའི་རྒྱུད་ལས་སྦེ་ དཀོན་མཆོག་གིས་ང་བཅས་ལུ་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛདཔ་ཨིན། 31 ང་བཅས་ཀྱིས་དད་པ་བསྐྱེད་ནི་འདི་ གཙོ་བོ་བསྟེན་པ་ཅིན་ བཀའ་ཁྲིམས་འདི་ཁུངས་མེདཔ་སྦེ་བརྩི་ནི་ཨིན་ན་ དེ་སྦེ་ཐད་རི་བ་རི་མེན་ ང་བཅས་དད་པ་བསྐྱེདཔ་ད་ བཀའ་ཁྲིམས་ཡང་ དོན་ལས་རང་སྒྲུབ་ནི་ཨིན་ཟེར་ཞུ་ནི་ཨིན།།
1 ཨ་ནི་འདི་ཚུ་གི་སྐོར་ལས་ ང་བཅས་རའི་ཕ་བརྒྱུད་ ཨབ་ར་ཧམ་གྱི་ཉམས་མྱོང་ནང་ལས་ ང་བཅས་ཀྱིས་ག་ཅི་ཧ་གོ་ཚུགསཔ་སྨོ། 2 ཨབ་ར་ཧམ་འདི་ ལཱ་ལས་བརྟེན་ཏེ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་གནངམ་ཨིན་པ་ཅིན་ ཁོ་གིས་ རང་བསྟོད་རྐྱབས་ནི་གོ་སྐབས་ཅིག་ཐོབ་ཐོབ་འོང་ དེ་འབདཝ་ད་ དཀོན་མཆོག་གི་གཟིགས་སར་ ཁོ་གིས་རང་ལུ་ རང་བསྟོད་རྐྱབ་མི་ཚུགས། 3 ག་ཅི་སྨོ་ཟེར་བ་ཅིན་ གསུང་རབ་ནང་ག་ཅི་བྲིས་ཏེ་འདུག་ ཨབ་ར་ཧམ་གྱིས་དཀོན་མཆོག་ལུ་དད་པ་བསྐྱེད་དེ་ ཁོ་ལུ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་ཅིག་སྦེ་མཛད་གནང་ནུག་ཟེར་གསུངས་ནུག 4 ལཱ་འབད་དེ་ཐོབ་མི་གླ་འདི་ལུ་གསོལ་རས་སྦེ་མི་བརྩི་ ལཱ་འབད་འབདཝ་གི་གླ་ཆ་ཨིན། 5 ལཱ་ཕྲང་སྟེ་ མ་འབད་དེ་འབད་རུང་ ཉེས་པ་ཅན་ལུ་བཀའ་དྲིན་བསྐྱང་མི་དཀོན་མཆོག་ལུ་དད་པ་བསྐྱེད་པ་ཅིན་ དད་པ་དེ་གིས་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནངམ་ཨིན། 6 འདི་བཟུམ་སྦེ་རང་ མི་ག་ར་འབད་རུང་ ལཱ་ལུ་མ་བརྟེན་པར་ དཀོན་མཆོག་གིས་ཁོ་རའི་ཐུགས་དང་ལྡན་པའི་ ཕྲངམ་སྦེ་མཛད་མིའི་མི་འདི་ བྱིན་རླབས་ཅན་ཨིན་ཟེར་བའི་སྐོར་ལས་རྒྱལཔོ་ ད་བིད་ཀྱིས་གསུང་རབ་ནང་གསུངས་ཏེ་ཡོད། 7 ཁྲིམས་ལས་དགོངས་ཡངས་ཐོབ་མི་ཉེས་ཅན་དང་ བཀའ་དྲིན་བསྐྱང་མི་སྡིག་ཅན་འདི་ བྱིན་རླབས་ཅན་ཨིན། 8 གཙོ་བོ་དཀོན་མཆོག་གིས་ སྡིག་པའི་རྩིས་ མ་བཞེས་མིའི་མི་འདི་ བྱིན་རླབས་ཅན་ཨིན་ཟེར་ བྲིས་ཏེ་ཡོད། 9 ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་གི་བྱིན་རླབས་དེ་ ང་བཅས་རྟགས་བཀལ་ཚར་མི་ ཡ་ཧུ་ད་པ་ཚུ་གི་དོན་ལུ་རྐྱངམ་གཅིག་ཨིནམ་སྨོ་ ཡང་ན་རྟགས་མ་བཀལ་མིའི་མི་རིགས་གཞན་ཚུ་གི་དོན་ལུ་ཡང་ཨིན་ན་ ང་བཅས་ཀྱིས་འབད་བ་ཅིན་ ཨབ་ར་ཧམ་ལུ་ཁོ་རང་གི་དད་པ་གིས་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་ མཛད་གནང་ནུག་ཟེར་ཞུ་ནི་ཨིན། 10 ཁོ་ལུ་དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་ནམ་ལུ་མཛད་མཛདཔ་སྨོ་ ཡ་ཧུ་ད་པའི་རྟགས་མ་བཀལ་བའི་ཧེ་མ་ལས་ཨིན་ན་ ཤུལ་ལས་ཨིན་ན་ རྟགས་བཀལ་ཚར་བའི་ཤུལ་ལས་མེན་པར་ ཧེ་མ་ལས་མཛད་ནུག 11 ཁོ་ལུ་ ཡ་ཧུ་ད་པའི་རྟགས་མ་བཀལ་བའི་ཧེ་མ་ལས་ ཁོ་གིས་དཀོན་མཆོག་ལུ་དད་པ་བསྐྱེདཔ་ད་ དཀོན་མཆོག་གིས་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་ནུག་ ཁོ་ལུ་རྟགས་བཀལ་མིའི་དོན་དག་དེ་ དཀོན་མཆོག་གིས་ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་བའི་ཁུངས་བཟུམ་སྦེ་ཨིན་མས་ དེ་ལས་མི་རིགས་གཞན་ཚུ་ ཡ་ཧུ་ད་པའི་རྟགས་མ་བཀལ་རུང་ ཁོང་ཆ་ཁྱབ་ཀྱིས་ཡང་དད་པ་བསྐྱེདཔ་ད་ ཨབ་ར་ཧམ་གྱི་བུ་བརྒྱུད་སྦེ་རྩིཝ་ཨིན་ དེ་གིས་འབད་ དད་པ་བསྐྱེད་མི་ཚུ་དཀོན་མཆོག་གི་གཟིགས་སར་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནངམ་ཨིན། 12 དེ་གིས་འབད་ ཁོང་རྟགས་བཀལ་མི་ ཡ་ཧུ་ད་པ་ཚུ་ ཨབ་ར་ཧམ་གྱི་བུ་བརྒྱུད་ཨིན་ དེ་འབདཝ་ད་ཁོང་ཆ་ཁྱབ་ ཨབ་ར་ཧམ་བཟུམ་སྦེ་དད་པ་མ་བསྐྱེད་པ་ཅིན་ ཨབ་ར་ཧམ་གྱི་བུ་བརྒྱུད་ངོ་མ་མེན།། 13 འཛམ་བུ་གླིང་འདི་ ཨབ་ར་ཧམ་དང་ཁོ་གི་བུ་བརྒྱུད་ཚུ་ལུ་བགོ་བཤའ་སྦེ་གནང་ནི་ཨིན་ཟེར་ དཀོན་མཆོག་གིས་ ཨབ་ར་ཧམ་ལུ་ཁས་བླངས་བཞེས་ནུག་ ཨ་ནི་འདི་ དཀོན་མཆོག་གི་བཀའ་ཁྲིམས་ལུ་སྲུང་སྟེ་མེན་པས་ དེ་འབདཝ་ད་ དད་པ་ལས་བརྟེན་ཏེ་ དཀོན་མཆོག་གི་གཟིགས་སར་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་ནི་འདི་གིས་ཨིན། 14 དཀོན་མཆོག་གིས་ཁས་བླངས་བཞེས་མི་བགོ་བཤའ་འདི་ བཀའ་ཁྲིམས་ལས་བརྟེན་ཏེ་སྡོད་མི་ཚུ་གི་དོན་ལུ་ཨིན་པ་ཅིན་ དད་པ་བསྐྱེད་དེ་བར་སྟོར་ཨིནམ་མ་ཚད་ དཀོན་མཆོག་གི་ཁས་བླངས་འདི་ ཁུངས་ག་ནི་ཡང་མེདཔ་འགྱོ་ནི་ཨིན། 15 ག་ཅི་སྨོ་ཟེར་བ་ཅིན་ བཀའ་ཁྲིམས་ལས་བརྟེན་ཏེ་སྡོད་མི་ཚུ་ལུ་ བཀའ་ཁྲིམས་འདི་གིས་རང་ཁྲིམས་བཀལ་འོང་ བཀའ་ཁྲིམས་མེད་པ་ཅིན་རྐྱངམ་གཅིག་ཁྲིམས་ལས་མི་འགལ། 16 དེ་འབདཝ་ལས་ དད་པ་བསྐྱེད་ནི་འདི་གཙོ་བོ་བསྟེན་ནི་མ་གཏོགས་ ཁྲིམས་ལས་བརྟེན་ཏེ་སྡོད་ནི་མི་འོང་ འདི་མ་ཚད་ དཀོན་མཆོག་གིས་ང་བཅས་ཀྱི་དོན་ལུ་ཁས་བླངས་བཞེས་ཏེ་ གསོལ་རས་སྦེ་གནང་ནི་ཟེར་མི་ཐུགས་རྗེ་ལས་བརྟེན་ཏེ་ཨིན་ དེ་སྦེ་འབད་ནི་འདི་གིས་ ང་བཅས་ཀྱིས་ཡང་ ཨབ་ར་ཧམ་བཟུམ་སྦེ་དད་པ་བསྐྱེད་པ་ཅིན་ ཡ་ཧུ་ད་པ་ཚུ་ཨིན་རུང་མེན་རུང་ དཀོན་མཆོག་གིས་ཁས་བླངས་བཞེས་མི་འདི་ཐོབ་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཨབ་ར་ཧམ་འདི་དད་པ་བསྐྱེད་མི་ག་ར་གི་ཕ་བརྒྱུད་ཨིན། 17 དཀོན་མཆོག་གིས་ ཨབ་ར་ཧམ་གྱི་སྐོར་ལས་ ང་གིས་ཁྱོད་ལུ་མི་རིགས་ལེ་ཤ་གི་ཕ་བརྒྱུད་བཟོ་ནི་ཨིན་ཟེར་གསུང་རབ་ནང་ལུ་བྲིས་ཏེ་ཡོད་ ཤི་སོང་མི་ཚུ་ལུ་གསོན་པོ་སྦེ་ལྷོང་གནང་མི་དང་ ནམ་ཡང་མ་བྱུང་མི་ཚུ་ བྱུང་ཚུགསཔ་མཛད་མི་དཀོན་མཆོག་ལུ་ ཨབ་ར་ཧམ་གྱིས་དད་པ་བསྐྱེད་ནི་འདི་གིས་ཨིན་མས། 18 དཀོན་མཆོག་གིས་ ཨབ་ར་ཧམ་ལུ་ ཁྱོད་ཀྱི་བུ་བརྒྱུད་ཚུ་ནམ་མཁའི་སྐརམ་ གྱངས་ཁ་མ་ཆོདཔ་བཟུམ་སྦེ་འབྱུང་འོང་ཟེར་གསུངས་མི་འདི་ལུ་ རེ་བ་བསྐྱེད་ནི་རྒྱུ་མེད་དེ་འབད་རུང་ ཨབ་ར་ཧམ་གྱིས་དཀོན་མཆོག་ལུ་དད་པ་བསྐྱེད་པ་ལས་བརྟེན་ཏེ་ ཁོ་མི་རིགས་ག་ར་གི་ཕ་བརྒྱུད་སྦེ་བྱུང་ནུག 19 ཁོ་ལོ་གཅིག་བརྒྱ་དེ་ཅིག་ལང་སྟེ་ བུ་གཞི་བསྐྱེད་ནི་གི་ཁེ་རྒོ་ཤོར་སོངམ་མ་ཚད་ ཁོ་གི་ཨམ་སྲུ་ ས་ར་ཡང་རབས་ཆད་མ་སྦེ་ ནམ་ཡང་བུ་གཞི་སྐྱེ་མ་ཚུགས་མི་འབད་དེ་འབད་རུང་ ཁོ་གི་དད་པ་མར་མ་ཉམས་པར་སྡོད་ནུག 20 དཀོན་མཆོག་གིས་ཁས་བླངས་བཞེས་ཏེ་གནང་ནི་ཨིན་མི་ལུ་ དད་པ་མ་ཉམས་པར་སྡོདཔ་མ་ཚད་ ཁོ་གི་དད་པ་འདི་ཡར་ཡར་སྒྲིང་སྒྲིང་སོང་སྟེ་ ཁོ་གིས་དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག 21 དེ་ལས་དཀོན་མཆོག་གིས་ཁས་བླངས་བཞེས་མི་འདི་ ཐད་རི་བ་རི་རང་མཛད་འོང་ཟེར་ ཨབ་ར་ཧམ་གྱིས་ཆ་བཞག་ནུག 22 དེ་གིས་འབད་ དཀོན་མཆོག་གིས་ཁོ་ལུ་ ཁོ་རའི་ཐུགས་དང་ལྡན་པའི་མི་ཕྲངམ་སྦེ་མཛད་གནང་ནུག 23 དེ་སྦེ་མཛད་གནང་ནི་ཟེར་གསུང་རབ་ནང་བྲིས་མི་འདི་ ཨབ་ར་ཧམ་གྱི་དོན་ལས་རྐྱངམ་གཅིག་མེན་པས། 24 དེ་འབདཝ་ད་ ང་བཅས་ཀྱི་དོན་ལུ་ཡང་ཨིན་ཟེར་འབྲིཝ་ཨིན་ ག་ར་འབད་རུང་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་གཤགས་ས་ལས་ གསོན་པོ་སྦེ་བཞེངས་གནང་མི་དཀོན་མཆོག་ལུ་དད་པ་བསྐྱེད་པ་ཅིན་ ང་བཅས་ལུ་ཡང་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་ནི་ཨིན། 25 ང་བཅས་ཀྱི་སྡིག་པའི་ཉེས་པ་འདི་ཚུ་གི་དོན་ལུ་ ཁོ་བཀྲོངས་ནུག་ དེ་ལས་ང་བཅས་ལུ་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་ནིའི་དོན་ལུ་ དཀོན་མཆོག་གིས་ཁོ་སྐུ་གསོན་པོ་སྦེ་བཞེངས་གནང་ནུག།
1 དེ་འབདཝ་ལས་ དད་པ་བསྐྱེདཔ་ལས་བརྟེན་ཏེ་ ང་བཅས་དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་དེ་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་རྒྱུད་ལས་ དཀོན་མཆོག་གི་དགྲ་མེན་པར་ དཀོན་མཆོག་དང་ང་བཅས་ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་མཛད་གནང་ནུག 2 ཁོ་ལུ་དད་པ་བསྐྱེད་པའི་རྒྱུད་ལས་སྦེ་ དཀོན་མཆོག་གི་ཐུགས་རྗེ་ནང་ ཨ་རྟག་ར་སྒྲིང་སྒྲིང་སྦེ་སྡོད་ནི་གོ་སྐབས་ ང་བཅས་ལུ་གནངམ་ལས་བརྟེན་ཏེ་ ང་བཅས་ཡང་ཉིནམ་གཅིག་གི་ཚེ་ དཀོན་མཆོག་དང་གཅིག་ཁར་ གཟི་བརྗིད་ཅན་འགྱོ་ནིའི་རེ་བ་ནང་ སེམས་དགའ་ཚོར་འགྱུར་ཏེ་སྡོད་ནི་ཨིན། 3 དེ་གིས་མ་ཚད་ དཀའ་ངལ་དང་སྡུག་བསྔལ་འདི་ཚུ་བྱུངམ་ད་ ང་བཅས་ཀྱི་སེམས་དགའ་ཚོར་འགྱུར་ཏེ་སྡོདཔ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ སྡུག་བསྔལ་གྱི་འབྲས་བུ་འདི་བཟོད་སེམས་ཨིན། 4 བཟོད་སེམས་བསྐྱེད་ཚརཝ་ད་ སྤྱོད་པ་བཟང་པོ་སྦེ་འཐོན་འོང་ དེ་ལས་སྤྱོད་པ་བཟང་པོ་འདི་ལས་ ཐད་རི་བ་རི་ ཐར་པ་ཐོབ་ནི་ཟེར་རེ་བ་ཡར་ཡར་བསྐྱེད་འོང་། 5 དེ་ལས་རེ་བ་བསྐྱེད་མི་འདི་གིས་ བློ་ཕམ་མི་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་དམ་པའི་ཐུགས་ཉིད་ ང་བཅས་ལུ་གནང་བའི་རྒྱུད་ལས་སྦེ་ བྱམས་པ་མ་ལང་ལངམ་སྦེ་ ང་བཅས་ཀྱི་སེམས་ནང་བླུགས་གནང་ཡི། 6 ང་བཅས་ལུ་འབད་ཐབས་མེད་པའི་དུས་ཚོད་ལུ་ ང་བཅས་དཀོན་མཆོག་ལུ་མ་འདྲོག་མི་ཚུ་གི་དོན་ལུ་ ཁིརཱིས་དུས་ཚོད་ཀྲིག་ཀྲི་ལུ་གཤགས་ནུག 7 མི་ཁ་ཆོས་འབད་མི་ ཅིག་གི་དོན་ལུ་རང་སྲོག་བྱིན་པ་ མ་པ་ལས་རང་ ལཱ་ཁག་ཨིན་ དེ་འབདཝ་ད་ མི་ལེགས་ཤོམ་ཅིག་གི་དོན་ལུ་ ཡང་ཅིན་རང་སྲོག་ བྱིན་མི་གཅིག་འདི་ཐོན་འོང་། 8 དེ་འབདཝ་ད་ ང་བཅས་སྡིག་ཅན་སྦེ་སྡོད་པའི་དུས་ལུ་ ཁིརཱིས་ང་བཅས་ཀྱི་དོན་ལུ་གཤགས་པའི་རྒྱུད་ལས་ དཀོན་མཆོག་གིས་ང་བཅས་ལུ་བྱམས་པ་ ག་ཅི་དེས་ཅིག་མཛད་གནང་ནུག 9 དེ་ལས་ཕར་ ཁིརཱིས་ཀྱི་སྐུ་ཁྲག་གི་རྒྱུད་ལས་སྦེ་ ང་བཅས་ལུ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་པ་ཅིན་ དཀོན་མཆོག་གི་ཆདཔ་ལས་ང་བཅས་ལུ་ ག་དེམ་ཅིག་ཁིརཱིས་ཀྱིས་སྐྱབས་མཛད་ནི་སྨོ། 10 ང་བཅས་དཀོན་མཆོག་གི་དགྲ་སྦེ་སྡོད་པའི་སྐབས་ལུ་ ཁོ་གི་སྲས་གཤགས་པའི་རྒྱུད་ལས་སྦེ་ ང་བཅས་ལུ་དཀོན་མཆོག་དང་མཉམ་མཐུན་ལམ་མཛད་གནངམ་ཨིན་པ་ཅིན་ ད་རུང་འདི་ལས་ཡང་དྲགཔ་སྦེ་ ཁིརཱིས་གཤགས་ས་ལས་གསོན་པོ་སྦེ་བཞེངས་པའི་རྒྱུད་ལས་ འཆི་བ་གི་ཆདཔ་ལས་ང་བཅས་ལུ་སྐྱབས་མཛད་ནི་ཨིན། 11 འདི་གིས་མ་ཚད་ དཀོན་མཆོག་ནང་ང་བཅས་དགའ་སྤྲོ་འགྱུར་ཏེ་སྡོདཔ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་རྒྱུད་ལས་སྦེ་ དཀོན་མཆོག་དང་མཐུན་ལམ་མཛད་གནང་ཡི།། 12 འགོ་དང་པ་གི་མི་ ཨ་དམ་དེ་གི་རྒྱུད་ལས་སྦེ་ འཛམ་བུ་གླིང་ནང་སྡིག་པ་བྱུང་ནུག་ སྡིག་པ་གི་རྒྱུད་ལས་སྦེ་འཆི་བ་བྱུང་ནུག་ དེ་ལས་མི་ག་ར་གིས་སྡིགཔ་འབད་དེ་ ཁོང་གུ་འཆི་བ་ཁྱབ་སོང་ནུག 13 བཀའ་ཁྲིམས་མ་གནང་བའི་ཧེ་མ་ལས་རང་ འཛམ་བུ་གླིང་ནང་སྡིག་པ་ཁྱབ་སོང་ནུག་ དེ་འབདཝ་ད་ བཀའ་ཁྲིམས་འདི་མ་གནང་བའི་བར་ན་ སྡིག་པ་འབདཝ་ཨིན་ཟེར་ དཀོན་མཆོག་གིས་རྩིས་བཞེས་མ་གནང་། 14 དེ་སྦེ་ཨིན་རུང་ ལྡུམ་རེ་ནང་དཀོན་མཆོག་གིས་ ཨ་དམ་ལུ་བཀའ་གནང་རུང་ ཨ་དམ་གྱིས་མ་ཉན་པས་ དེ་ལས་ ཨ་དམ་ལས་འགོ་བཙུགས་ཏེ་ མོ་སཱེས་ཀྱི་དུས་སྐབས་ཚུན་ཚོད་ ཨ་དམ་གྱིས་འགལ་མི་བཀའ་འདི་ མི་ཚུ་གིས་མ་འགལ་རུང་ མི་ག་ར་ཤི་དགོཔ་ཐལ་ནུག ད་དེ་སྦེ་འབདཝ་ད་ ཨ་དམ་འདི་ཤུལ་ལས་འབྱོན་ནི་ཟེར་མི་གཅིག་གི་དཔེ་བཟུམ་སྦེ་ཨིན། 15 དེ་འབདཝ་ད་ དཀོན་མཆོག་གི་གསོལ་རས་དང་ ཨ་དམ་གྱི་ཉེས་པ་འདི་ཁྱད་པར་སྦོམ་འདུག་ ག་ཅི་སྨོ་ཟེར་བ་ཅིན་ ཨ་དམ་མི་གཅིག་གིས་ ཉེས་པ་འབད་དེ་ མི་ལེ་ཤ་ཤི་དགོཔ་ཐལ་ནུག་ དེ་འབདཝ་ད་ སྡིག་པ་གི་དབང་ལས་ཡང་སྦོམ་སྦེ་ ཡེ་ཤུ་ཁིརཱིས་ཁོ་གཅིག་གིས་ མི་ལེ་ཤ་གི་དོན་ལུ་ གསོལ་རས་ཕངས་སེམས་མེད་པར་གནང་བའི་རྒྱུད་ལས་སྦེ་ དཀོན་མཆོག་གིས་ཐུགས་རྗེ་ག་ཅི་དེས་ཅིག་གནང་ཡི། 16 དཀོན་མཆོག་གིས་གནང་མི་གསོལ་རས་དང་ མི་གཅིག་གིས་འབད་མི་སྡིག་པ་གི་འབྲས་བུ་དེ་མི་འདྲ་བས་ ག་ཅི་སྨོ་ཟེར་བ་ཅིན་ མི་གཅིག་གིས་སྡིག་པ་འབདཝ་ལས་ ཉེས་ཆད་ཕོག་སྟེ་ཁྲིམས་བཀལ་དགོཔ་ཐལ་ནུག་ དེ་འབདཝ་ད་ མི་ཚུ་གིས་སྡིག་པ་ལེ་ཤ་འབད་དེ་འབད་རུང་ གསོལ་རས་ཀྱི་རྒྱུད་ལས་ དཀོན་མཆོག་གིས་དགོངས་ཡངས་གནང་སྟེ་ ཁོང་མི་ཚུ་ལུ་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་ནུག 17 མི་གཅིག་གིས་ཉེས་པ་འབད་དེ་ མི་འདི་གི་རྒྱུད་ལས་སྦེ་འཆི་བ་གིས་ མི་ག་ར་ལུ་དབང་ནུག་ དེ་འབདཝ་ད་ འདི་ལས་ཡང་ལྷག་སྟེ་ ཡེ་ཤུ་ཁིརཱིས་ཁོ་གཅིག་གིས་མཛད་མི་ལས་བརྟེན་ཏེ་ དཀོན་མཆོག་གི་ཕངས་སེམས་མེད་པའི་ཐུགས་རྗེ་གནང་སྟེ་ ཁོ་གིས་ང་བཅས་ལུ་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་ནུག་ དེ་ལས་ང་བཅས་ཀྱིས་ཁིརཱིས་དང་གཅིག་ཁར་སྡོད་དེ་ དུས་རྒྱུན་དུ་རྒྱལ་སྲིད་སྐྱོང་ནི་ཨིན། 18 དེ་གིས་འབད་ ཨ་དམ་ཁོ་གཅིག་གིས་ཉེས་པ་འབད་དེ་ མི་ག་ར་གི་གུ་ལུ་ཆདཔ་འབྱུང་འོང་དོཝ་བཟུམ་སྦེ་ ཁིརཱིས་ཁོ་གཅིག་གིས་དྲང་བདེན་པའི་ཕྱག་ལཱ་མཛད་དེ་ མི་ག་ར་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ ཕྲངམ་སྦེ་མཛད་དེ་ ཚེ་མཐའ་མེདཔ་གི་ཐོབ་ཐངས་ཡོད། 19 ཨ་དམ་མི་གཅིག་གིས་ དཀོན་མཆོག་གི་བཀའ་ལུ་མ་ཉན་པར་ མི་ག་ར་སྡིག་ཅན་སྦེ་བྱུང་དོཝ་བཟུམ་སྦེ་ ཁིརཱིས་ཁོ་གཅིག་གིས་ཡང་ དཀོན་མཆོག་གི་བཀའ་ལུ་ཉན་ཏེ་ མི་ལེ་ཤ་ལུ་ ཁོ་རའི་ཐུགས་དང་ལྡན་པའི་མི་ཕྲངམ་སྦེ་མཛད་གནང་ནུག 20 དཀོན་མཆོག་གི་བཀའ་ཁྲིམས་གནང་མི་དོན་དག་འདི་ མི་འདི་ཚུ་གིས་ཉེས་པ་ག་དེ་ཅིག་འབདཝ་ཨིན་ན་ཟེར་ མཐོང་ཚུགས་པའི་དོན་ལུ་ཨིན་ དེ་འབདཝ་ད་ ཉེས་པ་ཡར་འཕེལ་འགྱོ་ས་ལུ་ དཀོན་མཆོག་གི་ཐུགས་རྗེ་ཡང་ འདི་བ་ལས་ལྷག་པའི་ཁྱབ་ཆེ་ཏོག་ཏོ་སྦེ་གནང་ནུག 21 ཧེ་མ་སྡིག་པ་གིས་དབང་སྟེ་ང་བཅས་ཤི་དགོཔ་ཐལ་དོཝ་བཟུམ་སྦེ་ ད་རེས་དཀོན་མཆོག་གི་ཐུགས་རྗེ་སྐྱོང་སྟེ་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་དྲང་བདེན་པའི་ཕྱག་ལཱ་གི་རྒྱུད་ལས་སྦེ་ ང་བཅས་ཀྱིས་ཚེ་མཐའ་མེདཔ་ཐོབ་ནི་ཨིན།།
1 ང་བཅས་ཀྱིས་སྡིག་པ་འབད་དེ་ དཀོན་མཆོག་གི་ཐུགས་རྗེ་ཡར་འཕེལ་འགྱོ་ནི་ཨིན་པ་ཅིན་ ང་བཅས་ག་ཅི་སླབ་པ་ སྡིག་པ་འབད་དེ་རང་སྡོད་ནི་ཨིན་ན། 2 དེ་སྦེ་མེན་ ང་བཅས་སྡིག་པའི་དབང་ལས་རྒྱལ་ཁ་ཐོབ་མི་ཚུ་ ད་རུང་ལོག་སྟེ་ག་དེ་སྦེ་སྡིག་པ་འབད་དེ་སྡོད་ནི་སྨོ། 3 ང་བཅས་ཁིརཱིས་ཡེ་ཤུ་ནང་ཁྲུས་གསོལ་ཞུ་མི་ཚུ་གིས་ ང་བཅས་ཡང་ཁིརཱིས་དང་གཅིག་ཁར་ཤི་དོཝ་བཟུམ་སྦེ་ཨིན་ཟེར་ ཁྱེད་ཀྱིས་མི་ཤེས་ག། 4 ཁིརཱིས་གཤགས་ཏེ་ དུར་ཁང་ནང་བཙུགས་དོཝ་བཟུམ་སྦེ་ ང་བཅས་ཡང་ཁོ་གི་ཁྲུས་གསོལ་ཞུཝ་ད་ ཁོ་དང་གཅིག་ཁར་ཤི་སྟེ་ དུར་ཁང་ནང་བཙུགས་དོཝ་བཟུམ་སྦེ་ཨིན་ དེ་འབདཝ་ད་ འདི་ལས་ཡང་ལྷགཔ་སྦེ་ ཡབ་དཀོན་མཆོག་གིས་ ཁོ་རའི་གཟི་བརྗིད་དང་ལྡན་པའི་ཤུགས་སྟོབས་གནང་བའི་རྒྱུད་ལས་ ཁིརཱིས་སྐུ་གསོན་པོ་སྦེ་བཞེང་དོཝ་བཟུམ་སྦེ་ ང་བཅས་ཡང་ཤི་ས་ལས་ མི་ཚེ་གསརཔ་ནང་སྡོད་ནི་སྦེ་ལྷོང་གནང་ཡི། 5 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཁོ་དང་གཅིག་ཁར་ཤི་ནི་ཨིན་པ་ཅིན་ དཀོན་མཆོག་གིས་ཁིརཱིས་སྐུ་གསོན་པོ་སྦེ་བཞེང་གནང་དོཝ་བཟུམ་སྦེ་ ང་བཅས་ཡང་ ཐད་རི་བ་རི་ཤི་ས་ལས་མི་ཚེ་གསརཔ་ནང་སྡོད་ནི་སྦེ་ལྷོང་གནང་ནི་ཨིན། 6 ཁིརཱིས་ཁྲམ་ཤིང་གུ་བཀྲོངས་དོཝ་བཟུམ་སྦེ་ ང་བཅས་ཀྱི་མི་ཚེ་རྙིངམ་འདི་ཡང་བསད་བཀོག་ཡི་ དེ་འབདཝ་ལས་ ང་བཅས་ཀྱི་ལུས་འདི་སྡིག་པའི་དབང་ལས་ཐར་ཏེ་ ད་རུང་སྡིག་པའི་འོག་ལུ་སྡོད་མི་དགོ་ཟེར་ང་བཅས་ཀྱིས་ཤེས། 7 ཤི་ཚར་མི་འདི་གིས་ ག་དེ་སྦེ་སྡིག་པ་འབད་ནི་སྨོ། 8 ཁིརཱིས་དང་གཅིག་ཁར་ཤི་བ་ཅིན་ ང་བཅས་ཁོ་དང་གཅིག་ཁར་གསོན་པོ་སྦེ་སྡོད་འོང་ཟེར་ ང་བཅས་ཀྱིས་དད་པ་བསྐྱེདཔ་ཨིན། 9 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་ཐད་རི་བ་རི་ཤེས་ ཁིརཱིས་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་ཚརཝ་ད་ ད་རུང་ལོག་སྟེ་རྩ་ལས་རང་ཁོ་མི་གཤགས་ འཆི་བ་གིས་ཁོ་ལུ་མི་དབང་། 10 ཁོ་ཚར་གཅིག་གཤགས་མི་འདི་ སྡིག་པའི་དབང་ལས་རྒྱལ་བའི་དོན་ལུ་ཨིན་ ཁོ་ཨ་རྟག་རང་བཞུགས་མི་འདི་ དཀོན་མཆོག་གི་ཐུགས་དགྱེས་པའི་དོན་ལུ་ཨིན། 11 འདི་བཟུམ་སྦེ་ ཁིརཱིས་ཡེ་ཤུ་གིས་མཛད་མི་ཕྱག་ལཱ་ལས་བརྟེན་ཏེ་ ཁྱེད་ཀྱིས་ཡང་སྡིག་པའི་དབང་ལས་རྒྱལ་ཏེ་ དཀོན་མཆོག་གི་ཐུགས་དགྱེས་པའི་དོན་ལུ་ སྡོདཔ་ཨིན་ཟེར་ ཁྱེད་ཀྱིས་མནོ་བསམ་གཏང་དགོ། 12 འདི་གི་དོན་ལུ་ འདོད་པ་ལུ་ཆགས་ཏེ་ ཁྱེད་ཀྱི་ལུས་ལུ་སྡིག་པ་གིས་དབང་མ་བཅུག 13 སྡིག་པ་གི་གཡོག་རྐྱབས་ནི་སྦེ་ ཁྱེད་ཀྱི་ལུས་ཀྱི་ཡན་ལག་འདི་ ལཱ་ངན་པ་འབད་ནི་གི་ལག་ཆ་བཟོ་མ་བཅུག་ དེ་འབདཝ་ད་ ཤི་ས་ལས་ལྷོང་གནང་སྟེ་ མི་ཚེ་གསརཔ་ནང་སྡོད་མིའི་མི་སྦེ་ དཀོན་མཆོག་གི་ཕྱག་ཞུ་སྟེ་ ཁྱེད་ཀྱི་ལུས་ཀྱི་ཡན་ལག་རེ་རེ་བཞིན་དུ་ དཀོན་མཆོག་གི་ཐུགས་དགྱེས་མི་ལག་ཆ་སྦེ་ཕུལ་བཅུག 14 སྡིག་པ་དེ་གིས་ ཁྱེད་ལུ་དབང་བཅུག་ནི་མི་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་བཀའ་ཁྲིམས་ཀྱི་འོག་ལུ་མེན་པར་ ཐུགས་རྗེ་གི་འོག་ལུ་ཨིན།། 15 ད་དེ་སྦེ་ཨིན་པ་ཅིན་ ང་བཅས་ཀྱིས་ག་ཅི་འབད་ནི་སྨོ་ བཀའ་ཁྲིམས་ཀྱི་འོག་ལུ་མེན་པར་ ཐུགས་རྗེ་གི་འོག་ལུ་ཡོད་ཟེར་ སྡིག་པ་འབདཝ་ད་བཏུབ་ག་ དེ་སྦེ་རྩ་ལས་རང་མེན། 16 ཁྱེད་ག་གི་གཡོག་རྐྱབ་དོ་ག་ འདི་ཁྱེད་ཀྱི་སྦྱིན་བདག་ཨིན་ཟེར་མ་ཤེས་ག་ སྡིག་པའི་གཡོག་རྐྱབ་པ་ཅིན་ འཆི་བ་ལུ་འཁྱིད་འོང་ དཀོན་མཆོག་གི་བཀའ་ལུ་ཉན་པ་ཅིན་ མི་ཕྲངམ་སྦེ་འཐོན་འོང་། 17 དེ་འབདཝ་ད་ ང་བཅས་ཀྱིས་དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ཁྱེད་སྡིག་པའི་གཡོགཔོ་ཨིན་ཏེ་འབད་རུང་ ད་རེས་སྐབས་ ཁྱེད་ལུ་སྟོན་མི་གཞི་བདེན་པ་འདི་ སེམས་ཁར་བཙུགས་ཏེ་ཉན་སྡོད་ཅི། 18 དེ་ལས་སྡིག་པའི་དབང་ལས་སྤར་ཐར་ཏེ་ ད་ལྟོ་ཁྱེད་དཀོན་མཆོག་གི་ཐུགས་དགྱེས་མི་དང་ ཕྲང་སྟེ་འབད་མི་ རྒྱོབོ་རྒྱམོ་གཅིག་སྦེ་བྱུང་ཡི། 19 (སྦྱིན་བདག་དང་གཡོགཔོ་གི་དཔེ་སླབ་མི་དོན་དག་འདི་ ཁྱེད་འཇམ་ཏོང་ཏོ་སྦེ་ ཧ་གོ་ནི་གི་དོན་ལུ་ཨིན།) ཁྱེད་ཧེ་མ་ལུས་ཀྱི་ཡན་ལག་འདི་ འདོད་ཆགས་དང་ཉེས་པ་གི་དབང་དུ་གཏང་སྟེ་སྡོད་དོཝ་བཟུམ་སྦེ་ ད་ལྟོ་ཁྱེད་ཀྱི་ལུས་ཀྱི་ཡན་ལག་རེ་རེ་བཞིན་དུ་ དཀོན་མཆོག་གི་ཐུགས་དགྱེས་མི་ལག་ཆ་སྦེ་ཕུལ་དགོཔ་ཨིན་ ཧེ་མ་གི་འབད་ཐངས་ལས་ སྡིག་པ་དང་ཉེས་པ་ཡར་འཕེལ་སོང་ཡི་ དེ་འབདཝ་ད་ དཀོན་མཆོག་གི་ཕྱག་ཞུཝ་ལས་ ཁྱེད་དཀོན་མཆོག་གི་མི་སྦེ་འཐོན་ནི་ཨིན། 20 ཁྱེད་སྡིག་པའི་གཡོགཔོ་སྦེ་སྡོད་པའི་སྐབས་ལུ་ དཀོན་མཆོག་གི་ཐུགས་དགྱེས་མི་ལཱ་ལུ་ ཁྱེད་ཀྱིས་སྣང་མེད་སྦེ་བཞག་ནུག 21 ཁྱེད་ཀྱིས་ཧེ་མ་འབད་བའི་ལཱ་ལུ་བལྟ་སྟེ་ངོ་ཚརཝ་ཨིན་ ལཱ་དེ་ཚུ་གིས་ ཁེ་སང་ག་ནི་ཡང་མ་ཐོབ་པར་ འདི་ཚུ་གི་འབྲས་བུ་དེ་ འཆི་བ་རྐྱངམ་གཅིག་ཨིན། 22 དེ་འབདཝ་ད་ སྡིག་པ་གི་དབང་ལས་དགོངས་ཡངས་གནང་སྟེ་ ཁྱེད་དཀོན་མཆོག་གི་རྒྱོབོ་རྒྱམོ་སྦེ་བྱུང་ཡི་ ད་འདི་གི་འབྲས་བུ་འདི་ ཁྱེད་དཀོན་མཆོག་གི་མི་སྦེ་གཙངམ་འགྱུར་ཏེ་ མཐའན་མཇུག་ལུ་ཚེ་མཐའ་མེདཔ་ཐོབ་ནི་ཨིན། 23 སྡིག་པའི་འབྲས་བུ་འདི་འཆི་བ་ཨིན་ དེ་འབདཝ་ད་ དཀོན་མཆོག་གིས་ཕངས་སེམས་མེད་པར་གནང་མི་གསོལ་རས་འདི་ ང་བཅས་ཀྱི་གཙོ་བོ་ཁིརཱིས་ཡེ་ཤུ་ལས་རྒྱུད་དེ་ ཚེ་མཐའ་མེདཔ་འདི་ཨིན།།
1 ང་གིས་སླབ་མི་འདི་ བཀའ་ཁྲིམས་ཤེས་མི་ཚུ་གི་དོན་ལུ་ཨིན་ མི་འདི་མ་ཤི་བའི་བར་ན་ བཀའ་ཁྲིམས་ཀྱི་འོག་ལུ་སྡོད་དགོ་ཟེར་ ཁྱེད་སྤུན་ཆ་ཚུ་གིས་ཤེས་འོང་། 2 དཔེ་གཅིག་འབད་བ་ཅིན་ གཉེན་བརྐྱབས་ཚར་མི་ཨམ་སྲུ་དེ་ གཉེན་གྱི་ཁྲིམས་དང་བསྟུན་ཏེ་ རྨགཔ་མ་ཤི་ཚུན་ཚོད་ གཉེན་རྐྱབ་རྐྱབ་སྦེ་བརྩི་འོང་ དེ་འབདཝ་ད་ རྨགཔ་འདི་ཤི་སོང་པ་ཅིན་ ཁོང་རང་གཉིས་ཀྱི་གཉེན་ཁྲིམས་ལས་ མོ་ཐརཝ་ཨིན། 3 འདི་བཟུམ་སྦེ་ རྨགཔ་དེ་གསོན་པོ་སྦེ་སྡོད་པའི་སྐབས་ལུ་ མོ་གིས་མི་གཞན་དང་གཅིག་ཁར་གཉེན་རྐྱབ་པ་ཅིན་ མོ་ལོག་གཡེམ་མ་སྦེ་རྩིཝ་ཨིན་ དེ་འབདཝ་ད་ མོ་གི་རྨགཔ་ཤི་སོང་པ་ཅིན་ ཁོང་རང་གཉིས་ཀྱི་གཉེན་ཁྲིམས་ལས་ཐར་ཏེ་ མི་གཞན་དང་གཉེན་རྐྱབ་རུང་ མོ་ལོག་གཡེམ་མ་སྦེ་མི་བརྩི། 4 ངེ་གི་སྤུན་ཆ་ཚུ་ ཁིརཱིས་ཁྱེད་ཀྱི་དོན་ལུ་གཤགསཔ་ད་ ཁྱེད་ཡང་བཀའ་ཁྲིམས་ཀྱི་དོན་ལུ་ཤི་སོང་མི་སྦེ་བྱུང་ཡི་ དེ་གིས་འབད་ ཁྱེད་ཀྱིས་ དཀོན་མཆོག་གི་ཐུགས་དགྱེས་མི་ལཱ་འདི་ཚུ་ འབད་ནི་གི་དོན་ལུ་ སྐུ་གསོན་པོ་སྦེ་བཞེངས་མི་ཁིརཱིས་འདི་ ཁྱེད་ཀྱི་རྨགཔ་གསརཔ་བཟུམ་སྦེ་བྱུང་ཡི། 5 ང་བཅས་རང་བཞིན་རྙིངམ་གི་འོག་ལུ་སྡོད་པའི་སྐབས་ བཀའ་ཁྲིམས་འདི་གིས་ སྡིག་པའི་འདོད་པ་འདི་ཚུ་དཀྲོགས་ཏེ་ སྡིག་པའི་འདོད་ཆགས་འདི་ཚུ་གིས་ ང་བཅས་ཀྱི་ལུས་ནང་ལཱ་འབད་དེ་ འཆི་བ་གི་འབྲས་བུ་བྱུང་ཡི། 6 དེ་ལས་ཧེ་མ་ང་བཅས་ལུ་ བསྡམས་བཞག་མི་བཀའ་ཁྲིམས་དེ་གི་དོན་ལུ་ ཤི་སོང་མི་བཟུམ་སྦེ་འཐོན་ཏེ་ བཀའ་ཁྲིམས་ལས་ང་བཅས་ཐར་ཡི་ དེ་ལས་ང་བཅས་ལུགས་སྲོལ་རྙིངམ་གི་སྒྲིག་ཁྲིམས་ཀྱི་གཡོགཔོ་འབདཝ་མེན་པར་ དེ་འབདཝ་ད་ ཐུགས་ཉིད་ཀྱི་ལུགས་སྲོལ་གསརཔ་ནང་ དཀོན་མཆོག་གི་ཕྱག་ཞུ་ནི་ཨིན།། 7 དེ་སྦེ་ཨིན་པ་ཅིན་ ང་བཅས་ག་ཅི་སླབ་ནི་ བཀའ་ཁྲིམས་འདི་སྡིག་པ་དང་འདྲ་ག་ དེ་སྦེ་རྩ་ལས་རང་མེན་ དེ་རང་ཨིན་རུང་ བཀའ་ཁྲིམས་དེ་མེད་པ་ཅིན་ སྡིགཔ་འདི་ག་ཅི་ཨིན་ན་ ང་གིས་དབྱེ་བ་ཕྱེ་མི་ཚུགས་འོང་ བཀའ་ཁྲིམས་ཀྱིས་ང་ལུ་འདོད་པ་མ་བཙོང་ཟེར་མ་གསུང་པ་ཅིན་ འདོད་པ་བཙོང་ནི་འདི་ སྡིག་པ་ཨིན་ཟེར་ ང་གིས་ག་དེ་སྦེ་ཤེས་ནི་སྨོ། 8 བཀའ་ཁྲིམས་ནང་ལུ་འདོད་པ་མ་བཙོང་ཟེར་བའི་རྒྱུད་ལས་སྦེ་ སྡིག་པ་གིས་གོ་སྐབས་ཐོབ་སྟེ་ ངེ་གི་སེམས་ཁར་ལུ་འདོད་པ་ ལྷམ་པ་མ་འདྲཝ་བསྐྱེད་དེ་འོང་ཡི་ དེ་འབདཝ་ད་ བཀའ་ཁྲིམས་འདི་མེད་པ་ཅིན་ སྡིག་པ་གིས་ཁྲིམས་ལས་འགལ་དགོ་ཟེར་འདོད་པ་མི་བསྐྱེད། 9 ང་གིས་བཀའ་ཁྲིམས་ཧ་མ་གོ་བའི་སྐབས་ལུ་ ང་ཀྲིག་ཀྲི་སྦེ་སྡོད་ཅི་ དེ་འབདཝ་ད་ བཀའ་ཁྲིམས་ནང་དེ་སྦེ་མ་འབད་ཟེར་ཧ་གོ་བའི་བསྒང་ལས་ སྡིག་པ་འབད་ནི་གི་སེམས་འོངས་ཏེ་ སྡིག་པའི་དབང་ལུ་གླགས་ཁེལ་མ་ཚུགས་པར་ བཀའ་ཁྲིམས་ཀྱིས་ང་ལུ་ཆདཔ་གཏང་ཡི་ཟེར་ ང་གིས་ཤེས་ཅི། 10 དེ་ལས་ང་ལུ་ཚེ་གི་ལམ་སྟོན་དགོ་མི་བཀའ་འདི་གིས་རང་ ཚེ་གི་ཚབ་མ་ལུ་འཆི་བ་གི་ལམ་ལུ་སྐྱེལ་ཡི། 11 ག་ཅི་སྨོ་ཟེར་བ་ཅིན་ སྡིག་པ་གིས་ བཀའ་གི་རྒྱུད་ལས་སྦེ་གོ་སྐབས་ཐོབ་སྟེ་ ང་ལུ་མགུ་བསྐོར་བརྐྱབས་ཏེ་ བསད་བཀོག་དོཝ་བཟུམ་སྦེ་སོང་ཡི། 12 དེ་སྦེ་ཨིན་ཏེ་འབད་རུང་ བཀའ་ཁྲིམས་འདི་དམ་པ་ཨིནམ་མ་ཚད་ འདི་ནང་ཡོད་མི་ཁྲིམས་འདི་ཚུ་ ག་ར་དམ་པ་དང་དྲང་པོ་ དེ་ལས་བཟང་པོ་ཡང་ཨིན།། 13 དེ་གིས་འབད་ ང་ལུ་ཤི་ས་ལུ་སྐྱེལ་མི་འདི་ ཁྲིམས་ཨིན་པ་ཅིན་ འདི་ལུ་ག་དེ་སྦེ་ལེགས་ཤོམ་བརྩི་ནི་སྨོ་ དེ་སྦེ་སླབ་ནི་མེན་ ང་གིས་འབད་མི་སྡིག་པ་འདི་གིས་ བཀའ་ཁྲིམས་ལེགས་ཤོམ་ལག་ལེན་འཐབ་སྟེ་ ཤི་སར་སྐྱེལཝ་ད་ ང་གིས་འབད་མི་འདི་ ཐད་རི་བ་རི་རང་ སྡིག་པ་སྦེ་འཐོན་ནུག་ བཀའ་ཁྲིམས་ལེགས་ཤོམ་འདི་གི་རྒྱུད་ལས་ སྡིག་པའི་ལཱ་འདི་ ག་ཅི་དེས་ཅིག་ཟོགཔོ་སྦེ་སྟོན་ནུག 14 བཀའ་ཁྲིམས་འདི་ ཐུགས་ཉིད་ཀྱི་རང་བཞིན་ལས་བྱུངམ་ ང་བཅས་ཀྱི་ཤེས་ དེ་འབདཝ་ད་ ང་ལུ་སྡིག་པའི་རང་བཞིན་ཡོད་ནི་དེ་གིས་ ང་སྡིག་པའི་རྒྱོབོ་རྒྱམོ་གཅིག་ཨིན་ཟེར་ཤེས། 15 ང་གིས་ག་འབད་དགོ་མནོ་མི་དེ་ ང་གིས་མི་འབད་ དེ་འབདཝ་ད་ ང་གིས་ག་འབད་མ་བཏུབ་མི་དེ་ ང་གིས་འབདཝ་ཨིན་ ང་ག་ཅི་འབདཝ་ཨིན་ན་ ང་རང་མ་ཤེས། 16 དེ་འབདཝ་ད་ ང་གིས་ག་འབད་མི་འདི་ འཛོལ་བ་ཨིནམ་ཤེས་པ་ཅིན་ ང་གིས་བཀའ་ཁྲིམས་འདི་ ལེགས་ཤོམ་གཅིག་ཨིན་ཟེར་ ཁ་བཟེད་དོཝ་བཟུམ་སྦེ་ཨིན། 17 དེ་གིས་འབད་ ང་གིས་མ་དགའ་མི་འབད་མི་འདི་ ང་རང་གིས་འབད་དགོ་མནོ་སྟེ་མེན་པར་ ངེ་གི་ནང་ཡོད་མི་སྡིག་པའི་འདོད་པ་འདི་གིས་འབདཝ་ཨིན་མས། 18 རང་བཞིན་རྙིང་པའི་ལུས་ནང་ལེགས་ཤོམ་གཅིག་ཡང་མེད་ཟེར་ང་གིས་ཤེས་ ག་ཅི་སྨོ་ཟེར་བ་ཅིན་ ག་ཅི་ལེགས་ཤོམ་ཨིན་ན་ འདི་ཚུ་འབད་དགོ་མནོ་བའི་རེ་བ་ཡོད་དེ་འབད་རུང་ ང་གིས་འབད་མི་ཚུགས་པས། 19 ང་གིས་ལེགས་ཤོམ་འབད་དགོ་མནོ་སྟེ་འབད་རུང་ རྩ་ལས་རང་འབད་མི་ཚུགས་པས་ དེ་ལས་འཛོལ་བ་འདི་ ང་གིས་རྩ་ལས་རང་མི་འབད་ཟེར་ རྩ་འགེངས་ཏེ་འབད་རུང་ འདི་འབད་དེ་རང་འགྱོཝ་ཨིན། 20 དེ་འབདཝ་ལས་བརྟེན་ཏེ་ ང་གིས་མ་དགའ་མི་འབད་མི་འདི་ ང་གིས་འབད་དགོ་མ་མནོ་རུང་ ངེ་གི་ལུས་ནང་སྡོད་མི་སྡིག་པ་འདི་གིས་འབདཝ་ཨིན་མས། 21 མི་ཚེ་གི་ཉམས་མྱོང་ལྟར་དུ་འབད་བ་ཅིན་ ཕྲང་འབད་ནི་གི་རེ་བ་བསྐྱེད་དེ་འབད་ནི་འབདཝ་ད་ ངན་པ་དེ་ ངེ་གི་སྦོ་ལོགས་ཁར་ ཀྲིག་ཀྲི་སྦེ་སྡོདཔ་མས། 22 དཀོན་མཆོག་གི་བཀའ་ཁྲིམས་ལུ་ སེམས་ཀྱི་རྟིང་ལས་རང་དགའ་སྦེ་ འདི་ལུ་ཉན་ཏེ་སྡོད་དགོ་མནོ་ཡི། 23 དེ་འབདཝ་ད་ སྡིག་པའི་ཁྲིམས་དེ་གིས་ ངེ་གི་ནང་འཁོད་ནང་ལཱ་འབད་དེ་ ངེ་གི་སེམས་ནང་ཡོད་མི་དཀོན་མཆོག་གི་ཁྲིམས་དང་གཅིག་ཁར་འཐབ་འཛིང་འབདཝ་ཨིན་མས་ ཨ་ནི་སྡིག་པའི་ཁྲིམས་འདི་གིས་ ངེ་གི་སེམས་ནང་ཡོད་མི་ཁྲིམས་འདི་ལས་རྒྱལ་ཁ་ཐོབ་སྟེ་ འདོད་པ་གི་དབང་དུ་གཏང་སྟེ་ ང་ལུ་སྡིག་པའི་འོག་ལུ་བཙུགསཔ་ཨིན་ཟེར་ ང་གིས་ཧ་གོ་ཡི། 24 ཨ་ཁའི་ང་སྐྱོ་མི་སྐྱོ་ འཆི་བ་དང་སྡིག་པ་གིས་ དབང་མིའི་མི་ཚེ་འདི་ལས་ ག་གིས་སྐྱབས་འབད་ནི་སྨོ། 25 ང་བཅས་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་རྒྱུད་ལས་སྦེ་ དཀོན་མཆོག་གིས་ང་ལུ་སྐྱབས་མཛད་ནི་ཨིན་ འདི་གི་དོན་ལས་རང་ ང་གིས་ཁོ་ལུ་བཀའ་དྲིན་ཆེ་ཟེར་ཞུཝ་ཨིན། ད་རུང་ངེ་གི་སེམས་ དོན་ལས་རང་ དཀོན་མཆོག་གི་བཀའ་ཁྲིམས་ལུ་ཕྱག་ཞུ་དགོ་མནོ་སྟེ་འབད་རུང་ ངེ་གི་ལུས་ནང་ཡོད་མི་རང་བཞིན་རྙིངམ་གི་འདོད་པ་འདི་ཚུ་གིས་ ང་ལུ་སྡིག་པའི་འོག་ལུ་རྒྱོབོ་སྦེ་བཙུགསཔ་ཨིན།།
1 དེ་སྦེ་འབདཝ་ད་ ཁིརཱིས་ཡེ་ཤུ་ནང་ཡོད་མི་ཚུ་ལུ་སྡིག་པའི་ཉེས་ཁྲིམས་མི་བསྐྱལ། 2 ག་ཅི་སྨོ་ཟེར་བ་ཅིན་ ཚེ་གནང་མི་ཐུགས་ཉིད་ཀྱི་དབང་འདི་གིས་ ཁིརཱིས་ཡེ་ཤུ་གི་རྒྱུད་ལས་ ང་ལུ་སྡིག་པ་དང་འཆི་བ་གི་དབང་ལས་སྐྱབས་མཛད་གནང་ཡི། 3 ལུས་ཀྱི་རང་བཞིན་འདོད་པའི་དབང་དུ་གཏང་སྟེ་ བཀའ་ཁྲིམས་ལུ་ སྡིག་པའི་དབང་ལུ་གླགས་ཁེལ་མ་ཚུགས་མི་ཤུགས་ག་ནི་ཡང་མེད་པར་ བཀའ་ཁྲིམས་ཀྱིས་འབད་དགོ་མི་འདི་ དཀོན་མཆོག་གིས་མཛད་གནང་ཡི་ དཀོན་མཆོག་གིས་ཁོ་རའི་སྲས་ མིའི་ལུས་ལུ་བྱོན་གནང་བའི་རྒྱུད་ལས་ སྡིག་པའི་དབང་ག་ར་མེདཔ་གཏང་གནང་ཡི། 4 དེ་འབདཝ་ལས་ ང་བཅས་ལུས་ཀྱི་རང་བཞིན་ལྟར་དུ་སྡོདཔ་མེན་པར་ ཐུགས་ཉིད་ཀྱི་རང་བཞིན་ལྟར་དུ་སྡོད་པ་ཅིན་ བཀའ་ཁྲིམས་དང་བསྟུན་ཏེ་འབད་དགོ་མི་འདི་ཚུ་ ང་བཅས་ཀྱིས་འབད་ཚུགསཔ་ཨིན། 5 ལུས་དང་བསྟུན་ཏེ་སྡོད་མི་ཚུ་གིས་ ལུས་ཀྱི་སྐོར་ལས་རང་མནོ་བསམ་གཏང་སྟེ་སྡོདཔ་ཨིན་ དེ་འབདཝ་ད་ ཐུགས་ཉིད་དང་བསྟུན་ཏེ་སྡོད་མི་ཚུ་གིས་ ཐུགས་ཉིད་ཀྱི་སྐོར་ལས་རང་ མནོ་བསམ་གཏང་སྟེ་སྡོདཔ་ཨིན། 6 ལུས་ཀྱི་འདོད་པའི་དབང་དུ་གཏང་མི་སེམས་འདི་གིས་ མི་ཚུ་འཆི་བ་ལུ་འཁྱིད་འོང་ དེ་འབདཝ་ད་ ཐུགས་ཉིད་ཀྱི་དབང་དུ་གཏང་མི་སེམས་ཀྱི་རྒྱུད་ལས་ མི་ཚུ་གིས་ཚེ་མཐའ་མེདཔ་དང་ཞི་བདེ་ཐོབ་ནི་ཨིན། 7 ག་ཅི་སྨོ་ཟེར་བ་ཅིན་ ལུས་ཀྱི་འདོད་པའི་དབང་དུ་གཏང་མི་སེམས་འདི་ དཀོན་མཆོག་གི་དགྲ་ཨིན་ འདི་གིས་ དཀོན་མཆོག་གི་ཁྲིམས་ཀྱི་འོག་ལུ་མི་སྡོད་ ཁོ་གིས་སྡོད་ཡང་མི་ཚུགས། 8 ལུས་ཀྱི་འདོད་པའི་དབང་དུ་གཏང་མི་ཚུ་གིས་རྩ་ལས་རང་ དཀོན་མཆོག་ཐུགས་དགྱེསཔ་བཟོ་མི་ཚུགས། 9 དེ་ལས་དཀོན་མཆོག་གི་ཐུགས་ཉིད་འདི་ ཁྱེད་ནང་ཐད་རི་བ་རི་བཞུགས་ཡོད་པ་ཅིན་ ཁྱེད་ལུས་ཀྱི་འདོད་པའི་དབང་དུ་གཏངམ་མེན་པར་ ཐུགས་ཉིད་ཀྱི་དབང་དུ་གཏང་སྟེ་སྡོདཔ་ཨིན་ དེ་འབདཝ་ད་ ཁིརཱིས་ཀྱི་ཐུགས་ཉིད་འདི་ ཁྱེད་ནང་མ་བཞུགས་པ་ཅིན་ ཁྱེད་ཁིརཱིས་ཀྱི་མེན། 10 ཁྱེད་ཀྱི་ལུས་ནང་ སྡིག་པ་གིས་ལཱ་འབད་དེ་ དཀོན་མཆོག་གི་ཐུགས་དགྱེས་པའི་ཁེ་རྒོ་མེད་རུང་ ཁིརཱིས་ཁྱེད་ནང་བཞུགས་ཡོད་པ་ཅིན་ དཀོན་མཆོག་གིས་ཁྱེད་ལུ་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་བའི་རྒྱུད་ལས་ ཁྱེད་ཀྱི་སེམས་འདི་ལུ་ དཀོན་མཆོག་གི་ཐུགས་དགྱེས་བའི་ཤུགས་ཡོད། 11 ཡེ་ཤུ་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་གནང་མི་དཀོན་མཆོག་གི་ ཐུགས་ཉིད་ཁྱེད་ནང་བཞུགས་ཏེ་ ཁྱེད་ཀྱི་སེམས་ལུ་ཤུགས་གནང་དོཝ་བཟུམ་སྦེ་ ཁེ་རྒོ་མེད་པའི་ལུས་ལུ་ཡང་ དཀོན་མཆོག་གི་ཐུགས་དགྱེས་པའི་ཤུགས་གནང་འོང་། 12 སྤུན་ཆ་ཚུ་ དེ་འབདཝ་ལས་ ང་བཅས་འགན་ཁག་འབག་དགོ་མི་ཚུ་ཨིན་ དེ་འབདཝ་ད་ ལུས་ཀྱི་འདོད་པའི་ལྟར་དུ་སྡོད་དེ་ འདི་ཚུ་གིས་ག་འབད་ཟེར་མི་འགན་ཁག་འདི་མེན། 13 (ག་ཅི་སྨོ་ཟེར་བ་ཅིན་ ལུས་ཀྱི་འདོད་པའི་དབང་དུ་གཏང་སྟེ་འབད་བ་ཅིན་ ཁྱེད་ཤི་བའི་ལམ་ལུ་ཁྱིད་འོང་།) དེ་འབདཝ་ད་ ཐུགས་ཉིད་ཀྱིས་ག་འབད་ཟེར་མི་འགན་ཁག་འབག་བ་ཅིན་ རང་བཞིན་རྙིངམ་གི་ལཱ་ངན་པ་འདི་ཚུ་ལས་བཀག་སྟེ་ ཁྱེད་ཀྱིས་ཚེ་མཐའ་མེདཔ་ཐོབ་འོང་། 14 ག་ར་འབད་རུང་ དཀོན་མཆོག་གི་ཐུགས་ཉིད་ཀྱིས་ལམ་སྟོན་ནང་འགྱོ་བ་ཅིན་ ཁོང་ག་ར་ལུ་ དཀོན་མཆོག་གི་སྲས་དང་སྲསམོ་སྦེ་མཛད་གནངམ་ཨིན། 15 དཀོན་མཆོག་གིས་ཁྱེད་ལུ་གནང་མི་འདི་ རྒྱོབོ་བཟུམ་སྦེ་འདྲོག་ནི་གི་སེམས་གནངམ་མེན་ དེ་འབདཝ་ད་ དཀོན་མཆོག་གིས་ཁྱེད་ལུ་ ཁོ་གི་སྲས་དང་སྲསམོ་མཛད་དེ་ ཁོ་ལུ་ ཨབ་བ་ ཨ་པ་ཟེར་འབོ་ཐག་ཆོད་པའི་དབང་ཚད་གནངམ་ཨིན། 16 ཐུགས་ཉིད་དང་ང་བཅས་ཀྱི་སེམས་གཅིག་སྦེ་མཐུན་ཏེ་ ང་བཅས་ཐད་རི་བ་རི་ དཀོན་མཆོག་གི་སྲས་དང་སྲསམོ་ཨིན་ཟེར་གསུངམ་ཨིན། 17 ང་བཅས་དཀོན་མཆོག་གི་སྲས་དང་སྲསམོ་ཨིན་པ་ཅིན་ ཁོ་གི་རྒྱུ་ནོར་ལས་བགོ་བཤའ་ཐོབ་ནི་ཨིན་ ད་རུང་ཁོ་གི་སྲས་ཁིརཱིས་དང་གཅིག་ཁར་ སྡུག་བསྔལ་མྱོང་པ་ཅིན་ ཁོ་དང་འདྲན་འདྲ་ དཀོན་མཆོག་གི་རྒྱུ་ནོར་ལས་ བགོ་བཤའ་ཐོབ་ནི་ཨིནམ་མ་ཚད་ ང་བཅས་ཁོ་དང་འདྲན་འདྲ་སྦེ་ གཟི་བརྗིད་དང་ལྡནམ་སྦེ་འགྱུར་འོང་།། 18 ང་བཅས་ཤུལ་ལས་མངོན་པར་འགྱུར་མི་ གཟི་བརྗིད་དང་འཕྱད་པ་ཅིན་ ད་ལྟོ་ང་བཅས་ཀྱི་སྡུག་བསྔལ་མྱོང་མི་འདི་ ག་ནི་ཡང་མེན་ཟེར་ ང་བཅས་ཀྱིས་ཆ་བཞགཔ་ཨིན། 19 དཀོན་མཆོག་གི་སྲས་དང་སྲསམོ་གི་གཟི་བརྗིད་ཀྱི་རང་བཞིན་ངོ་མ་འདི་ ནམ་ཕྱི་ཁར་འཐོན་འོང་ག་ཟེར་ དཀོན་མཆོག་གིས་མཛད་ཡོད་མི་ག་ར་གིས་ རེ་བ་བསྐྱེད་དེ་སྒུག་སྡོདཔ་ཨིན། 20 དེ་ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་མཛད་ཡོད་མི་ག་ར་ དུས་རྟག་བུ་མ་སྡོད་པར་མེདཔ་ཐལ་འགྱོ་འོང་ དེ་སྦེ་འགྱོ་དགོཔ་དེ་ མཛད་ཡོད་མི་གི་འདོད་པ་ལྟར་དུ་མེན་པར་ དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ཨིན་ དེ་འབདཝ་ད་ དཀོན་མཆོག་གིས་འདི་ཚུ་ལུ་ མེདཔ་ཐལ་འགྱོ་དགོཔ་ལས་ཐར་པ་གནང་ནི་དང་ ཁོ་གི་སྲས་དང་སྲསམོ་དང་གཅིག་ཁར་ གཟི་བརྗིད་དང་ལྡནམ་སྦེ་འགྱུར་ནི་གི་རེ་བ་གནང་ནུག 22 ཨམ་སྲུ་ཨ་ལོ་སྐྱེ་བའི་ན་ཟུག་གིས་འཁུན་དོཝ་བཟུམ་སྦེ་ དུས་ད་རེས་ཚུན་ཚོད་ དཀོན་མཆོག་གིས་མཛད་ཡོད་མི་ཚུ་ཡང་ སྡུག་བསྔལ་ལས་ཐར་བའི་དོན་ལུ་ སྡུག་ནང་མཁུན་ཏེ་ རེ་བ་བསྐྱེད་སྡོད་མི་དེ་ ང་བཅས་ཀྱི་ཤེས། 23 དཀོན་མཆོག་གིས་མཛད་ཡོད་མི་ཚུ་རྐྱངམ་གཅིག་མེན་པར་ ང་བཅས་ཀྱིས་ ཐུགས་ཉིད་འདི་གསོལ་རས་དང་པ་སྦེ་ཐོབ་མི་ཚུ་གིས་ཡང་ ད་ལྟོ་གི་ན་ཟུག་དང་སྡུག་བསྔལ་ལས་ཐར་བའི་དོན་ལུ་ སྡུག་ནང་འཁུན་ཏེ་སྒུག་སྡོདཔ་ཨིན་ དེ་འབདཝ་ད་ ཉིནམ་གཅིག་གི་ཚེ་དཀོན་མཆོག་གིས་ ང་བཅས་ལུ་ཞིང་ཁམས་ཀྱི་ལུས་གནང་བའི་རྒྱུད་ལས་ ང་བཅས་ཁོ་གི་བུ་ཚབ་ཨིན་ཟེར་སྟོན་གནང་འོང་། 24 ང་བཅས་ལུ་སྐྱབས་མཛད་པའི་བསྒང་ལས་རང་ ཨ་ནི་རེ་བ་ཏན་ཏན་དེ་ལུ་སྒུག་སྡོདཔ་ཨིན་ དེ་འབདཝ་ད་ མིག་ཏོ་གིས་མཐོང་མི་རེ་བ་འདི་ རེ་བ་ཨིན་རང་མེན་ ག་ཅི་སྨོ་ཟེར་བ་ཅིན་ ཐོབ་ཚར་མི་འདི་ལུ་ ག་གིས་རེ་བ་བསྐྱེད་སྡོད་ནི་སྨོ། 25 དེ་འབདཝ་ད་ ཨ་ནི་རེ་བ་འདི་ མི་གིས་མ་མཐོང་མི་གཅིག་ཡོདཔ་ལས་ ང་བཅས་བཟོད་པ་བསྒོམས་ཏེ་སྒུག་སྡོདཔ་ཨིན། 26 འདི་བཟུམ་སྦེ་ ང་བཅས་ལུ་ཁེ་རྒོ་མེད་པའི་བསྒང་ལས་ ཚིག་ཡང་སླབ་མ་ཚུགས་མི་སྐད་ཀྱིས་ སྡུག་ནང་འཁུན་ཏེ་ ཐུགས་ཉིད་ཀྱིས་ང་བཅས་ལུ་ཆ་རོགས་འབད་དེ་ ཁོ་རང་གིས་ང་བཅས་ཀྱི་དོན་ལུ་ གསོལཝ་བཏབ་གནངམ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་སྨོན་ལམ་ག་དེ་སྦེ་བཏབ་དགོ་ག་ མ་ཤེས་པར་སྡོདཔ་ཨིན། 27 མི་ག་ར་གི་སེམས་མཁྱེན་མི་དཀོན་མཆོག་གིས་ ཐུགས་ཉིད་ཀྱི་ཐུགས་བསམ་ཡང་མཁྱེན་ ཐུགས་ཉིད་ཀྱི་ཐུགས་བསམ་འདི་ དཀོན་མཆོག་གི་ཐུགས་དགོངས་དང་བསྟུན་ཏེ་ ཁོ་རའི་དམ་པའི་མི་ཚུ་གི་དོན་ལུ་ སྨོན་ལམ་གནངམ་ཨིན། 28 དཀོན་མཆོག་ལུ་དགའ་མི་ཚུ་གི་དོན་ལུ་ སྐྱིད་སྡུག་ལེགས་ངན་ ག་ཅི་རང་འབྱུང་རུང་ འདི་ཚུ་དཀོན་མཆོག་གིས་ ལེགས་ཤོམ་གྱི་དོན་ལུ་མཛདཔ་ཨིན་ཟེར་ང་བཅས་ཀྱི་ཤེས་ ཁོང་ཆ་ཁྱབ་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་འབོ་འབོཝ་ཨིན། 29 དཀོན་མཆོག་གིས་ཁོ་རའི་མི་འདི་ཚུ་ ཧེ་མ་ལས་ངོ་མཁྱེན་ཏེ་ ཁོང་ལུ་ཁོ་རའི་སྲས་འདི་གི་རང་བཞིན་བཟུམ་སྦེ་མཛད་ནི་གི་དོན་ལུ་ ཁོང་ལུ་བཙག་འཐུ་མཛད་གནང་ནུག་ དེ་གིས་འབད་ ཁོ་གི་སྲས་ ཁོང་གི་གྲལ་ལས་ འགོ་སྐྱེས་སྦེ་བྱུང་ཡི། 30 དཀོན་མཆོག་གིས་བཙག་འཐུ་མཛད་གནང་མི་ཚུ་ལུ་ ཁོ་རང་གིས་འབོ་ཅི་ ཁོ་གིས་འབོ་ཚར་མི་ཚུ་ལུ་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་ཡི་ དེ་ལས་འདི་ཚུ་ལུ་ གཟི་བརྗིད་དང་ལྡནམ་སྦེ་མཛད་ནི་ཨིན།། 31 དེ་སྦེ་ཨིན་པ་ཅིན་ ཨ་ནི་ལོ་རྒྱུས་དེ་ལུ་ ང་བཅས་ཀྱིས་ག་ཅི་སླབ་ནི་ དཀོན་མཆོག་ང་བཅས་ཀྱི་ཁ་ཐུག་ལུ་ཡོད་པ་ཅིན་ ང་བཅས་ལུ་ག་གིས་དགྲ་འབད་ཚུགས། 32 དཀོན་མཆོག་གིས་ ཁོ་རའི་སྲས་གཅིགཔ་འདི་ལུ་མ་བཞག་པར་ ང་བཅས་ག་ར་གི་དོན་ལུ་གནང་ཚར་བ་ཅིན་ གཞན་ག་ར་ སྲས་དང་གཅིག་ཁར་མ་གནང་པར་ བཞག་འོང་ག། 33 ཁོ་རང་གིས་བཙག་འཐུ་མཛད་གནང་མི་ཚུ་ལུ་ ག་གིས་སྐྱོན་བཏགས་ཚུགས་ནི་སྨོ་ ག་གིས་ཡང་བཏགས་མི་ཚུགས་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁོ་རའི་མི་ཚུ་ལུ་ ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནངམ་ཨིན། 34 ཁིརཱིས་ཡེ་ཤུ་ང་བཅས་ཀྱི་དོན་ལུ་གཤགས་ནུག་ དེ་འབདཝ་ད་ འདི་ལས་ཡང་དྲགཔ་སྦེ་ ཁོ་སྐུ་གསོན་པོ་སྦེ་བཞེངས་ཏེ་ དཀོན་མཆོག་གི་ཕྱག་གཡས་པའི་ཁ་ཐུག་ལུ་བཞུགས་ཏེ་ ང་བཅས་ཀྱི་དོན་ལུ་ གསོལཝ་བཏབ་སྦེ་བཞུགསཔ་ཨིན་ དེ་གིས་འབད་ ང་བཅས་ལུ་ཁྲིམས་སྐྱེལ་མི་ག་ཡོདཔ། 35 ཁིརཱིས་ཀྱི་བྱམས་པ་ལས་ ང་བཅས་ལུ་ ག་གིས་རང་ས་འཕྱལ་ཚུགས་ནི་སྨོ་ དཀའ་ངལ་སྡུག་བསྔལ་དང་ གནོད་འཚེ་དང་ མུ་གེ་བྱུང་སྟེ་ལྟོཝ་བཀྱེསཔ་དང་ བགོ་ལ་གྱོན་ནི་མེདཔ་དང་ ཉེན་ཁ་ག་ཅི་རང་འབྱུངམ་ད་ མཚོན་ཆ་གི་འོག་ལུ་ཤི་ནི་ འདི་ཚུ་ག་ར་གིས་ ཁིརཱིས་ཀྱི་བྱམས་པ་དང་ཁ་འཕྱལ་ཚུགས་ག། 36 དཀའ་ངལ་སྡུག་བསྔལ་མྱོང་ནི་ཟེར་ གསུང་རབ་ནང་ དེ་སྦེ་བྲིས་ཏེ་ཡོད། དམར་མཁནམ་གིས་ལུག་བསད་དོཝ་བཟུམ་སྦེ་ ང་བཅས་ལུ་ཉིནམ་རེ་འཆར་རང་ ནཱ་གི་དོན་ལུ་བསད་དོ་ དམར་མཁནམ་གི་བསད་མིའི་ལུག་བཟུམ་སྦེ་ ང་བཅས་ལུ་རྩི་དོ། 37 ཨ་ནི་དེ་ཚུ་ འབྱུང་རང་འབྱུང་དགོཔ་ཨིན་རུང་ ང་བཅས་ལུ་བྱམས་པ་མཛད་མི་ཁིརཱིས་ཀྱི་རྒྱུད་ལས་སྦེ་ ང་བཅས་ཡང་ འདི་ཚུ་ག་ར་ལས་ རྒྱལ་ཁ་ཐོབ་ཚརཝ་ཨིན། 38 ག་ཅི་སྨོ་ཟེར་བ་ཅིན་ འཆི་བ་འབད་རུང་ ཚེ་སྲོག་འབད་རུང་ ཕོ་ཉ་འབད་རུང་རང་ འདྲེ་གདོན་འབད་རུང་རང་ ད་ལྟོ་གི་གནས་སྟངས་འབད་རུང་རང་ མ་འོང་པའི་གནས་སྟངས་འབད་རུང་རང་ དབང་ཤུགས་འབད་རུང་རང་། 39 ས་གནས་མཐོ་བ་འབད་རུང་རང་ ས་གནས་དམའ་བ་འབད་རུང་རང་ དཀོན་མཆོག་གིས་མཛད་ཡོད་མི་ ག་འདི་འབད་རུང་རང་ འདི་ཚུ་གིས་ ང་བཅས་ཆ་ཁྱབ་དཀོན་མཆོག་གི་བྱམས་པ་ལས་ཁ་འཕྱལ་མི་ཚུགས་ཟེར་ ང་བཅས་ཀྱིས་ཐད་རི་བ་རི་ཤེས་ ཨ་ནི་བྱམས་པ་འདི་ ང་བཅས་ཀྱི་གཙོ་བོ་ཁིརཱིས་ཡེ་ཤུ་གི་ཐོག་ལས་བཏོན་གནངམ་ཨིན།།
1 ང་གིས་ཤོབ་མ་རྐྱབ་པར་ཕྲང་སླབ་དོ་ ག་ཅི་སྨོ་ཟེར་བ་ཅིན་ ང་གིས་སླབ་མི་དང་ ཐུགས་ཉིད་ཀྱིས་གསུངས་མི་འདི་ གཅིག་སྦེ་མཐུནམ་ཨིནམ་མ་ཚད་ ང་ཁིརཱིས་ཀྱི་ཨིན། 2 ངེ་གི་སེམས་ཁར་གྱི་མྱ་ངན་དང་སྡུག་བསྔལ་དེ་ ནམ་ཡང་དྲག་ནི་མེད་པའི་ན་ཟུག་བཟུམ་སྦེ་ ཟུག་བརྐྱབས་ཏེ་ཡོད། 3 ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་མི་རིགས་ ཡ་ཧུ་ད་པའི་སྤུན་ཆ་ཚུ་སྐྱབས་མཛད་ནིའི་དོན་ལུ་ ང་རང་ཆདཔ་ཕོག་སྟེ་ ཁིརཱིས་དང་ཁ་འབྲལ་སོང་རུང་ ང་ལུ་བློ་འགྱོད་མེད། 4 ཨཱིས་ར་ཨཱེལ་པ་ཚུ་དཀོན་མཆོག་གིས་ཁྱད་པར་ཅན་མཛད་དེ་ཡོད་ ཁོང་དཀོན་མཆོག་གི་སྲས་དང་སྲསམོ་སྦེ་ འོས་འབབ་ཐོབ་མི་ཚུ་ཨིནམ་མ་ཚད་ ཁོང་དཀོན་མཆོག་གི་གཟི་བརྗིད་དེ་ ལོག་ཅི་ལོག་ཅི་མཐོང་མི་ཚུ་ཨིན་ ད་རུང་དཀོན་མཆོག་གིས་ ཁོང་དང་ཞལ་འཆེས་བཞེས་ཏེ་ ཁོང་བཀའ་ཁྲིམས་ཡང་ཐོབ་མི་ཚུ་དང་ དཀོན་མཆོག་ལུ་བསྟོད་པ་གཏང་རག་ཕུལ་ནི་གི་ཁ་བཀོད་ཡང་ཐོབ་མི་ཚུ་དང་ ཁོང་དཀོན་མཆོག་གིས་ཁས་བླངས་ཚར་ལེ་ཤ་བཞེས་གནང་མི་ཚུ་ཡང་ཨིན། 5 ཨབ་ར་ཧམ་དང་ ཨི་སག་དང་ ཡ་ཀོབ་ ཕ་བརྒྱུད་སྙན་གྲགས་ཅན་བརྩིས་མི་ཚུ་ ཁོང་ ཡ་ཧུ་ད་པའི་ཕ་བརྒྱུད་ཚུ་ཡང་ཨིན་ དེ་ལས་དཀོན་མཆོག་གིས་ བཙག་འཐུ་མཛད་མི་ཁིརཱིས་དེ་ ཁོ་རང་གི་སྐུ་ལུས་ཀྱི་རང་བཞིན་འདི་ ཡ་ཧུ་ད་པ་ཨིན་ ཁིརཱིས་འདི་ ག་ར་ལུ་དབང་མི་དཀོན་མཆོག་ཨིན་ དེ་ལས་དུས་རྒྱུན་དུ་ ཁོ་གི་མཚན་ཡར་ཡར་སྙན་གྲགས་འགྱོ་སྟེ་ བསྟོད་པ་གཏང་རག་ཐོབ་པའི་འོས་འབབ་ ཁོ་ལུ་ཡོད་ ཨ་མཱེན། 6 དེ་འབདཝ་ད་ངེ་གི་སྤུན་ཆ་ ཨཱིས་ར་ཨཱེལ་པ་དེ་ཚུ་གིས་ཁིརཱིས་ལུ་ཆ་མ་བཞག་རུང་ དཀོན་མཆོག་གི་ཁས་བླངས་བཞེས་མི་འདི་ཚུ་མ་སྒྲུབ་མིན་འདུག་ ག་ཅི་སྨོ་ཟེར་བ་ཅིན་ཁོང་ ཨཱིས་ར་ཨཱེལ་པ་དེ་ཚུ་ག་ར་ ཡ་ཀོབ་ཀྱི་བུ་བརྒྱུད་ཨིན་རུང་ ཁོང་ལ་ལུ་ཅིག་ དཀོན་མཆོག་གིས་བཙག་འཐུ་གནང་མི་ ཨཱིས་ར་ཨཱེལ་པ་ངོ་མ་མེན་པས། 7 འདི་བཟུམ་སྦེ་ ཨབ་ར་ཧམ་གྱི་རྒྱུད་ལས་སྐྱེས་འོང་མི་བུ་བརྒྱུད་ག་ར་ ཨབ་ར་ཧམ་གྱི་བུ་བརྒྱུད་ངོ་མ་སྦེ་མི་བརྩི་ ག་ཅི་སྨོ་ཟེར་བ་ཅིན་ གསུང་རབ་ནང་དཀོན་མཆོག་གིས་ ཨབ་ར་ཧམ་ལུ་གསུངས་མི་གི་སྐོར་ལས། ཨི་སག་ལས་རྒྱུད་འོང་མི་དེ་རྐྱངམ་གཅིག་ ཁྱོད་ཀྱི་བུ་བརྒྱུད་ངོ་མ་སྦེ་རྩིཝ་ཨིན་ཟེར་ བྲིས་ཏེ་ཡོད། 8 འདི་གི་དོན་དག་དེ་ ཨབ་ར་ཧམ་གྱི་ཤ་རུས་ལས་འོང་མི་བུ་བརྒྱུད་ཚུ་ ཨིན་ཅི་མིན་ཅི་ དཀོན་མཆོག་གི་བུ་སྦེ་བརྩི་མི་ཚུགས་ དེ་འབདཝ་ད་ དཀོན་མཆོག་གིས་ཁས་བླངས་བཞེས་མི་གི་རྒྱུད་ལས་ སྐྱེས་འོང་མི་བུ་ཚུ་རྐྱངམ་གཅིག་ བུ་བརྒྱུད་ངོ་མ་སྦེ་བརྩི་ནི་ཨིན། 9 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁས་བླངས་དེ་སྦེ་བཞེས་ནུག སང་ཕོད་ཀྱི་ལོ་ནང་ དུས་ཚོད་ཨ་ནི་བཟུམ་གཅིག་ཁར་ང་ལོག་འོངམ་ད་ ས་ར་གིས་བུ་གཅིག་ སྐྱེ་སྡོད་འོང་ཟེར་གསུངས་ནུག 10 འདི་གིས་མ་ཚད་ རེ་བེ་ཀ་གིས་ཡང་ ང་བཅས་ཀྱི་ཕ་བརྒྱུད་ ཨི་སག་ལས་ཨ་ལོ་ཆགས་ཏེ་ བུ་མཚེ་མ་སྐྱེས་ནུག 11 བུ་མཚེ་མ་མ་སྐྱེཝ་ལས་ ཁོང་གིས་ལེགས་ཤོམ་དང་ཟོགཔོ་མ་འབད་བའི་ཧེ་མ་ལས་ དཀོན་མཆོག་གིས་ རེ་བེ་ཀ་ལུ། བུ་སྦོམ་ཤོས་ཀྱིས་ ཆུང་ཤོས་ཀྱི་གཡོག་རྒྱུག་འོང་ཟེར་ གསུངས་ནུག་ དེ་སྦེ་གསུངས་མིའི་དོན་དག་དེ་ དཀོན་མཆོག་གིས་བཙག་འཐུ་མཛད་གནང་མི་དེ་ ཁོང་གཉིས་ཀྱིས་འབད་མི་ལྟར་དུ་མེན་པར་ མི་ལུ་འབོ་མི་དཀོན་མཆོག་ ཁོ་རང་གི་འཆར་གཞི་དང་འཁྲིལ་ཏེ་ཨིན། 13 འདི་དང་མཐུནམ་ད། ང་གིས་ ཡ་ཀོབ་ལུ་དགའ་ནི་དང་ ཨི་སཝ་ལུ་མི་དགའ་ཟེར་ གསུང་རབ་ནང་བྲིས་ཏེ་འདུག 14 དེ་སྦེ་ཨིན་པ་ཅིན་ ང་བཅས་ག་ཅི་སླབ་ནི་ དཀོན་མཆོག་དེ་ཉེ་རིང་ཕྱེ་མི་གཅིག་ཨིན་ན་ དེ་སྦེ་མེན། 15 ག་ཅི་སྨོ་ཟེར་བ་ཅིན། ང་གིས་ག་དགའ་མི་ལུ་སྙིང་རྗེ་བསྐྱེད་ནི་ཨིན་ དེ་ལས་ང་གིས་ག་བཙག་འཐུ་འབད་མི་ལུ་ བརྩེ་བ་འབད་ནི་ཨིན་ཟེར་ དཀོན་མཆོག་གིས་ མོ་སཱེས་ལུ་གསུངས་ནུག 16 ཨ་ནི་གསུངས་མི་འདི་ མི་གིས་རྩ་འགེངས་ཏེ་ ལཱ་ལེགས་ཤོམ་འབད་བའི་ཐོག་ལས་མེན་ དེ་འབདཝ་ད་ དཀོན་མཆོག་གིས་སྙིང་རྗེ་བསྐྱེད་པའི་ཐོག་ལས་ཨིན། 17 གསུང་རབ་ནང་དཀོན་མཆོག་གིས་རྒྱལཔོ་ ཕེ་རོ་ལུ་ གསུངས་མི་གི་སྐོར་ལས་ དེ་སྦེ་བྲིས་ཏེ་ཡོད། ང་གིས་ཁྱོད་ལུ་ཡར་འཐེན་མི་གི་དོན་དག་དེ་ ངེ་གི་དབང་ཤུགས་ཁྱོད་ལས་རྒྱུད་དེ་ ག་ར་ལུ་སྟོན་ནི་ཨིནམ་མ་ཚད་ འཛམ་བུ་གླིང་ག་ར་ནང་ངེ་གི་མིང་ དར་ཁྱབ་འགྱོ་ནི་གི་དོན་ལུ་ཨིན། 18 དེ་ལས་ཁོ་གིས་སྙིང་རྗེ་མཛད་དགོ་མནོ་མི་ཚུ་ལུ་མཛད་གནངམ་ཨིན་ དེ་ལས་ཁོ་གིས་སེམས་སྲ་ཀྲག་བཟོ་དགོ་མནོ་མི་ལུ་ སེམས་སྲ་ཀྲག་མཛད་གནངམ་ཨིན། 19 དེ་སྦེ་འབད་བ་ཅིན་ ཁྱེད་ལ་ལུ་གིས་ དཀོན་མཆོག་གིས་ང་བཅས་ལུ་ ག་ཅི་འབད་ཉེས་སྐྱོན་བཏགསཔ་སྨོ་ དཀོན་མཆོག་གི་ཐུགས་དགོངས་ལུ་ ག་གིས་རྒོལ་ཚུགསཔ་ཟེར་སླབ་འོང་། 20 དབའེ་མི་ཁྱོད་ དཀོན་མཆོག་ལུ་ལན་རྐྱབ་ཆོག་ག་ དཔེར་ན་ཅ་ཆས་ཚུ་གིས་ ཁོང་བཟོ་མི་ལུ་ ང་ལུ་ག་ཅི་འབད་ ཨ་ནི་བཟུམ་སྦེ་བཟོཝ་སྨོ་ཟེར་སླབ་འོང་ག། 21 གཅིག་ལས་འབདན་ འདམ་ཨང་གོང་གཅིག་ལས་རང་ གཅིག་འདི་ རྟེན་འབྲེལ་རྩི་སར་ ལག་ལེན་འཐབ་ནི་གི་དོན་ལུ་རྫམ་བཟོ་ནི་དང་ གཞན་འདི་ ཉིན་ལྟར་བཞིན་དུ་ལག་ལེན་འཐབ་ནི་གི་དོན་ལུ་ རྫམ་བཟོ་ནི་འདི་ རྫམ་མཁནམ་ལུ་དབང་ཚད་ཡོད་མེན་ན། 22 འདི་བཟུམ་སྦེ་རང་ དཀོན་མཆོག་གིས་ཆདཔ་ཕོག་དགོ་མི་ཚུ་ལུ་ ཐུགས་ཁྲོ་བོ་སྟོན་གནང་ནི་དང་ རྩ་མེད་གཏང་ནི་དབང་ཤུགས་ཡོད་ཟེར་ ཤེས་བཅུག་ནིའི་ཐུགས་བསམ་ཡོད་དེ་འབད་རུང་ དཀོན་མཆོག་བཟོད་པ་བསྒོམས་ཏེ་བཞུགས་ནུག 23 དེ་སྦེ་བཞུགས་མི་དེ་ ཁོ་རའི་གཟི་བརྗིད་ དེ་ག་ཅི་དེས་ཅིག་སྦོམ་སྟོན་ནི་གི་དོན་ལུ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཧེ་མ་ལས་ ག་ག་ལུ་སྙིང་རྗེ་བསྐྱེད་དོ་ག་ ཨ་ནི་འདི་ཚུ་ལུ་ཆདཔ་མ་གནང་པར་ ཁོ་རའི་གཟི་བརྗིད་ཀྱི་དོན་ལུ་གྲ་སྒྲིག་མཛད་ནུག 24 དེ་ལས་ ཡ་ཧུ་ད་པ་འབད་རུང་རང་ ཕྱིའི་མི་རིགས་འབད་རུང་རང་ དཀོན་མཆོག་གིས་ང་བཅས་ལུ་གྲ་སྒྲིག་མཛད་དེ་འབོ་གནང་ཡི། 25 ལུང་སྟོན་པ་ ཧོ་ཤེ་ཡ་གིས་ དཀོན་མཆོག་གི་གསུངས་མི་གི་སྐོར་ལས། ཧེ་མ་ངེ་གི་མི་མེན་མི་ཚུ་ལུ་ ངེ་གི་མི་སྦེ་བརྩི་ནི་ཨིན་ དེ་ལས་ཧེ་མ་ངེ་གི་གཅེས་གཅེས་ ཕངས་ཕངས་མེན་མི་ལུ་ ངེ་གི་གཅེས་གཅེས་ ཕངས་ཕངས་སྦེ་བརྩི་ནི་ཨིན། 26 ད་རུང་ཧེ་མ་ཚར་གཅིག་ཁོང་ལུ་ ངེ་གི་མི་མེན་ཟེར་གསུངས་ས་ལུ་ ད་ཁོང་གསོན་པོའི་དཀོན་མཆོག་གི་ སྲས་དང་སྲསམོ་སྦེ་བརྩི་ནི་ཨིན་ཟེར་ བྲིས་ཏེ་ཡོད། 27 ཨཱིས་ར་ཨཱེལ་གྱི་སྐོར་ལས་ལུང་སྟོན་པ་ ཨའི་ཟ་ཡ་གིས་སྐད་ཤུགས་སྦེ་བརྐྱབས་ཏེ། ཨཱིས་ར་ཨཱེལ་པ་གི་གྱངས་ཁ་དེ་ རྒྱ་མཚོ་གི་བྱེམ་བཟུམ་སྦེ་ཡོད་རུང་ ཐར་པ་ཐོབ་མི་གི་གྱངས་ཁ་དེ་ ཉུང་སུ་གཅིག་ལས་བརྒལ་མེད། 28 ག་ཅི་སྨོ་ཟེར་བ་ཅིན་གཙོ་བོ་གིས་ འཛམ་བུ་གླིང་གི་མི་ཚུ་ལུ་གནང་མི་ཁྲིམས་འདི་ ཡོངས་སུ་རྫོགསཔ་སྦེ་གནང་ནི་དང་ འདི་ཡང་དེ་འཕྲོ་ལས་རང་མཛད་ནི་ཨིན། 29 ཀུན་དབང་དཀོན་མཆོག་གིས་ ང་བཅས་ཀྱི་དོན་ལུ་ བུ་བརྒྱུད་བཞག་མ་གནང་པ་ཅིན་ ང་བཅས་ཡང་ཁྲོམ་ སོ་དོམ་དང་ གོ་མོ་ར་གི་མི་ཚུ་བཟུམ་སྦེ་རང་ རྩ་མེད་བཏང་བཏངམ་འོང་ཟེར་ ལུང་སྟོན་པ་ ཨའི་ཟ་ཡ་གིས་ལུང་བསྟན་བཤད་ནུག 30 ད་ང་བཅས་ཀྱིས་ག་ཅི་སླབ་ནི་ ཕྱིའི་མི་རིགས་ཚུ་གིས་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་མི་དེ་ མ་འཚོལ་ཏེ་འབད་རུང་ དཀོན་མཆོག་གིས་ཁོང་ལུ་ ཁོ་རའི་ཐུགས་དང་ལྡནམ་ མི་ཕྲངམ་སྦེ་མཛད་གནང་ནུག་ དེ་སྦེ་མཛད་གནང་མི་འདི་ ཁོང་དད་པ་བསྐྱེད་པའི་རྒྱུད་ལས་ཨིན། 31 དེ་འབདཝ་ད་ ཨཱིས་ར་ཨཱེལ་པ་ཚུ་གིས་བཀའ་ཁྲིམས་སྲུང་སྟེ་ ག་དེ་ཅིག་རང་རྩ་འགེངས་ཏེ་འབད་རུང་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་ནི་འདི་ རྩ་ལས་རང་ཐོབ་མ་ཚུགས་པས། 32 ཁོང་གིས་ག་ཅི་འབད་མ་ཐོབ་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་མི་འདི་ དད་པ་གི་རྒྱུད་ལས་སྦེ་མ་འཚོལ་བས་ དེ་འབདཝ་ད་ ཁོང་གིས་ལཱ་ལེགས་ཤོམ་དང་ བཀའ་ཁྲིམས་ཀྱི་སྒོ་ལས་འཚོལ་ཏེ་འགྱོཝ་ད་ རྡོ་གུ་རྐངམ་ཐོགས་ཏེ་འགྱེལ་དོཝ་བཟུམ་སྦེ་ཨིན། 33 ལུང་སྟོན་པ་ ཨའི་ཟ་ཡ་གིས་གསུང་རབ་ནང་ལུ། ཉན་ཤིག་ ང་གིས་ ཟི་ཨཱོན་ལུ་རྡོ་གཅིག་ བཀལ་བཞག་ནི་ཨིན་ ཨ་ནི་རྡོ་འདི་གིས་ མི་ཚུ་གི་ལམ་བཀག་འོང་ དེ་ལས་ཁོང་དེའི་གུ་ལུ་ རྐངམ་ཐོགས་ཏེ་འགྱེལ་འོང་ དེ་འབདཝ་ད་ ཁོ་ལུ་དད་པ་བསྐྱེད་མི་དེ་ ངོ་ཚ་མི་བཅུག་ཟེར་ གསུངས་དོཝ་བཟུམ་སྦེ་རང་བྱུང་ནུག།
1 དབའེ་སྤུན་ཆ་ཚུ་ ཨཱིས་ར་ཨཱེལ་པ་ཚུ་ལུ་སྐྱབས་མཛད་བཅུག་ཟེར་ ངེ་གི་སེམས་ཁར་ལས་འདོད་པ་བསྐྱེད་དེ་ དཀོན་མཆོག་ལུ་ང་གིས་གསོལཝ་བཏབ་ཨིན། 2 ཁོང་གིས་ག་དེ་ཅིག་རང་གཙོ་བོ་བསྟེན་ཏེ་ དཀོན་མཆོག་ལུ་འཚོལ་རུང་ ག་དེ་སྦེ་འཚོལ་ནི་ཨིན་ན་མི་ཤེས་པས་ཟེར་ ང་གིས་ཕྲང་སླབ་ཨིན། 3 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་ནི་གི་ཐབས་ཤེས་ལུ་ཆ་མ་བཞག་པར་ ཁོང་གིས་ཁོང་རའི་ཐབས་ཤེས་གཞན་གཅིག་འཚོལ་འགྱོ་སྟེ་ དཀོན་མཆོག་གི་གནང་མི་ཐབས་ཤེས་ལུ་མ་ཉན་པས། 4 ཁིརཱིས་ཀྱིས་བཀའ་ཁྲིམས་ཀྱི་དོན་དག་ག་ར་སྒྲུབ་ཚར་ཏེ་ ཁོ་ལུ་དད་པ་བསྐྱེད་མི་ག་ར་ལུ་དཀོན་མཆོག་གིས་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་ནི་ཨིན།། 5 བཀའ་ཁྲིམས་ལུ་བརྟེན་ཏེ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་ནི་གི་སྐོར་ལས་ མོ་སཱེས་ཀྱིས་ བཀའ་ཁྲིམས་ག་ར་སྲུང་མི་འདི་གིས་རྐྱངམ་གཅིག་ ཚེ་ཐོབ་ནི་ཨིན་ཟེར་ཧེ་མ་དེ་སྦེ་བྲིས་ནུག 6 དེ་འབདཝ་ད་ དད་པ་ལུ་བརྟེན་ཏེ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་ནི་གི་སྐོར་ལས་ དེ་སྦེ་བྲིས་ཏེ་ཡོད་ ཁྱོད་ཀྱི་སེམས་ནང་དེ་སྦེ་སླབ་ནི་མི་འོང་ ཁིརཱིས་ལུ་ཡར་ཞིང་ཁམས་ལས་མར་ཞུ་ནི་གི་དོན་ལུ་ ཡར་ཞིང་ཁམས་ལུ་འཛེག་འགྱོ་དགོ། 7 ཡང་ན་ ཁིརཱིས་ལུ་ཡར་བཞེང་ནི་གི་དོན་ལུ་མར་ཤི་ས་ལུ་འབབ་འགྱོ་དགོ། 8 དེ་སྦེ་སླབ་ནི་མེན་པར་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་ནི་གི་སྐོར་ལས་ ག་ཅི་བྲིས་ཏེ་ཡོད། དཀོན་མཆོག་གི་གསུང་འདི་ སྦོ་ལོགས་ཁར་སྦེ་ ཁྱོད་ཀྱི་སེམས་དང་ཁ་ནང་ཡོད། འདི་ཁིརཱིས་ལུ་དད་པ་བསྐྱེད་དགོ་པའི་སྐོར་ལས་ ང་བཅས་ཀྱིས་ཁྱབ་བསྒྲགས་འབད་མི་འདི་ཨིན། 9 ག་དེམ་ཅིག་སྦེ་ ཁྱོད་ཀྱིས་ཡེ་ཤུ་ལུ་གཙོ་བོ་ཨིན་ཟེར་ རང་གིས་ཁ་ལས་འཛོམ་དཔང་འབད་དེ་ དཀོན་མཆོག་གིས་ཁོ་ལུ་གཤགས་ས་ལས་སྐུ་གསོན་པོ་བཞེངས་གནང་ཡི་ཟེར་ ཁྱོད་རང་གི་སེམས་ཁར་ལུ་དད་པ་བསྐྱེད་པ་ཅིན་ དཀོན་མཆོག་གིས་ཁྱོད་ལུ་སྐྱབས་མཛད་འོང་། 10 ག་ཅི་སྨོ་ཟེར་བ་ཅིན་ མི་གིས་རང་གི་སེམས་ཁར་ལས་དད་པ་བསྐྱེད་པ་ཅིན་ དཀོན་མཆོག་གིས་ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་ནི་ཨིན་ དེ་ལས་ ཁོ་རང་གི་ཁ་གིས་འཛོམ་དཔང་འབད་བ་ཅིན་ དཀོན་མཆོག་གིས་སྐྱབས་མཛད་ནི་ཨིན། 11 ཁོ་ལུ་དད་པ་བསྐྱེད་མི་ག་ཡང་ ངོ་ཚ་སྟེ་སྡོད་མི་དགོ་ཟེར་གསུང་རབ་ནང་བྲིས་ཏེ་འདུག 12 ཡ་ཧུ་ད་པ་དང་ ཕྱིའི་མི་རིགས་ཚུ་གི་བར་ན་ ཁྱད་པར་ག་ནི་ཡང་མེད་ ག་ཅི་སྨོ་ཟེར་བ་ཅིན་ དད་པ་བསྐྱེད་མི་ག་ར་གི་གཙོ་བོ་དེ་ གཅིག་ཨིན་ དེ་ལས་ཁོ་གི་མཚན་ལུ་འབོ་མི་ག་ར་ལུ་ བྱིན་རླབས་ལེ་ཤ་གནང་འོང་། 13 གསུང་རབ་ནང་བྲིས་དོཝ་བཟུམ་སྦེ་ གཙོ་བོ་གི་མཚན་འབོ་མི་ག་ར་ལུ་ གཙོ་བོ་གིས་སྐྱབས་མཛད་འོང་། 14 དེ་འབདཝ་ད་ མི་དེ་ཚུ་གིས་ཁོ་ལུ་དད་པ་མ་བསྐྱེད་པ་ཅིན་ ག་དེ་སྦེ་སྐྱབས་མཛད་མི་སྦེ་འབོ་ནི་སྨོ་ ཁོ་གི་སྐོར་ལས་རྣ་བ་མ་གོ་བ་ཅིན་ ཁོང་གིས་ག་དེ་སྦེ་དད་པ་བསྐྱེད་ནི་སྨོ་ ཆོས་བཤད་མི་མེད་པ་ཅིན་ ཁོང་གིས་ག་དེ་སྦེ་གོ་ནི་སྨོ། 15 དེ་ལས་གཏང་མིའི་མི་མེད་པ་ཅིན་ ཁོང་གིས་ག་དེ་སྦེ་འགྱོ་སྟེ་ཆོས་བཤད་ནི་སྨོ་ འདི་བཟུམ་སྦེ་གསུང་རབ་ནང་། གཏམ་བཟང་འབག་འོང་མི་རྐངམ་འདི་ ག་དེ་ཅིག་བྱ་ཆི་ཆི་ཨིན་སྨོ་ཟེར་ བྲིས་ཏེ་འདུག 16 དེ་འབདཝ་ད་ མི་མང་ཤོས་ཀྱིས་གཏམ་བཟང་ལུ་ཉན་མི་བཏུབ་པས་ འདི་བཟུམ་སྦེ་ལུང་སྟོན་པ་ ཨའི་ཟ་ཡ་གིས་ གཙོ་བོ་ལགས་ ང་བཅས་ཀྱིས་བཤད་མི་ཆོས་ལུ་ག་གིས་དད་པ་བསྐྱེད་ཅི་ག་ཟེར་གསུངས་ནུག 17 དེ་འབདཝ་ལས་དད་པ་བསྐྱེད་མི་འདི་ ཆོས་གོ་མི་ལས་བརྟེན་ཏེ་ཨིན་ ཆོས་གོ་མི་འདི་ ཁིརཱིས་ཀྱི་སྐོར་ལས་བཤད་མི་ལུ་བརྟེན་ཏེ་ཨིན། 18 དེ་འབདཝ་ད་ཁོང་ ཨཱིས་ར་ཨཱེལ་པ་འདི་ཚུ་གིས་མ་གོཝ་ཨིན་ན་ མེན་ ཁོང་གིས་ཐད་རི་བ་རི་གོ་ནུག་ ག་ཅི་སྨོ་ཟེར་བ་ཅིན། བཤད་མི་ཚུ་གི་སྐད་འདི་ ས་ཆ་ག་ར་ནང་གོ་སྟེ་ཡོད་ ཁོང་གི་ཚིག་ཡང་ འཛམ་བུ་གླིང་གི་མཐའ་མ་ཚུན་ཚོད་ ཁྱབ་སྟེ་ཡོད་ཟེར་ གསུང་རབ་ནང་བྲིས་ཏེ་འདུག 19 ད་རུང་ང་གིས་དྲིས་དོ་ ཨཱིས་ར་ཨཱེལ་པ་འདི་ཚུ་གིས་ དོན་ལས་རང་ཧ་མ་གོཝ་ཨིན་ན་ མེན་ དོན་ལས་རང་ཧ་གོ་ཡི་ འདི་བཟུམ་སྦེ་ མོ་སཱེས་ཀྱིས་དཀོན་མཆོག་གི་ཐོག་ལས། མི་རིགས་གཞན་ལུ་བྱིན་རླབས་གནང་སྟེ་ ཁྱེད་མིག་ཏོ་ཚ་བཅུག་ནི་ དེ་ལས་མི་རིགས་རྩ་རྒས་ཚུ་ལུ་བལྟ་སྟེ་ ཁྱེད་ཙིགཔ་ཟ་བཅུག་ནི་ཟེར་ བྲིས་ཏེ་འདུག 20 དེ་ལས་ད་རུང་ལུང་སྟོན་པ་ ཨའི་ཟ་ཡ་གིས་མ་འདྲོག་པར་ དཀོན་མཆོག་གི་ཐོག་ལས། ང་ལུ་འཚོལ་ར་མ་འཚོལ་མི་ཚུ་གིས་ ང་ལུ་ཐོབ་ཅི་ དེ་ལས་ང་ལུ་དྲི་ར་མ་དྲི་མི་ཚུ་གི་སྦུག་ལུ་ ང་རང་ངོ་སྟོན་ཡི་ཟེར་ གསུངས་ནུག 21 ལུང་སྟོན་པ་ ཨའི་ཟ་ཡ་གིས་དཀོན་མཆོག་གི་ཐོག་ལས། ཉན་ཁུག་མ་བཏབ་མི་དང་རྒོལ་མི་ཚུ་ལུ་ ཉིནམ་རེ་འཆར་རང་ ང་རའི་ལགཔ་ཕར་སྐྱངས་ཏེ་ འབོ་སྡོད་ཅི་ཟེར་ ཨཱིས་ར་ཨཱེལ་པ་ཚུ་གི་སྐོར་ལས་གསུངས་ནུག།
1 དེ་སྦེ་ཨིན་པ་ཅིན་ ང་གིས་ད་རུང་འབྲི་དོ་ དཀོན་མཆོག་གིས་ཁོ་གི་མི་ཚུ་ལུ་དོན་ལས་རང་སྤངམ་ཨིན་ན་ མེན་ ཁོང་ག་ར་ལུ་རྩ་ལས་རང་མ་སྤང་ དཔེར་ན་ང་རང་བཟུམ་གཅིག་ལུ་ཆ་བཞག་རུང་ ང་རང་ ཨབ་ར་ཧམ་གྱི་བུ་བརྒྱུད་ བེན་ཇ་མིན་གྱི་རིགས་བརྒྱུད་ལས་ཨིན་པའི་ ཨཱིས་ར་ཨཱེལ་པ་གཅིག་ཨིན། 2 འདི་བཟུམ་སྦེ་ དཀོན་མཆོག་གིས་ཁོ་རའི་མི་ ཧེ་མ་ལས་ངོ་མཁྱེན་མི་ཚུ་ལུ་མ་སྤང་ ཨེ་ལི་ཡ་གིས་ ཨཱིས་ར་ཨཱེལ་པ་ཚུ་ལུ་བལྟཝ་ད་ སེམས་ཕམ་སྟེ་ དཀོན་མཆོག་ལུ་ཞུ་བ་ཕུལ་མི་གི་སྐོར་ལས་ གསུང་རབ་ནང་གསུངས་ཡོདཔ་ ཁྱེད་ཀྱིས་མ་ཤེས་ག། 3 གཙོ་བོ་ལགས་ ཁོང་གིས་ཁྱོད་ཀྱི་ལུང་སྟོན་པ་ཚུ་ལུ་བསད་ཅི་ དེ་ལས་ནཱ་གི་མཆོདཔ་ཕུལ་སའི་འདི་ བརྡལ་བཀོག་ཡི་ ད་ང་རྐྱངམ་གཅིག་ལུས་ཏེ་ཡོད་ ཁོང་གིས་ང་ལུ་ཡང་བསད་ནི་སྦེ་འཚོལ་དོ་ཟེར་ བྲིས་ཏེ་ཡོད། 4 དེ་འབདཝ་ད་ དཀོན་མཆོག་གིས་ལན་ག་དེ་སྦེ་གསུངས་ཡི་ག་ཟེར་བ་ཅིན་ ལྷ་ བཱལ་ ཟེར་མི་གི་གདོང་ཁར་ཕྱག་མ་འཚལ་མི་ མི་སྟོང་ཕྲག་བདུན་ ང་ལུ་རྐྱངམ་ཅིག་ཕྱག་འཚལ་ནི་སྦེ་བཞག་ཅི། 5 འདི་བཟུམ་སྦེ་རང་ད་རེས་སྐབས་ལུ་ཡང་ དཀོན་མཆོག་གི་ཐུགས་རྗེ་ལས་ བཙག་འཐུ་མཛད་གནང་མི་གྱངས་ཁ་ཉུང་སུ་གཅིག་ཡོད། 6 དེ་འབདཝ་ད་ དཀོན་མཆོག་གི་ཐུགས་དགོངས་དེ་ ལཱ་ལེགས་ཤོམ་ལུ་བརྟེན་ཏེ་མེན་པར་ ཐུགས་རྗེ་ལུ་བརྟེན་ཏེ་ཨིན་ ག་དེམ་ཅིག་སྦེ་ ལཱ་ལེགས་ཤོམ་ལུ་བརྟེན་ཏེ་ཨིན་པ་ཅིན་ ཐུགས་རྗེ་དེ་ཁུངས་མེདཔ་འགྱོ་འོང་། 7 དེ་འབདཝ་ལས་ ཨཱིས་ར་ཨཱེལ་པ་འདི་ཚུ་གིས་འཚོལ་མི་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་ནི་འདི་ ཁོང་གིས་མ་ཐོབ་སྟེ་འབད་རུང་ བཙག་འཐུ་མཛད་གནང་ཡོད་མི་ཚུ་གིས་ཐོབ་ཅི་ དེ་ལས་ཁོང་ལྷག་ལུས་མི་ཚུ་གི་སེམས་སྲ་ཀྲག་ལུ་འགྱུར་བཅུག་ནུག 8 འདི་བཟུམ་སྦེ་གསུང་རབ་ནང་། དཀོན་མཆོག་གིས་ཁོང་ལུ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ གཉིད་ཀྱིས་ར་བཟི་དོཝ་བཟུམ་སྦེ་ མིག་ཏོ་མ་མཐོང་ནི་དང་ རྣམ་ཅོག་མ་གོ་ནི་སྦེ་མཛད་གནང་ནུག་ཟེར་ བྲིས་ཏེ་ཡོད། 9 འདི་བཟུམ་སྦེ་རང་ རྒྱལཔོ་ ད་བིད་ཀྱིས། ཁོང་གི་བཟའ་ཁྲི་དེ་མཐོངམ་ད་ ག་ར་ཐོབ་ཅི་ཟེར་བློ་བདེ་སྟེ་ ཁོང་ཧིང་ན་ཚུད་བཅུག་ནུག་ དེ་ལས་ཁོང་རང་གིས་ཐོབ་མི་བྱིན་རླབས་དེ་ ཁོང་རང་རྐངམ་ཐོགས་འགྱེལ་བཅུག 10 མིག་ཏོ་མ་མཐོང་ནི་གི་དོན་ལུ་ཞརཝ་འགྱོ་བཅུག་ དེ་ལས་ཨ་རྟག་རང་གི་དོན་ལུ་ སྐེདཔ་ཡང་མར་བཀུག་འགྱོ་བཅུག་ཟེར་གསུངས་ནུག། 11 དཀོན་མཆོག་གི་མི་ཚུ་ལུ་ རྐངམ་ཐོགས་ཏེ་འགྱེལ་བཅུགཔ་ད་ ལོག་སྟེ་ཡར་རྩ་ལས་ལོང་མི་ཚུགས་ཟེརཝ་ཨིན་ན་ དེ་སྦེ་མེན་ དཀོན་མཆོག་གི་ཁོ་རང་གི་ཐར་པ་འདི་ཧེ་མ་ ཨཱིས་ར་ཨཱེལ་པ་ཚུ་ལུ་གནངམ་ད་ ཁོང་གིས་ཆ་མ་བཞག་པར་འབད་ནི་འདི་གིས་ ཕྱིའི་མི་རིགས་ཚུ་གིས་ཐར་པ་ཐོབ་སྦེ་མཛད་དེ་ ཁོང་ ཨཱིས་ར་ཨཱེལ་པ་ཚུ་ ད་རུང་ཁོང་ལུ་ཡང་དགོ་ཟེར་ མིག་ཏོ་ཚ་བཅུག་ནི་སྦེ་ཨིན་མས། 12 དེ་ལས་ ཨཱིས་ར་ཨཱེལ་པ་ཚུ་གིས་ དཀོན་མཆོག་གི་གནང་མི་ཐར་པ་ལུ་ཆ་མ་བཞག་པའི་རྒྱུད་ལས་སྦེ་ འཛམ་བུ་གླིང་གི་མི་ཚུ་ལུ་བྱིན་རླབས་ཐོབ་ཐོབ་ཨིན་པ་ཅིན་ ཡང་ན་ ཨཱིས་ར་ཨཱེལ་པ་ཚུ་གིས་ཕམ་པའི་རྒྱུད་ལས་སྦེ་ ཕྱིའི་མི་རིགས་ཚུ་གིས་བྱིན་རླབས་ཐོབ་ཐོབ་ཨིན་པ་ཅིན་ ཁོང་ ཨཱིས་ར་ཨཱེལ་པ་གི་གྱངས་ཁ་ཚང་སྟེ་ དཀོན་མཆོག་གི་ཐར་པ་འདི་ལུ་ཆ་བཞག་པ་ཅིན་ འཛམ་བུ་གླིང་ནང་བྱིན་རླབས་ག་དེ་ཅིག་ཐོབ་ནི་ཨིནམ་སྨོ། 13 ད་ང་གིས་སླབ་མི་འདི་ ཁྱེད་ ཕྱིའི་མི་རིགས་ཚུ་གི་དོན་ལུ་ཨིན་ ང་ཁྱེད་ཀྱི་དོན་ལུ་ སྐུ་ཚབ་སྦེ་སྡོདཔ་ད་ ང་རང་གི་ལཱ་འདི་ཁོང་གི་གདོང་ཁ་ལུ་ གཙོ་བོ་བསྟེན་ཏེ་སླབ་ཨིན། 14 འདི་ག་ཅི་སྨོ་ཟེར་བ་ཅིན་ ང་རའི་མི་རིགས་ ཨཱིས་ར་ཨཱེལ་པ་ཚུ་གིས་ ཁྱེད་ཕྱིའི་མི་རིགས་ཚུ་ལུ་བལྟཝ་ད་ མིག་ཏོ་ཚ་སྟེ་ དཀོན་མཆོག་གིས་ཁོང་ལུ་སྐྱབས་མཛད་འོང་ཟེར་བའི་དོན་ལུ་ཨིན། 15 དཀོན་མཆོག་གིས་ཁོང་ལུ་སྤངམ་ད་ འཛམ་བུ་གླིང་གི་མི་ལེ་ཤ་དང་དཀོན་མཆོག་གི་བར་ན་མཐུན་ལམ་བྱུང་ཡི་ དེ་འབདཝ་ད་ དཀོན་མཆོག་གིས་ཁོང་ལུ་ད་རུང་ལོག་ལེནམ་ད་ དེ་ལས་ཡང་དྲགཔ་སྦེ་མི་ག་ར་ ཤི་ས་ལས་ཚེ་ཐོབ་ནི་ཨིན། 16 ཕྱི་བསྣད་བསྣདཝ་གུ་ལས་ཕུད་གཅིག་བཏོག་སྟེ་ དཀོན་མཆོག་ལུ་ཕུལཝ་ད་ དེ་དམ་པ་ཨིན་པ་ཅིན་ གཞན་ག་ར་དམ་པ་སྦེ་འགྱོ་འོང་ འདི་བཟུམ་སྦེ་ ཤིང་གི་ར་ཏོ་དེ་དམ་པ་ཡོད་པ་ཅིན་ དེ་གིས་འབད་ཞལ་ལག་ཚུ་ཡང་དམ་པ་སྦེ་ཐོན་འོང་། 17 དཔེར་ན་ གཡུས་ཁ་གི་ཨ་རུ་ར་ཤིང་གི་ཞལ་ལག་ལ་ལུ་བཏོག་སྟེ་ དེའི་གུ་ ཁྱེད་ནགས་ཚལ་ནང་ན་གི་ཨ་རུ་ར་ཤིང་གི་ཞལ་ལག་ གཡུས་ཁའི་ཨ་རུ་ར་ཤིང་གུ་ མཐུདཔ་ད་ ཁྱེད་གཡུས་ཁ་གི་ཨ་རུ་ར་ཤིང་གི་ར་ཏོ་གི་བཅུད་ལས་བརྟེན་ཏེ་སྡོད་འོང་། 18 དེ་འབདཝ་ལས་ ཁྱེད་ནགས་ཚལ་གྱི་ཞལ་ལག་མཐུད་མི་ཆ་ཁྱབ་ གཡུས་ཁའི་ཞལ་ལག་བཏོགས་མི་ལས་དྲགཔ་སྦེ་ཨིན་ཟེར་ རང་བསྟོད་རྐྱབས་ནི་མི་འོང་ ར་ཏོ་འདི་མཐུད་མི་ཞལ་ལག་ལས་བརྟེན་ཏེ་མི་སྡོད་ མཐུད་མི་ཞལ་ལག་དེ་ར་ཏོ་ལས་བརྟེན་ཏེ་སྡོད་འོང་། 19 ད་རུང་ཁྱེད་ཀྱིས་ ཞལ་ལག་བཏོག་བཀོ་མི་དོན་དག་དེ་ ང་བཅས་ལུ་མཐུད་ནི་སྦེ་ཨིན་མས་ཟེར་སླབ་འོང་། 20 འདི་ཐད་རི་བ་རི་ཨིན་ ཁོང་གིས་དད་པ་མ་བསྐྱེད་པའི་སྒོ་ལས་སྦེ་ ཞལ་ལག་བཏོག་བཏོགཔ་ཨིན་ ཁྱེད་རའི་དད་པ་གིས་འབད་ ཁྱེད་སྒྲིང་སྒྲིང་སྦེ་ལོང་སྟེ་ཡོད་ ཁམས་མ་བཙོང་ དེ་འབདཝ་ད་ ཁྱེད་ལུ་ཡང་བཏོག་བཀོག་འོང་ཟེར་འདྲོགས་ཏེ་སྡོད། 21 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ རང་བཞིན་ལས་སྐྱེས་མི་ཞལ་ལག་འདི་ཚུ་བཏོག་གཏང་པ་ཅིན་ ཁྱེད་མཐུད་བཞག་མི་ལུ་ཡང་བཏོག་གཏང་འོང་། 22 དཀོན་མཆོག་གིས་ཐུགས་རྗེ་གཟིགས་ནི་དང་ ཐུགས་ཁྲོ་བོ་གཉིས་ཆ་རང་མཛད་མི་འདི་ལུ་དྲན་པ་བཏོན་ བཀའ་ལུ་མ་ཉན་མི་ལུ་ཐུགས་ཁྲོ་ནི་ དེ་ལས་ཁྱེད་ཕྱིའི་མི་རིགས་ཚུ་ལུ་ཐུགས་རྗེ་གཟིགས་ནི་ དེ་འབདཝ་ད་ ཁྱེད་ཡང་ཁོ་གི་ཐུགས་རྗེ་འོག་ལུ་མ་སྡོད་པ་ཅིན་ དཀོན་མཆོག་གིས་བཏོག་གཏང་འོང་། 23 དེ་ལས་ད་རུང་ ད་ལྟོ་མ་ཉན་མི་ཚུ་གིས་ལོག་སྟེ་ དད་པ་བསྐྱེད་ནི་འགོ་བཙུགས་པ་ཅིན་ དཀོན་མཆོག་གིས་ཁོང་ལུ་ཡང་ ཤིང་གི་ཞལ་ལག་བཟུམ་སྦེ་མཐུད་བཞག་འོང་ ཁོ་ལུ་དེ་སྦེ་མཛད་ནི་དབང་ཤུགས་ཡོད། 24 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་མ་འདྲཝ་མཛད་མི་ ཁྱེད་ནགས་ཚལ་གྱི་ཨ་རུ་ར་ཤིང་ལས་བཏོགས་ཏེ་ གཡུས་ཁ་གི་ཨ་རུ་ར་ཤིང་གུ་མཐུད་ནི་གི་ཐུགས་བསམ་ཡོད་པ་ཅིན་ རང་བཞིན་ལས་སྐྱེས་མི་ཞལ་ལག་བཏོག་བཀོག་མི་དེ་ ད་རུང་ལོག་སྟེ་མཐུད་ནི་ཐུགས་བསམ་ ག་དེ་ཅིག་བཞེས་བཞུགསཔ་སྨོ།། 25 དབའེ་སྤུན་ཆ་ཚུ་ ཁྱེད་ཆ་ཁྱབ་ཁམས་བཙོང་སྟེ་ ང་རྒྱལ་མ་བསྐྱེད་ནི་གི་དོན་ལུ་ དཀོན་མཆོག་གི་གསང་བ་དེ་ ཁྱེད་ཆ་ཁྱབ་ཀྱིས་ལེགས་ཤོམ་སྦེ་ཧ་གོ་དགོ་ཟེར་ང་གིས་མནོ་ཡི་ ག་ཅི་སྨོ་ཟེར་བ་ཅིན་ ཕྱིའི་མི་རིགས་ཚུ་གི་གྱངས་ཁ་མ་ཚང་ཚུན་ཚོད་ ཨཱིས་ར་ཨཱེལ་པ་ལ་ལུ་ཅིག་སེམས་སྲ་ཀྲག་སྦེ་སྡོད་འོང་། 26 དེ་འབདཝ་ད་ ཁོང་ཕྱིའི་མི་རིགས་ཚུ་གི་གྱངས་ཁ་ཚངམ་ད་ དཀོན་མཆོག་གིས་ ཨཱིས་ར་ཨཱེལ་པ་ཚུ་ལུ་སྐྱབས་མཛད་འོང་ ག་ཅི་སྨོ་ཟེར་བ་ཅིན་གསུང་རབ་ནང་། ཟི་ཨཱོན་ལས་སྐྱབས་མགོན་གཅིག་འབྱོན་འོང་ འདི་གིས་ ཨཱིས་ར་ཨཱེལ་པ་འདི་ཚུ་ལུ་ ཆོས་སེམས་མེད་པའི་ལཱ་ལས་ སེམས་འགྱུར་བཅུག་འོང་། 27 དེ་ལས་ང་གིས་ ཞལ་འཆེས་བཞེས་མི་དང་འཁྲིལ་ཏེ་ ཁོང་གི་སྡིག་པ་ཚུ་དགཔ་བཟོ་ནི་ཨིན་ཟེར་ བྲིས་ཏེ་ཡོད། 28 ད་ལྟོ་འབད་བ་ཅིན་ དཀོན་མཆོག་གིས་ ཡ་ཧུ་ད་པ་ཚུ་ལུ་ ཁིརཱིས་ཀྱི་གཏམ་བཟང་གི་དགྲ་འབད་མི་སྦེ་རྩི་གནངམ་ཨིན་ དེ་འབདཝ་ད་ དེ་སྦེ་མཛད་མི་འདི་ ཁྱེད་ཕྱིའི་མི་རིགས་ཚུ་གི་དོན་ལུ་ལེགས་ཤོམ་བྱུང་ཡི་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁོ་གི་གསོལ་རས་ཚུ་ ཁྱེད་ལུ་གནང་སྟེ་ཡོད་ ཨིན་ཏེ་འབད་རུང་ དཀོན་མཆོག་གིས་ཁོང་ ཡ་ཧུ་ད་པ་ཚུ་གི་ཕ་བརྒྱུད་ཚུ་ལུ་ གནང་མི་ཞལ་འཆེས་ཀྱི་རྒྱུད་ལས་སྦེ་ ཁོང་རང་ལུ་བྱམས་པ་མཛདཔ་ཨིན། 29 དེ་འབདཝ་ལས་ དཀོན་མཆོག་གིས་གནང་མི་གསོལ་རས་འདི་ ནམ་ཡང་ལོག་སྟེ་ཁོ་རང་མི་བཞེས་ དེ་ལས་མི་ལུ་འབོ་མི་ཐུགས་དགོངས་འདི་ལས་ ནམ་ཡང་མི་འགྱུར། 30 ཧེ་མ་ཁྱེད་ཕྱིའི་མི་རིགས་ཚུ་དཀོན་མཆོག་ལུ་མ་ཉན་རུང་ ཡ་ཧུ་ད་པ་ཚུ་གིས་ དཀོན་མཆོག་གི་གནང་མི་སྙིང་རྗེ་ལུ་ཆ་མ་བཞགཔ་ད་ དཀོན་མཆོག་གིས་ ཁོང་གི་ཚབ་ལུ་ ཁྱེད་ཕྱིའི་མི་རིགས་ཚུ་ལུ་སྙིང་རྗེ་གཟིགས་ཅི། 31 ད་ལྟོ་ ཡ་ཧུ་ད་པ་ཚུ་གིས་དཀོན་མཆོག་གི་བཀའ་ལུ་མ་ཉནམ་ད་ དཀོན་མཆོག་གིས་ཁྱེད་ཕྱིའི་མི་རིགས་ཚུ་ལུ་སྙིང་རྗེ་གཟིགས་ཅི་ དཀོན་མཆོག་གིས་ ཁྱེད་ལུ་སྙིང་རྗེ་གཟིགས་དོཝ་བཟུམ་སྦེ་ ཉིནམ་གཅིག་གི་ཚེ་ ཁོང་ལུ་ཡང་སྙིང་རྗེ་གཟིགས་ནི་ཨིན། 32 མི་ག་ར་བཀའ་ལུ་མ་ཉན་ནི་འདི་གིས་ དཀོན་མཆོག་གིས་ཁོང་ལུ་བཙོན་པ་སྦེ་རྩི་གནངམ་ཨིན་ འདི་ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་མི་ག་ར་ལུ་སྙིང་རྗེ་གཟིགས་ནི་གི་དོན་ལུ་ཨིན། 33 ཀྱེ་ དཀོན་མཆོག་གི་ཤེས་རབ་དང་མཁྱེན་རྒྱ་གི་རྒྱུ་ནོར་དེ་ རྟིང་ཟབ་དྲགས་འདུག་ འདི་ལུ་ང་བཅས་ཀྱིས་ ག་དེ་སྦེ་དབྱེ་བ་བཅད་ཚུགས་ནི་སྨོ་ ཀྱེ་ ཁོ་གིས་ཕྱེ་མི་ཁྲིམས་ ང་བཅས་ཀྱིས་ག་དེ་སྦེ་ཧ་གོ་ནི་སྨོ་ ཁོ་བྱོན་མི་ལམ་ལས་ ང་བཅས་ག་དེ་སྦེ་འགྱོ་ཚུགས་ནི་སྨོ། 34 ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་གི་ཐུགས་དགོངས་འདི་ ག་གིས་ཤེས་ཚུགས་ནི་སྨོ་ ཁོ་ལུ་ག་གིས་བཀའ་སློབ་ཕུལ་ཚུགས་ནི་སྨོ། 35 ཡང་ན་དཀོན་མཆོག་གིས་ སྐྱིན་མ་གནང་དགོཔ་སྦེ་ ག་གིས་ཧེ་མ་ལས་ཁོ་ལུ་ཕུལ་ཕུལཝ་ཡོདཔ་སྨོ། 36 ག་ཅི་སྨོ་ཟེར་བ་ཅིན་ ཡོད་རིགས་ཡོད་ཚད་ཅིགཔ་ག་ར་ དཀོན་མཆོག་ལས་བྱུངམ་ཨིན་ ག་ཅི་རང་ཡོད་རུང་ག་ར་ ཁོ་གི་དབང་ཤུགས་ལས་རྒྱུད་དེ་ཡོདཔ་མ་ཚད་ འདི་ཚུ་ག་ར་ལས་ ཁོ་རང་ལུ་བསྟོད་པ་ཐོབ་པའི་དོན་ལུ་མཛད་མཛདཔ་ཨིན་ དུས་རྒྱུན་དུ་གཟི་བརྗིད་ག་ར་ ཁོ་གི་ཨིན་ནོ་ ཨ་མཱེན།།
1 དབའེ་སྤུན་ཆ་ཚུ་ དཀོན་མཆོག་གིས་ང་བཅས་ལུ་ཐུགས་བརྩེ་བ་ལུ་བརྟེན་ཏེ་ དཀོན་མཆོག་གི་ཐུགས་དགྱེས་མི་སྦེ་ ཁྱེད་ཀྱི་གསོན་པོའི་ལུས་འདི་ རང་གིས་རང་ལུ་སྤང་སྟེ་ གཙང་ཏོག་ཏོ་གི་ཐོག་ལས་ ཁོ་ལུ་ཕུལ་ཟེར་ ང་གིས་ཁྱེད་ལུ་གསོལ་བཏབ་ཞུ་དོ་ མཆོདཔ་ངོ་མ་འདི་ཨ་ནི་རང་ཨིན། 2 འཇིག་རྟེན་པའི་བསམ་བློ་དང་མ་འཁྲིལ་བར་ རང་གི་མནོ་བསམ་གཏང་ཐངས་འདི་ཚུ་ འགྱུར་བཅོས་འབད་དེ་ རང་གི་མི་ཚེ་ གསརཔ་སྦེ་སོར་ཏེ་སྡོད་དགོ་ དེ་སྦེ་འབདཝ་ད་ དཀོན་མཆོག་གི་ཐུགས་དགོངས་འདི་ ག་ཅི་ཨིན་ན་ཉམས་མྱོང་འབད་དེ་ ཁོ་གི་ཐུགས་དགོངས་འདི་ལེགས་ཤོམ་གཅིག་དང་ ཐུགས་དགྱེས་མི་གཅིག་དང་ ཡང་དག་པ་གཅིག་ཨིན་ཟེར་ ཁྱེད་ཀྱིས་ཧ་གོ་ནི་ཨིན།། 3 ང་གིས་སླབ་མི་དབང་ཚད་དེ་ ཐུགས་རྗེ་ལས་བརྟེན་ཏེ་ཨིན་ ཁྱེད་ཀྱི་གྲལ་ཁར་ཡོད་མིའི་ མི་རེ་རེ་བཞིན་དུ་ ག་གིས་ཡང་རང་ལུ་ ང་ག་ར་ལས་དྲག་ཟེར་མནོ་བསམ་གཏང་ནི་མི་འོང་ དེ་འབདཝ་ད་ དཀོན་མཆོག་གིས་ཁྱེད་ལུ་གནང་མི་ཁེ་རྒོ་ དང་འཁྲིལ་ཏེ་ རང་གི་སྐོར་ལས་ཀྲིག་ཀྲི་སྦེ་མནོ་བསམ་གཏང་དགོ། 4 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་གཟུགས་གཅིག་ལུ་ཡན་ལག་ལེ་ཤ་ཡོདཔ་མ་ཚད་ ཡན་ལག་ག་ར་གིས་ ལཱ་གཅིག་འབདཝ་མེན། 5 འདི་བཟུམ་སྦེ་རང་ ང་བཅས་ཁིརཱིས་ནང་ཡོད་མི་ཚུ་ལེ་ཤ་ཡོད་རུང་ ཁོ་ནང་ང་བཅས་གཟུགས་གཅིག་ཨིན་ དེ་ལས་ཡན་ལག་གཅིག་ལུ་ ཡན་ལག་གཞན་ག་ར་དགོ། 6 འདི་བཟུམ་སྦེ་རང་ དཀོན་མཆོག་གིས་ང་བཅས་ལུ་གནང་མི་ཐུགས་རྗེ་ལས་བརྟེན་ཏེ་ ང་བཅས་དདཔ་ཅན་ལུ་ཡོད་མི་གསོལ་རས་མ་འདྲཝ་དེ་ཚུ་ ལག་ལེན་འཐབ་སྟེ་སྡོད་དགོ་ གསོལ་རས་དེ་ ལུང་བསྟན་བཤད་ནི་ཨིན་པ་ཅིན་ རང་རང་སོ་སོ་གི་དད་པ་དང་བསྟུན་ཏེ་ ལག་ལེན་འཐབ་སྟེ་སྡོད་དགོ། 7 ཁྱེད་ལུ་མི་གཞན་ལུ་ཞབས་ཏོག་ཞུ་ནི་གི་གསོལ་རས་ཡོད་པ་ཅིན་ ཆ་རོགས་འབད་ནི་གི་ལཱ་ལུ་གཙོ་བོ་བསྟེན་འབད་ སློབ་དཔོན་འབད་ནི་གི་གསོལ་རས་ཡོད་པ་ཅིན་ ཆོས་སྟོན་ནི་ལུ་གཙོ་བོ་བསྟེན་འབད། 8 ཁྱེད་ལུ་མི་གཞན་ལུ་སེམས་གསོ་འབད་ནི་དང་ བསླབ་བྱ་བྱིན་ནི་གི་གསོལ་རས་ཡོད་པ་ཅིན་ འདི་ལུ་གཙོ་བོ་བསྟེན་ཏེ་འབད་ ཁྱེད་ལུ་མི་གཞན་ལུ་བྱིན་ནི་གི་གསོལ་རས་ཡོད་པ་ཅིན་ ཕངས་སེམས་མེད་པར་བྱིན་ ཁྱོད་ལུ་གོ་འདྲེན་འཐབ་ནི་གི་གསོལ་རས་ཡོད་པ་ཅིན་ གོ་འདྲེན་འཐབ་ནི་གི་ལཱ་ལུ་འགན་ཁག་འབག་སྟེ་ རྩ་འགེངས་ཏེ་འབད་ དེ་ལས་ཁྱེད་ཀྱི་གཞན་ལུ་སྙིང་རྗེ་བསྐྱེད་ནིའི་གསོལ་རས་ཡོད་པ་ཅིན་ སེམས་དགའ་སྟེ་སྙིང་རྗེ་བསྐྱེད་དགོ།། 9 བྱམས་པ་ཧིང་ལས་འབད་ནི་དང་ ངན་པ་རྩ་བ་ལས་སྤང་སྟེ་ ལེགས་ཤོམ་ལུ་ཨ་རྟག་རང་གཙོ་བོ་བསྟེན་སྡོད་དགོ། 10 སྤུན་ཆ་ནང་འཁོད་ནང་ལུ་བྱམས་པ་འབད་དོཝ་བཟུམ་སྦེ་ ཁྱེད་ཡང་གཅིག་གིས་གཅིག་ལུ་བྱམས་པ་འབད་ གཅིག་གིས་གཅིག་ལུ་གུས་ཞབས་བྱིན་ནི་ལུ་མགྱོགས་དྲགས་འབད། 11 ཁྱེད་ཀྱི་ལཱ་ནང་ སྒྱིད་ཐག་ཡངས་འཕྲོས་འཕྲོས་འབད་ནི་དང་ སེམས་ཁ་ལས་བརྩོན་འགྲུས་བསྐྱེད་དེ་ གཙོ་བོ་གི་ཕྱག་ཞུ། 12 དཀོན་མཆོག་གི་དོན་དག་ཚུ་སྒྲུབ་ནི་ཨིན་ཟེར་ རེ་བ་བསྐྱེད་དེ་དགའ་ཚོར་འགྱུར་ དཀའ་ངལ་བྱུང་པའི་སྐབས་ལུ་བཟོད་པ་སྒོམས་ ཉམས་མ་འཚེར་བར་སྨོན་ལམ་བཏབ་སྡོད། 13 དཀོན་མཆོག་ལུ་དད་པ་བསྐྱེད་མི་ཚུ་ལུ་ ཁག་ཆེཝ་ཡོད་པ་ཅིན་ ཕན་ཐོག་པའི་ལཱ་འབད་བྱིན་ ཁྱིམ་ནང་འོང་མི་མགྱོནམ་ལུ་མཐོང་བསྐྱེད་དེ་སྡོད། 14 ཁྱེད་ལུ་གནོད་འཚེ་བསྐྱལ་མི་ཚུ་ལུ་ ཁ་སྨོན་མ་བཏབ་པར་ ཁོང་གི་དོན་ལུ་དཀོན་མཆོག་ལས་བྱིན་རླབས་ཞུ་བྱིན། 15 དགའ་སྤྲོ་འབད་མི་ཚུ་དང་གཅིག་ཁར་དགའ་སྤྲོ་འགྱུར་ དེ་ལས་སྔུ་མི་ཚུ་དང་གཅིག་ཁར་སྔུ། 16 ག་ར་དང་མཉམ་འཆམ་ཏོག་ཏོ་སྦེ་སྡོད་ དེ་ལས་ཁམས་བཙོང་སྟེ་ མི་གཞན་ལས་དྲགཔ་ཨིན་ཟེར་མ་མནོ་ དེ་འབདཝ་ད་ མི་ཉམ་ཆུང་ཚུ་དང་འབྲེལ་བ་ལེགས་ཤོམ་སྦེ་འཐབ། 17 ཁྱེད་ལུ་ཉེས་པ་འབད་མི་གི་ཚབ་ལུ་ ཉེས་པ་མ་འབད་ དེ་འབདཝ་ད་ མི་ག་ར་གིས་གདོང་ཁ་ལུ་ ཞེ་ས་ཐོབ་ནི་གི་སྤྱོད་ལམ་ལུ་ དྲནམ་བཏོན་ཏེ་མནོ་བསམ་གཏང་དགོ། 18 ཁྱེད་ཀྱིས་འབད་ཚུགས་པ་ཅིན་ ག་དེ་དྲག་དྲག་ མི་ག་ར་དང་འཆམ་མཐུན་ཏེ་སྡོད། 19 དབའེ་བྱམས་པའི་སྤུན་ཆ་ གཞན་གྱིས་ཁྱེད་ལུ་ཟོགཔོ་འབདཝ་ད་ ནམ་ཡང་དགྲ་ལན་མ་འཇལ་ དེ་འབདཝ་ད་ དཀོན་མཆོག་གིས་ཆདཔ་གནང་འོང་ཟེར་ ཁོ་གི་ཕྱག་འོག་ལུ་བཞག་ ག་ཅི་སྨོ་ཟེར་བ་ཅིན་ གསུང་རབ་ནང་དེ་སྦེ་བྲིས་ཏེ་འདུག གཙོ་བོ་གིས་གསུང་དེས་ དགྲ་ལན་འཇལ་ནིའི་ལཱ་འདི་ ང་རང་གི་ཨིན་ ང་གིས་དགྲ་ལན་འཇལ་འོང་། 20 ཁྱོད་ཀྱི་བྱང་ཕྱད་ལྟོཝ་བཀྱེས་འོང་པ་ཅིན་ བཞེས་སྒོ་བྱིན་ ཁ་སྐོམ་འོང་པ་ཅིན་ཆུ་བྱིན་ དེ་ལས་ཁོ་གིས་ཁྱོད་ཀྱིས་འབད་མི་ལུ་བལྟ་སྟེ་ ཁོ་རང་ངོ་ཚ་སྡོད་འོང་། 21 ངན་པ་ལུ་ཁྱོད་ལས་རྒྱལ་མ་བཅུག་ དེ་འབདཝ་ད་ ལེགས་ཤོམ་འབད་བའི་རྒྱུད་ལས་སྦེ་ ངན་པ་ལས་རྒྱལ་ཁ་ཐོབ་དགོ།།
1 མི་ག་ར་གིས་ གཞུང་གི་འགོ་དཔོན་ཚུ་གི་བཀའ་ལུ་ཉན་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་གནང་མི་དབང་ཚད་མ་གཏོགས་ གཞན་ག་ནི་ཡང་མེད་ དཔོན་སྦེ་ཡོད་མི་ ཁོང་ག་ར་ལུ་ དཀོན་མཆོག་གིས་དཔོན་གྱི་གོ་གནས་གནང་གནངམ་ཨིན། 2 དེ་འབདཝ་ལས་བརྟེན་ཏེ་ གཞུང་གི་འགོ་དཔོན་ཚུ་གི་བཀའ་ལུ་མ་ཉན་པར་ ངོ་རྒོལ་འབད་མི་འདི་གིས་ དབང་ཚད་གནང་མི་དཀོན་མཆོག་ལུ་ཡང་ངོ་རྒོལ་འབདཝ་ཨིན་ དེ་སྦེ་འབད་མི་ཚུ་གིས་ ཁྲིམས་དེ་ལོག་སྟེ་ཁོང་རང་གི་གུ་འོངམ་ཨིན། 3 ལེགས་ཤོམ་འབད་མི་ཚུ་ལུ་ འགོ་དཔོན་ཚུ་གིས་འདྲོགས་མི་བཅུག་ དེ་འབདཝ་ད་ ལཱ་ཟོགཔོ་འབད་མི་ཚུ་གིས་ ཁོང་འགོ་དཔོན་ཚུ་བལྟ་སྟེ་འདྲོག་དགོ་ དེ་གིས་འབད་ ག་ར་འབད་རུང་ གཞུང་གི་འགོ་དཔོན་ཚུ་བལྟ་སྟེ་ མ་འདྲོག་པར་སྡོད་དགོ་པ་ཅིན་ ལེགས་ཤོམ་འབད་དེ་སྡོད་ དེ་ལས་ཁོང་གིས་ཁྱོད་ལུ་བསྟོད་པ་རྐྱབས་འོང་། 4 ཁྱོད་ལུ་རོགས་རམ་བྱིན་ནིའི་དོན་ལུ་ དཀོན་མཆོག་གིས་འགོ་དཔོན་ཚུ་གནང་ཡི་ ག་ར་འབད་རུང་ ལཱ་ཟོགཔོ་འབད་བ་ཅིན་ ཁོང་འགོ་དཔོན་ཚུ་བལྟ་སྟེ་འདྲོག་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་དཔའ་རྟགས་གཏགས་ནི་དོན་དག་གཅིག་ཡོད་ དེ་འབདཝ་ལས་ ཟོགཔོ་འབད་མི་ཚུ་ལུ་ དཀོན་མཆོག་གི་ཐོག་ལས་ཁྲིམས་གཏང་ནི་སྦེ་ འགོ་དཔོན་ཚུ་ལུ་རྩིས་ལེན་ནི་གི་དབང་ཚད་ཐོབ་སྟེ་ ཁོང་དཀོན་མཆོག་གི་ཕྱག་ཞུཝ་ཨིན། 5 དེ་གིས་འབད་ དཀོན་མཆོག་གི་ཐོག་ལས་ཁྲིམས་གཏང་འོང་ཟེར་མནོ་སྟེ་རྐྱངམ་གཅིག་མེན་པར་ ཁོང་གི་བཀའ་ལུ་ཉནམ་ད་ འཛོལ་བ་མེན་ཟེར་དྲན་ཏེ་ གཞུང་གི་འགོ་དཔོན་ཚུ་གི་དབང་ཚད་འོག་ལུ་སྡོད་དགོ། 6 འདི་གི་དོན་ལས་སྦེ་ ཁྱེད་ཀྱིས་གཞུང་ལུ་བཏབ་དགོ་པའི་ཁྲལ་དེ་ཚུ་བཏབ་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་འགོ་དཔོན་ཚུ་ རང་ལུ་སྐྱེལ་མི་འགན་ཁག་གི་ལཱ་ཚུ་འབད་དེ་ དཀོན་མཆོག་གི་ཕྱག་ཞུཝ་ཨིན། 7 ཁྱེད་ཀྱིས་གཞུང་ལུ་སྤྲོད་དགོཔ་འདི་ཚུ་ཡོད་པ་ཅིན་ འདི་ཚུ་ག་ར་སྤྲོད་ ཁྲལ་བཏབ་ནི་ཡོད་པ་ཅིན་ ཁྲལ་བཏབ་ ཅ་དམ་གྱི་ཁྲལ་བཏབ་ནི་ཡོད་པ་ཅིན་ འདི་གི་ཁྲལ་ཡང་བཏབ་ འདྲོག་དགོ་མི་འདི་ཚུ་ལུ་ཞེས་ས་ཞུ་ དེ་ལས་གུས་ཞབས་ཕུལ་དགོ་མི་ཚུ་ལུ་གུས་ཞབས་ཕུལ།། 8 གཅིག་གིས་གཅིག་ལུ་བྱམས་པ་འབད་ནི་མ་གཏོགས་ གཞན་གྱི་དྲིན་འབག་མ་དགོཔ་སྦེ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ གཞན་ལུ་བྱམས་པ་འབདཝ་ད་ལུ་ མི་འདི་གིས་དཀོན་མཆོག་གི་བཀའ་ཁྲིམས་ག་ར་གྲུབ་ཨིན། 9 དཀོན་མཆོག་གི་བཀའ་ཁྲིམས་ནང་ ཁྱོད་རོགས་ཀྱི་ཨམ་སྲུ་དང་ལུས་འབྲེལ་མ་འབད་ མི་མ་བསད་ ཨརཝ་མ་རྐུ་ འདོད་པ་མ་བཙོང་ཟེར་བྲིས་ཏེ་ཡོད་ ཨ་ནི་བཀའ་ཁྲིམས་ཚུ་ལས་འགལ་ཏེ་ བཀའ་ཁྲིམས་གཞན་ ག་དེ་ཅིག་རང་ཡོད་རུང་ དེ་ཚུ་ག་ར་གི་དོན་དག་དེ་ ཁྱོད་ཀྱིས་རང་གི་ཁྱིམ་ཚང་ལུ་ རང་ལུ་བཟུམ་སྦེ་བྱམས་པ་འབད་ཟེརཝ་ཨིན་མས། 10 རང་གི་ཁྱིམ་ཚང་ལུ་བྱམས་པ་འབད་མི་འདི་གིས་ རྩ་ལས་རང་ཁྱིམ་ཚང་ལུ་ངན་པ་མི་འབད་ ཨ་ནི་བྱམས་པ་འདི་གི་རྒྱུད་ལས་སྦེ་ བཀའ་ཁྲིམས་ག་ར་གྲུབ་ནི་ཨིན། 11 འདི་གིས་མ་ཚད་ ང་བཅས་གཉིད་ལས་ལོང་ནི་གི་དུས་ཚོད་ཀྲིག་ཀྲི་རན་ཡི་ཟེར་ཁྱེད་ཀྱིས་ཤེས་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་འགོ་དང་པ་ དད་པ་བསྐྱེད་པའི་བསྒང་ལས་ཡང་ ད་ལྟོ་ཐར་པ་དེ་ ང་བཅས་ཀྱི་སྦོ་ལོགས་ཁར་ལྷོད་ཅི། 12 ད་གནམ་ནུབ་མོ་རྫོགས་ཏེ་ ཤར་དཀར་ནི་འབད་དོ་ དེ་འབདཝ་ལས་ང་བཅས་ཀྱིས་ གནག་དུང་ནང་གི་ལཱ་ངན་པ་དེ་ཚུ་བཀོག་བཞག་སྟེ་ འོད་ཟེར་གྱི་གོ་ཁྲབ་གྱོན་དགོ། 13 འཆལ་སྤྱོད་སྤྲོ་སྟོན་ནང་བཅའ་མར་གཏོགས་ནི་དང་ ཆང་གིས་འགྲང་ནི་ མ་རབས་ཀྱི་ལཱ་ ལུས་ཀྱི་འདོད་ཆགས་ གཅིག་གིས་གཅིག་ལུ་འཐབ་འཛིང་ནི་ དེ་ལས་མིག་ཏོ་ཚ་ནི་ལ་སོགས་པ་མེན་པར་ ཉིམ་དཀརཔོ་བཟུམ་སྦེ་ སྤྱོད་ལམ་ལེགས་ཤོམ་སྦེ་སྒྲིག་སྟེ་སྡོད་དགོ། 14 དེ་ལས་འདོད་ཆགས་ངན་པའི་དབང་དུ་མ་སོང་པར་ དེ་འབདཝ་ད་ ཁྱེད་རང་གི་གཟུགས་ཁར་བགོ་ལ་གྱོན་དོཝ་བཟུམ་སྦེ་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་རང་བཞིན་འདི་གྱོན་དགོ།
1 ཁྱེད་ཀྱི་སྦུག་ལུ་དད་པ་ནང་སྒྲིང་སྒྲིང་མེད་མི་ཚུ་ཡོད་རུང་ ཁོང་དང་རྩོད་པ་རྐྱབ་ནི་མི་འོང་ ཁོང་གིས་མནོ་བསམ་གཏང་མི་ལུ་ འཛོལ་བ་ཡོད་རུང་མེད་རུང་ ཁོང་ལུ་སྤུན་ཆ་སྦེ་རྩི་དགོ། 2 དདཔ་ཅན་ལ་ལུ་གིས་ བཞེས་སྒོ་ག་ཅི་རང་འབད་རུང་ ཟ་བཏུབ་ཟེར་མནོ་སྟེ་ ག་ར་ཟཝ་ཨིན་ དེ་འབདཝ་ད་ དད་པ་ཉུང་དྲགས་འབད་མི་ལ་ལུ་གིས་ ཚོད་བསྲེ་གི་རིགས་རྐྱངམ་གཅིག་ཟ་སྡོད་འོང་། 3 བཞེས་སྒོ་ག་ཅི་རང་འབད་རུང་ཟ་བཏུབ་ཟེར་ ཟ་མི་ཚུ་གིས་ མ་ཟ་མི་དེ་ལུ་སྐྱོ་ཤོས་སྦེ་རྩི་མ་བཅུག་ དེ་ལས་མ་ཟ་མི་གིས་ ཟ་མི་ལུ་སྐྱོན་བཏགས་མ་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ གཉིས་ཆ་རང་ལུ་ ཁོ་གི་མི་སྦེ་ ཞལ་གྱིས་བཞེསཔ་ཨིན། 4 མི་གཞན་གྱི་གཡོགཔོ་ལུ་སྐྱོན་བཏགས་མི་ ཁྱོད་ག་སྨོ་ ཁོ་གིས་འབད་ཚུགས་རུང་ འབད་མ་ཚུགས་རུང་ ཁོ་རང་གི་སྦྱིན་བདག་ཡོད་ ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་གིས་ ལཱ་ལེགས་ཤོམ་གྱི་དོན་ལུ་ ཁོ་ལུ་བཞག་ནི་དབང་ཚད་ཡོད། 5 མི་ལ་ལུ་ཅིག་གིས་ ཉིནམ་ག་ར་གི་གྲལ་ལས་ ཉིནམ་གཅིག་ཁག་ཆེ་ཏོག་ཏོ་ཨིན་ཟེར་ མནོ་བསམ་བཏངམ་ཨིན་ དེ་ལས་གཞན་གཅིག་གིས་ ཉིནམ་ག་ར་ཁག་ཆེ་ཏོག་ཏོ་ཨིན་ཟེར་མནོཝ་ཨིན་ དེ་འབདཝ་ད་ ཉིནམ་ག་འདི་རྩི་རུང་ མི་ག་ར་གིས་ རང་རང་སོ་སོའི་སེམས་ཁ་ལུ་ཏན་ཏན་ཤེས་དགོ། 6 ཉིནམ་ག་ར་གི་གྲལ་ལས་ གཅིག་ཁག་ཆེ་ཏོག་ཏོ་ཨིན་ཟེར་མནོ་མི་གིས་ གཙོ་བོ་གི་དོན་ལུ་འབདཝ་ཨིན་ དེ་ལས་བཞེས་སྒོ་ག་ཅི་རང་འབད་རུང་ ཟ་བཏུབ་མནོ་སྟེ་ཟ་མི་དང་ ཟ་མི་བཏུབ་མནོ་སྟེ་མ་ཟ་མི་གཉིས་ཆ་ར་ གཙོ་བོ་གི་དོན་ལུ་འབདཝ་ཨིན་ ཁོང་གཉིས་ཆ་ར་གིས་ བཞེས་སྒོ་གི་དོན་ལུ་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུཝ་ཨིན། 7 ག་ཅི་སྨོ་ཟེར་བ་ཅིན་ གསོན་པོ་སྦེ་སྡོད་ནི་དང་ཤི་ནི་འདི་ ང་བཅས་ཀྱི་དོན་ལུ་མེན། 8 ང་བཅས་གསོན་པོ་སྦེ་སྡོད་རུང་ གཙོ་བོ་གི་དོན་ལུ་ཨིན་ ང་བཅས་ཤི་རུང་ གཙོ་བོ་གི་དོན་ལུ་ཨིན་ དེ་འབདཝ་ལས་ མི་ཚེ་ནང་འབད་རུང་རང་ འཆི་བ་ནང་འབད་རུང་རང་ ང་བཅས་མ་པ་ལས་ར་གཙོ་བོ་གི་ཨིན། 9 ཁིརཱིས་ ཤི་སོང་མི་ཚུ་དང་ གསོན་པོ་སྦེ་སྡོད་མི་ གཉིས་ཆ་ར་གི་སྦྱིན་བདག་སྦེ་འབྱུང་ནིའི་དོན་ལུ་ ཁོ་གཤགས་ཏེ་ ད་རུང་སྐུ་གསོན་པོ་བཞེངས་ཅི། 10 དེ་འབདཝ་ལས་བརྟེན་ཏེ་ ཁྱོད་ཀྱིས་རང་གི་དདཔ་ཅན་སྤུན་ཆ་ལུ་ ག་ཅི་འབད་དབྱེ་ཞིབ་འབདཝ་སྨོ་ ཁྱོད་རང་གི་དདཔ་ཅན་སྤུན་ཆ་ལུ་ ག་ཅི་འབད་སྐྱོ་ཤོས་སྦེ་རྩིཝ་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཉིནམ་གཅིག་གི་ཚེ་ ང་བཅས་ག་ར་དཀོན་མཆོག་གི་བཞུགས་ཁྲི་གི་གདོང་ཁར་ལོང་དགོ་ཟེར་ ང་བཅས་ཀྱིས་ཤེས། 11 གསུང་རབ་ནང་ལུ་གཙོ་བོ་གིས། ང་གསོན་པོ་སྦེ་སྡོདཔ་ཨིན་ཟེར་མི་འདི་ བདེན་པ་ཨིན་པ་ཅིན་ མི་ག་ར་གིས་ང་ལུ་པུས་མོ་ས་ཁ་བཙུགས་ཏེ་ ནཱ་དཀོན་མཆོག་ཨིན་མས་ ཟེར་འཛོམ་དཔང་འབད་འོང་ཟེར་ བྲིས་ཏེ་འདུག 12 དེ་འབདཝ་ལས་བརྟེན་ཏེ་ ང་བཅས་ག་ར་གིས་ རང་གི་སྐོར་ལས་རྩིས་དཀོན་མཆོག་ལུ་ཕུལ་དགོ།། 13 ད་ང་བཅས་གཅིག་གིས་གཅིག་ལུ་དབྱེ་ཞིབ་མ་འབད་ དེ་གི་ཚབ་ལུ་ སྤུན་ཆ་གི་དད་པ་ལུ་གནོདཔ་མ་སྐྱེལ་ནི་དང་ འགྱེལ་མ་བཅུག་ནིའི་དོན་ལུ་རྩ་འགེངས་དགོ། 14 བཞེས་སྒོ་ག་ཅི་རང་ཨིན་རུང་ འདི་ནང་མ་གཙངམ་ག་ནི་ཡང་མེད་ཟེར་ གཙོ་བོ་ཡེ་ཤུ་གི་དབང་ཚད་ལས་སྦེ་ ང་གིས་ཐད་རི་བ་རི་ཤེས་ དེ་འབདཝ་ད་ ག་གིས་རང་འབད་རུང་ འདི་ལུ་མ་གཙངམ་ཨིན་ཟེར་མནོ་བ་ཅིན་ བཞེས་སྒོ་དེ་ ཁོ་གི་དོན་ལུ་མ་གཙངམ་འགྱོཝ་ཨིན། 15 ཁྱོད་ཀྱིས་ཟ་མི་བཞེས་སྒོ་གིས་ ཁྱོད་ཀྱི་དདཔ་ཅན་ནུ་གཅུང་ལུ་སེམས་ཕམ་བཅུག་པ་ཅིན་ ཁོ་ལུ་བྱམས་པ་མེདཔ་ཨིན་མས་ དེ་འབདཝ་ལས་ ཁྱོད་ཀྱིས་ཟ་མི་བཞེས་སྒོ་གིས་ ཡེ་ཤུ་ཁིརཱིས་གཤགས་གནང་མི་དདཔ་ཅན་ཚུ་གི་ཚེ་ མེདཔ་ཐལ་མ་བཅུག 16 མདོར་བསྡུས་ཏེ་སླབ་པ་ཅིན་ ཁྱོད་རང་གི་སེམས་ཁ་ཀྲིག་ཀྲི་ཨིན་ཟེར་མནོ་མི་དེ་གིས་ མི་གཞན་གྱི་དད་པ་ལུ་གནོདཔ་སྐྱེལ་མ་བཅུག 17 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་རྒྱལ་སྲིད་དེ་ བཟའ་ནི་འཐུང་ནི་གི་སྐོར་ལས་མེན་ དེ་འབདཝ་ད་ དཀོན་མཆོག་གི་ཐུགས་ལྡན་པའི་ལཱ་ཕྲངམ་དང་ ཞི་བདེ་དང་ དམ་པའི་ཐུགས་ཉིད་ཀྱི་རྒྱུད་ལས་སྦེ་ ཐོབ་མི་དགའ་ཚོར་གྱི་སྐོར་ལས་ཨིན། 18 ག་གིས་རང་འབད་རུང་ ཨ་ནི་བཟུམ་སྦེ་ཁིརཱིས་ཀྱི་ཕྱག་ཞུ་བ་ཅིན་ འདི་ལུ་དཀོན་མཆོག་གིས་ཐུགས་དགྱེསཔ་ཨིནམ་མ་ཚད་ མི་དེ་ཚུ་གིས་ཡང་ དེ་ལུ་ལེགས་ཤོམ་སྦེ་བརྩི་འོང་། 19 དེ་འབདཝ་ལས་བརྟེན་ཏེ་ ང་བཅས་དདཔ་ཅན་ཚུ་གིས་ གཅིག་གི་གཅིག་ལུ་མཐུན་ལམ་བཟོ་ནི་དང་ དད་པ་ཡར་རྒྱས་འགྱོ་ནིའི་དོན་ལུ་ གཅིག་གིས་གཅིག་ལུ་ ཕན་ཐོག་པའི་ལཱ་ལུ་གཙོ་བོ་བསྟེན་ཏེ་སྡོད་དགོ། 20 ཁྱོད་ཀྱིས་ཟ་མི་བཞེས་སྒོ་གིས་འབད་དེ་ དཀོན་མཆོག་གི་ཕྱག་ལཱ་དེ་མེདཔ་མ་གཏང་ བཞེས་སྒོ་ག་ཅི་རང་འབད་རུང་ མ་པ་ལས་རང་གཙང་ཏོག་ཏོ་ཨིན་ དེ་འབདཝ་ད་ ཁྱོད་ཀྱི་ཟ་མི་བཞེས་སྒོ་གི་རྒྱུད་ལས་སྦེ་ དདཔ་ཅན་ནུ་གཅུང་གི་སེམས་ཁ་དོགས་པ་ཆགས་ཏེ་ ཟ་བཅུག་པ་ཅིན་ འདི་ལེགས་ཤོམ་མེན། 21 ཁྱོད་ཀྱིས་ཤ་ཟ་རུང་ རྒུན་འབྲུམ་ཆང་འཐུང་རུང་ ལཱ་ག་ཅི་རང་འབད་རུང་རང་ དདཔ་ཅན་སྤུན་ཆ་ལུ་གནོད་ནི་ཨིན་པ་ཅིན་ འདི་མ་འབད་བར་སྡོད་པ་ཅིན་དྲག་པས། 22 ཨ་ནི་འདི་ཚུ་གི་སྐོར་ལས་ ཁྱོད་དང་དཀོན་མཆོག་གི་ནང་ན་རང་བཞག་ ག་གིས་རང་འབད་རུང་ ཀྲིག་ཀྲི་རང་ཨིན་ཟེར་མནོ་སྟེ་ སེམས་ཁར་ཐེ་འཚོམ་མ་བསྐྱེད་མི་དེ་ བྱིན་རླབས་ཅན་ཨིན། 23 དེ་འབདཝ་ད་ ཁོ་གིས་སེམས་ཁ་ཐེ་འཚོམ་བསྐྱེད་དེ་ཟ་བ་ཅིན་ ཁོ་ལུ་དྲན་ཤེས་གསལ་ཏོག་ཏོ་མི་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ཐད་རི་བ་རི་མ་ཤེས་པར་ཟ་ཡི་ ག་ཅི་རང་འབད་རུང་ སེམས་ཁར་ལས་དད་པ་བསྐྱེད་དེ་ ཐད་རི་བ་རི་ཐག་མ་བཅད་མི་འདི་ ག་ར་སྡིག་པ་ཨིན།།
1 དད་པ་སྒྲིང་སྒྲིང་ཡོད་མི་ ག་གིས་རང་འབད་རུང་ རང་རྐྱངམ་གཅིག་གི་དོན་ལུ་མནོ་བསམ་མ་བཏང་ དེ་འབདཝ་ད་ དད་པ་སྒྲིང་སྒྲིང་མེད་མི་དེ་ཚུ་ལུ་ ང་བཅས་ཀྱིས་སུ་ཐག་རིངམོ་སྦེ་སྡོད་དགོ། 2 ང་བཅས་རེ་རེ་གིས་ ཁྱིམ་ཚང་གི་དད་པ་ ཡར་རྒྱས་གཏང་ནི་གི་དོན་ལུ་ ཕན་ཐོག་པའི་ལཱ་འབད་དེ་ ཁོང་ལུ་དགའ་ཚོར་བསྐྱེད་བཅུག་དགོ། 3 ཁིརཱིས་ཡང་ ཁོ་རང་གིས་ཁོ་རང་ལུ་ ཐུགས་དགྱེས་པའི་ཕྱག་ལཱ་མ་མཛད་པས་ དེ་འབདཝ་ད་ གསུང་རབ་ནང་ཡོད་མི་བཟུམ་སྦེ། མི་གཞན་གྱིས་ནཱ་ལུ་སྨད་པ་བརྐྱབས་མི་འདི་ ནཱ་ལུ་མེན་པར་ ང་ལུ་ཕོག་ཅི་ཟེར་ བྲིས་ཏེ་ཡོད། 4 ཨ་ནི་བཟུམ་སྦེ་ ཧེ་མ་ག་བྲིས་བཞག་མི་དེ་ཚུ་ག་ར་ ང་བཅས་ལུ་སྦྱོང་བརྡར་བྱིན་པའི་དོན་ལུ་ཨིན་ དེ་གིས་འབད་ བཟོད་སེམས་བསྐྱེད་དེ་ གསུང་རབ་ཀྱི་རྒྱུད་ལས་སེམས་གསོ་ཐོབ་སྟེ་ ང་བཅས་རེ་བ་བསྐྱེད་དེ་སྡོདཔ་ཨིན། 5 དཔེ་ཁིརཱིས་ཡེ་ཤུ་ལུ་བལྟ་སྟེ་ གཅིག་དང་གཅིག་ སེམས་མཐུན་ཏེ་སྡོད་ནིའི་ཁེ་རྒོ་ བཟོད་སེམས་དང་སེམས་གསོ་གནང་མི་དཀོན་མཆོག་གིས་ ཁྱེད་ཆ་ཁྱབ་ལུ་གནང་བཅུག 6 དེ་གིས་འབད་ ཁྱེད་ག་ར་སེམས་མཐུན་བཞིནམ་ད་ སྐད་གཅིག་སྦེ་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཡབ་དཀོན་མཆོག་ལུ་ བསྟོད་པ་ཕུལ་ཚུགས། 7 དེ་འབདཝ་ལས་ ཁིརཱིས་ཀྱིས་ང་བཅས་ལུ་ ཁོ་རའི་མི་སྦེ་ཞལ་གྱིས་བཞེས་དོཝ་བཟུམ་སྦེ་ ང་བཅས་ཡང་ གཅིག་གིས་གཅིག་ལུ་བསུ་ལེན་འབད་དགོ་ དེ་ལས་དཀོན་མཆོག་གི་མཚན་སྙན་གྲགས་ཅན་སྦེ་འགྱོ་འོང་། 8 ང་བཅས་ཀྱི་ཕ་བརྒྱུད་ཚུ་ལུ་ དཀོན་མཆོག་གིས་ཞལ་གྱི་བཞེས་ཡོད་མིའི་བདེན་པ་དེ་ ཏན་ཏན་གྲུབ་ནིའི་དོན་ལུ་དང་ ཕྱིའི་མི་རིགས་ཚུ་གིས་ཡང་ ཁོང་ལུ་སྙིང་རྗེ་བསྐྱེད་མི་དཀོན་མཆོག་ལུ་ བསྟོད་པ་ཕུལ་བཅུག་ནིའི་དོན་ལུ་ ཁིརཱིས་ ཡ་ཧུ་ད་པ་ཚུ་གི་གཡོགཔོ་སྦེ་བྱོན་ཡི་ཟེར་ ང་གིས་ཁྱེད་ལུ་སླབ་དོ་ གསུང་རབ་ནང་ཡོད་མི་བཟུམ་སྦེ། ང་ ཕྱིའི་མི་རིགས་ཚུ་གི་གདོང་ཁར་ ནཱ་ལུ་བསྟོད་པ་ཕུལ་ནི་ དེ་ལས་ནཱ་གི་མཚན་འདི་ལུ་ གླུ་དབྱངས་ཕུལ་ནི་ཟེར་ བྲིས་ནུག 10 ད་རུང་གཞན་གཅིག་ཁ་ལུ། དབའེ་ ཕྱིའི་མི་རིགས་ཚུ་ གཙོ་བོ་གི་མི་ཚུ་དང་གཅིག་ཁར་ ཁྱེད་ག་ར་དགའ་ཚོར་འགྱུར་ཟེར་ 11 དེ་ལས་ད་རུང་། དབའེ་ ཕྱིའི་མི་རིགས་ག་ར་གིས་ གཙོ་བོ་ལུ་བསྟོད་པ་ཕུལ་ འཛམ་བུ་གླིང་གི་མི་ག་ར་གིས་ ཁོ་ལུ་བསྟོད་པ་ཕུལ་ཟེར་ བྲིས་ནུག 12 ད་རུང་ལུང་སྟོན་པ་ ཨའི་ཟ་ཡ་གིས། ཇེ་སི་གི་བུ་བརྒྱུད་ལས་ མི་གཅིག་འབྱུང་འོང་། ཁོ་གིས་ ཕྱིའི་མི་རིགས་ཀྱི་རྒྱལ་སྲིད་སྐྱོངས་ནི་ཨིན་ ཁོང་གིས་ཁོ་ལུ་རེ་བ་བསྐྱེད་དེ་སྡོད་འོང་ཟེར་ སླབ་ནུག 13 ཁྱེད་དད་པ་བསྐྱེད་ནི་འདི་གིས་ རེ་བ་གནང་མི་དཀོན་མཆོག་གིས་ དགའ་ཚོར་དང་ཞི་བདེ་ ཡོངས་སུ་རྫོགསཔ་སྦེ་ ཁྱེད་ལུ་གནང་བཅུག་ དེ་ལས་དམ་པའི་ཐུགས་ཉིད་ཀྱི་དབང་གི་རྒྱུད་ལས་སྦེ་ ཁྱེད་རེ་བ་སྦོམ་བསྐྱེད་མི་སྦེ་སྡོད་འོང་།། 14 ངེ་གི་དདཔ་ཅན་སྤུན་ཆ་ཚུ་ཁྱེད་ལུ་བལྟ་སྟེ་ ང་ཡིད་རངས་ཡི་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ག་ར་ལེགས་ཤོམ་ཨིནམ་མ་ཚད་ ཁྱེད་ག་ར་ཤེས་རབ་ཀྱིས་གང་སྟེ་ཡོད་མི་ཚུ་དང་ ཁྱེད་རང་གཅིག་གི་གཅིག་ལུ་བསླབ་བྱ་བྱིན་ཏེ་ བཅོ་ཁ་བརྐྱབ་ནི་ལུ་ལྕོགས་གྲུབ་ཅན་ཚུ་ཨིན། 15 ཨིན་རུང་ ཁྱེད་ཀྱི་སེམས་ཁར་དྲན་པའི་དོན་ལུ་ དོན་དག་ལ་ལུ་ཅིག་གཙོ་བོ་བསྟེན་ཏེ་ ང་མ་འདྲོགས་པར་ ཁྱེད་ལུ་བྲིས་ཏེ་གཏང་ཡི་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ང་ལུ་གནང་མིའི་ཐུགས་རྗེ་ལས་བརྟེན་ཏེ། 16 ཁིརཱིས་ཡེ་ཤུ་གི་ཕྱག་ཞུ་མི་སྦེ་བྱུང་སྟེ་ དཀོན་མཆོག་གི་གཏམ་བཟང་ ཕྱིའི་མི་རིགས་ཚུ་ལུ་བཤད་མིའི་ཞབས་ཏོག་ཞུཝ་ཨིན་ འདི་ག་ཅི་སྨོ་ཟེར་བ་ཅིན་ ཕྱིའི་མི་རིགས་དེ་ཚུ་ དམ་པའི་ཐུགས་ཉིད་ལས་སྦེ་ གཙང་ཏོག་ཏོ་མཛད་དེ་ དཀོན་མཆོག་གིས་ཐུགས་དགྱེས་པའི་མཆོདཔ་གཅིག་ལུ་ འགྱུར་བཅུག་ནིའི་དོན་ལུ་ཨིན། 17 དེ་འབདཝ་ལས་བརྟེན་ཏེ་ ང་གིས་དཀོན་མཆོག་གི་ཕྱག་ཞུ་བའི་ཐོག་ལས་ ཁིརཱིས་ཡེ་ཤུ་གིས་མཛད་མི་ལུ་མཇལཝ་ད་ ང་ལུ་དགའ་ཚོར་བསྐྱེད་ནིའི་དོན་དག་ལེ་ཤ་ཡོད། 18 ག་ཅི་སྨོ་ཟེར་བ་ཅིན་ ཕྱིའི་མི་རིགས་ཚུ་ལུ་དཀོན་མཆོག་གི་བཀའ་ལུ་ཉན་བཅུག་ནི་སྦེ་ ཁིརཱིས་ཀྱིས་ང་གིས་སླབ་མི་དང་འབད་མི་གི་རྒྱུད་ལས་སྦེ་ ག་ཅི་རང་མཛད་གནང་ཡི་ག་ འདི་ལས་འགལ་ཏེ་ གཞན་ག་ནི་ཡང་ང་གིས་མ་སླབ། 19 རྟགས་མཚན་དང་ཧ་ལས་པའི་ཕྱག་ལཱ་ཚུ་ དམ་པའི་ཐུགས་ཉིད་ཀྱི་དབང་ཤུགས་ཀྱི་རྒྱུད་ལས་སྦེ་ ཡེ་རུ་ཤ་ལེམ་ལས་འགོ་བཙུགས་ཏེ་ ཨཱིལ་ལི་རི་ཀུམ་ལུང་ཕྱོགས་ལུ་ཚུན་ཚོད་ ཁིརཱིས་ཀྱི་གཏམ་བཟང་འདི་ ང་གིས་ག་ཏེ་ཡང་བཤད་དེ་སླབ་ཚར་ཡི། 20 ཡེ་ཤུ་ཁིརཱིས་ཀྱི་སྐོར་ལས་ ནམ་ཡང་རྣ་བ་མ་གོ་བར་སྡོད་མི་ཚུ་གི་ས་གནས་ནང་ལུ་ ང་གནམ་མེད་ས་མེད་གཏམ་བཟང་བཤད་པ་འགྱོ་དགོ་མནོ་ཡི་ དེ་འབདཝ་ད་ གཏམ་བཟང་ཧེ་མ་ལས་ གཞན་གྱིས་བཤད་ཚར་བའི་ས་གནས་ནང་ གཞན་ལས་འཕྲོ་མཐུད་དེ་ ང་གིས་གཏམ་བཟང་བཤད་དགོ་མི་མནོ་བས། 21 དེ་འབདཝ་ད་གསུང་རབ་ནང་ལུ། ཁོ་གི་སྐོར་ལས་ནམ་ཡང་ ཆོས་མ་བཤད་པར་མ་གོ་མི་ཚུ་གིས་ ད་མཐོང་ནི་ཨིན་ དེ་ལས་ཁོ་གི་སྐོར་ལས་ ནམ་ཡང་རྣ་བ་མ་གོ་མི་ཚུ་གིས་ ད་ལེགས་ཤོམ་སྦེ་ཧ་གོ་ནི་ཨིན་ཟེར་བྲིས་ཏེ་འདུག། 22 འདི་གིས་འབད་དེ་ ང་ཁྱེད་སྡོད་ས་ལུ་ཚར་ལེ་ཤ་ཅིག་རང་འོང་ནི་འབད་རུང་ འོང་མ་ཚུགས། 23 ད་ང་ཨ་ནི་ལུང་ཕྱོགས་ཚུ་ནང་ལུ་ ང་གིས་འབད་དགོ་པའི་ལཱ་དེ་ཚུ་ག་ར་ཚར་སོང་ཡི་ དེ་མ་ཚད་ ང་ལོ་མང་རབས་གཅིག་གི་ཧེ་མ་ལས་ ཁྱེད་སྡོད་ས་འོང་ནི་རེ་བ་ གནམ་མེད་ས་མེད་བསྐྱེད་དེ་ཡོད། 24 ང་ སེཔེའཱིན་ལུ་འགྱོཝ་ད་ ལམ་ཁ་ལུ་ ཁྱེད་དང་གཅིག་ཁར་འཕྱད་ནི་གི་རེ་བ་བསྐྱེད་དོ་ དེ་ལས་དུས་ཡུན་དུམ་གྲ་གཅིག་ ཁྱེད་དང་མཉམ་གཅིག་དགའ་ཏོག་ཏོ་སྦེ་སྡོད་དེ་ ང་ཕར་འགྱོཝ་ད་ཁྱེད་ཀྱིས་ང་ལུ་ ལམ་འགྲུལ་འབད་ནི་གི་དོན་ལུ་ རོགས་རམ་འབད་བྱིན་འོང་ཟེར་ ང་ལུ་རེ་བ་ཡོད། 25 དེ་འབདཝ་ད་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ལུ་ རོགས་རམ་འབད་ནིའི་དོན་ལུ་ ད་ང་ ཡེ་རུ་ཤ་ལེམ་ལུ་འགྱོ་དོ། 26 ག་ཅི་སྨོ་ཟེར་བ་ཅིན་ ཡེ་རུ་ཤ་ལེམ་ནང་ཡོད་མི་ དཀོན་མཆོག་ཁོ་རའི་དམ་པའི་མི་ སྤྱང་ཀ་ཚུ་གི་དོན་ལུ་ ལུང་ཕྱོགས་ མ་ཀེ་དོ་ནི་ཡ་དང་ ཨ་ཀེ་ཡ་གི་ཆོས་ཚོགས་ཀྱིས་ ཁོང་གི་དོན་ལུ་སེམས་དགའ་སྟེ་ཞལ་འདེབས་བྱིན་ཡི། 27 ཞལ་འདེབས་དེ་ ཁོང་གིས་སེམས་དགའ་སྟེ་བྱིན་ཡི་ དེ་སྦེ་ཨིན་ཏེ་འབད་རུང་ ཁོང་ཕྱིའི་མི་རིགས་ཚུ་ ཡ་ཧུ་ད་པ་ཚུ་ལུ་ དྲིན་ལན་འཇལ་དགོཔ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཡ་ཧུ་ད་པ་ཚུ་གི་སེམས་ཉིད་ཀྱི་བྱིན་རླབས་འདི་ ཁོང་ཕྱིའི་མི་རིགས་ཚུ་གིས་ཐོབ་སྟེ་ཡོད་པ་ཅིན་ ཡ་ཧུ་ད་པ་ལུ་འཇིག་རྟེན་གྱི་ཁག་ཆེཝ་དེ་ཚུ་ཡང་བྱིན་ཏེ་ རོགས་རམ་འབད་དགོ། 28 དེ་འབདཝ་ལས་བརྟེན་ཏེ་ ཁོང་གི་དོན་ལུ་བསྡུ་མི་ཞལ་འདེབས་དེ་འབག་སྟེ་ ཁོང་ལུ་སྤྲོད་ཚརཝ་ད་ ང་ཁྱེད་སྡོད་ས་ལས་སྦེ་ སེཔེའཱིན་ལུ་འགྱོ་ནི་ཨིན། 29 ང་ཁྱེད་སྡོད་ས་ལུ་འོངམ་ད་ ཁིརཱིས་ཀྱིས་བྱིན་རླབས་མངམ་སྦེ་གནང་ནི་ཨིན་ཟེར་ ང་གིས་ཐད་རི་བ་རི་ཤེས། 30 དབའེ་སྤུན་ཆ་ཚུ་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་དང་ དམ་པའི་ཐུགས་ཉིད་ཀྱི་བྱམས་པ་ལས་བརྟེན་ཏེ་ ང་ལཱ་ནང་རྩ་འགེངས་དོཝ་བཟུམ་སྦེ་ ཁྱེད་ཀྱིས་ཡང་བརྩོན་འགྲུས་བསྐྱེད་དེ་ ངེ་གི་དོན་ལས་ དཀོན་མཆོག་ལུ་སྨོན་ལམ་བཏབ་གནང་ཟེར་ ང་གིས་གསོལཝ་བཏབ་ཨིན། 31 ཡུ་དེ་ཡ་གི་ལུང་ཕྱོགས་ལུ་ཡོད་མི་ དད་པ་བསྐྱེད་མ་བཏུབ་མི་ཚུ་ལས་ ང་སྤར་ཐར་ནིའི་དོན་ལུ་དང་ ཡེ་རུ་ཤ་ལེམ་ལུ་ཡོད་མི་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ལུ་ ང་གིས་འབད་མི་དེ་ ལེགས་ཤོམ་རང་འབྱུང་བཅུག་ཟེར་ སྨོན་ལམ་བཏབ་གནང་། 32 དེ་ལས་དཀོན་མཆོག་གི་ཐུགས་དགོངས་ཡོད་པ་ཅིན་ ང་དགའ་ཚོར་ནང་ཁྱེད་སྡོད་ས་ལྷོད་དེ་ ཁྱེད་དང་མཉམ་ང་ངལ་འཚོ་སྟེ་ཧིང་སང་ས་འགྱོ་ནི་ཨིན། 33 ཞི་བདེ་གནང་མིའི་དཀོན་མཆོག་འདི་ ཁྱེད་ག་ར་དང་མཉམ་གཅིག་བཞུགས་བཅུག་ ཨ་མཱེན།།
1 ཁྲོམ་ ཀེན་ཁེརེ་ཡི་ནང་གི་ཆོས་ཚོགས་ཀྱི་དྲང་གཞགཔ་མོ་ ང་བཅས་ཀྱི་སྲིངམོ་ ཕི་བི་ལུ་ང་གིས་ཁྱེད་ལུ་བཅོལ་དོ། 2 དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ལུ་ཞེ་ས་འབདཝ་བཞིན་དུ་ ཁྱེད་ཀྱིས་མོ་ལུ་གཙོ་བོའི་མཚན་ནང་ བྱོན་པར་ལེགས་སོ་འབད་ དེ་ལས་མོ་ལུ་ཁག་ཆེཝ་ག་ཅི་ཡོད་རུང་ ཁྱེད་ཀྱིས་མོ་ལུ་ཕན་བཏགས་བྱིན་ ག་ཅི་སྨོ་ཟེར་བ་ཅིན་ མོ་གིས་ང་དང་མི་ལེ་ཤ་ལུ་རོགས་རམ་འབད་ཡི། 3 ཁིརཱིས་ཡེ་ཤུ་ནང་ ང་དང་གཅིག་ཁར་ དཀོན་མཆོག་གི་ཕྱག་ཞུ་མི་མཉམ་རོགས་ པིརཱིས་ཀ་དང་ མོ་གི་རྨགཔ་ ཨ་ཀུ་ལཱས་གཉིས་ལུ་ ང་ལས་སྐུ་གཟུགས་བཟང་པོ་ཡོད་ཟེར་སླབ་བྱིན། 4 ཁོང་གཉིས་ཀྱིས་ ངེ་གི་སྲོག་སྐྱབས་འབད་ནི་སྦེ་ ཁོང་རའི་སྲོག་ལུ་ཡང་ མ་ཕངས་པར་ འདྲོག་སི་སི་གི་གནས་སྟངས་ནང་ལུ་ཡང་ ང་ལུ་ཆ་རོགས་འབད་མི་ལུ་བཀའ་དྲིན་ཆེ་ ཁོང་ལུ་ང་གིས་རྐྱངམ་གཅིག་མེན་པར་ ཕྱིའི་མི་རིགས་ཀྱི་ཆོས་ཚོགས་ ཆ་མཉམ་གྱིས་ཡང་ རོགས་རམ་འབད་ནིའི་དོན་ལུ་ བཀའ་དྲིན་ཆེ་ཟེར་སླབ་བཏང་ཡི། 5 ཁོང་གི་ཁྱིམ་ནང་འཛོམས་མི་ཆོས་ཚོགས་ག་ར་ལུ་ ང་ལས་སྐུ་གཟུགས་བཟང་པོ་ཡོད་ དེ་ལས་ ཨེ་སི་ཡ་གི་ལུང་ཕྱོགས་ནང་ལས་ འགོ་དང་པ་རང་ ཁིརཱིས་ལུ་དད་པ་བསྐྱེད་མི་ ངེ་གི་ལྟོ་ཚང་ ཨེ་པའི་ནེ་ཏཱོས་ལུ་སྐུ་གཟུགས་བཟང་པོ། 6 ཁྱེད་ལུ་རོགས་རམ་འབད་དེ་ རྩ་འགེངས་ལཱ་འབད་མི་ མཱིར་ཡམ་ལུ་སྐུ་གཟུགས་བཟང་པོ་ཡོད། 7 ཨཱན་དྲོ་ནི་ཀཱོས་དང་ ཡུ་ནི་ཡཱས་ལུ་སྐུ་གཟུགས་བཟང་པོ་ཡོད་ ཁོང་གཉིས་ང་དང་ རིགས་བརྒྱུད་གཅིག་འབད་མི་དང་ ངེ་གི་བཙོན་པ་ཆ་རོགས་ཨིནམ་མ་ཚད་ སྐུ་ཚབ་ཚུ་གི་གྲལ་ལས་མིང་ཅན་ དེ་ལས་ངེ་གི་ཧེ་མ་ལས་ཁིརཱིས་ལུ་དད་པ་བསྐྱེད་མི་ཚུ་ཨིན། 8 གཙོ་བོ་ནང་ང་གིས་གཅེས་པའི་ ཨམ་པིལི་ཏཱོས་ལུ་ ང་ལས་སྐུ་གཟུགས་བཟང་པོ་ཡོད། 9 ཁིརཱིས་ཀྱི་དོན་ལུ་ ང་བཅས་དང་མཉམ་དཀོན་མཆོག་གི་ཕྱག་ཞུ་མི་ ཨུར་བ་ནཱས་དང་ ངེ་གི་ལྟོ་ཚང་ སེཏེ་ཀཱས་ལུ་ང་ལས་སྐུ་གཟུགས་བཟང་པོ། 10 ཁིརཱིས་ཀྱི་དོན་ལུ་འོས་འབབ་ཡོད་མི་ ཨ་པེ་ལཱེས་དང་ ཨ་རཱིས་ཏོ་བུ་ལཱོས་ཀྱི་བཟའ་ཚན་ག་ར་ལུ་ སྐུ་གཟུགས་བཟང་པོ་སླབ་གནང་། 11 ང་དང་ རིགས་བརྒྱུད་གཅིག་འབད་མི་ ཧེ་རོ་དི་ཨཱོན་ལུ་སྐུ་གཟུགས་བཟང་པོ་ དེ་ལས་གཙོ་བོ་ནང་ཡོད་མི་ ནཱར་སི་སཱོས་ཀྱི་བཟའ་ཚན་ལུ་ཡང་ སྐུ་གཟུགས་བཟང་པོ་ཟེར་སླབ་གནང་། 12 གཙོ་བོ་གི་དོན་ལུ་ ལཱ་འབད་མི་སྲིངམོ་ ཏིརི་ཕེ་ན་དང་ ཏིརི་ཕོ་ས་ལུ་ སྐུ་གཟུགས་བཟང་པོ་ ད་རུང་གཙོ་བོ་གི་དོན་ལུ་ ལཱ་རྩ་འགེངས་འབད་མི་སྲིངམོ་ ང་བཅས་ཀྱི་གཅེས་པའི་ པེར་སཱིས་ལུ་ཡང་སྐུ་གཟུགས་བཟང་པོ་ཟེར་སླབ་གནང་། 13 དཀོན་མཆོག་གིས་བཙག་འཐུ་མཛད་གནང་མི་ རུ་ཕཱས་དང་ ངེ་གི་ཨའི་དང་འདྲ་བའི་ ཁོ་གི་ཨའི་ལུ་ཡང་ སྐུ་གཟུགས་བཟང་པོ་ཡོད་ཟེར་སླབ་གནང་། 14 དེ་ལས་ ཨ་སུག་ཀིརི་ཏཱོས་དང་ ཕེལེ་གཱོན་ ཧཱེར་མཱེས་ པ་ཏྲོ་བཱས་ ཧཱེར་མཱས་ དེ་ལས་ཁོང་དང་གཅིག་ཁར་ཡོད་མི་ དདཔ་ཅན་སྤུན་ཆ་ག་ར་ལུ་ ང་ལས་སྐུ་གཟུགས་བཟང་པོ་ཟེར་སླབ་གནང་། 15 ཕི་ལོ་ལོ་གུས་དང་ ཡུ་ལི་ཡ་དང་ ནེ་རེའུས་དང་ ཁོ་གི་སྲིངམོ་ དེ་ལས་ ཨོ་ལིམ་པཱས་དང་ ཁོང་དང་མཉམ་ཡོད་མི་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ལུ་ ང་ལས་སྐུ་གཟུགས་བཟང་པོ་ཟེར་སླབ་གནང་། 16 ཁྱེད་རང་གཅིག་གིས་གཅིག་ལུ་ ཁིརཱིས་ཀྱི་བྱམས་པ་འབད་དེ་ སྐུ་གཟུགས་བཟང་པོ་ཟེར་སླབ་དེ་ལས་ནཱ་ལུ་ཡོད་མི་ཆོས་ཚོགས་ག་ར་གིས་ ཁིརཱིས་ནང་ཁྱེད་ག་ར་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་གཏང་དེས།། 17 དབའེ་སྤུན་ཆ་ཚུ་ ཁྱེད་ལུ་སྟོན་མི་གཞི་གི་སྐོར་ལས་ དཀྲོགས་ཁ་བརྐྱབས་མི་དང་ བར་ཆད་གཏང་མི་ཚུ་ལུ་ ན་འཐན་སྦེ་བལྟ་ དེ་ལས་ཁྱེད་དེ་ཚུ་ལས་ རང་ས་སྦེ་སྡོད་ཟེར་ ང་ཁྱེད་ལུ་གསོལཝ་བཏབ་དོ། 18 ག་ཅི་སྨོ་ཟེར་བ་ཅིན་ ཨ་ནི་བཟུམ་གྱི་མི་དེ་ཚུ་གིས་ ང་བཅས་ཀྱི་གཙོ་བོ་ཁིརཱིས་ཀྱི་ཕྱག་ཞུཝ་མེན་པར་ ཁོང་རའི་ཕོཝ་གི་དོན་ལུ་ལཱ་འབདཝ་ཨིན་ དེ་ལས་ཁོང་གི་བློ་ཧན་ཏོང་ཏོ་དང་ རང་བསྟོད་རྐྱབ་ནི་གི་ཐོག་ལས་ མི་ཕྲངམ་དེ་ཚུ་ལུ་ མགུ་བརྡུངམ་ཨིན། 19 ཁྱེད་གཙོ་བོ་གི་བཀའ་ལུ་ཉན་ཏེ་སྡོདཔ་ཨིན་མས་ཟེར་ ས་ཆ་ག་ར་ནང་གི་དདཔ་ཅན་ཚུ་གིས་ཤེས་ དེ་འབདཝ་ལས་བརྟེན་ཏེ་ ཁྱེད་ཀྱིས་འབད་མི་དེ་ལུ་བལྟ་སྟེ་ ང་སེམས་དགའ་ཡི་ དེ་འབདཝ་ད་ ཁྱེད་ལེགས་ཤོམ་འབད་ནི་ལུ་རིགཔ་རྩལ་དྲགས་དང་ ལཱ་ངན་པ་འབད་ནི་ཤེས་རུང་ དེ་ལུ་འབྲེལ་བ་མ་འཐབ་པར་སྡོད་འོང་ཟེར་ ང་ལུ་འདོད་པ་ཡོད། 20 དེ་ལས་སྐྱིདཔ་གནང་མི་དཀོན་མཆོག་གིས་མགྱོགས་པ་རང་ བདུད་ སེ་ཏཱན་ཁྱེད་ཀྱི་རྐང་མའི་འོག་ལུ་བསྒྲལ་བཀོག་འོང་ ང་བཅས་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཐུགས་རྗེ་ ཁྱེད་ལུ་གནང་བཅུག 21 ང་དང་མཉམ་ལཱ་འབད་མི་ ཏི་མོ་ཐི་གིས་ཁྱེད་ལུ་ སྐུ་གཟུགས་བཟང་པོ་ཟེར་ཞུ་དེས་ དེ་ལས་ང་དང་རིགས་བརྒྱུད་གཅིག་འབད་མི་ལྟོ་ཚང་ ལུ་ཀིའུས་དང་ ཡ་སཱོན་དང་ སོ་སི་པ་ཏཱེར་ཚུ་གིས་ཡང་ ཁྱེད་ག་ར་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་བཏང་དེས། 22 པའུལ་གྱི་གསུངམ་བཞིན་དུ་ ཨ་ནི་ཡི་གུ་བྲིས་མི་ང་ ཏཱེར་ཏི་ཨཱས་ཀྱིས་ གཙོ་བོ་ནང་ཁྱེད་ཆ་ཁྱབ་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་བཏང་དོ། 23 ང་སྡོད་མི་ཁྱིམ་གྱི་སྦྱིན་བདག་ གའི་ཡུས་དང་ ཁོ་གི་ཁྱིམ་ནང་འཛོམས་མི་ཆོས་ཚོགས་ཀྱིས་ ཁྱེད་ལུ་སྐུ་གཟུགས་བཟང་པོ་སླབ་བཏང་དེས་ དེ་ལས་ཁྲོམ་གྱི་རྩིས་དཔོན་ ཨེ་རཱས་ཏཱོས་དང་ ང་བཅས་ཀྱི་ནུ་གཅུང་ ཀ་ཝཱར་ཏུས་ཀྱིས་ཡང་ ཁྱེད་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་དེས། 24 25 མཐའ་མེད་པའི་དཀོན་མཆོག་གི་བཀའ་དང་བསྟུན་ཏེ་ མི་རིགས་ག་ར་གིས་ དཀོན་མཆོག་གི་བཀའ་ལུ་དད་པ་བསྐྱེད་དེ་ ཉན་བཅུག་ནི་གི་དོན་ལུ་ ལུང་བསྟན་ཚུ་ཧེ་མ་བྲིས་བཞག་མི་གསུང་རབ་ཀྱི་རྒྱུད་ལས་སྦེ་ཕྱི་ཁར་འཐོན་ཏེ་ ཧེ་མ་ལས་གསང་བཞག་མི་བདེན་པའི་གཏམ་བཟང་འདི་ ད་རེས་སྐབས་ཁྱབ་བསྒྲགས་འབད་མི་དང་བསྟུན་ཏེ་ ཡེ་ཤུ་ཁིརཱིས་ཀྱི་སྐོར་ལས་ཁྱབ་བསྒྲགས་དང་ ང་གིས་བཤད་མི་གཏམ་བཟང་གི་རྒྱུད་ལས་སྦེ་ ཁྱེད་ལུ་དད་པ་སྒྲིང་སྒྲིང་མཛད་མི། 27 ག་ར་ལས་ཤེས་རབ་ཅན་གྱི་དཀོན་མཆོག་ལུ་ ཡེ་ཤུ་ཁིརཱིས་ཀྱི་རྒྱུད་ལས་སྦེ་ དུས་ཨ་རྟག་ར་ ཁོ་ལུ་བསྟོད་པ་ཕུལ་བར་ཤོག་ ཨ་མཱེན།། །།
1 དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ ཁིརཱིས་ཡེ་ཤུ་གི་སྐུ་ཚབ་སྦེ་བཙག་འཐུ་མཛད་གནང་མི་ ང་ པའུལ་དང་ ང་བཅས་ཀྱི་སྤུན་ཆ་ སཱོས་ཐེ་ནཱེས་ལས། 2 དཀོན་མཆོག་གིས་ཁིརཱིས་ཡེ་ཤུ་གི་ཐོག་ལས་སྦེ་གཙངམ་མཛད་ ཁོ་རའི་མི་སྦེ་བཙག་འཐུ་གནང་མི་ ཁྱེད་ ཀོ་རཱིན་ཐི་ནང་ཡོད་མི་ཆོས་ཚོགས་དང་ ཕྱོགས་སོ་སོ་ལས་ཕར་བཞུགས་ཡོད་མི་དདཔ་ཅན་ག་ར་ ང་བཅས་དང་ཁོང་རའི་གཙོ་བོ་ ཡེ་ཤུ་ཁིརཱིས་ཀྱི་མཚན་ནང་ཞུ་བ་ཕུལ་མི་ཚུ་ལུ་ ཡི་གུ་འདི་འབྲི་དོ། 3 ང་བཅས་ཀྱི་ཡབ་དཀོན་མཆོག་དང་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱིས་ ཁྱེད་ཆ་ཁྱབ་ལུ་ཐུགས་རྗེ་དང་ཞི་བདེ་གནང་བཅུག། 4 ང་རྟག་བུ་རང་ཁྱེད་ཀྱི་སྐོར་ལས་ངེ་གི་དཀོན་མཆོག་ལུ་ བཀའ་དྲིན་བསམ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་ཁོ་རའི་ཐུགས་རྗེ་དེ་ ཁིརཱིས་ཡེ་ཤུ་ལས་རྒྱུད་དེ་ཁྱེད་ལུ་གནང་སྟེ་ཡོད། 5 དེ་མ་ཚད་པར་ ཁྱེད་ཁོ་ལས་རྒྱུད་དེ་ བློ་དང་ཤེས་རབ་ དེ་ལས་ ག་ཅི་ནང་ལས་རང་འབད་རུང་ སྤུས་ཚད་ཡར་འཕར་འགྱོ་སྟེ་ཡོདཔ་ཨིན། 6 འདི་ནང་ལས་ ང་བཅས་ག་ཅི་ཧ་གོ་ཚུགསཔ་སྨོ་ཟེར་བ་ཅིན་ ང་གིས་ཁྱེད་ཆ་ཁྱབ་ལུ་ ཁིརཱིས་ཀྱི་སྐོར་ལས་བཤད་མི་འཛོམ་དཔང་འདི་ ཏན་ཏན་ཨིན་ཟེར་བའི་བདེན་ཁུངས་བཀལཝ་ཨིན། 7 དེ་འབདཝ་ལས་ ཁྱེད་ཆ་ཁྱབ་གཙོ་བོ་ཡེ་ཤུ་ཁིརཱིས་ མངོན་སུམ་དུ་མཇལ་བའི་ཉིནམ་འདི་ལུ་ རེ་བ་བསྐྱེད་དེ་བསྒུག་སྡོད་པའི་བར་དུ་ ཁྱེད་ནང་ཐུགས་ཉིད་ཀྱི་གསོལ་རས་འབོལ་མཆིས་ཆི་སྦེ་སྡོད་འོང་། 8 གཙོ་བོ་ཡེ་ཤུ་ཁིརཱིས་ལོག་མ་འབྱོན་པའི་ཉིནམ་ཚུན་ཚོད་ ཁྱེད་སྐྱོན་དང་འཛོལ་བ་ག་ནི་ཡང་མེད་པར་ མཐའན་མཇུག་ཚུན་ཚོད་རང་ སྒྲིང་སྒྲིང་སྦེ་བཟོ་སྟེ་བཞག་གནང་འོང་། 9 འདི་ཚུ་ག་ར་ བརྟན་ཏོག་ཏོ་ཨིན་མི་དཀོན་མཆོག་གིས་ ཁོ་རའི་སྲས་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་དང་གཅིག་ཁར་ མཉམ་འབྲེལ་བཞག་ནི་གི་དོན་ལུ་འབོ་གནང་ཡི།། 10 སྤུན་ཆ་ཚུ་ ཁྱེད་ག་ར་འཆམ་མཐུན་ཏེ་སྡོད་ཟེར་ ང་གིས་ཡེ་ཤུ་ཁིརཱིས་ཀྱི་མཚན་ནང་ ཁྱེད་ལུ་གསོལཝ་བཏབ་དོ་ ཁྱེད་ཀྱི་སྦུག་ལུ་འཐབ་འཛིང་བྱུང་སྟེ་ སོ་སོ་སྦེ་ཁ་གཏོར་འགྱོ་མ་བཅུག་ དེ་འབདཝ་ད་ ཁྱེད་ཆ་ཁྱབ་སེམས་གཅིག་དང་ མནོ་བསམ་གཅིག་སྦེ་གཏང་སྟེ་སྡོད། 11 དབའེ་ ངེ་གི་སྤུན་ཆ་ཚུ་ ཁྱེད་ལ་ལུ་ཅིག་གི་བར་ན་མ་བསྒྲིགས་པར་ ཁ་ཤགས་བརྐྱབས་ཏེ་ཡོད་པའི་སྐོར་ལས་ ཁོལོའི་གི་བཟའ་ཚན་ཚུ་གིས་ ང་ལུ་རྣ་བ་སྐྱེལ་ཏེ་ཡོད། 12 ང་གིས་སླབ་མིའི་དོན་དག་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་སྦུག་ལས་ ལ་ལུ་ཅིག་གིས་ ང་ པའུལ་གྱི་ཨིན་ ང་ ཨ་པོ་ལཱོས་ཀྱི་ཨིན་ ང་ ཀེ་ཕཱས་ཀྱི་ཨིན་ ད་རུང་གཅིག་གིས་ ང་ཁིརཱིས་ཀྱི་ཨིན་ཟེར་སླབ་མས། 13 ད་ཁིརཱིས་དེ་ བགོ་བཤའ་བརྐྱབས་ཏེ་ཡོདཔ་ཨིན་ན་ པའུལ་ ཁྱེད་ཀྱི་མཐའ་དོན་ལུ་ཁྲམ་ཤིང་གུ་བརྐྱངས་ཡི་ག་ ཡང་ཅིན་ པའུལ་གྱི་མིང་ནང་ཁྱེད་ཁྲུས་གསོལ་ཐོབ་ཐོབ་ཨིན་ན། 14 ང་གིས་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ ཁྱེད་ཀྱི་གྲལ་ཁ་ལས་ ཀིརཱིས་པུས་དང་ གའི་ཡུས་མ་གཏོགས་གཞན་ག་ལུ་ཡང་ཁྲུས་གསོལ་མ་བྱིན། 15 དེ་བཟུམ་སྦེ་ ཁྱེད་ཀྱི་གྲལ་ཁ་ལས་ ག་གིས་ཡང་ ངེ་གི་མིང་ནང་ཁྲུས་གསོལ་ཐོབ་ཅི་ཟེར་སླབ་མི་ཚུགས། 16 (ད་རུང་ང་གིས་ ཨཱིས་ཏེ་ཕ་ནཱས་ནང་ཚན་ཚུ་ལུ་ཁྲུས་གསོལ་བྱིན་ཡི་ འདི་ལས་བརྒལ་ཏེ་ གཞན་ལུ་ཁྲུས་གསོལ་བྱིན་ཡོད་པའི་དཔྱད་རིག་གཏང་མ་ཚུགས།) 17 ག་ཅི་སྨོ་ཟེར་བ་ཅིན་ ཁིརཱིས་ཀྱིས་ ང་ལུ་ཁྲུས་གསོལ་བྱིན་པ་མེན་པར་ གཏམ་བཟང་བཤད་པ་བཏང་གནང་ཡི་ འདི་དགེ་བཤེས་ཚུ་གི་ལོ་རྒྱུས་བཟུམ་སྦེ་མེན་ དེ་བཟུམ་སྦེ་ཨིན་པ་ཅིན་ ཁིརཱིས་ཁྲམ་ཤིང་གུ་གཤགས་པའི་མཐུ་སྟོབས་དེ་ ག་ནི་ཡང་མེདཔ་སྦེ་འགྱོ་འོང་།། 18 མེདཔ་ཐལ་འགྱོ་མི་ཆ་ཁྱབ་ཀྱི་དོན་ལུ་ ཁྲམ་ཤིང་གི་ལོ་རྒྱུས་དེ་ ཁུངས་དོན་མེད་པའི་རྩ་རྒས་ཚུ་གི་ལོ་རྒྱུས་བཟུམ་སྦེ་ཨིན་ དེ་འབདཝ་ད་ ང་བཅས་སྐྱབས་མཛད་དེ་ཡོད་མི་ཚུ་གི་དོན་ལུ་ དཀོན་མཆོག་གི་མཐུ་སྟོབས་ཨིན། 19 ག་ཅི་སྨོ་ཟེར་བ་ཅིན། ང་གིས་མཁས་པ་ཅན་ཚུ་གི་རིག་པ་བརླག་སྟོར་གཏང་ནི་ དེ་ལས་བློ་རིག་ཅན་ཚུ་གི་ རིག་རྩལ་ཚུ་ཟུར་ཁ་བཀོ་བཞག་ནི་ཟེར་ བྲིས་ཏེ་འདུག 20 ཤེས་རབ་ཅན་ཚུ་ག་ཏེ་སྨོ་ ཡོན་ཏན་ཅན་ག་ཏེ་སྨོ་ ད་རེས་ནངས་པ་གི་གྲུབ་མཐའ་མཁསཔ་ཚུ་ག་ཏེ་སྨོ་ དཀོན་མཆོག་གིས་ཨ་ནི་འཇིག་རྟེན་གྱི་རིག་པ་ལུ་ གླེན་མགོ་མཛད་མ་གནང་ག། 21 འཇིག་རྟེན་པ་ཚུ་གིས་ ཁོང་རའི་རིག་པ་ལས་རྒྱུད་དེ་ དཀོན་མཆོག་ལུ་ངོ་ཤེས་མ་ཚུགསཔ་ལས་བརྟེན་ཏེ་ དཀོན་མཆོག་གིས་ཁོ་རང་གི་ཤེས་རབ་དང་ཁྲིལ་ཏེ་ ང་བཅས་ཀྱིསབཤད་མི་གཏམ་བཟང་ མི་གཞན་གྱིས་གླེན་པ་ཟེར་སླབ་མི་དེ་ལུ་ དད་པ་སྐྱེད་མི་ཚུ་ སྐྱབས་མཛད་སྦེ་ ཐུགས་ཐག་བཅད་མཛད་ནུག 22 ཡ་ཧུ་ད་པ་ཚུ་ལུ་ཞིང་ཁམས་ཀྱི་རྟགས་མཚན་དགོ་ གིརིག་པ་ཚུ་གིས་རིག་རྩལ་འཚོལཝ་ཨིན། 23 དེ་འབདཝ་ལས་ ང་བཅས་ཀྱིས་ཁྲམ་ཤིང་གུ་ གཤགས་མི་ཁིརཱིས་ཀྱི་སྐོར་ལས་ཆོས་བཤདཔ་ད་ ཁོང་ ཡ་ཧུ་ད་པ་ཚུ་ལུ་སེམས་ཁར་ཕོག་པའི་གཏམ་དང་ ཕྱིའི་མི་རིགས་ཚུ་ལུ་འབྱུང་ཁུངས་མེད་པའི་གཏམ་ལུ་འགྱུར་སོང་ཡི། 24 དེ་འབདཝ་ད་ ཡ་ཧུ་ད་པ་ཨིན་རུང་མེན་རུང་ དཀོན་མཆོག་གིས་འབོ་གནང་མི་ཆ་ཁྱབ་ཀྱི་དོན་ལུ་ ཁིརཱིས་དེ་དཀོན་མཆོག་གི་མཐུ་སྟོབས་དང་ཤེས་རབ་ཨིན། 25 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་འཆར་གཞི་དེ་ མི་ཚུ་གི་དོན་ལུ་ཁུངས་མེདཔ་བཟུམ་སྦེ་ཨིན་རུང་ མི་ཚུ་གི་རིག་པ་ལས་ཡང་མཁས་ དེ་ལས་ཁིརཱིས་ཁྲམ་ཤིང་གུ་གཤགསཔ་ད་ མི་ཚུ་གིས་དཀོན་མཆོག་ལུ་མཐུ་སྟོབས་མེདཔ་སྦེ་བརྩིས་རུང་ མི་ཚུ་གི་ཁེ་རྒོ་ལས་ཡང་དཀོན་མཆོག་འདི་མཐུ་སྟོབས་ཅན་ཨིན། 26 སྤུན་ཆ་ཚུ་ ཁྱེད་ལུ་འགོ་དང་པ་འབོཔ་ད་ ཁྱེད་མི་ག་བཟུམ་གཅིག་ཡོདཔ་ཨིན་ན་ དེ་གི་སྐོར་ལས་ མནོ་བསམ་གཏང་ཞིག་ མི་གི་རང་བཞིན་ལས་བལྟ་བ་ཅིན་ ཁྱེད་ཀྱི་གྲལ་ཁ་ལུ་ཤེས་རབ་ཅན་ལེ་ཤ་དང་ དབང་ཚད་ཅན་ལེ་ཤ་ དེ་ལས་ཕྱུགཔ་གི་བཟའ་ཚང་ནང་སྐྱེས་མི་ལེ་ཤ་མིན་འདུག 27 དེ་འབདཝ་ད་ ཤེས་རབ་ཅན་ཚུ་ལུ་ངོ་ཚ་བཅུག་ནིའི་དོན་ལུ་ དཀོན་མཆོག་གིས་ ཁོང་འཛམ་གླིང་གི་མི་ཚུ་གིས་ རྩ་རྒས་སྦེ་བརྩིས་བཞག་མི་ཚུ་ལུ་བཙག་འཐུ་མཛད་གནང་ནུག་ དེ་ལས་དབང་ཚད་ཅན་ཚུ་ལུ་ ངོ་ཚ་བཅུག་ནི་གི་དོན་ལུ་ དབང་ཚད་མེད་མི་ཚུ་ལུ་བཙག་འཐུ་མཛད་གནང་ནུག 28 ཁོང་འཛམ་བུ་གླིང་གི་མི་ཚུ་གིས་ ཁུངས་དོན་མེད་པར་བཀོ་བཞག་མི་ཚུ་དང་ ག་ནི་བ་ཁག་མ་ཆེཝ་སྦེ་བརྩིས་མི་ཚུ་ལུ་ དཀོན་མཆོག་གིས་ བཙག་འཐུ་མཛད་གནང་ནུག་ དེ་ལས་འདི་ཚུ་གི་ཐོག་ལས་ ཁག་ཆེཝ་སྦེ་བརྩིས་མི་དེ་ཚུ་ ཁོ་གིས་ག་ནི་ཡང་མེདཔ་སྦེ་མཛད་ནུག 29 དཀོན་མཆོག་གིས་དེ་སྦེ་མཛད་གནང་མིའི་དོན་དག་དེ་ མི་ག་གིས་ཡང་ཁོ་གི་སྐུ་མདུན་ལུ་རང་བསྟོད་རྐྱབ་མ་བཅུག་ནི་སྦེ་ཨིན་མས། 30 དཀོན་མཆོག་གིས་ཁྱེད་ག་ར་ ཁིརཱིས་ཡེ་ཤུ་ནང་གཅིག་སྦེ་མཛད་གནང་སྟེ་ ང་བཅས་ཕན་ཐོགས་པའི་དོན་ལུ་ ཁིརཱིས་ཤེས་རབ་དང་ལྡནམ་སྦེ་འགྱུར་ཡི་ དེ་ལས་ཁིརཱིས་ལས་རྒྱུད་དེ་ དཀོན་མཆོག་གིས་ང་བཅས་ལུ་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་དང་ མི་གཙངམ་སྦེ་མཛད་དེ་ ང་བཅས་རའི་སྡིག་པ་ལས་དགོངས་ཡངས་གཏང་གནང་ནུག 31 དེ་འབདཝ་ལས་ ཁྱེད་ག་ར་ཨིན་རུང་ བསྟོད་པ་རྐྱབ་དགོ་མནོ་བ་ཅིན་ གཙོ་བོ་གི་སྐོར་ལས་རྐྱངམ་གཅིག་བསྟོད་པ་རྐྱབ་ཟེར་བྲིས་ཏེ་འདུག།
1 སྤུན་ཆ་ཚུ་ ང་ཁྱེད་སྡོད་ས་འགོ་དང་པ་འོངམ་ད་ ཁ་མཁས་དྲགས་དང་རིག་པ་ཅན་གྱི་ཐོག་ལས་ དཀོན་མཆོག་གི་འཛོམ་དཔང་བཤད་དེ་མ་འོང་། 2 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་དང་གཅིག་ཁར་སྡོདཔ་ད་ ཁྲམ་ཤིང་གུ་བཀྲོངས་ཡོད་མི་ཡེ་ཤུ་ཁིརཱིས་ཀྱི་སྐོར་ལས་མ་གཏོགས་ གཞན་ག་ཅི་གི་སྐོར་ལས་ཡང་ ཁྱེད་ལུ་མི་སྟོན་ཟེར་ཐག་བཅད་ཅི། 3 ང་ཁྱེད་སྡོད་ས་འོངམ་ད་ སྟོབས་ཤུགས་མེད་པའི་རང་བཞིན་ནང་ འདྲོག་སྟེ་སྒྱིད་ཐག་འདར་ཏེ་འོངས་ཡི། 4 ང་གིས་འབག་འོང་མི་ཁ་འཐེན་དང་བཤད་མི་ཆོས་དེ་ རིག་པ་ཅན་གྱི་ཚིག་དང་ ཁྱེད་ལུ་ཡིད་ཆེས་བཅུག་ནི་སྦེ་རྩ་ལས་མ་བཤད་ དེ་འབདཝ་ད་ དམ་པའི་ཐུགས་ཉིད་ཀྱི་སྟོབས་ཤུགས་ལས་བརྟེན་ ཆོས་སྟོན་ཏེ་བཤད་ཅི། 5 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་དད་པ་དེ་མི་གི་ཤེས་རབ་ལས་མེན་པར་ དཀོན་མཆོག་གི་མཐུ་སྟོབས་ལས་བརྟེན་ཏེ་ཨིན། 6 ཨིན་རུང་ དད་པ་ནང་སྒྲིང་སྒྲིང་ཡོད་མི་ཆ་ཁྱབ་ཀྱི་སྦུག་ལུ་ ང་བཅས་ཤེས་རབ་ཀྱི་ཆོས་བཤདཔ་ཨིན་ དེ་འཛམ་བུ་གླིང་གི་ཤེས་རབ་བཟུམ་སྦེ་མེན་ དེ་བཟུམ་གྱི་ཤེས་རབ་དེ་ འཛམ་བུ་གླིང་དང་འཛམ་བུ་གླིང་གི་དབང་དཔོན་ཚུ་བཟུམ་སྦེ་ མགྱོགས་པ་རང་ཡལ་འགྱོ་ནི་ཨིན། 7 དེ་འབདཝ་ད་ གཡིབ་བཞག་ཡོད་མི་གསང་བ་ དཀོན་མཆོག་གི་ཤེས་རབ་དེ་གི་སྐོར་ལས་ ང་བཅས་ཀྱིས་ཆོས་བཤདཔ་ཨིན་ དེ་འཇིག་རྟེན་འགོ་མ་བཙུག་པའི་ཧེ་མ་ལས་ ང་བཅས་ཡང་གཟི་བརྗིད་ཅན་སྦེ་འགྱུར་ནི་གི་དོན་ལུ་ དཀོན་མཆོག་གིས་བཀོད་བཞག་གནང་ནུག 8 དེ་འབདཝ་ད་ འཇིག་རྟེན་སྐྱོང་མིའི་ དབང་དཔོན་ཆ་ཁྱབ་ཀྱིས་ཤེས་རབ་དེ་ཧ་མ་གོ་བས་ དེ་ཁོང་གིས་ཧ་གོ་གོཝ་འབད་བ་ཅིན་ གཟི་བརྗིད་ཅན་ཨིན་མི་གཙོ་བོ་ལུ་ཁྲམ་ཤིང་གུ་མ་དཀྲོངསམ་འོང་། 9 དེ་གིས་འབད། སེམས་ཀྱི་གདིང་ལས་རང་ དཀོན་མཆོག་ལུ་བྱམས་པ་འབད་མི་ཆ་ཁྱབ་ཀྱི་དོན་ལུ་ ནམ་ཡང་མིག་གིས་མ་མཐོང་མི་དང་ རྣམ་ཅོག་གིས་མ་གོ་མི་ མི་གིས་སེམས་ཁར་མ་དྲན་མི་དེ་ དཀོན་མཆོག་གིས་གྲ་སྒྲིག་མཛད་གནང་ཡི་ཟེར་ གསུང་རབ་ནང་བྲིས་ཏེ་འདུག 10 དཀོན་མཆོག་གིས་ ཁོ་གི་ཐུགས་ཉིད་ཀྱི་སྒོ་ལས་སྦེ་ དེ་ཚུ་ག་ར་ང་བཅས་ལུ་མངོན་སུམ་དུ་བཏོན་གནང་ཡི་ ག་ཅི་སྨོ་ཟེར་བ་ཅིན་ དམ་པའི་ཐུགས་ཉིད་ཀྱིས་ག་ར་འཚོལ་ཏེ་བརྟག་ཞིབ་མཛདཔ་མ་ཚད་ དཀོན་མཆོག་གི་ལོ་རྒྱུས་གཏིང་ཟབ་དྲགས་དེ་ཚུ་ཡང་འཚོལ་གནངམ་ཨིན། 11 མི་གི་ནང་ན་ཡོད་མི་མནོ་བསམ་དེ་ཚུ་ རང་གི་སེམས་ཀྱིས་མ་གཏོགས་གཞན་གྱིས་ཧ་གོ་མི་ཚུགས་ དེ་བཟུམ་སྦེ་རང་ དཀོན་མཆོག་གི་ཐུགས་བསམ་འདི་ལུ་ ཁོ་གི་ཐུགས་ཉིད་ཀྱིས་མ་གཏོགས་གཞན་ ག་གིས་ཡང་ཧ་གོ་མི་ཚུགས། 12 ད་ང་བཅས་ཀྱིས་འཛམ་བུ་གླིང་གི་མནོ་ཐངས་ཚུ་མ་ཐོབ་ དེ་འབདཝ་ད་ དཀོན་མཆོག་གིས་ང་བཅས་ལུ་སྟོང་པ་སྦེ་གནང་མིའི་གསོལ་རས་དེ་ ག་ཅི་ཨིན་ན་ཧ་གོ་ཚུགས་ནིའི་དོན་ལུ་ ང་བཅས་ལུ་དམ་པའི་ཐུགས་ཉིད་གནང་སྟེ་ཡོད།། 13 ང་བཅས་ཀྱིས་ མི་གི་ཤེས་རབ་ཀྱིས་སྟོན་མི་ཚིག་ཚུ་ནང་མེན་པར་ དམ་པའི་ཐུགས་ཉིད་ཀྱིས་སྟོནམ་བཞིན་དུ་ ཆོས་བཤདཔ་ཨིན་ དེ་འབདཝ་ལས་ ཐུགས་ཉིད་ནང་ཨིན་མི་ཚུ་ལུ་ ང་བཅས་ཀྱིས་ ཐུགས་ཉིད་ཀྱི་བདེན་པ་ཚུ་བཤད་བྱིནམ་ཨིན། 14 ཐུགས་ཉིད་ནང་མེད་མི་དེ་གིས་ ཨ་ནི་དཀོན་མཆོག་གི་ཐུགས་ཉིད་ལས་འོངས་མི་ བློ་བདེན་པ་ཚུ་ལུ་ཁ་མི་བཟེད་ ག་ཅི་སྨོ་ཟེར་བ་ཅིན་ དེ་ཚུ་ཁོ་གི་དོན་ལུ་འབྱུང་ཁུངས་མེད་པའི་བློ་བཟུམ་ཅིག་ཨིན་ ཁོང་དམ་པའི་ཐུགས་ཉིད་ནང་ཡོད་མི་རྐྱངམ་གཅིག་གིས་ དོན་དག་ཧ་གོ་ཚུགསཔ་ཨིནམ་ལས་ ཁོ་གིས་དེ་ལུ་ཧ་གོ་མི་ཚུགས། 15 ཐུགས་ཉིད་དང་ལྡན་མི་ཆ་ཁྱབ་ཀྱིས་རྐྱངམ་གཅིག་ ག་ར་དབྱེ་ཞིབ་འབད་བལྟ་ཚུགས་ དེ་འབདཝ་ད་ མི་ག་གིས་ཡང་ཁོ་ལུ་དབྱེ་ཞིབ་འབད་མི་ཚུགས། 16 ག་ཅི་སྨོ་ཟེར་བ་ཅིན། གཙོ་བོ་གི་ཐུགས་བསམ་འདི་ལུ་ག་གིས་ཧ་གོ་ཚུགས་ནི་སྨོ་ ཁོ་ལུ་ག་གིས་སྟོན་ཚུགས་ནི་སྨོ། དེ་འབདཝ་ད་ ང་བཅས་ཀྱིས་ཁིརཱིས་ཀྱི་ཐུགས་བསམ་ཧ་གོ་ཚུགསཔ་ཨིན།།
1 སྤུན་ཆ་ཚུ་ ང་ཁྱེད་དང་གཅིག་ཁར་སྡོདཔ་ད་ ཐུགས་ཉིད་ནང་ཡོད་མི་ཚུ་དང་བློ་སླབ་དོཝ་བཟུམ་སྦེ་ སླབ་མ་ཚུགས་ དེ་འབདཝ་ད་ ལུས་ཀྱི་རང་བཞིན་དང་མཐུན་ཏེ་སྡོད་མི་ཚུ་ ཨོམ་འཐུང་མི་ཨ་ལོ་ཚུ་ལུ་སླབ་དོཝ་བཟུམ་སྦེ་ སླབ་སྡོད་ཅི། 2 ང་གིས་ཁྱེད་ལུ་ ཨ་ལོ་ཨོམ་བཅད་དེ་བཞེས་སྒོ་འགོ་དང་པ་ བྱིན་མི་དེ་མེན་པར་ ཨོམ་རང་འཐུང་བཅུག་ཅི་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་འདི་བཟུམ་གྱི་བཞེས་སྒོ་ ཟ་ནི་མ་རནམ་ལས་བརྟེན་ཏེ་ཨིན་ དེ་འབདཝ་ད་ ད་ལྟོ་ཡང་ཁྱེད་ འདི་བཟུམ་གྱི་བཞེས་སྒོ་ཟ་ནི་གི་དོན་ལུ་གྲ་སྒྲིག་མིན་འདུག 3 ད་ལྟོ་ཡང་ཁྱེད་ལུས་ཀྱི་རང་བཞིན་དང་མཐུན་ཏེ་སྡོདཔ་མས་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་གཅིག་གིས་གཅིག་ལུ་མིག་ཏོ་ཚ་ འཐབ་འཛིང་འབདཝ་ད་ ཁྱེད་ཀྱི་སྤྱོད་པ་ཚུ་ མི་གི་རང་བཞིན་ནང་ཡོད་མི་ཚུ་བཟུམ་སྦེ་སྡོདཔ་མས་མེན་ན། 4 ག་ཅི་སྨོ་ཟེར་བ་ཅིན་ ལ་ལུ་གིས་ང་ པའུལ་གྱི་ཨིན་ཟེར་སླབ་ ད་རུང་ལ་ལུ་གིས་ང་ ཨ་པོ་ལཱོས་ཀྱི་ཨིན་ཟེར་སླབ་པ་ཅིན་ ཁྱེད་མི་གི་རང་བཞིན་ནང་ཡོད་མི་ཚུ་བཟུམ་སྦེ་སླབ་མས་མེན་ན། 5 མ་གཞི་ ཨ་པོ་ལཱོས་ག་སྨོ་ ང་ པའུལ་ག་སྨོ་ ང་བཅས་གཉིས་ཁྱེད་ལུ་དད་པ་བསྐྱེད་བཅུག་མི་ དཀོན་མཆོག་གི་ཞབས་ཕྱིཔ་རྐྱངམ་གཅིག་ཨིན་ ཁོ་གིས་བཀའ་གནངམ་བཞིན་དུ་ ང་བཅས་ཀྱིས་ཕྱག་ཞུ་ཡི། 6 སོན་དེ་ང་གིས་བཏབ་ཅི་ ཨ་པོ་ལཱོས་ཀྱིས་ཆུ་བླུགས་ དེ་ལས་དཀོན་མཆོག་གིས་འདི་ལུ་ཐོན་སྐྱེད་གནང་ཡི། 7 དེ་འབདཝ་ལས་ཐོན་སྐྱེད་གནང་མི་དཀོན་མཆོག་མ་གཏོགས་ གཞན་སོན་བཏབ་མི་དང་ཆུ་བླུགས་མི་ཚུ་ཁག་མི་ཆེ། 8 སོན་བཏབ་མི་དང་ཆུ་བླུག་མི་གཉིས་ཆ་རང་ རྒྱུ་མཚན་གཅིག་ལུ་བརྟེན་ཏེ་ལཱ་འབདཝ་ཨིན་ ཁོང་གཉིས་ཆ་རང་གིས་ དཀའཝ་སྤྱད་མི་དང་བསྟུན་ཏེ་ གླ་ཆ་ཐོབ་ནི་ཨིན། 9 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་གཉིས་ཆ་རང་དཀོན་མཆོག་གི་ཕྱག་ཞུ་མི་ཨིན་ དེ་ལས་ཁྱེད་ཆ་ཁྱབ་ དཀོན་མཆོག་གི་བྱཱ་ཞིང་ཨིནམ་མ་ཚད་ ཁོ་གི་བཞུགས་ཁང་ཡང་ཨིན།། 10 ང་ལུ་གནང་མི་དཀོན་མཆོག་གི་ཐུགས་རྗེ་དང་བསྟུན་ཏེ་ བཟོ་བོ་མཁས་དྲགས་ཅིག་བཟུམ་སྦེ་ ང་གིས་རྩིག་འགྱམ་བཙུགས་བཞགཔ་ལས་བརྟེན་ གཞན་གྱིས་འདི་གི་གུ་ལས་འཕྲོ་མཐུད་དེ་ རྩིགཔ་རྐྱབ་འགྱོཝ་ཨིན་ འདི་གི་གུ་ལུ་འཕྲོ་མཐུད་དེ་རང་རྐྱབ་འགྱོ་མི་ཚུ་གིས་ ག་དེ་སྦེ་རྐྱབ་དོ་ག་ ག་ར་གིས་རིགཔ་སྒྱིམ་དགོ། 11 ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ཡེ་ཤུ་ཁིརཱིས་རྩིག་འགྱམ་སྦེ་བཙུགས་ཅི་ དེ་མ་གཏོགས་ རྩིག་འགྱམ་གཞན་ ག་གིས་ཡང་བཙུགས་མི་ཚུགས། 12 ག་རང་ཨིན་རུང་ འཕྲོ་མཐུད་དེ་རྩིག་འགྱམ་དེ་གི་གུ་ལུ་རྐྱབ་ད་ གསེར་དང་དངུལ་ རིན་ཆེན་ནོར་བུ་ ཤིང་ སུག་མ་དེ་ཚུ་ ག་ཅི་གིས་རང་བཙུགས་ཏེ་བཟོཝ་འདྲཝ་ཅིག་འབད་བ་ཅིན། 13 ཁྲིམས་དཔྱད་པའི་ཉིནམ་ལུ་ མི་རེ་རེ་བཞིན་གྱིས་འབད་མི་ལཱ་དེ་ མེ་གི་ཐོག་ལས་སྦེ་ཕྱི་བཏོན་བྱིན་འོང་ ཁྲིམས་དཔྱད་བའི་ཉིནམ་དེ་ མི་ག་ར་གི་ལཱ་ག་བཟུམ་སྦེ་ཡོདཔ་ཨིན་ན་ མེ་གིས་བརྟག་དཔྱད་འབད་འོང་། 14 མི་ག་གིས་རང་འབད་རུང་ རྩིག་འགྱམ་དེ་གི་གུ་རྐྱབ་མི་མཁོ་ཆས་ མེ་གིས་མ་འཚིག་པར་གནས་པ་ཅིན་ ཁོ་གིས་གསོལ་རས་ཐོབ་ནི་ཨིན་མས། 15 དེ་འབདཝ་ད་ མེ་གིས་འཚིག་སྟེ་མེདཔ་ཤོར་སོང་པ་ཅིན་ བཟོ་བོ་དེ་གིས་རྒུད་འབག་དགོ་ ཨིན་རུང་བཟོ་བོ་དེ་ མེ་གིས་འཚིག་ས་ལས་བྱོག་ཐལ་དོཝ་བཟུམ་སྦེ་ཐར་པ་ཐོབ་འོང་། 16 ཁྱེད་ཆ་ཁྱབ་དཀོན་མཆོག་གི་བཞུགས་ཁང་ཨིནམ་ལས་ ཁོ་གི་དམ་པའི་ཐུགས་ཉིད་དེ་ ཁྱེད་ཀྱི་ནང་ན་བཞུགས་ཡོདཔ་ཁྱེད་ཀྱིས་མ་ཤེས་ག། 17 དཀོན་མཆོག་གི་བཞུགས་ཁང་འདི་ལུ་མི་ག་གིས་འབད་རུང་རྩ་མེད་གཏང་པ་ཅིན་ དཀོན་མཆོག་གིས་དེ་ལུ་ཡང་རྩ་མེད་གནང་ནི་ཨིན་མས་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་བཞུགས་ཁང་དེ་དམ་པ་ཨིན་ ཁོ་གི་བཞུགས་ཁང་དེ་ཁྱེད་ཆ་ཁྱབ་ཨིན། 18 མི་རང་གིས་རང་ལུ་མགུ་མ་བསྐོར་ ཁྱེད་ཀྱི་གྲལ་ཁ་ལས་ ག་ར་འབད་རུང་ ང་ཨ་ནི་འཛམ་བུ་གླིང་ནང་ ཤེས་རབ་ཅན་གཅིག་ཨིན་ཟེར་མནོ་བ་ཅིན་ མི་དེ་ངོ་མ་རང་ཤེས་རབ་ཅན་སྦེ་འགྱོ་བའི་དོན་ལུ་ ཁོ་རང་དང་པ་ག་ནི་ཡང་མ་ཤེས་མི་ལུ་འགྱུར་དགོ། 19 ག་ཅི་སྨོ་ཟེར་བ་ཅིན་ འཛམ་བུ་གླིང་གི་ཤེས་རབ་དེ་ དཀོན་མཆོག་གི་དོན་ལུ་ཁུངས་མེད་པའི་ཤེས་རབ་ཨིན། ཁོ་གིས་ ཤེས་རབ་ཅན་ཚུ་ལུ་ ཁོང་རའི་མཁས་དྲགས་ཀྱི་ཧིང་ནང་ལས་བཟུང་འོང་ཟེར་ གསུང་རབ་ནང་བྲིས་ཏེ་འདུག 20 ད་རུང་། ཤེས་རབ་ཅན་ཚུ་གི་མནོ་བསམ་དེ་ ཁུངས་མེད་ཟེར་གཙོ་བོ་གིས་མཁྱེན། 21 དེ་འབདཝ་ལས་ མི་ཚུ་ལུ་ ག་གིས་ཡང་བསྟོད་པ་རྐྱབ་མ་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ དེ་ཚུ་ག་ར་ཁྱེད་ཆ་ཁྱབ་ཀྱི་དོན་ལས་རང་ཨིན། 22 པའུལ་ཨིན་རུང་ ཨ་པོ་ལཱོས་ཨིན་རུང་ ཀེ་ཕཱས་ཨིན་རུང་ འཛམ་བུ་གླིང་ཨིན་རུང་ ཚེ་ཡང་ན་འཆི་བ་ཨིན་རུང་ དུས་ད་ལྟོ་ ཡང་ན་མ་འོང་པ་གི་དུས་ཨིན་རུང་ ག་ར་ཁྱེད་ཆ་ཁྱབ་ཀྱི་དོན་ལས་རང་ཨིན། 23 དེ་ལས་ཁྱེད་ཆ་ཁྱབ་ཁིརཱིས་ཀྱི་ཨིནམ་མ་ཚད་ ཁིརཱིས་དཀོན་མཆོག་གི་ཨིན་ནོ།།
1 ང་དང་ ཨ་པོ་ལཱོས་མི་ག་བཟུམ་ཅིག་སྦེ་བརྩི་དགོ་ག་ཟེར་སླབ་པ་ཅིན་ ང་བཅས་ཁིརཱིས་ཀྱི་ཞབས་ཕྱིཔ་དང་ དཀོན་མཆོག་གི་གསང་བའི་གཏེར་གྱི་བདག་འཛིན་པ་སྦེ་བརྩི་དགོ། 2 ད་འདི་ལས་ཡང་ལྷགཔ་སྦེ་ཁག་ཆེ་ཤོས་དེ་ བདག་འཛིན་པ་ཚུ་དམ་ཚིག་བསྟེན་དགོཔ་ཨིན། 3 ང་རང་གི་སྐོར་ལས་སླབ་དགོཔ་ཐལཝ་ད་ ཁྱེད་ཀྱིས་འབད་རུང་རང་ མི་གི་ཁྲིམས་ལུགས་ལྟར་དུ་འབད་རུང་རང་ ང་ལུ་ག་དེ་སྦེ་དབྱེ་ཞིབ་འབདཝ་ཨིན་ན་ཟེར་ ང་ལུ་ཚ་གྱང་ལངས་དགོཔ་མེད་ མ་གཞི་ ང་རང་གི་བསམ་འཆར་ལུ་ཡང་བློ་མི་གཏད། 4 ང་རང་གིས་འབད་བ་ཅིན་ ང་གིས་འབད་མི་ནང་ལུ་ཉེས་པ་མེད་ དེ་འབདཝ་ད་ འདི་གིས་ང་ལུ་ཉེས་པ་མེད་ཟེར་བདེན་ཁུངས་བཀལ་མི་ཚུགས་ ང་ལུ་བརྟག་དཔྱད་མཛད་མི་དེ་གཙོ་བོ་ཁོ་རང་ཨིན། 5 དེ་འབདཝ་ལས་ དུས་ཚོད་མ་རནམ་ལས་ག་ལུ་ཡང་དབྱེ་བ་མ་དཔྱད་ གཙོ་བོ་མ་འབྱོནམ་བར་དུ་བསྒུག་སྡོད་ ཁོ་གིས་གནག་དུང་དུ་ནང་སྦ་བཞག་མི་ གསང་བ་ཚུ་ག་ར་ཕྱི་ཁར་འོད་ནང་བཏོན་ཏེ་ མི་གི་སེམས་ནང་ག་ཡོད་མི་དེ་ ག་ར་གིས་མཐོང་སར་བཏོན་གནང་འོང་ དེ་ལས་མི་རེ་རེ་གིས་དཀོན་མཆོག་ལས་བསྟོད་པ་ཐོབ་ནི་ཨིན། 6 སྤུན་ཆ་ཚུ་ ང་གིས་ང་རང་དང་ ཨ་པོ་ལཱོས་ཀྱི་དཔེ་བཤད་མིའི་དོན་དག་དེ་ གསུང་རབ་ནང་ག་བྲིས་ཏེ་ཡོད་མི་ནང་ལས་འགལ་འགྱོ་མ་བཅུག་ཟེར་བའི་དཔེ་དེ་ ཧ་གོ་ཞིནམ་ལས་ ཁྱེད་ཆ་ཁྱབ་འགོ་ཁྲིདཔ་གཅིག་ལུ་མར་ཕབ་རྐྱབ་ནི་ གཞན་གྱི་ཧོངས་ལས་འཐོན་ཏེ་བསྟོད་པ་བརྐྱབས་ཏེ་ དཔའ་རྔམ་སྟོན་མ་བཅུག་ནིའི་དོན་ལུ་ཨིན། 7 ཁྱེད་ལུ་དྲག་ཤོས་གཅིག་སྦེ་བརྩིས་མི་ག་ཡོདཔ་སྨོ་ ཁྱེད་ལུ་དཀོན་མཆོག་ལས་མ་ཐོབ་ག་ཅི་ཡོདཔ་སྨོ་ དེ་ཚུ་ག་ར་ཁྱེད་ཀྱིས་དཀོན་མཆོག་ལས་ཐོབ་སྟེ་ཡོད་རུང་ ཁྱེད་རང་གི་ཐོབ་ཐོབ་བཟུམ་སྦེ་ རང་གི་རང་ལུ་ག་ཅི་འབད་བསྟོད་པ་རྐྱབ་སྨོ། 8 ད་ཁྱེད་ལུ་ག་ར་ལངམ་སྦེ་འདུག་ ཁྱེད་ཕྱུགཔ་ལུ་འགྱུར་སོང་ནུག་ ང་བཅས་མེད་པར་རང་ ཁྱེད་རྒྱལཔོ་ལུ་འགྱུར་སོང་ནུག་ ཁྱེད་དོན་ལས་རང་རྒྱལཔོ་ལུ་འགྱུར་ཏེ་འབད་བ་ཅིན་ ལེགས་ཤོམ་སོང་སོངམ་འོང་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཡང་ཁྱེད་དང་མཉམ་གཅིག་རྒྱལཔོ་འབད་རྒྱལ་སྲིད་སྐྱོང་ནི་ཐོབ་འོང་། 9 ག་ཅི་སྨོ་ཟེར་བ་ཅིན་ ཉེས་ཁྲིམས་ཕོག་མི་ཚུ་ བསད་ནིའི་དོན་ལུ་གྱལ་མཇུག་བཞག་དོཝ་བཟུམ་སྦེ་ དཀོན་མཆོག་གིས་ང་བཅས་སྐུ་ཚབ་ཚུ་ལུ་ཡང་བཞག་ཡོད་ཟེར་མནོཝ་མས་ ག་ཅི་སྨོ་ཟེར་བ་ཅིན་ འཛམ་བུ་གླིང་ག་ར་གི་གདོང་ཁར་ མི་འབད་རུང་ ཕོ་ཉ་འབད་རུང་ ང་ལྟདམོ་གཅིག་ལུ་འགྱུར་ཡི། 10 ཁྱེད་ཆ་ཁྱབ་ཀྱིས་འབད་བ་ཅིན་ ཁིརཱིས་ནང་ཁྱེད་རང་རྐྱངམ་གཅིག་གནམ་མེད་ས་མེད་ མཁས་མཆོག་ཐལ་སོང་ཡི་ཟེར་མནོ་སྟེ་ ང་བཅས་ཁིརཱིས་ཀྱི་དོན་ལས་བརྩོན་ཤུགས་བསྐྱེད་མི་ཆ་ཁྱབ་ རྩ་རྒས་བཟུམ་སྦེ་མནོཝ་ཨིན་མས་ ད་ཁྱེད་སྟོབས་ཤུགས་ཅན་ཐལ་སོང་ཡི་ཟེར་མནོ་སྟེ་ ང་བཅས་ཆ་ཁྱབ་ཁེ་རྒོ་ག་ནི་ཡང་མེད་ཟེར་མནོཝ་མས་ ཁྱེད་གུས་ཞབས་ཐོབ་དགོཔ་ལྡན་ཏོག་ཏོ་ཨིན་ཟེར་མནོ་སྟེ་ ང་བཅས་ལུ་མར་ཕབ་རྐྱབ་རུང་བཏུབ་པས་ཟེར་མནོཝ་མས། 11 ང་བཅས་ད་ལྟོ་བར་ན་ཡང་ལྟོཝ་བཀྱེས་ཁ་སྐོམ་ གཟུགས་ཁར་ལུ་བགོ་ལ་ཚ་ཏོག་ཏོ་གཅིག་རང་གྱོན་ནི་མེདཔ་མ་ཚད་ འཕྲལ་འཕྲལ་རང་རོགས་ཀྱིས་དྲང་ དེ་ལས་སྡོད་སའི་ཁྱིམ་ཡང་མེད་པར་སྡོདཔ་ཨིན། 12 དེ་ལས་ང་བཅས་རའི་ལག་པ་གིས་དཀའཝ་སྤྱད་ལཱ་འབད་དེ་ མི་གིས་ང་བཅས་ལུ་ཚིག་ངན་སླབ་ད་ དེ་ལུ་བྱིན་རླབས་ཞུ་བྱིནམ་ཨིན་ དཀའ་ངལ་བྱིན་ཏེ་འབད་རུང་བཟོད་པ་བསྒོམ་སྡོདཔ་ཨིན། 13 ང་བཅས་ལུ་ཚིག་ངན་སླབ་འོངམ་ད་ ང་བཅས་ཁོང་ལུ་ཁ་ཧན་ཏོང་ཏོ་སླབ་བྱིནམ་ཨིན་ ད་ལྟོ་བར་ན་ཡང་ ང་བཅས་འཛམ་བུ་གླིང་ཡོངས་ཀྱིས་ ཕྱགས་སྙིགས་བླུག་སའི་དོང་དང་ གོ་མ་ཆོད་པའི་ཅ་ལ་ཅོག་འཐདཔ་སྦེ་བརྩིས་ཏེ་ཡོད། 14 ད་ང་གིས་ཁྱེད་ཆ་ཁྱབ་ལུ་ངོ་ཚ་བཅུག་ནིའི་དོན་ལུ་དེ་འབྲིཝ་མེན་ དེ་འབདཝ་ད་ ངེ་གི་བརྩེ་བའི་ཨ་ལོ་གཅིག་བཟུམ་སྦེ་བསླབ་བྱ་བྱིནམ་ཨིན། 15 ཁིརཱིས་ནང་ཁྱེད་ཀྱི་སློབ་དཔོན་ སྟོང་ཕྲག་བཅུ་ཐམ་ལས་ལྷགཔ་འོང་ ཨིན་རུང་ ཁྱེད་ཀྱི་ཨ་པ་ལེ་ཤ་མི་འོང་ གཏམ་བཟང་གི་ཐོག་ལས་སྦེ་ཁིརཱིས་ཡེ་ཤུ་ནང་ང་ཁྱེད་ཀྱི་ཨ་པ་བྱུང་ཡི། 16 དེ་འབདཝ་ལས་ཁྱེད་ཆ་ཁྱབ་ངེ་གི་དཔེ་ལྟ་ཟེར་ནན་སྐུལ་འབདཝ་ཨིན། 17 དོན་དག་འདི་ལས་བརྟེན་ཏེ་ ཏི་མོ་ཐི་ཁྱེད་སྡོད་སར་གཏང་དོ་ གཙོ་བོ་ནང་ཁོ་ངེ་གི་བྱམས་པའི་བུ་ དམ་ཚིག་ཅན་ཨིན་ ང་གིས་ས་གནས་ག་ཏེ་རང་ཨིན་རུང་ ཆོས་ཚོགས་དེ་ཚུ་ནང་སྟོན་དོཝ་བཟུམ་སྦེ་ ཁིརཱིས་ཡེ་ཤུ་ནང་ཨིན་མི་ཚུ་གི་འབད་ཐངས་ ང་ཡང་ག་དེ་སྦེ་འབད་ཡི་ག་ འདི་ཁོ་གིས་ཁྱེད་ཀྱི་སེམས་ཁར་དྲན་བཅུག་འོང་། 18 ད་ང་ཁྱེད་སྡོད་སར་ལོག་མི་འོང་མནོ་སྟེ་ ཁྱེད་ལ་ལུ་ཅིག་དཔའ་མདོག་ཤིག་ཤི་ཡར་སོང་ནུག 19 དེ་འབདཝ་ད་ གཙོ་བོ་གི་ཐུགས་དགོངས་ཡོད་པ་ཅིན་ ང་མགྱོགས་པར་ཁྱེད་སྡོད་ས་ལུ་འོང་ནི་འབད་དོ་ དཔའ་མདོག་བསྒྱུར་མི་ཚུ་གིས་སླབ་མི་བློ་རྐྱངམ་གཅིག་མེན་པར་ ཁོང་གི་སྟོབས་ཤུགས་དེ་ག་བཟུམ་ཅིག་ཡོདཔ་ཨིན་ན་ དེ་ཡང་བལྟ་ནི་ཨིན། 20 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་རྒྱལ་སྲིད་དེ་ བཤད་ཐོ་གི་རྒྱལ་སྲིད་མེན་པར་ དབང་དང་ནུས་པ་ཡོད་པའི་རྒྱལ་སྲིད་ཨིན། 21 ང་ཁྱེད་སྡོད་ས་ལུ་ རྟས་ལྕག་འབག་འོང་ནི་ཨིན་ན་ ཡང་ན་བྱམས་པ་དང་ ཞི་ཞིང་འཇམ་པའི་སྒོ་ལས་འོངམ་ དེ་གཉིས་ལས་ཁྱེད་ག་འདི་དགའཝ་སྨོ།།
1 དོན་ལས་རང་སླབ་པ་ཅིན་ དཀོན་མཆོག་ངོ་མ་ཤེས་མི་ཚུ་གི་སྦུག་ལུ་ཡང་མ་བྱུང་མི་ འཆལ་སྤྱོད་ངན་པའི་ལཱ་འབད་མི་ ཁྱེད་ཀྱི་གྲལ་ཁ་ལུ་འདུག་ཟེར་ང་བཅས་ལུ་སྙན་ཞུ་ལྷོད་ཅི་ ཁྱེད་ཀྱི་གྲལ་ཁ་ལས་ མི་གཅིག་གིས་ རང་གི་ཨ་པ་གི་ཨམ་སྲུ་དང་མཉམ་གཅིག་སྡོདཔ་ཨིན་མས་ཟེར་གོ་ཡི། 2 ཨིན་རུང་ ཁྱེད་ཆ་ཁྱབ་ངོམ་སྟོན་སྡོདཔ་ཨིན་མས་ ཨ་ནི་བཟུམ་ངོ་ཚ་སི་སི་བལྟ་སྟེ་ མྱ་ངན་གྱིས་བརྡུང་སྟེ་སྡོད་མི་དགོ་ག་ མི་དེ་ལུ་ཁྱེད་ཀྱི་གྲལ་ཁ་ལས་ཕྱི་ཁར་བཏོན་གཏང་དགོ། 3 ང་ཁྱེད་དང་མཉམ་གཅིག་མེད་རུང་ ངེ་གི་སེམས་ཁྱེད་དང་གཅིག་ཁར་ཡོད་ ང་ཁྱེད་དང་གཅིག་ཁར་ཡོད་དོཝ་བཟུམ་སྦེ་རང་ ཨ་ནི་བཟུམ་གྱི་ལཱ་འབད་མི་དེ་ལུ་ ང་རང་ཁ་ཐུག་ལས་ཁྲིམས་དཔྱད་ཚར་ཡི། 4 དེ་གིས་འབད་ ཁྱེད་ཆ་ཁྱབ་ གཙོ་བོ་ཡེ་ཤུ་གི་མཚན་ནང་གཅིག་ཁར་འཛོམ་ད་ ངེ་གི་སེམས་ཡང་ཁྱེད་དང་གཅིག་ཁར་འཛོམ་ཨིནམ་མ་ཚད་ འདི་ནང་ལུ་ང་བཅས་ཀྱི་གཙོ་བོ་གི་དབང་ཤུགས་ཡང་ཡོདཔ་ཨིན། 5 དེ་ལས་འཛོམ་ཞིནམ་ད་ ཨ་ནི་བཟུམ་གྱི་ལཱ་འབད་མི་དེ་ལུ་ ཁོ་རའི་སྡིག་པའི་ལུས་དེ་མེདཔ་གཏང་བཅུག་ནིའི་དོན་ལུ་ བདུད་ སེ་ཏཱན་གྱི་ལག་པ་སྤྲོད་གཏང་ དེ་ལས་གཙོ་བོ་གི་ཉིནམ་ལུ་ ཁོ་གི་སེམས་ཉིད་དེ་སྐྱབས་མཛད་འོང་།། 6 ཁྱེད་ཀྱིས་རང་བསྟོད་རྐྱབ་ནི་དེ་ལེགས་ཤོམ་མེན་ བུལ་ཏོག་ཨ་ཙི་ཅིག་གིས་ཕྱེ་བསྣད་བསྣདཝ་ ག་ར་སྦོ་གཏངམ་ཨིན་ཟེར་ཁྱེད་ཀྱིས་མ་ཤེས་ག། 7 ད་ཕྱེ་འདི་བུལ་ཏོག་མ་བླུག་མིའི་ཨ་ཁམ་གསརཔ་ལུ་འགྱུར་བའི་དོན་ལུ་ བུལ་ཏོག་རྙིངམ་དེ་ཕྱི་ཁར་བཏོན་བཀོག་དགོ་ དེ་བཟུམ་སྦེ་རང་ འཆལ་སྤྱོད་ངན་པའི་ལཱ་འབད་མི་དེ་ལུ་ ཁྱེད་ཀྱི་ནང་ན་ལས་ཕྱི་ཁར་བཏོན་གཏང་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་དོན་ལས་རང་བུལ་ཏོག་མ་བླུག་མི་ཨ་ཁམ་བཟུམ་རང་ཨིན་ ཤི་ས་ལས་ཐར་བའི་དུས་ཆེན་གྱི་ལུག་གི་ཕྱུག་ཀུ་ ཁིརཱིས་དེ་ང་བཅས་ཀྱི་དོན་ལུ་ཁྲམ་ཤིང་གུ་བཀྲོང་ཚར་ཡི། 8 དེ་འབདཝ་ལས་ ང་བཅས་གནོད་སེམས་དང་ངན་སེམས་ཀྱི་ བུལ་ཏོག་རྙིངམ་གིས་མེན་པར་ བུལ་ཏོག་མ་བླུག་བའི་དྲང་སེམས་དང་ བདེན་པ་གི་ཏད་ཟས་ཀྱི་དུས་ཆེན་སྒྲིག་གེ། 9 ངེ་གི་ཡི་གུ་ནང་ ཁྱེད་ཆ་ཁྱབ་ལུ་འཆལ་སྤྱོད་ངན་པ་འབད་མི་ཚུ་དང་གཅིག་ཁར་ མཐུན་ལམ་མ་བཞག་ཟེར་བྲིས་ཡི། 10 འདི་གི་དོན་དག་དེ་ ཨ་ནི་འཛམ་བུ་གླིང་ནང་ཡོད་པའི་འཆལ་སྤྱོད་ངན་པ་གི་མི་དེ་ཚུ་ འདོདཔ་ཆེ་དྲགས་ཚུ་ མགུ་སྐོར་རྐྱབ་མི་ཚུ་ ཡང་ན་སྐུ་ལུ་མོས་མི་ཚུ་དང་གཅིག་ཁར་ རྩ་ལས་རང་མཐུན་ལམ་མ་བཞག་ཟེར་སླབ་མེན་ དེ་སྦེ་ཨིན་པ་ཅིན་ ཁྱེད་འཛམ་བུ་གླིང་སྤངས་ཏེ་འགྱོ་དགོཔ་ཐལ་འོང་། 11 ད་ང་གིས་ཁྱེད་ལུ་ རང་ལུ་དདཔ་ཅན་ཨིན་ཟེར་སླབ་སྟེ་ རང་གིས་འཆལ་སྤྱོད་ངན་པ་འབད་ འདོདཔ་ཆེ་དྲགས་བསྐྱེད་ མགུ་སྐོར་རྐྱབ་ སྐུ་ལུ་མོས་ དམའ་ཕབ་རྐྱབ་ ཡང་ན་ཆང་གིས་ར་བཟི་ ཨ་ནི་བཟུམ་གྱི་མི་ཚུ་དང་གཅིག་ཁར་མཐུན་ལམ་མ་བཞག་ ཁོང་དང་གཅིག་ཁར་བཞེས་སྒོ་ཡང་མ་ཟ་ཟེར་བྲིས་དོ། 12 ཕྱིའི་མི་རིགས་ཚུ་ལུ་ཁྲིམས་དཔྱད་ནིའི་ འགན་ཁུར་ང་ལུ་མི་ཕོག་ དེ་འབདཝ་ད་ ཆོས་ཚོགས་ནང་ན་སྡིག་པ་འབད་མི་ཆ་ཁྱབ་ལུ་ ཁྲིམས་དཔྱད་ནི་ ཁྱེད་ཀྱི་འགན་ཁུར་ཨིན། 13 དཀོན་མཆོག་ཁོ་རང་གིས་ ཕྱིའི་མི་རིགས་ཚུ་ལུ་ཁྲིམས་དཔྱད་འོང་ གསུང་རབ་ནང་བྲིས་དོཝ་བཟུམ་སྦེ་ ཁྱེད་ཆ་ཁྱབ་ཀྱི་སྦུག་ལུ་ཡོད་མིའི་ མི་ངན་པ་ཚུ་ཕྱི་ཁར་བཏོན་གཏང་ཞིག།
1 ཁྱེད་ཀྱི་གྲལ་ཁ་ལུ་ མི་གཅིག་གིས་ཆོས་ཚོགས་ཀྱི་སྤུན་ཆ་གཅིག་དང་ འཐབ་འཛིང་བྱུང་སྟེ་ རྩོད་གཞི་ཕྱེ་དགོཔ་ཐལཝ་ད་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ཡོད་སར་མ་འགྱོ་བར་ ཆོས་སེམས་མེད་མི་ཚུ་འབད་སར་ག་ཅི་འབད་ཁྱིད་འགྱོཝ་སྨོ། 2 དཀོན་མཆོག་གི་དམ་པའི་མི་ཚུ་གིས་ འཛམ་བུ་གླིང་གི་མི་ཚུ་ལུ་ ཉིནམ་གཅིག་གི་ཚེ་ཁྲིམས་དཔྱད་ནི་ཨིན་ཟེར་ཁྱེད་ཀྱིས་མ་ཤེས་ག་ ཁྱེད་མི་ཚུ་གི་ཁྲིམས་དཔྱད་མི་འབད་བ་ཅིན་ འདི་བཟུམ་གྱི་རྩོད་གཞི་ཆུང་ཀུ་ཅིག་ཡང་ ཁྱེད་ཀྱིས་ཕྱེ་མི་ཚུགས་ག། 3 མ་འོང་པའི་དུས་ལུ་ ང་བཅས་ཀྱིས་ཕོ་ཉ་ཚུ་ལུ་ ཁྲིམས་ཕྱེ་ནི་ཨིན་ཟེར་ཁྱེད་ཀྱིས་མ་ཤེས་ག་ དེ་སྦེ་ཨིན་པ་ཅིན་ ཐད་རི་བ་རི་རང་ ད་ལྟོ་གི་ཚེ་འདི་ནང་གི་ཉོགས་འཛིན་ཚུ་ཡང་ ང་བཅས་ཀྱིས་ཁྲིམས་ཕྱེ་ཚུགས། 4 འདི་བཟུམ་གྱི་རྩོད་གཞི་ཁྱེད་ཀྱི་སྦུག་ལུ་ཡོད་པ་ཅིན་ ཆོས་ཚོགས་ཀྱིས་བརྩི་མཐོང་མ་བསྐྱེད་མི་ཚུ་ལུ་ ག་ཅི་འབད་ཁྲིམས་ཕྱེ་བཅུགཔ་སྨོ། 5 ཁྱེད་ལུ་ངོ་ཚ་བཅུག་ནིའི་དོན་ལུ་ ང་གིས་དེ་སྦེ་སླབ་དོ་ ཁྱེད་ཆ་ཁྱབ་ཀྱི་སྦུག་ལུ་ཨ་ནི་བཟུམ་གྱི་རྩོད་གཞི་འཐོནམ་ད་ དེ་ནང་ལུ་ ཁ་འགྲིགས་ཏེ་བྱིན་ཚུགས་མི་ཤེས་རབ་ཅན་ག་ཡང་ ཁྱེད་ཀྱི་སྦུག་ལུ་མེདཔ་འོང་ག། 6 འདི་གི་ཚབ་ལུ་ ཁོང་དདཔ་མ་བསྐྱེད་མི་ཚུ་གི་གདོང་ཁར་ ཁྱེད་དདཔ་ཅན་སྤུན་ཆ་གཅིག་གིས་གཅིག་ལུ་ ཁྲིམས་སར་སྐྱེལཝ་ཨིན་མས། 7 དེ་བཟུམ་སྦེ་ ཁྲིམས་ཁང་ནང་སླབ་གཞི་རྐྱབ་ད་ ཕམ་ཤོས་ཁྱེད་རང་ཨིན་ དེ་བ་འདི་རྫུན་ཁ་རང་གིས་འབག་སྟེ་སྡོདཔ་མི་དྲག་ག་ ཡང་ན་ རོགས་ཀྱི་མགུ་འབྱིད་ནང་བཟོད་པ་བསྒོམ་སྡོདཔ་དྲག་མེན་ན། 8 དེ་འབདཝ་ད་ ཁྱེད་ ཁྱེད་རང་གི་རང་ དདཔ་ཅན་སྤུན་ཆ་ཚུ་ལུ་ ཁྱེད་རང་གིས་གནོད་པ་བཀལཝ་མ་ཚད་ ཁོང་ལུ་མགུ་འབྱིད་ནང་ཡང་བཙུགསཔ་མས། 9 མི་ངན་པ་ཚུ་གིས་ དཀོན་མཆོག་གི་རྒྱལ་སྲིད་ཀྱི་བགོ་བཤའ་མི་ཐོབ་ཟེར་ཁྱེད་ཀྱིས་མི་ཤེས་ག་ མགུ་འབྱིད་ནང་མ་ཚུད་པར་སྡོད་ འདོད་སྤྱོད་ཀྱི་སྡིག་པ་འབད་མི་ཚུ་ སྐུ་ལུ་མོས་མི་ཚུ་ གཉེན་ལས་འགལ་བའི་ལུས་འབྲེལ་འབད་མི་ཚུ་ ཁོང་རང་ཕོ་སྐྱེས་ནང་འཁོད་ལུས་འབྲེལ་འབད་མི་ཚུ། 10 ཨརཝ་རྐུ་མི་ འདོདཔ་ཆེ་དྲགས་འབད་མི་ ཆང་ཟེ་ དམའ་ཕབ་རྐྱབ་མི་དང་ མགུ་སྐོར་རྐྱབ་མི་དེ་ཚུ་ དཀོན་མཆོག་གི་རྒྱལ་སྲིད་ཀྱི་བགོ་བཤའ་མི་ཐོབ། 11 ཁྱེད་ཀྱི་གྲལ་ལས་ལ་ལུ་ཅིག་ཨ་ནི་བཟུམ་སྦེ་སྡོད་དེ་སྦེ་རུང་ ད་ལྟོ་ཁྱེད་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་མཚན་ནང་ ང་བཅས་ཀྱི་དཀོན་མཆོག་གི་ཐུགས་ཉིད་ཀྱི་ཐོག་ལས་ ཁྱེད་ལུ་ཆུ་བཤལ་བརྐྱབས་ཏེ་ གཙང་ཏོག་ཏོ་དང་ཡང་དག་པ་བཟོ་སྟེ་ཡོད་ དེ་མ་ཚད་ ཁྱེད་དཀོན་མཆོག་ནང་བདེན་པ་ཟངས་ཡི།། 12 ལ་ལུ་གིས་ ང་གིས་ག་ར་འབད་ཆོག་ཟེར་སླབ་མས་ ཨིན་རུང་ དེ་ཚུ་ག་ར་ང་ལུ་ཕན་ཐོགས་མེད་ཟེར་ང་གིས་ཞུཝ་ཨིན་ ད་རུང་ ང་གིས་ག་ར་འབད་ཆོག་ཟེར་སླབ་ནི་ཡོད་རུང་ དབང་ཚད་ག་ཅི་གི་འོག་ལུ་ཡང་ ང་གིས་འགྱོ་ནི་མི་འོང་ཟེར་ང་གིས་ཞུཝ་ཨིན། 13 ལ་ལུ་གིས་ བཞེས་སྒོ་དེ་ཕོཝ་གི་དོན་ལུ་དང་ཕོཝ་དེ་བཞེས་སྒོ་གི་དོན་ལུ་ཨིན་ཟེར་སླབ་མས་ མ་པ་ དཀོན་མཆོག་གིས་དེ་གཉིས་ཆ་རང་རྩ་མེད་མཛད་འོང་ ཨིན་རུང་ ང་བཅས་ཀྱི་གཟུགས་དེ་འདོད་སྤྱོད་ངན་པ་གི་དོན་ལུ་མེན་ དེ་འབདཝ་ད་ གཟུགས་དེ་གཙོ་བོ་གི་དོན་ལུ་དང་ གཙོ་བོ་གཟུགས་ཀྱི་དོན་ལུ་ཨིན། 14 དེ་ལས་དཀོན་མཆོག་གིས་ཁོ་རའི་སྟོབས་ཤུགས་ཀྱིས་ གཙོ་བོ་ལུ་གསོན་པོ་བཞེངས་གནང་ཡི་ དེ་བཟུམ་སྦེ་ང་བཅས་ལུ་ཡང་ ཁོ་གི་སྟོབས་ཤུགས་ཀྱིས་གསོན་པོ་ལྷོང་གནང་འོང་། 15 ཁྱེད་ཀྱི་གཟུགས་ཁིརཱིས་ཀྱི་ཡན་ལག་ཨིནམ་ཁྱེད་ཀྱིས་མི་ཤེས་ག་ དེ་འབདཝ་ལས་ང་གིས་ཁིརཱིས་ཀྱི་ཡན་ལག་ལུ་ གཞང་བཙོངམ་དང་བསྡོམ་བཅུག་འོང་ག་ འདི་རྩ་ལས་མི་འབད། 16 གཞང་བཙོངམ་དང་བསྡོམ་མི་དེ་ མོ་དང་གཅིག་ཁར་གཟུགས་གཅིག་ལུ་འགྱུརཝ་ཨིན་ཟེར་ཁྱེད་ཀྱིས་མི་ཤེས་ག་ ག་ཅི་སྨོ་ཟེར་བ་ཅིན་ གསུང་རབ་ནང་ ཁོང་གཉིས་ཤ་གཟུགས་གཅིག་སྦེ་འགྱུར་ཡི་ཟེར་བྲིས་ཏེ་ཡོད། 17 དེ་འབདཝ་ད་ གཙོ་བོ་དང་གཅིག་ཁར་བསྡོམ་མི་དེ་ གཙོ་བོ་གི་ཐུགས་ཉིད་དང་གཅིག་སྦེ་འགྱུར་ནི་ཨིན། 18 དེ་འབདཝ་ལས་འདོད་སྤྱོད་ཀྱི་ལཱ་ལས་བྱོག་སྟེ་སྡོད་ མི་གིས་འབད་མི་སྡིགཔ་ག་ཅི་རང་འབད་རུང་ འདི་གཟུགས་ཀྱི་ཕྱི་ཁར་འབདཝ་ཨིན་ དེ་འབདཝ་ད་ འདོད་སྤྱོད་འབད་མི་གིས་ རང་གི་གཟུགས་ལུ་སྡིག་པ་འབདཝ་ཨིན། 19 ཁྱེད་ཀྱི་གཟུགས་དེ་དམ་པའི་ཐུགས་ཉིད་ཀྱི་བཞུགས་ཁང་ཨིན་ དམ་པའི་ཐུགས་ཉིད་དེ་ ཁྱེད་ཀྱིས་དཀོན་མཆོག་ལས་ཐོབ་ཐོབ་ཨིནམ་མ་ཚད་ ཁོ་ཁྱེད་ཀྱི་ནང་ན་བཞུགསཔ་ཨིན་ཟེར་མི་ཤེས་ག་ ཁྱེད་ཀྱི་གཟུགས་དེ་ཁྱེད་རང་གི་མེན། 20 རིན་གོང་སྦོམ་སྤྲོད་དེ་ཁྱེད་ཆ་ཁྱབ་ཉོ་ཉོཝ་ཨིན་ དེ་འབདཝ་ལས་ཁྱེད་ཀྱི་གཟུགས་ཀྱི་ཐོག་ལས་ དཀོན་མཆོག་ལུ་གུས་ཞབས་ཕུལ་དགོ།།
1 ད་ཁྱེད་ཀྱིས་དྲི་བའི་ལོ་རྒྱུས་ཀྱི་ལན་ལུ་ ཁྱེད་ཀྱིས་འབད་བ་ཅིན་ ཕོ་སྐྱེས་ཀྱིས་ཨམ་སྲུ་དང་ལུས་འབྲེལ་མ་འབད་བ་ཅིན་ ལེགས་ཤོམ་འོང་ཟེར་སླབ་མས། 2 དེ་འབདཝ་ད་ འདོད་སྤྱོད་ཀྱི་ལཱ་ཚུ་གནམ་མེད་ས་མེད་ཡོདཔ་ལས་བརྟེན་ཏེ་ ཕོ་སྐྱེས་རང་གི་ཨམ་སྲུ་དང་གཅིག་ཁར་སྡོད་དགོཔ་མ་ཚད་ ཨམ་སྲུ་གིས་ཡང་ རང་གི་རྨགཔ་དང་གཅིག་ཁར་སྡོད་དགོ། 3 རྨགཔ་གིས་ཁོ་རའི་ཨམ་སྲུ་དང་ ཨམ་སྲུ་གིས་མོ་རའི་རྨགཔ་གི་བར་ནང་ ལུས་འབྲེལ་གྱིས་འོས་འབབ་ཚུ་ཨོ་ཏོག་ཏོ་སྦེ་བཞག་དགོཔ་ཨིན། 4 ཨམ་སྲུ་མོ་རའི་གཟུགས་ མོ་རའི་རྨགཔ་རྐྱངམ་གཅིག་མ་གཏོགས་ མོ་རང་ལུ་དབང་ཚད་མེད་ འདི་བཟུམ་སྦེ་རྨགཔ་གི་གཟུགས་ཡང་ ཁོ་རའི་ཨམ་སྲུ་མ་གཏོགས་ ཁོ་རང་ལུ་ཡང་དབང་ཚད་མེདཔ་ཨིན། 5 རྨགཔ་དང་ཨམ་སྲུ་གཉིས་ཆ་རང་ བསྟུན་གྲོས་བརྐྱབས་ཞིནམ་ད་ སྐབས་གཅིག་གི་དོན་ལུ་སོ་སོ་སྦེ་ སྨོན་ལམ་ནང་སྡོད་ནི་གི་དོན་ལུ་མ་གཏོགས་ གཅིག་དང་གཅིག་ལུ་བྱིན་དགོ་པའི་དུས་ཚོད་ཁས་ལེན་མེད་པར་མ་སྡོད་ ཁྱེད་ཀྱིས་རང་སེམས་རང་གིས་སྲུང་མ་ཤེས་ནི་དེ་གིས་ སྨོན་ལམ་ནང་སྡོད་ཞིནམ་ད་ བདུད་ སེ་ཏཱན་གྱི་བར་ཆད་ནང་མ་ཚུད་པའི་དོན་ལུ་ ཁྱེད་རང་གཉིས་ད་རུང་ལོག་སྟེ་བསྡོམ་དགོ། 6 དེ་ང་གིས་ཁྱེད་ལུ་བཀའ་རྒྱ་བྱིནམ་མེན་པར་ གནང་བ་སྤྲོདཔ་ཨིན། 7 མི་ག་ར་ང་བཟུམ་སྦེ་ གཉེན་མ་རྐྱབ་པར་སྡོད་ཚུགས་པ་ཅིན་དགའ་ནི་མས་ དེ་འབདཝ་ད་མི་རེ་རེ་ལུ་ དཀོན་མཆོག་ལས་གསོལ་རས་ མ་གཅིགཔ་མ་འདྲཝ་སྦེ་ཐོབ་ཡོདཔ་ཨིན། 8 དེ་འབདཝ་ད་ གཉེན་མ་རྐྱབ་མི་དང་ཡུགས་ས་མོ་ཚུ་ལུ་ ང་གིས་སླབ་དོ་ ཁྱེད་ཆ་ཁྱབ་ང་བཟུམ་སྦེ་གཉེན་མ་རྐྱབ་པར་སྡོད་པ་ཅིན་ ཁྱེད་ཀྱི་དོན་ལུ་ལེགས་ཤོམ་འབྱུང་ནི་ཨིན། 9 དེ་འབདཝ་ད་ ཁོང་གིས་རང་ལུ་ འདོད་ཆགས་ཀྱིས་བཀག་ཐབས་འབད་མ་ཚུགས་པ་ཅིན་ ཁོང་གཉེན་བརྐྱབ་དགོ་ འདོད་ཆགས་ཀྱིས་གང་སྦེ་སྡོདཔ་བ་འདི་ གཉེན་བརྐྱབ་ནི་དེ་དྲག་འོང་། 10 ད་ང་གིས་གཉེན་རྐྱབ་ཚར་མི་ཚུ་ལུ་བཀའ་རྒྱ་བྱིན་དོ་ བཀའ་རྒྱ་དེ་ང་ལས་མེན་པར་ གཙོ་བོ་གི་བཀའ་རྒྱ་ཨིན་ ཨམ་སྲུ་རྨགཔ་ལས་ཁ་འབྱལ་འགྱོ་མ་བཅུག 11 དེ་འབདཝ་ད་ ག་དེམ་ཅིག་སྦེ་ མོ་རའི་རྨགཔ་དང་ཁ་འབྱལ་འགྱོ་བ་ཅིན་ མོ་རང་རྐྱངམ་གཅིག་སྦེ་སྡོད་དེ་ གཞན་དང་གཉེན་རྐྱབ་ནི་མི་འོང་ དེ་ལས་གཅིག་སྦེ་སྡོད་མ་ཚུགས་པ་ཅིན་ མོ་རའི་རྨགཔ་དང་འཆམ་ཁ་བཟོ་ཞིནམ་ད་ གཅིག་ཁར་མཐུན་སྡོད་དགོ་ རྨགཔ་གིས་རང་གི་ཨམ་སྲུ་དང་ཁ་འབྱལ་འགྱོ་ནི་མི་འོང་། 12 ཁྱེད་གཞན་ཚུ་ལུ་ གཙོ་བོ་ལས་མེན་པར་ ང་རང་ལས་ཁྱེད་ལུ་བསླབ་བྱ་བཟུམ་ཅིག་སྦེ་སླབ་ཨིན་ དདཔ་ཅན་སྤུན་ཆ་གཅིག་ལུ་ དད་པ་མ་བསྐྱེད་མི་ཨམ་སྲུ་ཡོད་པ་ཅིན་ མོ་རང་ཁོ་དང་སྡོད་ནི་སེམས་ཡོད་པ་ཅིན་ ཁོ་གིས་མོ་དང་ཁ་འབྱལ་འགྱོ་ནི་མི་འོང་། 13 འདི་བཟུམ་སྦེ་རང་ དདཔ་ཅན་ཨམ་སྲུ་གཅིག་ལུ་དད་པ་མ་བསྐྱེད་མི་རྨགཔ་ཡོདཔ་ད་ ཁོ་ཨམ་སྲུ་དང་གཅིག་ཁ་རང་ སྡོད་ནིའི་སེམས་ཡོད་པ་ཅིན་ མོ་གིས་ཁོ་དང་ཁ་འབྱལ་འགྱོ་ནི་མི་འོང་། 14 ག་ཅི་སྨོ་ཟེར་བ་ཅིན་ དད་པ་མ་བསྐྱེད་མིའི་རྨགཔ་དེ་ རང་གི་ཨམ་སྲུ་གི་ཐོག་ལས་རྣམ་པར་དག་ཏོག་ཏོ་སྦེ་འགྱོ་ནི་ཨིན་ དེ་ལས་དད་པ་མ་བསྐྱེད་མིའི་ཨམ་སྲུ་དེ་ རང་གི་རྨགཔ་གི་ཐོག་ལས་རྣམ་པར་དག་ཏོག་ཏོ་སྦེ་འགྱོ་ནི་ཨིན་ འདི་མེན་པ་ཅིན་ཁྱེད་ཀྱི་ ཨ་ལོ་ཚུ་མ་པ་གཙངམ་ཡོད་རུང་མ་གཙངམ་འགྱུར་འོང་། 15 དེ་འབདཝ་ད་ དད་པ་མ་བསྐྱེད་མི་དེ་ཁ་འབྱལ་འགྱོ་ནི་དགའ་བ་ཅིན་འགྱོ་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ དདཔ་ཅན་གྱི་རྨགཔ་ཡང་ན་ཨམ་སྲུ་ལུ་ ཨ་ནི་བཟུམ་གནས་སྟངས་ཚུ་གིས་དབང་སྟེ་མེད་ དཀོན་མཆོག་གིས་ ང་བཅས་ལུ་ཞི་བདེ་ནང་སྡོད་ནིའི་དོན་ལུ་འབོ་གནང་ཡི། 16 དབའེ་ཁྱེད་ཨམ་སྲུ་ཆ་ཁྱབ་ ཁྱེད་ཀྱི་ཐོག་ལས་ཁྱེད་རང་གི་རྨགཔ་ སྐྱབས་འབད་འོང་ག་མི་འབད་ག་ཟེར་ཁྱེད་ཀྱིས་ག་དེ་སྦེ་ཤེསཔ་ ཡང་ན་ཁྱེད་རྨགཔ་ཆ་ཁྱབ་ ཁྱེད་ཀྱི་ཐོག་ལས་ཁྱེད་རང་གི་ཨམ་སྲུ་ སྐྱབས་འབད་འོང་ག་མི་འབད་ག་ཟེར་ཁྱེད་ཀྱིས་ག་དེ་སྦེ་ཤེས་ནི་སྨོ།། 17 ཁྱེད་རེ་རེ་གིས་ ཁྱེད་རའི་མི་ཚེ་ནང་ལུ་ གཙོ་བོ་གིས་ག་གནང་མི་དང་ དཀོན་མཆོག་གིས་ག་ཅི་གི་དོན་ལུ་འབོ་ཡོདཔ་ཨིན་ན་ འདི་དང་བསྟུན་ཏེ་སྡོད་དགོ་ཟེར་ ང་གིས་ཆོས་ཚོགས་ག་ར་གི་དོན་ལུ་ ཆོས་ཁྲིམས་དེ་བཞགཔ་ཨིན། 18 ད་ག་དེམ་ཅིག་སྦེ་ མི་གཅིག་ལུ་དཀོན་མཆོག་གིས་མ་འབོ་པའི་ཧེ་མ་ ལུས་ལུ་རྟགས་བཀལ་འཐོན་སོང་པ་ཅིན་ ཁོ་གིས་ད་རུང་རྟགས་མ་བཀལཝ་སྦེ་བཟོ་མི་དགོ་ དེ་ལས་ད་རུང་ དད་པ་ནང་མ་འོང་པའི་ཧེ་མ་རྟགས་མ་བཀལ་མི་ཆ་ཁྱབ་ རྟགས་བཀལ་དགོ་ཟེར་མེད། 19 མི་དེ་ལུས་ལུ་རྟགས་བཀལ་རུང་མ་བཀལ་རུང་ དེ་ཁག་ཆེཝ་མིན་འདུག་ དེ་འབདཝ་ད་ ཁག་ཆེ་ཤོས་དེ་དཀོན་མཆོག་གི་བཀའ་ཉན་ནི་ཨིན། 20 ཧེ་མ་ཁྱེད་རེ་རེ་ལུ་ དཀོན་མཆོག་གིས་ག་ཅི་གི་དོན་ལུ་འབོ་གནང་ཡོདཔ་ཨིན་ན་ འདི་དང་བསྟུན་ཏེ་སྡོད། 21 ཁྱོད་ལུ་འབོ་པའི་སྐབས་ལུ་ ཁྱོད་རྒྱོབོ་སྦེ་སྡོད་སྡོདཔ་ཨིན་ན་ འདི་ལུ་སྣང་དག་མ་བསྐྱེད་ དེ་འབདཝ་ད་ འདི་ལས་ཐར་ཚུགས་པ་ཅིན་ འཐོན་འགྱོ་རུང་ལེགས་ཤོམ་འོང་། 22 ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་ནང་འབོ་པའི་སྐབས་ལུ་ རྒྱོབོ་སྦེ་སྡོད་མི་དེ་ ད་གཙོ་བོ་གི་རང་དབང་ཡོད་པའི་མི་ལུ་འགྱུར་ཡི་ འདི་བཟུམ་སྦེ་རང་ ཧེ་མ་གཙོ་བོ་གིས་འབོ་པའི་སྐབས་ལུ་ རང་དབང་ཡོད་པའི་མི་ཨིན་པ་ཅིན་ ད་མི་དེ་ཁིརཱིས་ནང་རྒྱོབོ་ལུ་འགྱུར་ཡི། 23 ཁྱེད་ཆ་ཁྱབ་རིན་གོང་སྦོམ་བྱིན་ཏེ་ ཉོ་ཉོཝ་ཨིནམ་ལས་ མི་དེ་ཚུ་གི་རྒྱོབོ་རྒྱམོ་སྦེ་མ་སྡོད། 24 དེ་འབདཝ་ལས་ངེ་གི་སྤུན་ཆ་ཚུ་ ཧེ་མ་ཁྱེད་རེ་རེ་ལུ་ ག་ཅི་གི་དོན་ལུ་གཙོ་བོ་གིས་འབོ་གནང་ཡི་ག་ འདི་དང་བསྟུན་ཏེ་དཀོན་མཆོག་གི་སྐུ་མདུན་ལུ་སྡོད།། 25 ད་གཉེན་མ་རྐྱབ་མི་ཚུ་གི་སྐོར་ལས་ གཙོ་བོ་ལས་བཀའ་རྒྱ་ང་ལུ་ག་ནི་ཡང་མེད་ དེ་འབདཝ་ད་ ང་གཙོ་བོ་གི་སྙིང་རྗེ་གི་ཐོག་ལས་ བློ་གཏད་ཚུགས་པའི་མི་གཅིག་ཨིནམ་ལས་ ང་གིས་ཁྱེད་ལུ་བསྟུན་གྲོས་བཟུམ་སྦེ་སླབ་ཨིན། 26 ད་རེས་ནངས་པ་གི་དུས་ཚོད་དེ་ ལེགས་ཤོམ་མེད་ནི་འདི་གིས་ ཁྱེད་ཆ་ཁྱབ་ཧེ་མ་ག་ཨིནམ་བཟུམ་སྦེ་རང་སྡོད་ཚུགས་པ་ཅིན་ དྲག་འོང་ཟེར་ ང་མནོ་བསམ་གཏངམ་ཨིན། 27 ཁྱོད་གཉེན་བརྐྱབས་ཏེ་ཨམ་སྲུ་ཡོད་པ་ཅིན་ མོ་དང་ཁ་འབྱལ་འགྱོ་ནི་མནོ་བསམ་མ་གཏང་ ཁྱོད་གཉེན་མ་རྐྱབ་པར་ཡོད་པ་ཅིན་ཨམ་སྲུ་མ་འཚོལ། 28 དེ་འབདཝ་ད་ ཁྱོད་གཉེན་རྐྱབ་རུང་ཉེས་པ་མེད་ བུམོ་ན་ཆུངམ་གིས་གཉེན་རྐྱབ་པ་ལུ་ཉེས་པ་མེད་ ཨིན་རུང་ གཉེན་རྐྱབ་མི་ཚུ་གིས་ མི་ཚེ་འདི་ནང་ལུ་དཀའ་ངལ་མྱོང་དགོ་ དེ་གིས་འབད་ཁྱེད་ལུ་ཨ་ནི་དེ་ཚུ་ལས་ སྐྱབས་འབད་ནི་གི་འདོད་པ་ང་ལུ་ཡོད། 29 དབའེ་སྤུན་ཆ་ཚུ་ ང་གིས་སླབ་མིའི་དོན་དག་དེ་ ད་དུས་ཚོད་གངམ་མེདཔ་ལས་བརྟེན་ཏེ་ གཉེན་རྐྱབ་ཚར་མི་ག་ར་ཨིན་རུང་ རང་གི་ཨམ་སྲུ་ལུ་རྐྱངམ་གཅིག་ གཙོ་བོ་བསྟེན་ཏེ་སྡོད་ནི་མི་འོང་། 30 མྱ་ངན་འབད་མི་ཆ་ཁྱབ་ མྱ་ངན་མེདཔ་བཟུམ་སྦེ་སྡོད་དགོཔ་མ་ཚད་ དགའ་སྤྲོ་འགྱུར་མི་ཆ་ཁྱབ་ དགའ་སྤྲོ་མ་འགྱུར་མི་ཚུ་བཟུམ་སྦེ་སྡོད་དགོ་ ཉོ་ཚོང་འཐབ་མི་ཚུ་ ཅ་ལ་ཉོ་སྟེ་སྦེ་རུང་ དེ་ཁོང་རང་གི་མེནམ་བཟུམ་སྦེ་སྡོད་དགོ། 31 འཛམ་བུ་གླིང་གི་རྒྱུ་ཅ་ལ་ཚུ་ལག་ལེན་འཐབ་མི་ཚུ་གིས་ ད་དེ་ཚུ་ནང་འདོད་པ་རྩ་ལས་རང་མེདཔ་སྦེ་སྡོད་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ད་རེས་ནངས་པ་ འཛམ་བུ་གླིང་གི་བཟོ་རྣམ་ཡལ་འགྱོ་དོ། 32 ཁྱེད་ག་ར་ཚ་གྱང་མ་ལང་པར་སྡོད་བཅུག་ནིའི་འདོད་པ་ང་ལུ་ཡོད་ གཉེན་མ་རྐྱབ་པར་སྡོད་མི་དེ་གིས་ ག་དེ་སྦེ་གཙོ་བོ་གི་ཕྱག་ཞུ་ནི་ཨིན་ན་ཟེར་གཙོ་བོ་བསྟེན་ཏེ་ གཙོ་བོ་གི་ཐུགས་དགྱེས་བཅུགས་ནི་སྦེ་སྡོདཔ་ཨིན། 33 དེ་འབདཝ་ད་ ཨམ་སྲུ་ཡོད་མི་རྨགཔ་གིས་ འཇིག་རྟེན་པའི་འགན་ཁུར་འདི་ཚུ་འབག་སྟེ་ ཁོ་རའི་ཨམ་སྲུ་ལུ་སེམས་དགའ་བཅུག་ནི་སྦེ་སྡོདཔ་ཨིན། 34 ཨ་ནི་བཟུམ་གྱི་མི་ ཁོ་རའི་སེམས་དེ་ འདོད་པ་གཉིས་ལུ་གཏང་སྡོད་འོང་ གཉེན་མ་རྐྱབ་མི་ཨམ་སྲུ་དང་ བུམོ་ན་ཆུངམ་ མོ་རང་གི་ལུས་དང་སེམས་ཉིད་ནང་ཡང་ ག་དེ་སྦེ་གཙངམ་སྦེ་སྡོད་ནི་འཚོལ་ཏེ་ གཙོ་བོ་གི་ཕྱག་ཞུཝ་ཨིན་ དེ་འབདཝ་ད་ རྨགཔ་ཡོད་མི་ཨམ་སྲུ་གིས་ འཇིག་རྟེན་པའི་འགན་ཁུར་འདི་ཚུ་འབག་སྟེ་ མོ་རའི་རྨགཔ་ལུ་སེམས་དགའ་བཅུག་ནི་སྦེ་སྡོདཔ་ཨིན། 35 ང་གིས་དེ་སྦེ་སླབ་ད་ ཁྱེད་ལུ་བཀག་རྐྱབ་མེན་པར་ ཁྱེད་ཀྱི་ཕན་ཐོགས་པའི་དོན་ལུ་སླབ་དོ་ འདི་གིས་འབད་ ཁྱེད་དོན་དག་གཞན་གྱི་དོན་ལུ་ སྣང་དག་མ་བསྐྱེད་པར་ ཁྱེད་སེམས་གཅིག་སྦེ་ གཙོ་བོ་ལུ་དམ་ཚིག་བསྟེན་ཏེ་ འབད་སྤྱོད་ལེགས་ཤོམ་སྒྲིག་སྡོད་བཅུག་ནིའི་འདོད་པ་ང་ལུ་ཡོད། 36 མི་ག་ར་འབད་རུང་ ཨ་པ་གིས་རང་གི་བུམོ་ན་ཆུངམ་དེ་ལུ་ གཉེན་གྱི་ཁ་ཚིག་བྱིན་མ་བཏུབ་པའི་བར་ན་ བུམོ་འདི་ གཉེན་རྐྱབ་ནིའི་ལོ་ཚད་ལས་ རྒས་སོང་པ་ལས་ ཁོ་གིས་མནོ་ལོག་བསྐྱེད་དེ་ ད་རུང་བུམོ་ན་ཆུངམ་འདི་ལུ་ཉེན་བརྐྱབ་ནིའི་སེམས་ཡོད་པ་ཅིན་ གཉེན་གྱི་ཁ་ཚིག་བྱིན་རུང་བཏུབ་པས་ འདི་ཉེས་པ་མེན། 37 དེ་འབདཝ་ད་ མི་དེ་གིས་རང་གི་བུམོ་ན་ཆུངམ་ལུ་ གཉེན་གྱི་ཁ་ཚིག་བྱིན་ནི་ཨིན་ན་ མ་བྱིན་ནི་ཨིན་ན་ ཁོ་ར་གི་ལག་པ་ཨིན་ ག་དེ་སྦེ་འབད་རུང་ ཁོ་གིས་གཉེན་གྱི་ཁ་ཚིག་ མི་བྱིན་ནིའི་སེམས་ཐག་བཅད་དེ་འབད་བ་ཅིན་ ཁོ་གིས་འབད་མི་དེ་ ལེགས་ཤོམ་ཨིན། 38 འདི་བཟུམ་སྦེ་ ཁོ་རའི་བུམོ་ན་ཆུངམ་ལུ་ གཉེན་གྱི་ཁ་ཚིག་བྱིན་ནི་དེ་ཡང་ལེགས་ཤོམ་ཨིན་ དེ་འབདཝ་ད་ དྲག་ཤོས་དེ་ གཉེན་གྱི་ཁ་ཚིག་མ་བྱིན་པར་ སྡོད་ཚུགས་པ་ཅིན་ དེ་ལེགས་ཤོམ་ཨིན། 39 རྨགཔ་དེ་མ་ཤི་བར་དུ་ ཨམ་སྲུ་དེ་རྨགཔ་གི་དབང་ཚད་འོག་ལུ་སྡོད་དགོཔ་ཨིན་ རྨགཔ་དེ་ཤི་སོང་པ་ཅིན་ ཤུལ་ལས་མོ་རང་ག་དགའ་མི་དང་གཅིག་ཁར་ གཉེན་རྐྱབ་ནི་གི་རང་དབང་ཐོབ་ཨིན་ དེ་འབདཝ་ད་ མི་དེ་གཙོ་བོ་ལུ་དད་པ་བསྐྱེད་མི་གཅིག་དགོ། 40 དེ་འབདཝ་ད་ ང་གིས་འབད་བ་ཅིན་ མོ་གཉེན་མ་རྐྱབ་པར་སྡོད་པ་ཅིན་ གཉེན་རྐྱབ་ནི་ལས་ཡང་ལྷག་སྟེ་ དགའ་ཚོར་ཐོབ་འོང་ ང་གིས་དེ་སྦེ་སླབ་ད་ དཀོན་མཆོག་གི་ཐུགས་ཉིད་ཀྱིས་དེ་ང་ལུ་སྟོན་གནང་ཡི་ཟེར་ཡིད་ཆེས་བསྐྱེད་དེ་ ཁྱེད་ལུ་ཡང་བསླབ་བྱ་དེ་བྱིན་དོ།།
1 ད་སྐུ་ལུ་མཆོདཔ་སྦེ་ཕུལ་མི་ཚོགས་ཀྱི་སྐོར་ལས་ ཁྱེད་ཀྱིས་ང་བཅས་ག་ར་ལུ་ཡོན་ཏན་ཡོད་ཟེར་སླབ་ད་ ང་བཅས་ཀྱིས་ཡིད་ཆེས་ཡི་ ཨིན་ཏེ་འབད་རུང་ ཡོན་ཏན་རྐྱངམ་གཅིག་གིས་དཔའ་མདོག་བསྒྱུརཝ་ཨིན་ དེ་འབདཝ་ད་བྱམས་པ་གིས་ དདཔ་ཅན་ཚུ་སྒྲིང་སྒྲིང་བཟོཝ་ཨིན། 2 ག་ར་འབད་རུང་ ག་ར་ཤེས་ཟེར་མནོ་མི་དེ་གིས་ མ་པ་ཁོ་གིས་ ག་ནི་ཡང་མ་ཤེས་པར་སྡོད་འོང་། 3 དེ་འབདཝ་ད་ ག་ར་འབད་རུང་ དཀོན་མཆོག་ལུ་བྱམས་པ་འབད་བ་ཅིན་ འདི་ལུ་དཀོན་མཆོག་གིས་ངོ་མཁྱེན། 4 དེ་འབདཝ་ལས་སྐུ་ལུ་མཆོདཔ་སྦེ་ཕུལ་མི་ཚོགས་ཟ་བའི་སྐོར་ལས་ ང་གིས་སླབ་མིའི་དོན་དག་འདི་ཨིན་ སྐུ་དེ་མི་གི་མནོ་དོ་བཟུམ་སྦེ་དཀོན་མཆོག་ངོ་མ་མེན་ཟེར་མི་དེ་དང་ དཀོན་མཆོག་ངོ་མ་དེ་ ཁོ་གཅིགཔ་མ་གཏོགས་གཞན་ག་ཡང་མེད་ཟེར་མིའི་སྐོར་ལས་ ང་བཅས་ཀྱིས་ཤེས། 5 གནམ་ཁ་ཡང་ན་ ས་འཛམ་བུ་གླིང་ནང་ མི་གིས་དཀོན་མཆོག་སྦེ་བརྩིས་མི་ལྷ་དེ་ཚུ་འོང་ (མ་གཞི་ ཨ་ནི་བཟུམ་མའི་མི་གིས་ བརྩིས་མི་ལྷ་དང་གཙོ་བོ་དེ་ཚུ་ལེ་ཤ་ཡོད།) 6 དེ་འབདཝ་ད་ ང་བཅས་ཀྱི་དོན་ལུ་ དཀོན་མཆོག་གཅིག་རྐྱངམ་གཅིག་རང་ཨིན་ ཁོ་ཡབ་དཀོན་མཆོག་ཨིན་ ཁོ་གིས་ག་ར་མཛད་གནང་གནངམ་ཨིན་ དེ་མ་ཚད་ ང་བཅས་ཁོ་གི་དོན་ལུ་གསོན་པོ་སྦེ་སྡོདཔ་ཨིན་ དེ་བཟུམ་སྦེ་རང་ གཙོ་བོ་གཅིག་རྐྱངམ་གཅིག་རང་ཨིན་ ཁོ་ཡེ་ཤུ་ཁིརཱིས་ཨིན་ ཁོ་ལས་རྒྱུད་དེ་ ག་ར་མཛད་གནངམ་ཨིནམ་མ་ཚད་ ང་བཅས་གསོན་པོ་སྦེ་སྡོདཔ་ཨིན། 7 ཨིན་རུང་ མི་ག་ར་གིས་ཨ་ནི་བཟུམ་སྦེ་ཧ་མི་གོ་ མི་ལ་ལུ་ཅིག་ཧེ་མ་ལས་ དེ་བཟུམ་སྐུ་དང་འབྲེལ་བ་འཐབ་སྟེ་ཡོདཔ་ལས་ ཁོང་གིས་སྐུ་ལུ་ཕུལ་བའི་ཚོགས་ཟཝ་ད་ རང་གིས་སྐུ་ལུ་ཕུལཝ་བཟུམ་སྦེ་ཨིན་མནོ་སྟེ་ རྣལ་རིག་གསལ་ཏོག་ཏོ་མེད་པར་ ཉེས་སྐྱོན་ཚོར་ནི་ཨིན། 8 དོན་ལས་རང་ ཚོགས་ཀྱི་ཐོག་ལས་སྦེ་ ང་བཅས་དཀོན་མཆོག་གི་སྐུ་མདུན་བཅར་མི་ཚུགས་ ང་བཅས་ཀྱིས་དེ་མ་ཟ་རུང་ རྒུད་མི་ཕོག་ ཟ་རུང་ཡང་ ཁེ་བཟང་ཡོད་ཟེརཝ་མེད། 9 དེ་འབདཝ་ད་ ཁྱེད་རིགཔ་སྒྱིམ་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ལུ་རང་དབང་རང་ཚད་ཡོདཔ་ཨིན་ཟེར་ག་ཐོབ་ཟཝ་ད་ ཁྱེད་ཀྱི་སྤུན་ཆ་ རྣལ་རིག་གསལ་ཏོག་ཏོ་མེད་མི་ཚུ་ སྡིག་པ་གི་ཧིང་ནང་ཚུད་བཅུག་འོང་། 10 ཁོང་རྣལ་རིག་གསལ་ཏོག་ཏོ་མེད་མི་ཚུ་གིས་ ཁྱེད་ཡོན་ཏན་ཐོབ་ཡོད་མི་ཚུ་ལུ་ ལྷ་ཁང་ནང་མཆོདཔ་སྦེ་ཕུལ་ཡོད་པའི་ཚོགས་ཟ་སྡོད་ས་མཐོངམ་ད་ ཁོང་གི་སེམས་ཁར་ཡང་ བཞེས་སྒོ་དེ་ཚོགས་ཨིན་ཟེར་མནོ་མི་དེ་ ང་བཅས་ཀྱིས་ཁོང་ལུ་ཟ་རུང་བཏུབ་ཟེར་ ཨུ་ཚུགས་རྐྱབ་དོཝ་བཟུམ་སྦེ་མི་འགྱོ་ག། 11 ཡེ་ཤུ་ཁིརཱིས་གཤགས་གནང་མིའི་དོན་དག་དེ་ ཁོང་རྣལ་རིག་གསལ་ཏོག་ཏོ་མེད་མི་སྤུན་ཆ་ཚུ་གི་དོན་ལུ་ཡང་ཨིན་ ད་ ཁྱེད་ཡོན་ཏན་ཐོབ་མི་ཚུ་གིས་ ཚོགས་དེ་ཟཝ་ད་ ཁོང་གི་དད་པ་མེདཔ་མི་གཏང་ག། 12 དེ་བཟུམ་སྦེ་རང་ ཁྱེད་རའི་སྤུན་ཆ་ད་ལྟོ་དད་པ་ནང་ཆུང་ཀུ་སྦེ་སྡོད་པའི་སྐབས་ ཁོང་གི་རྣལ་རིག་ལུ་སྐྱོན་རྐྱབ་སྟེ་འཐུས་ཤོར་བཅུག་པ་ཅིན་ ཁྱེད་ཀྱིས་ཕྲང་སྟེ་ཡེ་ཤུ་ཁིརཱིས་ལུ་སྡིག་པ་འབདཝ་ཨིན། 13 དེ་འབདཝ་ལས་ ང་གིས་ཟ་མི་ཤ་ཡང་ན་བཞེས་སྒོ་གིས་ ཁོང་སྤུན་ཆ་ཚུ་ སྡིག་པ་གི་ཧིང་ནང་ཚུད་བཅུག་པ་ཅིན་ ང་མི་ཚེ་གཅིག་ཁོང་ལུ་གནོད་པའི་བཞེས་སྒོ་དང་ཤ་ག་ནི་ཡང་མི་ཟ།།
1 ང་ རང་དབང་ཡོད་མི་གཅིག་ཨིན་མེན་ན་ ང་སྐུ་ཚབ་ཡང་ཨིན་མེན་ན་ ང་གིས་ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ལུ་མ་མཇལཝ་ཨིན་ན་ གཙོ་བོ་ནང་ང་གིས་འབད་མི་ལཱ་གི་འབྲས་བུ་དེ་ཁྱེད་ཆ་ཁྱབ་ཨིན་མེན་ན། 2 མ་གཞི་ གཞན་གྱིས་ང་སྐུ་ཚབ་མེན་ཟེར་སླབ་རུང་ ཁྱེད་ཀྱིས་ང་ལུ་ཆ་བཞག་ཅི་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་གཙོ་བོ་ལུ་དད་པ་བསྐྱེདཔ་ད་ ང་སྐུ་ཚབ་ཨིན་མི་ཁུངས་དེ་ཁྱེད་ཆ་ཁྱབ་ཨིན། 3 ང་ལུ་སྐྱོན་བཏགས་མི་ཚུ་ལུ་ ང་གིས་ལན་གཅིག་སླབ་ནི་ཡོད། 4 ང་བཅས་ལུ་བཟའ་ནི་འཐུང་ནི་གི་རྒྱབ་སྐྱོར་གྱི་ཐོབ་ཐངས་མེདཔ་ཨིན་ན། 5 ཀེ་ཕཱས་དང་གཙོ་བོ་གི་ནུ་གཅུང་ཚུ་ དེ་ལས་སྐུ་ཚབ་གཞན་ཚུ་བཟུམ་སྦེ་ ང་བཅས་ལུ་ དད་པ་བསྐྱེད་མི་ཨམ་སྲུ་ཡོད་པ་ཅིན་འཁྱིད་དེ་ འགྱོ་ཐག་མ་ཆོདཔ་ཨིན་ན། 6 ཡང་ན་ བཱར་ན་བཱས་དང་ང་རྐྱངམ་གཅིག་གིས་ ཆོས་ཚོགས་ཀྱི་ལཱ་འབད་དེ་ ལཱ་གཞན་མ་འབད་བར་ ཟ་ནི་ཐོབ་ཐངས་མེདཔ་ཨིན་ན། 7 དམག་མི་གིས་རང་ལས་ཟད་འགྲོ་བཏང་སྟེ་ དམག་མི་གིས་ཞབས་ཏོག་ཞུ་འོང་ག་ རྒུན་འབྲུམ་བཙུགས་ཞིནམ་ལས་ འདི་གི་འབྲས་བུ་མ་ཟ་བར་སྡོད་མི་ག་ཡོདཔ་སྨོ་ ལུག་རྫིཔ་གིས་ ཁོ་རའི་ལུག་གི་ཨོམ་ མ་འཐུང་བར་སྡོད་འོང་ག། 8 དེ་སྦེ་སླབ་ད་ མིའི་བསམ་འཆར་ལས་སྦེ་སླབ་སླབ་ཨིན་ན་ ཡང་ན་བཀའ་ཁྲིམས་ཀྱིས་ཡང་ དེ་སྦེ་རང་མ་གསུངསམ་ཨིན་ན། 9 འབྱ་འཕུརཝ་ད་ འབྱ་ཟ་མ་བཅུག་ནི་གི་དོན་ལུ་ གླང་གི་ཁ་ཀུ་ཏོ་བཙུག་ནི་མི་འོང་ཟེར་ མོ་སཱེས་ཀྱི་བཀའ་ཁྲིམས་ནང་བྲིས་ཏེ་འདུག་ དཀོན་མཆོག་གིས་དེ་སྦེ་གསུངསམ་ད་ གླང་ཚུ་གི་སྐོར་ལས་རྐྱངམ་གཅིག་ ཐུགས་བསམ་བཞེསཔ་ཨིན་ན། 10 ཐད་རི་བ་རི་རང་ ཁོ་གིས་ང་བཅས་ག་ར་གི་སྐོར་ལས་ གསུངས་གསུངསམ་ཨིན་མས་མེན་ན་ འདི་དོན་ལས་རང་ང་བཅས་ཀྱི་སྐོར་ལས་རང་བྲིས་བྲིསཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ གླང་རྨོ་མི་དང་འབྱ་འཕུར་མི་གཉིས་ཆ་རང་ ཐོག་གི་བགོ་བཤའ་ཐོབ་པའི་རེ་བ་བསྐྱེདཔ་ཨིན། 11 ང་བཅས་ཀྱིས་ཡང་ ཁྱེད་ཀྱི་སྦུག་ལུ་ཐུགས་ཉིད་ཀྱི་སོན་བཏབ་སྟེ་ཡོདཔ་ལས་ ཨ་ནི་མི་ཚེ་ནང་ལུ་ཐོག་བསྡུ་དོཝ་བཟུམ་སྦེ་ ང་བཅས་ཀྱིས་ཁྱེད་ལས་མཁོ་ཆས་རེ་བ་བསྐྱེདཔ་ད་ དེ་མ་བཏུབ་ཨིན་ན། 12 མི་གཞན་གྱིས་ཁྱེད་ནང་ལས་ལེན་ནིའི་ཐོབ་ཐངས་ཡོད་པ་ཅིན་ ང་བཅས་ལུ་དེ་ལས་ལྷགཔ་སྦེ་ཡོདཔ་ཨིན་མེན་ན་ ཨིན་རུང་ ང་བཅས་ཀྱིས་ཐོབ་ཐངས་ལུ་མ་བལྟ་བར་ ང་བཅས་རང་ལངམ་སྦེ་སྡོད་ཅི་ ག་ཅི་སྨོ་ཟེར་བ་ཅིན་ དེ་ལས་བརྟེན་ཏེ་ ཁིརཱིས་ཀྱི་གཏམ་བཟང་དེ་ལུ་ ག་ཅི་འབད་ཐོ་ཕོག་བཅུག་ནི་ཟེར་མནོ་སྟེ་ཨིན། 13 མཆོད་ཁང་ནང་གཡོག་རྐྱབ་མི་ཚུ་གིས་མཆོད་ཁང་ནང་ལས་བཞེས་སྒོ་ཐོབ་ མཆོད་ཁྲི་ནང་ཕྱག་ཞུ་མི་གིས་མཆོད་ཁྲི་གུ་ཕུལ་མི་ནང་ལས་ སྐལ་བ་བགོ་བཤའ་ཐོབ་ཟེར་ཁྱེད་ཀྱིས་མ་ཤེས་ག། 14 འདི་བཟུམ་སྦེ་རང་ གཏམ་བཟང་བཤད་མི་ཚུ་གིས་ གཏམ་བཟང་ལས་རང་ འཚོ་བའི་མཐུན་རྐྱེན་ཚུ་ཐོབ་དགོ་ཟེར་ གཙོ་བོ་གིས་བཀའ་གནང་ནུག 15 ཨིན་རུང་ང་གིས་ ཨ་ནི་ཐོབ་ཐངས་དེ་ཚུ་རྩ་ལས་ལག་ལེན་མ་འཐབ་ དེ་མ་ཚད་ ད་རེས་ལས་ཁྱེད་ཀྱིས་ང་ལུ་བྱིན་དགོ་ཟེར་ ཁ་བཀོད་ཡང་རྐྱབ་མེན་ ག་ཅི་སྨོ་ཟེར་བ་ཅིན་ གཏམ་བཟང་སྟོང་པ་སྦེ་བཤད་ནི་དེ་ ང་རང་ལུ་ རང་བསྟོད་རྐྱབ་ཚུགས་མི་རྒྱུ་མཚན་གཅིག་ཨིན་ མི་ག་གིས་ཡང་ ང་ལུ་གླ་ཐོབ་སྦེ་བཟོཝ་བ་འདི་ ང་ཤི་སོངམ་དྲག 16 ཨིན་རུང་ ང་གིས་གཏམ་བཟང་བཤད་ཅི་ཟེར་ ང་རང་ལུ་རང་བསྟོད་པ་རྐྱབ་མེན་ གཏམ་བཟང་བཤད་ནི་དེ་ང་ལུ་ དཀོན་མཆོག་གིས་བཅོལ་གནངམ་ལས་ ཐབས་རང་མེད་པར་བཤད་དགོཔ་བྱུང་ཡི་ གཏམ་བཟང་དེ་ང་གིས་མ་བཤད་པ་ཅིན་ ངེ་གི་གུ་ཆདཔ་འདྲོག་སི་སི་ཕོག་ནི་གི་ཉེན་ཁ་ཡོདཔ་ཨིན། 17 ལཱ་འདི་ང་རང་གིས་རང་ བཙག་འཐུ་འབད་འབདཝ་ཨིན་པ་ཅིན་ ལཱ་འདི་ལས་བརྟེན་ཏེ་ ག་ཅི་ཅིག་ཐོབ་ནི་གི་རེ་ཆ་བསྐྱེད་བསྐྱེདཔ་འོང་ དེ་འབདཝ་ད་ དཀོན་མཆོག་གིས་ང་ལུ་ཐུགས་གཏད་དེ་ ལཱ་འདི་བྱ་ཐབས་མེད་པའི་ལཱ་སྦེ་ གནང་གནངམ་ཨིན་པ་ཅིན། 18 ངེ་གི་གླ་འཐུས་དེ་ག་ཅི་སྨོ་ གླ་འཐུས་དེ་ང་གིས་ རིན་གོང་སྟོང་པར་སྦེ་ ཁྱེད་ལུ་གཏམ་བཟང་བཤད་ནི་གི་གོ་སྐབས་ཐོབ་མི་དེ་ཨིན་ དེ་འབདཝ་ལས་ ང་གིས་གཏམ་བཟང་བཤདཔ་ད་ ངེ་གི་ཐོབ་ཐངས་འབག་ཤོག་ཟེར་ ང་གིས་མ་སླབ། 19 ག་ཅི་སྨོ་ཟེར་བ་ཅིན་ ང་མི་ག་གི་དབང་ཚད་ཀྱི་འོག་ལུ་ཡང་ སྡོད་དགོཔ་མ་བྱུང་རུང་ མི་ལེ་ཤ་སྐྱབས་འབད་དེ་ ཁིརཱིས་ནང་འབག་འོང་ནིའི་དོན་ལུ་ ང་ཁོང་གི་རྒྱོབོ་གཅིག་ལུ་འགྱུར་ཡི། 20 ཡ་ཧུ་ད་པ་ཚུ་ཁིརཱིས་ནང་འཁྱིད་འོང་ནིའི་དོན་ལུ་ ང་ ཡ་ཧུ་ད་པ་ཚུ་བཟུམ་སྦེ་རང་ ཁོང་གི་སྤྱོད་ལམ་སྒྲིག་སྡོད་ཅི་ དེ་ལས་ང་ ཡ་ཧུ་ད་པའི་བཀའ་ཁྲིམས་ཀྱི་འོག་ལུ་མེན་རུང་ བཀའ་ཁྲིམས་ཀྱི་འོག་ལུ་སྡོད་མི་ཚུ་ ཁིརཱིས་ནང་འཁྱིད་འོང་ནིའི་དོན་ལུ་ ང་ཡང་ ཁོང་གི་བཀའ་ཁྲིམས་ཀྱི་འོག་ལུ་སྡོད་མི་ཚུ་བཟུམ་སྦེ་རང་སྡོད་ཅི། 21 ཡ་ཧུ་ད་པའི་བཀའ་ཁྲིམས་ཀྱི་འོག་ལུ་མེད་མི་ཚུ་ལུ་ ཁིརཱིས་ནང་འཁྱིད་འོང་ནིའི་དོན་ལུ་ ང་ཡང་ བཀའ་ཁྲིམས་དང་འབྲེལ་བ་མེདཔ་བཟུམ་སྦེ་སྡོད་ཅི་ དེ་འབདཝ་ད་ ང་དཀོན་མཆོག་གི་བཀའ་ཁྲིམས་དེ་ལུ་སྣང་མེད་སྦེ་བཞག་བཞགཔ་མེན་པར་ ཁིརཱིས་ཀྱི་བཀའ་ཁྲིམས་ཉན་ཏེ་རང་སྡོད་ཅི། 22 ཁོང་སྟོབས་ཤུགས་མེད་མི་ཚུ་ལུ་ ཁིརཱིས་ནང་འཁྱིད་འོང་བའི་དོན་ལུ་ ང་ཡང་ཁོང་སྟོབས་ཤུགས་མེདཔ་བཟུམ་སྦེ་རང་སྡོད་ཅི་ ང་ཁོང་མི་ལ་ལུ་ཅིག་ལུ་ སྐྱབས་འབད་ཚུགས་འོང་ཟེར་མནོ་སྟེ་འབདཝ་ད་ མཐའ་མ་ང་རང་ག་ཅི་བཟུམ་ཅིག་ལུ་འགྱུར་ཏེ་བལྟ་ཡི། 23 ང་དེ་ཚུ་ག་ར་གཏམ་བཟང་ཁྱབ་བསྒྲགས་འབད་བའི་དོན་ལུ་ རྩ་འགེངས་ཏེ་འབད་ཡི་ ག་ཅི་སྨོ་ཟེར་བ་ཅིན་ ང་ཡང་གཏམ་བཟང་གི་བྱིན་རླབས་ནང་བཅའ་མར་གཏོགས་ནིའི་དོན་ལུ་ཨིན། 24 ཁྱེད་ཀྱིས་མ་ཤེས་ག་ བང་རྒྱུག་ནི་གི་འགྲན་བསྡུར་ནང་ མི་ལེ་ཤ་བཅའ་མར་གཏོགས་ཏེ་འབད་རུང་ གསོལ་རས་ཐོབ་མི་དེ་མི་གཅིག་ལས་བརྒལ་མི་འོང་ དེ་འབདཝ་ལས་ ཁྱེད་ཆ་ཁྱབ་ཡང་རྒྱལ་ཁ་གི་གསོལ་རས་ཐོབ་ཚུགསཔ་སྦེ་རང་བང་རྒྱུག་ཞིག 25 རྩེད་སྟོན་ནང་འགྲན་བསྡུར་འབད་མི་ག་ར་གིས་ རང་སེམས་རང་གིས་སྲུང་བཞག་ཚུགསཔ་སྦེ་འབད་དགོ་ ཁོང་གིས་མེདཔ་ཐལ་འགྱོ་མི་གསོལ་རས་ཐོབ་ནིའི་དོན་ལུ་ རྩ་འགེངས་ཏེ་འབདཝ་ཨིན་ དེ་འབདཝ་ད་ ང་བཅས་དུས་རྒྱུན་དུ་ མེདཔ་རྩ་ལས་ཐལ་ནི་མེད་པའི་གསོལ་རས་ཀྱི་དོན་ལུ་འགྲན་བསྡུར་འབདཝ་ཨིན། 26 དེ་འབདཝ་ལས་དམིགས་དོན་མེད་པར་ང་གིས་བང་མི་རྒྱུག་ དེ་ལས་མཛོག་ཁྱད་བརྗེཝ་ད་ རླུང་གུ་རྐྱབ་དོཝ་བཟུམ་སྦེ་རྩ་ལས་མི་རྐྱབ། 27 དེ་འབདཝ་ལས་ ང་མི་གཞན་ལུ་ཆོས་བཤད་པའི་མཐའ་མ་ ང་རང་འཐུས་མ་ཤོར་གེ་ཟེར་ ང་རའི་གཟུགས་ལུ་སྒྲིགས་བཙུགས་བཞགཔ་ཨིན།།
1 ངེའི་སྤུན་ཆ་ཚུ་ ལོ་རྒྱུས་གཅིག་ང་གིས་ཁྱེད་ལུ་ཤེས་བཅུག་དགོ་མནོ་ཡི་ ཧེ་མ་ང་བཅས་ཀྱི་ཕ་བརྒྱུད་དེ་ཚུ་རི་སྟོང་ནང་ལས་ཕར་ ས་སྨུག་གིས་ལམ་སྟོན་འཁྱིད་དེ་ རྒྱ་མཚོ་བརྒལ་བའི་སྐབས་ ས་སྐམ་གུ་ལས་ཕར་གོམ་སྤོ་འགྱོ་དོཝ་བཟུམ་སྦེ་སོང་ཡི། 2 ཁོང་ག་ར་ ས་སྨུག་དང་རྒྱ་མཚོ་གི་རྒྱུད་ལས་ ཁྲུས་གསོལ་ཞུ་སྦེ་ མོ་སཱེས་ཀྱི་རྟིང་བདའ་མི་ཚུ་བྱུང་ཡི། 3 དེ་བ་ལྷགཔ་སྦེ་ སེམས་ཉིད་ཀྱི་བཞེས་སྒོ་དེ་ ཁོང་ག་ར་གིས་གཅིག་སྦེ་ཟ། 4 སེམས་ཉིད་ཀྱི་ཆུ་དེ་ཡང་ ཁོང་ག་ར་གིས་གཅིག་ལས་འཐུང་ནུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་དང་གཅིག་ཁར་བྱོན་མི་ཐུགས་ཉིད་ཀྱི་རྡོ་ལས་བཏོན་མི་ཆུ་ ཁོང་གིས་འཐུང་ནུག་ ཨ་ནི་རྡོ་དེ་ ཁིརཱིས་ཁོ་རང་ཨིན་མས། 5 ཨིན་རུང་ ཁོང་གི་གྲལ་ཁ་ལས་ ལེ་ཤ་དང་གཅིག་ཁར་ དཀོན་མཆོག་ཐུགས་ཕམ་སྟེ་ ཨ་ནི་མི་ཚུ་རི་སྟོང་ནང་རང་ཤི་བཅུག་ནུག་ཟེར་ ང་གིས་ཁྱེད་ཆ་ཁྱབ་ལུ་དྲན་གསོ་འབད་དགོ་མནོ་ཡི། 6 ང་བཅས་རའི་ཕ་བརྒྱུད་ཚུ་བཟུམ་སྦེ་ འདོད་པ་ངན་པ་སྐྱེད་མ་བཅུག་ནི་གི་དོན་ལུ་ དེ་ཚུ་ང་བཅས་ཀྱི་དོན་ལུ་དཔེ་སྦེ་སྟོན་བཞག་ནུག 7 ཁོང་ལ་ལུ་གི་སྐོར་ལས་གསུང་རབ་ནང་། མི་དེ་ཚུ་བཟའ་འཐུང་ནི་གི་དོན་ལུ་མར་སྡོད་ དེ་ལས་དཀོན་མཆོག་ངོ་མ་ཤེས་མི་བཟུམ་སྦེ་ སྤྲོ་སྟོན་ནི་སྦེ་ཡར་ལོངས་ནུག་ཟེར་ དེ་སྦེ་བྲིས་ཏེ་འདུག་ ཁོང་བཟུམ་སྦེ་ སྐུ་ལུ་གསོལཝ་བཏབ་ནི་མི་འོང་། 8 ང་བཅས་འདོད་སྤྱོད་ཀྱི་ལཱ་འབད་ནི་མེད་ ཁོང་གི་གྲལ་ལས་ལ་ལུ་གིས་ འདོད་སྤྱོད་ཀྱི་ལཱ་འབད་དེ་ ཉིནམ་གཅིག་ལུ་རང་ མི་སྟོང་ཕྲག་ཉི་ཤུ་རྩ་གསུམ་ཤི་སོང་ནུག 9 ང་བཅས་ཀྱིས་ཁིརཱིས་ལུ་ཚོད་བལྟ་ནི་མི་འོང་ ཁོང་གི་གྲལ་ལས་ལ་ལུ་གིས་ གཙོ་བོ་ལུ་ཚོད་བལྟ་སྟེ་ སྦུལ་གྱིས་བསད་བཏང་ནུག 10 ང་བཅས་ཀྱིས་ཁ་སྡུག་འབར་ནི་མི་འོང་ ཁོང་གི་གྲལ་ལས་ལ་ལུ་གིས་ཁ་སྡུག་འབརཝ་ལས་ རྩ་མེད་གཏང་མི་ཕོ་ཉ་གིས་ཁོང་བསད་བཏང་ནུག 11 དེའི་སྐབས་བྱུང་མི་དེ་ ད་རེས་ང་བཅས་ཀྱི་དོན་ལུ་དཔེ་གཅིག་ཨིན་ འདི་ཚུ་གི་སྐོར་ལས་བྲིས་བཞག་མི་དེ་ ང་བཅས་མཐའན་མཇུག་གི་དུས་ཚོད་ནང་སྡོད་མི་ཚུ་གི་དོན་ལུ་ བསླབ་བྱ་བཟུམ་ཅིག་སྦེ་ཨིན། 12 ག་གིས་རང་འབད་རུང་ ང་སྒྲིང་སྒྲིང་སྦེ་ལོང་སྟེ་ཡོད་ཟེར་མནོ་བ་ཅིན་ མར་འགྱེལ་མ་འགྱོ་བའི་དོན་ལུ་ རིགཔ་བསྒྱིམ་སྟེ་སྡོད། 13 མི་གཞན་ལུ་བྱུང་མི་བར་ཆད་དང་ ཁྱེད་ལུ་བྱུང་མི་བར་ནང་ དབྱེ་བ་ག་ནི་ཡང་མེད་ དཀོན་མཆོག་ན་འཐན་ཏོག་ཏོ་ཨིན་ནི་དེ་གིས་ ཁྱེད་ལུ་བཟོད་མ་ཚུགས་པའི་བར་ཆད་ནང་རྩ་ལས་བཙུག་མི་གནང་ ཁྱེད་ལུ་བར་ཆད་རྐྱབ་འོངམ་ད་ ཁོ་གིས་བར་ཆད་སེལ་ཐབས་ལུ་ལམ་སྟོན་གནང་འོང་། 14 དེ་འབདཝ་ལས་ ངེའི་སྤུན་ཆ་ཚུ་ སྐུ་ལུ་གསོལཝ་བཏབ་ནི་སྤང་སྟེ་སྡོད། 15 ང་གིས་བློ་རིག་ཅན་ལུ་སླབ་དོ་ ང་གིས་སླབ་མིའི་བློ་དེ་ ཁྱེད་རང་གིས་བརྟག་དཔྱད་འབད། 16 ང་བཅས་ཀྱིས་གཙོ་བའི་ཏད་ཟས་ཟ་བའི་སྐབས་ བྱིན་རླབས་ཀྱི་བཞེས་ཆ་གི་དོན་ལུ་བཀའ་དྲིན་གཏང་རག་ཕུལ་ཏེ་འཐུངམ་ད་ ང་བཅས་ཀྱིས་ཁིརཱིས་ཀྱི་སྐུ་ཁྲག་ནང་ བཅའ་མར་གཏོགསཔ་ཨིན་མེན་ན་ དེ་ལས་ང་བཅས་ཀྱིས་ཏད་ཟས་དེ་ལུ་བཅགཔ་ད་ ང་བཅས་ཀྱིས་ཁིརཱིས་ཀྱི་སྐུ་གཟུགས་ནང་བཅའ་མར་གཏོགསཔ་ཨིན་མེན་ན། 17 ང་བཅས་ལེ་ཤ་ཡོད་རུང་ ཏད་ཟས་གཅིག་ཨིན་ སྐུ་གཟུགས་ཡང་གཅིག་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ག་ར་གིས་ ཏད་ཟས་གཅིག་ནང་ལུ་བཅའ་མར་གཏོགསཔ་ཨིན། 18 ད་ ཨཱིས་ར་ཨཱེལ་པ་ཚུ་ལུ་བལྟ་ཞིག་ མཆོདཔ་སྦེ་ཕུལ་མི་ཚོགས་ཟ་མི་ཆ་ཁྱབ་ མཆོད་ཁྲི་གུ་བཅའ་མར་གཏོགསཔ་ཨིན་མས་མེན་ན། 19 ང་གིས་ག་ཅི་སླབ་སྨོ་ ང་གིས་སླབ་མི་དེ་ སྐུ་ལུ་མཆོད་མི་ཚོགས་དེ་ཕན་ཐོགས་ཡོད་ག་ ཡང་ན་སྐུ་དེ་ཚུ་ངོ་མ་ཨིན་ཟེར་ང་གིས་སླབ་ཅི་ག། 20 དེ་རྩ་ལས་རང་མེན་ ང་གིས་སླབ་མིའི་དོན་དག་དེ་ སྐུ་ལུ་མཆོད་མི་དེ་ དཀོན་མཆོག་ལུ་མེན་པར་ འདྲེ་ལུ་མཆོདཔ་ཨིན་མས་ དེ་འབདཝ་ལས་ ཁྱེད་ག་གིས་རང་འབད་རུང་ འདྲེ་དང་གཅིག་ཁར་བཅའ་མར་གཏོགས་མ་བཅུག་ནི་གི་འདོད་པ་ང་ལུ་ཡོད། 21 ཁྱེད་ཆ་ཁྱབ་གཙོ་བོ་གི་བཞེས་ཆ་དང་ འདྲེ་དང་བདུད་ཀྱི་ཕོརཔ་ གཉིས་ཆ་རང་ནང་ལས་འཐུང་མི་ཚུགས་ ཁྱེད་ཀྱིས་གཙོ་བོ་གི་བཞེས་ཁྲི་དང་ འདྲེ་དང་བདུད་ཀྱི་ཅོག་ཙེ་ གཉིས་ཆ་ར་ལས་བཟའ་མི་ཚུགས། 22 ཡང་ན་ང་བཅས་ཀྱིས་གཙོ་བོ་ལུ་ ཐུགས་ཁྲོ་ལང་བཅུག་ནི་ཨིན་ན་ ང་བཅས་ཁོ་ལས་ཤུགས་ཆེ་ཤོས་ཨིན་ན།། 23 ལ་ལུ་གིས་ ང་བཅས་ཀྱིས་ག་ར་འབད་ཆོག་པས་ཟེར་སླབ་མས་ ཨིན་རུང་ ང་བཅས་ཀྱི་དོན་ལུ་ ག་ར་ལེགས་ཤོམ་ཅིག་མེན་པས་ དེ་ལས་ཕར་ ག་ར་ཕན་ཐོགས་ཅན་ཅིག་མིན་འདུག་ཟེར་ང་གིས་ཞུཝ་ཨིན། 24 མི་ག་ར་འབད་རུང་ རང་གི་དོན་ལུ་མེན་པར་ གཞན་གྱི་དོན་ལུ་ལེགས་སེམས་མནོ་དགོ། 25 ཤ་ཁང་ནང་ལས་ཤ་ཉོ་ཟཝ་ད་ དཀོན་མཆོག་གི་བཀའ་ལས་འགལ་ནི་ཨིན་ན་མེན་ན་ཟེར་ཐེ་ཚོམ་མ་བསྐྱེད་པར་ཉོ་ཟ། 26 ག་ཅི་སྨོ་ཟེར་བ་ཅིན། འཛམ་བུ་གླིང་དང་འདི་ནང་ཡོད་མི་ ག་ར་དཀོན་མཆོག་ཁོ་རང་གི་ཨིན། 27 དད་པ་མ་སྐྱེད་མི་གཅིག་གིས་ཁྱེད་ལུ་ ཁོ་གི་ཁྱིམ་ནང་མགྱོནམ་སྦེ་འབོ་པ་ཅིན་ ཁྱེད་ཀྱི་གདོང་ཁར་བཀལ་མི་བཞེས་སྒོ་ག་ཅི་རང་ཨིན་རུང་ ཁྱེད་ཀྱིས་ དེ་ཟཝ་ད་ དཀོན་མཆོག་གི་བཀའ་ལས་འགལ་ནི་ཨིན་ན་མེན་ན་ཟེར་ཐེ་ཚོམ་མ་བསྐྱེད་པར་ཟ། 28 དེ་འབདཝ་ད་ མི་ལ་ལུ་ཅིག་གིས་ཁྱེད་ལུ་ དེ་མཆོདཔ་ཕུལ་ཕུལཝ་གི་ཚོགས་ཨིན་ཟེར་སླབ་པ་ཅིན་ སླབ་མི་ཁོ་རའི་དོན་ལུ་དང་ བཀའ་ཁྲིམས་ལས་འགལ་ནི་ཨིན་ན་མེན་ན་ཟེར་ གཞན་ལུ་ཐེ་ཚོམ་བསྐྱེད་མ་བཅུག་ནི་གི་དོན་ལུ་ ཁྱེད་ཀྱིས་མ་ཟ། 29 ཁྱེད་མེན་པར་ མི་གཞན་ལུ་ཐེ་ཚོམ་བསྐྱེད་མ་བཅུག་ནི་གི་དོན་ལུ་ ང་གིས་སླབ་ཨིན་ ཁྱེད་ཀྱིས་ ངེ་གི་རང་དབང་ལུ་ ག་ཅི་འབད་མི་གཞན་གྱི་རྣམ་རིག་གིས་ཐག་གཅད་ནི་སྨོ་ཟེར་སླབ་འོང་། 30 བཞེས་སྒོ་གི་དོན་ལུ་ང་གིས་དཀོན་མཆོག་ལུ་བཀའ་དྲིན་ཕུལ་སྦེ་ཟཝ་ད་ ག་ཅི་འབད་ང་ལུ་ཁ་གཏངམ་སྨོ། 31 དེ་འབདཝ་ལས་ ཁྱེད་བཟའ་རུང་འཐུང་རུང་ ཡང་ན་ག་ཅི་རང་འབད་རུང་ དཀོན་མཆོག་གི་གཟི་བརྗིད་ཀྱི་དོན་ལུ་འབད་དགོ། 32 ཡ་ཧུ་ད་པ་ཨིན་རུང་ ཕྱིའི་མི་རིགས་ཨིན་རུང་ དཀོན་མཆོག་གི་ཆོས་ཚོགས་ཨིན་རུང་ མི་ག་ལུ་ཡང་སེམས་ཁར་ཕོག་པའི་ལཱ་མ་འབད། 33 ང་རའི་ཁེ་ཕན་ལུ་མ་བལྟ་བར་ ང་གིས་ག་ཅི་རང་འབད་རུང་ མི་ལུ་དགའ་བཅུག་ནིའི་དོན་ལུ་འབདཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ གཞན་གྱི་ཁེ་ཕན་ལུ་བལྟཝ་ད་ ཁོང་ལེ་ཤ་རང་ཐར་པ་ཐོབ་ནིའི་མཐའ་དོན་ལུ་ཨིན།།
1 ང་གིས་ཁིརཱིས་ཀྱི་དཔེ་བལྟ་དོཝ་བཟུམ་སྦེ་ ཁྱེད་ཡང་ངེ་གི་དཔེ་བལྟ་ཞིག། 2 ཁྱེད་ཀྱི་སྐོར་ལས་ང་གིས་བསྟོད་པ་རྐྱབ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་ནམ་རང་འབད་རུང་ ང་ལུ་སེམས་ཁར་དྲནམ་ཨིན་ དེ་མ་ཚད་ ང་གིས་སྟོན་མི་ ང་བཅས་ཀྱིས་ཨ་རྟག་འབད་མི་ལུགས་སྲོལ་དེ་ཚུ་ ཁྱེད་ཀྱིས་འབདཝ་ཨིན་མས། 3 དེ་འབདཝ་ད་ ཁྱེད་ལུ་ཨ་ནི་ཤེས་བཅུག་དགོ་མནོ་ཡི་ དེ་ག་ཅི་སྨོ་ཟེར་བ་ཅིན་ ཁིརཱིས་དེ་མི་རེ་རེ་གི་དབུ་ཨིནམ་མ་ཚད་ ཨམ་སྲུ་གི་མགུ་ཏོ་འདི་མོ་རའི་རྨགཔ་ཨིན་ དེ་ལས་དཀོན་མཆོག་ཁིརཱིས་ཀྱི་དབུ་ཨིན། 4 སྨོན་ལམ་བཏབ་ད་ ཡང་ན་ལུང་བསྟན་བཤདཔ་ད་ མགུ་ཏོ་སྤུབ་མི་ཕོ་སྐྱེས་དེ་གིས་ རང་གི་མགུ་དམའ་ཕབ་རྐྱབ་ཨིན། 5 དེ་འབདཝ་ད་ མིའི་འཛོམས་ས་མགུ་ཏོ་མ་སྤུབ་པར་ སྨོན་ལམ་བཏབ་མི་དང་ ལུང་བསྟན་བཤད་མི་ཨམ་སྲུ་དེ་གིས་ རང་གི་མགུ་ཏོ་དམའ་ཕབ་རྐྱབ་ཨིནམ་མ་ཚད་ མོ་རའི་མགུ་ཏོ་གི་སྐྱ་བཞུར་བཏང་དཔ་བཟུམ་སྦེ་རང་ཨིན། 6 ཨམ་སྲུ་ག་ར་འབད་རུང་ སྨོན་ལམ་གྱི་དུས་སྐབས་ལུ་ མགུ་ཏོ་མ་སྤུབ་པ་ཅིན་ མོ་ལུ་སྐྱ་བཏོག་བཅུག་ དེ་འབདཝ་ད་ སྐྱ་བཏོག་ནི་དང་སྐྱ་བཞུར་ནི་དེ་ ཨམ་སྲུ་ཚུ་གི་དོན་ལུ་ ངོ་ཚ་བའི་ལོ་རྒྱུས་ཅིག་ཨིནམ་ལས་ མོ་གིས་རང་གི་མགུ་ཏོ་སྤུབ་དགོ། 7 ཕོ་སྐྱེས་ཀྱིས་རང་གི་མགུ་ཏོ་སྤུབ་ནི་མི་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་དཀོན་མཆོག་གི་སྐུ་འདྲ་དང་གཟི་བརྗིད་ཨིན་ དེ་འབདཝ་ད་ ཨམ་སྲུ་དེ་ཕོ་སྐྱེས་ཀྱི་གཟི་བརྗིད་ཨིན། 8 ག་ཅི་སྨོ་ཟེར་བ་ཅིན་ འགོ་ཐོག་དང་པ་ཕོ་སྐྱེས་དེ་ ཨམ་སྲུ་ལས་སྦེ་བྱུང་བྱུངམ་མེན་ དེ་འབདཝ་ད་ ཨམ་སྲུ་དེ་ཕོ་སྐྱེས་ལས་སྦེ་འབྱུངམ་ཨིན། 9 དེ་མ་ཚད་ ཕོ་སྐྱེས་ཨམ་སྲུ་གི་དོན་ལུ་བཟོ་བཟོཝ་མེན་པར་ ཨམ་སྲུ་ཕོ་སྐྱེས་ཀྱི་དོན་ལུ་བཟོ་བཟོཝ་ཨིན་མས། 10 དེ་ཚུ་ག་ར་གི་དོན་ལུ་དང་ ཕོ་ཉ་ཚུ་གི་བལྟ་ཡོདཔ་ལས་ ཨམ་སྲུ་གིས་ མོ་རང་ཡང་དབང་ཚད་འོག་ལུ་ཨིན་ཟེར་བའི་རྟགས་མཚན་ལུ་ མོ་རའི་མགུ་ཏོ་སྤུབ་དགོཔ་ཨིན་མས། 11 དེ་སྦེ་ཨིན་ས་ཅིག་རུང་ གཙོ་བོ་ནང་ཨམ་སྲུ་དེ་ཕོ་སྐྱེས་ལས་ རང་དབང་མི་ཐོབ་ དེ་མ་ཚད་ ཕོ་སྐྱེས་ཡང་ཨམ་སྲུ་ལས་རང་དབང་མ་ཐོབ་ཨིན། 12 ག་ཅི་སྨོ་ཟེར་བ་ཅིན་ འགོ་ཐོག་དང་པ་གི་ཨམ་སྲུ་དེ་ཕོ་སྐྱེས་ལས་འབྱུངམ་ཨིན་ དེ་གི་ཤུལ་ལས་ཕོ་སྐྱེས་ཚུ་ག་ར་ཨམ་སྲུ་ལས་སྐྱེས་སྐྱེསཝ་ཨིན་ ཨིན་རུང་ འདི་ཚུ་ག་ར་དཀོན་མཆོག་ལས་འགྲུབ་འོངམ་ཨིན། 13 ཨམ་སྲུ་གིས་མི་འཛོམས་ས་མགུ་ཏོ་མ་སྤུབ་པར་ དཀོན་མཆོག་ལུ་སྨོན་ལམ་ཞུ་ནི་ལེགས་ཤོམ་ཨིན་ན་མེན་ན་ ཁྱེད་རང་དབྱེ་ཞིབ་དཔྱད་དེ་བལྟ་ཞིག 14 མིའི་རང་བཞིན་ལས་བལྟཝ་ད་ ཕོ་སྐྱེས་ཀྱིས་སྐྱ་རིངམ་སྦེ་བཞགཔ་ད་ ཁོ་རང་བློ་བཙོང་བའི་གཞི་གཅིག་རང་ཨིན་མས་མེན་ན། 15 དེ་འབདཝ་ད་ ཨམ་སྲུ་ལུ་སྐྱ་རིངམོ་ཡོད་པ་ཅིན་ འདི་མོ་གི་གཟི་བརྗིད་ཨིནམ་མ་ཚད་ ཨམ་སྲུ་གི་སྐྱ་དེ་ མོ་རའི་མགུ་ཏོ་གུ་བཀབ་ནིའི་དོན་ལུ་བྱིན་བྱིནམ་ཨིན་མས། 16 ག་གིས་རང་འབད་རུང་ འདི་གི་སྐོར་ལས་ རྩོད་པ་རྐྱབ་དགོ་མནོ་བ་ཅིན་ ང་བཅས་ཡང་ནཱ་དཀོན་མཆོག་གི་ཆོས་ཚོགས་ནང་ ལུགས་སྲོལ་གཞན་རྩ་ལས་མེད་ཟེར་སླབ་ནི་ཨིན།། 17 ད་དེའི་འོག་ལས་མར་གྱི་བཀོད་རྒྱ་ནང་ ང་ཁྱེད་ལུ་བསྟོད་པ་མི་རྐྱབ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཆ་ཁྱབ་འཛོམས་པའི་སྐབས་ལུ་ ལེགས་ཤོམ་འབད་ནི་ལས་ ཟོགཔ་མང་སུ་འབད་འགྱོཝ་མས། 18 དང་པ་རང་ ཁྱེད་ཆ་ཁྱབ་ཆོས་ཚོགས་ཀྱི་འཐུས་མི་ཚུ་གཅིག་ཁར་འཛོམས་པའི་སྐབས་ལུ་ ཁྱེད་ཀྱི་སྦུག་ལུ་མ་བསྒྲིགསཔ་བྱུང་སྟེ་ སྡེ་ཚན་མ་འདྲཝ་འདུག་ཟེར་ང་གིས་གོ་ཡི་ བློ་ལ་ལུ་ཅིག་བདེན་པ་ཡང་འོང་ཟེར་མནོ་ཡི། 19 མ་གཞི་ ཁྱེད་ཀྱི་གྲལ་ཁར་ དཀོན་མཆོག་གི་ཐུགས་དགྱེས་མི་ཚུ་ག་ཨིན་ན་ ངོ་ཤེས་ནིའི་དོན་ལུ་ ཁྱེད་ཀྱི་སྦུག་ལུ་ སྡེ་ཚན་སོ་སོ་སྦེ་འགྱོ་དགོཔ་ ཁག་ཆེ་ཏོག་ཏོ་ཨིན་མས། 20 ཁྱེད་ཆ་ཁྱབ་གཅིག་ཁར་འཛོམས་ཏེ་བཟའ་མི་དེ་ གཙོ་བོའི་ཚོགས་སྟོན་མེན། 21 ག་ཅི་སྨོ་ཟེར་བ་ཅིན་ བཟའ་ནི་སྦེ་སྡོདཔ་ད་ གཅིག་དང་གཅིག་ལུ་མ་སྒུག་པར་ བཟའ་ནི་འགོ་བཙུགསཔ་མས་ དེ་ལས་ ལ་ལུ་ཅིག་ཕོཝ་སྟོངམ་ལུས་ ལ་ལུ་ཅིག་ཚད་ལས་བརྒལ་འཐུང་སྟེ་ ཆང་གིས་བཟི་སྡོདཔ་མས། 22 ཁྱེད་ལུ་བཟའ་ནི་དང་འཐུང་ནི་གི་དོན་ལུ་ ཁྱེད་རའི་ཁྱིམ་མེད་ག་ ཡང་ཅིན་ ཁྱེད་ཀྱིས་དཀོན་མཆོག་གི་ ཆོས་ཚོགས་ལུ་ཁུངས་མེདཔ་བཟོཝ་ཨིན་ན་ ཡང་ན་སྤྱང་ཀ་ཚུ་གི་བློ་བཙོངམ་སྨོ་ ད་ང་གིས་ཁྱེད་ལུ་ག་ཅི་སླབ་ནི་ འདི་ཚུ་གི་དོན་ལུ་ཁྱེད་ལུ་བསྟོད་པ་རྐྱབ་འོང་ཟེརཝ་ཨིན་ན་ ང་རྩ་ལས་ཁྱེད་ལུ་བསྟོད་པ་མི་རྐྱབ། 23 ང་གིས་གཙོ་བོ་ལས་ཐོབ་མིའི་སྟོན་པ་ཚུ་ དེ་ཁྱེད་ལུ་ཡང་སྟོན་བྱིན་ཡི་ ཡེ་ཤུ་དགྲ་གི་ལག་པར་སྤྲོད་པའི་ཕྱི་རུ་ ཁོ་གིས་ཏད་ཟས་ཕྱག་ལུ་བསྣམས་ཏེ། 24 བཀའ་དྲིན་ཆེ་ཟེར་ཞུ་ཞིནམ་ལས་བཅགས་ཏེ་ དེ་ངེ་གི་གཟུགས་ཨིན་ ཁྱེད་ཀྱི་དོན་ལུ་བྱིནམ་ཨིན་ ང་ལུ་སེམས་ཁར་དྲན་ནི་གི་དོན་ལུ་ ཁྱེད་ཀྱིས་དེ་བཟུམ་སྦེ་རང་འབད་དགོ་ཟེར་གསུངས་ནུག 25 འདི་བཟུམ་སྦེ་རང་ ཚོགས་བཞེས་ཚརཝ་ད་ཡེ་ཤུ་གིས་ བཞེས་ཆ་ཕྱག་ལུ་བསྣམས་ཏེ་ ཨ་ནི་བཞེས་ཆ་ནང་ཡོད་མིའི་ཁྲག་དེ་ དཀོན་མཆོག་གི་ཞལ་འཆེས་གསརཔ་འདི་ཨིན་ ནམ་རང་འབད་རུང་ ཁྱེད་ཀྱིས་དེ་འཐུངམ་ད་ ང་ལུ་སེམས་ཁར་དྲན་དགོ་ཟེར་གསུངས་ནུག 26 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཆ་ཁྱབ་ ནམ་རང་འབད་རུང་ ཨ་ནི་ཏད་ཟས་ཟ་ ཨ་ནི་བཞེས་ཆ་ནང་ལས་འཐུངམ་ད་ གཙོ་བོ་ལོག་མ་བྱོན་ཚུན་ཚོད་ཀྱི་བར་ན་ ཁྱེད་ཀྱིས་ཁོ་གཤགས་པའི་སྐོར་ལས་ ཁྱབ་བསྒྲགས་འབདཝ་ཨིན། 27 དེ་འབདཝ་ལས་ འོས་འབབ་མེད་པའི་འབད་ཐངས་ཀྱི་ཐོག་ལས་ ཨ་ནི་ཏད་ཟས་བཟའ་ བཞེས་ཆ་ནང་ལས་འཐུང་མི་དེ་ལུ་ གཙོ་བོ་གི་སྐུ་གཟུགས་དང་ སྐུ་ཁྲག་ལུ་མ་གཙངམ་བཟོ་བའི་ཉེས་པ་ཕོག་ནི་ཨིན། 28 ཏད་ཟས་མ་ཟ་བའི་ཧེ་མ་དང་ བཞེས་ཆ་ནང་ལས་མ་འཐུང་པའི་ཧེ་མ་ རང་གིས་རང་ལུ་བརྟག་དཔྱད་འབད་དགོ། 29 ཁིརཱིས་ཀྱི་སྐུ་གཟུགས་ངོ་མ་དེ་ག་ཅི་ཨིན་ན་ ཁྱེད་ཀྱིས་དབྱེ་བ་མ་ཕྱེ་པར་ ཏད་ཟས་དང་བཞེས་ཆ་ནང་ལས་ཟ་འཐུང་འབད་བ་ཅིན་ ཁྱེད་དཀོན་མཆོག་གི་ཉེས་ཆད་ཟ་འཐུང་དོཝ་བཟུམ་སྦེ་རང་ཨིན། 30 གནད་དོན་དེ་ལས་བརྟེན་ཏེ་ ད་རེས་ནངས་པ་ཁྱེད་མང་རབས་ཅིག་ གཟུགས་སྟོབས་མེདཔ་ ནདཔ་འཐོན་ ལེ་ཤ་ཅིག་རང་ཤི་སོང་ཡི་ཟེར་སླབ་ནི་ཨིན། 31 དེ་འབདཝ་ད་ ང་བཅས་རང་གིས་རང་ལུ་ལེགས་ཤོམ་སྦེ་ བརྟག་དཔྱད་འབད་དེ་ཟ་འཐུང་འབད་བ་ཅིན་ དཀོན་མཆོག་གིས་ང་བཅས་ལུ་ཁྲིམས་རྩ་ལས་མི་དཔྱད། 32 ཨིན་ས་ཅིག་རུང་ གཙོ་བོ་གིས་ང་བཅས་ལུ་ཁྲིམས་དཔྱད་དེ་འབད་བ་ཅིན་ ང་བཅས་ལུ་སྒྲིགས་བཙུགསཔ་ཨིན་ དེ་ང་བཅས་འཇིག་རྟེན་པ་ཚུ་དང་གཅིག་ཁར་ ཁྲིམས་མ་བཀལ་ནིའི་ཐབས་ལུ་ཨིན། 33 དེ་འབདཝ་ལས་ངེ་གི་སྤུན་ཆ་ཚུ་ ཁྱེད་གཙོ་བོ་གི་ཚོགས་སྟོན་གྱི་དོན་ལུ་འཛོམས་ད་ བཟའ་འཐུང་ལེན་ནི་གི་ཧེ་མ་ གཅིག་དང་གཅིག་ལུ་བསྒུག་སྡོད། 34 ཁྱེད་དོན་ལས་རང་ ལྟོཝ་བཀྱེསཔ་བཟུམ་ཅིག་འབད་བ་ཅིན་ མ་འཛོམས་པའི་ཧེ་མ་ལས་ ཁྱེད་རའི་ཁྱིམ་ནང་ཟ་སྟེ་འོང་དགོ་ དེ་དཀོན་མཆོག་གི་ཉེས་ཁྲིམས་ཁྱེད་རའི་གུ་འབག་མ་འོང་ནི་དོན་ལུ་ཨིན་ བཀོད་རྒྱ་གཞན་ཚུ་གི་སྐོར་ལས་ ང་ཁྱེད་སྡོད་ས་ལྷོདཔ་ད་ ཁྱེད་ལུ་སྟོན་བྱིན་ནི་ཨིན།།
1 ངེའི་སྤུན་ཆ་ཚུ་ ཁྱེད་ཀྱིས་ དམ་པའི་ཐུགས་ཉིད་ཀྱི་སྐོར་ལས་ ང་ལུ་དྲི་བ་དཔྱད་དེ་ཡོད་མི་གི་སྐོར་ལས་ ཁྱེད་ག་ནི་ཡང་མ་ཤེས་པར་བཞག་ནི་གི་སེམས་མེད། 2 ཁྱེད་ཆ་ཁྱབ་དད་པ་མ་སྐྱེད་པའི་ཧེ་མ་ ལམ་འཛོལ་འགྱོ་སྟེ་ ཁ་སླབ་མ་ཚུགས་པའི་སྐུ་འདྲ་ཚུ་ལུ་ མཆོདཔ་ཕུལ་སྡོད་ཅི་ཟེར་ཁྱེད་ཀྱིས་ཤེས། 3 དེ་འབདཝ་ལས་ ག་ར་འབད་རུང་ དཀོན་མཆོག་གི་ཐུགས་ཉིད་ཀྱི་ཐོག་ལས་སླབ་མི་དེ་གིས་ ཡེ་ཤུ་ལུ་ཆདཔ་ཕོག་བཅུག་ཟེར་མི་སླབ་ དེ་ལས་དམ་པའི་ཐུགས་ཉིད་ཀྱི་ཐོག་ལས་སྦེ་རྐྱངམ་གཅིག་ ཡེ་ཤུ་ཁིརཱིས་གཙོ་བོ་ཨིན་ཟེར་ཞུ་ཚུགས་ཟེར་ ཁྱེད་ཆ་ཁྱབ་ལུ་ཧ་གོ་བཅུག་ནིའི་སེམས་ང་ལུ་ཡོད། 4 དམ་པའི་ཐུགས་ཉིད་ཀྱི་གསོལ་རས་དེ་ཚུ་ མ་གཅིགཔ་ལེ་ཤ་ཡོད་ དེ་འབདཝ་ད་ དམ་པའི་ཐུགས་ཉིད་དེ་ གཅིག་ལས་ལྷག་སྟེ་མེད། 5 དེ་བཟུམ་སྦེ་རང་ ཞབས་ཏོག་ཕུལ་ནི་གི་ཐབས་ཤེས་ལེ་ཤ་ཡོད་ དེ་འབདཝ་ད་གཙོ་བོ་དེ་ གཅིག་ལས་ལྷག་སྟེ་མེད། 6 ལཱ་ལྷམ་པ་མ་གཅིགཔ་ལེ་ཤ་ཡོད་ དེ་འབདཝ་ད་ མི་ག་ར་གི་ཐོག་ལས་སྦེ་ དེ་ཚུ་ག་ར་མཛད་གནང་མི་དཀོན་མཆོག་དེ་ གཅིག་ལས་ལྷག་སྟེ་མེད། 7 མི་ག་ར་ལུ་ཕན་བཏགས་བྱིན་ནིའི་དོན་ལས་ ང་བཅས་རེ་རེ་ལུ་དམ་པའི་ཐུགས་ཉིད་ཀྱི་གསོལ་རས་གནང་སྟེ་ཡོད། 8 མི་གཅིག་ལུ་མཁས་པའི་བསླབ་བྱ་བྱིན་ནི་དང་ གཞན་གཅིག་ལུ་ཡོན་ཏན་ཐོབ་ནིའི་བློ་སླབ་ནི་ དེ་ཚུ་གསོལ་རས་སོ་སོ་ཨིན་ཏེ་འབད་རུང་ གནང་མི་དེ་གཅིག་ཨིན་ དེ་ཐུགས་ཉིད་ཁོ་རང་ཨིན། 9 ཐུགས་ཉིད་དེ་གིས་རང་ ལ་ལུ་ཅིག་ལུ་དད་པ་སྐྱེད་ནི་དང་ ལ་ལུ་ཅིག་ལུ་ནདཔ་ལུ་དྲགཔ་བཟོ་ནི་གི་གསོལ་རས་དེ་ཚུ་གནངམ་ཨིན། 10 ལ་ལུ་ཅིག་ལུ་ཧ་ལས་པའི་ཕྱག་ལཱ་འབད་ནི་དང་ ལ་ལུ་ཅིག་ལུ་ལུང་བསྟན་བཤད་ནི་ ལ་ལུ་ཅིག་ལུ་སེམས་ཉིད་བདེན་པ་དང་རྫུས་མ་དབྱེ་བ་ཕྱེ་ནི་ ལ་ལུ་ཅིག་ལུ་དཀོན་མཆོག་གི་སྐད་རིགས་མ་འདྲཝ་དང་མ་གཅིགཔ་ནང་སླབ་ཚུགས་ནི་ ལ་ལུ་ཅིག་ལུ་དཀོན་མཆོག་གི་སྐད་རིགས་མ་འདྲཝ་དང་མ་གཅིགཔ་ཚུ་གི་ དོན་དག་བཤད་པ་རྐྱབ་ནིའི་གསོལ་རས་དེ་ཚུ་གནང་སྟེ་ཡོད། 11 དེ་འབདཝ་ད་ དེ་ཚུ་ག་ར་བགོ་བཤའ་རྐྱབ་གནང་མི་དེ་གཅིག་ཨིན་ དེ་ཐུགས་ཉིད་ཁོ་རང་ཨིན་ ཁོ་གིས་མི་ག་ར་ལུ་ ཁོ་རང་གི་ཐུགས་དགོངས་བཞིན་དུ་གསོལ་རས་གནངམ་ཨིན།། 12 མི་གི་གཟུགས་དེ་གཅིག་ཨིན་རུང་ དེ་གི་ཡན་ལག་ལེ་ཤ་ཡོད་ ཡན་ལག་ལེ་ཤ་བསྡོམས་ཏེ་ གཟུགས་གཅིག་བཟོཝ་ཨིན་ དེ་བཟུམ་སྦེ་རང་ ཁིརཱིས་ཀྱི་སྐུ་གཟུགས་ཟེར་སླབ་ད་ལུ་ འདི་བཟུམ་སྦེ་རང་ཨིན། 13 ང་བཅས་ལ་ལུ་ཅིག་ ཡ་ཧུ་ད་པ་ཨིན་ ལ་ལུ་ཕྱིའི་མི་རིགས་ ད་རུང་ལ་ལུ་རྒྱོབོ་རྒྱམོ་དང་ ལ་ལུ་རང་དབང་ཡོད་མི་ཚུ་ཨིན་ དེ་འབདཝ་ད་ ང་བཅས་ག་ར་ཐུགས་ཉིད་གཅིག་ལས་རང་ སྐུ་གཟུགས་གཅིག་བཟོ་ནི་སྦེ་ ཁྲུས་གསོལ་ཞུ་མི་ཚུ་ཨིན་ དེ་འབདཝ་ལས་བརྟེན་ཏེ་ དཀོན་མཆོག་གིས་ང་བཅས་ག་ར་གི་སེམས་ཁར་ཐུགས་ཉིད་འབྱོ་གནང་ཡི། 14 ག་ཅི་སྨོ་ཟེར་བ་ཅིན་ གཟུགས་དེ་ཡན་ལག་གཅིག་མེན་པར་ ཡན་ལག་ལེ་ཤ་གིས་བཟོ་བཟོཝ་ཨིན། 15 རྐངམ་གིས་ང་ལགཔ་མེན་ འདི་གིས་འབད་ ང་གཟུགས་ཀྱི་ཡན་ལག་གི་གྲངས་སུ་མི་ཚུད་ཟེར་སླབ་པ་ཅིན་ དེ་གཟུགས་ཀྱི་ཡན་ལག་མེནམ་ཨིན་ན། 16 དེ་ལས་རྣམ་ཅོག་གིས་ང་མིག་ཏོ་མེན་ འདི་གིས་འབད་ ང་གཟུགས་ཀྱི་ཡན་ལག་གི་གྲངས་སུ་མི་ཚུད་ཟེར་སླབ་པ་ཅིན་ དེ་གཟུགས་ཀྱི་ཡན་ལག་མེནམ་ཨིན་ན། 17 གཟུགས་ཆ་མཉམ་མིག་ཏོ་འབད་བ་ཅིན་ ཁྱེད་ག་དེ་སྦེ་རྣ་བ་ཉན་ནི་སྨོ་ གཟུགས་ཆ་མཉམ་རྣམ་ཅོག་འབད་བ་ཅིན་ ཁྱེད་ཀྱིས་ག་དེ་སྦེ་ལྷ་པ་གིས་དྲིམ་ཚོར་ནི་སྨོ། 18 དེ་བཟུམ་སྦེ་རང་ ང་བཅས་ཀྱི་གཟུགས་ལུ་ཡན་ལག་ལེ་ཤ་ཡོད་ དེ་ཚུ་ག་ར་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ གོ་རིམ་བསྒྲིག་སྟེ་བཞག་གནང་ནུག 19 གཟུགས་གཅིག་ནང་ཡན་ལག་ག་ར་ཅོག་འཐདཔ་འབད་བ་ཅིན་ ཨ་ནི་གཟུགས་འདི་ ག་དེ་སྦེ་འབད་ནི་སྨོ། 20 ད་ཡན་ལག་ལེ་ཤ་ཡོད་རུང་ གཟུགས་དེ་གཅིག་རང་ཨིན། 21 མིག་ཏོ་གིས་ལགཔ་ལུ་ང་ཁྱོད་མིན་དགོ་ཟེར་སླབ་མི་ཚུགས་ དེ་ལས་མགུ་ཏོ་གིས་ཡང་རྐངམ་ལུ་ ང་ཁྱོད་མིན་དགོ་ཟེར་སླབ་མི་ཚུགས། 22 མ་གཞི་ གཟུགས་ཀྱི་ཡན་ལག་ལ་ལུ་ཅིག་སྟོབས་ཤུགས་མེདཔ་དང་ ཁག་མ་ཆེཝ་སྦེ་མཐོངམ་ཨིན་ དེ་འབདཝ་ད་ འདི་ཚུ་ཡང་གནམ་མེད་ས་མེད་ཁག་ཆེ་ཤོས་ཚུ་ཨིན། 23 དེ་ལས་གཟུགས་ཀྱི་ཡན་ལག་བསྟོད་པ་ཆེ་ཏོག་ཏོ་སྦེ་མ་མཐོང་མི་ཚུ་ལུ་ ང་བཅས་ཀྱིས་གྱོན་ཆས་ལེགས་ཤོམ་གྱོན་ཏེ་ དེ་ཚུ་ལུ་ག་དེ་དྲག་དྲག་བདག་འཛིན་འཐབ་སྟེ་སྦ་བཞགཔ་ཨིན། 24 དེ་འབདཝ་ད་ བསྟོད་པ་ཆེ་ཏོག་ཏོ་ཡོད་མིའི་ཡན་ལག་ཚུ་ལུ་ བདག་འཛིན་འཐབ་མི་དགོ་ ཨིན་རུང་ བརྩི་མཐོང་མེད་མི་ཡན་ལག་དེ་ཚུ་ལུ་ ག་དེ་དྲག་དྲག་བདག་འཛིན་འཐབ་དགོཔ་སྦེ་ དཀོན་མཆོག་གིས་མཛད་གནང་ནུག 25 དེ་ལས་བརྟེན་ཏེ་ ཡན་ལག་ག་ར་མཐུན་ཏོག་ཏོ་དང་ གཅིག་དང་གཅིག་ལུ་བརྩི་མཐོང་ཡོདཔ་སྦེ་སྡོད་འོང་། 26 ཡན་ལག་གཅིག་ལུ་དཀའ་ངལ་འབྱུངམ་ད་ ཡན་ལག་ཆ་མཉམ་གྱིས་དཀལ་ངལ་དེ་རུབ་སྟེ་འབགཔ་ཨིན་ དེ་ལས་ཡན་ལག་གཅིག་གིས་བསྟོད་པ་ཐོབ་པ་ཅིན་ དེ་དང་གཅིག་ཁར་ཡན་ལག་ཆ་མཉམ་དགའ་སྤྲོ་འགྱུརཝ་ཨིན། 27 ཁྱེད་ཆ་ཁྱབ་ག་ར་གཅིག་ཁར་བསྡོམས་ཏེ་ ཁིརཱིས་ཀྱི་སྐུ་གཟུགས་གཅིག་སྦེ་འགྱུརཝ་ཨིན་ དེ་ལས་ཁྱེད་རེ་རེ་ ཁོ་གི་ཡན་ལག་རེ་རེ་ཨིན། 28 དཀོན་མཆོག་གི་ཆོས་ཚོགས་ནང་། འགོ་དང་པ་རང་སྐུ་ཚབ་དང་ གཉིས་པ་ལུ་ལུང་སྟོན་པ་ གསུམ་པ་སློབ་དཔོན་ དེ་ལས་ཧ་ལས་པའི་ཕྱག་ལཱ་འབད་ཚུགས་མི་དང་ ནདཔ་ལུ་དྲགཔ་བཟོ་ནིའི་གསོལ་རས་ཐོབ་མི་ གཞན་ལུ་རོགས་རམ་འབད་ཚུགས་མི་ བདག་སྐྱོང་འབད་ཚུགས་མི་ དཀོན་མཆོག་གི་སྐད་རིགས་མ་འདྲཝ་ནང་སླབ་ཚུགས་མི། དེ་ཚུ་ག་ར་ལུ་འགན་ཁུར་བཀལ་གནང་ནུག 29 ང་བཅས་ག་ར་སྐུ་ཚབ་ཨིན་ན་ ག་ར་ལུང་སྟོན་པ་ཨིན་ན་ ཡང་ན་ག་ར་སློབ་དཔོན་ཨིན་ན་ ག་ར་ཧ་ལས་པའི་ཕྱག་ལཱ་འབད་ཚུགས་མི་ཚུ་ཨིན་ན། 30 ང་བཅས་ག་ར་ལུ་ནདཔ་དྲགཔ་བཟོ་ནི་གི་གསོལ་རས་འདུག་ག་ ཡང་ན་ང་བཅས་ག་ར་གིས་ དཀོན་མཆོག་གི་སྐད་རིགས་མ་འདྲཝ་ནང་ཁ་སླབ་ཚུགས་ནི་གི་གསོལ་རས་འདུག་ག་ ཡང་ན་ག་ར་གིས་ལུང་བསྟན་གྱི་དོན་དག་བཤད་ཚུགས་ག་ དེ་སྦེ་རྩ་ལས་རང་མེན། 31 དེ་འབདཝ་ད་ དེ་ལས་ལྷག་པའི་གསོལ་རས་ཚུ་ཐོབ་ནི་གི་དོན་ལུ་ རེ་འདོད་བསྐྱེད་དགོ་ ང་གིས་ཁྱེད་ལུ་ད་རུང་སྔར་ལས་ལྷག་པའི་ཐབས་ལམ་སྟོན་ནི་ཡོད།།
1 ང་གིས་མི་དང་ཕོ་ཉ་ཚུ་གི་སྐད་རིགས་ནང་བློ་སླབ་ཚུགས་ཏེ་འབད་རུང་ ངེའི་ནང་ན་བྱམས་སེམས་མེད་པ་ཅིན་ ང་ཀྲིང་ཀྲིང་བང་རྔ་དང་ རོལ་མོ་བརྡུངས་པའི་སྒྲ་བཟུམ་ཅིག་རང་ཨིན། 2 ང་ལུ་ལུང་བསྟན་བཤད་ནི་གི་གསོལ་རས་ཡོད་རུང་ ཡང་ན་དཀོན་མཆོག་གི་གསང་བ་གི་ འཆར་གཞི་ཧ་གོ་ནི་གསོལ་རས་ཡོད་རུང་ ཡང་ན་ག་ར་གི་སྐོར་ལས་ཤེས་རབ་ཡོད་རུང་ ཡང་ན་གངས་རི་དེ་ཚུ་ཡང་སྤོག་བཀོག་ཚུགས་བའི་དད་པ་ང་ལུ་ཡོད་རུང་ ང་ལུ་བྱམས་སེམས་མེད་པ་ཅིན་ ང་ཁུངས་ག་ནི་ཡང་མེད། 3 ངེ་གི་རྒྱུ་ཕྱེད་ཀྲམ་དེ་ཚུ་ག་ར་ སྤྱང་ཀ་ཚུ་ལུ་བགོ་བཤའ་རྐྱབས་བྱིན་ ང་རང་གི་གཟུགས་ཡང་མེ་གཏང་ནིའི་དོན་ལུ་ རྩིས་སྤྲོད་ཆོག་ཆོག་འབད་མི་གཅིག་ཨིན་རུང་ ངེ་གི་ནང་ན་བྱམས་སེམས་མེད་པ་ཅིན་ ང་དོན་དག་ག་ནི་ཡང་མེད། 4 བྱམས་པ་དེ་བཟོད་སྲན་ཅན་དང་ བསམ་པ་བཟང་པོ་ཨིན་ བྱམས་པ་གིས་ཕྲག་དོག་དང་རང་བསྟོད་མི་རྐྱབ་ བྱམས་པ་གིས་དཔའ་རྔམ་མི་བཏོན། 5 བྱམས་པ་གིས་རྩུབ་སྤྱོད་དང་རང་འདོད་ཅན་མི་འབད་ མགྱོགས་པར་ཙིགཔ་མི་ཟ་ ངན་པ་སེམས་ཁར་མི་བཞག 6 བྱམས་པ་གིས་མ་ཕྲང་བའི་ལཱ་ཚུ་ལུ་ རྩ་ལས་མ་དགའཝ་མ་ཚད་ བདེན་པ་ནང་དགའ་ཚོར་སྐྱེདཔ་ཨིན། 7 བྱམས་པ་གིས་བཟོད་པ་སྒོམ་ཚུགས་ ག་ར་ལུ་བློ་གཏད་ཚུགས་ རེ་བ་ཡང་སྐྱེད་ཚུགས་ ཡུན་རིངམ་སྦེ་ཐུབ། 8 བྱམས་པ་དེ་དུས་རྟག་བུ་རང་གནས་འོང་ དེ་འབདཝ་ད་ ལུང་བསྟན་བཤད་ནི་དང་ དཀོན་མཆོག་གི་སྐད་རིགས་མ་འདྲཝ་ནང་ཁ་སླབ་ནི་ ཡོན་ཏན་ཤེས་ནི་ འདི་ཚུ་ག་ར་ཡལ་འགྱོ་འོང་། 9 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་ཡོན་ཏན་ཚུ་ཕྱེད་ཀ་ཅིག་དང་ ག་ར་མ་ཚངམ་བཟུམ་ཨིན་ ལུང་བསྟན་བཤད་མི་ཚུ་གིས་ཡང་ ཕྱེད་དག་ཀོ་དག་སྦེ་ ག་ར་ཧ་མ་གོ་མི་བཟུམ་སྦེ་བཤདཔ་ཨིན། 10 དེ་འབདཝ་ད་ ཕུན་སུམ་ཚོགས་པ་དེ་འོང་པའི་བསྒང་ལས་ ཕྱེད་དག་ཀོ་དག་ མ་ཚངམ་འདི་ཚུ་ག་ར་ཡལ་འགྱོ་ནི་ཨིན། 11 ང་ཨ་ལོ་སྦེ་སྡོདཔ་ད་ ཨ་ལོ་བཟུམ་རང་བློ་སླབ་ཅི་ ཨ་ལོ་གིས་མནོ་བསམ་གཏང་དོཝ་བཟུམ་སྦེ་རང་ མནོ་བསམ་བཏང་ཡི་ ཨ་ལོ་བཟུམ་སྦེ་རང་ཁུངས་བཀལ་ཡི་ དེ་འབདཝ་ད་ ང་མི་གཞོནམ་ལང་སྟེ་འབདཝ་ད་ ཨ་ལོ་གི་འབད་བཞག་བཅའ་བཞག་ ག་ར་ཕར་བཀོ་བཞག་ཅི། 12 ད་ལྟོ་ང་བཅས་ཀྱིས་བཀྱག་ཉམས་འགྱོ་མིའི་མེ་ལོང་ནང་ བལྟ་དོཝ་བཟུམ་སྦེ་ གསལ་ཏོག་ཏོ་མ་མཐོང་ ཤུལ་ལས་ང་བཅས་ཀྱིས་ ག་ར་གདོང་ཁར་ཡོད་དོཝ་བཟུམ་སྦེ་ གསལ་ཏོག་ཏོ་སྦེ་མཐོང་ནི་ཨིན་ ད་ལྟོ་ང་གིས་ཧ་གོ་ཡི་ཟེར་རུང་ ཕྱེད་དག་ཀོ་དག་ཅིག་དང་ ག་ནི་ཡང་མ་ཚངམ་བཟུམ་ཅིག་ཨིན་ དེ་འབདཝ་ད་ ད་ལྟོ་དཀོན་མཆོག་གིས་ ང་ངོ་མཁྱེན་དོཝ་བཟུམ་སྦེ་ ཤུལ་ལས་ང་གིས་ཡང་ ཁོ་ངོ་ཤེས་ནི་ཨིན། 13 ད་ དད་པ་དང་རེ་བ་ བྱམས་པ་ ཨ་ནི་གསུམ་གནས་འོང་ དེ་འབདཝ་ད་ འདི་ནང་ལས་དྲག་ཤོས་དེ་བྱམས་པ་ཨིན།།
1 ཁྱེད་ཀྱི་འབད་དགོ་པའི་དམིགས་དོན་ངོ་མ་རང་ བྱམས་པ་དེ་ཨིན་ དེ་ལས་ཐུགས་ཉིད་ཀྱི་གསོལ་རས་དེ་ཚུ་གི་དོན་ལུ་རེ་འདོད་བསྐྱེད་ འདི་ནང་ལས་ཁག་ཆེ་ཤོས་རང་ ལུང་བསྟན་བཤད་ནི་གི་གསོལ་རས་ཀྱི་དོན་ལུ་ རེ་འདོད་བསྐྱེད། 2 དཀོན་མཆོག་གི་སྐད་རིགས་མ་འདྲཝ་ནང་བློ་སླབ་མི་དེ་གིས་ མི་དང་གཅིག་ཁར་མེན་པར་ དཀོན་མཆོག་དང་གཅིག་ཁར་གསུང་གྲོས་ཕུལཝ་ཨིན་ ཁོ་གིས་ག་ཅི་སླབ་ཨིན་ན་ མི་ག་གིས་ཡང་ཧ་མི་གོ་ ཁོ་གིས་དམ་པའི་ཐུགས་ཉིད་ནང་ གསང་བའི་བློ་དེ་ཚུ་སླབ་ཨིན། 3 དེ་འབདཝ་ད་ ལུང་བསྟན་བཤད་མི་དེ་གིས་ མི་གཞན་ལུ་དད་པ་ནང་སྒྲིང་སྒྲིང་བཟོ་ ཨུ་ཚུགས་རྐྱབ་ སེམས་གསོ་འབདཝ་ཨིན། 4 དཀོན་མཆོག་གི་སྐད་རིགས་མ་འདྲཝ་ནང་བློ་སླབ་མི་དེ་གིས་ རང་གི་དད་པ་སྒྲིང་སྒྲིང་བཟོཝ་ཨིན་ དེ་འབདཝ་ད་ ལུང་བསྟན་བཤད་མི་དེ་གིས་ ཆོས་ཚོགས་ཡོངས་ལུ་ཡར་རྒྱས་གཏངམ་ཨིན། 5 ཁྱེད་ག་ར་གིས་ དཀོན་མཆོག་གི་སྐད་རིགས་མ་འདྲཝ་ནང་སླབ་ཚུགས་ནི་གི་རེ་འདོད་ང་ལུ་ཡོད་ དེ་འབདཝ་ད་ འདི་ལས་ཡང་ལྷགཔ་སྦེ་ ཁྱེད་ཆ་ཁྱབ་ཀྱིས་ལུང་བསྟན་བཤད་ཚུགས་པ་ཅིན་ ང་དགའ་ནི་ཨིན་མས་ ག་ཅི་སྨོ་ཟེར་བ་ཅིན་ སྐད་རིགས་མ་འདྲཝ་ནང་སླབ་ནི་དེ་ལས་ཡང་ ལུང་བསྟན་བཤད་ནི་འདི་ལེགས་ཤོམ་ཨིན་ དེ་འབདཝ་ད་ སྐད་རིགས་མ་འདྲཝ་ནང་སླབ་ད་ སྐད་བསྒྱུར་རྐྱབ་པ་ཅིན་ དེ་ཡང་ཆོས་ཚོགས་ཀྱི་དད་པ་ཡར་རྒྱས་གཏང་ཐབས་ལུ་ཕན་ཐོགས་འོང་། 6 སྤུན་ཆ་ཚུ་ ང་ཁྱེད་སྡོད་ས་ཁྱེད་ཀྱིས་ ནམ་ཡང་མ་གོ་མི་ སྐད་རིགས་མ་འདྲཝ་ནང་ཁ་སླབ་འོང་པ་ཅིན་ ཁྱེད་ལུ་ཕན་ཐོགས་འོང་ག་ དེ་འབདཝ་ད་ ང་གིས་ཁྱེད་སྡོད་ས་ དཀོན་མཆོག་གིས་ང་ལུ་དངོས་སུ་སྦེ་སྟོན་གནང་མི་གསང་བ་ཚུ་དང་ ཡོན་ཏན་རྩ་ཅན་ཚུ་ ལུང་བསྟན་ སྟོན་པ་དེ་ཚུ་ སླབ་འོང་པ་ཅིན་ ཁྱེད་ལུ་ཕན་ཐོགས་འོང་མེན་ན། 7 ཚེ་སྲོག་མེད་པའི་ཅ་ལ་གིས་སྐད་རྐྱབ་མིའི་ གླིངམ་དང་པྱི་ཝང་ཚུ་ དེ་བཟུམ་རང་ཨིན་ དབྱངས་ཀྱི་སྒྲ་ལུ་ཁྱད་པར་ཕྱེ་མ་ཚུགས་པ་ཅིན་ གདངས་ག་ཅི་ནང་སྐྲོགཔ་ཨིན་ན་ ག་གིས་ཤེས་ནི་སྨོ། 8 ད་རུང་དམག་དུང་འཕུ་མི་གི་སྐད་སྒྲ་དེ་ ཧིང་སང་ས་སྦེ་མ་གོ་བ་ཅིན་ དམག་རྐྱབ་ནིའི་དོན་ལུ་འབོ་དེས་ཟེར་ ག་དེ་སྦེ་ཧ་གོ་ཚུགས་ནི་སྨོ། 9 ཁྱེད་ཆ་ཁྱབ་ཡང་འདི་བཟུམ་སྦེ་རང་ཨིན་ ཁྱེད་ཀྱིས་བློ་སླབ་ད་ ཕར་ཁོང་ཉན་མི་ཚུ་གིས་ཧ་གོཝ་སྦེ་མ་སླབ་པ་ཅིན་ ཁྱེད་ཀྱིས་སླབ་མི་དེ་ ཁོང་གིས་ག་དེ་སྦེ་ཧ་གོ་ཚུགས་ནི་སྨོ་ ཁྱེད་ཀྱིས་སླབ་མི་བློ་དེ་ རླུང་མ་ནང་སླབ་དོཝ་བཟུམ་ཅིག་ལུ་མི་འགྱུར་ག། 10 འཛམ་བུ་གླིང་ནང་སྐད་རིགས་མ་འདྲཝ་ལེ་ཤ་ཡོདཔ་ཨིན་ དེ་ཚུ་ག་ར་གི་དོན་དག་ཡོད། 11 མི་གིས་སླབ་མིའི་བློ་གི་དོན་དག་ ང་གིས་ཧ་མ་གོ་བ་ཅིན་ མི་དེ་གི་དོན་ལུ་ ང་ཕྱིའི་མི་ཨིན་ དེ་ལས་ང་དང་གཅིག་ཁར་བློ་སླབ་མི་དེ་ ངེ་གི་དོན་ལུ་ཕྱིའི་མི་གཅིག་ཨིན། 12 ཁྱེད་ཆ་ཁྱབ་ཡང་འདི་བཟུམ་སྦེ་ཨིན་ དེ་འབདཝ་ལས་ ཁྱེད་ལུ་ཐུགས་ཉིད་ཀྱི་གསོལ་རས་ཚུ་ དགོ་ནི་གི་རེ་འདོད་ཡོདཔ་ལས་ ཆོས་ཚོགས་ལུ་དད་པ་ཡར་རྒྱས་གཏང་ནི་གི་ གསོལ་རས་ཚུ་གི་དོན་ལུ་རྩ་འགེངས་ཞིག 13 དེ་འབདཝ་ལས་ དཀོན་མཆོག་གི་སྐད་རིགས་མ་འདྲཝ་གི་ཁ་ནང་སླབ་མི་དེ་གིས་ འདི་གི་དོན་དག་བསྒྱུར་ཚུགས་པའི་ ལྕོགས་གྲུབ་ཀྱི་དོན་ལུ་སྨོན་ལམ་ཞུ་དགོ། 14 ག་ཅི་སྨོ་ཟེར་བ་ཅིན་ སྐད་རིགས་མ་འདྲཝ་ནང་ ང་གིས་སྨོན་ལམ་བཏབ་ད་ ངེ་གི་སེམས་ཉིད་ཀྱིས་སྨོན་ལམ་བཏབ་ཨིན་ དེ་འབདཝ་ད་ ང་གིས་ག་ཅི་སླབ་ཨིན་ན་ ང་རང་གིས་ཧ་མི་གོ། 15 ད་ང་གིས་ག་ཅི་འབད་ནི་སྨོ་ ང་ཐུགས་ཉིད་ནང་སྨོན་ལམ་བཏབ་ནི་ ཨིན་རུང་ ང་རང་ཧ་གོ་བའི་ཚིག་ནང་ཡང་སྨོན་ལམ་བཏབ་ནི་ ང་གིས་ཐུགས་ཉིད་ནང་བསྟོད་དབྱངས་ཕུལ་ནི་ ཨིན་རུང་ ང་རང་ཧ་གོ་བའི་ཚིག་ནང་ཡང་བསྟོད་དབྱངས་ཕུལ་ནི། 16 དེ་སྦེ་མེན་པ་ཅིན་ སེམས་ཉིད་ནང་དཀོན་མཆོག་གི་བསྟོད་པ་ཕུལ་བ་ཅིན་ ཧ་མ་གོ་མིའི་མི་དེ་གིས་ ཁྱེད་ཀྱིས་བཀའ་དྲིན་གཏང་རག་གི་སྨོན་ལམ་གྱི་ཤུལ་ལས་ ཨ་མཱེན་ཟེར་ག་དེ་སྦེ་སླབ་ནི་སྨོ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་སླབ་མི་ཚུ་ ཁོང་གིས་ཧ་མ་གོ་བར་སྡོད་འོང་། 17 ཁྱེད་ཀྱིས་ སྐད་རིགས་མ་འདྲཝ་ནང་སྨོན་ལམ་ལེགས་ཤོམ་སྦེ་བཏབ་རུང་ འདི་གིས་མི་གཞན་གྱི་དད་པ་སྒྲིང་སྒྲིང་མི་འགྱོ། 18 ཁྱེད་ག་ར་ལས་དྲགཔ་སྦེ་ ང་གིས་སྐད་རིགས་མ་འདྲཝ་གི་ཁ་ནང་སླབ་ཚུགསཔ་ལས་བརྟེན་ ང་དཀོན་མཆོག་ལུ་བཀའ་དྲིན་ཕུལ་ནི་ཨིན། 19 ཨིན་རུང་ ཆོས་ཚོགས་ནང་ལུ་ སྐད་རིགས་མ་འདྲཝ་གི་ཁ་ནང་ ཚིག་ཁྲི་ལས་བཅད་དེ་སླབ་ནི་ལས་ ང་གིས་ཧ་གོ་མི་ཚིག་ལྔ་ གཞན་ལུ་སྟོན་བྱིན་ནི་འདི་ ལེགས་ཤོམ་ཨིན་ཟེར་མནོ་ཡི། 20 སྤུན་ཆ་ཚུ་ ཨ་ལོ་བཟུམ་སྦེ་མནོ་བསམ་གཏང་ནི་དེ་བཞག་ ངན་པ་གི་སྐོར་ལས་འབད་བ་ཅིན་ ཨ་ལོ་ཆུང་ཀུ་ ངན་པ་རྩ་ལས་མ་ཤེསཔ་བཟུམ་སྦེ་སྡོད་ དེ་འབདཝ་ད་ མནོ་བསམ་གཏང་ཐངས་དེ་འབད་བ་ཅིན་ མི་ལོ་ན་ཁུག་ཁུགཔ་བཟུམ་སྦེ་སྡོད་དགོ། 21 གསུང་རབ་ནང་བྲིས་ཏེ་འདུག ཨ་ནི་མི་ཚུ་དང་གཅིག་ཁར་ ཕྱིའི་མི་རིགས་ཀྱི་ཁ་ནང་དང་ ཧ་མ་གོ་མིའི་སྐད་རིགས་ནང་ ང་ཁ་སླབ་ནི་ཨིན་ ཨིན་རུང་ ཁོང་གིས་རྣ་བ་ཉན་མི་བཏུབ་བས་ཟེར་གཙོ་བོ་གིས་གསུངམ་མས། 22 དེ་འབདཝ་ལས་ དཀོན་མཆོག་གི་སྐད་རིགས་མ་འདྲཝ་དེ་ དདཔ་ཅན་ཚུ་གི་དོན་ལུ་མེན་པར་ དད་པ་མ་སྐྱེད་མི་ཚུ་གི་དོན་ལུ་ ཁོང་འཛོམས་ས་ དཀོན་མཆོག་བཞུགས་ཡོད་པའི་གི་རྟགས་མཚན་ཨིན་ དེ་ལས་ལུང་བསྟན་དེ་ དད་པ་མ་སྐྱེད་མི་ཚུ་གི་དོན་ལུ་མེན་པར་ དདཔ་ཅན་ཚུ་གི་དོན་ལུ་ དཀོན་མཆོག་བཞུགས་ཡོད་པའི་རྟགས་མཚན་ཨིན། 23 ཆོས་ཚོགས་ག་ར་གཅིག་ཁར་འཛོམས་ཏེ་ དཀོན་མཆོག་གི་སྐད་རིགས་མ་འདྲཝ་ནང་སྨོན་ལམ་བཏབ་སྡོདཔ་ད་ དད་པ་མ་སྐྱེད་མི་ཡང་ན་ ཕྱིའི་མི་ཚུ་འདི་ནང་འོང་པ་ཅིན་ ཁོང་གིས་ཁྱེད་ཆ་ཁྱབ་ལུ་འཆོལཝ་མས་ཟེར་སླབ་འོང་མེན་ན། 24 དེ་འབདཝ་ད་ ཆོས་ཚོགས་འཛོམས་ས་ལུ་ ག་ར་གིས་ལུང་བསྟན་བཤད་སྡོདཔ་ད་ དད་པ་མ་སྐྱེད་མི་ ཡང་ན་ཕྱིའི་མི་གཅིག་འོང་པ་ཅིན་ ལུང་བསྟན་དེ་གིས་ ཧེ་མ་ཁོ་རང་གིས་ག་འབད་མི་སྡིག་པ་ཁོ་ལུ་སྟོན་བྱིན་ སེམས་ཁར་ཕོག་སྟེ་ བློ་འགྱོད་བསྐྱེད་ནི་ཨིནམ་མ་ཚད། 25 ཁོང་གི་སེམས་ཀྱི་ནང་ན་ཡོད་མི་གསང་བ་གི་བློ་དེ་ཚུ་ག་ར་ཕྱི་ཁར་སྟོན་ནི་ དེ་ལས་ཁོ་གིས་དཀོན་མཆོག་ལུ་ཕྱག་འཚལ་ གསོལཝ་བཏབ་སྟེ་ དཀོན་མཆོག་ཁྱེད་ཀྱི་སྦུག་ལུ་བཞུགས་ནུག་ཟེར་ ཁོ་གིས་ཁྱབ་བསྒྲགས་འབད་འོང་།། 26 སྤུན་ཆ་ཚུ་ ད་ང་བཅས་ཀྱིས་ག་ཅི་སླབ་ནི་སྨོ་ཟེར་བ་ཅིན་ ཁྱེད་ཆ་ཁྱབ་ག་ར་གཅིག་ཁར་འཛོམས་ད་ ལ་ལུ་གིས་གླུ་དབྱངས་འཐེན་ནི་ ལ་ལུ་གིས་བསླབ་བྱ་ཞུ་ནི་ ལ་ལུ་གིས་ལུང་བསྟན་བཤད་ནི་ ལ་ལུ་གིས་དཀོན་མཆོག་གི་སྐད་རིགས་མ་འདྲཝ་ནང་སླབ་ནི་དང་ ལ་ལུ་གིས་སྐད་རིགས་མ་འདྲཝ་གི་དོན་དག་བསྒྱུར་ནི་འདུག་ དེ་འབདཝ་ད་ དེ་ཚུ་ག་ར་ ཆོས་ཚོགས་ལུ་ཡར་རྒྱས་གཏང་ནི་སྦེ་འབད་དགོ། 27 ཁྱེད་གཅིག་ཁར་འཛོམས་ད་ དཀོན་མཆོག་གི་སྐད་རིགས་མ་འདྲཝ་ནང་སླབ་པ་ཅིན་ མི་གཉིས་དང་གསུམ་ལས་བརྒལ་ཏེ་སླབ་ནི་མི་འོང་ ད་རུང་གཅིག་གི་ཤུལ་ལས་གཅིག་སྦེ་སླབ་དགོ་ དེ་ལས་དོན་དག་དེ་མི་གཅིག་གིས་བསྒྱུར་དགོ། 28 དེ་འབདཝ་ད་འདི་ཁར་ སྐད་བསྒྱུར་རྐྱབ་མི་མེད་པ་ཅིན་ དཀོན་མཆོག་གི་སྐད་རིགས་མ་འདྲཝ་ནང་སླབ་མི་ཚུ་ ཆོས་ཚོགས་ནང་འཛོམས་ད་ ཁུ་སིམ་སི་སྦེ་སྡོད་ཞིནམ་ད་ ཁོང་རང་དཀོན་མཆོག་ལུ་རྐྱངམ་གཅིག་ཞུ་བཅུག 29 ལུང་སྟོན་པ་གཉིས་ ཡང་ན་གསུམ་གྱིས་རྐྱངམ་གཅིག་ ལུང་བསྟན་བཤད་དེ་ ཁོང་གིས་ག་ཅི་སླབ་མི་དེ་ལུ་ གཞན་གྱིས་ན་འཐན་སྦེ་བརྟག་དཔྱད་འབད་དགོ། 30 དེ་འབདཝ་ད་འདི་ཁར་ འཛོམས་མིའི་གྲལ་ལས་ གཅིག་ལུ་དཀོན་མཆོག་གིས་ལུང་བསྟན་གནང་པ་ཅིན་ ཧེ་མ་བཤད་མི་དེ་ ཁུ་སིམ་སི་སྦེ་སྡོད་བཅུག 31 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ག་ར་གིས་བསྐོར་རྒྱབ་སྟེ་ ལུང་བསྟན་བཤད་ཚུགས་ དེ་གིས་འབད་ ཁྱེད་ག་ར་གིས་ལྷབ་ཚུགས་ནི་དང་ ག་ར་གིས་སེམས་ཤུགས་ཐོབ་ནི་ཨིན། 32 ལུང་སྟོན་པ་དེ་ལུ་ ལུང་བསྟན་བཤད་ནི་གསོལ་རས་ཡོད་རུང་ ཁོ་གི་ཤུལ་ལས་གཞན་གྱིས་བཤད་ནི་ཡོད་པ་ཅིན་ ཁོ་རང་བཀག་བཞག་ཚུགས་མི་གཅིག་དགོཔ་ཨིན། 33 དཀོན་མཆོག་དེ་ཟིང་འཁྲུག་ལང་པའི་དཀོན་མཆོག་མེན་པར་ ཞི་བདེ་གི་དཀོན་མཆོག་ཨིན། དེ་ལས་ཆོས་ཚོགས་ནང་འཛོམས་མི་ག་ར་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ཨིནམ་ལས། 34 ཨམ་སྲུ་ཚུ་ཆོས་ཚོགས་ནང་ལུ་ ཁུ་སིམ་སི་སྦེ་སྡོད་དགོ་ ཁོང་བློ་སླབ་མ་ཆོགཔ་མ་ཚད་ བཀའ་ཁྲིམས་ཀྱིས་གསུངས་མི་དང་འཁྲིལ་ཏེ་ ག་སླབ་ཉན་བཏུབ་མི་སྦེ་སྡོད་དགོ། 35 དེ་ལས་དྲི་བ་ག་ཅི་རང་ཡོད་རུང་ ཁྱིམ་ནང་ལྷོདཔ་ད་ རང་གི་རྨགཔ་ལུ་དྲི་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཨམ་སྲུ་ཚུ་གི་དོན་ལུ་ ཆོས་ཚོགས་ནང་ལུ་བློ་སླབ་ནི་དེ་ ཚུལ་དང་མ་མཐུནམ་གཅིག་ཨིན། 36 དཀོན་མཆོག་གི་གསུང་དེ་ ཁྱེད་ལས་སྦེ་འགོ་བཙུགས་བཙུགསཔ་ཨིན་ན་ ཡང་ན་དེ་ ཁྱེད་ལུ་རྐྱངམ་གཅིག་ལྷོད་ལྷོདཔ་ཨིན་མས་ག། 37 ག་གིས་རང་འབད་རུང་ རང་ལུ་ལུང་སྟོན་པ་ཡང་ན་ ཆོས་སེམས་ཆེ་བའི་མི་གཅིག་ཨིན་ཟེར་མནོ་བ་ཅིན་ ང་གིས་བྲིས་མི་དེ་ཚུ་ གཙོ་བོ་གི་བཀའ་རྒྱ་ཨིན་ཟེར་ཁ་བཟེད་དགོ། 38 འདི་ལུ་སྣང་བདག་མ་བསྐྱེད་མི་དེ་ལུ་ ཆོས་ཚོགས་ཀྱིས་ཡང་སྣང་བདག་མི་བསྐྱེད། 39 ངེའི་སྤུན་ཆ་ཚུ་ དེ་འབདཝ་ལས་ ལུང་བསྟན་བཤད་ནི་ལུ་རེ་འདོད་བསྐྱེད་ཞིག་ དེ་ལས་དཀོན་མཆོག་གི་སྐད་རིགས་མ་འདྲཝ་ནང་སླབ་མི་ཚུ་ལུ་བཀག་མ་རྐྱབ། 40 དེ་འབདཝ་ད་ ག་ཅི་རང་འབད་རུང་ འོས་འབབ་དང་ལྡནམ་སྦེ་ གོ་རིམ་ཀྲིག་ཀྲི་སྦེ་བསྒྲིག་དགོཔ་ཨིན།།
1 སྤུན་ཆ་ཚུ་ ད་ང་གིས་ཁྱེད་ཆ་ཁྱབ་ལུ་ཧེ་མ་བཤད་མི་གཏམ་བཟང་གི་སྐོར་ལས་ ཁྱེད་ཆ་ཁྱབ་ཀྱི་སེམས་ཁར་དྲན་བཅུག་དགོ་མནོ་ཡི་ མ་གཞི་འདི་ལུ་ཁྱེད་ཀྱིས་ཁ་བཟེད་དེ་སྒྲིང་སྒྲིང་སྦེ་ལོང་སྡོད་ནུག 2 ག་དེམ་ཅིག་སྦེ་ ཁྱེད་ང་གིས་བཤད་མི་གཏམ་བཟང་དེ་ལུ་ སྒྲིང་སྒྲིང་སྦེ་བཟུང་སྡོད་པ་ཅིན་ གཏམ་བཟང་དེ་གིས་ཁྱེད་སྐྱབས་མཛད་ནི་ཨིན་ དེ་སྦེ་མེན་པ་ཅིན་ ཁྱེད་ཀྱིས་དད་པ་སྐྱེད་མི་དེ་ ཁུངས་མེདཔ་འགྱོ་འོང་། 3 ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ གཙོ་བོ་ལས་གོ་མི་ ཁག་ཆེ་བའི་ལོ་རྒྱུས་ཚུ་ ཁྱེད་ཆ་ཁྱབ་ལུ་སླབ་ཅི་ དེ་ག་ཅི་ཨིན་ན་ཟེར་བ་ཅིན་ གསུང་རབ་ནང་བྲིས་ཡོད་མི་དང་འཁྲིལ་ཏེ་ ཁིརཱིས་ང་བཅས་ཀྱི་སྡིག་པ་གི་དོན་ལུ་གཤགས་ནུག 4 ད་རུང་གསུང་རབ་དང་འཁྲིལ་ཏེ་ཡོད་མི་དེ་ ཁོ་ལུ་དུར་ཁུང་ནང་བཙུགས་ ཉིནམ་གསུམ་པ་ལུ་ཁོ་སྐུ་གསོན་པོ་བཞེངས། 5 ཀེ་ཕཱས་ལུ་མཇལ་ཁ་གནང་ དེ་ལས་དེའི་ཤུལ་ལས་སྐུ་ཚབ་བཅུ་གཉིས་ལུ་མཇལ་ཁ་གནང་ནུག 6 དེ་གི་ཤུལ་ལས་ ལྔ་བརྒྱ་ལས་ལྷག་པའི་ དདཔ་ཅན་སྤུན་ཆ་ཚུ་ལུ་ སྟབས་གཅིག་ལུ་མཇལ་ཁ་གནང་ནུག་ ཁོང་གི་གྲལ་ཁ་ལས་མང་རབས་ཅིག་རང་ ད་ལྟོ་ཡང་གསོན་པོ་སྦེ་ཡོད་རུང་ ཁོང་ལ་ལུ་ཅིག་ཤི་སོང་ཡི། 7 དེ་གི་ཤུལ་ལས་ ཁོ་ ཡ་ཀོབ་ལུ་མཇལ་ཁ་གནང་ནུག་ དེ་ལས་སྐུ་ཚབ་གཞན་ག་ར་དང་གཅིག་ཁར་ཡང་མཇལ་ཁ་གནང་ནུག 8 མཐའན་མཇུག་ལུ་ ཨ་ལོ་དུས་ཚོད་མ་རནམ་ལས་སྐྱེས་ཟེར་སླབ་དོཝ་བཟུམ་གྱིས་ མི་ང་བཟུམ་ལུ་ཡང་མཇལ་ཁ་གནང་ཡི། 9 ག་ཅི་སྨོ་ཟེར་བ་ཅིན་ ཁོང་སྐུ་ཚབ་ཚུ་གི་གྲལ་ལས་ ང་དམའ་ཤོས་གཅིག་ཨིནམ་མ་ཚད་ ང་གིས་དཀོན་མཆོག་གི་ཆོས་ཚོགས་ལུ་སྡུག་བྱིན་མི་དེ་ལུ་བལྟཝ་ད་ ང་རང་སྐུ་ཚབ་ཨིན་ཟེར་སླབ་ནི་གི་འོས་འབབ་མེད། 10 དེ་འབདཝ་ད་ ད་ལྟོ་ང་གིས་ཨ་ནི་བཟུམ་ཅིག་ འབད་ཚུགས་མི་དེ་ དཀོན་མཆོག་གི་ཐུགས་རྗེ་ལས་ཨིན་ ཁོ་གིས་གནང་མིའི་ཐུགས་རྗེ་དེ་ དོན་དག་མེདཔ་མ་འགྱོཝ་མ་ཚད་ ང་གིས་ཁོང་ག་ར་ལས་ལྷགཔ་སྦེ་ དཀའཝ་སྤྱད་དེ་ལཱ་འབད་ཡི་ ཨིན་ཏེ་འབད་རུང་ དེ་ག་ར་ ང་རང་གིས་འབད་འབདཝ་རྩ་ལས་མེན་ དེ་འབདཝ་ད་ དཀོན་མཆོག་གི་ཐུགས་རྗེ་ ང་དང་གཅིག་ཁར་ཡོདཔ་ལས་བརྟེན་ཏེ་ཨིན། 11 དེ་འབདཝ་ལས་ ཁྱེད་ལུ་ཆོས་དེ་ང་གིས་བཤད་རུང་ སྐུ་ཚབ་གཞན་གྱིས་བཤད་རུང་ ང་བཅས་ག་ར་གིས་བཤད་མི་གཏམ་བཟང་འདི་གཅིག་རང་ཨིན་ གཏམ་བཟང་འདི་ལས་བརྟེན་ཏེ་ ཁྱེད་ག་ར་དད་པ་བསྐྱེད་ཅི།། 12 ཁིརཱིས་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་གནང་ཡི་ཟེར་ཆོས་བཤདཔ་ད་ ཁྱེད་ལ་ལུ་གིས་ག་ཅི་འབད་ ཤུལ་མ་མི་དེ་ཚུ་ལུ་ ཤི་ས་ལས་གསོན་པོ་སྦེ་ལྷོང་གནང་ནི་མེད་ཟེར་སླབ་སྨོ། 13 དེ་འབདཝ་ད་ གཤིནམ་ཚུ་ལུ་གསོན་པོ་སྦེ་ལྷོང་གནང་ནི་མེད་པ་ཅིན་ ཁིརཱིས་ཡང་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་མ་གནང་འོང་། 14 ཁིརཱིས་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་མ་གནང་པ་ཅིན་ ང་བཅས་ཀྱིས་བཤད་མི་ཆོས་དེ་ དོན་དག་མེདཔ་ཨིནམ་མ་ཚད་ ཁྱེད་ཀྱིས་དད་པ་བསྐྱེད་མི་འདི་ཡང་ དོན་དག་མིན་འདུག 15 ད་རུང་ང་བཅས་སྐུ་ཚབ་ཆ་ཁྱབ་ཀྱིས་ དཀོན་མཆོག་གི་སྐོར་ལས་ ད་ལྟོ་ཚུན་ཚོད་ཤོབ་རྐྱབ་སྡོད་དོཝ་བཟུམ་ཅིག་སྦེ་ཡར་སོང་ཡི་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁིརཱིས་གཤགས་ས་ལས་ སྐུ་གསོན་པོ་སྦེ་བཞེངས་གནང་ཡི་ཟེར་ ང་བཅས་ཀྱིས་འཛོམ་དཔང་བཤད་ཅི་ དེ་འབདཝ་ད་ གཤིནམ་ཚུ་ལུ་དོན་ལས་རང་ གསོན་པོ་སྦེ་ལྷོང་གནང་ནི་མེད་པ་ཅིན་ ཨ་ནི་དེ་ཚུ་བདེན་རང་མི་བདེན། 16 ག་ཅི་སྨོ་ཟེར་བ་ཅིན་ གཤིནམ་ཚུ་གསོན་པོ་ལྷོང་གནང་ནི་མེད་པ་ཅིན་ ཁིརཱིས་ཡང་སྐུ་གསོན་པོ་སྦེ་བཞེངས་མ་གནང་འོང་། 17 ཁིརཱིས་སྐུ་གསོན་པོ་སྦེ་བཞེངས་མ་གནང་པ་ཅིན་ ཁྱེད་ཀྱི་དད་པ་དེ་དོན་མེདཔ་ཨིན་ དེ་མ་ཚད་ ཁྱེད་ད་ལྟོ་ཚུན་ཚོད་སྡིག་པ་ནང་རང་ཨིན་མས། 18 དེ་སྦེ་ཨིན་པ་ཅིན་ ཁིརཱིས་ལུ་དད་པ་བསྐྱེད་དེ་ཤི་མི་ཚུ་ཡང་མེདཔ་ཐལ་སོངམ་འོང་། 19 ང་བཅས་ཀྱིས་ ད་ལྟོ་གི་མི་ཚེ་དེ་གི་དོན་ལུ་རྐྱངམ་གཅིག་ ཁིརཱིས་ལུ་རེ་བ་བསྐྱེད་བསྐྱེདཔ་འབད་བ་ཅིན་ ང་བཅས་ཨ་ནི་འཛམ་བུ་གླིང་ནང་གི་མི་དེ་ཚུ་ལས་ཡང་ལྷགཔ་སྦེ་ སྡི་ཆེ་བསྐྱེད་དགོཔ་ཅིག་ལུ་ཐལ་སོངམ་འོང་། 20 དེ་འབདཝ་ད་ ད་ཁིརཱིས་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་གནང་ཡི་ དེ་གིས་འབད་ ཤི་སོང་མི་ཚུ་གི་གྲལ་ལས་གསོན་པོ་བཞེངས་གནང་མི་ འགོ་དང་པ་དེ་ཁིརཱིས་ཨིནམ་མ་ཚད་ ཁོང་ལུ་ཤུལ་མ་གསོན་པོ་སྦེ་ལྷོང་གནང་ནི་ཨིན་པའི་ཁས་བླངས་དེ་ ཁོ་ཨིན་མས། 21 འཆི་བ་དེ་ མི་གཅིག་ལས་འགོ་བཙུགས་འོངས་ཡི་ དེ་བཟུམ་སྦེ་རང་ ཤི་སོང་མི་ཚུ་གསོན་པོ་སྦེ་ལྷོང་གནང་ནི་དེ་ མི་གཅིག་ལས་འགོ་བཙུགས་ཅི། 22 ག་ཅི་སྨོ་ཟེར་བ་ཅིན་ ཨ་དམ་ལས་རྒྱུད་དེ་ མི་དེ་ཚུ་ཤི་དགོཔ་བྱུང་ཡི་ འདི་བཟུམ་སྦེ་ ཁིརཱིས་ལས་རྒྱུད་དེ་ ག་ར་ལུ་གསོན་པོ་སྦེ་ལྷོང་གནང་ནི་ཨིན་མས། 23 དེ་འབདཝ་ད་ དེ་ག་ར་གོ་རིམ་སྒྲིག་སྟེ་གསོན་པོ་ལྷོང་གནང་ནི་ཨིན་ འགོ་དང་པ་རང་ ཁིརཱིས་གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེང་གནང་ཡི་ དེ་ལས་ཁིརཱིས་ད་རུང་ལོག་འབྱོནམ་ད་ ཁོ་ལུ་དད་པ་བསྐྱེད་མི་ག་ར་གསོན་པོ་སྦེ་ལྷོང་གནང་འོང་། 24 དེ་གི་ཤུལ་ལས་ མཐའན་མཇུག་གི་དུས་ཚོད་དེ་ལྷོདཔ་ཨིན་ དེའི་སྐབས་ལུ་ ཁོ་གིས་ གནམ་ཁ་གི་བདུད་དང་བཙན་ དབང་འཛིན་པ་ཚུ་ སྟོབས་ཤུགས་ཅན་ག་ར་རྩ་མེད་མཛད་ཚརཝ་ད་ རྒྱལ་སྲིད་དེ་ཡབ་དཀོན་མཆོག་ལུ་ཕུལ་ནི་ཨིན་མས། 25 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་དགྲ་ཆ་མཉམ་ ཁོ་གི་ཞབས་ཀྱི་འོག་ལུ་མ་བཙུགས་ཚུན་ཚོད་ ཁིརཱིས་ཁོ་རང་རྒྱལ་སྲིད་སྐྱོང་དགོ། 26 རྩ་མེད་གཏང་དགོ་པའི་མཐའན་མཇུག་གི་དགྲ་དེ་ འཆི་བ་ཨིན། 27 ག་ཅི་སྨོ་ཟེར་བ་ཅིན། དཀོན་མཆོག་གིས་ག་ར་ ཁོ་གི་ཞབས་ཀྱི་འོག་ལུ་བཙུགས་གནང་ནུག ག་ར་ཁོ་གི་ཞབས་ཀྱི་འོག་ལུ་བཙུགས་གནང་ནུག་ཟེར་སླབ་ད་ འདི་ནང་ལུ་དཀོན་མཆོག་ཁོ་རང་གི་སྐོར་ལས་མ་གསུང་པས་ ག་ར་ཁོ་གི་ཞབས་ཀྱི་འོག་ལུ་བཙུགས་གནང་མི་དེ་ ཁིརཱིས་ཀྱི་སྐོར་ལས་ཨིན་མས། 28 ག་ར་ཁིརཱིས་ཀྱི་དབང་ཚད་འོག་ལུ་བཙུགས་གནང་ཞིནམ་ད་ ག་ར་ཁོ་རའི་དབང་ཚད་འོག་ལུ་བཙུགས་གནང་མིའི་དཀོན་མཆོག་གི་དབང་གི་འོག་ལུ་ སྲས་ཁོ་རང་འོང་ནི་ཨིན་ དེ་ལས་ག་ར་གི་གུ་ལུ་དབང་མི་དེ་ དཀོན་མཆོག་ཁོ་རང་ཨིན། 29 གཤིནམ་དེ་ཚུ་ལུ་ཤུལ་མ་རྩ་ལས་ལྷོང་གནང་ནི་མེད་པ་ཅིན་ ཤི་ཚར་མི་དེ་ཚུ་གི་དོན་ལུ་ཁྲུས་གསོལ་ཞུ་ནིའི་ལུགས་སྲོལ་དེ་ ག་ཅི་གི་དོན་ལུ་ཨིན་ན་ གཤིནམ་དེ་ཚུ་ཤུལ་མ་རྩ་ལས་ལྷོང་གནང་ནི་མེད་པ་ཅིན་ མི་ལ་ལུ་ཅིག་གིས་ ག་ཅི་འབད་ཤི་སོང་མི་ཚུ་གི་དོན་ལུ་ཁྲུས་གསོལ་ལེནམ་སྨོ། 30 དེ་བཟུམ་སྦེ་རང་ གཤིནམ་དེ་ཚུ་རྩ་ལས་ལྷོང་གནང་ནི་མེད་པ་ཅིན་ ཉིནམ་རེ་འཆར་རང་ ང་བཅས་ཡང་ གཏམ་བཟང་གི་ཐོག་ལས་ རང་གིས་རང་ལུ་ ག་ཅི་འབད་ཉེན་ཁ་ནང་བཙུགསཔ་སྨོ། 31 སྤུན་ཆ་ཚུ་ ཉིནམ་རེ་འཆར་རང་ ང་ཐད་རི་བ་རི་ ཤི་ནི་གི་ཉེན་ཁ་ནང་ཚུད་དོ་ འདི་དང་འདྲཝ་སྦེ་ གཙོ་བོ་ཁིརཱིས་ཡེ་ཤུ་གིས་ཁྱེད་ཀྱི་སྦུག་ལུ་མཛད་མི་ཕྱག་ལཱ་དེ་ལུ་བལྟཝ་ད་ ང་ཐད་རི་བ་རི་ དཔའ་ཡག་སྡོད་ནི་ཐོབ་དོ། 32 མི་གི་རང་བཞིན་ལྟར་དུ་འབད་བ་ཅིན་ ང་ ཁྲོམ་ ཨི་ཕི་སི་ལུ་ རི་དྭགས་སེམས་ཅན་བཟུམ་གྱི་མི་ཚུ་དང་ འཐབ་འཛིང་སྟེ་འབད་བ་ཅིན་ ང་ལུ་ཕན་ཐོགས་ག་ཅི་ཡོད་ གཤིནམ་ཚུ་གསོན་པོ་ལྷོང་གནང་ནི་མེད་པ་ཅིན་ མི་ཚུ་གིས་སླབ་དོཝ་བཟུམ་སྦེ་ ད་རེས་རང་ང་བཅས་བཟའ་འཐུང་ སྤྲོ་བ་སྟོན་སྡོད་གེ་ ག་ཅི་སྨོ་ཟེར་བ་ཅིན་ ནངས་པ་ང་བཅས་ཤི་འོང་། 33 ཨིན་རུང་ དེ་གི་སྐོར་ལས་ རང་གིས་རང་ལུ་མགུ་འབྱིད་མ་རྐྱབ་ ག་ཅི་སྨོ་ཟེར་བ་ཅིན་ ཆ་རོགས་ཟོགཔ་གིས་ སྤྱོད་པ་ལེགས་ཤོམ་མེདཔ་གཏངམ་ཨིན་ཟེར་ཡང་སླབ་ནི་ཡོད། 34 བླུན་པོའི་བྱ་སྤྱོད་སྤང་སྟེ་ དྲན་པ་བཏོན་ཏེ་མཚམས་ཚོད་ཤེསཔ་སྦེ་སྡོད་དགོ་ ད་འདི་ལས་ཕར་ སྡིག་པ་མ་འབད་ ཁྱེད་ལ་ལུ་ཅིག་དཀོན་མཆོག་དང་མཐུན་ལམ་མིན་འདུག་ ཁྱེད་ཆ་ཁྱབ་ལུ་ངོ་ཚ་བཅུག་ནི་སྦེ་ ང་གིས་འདི་སླབ་ཨིན།། 35 མི་ལ་ལུ་གིས་ཤི་སོང་མི་ཚུ་ག་དེ་སྦེ་གསོན་པོ་ལྷོང་གནང་ནི་སྨོ་ ཁོང་གི་གཟུགས་དེ་ག་བཟུམ་ཅིག་འོང་ག་ཟེར་དྲི་འོང་། 36 དབའེ་རྩ་རྒས་ ཁྱོད་ཀྱིས་ས་ཁར་བཏབ་མི་སོན་དེ་ སའི་ནང་ན་མ་ཤི་ཚུན་ཚོད་ ལྕུག་གུ་རྩ་ལས་མི་སྐྱེ། 37 ཁྱོད་ཀྱིས་ས་ཁར་སོན་བཏབ་ད་ དཀར་ ཡང་ན་ཐོག་ག་ཅི་རང་འབད་རུང་ ལྕུག་གུ་སྦེ་མེན་པར་ སོན་རྐྱངམ་གཅིག་བཏབ་ཨིན། 38 དེ་འབདཝ་ད་ དཀོན་མཆོག་གིས་ཁོ་རའི་འཆར་གཞི་དང་འཁྲིལ་ཏེ་ སོན་ལུ་ལྕུག་གུ་གསརཔ་གནངམ་ཨིན་ དེ་སྦེ་རང་ སོན་མ་འདྲཝ་ལས་ ལྕུག་གུ་ཡང་མ་འདྲཝ་སྦེ་སྐྱེཝ་ཨིན། 39 དེ་བཟུམ་སྦེ་རང་ གཟུགས་གཞི་ཆ་མཉམ་ཅོག་འཐདཔ་སྦེ་མི་འོང་ མི་གི་གཟུགས་གཞི་གཅིག་དང་ སྒོ་ནོར་སེམས་ཅན་གྱི་གཅིག་དང་ བྱ་དང་ཉ་ལ་སོགས་པ་གི་སོ་སོ་སྦེ་ཡོདཔ་ཨིན། 40 ད་རུང་གནམ་ཁ་ཡོད་མི་གཟུགས་གཞི་དང་ ས་སྟེང་གི་གཟུགས་གཞི་སོ་སོ་ཡོད་ དེ་འབདཝ་ད་ གནམ་ཁ་ཡོད་མི་གཟུགས་ཀྱི་གཟི་བརྗིད་དང་ ས་སྟེང་གི་སོ་སོ་ཡོད། 41 ཉིམ་དང་ཟླཝ་ལུ་གཟི་བརྗིད་སོ་སོ་དང་ གནམ་ཁ་གི་སྐརམ་ལུ་གཟི་བརྗིད་སོ་སོ་ཡོདཔ་མ་ཚད་ སྐརམ་དེ་ཚུ་ཡང་རང་རང་སོ་སོ་གི་གཟི་བརྗིད་མ་འདྲཝ་ཡོད། 42 གཤིནམ་ཚུ་གསོན་པོ་ལྷོང་གནངམ་ད་ ཨ་ནི་བཟུམ་སྦེ་རང་ཨིན་ ང་བཅས་ཀྱི་གཟུགས་དེ་ཤིཝ་ད་ སོན་བཟུམ་སྦེ་ས་ནང་བཙུགས་ཏེ་ རུལ་ཏེ་འགྱོཝ་ཨིན་ དེ་ལས་ཉིནམ་གཅིག་གི་ཚེ་ གཟུགས་དེ་ རུལ་ནི་མེདཔ་སྦེ་གསོན་པོ་ལྷོང་གནང་འོང་། 43 ང་བཅས་ཀྱི་གཟུགས་དེ་ མེདཔ་ཐལ་ཐལཝ་སྦེ་ ས་ནང་བཙུགཔ་ཨིན་ དེ་འབདཝ་ད་ གཟི་བརྗིད་ཅན་སྦེ་ལྷོང་གནང་ནི་ཨིན་ དེ་ལུ་སྟོབས་ཤུགས་མེད་པར་ ས་ནང་བཙུགཔ་ཨིན་ དེ་འབདཝ་ད་ སྟོབས་ཤུགས་ཅན་སྦེ་ལྷོང་གནང་ནི་ཨིན། 44 རང་བཞིན་གྱི་གཟུགས་སྦེ་ ས་ནང་བཙུགཔ་ཨིན་ དེ་ལས་སེམས་ཉིད་ཀྱི་གཟུགས་སྦེ་ གསོན་པོ་ལྷོང་གནང་ནི་ཨིན་ རང་བཞིན་གྱི་གཟུགས་ཡོད་པ་ཅིན་ སེམས་ཉིད་ཀྱི་གཟུགས་ཡང་ཐད་རི་བ་རི་ཡོད། 45 དེ་འབདཝ་ལས་ དེ་སྦེ་བྲིས་ཏེ་ཡོད་ འགོ་དང་པ་གི་ ཨ་དམ་ མི་གསོན་པོ་སྦེ་བྱུང་ནུག་ དེ་འབདཝ་ད་ ཤུལ་མའི་ ཨ་དམ་དེ་ གསོན་པོ་མཛད་མིའི་ཐུགས་ཉིད་སྦེ་བྱུང་ནུག 46 དེ་གིས་འབད་ འགོ་དང་པ་ལུ་ སེམས་ཉིད་ཀྱི་གཟུགས་མེན་པར་ རང་བཞིན་གྱི་གཟུགས་བྱུང་ནུག་ འདི་གི་ཤུལ་ལས་ སེམས་ཉིད་ཀྱི་གཟུགས་བྱུང་ནུག 47 འགོ་དང་པ་གི་མི་དེ་ ས་ལས་བཟོ་བཟོཝ་ཨིནམ་ལས་ འཇིག་རྟེན་ནང་ལས་ཨིན་ མི་གཉིས་པ་དེ་ཞིང་ཁམས་ལས་ཨིན། 48 ས་ལས་བཟོ་བཟོ་བའི་མི་དེ་ཚུ་ འགོ་དང་པ་ས་ལས་བཟོ་བཟོ་བའི་མི་ དེ་བཟུམ་སྦེ་ཨིན་ དེ་འབདཝ་ད་ ཞིང་ཁམས་ལས་ཨིན་མི་དེ་ཚུ་ ཞིང་ཁམས་ཀྱི་མི་བཟུམ་སྦེ་ཨིན། 49 ད་ལྟོ་ང་བཅས་ལུ་ ས་ལས་བཟོ་བཟོ་བའི་མི་གི་རང་བཞིན་ཡོད་དོཝ་བཟུམ་སྦེ་ ཤུལ་ལས་ང་བཅས་ ཞིང་ཁམས་ཀྱི་མི་གི་རང་བཞིན་ལུ་འགྱུར་ནི་ཨིན། 50 ད་ངེའི་སྤུན་ཆ་ཚུ་ ང་གིས་ཁྱེད་ལུ་སླབ་དོ་ རང་བཞིན་གྱི་གཟུགས་ཀྱིས་ ཞིང་ཁམས་ཀྱི་རྒྱལ་སྲིད་ཀྱི་ བརྒྱུད་འཛིན་པ་འབད་མི་ཚུགས་ དེ་མ་ཚད་ རུལ་འགྱོ་མི་གིས་ རུལ་ནི་མེདཔ་གསོན་པོ་གཅིག་གི་ བརྒྱུད་འཛིན་པ་ཡང་འབད་མི་ཚུགས། 51 བལྟ་ཞིག་ ད་ང་གིས་ཁྱེད་ལུ་གསང་བའི་བློ་གཅིག་སླབ་གེ་ ང་བཅས་ཆ་མཉམ་ཤི་སྟེ་མི་འགྱོ་ དེ་འབདཝ་ད་ ང་བཅས་ག་ར་བསྒྱུར་ཏེ་འགྱོ་འོང་། 52 དེ་ ཡུདཔ་ཐེངས་ཅིག་ནང་ མིག་ཏོ་འཁྱབ་པའི་བར་ན་ མཐའན་མཇུག་གི་དུང་འཕུཝ་ད་ བྱུང་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ མཐའན་མཇུག་གི་དུང་འཕུཝ་ད་ གཤིནམ་ཚུ་ལུ་ རུལ་ནི་མེདཔ་སྦེ་ གསོན་པོ་ལྷོང་གནང་ནི་ཨིན་ དེའི་སྐབས་གསོན་པོ་སྦེ་སྡོད་མི་ཆ་ཁྱབ་ཡང་བསྒྱུར་འགྱོ་འོང་། 53 རུལ་འགྱོ་ནིའི་གཟུགས་དེ་ལུ་ ནམ་ཡང་རུལ་ནི་མེདཔ་སྦེ་ཡར་ལྷོང་གནང་ནི་ཨིན་ ཤི་འགྱོ་མི་གཟུགས་དེ་ལུ་ ནམ་ཡང་ཤི་ནི་མེད་པའི་དོན་ལུ་ལྷོང་གནང་ནི་ཨིན། 54 དེ་ལས་རུལ་འགྱོ་ནིའི་གཟུགས་ལུ་ རུལ་ནི་མེདཔ་སྦེ་འགྱུར་ ཤི་འགྱོ་མི་གཟུགས་དེ་ལུ་ ནམ་ཡང་ཤི་ནི་མེདཔ་སྦེ་འགྱུརཝ་ད་ དཀོན་མཆོག་གི་བཀའ་དེ་ཏན་ཏན་སྦེ་གྲུབ་ནི་ཨིན། འཆི་བ་དེ་ལུ་དུས་རྟག་བུ་གི་དོན་ལུ་ཕམ་བཏང་ཡི། 55 ཨ་ཁའི་འཆི་བ་ ཁྱོད་ཀྱི་རྒྱལ་ཁ་ག་ཏེ་སྨོ་ ཨ་ཁའི་འཆི་བ་ ཁྱོད་ཀྱི་མདུང་ག་ཏེ་སྨོ། 56 འཆི་བ་གི་མདུང་དེ་སྡིག་པ་ཨིན་ དེ་ལས་སྡིག་པ་གི་དབང་ཤུགས་དེ་བཀའ་ཁྲིམས་ཨིན། 57 དེ་འབདཝ་ད་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཐོག་ལས་སྦེ་ ང་བཅས་ལུ་རྒྱལ་ཁ་གནང་མི་དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུཝ་ཨིན། 58 དེ་འབདཝ་ལས་ངེ་གི་བྱམས་པའི་སྤུན་ཆ་ཚུ་ དད་པ་ནང་སྒྲིང་སྒྲིང་སྦེ་སྡོད་ གཙོ་བོ་གི་ཕྱག་ཞུ་ནི་ལུ་ རྟག་བུ་རང་ ཡར་རྒྱས་ཐོན་འགྱོ་ ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་ལུ་ཕྱག་ཞུཝ་ད་ ཁྱེད་ཀྱིས་དཀའཝ་སྤྱད་མི་དེ་ འཕྲོ་བརླག་མི་འགྱོ།།
1 ད་ ཡེ་རུ་ཤ་ལེམ་ལུ་ཡོད་མི་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་གི་དོན་ལུ་ཕུལ་ཆ་བསྡུ་བའི་སྐོར་ལས་ ང་གིས་ ག་ལ་ཏི་ནང་ཡོད་མི་ཆོས་ཚོགས་ལུ་སྟོན་དོཝ་བཟུམ་སྦེ་རང་ ཁྱེད་ཀྱིས་ཡང་འབད་དགོ། 2 ང་འོངམ་ད་ སྟབས་གཅིག་སྦེ་ ཁྱེད་ཀྱིས་ཕུལ་ཆ་དེ་ཚུ་བསྡུ་དགོཔ་སྦེ་མེན་པར་ བདུན་ཕྲག་རེ་རེ་གི་ཉིནམ་དང་པ་ལུ་ ཁྱེད་ག་ར་གིས་རང་གི་གླ་ཆ་ག་ཐོབ་མི་ནང་ལས་ དུམ་གྲ་རེ་རང་ས་སྦེ་བཏོན་ཏེ་བཞག 3 ང་ཕར་ལྷོདཔ་ད་ ཁྱེད་ཀྱིས་བཀལ་བཏང་ནི་འབད་མི་ཕུལ་ཆ་ འབག་འགྱོ་མི་དེ་ལུ་ ང་གིས་ཆ་འཇོག་འབད་བའི་དོན་ལུ་ ཡི་གུ་གཅིག་བྲིས་ཏེ་ ཡེ་རུ་ཤ་ལེམ་ལུ་བཀལ་བ་གཏང་གེ། 4 ཡང་ན་ང་རང་འགྱོཝ་འཚམས་པ་ཅིན་ ཁོང་ཆ་ཁྱབ་ང་དང་གཅིག་ཁར་འགྱོ་ཚུགས།། 5 ང་ ལུང་ཕྱོགས་ མ་ཀེ་དོ་ནི་ཡ་ལས་སྦེ་བསྐོར་ཏེ་ འགྱོ་ནིའི་འཆར་གཞི་བརྩམས་ཏེ་ཡོད་ དེ་འབདཝ་ལས་ མ་ཀེ་དོ་ནི་ཡ་ལས་བསྐོར་འོངམ་ད་ ཁྱེད་སྡོད་སར་འཕྱད་པ་འཐོན་འོང་། 6 དེ་ལས་ང་ཁྱེད་སྡོད་སར་དུས་ཡུན་དུམ་གྲ་ཅིག་ལས་མི་སྡོད་ ཡང་ཅིན་གནམ་དགུན་སྡོད་ནི་ཨིན་ འདི་གི་ཤུལ་ལས་ ཁྱེད་ཀྱིས་ང་ག་ཏེ་འགྱོ་རུང་ ངེའི་ལམ་འགྲུལ་གྱི་དོན་ལུ་གྲ་སྒྲིག་རྐྱབ་བྱིན་ཚུགས་འོང་། 7 ང་འོངམ་ད་ ང་ཁྱེད་དང་གཅིག་ཁར་ དུས་ཡུན་དུམ་གྲ་ཅིག་གི་དོན་ལུ་མེན་པར་ གཙོ་བོ་གི་ཐུགས་དགོངས་ཡོད་པ་ཅིན་ དུས་ཡུན་རིངམ་སྦེ་སྡོད་ནི་གི་རེ་འདོད་ཡོད། 8 དེ་འབདཝ་ད་ པེན་ཏི་ཀཱོས་ཀྱི་དུས་ཆེན་ཚུན་ཚོད་ ཁྲོམ་ ཨི་ཕི་སི་ལུ་རང་སྡོད་ནི་ཨིན། 9 ག་ཅི་སྨོ་ཟེར་བ་ཅིན་ ལཱ་སྦོམ་ ཁག་ཆེ་ཤོས་ཀྱི་གོ་སྐབས་ལེགས་ཤོམ་གཅིག་ ངེ་གི་དོན་ལུ་ཕྱེ་སྟེ་ཡོད་ ཨིན་རུང་ འདི་ནང་ལུ་བར་ཆད་རྐྱབ་མི་ལེ་ཤ་ཡོད། 10 ཏི་མོ་ཐི་ ཁྱེད་སྡོད་ས་འོངམ་ད་ ཁོ་ལུ་ཁྱེད་དང་མཉམ་དགའ་ཏོག་ཏོ་སྦེ་སྡོད་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ཡང་ང་བཟུམ་སྦེ་རང་ གཙོ་བོ་གི་ཕྱག་ཞུ་སྟེ་ཡོདཔ་ཨིན། 11 འདི་གིས་འབད་ མི་ག་གིས་ཡང་ཁོ་ལུ་ ཁུངས་མེདཔ་སྦེ་བརྩིས་མ་བཅུག་ དེ་འབདཝ་ད་ ཁོ་ལུ་ཆ་རོགས་འབད་བྱིན་ཏེ་ ང་སྡོད་ས་གཏང་གནང་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་དདཔ་ཅན་སྤུན་ཆ་ཚུ་དང་གཅིག་ཁར་འཐོན་འོང་ཟེར་ ང་ཁོ་ལུ་བསྒུག་སྟེ་སྡོད་ཡོད།། 12 ད་ང་གིས་ནུ་གཅུང་ ཨ་པོ་ལཱོས་ལུ་ སྤུན་ཆ་གཞན་ཚུ་དང་གཅིག་ཁར་ ཁྱེད་སྡོད་སར་སོང་ཟེར་བསླབ་བྱ་བྱིན་ཏེ་རང་ཡོད་རུང་ ཁོ་ད་ལྟོ་ཁྱེད་སྡོད་སར་འགྱོ་ནི་གི་སེམས་མིན་འདུག་ ཤུལ་ལས་ཁོ་གིས་གོ་སྐབས་ཐོབ་པ་ཅིན་ ཁྱེད་སྡོད་སར་འཐོན་འོང་། 13 རིགཔ་བསྒྱིམ་སྟེ་སྡོད་ དད་པ་ནང་སྒྲིང་སྒྲིང་སྦེ་སྡོད་ སྙིང་སྟོབས་དང་སྟོབས་ཤུགས་ཅན་སྦེ་སྡོད། 14 ག་ཅི་རང་འབད་རུང་ བྱམས་སེམས་བསྐྱེད་དེ་ འབད་དགོ། 15 སྤུན་ཆ་ཚུ་ ཨཱིས་ཏེ་ཕ་ནཱས་ཀྱི་བཟའ་ཚང་ཚུ་ ལུང་ཕྱོགས་ ཨ་ཀེ་ཡ་ནང་ དད་པ་བསྐྱེད་མི་ཚུ་གི་གྲལ་ལས་ ཨང་དང་པ་ཨིན་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་གི་ཞབས་ཏོག་ཞུ་ནི་ནང་ ཁོང་གི་ཧིང་བཏོན་ཏེ་འབད་ཡོདཔ་ཁྱེད་ཀྱིས་ཤེས། 16 དེ་འབདཝ་ལས་ ཨ་ནི་བཟུམ་འབད་མི་དང་ ཁོང་དང་གཅིག་ཁར་ཞབས་ཏོག་ཞུ་མི་ག་ར་གི་ ཁ་ལུ་ཉན་སྡོད་ཟེར་ང་ཁྱེད་ལུ་བསླབ་བྱ་བྱིན་དོ། 17 ཨཱིས་ཏེ་ཕ་ནཱས་ ཕོར་ཏུ་ན་ཏུས་དང་ ཨ་ཁི་ཀཱོས་ཆ་ཁྱབ་ནཱ་ལྷོདཔ་ད་ ང་གནམ་མེད་ས་མེད་སེམས་དགའ་ཡི་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ནཱ་མེདཔ་ད་ ཁོང་འོང་བྱིན་ཡི། 18 ཁོང་གིས་ཁྱེད་དང་ངེ་གི་སེམས་གསོ་འབད་བྱིན་ཡི་ ཨ་ནི་བཟུམ་གྱི་མི་ཚུ་ལུ་ལེགས་ཤོམ་འབད་བྱིན་དགོ།། 19 ཨེ་སི་ཡ་ནང་ཡོད་མི་ཆོས་ཚོགས་ཀྱིས་ ཁྱེད་ཆ་ཁྱབ་ལུ་ སྐུ་གཟུགས་བཟང་པོ་ཟེར་སླབ་བཏང་དེས་ ཨ་ཀུ་ལཱས་དང་ཁོ་རའི་ཨམ་སྲུ་ པིརཱིས་ཀ་ དེ་ལས་ཁོང་གི་ཁྱིམ་ནང་འཛོམས་མི་ཆོས་ཚོགས་ཀྱིས་ཡང་ སྐུ་གཟུགས་བཟང་པོ་ཟེར་སླབ་བཏང་དེས། 20 ནཱ་ཡོད་མི་སྤུན་ཆ་ག་ར་གིས་ཁྱེད་ལུ་ སྐུ་གཟུགས་བཟང་པོ་ཟེར་སླབ་བཏང་དེས་ ཁྱེད་རང་གཅིག་གིས་གཅིག་ལུ་ ཡེ་ཤུ་པའི་བྱམས་པ་གི་ཐོག་ལས་འུ་བཀལ། 21 ང་ པའུལ་གྱིས་ང་རའི་ལག་པ་གིས་ ཨ་ནི་མཐའན་མཇུག་གི་བཀྲིས་ལེགས་སྨོན་དེ་བྲིས་དོ། 22 ག་ར་འབད་རུང་ གཙོ་བོ་ལུ་བྱམས་པ་མ་བསྐྱེད་མི་ཡོད་པ་ཅིན་ འདི་ལུ་ཕྱི་བཏོན་བཞག་བཅུག་ གཙོ་བོ་བྱོན་ལགས། 23 གཙོ་བོ་ཡེ་ཤུ་གི་ཐུགས་རྗེ་ཁྱེད་དང་མཉམ་བཞུགས་བཅུག 24 ཁིརཱིས་ཡེ་ཤུ་གི་མཚན་ནང་ ཁྱེད་ག་ར་དང་མཉམ་ ངེ་གི་བྱམས་པ་གནས་བཅུག་ ཨ་མཱེན།། །།
1 དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ ཁིརཱིས་ཡེ་ཤུ་གི་སྐུ་ཚབ་སྦེ་བཀལ་གནང་མི་ ང་ པའུལ་དང་ ང་བཅས་ཀྱི་སྤུན་ཆ་ ཏི་མོ་ཐི་ལས་ ཁྲོམ་ ཀོ་རཱིན་ཐི་ལུ་ཡོད་མི་དཀོན་མཆོག་གི་ཆོས་ཚོགས་དང་ ལུང་ཕྱོགས་ ཨ་ཀེ་ཡ་ལུ་ཡོད་མི་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ལུ་ ཡི་གུ་འདི་བྲིས་དོ། 2 ང་བཅས་ཀྱི་ཡབ་དཀོན་མཆོག་དང་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱིས་ ཁྱེད་ལུ་ཐུགས་རྗེ་དང་ཞི་བདེ་གནང་བཅུག། 3 ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཡབ་དཀོན་མཆོག་ལུ་ བསྟོད་པ་ཕུལ་བར་ཤོག་ ཁོ་ང་བཅས་ཀྱི་དོན་ལུ་ སྙིང་རྗེ་གཟིགས་མི་ཡབ་དང་ སེམས་གསོ་གནང་མིའི་དཀོན་མཆོག་ཨིན། 4 ང་བཅས་དཀའ་ངལ་དང་ སྡུག་བསྔལ་མྱོངམ་ད་ དེ་ཚུ་ག་ར་ནང་ལས་ཁོ་གིས་ སེམས་གསོ་གནངམ་ཨིན་ དེ་འབདཝ་ལས་ ང་བཅས་སེམས་གསོ་ཐོབ་མི་ཚུ་གིས་ གཞན་དཀའ་ངལ་མྱོང་མི་ཚུ་ལུ་ དཀོན་མཆོག་གིས་གནང་མིའི་སེམས་གསོ་འདི་ ཁོང་ལུ་བྱིན་ཚུགས། 5 ག་ཅི་སྨོ་ཟེར་བ་ཅིན་ དོན་ལས་རང་ ང་བཅས་ཀྱིས་ ཁིརཱིས་ཀྱི་དོན་ལུ་སྡུག་བསྔལ་ག་དེ་ཅིག་མྱོངམ་ཨིན་ན་ དེ་ལས་ཡང་ལྷགཔ་སྦེ་ ཁིརཱིས་ཀྱི་ཐོག་ལས་ དཀོན་མཆོག་གིས་ང་བཅས་ལུ་སེམས་གསོ་གནངམ་ཨིན། 6 དེ་འབདཝ་ད་ ང་བཅས་དཀའ་ངལ་དང་སྡུག་བསྔལ་མྱོངམ་ད་ འདི་གིས་ ཁྱེད་ཡང་སེམས་གསོ་དང་ཐར་པ་ཐོབ་ནི་གི་དོན་ལུ་ཨིན་ ད་རུང་ང་བཅས་ལུ་སེམས་གསོ་གནངམ་ད་ འདི་ཁྱེད་ཀྱི་དོན་ལུ་ཡང་སེམས་གསོ་གནངམ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་ཡང་ ང་བཅས་བཟུམ་སྦེ་དཀའ་ངལ་མྱོངམ་ད་ སེམས་གསོ་དེ་གིས་འབད་ བཟོད་སེམས་བསྐྱེད་དེ་ དཀའ་ངལ་དང་སྡུག་བསྔལ་བཟོད་ཚུགས། 7 དེ་གིས་འབད་ ཁྱེད་ཀྱིས་ཡང་ ཁིརཱིས་ཀྱི་དོན་ལུ་མྱོང་མི་དཀའ་ངལ་འདི་ ང་བཅས་དང་མཉམ་གཅིག་མྱོང་པ་ཅིན་ ཁོ་གིས་ང་བཅས་ལུ་གནང་མི་སེམས་གསོ་འདི་ ཁྱེད་ཀྱིས་ཡང་ཐོབ་འོང་ཟེར་ ང་བཅས་ཀྱིས་ཐད་རི་བ་རི་ཤེས། 8 ཁྱེད་སྤུན་ཆ་ཚུ་གིས་ ཨ་ནི་འདི་ཤེས་དགོ་ཟེར་མནོ་ཡི་ ང་བཅས་ལུང་ཕྱོགས་ ཨེ་སི་ཡ་ནང་དཀའ་ངལ་མྱོངམ་ད་ བཟོད་མ་ཚུགས་པའི་ སྡུག་བསྔལ་སྦོམ་གྱིས་ ང་བཅས་ཀྱི་གུ་ལུ་མནན་ཡི་ དེ་བསྒང་ལུ་ང་བཅས་གསོན་པོ་ སྡོད་ནི་གི་རེ་བ་ཡང་རྫོགས་སོང་ཡི། 9 ང་བཅས་ཐད་རི་བ་རི་རང་ཤི་ནི་མས་ཟེར་ མནོ་བསམ་གཏང་ཡི་ དེ་ཚུ་བྱུང་བའི་ཐོག་ལས་ རང་གིས་རང་ལུ་ བློ་གཏད་ནི་མེད་ཟེར་ཤེས་ཅི་ དེ་འབདཝ་ད་ ཤི་ས་ལས་གསོན་པོ་ ལྷོང་གནང་མིའི་དཀོན་མཆོག་ལུ་བློ་གཏད་དགོཔ་ཨིན་མས་ཟེར་ཡང་ཤེས་ཅི། 10 དེ་ལས་ཁོ་གིས་ང་བཅས་ལུ་ ཤི་བའི་ལམ་ལས་སྐྱབས་མཛད་དེ་གནང་ཡི་ ད་ལྟོ་ཡང་ སྐྱབས་མཛད་གནང་དོ་ ཤུལ་མ་ཡང་སྐྱབས་མཛད་གནང་འོང་ཟེར་ ང་བཅས་ཁོ་ལུ་ཆ་བཞག་སྟེ་ རེ་བ་བསྐྱེདཔ་ཨིན། 11 དེ་ལས་ཁྱེད་ཀྱིས་ཡང་ ང་བཅས་ཀྱི་དོན་ལུ་སྨོན་ལམ་བཏབ་སྟེ་ ཆ་རོགས་འབད་དགོ་ དེ་སྦེ་འབདཝ་ལས་བརྟེན་ ཁྱེད་ཀྱི་སྨོན་ལམ་འདི་ དཀོན་མཆོག་གིས་གསན་ཏེ་ ང་བཅས་ལུ་སྲུང་སྐྱོབས་མཛད་གནངམ་ད་ མི་ལེ་ཤ་གིས་བཀྲིན་དགའ་ཚོར་འཕུལ་འོང་།། 12 ང་བཅས་ཀྱི་བྱ་སྤྱོད་དེ་ མི་ག་ར་གི་སྦུག་ལུ་འབད་རུང་ ལྷག་པར་དུ་ ཁྱེད་ཀྱི་སྦུག་ལུ་འབད་རུང་ དྲང་སེམས་དང་སེམས་དམ་པ་གི་ཐོག་ལས་ སྤྱོད་ལམ་ལེགས་ཤོམ་བཏོན་སྡོད་ཅི་ འདི་མི་གི་ཤེས་རབ་ཀྱི་ཐོག་ལས་མེན་པར་ དཀོན་མཆོག་གི་ཐུགས་རྗེ་ལས་སྦེ་ཨིན་ འདི་ཚུ་གི་སྐོར་ལས་ རྣལ་རིག་གསལ་ཏོག་ཏོ་ རང་ལུ་འཛོལ་བ་མེད་པར་ བློ་བདེ་ཏོག་ཏོ་གི་ཐོག་ལས་སླབ་ཚུགས། 13 ང་གིས་ཁྱེད་ལུ་བྲིས་མིའི་ཡི་གུ་ནང་ ཁྱེད་ཀྱིས་ལྷག་མ་ཚུགས་མི་དང་ ཧ་མ་གོ་མི་ ག་ནི་ཡང་མ་བྲིས་ ད་ལྟོ་ ཡི་གུ་དེ་ག་ར་ལེགས་ཤོམ་སྦེ་ཧ་མ་གོ་སྟེ་འབད་རུང་ མཐའན་མཇུག་ལུ་ ཁྱེད་ཀྱིས་ག་ར་ཧ་གོ་འོང་ཟེར་བའི་རེ་བ་ཡོད། 14 ད་ལྟོ་ཁྱེད་ཀྱིས་ང་བཅས་ལུ་ ལེགས་ཤོམ་སྦེ་ཧ་མ་གོ་རུང་ ཤུལ་ལས་ཁྱེད་ཀྱིས་ཧ་གོ་འོང་ དེ་ལས་གཙོ་བོ་ཡེ་ཤུ་ལོག་སྟེ་བྱོན་པའི་ཉིནམ་ལུ་ ཁྱེད་ང་བཅས་ལུ་བལྟ་སྟེ་ངལ་རངས་ནི་བཟུམ་སྦེ་ ང་བཅས་ཡང་ཁྱེད་ལུ་བལྟ་སྟེ་ ངལ་རངས་ནི་ཨིན། 15 ང་བཅས་ཀྱི་སྦུག་ལུ་མཐུན་ལམ་ལེགས་ཤོམ་ཡོདཔ་ལས་བརྟེན་ཏེ་ ཁྱེད་ཆ་ཁྱབ་བྱིན་རླབས་ལོག་བཏབ་སྦེ་ཐོབ་གེ་ཟེར་མནོ་སྟེ་ ང་གིས་ འགོ་དང་པ་རང་ཁྱེད་སྡོད་སར་ཚར་གཉིས་འོང་ནིའི་འཆར་གཞི་བརྩམས་ཡི། 16 འདི་ ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ ང་ མ་ཀེ་དོ་ནི་ཡ་ལུ་འགྱོཝ་ད་ ཁྱེད་དང་འཕྱད་ ད་རུང་ལོག་སྟེ་འོངམ་ད་ཡང་ ཁྱེད་སྡོད་སར་ཐོན་ནི་སྦེ་ཨིན་ དེ་ལས་ཁྱེད་ཀྱིས་ང་ལུ་ ལུང་ཕྱོགས་ ཡུ་དེ་ཡ་གི་ལམ་འགྲུལ་གྱི་དོན་ལུ་ ཁག་ཆེཝ་འདི་ཚུ་བྱིན་གཏང་འོང་ཟེར་མནོ་བསམ་བཏངམ་ཨིན། 17 ཁྱེད་ཆ་ཁྱབ་ཀྱིས་ དེ་སྦེ་ དྲིས་འོང་ག་མི་ཤེས་ ཁྱོད་ཀྱིས་འཆར་གཞི་ ག་ཅི་འབད་འགྱུར་ཏེ་གཏངམ་སྨོ་ཟེར་ དེ་འབདཝ་ད་ ང་གིས་ང་རང་གི་སེམས་ཁར་ སྣང་མེད་སྦེ་བརྩིས་ཏེ་ ངེ་གི་འཆར་གཞི་འགྱུར་ཏེ་མ་གཏང་ ང་གིས་ ད་རེས་བཏུབ་ཟེར་སླབ་ ནངས་པ་མི་བཏུབ་ཟེར་སླབ་མིའི་མི་ ང་མེན། 18 ང་བཅས་ཀྱིས་ཁྱེད་ལུ་ བློ་ག་ཅི་སླབ་རུང་ ཚར་གཅིག་བཏུབ་ཟེར་སླབ་ དེ་གི་ཤུལ་ལས་ མི་བཏུབ་ཟེར་སླབ་སྟེ་ བསྒྱུར་བཅོས་འབད་མི་མེན་ དེ་ཚུ་ག་ར་ དཀོན་མཆོག་ཁོ་རང་གིས་གཟིགས་ཏེ་ འཛོམ་དཔང་མཛད་གནང་འོང་། 19 ག་ཅི་སྨོ་ཟེར་བ་ཅིན་ སཱིལ་ཝ་ནུས་དང་ ཏི་མོ་ཐི་ དེ་ལས་ང་གིས་ དཀོན་མཆོག་གི་སྲས་ ཡེ་ཤུ་ཁིརཱིས་ཀྱི་སྐོར་ལས་ ཁྱེད་ཀྱི་སྦུག་ལུ་ཆོས་བཤད་ཅི་ ཡེ་ཤུ་ཁིརཱིས་ཀྱིས་ ཁོ་རང་གི་ཐུགས་བསམ་ བཏུབ་དང་མི་བཏུབ་ཟེར་ནམ་ཡང་བསྒྱུར་བཅོས་མི་མཛད་ ཁོ་གི་ཐོག་ལས་སྦེ་ དཀོན་མཆོག་གིས་བཏུབ་ཟེར་གསུངས་མི་དེ་ མངོན་སུམ་དུ་འབྱུང་འོང་། 20 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ ཡེ་ཤུ་ཁིརཱིས་ཀྱི་ཐོག་ལས་ ཁས་བླངས་ག་དེ་ཅིག་བཞེས་ཡི་ག་ འདི་ཚུ་ག་ར་བཏུབ་ཟེར་དོན་དག་གྲུབ་གནངམ་ཨིན་མས་ དེ་སྦེ་འབད་ནི་དེ་གིས་ ང་བཅས་ཀྱིས་ ཁོ་གི་ཐོག་ལས་ཡང་ དཀོན་མཆོག་ལུ་བསྟོད་པ་ཕུལ་ནི་སྦེ་ ཨ་མཱེན་ཟེར་ཞུཝ་ཨིན། 21 ད་དཀོན་མཆོག་གིས་ ཁྱེད་དང་ང་བཅས་ལུ་ ཁིརཱིས་ནང་དད་པ་སྒྲིང་སྒྲིང་སྦེ་ མཛད་གནངམ་ཨིནམ་མ་ཚད་ ཁོ་གིས་ང་བཅས་ལུ་ བཙག་འཐུ་མཛད་གནང་སྟེ་ཡོད། 22 དེ་ལས་ང་བཅས་ ཁོ་གི་ཨིན་ཟེར་བཏོན་ནིའི་དོན་ལུ་ རྟགས་དང་ཐིའུ་འདི་ ཁོ་གི་ཐུགས་ཉིད་ ང་བཅས་ཀྱི་སེམས་ཀྱི་ནང་ན་བཙུགས་གནང་སྟེ་ ཐུགས་ཉིད་དེ་ ང་བཅས་ཀྱི་དོན་ལུ་ ཁས་བླངས་རེ་རེ་གི་རྒྱབ་མི་སྦེ་ཡང་གནང་ནུག 23 ད་ང་གིས་དཀོན་མཆོག་གི་སྐུ་མདུན་ཕྲང་སླབ་ཨིན་ ང་ ཁྲོམ་ ཀོ་རཱིན་ཐི་ལུ་ལོག་མ་འོང་མིའི་དོན་དག་དེ་ ཁྱེད་ལུ་ཚོགས་བརྡ་བཏང་སྟེ་ ག་ཅི་འབད་སེམས་ཕམ་བཅུག་ནི་ཟེར་མནོ་སྟེ་ཨིན། 24 མ་གཞི་ ང་བཅས་ཀྱིས་ཁྱེད་ལུ་ ཁྱེད་རའི་དད་པ་ ག་དེ་སྦེ་ལག་ལེན་འཐབ་དགོཔ་ཨིན་ན་ཟེར་སླབ་ད་ ཁྱེད་ལུ་དབང་ནི་སྦེ་མེན་ དེ་འབདཝ་ད་ ང་བཅས་ཁྱེད་དང་གཅིག་ཁར་ ལཱ་འབད་དེ་ ཁྱེད་ཀྱི་སེམས་ཁར་ དགའ་སྤྲོ་བྱུང་བཅུག་ནི་སྦེ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་དད་པ་འདི་ ད་ལྟོ་ཡང་སྒྲིང་སྒྲིང་སྦེ་འདུག།
1 ད་ ང་རང་གི་མནོ་བསམ་ལུ་ ང་ལོག་སྟེ་ཁྱེད་སྡོད་སར་ མི་འོང་ནི་སྦེ་ཐག་བཅད་ཅི་ ག་ཅི་སྨོ་ཟེར་བ་ཅིན་ དེ་གིས་ཁྱེད་ལུ་ སེམས་སྐྱོ་བའི་གཞི་གཅིག་རང་འོང་ནི་མས། 2 ང་གིས་ཁྱེད་ལུ་སེམས་སྐྱོ་བཅུག་པ་ཅིན་ ལོག་སྟེ་ང་ལུ་ སེམས་དགའ་བཅུག་མིའི་མི་ ག་འོང་ནི་སྨོ། 3 དེ་འབདཝ་ལས་ ང་ལུ་དགའ་སྤྲོ་བྱུང་བཅུག་མི་ཚུ་གི་ཚབ་མ་ལུ་ སེམས་སྐྱོ་བའི་གཞི་གཅིག་རང་འོང་ནི་ཨིན་པ་ཅིན་ ང་ཁྱེད་སྡོད་སར་མི་འོང་ཟེར་ ཧེ་མ་གི་ཡི་གུ་འདི་ནང་ བྲིས་བྲིསཝ་ཨིན་ དོན་ལས་རང་ ང་གིས་ཁྱེད་ལུ་བློ་གཏད་དེ་སྡོད་ཅི་ ང་ལུ་དགའ་སྤྲོ་བྱུང་བཅུག་མི་རྒྱུ་མཚན་དེ་ ཁྱེད་ཀྱི་དགའ་སྤྲོ་ཡང་ཨིན་ཟེར་ ཁྱེད་ཀྱིས་ཤེས་འོང་། 4 ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་གི་ཡི་གུ་འདི་བྲིསཝ་ད་ ངེ་གི་སེམས་ཁར་ན་ཟུག་བརྐྱབས་ཏེ་ མིག་ཏོ་ལས་གནམ་མེད་ས་མེད་ མིག་ཆུ་འཛགས་ཅི་ དེ་སྦེ་འབད་མི་འདི་ ཁྱེད་ལུ་སེམས་སྐྱོ་བཅུག་ནི་སྦེ་བྲིས་བྲིསཝ་མེན་ དེ་འབདཝ་ད་ ངེ་གི་སེམས་ཀྱི་གཏིང་ལས་རང་ ཁྱེད་ལུ་བྱམས་པ་འབད་བའི་དོན་དག་ཨིན།། 5 ཁྱེད་ཀྱི་སྦུག་ལུ་ མི་གཅིག་གིས་ལྟས་ངན་འབདཝ་ད་ ང་ལས་ཡང་ལྷགཔ་སྦེ་ ཁྱེད་ག་ར་སེམས་ཤི་དགོཔ་ཐལ་སོང་ཡི་ འདི་ང་གིས་བློ་ཐེབས་བཏགས་ཏེ་སླབ་མེན། 6 ཨ་ནི་མི་དེ་གིས་འབད་མིའི་ཉེས་པ་འདི་ལུ་ ཁྱེད་ལེ་ཤ་ཅིག་གིས་ཁྲིམས་བཀལ་ཚར་ཡི་ དེ་ཅིག་གིས་བཏུབ་སྦེ་བཞག་དག 7 ད་ལྟོ་ཁོ་ལུ་ དགོངས་ཡངས་གཏང་སྟེ་ སེམས་གསོ་འབད་དགོཔ་ཐལ་ཡི་ དེ་སྦེ་མ་འབད་བ་ཅིན་ ཁོ་བློ་ཕམ་སྟེ་ བཟོད་མ་ཚུགས་པའི་ཚོར་བ་བྱུང་སྟེ་ དད་པ་ཉམས་འགྱོ་འོང་། 8 ད་ང་གིས་ཁྱེད་ལུ་སླབ་དོ་ ཁྱེད་ཀྱིས་ཁོ་ལུ་འབད་མིའི་བྱམས་པ་འདི་ ཡང་བསྐྱར་འབད་བྱིན་དགོ། 9 དོན་དག་གཅིག་འདི་ ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ཁྱེད་ལུ་བྲིས་མིའི་ཡི་གུ་འདི་ ཁྱེད་ལུ་ཚོད་བལྟ་ནིའི་དོན་ལུ་དང་ ང་གིས་སླབ་མི་འདི་ཚུ་ག་ར་ཉན་འོང་ག་ མི་ཉན་ག་ བལྟ་ནི་སྦེ་བྲིས་བྲིསཝ་ཨིན། 10 ཁྱེད་ཀྱིས་ག་ལུ་འབད་རུང་ དགོངས་ཡངས་གཏང་པ་ཅིན་ ང་གིས་ཡང་མི་འདི་ལུ་ དགོངས་ཡངས་གཏངམ་ཨིན་ ང་གིས་དགོངས་ཡངས་གཏང་དགོཔ་སྦེ་ཐལ་ཏེ་ཡོད་མི་དེ་ལུ་ དགོངས་ཡངས་གཏངམ་ད་ ཁིརཱིས་ཀྱི་སྐུ་མདུན་ལུ་ ཁྱེད་ཀྱི་ཁེ་ཕན་གྱི་དོན་ལུ་ཨིན། 11 དེ་འབདཝ་ལས་ བདུད་ སེ་ཏཱན་ང་བཅས་ལས་དྲགཔ་སྦེ་ འཐོན་མ་བཅུག་གེ་མནོ་སྟེ་ ང་གིས་འདི་འབད་ཡི་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་གྱོས་ངན་བརྩམས་མི་དེ་ ང་བཅས་ཀྱིས་ལེགས་ཤོམ་སྦེ་རང་ཤེས།། 12 ད་ང་ ཏོརོ་ཨཱས་ཀྱི་ཁྲོམ་ཁར་ལྷོདཔ་ད་ ཁིརཱིས་ཀྱི་གཏམ་བཟང་བཤད་ནི་གི་དོན་ལུ་ གཙོ་བོ་གིས་ང་ལུ་ གོ་སྐབས་བཟང་པོ་གཅིག་གནང་ཡི། 13 ཨིན་རུང་ ངེའི་སྤུན་ཆ་ ཏི་ཏུས་འདི་འཚོལ་མ་ཐོབ་ལས་བརྟེན་ཏེ་ ངེའི་སེམས་ཁར་ཚ་གྱང་ལང་སྟེ་སྡོད་ཅི་ དེ་ལས་ཁོང་ ཏོརོ་ཨཱས་ལུ་སྡོད་མིའི་ དདཔ་ཅན་ཚུ་ལུ་ སྡོད་སྨ་རེ་ཟེར་སླབ་སྦེ་ ང་ལུང་ཕྱོགས་ མ་ཀེ་དོ་ནི་ཡ་ལུ་སོང་ཡི། 14 དེ་འབདཝ་ད་ དཀོན་མཆོག་ལུ་བཀྲིན་ཆེ་ཟེར་ཞུ་ནི་ཨིན་ ག་ཅི་འབད་ཟེར་བ་ཅིན་ ཁིརཱིས་ཀྱི་རྒྱུད་ལས་སྦེ་ ཁོ་གིས་དམག་རྐྱབ་ས་ལས་ རྒྱལ་ཁ་ཐོབ་སྟེ་ལོག་བྱོན་དོཝ་བཟུམ་སྦེ་ ང་བཅས་ཁོ་རའི་བཙོན་པ་སྦེ་འཁྱིད་འབྱོནམ་ཨིན་ དེ་མ་ཚད་ ང་བཅས་ག་ཏེ་རང་འགྱོ་རུང་ ཁོ་གི་གཏམ་བཟང་འདི་ མི་གཞན་ག་ར་གིས་ ཚོར་བའི་དྲི་བཟང་གི་དྲིམ་ཞིམ་ཏོང་ཏོ་ ང་བཅས་ཀྱི་རྒྱུད་ལས་མནམ་བཅུགཔ་ཨིན། 15 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་མི་ཚེ་འདི་དཀོན་མཆོག་གི་དོན་ལུ་ ཁིརཱིས་ལས་བྱུང་འོང་མིའི་ དྲི་བཟང་ཞིམ་ཏོང་ཏོ་བཟུམ་སྦེ་ཨིན་ ཁོང་ཐར་པ་ཐོབ་མི་ཚུ་གི་དོན་ལུ་ ཨ་ནི་དྲི་བཟང་འདི་གིས་ ཁོང་ལུ་ལྷག་པར་དུ་ ཚེ་མཐའ་མེདཔ་ནང་འཁྱིད་འགྱོཝ་ཨིན་ དེ་འབདཝ་ད་ ཁོང་མེདཔ་ཐལ་འགྱོ་མི་ཆ་ཁྱབ་ཀྱི་དོན་ལུ་ འཆི་བའི་ལམ་ནང་འཁྱིད་མི་ སྡུག་ཁིག་ཁི་སྦེ་མནམ་མིའི་དྲིམ་བཟུམ་སྦེ་ཨིན་ དེ་སྦེ་འབད་ནི་འདི་གིས་ ཨ་ནི་བཟུམ་གྱི་ཧ་ལས་སི་སི་ལཱ་ ག་གིས་འབད་ཚུགསཔ་སྨོ། 17 དེ་ལས་ང་བཅས་མི་གཞན་བཟུམ་སྦེ་མེན་ ཁོང་ལེ་ཤ་ཅིག་གིས་ དཀོན་མཆོག་གི་གསུང་འདི་ ཏི་རུ་བཟོ་བའི་དོན་ལུ་ ཆོས་བཤདཔ་ཨིན་མས་ ང་བཅས་དེ་སྦེ་མེན་པར་ ཕྲང་སྟེ་འབད་མི་ཚུ་ཨིན་ དེ་མ་ཚད་ ཁིརཱིས་ཀྱི་དབང་ཚད་ནང་ ང་བཅས་དཀོན་མཆོག་གིས་བཏང་གནང་མི་ཚུ་ཨིན་ དེ་ལས་ང་བཅས་ཆོས་བཤད་དེས་ཟེར་ ཁོ་གིས་གཟིགས་ཏེ་བཞུགས་ཡོདཔ་ཨིན།།
1 ད་ང་བཅས་ཀྱིས་ད་རུང་ཡང་ རང་བསྟོད་བརྐྱབ་ནི་འགོ་བཙུགསཔ་ཨིན་ན་ མི་གཞན་བཟུམ་སྦེ་ ང་བཅས་ཁྱེད་སྡོད་སར་འོངམ་ད་ རྒྱབ་སྐྱོར་ཡི་གུ་གཅིག་ འབག་འོང་དགོཔ་ཨིན་ན་ ཡང་ན་ ང་བཅས་ཀྱི་དོན་ལུ་ཁྱེད་ཀྱིས་ རྒྱབ་སྐྱོར་ཡི་གུ་གཅིག་བྲིས་ཏེ་ གཏང་དགོཔ་ཨིན་ན། 2 དེ་སྦེ་མེན་ ང་བཅས་ལུ་དགོ་པའི་རྒྱབ་སྐྱོར་ཡི་གུ་འདི་ ཁྱེད་ཆ་ཁྱབ་ཨིན་ ང་བཅས་ཀྱི་ལཱ་བཟང་པོ་ ཁྱེད་ཀྱི་སྦུག་ལུ་འབད་དེ་ཡོད་མི་ མི་ག་ར་གིས་ལྷག་སྟེ་ ཤེས་ཚུགས་མི་ ཁྱེད་ཀྱི་མི་ཚེ་གསརཔ་དེ་ ང་བཅས་ཀྱི་སེམས་ཁར་བྲིས་ཏེ་རང་ཡོད། 3 ཁྱེད་ཆ་ཁྱབ་ ང་བཅས་ཀྱི་ལཱ་གི་འབྲས་བུ་ ཕྱི་ཁར་གསལ་ཏོག་ཏོ་མཐོང་ཚུགས་མི་ ཡེ་ཤུ་ཁིརཱིས་ཀྱི་ཕྱག་ཡིག་ཨིན་ འདི་སྣག་རྩི་གིས་ བྲིས་བྲིསཝ་མེན་པར་ གསོན་པོ་བཞུགས་ཡོད་མིའི་ དཀོན་མཆོག་གི་ཐུགས་ཉིད་ཀྱིས་ བྲིས་བྲིསཝ་དང་ རྡོ་ལེབ་གུ་བྲིས་ཏེ་ཡོད་མིའི་རི་མོ་བཟུམ་སྦེ་མེན་པར་ མིའི་སེམས་ཁར་བྲིས་ཏེ་ཡོད་མིའི་ ཡི་གུ་དེ་ཨིན། 4 དེ་སྦེ་བློ་གཏད་ཚུགས་མི་འདི་ཡང་ དཀོན་མཆོག་གི་སྐུ་མདུན་ལུ་བཞུགས་ཡོད་མིའི་ ཡེ་ཤུ་ཁིརཱིས་ལས་བརྟེན་ཏེ་ཨིན། 5 དེ་ལས་ ང་བཅས་རང་གི་ལྕོགས་གྲུབ་ཀྱིས་ འདི་ཚུ་ག་ར་འབད་ཚུགསཔ་ཨིན་ཟེར་ ང་བཅས་ཀྱིས་མནོ་བསམ་རྩ་ལས་རང་མ་གཏང་ དེ་འབདཝ་ད་ འདི་ཚུ་ག་ར་དཀོན་མཆོག་གི་དབང་ཤུགས་ཀྱིས་ འབད་ཚུགསཔ་ཨིན། 6 དེ་ལས་ཁོ་གིས་ ང་བཅས་ཞལ་འཆེས་གསརཔ་གི་ཞབས་ཏོག་གི་ ལཱ་འབད་མིའི་ ལྕོགས་གྲུབ་ཅན་གཅིག་སྦེ་མཛད་གནང་ཡི་ ཞལ་འཆེས་གསརཔ་འདི་ ཧེ་མ་གི་བཀའ་ཁྲིམས་དང་འཁྲིལ་ཏེ་མེན་པར་ ཐུགས་ཉིད་ལས་བརྟེན་ཏེ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ བཀའ་ཁྲིམས་དང་འཁྲིལ་ཏེ་བྲིས་བཞག་མི་འདི་གིས་ བསད་བཅུགཔ་ཨིན་མས་ དེ་འབདཝ་ད་ དམ་པའི་ཐུགས་ཉིད་ཀྱིས་ ང་བཅས་ལུ་གསོན་པོ་སྦེ་ སྡོད་ནིའི་དོན་ལུ་ཚེ་གནངམ་ཨིན།། 7 ད་ རྡོ་ལེབ་གུ་པ་ཏྲ་བརྐོ་སྟེ་ མོ་སཱེས་ལུ་གནང་མིའི་བཀའ་ཁྲིམས་དེ་ འཆི་བ་ནང་འཁྱིད་སྐྱེལ་མི་གཅིག་ཨིན་རུང་ འདི་གཟི་བརྗིད་ཅན་སྦེ་བྱུང་ནུག་ ཨ་ནི་གཟི་བརྗིད་ཀྱི་འོད་དེ་ མོ་སཱེས་ཀྱི་གདོང་ལུ་ཤར་ནུག་ མ་གཞི་ འོད་འདི་ དེ་བསྒང་ལས་རང་ ཡལ་ནི་འགོ་བཙུགས་ཏེ་འབད་རུང་ ཨཱིས་ར་ཨཱེལ་གྱི་མི་དེ་ཚུ་གིས་ ཁོ་ལུ་བལྟ་མ་ཚུགས་པས། 8 དེ་འབདཝ་ལས་ དམ་པའི་ཐུགས་ཉིད་ཀྱིས་སྐྱོང་མི་འདི་གིས་ འདི་བ་ལྷག་པའི་ གཟི་བརྗིད་སྦོམ་སྦེ་མི་འབྱུང་ག། 9 ཉེས་ཆད་བཀལ་ཏེ་སྐྱོང་མི་བཀའ་ཁྲིམས་འདི་ལུ་ གཟི་བརྗིད་སྦོམ་ཡོད་པ་ཅིན་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་གིས་ སྐྱོང་མི་འདི་ལུ་ གཟི་བརྗིད་ག་དེམ་ཅིག་ སྦོམ་མི་འོང་ནི་སྨོ། 10 ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་གི་ཞལ་འཆེས་གསརཔ་གི་གཟི་བརྗིད་འདི་ འགོ་དང་པ་བཀའ་ཁྲིམས་ཀྱི་གཟི་བརྗིད་ ཡལ་འགྱོ་མི་དང་འཕྱདཔ་ད་ གནམ་མེད་ས་མེད་ ཧ་ལས་སི་སི་ཨིན། 11 དེ་ལས་ ད་ལྟོ་ཡལ་སོང་མི་དེ་ འགོ་དང་པ་གཟི་བརྗིད་ཅན་སྦེ་བྱུང་བྱུངམ་ཨིན་པ་ཅིན་ འགྱུར་བ་མེད་པར་སྡོད་མིའི་ ཞལ་འཆེས་གསརཔ་གི་གཟི་བརྗིད་འདི་ ག་དེམ་ཅིག་སྦོམ་འོང་ནི་སྨོ། 12 དེ་འབདཝ་ལས་ ཞལ་འཆེས་གསརཔ་གི་རྒྱུད་ལས་ རེ་བ་སྦོམ་ང་བཅས་ལུ་གནང་ཡོདཔ་ལས་ ང་བཅས་ཀྱིས་ བློ་ཁོག་སྦོམ་སྦེ་སླབ་ཚུགས། 13 ཨཱིས་ར་ཨཱེལ་པ་ཚུ་གིས་ མོ་སཱེས་ཀྱི་གདོང་ཁར་ལས་ ཡལ་འགྱོ་ནི་ཨིན་མིའི་འོད་ཟེར་དེ་ལུ་ མཐོང་མ་བཅུག་ནི་སྦེ་ ཁོ་རང་གི་གདོང་ཁར་ གདོང་ཁེབས་བཀབ་སྟེ་སྡོད་མི་བཟུམ་ ང་བཅས་མེན། 14 དེ་སྦེ་འབད་མི་འདི་ ཁོང་མི་སེམས་སྲ་ཀྲག་འབདཝ་ལས་བརྟེན་ཏེ་ཨིན་མས་ ད་ལྟོ་གི་བར་ན་ཡང་ ཁོང་གིས་ཞལ་འཆེས་རྙིངམ་ལྷགཔ་ད་ ཨ་ནི་གདོང་ཁེབས་ ཁོང་གི་སེམས་ཁར་བཀབ་སྡོད་དེ་ བདེན་པ་རྩ་ལས་ཧ་གོ་མ་ཚུགས་པར་སྡོདཔ་ཨིན་ ཁིརཱིས་ལུ་དད་པ་བསྐྱེདཔ་ཙམ་གྱིས་ གདོང་ཁེབས་དེ་བཤུབ་གཏང་ཚུགས། 15 དོན་ལས་རང་ཨིན་ ད་ལྟོ་གི་བར་ན་ཡང་ མོ་སཱེས་ཀྱི་བཀའ་ཁྲིམས་ཚུ་ ཁོང་གི་ལྷགཔ་ད་ ཁོང་གི་སེམས་ཁར་ གདོང་ཁེབས་བཀབ་སྟེ་ ཧ་མ་གོ་བར་སྡོདཔ་ཨིན། 16 དེ་འབདཝ་ད་ མི་ག་ར་ཨིན་རུང་ གཙོ་བོ་གི་སྐུ་མདུན་ལུ་ལོག་འོང་པ་ཅིན་ ཨ་ནི་གདོང་ཁེབས་འདི་བཤུབ་བཀོཝ་ཨིན། 17 ད་གཙོ་བོ་འདི་ཐུགས་ཉིད་ཨིན་ དེ་ལས་གཙོ་བོ་གི་ཐུགས་ཉིད་ ག་བཞུགས་སར་ རང་དབང་ཡོདཔ་ཨིན། 18 ང་བཅས་ག་ར་གིས་ གདོང་ཁེབས་འདི་འཕུད་བཀོ་སྟེ་ གཙོ་བོ་གི་གཟི་བརྗིད་དེ་དང་མཇལཝ་ཨིན་ དེ་གིས་འབད་ ང་བཅས་ལུ་ཡང་ ཁོ་གི་སྐུ་བརྙན་བཟུམ་སྦེ་རང་ གཟི་བརྗིད་ལས་ གཟི་བརྗིད་ཅན་སྦེ་འགྱུར་གནང་ནི་ཨིན་ དེ་ག་ར་གཙོ་བོ་གི་ཐུགས་ཉིད་ལས་སྦེ་བྱུངམ་ཨིན།།
1 དེ་འབདཝ་ལས་ དཀོན་མཆོག་གི་སྙིང་རྗེ་གི་སྒོ་ལས་ ང་བཅས་ལུ་ ཨ་ནི་ལཱ་འདི་གི་འགན་ཁག་གནང་སྟེ་ཡོདཔ་ལས་ ང་བཅས་རྒྱབ་བཤུད་མི་རྐྱབ། 2 གསང་སྟེ་འབད་མི་ ལཱ་ངོ་ཚ་སི་སི་ང་བཅས་ཀྱིས་མི་འབད་ དེ་མ་ཚད་གཡོ་སྒྱུ་འབད་ནི་དང་ དཀོན་མཆོག་གི་གསུང་བསྒྱུར་གཏང་ནི་ཡང་ ང་བཅས་ཀྱིས་ཁས་མི་ལེན་ དེ་འབདཝ་ད་ བདེན་པ་ལུ་ཧིང་སངས་ས་སྦེ་ཕྱི་སྟོན་ཏེ་ དཀོན་མཆོག་གིས་གཟིགས་ས་དང་ མི་གི་མཐོང་ས་ ང་བཅས་ལུ་བློ་གཏད་ཚུགསཔ་སྦེ་ ལཱ་འབདཝ་ཨིན། 3 ག་དེམ་ཅིག་སྦེ་ ང་བཅས་ཀྱིས་བཤད་མིའི་གཏམ་བཟང་འདི་ གདོང་ཁེབས་ཀྱི་རྒྱབ་ལས་སྦ་སྟེ་ཡོད་པ་ཅིན་ ཁོང་མེདཔ་ཐལ་འགྱོ་མི་ཚུ་གི་དོན་ལུ་རྐྱངམ་གཅིག་ཨིན། 4 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་སྐུ་བརྙན་ཨིན་མིའི་ཁིརཱིས་ ཁོ་རའི་གཟི་བརྗིད་ཅན་ཡོད་མི་ གཏམ་བཟང་གི་འོད་ མཐོང་མ་བཅུག་ནི་གི་དོན་ལུ་ ཨ་ནི་དུས་རབས་ཀྱི་ལྷ་ སེ་ཏཱན་གྱིས་ ཁོང་དད་པ་མ་བསྐྱེད་མི་ཚུ་གི་མིག་ཏོ་ ཞརཝ་བཟོཝ་ཨིན་མས། 5 ང་བཅས་ཀྱིས་ རང་གི་སྐོར་ལས་ཆོས་མི་བཤད་ དེ་འབདཝ་ད་ ཁིརཱིས་ཡེ་ཤུ་དེ་གཙོ་བོ་ཨིན་ཟེར་ ཆོས་བཤདཔ་ཨིན་ དེ་སྦེ་ཆོས་བཤད་མི་དེ་ ཡེ་ཤུ་གི་ཐོག་ལས་ ང་བཅས་ཁྱེད་ལུ་ཞབས་ཏོག་ཞུཝ་ཨིན། 6 གནག་དུང་ནང་འོད་ཟེར་ཤར་བཅུག་ཟེར་གསུངས་མིའི་དཀོན་མཆོག་གིས་ འོད་ཟེར་འདི་ ང་བཅས་ཀྱི་སེམས་ནང་ཡང་ཤར་བཅུག་ཞིནམ་ལས་ དེ་གིས་ང་བཅས་ལུ་ ཤེས་རབ་གནང་སྟེ་ ང་བཅས་ཀྱིས་དཀོན་མཆོག་གི་གཟི་བརྗིད་འདི་ ངོ་ཤེས་ཚུགསཔ་སྦེ་ མཛད་གནང་ཡི་ ཨ་ནི་གཟི་བརྗིད་འདི་ ཁིརཱིས་ཀྱི་ཞལ་གུ་མཇལ་ཚུགསཔ་ཨིན།། 7 དེ་འབདཝ་ད་ ག་ར་ལས་ལྷག་པའི་དབང་ཤུགས་ ཚད་མེདཔ་འདི་ ང་བཅས་རང་ལས་མེན་པར་ དཀོན་མཆོག་ལས་ཨིན་ཟེར་ ཕྱི་ཁར་བཏོན་ནིའི་དོན་ལུ་ རྩ་ཆེན་གཏེར་འདི་ ང་བཅས་ཀྱི་ལུས་ སའི་རྫམ་བཟུམ་ནང་ཡོད། 8 ང་བཅས་ལུ་དཀའ་ངལ་གྱིས་ ཕྱོགས་ག་ར་ནང་ལས་མནན་ཏེ་ཡོད་རུང་ ང་བཅས་ལུ་དཀྲུམ་མ་ཚུགསཔ་ ང་བཅས་མགུ་འཐོམ་སྟེ་ཡོད་རུང་ རེ་ཐག་མ་རྫོགས། 9 མི་གིས་ང་བཅས་ལུ་ གནོད་པ་བཀལ་ཏེ་ ལཱ་ཁག་རྐྱབ་རུང་ དཀོན་མཆོག་གིས་ང་བཅས་ལུ་ སྤང་སྟེ་མ་བཞག་ ང་བཅས་ལུ་ དྲང་སྟེ་འགྱེལ་སོང་རུང་ འཆི་བ་ལུ་མ་ཐུག་པར་ ཡར་ལོང་སྟེ་འགྱོ་དོ། 10 ཨ་ནི་སྡུག་བསྔལ་ ང་བཅས་ཀྱིས་ལུས་གུ་འབག་སྟེ་ ཡེ་ཤུ་གཤགས་པའི་སྡུག་བསྔལ་ནང་ འཕྲོ་མཐུད་དེ་རང་ ང་བཅས་བཅའ་མར་གཏོགསཔ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་གི་སྐུ་ཚེ་འདི་ ང་བཅས་ཀྱི་ལུས་ནང་ མངོན་སུམ་དུ་མཐོང་ཚུགས་ནིའི་དོན་ལུ་ཨིན། 11 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་གསོན་པོ་སྦེ་སྡོད་མི་ཆ་ཁྱབ་ ཨ་རྟག་རང་ ཡེ་ཤུ་གི་དོན་ལུ་ འཆི་བ་ནང་སྐྱེལ་ཡོདཔ་ཨིན་ འདི་གིས་འབད་དེ་ ང་བཅས་མི་རྟག་པའི་ལུས་ཀྱི་ནང་ན་ ཡེ་ཤུ་སྐུ་གསོན་པོ་བཞུགས་ཡོད་ཟེར་ སྟོན་ནིའི་དོན་ལུ་ཨིན། 12 དེ་འབདཝ་ལས་འཆི་བ་གིས་ ང་བཅས་ཀྱི་ནང་ན་ལཱ་འབདཝ་ཨིན་ དེ་འབདཝ་ད་ ཁོ་གི་སྐུ་ཚེ་མཐའ་མེདཔ་འདི་གིས་ ཁྱེད་ནང་ལུ་ཕྱག་ལཱ་མཛདཔ་ཨིན། 13 གསུང་རབ་ནང་བྲིས་ཏེ་ཡོད་མི་དང་འཁྲིལ་ཏེ། ང་གིས་དད་པ་བསྐྱེད་ཅི་ དེ་འབདཝ་ལས་ ང་གིས་བློ་ཡང་སླབ་ཅི་ཟེར་ ང་བཅས་ལུ་ ཨ་ནི་བཟུམ་གྱི་སེམས་ཡོདཔ་ལས་བརྟེན་ཏེ་ ང་བཅས་ཀྱིས་ཡང་དད་པ་བསྐྱེད་དེ་ བློ་སླབ་ཨིན། 14 ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་ཡེ་ཤུ་ལུ་གཤགས་ས་ལས་ གསོན་པོ་བཞེངས་གནང་མི་ དཀོན་མཆོག་གིས་ ང་བཅས་ལུ་ཡང་ ཡེ་ཤུ་དང་གཅིག་ཁར་ གསོན་པོ་ལྷོང་གནང་སྟེ་ ཁྱེད་དང་ང་བཅས་ ཁོ་རང་གི་སྐུ་མདུན་ལུ་ སྡོད་ནི་ཡོད་ཟེར་ང་བཅས་ཀྱིས་ཤེས། 15 འདི་ཚུ་ག་ར་ ཁྱེད་ལུ་ཕན་ཐོགས་ནི་གི་དོན་ལུ་ཨིན་ དེ་གིས་འབད་ དཀོན་མཆོག་གི་ཐུགས་རྗེ་དེ་ མི་རློབས་ལས་མི་རློབས་དར་ཁྱབ་འགྱོ་ནི་དང་ ལྷག་པར་དུ་ དཀོན་མཆོག་ལུ་བཀྲིན་ཆེ་ཟེར་ཞུ་སྟེ་ ཁོ་ལུ་གཟི་བརྗིད་དང་བསྟོད་པ་ཡར་འཕེལ་གཏང་ནི་ཨིན། 16 དེ་འབདཝ་ལས་ ང་བཅས་ནམ་ཡང་རྒྱབ་བཤུད་མི་རྐྱབ་ ང་བཅས་ཀྱི་ལུས་འདི་མར་ཉམས་ཏེ་ ཉག་ཕྲ་སི་སི་འགྱོ་སྟེ་འབད་རུང་ སེམས་འདི་ ཉིནམ་གཅིག་བ་ཉིནམ་གཅིག་ གསརཔ་སྦེ་ཡར་རྒྱས་འགྱོཝ་ཨིན། 17 ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་ང་བཅས་ཀྱིས་ མྱོང་མིའི་དཀའ་ངལ་འདི་ ཆུང་ཀུ་དང་ དུས་ཡུན་ཐུང་ཀུ་ཅིག་གི་དོན་ལུ་ཨིན་ དེ་གིས་ང་བཅས་ལུ་ ཚད་འཇལ་མ་ཚུགས་པའི་ གཟི་བརྗིད་སྦོམ་ དུས་ཨ་རྟག་རང་བརྟན་ཏོག་ཏོ་སྦེ་སྡོད་ནི་གི་ གྲུབ་འབྲས་ཐོན་ཚུགས་པའི་དོན་ལུ་ གྲ་སྒྲིག་རྐྱབ་དོ། 18 དེ་འབདཝ་ལས་ མཐོང་ཚུགས་མི་སྙིང་པོ་ཚུ་ལུ་མ་བལྟ་བར་ མིག་གིས་མ་མཐོང་མི་སྙིང་པོ་ཚུ་ལུ་བལྟཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ མིག་གིས་མཐོང་ཚུགས་མི་སྙིང་པོ་འདི་ཚུ་ གནས་སྐབས་གཅིག་གི་དོན་ལུ་རྐྱངམ་གཅིག་ཨིན་ དེ་འབདཝ་ད་ མིག་གིས་མ་མཐོང་མི་ སྙིང་པོ་འདི་དུས་རྟག་བུ་རང་སྡོད་འོང་།།
1 ད་འཛམ་བུ་གླིང་འདི་ནང་ སྡོད་པའི་སྐབས་ཀྱི་ལུས་འདི་ གུར་བཟུམ་སྦེ་ཨིན་ གུར་འདི་མར་བཤུབ་སྟེ་མེདཔ་ཐལ་འགྱོ་འོང་ དེ་འབདཝ་ད་ དེ་གི་ཚབ་ལུ་ ཞིང་ཁམས་ཀྱི་ཁྱིམ་ ང་བཅས་ཀྱི་ལུས་བརྟན་ཏོག་ཏོ་ཤི་ནི་མེདཔ་འདི་ ཐོབ་ནི་ཨིན་ ཨ་ནི་འདི་མི་གིས་བཟོཝ་མེན་པར་ དཀོན་མཆོག་ཁོ་རང་གི་ཕྱག་གིས་ ང་བཅས་ཀྱི་དོན་ལུ་མཛད་གནང་གནངམ་ཨིན་ཟེར་ཤེས། 2 ང་བཅས་ ད་ལྟོ་གི་ལུས་འདི་ནང་ དཀའ་ངལ་གྱིས་དྲེགས་མ་ཚུགས་པར་འཁུན་ཏེ་ ལུས་གསརཔ་ ཞིང་ཁམས་ཀྱི་ཁྱིམ་བཟུམ་འབད་མི་ དེ་ནང་སྡོད་དགོ་མནོ་སྟེ་ སྒུག་སྡོདཔ་ཨིན། 3 ག་ཅི་སྨོ་ཟེར་བ་ཅིན་ ཞིང་ཁམས་ཀྱི་ལུས་ ཁྱིམ་སྦེ་ཐོབ་ད་ ང་བཅས་སྡོད་སའི་མེདཔ་སྦེ་མི་ལུས། 4 ད་ལྟོ་ཤི་ནི་གི་ལུས་དེ་ནང་སྡོད་ནི་དེ་གིས་ ང་བཅས་སྡུག་བསྔལ་གྱི་འོག་ལུ་མནན་ཏེ་འཁུནམ་ཨིན་ ད་ལྟོ་གི་ལུས་དེ་བཀོ་བཞག་སྟེ་ ཤི་དགོ་མ་མནོ་རུང་ ཤི་འགྱོ་མི་ལུས་དེ་ མཐའ་མེད་པའི་གསོན་པོའི་ལུས་ལུ་ འགྱུར་བཅུག་ནི་གི་དོན་ལུ་ ང་བཅས་ཞིང་ཁམས་ཀྱི་ལུས་གསརཔ་འདི་ དགོཔ་ཨིན། 5 དེ་ལས་ དེ་སྦེ་འགྱུར་ནི་གི་དོན་ལུ་ དཀོན་མཆོག་གིས་གྲ་སྒྲིག་མཛད་གནངམ་མ་ཚད་ དམ་པའི་ཐུགས་ཉིད་དེ་ ང་བཅས་ཀྱི་རྒྱབ་མི་སྦེ་གནང་ཡི། 6 དེ་འབདཝ་ལས་ ང་བཅས་ཀྱིས་ཏན་ཏན་ཤེས་ ང་བཅས་ཨ་ནི་ལུས་ཀྱི་ཁྱིམ་ནང་སྡོད་པའི་རིང་ལུ་ ང་བཅས་ལུ་གཙོ་བོ་གིས་གནང་ནི་འབད་མི་ཁྱིམ་ནང་སྡོད་མི་ཚུགས། 7 དེ་འབདཝ་ལས་ ཕྱི་མིག་གིས་བལྟ་མི་མེན་པར་ ང་བཅས་དད་པ་བསྐྱེད་དེ་སྡོདཔ་ཨིན། 8 ང་བཅས་ཀྱིས་ཐད་རི་བ་རི་སླབ་ཨིན་ ང་བཅས་ཀྱི་ལུས་དང་ཁ་འབྱལ་ཏེ་ གཙོ་བོ་དང་གཅིག་ཁར་སྡོད་ནི་འདི་ ང་བཅས་ཀྱིས་གདམ་ཁ་རྐྱབ་ཨིན། 9 དེ་འབདཝ་ལས་ ལུས་ཀྱི་ཁྱིམ་ནང་སྡོད་རུང་ ཡང་ན་འདི་ལས་ སོ་སོ་སྦེ་ཁ་འབྱལ་ཏེ་འགྱོ་རུང་ ང་བཅས་ཀྱི་དམིགས་ཡུལ་འདི་ གཙོ་བོ་ལུ་ཐུགས་དགྱེསཔ་བཟོ་ནི་དེ་ཨིན། 10 ག་ཅི་སྨོ་ཟེར་བ་ཅིན་ ལུས་ནང་སྡོད་པའི་རིང་ལུ་ ཡང་ན་ལེགས་ཤོམ་འབད་རུང་འདྲ་ ཡང་ན་ཟོགཔ་འབད་རུང་འདྲ་ འདི་གི་འབྲས་བུ་ཐོབ་ནི་སྦེ་ ཨིན་ཅི་མིན་ཅི་ ཁྲིམས་ཕྱེ་སྟེ་གནང་མི་ཁིརཱིས་ཀྱི་སྐུ་མདུན་ལུ་ ང་བཅས་རེ་རེ་བཞིན་དུ་བཅར་དགོ།། 11 ང་བཅས་ཀྱིས་དཀོན་མཆོག་ལུ་བལྟ་སྟེ་ ག་དེ་སྦེ་འདྲོག་སྡོད་དགོཔ་ཨིན་ན་ དེ་ཚུ་ང་བཅས་ཀྱིས་ཤེས་ དེ་འབདཝ་ལས་ མི་ཚུ་གིས་ཁིརཱིས་ལུ་དད་པ་བསྐྱེད་གེ་ཟེར་ ང་བཅས་ལཱ་ཁག་རྐྱབ་རུང་ རྩ་འགེངསམ་ཨིན་ མ་གཞི་ ང་བཅས་ཀྱི་སེམས་ དཀོན་མཆོག་གིས་མཁྱེན་ དེ་མ་ཚད་ ཁྱེད་ཀྱིས་ཡང་ང་བཅས་ མི་ག་དེ་སྦེ་ཨིན་ན་ ལེགས་ཤོམ་སྦེ་ ངོ་ཤེས་འོང་ཟེར་ང་ལུ་རེ་བ་ཡོད། 12 དེ་ལས་ང་བཅས་ཀྱིས་ ལོག་ཅི་ལོག་ཅི་ རང་བསྟོད་རྐྱབ་རྩ་ལས་མེན་ དེ་འབདཝ་ད་ ཁྱེད་ཀྱིས་ང་བཅས་ལུ་བལྟ་སྟེ་ ངལ་རངས་ནི་གི་གོ་སྐབས་ཐོབ་ནིའི་དོན་ལུ་ཨིན་ དེ་ལས་མི་གཞན་གྱིས་ཁྱེད་དང་གཅིག་ཁར་ ཁོང་རང་གི་སྐོར་ལས་ ཕྲང་ཏང་ཏ་མེད་པའི་སེམས་ཀྱི་ཐོག་ལས་ ལྷག་བསམ་རྣམ་དག་མེད་པའི་ རང་བསྟོད་རྐྱབ་སྟེ་སླབ་ད་ དེ་གི་ལན་ཡང་སླབ་ཚུགས་འོང་། 13 ང་བཅས་ཀྱིས་འབད་དེ་ཡོད་མི་ཚུ་ལུ་ ཁྱེད་ཀྱིས་བལྟཝ་ད་ ང་བཅས་འཆོལ་ལོང་བཟུམ་སྦེ་མཐོང་རུང་ དེ་དཀོན་མཆོག་གི་དོན་ལུ་ཨིན་ ཡང་ན་ དྲན་པ་གསལ་ཏོག་ཏོ་སྦེ་མཐོང་སྟེ་འབད་རུང་ དེ་ཁྱེད་ཀྱི་དོན་ལུ་འབདཝ་ཨིན། 14 ད་ ཁིརཱིས་མི་ག་ར་གི་དོན་ལུ་གཤགས་ཏེ་ མི་ག་ར་ཁོང་ ཁོང་རང་ཤི་སོངམ་བཟུམ་སྦེ་རང་ཨིན་ ཁོ་མི་ག་ར་གི་དོན་ལུ་གཤགས་དགོ་པའི་དོན་དག་དེ་ ང་བཅས་མི་ཚེ་གསརཔ་ཐོབ་ཞིནམ་ལས་ རང་གི་དོན་ལུ་སྡོད་ནི་མེན་པར་ ཁིརཱིས་ཀྱི་དོན་ལུ་སྡོད་ནི་སྦེ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁིརཱིས་ཁྲམ་ཤིང་གུ་གཤགས་ཏེ་ ལོག་སྐུ་གསོན་པོ་བཞེངས་གནང་དགོ་མི་འདི་ཡང་ ང་བཅས་ཀྱི་དོན་ལུ་ཨིན་ རྒྱུ་མཚན་དེ་ལུ་བརྟེན་ཏེ་ ཁོ་གི་བྱམས་པ་དེ་གིས་ གཞན་གྱི་དོན་ལས་སྡོད་ནི་ལུ་ བྱ་ཐབས་མེདཔ་སྦེ་ འབད་བཅུགཔ་ཨིན། 16 དེ་འབདཝ་ལས་ ཁིརཱིས་ཀྱི་བྱམས་པ་ཧ་གོ་ནིའི་དུས་ལས་འགོ་བཙུགས་ཏེ་ ང་བཅས་མི་གི་རང་བཞིན་གྱིས་ མནོ་བསམ་གཏང་ཐངས་དང་འཁྲིལ་ཏེ་ གཞན་ལུ་དབྱེ་ཞིབ་དཔྱད་ནི་སྤང་བཞགཔ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ཚར་གཅིག་ ང་བཅས་ཀྱིས་ཡང་ ཁིརཱིས་འདི་མི་རྐྱངམ་གཅིག་ཨིན་ཟེར་ མནོ་བསམ་བཏང་སྡོད་ཅི་ ད་ང་བཅས་ཁོ་ལུ་དེ་སྦེ་མི་མནོ། 17 ག་ཅི་སྨོ་ཟེར་བ་ཅིན་ མི་ག་ར་འབད་རུང་ ཡེ་ཤུ་ཁིརཱིས་ཀྱི་ཨིན་པ་ཅིན་ ཁོ་མི་གསརཔ་ལུ་འགྱུརཝ་ཨིན་ ཁོ་གི་ཧེ་མ་གི་རང་བཞིན་རྙིངམ་འདི་ཡལ་འགྱོ་སྟེ་ མི་གསརཔ་ལུ་འགྱུརཝ་ཨིན། 18 དེ་ལས་གསརཔ་ཡོད་མི་འདི་ཚུ་ག་ར་ དཀོན་མཆོག་གིས་མཛད་གནང་གནངམ་ཨིན་ ཁོ་གིས་ང་བཅས་ཆ་ཁྱབ་ལུ་ ཁིརཱིས་ཀྱི་རྒྱུད་ལས་སྦེ་ ཁོ་རང་དང་མཐུན་ལམ་ཡོདཔ་ མཛད་གནངམ་མ་ཚད་ མཐུན་ལམ་བཟོ་ནི་གི་ལཱ་འདི་ ང་བཅས་ལུ་གནང་ཡི། 19 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་ཁོ་རང་ ཁིརཱིས་ཀྱི་རྒྱུད་ལས་སྦེ་ འཛམ་གླིང་གི་མི་དང་མཐུན་ལམ་མཛད་གནང་སྟེ་ མི་ཚུ་གིས་འབད་མིའི་སྡིག་པ་ ཐུགས་ཁར་མ་བསྣམས་པར་ ཁོ་རང་དང་མིའི་བར་ན་ འཆམ་ཁ་བཟོ་ནི་གི་གཏམ་བཟང་འདི་ ང་བཅས་ལུ་གནང་ཡི། 20 དེ་འབདཝ་ལས་ ང་བཅས་ག་ར་ཁིརཱིས་ཀྱི་སྐུ་ཚབ་ཨིན་ དེ་ལས་དཀོན་མཆོག་གིས་ང་བཅས་ལས་རྒྱུད་དེ་ བསླབ་བྱ་གནང་མི་དེ་ ང་བཅས་ཀྱིས་ ཁིརཱིས་ཀྱི་ཁ་ཐུག་ལས་སྦེ་ ཁྱེད་ལུ་གསོལཝ་བཏབ་སྟེ་ ཁྱེད་དཀོན་མཆོག་དང་གཅིག་ཁར་ མཐུན་ལམ་བཟོ་དགོ་ཟེར་ཞུཝ་ཨིན། 21 ང་བཅས་ཀྱི་དོན་ལུ་ དཀོན་མཆོག་གིས་ སྡིག་པ་རྩ་ལས་རང་མ་འབད་མི་ཁིརཱིས་འདི་ལུ་ སྡིག་པ་ཡོདཔ་བཟུམ་མཛད་དེ་ ང་བཅས་ ཁོ་གི་རྒྱུད་ལས་སྦེ་ དཀོན་མཆོག་གི་གཟིགས་སར་ ཐུགས་དང་ལྡན་པའི་ཕྲངམ་བཟོ་གནང་ཡི།
1 ང་བཅས་དཀོན་མཆོག་གི་ཞབས་ཕྱིཔ་ཨིནམ་ལས་ ཁྱེད་ཆ་ཁྱབ་ལུ་ དཀོན་མཆོག་གི་ཐུགས་རྗེ་འདི་ དོན་དག་མེདཔ་བཟོ་སྟེ་ ཆུད་ཟོས་མ་གཏང་ཟེར་གསོལཝ་བཏབ་དོ། 2 ག་ཅི་སྨོ་ཟེར་བ་ཅིན་ གསུང་རབ་ནང་། དུས་ཚོད་ཀྲིག་ཀྲི་ལུ་ ང་གིས་ཁྱེད་ཀྱི་སྐད་གོ་ཡི་ དེ་ལས་ཐར་པའི་ཉིནམ་ལུ་ ཁྱེད་ཀྱི་ཆ་རོགས་འབད་ཡི་ཟེར་ དཀོན་མཆོག་གིས་གསུངས་ནུག་ དོན་ལས་རང་ དུས་ཚོད་ཀྲིག་ཀྲི་འདི་ད་ལྟོ་རང་ཨིན་ ཐར་པའི་ཉིནམ་འདི་ཡང་ ད་རེས་ཨིན་ཟེར་ང་གིས་སླབ་དོ།། 3 མི་ག་རང་ཨིན་རུང་ ང་བཅས་ཀྱི་ལཱ་ལུ་བལྟ་སྟེ་ སྐྱོན་བཏགས་ནི་གི་གོ་སྐབས་མ་བྱིན་ནི་གི་དོན་ལུ་ རོགས་ཀྱི་སེམས་ཁར་ཕོག་པའི་ལཱ་ཡང་ ང་བཅས་ཀྱིས་མ་འབད། 4 ང་བཅས་ཀྱིས་ལཱ་ག་ཅི་ནང་རང་ཨིན་རུང་ དཀོན་མཆོག་གི་ཞབས་ཕྱིཔ་བདེན་པ་ཨིན་ཟེར་ ཁུངས་བཀལ་ནི་གི་དོན་ལུ་ དཀའ་ངལ་སྡུག་བསྔལ་དང་ ལཱ་ཁག་མ་འདྲཝ་ དེ་ལས་ག་ཅི་བཟུམ་ཅིག་གི་རྐྱེན་ངན་ཚུ་བྱུང་སྟེ་འོང་རུང་ ང་བཅས་དེ་ལུ་བཟོད་པ་བསྒོམས་ཏེ་སྡོདཔ་ཨིན། 5 ང་བཅས་ལུ་རོགས་ཀྱིས་ དྲང་བརྡུང་ བཙོན་ཁང་ནང་ཡང་བཙུགས་ཅི་ ཟིང་འཁྲུག་སློང་འོངམ་ད་ གནོད་སྐྱོན་ཡང་བྱུང་ཡི་ འུ་སྡུག་ཐང་ཆད་དེ་ལཱ་འབད་ཡི་ ཕྱི་རུ་ལེགས་ཤོམ་སྦེ་གཉིད་ལོག་ནི་ཕར་རང་བཞག་ ཕོཝ་སྟོངམ་སྦེ་ལེ་ཤ་སྡོད་དགོཔ་ཐལ་ཡི། 6 ཨིན་རུང་ ང་བཅས་གཙང་ཏོག་ཏོ་དང་ ཤེས་རབ་ཅན་ བཟོད་སྲན་ བསམ་པ་བཟང་པོ་དང་ དམ་པའི་ཐུགས་ཉིད་ཀྱི་དབང་ཤུགས་ནང་ ལྷག་བསམ་རྣམ་དག་གི་བྱམས་པ་སྟོན་སྡོད་ཅི། 7 ང་བཅས་ཀྱིས་བདེན་པ་འདི་ ཕྲང་སྟེ་བཤད་བྱིན་ནི་དེ་གིས་ དཀོན་མཆོག་གི་དབང་ཤུགས་ ང་བཅས་ཀྱི་ནང་ན་བཞུགས་ཏེ་ ཆོས་སེམས་ཅན་གྱི་མཚོན་ཆ་འདི་ ལགཔ་གཡས་པ་བཤེད་དེ་ དགྲ་ལུ་རྒོལ་ ལགཔ་གཡོནམ་གིས་རང་ལུ་སྲུང་སྐྱོབས་འབདཝ་ཨིན། 8 དེ་ལས་ང་བཅས་ལུ་ མི་གིས་ཞེ་ས་འབད་རུང་ ཡང་ན་སྨད་པ་རྐྱབ་རུང་ ང་བཅས་ལུ་མི་གིས་ཁ་བཏང་རུང་ ཡང་ན་བསྟོད་པ་རྐྱབ་རུང་ ང་བཅས་ཀྱིས་དཀོན་མཆོག་གི་ཕྱག་ཞུཝ་ཨིན་ དེ་འབདཝ་ད་ ཁོང་གིས་ང་བཅས་ལུ་ སྐུ་ཚབ་ཤོབ་རྐྱབ་མི་ཨིན་མས་ཟེར་སླབ་རུང་ ང་བཅས་ཕྲང་སྟེ་བདེན་པ་སླབ་ཨིན། 9 ཁོང་མི་གཞན་ཚུ་གིས་ སྣང་བདག་མ་བསྐྱེད་པར་བཞག་རུང་ ང་བཅས་ཁྱེད་ཀྱིས་སྦུག་ལུ་ཡོངས་གྲགས་ཅན་ཨིན་ ང་བཅས་ཤི་བའི་དུམ་ཁ་དཔག་སྟེ་ཡོད་རུང་ ད་ལྟོ་ཡང་ང་བཅས་གསོན་པོ་སྦེ་ཡོད་ ཁོང་གིས་ང་བཅས་ལུ་ ཁྲིམས་བཏང་རུང་ ང་བཅས་ལུ་གསད་མ་ཚུགས། 10 ང་བཅས་མྱ་ངན་ཕོག་སྟེ་འབད་རུང་ ང་བཅས་ལུ་རྟག་བུ་རང་ དགའ་སྤྲོ་བྱུངམ་ཨིན་ ང་བཅས་སྤྱང་ཀ་ཨིན་རུང་ མི་ལེ་ཤ་ལུ་བྱིན་རླབས་ཀྱིས་ཕྱུགཔ་བཟོ་བྱིན་ཡི་ དེ་ལས་ང་བཅས་ལུ་ ག་ནི་ཡང་མེད་རུང་ ག་ར་ལངམ་སྦེ་སྡོདཔ་ཨིན། 11 ངེ་གི་བྱམས་པའི་ཆ་རོགས་ ཀོ་རཱིན་ཐི་པ་ཚུ་ ང་གིས་ཁྱེད་ལུ་ཕྲང་སྟེ་རང་སླབ་གེ་ ང་བཅས་ཀྱི་སེམས་རྒྱ་ཆེ་དྲགས་སྦེ་ ཁྱེད་ལུ་སྒོ་ཕྱེཝ་ཨིན། 12 ང་བཅས་ཀྱི་སེམས་ཀྱི་སྒོ་ མ་བསྡམས་པར་བཞག་རུང་ ཁྱེད་ཀྱི་སེམས་ཀྱི་སྒོ་འདི་ བསྡམས་བཞག་བཞགཔ་ཨིན་པས། 13 ད་ང་གིས་ཁྱེད་ལུ་ ང་རང་གི་ཨ་ལོ་བཟུམ་སྦེ་མནོ་སྟེ་ ཁྱེད་ཀྱི་སེམས་འདི་ རྒྱ་ཆེ་དྲགས་སྦེ་ལོག་སྟེ་ ང་བཅས་ལུ་སྒོ་ཕྱེ་གནང་ཟེར་སླབ་ནི་ཨིན།། 14 དད་པ་མ་བསྐྱེད་མི་དང་མཉམ་གཉའ་ཤིང་གཅིག་ནང་མ་བསྡོམ་ དྲང་སེམས་དང་ངན་སེམས་གཉིས་ཀུ་ ག་དེ་སྦེ་གཅིག་ཁར་མཐུན་ཚུགས་ནི་སྨོ་ འོད་དང་གནག་དུང་གཉིས་ ག་དེ་སྦེ་གཅིག་ཁར་སྡོད་ཚུགས་ནི་སྨོ། 15 ཁིརཱིས་དང་བདུད་ ག་དེ་སྦེ་གཅིག་ཁར་མཐུན་ནི་སྨོ་ དདཔ་ཅན་ཚུ་ག་དེ་སྦེ་དད་པ་ མ་བསྐྱེད་མི་ཚུ་དང་གཅིག་ཁར་ མཐུན་ཚུགས་ནི་སྨོ། 16 དཀོན་མཆོག་གི་བཞུགས་ཁང་དང་ སྐུ་དེ་ཚུ་གི་བར་ན་ འབྲེལ་བ་ག་ཅི་ཡོདཔ་སྨོ་ མ་གཞི་ ང་བཅས་ གསོན་པོའི་དཀོན་མཆོག་གི་བཞུགས་ཁང་ཨིནམ་ལས་ དཀོན་མཆོག་གིས། ང་ ཁོང་གི་སྦུག་ལུ་སྡོད་ནི་དང་ ཁོང་དང་གཅིག་ཁར་ལམ་འགྱོ་ནི་ཨིན་ དེ་ལས་ ང་ཁོང་གི་དཀོན་མཆོག་དང་ ཁོང་ངེ་གི་མི་སེར་ལུ་འགྱུར་ནི་ཨིན་ཟེར་གསུངས་ནུག 17 དེ་འབདཝ་ལས་ གཙོ་བོ་གིས་གསུངས་དེས་ ཁྱེད་ཁོང་གི་གྲལ་ཁཪ་ལས་ཐོན་ཏེ་ སོ་སོ་སྦེ་སྡོད་ མ་གཙངམ་མིའི་རིགས་ཚུ་ལུ་ རེག་མ་བཅུག་ དེ་ལས་ང་གིས་ཁྱེད་ལུ་ བསུ་བ་འབད་ནི་ཨིན། 18 དེ་ལས་ ང་ཁྱེད་ཀྱི་ཡབ་དང་ ཁྱེད་ངེ་གི་བུ་དང་བུམོ་སྦེ་འགྱུར་ནི་ཨིན་ཟེར་ཀུན་དབང་དཀོན་མཆོག་གིས་གསུངས་ནུག།
1 ངེ་གི་བྱམས་པའི་ཆ་རོགས་ཚུ་ ད་ང་བཅས་ལུ་ཨ་ནི་ཁས་བླངས་ཡོད་ནི་དེ་གིས་ ང་བཅས་ཀྱིས་ལུས་དང་སེམས་གཉིས་ལུ་ མ་གཙངམ་བཟོ་མི་དེ་ཚུ་ག་ར་སྤང་སྟེ་ གཙང་ཏོག་ཏོ་བཟོ་གེ་ དེ་ལས་དཀོན་མཆོག་ལུ་འདྲོགས་ཏེ་ དམ་པ་འགྱུར་ནི་གི་ལཱ་དེ་ཚུ་ག་ར་ ཡོངས་སུ་རྫོགསཔ་སྦེ་འབད་གེ། 2 ཁྱེད་ཀྱི་སེམས་ཀྱི་སྒོ་འདི་ ང་བཅས་ཀྱི་དོན་ལུ་ཕྱེ་གནང་ ང་བཅས་ཀྱིས་ག་ལུ་ཡང་ཟོགཔ་མ་འབད་ ག་ལུ་ཡང་འཛོལ་བའི་ལམ་ནང་མ་འཁྱིད་ རང་གི་ཁེ་ཕན་གྱི་དོན་ལུ་ག་ལུ་ཡང་མགུ་བསྐོར་ནང་མ་བཙུགས། 3 དེ་སྦེ་སླབ་ད་ ང་གིས་ཁྱེད་ལུ་ ཉེས་ཆད་བཀལ་ནི་གི་དོན་ལུ་སླབ་མེན་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་སེམས་ཁར་ ཁྱེད་ཡོདཔ་མ་ཚད་ ང་བཅས་ཤི་རུང་ གསོན་པོ་སྦེ་སྡོད་རུང་ ཁྱེད་དང་གཅིག་ཁར་སྡོད་འོང་ཟེར་ ང་གིས་ཧེ་མ་ལས་རང་སླབ་ཅི། 4 དེ་ལས་ང་གིས་ ཁྱེད་ལུ་གནམ་མེད་ས་མེད་བློ་གཏདཔ་ཨིན་ ང་ཁྱེད་ལུ་བལྟ་སྟེ་ངལ་རངསམ་མ་ཚད་ ང་བཅས་དཀའ་ངལ་དང་སྡུག་བསྔལ་མྱོངམ་ད་ ཁྱེད་ངེ་གི་སེམས་གསོ་འབད་མི་དང་ དགའ་སྤྲོ་བྱིན་མི་ཚུ་ཨིན། 5 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ མ་ཀེ་དོ་ནི་ཡ་གི་ལུང་ཕྱོགས་ལུ་ལྷོདཔ་ད་ ཨ་ནི་གཟུགས་འདི་གིས་ངལ་འཚོ་ རྩ་ལས་རང་མ་ཐོབ་ ཕྱོགས་ག་ར་ལས་ དཀའ་ངལ་དང་སྡུག་བསྔལ་བྱུང་སྟེ་ ཕྱི་ཁར་འཐབ་འཛིང་བྱུང་ སེམས་ཀྱི་ནང་ན་འདྲོགས་ཏེ་སྡོད་ཅི། 6 དེ་འབདཝ་ད་ སེམས་ཤི་མི་ལུ་སེམས་གསོ་མཛད་མི་ དཀོན་མཆོག་གིས་ ཏི་ཏུས་ ང་བཅས་སྡོད་སར་ བཏང་གནང་ནི་དེ་གིས་ སེམས་གསོ་ཐོབ་ཅི། 7 དེ་ལས་ཁོ་འོངས་ཏེ་རྐྱངམ་གཅིག་མེན་པར་ ཁོ་གིས་ཁྱེད་ལས་ཐོབ་མི་སེམས་གསོ་གི་སྐོར་ལས་ ང་བཅས་ལུ་གནས་ཚུལ་བཤད་ཅི་ ཁྱེད་ཀྱིས་ ང་ལུ་བལྟ་དགོ་མནོ་བའི་སྐོར་ལས་སླབ་མི་དང་ ང་ལུ་ དེ་བཟུམ་བྱུང་མི་ལུ་ བློ་ཕམ་ཡི་ཟེར་སླབ་ས་གོཝ་ད་ ཁྱེད་ཀྱི་སེམས་ཁར་ ང་ལུ་བརྩེ་བ་བསྐྱེད་བའི་སྐོར་ལས་ཤེས་ནི་དེ་གིས་ ང་ཧེང་སྐལ་རང་ གནམ་མེད་ས་མེད་སེམས་དགའ་ཡི། 8 ད་ང་གིས་ཧེ་མ་བྲིས་མིའི་ཡི་གུ་འདི་གིས་ ཁྱེད་ལུ་ཡུདཔ་ཐེངས་ཅིག་གི་དོན་ལུ་སེམས་སྐྱོ་བཅུག་ཅི་ཟེར་ཤེསཔ་ད་ ཨ་ཙི་ཅིག་ང་འགྱོད་སེམས་བསྐྱེད་ཅི་ དེ་འབདཝ་ད་ ད་ལྟོ་འབད་བ་ཅིན་ ང་འགྱོད་སེམས་མི་བསྐྱེད། 9 ད་ ང་གནམ་མེད་ས་མེད་སེམས་དགའ་སྟེ་ཡོད་ འདི་ག་ཅི་འབད་ཟེར་བ་ཅིན་ ང་གིས་ཡི་གུ་བྲིས་བཏང་སྟེ་ ཁྱེད་ཀྱི་སེམས་ཁར་ཕོག་ཅི་ཟེར་རྩ་ལས་མེན་པར་ དེ་འབདཝ་ད་ ཁྱེད་སྡིག་པ་ལས་ དཀོན་མཆོག་ཁ་ཐུག་ སེམས་འགྱུར་ཏེ་ལོག་འོང་ཚུགས་ཅི་ཟེར་ཨིན་ མི་འདི་ཚུ་ལུ་ཨ་ནི་བཟུམ་སྦེ་ སེམས་སྐྱོ་སྟེ་ ཁོ་རང་ཁ་ཐུག་ལོག་འོང་བཅུག་ཟེར་ དཀོན་མཆོག་ཁོ་རང་ཡང་ ཐུགས་བསམ་བཞེས་ཏེ་བཞུགསཔ་ཨིན་ ཨིན་རུང་ ང་བཅས་ཁ་ཐུག་ལས་ ཁྱེད་ལུ་གནོདཔ་ག་ནི་ཡང་མ་བཀལ། 10 འདི་ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ དཀོན་མཆོག་གིས་ ཨ་ནི་བཟུམ་སྦེ་སེམས་སྐྱོ་བཅུག་པའི་ཐོག་ལས་ ཕྱག་ལཱ་མཛད་དེ་ སྡིག་པ་ལས་སེམས་འགྱུར་ཏེ་ ཐར་པ་ཐོབ་བཅུགཔ་ཨིན་མས་ དེ་གིས་འགྱོད་སེམས་བསྐྱེད་མི་བཅུག་ དེ་འབདཝ་ད་ འཇིག་རྟེན་པའི་མྱ་ངན་ཚུ་གིས་ འཆི་བ་ལུ་འཁྱིདཔ་ཨིན། 11 ཁྱེད་རང་ལུ་བལྟ་ཤིག་ དཀོན་མཆོག་གིས་ ཨ་ནི་མྱ་ངན་འདི་གིས་ ཕྱག་ལཱ་ག་ཅི་དེས་ཅིག་མཛད་ཅི་ རྫུན་ཁུངས་བསལ་ནི་ འཛོལ་བ་འབད་མི་ལུ་བལྟ་སྟེ་ཙིགཔ་ཟ་ནི་ དཀོན་མཆོག་ལུ་འདྲོག་ནི་ ང་ལུ་བལྟ་དགོ་མནོ་ནི་ བརྩོན་འགྲུས་བསྐྱེད་ནི་ འཛོལ་བ་འབད་མི་ལུ་ ཁྲིམས་ཕྲང་སྟེ་ཕྱེ་ནི་ དེ་ཚུ་གི་འབྲས་བུ་ཁྱེད་ཀྱི་ནང་ན་ལས་རང་ ག་ཅི་དེས་ཅིག་ལེགས་ཤོམ་བྱུང་ཡི་ ད་ ཁྱེད་ཀྱི་ནང་ན་ འཛོལ་བ་དེ་ཚུ་ ག་ར་བཅོ་ཁ་རྐྱབ་ནི་དེ་གིས་ ཁྱེད་སྐྱོན་མེདཔ་སྦེ་ཨིན་ཟེར་ཁྱེད་རང་གིས་སྟོན་ཡི། 12 དེ་ལས་ང་གིས་ཁྱེད་ལུ་ ཡི་གུ་བྲིས་མིའི་དོན་དག་འདི་ ག་གིས་འཛོལ་བ་འབད་ཡི་ག་ ཁོང་གི་དོན་ལུ་མེན་ ཡང་ན་ ག་གི་སེམས་ཁར་ཕོག་ཅི་ག་ ཁོང་གི་དོན་ལུ་ཡང་མེན་ དེ་འབདཝ་ད་ ཁྱེད་ཀྱིས་ག་དེམ་ཅིག་ ང་བཅས་ལུ་ཤ་ཚ་སྟེ་འབད་མི་དེ་ དཀོན་མཆོག་གི་གཟིགས་སར་ ཁྱེད་རང་གིས་མཐོང་ཚུགས་ནིའི་དོན་ལུ་ཨིན། 13 དེ་ལས་ འདི་ཚུ་ག་ར་ལས་ ང་བཅས་ཀྱིས་སེམས་གསོ་ཐོབ་ཅི། ལྷག་པར་དུ་ ཏི་ཏུས་ཀྱིས་ ཁྱེད་ལས་སྦེ་ སེམས་གསོ་ཐོབ་སྟེ་ ཁོ་སེམས་དགའ་བཅུག་མི་འདི་ལུ་ ང་བཅས་སེམས་དགའ་ཡི། 14 ང་ཁྱེད་ལུ་བལྟ་སྟེ་ངལ་རངས་ཡི་ཟེར་ ཁོ་ལུ་སླབ་ཅི་ དོན་ལས་རང་ ཁྱེད་ཀྱིས་ང་ལུ་ངོ་ཚ་མ་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་ཁྱེད་ལུ་ཨ་རྟག་རང་ བདེན་པ་སླབ་དོཝ་བཟུམ་སྦེ་ ང་གིས་ཁྱེད་ཀྱི་སྐོར་ལས་ ཏི་ཏུས་ལུ་སླབ་མི་འདི་ བདེན་པ་སྦེ་འཐོན་ཡི། 15 ད་ཁོ་གིས་སླབ་མི་ལུ་ ཁྱེད་ཆ་ཁྱབ་ཀྱིས་ཉནམ་མ་ཚད་ ཁྱེད་ཀྱིས་ ཁོ་ལུ་ཞེ་ས་འབད་དེ་ བྱོན་པ་ལེགས་སོ་ཞུ་མི་ཚུ་ ཁོ་གི་སེམས་ཁར་དྲནམ་ད་ ཁྱེད་ཀྱི་དོན་ལུ་ ཁོ་གི་བྱམས་བརྩེ་ འདི་བ་ལྷགཔ་སྦོམ་འགྱོཝ་ཨིན་མས། 16 དེ་ལས་ང་རང་ཡང་ ཁྱེད་ལུ་བློ་གཏད་ཚུགས་ནི་འདི་གིས་ ང་གནམ་མེད་ས་མེད་སེམས་དགའ་ཡི།།
1 ད་ ངེ་གི་བྱམས་པའི་སྤུན་ཆ་ཚུ་ མ་ཀེ་དོ་ནི་ཡ་གི་ཆོས་ཚོགས་ལུ་ དཀོན་མཆོག་གིས་ ག་དེམ་ཅིག་ཐུགས་རྗེ་གཟིགས་ཅི་ག་ དེ་གི་སྐོར་ལས་ ང་བཅས་ཀྱིས་ཁྱེད་ལུ་ ཤེས་བཅུག་དགོ་མནོ་ཡི། 2 འདི་ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ ཁོང་དཀའ་ངལ་གནམ་མེད་ས་མེད་མྱོང་སྟེ་ ཁོང་རང་སྤྱང་ཀ་འགྱོ་རུང་ སེམས་ཀྱི་གཏིང་ལས་རང་དགའ་སྤྲོ་བསྐྱེད་དེ་ ཕངས་སེམས་མེད་པར་ གྲོགས་རམ་འབདཝ་ཨིན་མས། 3 ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ག་དེམ་ཅིག་བྱིན་ཚུགས་ཚུགསཔ་ བྱིནམ་མ་ཚད་ དེ་ལས་ཡང་ལྷགཔ་སྦེ་ཁོང་རང་གི་འདོད་པ་བཞིན་དུ་བྱིན་མི་འདི་ ང་གིས་འཛོམ་དཔང་འབད་དེ་སླབ་ཚུགས། 4 ཁོང་གིས་ གོ་སྐབས་སྦོམ་ཐོབ་པའི་སྐབས་ལུ་ དགའ་སྤྲོ་གི་ཐོག་ལས་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ལུ་ ཆ་རོགས་འབད་ཚུགས་ཚུགསཔ་འབད་ནི་ཟེར་ ཁོང་རང་གི་སེམས་ཀྱི་གཏིང་ལས་རང་ ལོག་ཅི་ལོག་ཅི་ ང་བཅས་ལུ་འདྲིཝ་ཨིན་མས། 5 དེ་ལས་ང་བཅས་ཀྱིས་ ཁོང་ལས་རེ་བ་བསྐྱེད་མི་ལས་ལྷགཔ་སྦེ་ ཁོང་གིས་འབད་ཡི་ ག་དེ་སྦེ་ཟེར་བ་ཅིན་ ཁོང་གིས་ དང་པ་ཁོང་རང་ གཙོ་བོ་ལུ་ཕུལ་ཡི་ དེ་ལས་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ ཁོང་གིས་ང་བཅས་ལུ་ཆ་རོགས་འབད་ཡི། 6 དེ་ལས་ ཁྱེད་ཀྱི་སྦུག་ལུ་ ཨ་ནི་ལཱ་འདི་དགའ་སྤྲོ་གི་ཐོག་ལས་འགོ་བཙུགས་མི་འདི་ ཏི་ཏུས་ཨིནམ་ལས་ ང་བཅས་ཀྱིས་ཁོ་ལུ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ འཕྲོ་མཐུད་དེ་འབད་མི་ལཱ་འདི་ མཐར་འཁྱོལ་དགོ་ཟེར་ ང་བཅས་ཀྱིས་དྲན་བསྐུལ་འབད་ཡི། 7 ད་ཁྱེད་ཀྱི་དད་པ་ ཁ་ལས་སླབ་མི་བློ་ ཁྱེད་ཀྱི་ཡོན་ཏན་དང་ བརྩོན་འགྲུས་ དེ་ལས་ང་བཅས་ལས་ཐོབ་མིའི་བྱམས་པ་ཚུ་ ཧེ་མ་ལས་ཡང་ལྷགཔ་སྦེ་ ཡར་རྒྱས་འགྱོ་དོཝ་བཟུམ་སྦེ་ དགའ་སྤྲོ་གི་ཐོག་ལས་གྲོགས་རམ་འབད་ནི་ལུ་ཡང་ ཁྱེད་ག་ར་ཡར་རྒྱས་འགྱོ་བཅུག 8 དེ་ལས་ང་གིས་ཁྱེད་ལུ་ ཨིན་ཅི་མིན་ཅི་འབད་དགོ་ཟེར་ བཀའ་རྒྱ་བྱིནམ་མེན་ དེ་འབདཝ་ད་ ཁྱེད་དང་ཆོས་ཚོགས་གཞན་གྱི་བྱམས་པ་ ག་བསྡུར་རྐྱབ་ད་ ཁྱེད་ཀྱི་བྱམས་པ་ཡང་ ངོ་མ་སྦེ་ཐོན་བཅུག་ནིའི་དོན་ལུ་ཨིན། 9 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱིས་ ང་བཅས་ལུ་སྐྱིད་སྡུག་གཟིགས་མི་འདི་ ཁྱེད་ཀྱིས་ཤེས་ ཁོ་ཕྱུགཔ་ཨིན་ཏེ་འབད་རུང་ ཁྱེད་ཀྱི་དོན་ལུ་ ཁོ་རང་སྤྱང་ཀ་ལུ་འགྱུར་ཡི་ དེ་ལས་ དེ་གི་ཐོག་ལས་སྦེ་ ཁྱེད་ཕྱུགཔ་འགྱོ་ནིའི་དོན་ལུ་ཨིན། 10 ད་ཨ་ནི་གི་སྐོར་ལས་ ངེ་གི་བསམ་འཆར་འདི་སླབ་ནི་ཨིན་ དེ་ལས་ ཁྱེད་ལུ་ཕན་ཐོག་འབྱུང་འོང་ ག་ཅི་སྨོ་ཟེར་བ་ཅིན་ ལོ་གཅིག་གི་ཧེ་མ་ ཨ་ནི་ལཱ་འགོ་བཙུགསཔ་ད་ ཁྱེད་ཀྱིས་ དང་འདོད་ཀྱི་སྒོ་ལས་འགོ་བཙུགས་ཅི། 11 ད་ཧེ་མ་ཁྱེད་རང་གི་སྤྲོ་བ་བསྐྱེད་དེ་ བྱིན་དགོ་མནོ་མི་དང་བསྟུན་ཏེ་ ཁྱེད་ལུ་ ག་ཡོད་མི་འདི་ནང་ལས་བྱིན་ཏེ་ རང་གི་དམིགས་ཡུལ་འདི་ མཐར་འཁྱོལ་སྦེ་འབད་ད། 12 དོན་ལས་རང་ ཁྱེད་ཀྱིས་གྲོགས་རམ་འབད་ནི་གི་སྤྲོ་བ་དང་ སེམས་ཡོད་པ་ཅིན་ ཁྱེད་ཀྱིས་ མེད་མི་འདི་མ་འཚོལ་བར་ རང་ལུ་ག་ཡོད་མི་དང་འཁྲིལ་ཏེ་ གྲོགས་རམ་འབད་ནི་དེ་ དཀོན་མཆོག་གིས་ཐུགས་དགྱེསཔ་ཨིན། 13 མ་གཞི་ ང་བཅས་ཀྱི་འདོད་པ་འདི་ ཁྱེད་ལུ་ཡོད་མི་ཚུ་ག་ར་ རོགས་ལུ་བྱིན་ཏེ་ རང་དཀའ་ངལ་འབག་དགོ་ཟེར་ སླབ་མེན་ དེ་འབདཝ་ད་ གཅིག་གིས་གཅིག་ལུ་ ཕར་དང་ཚུར་ འདྲན་འདྲ་སྦེ་ ཆ་རོགས་འབད་ཟེར་ སླབ་ཨིན། 14 ད་ལྟོ་ ཁྱེད་ལུ་འབོལ་མཆིས་ཆི་སྦེ་ ཡོད་མི་ནང་ལས་ ཁོང་ཁག་ཆེ་མི་ཚུ་ལུ་བྱིན་ དེ་ལས་ཤུལ་ལས་ ཁོང་གིས་འབོལ་མཆིས་ཆི་སྦེ་ ཡོད་མི་ནང་ལས་ ཁྱེད་ལུ་ཁག་ཆེཝ་ད་བྱིན་ཏེ་ ཕར་དང་ཚུར་འདྲན་འདྲ་སྦེ་སྡོད་འོང་། 15 དེ་ལས། ལེ་ཤ་བསག་མི་ཚུ་ལུ་ ལྷག་མ་ག་ནི་ཡང་མ་ལུས་ ཨ་ཙི་ཅིག་བསག་མི་ཚུ་ལུ་ ལངམ་སྦེ་སྡོད་ཅི་ཟེར་ གསུང་རབ་ནང་གསུངས་དོཝ་བཟུམ་སྦེ་འབྱུང་ནི་ཨིན།། 16 དེ་ལས་ང་རང་བཟུམ་སྦེ་ ཏི་ཏུས་ཀྱིས་ཡང་ཁྱེད་ལུ་དང་འདོད་བསྐྱེད་དེ་ཡོད་མི་དེ་ལུ་ དཀོན་མཆོག་ལུ་ ང་གིས་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ འདི་ཁོ་གིས་མཛད་གནངམ་ཨིན། 17 ག་ཅི་སྨོ་ཟེར་བ་ཅིན་ ཏི་ཏུས་ ང་བཅས་ཀྱིས་ སླབ་ད་རྐྱངམ་གཅིག་ཉན་ཏེ་ ཁྱེད་སྡོད་སར་འོངམ་མེན་པར་ ཁོ་རང་གི་སེམས་ཁར་ལས་ སྤྲོ་བ་བསྐྱེད་དེ་ ཁྱེད་སྡོད་སར་འགྱོཝ་ཨིན་མས། 18 ད་ང་བཅས་ཀྱིས་ ཏི་ཏུས་དང་གཅིག་ཁར་ གཏམ་བཟང་བཤད་ནི་ལུ་ ཆོས་ཚོགས་ག་ར་གིས་ བསྟོད་པ་བརྐྱབས་མིའི་ནུ་གཅུང་གཅིག་གཏང་དོ། 19 ང་བཅས་ ཡེ་རུ་ཤ་ལེམ་ལུ་འགྱོཝ་ད་ ཆོས་ཚོགས་ཀྱིས་ཨ་ནི་ནུ་གཅུང་དེ་ལུ་ གདམ་ཁ་བརྐྱབས་ཏེ་ ང་བཅས་དང་གཅིག་ཁར་ ཕུལ་ཆ་བཀལ་བ་འགྱོ་མི་གཅིག་ཁོ་ཨིན་ ཕུལ་ཆ་བཀལ་ནིའི་ལཱ་དེ་ ང་བཅས་ར་གིས་རང་ ཆ་རོགས་འབད་བའི་དང་འདོད་ཡོད་ཟེར་སྟོནམ་ཨིནམ་མ་ཚད་ དཀོན་མཆོག་ལུ་བསྟོད་པ་ཡང་འབྱུང་ནི་ཨིན། 20 དེ་ལས་ ཨ་ནི་གཏོང་ཕོད་ཆེན་པོའི་སྒོ་ལས་གནང་མིའི་གསོལ་རས་དེ་ལུ་ འབག་སྟེ་སྤྲོད་ལེན་འབདཝ་ད་ མི་གཞན་གྱིས་ཁ་གཏང་མ་བཅུག་ནི་སྦེ་ ནུ་གཅུང་དེ་ང་བཅས་དང་གཅིག་ཁར་སོང་ཡི། 21 དེ་སྦེ་འབད་དགོ་མི་འདི་ གཙོ་བོ་གིས་གཟིགས་སར་རྐྱངམ་གཅིག་ ཕྲང་སྟེ་འབད་ནི་མེན་པར་ མི་གིས་མཐོང་སར་ཡང་ ན་འཐན་ཏོག་ཏོ་སྦེ་ འབད་ནིའི་དོན་ལུ་ཨིན། 22 ད་རུང་ ང་བཅས་ཀྱི་བློ་གཏད་མི་ དདཔ་ཅན་སྤུན་ཆ་གཞན་ཡང་ ཁོང་དང་གཅིག་ཁར་གཏང་དོ་ ང་བཅས་ཀྱིས་ག་ཅི་གི་ཐོག་ལས་ཡང་ ཁོ་ལུ་ཚར་ལེ་ཤ་རང་ བརྟག་དཔྱད་འབད་དེ་བལྟ་རུང་ ན་འཐན་ཏོག་ཏོ་ཡོདཔ་སྦེ་མཐོང་ཅི་ ལྷག་པར་དུ་ ཁོ་རང་གིས་འབད་དེ་སྦེ་རུང་ ཁྱེད་ལུ་བློ་གཏདཔ་ལས་བརྟེན་ཏེ་ ཆ་རོགས་འབད་ནིའི་མནོ་བསམ་སྦོམ་འདུག 23 ད་ ཏི་ཏུས་འདི་ ཁྱེད་ཀྱི་སྦུག་ལུ་ ངེ་གི་ཆ་རོགས་དང་མཉམ་རོགས་འབད་མི་ཨིན་ དེ་ལས་ཁོ་དང་གཅིག་ཁར་ཡོད་མི་སྤུན་ཆ་ཚུ་ ཆོས་ཚོགས་ཀྱིས་གཏང་སྟེ་ ཁོང་ལས་སྦེ་ ཁིརཱིས་ཀྱི་མཚན་སྙན་གྲགས་ཅན་སྦེ་འཐོན་ནི་ཨིན། 24 དེ་འབདཝ་ལས་ ཨ་ནི་སྤུན་ཆ་ཚུ་ལུ་ ལེགས་ཤོམ་འབད་དེ་ ཁྱེད་ཀྱི་བྱམས་པ་དང་ ང་བཅས་ཀྱིས་ཆོས་ཚོགས་གཞན་ལུ་ ཁྱེད་ཀྱི་སྐོར་ལས་བསྟོད་པ་བརྐྱབས་ཏེ་ཡོད་མི་ཚུ་ག་ར་ ཏན་ཏན་ཨིན་ཟེར་བའི་བདེན་ཁུངས་བཀལ་བྱིན་དགོ།།
1 ད་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ལུ་ གྲོགས་རམ་འབད་དགོ་པའི་སྐོར་ལས་ ཁྱེད་ལུ་ལེ་ཤ་འབྲི་དགོཔ་ཅིག་མིན་འདུག 2 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་ཆ་རོགས་འབད་ནི་གི་བློ་འདོད་ཡོད་མི་འདི་ ང་གིས་ཤེས་ དེ་ལས་ ང་གིས་ མ་ཀེ་དོ་ནི་ཡ་གི་སྤུན་ཆ་ཚུ་ལུ་ ཁྱེད་ ཀོ་རཱིན་ཐི་པའི་སྤུན་ཆ་ཚུ་གིས་ ན་ཧིང་གི་ལོ་ནང་ལས་རང་ གྲོགས་རམ་གྱི་མ་དངུལ་བསྡུ་སྟེ་ སྐྱེལ་ཆོག་ཆོག་སྦེ་གྲ་སྒྲིག་བརྐྱབས་ཏེ་འདུག་ཟེར་ ཁྱེད་ཀྱི་སྐོར་ལས་བསྟོད་པ་བརྐྱབས་ཅི་ ད་ ཁྱེད་ཀྱི་དང་འདོད་དེ་གིས་ ཁོང་ མ་ཀེ་དོ་ནི་ཡ་གི་སྤུན་ཆ་ལེ་ཤ་ཅིག་ལུ་རང་ ཆ་རོགས་འབད་ནིའི་སེམས་ཤུགས་བསྐྱེད་བཅུག་ཅི། 3 དེ་འབདཝ་ད་ ང་གིས་ ཨ་ནི་སྤུན་ཆ་ཚུ་བཏང་དོ་ ག་ཅི་འབད་ཟེར་བ་ཅིན་ ཁྱེད་ཀྱི་སྐོར་ལས་ ང་གིས་ བསྟོད་པ་རྐྱབ་མི་འདི་བདེན་པ་སྦེ་འབྱུང་ནིའི་དོན་ལུ་དང་ ལྷག་པར་དུ་ ང་གིས་སླབ་མི་འདི་ ཁུངས་དང་ལྡནམ་སྦེ་འཐོན་ཏེ་ མ་དངུལ་ཚུ་བསྡུ་སྟེ་གྲ་སྒྲིག་སྦེ་ཡོད་མི་དེ་ མཐོང་བཅུག་ནི་སྦེ་ཨིན། 4 ག་དེམ་ཅིག་སྦེ་ མ་ཀེ་དོ་ནི་ཡ་གི་མི་དེ་ཚུ་ ང་དང་མཉམ་གཅིག་འོངས་ཏེ་ ཁྱེད་ཀྱིས་ཆ་རོགས་འབད་ནི་ལུ་ གྲ་སྒྲིག་མེདཔ་མཐོང་པ་ཅིན་ ཁྱེད་ཀྱི་སྐོར་ལས་ ང་གིས་བསྟོད་པ་རྐྱབ་མི་འདི་ བློ་བཙོང་སི་སི་འགྱོ་འོང་ ལྷག་པར་དུ་ ཁྱེད་རང་ཆ་ཁྱབ་ཡང་ ག་དེམ་ཅིག་ངོ་ཚ་སི་སི་སྦེ་འགྱོ་ནི་སྨོ། 5 དེ་འབདཝ་ལས་ ཨ་ནི་སྤུན་ཆ་འདི་ཚུ་ ངེ་གི་ཧེ་མ་ལས་གཏང་དགོཔ་དེ་ ཁག་ཆེ་བས་ཟེར་མནོ་ཡི་ ད་ ཁྱེད་ཀྱིས་ཁས་ལེན་འབད་ཚར་མི་གྲོགས་རམ་དེ་ཚུ་ གྲ་སྒྲིག་བརྐྱབ་ནི་ལུ་ཡང་ ཁོང་གིས་ཆ་རོགས་འབད་ཚུགས་ ཨིན་རུང་ དེ་ཚུ་ ཁྱེད་ལུ་ ང་བཅས་ཀྱིས་ དབང་བཙོང་གི་ཐོག་ལས་ ལེན་དོཝ་བཟུམ་མེན་པར་ ཁྱེད་ ཁྱེད་རང་གི་ སྤྲོ་བ་བསྐྱེད་དེ་བྱིནམ་ཨིན་ཟེར་བའི་ རེ་བ་བསྐྱེད་དེ་ཡོད། 6 དཔེ་གཅིག་འབད་བ་ཅིན་ མི་གཅིག་གིས་ སོན་ཨ་ཙི་ཅིག་གཏོར་བ་ཅིན་ ལོ་ཐོག་ཡང་ཨ་ཙི་ཅིག་ལས་བརྒལ་མི་ཐོབ་ སོན་འབོལ་ཏོག་ཏོ་སྦེ་གཏོར་བ་ཅིན་ མི་འདི་གིས་ ལོ་ཐོག་ཡང་འབོལ་ཏོག་ཏོ་སྦེ་ཐོབ་ནི་ཨིན། 7 ཁྱེད་མི་རེ་རེ་གིས་ རང་གི་སེམས་ཁར་ལས་ ག་དེམ་ཅིག་བྱིན་ནི་ཨིན་ན་ ཐག་བཅད་དེ་བཟོ་ཚར་མི་འདི་བྱིན་དགོ་ བྱིན་ཐབས་མེད་པར་མ་བྱིན་ ག་ཅི་སྨོ་ཟེར་བ་ཅིན་ སྤྲོ་བ་གི་ཐོག་ལས་གྲོགས་རམ་འབད་མིའི་མི་དེ་ ག་ར་ཨིན་རུང་ དཀོན་མཆོག་གིས་ཁོ་ལུ་ཐུགས་དགྱེསཔ་ཨིན། 8 དེ་ལས་དཀོན་མཆོག་གིས་ ཁྱེད་ལུ་དགོ་མི་ཚུ་ག་ར་ ཁྱེད་རང་གིས་མནོ་མི་ལས་ཡང་ལྷགཔ་སྦེ་ འབོར་ཆེ་ཏོག་ཏོ་སྦེ་གྲ་སྒྲིག་མཛད་གནང་འོང་ དེ་ལས་ཁྱེད་རང་ལུ་ ལངམ་སྦེ་བཞག་པའི་ཁ་ལས་ གཞན་ལུ་ཡང་ ག་དགོཔ་སྦེ་བྱིན་ཚུགསཔ་ཨིན། 9 གསུང་རབ་ནང་ལས། ཁོ་གིས་མི་སྤྱང་ཀ་ལུ་བགོ་བཤའ་བརྐྱབ་ སྟོང་པ་སྦེ་བྱིན་ནི་ ཁོ་རའི་དྲང་སེམས་འདི་ དུས་རྒྱུན་དུ་གནས་འོང་ཟེར་ བྲིས་ཏེ་འདུག 10 དེ་ལས་སོ་ནམ་པ་ཚུ་ལུ་ སོན་གནང་མི་དང་ ཟ་ནི་གི་བཞེས་སྒོ་གནང་མི་དཀོན་མཆོག་གིས་ ཁྱེད་ལུ་ཐོན་ཁུངས་གནང་སྟེ་ ཕངས་སེམས་མེད་པར་བྱིན་ནི་གི་ཐོན་སྐྱེད་དེ་ཚུ་ གནམ་མེད་ས་མེད་ཡར་འཕེལ་གཏང་གནང་འོང་། 11 དཀོན་མཆོག་གིས་ཁྱེད་ཕུན་ཚོགས་ཏོག་ཏོ་ མཛད་གནང་ནི་དེ་གིས་ ཁྱེད་ཀྱིས་ཕངས་སེམས་མེད་པར་ འཕྲོ་མཐུད་དེ་རང་ གྲོགས་རམ་འབད་ཚུགས་ དེ་ལས་ ཁྱེད་ཀྱིས་བྱིན་མིའི་གྲོགས་རམ་ ང་བཅས་ཀྱིས་སྐྱེལ་བ་འགྱོཝ་ད་ ཁོང་དདཔ་ཅན་སྤུན་ཆ་ཚུ་གིས་ དཀོན་མཆོག་ལུ་བཀྲིན་ཆེ་ཟེར་ཞུ་ནི་ཨིན། 12 ཨ་ནི་གྲོགས་རམ་འབད་ནིའི་ཞབས་ཏོག་དེ་ལས་བརྟེན་ཏེ་ དཀོན་མཆོག་གི་དམ་པའི་མི་ཚུ་གི་དགོ་འདོད་དེ་ཚུ་སྒྲུབ་ནི་ཨིནམ་མ་ཚད་ ཁོང་གིས་དཀོན་མཆོག་ལུ་ སྤྲོ་བ་སྦོམ་གྱི་ཐོག་ལས་ བསྟོད་པ་གཏང་རག་ཕུལ་འོང་། 13 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་ཕངས་སེམས་མེད་པར་གྲོགས་རམ་འབདཝ་ལས་བརྟེན་ཏེ་ དཀོན་མཆོག་གི་མཚན་ ད་རུང་ཡང་སྙན་གྲགས་ཅན་འགྱུར་ནི་ཨིན་ དེ་མ་ཚད་ དེ་སྦེ་ཞབས་ཏོག་ཞུཝ་ལས་ ཁྱེད་ཆ་ཁྱབ་ཀྱིས་ ཁིརཱིས་ཀྱི་གཏམ་བཟང་འདི་ལུ་དད་པ་བསྐྱེད་དེ་ ཉན་ཁུག་བཏབ་ཨིན་པས་ཟེར་ བདེན་ཁུངས་བསྐྱེལཝ་ཨིན། 14 དེ་ལས་ཁྱེད་ལུ་ དཀོན་མཆོག་གིས་ཐུགས་རྗེ་ཚད་མེདཔ་གནང་ནི་དེ་གིས་ ཁོང་གིས་ཁྱེད་ཀྱི་དོན་ལུ་ བྱམས་བརྩེ་བསྐྱེད་དེ་ སྨོན་ལམ་ཞུ་འོང་། 15 ཁ་ལས་ཚིག་འཐོན་ཏེ་སླབ་མ་ཚུགས་པའི་ དཀོན་མཆོག་གི་ཧ་ལས་པའི་གསོལ་རས་ གནང་མི་དེ་ལུ་ བཀྲིན་ཆེ་ཟེར་ཞུ་དགོ།།
1 ད་ཁྱེད་ཆ་ཁྱབ་ཀྱིས་འབད་བ་ཅིན་ ང་ཁྱེད་དང་གཅིག་ཁར་སྡོདཔ་ད་ རང་ལུ་དབང་ག་ནི་ཡང་མེདཔ་བཟུམ་ཅིག་འབད་མི་དང་ ཁྱེད་ལས་ཐག་རིང་སར་འབད་བ་ཅིན་ བློ་ཁོག་སྦོམ་སྦེ་ ཡི་གུ་འབྲི་གཏང་མི་གཅིག་ཨིན་ ཨིན་ཏེ་འབད་རུང་ ང་ པའུལ་གྱིས་ ཡེ་ཤུ་ཁིརཱིས་ཀྱི་ཐུགས་ཞི་བའི་ངང་ལུ་ བཞུགས་ཡོད་མིའི་ཐོག་ལས་ ཁྱེད་ལུ་བསྐུལ་མ་ཞུ་དོ། 2 ང་བཅས་འཇིག་རྟེན་པའི་ལམ་ལུགས་སྲོལ་འབད་དེ་ སྡོདཔ་མས་ཟེར་དོགས་པ་ཟ་མི་ཚུ་ལུ་ ང་འོངས་ཏེ་ ཁོང་ལུ་སྲ་ཀྲག་ཀྲ་འབདཝ་ད་ ཁྱེད་ལུ་ཡང་དེ་བཟུམ་སྦེ་འབད་དགོཔ་ ཐལ་མ་བཅུག་ཟེར་ད་ལྟོ་ལས་གསོལཝ་བཏབ་དོ། 3 ག་ཅི་སྨོ་ཟེར་བ་ཅིན་ མིའི་ཤ་ལུས་ནང་སྡོད་རུང་ ང་བཅས་ཀྱིས་ མི་གིས་དམག་རྐྱབ་དོཝ་བཟུམ་སྦེ་མི་འབད། 4 དེ་ལས་མི་གིས་ལག་ལེན་འཐབ་མིའི་མཚོན་ཆ་འདི་ ང་བཅས་ཀྱིས་ལག་ལེན་འཐབ་སྟེ་ དམག་མི་རྐྱབ་ ང་བཅས་ཀྱིས་ དཀོན་མཆོག་གིས་གནང་མིའི་དབང་ཤུགས་འདི་ ལག་ལེན་འཐབ་པའི་ཐོག་ལས་ བདུད་ཀྱི་རྫོང་གཞི་ མེདཔ་གཏངམ་ཨིནམ་མ་ཚད། 5 དབང་ཤུགས་འདི་གིས་ བསླུ་འདྲིད་པའི་བསམ་འཆར་དང་ དཀོན་མཆོག་གི་སྐོར་ལས་རྩོད་པ་འཚོལ་ཏེ་ ཁོ་ལུ་རྒོལ་བཅུག་མི་མནོ་བསམ་ཚུ་ མར་བརྡལ་ཏེ་གཏངམ་ཨིན་ ངོ་རྒོལ་གྱི་མནོ་བསམ་དེ་ཚུ་བཟུང་སྟེ་ ཁིརཱིས་ཀྱི་བཀའ་ལུ་ ཉན་བཅུགཔ་ཨིན། 6 དེ་ལས་ཁྱེད་ག་ར་ ཉན་ཁུག་ཡོདཔ་འཐོན་ཚར་ཞིནམ་ལས་ ཁོང་ཉན་ཁུག་བཏབ་མ་བཏུབ་མི་ཚུ་ལུ་ ང་བཅས་ཁྲིམས་གཏང་ནི་ཨིན། 7 ཁྱེད་ཀྱིས་བལྟཝ་ད་ ཕྱི་ཁར་གྱི་རྐྱངམ་གཅིག་བལྟཝ་ཨིན་ དེ་ལས་ག་ར་འབད་རུང་ ཁོ་དོན་ལས་རང་ ཁིརཱིས་ཀྱི་ཨིན་ཟེར་མནོ་བ་ཅིན་ ཨ་ནི་མི་འདི་གིས་ང་བཅས་ཡང་ དོན་ལས་རང་ ཁིརཱིས་ཀྱི་ཨིན་ཟེར་ལོག་སྟེ་ མནོ་བསམ་གཏང་དགོ། 8 དེ་ལས་ ག་དེམ་ཅིག་སྦེ་ ང་གིས་ ང་བཅས་ལུ་ཡོད་མི་དབང་ཚད་ཀྱི་སྐོར་ལས་ ཨ་ཙི་ཅིག་ངོམ་སྟོན་ཏེ་འབད་རུང་ ང་ངོ་མི་ཚ་ ག་ཅི་འབད་ཟེར་བ་ཅིན་ དབང་ཚད་འདི་གིས་ ཁྱེད་ལུ་མེདཔ་ཐལ་བཅུག་ནི་གི་དོན་ལུ་མེན་པར་ ཡར་རྒྱས་གཏང་ནིའི་དོན་ལུ་ཨིན། 9 ང་གིས་ཁྱེད་ལུ་ ཡི་གུ་ཚུ་བྲིས་ཏེ་ འདྲོག་བཅུག་ནི་གི་སེམས་འདི་ ཡོད་རང་མེད། 10 དེ་ལས་མི་ལ་ལུ་ཅིག་གིས་ དེ་སྦེ་སླབ་དོཝ་ཨིན་པས་ པའུལ་གྱི་ཡི་གུ་འདི་ ལྗིད་ལྕི་དྲགས་དང་དབང་ཚད་ཅན་འདུག་ ཨིན་རུང་ ཁོ་རང་མི་ངོ་མ་སྦེ་ ང་བཅས་དང་གཅིག་ཁར་སྡོདཔ་ད་ལུ་ ཁོ་ལུ་དབང་ག་ནི་ཡང་མེད་མི་དང་ ཁོ་གི་སླབ་མིའི་ཚིག་ལུ་ དབང་ཤུགས་ག་ནི་ཡང་མེད་ཟེར་ཨིན་པས། 11 དེ་སྦེ་སླབ་མི་འདི་གིས་ ཨ་ནི་ཤེས་དགོ་ ཡི་གུ་ནང་བཟུམ་སྦེ་ ང་བཅས་མི་ངོ་མ་འོངམ་ད་ཡང་ རྣམ་འགྱུར་དེ་སྦེ་རང་སྟོན་ནི་ཨིན། 12 དེ་ལས་ང་བཅས་ཀྱིས་ ཁོང་ར་རང་ ལེགས་ཤོམ་ཨིན་ཟེར་ མནོ་བསམ་གཏང་མི་ཚུ་དང་གཅིག་ཁར་ ག་བསྡུར་རྐྱབ་མི་ཚུགས་ ཁོང་ཁོང་རང་གི་འབད་གཞག་འདི་ལུ་ ག་བསྡུར་རྐྱབ་ཨིན་མས་ ཁོང་རང་གི་འབད་གཞག་འདི་ལུ་ ག་བསྡུར་རྐྱབ་བལྟཝ་ད་ ཁོང་རང་དྲགཔ་སྦེ་ རྩིཝ་ཨིན་མས་ དེ་སྦེ་འབད་མི་ཚུ་ སེམས་གསལ་ཏོག་ཏོ་མེན་པའི་རྟགས་ཨིན། 13 ཨིན་ཏེ་འབད་རུང་ ང་བཅས་ཀྱིས་ཚད་ལས་བརྒལ་ཏེ་ངོམ་མི་སྟོན་ དེ་འབདཝ་ད་ དཀོན་མཆོག་གིས་ ཁྱེད་ཀྱི་སྦུག་ལུ་ལཱ་ འབད་ནི་གི་ཚད་མཛད་གནང་མི་འདི་ལུ་རྐྱངམ་གཅིག་ ང་བཅས་ཀྱིས་ངོམ་སྟོན་ནི་ཨིན། 14 ད་ དཀོན་མཆོག་གིས་ ཁྱེད་ཀྱི་སྦུག་ལུ་ལཱ་འབད་ནི་གི་ཚད་ ང་བཅས་ལུ་གནང་མི་ལས་ ང་བཅས་ཀྱིས་མ་བརྒལ་ ག་ཅི་སྨོ་ཟེར་བ་ཅིན་ འགོ་དང་པ་ཁྱེད་སྡོད་སར་གཏམ་བཟང་འབག་སྟེ་འོང་མི་ང་བཅས་ཨིན། 15 ང་བཅས་ཀྱིས་ རོགས་གཞན་གྱི་ལཱ་འབད་མི་དེ་ལུ་ ང་བཅས་ཀྱིས་འབད་ཡི་ཟེར་ རང་གི་ཚད་ལས་བརྒལ་ཏེ་ ངོམ་སྟོན་ཏེ་སླབ་མེན་ དེ་འབདཝ་ད་ ཁྱེད་ཀྱི་དད་པ་འདི་ཡར་རྒྱས་འགྱོ་བཅུག་སྟེ་ ཁྱེད་ཀྱི་སྦུག་ལུ་ ལཱ་གི་རྒྱ་སྐྱེད་སྦོམ་སྦེ་གཏང་ནི་གི་རེ་བ་ ང་བཅས་ཀྱིས་བསྐྱེདཔ་ཨིན། 16 དེ་ལས་ ཁྱེད་ཀྱི་ས་གནས་ལུ་མེན་པར་ ས་གནས་སོ་སོ་དང་ མི་གཞན་ག་གི་ཡང་ལཱ་འགོ་མ་བཙུགས་སར་ ང་བཅས་ཀྱི་གཏམ་བཟང་བཤད་དགོ་མནོ་ཡི་ དེ་སྦེ་འབད་བ་ཅིན་ མི་གཞན་གྱི་ས་སྒོ་ནང་འབད་མི་ལཱ་ རང་གི་ལཱ་ཨིན་ཟེར་སླབ་སྟེ་ རང་བསྟོད་རྐྱབ་མི་དགོ། 17 གསུང་རབ་ནང་། རང་བསྟོད་རྐྱབ་པ་ཅིན་ གཙོ་བོ་གི་ནང་ རང་བསྟོད་རྐྱབས་ཟེར་ བྲིས་ཏེ་འདུག 18 མི་ག་ར་ཨིན་རུང་ རང་གི་སྐོར་ལས་ ངོམ་སྟོན་ཏེ་སླབ་པ་ཅིན་ བསྟོད་པ་འདི་ རང་ལུ་རྐྱངམ་གཅིག་ཐོབ་ཨིན་ དེ་འབདཝ་ད་ ཁོ་གི་སྐོར་ལས་ གཙོ་བོ་གིས་བསྟོད་པ་གནང་པ་ཅིན་ དོན་ལས་རང་ ཁོ་ངོས་ལེན་ཐོབ་མི་ཨིན།།
1 ད་ང་གིས་ རྩ་རྒས་བཟུམ་གྱི་བློ་སླབ་ད་ དེ་ལུ་ཁྱེད་ཀྱིས་བཟོད་པ་བསྒོམ་འོང་ཟེར་ ང་ལུ་རེ་བ་ཡོད་ ང་ལུ་ནཱ་གི་ཐུགས་ཀྱི་བཟོད་པ་བཞེས་གནང་ལགས། 2 ང་ཁྱེད་བལྟ་སྟེ་ ངེ་གི་སེམས་ཀྱི་གཏིང་ལས་རང་ དཀོན་མཆོག་ལས་བྱུང་འོང་མི་བྱམས་བརྩེ་དེ་བསྐྱེད་དོ་ ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ཁྱེད་ཆ་ཁྱབ་ ཁིརཱིས་ཀྱི་མནའམ་གཙང་ཏོག་ཏོ་གཅིག་སྦེ་ཕུལ་ནི་དང་ དེ་ལས་ ཁོ་ཁྱེད་ཀྱི་རྨགཔ་སྦེ་གཉེན་བརྐྱབ་ནི་གི་ཁས་བླངས་འབད་ཚར་ཡི། 3 ད་ཧེ་མ་ སྦུལ་མགུ་བདེ་དྲགས་དེ་གིས་ ཨིབ་ལུ་མགུ་བསྐོར་རྐྱབ་དོཝ་བཟུམ་སྦེ་ ཁྱེད་ཀྱིས་ ཁིརཱིས་ལུ་སེམས་ཉམ་ཆུང་དང་དྲང་སེམས་ཀྱི་ཐོག་ལས་དམ་ཚིག་བསྟེན་ནི་ལས་ ལམ་འཛོལ་བ་ནང་འཁྱིད་འགྱོ་འོང་ཟེར་ ང་ཚ་གྱང་ལང་དོ། 4 ག་ཅི་སྨོ་ཟེར་བ་ཅིན་ མི་གཞན་གཅིག་ ཁྱེད་སྡོད་སར་འོངས་ཏེ་ ང་བཅས་ཀྱིས་བཤད་མི་ཡེ་ཤུ་འདི་མེན་པར་ ཡེ་ཤུ་གཞན་གཅིག་གི་སྐོར་ལས་ཆོས་རེ་བཤད་ ཡང་ན་ ཁྱེད་ཀྱིས་ཐོབ་མིའི་ཐུགས་ཉིད་འདི་དང་ མ་འདྲ་བའི་ཐུགས་ཉིད་གཞན་གཅིག་གི་སྐོར་ལས་ ཆོས་རེ་བཤད་ ཡང་ན་ ཁྱེད་ཀྱིས་ཆ་བཞག་མི་གཏམ་བཟང་འདི་དང་ མ་འདྲ་བའི་གཏམ་བཟང་ གཞན་གཅིག་བཤད་པ་ཅིན་ ཁྱེད་ཀྱིས་འཇམ་ཏོག་ཏོ་སྦེ་ ཁ་བཟེད་དེ་ཆ་བཞགཔ་ཨིན་མས། 5 དེ་འབདཝ་ད་ ཁོང་ཨ་ནི་བཟུམ་གྱི་ཆོས་སྟོན་མིའི་སྐུ་ཚབ་ཁྱད་འཕགས་ཚུ་དང་འཕྱདཔ་ད་ ག་ཅི་ནང་ལས་རང་འབད་རུང་ ང་སྐྱོ་ཤོས་གཅིག་མེན། 6 མ་པ་ ང་ཆོས་བཤད་ནི་ལུ་མཁས་དྲགས་མེན་ཏེ་འབད་རུང་ དཀོན་མཆོག་གིས་ ཤེས་ཡོན་ང་ལུ་གནང་སྟེ་ཡོད་ ཨ་ནི་འདི་ཚུ་ང་བཅས་ཀྱིས་ག་དེ་དྲག་དྲག་ གསལ་ཏོག་ཏོ་སྦེ་ཁྱེད་ལུ་སྟོན་ཡི། 7 དེ་ལས་ང་གིས་ ཁྱེད་ལུ་ཞེ་ས་འབད་ནི་གི་དོན་ལུ་ ང་རང་ཉམ་ཆུང་སྦེ་བཟོ་སྟེ་ གླ་ཆ་ག་ནི་ཡང་མ་ལེན་པར་ དཀོན་མཆོག་གི་གཏམ་བཟང་བཤད་མི་འདི་ ང་ལུ་འཛོལ་བ་ཨིན་ཟེར་སླབ་ཨིན་ན། 8 ག་ཅི་སྨོ་ཟེར་བ་ཅིན་ ང་ལུ་དངུལ་ཕོགས་བྱིན་མི་དེ་ ཆོས་ཚོགས་གཞན་ཚུ་འབད་ དེ་འབདཝ་ད་ ང་གིས་ཁྱེད་ལུ་རིན་མེད་སྟོང་པར་སྦེ་ཞབས་ཏོག་ཞུཝ་ད་ ཆོས་ཚོགས་གཞན་ཚུ་ལུ་ ང་གིས་བཅོམ་དོཝ་བཟུམ་སྦེ་ཡར་སོང་ཡི། 9 དེ་ལས་ ང་ཁྱེད་དང་གཅིག་ཁར་སྡོད་པའི་སྐབས་ལུ་ ང་ལུ་དགོཔ་ཁག་ཆེཝ་ཐོནམ་ད་ ཁྱེད་ལས་ཆ་རོགས་ག་ནི་ཡང་མ་འཚོལ་ ག་ཅི་སྨོ་ཟེར་བ་ཅིན་ མ་ཀེ་དོ་ནི་ཡ་ལས་འོང་མི་ ང་རང་གི་ཆ་རོགས་ཚུ་གིས་ ང་ལུ་དགོཔ་ག་ར་འབག་འོང་ཡི་ འདི་བཟུམ་སྦེ་ ཤུལ་ལས་འབད་དེ་སྦེ་རུང་ ཁྱེད་ཀྱིས་ང་ལུ་ཆ་རོགས་འབད་གནང་ཟེར་ རྩ་ལས་རང་མི་སླབ། 10 དེ་མ་ཚད་ དོན་ལས་རང་ ངེ་གི་ནང་ན་ཡོད་མི་ ཁིརཱིས་ཀྱི་བདེན་པ་འདི་ འཛོམ་དཔང་སྦེ་བཙུགས་ཏེ་ ཨ་ཀེ་ཡ་ལུང་ཕྱོགས་ནང་གི་མི་ ག་གིས་ཡང་ ང་ལུ་འདི་གི་སྐོར་ལས་ བསྟོད་པ་བརྐྱབ་ནི་འདི་བཞག་ཟེར་ རྩ་ལས་རང་སླབ་མི་ཚུགས། 11 ང་གིས་དེ་སྦེ་སླབ་ད་ ཁྱེད་ལུ་མ་དགའཝ་བཟུམ་ཨིན་ན་ དེ་སྦེ་མེན་ ང་གིས་ཁྱེད་ལུ་དགའ་མི་འདི་ དཀོན་མཆོག་གིས་མཁྱེན། 12 ད་ལྟོ་ང་གིས་ ག་འབད་མི་འདི་ མི་གཞན་གྱིས་ཡང་ ང་བཅས་བཟུམ་སྦེ་རང་ འབདཝ་ཨིན་ཟེར་ བསྟོད་པ་བརྐྱབ་ནི་གི་གོ་སྐབས་ མ་བྱིན་ནི་གི་དོན་ལུ་ ང་གིས་ འཕྲོ་མཐུད་དེ་རང་ རིན་མེད་སྟོང་པ་སྦེ་ ཞབས་ཏོག་ཞུ་སྟེ་རང་སྡོད་ནི་ཨིན། 13 ག་ཅི་སྨོ་ཟེར་བ་ཅིན་ ཨ་ནི་མི་འདི་ཚུ་ སྐུ་ཚབ་རྫུས་མ་ མགུ་བསྐོར་བརྐྱབས་ཏེ་ ལཱ་འབད་མི་ དེ་ལས་ ཁིརཱིས་ཀྱི་སྐུ་ཚབ་བཟུམ་སྦེ་ འགྱུར་ནིའི་ཐབས་ཤེས་འགྱིར་མི་ཚུ་ཨིན། 14 ཨིན་རུང་ ང་འདི་ལུ་བལྟ་སྟེ་ རྣམ་རྟོག་ལངས་དགོཔ་རྩ་ལས་རང་མེད་ ག་ཅི་འབད་ཟེར་བ་ཅིན་ བདུད་ སེ་ཏཱན་འདི་གིས་ཡང་ འོད་ཀྱི་ཕོ་ཉ་ལུ་བསྒྱུརཝ་ཨིན། 15 འདི་འབདཝ་ལས་ བདུད་ སེ་ཏཱན་གྱི་གཡོགཔ་གིས་ཡང་ ཕྲངམ་གི་གཡོགཔ་བཟུམ་སྦེ་བཟོཝ་འདྲཝ་ཅིག་འབད་བ་ཅིན་ འདི་ལུ་རྣམ་རྟོག་ལངས་དགོཔ་རྩ་ལས་རང་མེད་ མཐའན་མཇུག་ལུ་ ཁོང་རང་གི་ག་འབད་མི་དང་འཁྲིལ་ཏེ་ ཁྲིམས་འབག་དགོ།། 16 ད་རུང་ཡང་ ང་གིས་ཚར་གཅིག་སླབ་གེ་ ཁྱེད་ཀྱིས་ ང་ལུ་རྩ་རྒས་ཨིན་མས་ཟེར་ མནོ་བསམ་མ་གཏང་ དེ་འབདཝ་ད་ ཁྱེད་ཀྱིས་ང་ལུ་ རྩ་རྒས་སྦེ་བརྩིས་བ་ཅིན་ རྩ་རྒས་སྦེ་རང་ཆ་བཞག་ དེ་ལས་ང་རང་གི་སྐོར་ལས་ ཨ་ཙི་གཅིག་རང་བསྟོད་བརྐྱབས་ཏེ་ སླབ་ནི་ཨིན། 17 དེ་སྦེ་ ང་རང་གི་སྐོར་ལས་ རང་བསྟོད་བརྐྱབས་ཏེ་སླབ་མི་འདི་ ང་རང་རྩ་རྒས་བཟོ་སྟེ་སླབ་ཨིན་ འདི་གཙོ་བོ་ལས་མེན། 18 ད་ མི་ལེ་ཤ་གིས་ འཇིག་རྟེན་པའི་མནོ་བསམ་དང་འཁྲིལ་ཏེ་ ཁོང་རང་གི་སྐོར་ལས་ རང་བསྟོད་བརྐྱབས་ཏེ་སླབ་འདྲཝ་གཅིག་འབད་བ་ཅིན་ ང་ཡང་ ང་རང་གི་སྐོར་ལས་ རང་བསྟོད་བརྐྱབས་ཏེ་ སླབ་ནི་ཨིན། 19 ཁྱེད་གནམ་མེད་ས་མེད་ སེམས་གསལ་དྲགས་ཨིན་མས་ ཁྱེད་ཀྱིས་ སྤྲོ་བའི་ངང་ལས་ རྩ་རྒས་ཀྱི་མི་ལུ་ བཟོད་པ་བསྒོམ་ཚུགས་པས། 20 ག་ཅི་སྨོ་ཟེར་བ་ཅིན་ མི་གཅིག་གིས་ཁྱེད་ལུ་ ཁོ་རང་གི་ གཡོགཔ་སྦེ་ལཱ་བཀོལ་རུང་ ཁྱེད་ལུ་ མགུ་བསྐོར་རྐྱབ་རུང་ ཧིང་ནང་བཙུགས་རུང་ རང་མཐོང་ཅན་བཟོ་རུང་ དེ་ལས་ ཟ་ལྟབ་གུ་ལྡན་ལྕག་དྲངས་རུང་ ཁྱེད་ཀྱིས་བཟོད་པ་སྒོམ་ཨིན་པས། 21 དབའི་ ང་བཅས་ཞན་འཁོགས་འབད་ནི་དེ་གིས་ ཁོང་གིས་འབད་མི་འདི་ ང་བཅས་ཀྱིས་འབད་མ་ཚུགས་ ཐད་རི་བ་རི་ ང་ངོ་ཚ་བས། ཨིན་རུང་ ཁོང་རང་གི་སྐོར་ལས་ རང་བསྟོད་བརྐྱབ་ཚུགས་པ་ཅིན་ ང་གིས་ཡང་ ང་རང་གི་སྐོར་ལས་ རང་བསྟོད་རྐྱབས་ཚུགས་ མ་གཞི་འདི་རྩ་རྒས་ཀྱི་བློ་ཨིནམ་ ང་རང་གིས་ཤེས། 22 དེ་ལས་ཁོང་ཆ་ཁྱབ་ཀྱིས་ ཧིབ་རུ་པ་ཨིན་ཟེར་བ་ཅིན་ ང་ཡང་ཨིན་ ཁོང་གིས་ ཨཱིས་ར་ཨཱེལ་པ་ཨིན་ཟེར་བ་ཅིན་ ང་ཡང་ཨིན་ ཁོང་གིས་ ཨབ་ར་ཧམ་གྱི་བུ་བརྒྱུད་ལས་ཨིན་ཟེར་བ་ཅིན་ ང་ཡང་ཨིན། 23 ཁོང་གིས་ ཁིརཱིས་ཀྱི་ཞབས་ཕྱིཔ་ཨིན་ཟེར་བ་ཅིན་ མ་པ་ ང་གིས་དེ་སྦེ་སླབ་ད་ ང་འཆོལ་ལོང་བཟུམ་སྦེ་མཐོང་འོང་ ཨིན་རུང་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཁོང་ལས་ལྷགཔ་སྦེ་ ང་ཡང་ཞབས་ཕྱིཔ་ཨིན་ བཙོན་ཁང་ནང་ ཁོང་ལས་ཚར་ལེ་ཤ་ང་འཛུལ་ཡི་ མི་གིས་ཡང་གྱངས་ཁ་མ་ཆོདཔ་ ང་ལུ་བརྡུང་རྫོབ་འབད་ དེ་ལས་ ལོག་ཅི་ལོག་ཅི་འདྲང་སྟེ་ ཤི་ནི་བཟུམ་ལུ་ ཐེངས་མང་རབས་ཅིག་ཐུག་ཅི། 24 ཡ་ཧུ་ད་པ་ཚུ་གིས་ རྟས་ལྕག་གིས་གྱངས་ཁ་ སུམ་བཅུ་སོ་དགུ་འབད་མི་ ཚར་ལྔ་དྲངས་ཡི། 25 ཚར་གསུམ་ འཁརཝ་གིས་དྲངས་ཡི་ རྡོ་གིས་ཚར་གཅིག་བརྡུང་ཡི་ རྒྱ་མཚོ་ནང་ཚར་གསུམ་གྲུ་ཞིག་འགྱོ་ཡི་ ཞག་གཅིག་ རྒྱ་མཚོའི་ཁ་ལས་ཕར་ལྡིང་སྟེ་སྡོད་ཅི། 26 དེ་ལས་ལམ་འགྲུལ་འབདཝ་ད་ ཚར་ལེ་ཤ་རང་ གཙང་ཆུ་ནང་ལས་ཕར་ ཆུ་གི་འབག་པའི་ཉེན་ཁ་དང་ ཨརཝ་དང་འཕྲོག་བཅོམ་གྱི་ཉེན་ཁ་ རང་གི་རྒྱལ་ཁབ་ཀྱི་མི་ཚུ་གི་ཉེན་ཁ་ ཕྱིའི་མི་རིགས་ཚུ་གི་ཉེན་ཁ་ ཁྲོམ་ཚོགས་ནང་གི་ཉེན་ཁ་ རི་སྟོང་གི་ ཉེན་ཁ་ རྒྱ་མཚོའི་ཉེན་ཁ་ དེ་ལས་དདཔ་ཅན་རྫུས་མ་ཚུ་གི་ཉེན་ཁ་ འདི་ཚུ་ག་ར་ང་ལུ་བྱུང་ཡི། 27 དེ་ལས་ འུ་སྡུག་ཐང་ཆད་དེ་ དཀའཝ་སྤྱད་སྡོད་ཅི་ ནུབ་མོ་གཉིད་ཡང་ལོག་ནི་མེད་པར་ མང་རབས་ཅིག་སྡོད་ཅི་ དེ་ལས་ཁ་སྐོམ་ལྟོཝ་བཀྱེས་ཏེ་ ཡང་ན་ བཞེས་སྒོ་མ་ཐོབ་པར་ དཀའ་ངལ་མང་རབས་ཅིག་མྱོང་ཡི་ གནམ་གྱངམ་ད་ བགོ་ལ་མེད་པའི་དཀའ་ངལ་ཡང་ ཐེངས་མང་རབས་ཅིག་བྱུང་ཡི། 28 ད་རུང་དེ་དང་གཅིག་ཁར་ ཨ་རྟག་རང་ ཆོས་ཚོགས་ཀྱི་ཚ་གྱང་དང་སྡུག་བསྔལ་ཡང་འབག་སྟེ་སྡོད་ཅི། 29 ད་ ཆོས་ཚོགས་ཀྱི་གྲལ་ཁ་ལུ་ མི་ཞན་འཁོགས་ཡོད་པ་ཅིན་ ང་ཡང་ཁོ་བཟུམ་སྦེ་ ཞན་འཁོགས་ཚོར་ནི་ཨིན་ དེ་ལས་མི་གཞན་ལུ་འཛོལ་བ་འབད་བཅུགཔ་ད་ འདི་ལུ་བལྟ་སྟེ་ ང་གིས་ཙིགཔ་མ་ཟ་བར་ག་དེ་སྦེ་ སྡོད་ཚུགས་ནི་སྨོ། 30 ང་གིས་ རང་བསྟོད་རྐྱབ་དགོ་པ་ཅིན་ ང་རང་ག་དེམ་ཅིག་ ཞན་འཁོགས་ཡོདཔ་ཨིན་ན་ འདི་གི་སྐོར་ལས་ རང་བསྟོད་བརྐྱབ་ནི་ཨིན། 31 ང་གིས་བདེན་པ་སླབ་མས་ཟེར་ གཙོ་བོ་ཡེ་ཤུ་གི་ ཡབ་དཀོན་མཆོག་གིས་མཁྱེན་ བསྟོད་པ་ག་ར་དུས་ཨ་རྟག་རང་ཁོ་གི་ཨིན་ནོ། 32 ཁྲོམ་ ད་མཱས་ཀཱོས་ལུ་ རྒྱལཔོ་ ཨ་རེ་ཏཱས་ཀྱི་འོག་ལུ་ཡོད་མི་ རོམ་གྱི་གཞུང་ཚབ་ཀྱིས་ ང་ལུ་བཟུང་ནི་སྦེ་ ད་མཱས་ཀཱོས་ཀྱི་ལམ་ག་ར་ནང་སྲུང་རྒྱབ་བཙུགསཔ་ད། 33 ང་ཙེའུ་ནང་བཙུགས་ཏེ་ ལྕགས་རི་གི་གྱང་གི་སྒོ་ཅུང་ནང་ལས་མར་ཕབ་གཏང་སྟེ་ ང་བྱོག་ཐལ་ཡི།།
1 རང་བསྟོད་བརྐྱབས་ཏེ་ རྩ་རྒས་ཀྱི་བློ་སླབ་ནི་འདི་ ཕན་ཐོགས་མེད་ དེ་འབདཝ་ད་ འཕྲོ་མཐུད་དེ་རང་ གཙོ་བོ་གིས་གནང་མི་མཐོང་སྣང་དང་ དངོས་སུ་སྦེ་སྟོན་གནང་མི་སྐོར་ལས་བཤད་ནི་ཨིན། 2 ལོ་བཅུ་བཞི་གི་ཧེ་མ་ ཁིརཱིས་ནང་ཨིན་མི་ ང་གིས་ངོ་ཤེས་མི་གཅིག་ ཞིང་ཁམས་གསུམ་པ་ཚུན་ཚོད་བསྣམས་ནུག་ མི་འདི་ ལུས་དང་གཅིག་ཁར་ཨིན་ན་ ལུས་མེད་པར་ཨིན་ན་ ང་གིས་མི་ཤེས་པས་ དཀོན་མཆོག་གིས་མཁྱེན། 3 ད་རུང་ཨ་ནི་མི་འདི་ ལུས་དང་གཅིག་ཁར་ཨིན་ན་ ལུས་མེད་པར་ཨིན་ན་ འདི་ང་གིས་མི་ཤེས་ དཀོན་མཆོག་གིས་མཁྱེན། 4 ཨིན་རུང་ མི་འདི་ཞིང་ཁམས་གསུམ་པ་ལུ་ལྷོདཔ་ད་ མི་གིས་སླབ་མ་བཏུབ་མི་ ལོ་རྒྱུས་ག་ཅི་དེས་ཅིག་རྩ་ཅན་ཡོད་མི་དེ་ཚུ་ ཁོ་གིས་གོ་ནུག 5 ཨ་ནི་བཟུམ་གྱི་མི་ལུ་འབད་བ་ཅིན་ ང་གིས་བསྟོད་པ་རྐྱབ་ནི་ཨིན་ དེ་འབདཝ་ད་ ངེ་གི་སྐོར་ལས་ རང་བསྟོད་མི་རྐྱབ་ བསྟོད་པ་རྐྱབ་དགོ་པ་ཅིན་ ང་རང་གི་ཞན་འཁོགས་ཀྱི་སྐོར་ལས་རྐྱབ་ནི་ཨིན། 6 ང་གིས་ ང་རང་ལུ་ རང་བསྟོད་རྐྱབ་དགོ་མནོ་སྟེ་ ང་གིས་ཨ་ནི་བཟུམ་སྦེ་འབད་ཡི་ཟེར་ སླབ་པ་ཅིན་ ང་རང་རྩ་རྒས་སྦེ་མི་བརྩི་ ག་ཅི་སྨོ་ཟེར་བ་ཅིན་ ང་གིས་བདེན་པ་དེ་སླབ་སྡོད་འོང་ ཨིན་རུང་ ང་གིས་དེ་སྦེ་ རང་བསྟོད་མི་རྐྱབ་ ད་ མི་ག་གིས་རང་འབད་རུང་ ངེ་གི་སྐོར་ལས་ བསྟོད་པ་བརྐྱབས་ཏེ་འབད་བ་ཅིན་ ཁོང་གིས་ ངེ་གི་མི་ཚེ་ནང་ལུ་ མཐོང་མི་དང་ རྣ་བ་གོ་མི་རྐྱངམ་གཅིག་ལས་བརྒལ་ཏེ་ མནོ་བསམ་མ་གཏང་གེ་ཟེར་མནོ་སྟེ་ཨིན། 7 དེ་ལས་ ཧ་ལས་པའི་ཕྱག་ལཱ་དེ་ ང་ལུ་དངོས་སུ་སྦེ་སྟོན་གནང་ནི་དེ་གིས་ ང་ ང་རང་ ཁམས་ཆེ་དྲགས་སྦེ་མི་འགྱུར་ནི་གི་དོན་ལུ་ བདུད་ སེ་ཏཱན་གྱིས་ བར་ཆད་བརྐྱབས་ཏེ་ ངེ་གི་གཟུགས་ཁར་ རྩང་གིས་སོབ་དོཝ་བཟུམ་གྱི་ དཀའ་ངལ་མྱོང་བཅུག་ཅི། 8 ང་གིས་ཚར་གསུམ་ གཙོ་བོ་ལུ་ ཨ་ནི་དཀའ་ངལ་འདི་ ང་ལས་བཞེས་གནང་ཟེར་ཞུ་ཡི། 9 དེ་འབདཝ་ད་ དེ་གི་ལན་ལུ་ཁོ་གིས་ ངེ་གི་ཐུགས་རྗེ་འདི་ ཁྱོད་ལུ་ལངམ་སྦེ་ཡོད་ ག་ཅི་སྨོ་ཟེར་བ་ཅིན་ ཁྱོད་ལུ་སྟོབས་ཤུགས་མེད་ འབད་མ་ཚུགས་པར་སྡོདཔ་ད་ ངེ་གི་དབང་ཤུགས་དེ་ དོན་ལས་རང་མཐོང་དོ་ཟེར་གསུངས་དེས་ དེ་འབདཝ་ལས་ ང་ལུ་ཤུགས་མེད་པར་སྡོད་པའི་སྐབས་ ཁིརཱིས་ཀྱི་དབང་ཤུགས་དེ་ ངེ་གི་ནང་བཞུགས་ཡོདཔ་མཐོང་བཅུག་ནི་སྦེ་ སྤྲོ་བའི་ངང་ལས་ ང་ཤུགས་མེད་མི་འདི་ལུ་ རང་བསྟོད་རྐྱབས་ནི་ཨིན། 10 དེ་འབདཝ་ལས་ ང་ཞན་འཁོགས་འབདཝ་ད་ ང་ལུ་ཚིག་རྩུབ་སླབ་ད་ སྡུག་བསྔལ་ཕོགཔ་ད་ མི་གཞན་གྱིས་ང་ལུ་ གནོད་འཚེ་བཀལཝ་ད་ རྐྱེན་ངན་ཚུ་བྱུང་འོངམ་ད་ དེ་ཚུ་ག་ར་ ཁིརཱིས་ཀྱི་དོན་ལུ་ཨིན་ཟེར་ ང་གིས་མནོ་བསམ་གཏང་སྟེ་ ངལ་རངསམ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་ཤུགས་མེད་པའི་དུས་ལུ་ ང་སྟོབས་ཤུགས་ཅན་ཨིན།། 11 དེ་ལས་ ང་རང་གིས་རང་ལུ་ རྩ་རྒས་བཟུམ་གྱི་འབད་བཞག་བཟོ་སྟེ་སྡོདཔ་ཨིན་ དེ་འབདཝ་ད་ དེ་བཟུམ་བཟོ་བཅུག་མི་འདི་ ཁྱེད་ཆ་ཁྱབ་ཨིན་ མ་པ་ཁྱེད་ཀྱིས་ ངེ་གི་སྐོར་ལས་ རྒྱབ་སྐྱོར་འབད་ཚུགས་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ང་ག་ནི་ཡང་མེནམ་བཟུམ་ཨིན་རུང་ ཁྱེད་ཀྱི་སྐུ་ཚབ་རྫུས་མ་ ཁག་ཆེ་ཤོས་ཚུ་ལས་ ང་དྲག 12 ང་ཧེ་མ་ ཁྱེད་དང་གཅིག་ཁར་སྡོདཔ་ད་ བཟོད་པ་བསྒོམས་ཏེ་ རྟགས་མཚན་དང་ ཧ་ལས་སི་སི་གི་ལཱ་དང་ རྫུ་འཕྲུལ་འདི་ཚུ་འབད་དེ་ སྐུ་ཚབ་ངོ་མ་སྦེ་ཁུངས་བཀལ་ཡི། 13 དེ་ལས་ ང་གིས་ཆོས་ཚོགས་གཞན་ཚུ་ལུ་ འབད་དོཝ་བཟུམ་སྦེ་ཁྱེད་ལུ་ ག་ཅི་མ་འབདཝ་སྨོ་ཟེར་བ་ཅིན་ ཁྱེད་ལས་ང་གིས་ཆ་རོགས་མ་འཚོལ་ དེ་སྦེ་འཛོལ་བ་འབད་མི་འདི་ལུ་ བཤགས་པ་བཞེས་གནང་། 14 ད་ ང་ཐེངས་གསུམ་པ་ ཁྱེད་སྡོད་སར་བལྟ་བ་འོང་ནི་སྦེ་ གྲ་སྒྲིག་ཡོད་ འདི་བསྒང་ ཁྱེད་ལུ་དཀའ་ངལ་ག་ནི་ཡང་མི་བྱིན་ དེ་མ་ཚད་ ང་ཁྱེད་ལས་ག་ནི་ཡང་མི་འཚོལ་ ང་ལུ་དགོ་མི་འདི་ ཁྱེད་རང་ཨིན་ དེ་ལས་ཁྱེད་ ང་རང་གི་ཨ་ལོ་བཟུམ་སྦེ་ བལྟ་བ་འོང་ནི་ཨིན་ ཨ་ལོ་གིས་ཕམ་གྱི་དོན་ལུ་ག་ནི་ཡང་ གྲ་སྒྲིག་རྐྱབ་མི་དགོ་ དེ་འབདཝ་ད་ ཕམ་གྱིས་ཁོང་རང་གི་ ཨ་ལོ་གི་དོན་ལུ་གྲ་སྒྲིག་རྐྱབ་ཨིན། 15 ད་ ང་ཁྱེད་སྡོད་སར་འོངས་ཏེ་ ངེའི་ནང་ཡོད་མི་ག་ར་ ང་རང་གི་ཚེ་ཡང་ ཁྱེད་ཀྱི་དོན་ལུ་བྱིན་ནི་དེ་ ངེ་གི་སྤྲོ་བ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་ཁྱེད་ལུ་གནམ་མེད་ས་མེད་དགའཝ་ཨིན་ དེ་འབདཝ་ད་ ཁྱེད་ང་ལུ་ཨ་ཙི་ཅིག་ལས་བརྒལ་མི་དགའ་བས། 16 ཁྱེད་ལ་ལུ་གིས་སླབ་དོཝ་མས་ ང་གིས་ཁྱེད་ལུ་དཀའ་ངལ་མ་བྱིན་ཟེར་ཨིན་རུང་ ལ་ལུ་གིས་ ང་ མི་མགུ་བདེ་དྲགས་དང་ ཁྱེད་ལུ་ཧིང་ནང་བཙུགས་མི་ཨིན་མས་ཟེར་མནོ་བསམ་གཏངམ་ཨིན་པས། 17 འདི་ག་དེ་སྦེ་སྨོ་ ང་གིས་མི་བང་ཆེན་གཏང་སྟེ་ རང་གི་ཁེ་ཕན་གྱི་དོན་ལུ་ཁྱེད་མགུ་བསྐོར་ནང་བཙུགས་ཅི་ག། 18 ང་གིས་ ཏི་ཏུས་ལུ་ ཁྱེད་སྡོད་སར་སོང་ཟེར་གསོལཝ་བཏབ་སྟེ་ དདཔ་ཅན་སྤུན་ཆ་གཅིག་ ཁོ་དང་གཅིག་ཁར་བཏངམ་ད་ ཏི་ཏུས་ཀྱིས་ རང་གི་ཁེ་ཕན་གྱི་དོན་ལུ་ཁྱེད་མགུ་བསྐོར་ནང་བཙུགས་ཅི་ག་ དེ་སྦེ་རྩ་ལས་རང་མེན་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་དང་ངེ་གི་སེམས་གཅིག་ཨིན་ ཁོ་དང་ང་ལམ་གཅིག་ནང་འགྱོཝ་ཨིན་ སེམས་དང་མནོ་བསམ་གཅིག་སྦེ་བཏང་སྟེ་ ལཱ་འབདཝ་ཨིན། 19 གཅིག་ལས་འབདན་ ང་བཅས་ཀྱིས་ རང་ལུ་རྒྱབ་སྣོན་སྦེ་བདེན་ཁུངས་བཀལ་ནིའི་དོན་ལུ་ འབདཝ་མས་ཟེར་མནོཝ་མས་ དེ་སྦེ་མེན་ ང་བཅས་ཁིརཱིས་ནང་ན་གནས་ཏེ་ དེ་ཚུ་སླབ་ཨིན་ དེ་ལས་ འདི་ག་ར་དཀོན་མཆོག་གིས་མཁྱེན་ དེ་མ་ཚད་ ང་བཅས་ཀྱིས་འབད་མི་འདི་ ཁྱེད་བྱམས་པའི་ཆ་རོགས་ཚུ་ལུ་སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ཨིན། 20 ད་ ང་འདྲོག་དོ་ ག་ཅི་སྨོ་ཟེར་བ་ཅིན་ ང་ཁྱེད་སྡོད་སར་འོངམ་ད་ ངེ་གི་འདོད་པ་བཞིན་དུ་ ཁྱེད་ཀྱིས་མ་འབད་བར་སྡོད་འོང་ དེ་བཟུམ་སྦེ་ ཁྱེད་ཀྱིས་མནོ་བསམ་གཏང་དོཝ་བཟུམ་སྦེ་ ང་གིས་འབད་མི་ཚུགས་འོང་ ཁྱེད་ཀྱི་སྦུག་ལུ་ ཁ་ཤགས་བརྐྱབ་ནི་ གཅིག་གིས་གཅིག་ལུ་ མིག་ཏོ་ཚ་ནི་དང་ ཙིགཔ་ཟ་སྟེ་ ཕྱོགས་སོ་སོ་སྦེ་ གྱེས་འགྱོ་ནི་ ཁ་གཏང་ནི་ ཡར་ཁ་མར་ཁ་བཀལ་ནི་ ཁམས་བཙོང་ནི་ གཅིག་གིས་གཅིག་ལུ་ གུས་ཞབས་མ་འབད་ནི་ ནང་འཁྲུག་ལང་ནི་ འདི་ཚུ་ག་ར་ཁྱེད་ཀྱི་ནང་ན་བྱུང་མ་བཅུག་ཟེར་མནོ་ཡི། 21 ང་ཁྱེད་འབད་སར་ལོག་འོངམ་ད་ ངེ་གི་དཀོན་མཆོག་གིས་ ཁྱེད་ཀྱི་ཐོག་ལས་ ངེ་གི་ཁམས་འདི་ མར་ཕབ་སྟེ་ཉམ་ཆུང་སྦེ་ མཛད་གནང་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་གྲལ་ལས་ ལེ་ཤ་གིས་ སྡིག་པའི་ལཱ་དང་ མ་གཙངམ་དང་ འདོད་ཆགས་ཀྱི་ལུས་འབྲེལ་འབད་ནི་ སྤྱོད་ངན་པ་མ་འདྲཝ་དེ་ཚུ་འབད་དེ་ སེམས་མ་འགྱུར་མི་ལུ་ ང་སེམས་སྐྱོ་སྟེ་ མིག་ཆུ་འཛགས་འོང་ཟེར་ ང་འདྲོག་དོ།།
1 ད་ ང་ཁྱེད་སྡོད་སར་འོང་ནི་འདི་ ཐེངས་གསུམ་པ་ཨིན། མི་གཉིས་ཡང་ན་གསུམ་འཛོམ་དཔང་འབད་དེ་ སླབ་མི་ལོ་རྒྱུས་བདེན་པ་སྦེ་སྡོད་འོང་ཟེར་ གསུང་རབ་ནང་བྲིས་དོཝ་བཟུམ་སྦེ་ ཁྱེད་ཀྱིས་དྲན་པ་བཏོན་དགོ། 2 ང་ཧེ་མ་ཐེངས་གཉིས་པ་ ཁྱེད་སྡོད་སར་འོངས་ཏེ་ ཧེ་མ་སྡིག་པ་ནང་སྡོད་མི་ཚུ་ལུ་ཉེན་བརྡ་འབད་ཡི་ ད་རུང་ཡང་ཧེ་མ་བཟུམ་སྦེ་རང་ ཁོང་ཆ་ཁྱབ་དང་གཞན་ག་ར་ལུ་ ང་གིས་ ད་ལྟོ་ཐག་རིང་ས་ལས་ཉེན་བརྡ་འབད་དོ་ ང་ཐེངས་གསུམ་པ་འོངམ་ད་ ཁོང་ལུ་སྙིང་རྗེ་མི་བསྐྱེད་ཟེར་སླབ་ནི་ཨིན། 3 ཁིརཱིས་ཀྱིས་ ང་ལས་རྒྱུད་དེ་གསུངས་མིའི་ཁུངས་འདི་ ཁྱེད་ཀྱིས་འཚོལཝ་ཨིན་ན་ ཁིརཱིས་ཀྱིས་ ཁྱེད་དང་གཅིག་ཁར་ འབྲེལ་བ་འཐབ་ད་ ཤུགས་མེདཔ་མེན་ ཁོ་ཁྱེད་ཀྱི་སྦུག་ལུ་དབང་ཤུགས་ཅན་གཅིག་ཨིན། 4 ག་ཅི་སྨོ་ཟེར་བ་ཅིན་ ཁོ་དོན་ལས་རང་ སྟོབས་ཤུགས་ཞན་པའི་ཐོག་ལས་ ཁྲམ་ཤིང་གུ་བཀྲོངས་ཅི་ དེ་འབདཝ་ད་ དཀོན་མཆོག་གི་དབང་ཤུགས་ཀྱིས་ ཁོ་སྐུ་གསོན་པོ་བཞུགས་ཡོད་ དེ་བཟུམ་སྦེ་ ང་བཅས་ཁོ་གི་ནང་སྟོབས་ཞན་འཁོགས་ཨིན་རུང་ དཀོན་མཆོག་གིས་དབང་ཤུགས་ལས་བརྟེན་ ང་བཅས་ཁོ་དང་གཅིག་ཁར་སྡོད་འོང་ ཨ་ནི་དབང་ཤུགས་དེ་གིས་ ང་བཅས་ཁྱེད་ཀྱི་སྦུག་ལུ་ལཱ་འབད་ནི་ཨིན། 5 ད་ ཁྱེད་དད་པ་ནང་ཏན་ཏན་ཡོད་ག་མེད་ ཁྱེད་ཀྱིས་ ཁྱེད་རང་བརྟག་ཞིབ་འབད་དེ་བལྟ་དགོ་ རང་གིས་རང་ལུ་བལྟོ་དགོ་ ཡང་ན་ ག་དེམ་ཅིག་སྦེ་ ཁིརཱིས་ཁྱེད་ཀྱི་ནང་ན་བཞུགས་ཡོདཔ་ མ་དྲན་པ་ཅིན་ ཁྱེད་ཀྱིས་བརྟག་ཞིབ་འབད་ས་ལས་ འཐུས་ཤོརཝ་ཨིན། 6 ད་ ང་བཅས་ལུ་བརྟག་ཞིབ་འབད་བལྟཝ་ད་ འཐུས་མ་ཤོར་མི་སྦེ་ ཁྱེད་ཀྱིས་མཐོང་འོང་ཟེར་ ང་ལུ་རེ་བ་ཡོད། 7 ད་ ང་བཅས་ཀྱིས་དཀོན་མཆོག་ལུ་སྨོན་ལམ་ཞུཝ་ཨིན་ ཁྱེད་ཀྱི་སྦུག་ལུ་དབང་ཤུགས་དེ་ ཕྱི་ཁར་གཞན་གྱི་མཐོང་སར་ སྟོན་ནི་གི་ཚབ་ལུ་ ང་བཅས་འཐུས་ཤོར་སོངམ་བཟུམ་སྦེ་མཐོང་རུང་ ཁྱེད་ཀྱིས་འཛོལ་བ་ག་ནི་ཡང་འབད་མ་བཅུག་པར་ ག་ཀྲིག་ཀྲི་ཨིན་མི་འདི་ འབད་བཅུག་ཟེར་ ཞུཝ་ཨིན། 8 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་ བདེན་པ་འདི་ལུ་རྒོལ་ཏེ་ ག་ནི་ཡང་འབད་མི་ཚུགས་ དེ་འབདཝ་ད་ བདེན་པ་གི་ཁ་ཐུག་ལས་རྐྱངམ་གཅིག་ ལཱ་འབད་ཚུགསཔ་ཨིན། 9 ང་བཅས་ སྟོབས་ཤུགས་མེད་པར་ཞན་འཁོགས་སྦེ་སྡོདཔ་ད་ ཁྱེད་ཀྱི་སྟོབས་ཤུགས་སྒྲིང་སྒྲིང་སྦེ་འགྱོ་བ་ཅིན་ ང་བཅས་སེམས་དགའཝ་ཨིན་ མ་པ་ཁྱེད་དདཔ་ནང་ཚངམ་སྦེ་ འགྱོ་བཅུག་ཟེར་ ང་བཅས་ཀྱིས་སྨོན་ལམ་ཞུཝ་ཨིན། 10 དེ་གིས་འབད་ ང་ཁྱེད་ལས་ཐག་རིང་སར་འབདཝ་ད་ ལོ་རྒྱུས་འདི་ཚུ་ ཡི་གུ་ནང་བྲིས་དགོ་མི་དོན་དག་དེ་ ང་ཕར་ཁྱེད་སྡོད་སར་ལྷོདཔ་ད་ འདི་བཟུམ་མའི་ སེམས་ཁར་ཕོག་ནི་གི་བློ་ཚུ་སླབ་མི་དགོ་ ཡང་ན་ གཙོ་བོ་གིས་ང་ལུ་གནང་མི་དབང་ཚད་ འདི་བཏོན་ཏེ་ ཁྱེད་ལུ་ཉེས་ཁྲིམས་བཀལ་མི་དགོ་ ག་ཅི་སྨོ་ཟེར་བ་ཅིན་ དབང་ཚད་འདི་གིས་ཁྱེད་ལུ་ ཡར་རྒྱས་གཏང་ནི་མ་གཏོགས་ ཁྱེད་མེདཔ་ཐལ་བཅུག་ནི་གི་དོན་ལུ་མེན།། 11 ངེ་གི་བྱམས་པའི་སྤུན་ཆ་ཚུ་ ཨ་ནི་ཡི་གུ་ནང་ ངེ་གི་མཐའན་མཇུག་གི་ བསླབ་བྱ་འདི་མཇུག་བསྡུ་ནི་ཨིན་ ད་ སེམས་དགའ་སྤྲོ་འགྱུར་དགོ་ ཁྱེད་རང་གི་སྤྱོད་ལམ་ཚུ་འགྱུར་དགོ་ གཅིག་གིས་གཅིག་ལུ་སེམས་གསོ་འབད་དགོ་ སེམས་གཅིག་གི་ཐོག་ལས་ཞི་བདེ་ནང་སྡོད་དགོ་ དེ་ལས་བྱམས་དང་ཞི་བདེ་ཨིན་མི་དཀོན་མཆོག་ ཁྱེད་དང་གཅིག་ཁར་བཞུགས་འོང་། 12 དམ་ཚིག་གཙང་མིའི་སྒོ་ལས་ གཅིག་གིས་གཅིག་ལུ་ སྐུ་གཟུགས་བཟང་པོ་ཟེར་ཞུ་ ནཱ་ལུ་ཡོད་མི་ དཀོན་མཆོག་ཁོ་རའི་དམ་པའི་མི་ག་ར་གིས་ ཁྱེད་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་དེས། 13 ད་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཐུགས་རྗེ་དང་ དཀོན་མཆོག་གི་བྱམས་པ་དང་ དམ་པའི་ཐུགས་ཉིད་ཀྱི་མཐུན་ལམ་ ཁྱེད་ག་ར་དང་གཅིག་ཁར་ བཞུགས་པར་ཤོག། །།
1 ང་སྐུ་ཚབ་ པའུལ་དང་ ང་དང་གཅིག་ཁར་ཡོད་མིའི་དདཔ་ཅན་སྤུན་ཆ་ག་ར་གིས་ ག་ལ་ཏི་ལུ་ཡོད་མིའི་ཆོས་ཚོགས་ཚུ་ལུ་ཨ་ནི་ཡི་གུ་འདི་འབྲི་དོ་ སྐུ་ཚབ་ཀྱི་འགན་ཁུར་འདི་མི་ལས་མ་ཐོབ་ མི་ག་གིས་ཡང་སྐྱེལ་སྐྱེལཝ་མེན་ དེ་འབདཝ་ད་ ཨ་ནི་ལཱ་འདི་ཡེ་ཤུ་ཁིརཱིས་དང་ ཁོ་གཤགས་ས་ལས་གསོན་པོ་སྦེ་ བཞེངས་གནང་མིའི་ཡབ་དཀོན་མཆོག་གིས་ ང་ལུ་གནང་གནངམ་ཨིན། 3 ཡབ་དཀོན་མཆོག་དང་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཐུགས་རྗེ་དང་ཞི་བདེ་ ཁྱེད་དང་གཅིག་ཁར་བཞུགས་བཅུག 4 ང་བཅས་ཀྱི་ཡབ་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ ང་བཅས་ཀྱི་སྡིག་པ་བཀའ་དྲིན་བསྐྱང་ནིའི་དོན་ལུ་ ཡེ་ཤུ་ཁོ་རའི་སྐུ་སྲོག་གནང་སྟེ་ ད་ལྟོ་གི་འཛམ་གླིང་ངན་པ་འདི་ལས་ང་བཅས་ལུ་སྐྱབས་མཛད་གནང་ཡི། 5 དུས་རྟག་བུ་རང་དཀོན་མཆོག་ལུ་གཟི་བརྗིད་ཡོངས་སུ་བབ་པར་ཤོག་ ཨ་མཱེན།། 6 ཁྱེད་ལུ་ཁིརཱིས་ཀྱི་ཐུགས་རྗེ་ལས་སྦེ་འབོ་མི་དཀོན་མཆོག་ལུ་ དེ་འཕྲོ་ལས་རང་བཀོག་བཞག་སྟེ་ ཁྱེད་ཆ་ཁྱབ་ཀྱིས་གཏམ་བཟང་མ་འདྲཝ་གཅིག་གི་རྟིང་བདའ་འགྱོ་མི་འདི་ལུ་ ང་གནམ་མེད་ས་མེད་ཧ་ལས་ཅི། 7 ཨ་ནི་འདི་གཏམ་བཟང་ངོ་མ་མེན་ མི་ལ་ལུ་ཅིག་གིས་ཁྱེད་ཀྱི་སེམས་དཀྲུག་ནི་དང་ ཁིརཱིས་ཀྱི་གཏམ་བཟང་དེ་དོན་དག་གཞན་ལུ་བསྒྱུར་གཏང་ནི་སྦེ་ཨིན་མས། 8 ང་བཅས་ཀྱིས་ཧེ་མ་བཤད་མིའི་གཏམ་བཟང་ལས་འགལ་མི་གཅིག་འོང་པ་ཅིན་ ད་རུང་ལོག་སྟེ་ང་བཅས་རང་གིས་བཤད་རུང་འདྲ་ ཞིང་ཁམས་ཀྱི་ཕོ་ཉ་འོངས་ཏེ་བཤད་རུང་འདྲ་ ཁོ་ལུ་མཐའ་མེད་པའི་ཆདཔ་ཕོག་བཅུག 9 ང་གིས་ད་ལྟོ་སླབ་དོཝ་བཟུམ་སྦེ་ ད་རུང་ཡང་སླབ་དོ་ ག་གིས་རང་འབད་རུང་ ཁྱེད་ཀྱིས་ཧེ་མ་ལས་གོ་མིའི་གཏམ་བཟང་འདི་ལས་འགལ་མི་གཅིག་ གཞན་གཅིག་གིས་བཤད་པ་ཅིན་ དེ་ལུ་མཐའ་མེད་པའི་ཆདཔ་ཕོག་བཅུག། 10 གོང་ལས་སླབ་མི་འདི་ ང་གིས་མི་གི་སེམས་ལྷུ་ནི་གི་དོན་ལུ་སླབ་ཨིན་ན་ ཡང་ན་དཀོན་མཆོག་གི་ཐུགས་དགྱེས་བཅུག་ནི་གི་དོན་ལུ་སླབ་ཨིན་ན་ ག་དེམ་ཅིག་སྦེ་ ང་གིས་ད་ལྟོ་ཡང་ མི་གི་སེམས་ལྷུ་ནི་གི་དོན་ལུ་ཐབས་ཤེས་འགྱིརཝ་ཨིན་པ་ཅིན་ ང་ཁིརཱིས་ཀྱི་ཕྱག་ཞུ་མི་མེན། 11 ངེ་གི་སྤུན་ཆ་ཚུ་ ང་གིས་བཤད་མིའི་གཏམ་བཟང་འདི་ མི་གིས་བཟོ་བཟོཝ་མེན་ཟེར་ ཁྱེད་ཀྱི་དོན་ལུ་གསལ་ཏོག་ཏོ་སྦེ་སླབ་དགོ་མནོ་ཡི། 12 ཨ་ནི་གཏམ་བཟང་འདི་ ང་ལུ་མི་ག་གིས་ཡང་བྱིན་བྱིནམ་མེན་ མི་གིས་སྟོན་སྟོནམ་ཡང་མེན་ དེ་འབདཝ་ད་ ཡེ་ཤུ་ཁིརཱིས་ཀྱིས་ ང་ལུ་དངོས་སུ་སྦེ་མཇལ་ཁ་གནང་སྟེ་ ང་གིས་འདི་ཁོ་ལས་ཐོབ་ཐོབ་ཨིན། 13 ག་ཅི་སྨོ་ཟེར་བ་ཅིན་ ཡ་ཧུ་ད་པའི་ཆོས་ལུགས་འདི་ ང་གིས་གནམ་མེད་ས་མེད་བརྩོན་ཤུགས་བསྐྱེད་དེ་སྡོད་པའི་བསྒང་ལུ་ དཀོན་མཆོག་གི་ཆོས་ཚོགས་ལུ་བསམ་པ་ངན་པ་གིས་གནོད་འཚེ་བཀལ་ཏེ་ མེདཔ་གཏང་ནི་གི་ཐབས་ཤེས་འགྱིར་བའི་བློ་འདི་ཚུ་ ཁྱེད་ཀྱིས་གོ་ཡི། 14 ང་བཅས་ཀྱི་ཕ་བརྒྱུད་ཀྱི་ལུགས་སྲོལ་ལྟར་དུ་ གནམ་མེད་ས་མེད་བརྩོན་ཤུགས་བསྐྱེད་མི་ཅིག་ཨིནམ་མ་ཚད་ ང་དང་ན་ཚོད་མཉམ་མི་འདི་ཚུ་ལས་ཡང་ལྷག་པའི་ ཡ་ཧུ་ད་པའི་ཆོས་ལུགས་དེ་ ང་གིས་འབད་ཡི། 15 དེ་འབདཝ་ད་ ང་ཨའི་གི་མངལ་ལས་བཙག་འཐུ་མཛད་དེ་ དཀོན་མཆོག་གི་ཐུགས་རྗེ་དེ་གིས་ ང་ལུ་འབོ་ནི་གི་འོས་འབབ་མེད་རུང་རང་ ཁོ་གིས་ཐུགས་དགྱེས་ཏེ་ ང་ལུ་འབོ་འབོཔ་ཨིནམ་མ་ཚད། 16 ང་གིས་ཡེ་ཤུ་གི་སྐོར་ལས་གཏམ་བཟང་འདི་ ཕྱིའི་མི་རིགས་ཚུ་ལུ་བཤད་ནི་གི་དོན་ལུ་ དཀོན་མཆོག་གིས་ཁོ་རའི་སྲས་དངོས་སུ་སྦེ་ ངེའི་ནང་བཏོན་གནང་ཡི་ དེ་ལས་ང་གིས་མི་ག་དང་ཡང་འབྲེལ་བ་མ་འཐབ་མ་ཚད། 17 རྒྱལ་ས་ ཡེ་རུ་ཤ་ལེམ་ལུ་སྐུ་ཚབ་ཚུ་དང་འཕྱད་པ་ཡང་མ་སོང་པར་ དེ་འཕྲོ་ལས་རྒྱལ་ཁབ་ ཨ་ར་བི་ཡ་ནང་འགྱོ་སྟེ་ དེ་གི་ཤུལ་ལས་ཁྲོམ་ ད་མཱས་ཀཱོས་ནང་ལོག་འོང་ཡི། 18 དེ་ལས་ལོ་གསུམ་གྱི་ཤུལ་ལས་ ང་ ཀེ་ཕཱས་དང་འཕྱད་ནི་སྦེ་ ཡེ་རུ་ཤ་ལེམ་ལུ་སོང་སྟེ་ ཁོ་དང་གཅིག་ཁར་ཉིནམ་བཅོ་ལྔ་སྡོད་རུང་། 19 གཙོ་བོ་གི་ནུ་གཅུང་ ཡ་ཀོབ་མ་གཏོགས་ སྐུ་ཚབ་གཞན་ག་ཡང་མ་འཕྱད། 20 (དོན་ལས་རང་ང་གིས་ དཀོན་མཆོག་གི་གཟིགས་སར་ ཤོབ་མ་རྐྱབ་པར་ ཁྱེད་ལུ་བདེན་པ་འདི་འབྲིཝ་ཨིན།) 21 དེ་གི་ཤུལ་ལས་ ང་ལུང་ཕྱོགས་ སི་རི་ཡ་དང་ ཀི་ལི་ཀི་ཡ་ལུ་སོང་ཡི། 22 དེ་ལས་ ཡུ་དེ་ཡ་ལུང་ཕྱོགས་ལུ་ཡོད་མི་ ཁིརཱིས་ཀྱི་ཆོས་ཚོགས་ཚུ་གིས་ མ་པ་ལས་རང་ང་ལུ་ངོ་མ་ཤེས། 23 དེ་འབདཝ་ད་ ཧེ་མ་ང་བཅས་ལུ་གནོདཔ་བཀལ་མི་དེ་གིས་ མེདཔ་གཏང་ནི་འབད་མིའི་ཆོས་དེ་རང་ ད་ལྟོ་ཁོ་གིས་ཁྱབ་བསྒྲགས་གཏང་དེས་ཟེར་ མི་གཞན་གྱི་ཁ་ལས་ ཁོང་གིས་གོ་ནུག 24 དེ་གིས་འབད་ ང་ལུ་ག་བྱུང་མི་ལས་སྦེ་ ཁོང་གིས་དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག།
1 དེ་ལས་ལོ་བཅུ་བཞི་གི་ཤུལ་ལས་ ང་དང་ བཱར་ན་བཱས་ ད་རུང་ ཡེ་རུ་ཤ་ལེམ་ལུ་སོང་ཡི་ དེའི་སྐབས་ལུ་ང་བཅས་ཀྱིས་ ཏི་ཏུས་ཡང་འཁྱིད་སོང་ཡི། 2 ཡེ་རུ་ཤ་ལེམ་ལུ་འགྱོ་དགོ་མི་འདི་ དཀོན་མཆོག་གིས་ང་ལུ་དངོས་སུ་སྦེ་མཇལ་ཁ་གནངམ་བཞིན་དུ་ཨིན་ དེ་ལས་ཡར་ལུ་ ང་གིས་ཕྱིའི་མི་རིགས་ཀྱི་སྦུག་ལུ་གཏམ་བཟང་དེ་ ག་དེ་སྦེ་བཤད་ཅི་ག་ ཁོང་འགོ་དཔོན་ཨིན་ཟེར་མནོ་མི་ཚུ་ལུ་ཞུ་ཡི་ དེ་འབདཝ་ད་ ང་གིས་བཤད་མི་འདི་ དོན་དག་མེདཔ་མ་འགྱོ་ནིའི་དོན་ལུ་ ང་ཁོང་ཆ་ཁྱབ་དང་གཅིག་ཁར་ སོ་སོ་སྦེ་སྡོད་དེ་རང་ཁ་སླབ་ཅི། 3 ཁོང་ཆ་ཁྱབ་ཀྱིས་ངེའི་བློ་ལུ་ཁ་བཟེདཝ་མ་ཚད་ ང་དང་གཅིག་ཁར་ཡོད་མི་ ཏི་ཏུས་འདི་ ཕྱིའི་མི་རིགས་གཅིག་ཨིན་རུང་ ཡ་ཧུ་ད་པའི་ལུགས་སྲོལ་བཞིན་དུ་རྟགས་བཀལ་དགོཔ་མ་འཐོན། 4 ཨ་ནི་ ཡ་ཧུ་ད་པའི་རྟགས་དེ་གི་སྐོར་ལས་ ག་དེ་སྦེ་འགྱོ་འགྱོཝ་ཨིན་ན་ཟེར་བ་ཅིན་ ལ་ལུ་གིས་ཡེ་ཤུ་པ་བཟོ་སྟེ་ ཁིརཱིས་ཡེ་ཤུ་ལས་ང་བཅས་ཀྱིས་ཐོབ་མི་དབང་ཚད་དེ་བལྟ་ནི་གི་དོན་ལུ་ མེན་བརྫུ་བཏབ་སྟེ་ང་བཅས་ཀྱི་སྦུག་ལུ་འཛུལ་འོངས་ཡི་ ཁོང་གིས་ང་བཅས་ལུ་ ཡ་ཧུ་ད་པའི་བཀའ་ཁྲིམས་ཀྱི་གཡོགཔོ་སྦེ་བཟོ་ནི་འབདཝ་ཨིན་མས། 5 དེ་འབདཝ་ད་ གཏམ་བཟང་གི་བདེན་པ་སྲུང་བཞག་སྟེ་ ཁྱེད་ཀྱི་ནང་ན་གནས་ནི་གི་དོན་ལུ་ ང་བཅས་ཀྱིས་ཁོང་ལུ་རྩ་ལས་རང་ཁ་བཟེད་མ་བཏུབ། 6 དེ་ལས་འགོ་དཔོན་ཨིན་ཟེར་མནོ་མི་ཚུ་གིས་ཡང་ ང་གིས་སྟོན་མིའི་ཆོས་དེ་ལས་གཞན་ཐེབས་ག་ནི་ཡང་མ་སྟོན་ (ཁོང་ཆ་ཁྱབ་ག་དེ་སྦེ་རང་ཁག་ཆེ་དྲགས་སྦེ་རྩི་རུང་ ང་ལུ་ཁྱད་པར་ག་ནི་ཡང་མེད་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཕྱི་ཁར་མིའི་དྲག་ཞན་བལྟ་སྟེ་ ཉེ་རིང་མི་ཕྱེ།) 7 དེ་གིས་འབད་ པེ་ཏྲོ་ལུ་དཀོན་མཆོག་གིས་ ཡ་ཧུ་ད་པ་ཚུ་ལུ་ གཏམ་བཟང་བཤད་པའི་འགན་ཁག་གནངམ་བཟུམ་སྦེ་ དཀོན་མཆོག་གིས་ང་ལུ་ཕྱིའི་མི་རིགས་ཚུ་ལུ་ གཏམ་བཟང་བཤད་པའི་འགན་ཁག་ཡང་གནང་ཡོདཔ་ ཁོང་གིས་མཐོང་ཅི། 8 ག་ཅི་སྨོ་ཟེར་བ་ཅིན་ ཡ་ཧུ་ད་པ་ཚུ་གི་སྦུག་ལུ་ལཱ་འབད་ནི་གི་དོན་ལུ་ པེ་ཏྲོ་ལུ་སྐུ་ཚབ་ཀྱི་ལྕོགས་གྲུབ་གནང་མི་དཀོན་མཆོག་དེ་གིས་ ཕྱིའི་མི་རིགས་ཚུ་གི་སྦུག་ལུ་ལཱ་འབད་ནི་གི་དོན་ལུ་ ང་ལུ་ཡང་སྐུ་ཚབ་ཀྱི་ལྕོགས་གྲུབ་གནང་སྟེ་ཡོད། 9 དེ་གིས་འབད་ ཨ་ནི་ལཱ་འབད་ནི་གི་དོན་ལུ་ ང་གིས་ཐུགས་རྗེ་ཐོབ་ཡོདཔ་ཁོང་གིས་ཤེས་ཅི་ ཡ་ཀོབ་དང་ ཀེ་ཕཱས་དང་ ཡོ་ཧ་ནཱན་ ཆོས་ཚོགས་ཀྱིས་ཡོད་ན་མེད་ན་སྦེ་ཆ་བཞག་མི་ཚུ་ཨིན་ ཁོང་གསུམ་གྱིས་ང་དང་ བཱར་ན་བཱས་གཅིག་ཁར་མཐུན་ཏེ་ གཅིག་སྦེ་ལཱ་འབད་ནི་གི་བྱིན་རླབས་ཞུ་བྱིན་ཏེ་ ང་བཅས་ཕྱིའི་མི་རིགས་ཚུ་གི་སྦུག་ལུ་འགྱོ་ནི་དང་ ཁོང་ ཡ་ཧུ་ད་པའི་སྦུག་ལུ་འགྱོ་ནི་ཟེར་ཁ་བཟེད་ཡི། 10 དེ་ལས་ཁོང་གིས་ ང་བཅས་ཀྱི་སྦུག་ལུ་ཡོད་མི་སྤྱང་ཀ་ཚུ་ལུ་སེམས་ཁར་དྲན་ཏེ་ ཆ་རོགས་འབད་དགོཔ་སྦེ་བསླབ་བྱ་བྱིན་ཡི་ དེ་སྦེ་འབད་ནི་གི་འདོད་པ་འདི་ང་ལུ་ཡང་ཡོདཔ་ཨིན།། 11 དེ་གི་ཤུལ་ལས་ ཀེ་ཕཱས་ ཁྲོམ་ ཨཱན་ཏི་ཡོག་ལུ་འོང་པའི་སྐབས་ ང་གིས་ཁོ་ལུ་མིའི་གདོང་ཁར་རང་བཀག་བརྐྱབས་ཅི་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་འཛོལ་བ་ཐད་རི་བ་རི་འབདཝ་ལས་བརྟེན་ཏེ་ཨིན། 12 ཁོ་འགོ་དང་པ་འོངམ་ད་ ཕྱིའི་མི་རིགས་ལས་ཨིན་མི་དདཔ་ཅན་ཚུ་དང་གཅིག་ཁར་བཞེས་སྒོ་ཟ་ཡི་ དེ་འབདཝ་ད་སྐུ་ཚབ་ ཡ་ཀོབ་ཀྱི་ཆ་རོགས་ཚུ་ལྷོདཔ་ད་ པེ་ཏྲོ་གིས་ཕྱིའི་མི་རིགས་ཚུ་དང་གཅིག་ཁར་འབྲེལ་བ་མེདཔ་བཟུམ་སྦེ་བཟོ་སྟེ་ ཁོང་དང་གཅིག་ཁར་བཞེས་སྒོ་ཟ་མ་བཏུབ་ ག་ཅི་སྨོ་ཟེར་བ་ཅིན་ཁོང་ ཡ་ཧུ་ད་པའི་རྟགས་ཡོད་མི་སྡེ་མཚན་ལས་འབད་ནི་དེ་གིས་ ཁོ་འདྲོགས་ཏེ་ཨིན་མས། 13 དེ་ལས་འདི་ཁར་གྱི་ ཡ་ཧུ་ད་པའི་དདཔ་ཅན་ཚུ་གིས་ པེ་ཏྲོ་གི་འབད་བཞག་ལུ་བལྟ་སྟེ་ ཁོ་དང་གཅིག་ཁར་ ཁ་ཆོས་འབད་མི་སྦེ་སྡོམ་མ་ཚད་ བཱར་ན་བཱས་ཀྱིས་ཡང་འདི་ལུ་བལྟ་སྟེ་ ཁོང་དང་གཅིག་ཁར་སྡོམ་ཡི། 14 ང་གིས་དེ་ཚུ་མཐོངམ་ད་ ཁོང་གི་འབད་བཞག་འདི་ གཏམ་བཟང་གི་བདེན་པ་དང་མ་འཁྲིལཝ་ལས་ ང་གིས་ཁོང་ག་ར་གི་གདོང་ཁར་ ཀེ་ཕཱས་ལུ་ ཁྱོད་མ་གཞི་ ཡ་ཧུ་ད་པ་ཨིན་ དེ་འབདཝ་ད་ཁྱོད་ཀྱིས་ ཡ་ཧུ་ད་པའི་བཀའ་ཁྲིམས་བཀོག་བཞག་སྟེ་ ཕྱིའི་མི་རིགས་བཟུམ་སྦེ་སྡོདཔ་ཨིན་མས་ དེ་ལས་ཁྱོད་ཀྱིས་བཀོག་བཞག་མི་བཀའ་ཁྲིམས་འདི་ཚུ་ ལོག་སྟེ་ཕྱིའི་མི་རིགས་ཚུ་ལུ་ཡང་ ཁྱོད་ཀྱིས་འབད་བཅུགཔ་ཨིན་ན་ཟེར་སླབ་ཅི། 15 མ་པ་ང་བཅས་སྐྱེས་བའི་བསྒང་ལས་ ཡ་ཧུ་ད་པ་ཨིན་ ང་བཅས་ཀྱི་དོན་ལུ་ ཁོང་ཕྱིའི་མི་རིགས་ཚུ་ མི་རིགས་སྡིག་ཅན་ཨིན། 16 དེ་འབདཝ་ད་ མི་ག་ར་འབད་རུང་ ཡ་ཧུ་ད་པའི་བཀའ་ཁྲིམས་སྲུང་སྟེ་ དཀོན་མཆོག་གི་གཟིགས་སར་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མི་འབྱུང་ དེ་འབདཝ་ད་འདི་ ཡེ་ཤུ་ཁིརཱིས་ལུ་དད་པ་བསྐྱེདཔ་ལས་བརྟེན་ཏེ་ཨིན་ཟེར་ ང་བཅས་ཀྱིས་ཤེས་ དོན་དག་འདི་ལས་སྦེ་ ང་བཅས་དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་འབྱུང་ནི་གི་དོན་ལུ་ ང་བཅས་ ཡ་ཧུ་ད་པ་གིས་ཡང་ ཁིརཱིས་ཡེ་ཤུ་ལུ་དད་པ་བསྐྱེད་ཅི་ ག་ཅི་སྨོ་ཟེར་བ་ཅིན་ མི་ག་གིས་ཡང་ བཀའ་ཁྲིམས་སྲུང་སྟེ་ ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་བྱུང་མི་ཚུགས། 17 ང་བཅས་ཀྱིས་བཀའ་ཁྲིམས་མ་སྲུང་པར་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་འབྱུང་ནི་གི་དོན་ལུ་ ཁིརཱིས་ལུ་དད་པ་བསྐྱེདཔ་ད་ ཡ་ཧུ་ད་པ་ཚུ་གི་དོན་ལུ་ ང་བཅས་ཡང་སྡིག་ཅན་སྦེ་བརྩི་འོང་པ་ཅིན་ འདི་ཡེ་ཤུ་ཁིརཱིས་ཀྱིས་ང་བཅས་ལུ་སྡིག་པ་འབད་བཅུགཔ་སྦེ་བརྩི་ནི་ཨིན་ན་ དེ་སྦེ་རྩ་ལས་རང་མེན། 18 དེ་འབདཝ་ད་ ང་གིས་བཀའ་ཁྲིམས་རྙིངམ་དེ་མེདཔ་གཏང་ཞིནམ་ད་ ད་རུང་ལོག་སྟེ་སྲུང་སྡོད་པ་ཅིན་ ང་ཁྲིམས་ལུ་རྒོལ་མི་གཅིག་ཨིན། 19 ང་བཀའ་ཁྲིམས་སྲུང་སྡོད་ནི་ལུ་ག་དེ་ཅིག་རྩ་འགེངས་རུང་ བཀའ་ཁྲིམས་རེ་རེ་བཞིན་དུ་སྲུང་སྟེ་ སྡོད་མ་ཚུགས་ དེ་འབདཝ་ལས་ ཡ་ཧུ་ད་པའི་བཀའ་ཁྲིམས་འདི་ ངེ་གི་དོན་ལུ་ཤི་སོངམ་མ་ཚད་ ང་དཀོན་མཆོག་གི་དོན་ལུ་གསོན་པོ་སྦེ་སྡོདཔ་ཨིན། 20 ཁིརཱིས་ ཁྲམ་ཤིང་གུ་གཤགསཔ་ད་ ང་ཡང་ཁོ་དང་གཅིག་ཁར་ཤི་སོངམ་བཟུམ་སྦེ་ཨིན་ ད་ལྟོ་ང་རང་གིས་འབད་ གསོན་པོ་སྦེ་སྡོདཔ་མེན་ དེ་འབདཝ་ད་ ཁིརཱིས་ངེ་གི་ནང་ན་བཞུགས་ཡོད་ དེ་ལས་ང་མི་ལུས་ནང་སྡོད་དེ་ དཀོན་མཆོག་གི་སྲས་ ང་ལུ་བྱམས་པ་མཛད་མི་དང་ ཁོ་རང་གི་སྐུ་ཚེ་ང་ལུ་གནང་མི་དེ་ལུ་ དད་པ་བསྐྱེད་དེ་སྡོདཔ་ཨིན། 21 དེ་ལས་དཀོན་མཆོག་གིས་ཐུགས་རྗེ་གི་ཐོག་ལས་ མཛད་མི་ཕྱག་ལཱ་འདི་ ང་གིས་དོན་དག་མེདཔ་བཟོ་སྟེ་མི་བཞག་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་སྦེ་མཛད་མི་འདི་ བཀའ་ཁྲིམས་སྲུང་སྟེ་ཐོབ་པ་ཅིན་ ཁིརཱིས་ཁྲམ་ཤིང་གུ་གཤགས་མི་འདི་ དོན་དག་མིན་འདུག།
1 ཨ་ཁའི་ ཁྱེད་ ག་ལ་ཏི་པ་རྩ་རྒས་ཚུ་ ཁྱེད་ལུ་ངན་སྔགས་རྐྱབ་དོཝ་བཟུམ་སྦེ་ ཁྱེད་ལུ་ག་གིས་ག་ནི་ཡང་མ་ཤེསཔ་བཟུམ་བཟོ་བཟོཝ་སྨོ་ ཡེ་ཤུ་ཁིརཱིས་འདི་ ཁྲམ་ཤིང་གུ་གཤགས་ཅི་ཟེར་ ཁྱེད་ལུ་གསལ་ཏོག་ཏོ་སྦེ་སྟོན་སྟོནམ་ཨིན་མེན་ན། 2 ད་ང་གིས་ཁྱེད་ལས་གཅིག་ཤེས་དགོ་མནོ་སྟེ་ཡོད་ ཁྱེད་ཀྱིས་ ཡ་ཧུ་ད་པའི་བཀའ་ཁྲིམས་སྲུང་སྟེ་ དམ་པའི་ཐུགས་ཉིད་ཐོབ་ཐོབ་ཨིན་ན་ ཡང་ན་ཡེ་ཤུ་ཁིརཱིས་ཀྱི་སྐོར་ལས་གོ་སྟེ་ཐུགས་ཉིད་ཐོབ་ཐོབ་ཨིན་ན། 3 ཁྱེད་ག་དེམ་ཅིག་གི་རྩ་རྒས་སྨོ་ དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ལུ་ཡེ་ཤུ་པའི་མི་ཚེ་གནང་ཞིནམ་ད་ མིའི་རང་བཞིན་གྱི་རྒྱུད་ལས་ ཡེ་ཤུ་པའི་མི་ཚེ་ཡར་རྒྱས་གཏང་ནི་ལུ་ ཁྱེད་ཀྱིས་ག་དེ་སྦེ་རྩ་འགེངསམ་སྨོ། 4 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཡེ་ཤུ་ལུ་དད་པ་བསྐྱེདཔ་ད་ གནམ་མེད་ས་མེད་དཀའཝ་སྤྱད་དེ་དད་པ་བསྐྱེད་ཅི་ འདི་དོན་དག་མེདཔ་ མ་སོང་ མེན་ན། 5 ང་གིས་ད་རུང་བློ་གཅིག་འདྲི་ནི་ཨིན་ དཀོན་མཆོག་གིས་ཁྱེད་ལུ་དམ་པའི་ཐུགས་ཉིད་གནང་སྟེ་ ཁྱེད་ཀྱི་སྦུག་ལུ་རྫུ་འཕྲུལ་གྱི་ཕྱག་ལཱ་མཛད་མི་འདི་ཚུ་ ཁྱེད་ཀྱིས་བཀའ་ཁྲིམས་སྲུང་སྟེ་ཨིན་ན་ ཡང་ན་ཁྱེད་ཀྱིས་ཁིརཱིས་ཀྱི་སྐོར་ལས་གོ་སྟེ་ དད་པ་བསྐྱེད་པའི་ཐོག་ལས་ཨིན་ན། 6 དེ་བཟུམ་སྦེ་རང་ ཨབ་ར་ཧམ་གྱི་སྐོར་ལས་དེ་སྦེ་བྲིས་ཏེ་ཡོད་ ཁོ་གིས་དཀོན་མཆོག་ལུ་དད་པ་བསྐྱེད་དེ་ དཀོན་མཆོག་གིས་ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་བརྩིས་གནང་ནུག 7 དེ་གིས་འབད་ དཀོན་མཆོག་ལུ་དད་པ་བསྐྱེད་མི་ཚུ་ག་ར་ དོན་ལས་རང་ ཨབ་ར་ཧམ་གྱི་བུ་བརྒྱུད་ཨིན་ཟེར་ཤེས་དགོ། 8 ད་རུང་ དཀོན་མཆོག་གིས་ཕྱིའི་མི་རིགས་ཚུ་ལུ་ཡང་ དད་པའི་ཐོག་ལས་སྐྱབས་མཛད་ནི་ཟེར་ ཧེ་མ་ལས་རང་གསུང་རབ་ནང་བྲིས་ནུག་ ཨ་ནི་གཏམ་བཟང་འདི་གི་སྐོར་ལས་ དཀོན་མཆོག་གིས་ ཨབ་ར་ཧམ་དང་ཁས་བླངས་བཞེས་ཏེ་ མི་རིགས་ག་ར་ཁྱོད་ལས་རྒྱུད་དེ་བྱིན་རླབས་ཐོབ་ནི་ཟེར་བྲིས་ནུག 9 དེ་གིས་འབད་ དད་པ་བསྐྱེད་མི་ ཨབ་ར་ཧམ་དང་གཅིག་ཁར་ ཁིརཱིས་ལུ་དད་པ་བསྐྱེད་མི་ག་ར་གིས་ བྱིན་རླབས་ཐོབ་ནུག 10 དེ་འབདཝ་ད་ ག་ར་འབད་རུང་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་འབྱུང་ནི་གི་དོན་ལུ་ ཡ་ཧུ་ད་པའི་བཀའ་ཁྲིམས་སྲུང་སྟེ་སྡོད་མི་ཚུ་ ཆདཔ་ཕོག་སྟེ་རང་སྡོདཔ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ བཀའ་ཁྲིམས་ཀྱི་དེབ་ནང་བྲིས་མི་འདི་ཚུ་ རིམ་པ་བཞིན་དུ་ཉན་ཏེ་ ཨ་རྟག་རང་མ་འབད་མི་དེ་ཚུ་ དཀོན་མཆོག་གི་ཆད་པའི་འོག་ལུ་ཨིན་ཟེར་བྲིས་ཏེ་ཡོད། 11 དཀོན་མཆོག་གིས་ཁོ་རང་གི་གཟིགས་སར་ བཀའ་ཁྲིམས་ལས་བརྟེན་ཏེ་ ག་ལུ་ཡང་ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་མི་གནང་ཟེར་ གསལ་ཏོག་ཏོ་སྦེ་སྟོན་སྟོནམ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཆོས་སེམས་ཡོད་མི་འདི་ དད་པ་ལས་བརྟེན་ཏེ་སྡོདཔ་ཨིན་ཟེར་གསུང་རབ་ནང་བྲིས་ཏེ་ཡོད། 12 དེ་འབདཝ་ད་ བཀའ་ཁྲིམས་ཀྱི་དོན་དག་འདི་ཚུ་སྒྲུབ་ནི་ཨིན་པ་ཅིན་ དད་པའི་ཐོག་ལས་མེན་པར་ ལཱ་འབད་དེ་རྐྱངམ་གཅིག་སྒྲུབ་འོང་ གསུང་རབ་ནང་གི་བཀའ་ཁྲིམས་སྒྲུབ་ནི་ཨིན་པ་ཅིན་ བཀའ་ཁྲིམས་རིམ་པ་བཞིན་དུ་ག་ར་སྲུང་སྟེ་སྡོད་དགོ་ཟེར་དེ་སྦེ་བྲིས་ཏེ་ཡོད། 13 དེ་ལས་བཀའ་ཁྲིམས་ནང་ ཤིང་གུ་བརྐྱངས་མི་དེ་ལུ་ཆདཔ་ཕོགཔ་ཨིན་ཟེར་བྲིས་དོཝ་བཟུམ་སྦེ་ ཁིརཱིས་ཁྲམ་ཤིང་གུ་བརྐྱངསམ་ད་ ང་བཅས་ལུ་ཕོག་དགོ་མི་ཉེས་བྱ་འདི་ ཁོ་ལུ་ཕོག་སྟེ་ བཀའ་ཁྲིམས་ཀྱི་ཉེས་བྱ་ལས་ང་བཅས་ལུ་ཐར་གནང་ཡོདཔ་ཨིན། 14 དེ་ག་ཅི་སྨོ་ཟེར་བ་ཅིན་ ཨབ་ར་ཧམ་ལུ་གནང་མིའི་བྱིན་རླབས་འདི་ ཁིརཱིས་ཡེ་ཤུ་གི་ཐོག་ལས་སྦེ་ ཕྱིའི་མི་རིགས་ཚུ་གིས་ཡང་ཐོབ་ནི་གི་དོན་ལུ་ཨིན་ འདི་གིས་འབད་ ཁས་བླངས་བཞེས་མི་དམ་པའི་ཐུགས་ཉིད་དེ་ དད་པའི་སྒོ་ལས་ ད་ལྟོ་ང་བཅས་ག་ར་གིས་ཐོབ་སྟེ་ཡོད།། 15 ངེ་གི་སྤུན་ཆ་ཚུ་ མི་གི་ལུགས་སྲོལ་གྱི་དཔེ་ཅིག་སླབ་པ་ཅིན་ མི་གཉིས་ཀྱི་བར་ན་འགན་ཡིག་བཟོ་སྟེ་ ཐིའུ་བརྐྱབས་ཚར་ཞིནམ་ལས་ དེ་ནང་ལུ་ མི་གཅིག་རྐྱངམ་གཅིག་གིས་ ཁ་སྐོང་ཡང་བརྐྱབ་མི་ཚུགས་ ཆ་མེད་ཡང་གཏང་མི་ཚུགས། 16 དེ་བཟུམ་སྦེ་རང་དཀོན་མཆོག་གིས་ ཨབ་ར་ཧམ་དང་ཁོ་གི་བུ་བརྒྱུད་ལུ་ཁས་བླངས་བཞེས་ཅི་ དེ་འབདཝ་ད་ གསུང་རབ་ནང་ལུ་བལྟ་བ་ཅིན་ བུ་བརྒྱུད་ལེ་ཤ་གི་སྐོར་ལས་ ཁོ་གི་བུ་བརྒྱུད་ཟེར་མ་འབྲི་བས་ དེ་འབདཝ་ད་ བུ་བརྒྱུད་གཅིག་གི་སྐོར་ལས་བྲིས་ཏེ་ཡོད་ ཨ་ནི་བུ་གཅིགཔ་དེ་ ཡེ་ཤུ་ཁིརཱིས་ཨིན་ཟེར་ང་བཅས་ཀྱིས་ཤེས། 17 ད་ཨ་ནི་འདི་ དཀོན་མཆོག་གིས་ཧེ་མ་ལས་ ཨབ་ར་ཧམ་དང་གཅིག་ཁར་ཁས་བླངས་བཞེས་ཞིནམ་ད་ ཤུལ་ལས་ཁོ་རང་གིས་ལོ་ངོ་བཞི་བརྒྱ་གསུམ་བཅུ་ལུ་ མོ་སཱེས་ལུ་གནང་མིའི་བཀའ་ཁྲིམས་དེ་གིས་ ཧེ་མ་ཁས་བླངས་བཞེས་མི་དེ་ལུ་ ཆ་མེད་གཏང་མི་ཚུགས་ དེ་གིས་མ་ཚད་ ཤིག་སྟེ་ཡང་མི་གཏང་ཟེར་ང་གིས་སླབ་ཨིན། 18 ག་དེམ་ཅིག་སྦེ་ ཁས་བླངས་མི་གི་བྱིན་རླབས་འདི་ བཀའ་ཁྲིམས་ལས་བརྟེན་ཏེ་ཐོབ་པ་ཅིན་ ལཱ་ལས་བརྟེན་ཏེ་ཨིན་ ཁས་བླངས་མི་གི་དོན་དག་ག་ནི་ཡང་མེདཔ་སྦེ་འགྱོཝ་ཨིན་ དེ་འབདཝ་ད་དཀོན་མཆོག་གིས་ ཨཱབ་ར་ཧམ་ལུ་ཐུགས་རྗེ་གཟིགས་ཏེ་ བྱིན་རླབས་འདི་ཁས་བླངས་མི་གི་ཐོག་ལས་སྦེ་གནང་ནུག 19 དེ་སྦེ་ཨིན་པ་ཅིན་ བཀའ་ཁྲིམས་འདི་ག་ཅི་གི་དོན་ལུ་གནང་ཡི་ག་ཟེར་བ་ཅིན་ དཀོན་མཆོག་གིས་ མི་ཁོང་རང་གིས་འབད་མི་སྡིག་པ་བཏོན་ནི་གི་དོན་ལུ་ གནང་གནངམ་ཨིན་མས་ དེ་འབདཝ་ད་ ཨ་ནི་བཀའ་ཁྲིམས་འདི་ ཨབ་ར་ཧམ་ལུ་ཁས་བླངས་ཀྱི་ཐོག་ལས་གནང་མི་བུ་བརྒྱུད་འདི་ མ་བྱོན་ཚུན་ཚོད་ལུ་རྐྱངམ་གཅིག་གནང་ནུག་ དེ་ལས་ད་རུང་དཀོན་མཆོག་གིས་ བཀའ་ཁྲིམས་འདི་ཕོ་ཉ་ཚུ་ལས་རྒྱུད་དེ་ མོ་སཱེས་ལུ་གནང་སྟེ་ མོ་སཱེས་དཀོན་མཆོག་དང་མིའི་བར་ན་ལུ་ བར་མི་འབད་དེ་ བཀའ་ཁྲིམས་ཀྱི་བདག་སྐྱོང་འབད་ནུག 20 ད་ང་བཅས་མི་གཉིས་ཀྱི་བར་ན་འགན་ཡིག་བཟོཝ་ད་ འཛོམ་དཔང་གཅིག་དགོ་ དེ་འབདཝ་ད་དཀོན་མཆོག་གིས་ ཨབ་ར་ཧམ་དང་ཁས་བླངས་བཞེསཔ་ད་ ཁོ་རང་རྐྱངམ་གཅིག་གིས་མཛད་ནུག 21 ད་བཀའ་ཁྲིམས་ཀྱིས་ དཀོན་མཆོག་གི་ཁས་བླངས་ཚུ་ལུ་རྒོལཝ་ཨིན་ན་ཟེར་བ་ཅིན་ འདི་དོན་ལས་རང་མེན་ ཁས་བླངས་དང་བཀའ་ཁྲིམས་གཉིས་ཀྱི་ལཱ་སོ་སོ་ཡོད་ ག་ཅི་སྨོ་ཟེར་བ་ཅིན་ ཁྲིམས་གཅིག་གིས་ཚེ་གསརཔ་གནངམ་ཨིན་པ་ཅིན་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་སྦེ་མཛད་མི་འདི་ བཀའ་ཁྲིམས་ལས་རྒྱུད་དེ་ཐོབ་དགོ་པས། 22 དེ་འབདཝ་ད་ བཀའ་ཁྲིམས་འདི་གིས་འབད་ ང་བཅས་ག་ར་སྡིག་པའི་བཙོན་ཁང་ནང་སྡམ་བཞག་ཡོད་ཟེར་ གསལ་ཏོག་ཏོ་སྦེ་ཕྱི་འཐོནམ་མས་ དེ་གིས་འབད་ དཀོན་མཆོག་གིས་ཁས་བླངས་བཞེས་མི་བྱིན་རླབས་ཐོབ་ནི་གི་ལམ་འདི་ ག་གིས་ཡེ་ཤུ་ཁིརཱིས་ལུ་དད་པ་བསྐྱེད་ཅི་ག་ འདི་གི་དོན་ལུ་རྐྱངམ་གཅིག་ཨིན། 23 ཁིརཱིས་ལུ་དད་པ་བསྐྱེད་ནི་གི་ལམ་སྟོན་མ་གནང་ཚུན་ཚོད་ ང་བཅས་བཀའ་ཁྲིམས་ཀྱི་འོག་ལུ་མནེམ་བཞག་དོཝ་བཟུམ་སྦེ་ཨིནམ་མ་ཚད་ བཀའ་ཁྲིམས་ཀྱི་ཐོག་ལས་སྦེ་ ང་བཅས་ལུ་བདག་འཛིན་འཐབ་དོཝ་བཟུམ་སྦེ་བྱུང་ནུག 24 དེ་ལས་ད་ལྟོ་ཡེ་ཤུ་ཁིརཱིས་ལུ་དད་པ་བསྐྱེད་དེ་ ང་བཅས་ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་ལུ་འགྱུར་བཅུག་ནི་གི་དོན་ལུ་ ཡེ་ཤུ་ཁིརཱིས་མ་འབྱོན་པའི་བར་དུ་ བཀའ་ཁྲིམས་ཀྱིས་ང་བཅས་ལུ་བདག་འཛིན་འཐབ་ནུག 25 དེ་འབདཝ་ད་ ད་ལྟོ་དད་པ་བསྐྱེད་སའི་ ཡེ་ཤུ་ཁིརཱིས་བྱོན་ནི་དེ་གིས་ བཀའ་ཁྲིམས་ཀྱིས་ང་བཅས་ལུ་བདག་འཛིན་འཐབ་མི་དགོ། 26 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ག་ར་གིས་ཁིརཱིས་ཡེ་ཤུ་ལུ་དད་པ་བསྐྱེད་ནི་དེ་གིས་ དཀོན་མཆོག་གི་སྲས་དང་སྲསམོ་ཨིན། 27 དེ་ལས་ཁྱེད་ག་ར་འབད་རུང་ ཡེ་ཤུ་ཁིརཱིས་ནང་ཁྲུས་གསོལ་ཞུ་མི་ཆ་ཁྱབ་ ཡེ་ཤུ་ཁིརཱིས་ཀྱི་རང་བཞིན་འདི་ ཁྱེད་ལུ་བགོ་ལ་གྱོན་དོཝ་བཟུམ་སྦེ་ ཁྱེད་ཀྱི་ནང་ལས་ཕྱི་ཁར་འཐོན་འོང་། 28 ད་ ཡ་ཧུ་ད་པ་ཨིན་རུང་མེན་རུང་ རྒྱོབོ་རྒྱམོ་ཨིན་རུང་ རང་དབང་ཡོད་རུང་ ཕོ་རྒྱ་ཨིན་རུང་ ཨམ་སྲུ་ཨིན་རུང་ དེ་ཚུ་ག་ར་དབྱེ་བ་ག་ནི་ཡང་མེད་པར་ ཁྱེད་ག་ར་ཁིརཱིས་ཡེ་ཤུ་ནང་ཅོག་འཐདཔ་ཨིན། 29 ད་ཁྱེད་ག་ར་འབད་རུང་ ག་དེམ་ཅིག་སྦེ་ཁིརཱིས་ཀྱི་ཨིན་པ་ཅིན་ ཁྱེད་ ཨབ་ར་ཧམ་གྱི་བུ་བརྒྱུད་ངོ་མ་ཨིནམ་མ་ཚད་ ཁས་བླངས་བཞེས་མི་དང་འཁྲིལ་ཏེ་ ཁྱེད་བྱིན་རླབས་ཀྱི་ཤུལ་འཛིན་ཡང་ཨིན་ནོ།།
1 ཨ་ནི་འདི་ ང་གིས་དཔེ་གཞན་གཅིག་ལས་སྦེ་སླབ་པ་ཅིན་ ཕ་མིའི་རྒྱུ་ནོར་ག་ར་དབང་མི་བུ་གཅིག་ཨིན་རུང་ ཁོ་ཆུང་ཀུ་སྦེ་སྡོད་པའི་སྐབས་ལུ་ གཡོགཔོ་དང་དབྱེ་བ་མེད། 2 ཁོ་རང་གི་ལོ་ཚད་དང་ཨ་པ་གིས་དབང་ཚད་མ་སྤྲོད་པའི་བར་ན་ བདག་འཛིན་འཐབ་མི་དང་གཉེར་པའི་འོག་ལུ་སྡོད་དགོ། 3 དེ་བཟུམ་སྦེ་རང་ ང་བཅས་ཡང་ཁིརཱིས་མ་བྱོན་པའི་བར་ན་ ག་ནི་ཡང་མ་ཤེས་པར་ཨ་ལོ་ཆུང་ཀུ་བཟུམ་སྦེ་ འཇིག་རྟེན་གྱི་འགྲོ་ལུགས་ཀྱི་རྒྱོབོ་རྒྱམོ་སྦེ་སྡོད་ནུག 4 དེ་འབདཝ་ད་ དུས་ཚོད་ཀྲིག་ཀྲི་ལུ་དཀོན་མཆོག་གིས་ ཁོ་རང་གི་སྲས་འཛམ་བུ་གླིང་ནང་གཏང་གནང་སྟེ་ ཡ་ཧུ་ད་པའི་བཀའ་ཁྲིམས་ཀྱི་འོག་ལུ་ ཨམ་སྲུ་གཅིག་ལས་སྐུ་འཁྲུངས་ནུག 5 དཀོན་མཆོག་གིས་ཁོ་ལུ་གཏང་གནང་མི་དེ་ ང་བཅས་བཀའ་ཁྲིམས་ཀྱི་གཡོག་ལས་ཐར་གནང་སྟེ་ ཁོ་རང་གི་སྲས་ངོ་མ་སྦེ་བཞག་ནི་གི་དོན་ལུ་ཨིན་མས། 6 ད་ང་བཅས་དཀོན་མཆོག་གི་སྲས་དང་སྲསམོ་ལུ་འགྱུར་སོངམ་ལས་ དཀོན་མཆོག་གིས་ཁོ་རང་གི་སྲས་ཀྱི་ཐུགས་ཉིད་དེ་ ང་བཅས་ཀྱི་སེམས་ནང་ལུ་གཏང་གནང་ཡི་ འདི་གིས་དཀོན་མཆོག་ལུ་ ཨབ་བ་ ངེ་གི་ཨ་པ་ཟེར་ཞུ་བཅུགཔ་ཨིན། 7 དེ་འབདཝ་ལས་ཁྱེད་རྒྱོབོ་རྒྱམོ་མེན་པར་ དཀོན་མཆོག་གི་སྲས་དང་སྲསམོ་ཨིན་ དེ་ལས་ཁྱེད་ཁོ་གི་སྲས་དང་སྲསམོ་ཨིནམ་ལས་ ཁོ་རང་གི་ཤུལ་འཛིན་ཡང་མཛད་ནུག། 8 ཧེ་མ་ཁྱེད་ཀྱིས་དཀོན་མཆོག་ངོ་མ་དང་གཞན་འབྲེལ་མེད་པའི་སྐབས་ལུ་ རང་བཞིན་གྱི་སྐུ་ཚུ་གི་རྒྱོབོ་རྒྱམོ་སྦེ་སྡོད་ནུག 9 དེ་འབདཝ་ད་ད་ལྟོ་ ཁྱེད་ཀྱིས་དཀོན་མཆོག་དང་གཞན་འབྲེལ་ཡོད་ཟེར་ (མ་པ་ཁོ་གིས་ཁྱེད་ངོ་མཁྱེན་རུང་) ཁྱེད་ཀྱིས་ག་ཅི་འབད་སྐྱོ་སི་སི་དང་དོན་དག་མེད་མི་ འཇིག་རྟེན་གྱི་འགྲོ་ལུགས་ལུ་ད་རུང་ལོག་སྟེ་འགྱོཝ་སྨོ། 10 ཁྱེད་ཀྱིས་ད་ལྟོ་ཡང་བཀའ་ཁྲིམས་ཀྱི་ལཱ་བཟུམ་སྦེ་ ཞག་དང་ཟླཝ་དང་ལོ་དང་བསྟུན་པའི་དུས་ཆེན་དེ་ཚུ་ལུ་རྩིས་བསྲུང་འབདཝ་ཨིན་མས། 11 ང་གིས་ཧེ་མ་ཁྱེད་ཀྱི་དོན་ལུ་དཀའཝ་སྤྱད་དེ་འབད་མི་ལཱ་འདི་ཚུ་ དོན་དག་མེདཔ་འགྱོཝ་མ་ཚད་ ཁྱེད་ལམ་འཛོལ་འགྱོ་དོ་ཟེར་ང་ལུ་ཚ་གྱང་ཡོད། 12 དབའེ་ ངེ་གི་སྤུན་ཆ་ཚུ་ ང་ཁྱེད་ཕྱིའི་མི་རིགས་ཚུ་བཟུམ་སྦེ་ བཀའ་ཁྲིམས་ཀྱི་རྒྱོབོ་རྒྱམོ་ལས་ རང་དབང་ཐོབ་ཅི་ ཁྱེད་ཡང་ང་བཟུམ་སྦེ་ བཀའ་ཁྲིམས་ཀྱི་གཡོག་རྒྱུག་པ་མ་སོང་ཟེར་གསོལཝ་བཏབ་ཨིན་ ང་གིས་དང་པ་ ཁྱེད་ལུ་ཆོས་བཤདཔ་ད་ ཁྱེད་ཀྱིས་ང་ལུ་འཛོལ་བ་ག་ནི་ཡང་མ་འབད།། 13 ཧེ་མ་ཁྱེད་འབད་སར་འོངམ་ད་ ང་ན་སྟེ་སྡོད་རུང་ ཁྱེད་ཀྱིས་གཏམ་བཟང་ཉན་ནི་གི་གོ་སྐབས་ཐོབ་ཅི་ཟེར་ཁྱེད་རང་གིས་ཤེས། 14 ངེ་གི་གཟུགས་ཀྱི་ན་ཟུག་དེ་གིས་ ཁྱེད་ལུ་དཀའ་ངལ་དང་ཚོད་བལྟ་འབད་དོཝ་བཟུམ་ལུ་འགྱུར་རུང་ ཁྱེད་ཀྱིས་ང་ལུ་ཞེན་ལོག་སྟེ་བཀོག་མ་བཞག་པར་ ག་དེ་དྲག་དྲག་ དཀོན་མཆོག་གི་ཕོ་ཉ་ཡང་ན་ ཁིརཱིས་ཡེ་ཤུ་ལུ་བཟུམ་སྦེ་ང་ལུ་ལེགས་ཤོམ་འབད་བྱིན་ཡི། 15 ཧེ་མ་ང་བཅས་ཀྱི་སྦུག་ལུ་ཡོད་མི་དགའ་སྤྲོ་འདི་ ད་ག་ཏེ་སྨོ་ དེ་སྐབས་ལུ་ངེ་གི་དོན་ལུ་ ཁྱེད་རང་གི་མིག་ཏོ་ཡང་བཏོན་ཏེ་ང་ལུ་བྱིན་དགོཔ་ཐལ་རུང་ བྱིན་འོང་ཟེར་ང་གིས་སླབ་ཚུགས། 16 ད་ང་གིས་ཁྱེད་ལུ་ཕྲང་སྟེ་སླབ་ད་ ཁྱེད་ཀྱིས་ང་ལུ་དགྲ་སྦེ་བལྟ་ནི་ཨིན་ན། 17 ཁྱེད་ལུ་ཆོས་རྫུས་མ་སྟོན་མི་དེ་ཚུ་གིས་ ཁྱེད་དང་གཅིག་ཁར་འབྲེལ་བ་འཐབ་མི་དོན་དག་དེ་ལེགས་ཤོམ་མེན་པས་ ཁོང་གི་དོན་དག་ངོ་མ་དེ་ ཁྱེད་ང་ལས་ཁ་འཕྱལ་ཏེ་ ཁོང་རང་དང་གཅིག་ཁར་སྡོམ་ནི་གི་དག་སྣང་ཡོདཔ་ཨིན་མས། 18 ང་ཁྱེད་དང་གཅིག་ཁར་མ་སྡོད་དེ་འབད་རུང་ གཞན་ཚུ་གིས་ཁྱེད་དང་གཅིག་ཁར་འབྲེལ་བ་འཐབ་སྟེ་ བདག་འཛིན་འཐབ་ནི་དག་སྣང་ཡོད་པ་ཅིན་ ལེགས་ཤོམ་ཨིན་ དེ་འབདཝ་ད་ ལམ་གཡོ་གཡོཝ་ལུ་འཁྱིད་འགྱོ་བ་ཅིན་ལེགས་ཤོམ་མེན། 19 ངེ་གི་ཨ་ལོ་ཚུ་ ཡེ་ཤུ་ཁིརཱིས་ཀྱི་རང་བཞིན་དེ་ ཁྱེད་ཀྱི་ནང་ན་མ་འཁྲུངས་ཚུན་ཚོད་ ཨམ་སྲུ་ཨ་ལོ་སྐྱེསཝ་ད་ ན་ཟུག་རྐྱབ་དོཝ་བཟུམ་སྦེ་ ང་ད་རུང་ཡང་ཁྱེད་ཀྱི་དོན་ལུ་སྡུག་བསྔལ་མྱོང་དགོ། 20 ང་ད་ལྟོ་རང་ ཁྱེད་དང་གཅིག་ཁར་ སྡོད་སྡོདཔ་འབད་བ་ཅིན་ ག་དེམ་ཅིག་དགའ་ནི་སྨོ་ འདི་བཟུམ་གྱི་བློ་སྲ་ཀྲག་ཀྲ་འདི་ཚུ་ སླབ་མི་དགོ་ ང་ག་ཅི་འབདཝ་དྲག་ག་མ་ཤེས་པར་ གནམ་མེད་ས་མེད་ཚ་གྱང་ལངས་ཏེ་ཡོད།། 21 ཁྱེད་ ཡ་ཧུ་ད་པའི་བཀའ་ཁྲིམས་ཀྱི་འོག་ལུ་སྡོད་དགོ་མནོ་མི་ཚུ་ ཁྱེད་ཐད་རི་བ་རི་བཀའ་ཁྲིམས་ཀྱི་དོན་དག་འདི་ཚུ་ཧ་གོ་ཡི་ག་ ང་ལུ་སླབ་ཞིག 22 དཔེར་ན་ གསུང་རབ་ནང་ལུ་ ཨབ་ར་ཧམ་ལུ་བུ་གཉིས་ཡོད་ཟེར་བྲིས་ཏེ་འདུག་ བུ་གཅིག་ཁོ་གི་ཨམ་སྲུ་ངོ་མ་ རང་དབང་ཡོད་མི་ལས་དང་ བུ་གཅིག་ཁོ་རང་གི་གཡོགམོ་འདི་ལས་ཨིན་མས། 23 དེ་ལས་གཡོགམོ་འདི་ལས་སྐྱེས་མི་བུ་འདི་ མི་གི་མནོ་བསམ་བཞིན་དུ་ཨིན་ དེ་འབདཝ་ད་ ཁོ་རང་གི་ཨམ་སྲུ་ངོ་མ་དེ་ལས་སྐྱེས་མི་དེ་ དཀོན་མཆོག་གི་ཁས་བླངས་བཞིན་དུ་ཨིན། 24 ཨ་ནི་ཨམ་སྲུ་གཉིས་ཀྱི་དཔེ་འདི་ དཀོན་མཆོག་དང་ཁོ་གི་མི་ཚུ་གི་བར་ན་གི་ཞལ་འཆེས་གཉིས་ཀྱི་དཔེ་ཨིན་ གངས་རི་ སི་ནའི་གུ་ མོ་སཱེས་ལུ་གནང་མི་བཀའ་ཁྲིམས་ཀྱི་ཞལ་འཆེས་དེ་ ཨམ་སྲུ་ ཧ་གཱར་བཟུམ་གཅིག་ཨིན་ མོ་ལས་སྐྱེ་མི་འདི་རྒྱོབོ་རྒྱོམ་ཚུ་ཨིན། 25 ད་ཨ་ནི་ཨམ་སྲུ་ ཧ་གཱར་དེ་ ཨ་ར་བི་ཡ་རྒྱལ་ཁབ་ཀྱི་གངས་རི་ སི་ནའི་གི་དཔེ་ཨིནམ་མ་ཚད་ ད་རེས་སྐབས་ཀྱི་ ཡེ་རུ་ཤ་ལེམ་གྱི་དཔེ་ཡང་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ད་རེས་སྐབས་ཀྱི་ ཡེ་རུ་ཤ་ལེམ་དང་ འདི་ནང་སྡོད་མི་ག་ར་གིས་ བཀའ་ཁྲིམས་ཀྱི་གཡོག་རྒྱུག་སྟེ་སྡོདཔ་ཨིན། 26 དེ་འབདཝ་ད་ ཨབ་ར་ཧམ་གྱི་ཨམ་སྲུ་ངོ་མ་ རང་དབང་ཡོད་མི་དེ་ ཞིང་ཁམས་ལུ་ཡོད་མི་ ཡེ་རུ་ཤ་ལེམ་གཞན་གྱི་དཔེ་ཨིན་ ཨ་ནི་ ཡེ་རུ་ཤ་ལེམ་འདི་ ང་བཅས་ཀྱི་ཨའི་ཨིནམ་མ་ཚད་ ང་བཅས་མོ་བཟུམ་སྦེ་ རང་དབང་ཅན་ཨིན། 27 ག་ཅི་སྨོ་ཟེར་བ་ཅིན་གསུང་རབ་ནང་། བུ་གཞི་མེད་པའི་རབས་ཆད་ ཁྱོད་དགའ་སྤྲོ་འགྱུར་ སྐྱེས་ཟུག་མེད་མི་ ཁྱོད་སྐད་རྐྱབ་ མགུར་མ་འཐེན་ ཕོ་རྒྱ་དང་གཅིག་ཁར་ སྡོད་མི་ཨམ་སྲུ་འདི་ལས་ཡང་ རྨགཔ་ངོ་མ་ཡོད་མི་ ཨམ་སྲུ་གི་བུ་གཞི་མང་ཟེར་ བྲིསཝ་བཞིན་དུ་ཨིན། 28 ད་སྤུན་ཆ་ཚུ་ ཨམ་སྲུ་ངོ་མ་གི་བུ་ ཨི་སག་ དཀོན་མཆོག་གི་ཁས་བླངས་བཞིན་དུ་སྐྱེསཝ་བཟུམ་སྦེ་ ཁྱེད་ཡང་དཀོན་མཆོག་གི་སྲས་དང་སྲསམོ་ཨིན། 29 དེ་འབདཝ་ད་ གཡོགམོ་གི་བུ་གིས་ ཁས་བླངས་ཀྱི་བུ་ལུ་གནོད་པ་བཀལ་དོཝ་བཟུམ་སྦེ་ ང་བཅས་དམ་པའི་ཐུགས་ཉིད་ལས་སྐྱེས་མི་ཚུ་ལུ་ བཀའ་ཁྲིམས་སྲུང་དགོ་ཟེར་མི་ཚུ་གིས་ ད་ལྟོ་ཡང་གནོད་པ་བཀལ་དོ། 30 ཨ་ནི་ལོ་རྒྱུས་ཀྱི་སྐོར་ལས་གསུང་རབ་ནང་ ག་ཅི་བྲིས་ཏེ་འདུག་ གཡོགམོ་ཨམ་སྲུ་དང་མོ་རའི་བུ་ལུ་ ཕྱི་བཏོན་གཏང་ བུ་དེ་གིས་ཨ་པ་གི་བགོ་བཤའ་རྩ་ལས་རང་མི་ཐོབ་ ཁས་བླངས་ཀྱི་བུ་དེ་གིས་ཨ་པའི་རྒྱུ་ནོར་ག་ར་ཐོབ་ནི་ཟེར་བྲིས་ཏེ་འདུག 31 དེ་འབདཝ་ལས་ངེ་གི་སྤུན་ཆ་ཚུ་ ང་བཅས་གཡོགམོ་ཨམ་སྲུ་གི་བུ་བརྒྱུད་མེན་ ང་བཅས་ཨམ་སྲུ་ངོ་མ་གི་བུ་བརྒྱུད་ རང་དབང་ཅན་ཨིན།།
1 དེ་ལས་ཁིརཱིས་ཀྱིས་ང་བཅས་ཀྱི་རང་དབང་གི་དོན་ལུ་ བཀའ་ཁྲིམས་ལས་ཐར་གནང་སྟེ་ཡོདཔ་ལས་ ད་རུང་ལོག་སྟེ་ བཀའ་ཁྲིམས་ཀྱི་གཡོག་མ་རྒྱུག་པར་ སྒྲིང་སྒྲིང་སྦེ་སྡོད། 2 བལྟ་ཞིག་ ང་ པའུལ་གྱིས་ཁྱེད་ལུ་འདི་སླབ་དོ་ ཁྱེད་ཀྱིས་འཕྲོ་མཐུད་དེ་རང་ ཡ་ཧུ་ད་པའི་ལུགས་སྲོལ་བཞིན་དུ་ ལུས་ལུ་རྟགས་བཀལ་བ་ཅིན་ ཁིརཱིས་འདི་ཁྱེད་ཀྱི་དོན་ལུ་ཁུངས་ག་ནི་ཡང་མེདཔ་ཨིན། 3 ད་རུང་ཡང་ཁྱེད་ག་ར་ལུ་རྣ་བ་སྐྱེལ་དོ་ ཡ་ཧུ་ད་པའི་ལུགས་སྲོལ་བཞིན་དུ་ ལུས་ལུ་རྟགས་བཀལ་ཏེ་འབད་བ་ཅིན་ བཀའ་ཁྲིམས་ག་ར་ཨིན་ཅི་མིན་ཅི་སྲུང་དགོཔ་ཨིན། 4 བཀའ་ཁྲིམས་སྲུང་པའི་སྒོ་ལས་སྦེ་ དཀོན་མཆོག་གིས་ཁྱེད་ལུ་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་འོང་ཟེར་མནོ་བ་ཅིན་ ཁྱེད་ཀྱིས་ཡེ་ཤུ་ཁིརཱིས་དང་འབྲེལ་བ་མེདཔ་ཨིནམ་མ་ཚད་ དཀོན་མཆོག་གི་ཐུགས་རྗེ་ལས་ཡང་ཁ་འཕྱལཝ་ཨིན། 5 དེ་འབདཝ་ད་ ང་བཅས་ཀྱིས་དད་པ་ལག་ལེན་འཐབ་སྟེ་ ཐུགས་ཉིད་ཀྱིས་ང་བཅས་ལུ་ དཀོན་མཆོག་ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་ཡི་ཟེར་ཁས་ལེན་བཞེས་ཅི། 6 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཁིརཱིས་ཡེ་ཤུ་གི་ཨིན་མི་ཆ་ཁྱབ་ཀྱི་དོན་ལུ་ ཡ་ཧུ་ད་པའི་ལུགས་སྲོལ་བཞིན་དུ་ ལུས་ལུ་རྟགས་བཀལ་ནི་དང་མ་བཀལ་ནི་གི་དབྱེ་བ་མེད་ ཁག་ཆེ་ཤོས་འདི་ བྱམས་པ་འབད་བའི་སྒོ་ལས་ དད་པ་ཕྱི་བཏོན་དགོ་མི་དེ་ཨིན། 7 ད་ཁྱེད་དད་པའི་ནང་ ཡར་རྒྱས་འགྱོ་སྡོད་པའི་སྐབས་ལུ་ ལམ་བདེན་པ་དེ་ལས་ག་གིས་ཁྱེད་ལུ་རྒྱབ་ཁར་ལས་བཤེད་འཐེན་ཏེ་བཀག་རྐྱབ་སྨོ། 8 ཨ་ནི་བཟུམ་ ཐད་རི་བ་རི་ཁྱེད་ལུ་འབོ་མི་དཀོན་མཆོག་གིས་མཛད་བཅུགཔ་མེན། 9 དཔེར་ན་ བུལ་ཏོག་ཨ་ཙི་གཅིག་གིས་ཕྱི་བསྣད་བསྣདཝ་ལེ་ཤ་སྦོ་བཅུག་དོཝ་བཟུམ་སྦེ་ ཆོས་རྫུས་མ་གི་རྒྱུད་ལས་ མི་གཞན་ག་ར་ལུ་ལམ་འཛོལ་བ་ནང་འགྱོ་བཅུག་འོང་། 10 དེ་འབདཝ་ད་ ཁྱེད་ང་དང་གཅིག་ཁར་སེམས་མཐུན་ཏེ་སྡོད་འོང་ཟེར་ ང་བློ་གཏད་དེ་སྡོད་ཅི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ག་ར་དཀོན་མཆོག་ནང་དད་པ་གཅིག་ཨིན་ ད་ཁྱེད་ལུ་ཨ་ནི་ཚུན་ཚོད་སེམས་དཀྲུགས་ཏེ་ མགུ་འཐོམ་བཅུག་མི་དེ་ལུ་ དཀོན་མཆོག་གི་ཉེས་ཆད་ཕོག་འོང་། 11 ངེ་གི་སྤུན་ཆ་ཚུ་ ག་དེམ་ཅིག་སྦེ་ང་གིས་ད་ལྟོ་ཚུན་ཚོད་ ལུས་ལུ་རྟགས་བཀལ་དགོཔ་འདི་ ཁག་ཆེཝ་སྦེ་ཆོས་སྟོན་སྟོནམ་འབད་བ་ཅིན་ ཡ་ཧུ་ད་པ་ཚུ་གིས་ང་ལུ་གནོད་འཚེ་བཀལ་ཏེ་ ག་ཅི་འབད་དཀའ་ངལ་བྱིནམ་སྨོ་ ང་གིས་ཆོས་དེ་སྦེ་སྟོན་སྟོནམ་འབད་བ་ཅིན་ ཁོང་གིས་ང་ལུ་མ་དགའ་ནི་གི་དོན་དག་མིན་འདུག་ དེ་ལས་ད་རུང་ ཁིརཱིས་ཁྲམ་ཤིང་གུ་གཤགས་མིའི་གཏམ་བཟང་དེ་ ང་གིས་ཆ་མེད་གཏང་དོཝ་བཟུམ་སྦེ་ཨིན། 12 ད་ཁྱེད་ལུ་དཀྲོགས་མི་དེ་ཚུ་ ཁོང་རང་གི་ལུས་ བཏོག་བཀོག་རུང་བཏུབ་པས། 13 ངེ་གི་སྤུན་ཆ་ཚུ་ ཁྱེད་ལུ་རང་དབང་ཡོདཔ་སྦེ་འབོ་སྟེ་ཡོད་ དེ་འབདཝ་ད་ རང་དབང་འདི་ སྡིག་ཅན་གྱི་རང་བཞིན་ལུ་ལག་ལེན་མ་འཐབ་པར་ བྱམས་པའི་ཐོག་ལས་སྦེ་ གཅིག་གིས་གཅིག་ལུ་ཆ་རོགས་འབད་བའི་དོན་ལུ་ཨིན། 14 ག་ཅི་སྨོ་ཟེར་བ་ཅིན་ རང་གི་ཁྱིམ་ཚང་ལུ་རང་དང་འདྲཝ་སྦེ་ བྱམས་པ་འབད་ཟེར་མི་ཁྲིམས་གཅིག་གིས་ བཀའ་ཁྲིམས་ག་ར་འདི་ནང་ཚངམ་ཨིན། 15 དེ་འབདཝ་ད་ གཅིག་གིས་གཅིག་ལུ་འཐབ་འཛིང་འབད་དེ་ཡོད་པ་ཅིན་ གཅིག་གིས་གཅིག་ལུ་མེདཔ་མ་གཏང་ནི་གི་དོན་ལུ་ ཟབ་ཟབ་འབད་དགོ།། 16 ད་ང་གིས་སླབ་མི་དེ་ དམ་པའི་ཐུགས་ཉིད་དང་འཁྲིལ་ཏེ་འབད་བ་ཅིན་ མིའི་རང་བཞིན་གྱི་འདོད་པ་ངན་པ་དེ་ཚུ་མི་འབད་འོང་། 17 ག་ཅི་སྨོ་ཟེར་བ་ཅིན་ རང་བཞིན་རྙིངམ་གི་འདོད་པ་ངན་པ་དེ་གིས་ཐུགས་ཉིད་ལུ་རྒོལ་ ཐུགས་ཉིད་ཀྱི་འདོད་པ་དེ་གིས་ མིའི་རང་བཞིན་གྱི་འདོད་པ་དེ་ལུ་རྒོལ་ཏེ་ ཁོང་གཉིས་མ་མཐུནམ་འགྱོ་འོང་ དེ་ལས་མིའི་རང་བཞིན་གྱི་འདོད་པ་ལྟར་དུ་འབད་བ་ཅིན་ ཁྱེད་ཀྱིས་ལེགས་ཤོམ་འབད་དགོ་མནོ་མི་དེ་མི་འབད། 18 དེ་བཟུམ་སྦེ་ཁྱེད་ཀྱིས་ཐུགས་ཉིད་དང་འཁྲིལ་ཏེ་སྡོད་པ་ཅིན་ ཁྱེད་བཀའ་ཁྲིམས་ཀྱི་དབང་ཚད་འོག་ལུ་སྡོདཔ་མེན། 19 ཁྱེད་ཀྱིས་སྡིག་ཅན་གྱི་རང་བཞིན་དང་འཁྲིལ་སྡོདཔ་ད་ འབྲས་བུ་འདི་གསལ་ཏོག་ཏོ་སྦེ་ ཕྱི་འཐོན་འོངམ་ཨིན་ དེ་ཚུ་ག་ཅི་ཨིན་ན་ཟེར་བ་ཅིན་ ལུས་འབྲེལ་གྱི་ལཱ་ངན་པ་ འདོད་ཆགས་ཀྱི་མནོ་བསམ་གཏང་མི་ སྤྱོད་པ་ངན་པ་འབད་མི། 20 སྐུ་ལུ་གསོལཝ་བཏབ་མི་ ངན་སྔགས་རྐྱབ་མི་ དགྲ་འབད་མི་ གཞན་ལུ་བརྩོད་པ་འཚོལ་མི་ མིག་ཏོ་ཚ་མི་ ཙིགཔ་ཟ་མི་ རང་འདོད་ཅན་འབད་མི་ མིའི་བར་ན་ལུ་དཀྲོགས་ཁ་རྐྱབ་མི་ སྡེ་ཚན་གྱི་ལུགས་སྲོལ་དང་མ་མཐུནམ་འབད་མི། 21 དོ་འགྲན་མི་ ར་བཟི་མི་ འཆལ་སྤྱོད་སྤྲོ་སྟོན་ནང་བཅའ་མར་གཏོགས་མི་ ཨ་ནི་འབད་དེ་སྡོད་མི་ཚུ་གིས་ དཀོན་མཆོག་གི་རྒྱལ་སྲིད་ནང་ བྱིན་རླབས་ཀྱི་བགོ་བཤའ་མི་ཐོབ་ཟེར་ ང་གིས་ཧེ་མ་ཡང་རྣ་བ་སྐྱེལ་ཡི་ ད་ལྟོ་ཡང་སླབ་དོ། 22 དེ་འབདཝ་ད་ དམ་པའི་ཐུགས་ཉིད་ཀྱི་འབྲས་བུ་འདི་ བྱམས་པ་འབད་ནི་ དགའ་སྤྲོ་བསྐྱེད་ནི་ ཞི་བདེ་མྱོང་ནི་ བཟོད་པ་བསྒོམ་ནི་ སྙིང་རྗེ་བསྐྱེད་ནི་ ལེགས་ཤོམ་འབད་ནི་ ན་འཐན་ཏོག་ཏོ་འབད་ནི། 23 མཉམ་ཆུང་སྦེ་སྡོད་ནི་ མཚམས་ཚོད་ཤེས་ནི་ ཨ་ནི་དེ་ཚུ་ག་ར་དང་མ་མཐུན་མི་ཁྲིམས་མེད། 24 ཁིརཱིས་ཡེ་ཤུ་གི་ཨིན་མི་ཆ་ཁྱབ་ཀྱིས་ འདོད་པ་ལུ་ཆགས་ནི་དང་ མིའི་རང་བཞིན་ལུ་དབང་མི་སྡིག་པ་འདི་གི་དབང་ཚད་འོག་ལས་འཐོན་ཏེ་ འདི་ང་བཅས་ཀྱི་དོན་ལུ་ཁྲམ་ཤིང་གུ་ཤི་ཚརཝ་བཟུམ་ཨིན། 25 ང་བཅས་ཐུགས་ཉིད་ཀྱི་ཐོག་ལས་སྦེ་ གསོན་པོ་སྦེ་སྡོདཔ་ཨིན་པ་ཅིན་ ཐུགས་ཉིད་དང་འཁྲིལ་ཏེ་སྡོད་དགོ། 26 དེ་ལས་ང་རྒྱལ་ལང་ནི་མི་འོང་ གཅིག་གིས་ཅིག་ལུ་སེམས་དཀྲུགས་ནི་དང་ དོ་འགྲན་ནི་གི་མནོ་བསམ་ཡང་གཏང་ནི་མི་འོང་།།
1 ངེ་གི་སྤུན་ཆ་ཚུ་ དདཔ་ཅན་གཅིག་གིས་ལཱ་འཛོལ་བ་འབད་དེ་འོང་པ་ཅིན་ ཁྱེད་དམ་པའི་ཐུགས་ཉིད་དང་མཐུན་སྡོད་མི་ཚུ་གིས་ མི་དེ་ལུ་འགྲོས་ཀྱིས་འབད་བཤད་སླབ་སྟེ་ ལམ་བདེན་པ་ནང་འཁྱིད་དགོ་ དེ་འབདཝ་ད་ རང་ཡང་མི་དེ་བཟུམ་སྦེ་ བར་ཆད་ནང་མ་ཚུད་ནི་གི་དོན་ལུ་ཟབ་ཟབ་འབད་དགོ། 2 གཅིག་དང་གཅིག་གི་དཀའ་ངལ་ནང་ཆ་རོགས་འབད་བ་ཅིན་ དེ་གིས་འབད་ ཁིརཱིས་ཀྱིས་གནང་མི་བཀའ་ཁྲིམས་འདི་ནང་ཚངམ་ཨིན། 3 དེ་ལས་མི་ག་ར་འབད་རུང་ ག་ར་ལས་ང་རང་མཐོ་ཟེར་མནོ་བསམ་གཏང་སྟེ་འབད་བ་ཅིན་ རང་གིས་རང་ལུ་མགུ་བསྐོར་རྐྱབ་ཨིན། 4 ག་ར་འབད་རུང་ རང་གི་ལཱ་འདི་ཚུ་ལེགས་ཤོམ་སྦེ་འབད་དགོ་ དེ་ལས་དེ་གིས་འབད་ རང་གིས་འབད་མི་དེ་ལུ་ངལ་རངས་ནི་མ་གཏོགས་ གཞན་གྱི་དེ་སྐྱོ་ཤོས་དང་ རང་གི་དེ་དྲགཔ་སྦེ་ དོ་འགྲན་མིན་དགོ། 5 ག་ཅི་སྨོ་ཟེར་བ་ཅིན་ ག་ར་འབད་རུང་ དཀོན་མཆོག་གི་གཟིགས་སར་ རང་རང་སོ་སོ་གི་འགན་ཁུར་རང་གིས་འབག་དགོ། 6 དཀོན་མཆོག་གི་གསུང་ལྷབ་མི་ཚུ་གིས་ རང་གི་ནང་ག་ཡོད་མི་དེ་བགོ་བཤའ་རྐྱབ་སྦེ་ སློབ་དཔོན་དེ་ལུ་ཕུལ། 7 དཀོན་མཆོག་ལུ་མེས་མེད་བསྐྱུར་ཏེ་ ཁྱེད་རང་ལུ་མགུ་བསྐོར་མ་རྐྱབས་ ག་ཅི་སྨོ་ཟེར་བ་ཅིན་ མི་གིས་ས་ཁར་ག་བཏབ་མི་དེ་རང་ རྔཝ་ཨིན། 8 ག་ར་འབད་རུང་ རང་བཞིན་རྙིང་པའི་འདོད་པ་ལྟར་དུ་སོན་བཏབ་པ་ཅིན་ དེ་གི་འབྲས་བུ་འདི་ མཇུག་བསྡུ་ནི་མེད་པའི་ཆདཔ་ཕོག་ནི་ཨིན་ ག་ར་འབད་རུང་ དམ་པའི་ཐུགས་ཉིད་ལུ་ཐུགས་དགྱེས་བཅུག་པ་ཅིན་ དེ་གི་འབྲས་བུ་འདི་ཚེ་མཐའ་མེདཔ་ཐོབ་ནི་ཨིན། 9 ལཱ་ལེགས་ཤོམ་འབད་ནི་ལུ་ འུ་སྡུག་སྟེ་རྒྱབ་བཤུད་མ་རྐྱབ་པ་ཅིན་ དུས་ཚོད་ཀྲིག་ཀྲི་ལུ་འབྲས་བུ་འདི་ཐོབ་ནི་ཨིན། 10 ད་ནམ་རང་འབད་རུང་ ང་བཅས་ཀྱིས་གཞན་གྱི་དོན་ལུ་ལཱ་ལེགས་ཤོམ་འབད་བའི་གོ་སྐབས་ཐོབ་པ་ཅིན་ འབད་དགོ་ དེ་ལས་ཡང་ལྷགཔ་སྦེ་ རང་གི་དདཔ་ཅན་བཟའ་ཚན་ཚུ་ལུ་ལེགས་ཤོམ་འབད་བྱིན་དགོ།། 11 ད་ལྟོ་ང་གིས་བྲིས་མི་ཡིག་བཟོ་སྦོམ་དེ་ལུ་བལྟ་ཤིག་ འདི་ང་རང་གི་ལག་པ་གིས་བྲིས་བྲིསཝ་ཨིན། 12 ཁྱེད་ཆ་ཁྱབ་ལུ་ ཡ་ཧུ་ད་པའི་ལུགས་སྲོལ་བཞིན་དུ་ ལུས་ལུ་རྟགས་བཀལ་དགོ་ཟེར་ཨུ་ཚུགས་རྐྱབ་མིའི་དོན་དག་ངོ་མ་དེ་ ཁིརཱིས་ཁྲམ་ཤིང་གུ་གཤགས་ཅི་ཟེར་ཆོས་བཤདཔ་ད་ གནོད་འཚེ་བཀལ་འོང་ཟེར་མནོ་སྟེ་ འདི་ནང་ལས་སྐྱབས་འབད་ནི་གི་ཧད་བཏགས་རྐྱངམ་གཅིག་ཨིན། 13 ལུས་ལུ་རྟགས་བཀལ་མི་དེ་ཚུ་ ཁོང་རང་ཡང་བཀའ་ཁྲིམས་ག་ར་རིམ་པ་བཞིན་དུ་མི་སྲུང་ དེ་འབདཝ་ད་ ཁོང་གིས་ཁྱེད་ལུ་ལུགས་སྲོལ་བཞིན་དུ་ ལུས་ལུ་རྟགས་བཀལ་བཅུག་མི་དེ་ ཁྱེད་ཁོང་གི་སློབ་མ་སྦེ་ རང་བསྟོད་བརྐྱབ་ནི་གི་དོན་ལུ་ཨིན། 14 ང་བཅས་རང་གི་གཙོ་བོ་ཡེ་ཤུ་ཁིརཱིས་ཁྲམ་ཤིང་གུ་ གཤགས་གནང་མི་དེ་མ་གཏོགས་ གཞན་ག་ནི་ཡང་ ང་གིས་རང་བསྟོད་མི་བརྐྱབ་ ག་ཅི་སྨོ་ཟེར་བ་ཅིན་ ཁིརཱིས་ཁྲམ་ཤིང་གུ་གཤགས་པའི་ཐོག་ལས་སྦེ་ འཇིག་རྟེན་འདི་ངེ་གི་དོན་ལུ་ཤི་སོངམ་མ་ཚད་ ང་ཡང་འཇིག་རྟེན་གྱི་དོན་ལུ་ཤི་སོངམ་བཟུམ་སྦེ་ཨིན། 15 ལུས་ལུ་རྟགས་བཀལ་ནི་དང་མ་བཀལ་ནི་གི་དབྱེ་བ་མེད་ ཁག་ཆེ་ཤོས་དེ་ ང་བཅས་མི་ཚེ་གསརཔ་ལུ་འགྱུར་ཏེ་སྡོད་ནི་ཨིན། 16 ཨ་ནི་བཟུམ་གྱི་ཁྲིམས་གསརཔ་སྲུང་མི་ དཀོན་མཆོག་གི་མི་རིགས་ངོ་མ་ཆ་ཁྱབ་ལུ་ ཞི་བདེ་དང་སྙིང་རྗེ་འབྱུང་བར་ཤོག 17 ད་དེ་ལས་ཕར་ ག་གིས་ཡང་ཧེ་མ་བཟུམ་སྦེ་ང་ལུ་དཀྲོགས་མ་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་གཟུགས་ལུ་ཡོད་མི་རྨ་ཤུལ་གྱིས་ ང་ཡེ་ཤུ་གི་སྐུ་ཚབ་སྦེ་ཁུངས་བཀལཝ་ཨིན། 18 ངེ་གི་སྤུན་ཆ་ཚུ་ ང་བཅས་རང་གི་ཡེ་ཤུ་ཁིརཱིས་ཀྱི་ཐུགས་རྗེ་ ཁྱེད་ཀྱི་སེམས་ཉིད་ནང་གནས་པར་ཤོག་ ཨ་མཱེན།། །།
1 དཀོན་མཆོག་གི་ཐུགས་དགོངས་ལས་སྦེ་ ཁིརཱིས་ཡེ་ཤུ་གི་སྐུ་ཚབ་ཨིན་མི་ ང་ པའུལ་གྱིས་ ཁྲོམ་ ཨི་ཕི་སི་ནང་ཡོད་མི་དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ ཁིརཱིས་ཡེ་ཤུ་ལུ་དདཔ་སྒྲིང་སྒྲིང་བསྐྱེད་མི་ཚུ་ལུ་ ཡི་གུ་འདི་འབྲི་དོ། 2 ང་བཅས་ཀྱི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱིས་ ཁྱེད་ཆ་ཁྱབ་ལུ་ཐུགས་རྗེ་དང་ཞི་བདེ་གནང་བཅུག། 3 ང་བཅས་རའི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཡབ་དཀོན་མཆོག་ལུ་བསྟོད་པ་ཕུལ་བར་ཤོག་ ཁོ་གིས་ང་བཅས་ལུ་ཁིརཱིས་ལས་རྒྱུད་དེ་ ཞིང་ཁམས་ལས་བྱུང་མི་སེམས་ཉིད་ཀྱི་བྱིན་རླབས་ག་ར་གནང་ཡི། 4 དེ་གིས་འབད་ དཀོན་མཆོག་གིས་ང་བཅས་ལུ་ ཁོ་རའི་གཟིགས་ས་ལུ་གཙངམ་དང་སྐྱོན་ག་ནི་ཡང་མེདཔ་སྦེ་བཞག་ནིའི་དོན་ལུ་ འཛམ་བུ་གླིང་མ་མཛད་པའི་ཧེ་མ་ལས་ ཁིརཱིས་ལས་རྒྱུད་དེ་ ང་བཅས་ལུ་བཙག་འཐུ་མཛད་གནང་ཡི། 5 དཀོན་མཆོག་གིས་ང་བཅས་ལུ་བྱམས་པ་མཛད་ནི་འདི་གིས་ ཡེ་ཤུ་ཁིརཱིས་ཀྱི་ཐོག་ལས་སྦེ་ ང་བཅས་ལུ་ཁོ་རའི་བཟའ་ཚང་ནང་ བུ་ཚབ་སྦེ་བཅའ་མར་གཏོགས་བཅུག་ནིའི་དོན་ལུ་ ཁོ་རའི་ཐུགས་དགོངས་དང་འཁྲིལ་ཏེ་ ཧེ་མ་ལས་རང་འཆར་གཞི་མཛད་གནང་ནུག 6 དེ་གིས་འབད་ ཁོ་གི་གཟི་བརྗིད་ཅན་དང་ལྡན་པའི་ཐུགས་རྗེ་གི་དོན་ལུ་བསྟོད་པ་ཕུལ་བར་ཤོག་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གི་བྱམས་པའི་སྲས་ལས་སྦེ་ ང་བཅས་ལུ་སྐྱིད་སྡུག་གནང་ཡི། 7 དཀོན་མཆོག་གི་ཐུགས་རྗེ་རྫོགས་ནི་མེདཔ་དེ་གིས་ ཁིརཱིས་ལས་རྒྱུད་དེ་ ཁོ་གི་སྐུ་ཁྲག་གི་སྒོ་ལས་འབད་དགོངས་ཡངས་གནང་སྟེ་ ང་བཅས་ཀྱི་སྡིག་པ་བཀའ་དྲིན་བསྐྱང་གནང་ཡི། 8 ད་རུང་རྫོགས་ནི་མེད་པའི་ཐུགས་རྗེ་འདི་གིས་ དཀོན་མཆོག་གིས་ང་བཅས་ལུ་རིག་པ་དང་ཤེས་རབ་ གཏོང་ཕོད་ཆེན་པོའི་སྒོ་ལས་གནངམ་ད། 9 ཧེ་མ་ཁོ་རའི་ཐུགས་དགྱེས་པའི་ཐུགས་དགོངས་དང་བསྟུན་ཏེ་ གསང་བཞག་མི་དམིགས་ཡུལ་འདི་ ཁིརཱིས་ཀྱི་སྐོར་ལས་ ང་བཅས་ལུ་ཤེས་བཅུག་ནུག 10 དམིགས་ཡུལ་དེ་དང་མཐུན་ཏེ་ དུས་ཚོད་ཀྲིག་ཀྲི་སྦེ་རན་པའི་བསྒང་ལས་ ཞིང་ཁམས་ནང་ལུ་ཡོད་མི་ཚུ་དང་ འཇིག་རྟེན་ནང་ཡོད་མི་ཚུ་ག་ར་ ཁིརཱིས་ཀྱི་ཕྱག་འོག་ལུ་བཞག་གནང་ནི་ཨིན། 11 དེ་བཟུམ་སྦེ་རང་ ཁིརཱིས་ལས་རྒྱུད་དེ་ ང་བཅས་ཀྱིས་ཤུལ་ནོར་གྱི་བགོ་བཤའ་ཐོབ་ཅི་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ག་ཅི་རང་མཛད་རུང་ ཁོ་རའི་ཐུགས་དགོངས་དང་བསྟུན་ཏེ་ ཁོ་རའི་དམིགས་ཡུལ་སྒྲུབ་ནི་སྦེ་ འཆར་གཞི་འགོ་དང་པ་ལས་རང་མཛད་གནང་ནུག 12 དེ་གིས་འབད་ ང་བཅས་ཁིརཱིས་ནང་འགོ་དང་པ་ལས་བློ་གཏད་མི་ཚུ་གི་རྒྱུད་ལས་ དཀོན་མཆོག་གི་མཚན་ཡར་ཡར་སྙན་གྲགས་འགྱོ་སྟེ་ ཁོ་ལུ་བསྟོད་པ་ཕུལ་ནི་ཨིན། 13 དེ་ལས་ཁྱེད་ཀྱིས་ཡང་ སྐྱབས་མཛད་པའི་གཏམ་བཟང་ བདེན་པའི་བློ་འདི་གོཝ་ད་ ཁོ་ལུ་དད་པ་བསྐྱེད་དེ་ ཁྱེད་དཀོན་མཆོག་གི་མི་ཨིན་ཟེར་ཁུངས་སྐྱལ་བའི་དོན་ལུ་ དཀོན་མཆོག་གིས་ཐིའུ་བརྐྱབས་གནང་སྟེ་ ཁས་ལེན་བཞེས་ཡོད་མི་དམ་པའི་ཐུགས་ཉིད་ཁྱེད་ལུ་གནང་ཡི། 14 ང་བཅས་ཁོ་རའི་མི་ཚུ་གིས་ཤུལ་ནོར་གྱི་བགོ་བཤའ་མ་ཐོབ་ཚུན་ཚོད་ཀྱི་ བར་ན་གི་རྒྱབ་མི་འདི་དམ་པའི་ཐུགས་ཉིད་ཨིན་ འདི་ག་ར་དཀོན་མཆོག་གི་མཚན་ཡར་ཡར་སྙན་གྲགས་འགྱོ་སྟེ་ ཁོ་ལུ་བསྟོད་པ་ཕུལ་ནི་གི་དོན་ལུ་ཨིན།། 15 འདི་གི་དོན་ལས་སྦེ་ ཁྱེད་ཀྱིས་ཡེ་ཤུ་ཁིརཱིས་ལུ་དད་པ་སྒྲིང་སྒྲིང་བསྐྱེད་མི་དང་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ལུ་ཁྱེད་ཀྱིས་ བྱམས་པ་འབད་བའི་སྐོར་ལས་གོཝ་ད། 16 ང་གིས་ཁྱེད་ཆ་ཁྱབ་ཀྱི་དོན་ལུ་སྨོན་ལམ་བཏབ་སྟེ་ བཀའ་དྲིན་ཆེ་ཟེར་ཞུ་སྟེ་རང་ཡོད། 17 ངེ་གི་སྨོན་ལམ་ནང་ ང་བཅས་རའི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་དཀོན་མཆོག་གི་ གཟི་བརྗིད་དང་ལྡན་པའི་ཡབ་ ངོ་ཤེས་ཚུགས་པའི་དོན་ལུ་ ཁྱེད་ཆ་ཁྱབ་ལུ་ཤེས་རབ་དང་ཤེསཔ་མཐོངམ་གི་རིག་པ་གནང་ཟེར་ཞུཝ་ཨིན། 18 འདི་གིས་མ་ཚད་པར་ དཀོན་མཆོག་གིས་ང་བཅས་ལུ་ འབོ་མི་གི་རེ་བ་འདི་ ག་ཅི་ཨིན་ན་ དེ་ལས་ཁོ་གིས་ ཁོ་རའི་དམ་པའི་མི་ཚུ་ལུ་ ཁས་ལེན་བཞེས་མི་ཤུལ་བཞག་གི་བགོ་བཤའ་འདི་ ག་ཅི་དེས་ཅིག་གཟི་བརྗིད་ཆེ་ཏོག་ཏོ་ཨིན་ན་ དེ་ལས་ཁོ་གི་ཚད་མེད་པའི་དབང་དེ་ ང་བཅས་དད་པ་བསྐྱེད་མི་ཚུ་གི་སྦུག་ལུ་ལཱ་འབད་དེ་ ག་ཅི་དེས་ཅིག་སྟོབས་ཤུགས་ཅན་ཨིན་ན་ འདི་ཚུ་ ཁྱེད་ཀྱིས་གསལ་ཏོག་ཏོ་སྦེ་ཤེས་བཅུག་ནིའི་སྨོན་ལམ་ཞུཝ་ཨིན།། 20 ཁོ་རའི་དབང་དེ་གིས་ ཁིརཱིས་ལུ་གཤགས་ས་ལས་ལོག་སྐུ་གསོན་པོ་སྦེ་བཞེངས་གནང་སྟེ་ ཞིང་ཁམས་ལུ་དཀོན་མཆོག་གི་ཕྱག་གཡས་ཁ་ཐུག་ལུ་བཞུགས་བཅུག་ནུག 21 ཁིརཱིས་འདི་དཀོན་མཆོག་གི་ཕྱག་གཡས་ཁ་ཐུག་བཞུགསཔ་ད་ ད་ལྟོ་གི་དུས་ལུ་ཨིན་རུང་ མ་འོངས་པའི་དུས་ལུ་ཨིན་རུང་ ཁིརཱིས་འདི་གནམ་ཁ་གི་བདུད་དང་བཙན་ག་ར་གི་གུ་ལུ་དབངམ་ཨིནམ་མ་ཚད་ དབང་འཛིན་ཚུ་ལུ་ཡང་དབངམ་ཨིན་ སྟོབས་ཤུགས་ཚུ་གི་ནང་ལས་སྟོབས་ཤུགས་ཅན་ཨིནམ་མ་ཚད་ གཙོ་བོ་ཚུ་གི་ནང་ལས་གཙོ་ཅན་ དེ་ལས་གནམ་དང་སའི་གུ་ཡོད་མི་མཚན་གཞན་ག་ར་ལས་ ཁོ་གོ་གནས་མཐོ་ཤོས་གུ་བཞུགས་བཅུག་ནུག 22 དེ་ལས་དཀོན་མཆོག་གིས་ག་ར་ ཁོ་གི་ཞབས་པའི་འོག་ལུ་བཙུགས་གནང་སྟེ་ ཁིརཱིས་ཆོས་ཚོགས་ཀྱི་དོན་ལུ་ ག་ར་གི་ཡོངས་འཛིན་སྦེ་མཛད་ནུག 23 ཆོས་ཚོགས་ཁོ་གི་སྐུ་གཟུགས་ཨིན་ ཆོས་ཚོགས་ནང་ ཁོ་ཁྱབ་སྟེ་བཞུགསཔ་ཨིནམ་མ་ཚད་ ཁོ་ག་ར་ནང་ཡོངས་སུ་རྫོགསཔ་སྦེ་ཁྱབ་སྟེ་བཞུགསཔ་ཨིན།།
1 དེ་ལས་ཧེ་མ་ཁྱེད་ སྡིག་པ་འབད་མི་ཚུ་དང་ ཚུལ་ཁྲིམས་ལས་བརྒལ་མི་ཚུ་ཨིནམ་ལས་ ཁྱེད་ལུ་ཤི་སོང་མི་ཚུ་སྦེ་བརྩིས་གནང་ཡི། 2 ཧེ་མ་ཁྱེད་ཀྱིས་ དུས་ངན་པ་དེ་གི་ལུགས་སྲོལ་འབད་དེ་སྡོདཔ་ད་ ཁྱེད་གནམ་ཁ་ལུ་སྡོད་མི་འདྲེ་ཚུ་གི་འགོ་དཔོན་གྱི་འོག་ལུ་སྡོད་ནུག་ ཨ་ནི་འདྲེ་དེ་གིས་ད་ལྟོ་ཡང་ དཀོན་མཆོག་གི་བཀའ་ལུ་ མ་ཉན་མི་ཚུ་གི་སེམས་ཁར་ལཱ་འབད་དེ་སྡོདཔ་ཨིན། 3 ང་བཅས་ཡང་ ཧེ་མ་ཁོང་བཀའ་ལུ་མ་ཉན་མི་ཚུ་དང་གཅིག་ཁར་ལཱ་ངན་པ་འབད་དེ་ ང་བཅས་རའི་འདོད་པ་ལྟར་དུ་འབད་དེ་ ལུས་དང་སེམས་ཀྱི་མནོ་བསམ་གྱི་འདོད་པའི་དབང་དུ་གཏང་ དེ་ལས་ཁོང་གཞན་ཚུ་བཟུམ་སྦེ་རང་ ཆདཔ་ཕོག་མི་ཚུ་གི་གྲལ་ཁར་ལུ་སྡོད་ཅི། 4 ཨིན་རུང་ དཀོན་མཆོག་ཚད་མེད་པའི་སྙིང་རྗེ་ཅན་ཨིནམ་ལས་ ཁོ་གིས་ང་བཅས་ལུ་བྱམས་པ་གནམ་མེད་ས་མེད་མཛད་ནུག 5 ང་བཅས་ཀྱིས་སྡིག་པ་འབད་དེ་ ཤི་སོང་མི་སྦེ་བརྩིས་ཏེ་འབད་རུང་ ཁོ་གིས་ང་བཅས་ལུ་ཁིརཱིས་དང་མཉམ་གསོན་པོ་སྦེ་བརྩིས་གནང་ཡི་ དེ་ལས་བཅུད་བསྡུ་སྟེ་སླབ་པ་ཅིན་ ཁོ་གི་ཐུགས་རྗེ་གིས་ ཁྱེད་ལུ་སྐྱབས་མཛད་དེ་ཡོད། 6 ཁིརཱིས་གཤགས་ས་ལས་གསོན་པོ་སྦེ་བཞེངས་གནངམ་ད་ ང་བཅས་ལུ་ཡང་ཁོ་དང་གཅིག་ཁར་ལྷོང་གནང་ནུག་ དེ་ལས་ཁིརཱིས་ཡེ་ཤུ་ལས་རྒྱུད་དེ་ ང་བཅས་ལུ་དབང་ཚད་གནང་སྟེ་ ཞིང་ཁམས་ལུ་ཁོ་དང་མཉམ་གཅིག་སྡོད་བཅུག་ཅི། 7 དེ་སྦེ་འབད་མི་དེ་ ཁིརཱིས་ཡེ་ཤུ་གི་ཐོག་ལས་ང་བཅས་ཀྱི་བཀའ་དྲིན་བསམ་སྟེ་ ཁོ་གིས་ཁོ་རའི་ཐུགས་རྗེ་འདི་ ག་ཅི་དེས་ཅིག་སྦོམ་ཨིན་ན་ མ་འོངས་པའི་དུས་རབས་ལུ་སྟོན་གནང་ནི་གི་དོན་ལུ་ཨིན། 8 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་དད་པ་བསྐྱེདཔ་ལས་བརྟེན་ཏེ་ ཁོ་གི་ཐུགས་རྗེ་གི་ཐོག་ལས་ ཁྱེད་ལུ་སྐྱབས་མཛད་ཅི་ འདི་ཁྱེད་རང་གིས་འབད་དེ་ཐོབ་ཐོབ་མེན་ ཐར་བ་དེ་དཀོན་མཆོག་གི་གསོལ་རས་ཨིན། 9 ལཱ་བཟང་པོ་འབད་དེ་གིས་ཡང་ཐོབ་ཐོབ་མེན་ ལཱ་འབད་དེ་ཐོབ་ཐོབ་འབད་བ་ཅིན་ མི་གིས་ རང་བསྟོད་རྐྱབས་འོང་། 10 དེ་འབདཝ་ད་ དཀོན་མཆོག་གི་ཕྱག་གིས་མཛད་དེ་ ང་བཅས་ཁོ་གི་ཕྱག་བཟོ་ཨིན་ དེ་ལས་ཁིརཱིས་ཡེ་ཤུ་གི་ཐོག་ལས་ དཀོན་མཆོག་གིས་ཧེ་མ་ལས་རང་ གྲ་སྒྲིག་མཛད་གནང་མིའི་ ལཱ་བཟང་པོ་འདི་འབད་བཅུག་ནི་སྦེ་ ང་བཅས་ལུ་མཛད་གནང་ཡི།། 11 ཁོང་ ཡ་ཧུ་ད་པ་ཚུ་གིས་ཁྱེད་ལུ་ ཡ་ཧུ་ད་པའི་རྟགས་མ་སྐྱེལ་མི་ཚུ་རིགས་མ་གཙངམ་ཨིན་ཟེར་སླབ་ཨིན་མས་ ཁོང་གིས་འབད་བ་ཅིན་ གཟུགས་ཁར་རྟགས་སྐྱེལཝ་ཙམ་གྱིས་ གཟུགས་གཙངམ་ཨིན་ཟེར་མནོཝ་ཨིན་མས་ ཨིན་ཏེ་འབད་རུང་ ཨ་ནི་རྟགས་འདི་ ཕྱི་ཁར་ལུ་བཏོན་ནི་རྐྱངམ་གཅིག་ལས་བརྒལ་མེད་ དེ་འབདཝ་ལས་ ང་གིས་ཁྱེད་ཧེ་མ་ཕྱིའི་མི་རིགས་ཨིན་མི་ཚུ་ལུ་ དྲན་བསྐུལ་གཅིག་ཞུ་དགོ་མནོ་ཡི། 12 ཧེ་མ་གི་དུས་ལུ་ ཁྱེད་ཁིརཱིས་དང་གཅིག་ཁར་འབྲེལ་བ་མེད་མི་དང་ ཨཱིས་ར་ཨཱེལ་གྱི་མི་ཁུངས་ཀྱི་གྲལ་ཁར་མེད་མི་ དཀོན་མཆོག་གིས་ཁས་ལེན་བཞེས་མི་ཞལ་འཆེས་ཐོབ་མི་གྲལ་ཁར་མེད་མི་ དེ་ལས་འཇིག་རྟེན་ནང་ལུ་རེ་བ་དང་དཀོན་མཆོག་མེད་མི་སྦེ་སྡོད་སྡོདཔ་ཨིན། 13 ཨིན་རུང་ ཁྱེད་ད་ལྟོ་ཁིརཱིས་ཡེ་ཤུ་གི་ནང་ན་ཨིན་ མ་གཞི་ ཁྱེད་ཧེ་མ་དཀོན་མཆོག་ལས་ཐག་རིང་ས་སྡོད་རུང་ ཁིརཱིས་ཀྱི་སྐུ་ཁྲག་གིས་འབད་ ད་ལྟོ་ཁོ་གི་སྦོ་ལོགས་ཁར་སྐྱེལ་གནང་སྟེ་ཡོད། 14 ཧེ་མ་ང་བཅས་ ཡ་ཧུ་ད་པ་དང་ཕྱིའི་མི་རིགས་ཚུ་གི་སྦུག་ལུ་ མ་འཆམ་བཟོ་མི་དེ་ལུ་རྩ་མེད་གཏང་སྟེ་ ཁིརཱིས་ཁོ་རང་གི་སྐུ་གཟུགས་ཀྱིས་ང་བཅས་གཉིས་ཆ་རང་ལུ་གཅིག་སྦེ་མཛད་གནང་ཡི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་མཐུན་ལམ་འདི་ཁོ་རྐྱངམ་གཅིག་ཨིན། 15 ཡ་ཧུ་ད་པ་ཚུ་གི་བཀའ་ཁྲིམས་འདི་ཆ་མེད་བཏང་སྟེ་ ང་བཅས་མི་རིགས་གཉིས་ཀྱི་གྲལ་ཁ་ལས་ ཁོ་གི་ནང་ན་ལུ་ མི་རིགས་གསརཔ་གཅིག་སྦེ་མཛད་དེ་ མཐུན་ཏོག་ཏོ་མཛད་གནང་ནུག 16 ཁིརཱིས་ཀྱིས་ཁྲམ་ཤིང་གུ་གཤགས་པའི་ཐོག་ལས་སྦེ་ ང་བཅས་ ཡ་ཧུ་ད་པ་དང་ཕྱིའི་མི་རིགས་ཚུ་གི་སྦུག་ལུ་ མ་འཆམ་ཡོད་མི་དེ་མེདཔ་གཏང་ཡི་ དེ་ལས་ ཡ་ཧུ་ད་པ་དང་ཕྱིའི་མི་རིགས་ཚུ་ མི་རིགས་གཅིག་སྦེ་མཐུན་ལམ་མཛད་དེ་ དཀོན་མཆོག་དང་ང་བཅས་གཉིས་ཆ་རང་གི་བར་ན་ཡང་ མཐུན་ལམ་མཛད་གནང་ཡི། 17 དེ་ལས་ཁོ་བྱོན་ཏེ་ ཁྱེད་ཁོ་ལས་ཐག་རིང་ས་སྡོད་མི་ཚུ་དང་ ང་བཅས་ཁོ་གི་སྦོ་ལོགས་ཁར་ཡོད་མི་ཚུ་ལུ་ མཐུན་ལམ་གྱི་གཏམ་བཟང་འདི་བཤད་གནང་ཡི། 18 ཁོ་ལས་རྒྱུད་དེ་ ང་བཅས་ ཡ་ཧུ་ད་པ་དང་ཕྱིའི་མི་རིགས་ཚུ་ལུ་ ཐུགས་ཉིད་གཅིག་གི་ནང་ལས་སྦེ་ ཡབ་དཀོན་མཆོག་གི་སྐུ་མདུན་ལུ་འགྱོ་ཚུགསཔ་མཛད་གནང་ཡི། 19 ད་ཁྱེད་ཕྱི་ཁར་ལས་འོང་མིའི་མི་དང་ ནམ་ཡང་ངོ་མ་ཤེས་མིའི་མི་མེན་ དེ་འབདཝ་ད་ ཁྱེད་དཀོན་མཆོག་གི་བཟའ་ཚང་ཨིནམ་མ་ཚད་ ཁྱེད་ཀྱི་མི་ཁུངས་ཡང་ དཀོན་མཆོག་ཁོ་རའི་དམ་པའི་མི་དང་གཅིག་ཁར་ཡོདཔ་ཨིན། 20 ཁྱེད་ཆ་ཁྱབ་ སྐུ་ཚབ་ཚུ་དང་ལུང་སྟོན་པ་ཚུ་གི་རྩིགཔ་འགྱམ་གྱི་ཐོག་ཁར་བཟོ་ཡོད་པའི་དཀོན་མཆོག་གི་བཞུགས་ཁང་ཨིན་ འདི་བཞུགས་ཁང་གི་ཟུར་རྡོ་ཁག་ཆེ་ཏོག་ཏོ་དེ་ཁིརཱིས་ཡེ་ཤུ་ཁོ་རང་ཨིན། 21 དེ་གིས་འབད་ བཞུགས་ཁང་ག་ར་ཁིརཱིས་ལས་བརྟེན་ཏེ་ རྡོ་གུ་རྡོ་བརྩེགས་ཏེ་ ང་བཅས་ཡར་ཡར་གཙོ་བོ་ནང་ དམ་པའི་མཆོད་ཁང་བཟུམ་སྦེ་འགྱོཝ་ཨིན། 22 ཁིརཱིས་ལས་བརྟེན་ཏེ་ དཀོན་མཆོག་ཁོ་རའི་ཐུགས་ཉིད་བཞུགས་ནི་གི་དོན་ལུ་ ཁྱེད་ཡང་ང་བཅས་དང་གཅིག་ཁར་ བཞུགས་ཁང་གཅིག་སྦེ་མཛད་པའི་བསྒང་ཡོད།།
1 དེ་འབདཝ་ལས་ ཁིརཱིས་ཡེ་ཤུ་གི་ཐོག་ལས་སྦེ་ ཁྱེད་ ཕྱིའི་མི་རིགས་ཚུ་ལུ་ གཏམ་བཟང་བཤད་ནི་འདི་གིས་ ང་ པའུལ་བཙོན་པ་སྦེ་སྡོདཔ་ཨིན། 2 ཁྱེད་ལུ་ཕན་ཐོག་པའི་དོན་ལུ་ དཀོན་མཆོག་གིས་ཁོ་རའི་ཐུགས་རྗེ་གི་སྐོར་ལས་ བཤད་དགོ་མི་ཕྱག་ལཱ་ ང་ལུ་གནང་ཡི་ཟེར་ཁྱེད་ཀྱིས་གོ་གོཝ་འོང་། 3 ང་གིས་གོང་ལས་དུམ་གྲ་ཅིག་ཁྱེད་ལུ་འབྲི་དོཝ་བཟུམ་སྦེ་ དཀོན་མཆོག་གིས་གསང་ལམ་ང་ལུ་དངོས་སུ་སྦེ་སྟོན་གནང་ཡི། 4 ཁྱེད་ཀྱིས་ཨ་ནི་ཡི་གུ་ལྷགཔ་ད་ ཁིརཱིས་ཀྱི་སྐོར་ལས་ཡོད་མི་གསང་ལམ་འདི་ ང་གིས་ག་ཅི་ཧ་གོ་ཡི་ག་ ཁྱེད་ཀྱིས་ཤེས་ཚུགས། 5 ཨ་ནི་གསང་ལམ་འདི་ ཁོ་རའི་དམ་པའི་སྐུ་ཚབ་དང་ལུང་སྟོན་པ་ཚུ་ལུ་ ཐུགས་ཉིད་ལས་རྒྱུད་དེ་ ད་རེས་ཀྱི་དུས་ལུ་སྟོན་གནང་དོཝ་བཟུམ་སྦེ་ ཧེ་མ་གི་མི་རབས་ཚུ་ལུ་དངོས་སུ་སྦེ་སྟོན་མ་གནང་པས། 6 གསང་ལམ་འདི་ག་ཅི་ཨིན་ན་ཟེར་བ་ཅིན་ ཁིརཱིས་ཡེ་ཤུ་གི་གཏམ་བཟང་གི་ཐོག་ལས་སྦེ་ ཁྱེད་ཕྱིའི་མི་རིགས་ཚུ་ ཡ་ཧུ་ད་པ་དང་གཅིག་ཁར་ དཀོན་མཆོག་ལས་ཤུལ་ནོར་ཐོབ་མི་ཚུ་དང་ ཁོ་གི་སྐུ་གཟུགས་གཅིག་ཨིན་མི་ཚུ་ དེ་ལས་ཁོ་གིས་ཁས་ལེན་བཞེས་མིའི་ཐོབ་ཐངས་ཚུ་ཡང་འདྲན་འདྲ་སྦེ་མཛད་གནང་ནུག 7 དཀོན་མཆོག་གི་དབང་གིས་འབད་དེ་ ཁོ་རའི་ཐུགས་རྗེ་དེ་ ང་ལུ་གསོལ་རས་སྦེ་གནངམ་ལས་བརྟེན་ཏེ་ ང་གཏམ་བཟང་གི་ཞབས་ཕྱིཔ་གཅིག་སྦེ་བྱུང་ཡི། 8 དཀོན་མཆོག་གི་མི་ག་ར་གི་གྲལ་ཁ་ལས་ ང་ཆུང་ཤོས་གཅིག་འབད་རུང་ ཕྱིའི་མི་རིགས་ཚུ་ལུ་ ཁིརཱིས་ཀྱི་སྐོར་ལས་ཡ་མཚན་ཆེན་བའི་ལོ་རྒྱུས་ཚུ་ བཤད་ནི་གི་དོན་ལུ་མ་ཚད་པར་ ག་ར་མཛད་མི་དཀོན་མཆོག་གིས་ ལོ་མང་རབས་ཀྱི་ཧེ་མ་ལས་གསང་བཞག་མི་འཆར་གཞི་འདི་ མི་ག་ར་ལུ་གསལ་ཏོག་ཏོ་སྦེ་སྟོན་ནི་གི་དོན་ལུ་ ཨ་ནི་ཐུགས་རྗེ་དེ་ང་ལུ་གནང་ཡི། 10 འདི་གི་དམིགས་ཡུལ་འདི་ ཆོས་ཚོགས་ཀྱི་ཐོག་ལས་སྦེ་ དཀོན་མཆོག་གི་མཁྱེན་རབ་མ་འདྲཝ་མ་འདྲཝ་འདི་ཚུ་ བདུད་དང་བཙན་ག་ར་ དེ་ལས་གནམ་ཁ་གི་དབང་འཛིན་ཚུ་ལུ་ ད་ལྟོ་ཤེས་བཅུག་ནི་གི་དོན་ལུ་ཨིན། 11 ད་ཧེ་མ་ཁོ་རའི་ཐུགས་བསམ་དང་བསྟུན་མི་ དུས་མཐའ་མེད་པའི་འཆར་གཞི་འདི་ དཀོན་མཆོག་གིས་ང་བཅས་རའི་གཙོ་བོ་ཁིརཱིས་ཡེ་ཤུ་ལས་རྒྱུད་དེ་མཛད་མཛདཔ་ཨིན། 12 ད་ང་བཅས་ཀྱིས་ཁིརཱིས་ལུ་དད་པ་བསྐྱེད་པའི་ཐོག་ལས་སྦེ་ དཀོན་མཆོག་གི་གཟིགས་སར་མ་འདྲོག་པར་ བློ་ཁོག་སྦོམ་སྦེ་འགྱོ་ཚུགསཔ་ཨིན། 13 དེ་འབདཝ་ལས་ ང་གིས་ཁྱེད་ལུ་སླབ་ཨིན་ ང་ཁྱེད་ཀྱི་དོན་ལུ་སྡུག་བསྔལ་མྱོང་སྟེ་ཡོད་རུང་ ཁྱེད་སེམས་མ་ཕམ་ ག་ཅི་སྨོ་ཟེར་བ་ཅིན་ ང་གི་མྱོང་མི་སྡུག་བསྔལ་ཚུ་ ཁྱེད་ཀྱི་དོན་ལུ་ལེགས་ཤོམ་ཨིན།། 14 གནམ་དང་ས་ཁར་ཡོད་མི་ ཡབ་དཀོན་མཆོག་གི་བཟའ་ཚན་ག་ར་གིས་ ཁོ་གི་ངོ་རྟགས་ཐོབ་སྟེ་ཡོད་ ཁོ་གི་སྐུ་མདུན་ལུ་ང་པུས་མོ་བཙུག་སྟེ་ སྨོན་ལམ་ཞུ་མི་དོན་དག་དེ་ཨ་ནི་ཨིན། 16 ཁོ་གི་ཚད་མེད་པའི་གཟི་བརྗིད་ཀྱི་ཐོག་ལས་ ཁོ་གི་ཐུགས་ཉིད་ཀྱིས་ ཁྱེད་ཀྱི་སེམས་ཉིད་སྒྲིང་སྒྲིང་བཟོ་ནི་གི་དབང་གནང་བཅུག 17 དེ་ལས་དེ་གིས་འབད་དེ་ དད་པའི་ཐོག་ལས་ ཁིརཱིས་ཁྱེད་ཀྱི་སེམས་ནང་བཞུགས་བཅུག་ དེ་མ་ཚད་ བྱམས་པ་དེ་ ཁྱེད་ཀྱི་སེམས་ནང་ ཤིང་གི་རྩ་བ་དང་ཁྱིམ་གྱི་རྩིགཔ་འགྱམ་བཟུམ་སྦེ་བསྐྱེད་དེ། 18 དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་དང་མཉམ་གཅིག་ ཁྱེད་ཀྱིས་ཁིརཱིས་ཀྱི་བྱམས་པ་འདི་ ཕར་དང་ཚུར་རྒྱ་སྦོམ་ཆུང་ག་དེམ་ཅིག་ཡོདཔ་ཨིན་ན་ ཡར་དང་མར་གྱི་རིང་ཐུང་དང་ གཏིང་ཟབ་དེ་ག་དེམ་ཅིག་ཡོདཔ་ཨིན་ན་ ཧིང་སངས་ས་ཤེས་ཏེ། 19 བདའ་ཟུན་མ་ཚུགས་མི་ ཁིརཱིས་ཀྱི་བྱམས་པ་སྦོམ་འདི་ ཁྱེད་ཀྱིས་ཧ་གོ་ཚུགས་ཏེ་ དཀོན་མཆོག་ཁོ་རང་གི་རང་བཞིན་དེ་གིས་ ཁྱེད་ཀྱི་ནང་གང་བཅུག 20 ད་དཀོན་མཆོག་གིས་ ང་བཅས་ཀྱི་ནང་ན་ ཁོ་རའི་དབང་ལས་རྒྱུད་དེ་ ང་བཅས་ཀྱིས་ཞུ་མི་དང་མནོ་མི་ལས་ཡང་ཐེབས་སྦེ་མཛད་ཚུགསཔ་ཨིན། 21 དེ་གིས་འབད་ དུས་རྟག་བུ་རང་ མི་བརྒྱུད་ལས་མི་བརྒྱུད་ཚུན་ཚོད་རང་ ཆོས་ཚོགས་དང་ཁིརཱིས་ཡེ་ཤུ་ལས་རྒྱུད་དེ་ དཀོན་མཆོག་གི་མཚན་ཡར་ཡར་སྙན་གྲགས་ཅན་སྦེ་འགྱོ་བཅུག་ ཨ་མཱེན།།
1 དེ་འབདཝ་ལས་ དཀོན་མཆོག་གིས་ཁྱེད་ལུ་ག་ཅི་འབད་བཙག་འཐུ་གནང་གནངམ་ཨིན་ན་ འདི་ལུ་ཁྱེད་ཀྱིས་འོས་འབབ་ཡོདཔ་སྦེ་སྡོད་ཟེར་ ང་གཙོ་བོ་གི་དོན་ལུ་བཙོན་པ་གཅིག་གིས་ ཁྱེད་ལུ་གསོལཝ་བཏབ་ཨིན། 2 དོན་ལས་རང་ ཁྱེད་སེམས་ཉམ་ཆུང་དང་ གཞི་འཇམ་ཏོག་ཏོ་ སུ་ཐག་རིངམོ་གི་སྤྱོད་ལམ་གཙོ་བོ་བསྟེན་ཏེ་ གཅིག་གིས་གཅིག་ལུ་ བཟོད་པ་བསྒོམས་ཏེ་བྱམས་པ་འབད་དགོ། 3 ཁྱེད་ག་ར་སེམས་གཅིག་སྦེ་མཐུན་པའི་ཐོག་ལས་ ཐུགས་ཉིད་ཀྱི་ནང་ན་མཐུན་ལམ་སྒྲིག་ནི་དེ་ བཀོག་མ་བཞག་པར་ རྩ་འགེངས་ཏེ་སྒྲིག་སྡོད་ཟེར་ང་གིས་ཞུ་ནི་ཨིན། 4 དཀོན་མཆོག་གིས་ཁྱེད་ལུ་ཁོ་རང་གི་མི་སྦེ་བཙག་འཐུ་གནང་སྟེ་ རེ་བ་གཅིག་ཐོབ་དོཝ་བཟུམ་སྦེ་ ང་བཅས་ག་ར་གཟུགས་གཅིག་བཟུམ་སྦེ་སོང་སྟེ་ ཐུགས་ཉིད་གཅིག་ཐོབ་ཨིནམ་མ་ཚད། 5 ང་བཅས་ག་ར་གི་གཙོ་བོ་འདི་གཅིག་དང་ དད་པ་གཅིག་ དེ་ལས་ཁྲུས་གསོལ་ཡང་གཅིག་ཨིན། 6 དཀོན་མཆོག་གཅིགཔ་འདི་ ང་བཅས་ག་ར་གི་ཡབ་ཡང་ཨིན་ ཁོ་ག་ར་ལས་མཐོ་ས་བཞུགསཔ་ཨིནམ་མ་ཚད་ ག་ར་གི་ཐོག་ལས་ཕྱག་ལཱ་མཛད་དེ་ ག་ར་གི་ནང་ན་བཞུགས་ཡོདཔ་ཨིན། 7 ཁིརཱིས་ཀྱིས་ཁོ་རའི་ཐུགས་འདོད་དང་བསྟུན་ཏེ་ ང་བཅས་རེ་རེ་ལུ་ཐུགས་རྗེ་གསོལ་རས་སྦེ་གནང་ནུག 8 འདི་གི་དོན་ལུ་ གསུང་རབ་ནང་དེ་སྦེ་གསུངས་ཏེ་འདུག ཁོ་ཡར་མཐོ་ས་ལུ་འབྱོནམ་ད་ བཟུང་སྟེ་བཞག་ཡོད་མི་ཚུ་ ཁོ་རང་དང་མཉམ་གཅིག་འཁྱིད་བྱོན་ཡི་ དེ་ལས་ཁོ་གིས་མི་ཚུ་ལུ་གསོལ་རས་གནང་ནུག 9 (ད་ཡར་མཐོ་ས་བྱོན་ཡི་ཟེར་བའི་དོན་དག་འདི་ག་ཅི་སྨོ་ འདི་གི་དོན་དག་འདི་ ཁོ་དང་པོ་མར་འཛམ་བུ་གླིང་ནང་ཡང་འབབ་བྱོན་ཡི། 10 མར་འབབ་བྱོན་མི་འདི་ ཡར་གནམ་ཁ་ག་ར་ལས་མཐོ་ས་བྱོན་མིའི་མི་ཡང་ཨིན་ དེ་སྦེ་ཡར་བྱོན་མིའི་དོན་དག་འདི་ ག་ར་ནང་གསོལ་རས་ལྟེམ་ལྟེ་སྦེ་བཀང་ནི་གི་དོན་ལུ་ཨིན།) 11 ད་རུང་ཁིརཱིས་ཀྱིས་གནང་མི་གསོལ་རས་འདི་ཚུ་ ལ་ལུ་སྐུ་ཚབ་ ལ་ལུ་ལུང་སྟོན་པ་ ལ་ལུ་ཆོས་བཤད་མི་ ལ་ལུ་ལུག་རྫིཔ་ དེ་ལས་ལ་ལུ་སློབ་དཔོན་འདི་ཚུ་ཨིན། 12 ག་ཅི་སྨོ་ཟེར་བ་ཅིན་ གཅིག་གིས་གཅིག་ལུ་ཆ་རོགས་འབད་དེ་ ང་བཅས་ཁིརཱིས་ཀྱི་སྐུ་གཟུགས་དེ་ཕན་ཐོགས་ཅན་འཐོན་ནི་གི་དོན་ལུ་ ཁོ་གིས་ང་བཅས་ལུ་ལྕོགས་གྲུབ་ཅན་སྦེ་མཛད་གནང་ཡི། 13 དེ་ལས་ང་བཅས་ག་ར་གིས་དད་པ་གཅིག་བསྐྱེད་དེ་ དཀོན་མཆོག་གི་སྲས་ཀྱི་སྐོར་ལས་ཤེས་ཡོན་ཐོབ་ད་ མནོ་བསམ་གཅིག་སྦེ་བཏང་སྟེ་ ཁིརཱིས་ཁོ་རང་བཟུམ་སྦེ་རང་ ལྷག་ཆད་ག་ནི་ཡང་མེད་པར་ ཚངམ་སྦེ་མ་བྱུང་ཚུན་ཚོད་ ཁོ་གསོལ་རས་གནང་སྟེ་རང་བཞུགས་འོང་། 14 དེ་འབདཝ་ལས་བརྟེན་ཏེ་ གཞན་ལུ་མགུ་བསྐོར་ནིའི་ཐབས་ལམ་བསྟོན་ཏེ་ ང་བཅས་ལུ་ཆོས་རྫུས་མ་སྟོན་རུང་རང་ ང་བཅས་ལོ་ན་མ་ཁུག་པའི་ཨ་ལོ་བཟུམ་སྦེ་ ཤིང་རླུང་གིས་ཕར་དང་ཚུར་གཡུག་མི་ཚུ་བཟུམ་སྦེ་འགྱོ། 15 གཅིག་གིས་གཅིག་ལུ་བརྩེ་བ་བསྐྱེད་པའི་ཐོག་ལས་ བདེན་པའི་བློ་སླབ་དགོ་ དེ་ལས་ཁིརཱིས་འདི་ཆོས་ཚོགས་ཀྱི་དབུ་ཁྲིད་འབདཝ་ལས་ ང་བཅས་ཡང་ཁིརཱིས་ག་ཨིནམ་བཟུམ་སྦེ་ ཡར་རྒྱས་འགྱོ་དགོ། 16 དེ་ལས་ང་བཅས་དད་པ་བསྐྱེད་མི་ཚུ་ ཁོ་གི་སྐུ་གཟུགས་བཟུམ་སྦེ་ཨིན་ གཟུགས་ཀྱི་ཚིགས་ཏོ་ཚུ་ག་ར་ཀྲིག་ཀྲི་སྦེ་མཐུད་དེ་ གཟུགས་ཀྱི་ཡན་ལག་རེ་རེ་གིས་ལཱ་ཀྲིག་ཀྲི་སྦེ་འབད་བ་ཅིན་ གཟུགས་ཡར་སྦོམ་འགྱོ་སྟེ་ སྒྲིང་སྒྲིང་སྦེ་སྡོད་འོང་ འདི་བཟུམ་སྦེ་ང་བཅས་དདཔ་ཅན་ཚུ་གིས་ གཅིག་གིས་གཅིག་ལུ་བྱམས་པ་འབད་བའི་ཐོག་ལས་ རང་རང་སོ་སོ་གི་འགན་ཁག་འབག་པ་ཅིན་ ང་བཅས་ཡང་ཁོ་གི་སྐུ་གཟུགས་སྦེ་ཡར་རྒྱས་འགྱོ་སྟེ་ སྒྲིང་སྒྲིང་སྦེ་སྡོད་འོང་།། 17 འདི་གི་དོན་ལུ་ གཙོ་བོ་གི་མཚན་ནང་ ང་གིས་ཁྱེད་ལུ་རྣ་བ་སྐྱེལ་ཏེ་སླབ་དོ་ ད་འདི་ལས་ཕར་ཁྱེད་ལོག་སྟེ་ དཀོན་མཆོག་དང་གཞན་འབྲེལ་མེད་མི་ཚུ་བཟུམ་སྦེ་མ་འབད་ ཁོང་ཁུངས་མེད་པའི་མནོ་བསམ་དང་བསྟུན་ཏེ་ སྤྱོད་ལམ་ཟོགཔོ་བསྒྲིགས་ཏེ་སྡོདཔ་ཨིན། 18 ཁོང་གི་སེམས་སྲ་ཀྲག་ཨིནམ་མ་ཚད་ དཀོན་མཆོག་གིས་གནང་མི་ཚེ་གི་སྐོར་ལས་ཡོན་ཏན་མེད་མི་ཨིནམ་ལས་ གནག་དུང་དུ་ནང་གི་མནོ་བསམ་བཏང་སྟེ་ དཀོན་མཆོག་གི་ཚེ་གི་གྲལ་ཁར་མེད། 19 ཁོང་ལུ་ལེགས་ཤོམ་དང་ཟོགཔོ་གི་དབྱེ་བ་ཕྱེ་ནིའི་ཤེས་རབ་མིན་འདུག་ ཚད་ལས་བརྒལ་ཏེ་ ཁོང་གིས་སྤྱོད་ལམ་གཙང་ཏོག་ཏོ་མེན་མི་མ་འདྲཝ་ལེ་ཤ་ནང་ སེམས་བཙུགས་ཞིནམ་ད་ འདོད་ཆགས་ཀྱི་དབང་དུ་གཏང་སྟེ་སྡོདཔ་ཨིན། 20 དེ་འབདཝ་ད་ ཁྱེད་ཀྱིས་ཁིརཱིས་ཀྱི་སྐོར་ལས་ཨ་ནི་བཟུམ་གྱི་སྦྱང་བ་འབད་འབདཝ་མེན། 21 ཡེ་ཤུ་ནང་ཡོད་མི་བདེན་པ་དང་བསྟུན་ཏེ་ ཁོ་གི་སྐོར་ལས་ཁྱེད་ཀྱིས་རྣ་བ་གོ་ཡོདཔ་མ་ཚད་ ཆོས་ཡང་ཧ་གོ་སྟེ་ཡོད་མེན་ན། 22 ཁྱེད་ཀྱིས་ཧ་གོ་མི་དེ་ ཧེ་མ་གི་རང་བཞིན་རྙིངམ་ སྡིག་པ་འབད་མི་འདི་ཚུ་ ཕར་བཀོ་བཞག་དགོ་ ཨ་ནི་སྡིག་པ་དེ་གིས་ རང་ལུ་མགུ་བསྐོར་བརྐྱབས་ཏེ་ རང་བཞིན་རྙིངམ་དེ་ལུ་མེདཔ་གཏང་གཏངམ་ཨིན་མས། 23 དེ་སྦེ་མེན་པར་ རང་གི་སེམས་དེ་ ཡོངས་སུ་རྫོགསཔ་སྦེ་ བསྐྱར་གསོ་འབད་དེ། 24 རང་བཞིན་འདི་གསརཔ་ལུ་བསྒྱུར་ཏེ་སྡོད་དགོ་ རང་བཞིན་གསརཔ་འདི་ དཀོན་མཆོག་གི་རང་བཞིན་བཟུམ་སྦེ་ དོན་ལས་རང་ ཁོ་རའི་ཐུགས་དང་ལྡན་པའི་ཕྲངམ་དང་ མ་གཙངམ་ག་ནི་ཡང་མེདཔ་སྦེ་མཛད་མཛདཔ་ཨིན། 25 འདི་གི་དོན་ལུ། ཤོབ་རྐྱབ་ནི་ཚུ་སྤང་སྟེ་ ཁྱེད་རེ་རེ་གིས་རང་གི་ཁྱིམ་ཚང་ཚུ་ལུ་བདེན་པའི་གཏམ་སླབ། ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་གཟུགས་གཅིག་གི་ཡན་ལག་འདི་ཚུ་ཨིན། 26 ཁྱེད་རང་ཙིགཔ་ཟ་བ་ཁེ་མེད་ དེ་འབདཝ་ད་ དེ་གིས་འབད་དེ་སྡིག་པ་མ་འབད། ཙིགཔ་ཟ་བའི་དུས་ཚོད་ལུ་ ཉིམ་ལཱའི་རྒྱབ་མ་འཛུལ་བའི་ཧེ་མ་ལས་ ཁྱེད་ཀྱིས་ཙིགཔ་ཟ་ནི་དེ་ སེམས་ཁར་ལས་བརྗེདཔ་དགོ། 27 དེ་ལས་ཕར་ བདུད་ སེ་ཏཱན་ལུ་གོ་སྐབས་མ་བྱིན། 28 ཨརཝ་རྐུ་མི་ཚུ་གིས་ད་རུང་ཨརཝ་མ་རྐུ་ དེ་སྦེ་འབད་ནིའི་ཚབ་ལུ་ དཀའཝ་སྤྱད་དེ་ རང་གི་ལགཔ་གིས་ལཱ་ཕྲང་སྟེ་འབད་ དེ་ལས་མེད་མི་ཚུ་ལུ་ ཁོ་གིས་ཆ་རོགས་འབད་ཚུགས་འོང་། 29 ཁྱེད་ཀྱི་ཁ་ལས་བློ་ཟོགཔོ་འཐོན་མ་བཅུག་ དེ་འབདཝ་ད་ ཁྱེད་ཀྱི་ཁ་ལས་འཐོན་མི་བློ་ཚུ་གིས་ རོགས་ལུ་ཕན་ཐོགས་བྱུང་བཅུག་ནི་མ་གཏོགས་ བློ་གཞན་མ་སླབ་ དེ་ལས་འདི་གིས་ ཉན་མི་ཚུ་ལུ་ཆ་རོགས་འབད་འོང་། 30 དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལུ་ཐུགས་ཕམ་མ་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ ཐུགས་ཉིད་ལས་འབད་ ཁྱེད་ཐིའུ་བརྐྱབས་ཏེ་ ཉིནམ་མཐའན་མཇུག་ལུ་ དགོངས་ཡངས་གནང་ནི་དེ་ ཏན་ཏན་མཛད་ནུག 31 སེམས་ཁར་གྱི་མནོ་བསམ་གདུག་ཁིག་ཁི་ ཙིགཔ་ཟ་ནི་ ཁོང་ཁྲོ་ལང་ནི་ འཐབ་འཇག་ནི་ རོགས་ལུ་ངན་པ་སླབ་ནི་ སྤྱོད་ལམ་ངན་པ་མ་འདྲཝ་འདི་ཚུ་ག་ར་ ཁྱེད་ཀྱི་སེམས་ཁར་ལས་སྤང་། 32 འདི་གི་ཚབ་ལུ་ ཁྱེད་གཅིག་གིས་གཅིག་ལུ་སེམས་བཟངམ་ བརྩེ་བ་དང་ལྡནམ་སྦེ་འགྱུར་ཏེ་ གཅིག་གིས་གཅིག་ལུ་བཀའ་དྲིན་བསྐྱང་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཡང་ ཁིརཱིས་ཀྱི་ཐོག་ལས་སྦེ་ ཁྱེད་ལུ་བཀའ་དྲིན་བསྐྱང་གནང་ཡི།།
1 དེ་འབདཝ་ལས་ ཁྱེད་དཀོན་མཆོག་གི་གཅེས་པའི་ཨ་ལོ་ཚུ་ཨིནམ་ལས་ ཁོ་གིས་མཛད་མི་ཕྱག་ལཱ་ལུ་དཔེ་སྦེ་བལྟ་སྟེ་ ཁྱེད་ཀྱིས་ཡང་ཅོག་འཐདཔ་སྦེ་འབད་དགོ། 2 ཁིརཱིས་ཀྱིས་ང་བཅས་ལུ་བྱམས་པ་མཛད་དེ་ ང་བཅས་ཀྱི་དོན་ལུ་ཁོ་རང་གི་ཚེ་སྲོག་བློས་གཏང་དོཝ་བཟུམ་སྦེ་ ཁྱེད་ཀྱིས་ཡང་ཁིརཱིས་ཀྱི་དཔེ་བལྟ་སྟེ་ བྱམས་པའི་ལམ་བདའ་སྟེ་འགྱོ་ ཁོ་གི་ཚེ་སྲོག་དེ་ དམར་མཆོད་སྦེ་ཕུལ་ཏེ་ དཀོན་མཆོག་གི་ཐུགས་དགྱེས་པའི་དྲི་བསང་ཞིམ་ཏོག་ཏོ་གཅིག་ལུ་འགྱུར་ནུག 3 དེ་འབདཝ་ད་ ཁྱེད་དཀོན་མཆོག་གི་མི་ཚུ་འབད་ནི་དེ་གིས་ མ་རབས་ཀྱི་ལཱ་ མ་གཙངམ་མའི་ལཱ་ དེ་ལས་དགོ་འདོད་བཙོང་ནི་ དེ་ཚུ་འབད་མི་བཏུབ་ དེ་མ་ཚད་ ཁྱེད་ཀྱི་སྦུག་ལུ་དེ་ཚུ་གི་མིང་ཙམ་ཡང་ཐོན་བཅུག་ནི་མི་འོང་། 4 ད་རུང་ཁྱེད་ཀྱིས་འཆལ་གཏམ་སླབ་ནི་ ཁུངས་མེད་པའི་བློ་སླབ་ནི་ བློ་ཟོགཔོ་སླབ་ནི་ དེ་ཚུ་ག་ར་ཀྲིག་ཀྲི་མེན་མི་སྤྱོད་ལམ་ཨིན་ དེ་འབདཝ་ད་ དེ་ཚུ་འབད་ནིའི་ཚབ་ལུ་ གཙོ་བོ་ལུ་བཀའ་དྲིན་ཆེ་ཟེར་ཞུ་དགོ། 5 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་དེ་ཐད་རི་བ་རི་ཤེས་ ལཱ་མ་རབས་འབད་མི་ ལཱ་མ་གཙངམ་འབད་མི་ དེ་ལས་མི་དགོ་འདོད་ཅན་འདི་ཚུ་ ཁིརཱིས་དང་དཀོན་མཆོག་གི་རྒྱལ་སྲིད་ནང་ཤུལ་ནོར་ ཐོབ་རང་མི་ཐོབ་ དེ་མ་ཚད་ འདོད་པ་བཙོང་ནི་འདི་ འཇིག་རྟེན་པའི་ཅ་ལ་ཚུ་ལུ་ཆགས་སེམས་བསྐྱེད་ནི་གི་སྡིག་པ་ཨིན། 6 མི་གཞན་ག་གིས་ཡང་ དེ་ཚུ་འབད་དེ་འབད་རུང་ ཁྱད་མེད་ཟེར་ཁུངས་མེད་པའི་བློ་ཚུ་སླབ་སྟེ་ ཁྱེད་ལུ་མགུ་བསྐོར་རྐྱབ་མ་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ དེ་ཚུ་གིས་འབད་དེ་ དཀོན་མཆོག་ལུ་མ་ཉན་མི་ཚུ་གི་གུ་ལུ་ ཁོ་གི་ཆདཔ་ཕོག་ནི་ཨིན། 7 འདི་གི་དོན་ལུ་ཁོང་དང་མཉམ་གཅིག་མ་སྡོམས། 8 ཧེ་མ་ ཁྱེད་གནག་དུང་དུ་ནང་སྡོད་མི་ཚུ་ཨིན་ དེ་འབདཝ་ད་ ད་ལྟོ་ཁྱེད་གཙོ་བོ་གི་མི་ཚུ་འབད་ནི་འདི་གིས་ ཁྱེད་འོད་ཟེར་གྱི་མི་ཚུ་ཨིན་ དེ་འབདཝ་ལས་ འོད་ཟེར་གྱི་སྲས་དང་སྲསམོ་སྦེ་སྡོད། 9 (ག་ཅི་སྨོ་ཟེར་བ་ཅིན་ འོད་ཟེར་གྱི་འབྲས་བུ་འདི་ སྤྱོད་ལམ་བཟང་པོ་འབད་ནི་དང་ ལཱ་ཀྲིག་ཀྲི་འབད་ནི་ དེ་ལས་ལཱ་ཕྲངམ་འབད་ནི་ འདི་ཚུ་ཨིན།) 10 དེ་ལས་གཙོ་བོ་ལུ་ཐུགས་དགྱེས་པའི་སྤྱོད་ལམ་ངོ་མ་འདི་ ག་ཅི་ཨིན་ན་ འཚོལ་བལྟ་ཞིནམ་ལས་ འདི་ཚུ་ཧ་གོ་དགོ། 11 གནག་དུང་དུ་ནང་འབད་མི་འབྲས་བུ་ངན་པའི་ལཱ་འདི་ཚུ་ནང་ བཅའ་མར་མ་གཏོགས་ དེ་བ་འདི་ ཨ་ནི་བཟུམ་གྱི་ལཱ་ཚུ་ ཕྱི་ཁར་འོད་ཟེར་ནང་བཏོན་དགོ། 12 ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་གསང་སྟེ་འབད་མི་ལཱ་ཚུ་གི་སྐོར་ལས་ སླབ་ནི་ཡང་ངོ་ཚཝ་མས། 13 དེ་འབདཝ་ད་ ག་ཅི་འབད་རུང་ གནག་དུང་དུ་ནང་ཨིན་མི་འདི་ཚུ་ ཕྱི་ཁར་བཏོན་པ་ཅིན་ འདི་ཚུ་འོད་ཟེར་ནང་གསལ་ཏོག་ཏོ་སྦེ་མཐོང་ཚུགས་འོང་། 14 ག་ཅི་སྨོ་ཟེར་བ་ཅིན་ ག་ར་མཐོང་ཚུགསཔ་བཟོ་མི་འདི་འོད་ཟེར་ཨིན་ དེ་འབདཝ་ལས་བརྟེན་ཏེ་ དེ་སྦེ་སླབ་ནི་འདུག གཉིད་ལོག་སྡོད་མི་ཁྱོད་ གཉིད་སད་དེ་ ཤི་ས་ལས་ཡར་ལོང་ཤོག་ ཁིརཱིས་ཀྱིས་ཁྱོད་ཀྱི་གུ་ལུ་འོད་ཤར་ནི་ཨིན། 15 འདི་གི་དོན་ལུ་ རྩ་རྒས་བཟུམ་སྦེ་མེན་པར་ ཤེས་རབ་ཅན་བཟུམ་སྦེ་འབད་དེ་ ཁིརཱིས་ཀྱི་ལམ་ནང་ག་དེ་སྦེ་འགྱོ་དགོཔ་ཨིན་ན་ ན་འཐན་སྦེ་བལྟ་སྟེ། 16 དུས་ཚོད་གཅིག་ཡང་འཕྲོ་བརླག་མ་གཏང་ ག་ཅི་སྨོ་ཟེར་བ་ཅིན་ ད་རེས་ནངས་པ་གི་དུས་ཚོད་འདི་ངན་པ་ཨིན་མས། 17 དེ་གིས་འབད་ ག་ནི་ཡང་མ་ཤེསཔ་བཟུམ་སྦེ་སྡོད་ནི་མེན་པར་ གཙོ་བོ་གི་ཐུགས་དགོངས་འདི་ག་ཅི་ཨིན་ན་ འདི་ཚུ་ཧ་གོ་སྟེ་སྡོད་དགོ། 18 ཆང་གིས་འགྲངས་ཏེ་མ་སྡོད་ དེ་གིས་ཁྱོད་ལུ་མེདཔ་རྐྱབས་འོང་ དེ་འབདཝ་ད་ ཐུགས་ཉིད་ཀྱིས་གང་སྟེ་སྡོད། 19 ཁྱེད་འཛོམས་པའི་དུས་ལུ་ གསུང་དང་མགུར་མ་ དེ་ལས་གཙང་མའི་གླུ་ཚུ་འཐེན་ཏེ་ཕུལ་ སེམས་ཀྱི་གཏིང་ལས་རང་གཙོ་བོ་ལུ་གླུ་དབྱངས་ཕུལ། 20 དེ་ལས་རྟག་བུ་རང་ ག་ར་གི་དོན་ལུ་ ང་བཅས་རའི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་མཚན་ནང་ ཡབ་དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ།། 21 ཁྱེད་ཀྱིས་ཁིརཱིས་ལུ་གུས་ཞབས་ཞུ་མི་སེམས་ཀྱིས་ གཅིག་དང་གཅིག་གི་ཁ་ལུ་ཉན་སྡོད་དགོ། 22 ཨམ་སྲུ་ཚུ་གཙོ་བོ་གི་བཀའ་ལུ་ཉན་དོཝ་བཟུམ་ རང་གི་རྨགཔ་གི་ཁ་ལུ་ཡང་ཉན་སྡོད་དགོ། 23 ག་ཅི་སྨོ་ཟེར་བ་ཅིན་ ཆོས་ཚོགས་ཁིརཱིས་ཀྱི་སྐུ་གཟུགས་ཨིནམ་ལས་ ཁིརཱིས་འདི་ཆོས་ཚོགས་ཀྱི་འགོ་དཔོན་དང་སྐྱབས་མགོན་ཡང་ཨིན་ དེ་ལས་འདི་བཟུམ་སྦེ་རང་ ཨམ་སྲུ་གི་འགོ་དཔོན་འདི་ མོ་རའི་རྨགཔ་ཨིན། 24 འདི་གི་དོན་ལུ་ ཆོས་ཚོགས་ག་དེ་སྦེ་ཁིརཱིས་ཀྱི་ཕྱག་འོག་ལུ་སྡོད་ཡོདཔ་ཨིན་ན་ འདི་བཟུམ་སྦེ་རང་ ཨམ་སྲུ་ཚུ་ཡང་ག་ཅི་ནང་རང་འབད་རུང་ རང་གི་རྨགཔ་གི་ཁ་ལུ་ཉན་ཏེ་སྡོད་དགོ། 25 རྨགཔ་ཚུ་གིས་ཡང་ ཁིརཱིས་ཀྱིས་ཆོས་ཚོགས་ཀྱི་དོན་ལུ་ ཁོ་རང་གི་ཚེ་སྲོག་གནང་སྟེ་བྱམས་པ་མཛད་དོཝ་བཟུམ་ རང་གི་ཨམ་སྲུ་ལུ་བྱམས་པ་འབད་དགོ། 26 ཁིརཱིས་ཀྱིས་ཁོ་རའི་ཚེ་སྲོག་གནང་མི་དེ་ ཆུ་གིས་ཆུ་འཁྱུ་སྟེ་ཧིང་སངས་ས་བཟོ་དོཝ་བཟུམ་སྦེ་ ཁོ་གིས་བཀའ་གི་ཐོག་ལས་སྦེ་ ཆོས་ཚོགས་ལུ་གཙང་ཏོག་ཏོ་མཛད་གནང་ནིའི་དོན་ལུ་ཨིན། 27 དེ་ལས་གཙང་ཏོག་ཏོ་མཛད་མི་དེ་ ཆོས་ཚོགས་གཙངམ་དང་སྐྱོན་ག་ནི་ཡང་མེད་པར་ ཁོང་གི་གུ་ལུ་ཐག་ཐིག་དང་གཉེར་མ་ གཞན་ག་ནི་ཡང་མ་ཆགསཔ་སྦེ་ གཟི་བརྗིད་ཅན་སྦེ་འགྱུར་ཏེ་ ཁོ་གི་སྐུ་མདུན་ལུ་འཁྱིད་འོང་ནིའི་དོན་ལུ་ཨིན། 28 དེ་བཟུམ་སྦེ་རང་ རྨགཔ་ཚུ་གིས་ཡང་ རང་གི་ཨམ་སྲུ་ལུ་ རང་གི་གཟུགས་བཟུམ་སྦེ་མནོ་སྟེ་བྱམས་པ་འབད་དགོ་ རང་གི་ཨམ་སྲུ་ལུ་བྱམས་པ་འབད་མི་དེ་ མ་པ་རང་ལུ་ཡང་བྱམས་པ་འབདཝ་ཨིན། 29 མི་ག་གིས་རང་འབད་རུང་ རང་གི་གཟུགས་ལུ་བལྟ་སྟེ་མ་དགའཝ་མི་འབད་ དེ་འབདཝ་ད་ ཁོ་གིས་རང་གི་གཟུགས་ལུ་གསོ་སྐྱོང་འབད་དེ་ བདག་འཛིན་འཐབ་འོང་ ཁིརཱིས་ཀྱིས་ཡང་ཆོས་ཚོགས་ལུ་ འདི་བཟུམ་སྦེ་རང་མཛདཔ་ཨིན། 30 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཁོ་གི་སྐུ་གཟུགས་ཀྱི་ཡན་ལག་ཨིན། 31 དེ་འབདཝ་ལས་བརྟེན་ཏེ་ མི་གཅིག་གིས་ རང་གི་ཕམ་བཀོག་བཞག་ཞིནམ་ད་ རང་གི་ཨམ་སྲུ་དང་གཅིག་ཁར་བསྡོམས་ཏེ་སྡོདཔ་ཨིན་ དེ་ལས་ཁོང་གཉིས་ཆ་རང་གཟུགས་གཅིག་ལུ་འགྱུར་ཏེ་སྡོདཔ་ཨིན། 32 འདི་གི་ཁུངས་འདི་ཧ་གོ་ཚུགས་པ་ལ་ཁག་ཨིན་ ཨིན་རུང་ ང་གིས་ཁིརཱིས་དང་ཆོས་ཚོགས་ཀྱི་མཐུན་ལམ་གྱི་སྐོར་ལས་སླབ་དོ། 33 ད་རུང་ ཁྱེད་རྨགཔ་ག་ར་འབད་རུང་ རང་གི་ཨམ་སྲུ་ལུ་ རང་ལུ་བཟུམ་སྦེ་བྱམས་པ་འབད་དགོ་ དེ་ལས་ཨམ་སྲུ་ཚུ་གིས་ཡང་ རང་གི་རྨགཔ་ལུ་གུས་ཞབས་འབད་དགོ།།
1 ཨ་ལོ་ཚུ་གིས་ གཙོ་བོ་གི་ཐུགས་དགྱེས་མིའི་ལཱ་ རང་གི་ཕམ་གྱི་ཁ་ལུ་ཉན་དགོ་ ག་ཅི་སྨོ་ཟེར་བ་ཅིན་ འདི་ཀྲིག་ཀྲི་ཨིན། 2 བཀའ་ཁྲིམས་ཚུ་གི་གྲལ་ཁར་ལས། རང་གི་ཕམ་ལུ་ཞབས་ཏོག་ཞུ་སྟེ་ཞེ་ས་འབད་ཟེར་ བྱིན་རླབས་དང་བཅསཔ་སྦེ་གནང་མི་བཀའ་ཁྲིམས་དང་པ་ནང་ དེ་སྦེ་བྲིས་ཏེ་འདུག 3 བྱིན་རླབས་དེ་ ཨ་ནི་ཨིན། དེ་སྦེ་འབད་བ་ཅིན་ ཁྱེད་ལུ་ལེགས་ཤོམ་འབྱུང་ནི་དང་ འཛམ་བུ་གླིང་ནང་ཚེ་རིངམ་སྦེ་སྡོད་ནི་ཐོབ། 4 ཨ་པ་ཚུ་གིས་ ཨ་ལོ་ཚུ་ལུ་ཙིགཔ་ཟ་མ་བཅུག་ དེ་འབདཝ་ད་ གཙོ་བོ་གི་ལམ་ལུགས་དང་བསྟུན་ཏེ་ ཨ་ལོ་ཚུ་ལུ་སྦྱོང་བརྡར་བྱིན་ཏེ་ འཛོལ་བ་ལས་བཅོ་ཁ་བརྐྱབས་ཏེ་བྱིན་དགོ།། 5 རྒྱོབོ་རྒྱམོ་ཚུ་གིས་ ཁིརཱིས་ལུ་ཕྱག་ཞུ་དོཝ་བཟུམ་སྦེ་ འཛམ་བུ་གླིང་ནང་རང་གི་སྦྱིན་བདག་ལུ་ཡང་ རང་གི་སེམས་ཁར་ལས་རང་འདྲོགས་ཏེ་ དོན་ལས་རང་ཞེ་ས་འབད་དེ་ ཁོ་གི་བཀའ་ལུ་ཉན་དགོ། 6 སྦྱིན་བདག་གིས་བལྟཝ་ད་རྐྱངམ་གཅིག་ལཱ་འབད་དེ་ སྦྱིན་བདག་ལུ་སེམས་ལྷུ་བའི་དོན་ལུ་མེན་པར་ ཁིརཱིས་ཀྱི་ཕྱག་ཞུ་མི་བཟུམ་སྦེ་ སེམས་ཀྱི་གདིང་ལས་རང་ དཀོན་མཆོག་གི་ཐུགས་དགྱེས་པའི་ལཱ་ཚུ་འབད་དགོ། 7 མི་ཚུ་གི་དོན་ལུ་མེན་པར་ དེ་འབདཝ་ད་ གཙོ་བོ་གི་དོན་ལུ་འབད་དོཝ་བཟུམ་སྦེ་ སེམས་དགའ་སྟེ་འབད་དགོ། 8 ག་ཅི་སྨོ་ཟེར་བ་ཅིན་ འདི་ཁྱེད་ཀྱིས་ཤེས་ རྒྱོབོ་རྒྱམོ་ཨིན་རུང་ རང་དབང་ཡོད་མི་ཨིན་རུང་ གཙོ་བོ་གིས་མི་རེ་རེ་ལུ་ ཁོང་གི་འབད་མི་ལཱ་ལེགས་ཤོམ་དང་བསྟུན་ཏེ་གསོལ་རས་གནང་འོང་། 9 སྦྱིན་བདག་ཚུ་གིས་ རྒྱོབོ་རྒྱམོ་ཚུ་ལུ་འདི་བཟུམ་སྦེ་རང་འབད་དགོ་ ཁོང་ལུ་ཤུགས་བཙོང་ནི་འདི་བཞག་དགོ་ ག་ཅི་སྨོ་ཟེར་བ་ཅིན་ འདི་ཁྱེད་ཀྱིས་ཤེས་ ཁྱེད་དང་ཁོང་གི་གཙོ་བོ་གཅིགཔ་འདི་ ཡར་ཞིང་ཁམས་ལུ་བཞུགས་ཡོད་ ཁོ་གིས་ག་ལུ་ཡང་ཉེ་རིང་མི་ཕྱེ།། 10 མཐའན་མཇུག་ལུ་ གཙོ་བོ་གི་ཧ་ལས་པའི་སྟོབས་ཤུགས་ལས་སྦེ་ ཁྱེད་སྒྲིང་སྒྲིང་སྡོད། 11 བདུད་ཀྱི་ཐབས་ལ་ངན་པ་དེ་ཚུ་ལས་ ཁྱེད་སྒྲིང་སྒྲིང་སྦེ་ལོང་སྡོད་ཚུགས་ནིའི་དོན་ལུ་ དཀོན་མཆོག་གི་དགྲ་ཆས་ག་ར་གྱོན་ཏེ་སྡོད། 12 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་དམག་འདི་ མི་ཚུ་དང་མཉམ་གཅིག་རྐྱབ་མེན་པར་ བདུད་དང་བཙན་ གནམ་ཁ་གི་དབང་འཛིན་ཚུ་ གནག་དུང་དུ་གི་གཙོ་བོ་ཚུ་ དེ་ལས་འདྲེ་གདོན་ངན་པ་དེ་ཚུ་ག་ར་དང་མཉམ་གཅིག་རྐྱབ་ཨིན། 13 འདི་གི་དོན་ལུ་ ངན་པའི་ཉིནམ་འདི་འོངམ་ད་ ཁྱེད་དེ་ལུ་རྒྱབ་འགལ་འབད་ནིའི་དོན་ལུ་ དཀོན་མཆོག་གི་དགྲ་ཆས་ག་ར་གྱོན་ཏེ་སྡོད་ དེ་ལས་ཁྱེད་ཀྱིས་ག་ར་སྒྲུབ་ཚརཝ་ད་ སྒྲིང་སྒྲིང་སྦེ་ལོང་སྡོད་འོང་། 14 འདི་གི་དོན་ལུ་ ཁྱེད་ཡར་ལོང་སྦེ་ རང་གི་རྐེདཔ་ལུ་ བདེན་པའི་སྐེ་རགས་བཅིང་ རང་གི་བྱང་ཁོག་ལུ་ དྲང་པོ་གི་གོ་ཁྲབ་གྱོན། 15 དེ་ལས་རྐངམ་ལུ་ མཐུན་ལམ་བཟོ་མི་གཏམ་བཟང་བཤད་ནི་ལུ་ གྲ་སྒྲིག་འབད་ཡོད་མི་ལྷམ་བཙུགས། 16 ད་རུང་ཡང་ དདཔ་གི་དགྲ་ལི་ལག་པར་བཤེད་ འདི་གིས་ངན་པ་གི་མེ་མདའ་དེ་ཚུ་ལུ་ གསད་གཏང་ཚུགསཔ་ཨིན། 17 དེ་ལས་སྐྱབས་མཛད་མིའི་ལྕགས་རྨོག་ལེན་ཏེ་བཙུགས་ ཐུགས་ཉིད་ཀྱི་དཔའ་རྟགས་ཡང་ལེན་ཏེ་བཤེད་ དཔའ་རྟགས་དེ་དཀོན་མཆོག་གི་གསུང་ཨིན། 18 འདི་གི་དོན་ལུ་ ཐུགས་ཉིད་ཀྱི་རྒྱུད་ལས་སྨོན་ལམ་ཞུ་སྟེ་ དུས་ནམ་རང་འབད་རུང་ གསོལཝ་བཏབ་སྟེ་རང་སྡོད་ གནས་སྟངས་ག་ཅི་རང་འོང་རུང་ བརྟན་ཏོག་ཏོ་དང་ ན་འཐན་ཏོག་ཏོ་སྦེ་སྡོད་དེ་ དཀོན་མཆོག་ཁོ་རའི་དམ་པའི་མི་ག་ར་གི་དོན་ལུ་ རྟག་བུ་རང་རྩ་འགེངས་ཏེ་སྨོན་ལམ་ཞུ། 19 དེ་ལས་ ང་གིས་མ་འདྲོག་པར་ གཏམ་བཟང་གི་ཁུངས་བཤད་ཚུགས་ནི་གི་ཁེ་རྒོ་ ང་ལུ་གནང་བཅུག་ཟེར་ངེ་གི་དོན་ལུ་ཡང་སྨོན་ལམ་ཞུ། 20 འདི་གི་དོན་ལུ་རང་ ང་བཙོན་ནང་ཚུད་ཡོད་མི་སྐུ་ཚབ་གཅིག་ཨིན་ ང་གིས་ག་ཅི་བཤད་དགོཔ་ཨིན་ན་ འདི་ནང་ང་གིས་མ་འདྲོག་པར་ གཏམ་བཟང་བཤད་ནི་མ་བཞག་པར་ འཕྲོ་མཐུད་དེ་རང་བཤད་ཚུགས་ནིའི་དོན་ལུ་ སྨོན་ལམ་ཞུ།། 21 དེ་འབདཝ་ད་ ང་ག་དེ་སྦེ་ཡོད་ག་ ག་ཅི་འབད་དེ་ཡོད་ག་ འདི་ཚུ་ཁྱེད་ཀྱིས་ཡང་ཤེས་ཚུགས་ནི་གི་དོན་ལུ་ གཙོ་བོ་གི་ཞབས་ཕྱིཔ་ ན་འཐན་ཏོག་ཏོ་དང་ བྱམས་པའི་ནུ་གཅུང་ ཏི་ཀི་ཀུས་ཀྱིས་ འདི་ཚུ་གི་སྐོར་ལས་ཁྱེད་ལུ་སླབ་འོང་། 22 ང་བཅས་ཀྱི་སྐོར་ལས་ལོ་རྒྱུས་འདི་ཚུ་ཁྱེད་ལུ་སླབ་སྟེ་ ཁྱེད་ཀྱི་སེམས་ལུ་དགའ་ཚོར་འབྱུང་ནིའི་དོན་ལུ་ ང་གིས་ཁོ་ཁྱེད་སྡོད་སར་ལུ་གཏང་དོ། 23 ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱིས་ སྤུན་ཆ་ཚུ་ལུ་ཞི་བདེ་དང་བྱམས་པ་ དད་པ་གནང་བཅུག 24 ང་བཅས་རའི་གཙོ་བོ་ཡེ་ཤུ་ཁིརཱིས་ལུ་ རྫོགས་ནི་མེད་པའི་བརྩེ་བ་བསྐྱེད་མི་ཚུ་ལུ་ ཐུགས་རྗེ་གནང་བཅུག། །།
1 ཡེ་ཤུ་ཁིརཱིས་ཀྱི་ཕྱག་ཞུ་མི་ ང་ པའུལ་དང་ ཏི་མོ་ཐི་ལས་ ཕི་ལི་པི་ལུ་ཡོད་མི་ ཁིརཱིས་ཡེ་ཤུ་ལུ་དད་པ་བསྐྱེད་མི་ དཀོན་མཆོག་ཁོ་རའི་དམ་པའི་མི་ག་ར་དང་ ཆོས་ཚོགས་ཀྱི་འགོ་འདྲེན་པ་དང་དྲང་བཞགཔ་དེ་ཚུ་ལུ་ ཡི་གུ་འདི་འབྲི་དོ། 2 ང་བཅས་ཀྱི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱིས་ ཁྱེད་ག་ར་ལུ་ཐུགས་རྗེ་དང་ཞི་བདེ་གནང་བཅུག། 3 ང་གིས་ཁྱེད་ལུ་སེམས་ཁར་དྲནམ་ད་རང་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུཝ་ཨིན། 4 ང་གིས་ཁྱེད་ག་ར་གི་དོན་ལུ་ དཀོན་མཆོག་ལུ་སྨོན་ལམ་བཏབ་ད་ ང་ཨ་རྟག་རང་སེམས་ཁར་ལུ་དགའ་སྤྲོ་གི་ངང་ལས་སྨོན་ལམ་བཏབ་ཨིན། 5 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་གཏམ་བཟང་གོ་སྟེ་ དད་པ་བསྐྱེད་པའི་ཉིནམ་འདི་ལས་འགོ་བཙུགས་ཏེ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ གཏམ་བཟང་བཤད་ནི་ལུ་ཆ་རོགས་འབད་བྱིན་ཡི། 6 དཀོན་མཆོག་གིས་ཁྱེད་ཀྱི་མི་ཚེ་ནང་ལུ་ ཕྱག་ལཱ་ལེགས་ཤོམ་འགོ་བཙུགས་མཛད་མི་དེ་ མ་ཚརཝ་བར་ན་ གཙོ་བོ་ཡེ་ཤུ་ཁིརཱིས་འབྱོན་ནི་གི་ཉིནམ་ཚུན་ཚོད་ འཕྲོ་མཐུད་དེ་རང་མཛད་གནང་འོང་ཟེར་ང་གིས་ཏན་ཏན་ཤེས། 7 ང་ཁྱེད་ལུ་སེམས་ཀྱི་གདིང་ལས་རང་དགའ་ནི་འདི་གིས་ ཁྱེད་ག་ར་ལས་སྦེ་དགའ་སྤྲོ་འགྱུར་ནི་དེ་ཀྲིག་ཀྲི་རང་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་བཙོན་ནང་སྡོད་རུང་རང་ ཡང་ན་ཕྱི་ཁ་སྡོད་དེ་ གཏམ་བཟང་གི་སྐོར་ལས་བདེན་ཁུངས་བཀལ་རུང་རང་ དཀོན་མཆོག་གིས་ང་བཅས་ལུ་གནང་མི་ལཱ་ནང་ ཁྱེད་ཀྱིས་ང་ལུ་ཆ་རོགས་འབད་བྱིན་ཡི། 8 ཁིརཱིས་ཡེ་ཤུ་གིས་ཁྱེད་ལུ་ཐུགས་བརྩེ་བ་ཡོད་དོ་བཟུམ་སྦེ་ ང་ཡང་ཁྱེད་ལུ་བརྩེ་བ་བསྐྱེད་དེ་ཡོདཔ་མ་ཚད་ ང་ཨ་རྟག་རང་ཁྱེད་ལུ་བལྟ་དགོ་མནོ་སྟེ་སྡོདཔ་ཨིན་ དེ་ག་ར་དཀོན་མཆོག་གིས་མཁྱེན། 9 ཁྱེད་ཀྱི་དོན་ལུ་ང་གིས་སྨོན་ལམ་དེ་སྦེ་ཞུཝ་ཨིན་ ཁྱེད་ཀྱི་བྱམས་པ་དེ་ཡར་ཡར་རང་སྦོམ་འགྱོ་བའི་ཐོག་ལས་ ཤེས་རབ་ཅན་ལུ་འགྱུར་ཏེ་བཟང་ངན་ཀྲིག་ཀྲི་སྦེ་དབྱེ་བ་ཕྱེ་བཅུག 10 དེ་ལས་འདི་གི་ཐོག་ལས་ ཁྱེད་ཀྱི་མི་ཚེ་ནང་ལུ་ དོན་ལས་རང་ཁག་ཆེ་ཤོས་འདི་ག་ཅི་ཨིན་ན་ཧ་གོ་སྟེ་ གཙོ་བོ་ཁིརཱིས་ལོག་སྟེ་མ་བྱོན་ཚུན་ཚོད་ ཁྱེད་གཙང་ཏོག་ཏོ་དང་སྐྱོན་ག་ནི་ཡང་མེདཔ་སྦེ་སྡོད་བཅུག 11 དེ་ལས་ཡེ་ཤུ་ཁིརཱིས་ཀྱི་ཐོག་ལས་སྦེ་འོང་མི་ དཀོན་མཆོག་གི་ཐུགས་དང་ལྡན་པའི་འབྲས་བུ་གིས་ ཁྱེད་ཀྱི་མི་ཚེ་ནང་གང་སྟེ་ དཀོན་མཆོག་གི་གཟི་བརྗིད་ཡར་འཕེལ་བཅུག་ ཁོ་གི་མཚན་ཡང་ཡར་བསྟོད་བཅུག། 12 ངེ་གི་སྤུན་ཆ་ཚུ་ ང་ལུ་བྱུང་སྟེ་ཡོད་མི་ཚུ་གིས་ གཏམ་བཟང་བཤད་ནི་ནང་ལུ་ ཕན་པ་ལེ་ཤ་ཐོབ་ཡོདཔ་ ཁྱེད་ཆ་ཁྱབ་ལུ་ཤེས་བཅུག་དགོ་མནོ་ཡི། 13 ག་ཅི་སྨོ་ཟེར་བ་ཅིན་ ང་བཙོན་ནང་ཚུད་དགོ་པའི་དོན་དག་དེ་ ཁིརཱིས་ཀྱི་དོན་ལས་ཨིན་ཟེར་ ནཱ་གི་མི་ཚུ་ག་ར་དང་ རྒྱལཔོ་ ཀེ་སཱར་གྱི་ཕོ་བྲང་ནང་གི་སྲུང་རྒྱབ་དེ་ཚུ་གིས་ཤེས། 14 ང་བཙོན་ནང་ཚུད་པའི་ཐོག་ལས་སྦེ་ ནཱ་ལུ་གཙོ་བོ་ནང་ཡོད་མི་དདཔ་ཅན་སྤུན་ཆ་ལེ་ཤ་ཅིག་གིས་ དཀོན་མཆོག་གི་གསུང་བཤད་ནི་ལུ་ མ་འདྲོག་པར་བློ་ཁོག་སྦོམ་འགྱུར་སོང་ནུག 15 དེ་ཚུ་གི་གྲལ་ཁ་ལས་ མི་ལ་ལུ་ཅིག་གིས་ཁིརཱིས་ཀྱི་སྐོར་ལས་ཆོས་བཤདཔ་ད་ ང་ལུ་ཕྲག་དོག་བསྐྱེད་དེ་ རྩོད་འགྲན་གྱི་ཐོག་ལས་བཤད་ཡོདཔ་ཨིན་མས་ ཨིན་རུང་ མི་ལ་ལུ་ཅིག་གིས་ལེགས་སེམས་མནོ་སྟེ་ཆོས་བཤདཔ་ཨིན་མས། 16 ཁོང་ལེགས་སེམས་མནོ་མི་ཚུ་གིས་ ང་ནཱ་ལུ་བཙུགས་དགོ་པའི་དོན་དག་དེ་ གཏམ་བཟང་ལུ་བདེན་ཁུངས་བཀལ་བའི་དོན་ལུ་ཨིན་ཟེར་ ང་ལུ་བྱམས་སེམས་བསྐྱེད་དེ་ ཆོས་བཤདཔ་ཨིན་མས། 17 དེ་འབདཝ་ད་ ཕྲག་དོག་བསྐྱེད་མི་འདི་ཚུ་གིས་ ལེགས་སེམས་བསྐྱེད་དེ་མེན་པར་ ང་བཙོན་ཁང་ནང་ལུ་ ད་རུང་ང་ལུ་མར་ཕབ་བཅུག་ནི་གི་མནོ་བསམ་བཏང་བཏངམ་ཨིནམ་མ་ཚད་ ཁོང་རང་གི་འདོད་པ་ལུ་བལྟ་སྟེ་ ཁིརཱིས་ཀྱི་སྐོར་ལས་བཤདཔ་ཨིན་མས། 18 ཁོང་གིས་དོན་ལས་རང་བཤད་རུང་ ཡང་ན་འདོད་པ་གི་ཐོག་ལས་ དོན་དག་རྫུས་མ་སྦེ་བཤད་རུང་ ག་དེ་སྦེ་བཤད་རུང་ ང་ལུ་ག་ཅི་ཁྱད་པར་ཡང་མེད་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གཉིས་ཆ་རང་གིས་ ཁིརཱིས་ཀྱི་སྐོར་ལས་བཤདཔ་མས་ དེ་གིས་འབད་ ང་སེམས་དགའ་སྟེ་ཡོད་ དེ་མ་ཚད་ ང་འཕྲོ་མཐུད་དེ་རང་ དགའ་ཚོར་བསྐྱེད་དེ་སྡོདཔ་ཨིན། 19 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་སྨོན་ལམ་དང་ ཡེ་ཤུ་ཁིརཱིས་ཀྱི་ཐུགས་ཉིད་ཀྱི་རོགས་རམ་ལས་རྒྱུད་དེ་ ངེ་གི་མི་ཚེ་ནང་ག་བྱུང་མི་འདི་ ང་ཐར་ནིའི་དོན་ལུ་ཨིན་ཟེར་ང་གིས་ཤེས། 20 ག་ཅི་ནང་ཡང་ ང་ངོ་མི་ཚ་ཟེར་ ངེ་གི་རེ་བ་དང་འདོད་པ་ཨིན་ ང་མ་འདྲོག་པར་བློ་ཁོག་སྦོམ་བསྐྱེད་དེ་ ང་ཤི་སོང་རུང་ གསོན་པོ་སྦེ་སྡོད་རུང་ ངེ་གི་མི་ཚེ་འདི་ ཧེ་མ་བཟུམ་སྦེ་ ཨ་རྟག་རང་ ཁིརཱིས་ཡེ་ཤུ་ལུ་བསྟོད་པ་ཐོབ་བཅུག་ནི་གི་འདོད་པ་ཡོད།། 21 ག་ཅི་སྨོ་ཟེར་བ་ཅིན་ ང་གསོན་པོ་སྦེ་སྡོད་ནི་དེ་ ཁིརཱིས་ཀྱི་དོན་ལུ་ཨིན་ དེ་ལས་ ཤི་ནི་དེ་ ངེ་གི་དོན་ལུ་ ཁེ་སང་ཨིན། 22 ང་འཕྲོ་མཐུད་དེ་རང་ གསོན་པོ་སྦེ་སྡོད་པ་ཅིན་ དཀོན་མཆོག་གི་དོན་ལུ་ འབྲས་བུ་ཐོབ་པའི་ལཱ་ལེ་ཤ་ ང་གིས་འབད་ཚུགས་ དེ་འབདཝ་ད་ ག་འདི་ལུ་གདམ་ཁ་རྐྱབ་ནི་ཨིན་ན་ ང་གིས་མི་ཤེས་པས། 23 ཨ་ནི་གཉིས་ལས་གཅིག་ གདམ་ཁ་རྐྱབ་ནི་ལཱ་ཁག་རྐྱབ་དོ་ གཅིག་ལས་བལྟ་བ་ཅིན་ མི་ཚེ་འདི་ལས་དགོངམ་ཞུ་སྟེ་ ཁིརཱིས་དང་མཉམ་སྡོད་པ་འགྱོ་དགོ་མནོ་ཡི་ ག་ཅི་སྨོ་ཟེར་བ་ཅིན་ ག་ར་ལས་དྲག་ཤོས་འདི་ དེ་ཨིན་མས། 24 དེ་འབདཝ་ད་ གཅིག་ལས་བལྟ་བ་ཅིན་ ང་གསོན་པོ་སྦེ་སྡོད་ནི་དེ་ ཁྱེད་ཀྱི་དོན་ལུ་ཁག་ཆེ་ཏོག་ཏོ་ཨིན། 25 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་དད་པ་ནང་ཡར་རྒྱས་འགྱོ་བཅུག་ནི་དང་ དད་པ་ནང་དགའ་ཚོར་བསྐྱེད་དེ་རང་སྡོད་བཅུག་ནི་སྦེ་ ང་མ་ཤི་བར་ ཁྱེད་དང་མཉམ་གཅིག་སྡོད་ནི་ཨིན་ཟེར་ ཏན་ཏན་ང་གིས་ཤེས་ཅི། 26 དེ་ལས་ ང་ད་རུང་ ཁྱེད་སྡོད་ས་ལུ་ལོག་འོངམ་ད་ ངེ་གི་དོན་ལུ་ ཁིརཱིས་ཡེ་ཤུ་གིས་ མཛད་གནང་མི་ཚུ་གི་སྐོར་ལས་ཁྱེད་ལུ་སླབ་ད་ ཁྱེད་ཀྱིས་ དགའ་ཚོར་གནམ་མེད་ས་མེད་བསྐྱེད་ནི་གི་དོན་དག་ཐོབ་ནི་ཨིན།། 27 གཙོ་བོ་རང་ ཁྱེད་ཀྱི་བྱ་བ་སྤྱོད་ལམ་དེ་ ཁིརཱིས་ཀྱི་གཏམ་བཟང་དང་མཐུནམ་སྦེ་སྡོད་ ང་ཁྱེད་འབད་ས་འོངས་ཏེ་ ང་རང་གི་མིག་ཏོ་གིས་མཐོང་རུང་རང་ ཡང་ན་འོང་མ་ཚུགས་ཏེ་འབད་རུང་རང་ ཁྱེད་ཀྱིས་ག་ར་སེམས་གཅིག་སྦེ་མཐུན་ཏེ་ གཞན་ཚུ་གིས་ གཏམ་བཟང་ལུ་དད་པ་བསྐྱེད་པའི་དོན་ལུ་ གཅིག་ཁར་སྦེ་ལཱ་དཀའཝ་སྤྱད་དེས་ཟེར་གོ་བཅུག 28 དེ་ལས་ཁྱེད་ལུ་གནོད་འཚེ་བཀལ་མི་ཚུ་ལུ་ མ་འདྲོག་པའི་ལོ་རྒྱུས་ ང་གིས་རྣ་བ་གོ་བཅུག་ ཁྱེད་ཀྱིས་དེ་སྦེ་འབདཝ་ད་རང་ གནོད་འཚེ་བཀལ་མི་ཚུ་གི་དོན་ལུ་ རྩ་མེད་གཏང་པའི་ཁུངས་ཨིན་ དེ་འབདཝ་ད་ ཁྱེད་ཀྱི་དོན་ལུ་འདི་ དཀོན་མཆོག་ལས་ཐོབ་མི་ཐར་པ་གི་རྟགས་ཨིན་ འདི་ཚུ་གཉིས་ཆ་རང་དཀོན་མཆོག་ལས་ཨིན། 29 ག་ཅི་སྨོ་ཟེར་བ་ཅིན་ ཁིརཱིས་ལུ་དད་པ་བསྐྱེད་ནི་གི་གོ་སྐབས་རྐྱངམ་གཅིག་མེན་པར་ ཁོ་གི་དོན་ལུ་ སྡུག་བསྔལ་ཡང་འབག་དགོ་པའི་འོས་འབབ་ ཁྱེད་ལུ་གནང་ཡོད། 30 ཧེ་མ་ཁིརཱིས་ཀྱི་དོན་ལས་ ང་ལུ་བྱུང་མི་སྡུག་བསྔལ་དེ་ཚུ་ ཁྱེད་ཀྱིས་མཐོངམ་མ་ཚད་ ད་ངེ་གི་སྐོར་ལས་ ཁྱེད་ཀྱིས་རྣ་བ་གོ་མི་དེ་ ཁྱེད་ཀྱིས་ཡང་ དེ་སྦེ་རང་སྡུག་བསྔལ་འབག་སྟེ་ཡོད།།
1 ཁིརཱིས་ལས་བློ་གི་སྤོབས་པ་ཐོབ་ཐོབ་ཡོད་པ་ཅིན་ ཡང་ན་ཁོ་གི་བྱམས་པ་ལས་ཁྱེད་ཀྱིས་སེམས་གསོ་ཐོབ་ཐོབ་ཡོད་པ་ཅིན་ ཡང་ན་ཐུགས་ཉིད་ནང་ཁྱེད་མཐུན་སྒྲིག་ཡོད་པ་ཅིན་ ཡང་ན་ཁྱེད་ནང་ན་སྙིང་རྗེ་དང་ལེགས་སེམས་བསྐྱེད་དེ་ཡོད་པ་ཅིན། 2 ཁྱེད་ཀྱིས་སེམས་གཅིག་སྦེ་མཐུན་ཏེ་ གཅིག་གིས་གཅིག་ལུ་བྱམས་སེམས་བསྐྱེད་དེ་ དགོ་དོན་གཅིག་དང་ མནོ་བསམ་གཅིག་སྦེ་འབད་ དེ་ལས་ངེ་གི་དགའ་སྤྲོ་དེ་ ག་ར་སྒྲུབ་ནི་ཨིན། 3 ཁྱེད་ཀྱིས་ ག་ཅི་རང་འབད་རུང་ རང་གི་དོན་ལུ་འདོདཔ་བཙོང་ནི་དང་ རང་བསྟོད་རྐྱབ་པའི་ཐོག་ལས་སྦེ་ལཱ་མ་འབད་ དེ་འབདཝ་ད་ རང་ཉམ་ཆུང་འབད་དེ་ གཅིག་གིས་གཅིག་ལུ་ རང་ལས་གཞན་མཐོ་ཤོས་གཅིག་ཨིན་ཟེར་མནོ་དགོ། 4 ཁྱེད་ག་གིས་རང་འབད་རུང་ རང་དོན་རྐྱངམ་གཅིག་ལུ་སྤྲོ་བ་བཏོན་ཏེ་མ་འབད་ དེ་འབདཝ་ད་ མི་གཞན་གྱི་སྤྲོ་བ་ལུ་ཡང་ གཙོ་བོ་བསྟེན་ཏེ་འབད་དགོ།། 5 ཁིརཱིས་ཡེ་ཤུ་གི་ཐུགས་ཡོད་དོཝ་བཟུམ་ ཁྱེད་ཀྱི་སེམས་ཡང་འདི་བཟུམ་དགོ། 6 ཁིརཱིས་ཁོ་རང་ དཀོན་མཆོག་ངོ་མ་རང་ཨིན་རུང་ ཁོ་དཀོན་མཆོག་དང་འདྲན་འདྲ་སྦེ་ ཨིན་ཅི་མིན་ཅི་བཞུགས་དགོ་པའི་ ཐུགས་བསམ་མ་བཞེས་པས། 7 ཁོ་ག་ཨིནམ་དེ་ཁོ་རང་སྤང་སྟེ་ ཉམ་ཆུང་གཡོགཔོ་སྦེ་འཁྲུངས་ཏེ་ མི་གི་ལུས་ནང་བྱོན་ནུག 8 མིའི་ལུས་ནང་བྱོན་ཞིནམ་ད་ ཁོ་རང་ཉམ་ཆུང་སྦེ་མ་གཤགས་ཚུན་ཚོད་རང་ དཀོན་མཆོག་གི་བཀའ་ལུ་གསན་ཏེ་ ཁོ་ཉེས་པ་ཅན་བཟུམ་སྦེ་ ཁྲམ་ཤིང་གུ་གཤགས་ནུག 9 དེ་འབདཝ་ལས་བརྟེན་ཏེ་ དཀོན་མཆོག་གིས་ཁོ་ལུ་ག་ར་ལས་ ཡར་འཕར་མཛད་དེ་ ཁོ་གི་མཚན་ཡང་མི་གཞན་ག་ར་ལས་ མཐོ་ཤོས་ཅིག་མཛད་གནང་ནུག 10 དེ་ལས་ཞིང་ཁམས་ནང་ལུ་ཡོད་མི་ཚུ་དང་ འཛམ་བུ་གླིང་ནང་ཡོད་མི་ཚུ་དང་ སའི་འོག་ལུ་ཡོད་མི་རེ་རེ་བཞིན་དུ་ ཡེ་ཤུ་གི་མཚན་ནང་ པུས་མོ་ས་ཁར་བཙུགས་ཏེ་ ཕྱག་འཚལ་ནི་ཨིནམ་མ་ཚད། 11 ག་གིས་རང་འབད་རུང་ ཡེ་ཤུ་ཁིརཱིས་གཙོ་བོ་ཨིན་ཟེར་ ཁ་ཐོན་ཏེ་སླབ་ད་ ཡབ་དཀོན་མཆོག་གཟི་བརྗིད་ཅན་སྦེ་ འགྱུར་ནི་ཨིན།། 12 དེ་འབདཝ་ལས་བརྟེན་ཏེ་ ངེ་གི་བྱམས་པའི་སྤུན་ཆ་ཚུ་ ང་ཁྱེད་དང་མཉམ་སྡོད་པའི་སྐབས་ལུ་ ཁྱེད་ཀྱིས་ ཨ་རྟག་རང་ ངེ་གི་བསླབ་བྱ་ལུ་ ན་འཐན་སྦེ་ཉན་སྡོད་ཅི་ ད་ལྟོ་ཡང་ ང་ཁྱེད་དང་གཅིག་ཁར་མེདཔ་ད་ དེ་ལས་ཡང་ཐེབས་སྦེ་ དཀོན་མཆོག་བལྟ་སྟེ་འདྲོགས་ཞིནམ་ལས་ ཁོ་གིས་ཁྱེད་ལུ་གནང་མིའི་ཐར་པ་འདི་སྒྲུབ་དགོ། 13 ག་ཅི་སྨོ་ཟེར་བ་ཅིན་ ཁོ་གི་ཐུགས་དགྱེསཔ་བཞིན་དུ་ ལཱ་འབད་ཚུགས་མི་སེམས་དང་ འབད་དགོ་མི་ཁེ་རྒོ་འདི་ དཀོན་མཆོག་ཁོ་རང་གིས་ཁྱེད་ལུ་གནངམ་ཨིན། 14 ཁྱེད་ཀྱིས་ལཱ་ག་ཅི་རང་འབད་རུང་ རྩོད་པ་མ་རྐྱབས་ ཉག་ཉོག་མ་བཤད། 15 དེ་ལས་སྐྱོན་མེདཔ་དང་ མི་ག་གིས་ཡང་ཁྱེད་ཀྱི་སྐོར་ལས་ སྐྱོན་བཏགས་མ་ཚུགས་མི་ དཀོན་མཆོག་གི་སྲས་དང་སྲསམོ་སྦེ་སྡོད་དེ་ མི་གཡོ་སྒྱུ་དང་ཚུལ་དང་མ་མཐུན་མི་གི་འཇིག་རྟེན་པ་ཚུ་གི་གདོང་ཁ་ལུ་ ཁྱེད་ཀྱི་མི་ཚེ་དེ་འོད་ཟེར་བཟུམ་སྦེ་ཤར་ཏེ། 16 ཚེ་བྱིན་མིའི་གསུང་དེ་ལུ་ སྒྲིང་སྒྲིང་སྦེ་བཤེད་དེ་བཞག་ དེ་འབདཝ་ལས་ ང་གིས་བང་རྒྱུག་མི་དང་ དཀའཝ་སྤྱད་མི་དེ་ བར་སྟོར་མ་འགྱོ་བར་ ཁིརཱིས་ལོག་བྱོན་པའི་ཉིནམ་ལུ་ ང་དཔའ་ཡག་སྡོད་ནི་ཐོབ་འོང་། 17 དེ་འབདཝ་ད་ ཁྱེད་ཀྱིས་དད་པའི་ཐོག་ལས་ དཀོན་མཆོག་གི་ཕྱག་ཞུ་སྟེ་སྡོད་མི་དེ་ ཁོ་ལུ་མཆོདཔ་བླུག་སྟེ་ཕུལ་མི་བཟུམ་སྦེ་ཨིན་ དེ་ལས་ང་ལུ་བསད་དེ་ ངེ་གི་མི་ཚེ་ཡང་ ཁྱེད་ཀྱིས་བླུག་སྟེ་ཕུལ་མི་མཆོདཔ་དང་གཅིག་ཁར་ འགྱུར་ཏེ་འབད་རུང་ ང་དགའ་སྤྲོ་འགྱུར་ནི་ཨིནམ་མ་ཚད་ ཁྱེད་ལུ་བལྟ་སྟེ་ངལ་རངས་ནི་ཨིན། 18 ཨ་ནི་བློ་ལུ་ ཁྱེད་ཆ་ཁྱབ་ཡང་ ང་དང་མཉམ་གཅིག་སེམས་དགའ་སྟེ་ དགའ་སྤྲོ་འགྱུར་དགོ།། 19 གཙོ་བོ་ཡེ་ཤུ་གི་ཐུགས་དགོངས་ཨིན་པ་ཅིན་ ཁྱེད་ཀྱི་སྐོར་ལས་གནས་ཚུལ་གོ་ནི་གི་དོན་ལུ་ ཏི་མོ་ཐི་མགྱོགས་པ་རང་ ཁྱེད་སྡོད་ས་ལུ་གཏང་ནི་ཨིན་ དེ་ལས་ཁྱེད་ཀྱི་སྐོར་ལས་གནས་ཚུལ་གོཝ་ད་ ང་སེམས་དགའ་འོང་། 20 ཁྱེད་ཀྱི་དོན་ལས་ ཚ་གྱང་ལངས་ཏེ་ བདག་འཛིན་འཐབ་མི་ ཏི་མོ་ཐི་མ་གཏོགས་ མི་གཞན་ག་ཡང་མེད། 21 གཞན་ཚུ་གིས་ཡེ་ཤུ་ཁིརཱིས་ཀྱི་དོན་ལུ་མ་བལྟ་བར་ རང་གི་དོན་ལུ་རྐྱངམ་གཅིག་འབདཝ་ཨིན། 22 ཏི་མོ་ཐི་དེ་ མི་ག་བཟུམ་ཅིག་ཨིན་ན་ འདི་ཁྱེད་ཀྱིས་ཤེས་ ཁོ་གིས་ བུ་གིས་རང་གི་ཨ་པ་གི་དོན་ལུ་ལཱ་འབད་དོཝ་བཟུམ་སྦེ་ ང་དང་མཉམ་གཅིག་གཏམ་བཟང་བཤད་ནི་གི་ལཱ་འབད་ཡི། 23 ང་ལུ་ག་ཅི་འབྱུང་ནི་ཨིན་ན་ ཧ་གོཝ་ཅིག་ ང་གིས་ ཏི་མོ་ཐི་ ཁྱེད་འབད་སར་གཏང་ནིའི་རེ་བ་ཡོད། 24 ང་ཡང་མགྱོགས་པ་རང་ ཁྱེད་འབད་སར་འོང་ཚུགས་པའི་བློ་གཏད་ གཙོ་བོ་ལུ་བསྐྱེད་དེ་སྡོདཔ་ཨིན།། 25 དེ་འབདཝ་ད་ དང་པ་ ཨེ་པ་ཕོརོ་དི་ཏུས་འདི་ ཁྱེད་སྡོད་ས་ལོག་གཏང་དགོཔ་དེ་ ཁག་ཆེཝ་ཡོདཔ་ང་གིས་ཤེས་ཅི་ ཁོ་ངེ་གི་སྤུན་ཆ་བཟུམ་ ང་དང་གཅིག་ཁར་ལཱ་འབད་མི་ ང་བཅས་གཉིས་ཁིརཱིས་ཀྱི་འོག་ལུ་དམག་མི་བཟུམ་སྦེ་ཨིན་ དེ་ལས་ ང་ལུ་ཁག་ཆེ་བའི་སྐབས་ལུ་ ཁྱེད་ཀྱིས་ ཁོ་ང་ལུ་བལྟ་བ་བཏང་ཡི། 26 ཁོ་ལུ་ན་ཚ་ཕོག་ཡོད་པའི་གནས་ཚུལ་དེ་ ཁྱེད་ཀྱིས་རྣ་བ་གོ་ནི་འདི་གིས་ ཁོ་ཁྱེད་ཀྱི་དོན་ལུ་ཚ་གྱང་ལངས་ཏེ་ ཁྱེད་ག་ར་དང་མཉམ་གཅིག་ ཁ་འཕྱད་པ་འོང་ནི་གི་རེ་བ་སྦོམ་བསྐྱེད་དེ་ཡོདཔ་ཨིན་མས། 27 དོན་ལས་རང་ ཁོ་ལུ་ན་ཚ་ཕོག་སྟེ་ ཤི་ནི་གུ་རང་ཐུག་ཅི་ དེ་འབདཝ་ད་ དཀོན་མཆོག་གིས་ ཁོ་ལུ་སྙིང་རྗེ་གཟིགས་གནངམ་མ་ཚད་ ང་ལུ་ཡང་མྱ་ངན་གཅིག་གི་གུ་ལུ་ གཅིག་ཕོག་མ་བཅུག་པར་ སྙིང་རྗེ་གཟིགས་གནང་ཡི། 28 དེ་འབདཝ་ལས་བརྟེན་ཏེ་ ཁོ་ལུ་མཐོངམ་ད་ ཁྱེད་སེམས་དགའ་བཅུག་པའི་དོན་ལུ་དང་ ངེ་གི་ཚ་གྱང་ཡང་ མར་ཉུང་འོང་ཟེར་མནོ་སྟེ་ ཁོ་ལུ་མགྱོགས་པར་ ཁྱེད་སྡོད་སར་གཏང་དགོ་མནོ་བའི་སེམས་ཡོད། 29 གཙོ་བའི་ཞབས་ཕྱི་སྦེ་ སེམས་དགའ་སྟེ་ཁོ་ལུ་ལེན་ དེ་ལས་ཁོ་བཟུམ་གྱི་མི་ལུ་ཞེ་ས་འབད། 30 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་རང་ས་ཐག་རིང་ས་སྡོད་ནི་དེ་གིས་ ཁྱེད་ཀྱིས་འབད་མ་ཚུགས་མི་ལཱ་འདི་ཚུ་ ཁོ་གིས་འབད་དེ་ ཁིརཱིས་ཀྱི་ཕྱག་ཞུ་བའི་དོན་ལུ་ ཁོ་རང་གི་ཚེ་སྲོག་འདི་ ཤི་ནི་གི་ཉེན་ཁ་ནང་བཙུགས་ཅི།།
1 ངེའི་སྤུན་ཆ་ཚུ་ ག་ཅི་རང་བྱུང་རུང་ གཙོ་བོ་ནང་དགའ་ཚོར་འགྱུར་ ཁྱེད་ལུ་ལོག་ཅི་ལོག་ཅི་རང་ བློ་གཅིག་བྲིས་བ་ཅིན་ ང་ཞེ་མི་བསུན་ འདི་ཁྱེད་ཀྱི་དད་པ་ལུ་སྲུང་སྐྱོབས་འབད་ནིའི་དོན་ལུ་ཨིན། 2 དཀོན་མཆོག་གི་གསུང་ལུ་མེདཔ་གཏང་མི་ ངན་པ་ཚུ་ལས་རིགཔ་བསྒྱིམ་སྡོད་ ཁོང་ཆ་ཁྱབ་རོ་ཁྱི་བཟུམ་སྦེ་ཨིན་ ཁོང་ཆ་ཁྱབ་ཀྱིས་ ཡ་ཧུ་ད་པའི་རྟགས་ཀྱིས་རྐྱངམ་གཅིག་ དཀོན་མཆོག་གི་མི་ཨིན་ཟེར་སླབ་མས། 3 ག་ཅི་སྨོ་ཟེར་བ་ཅིན་ ཕྱི་ཁར་ཤ་ལུས་ལུ་ ཡ་ཧུ་ད་པའི་རྟགས་བཀལ་མི་ལུ་ བློ་མ་གཏད་པར་ ང་བཅས་དཀོན་མཆོག་གི་མི་ངོ་མ་ དམ་པའི་ཐུགས་ཉིད་ནང་ དཀོན་མཆོག་གི་ཕྱག་ཞུ་མི་དང་ ཁིརཱིས་ཡེ་ཤུ་ལུ་བློ་གཏད་མི་ཚུ་ཨིན། 4 དེ་འབདཝ་ད་ ང་ཡང་ ཕྱི་ཁར་ཤ་ལུས་ལུ་རྟགས་བཀལ་མི་འདི་ལུ་ བློ་གཏད་ནི་དོན་དག་ཡོད་ མི་ག་གིས་རང་འབད་རུང་ ཁོང་རའི་ཤ་ལུས་ལུ་བློ་གཏད་དགོ་པའི་དོན་དག་ཡོད་ཟེར་མནོ་བ་ཅིན་ ང་ལུ་ཁོང་ལས་ཡང་ལྷག་པའི་དོན་དག་ལེ་ཤ་ཡོད། 5 དོན་དག་རིམ་པ་བཞིན་དུ་སླབ་པ་ཅིན་ ང་སྐྱེས་ཏེ་ཞག་བརྒྱད་ལུ་ ཡ་ཧུ་ད་པའི་རྟགས་སྐྱེལ་མི་དང་ ཨཱིས་ར་ཨཱེལ་པ་གི་མི་བརྒྱུད་ཨིན་མི་དང་ བེན་ཇ་མིན་གྱི་རིགས་ཨིན་མི་དང་ ཧིབ་རུ་པ་ལས་སྐྱེས་མི་རིགས་བཟང་ དེ་ལས་ ཡ་ཧུ་ད་པའི་བཀའ་ཁྲིམས་སྲུང་པའི་སྐོར་ལས་སླབ་པ་ཅིན་ ང་ ཕ་རུ་ཤི་པ་ཟེར་བའི་དགེ་བཤེས་ཨིན། 6 ཡ་ཧུ་ད་པའི་ལུགས་སྲོལ་ གཙོ་བོ་བསྟེན་ནི་གི་སྐོར་ལས་སླབ་པ་ཅིན་ ཆོས་ཚོགས་ལུ་ང་གིས་གནོད་འཚེ་སྐྱེལ་ཏེ་དཀའ་ངལ་བྱིན་མི་དང་ དེ་ལས་བཀའ་ཁྲིམས་དང་འཁྲིལ་ཏེ་ ཁྲིམས་གཅིག་ཡང་མ་ཉམས་པར་ སྲུང་ནི་གི་སྐོར་ལས་སླབ་པ་ཅིན་ ང་སྐྱོན་མེད་མིའི་ མི་གཅིག་ཨིན། 7 ཧེ་མ་འདི་ཚུ་ག་ར་ ངེ་གི་དོན་ལུ་ཁག་ཆེ་ཏོག་ཏོ་ཨིན་ དེ་འབདཝ་ད་ ཁིརཱིས་ཀྱིས་འབད་དེ་ ད་དེ་ཚུ་ག་ར་ ངེ་གི་དོན་ལུ་ ཁུངས་མེདཔ་སྦེ་བཞགཔ་ཨིན། 8 མ་གཞི་ ངེ་གི་གཙོ་བོ་ཁིརཱིས་ཡེ་ཤུ་ལུ་ངོ་ཤེས་ནི་འདི་ གནམ་མེད་ས་མེད་གལ་ཆེ་ཤོས་ཅིག་འབད་དེ་ གཞན་ག་ཅི་རང་འབད་རུང་ ང་གིས་འདི་ཚུ་ག་ར་རྒུད་བཟུམ་སྦེ་རྩིཝ་ཨིན་ ཁིརཱིས་ཀྱིས་འབད་དེ་ འདི་ཚུ་ག་ར་ངེ་གི་དོན་ལུ་རྒུད་སྦེ་བྱུང་ཡི་ དེ་འབདཝ་ད་ ཁིརཱིས་ཐོབ་ནི་གི་དོན་ལུ་དང་། 9 ཁོ་གི་མི་སྦེ་རྩིས་གནང་ནི་གི་དོན་ལུ་ ཁྲིམས་གཅིག་ཡང་མ་ཉམས་པར་སྲུང་ནི་འདི་ དོན་དག་མེདཔ་སྦེ་བརྩིས་ཡི་ དེ་ལས་འདི་གི་ཚབ་ལུ་ ཁིརཱིས་ལུ་དད་པ་བསྐྱེདཔ་ལས་བརྟེན་ཏེ་ དཀོན་མཆོག་གིས་ང་ལུ་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་ཅི་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ མི་ཕྲངམ་སྦེ་མཛད་མི་འདི་ དད་པ་ལས་བརྟེན་ཏེ་ཨིན། 10 དེ་ལས་ང་གིས་ཁིརཱིས་ངོ་ཤེས་ནི་འདོད་པ་ཡོདཔ་མ་ཚད་ ཁོ་ལུ་གཤགས་ས་ལས་ སྐུ་གསོན་པོ་བཞེངས་གནང་མི་དབང་ཤུགས་ལུ་ ག་དེ་དྲག་དྲག་ཉམས་མྱོང་འབད་དེ་ བལྟ་དགོ་མནོ་ཡི་ དེ་ལས་ཁོ་སྡུག་བསྔལ་བཞེས་ཏེ་ གཤགས་དོཝ་བཟུམ་སྦེ་ ང་ཡང་ཤི་ཆོགཔ་སྦེ་སྡོདཔ་ཨིན། 11 དེ་ལས་ག་དེམ་ཅིག་སྦེ་འབད་ཚུགས་པ་ཅིན་ ཁོ་བཟུམ་སྦེ་ ང་ཡང་ཤི་ས་ལས་གསོན་པོ་སྦེ་ལྷོང་གནང་ནི་འདི་ཐོབ་བཅུག། 12 ང་གིས་མ་པ་ལས་རང་ ཡེ་ཤུ་ཁིརཱིས་བཟུམ་སྦེ་ ཡར་སོང་ཡི་ཟེར་ཁྱབ་སྒྲགས་འབདཝ་མེན་ དེ་མ་ཚད་ ང་མ་པ་ལས་དེ་སྦེ་ཀྲིག་ཀྲི་ཡོད་ཟེར་ཡང་སླབ་མེན་ དེ་འབདཝ་ད་ དོན་ལས་རང་ ཁིརཱིས་ཡེ་ཤུ་གིས་ང་ལུ་ ག་ཅི་གི་དོན་ལུ་བཙག་འཐུ་མཛད་གནང་ཡོད་ག་ དེ་གི་དོན་ལུ་རང་ ང་གིས་ག་དེ་དྲག་དྲག་བརྩོན་ཤུགས་སྦོམ་བསྐྱེདཔ་ཨིན། 13 ངེ་གི་སྤུན་ཆ་ཚུ་ ད་ལྟོ་ང་འདི་ནང་མ་ལྷོད་ཟེར་ང་རང་གིས་ཤེས་ དེ་འབདཝ་ད་ ཨ་ནི་གཅིག་འདི་ ང་གིས་འབདཝ་ཨིན་ ང་གིས་ཐལ་སོང་མི་ལོ་རྒྱུས་ཚུ་བརྗེད་དེ་ ད་མ་འོངས་པའི་ལོ་རྒྱུས་ཚུ་ནང་གཙོ་བོ་བསྟེན་ཏེ། 14 གསོལ་རས་ཀྱི་དོན་ལུ་ འགྲན་བསྡུར་འབད་དོཝ་བཟུམ་སྦེ་ ང་ཡང་ཞིང་ཁམས་ཀྱི་གསོལ་རས་ཀྱི་དོན་ལུ་ དཀོན་མཆོག་གིས་ ཁིརཱིས་ཡེ་ཤུ་གི་ཐོག་ལས་ ང་ལུ་འབོ་མི་དེ་ལུ་ ང་གིས་བརྩོན་ཤུགས་སྦོམ་བསྐྱེད་པའི་བསྒང་ཡོད། 15 ཁྱེད་དད་པ་ནང་སྒྲིང་སྒྲིང་ཡོད་མི་ཚུ་གིས་ཡང་ དེ་སྦེ་བརྩོན་ཤུགས་སྦོམ་བསྐྱེད་དགོ་ ཁྱེད་ལ་ལུ་ཅིག་གིས་ དེ་སྦེ་འབད་ནི་མནོ་བསམ་མེད་པ་ཅིན་ འདི་ཡང་དཀོན་མཆོག་གིས་ ཁྱེད་ལུ་གསལ་ཏོག་ཏོ་སྦེ་སྟོན་གནང་འོང་། 16 དེ་འབདཝ་ལས་ དཀོན་མཆོག་ལས་ ང་བཅས་ཀྱིས་ག་དེ་ཅིག་ཧ་གོ་ཡི་ག་ འདི་དང་བསྟུན་ཏེ་ ཉན་སྡོད་དགོ། 17 ངེའི་སྤུན་ཆ་ཚུ་ ཁྱེད་ག་ར་དཔེ་ང་ལུ་བལྟ་སྟེ་སྡོད་ དེ་ལས་ང་བཅས་ཀྱིས་སྟོན་མི་བྱ་བ་སྤྱོད་ལམ་ལྷབ་སྡོད་མི་ཚུ་ལས་ ཁྱེད་ཀྱིས་ལྷབ། 18 དེ་འབདཝ་ད་ མི་ལེ་ཤ་ཅིག་རང་ ཁོང་རའི་བྱ་བ་སྤྱོད་ལམ་གྱི་ཐོག་ལས་ ཁིརཱིས་ཀྱི་ཁྲམ་ཤིང་གི་དགྲ་འབདཝ་མས་ཟེར་ ཧེ་མ་ང་གིས་ཁྱེད་ཆ་ཁྱབ་ལུ་ ཚར་ལེ་ཤ་རང་ཁོང་གི་སྐོར་ལས་སླབ་ཅི་ ད་ལྟོ་འབད་རུང་ ང་གིས་ཁྱེད་ཆ་ཁྱབ་ལུ་ མིག་ཏོ་ལས་མིག་ཆུ་འཛག་སྟེ་སླབ་དོ། 19 ཁོང་གི་མཐའན་མཇུག་དེ་ མཐའ་མེད་པའི་འཆི་བ་ཨིན་ ཁོང་གི་དཀོན་མཆོག་དེ་ ཁོང་རའི་ཕོཝ་ཨིན་ ཁོང་རང་གིས་འབད་མི་ལཱ་ ངོ་ཚ་སི་སི་ལུ་བལྟ་སྟེ་ དཔའ་ཡག་སྡོདཔ་ཨིན་མས་ དེ་ལས་ཁོང་གི་སེམས་འདི་ འཇིག་རྟེན་པའི་ལོ་རྒྱུས་ཚུ་ནང་གཏང་སྡོདཔ་ཨིན་མས། 20 དེ་འབདཝ་ད་ ང་བཅས་ཀྱི་མི་རྩིས་དེ་ ཡར་ཞིང་ཁམས་ལུ་ཡོད་ དེ་ཁར་ལས་སྐྱབས་མགོན་གཙོ་བོ་ཡེ་ཤུ་ཁིརཱིས་ལུ་ ང་བཅས་སྒུག་སྡོདཔ་ཨིན། 21 ཁིརཱིས་ཀྱི་དབང་ཤུགས་ཀྱིས་ ཡོད་རིགས་ཡོད་ཚད་ག་ར་ ཁོ་རའི་དབང་ཚད་ཀྱི་འོག་ལུ་བཞག་ནུག་ ཨ་ནི་དབང་ཤུགས་དེ་གིས་ ང་བཅས་འགྲོ་བ་མིའི་ཉག་ཕྲ་སི་སིའི་ལུས་འདི་ ཁོ་གི་སྐུ་ལུས་བཟུམ་སྦེ་ གཟི་བརྗིད་དང་ལྡནམ་ལུ་འགྱུར་གནང་འོང་།
1 ངེའི་བྱམས་པའི་སྤུན་ཆ་ཚུ་ ང་གིས་ཁྱེད་ལུ་ཕངས་སེམས་བསྐྱེད་དེ་ ཁྱེད་དང་འཕྱད་དགོ་མནོ་བའི་སེམས་ཡོད་ ཁྱེད་ངེ་གི་དགའ་ཚོར་དང་ ང་གིས་དཀའཝ་སྤྱད་པའི་གསོལ་རས་ཨིན་ ངེའི་བྱམས་པའི་སྤུན་ཆ་ཚུ་ ང་གིས་ཁྱེད་ལུ་སྟོན་དོཝ་བཟུམ་སྦེ་རང་ གཙོ་བོ་ནང་དད་པ་སྒྲིང་སྒྲིང་བསྐྱེད་སྡོད།། 2 ཨམ་ ཡུའོ་དི་ཡ་དང་ཨམ་ སཱིན་ཏི་ཀི་ ཁོང་གཉིས་གཙོ་བོ་ནང་སེམས་མཐུན་ཏེ་སྡོད་ཟེར་ ང་གིས་ཁོང་ལུ་དྲན་བསྐུལ་འབདཝ་ཨིན། 3 ང་དང་གཅིག་ཁར་ ན་འཐན་ཏོག་ཏོ་སྦེ་ལཱ་འབད་མི་ཁྱོད་ལུ་ཡང་ ཨ་ནི་ཨམ་ཚུ་ལུ་ འཆམ་ཁ་བཟོ་བྱིན་ཟེར་ ང་གིས་གསོལཝ་བཏབ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གཉིས་ཀྱིས་ ཀེལེ་མཱེན་དང་ ངེ་གི་ལཱ་རོགས་གཞན་ཚུ་དང་མཉམ་ གཏམ་བཟང་བཤད་ནི་ནང་ ང་དང་གཅིག་ཁར་དཀའཝ་སྤྱད་ཅི་ ཁོང་གི་མིང་ ཚེའི་དེབ་ནང་བྲིས་ཏེ་ཡོད། 4 གཙོ་བོ་ནང་ ཨ་རྟག་རང་དགའ་ཚོར་འགྱུར་ ད་རུང་ཡང་ དགའ་ཚོར་འགྱུར་ཟེར་ང་གིས་སླབ་དོ། 5 ཁྱེད་ཀྱི་ཉམ་ཆུང་གི་བྱ་བ་སྤྱོད་ལམ་གྱི་ཐོག་ལས་ མི་ག་ར་གིས་ཤེས་བཅུག་ གཙོ་བོ་སྦོ་ལོགས་ཁར་བཞུགས་ཏེ་ཡོད། 6 ག་ཅི་གི་དོན་ལུ་ཡང་ ཚ་གྱང་མ་ལངས་པར་སྡོད་ དེ་འབདཝ་ད་ ཁྱེད་ལུ་དགོཔ་ ག་ཅི་ཡོད་རུང་ དཀོན་མཆོག་ལུ་ཞུ་སྟེ་ ཁོ་གིས་མཛད་གནང་མི་ལུ་བཀའ་དྲིན་ཆེ་ཟེར་སྨོན་ལམ་བཏབ་སྡོད། 7 ཁྱེད་ཀྱིས་དེ་སྦེ་འབད་བ་ཅིན་ མནོ་བསམ་ལས་ཡང་ལྷག་མི་ དཀོན་མཆོག་གི་ཞི་བདེ་དེ་གིས་ ཁྱེད་ཁིརཱིས་ཡེ་ཤུ་ནང་ཡོད་མི་གི་ ཧིང་དང་སེམས་སྲུང་སྐྱོབ་འབད་དེ་བཞག་འོང་། 8 མཐའན་མཇུག་ལུ་ དབའེ་ངེ་གི་བྱམས་པའི་སྤུན་ཆ་ཚུ་ བདེན་པ་ག་ཅི་རང་ཡོད་རུང་ གུས་ཞབས་འབད་ནི་ག་ཅི་རང་ཡོད་རུང་ ཕྲངམ་ག་ཅི་རང་ཡོད་རུང་ གཙངམ་ག་ཅི་རང་ཡོད་རུང་ ཡིད་དུ་འོངམ་ག་ཅི་རང་ཡོད་རུང་ ཡི་རངས་ཏོག་ཏོ་ག་ཅི་རང་ཡོད་རུང་ མཆོག་ཏུ་གྱུར་པ་ག་ཅི་རང་ཡོད་རུང་ བསྟོད་པ་ཡོད་པའི་འོས་འབབ་ག་ཅི་རང་ཡོད་རུང་ དེ་ཚུ་ལུ་ཁྱེད་ཀྱིས་མནོ་བསམ་གཏང་དགོ། 9 ཁྱེད་ཀྱིས་ང་ལས་ལྷབ་མི་དང་ཐོབ་མི་ དེ་ལས་ ང་ལས་གོ་མི་དང་ ངེ་གི་ནང་ལུ་མཐོང་མི་དེ་ཚུ་ ག་ར་ལག་ལེན་འཐབ་ དེ་ལས་ཞི་བདེ་གནང་མི་དཀོན་མཆོག་ ཁྱེད་དང་མཉམ་གཅིག་བཞུགས་འོང་།། 10 ཁྱེད་ཀྱིས་ང་ལུ་ད་རུང་ཡང་ཆ་རོགས་འབད་ནི་དེ་གིས་ ང་གིས་གཙོ་བོ་ལུ་བསྟོད་པ་ཕུལཝ་ཨིན་ ཁྱེད་ཀྱིས་རྟག་བུ་རང་ ངེ་གི་དོན་ལུ་ཚ་གྱང་འབག་སྟེ་འབད་རུང་ བར་ན་སྐོར་ ང་ལུ་ཕན་བཏགས་བྱིན་ནི་གི་དོན་ལུ་ གོ་སྐབས་མ་ཐོབ་པར་ལུས་ཡི་ཟེར་ང་གིས་ཤེས། 11 ང་རང་ལུ་ཁག་ཆེཝ་ཡོད་ནི་འདི་གིས་ ང་གིས་དེ་སྦེ་སླབ་མེན་ ག་ཅི་སྨོ་ཟེར་བ་ཅིན་ གནས་སྟང་དང་འཁྲིལ་ཏེ་ཡོད་རུང་མེད་རུང་ དེ་ལུ་ག་དེ་སྦེ་ལངམ་སྦེ་སྡོད་དགོཔ་འདི་ ང་གིས་ལྷབ་ཅི། 12 ང་ལུ་ག་ནི་ཡང་མེདཔ་སྦེ་སྡོདཔ་ད་ ལངམ་སྦེ་སྡོདཔ་ད་ ག་དེ་སྦེ་སྡོད་དགོཔ་ཨིན་ན་ ང་གིས་ཤེས་ ཕོཝ་འགྲངས་སྦེ་སྡོད་རུང་ ལྟོགསཔ་སྦེ་ལུས་རུང་ ལེ་ཤ་ཡོད་རུང་ ཉུང་དྲགས་ཡོད་རུང་ དེ་ལུ་ག་དེ་སྦེ་སྡོད་དགོཔ་ཨིན་ན་ དེ་གི་གསང་བ་དེ་ ང་གིས་ལྷབས་ཅི། 13 ཁིརཱིས་ཀྱིས་ང་ལུ་སྟོབས་ཤུགས་གནང་བའི་ཐོག་ལས་ ང་གིས་ག་ཅི་རང་འབད་རུང་འབད་ཚུགས། 14 ཨིན་ཏེ་འབད་རུང་ ང་དཀའ་ངལ་ཐོབ་པའི་དུས་ལུ་ ཁྱེད་ཀྱིས་ཕན་བཏགས་བྱིན་ནི་འདི་གིས་ ལེགས་ཤོམ་སོང་ཡི། 15 འགོ་དང་པ་ཁྱེད་ལུ་ གཏམ་བཟང་བཤད་པ་འོངས་པའི་སྐབས་ལུ་ ང་ལུང་ཕྱོགས་ མ་ཀེ་དོ་ནི་ཡ་ལས་འགྱོཝ་ད་ རོགས་རམ་འབད་དེ་བྱིན་མི་འདི་ ཁྱེད་ ཕི་ལི་པིཔ་ཆ་ཁྱབ་རྐྱངམ་གཅིག་ཨིན་ ཆོས་ཚོགས་གཞན་ ག་གིས་ཡང་ ང་ལུ་ཕན་བཏགས་མ་བྱིན་ཟེར་ཁྱེད་རང་གིས་ཤེས། 16 དེ་མ་ཚད་ང་ ཐེ་ས་ལོ་ནི་ཀ་ལུ་སྡོད་པའི་སྐབས་ལུ་ ཁྱེད་ཀྱིས་ཚར་ཅིག་ཡང་མ་ཆད་པར་ ང་ལུ་ཁག་ཆེཝ་དེ་ཚུ་སྐྱེལ་བཏང་སྟེ་ རོགས་རམ་འབད་ཡི། 17 ང་གིས་ཁྱེད་ལས་ ག་ཅི་ཅིག་དགོ་ནི་འབད་མནོ་སྟེ་སླབ་མེན་ དེ་འབདཝ་ད་ གཞན་ལུ་རོགས་རམ་བྱིནམ་ད་ རང་ལུ་ཡང་བྱིན་རླབས་ཐོབ་དོཝ་བཟུམ་སྦེ་ ཁྱེད་ལུ་ཡང་ བྱིན་རླབས་གནང་བཅུག་ཟེར་མནོཝ་ཨིན། 18 ད་ལྟོ་ང་ལུ་ཁག་ཆེ་མི་ལས་ཡང་ལྷགཔ་སྦེ་ ང་གིས་ཐོབ་ཅི་ ཁྱེད་ཀྱིས་ ཨེ་པ་ཕོརོ་དི་ཏུས་ཀྱི་ལག་པ་སྐྱེལ་བཏང་མི་དེ་གིས་ ང་ལུ་མ་ལང་ལངམ་སྦེ་ཡོད་ ཁྱེད་ཀྱིས་གཏང་མི་དེ་ དཀོན་མཆོག་གི་ཐུགས་དགྱེས་མི་ དྲིམ་ཞིམ་ཏོག་ཏོ་གི་མཆོདཔ་བཟུམ་སྦེ་ཨིན། 19 ཁྱེད་ཀྱི་ཁག་ཆེཝ་དེ་ཚུ་ག་ར་ ངེ་གི་དཀོན་མཆོག་གིས་ རང་གི་གཟི་བརྗིད་ཀྱི་རྒྱུ་ནོར་ནང་ལས་ ཁིརཱིས་ཡེ་ཤུ་གི་རྒྱུད་ལས་སྦེ་ ཁྱེད་ལུ་གནང་འོང་། 20 ད་ང་བཅས་ཀྱི་ཡབ་དཀོན་མཆོག་ལུ་ དུས་རྒྱུན་དུ་བསྟོད་པ་ཕུལ་བཅུག་ ཨ་མཱེན།། 21 ཕར་ལུ་ ཁིརཱིས་ཡེ་ཤུ་ནང་ཡོད་མི་ དཀོན་མཆོག་ཁོ་རའི་དམ་པའི་མི་ག་ར་ལུ་ ང་ལས་སྐུ་གཟུགས་བཟང་ཡོད་ ང་དང་གཅིག་ཁར་ཡོད་མི་སྤུན་ཆ་ཚུ་གིས་ ཁྱེད་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་དེས། 22 དེ་ལས་ནཱ་ལུ་ཡོད་མི་ དཀོན་མཆོག་ཁོ་རའི་དམ་པའི་མི་ག་ར་གིས་ གཙོ་བ་རང་ རྒྱལཔོ་ ཀེ་སཱར་གྱི་ཕོ་བྲང་ནང་ཡོད་མི་ཚུ་གིས་ཡང་ ཁྱེད་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་དེས། 23 གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཐུགས་རྗེ་དེ་ ཁྱེད་ཀྱི་སེམས་ཉིད་ནང་བཞུགས་བཅུག་ ཨ་མཱེན།། །།
1 དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ ཁིརཱིས་ཡེ་ཤུ་གི་སྐུ་ཚབ་ ང་ པའུལ་དང་ ང་བཅས་ཀྱི་སྤུན་ཆ་ ཏི་མོ་ཐི་ལས། 2 ཀོ་ལོ་སི་ཁྲོམ་ནང་ཡོད་མི་ དཀོན་མཆོག་གི་མི་ དད་པ་ནང་ན་འཐན་ཏོག་ཏོ་ཡོད་མིའི་ ཁིརཱིས་ཀྱི་སྤུན་ཆ་ཚུ་ལུ་ ཡི་གུ་འདི་འབྲི་དོ་ ང་བཅས་ཀྱི་ཡབ་དཀོན་མཆོག་གིས་ ཁྱེད་ཆ་ཁྱབ་ལུ་ ཐུགས་རྗེ་དང་ཞི་བདེ་གནང་བཅུག། 3 ང་བཅས་ཀྱིས་ཁྱེད་ཀྱི་དོན་ལུ་སྨོན་ལམ་ཞུཝ་ད་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཡབ་དཀོན་མཆོག་ལུ་ རྟག་བུ་རང་བཀའ་དྲིན་ཆེ་ཟེར་ཞུཝ་ཨིན། 4 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་ཁིརཱིས་ཡེ་ཤུ་ལུ་དདཔ་དང་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ལུ་བརྩེ་གདུང་བསྐྱེད་པའི་སྐོར་ལས་ ང་བཅས་ཀྱིས་གོ་ཡི། 5 འདི་ཁྱེད་ཀྱི་དོན་ལུ་ ཞིང་ཁམས་ལུ་བཞག་ཡོད་པའི་རེ་བ་དེ་ལུ་བརྟེན་ཏེ་ཨིན་ དེ་གི་སྐོར་ལས་ ཁྱེད་ཆ་ཁྱབ་ཀྱིས་ཧེ་མ་ལས་ བདེན་པའི་གཏམ་བཟང་གི་ཐོག་ལས་སྦེ་རྣ་བ་གོ་ཡི། 6 ཁྱེད་ལུ་གཏམ་བཟང་བཤད་པའི་ ཉིནམ་དང་པ་ལས་འགོ་བཟུང་སྟེ་ དཀོན་མཆོག་གི་ཐུགས་རྗེ་ངོ་མ་དེ་ ཁྱེད་ཀྱིས་ཉམས་མྱོང་འབད་ཡི་ ད་ཁྱེད་ཀྱི་སྦུག་ལུ་འབྲས་བུ་བཏགས་ཏེ་ ཡར་རྒྱས་གོང་འཕེལ་འགྱོ་དོཝ་བཟུམ་ འཛམ་བུ་གླིང་ནང་ཡང་ཡར་རྒྱས་གོང་འཕེལ་འགྱོ་སྟེ་ཡོད། 7 དེ་ ང་བཅས་དང་མཉམ་ལཱ་འབད་མི་ བརྩེ་བའི་ཞབས་ཕྱིཔ་ ཨེ་པ་ཕརཱས་ལས་ཁྱེད་ཀྱིས་གོ་ཡི་ ཁོ་ཁིརཱིས་ཀྱི་ཞབས་ཕྱིཔ་ན་འཐན་ཏོག་ཏོ་ ང་བཅས་ཀྱི་ཐོག་ལས་ ཁྱེད་ལུ་ཆ་རོགས་འབད་མི་གཅིག་ཨིན། 8 ཁྱེད་ལུ་དམ་པའི་ཐུགས་ཉིད་ལས་བྱུང་ཡོད་པའི་བརྩེ་གདུང་གི་སྐོར་ལས་ ཁོ་གིས་ང་བཅས་ལུ་བཤད་དེ་སླབ་ཅི།། 9 དེ་འབདཝ་ལས་བརྟེན་ཏེ་ ང་བཅས་ཀྱིས་དེ་གོ་བའི་ཉིནམ་ལས་རང་འགོ་བཟུང་སྟེ་ དཀོན་མཆོག་གི་ཐུགས་འདོད་བསྒྲུབ་པའི་དོན་ལུ་ ཁོ་རའི་ཆོས་དང་འབྲེལ་བའི་བློ་གྲོས་དང་ཤེས་ཡོན་ ཁྱེད་ཆ་ཁྱབ་ཀྱི་མི་ཚེ་ནང་ མ་ལང་ལངམ་སྦེ་ གནང་བཅུག་ཟེར་ སྨོན་ལམ་ཞུ་ནི་མ་བཞག 10 དེ་གིས་འབད་ ག་ཅི་རང་འབད་རུང་ ཁྱེད་ལུ་གཙོ་བོ་གི་འོས་འབབ་ཡོདཔ་སྦེ་ ཁོ་ལུ་ཐུགས་དགྱེས་པའི་བྱ་བ་སྤྱོད་ལམ་ལེགས་ཤོམ་སྒྲིགས་ནི་ཨིན་ དེ་ལས་ལཱ་ལེགས་ཤོམ་ག་ཅི་རང་ཨིན་རུང་ འདི་གི་འབྲས་བུ་བཏགསཔ་མ་ཚད་ དཀོན་མཆོག་དང་གཅིག་ཁར་འབྲེལ་བ་ཡར་རྒྱས་འགྱོ་ནི་ཨིན། 11 དཀའ་ངལ་བྱུང་པའི་སྐབས་ལུ་ ཁྱེད་བཟོད་པ་སྒོམ་སྡོད་ཚུགས་པའི་དོན་ལུ་ དཀོན་མཆོག་གི་ཚད་མེད་པའི་དབང་ཤུགས་དེ་གིས་ ཁྱེད་སྒྲིང་སྒྲིང་སྦེ་སྡོད་ནིའི་ཤུགས་གནང་བཅུག 12 དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ལུ་ འོད་ཟེར་གྱི་རྒྱལ་སྲིད་ནང་ ཤུལ་ནོར་ཐོབ་ནིའི་འོས་འབབ་མཛད་ཡོད་མི་དེ་ལུ་ ཁྱེད་དགའ་ཚོར་བསྐྱེད་དེ་ ཡབ་དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་འོང་མནོ་སྟེ་ ང་གིས་སྨོན་ལམ་ཞུ་ཡི།། 13 ཁོ་གིས་ང་བཅས་ལུ་ གནག་དུང་དུ་གི་རྒྱལ་སྲིད་ནང་ལས་སྐྱབས་མཛད་དེ་ ཁོ་གི་བརྩེ་བའི་སྲས་ཀྱི་རྒྱལ་སྲིད་ནང་ ང་བཅས་ལུ་གནས་སོར་གནང་ཡི། 14 སྲས་ལས་རྒྱུད་དེ་ ང་བཅས་ཐར་པ་གཏང་པའི་བླུ་རིན་དང་ སྡིག་པའི་བཤགས་པ་ཡོདཔ་ཨིན། 15 ཁིརཱིས་དེ་ དངོས་སུ་སྦེ་མཇལ་མ་ཚུགས་པའི་དཀོན་མཆོག་གི་སྐུ་བརྙན་ཨིན་ ཁོ་དཀོན་མཆོག་གིས་མཛད་གནང་མིའི་ཆ་མཉམ་ནང་ལས་ འགོ་དང་པ་སྦེ་འཁྲུངས་ནུག 16 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་མཛད་གནང་མི་ཆ་མཉམ་ ཞིང་ཁམས་དང་འཇིག་རྟེན་ནང་ཨིན་རུང་ མིག་གིས་མཐོང་མི་དང་མ་མཐོང་མི་ཚུ་ཨིན་རུང་ ཁྲི་གུ་སྡོད་མི་ བདུད་དང་བཙན་ག་ར་ གནམ་ཁ་གི་དབང་འཛིན་ཚུ་ཨིན་རུང་ ཆ་མཉམ་སྲས་ལས་རྒྱུད་དེ་ སྲས་ཀྱི་དོན་ལུ་མཛད་མཛདཔ་ཨིན། 17 འབྱུང་བ་ག་ར་གི་ཧེ་མ་ལས་ཁོ་བཞུགས་ནུག་ འབྱུང་བ་དེ་ཚུ་ཁོ་ལས་བརྟེན་ཏེ་ གནས་ཡོདཔ་ཨིན། 18 ཁོ་རའི་སྐུ་གཟུགས་འདི་ཆོས་ཚོགས་ཨིན་ དེ་ལས་དབུ་འདི་ཁོ་ཨིན་ ཁོ་དབང་ཚད་ཅན་སྦེ་འབྱོན་ནི་གི་དོན་ལུ་ འགོ་ཐོག་ལས་རང་བཞུགས་ཡོདཔ་མ་ཚད་ ཤི་མི་ཚུ་གི་གྲལ་ཁ་ལས་ གསོན་པོ་སྦེ་ལོང་མི་ ཁོ་དང་པ་ཨིན། 19 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་རང་བཞིན་འདི་ ཁིརཱིས་ནང་ཚངམ་སྦེ་གནས་ཏེ་ དཀོན་མཆོག་ཐུགས་དགྱེསཔ་མ་ཚད། 20 འཇིག་རྟེན་དང་ཞིང་ཁམས་ནང་ཡོད་རིགས་ཡོད་ཚད་ཅིགཔ་དེ་ ཁོ་རང་ནང་འཆམ་ཁ་མཛད་པའི་དོན་ལུ་ ཁྲམ་ཤིང་གུ་ལུ་འཛགས་མི་ ཁིརཱིས་ཀྱི་སྐུ་ཁྲག་ལས་རྒྱུད་དེ་ ག་ར་དང་གཅིག་ཁར་མཐུན་ལམ་མཛད་གནང་ནུག 21 ཧེ་མ་ཁྱེད་ཆ་ཁྱབ་དཀོན་མཆོག་དང་འབྲེལ་བ་མེད་མི་ ངོ་ལོག་ནི་གི་མནོ་བསམ་བཏང་སྟེ་ སྤྱོད་ངན་འབད་མི་ཚུ་ཨིན་རུང་། 22 ད་ལྟོ་དཀོན་མཆོག་གིས་ཁྱེད་ཆ་ཁྱབ་ལུ་ ཁོ་རའི་གཟིགས་ས་ལུ་སྐྱོན་མེདཔ་དང་གཙངམ་ དེ་ལས་དམ་པ་གཅིག་སྦེ་བཏོན་པའི་དོན་ལུ་ ཁོ་གིས་ཁྱེད་ཆ་ཁྱབ་ལུ་ ཁིརཱིས་མིའི་ལུས་ལུ་བྱོན་ཏེ་གཤགས་པའི་ཐོག་ལས་སྦེ་ འཆམ་ཁ་མཛད་གནང་ཡི། 23 དེ་འབདཝ་ད་ ཁྱེད་ཀྱིས་འཕྲོ་མཐུད་དེ་རང་ གཏམ་བཟང་ལུ་དད་པ་སྒྲིང་སྒྲིང་སྦེ་བསྐྱེད་དེ་ དེ་གི་གུ་ལུ་ རྨང་གཞི་བཟུམ་སྦེ་བརྟན་ཏོག་ཏོ་སྦེ་སྡོད་དགོ་ ཁྱེད་ཀྱིས་རྣ་བ་གོ་མི་གཏམ་བཟང་གི་རེ་བ་བསྐྱེད་ནི་ལུ་བཞག་ནི་མི་འོང་ ང་ པའུལ་ ཨ་ནི་གཏམ་བཟང་གི་ཞབས་ཕྱིཔ་གཅིག་ལུ་འགྱུརཝ་ཨིནམ་མ་ཚད་ འཛམ་བུ་གླིང་ག་ར་ནང་ ཁྱབ་བསྒྲགས་འབད་མི་གཏམ་བཟང་འདི་ཨིན། 24 ད་ང་ཁྱེད་ཀྱི་དོན་ལུ་སྡུག་བསྔལ་མྱོང་ནི་ལུ་ དགའ་སྤྲོ་བསྐྱེད་སྡོདཔ་ཨིན་ ཁིརཱིས་ཀྱི་སྐུ་གཟུགས་ཨིན་པའི་ཆོས་ཚོགས་ཀྱི་དོན་ལུ་ ང་རའི་གཟུགས་ཀྱིས་ ཁོ་གི་སྡུག་བསྔལ་མཐར་སྐྱེལ་ནི་ཨིན། 25 དཀོན་མཆོག་གི་གསུང་དེ་ ཡོངས་སུ་རྫོགསཔ་སྦེ་ ཁྱེད་ཆ་ཁྱབ་ལུ་སྟོན་བྱིན་ཟེར་ ང་ལུ་འགན་ཁག་གནངམ་ལས་བརྟེན་ཏེ་ ང་ཆོས་ཚོགས་ཀྱི་ཞབས་ཕྱིཔ་ལུ་འགྱུར་ཡི། 26 དུས་རབས་ལས་དུས་རབས་དང་ མི་རབས་ལས་མི་རབས་ཚུན་ཚོད་ སྦ་བཞག་མི་གསང་བ་དེ་ ད་ཁོ་རའི་དམ་པའི་མི་ཚུ་ལུ་གསལ་ཏོག་ཏོ་སྦེ་སྟོན་གནང་ཡི། 27 དཀོན་མཆོག་གིས་སྦ་བཞག་མི་གསང་བ་དེ་ ག་ཅི་དེས་ཅིག་གཟི་བརྗིད་ཆེ་ཏོག་ཏོ་ཨིན་ན་ ཁྱེད་ ཕྱིའི་མི་རིགས་ཚུ་གི་དོན་ལུ་ཡང་ སྟོན་བྱིན་ནི་འདི་ ཁོ་གི་ཐུགས་འདོད་ཨིན་ གསང་བ་དེ་ག་ཅི་ཨིན་ན་ཟེར་བ་ཅིན་ ཁྱེད་ཀྱི་ནང་ན་ཁིརཱིས་བཞུགས་ཏེ་ཡོད་ ཁྱེད་ཡང་ཁིརཱིས་བཟུམ་སྦེ་གཟི་བརྗིད་ཅན་སྦེ་འགྱུར་ནི་ཨིན་ འདི་ལས་ཕར་ ཁྱེད་རེ་བ་བསྐྱེད་དེ་སྒུག་སྡོདཔ་ཨིན། 28 དེ་གིས་འབད་ ང་བཅས་ཀྱིས་མི་ག་ར་ལུ་ ཁིརཱིས་ཁོ་རང་བཟུམ་སྦེ་རང་ ལྷག་ཆད་ག་ནི་ཡང་མེད་པར་ ག་ར་ཚངམ་སྦེ་སྟོན་ཚུགས་པའི་དོན་ལུ་ མི་རེ་རེ་ལུ་ཤེས་རབ་ཀྱི་ཐོག་ལས་སྦེ་ ཆོས་སྟོན་ནི་དང་ཉེན་བརྡ་འབད་དེ་ ཁོ་གི་སྐོར་ལས་ཁྱབ་བསྒྲགས་འབདཝ་ཨིན། 29 དེ་གིས་འབད་ ངེ་གི་སེམས་ནང་ ཕྱག་ལཱ་མཛད་མི་ ཁོ་གི་མཐུ་སྟོབས་ལས་བརྟེན་ཏེ་ ང་རྩ་འགེངས་ཏེ་ ལཱ་འདི་ལུ་སེམས་བཙུགས་ཏེ་འབདཝ་ཨིན།།
1 ང་ཁྱེད་ཆ་ཁྱབ་དང་ ཁྲོམ་ ལེའོ་དེ་ཀི་ཡ་ནང་སྡོད་མི་ཚུ་ དེ་ལས་ང་ལུ་ནམ་ཡང་མ་མཐོང་མི་ཚུ་གི་དོན་ལུ་ ང་གིས་ག་དེམ་ཅིག་དཀའཝ་སྤྱད་དེ་ ལཱ་འབད་ཡི་ག་ དེ་ཁྱེད་ལུ་ཤེས་བཅུག་དགོ་མནོ་བའི་འདོད་པ་ཡོད། 2 ང་གིས་དཀའཝ་སྤྱད་མི་དེ་ ཁྱེད་ཆ་ཁྱབ་ཀྱིས་སྟོབས་ཤུགས་སྦོམ་སྦེ་ཐོབ་ནིའི་དོན་ལུ་ཨིན་ དེ་ག་དེ་འབད་ཟེར་བ་ཅིན་ ཁྱེད་ཀྱིས་བྱམས་པ་གི་སྐོར་ལས་སྦྱོང་བརྡར་ཐོབ་ནི་ཨིནམ་མ་ཚད་ དཀོན་མཆོག་གི་གསང་བ་གི་ཤེས་ཡོན་ ཁིརཱིས་ལུ་ངོ་ཤེས་ནི་དེ་ ཁྱེད་ཆ་ཁྱབ་ཀྱིས་ཏན་ཏན་སྦེ་ཧ་གོ་སྟེ་ ཐད་རི་བ་རི་བློ་ཁོག་སྦོམ་སྦེ་འཐོན་ནི་ཨིན། 3 ཤེས་རབ་དང་ཡོན་ཏན་གྱི་རྒྱུ་ནོར་ཚུ་ག་ར་ ཁིརཱིས་ནང་སྦ་བཞག་སྟེ་ཡོདཔ་ཨིན། 4 ང་གིས་སླབ་མི་དེ་ མི་ག་གིས་ཡང་ཁྱེད་ལུ་གཏམ་རྫུནམ་སྟོན་ཏེ་ མགུ་བརྡུང་མ་བཅུག་ནིའི་དོན་ལུ་ཨིན། 5 ངེ་གི་ལུས་དེ་ ཁྱེད་དང་མཉམ་མེད་དེ་འབད་རུང་ ངེ་གི་སེམས་ཨ་རྟག་རང་ ཁྱེད་དང་གཅིག་ཁར་ཡོད་ ཁྱེད་ཀྱི་སྒྲིགས་ལམ་དང་ལྡན་པའི་སྤྱོད་པ་དང་ ཁིརཱིས་ལུ་དད་པ་བརྟན་ཏོག་ཏོ་ཡོདཔ་ཤེས་ཏེ་ ང་སེམས་དགའཝ་ཨིན།། 6 དེ་འབདཝ་ལས་ ཧེ་མ་ཁྱེད་ཀྱིས་ཁིརཱིས་ཡེ་ཤུ་ལུ་ རང་གི་གཙོ་བོ་སྦེ་ཞུ་དོཝ་བཟུམ་སྦེ་རང་ འཕྲོ་མཐུད་དེ་ བྱ་བ་སྤྱོད་ལམ་ལེགས་ཤོམ་སྒྲིགས་ཏེ་ ཁོ་གི་ལམ་ནང་འགྱོ་དགོ། 7 ཤིང་གི་ར་ཏོ་གཏིང་ཟབ་དྲགས་འཛུལ་མི་དང་ ཁྱིམ་གྱི་རྩིགཔ་འགྱམ་གཏིང་རིངམ་སྦེ་བཙུགས་ཏེ་སྒྲིང་སྒྲིང་བཟོ་དོཝ་བཟུམ་སྦེ་རང་ ཁྱེད་ཆ་ཁྱབ་ཀྱིས་ཡང་ ཁིརཱིས་ལས་བརྟེན་ཏེ་སྡོད་དགོ་ ཧེ་མ་ཁྱེད་ལུ་སྟོན་མི་དེ་ བདེན་པ་ཨིན་མས་ཟེར་ཐད་རི་བ་རི་ཤེས་ཏེ་ ཨ་རྟག་རང་བཀའ་དྲིན་ལེགས་སོ་ཞུ་སྟེ་རང་སྡོད། 8 རིགཔ་བསྒྱིམ་སྟེ་སྡོད་ དེ་མེན་པ་ཅིན་ ཁུངས་མེད་པའི་ཆོས་དང་ གཏམ་རྫུན་མ་ལུ་བརྟེན་མི་གཞི་ཚུ་གིས་ ཁྱེད་ཀྱི་དད་པ་ལུ་འགྱུར་གཏང་འོང་ ཨ་ནི་བཟུམ་གྱི་སྟོན་པ་ཚུ་ ཁིརཱིས་ལས་མེན་པར་ མི་གི་ལམ་ལུགས་སྲོལ་དང་ འཇིག་རྟེན་གྱི་ལམ་ལས་འབྱུངམ་ཨིན། 9 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་རང་བཞིན་ ཁིརཱིས་ཀྱི་སྐུ་གཟུགས་ནང་ཚངམ་སྦེ་གནསཔ་ཨིན། 10 སྟོབས་ཤུགས་དང་དབང་འཛིན་ ཆ་མཉམ་གྱི་དབུ་ཨིན་པའི་ཁིརཱིས་ ཁྱེད་ཆ་ཁྱབ་ཀྱི་གུ་ལུ་ཁྱབ་སྟེ་བཞུགས་ཡོདཔ་ཨིན། 11 ཁིརཱིས་ལས་རྒྱུད་དེ་ གཙང་པའི་རྟགས་སྐྱེལ་གནངམ་ད་ ཁྱེད་ཆ་ཁྱབ་སྡིག་པའི་རང་བཞིན་སྤང་སྟེ་ གཙངམ་ལུ་འགྱུར་ཡི་ མི་གི་ལག་པ་གིས་སྐྱེལ་མི་རྟགས་མེན་པར་ ཁིརཱིས་ཀྱི་རྟགས་ངོ་མ་ལས་རྒྱུད་དེ་ཨིན། 12 ཁྱེད་ཆ་ཁྱབ་ཁྲུས་གསོལ་ཞུ་བའི་བསྒང་ ཁིརཱིས་དང་མཉམ་གཅིག་དོང་ནང་བཙུག་བཙུགཔ་ཨིན་ དེ་ལས་ཁིརཱིས་ལུ་སྐུ་གསོན་པོ་སྦེ་ བཞེང་གནང་མི་དཀོན་མཆོག་གི་ ཧ་ལས་པའི་སྟོབས་ཤུགས་ལུ་དད་པ་བསྐྱེད་དེ་ ཁྱེད་ཁོ་དང་མཉམ་སྐུ་གསོན་པོ་སྦེ་ལྷོང་གནང་ཡི། 13 ཁྱེད་ཆ་ཁྱབ་ཁྲིམས་ལས་འགལ་བའི་ལཱ་འབད་དེ་ ཤི་སོངམ་བཟུམ་སྦེ་ཨིནམ་ད་ སྡིག་པའི་རང་བཞིན་ལས་མ་ཐར་བའི་སྐབས་ལུ་ དཀོན་མཆོག་གིས་ཁྱེད་ཆ་ཁྱབ་ལུ་ ཁིརཱིས་དང་གཅིག་ཁར་གསོན་པོ་སྦེ་ལྷོང་གནང་ཡི་ ཁོ་གིས་ང་བཅས་ཀྱི་སྡིག་པ་ག་ར་ལས་བཤགས་པ་གནང་ཡི། 14 ང་བཅས་ལུ་སྐྱོན་བཏོན་མི་ཁྲིམས་ཀྱི་དབང་ཆ་ཡོད་པའི་ཡིག་ཐོ་ ང་བཅས་ཀྱིས་འབྱོར་མ་ཚུགས་པའི་བུ་ལོན་དེ་ ཁོ་གིས་བསྣམས་ཏེ་ ཁྲམ་ཤིང་གུ་ལྕགས་གཟེར་བསྡབས་ཏེ་ ཆ་མེད་བཏང་གནང་ཡི། 15 དཀོན་མཆོག་གིས་སྟོབས་ཤུགས་ཅན་དང་ དབང་འཛིན་ཅན་ཚུ་ལུ་ཕམ་བཏང་གནང་སྟེ་ ག་ར་གི་གདོང་ཁར་ལས་ ཁིརཱིས་ཁྲམ་ཤིང་གུ་གཤགས་པའི་ཐོག་ལས་སྦེ་ དམག་འདི་ལས་རྒྱལ་ཁ་ཐོབ་ཅི།། 16 དེ་གིས་འབད་ བཟའ་ནི་དང་འཐུང་ནི་ཡང་ན་ དུས་སྟོན་གྱི་སྐོར་ལས་ ནམ་གང་ཡང་ན་ ངལ་འཚོ་བའི་ཉིནམ་བརྩི་བསྲུང་ནིའི་སྐོར་ལས་ མི་ག་གིས་ཡང་ཁྱེད་ལུ་སྐྱོན་བཏག་མ་བཅུག 17 དེ་ཚུ་ག་ར་འོང་ནི་འབད་བའི་གནས་ཚུལ་གྱི་གྱིབ་མ་རྐྱངམ་གཅིག་ཨིན་ མ་གཞི་ བདེན་པ་ངོ་མ་འདི་ ཁིརཱིས་ཁོ་རང་ཨིན། 18 ཉམ་ཆུང་རྫུན་མ་འབད་མི་དང་ ཕོ་ཉ་ཚུ་ལུ་བསྙེན་བཀུར་ཞུ་མི་ལས་སྦེ་ ག་གིས་ཡང་ ཁྱེད་ཆ་ཁྱབ་གཅིག་ཁྱད་མ་ཆོདཔ་བཟོ་མ་བཅུག་ ཨ་ནི་བཟུམ་གྱི་མི་གིས་ མ་མཐོང་མི་ལུ་འདི་ཨིན་ཟེར་སྟོན་ཏེ་ འཇིག་རྟེན་པའི་སེམས་ཀྱིས་ ཁུངས་མེད་པའི་མནོ་བསམ་བཏང་སྟེ་ དཔའ་རྔམ་སྟོནམ་ཨིན། 19 ཨ་ནི་བཟུམ་གྱི་མི་གིས་ སྐུ་གཟུགས་ཀྱི་དབུ་ཨིན་མི་ཁིརཱིས་ལུ་ སྒྲིང་སྒྲིང་སྦེ་བཤེད་མི་བཞག་པས་ ཨིན་རུང་ ཁིརཱིས་ལས་རྒྱུད་དེ་ གཟུགས་ཀྱི་ཡན་ལག་ཚུ་ག་ར་ བདག་འཛིན་འབད་ནི་མ་ཚད་ གཅིག་ཁར་བཤེད་བཞགཔ་ཨིན་ དེ་གིས་འབད་ དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ གཟུགས་དེ་ཡར་རྒྱས་ཐོན་འགྱོཝ་ཨིན། 20 ཁྱེད་ཁིརཱིས་དང་གཅིག་ཁར་ཤི་སྟེ་ འཇིག་རྟེན་གྱི་དབང་ཆ་ཚུ་ལས་ཐར་པ་ཐོབ་ཆེཝ་ཨིན་རུང་ ཁྱེད་ག་ཅི་འབད་འཇིག་རྟེན་གྱི་མི་བཟུམ་སྦེ་ ལགཔ་མ་བཤེད་ བྲོཝ་མ་བལྟ་ ལགཔ་མ་འདོག་ཟེར་སླབ་མིའི་ལུགས་སྲོལ་འདི་ཚུ་སྲུང་སྡོདཔ་སྨོ། 22 འདི་ཚུ་ག་ར་ཉིནམ་གཅིག་མེདཔ་ཐལ་འགྱོ་ནི་ཨིན་ ག་ཅི་འབད་ཟེར་བ་ཅིན་ འདི་ཚུ་ག་ར་མི་གིས་བཟོ་མི་ཁྲིམས་དང་ མི་གིས་སྟོན་མིའི་བསླབ་བྱ་ལས་བརྟེན་ཏེ་ཨིན། 23 འདི་ཚུ་ལུ་བལྟཝ་ད་ ཐབས་དང་ཤེས་རབ་བཟུམ་སྦེ་མཐོངམ་མས་ ག་ཅི་འབད་ཟེར་བ་ཅིན་ བརྩོན་ཤུགས་བསྐྱེད་དེ་ ཉམ་ཆུང་བཟོ་སྟེ་ རང་གི་གཟུགས་ལུ་བཏུལ་དགོ་ ཨིན་ཏེ་འབད་རུང་ སྡིག་པའི་རང་བཞིན་ལས་རྒྱལ་ཁ་ཐོབ་ནི་ལུ་ཕན་ནུས་ ག་ནི་ཡང་མེད།།
1 དེ་འབདཝ་ལས་ ཁྱེད་ཆ་ཁྱབ་ཁིརཱིས་དང་གཅིག་ཁར་ གསོན་པོ་སྦེ་ལྷོང་གནང་ཡོདཔ་ལས་ དཀོན་མཆོག་གི་ཕྱག་གཡས་ལུ་ ཁིརཱིས་བཞུགས་ཡོད་པའི་ཞིང་ཁམས་ཀྱི་དངོས་པོ་ཚུ་ལུ་ཚ་གཏད་དེ་སྡོད། 2 ཁྱེད་ཀྱི་སེམས་དེ་འཛམ་བུ་གླིང་ནང་ཡོད་པའི་དངོས་པོ་ཚུ་ནང་མེན་པར་ ཡར་ཞིང་ཁམས་ཀྱི་དངོས་པོ་ཚུ་ལུ་མནོ་བསམ་གཏང་། 3 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་མི་ཚེ་རྙིངམ་དེ་ཤི་ཚར་ཡི་ ད་ཁྱེད་ཀྱི་མི་ཚེ་གསརཔ་དེ་ ཁིརཱིས་དང་གཅིག་ཁར་ དཀོན་མཆོག་ནང་གཡིབ་བཞག་ཡོདཔ་ཨིན། 4 ཁིརཱིས་འདི་ང་བཅས་ཀྱི་ཚེ་ཨིན་ ཁོ་འཛམ་བུ་གླིང་ནང་ལོག་འབྱོནམ་ད་ ཁྱེད་ཡང་ཁོ་དང་གཅིག་ཁར་ གཟི་བརྗིད་ནང་འོང་ནི་ཨིན། 5 དེ་འབདཝ་ལས་ ཁྱེད་ཀྱི་སེམས་ནང་ལས་ འཇིག་རྟེན་གྱི་རང་བཞིན་ཨིན་མི་ ག་ཅི་རང་ཨིན་རུང་ འདི་གི་དབང་དུ་བཏང་སྟེ་མ་སྡོད་ དཔེ་གཅིག་འབད་བ་ཅིན་ མ་རབས་ཀྱི་ལཱ་དང་ མ་གཙང་མའི་ལཱ་ འདོད་ཆགས་ འདོད་པ་ངན་པ་ འདོད་པ་ཆེ་དྲགས་འདི་ཚུ་ག་ར་སྤངས་ཏེ་སྡོད་ འདོད་པ་ཆེ་དྲགས་འབད་མི་འདི་ འཇིག་རྟེན་པའི་ཅ་ལ་ཚུ་ལུ་ཆགས་སེམས་བསྐྱེད་ནི་ཨིན། 6 འདི་ཚུ་གིས་འབད་དེ་ དཀོན་མཆོག་གི་ཆདཔ་ཕོག་དོ། 7 ཁྱེད་ཆ་ཁྱབ་ཡང་ ཚེ་ཧེ་མ་འདི་བཟུམ་སྦེ་ སྤྱོད་ངན་གྱི་ལཱ་འབད་དེ་སྡོད་ནུག 8 ད་འདི་ཚུ་ ཙིགཔ་ཟ་ནི་དང་ ཁོང་ཁྲོ་ལང་ནི་ གནོད་སེམས་བསྐྱེད་ནི་ ཁ་གཏང་ནི་ ཁ་ལས་ཐོན་མི་བློ་མ་གཙངམ་ འདི་ཚུ་ག་ར་ཁྱེད་ཀྱི་མི་ཚེ་ནང་ལས་སྤངས་དགོ། 9 ཁྱེད་རང་གཅིག་གིས་གཅིག་ལུ་ཤོབ་མ་རྐྱབས་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་རང་གི་མི་ཚེ་རྙིངམ་དང་ ཧེ་མ་འབད་མི་ལཱ་ཚུ་ག་ར་སྤངས་ཏེ། 10 མི་ཚེ་གསརཔ་ལུ་འགྱུར་ཏེ་འོངས་ཡི་ རང་ལུ་མཛད་གནང་མིའི་དཀོན་མཆོག་གི་རང་བཞིན་བཞིན་དུ་ རང་ཡང་ཁོ་རའི་རང་བཞིན་དང་འདྲཝ་འགྱུར་ཏེ་ ཁོ་གི་སྐོར་ལས་ ཧེ་མ་ལས་ཡང་ལྷགཔ་སྦེ་ཧ་གོ་ནི་ཨིན། 11 ནཱ་ལུ་ ཕྱིའི་མི་རིགས་དང་ ཡ་ཧུ་ད་པ་ དེ་ལས་ ཡ་ཧུ་ད་པའི་རྟགས་བཀལ་མི་དང་མ་བཀལ་མི་ མི་གནགཔོ་ ཡར་རྒྱས་མ་འགྱོ་མི་ཚུ་ རྒྱོབོ་རྒྱམོ་དང་ རང་དབང་ཐོབ་མི་ཚུ་གི་བར་ན་ ཁྱད་པར་ག་ནི་ཡང་མེད་ ཨིན་རུང་གཙོ་བོ་རང་ ང་བཅས་ག་ར་ ཁིརཱིས་ནང་གཅིག་ཨིནམ་མ་ཚད་ ཁོ་ག་ར་ནང་བཞུགས་ཡོདཔ་ཨིན། 12 དེ་འབདཝ་ལས་ དཀོན་མཆོག་གིས་བཙག་འཐུ་མཛད་གནང་མི་ དམ་པ་དང་བརྩེ་བའི་མི་གཅིག་སྦེ་ རང་གིས་རང་ལུ་སྙིང་རྗེ་དང་ བྱམས་བརྩེ་ ཉམ་ཆུང་ རང་བཞིན་འཇམ་ཏོང་ཏོ་ བཟོད་སེམས་ཀྱིས་གང་སྟེ་སྡོད་དགོ། 13 ཁྱེད་རང་གཅིག་གིས་གཅིག་ལུ་བཟོད་པ་བསྒོམས་ཏེ་ གཞན་གྱིས་ཁྱེད་ལུ་འཛོལ་བ་འབད་འབདཝ་ཡོད་པ་ཅིན་ གཙོ་བོ་གིས་ཁྱེད་ལུ་བཤགས་པ་བཞེས་དོཝ་བཟུམ་སྦེ་ འདི་ལུ་ཡང་ཁྱེད་ཀྱིས་བཀའ་དྲིན་བསྐྱང་དགོ། 14 ཨ་ནི་བྱ་སྤྱོད་བཟང་པོ་འདི་ཚུ་ལས་ཡང་ལྷགཔ་སྦེ་ གཅིག་གིས་གཅིག་ལུ་བྱམས་སེམས་བསྐྱེད་དེ་སྡོད་དགོ་ དེ་ལས་ཁྱེད་ག་ར་གིས་མཐུན་ལམ་བཟང་པོ་ནང་སྡོད་ནི་ཨིན། 15 སྐུ་གཟུགས་གཅིག་གི་ཡན་ལག་འདི་ཚུ་བཟུམ་སྦེ་ ཁྱེད་ཆ་ཁྱབ་ཡང་ མི་གཅིག་སྦེ་མཐུན་ནི་གི་དོན་ལུ་ བཙག་འཐུ་མཛད་ཡོདཔ་ལས་བརྟེན་ཏེ་ ཁིརཱིས་ཀྱི་ཞི་བདེ་ ཁྱེད་ཀྱི་སེམས་ལུ་དབང་སྐྱོང་འབད་བཅུག་ དེ་ལས་ཁྱེད་བཀའ་དྲིན་དགའ་ཚོར་ཅན་སྦེ་འཐོན་དགོ། 16 ཁིརཱིས་ཀྱི་གསུང་ ཁྱེད་ཀྱི་སེམས་ནང་ཕུན་སུམ་ཚོགསཔ་སྦེ་བཞུགས་བཅུག་ ཤེས་རབ་ཡོངས་ལུ་བརྟེན་ཏེ་ གཅིག་གིས་གཅིག་ལུ་བསླབ་བྱ་བྱིན་ཏེ་ཆོས་སྟོན་ དེ་ལས་མགུར་མ་དང་གསུང་ དཀོན་མཆོག་ལུ་བསྟོད་དབྱངས་ཀྱི་ཐོག་ལས་ ཁོ་ལུ་བཀའ་དྲིན་དགའ་ཚོར་ཕུལ་དགོ། 17 དེ་ལས་ཁྱེད་ཀྱིས་གཏམ་གཅིག་སླབ་རུང་ ལཱ་གཅིག་འབད་རུང་ ག་ཅི་རང་འབད་རུང་ གཙོ་བོ་ཡེ་ཤུ་གི་སྐུ་ཚབ་ཨིནམ་བཟུམ་སྦེ་ འདི་ཚུ་ག་ར་འབད་དགོ་ ཡེ་ཤུ་གི་སྒོ་ལས་སྦེ་ ཡབ་དཀོན་མཆོག་ལུ་ བཀའ་དྲིན་ཕུལ།། 18 ཁྱེད་ཨམ་སྲུ་ཆ་ཁྱབ་ཀྱིས་ གཙོ་བོ་གི་སྐུ་མདུན་ལུ་འོས་འབབ་ཡོདཔ་གཅིག་སྦེ་ རང་གི་རྨགཔ་གི་དབང་ཚད་འོག་ལུ་སྡོད་དགོ། 19 ཁྱེད་རྨགཔ་ཆ་ཁྱབ་ཀྱིས་ རང་གི་ཨམ་སྲུ་ཚུ་ལུ་སྒྲིག་ཚ་དྲགས་མ་འབད་བར་ བྱམས་སེམས་བསྐྱེད་དགོ། 20 ཁྱེད་ཨ་ལོ་ཆ་ཁྱབ་ཀྱིས་ ག་ཅི་ནང་རང་འབད་རུང་ ཁྱེད་རང་གི་ཕམ་གྱིས་ག་སླབ་མི་ཁ་ལུ་ཉན་དགོ་ ག་ཅི་སྨོ་ཟེར་བ་ཅིན་ འདི་གིས་འབད་དེ་ གཙོ་བོ་ལུ་ཐུགས་དགྱེས་བཅུགཔ་ཨིན། 21 ཁྱེད་ཨ་པ་ཆ་ཁྱབ་ཀྱིས་ རང་གི་ཨ་ལོ་ཚུ་ལུ་ཙིགཔ་ཟ་མ་བཅུག་ དེ་སྦེ་འབད་བ་ཅིན་ ཁོང་སེམས་ཤི་འོང་། 22 རྒྱོབོ་རྒྱམོ་ཚུ་ ཁྱེད་ག་ཅི་ནང་རང་འབད་རུང་ ཁྱེད་རའི་སྦྱིན་བདག་གི་ཁ་ལུ་ཉན་དགོ་ སྦྱིན་བདག་གིས་ཁྱེད་ལུ་བལྟཝ་ད་རྐྱངམ་གཅིག་ ལཱ་ལེགས་ཤོམ་འབད་དེ་ སྦྱིན་བདག་གི་སེམས་ལྷུ་ནིའི་དོན་ལུ་མེན་པར་ དོན་ལས་རང་སེམས་ཀྱི་གདིང་ལས་ ལཱ་ཕྲང་སྟེ་འབད་བྱིན་དགོ་ སྤྱོད་ལམ་དེ་སྦེ་འབད་མི་འདི་ གཙོ་བོ་ལུ་ཞེ་ས་འབད་བའི་དོན་ལུ་ཨིན། 23 ཁྱེད་ཆ་ཁྱབ་ཀྱིས་ལཱ་ག་ཅི་རང་འབད་རུང་ མི་གི་དོན་ལུ་མེན་པར་ དཀོན་མཆོག་ལུ་ཕྱག་ཞུ་དོཝ་བཟུམ་སྦེ་རང་ སེམས་ཀྱི་གདིང་ལས་རང་འབད་བྱིན་དགོ། 24 ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་ལས་ཁྱེད་རང་གི་ཤུལ་ནོར་ གསོལ་རས་སྦེ་ཐོབ་ནི་ཨིན་ཟེར་ཁྱེད་ཀྱིས་ཤེས་ ཁྱེད་ཀྱིས་ཕྱག་ཞུ་མི་དེ་གཙོ་བོ་ཁིརཱིས་ཨིན། 25 ག་གིས་རང་འབད་རུང་ ཉེས་པ་འབད་བ་ཅིན་ འདི་གིས་ཉེས་པ་གི་འབྲས་བུ་ཐོབ་ནི་ཨིན་ དེ་ནང་ལུ་ཉེ་རིང་རྩ་ལས་མི་ཕྱེ།།
1 ཁྱེད་སྦྱིན་བདག་ཆ་ཁྱབ་ ཁྱེད་ཀྱི་སྦྱིན་བདག་ཡར་ཞིང་ཁམས་ལུ་བཞུགས་ཡོདཔ་ཤེས་ཏེ་ ཁྱེད་རང་གི་གཡོགཔ་ཚུ་ ལཱ་ཕྲང་སྟེ་ལེགས་ཤོམ་འབད་བྱིན་དགོ།། 2 དཀོན་མཆོག་ལུ་སྨོན་ལམ་ཞུ་ནི་མ་བཞག་ སྨོན་ལམ་བཏབ་ད་ སེམས་མ་ཡེངས་པར་དྲནམ་བཏོན་ཞིནམ་ད་ བཀའ་དྲིན་ལེགས་སོ་ཞུ་སྟེ་སྡོད། 3 ང་བཅས་ཀྱིས་ཁིརཱིས་ཀྱི་གསང་བ་ལུ་ཁྱབ་སྒྲགས་འབད་དེ་ ཁིརཱིས་ཀྱི་སྐོར་ལས་གཏམ་བཟང་བཤད་ནི་གི་དོན་ལུ་ དཀོན་མཆོག་གིས་སྒོ་གཅིག་ཕྱེ་གནང་ཟེར་ ང་བཅས་ཀྱི་དོན་ལུ་ཡང་སྨོན་ལམ་ཞུ་གནང་ གཏམ་བཟང་གིས་འབད་དེ་ ང་བཙོན་ཁང་ནང་ཚུད་ཡོདཔ་ཨིན། 4 ང་གིས་བཤད་དགོཔ་དང་འཁྲིལ་ཏེ་ གསལ་ཏོག་ཏོ་སྦེ་ ཁྱབ་སྒྲགས་འབད་ཚུགས་པའི་དོན་ལུ་ སྨོན་ལམ་ཞུ་གནང་། 5 དདཔ་ཅན་མེན་མི་ཚུ་དང་གཅིག་ཁར་ སེམས་གསལ་ཏོག་ཏོ་སྦེ་ འབྲེལ་བ་འཐབ་སྟེ་ གོ་སྐབས་ག་དེམ་ཅིག་རང་ཐོབ་རུང་ དུས་ཚོད་འདི་ལུ་ལག་ལེན་འཐབ་དགོ། 6 ཁྱེད་ཀྱིས་ མི་ག་ར་དང་གཅིག་ཁར་ བློ་སླབ་ད་ལུ་ རོགས་ལུ་བྱམས་བརྩེ་འབདཝ་བཟུམ་སྦེ་ ཁྱེད་ཀྱི་བློ་ཡང་ ཉན་དགོ་མནོ་སི་སི་སྦེ་སླབ་དགོ་ དེ་ལས་ལན་དེ་ཚུ་ཡང་ ག་དེ་སྦེ་སླབ་ནི་ན་ ཁྱེད་ཀྱིས་ཤེས་འོང་།། 7 ངེ་གི་སྐོར་ལས་ག་ར་ ཏི་ཀི་ཀུས་ཀྱིས་ཁྱེད་ལུ་བཤད་སླབ་འོང་ གཙོ་བོ་ནང་ ཁོ་ངེ་གི་བརྩེ་བའི་ནུ་གཅུང་དང་ ལཱ་རོགསཔོ་ན་འཐན་ཏོག་ཏོ་ དེ་ལས་ང་དང་མཉམ་གཙོ་བོ་གི་ཞབས་ཕྱིཔ་གཅིག་ཡང་ཨིན། 8 ཁོ་ཁྱེད་སྡོད་སར་བཏང་དགོ་པའི་གནད་དོན་འདི་ ང་བཅས་ཀྱི་གནས་ཚུལ་ ཁྱེད་ཀྱིས་ཧ་གོ་བའི་དོན་ལུ་དང་ ཁྱེད་ལུ་སེམས་གསོ་བྱིན་ནིའི་དོན་ལུ་ཨིན། 9 ང་བཅས་ཀྱི་བརྩེ་བའི་ནུ་གཅུང་ ན་འཐན་ཏོག་ཏོ་ ཨོ་ནི་སི་མཱས་དེ་ ཁྱེད་ཀྱི་མི་གཅིག་འབད་མི་ ང་གིས་ ཏི་ཀི་ཀུས་དང་གཅིག་ཁར་བཏང་དོ་ ནཱ་ལུ་ག་ཅི་དང་ག་ཅི་རང་བྱུང་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ ཁོང་གཉིས་ཀྱིས་ག་ར་བཤད་དེ་སླབ་འོང་། 10 ང་དང་གཅིག་ཁར་བཙོན་ཁང་ནང་སྡོད་མི་ ལྟོ་ཚང་གཉིས་ ཨ་རཱིས་ཏཱར་ཁཱོས་དང་ བཱར་ན་བཱས་ཀྱི་ཉེཝ་ མཱར་ཀུ་གིས་ ཁྱེད་ག་ར་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་བཏང་དེས་ (ཁོ་གི་སྐོར་ལས་ང་གིས་ཁྱེད་ལུ་གནང་བ་བྱིན་ཚར་ཡི་ ཁོ་ལུ་གདོང་བསུ་འབད།) 11 དེ་ལས་ ཡུས་ཏཱོས་ཟེར་སླབ་མི་ ཡེ་ཤུ་གིས་ཡང་སྐུ་གཟུགས་བཟང་པོ་ཟེར་སླབ་བཏང་དེས་ དཀོན་མཆོག་གི་རྒྱལ་སྲིད་ཀྱི་དོན་ལུ་ ངེ་གི་ལཱ་རོགསཔ་ཚུ་གི་གྲལ་ལས་ ཡ་ཧུ་ད་པ་ཁོང་གསུམ་མ་གཏོགས་གཞན་མེད་ ཁོང་གིས་ང་ལུ་སེམས་གསོ་འབད་ཡི། 12 ཁྱེད་ཀྱི་གྲལ་ལས་ཨིན་མི་ ཁིརཱིས་ཡེ་ཤུ་གི་ཞབས་ཕྱིཔ་ ཨེ་པ་ཕརཱས་ཀྱིས་ ཁྱེད་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་བཏང་དེས་ ཁྱེད་ཆ་ཁྱབ་དད་པ་ནང་ན་ཁུག་སྟེ་ དཀོན་མཆོག་གི་ཐུགས་དགོངས་ ཐད་རི་བ་རི་ཤེས་ནི་གི་དོན་ལུ་ ཁོ་གིས་ཁྱེད་ཀྱི་དོན་ལུ་ རྟག་བུ་རང་དཀའཝ་སྤྱད་དེ་ སྨོན་ལམ་ཞུཝ་ཨིན། 13 ཁྱེད་ཆ་ཁྱབ་ དེ་ལས་ ཁྲོམ་ ལེའོ་དེ་ཀི་ཡ་དང་ ཧེ་ར་པོ་ལཱིས་ལས་ཨིན་མི་ཚུ་གི་དོན་ལུ་ ཁོ་གིས་གནམ་མེད་ས་མེད་དཀའཝ་སྤྱད་དེ་ ཡོད་མིའི་སྐོར་ལས་ ང་གིས་འཛོམ་དཔང་འབད་དོ། 14 ཁྱེད་ཆ་ཁྱབ་ལུ་ ང་བཅས་ཀྱི་བརྩེ་བའི་ལྟོ་ཚང་དྲུང་འཚོ་ ལུ་ཀ་དང་ དེ་མཱས་ཀྱིས་སྐུ་གཟུགས་བཟང་པོ་ཟེར་སླབ་བཏང་དེས། 15 ཁྲོམ་ ལེའོ་དེ་ཀི་ཡ་གི་སྤུན་ཚུ་དང་ ནུམོ་ ནིམ་ཕ་ དེ་ལས་མོ་གི་ཁྱིམ་ནང་འཛོམས་མིའི་ཆོས་ཚོགས་ལུ་ ང་ལས་སྐུ་གཟུགས་བཟང་པོ་ཟེར་སླབ་གནང་། 16 ཡི་གུ་འདི་ཁྱེད་ཀྱིས་ལྷག་ཚརཝ་ད་ ལེའོ་དེ་ཀི་ཡ་ནང་ཡོད་མི་ཆོས་ཚོགས་ལུ་ཡང་ལྷག་བཅུག་ དེ་ལས་ཁྱེད་ཀྱིས་ཡང་ ང་གིས་ ལེའོ་དེ་ཀི་ཡ་ལུ་གཏང་མི་ཡི་གུ་ལྷག་བལྟ་ཞིག 17 ཨཱར་ཀི་པཱོས་ལུ་ ཁོ་གིས་གཙོ་བོ་ལས་ཐོབ་མི་ཞབས་ཏོག་གི་ལཱ་དེ་ མཐའ་འཁྱོལ་དགོ་ཟེར་སླབ་གནང་། 18 ལེགས་སྨོན་ཞུ་བ་འདི་ པའུལ་ང་རའི་ལགཔ་གིས་འབྲི་དོ་ ང་བཙོན་ཁང་ནང་ཡོད་མི་དེ་བརྗེད་མ་སོང་ ཁྱེད་ལུ་ཐུགས་རྗེ་འབབ་པར་ཤོག། །།
1 ཡབ་དཀོན་མཆོག་དང་ གཙོ་བོ་ཡེ་ཤུ་ཁིརཱིས་ནང་ཡོད་མི་ ཁྲོམ་ ཐེ་ས་ལོ་ནི་ཀ་གི་ཆོས་ཚོགས་ལུ་ ང་ པའུལ་དང་ སཱིལ་ཝ་ནུས་དང་ ཏི་མོ་ཐི་གིས་ཁྱེད་ལུ་ ཨ་ནི་ཡི་གུ་འདི་འབྲི་དོ་ ཁྱེད་ལུ་དཀོན་མཆོག་གི་ཐུགས་རྗེ་དང་ཞི་བདེ་གནང་བཅུག། 2 ང་བཅས་ཀྱི་སྨོན་ལམ་ནང་ཨ་རྟག་རང་ཁྱེད་ལུ་དྲན་ཏེ་ ཁྱེད་ག་ར་གི་དོན་ལུ་ དཀོན་མཆོག་ལུ་བཀའ་དྲིན་དགའ་ཚོར་ཞུཝ་ཨིན། 3 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ དད་པའི་ལཱ་འབད་མི་དང་ བྱམས་པའི་ལཱ་ལུ་རྩ་འགེངས་ཏེ་འབད་སྡོད་མི་དང་ ང་བཅས་གཙོ་བོ་ཡེ་ཤུ་ཁིརཱིས་ད་རུང་ལོག་སྟེ་འབྱོན་ནི་གི་རེ་བ་ ཨ་རྟག་རང་བསྐྱེད་དེ་སྡོད་མི་འདི་ཚུ་ཨིན་ ང་བཅས་ཀྱིས་འདི་སེམས་ཁར་དྲན་ཏེ་ ང་བཅས་ཀྱི་ཡབ་དཀོན་མཆོག་ལུ་སྨོན་ལམ་ཞུཝ་ཨིན། 4 དབའེ་སྤུན་ཆ་ཚུ་ དཀོན་མཆོག་གིས་ཁྱེད་ལུ་བྱམས་པ་མཛད་དེ་ ཁྱེད་ལུ་ཁོ་རང་གི་མི་སྦེ་བཙག་འཐུ་གནངམ་ཨིནམ་ ང་བཅས་ཀྱིས་ཤེས། 5 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་གཏམ་བཟང་དེ་ཁྱེད་ལུ་བཤདཔ་ད་ ང་བཅས་ཀྱིས་སླབ་མི་ཚིག་འདི་ རྐྱངམ་གཅིག་མེན་པར་ དམ་པའི་ཐུགས་ཉིད་ཀྱི་དབང་ལས་རྒྱུད་དེ་ ང་བཅས་ཀྱིས་སྟོན་མི་འདི་ ཏན་ཏན་ཨིན་ཟེར་ཡིད་ཆེས་བསྐྱེད་དེ་ གཏམ་བཟང་བཤད་ཅི་ ད་རུང་ང་བཅས་ཁྱེད་དང་མཉམ་གཅིག་སྡོད་པའི་བསྒང་ ང་བཅས་ཀྱི་སྤྱོད་ལམ་ལུ་བལྟ་སྟེ་ གཏམ་བཟང་འདི་བདེན་པ་ཨིནམ་ ཁྱེད་རང་གིས་ཤེས་ཅི། 6 དེ་ལས་ ཁྱེད་གཏམ་བཟང་གི་ཞོར་ཁར་ལས་ སྡུག་བསྔལ་ལེ་ཤ་མྱོང་སྟེ་ཡོད་རུང་ དམ་པའི་ཐུགས་ཉིད་ཀྱིས་གནང་མི་དགའ་ཚོར་གྱི་ཐོག་ལས་སྦེ་ ཁྱེད་གཏམ་བཟང་གོ་སྟེ་དད་པ་བསྐྱེད་ཅི་ ཁྱེད་ཀྱིས་དེ་སྦེ་འབདཝ་ད་ ང་བཅས་དང་གཙོ་བོ་གི་དཔེ་བཟུམ་སྦེ་འབད་ཡི། 7 དེ་འབདཝ་ལས་བརྟེན་ཏེ་ ཁྱེད་རའི་ལུང་ཕྱོགས་ མ་ཀེ་དོ་ནི་ཡ་དང་ ལུང་ཕྱོགས་ ཨ་ཀེ་ཡ་ནང་ ཡོད་མི་དདཔ་ཅན་ག་ར་གི་གདོང་ཁར་ལུ་ ཁྱེད་དཔེ་སྦེ་བྱུང་ཡི། 8 གཙོ་བོ་གི་གཏམ་བཟང་འདི་ མ་ཀེ་དོ་ནི་ཡ་དང་ ཨ་ཀེ་ཡ་ནང་རྐྱངམ་གཅིག་ཁྱབ་མེན་པར་ ང་བཅས་ས་ཆ་ག་སྟེ་འགྱོ་རུང་ ཁྱེད་ཀྱིས་དཀོན་མཆོག་ལུ་དད་པ་ག་དེ་སྦེ་བསྐྱེད་ཅི་ག་ མི་ཚུ་ག་ར་གིས་ལོ་རྒྱུས་སླབ་ཨིན་མས་ དེ་འབདཝ་ལས་ ང་བཅས་ཀྱིས་ཁྱེད་ཀྱི་དད་པ་གི་སྐོར་ལས་ ག་ནི་ཡང་སླབ་མིན་དགོ། 9 ང་བཅས་ཁྱེད་སྡོད་སར་འོངམ་ད་ལུ་ འབྱོན་པར་ལེགས་སོ་ག་དེ་སྦེ་ཞུ་ཡི་ག་ ཁྱེད་ག་དེ་སྦེ་སྐུ་ལས་སེམས་འགྱུར་ཏེ་ གསོན་པོ་དང་བདེན་པའི་དཀོན་མཆོག་ཁ་ཐུག་འོངས་ཏེ་ ཞབས་ཏོག་ཞུ་ཡི་ག་ མི་ཚུ་ཁོང་རང་གིས་རང་ ལོ་རྒྱུས་སླབ་ཨིན་མས། 10 དེ་མ་ཚད་ ཞིང་ཁམས་ལས་འབྱོན་ནི་འབད་མི་ དཀོན་མཆོག་གི་སྲས་ཡེ་ཤུ་འདི་ལུ་ ཁྱེད་ཀྱིས་རེ་བ་བསྐྱེད་དེ་སྒུག་སྡོདཔ་ཨིན་མས་ཟེར་ ང་བཅས་ལུ་སླབ་ཨིན་མས་ ཡེ་ཤུ་འདི་ གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་གནང་མི་ཨིནམ་མ་ཚད་ ང་བཅས་ལུ་དཀོན་མཆོག་གི་ཁྲིམས་ཕོག་ས་ལས་སྐྱབས་མཛད་དེ་བཞུགསཔ་ཨིན།།
1 དབའེ་སྤུན་ཆ་ཚུ་ ང་བཅས་ཁྱེད་འཕྱད་པར་འོང་མི་འདི་ ཁུངས་མེདཔ་མེན་པར་ ལེགས་ཤོམ་སོང་ཡི་ཟེར་ཁྱེད་ཀྱིས་ཤེས། 2 ཧེ་མ་ཁྲོམ་ ཕི་ལི་པི་ལུ་ང་བཅས་སྡུག་བསྔལ་མྱོང་སྟེ་ རོགས་ཀྱིས་ངོ་ཚ་སི་སི་བཟོ་ཡི་ཟེར་ཁྱེད་ཀྱིས་ཤེས་ ཨིན་རུང་ ཁྱེད་སྡོད་སར་འོངམ་ད་ རོགས་ཀྱིས་ང་བཅས་ལུ་བཀག་ཐབས་འབད་རུང་ དཀོན་མཆོག་ནང་སྤོབས་པ་ཆེ་ཏོག་ཏོ་སྦེ་ ཁྱེད་ལུ་དཀོན་མཆོག་གི་གཏམ་བཟང་འདི་ གནམ་མེད་ས་མེད་རྩ་འགེངས་ཏེ་བཤད་ཅི་། 3 ང་བཅས་ཀྱིས་གཏམ་བཟང་དེ་ ཨུ་ཚུགས་རྐྱབ་སྟེ་བཤདཔ་ད་ འཛོལ་བ་དང་སེམས་མ་གཙངམ་གི་ཐོག་ལས་མེནམ་མ་ཚད་ མི་ལུ་མགུ་བསྐོར་ནི་དང་ཀྲེམ་རྐྱབ་ནི་ཡང་མེན། 4 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ ཁོ་གི་གཏམ་བཟང་བཤད་པའི་འོས་འབབ་ ང་བཅས་ལུ་གནང་ཡི་ གཏམ་བཟང་བཤདཔ་ད་ མིའི་སེམས་ལྷུ་ནིའི་དོན་ལུ་མེན་པར་ དཀོན་མཆོག་གི་ཐུགས་དགྱེས་པའི་དོན་ལུ་ཨིན་ དཀོན་མཆོག་གིས་རྐྱངམ་གཅིག་ མིའི་སེམས་བརྟག་དཔྱད་གནངམ་ཨིན། 5 ཁྱེད་ཀྱིས་ཐད་རི་བ་རི་ཤེས་ ང་བཅས་ཁྱེད་ལུ་ངོ་དྲིན་བཀལ་ནིའི་དོན་ལུ་འོངམ་མེན་ ང་བཅས་རྒྱུ་ནོར་ཐོབ་པའི་རེ་བ་ལུ་ཡང་འོངམ་མེན་ དཀོན་མཆོག་གིས་ང་བཅས་ཀྱི་བློའི་འདོད་པ་མཁྱེན། 6 ང་བཅས་ཁིརཱིས་ཀྱི་སྐུ་ཚབ་གཅིག་ཨིནམ་ལས་ ཁྱེད་ལས་ཞེ་ས་ཐོབ་དགོཔ་ཅིག་ཨིན་རུང་ མི་ཚུ་དང་ཁྱེད་ལས་ང་བཅས་ཀྱིས་ཞེ་ས་མ་འཚོལ་ དེ་འབདཝ་ད་ ང་བཅས་ཁྱེད་དང་མཉམ་གཅིག་སྡོད་པའི་བསྒང་ ཨའི་གིས་རང་གི་ཨ་ལོ་ཚུ་ལུ་ འཇམ་ཏོག་ཏོ་འབད་དོཝ་བཟུམ་སྦེ་ ང་བཅས་ཀྱིས་ཁྱེད་ལུ་ཡང་དེ་སྦེ་འབད་ཡི། 8 ཁྱེད་ལུ་དཀོན་མཆོག་གི་གཏམ་བཟང་བཤད་ནི་ རྐྱངམ་གཅིག་མེན་པར་ ང་བཅས་ཀྱི་ཚེ་སྲོག་ཡང་ དགའ་སྤྲོ་གི་ཐོག་ལས་ བྱིན་ནིའི་དོན་ལུ་གྲ་སྒྲིག་སྦེ་སྡོད་ཅི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་དོན་ལུ་ཁྱེད་ གཅེས་པའི་སྤུན་སྦེ་བྱུང་ཡི། 9 དབའེ་སྤུན་ཆ་ཚུ་ ཁྱེད་ཀྱིས་དོན་ལས་རང་དྲན་འོང་ དཀོན་མཆོག་གི་གཏམ་བཟང་ ཁྱེད་ལུ་བཤད་དེ་སྡོད་པའི་བསྒང་ལུ་ ང་བཅས་ཀྱིས་ཁྱེད་ལུ་ལཱ་ཁག་བྱུང་མ་བཅུག་ནི་སྦེ་ ང་བཅས་ཀྱིས་ཉིན་ནུབ་མེད་པར་ ལཱ་འབད་དཀའཝ་སྤྱད་དེ་ ང་བཅས་རང་གི་ཟད་འགྲོ་དེ་སྦེ་གཏང་ཡི། 10 ང་བཅས་ཀྱིས་ཁྱེད་དད་པ་བསྐྱེད་མི་ཚུ་དང་མཉམ་ དམ་པ་དང་ ཆོས་སེམས་ཅན་དང་ སྐྱོན་ག་ནི་ཡང་མེདཔ་སྦེ་ སྤྱོད་ལམ་ལེགས་ཤོམ་འབད་དེ་ སྡོད་པའི་འཛོམ་དཔང་དེ་ ཁྱེད་ཀྱིས་འབདཝ་མ་ཚད་ ག་ར་དཀོན་མཆོག་གིས་མཁྱེན། 11 ད་རུང་ཁྱེད་ཀྱིས་ཤེས་ ཨ་པ་གིས་རང་གི་ཨ་ལོ་ལུ་ག་དེ་སྦེ་འབདཝ་ཨིན་ན་ འདི་བཟུམ་སྦེ་ང་བཅས་ཀྱིས་ཡང་ཁྱེད་ལུ་འབད་ཡི། 12 ང་བཅས་ཀྱིས་ཁྱེད་ལུ་ཡར་བསྟོད་རྐྱབ་ སེམས་གསོ་འབད་དེ་ ཁྱེད་ཀྱི་ཉིནམ་རེ་རེ་གི་སྤྱོད་ལམ་འདི་ དཀོན་མཆོག་གི་ཐུགས་དགོངས་དང་འཁྲིལ་ཏེ་སྡོད་ཟེར་ ཨུ་ཚུགས་རྐྱབ་སླབ་ཅི་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ ཁོ་རང་གི་རྒྱལ་སྲིད་དང་གཟི་བརྗིད་ནང་ ཁྱེད་ལུ་འབོ་དོ། 13 ང་བཅས་ཀྱིས་ཁྱེད་ལུ་ དཀོན་མཆོག་གི་གཏམ་བཟང་བཤདཔ་ད་ ཁྱེད་ཀྱིས་འདི་ལུ་ མི་གིས་སླབ་པའི་གཏམ་བཟུམ་ཅིག་སྦེ་མེན་པར་ དཀོན་མཆོག་ཁོ་རང་གི་གསུང་ལུ་ཉན་དོཝ་བཟུམ་སྦེ་ བདེན་འཛིན་རེ་ཡི་ དེའི་དོན་ལུ་ང་བཅས་ཨ་རྟག་རང་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུཝ་ཨིན་ ང་བཅས་ཀྱིས་སླབ་མི་འདི་ དོན་ལས་རང་དཀོན་མཆོག་ལུ་དད་པ་བསྐྱེད་མི་ཚུ་གི་སྦུག་ལུ་ དཀོན་མཆོག་གིས་ཕྱག་ལཱ་མཛད་དེ་ཡོད། 14 དབའེ་སྤུན་ཆ་ཚུ་ ཡུ་དེ་ཡ་ལུང་ཕྱོགས་ནང་དཀོན་མཆོག་གི་ཆོས་ཚོགས་ཚུ་ལུ་ ཡ་ཧུ་ད་པ་ཚུ་གིས་ གཙོ་བོ་ཁིརཱིས་ཡེ་ཤུ་ལུ་དད་པ་བསྐྱེད་མི་ཚུ་ལུ་ གནོད་འཚེ་བཀལཝ་བཟུམ་སྦེ་ ཁྱེད་རང་གི་གཡུས་ཁར་གྱི་མི་ཚུ་གིས་ ཁྱེད་ལུ་ཡང་གནོད་འཚེ་བཀལ་ཡི། 15 ཁོང་ ཡ་ཧུ་ད་པ་ཚུ་གིས་ ལུང་སྟོན་པ་ཚུ་ལུ་བསད་ནུག་ གཙོ་བོ་ཡེ་ཤུ་ལུ་ཡང་བཀྲོངས་ནུག་ ད་ ད་རེས་སྐབས་ ཡ་ཧུ་ད་པ་ཚུ་གིས་ ང་བཅས་ལུ་ཡང་གནོད་འཚེ་བཀལ་ཡི་ ཕྱིའི་མི་རིགས་ཚུ་ལུ་ སྐྱབས་མཛད་པའི་བློ་སླབ་ནི་དེ་ལུ་ ཁོང་གིས་བཀག་རྐྱབ་ཨིནམ་མ་ཚད་ དཀོན་མཆོག་གི་ཐུགས་མ་དགྱེས་མི་ལཱ་འབད་དེ་ མི་ག་ར་གི་ངོ་རྒོལ་འབདཝ་མས་ དེ་སྦེ་འབད་ནི་འདི་གིས་ ཁོང་རྟག་བུ་རང་སྡིག་པ་བསག་ནི་མང་སྟེ་ མཐའན་མཇུག་ལུ་དཀོན་མཆོག་གི་ཆདཔ་ ཁོང་གི་གུ་ཕོག་ཆེ་ཡི།། 17 དེ་འབདཝ་ད་སྤུན་ཆ་ཚུ་ ང་བཅས་དུས་ཡུན་དུམ་གྲ་ཅིག་གི་དོན་ལུ་ ཁྱེད་དང་མཉམ་གཅིག་ ལུས་འདི་ཁ་འཕྱལ་སོང་རུང་ ང་བཅས་རང་གི་སེམས་ཁར་ལས་ ཁ་མ་འཕྱལ་བར་ ང་བཅས་ཁྱེད་དང་མཉམ་གཅིག་ གནམ་མེད་ས་མེད་འཕྱད་དགོ་མནོ་སྟེ་ ཁྱེད་སྡོད་སར་ལོག་འོང་ནི་གི་ཐབས་ཤེས་འགྱིར་ཏེ་སྡོད་ཅི། 18 ང་ པའུལ་གྱིས་འཕྲལ་འཕྲལ་ ཁྱེད་སྡོད་སར་འོང་ནི་འབད་རུང་ བདུད་ སེ་ཏཱན་གྱིས་ང་བཅས་ལུ་བཀག་བརྐྱབས་ཅི། 19 ད་ང་བཅས་ཀྱིས་ག་ཅི་ལུ་བལྟ་སྟེ་ རེ་བ་དང་དགའ་ཚོར་བསྐྱེད་ནི་སྨོ་ ཤུལ་མ་གཙོ་བོ་ཡེ་ཤུ་ལོག་འབྱོན་པའི་སྐབས་ལུ་ ག་ཅི་གི་གསོལ་རས་ཐོབ་ནི་སྨོ་ ང་བཅས་ཀྱི་རེ་བ་དང་ དགའ་ཚོར་ དེ་ལས་གསོལ་རས་དེ་ ཁྱེད་ཨིན་མེན་ན། 20 དོན་ལས་རང་ཁྱེད་ལུ་བལྟ་སྟེ་ ངལ་རངས་དགའ་ཚོར་ཡང་ཐོབ་ཅི།
1 ང་བཅས་ཁྱེད་དང་མཉམ་འཕྱད་དགོ་མནོ་སྟེ་མ་ཆགས་པར་ རྩ་འགེངས་རུང་ མཐའན་མཇུག་ལུ་ང་བཅས་རང་འོང་མ་ཚུགས་པར་ ང་བཅས་གཉིས་ཁྲོམ་ ཨ་ཐེན་ནང་སྡོད་དེ། 2 ཏི་མོ་ཐི་ ཁྱེད་སྡོད་སར་བཏང་ཡི་ ཁོ་ཁིརཱིས་ཀྱི་གཏམ་བཟང་བཤད་ནི་ནང་ དཀོན་མཆོག་གི་ཕྱག་ལཱ་ནང་ ང་བཅས་ཀྱི་མཉམ་རོགསཔ་ཨིན་ ཁྱེད་ཀྱི་དད་པ་འདི་བརྟན་ཏོག་ཏོ་སྦེ་བཟོ་ནི་དང་ ཆ་རོགས་འབད་ནིའི་དོན་ལུ་ ང་བཅས་ཀྱིས་ ཏི་མོ་ཐི་བཏང་ཡི། 3 དེ་ སྡུག་བསྔལ་ཐོབ་པའི་སྐབས་ལུ་ ཁྱེད་ཀྱི་སྦུག་ལས་ མི་ག་ཡང་དཀོན་མཆོག་ལས་འཐུས་མ་ཤོར་བར་ དད་པ་ནང་སྒྲིང་སྒྲིང་སྦེ་སྡོད་ཚུགས་ནི་གི་དོན་ལུ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ དེ་སྦེ་བྱུང་མི་དེ་ དཀོན་མཆོག་གི་ཐུགས་དགོངས་ཨིན་ཟེར་ ཁྱེད་ཀྱིས་ཤེས། 4 ཧེ་མ་ང་བཅས་ཁྱེད་དང་གཅིག་ཁར་སྡོད་པའི་བསྒང་ ཨ་ནི་སྡུག་བསྔལ་འདི་འབྱུང་འོང་ཟེར་ང་བཅས་ཀྱིས་སླབ་ཅི་ འདི་བཟུམ་སྦེ་ར་སྡུག་བསྔལ་འབྱུངམ་ད་ ཁྱེད་ཀྱིས་ལེགས་ཤོམ་སྦེ་ཤེས་ཅི། 5 འདི་འབདཝ་ལས་བརྟེན་ཏེ་ བར་ཆད་ནང་ཚུད་བཅུག་མི་བདུད་དེ་གིས་ ཁྱེད་ལུ་བར་ཆད་བརྐྱབས་ཏེ་ ང་བཅས་ཀྱིས་འབད་མི་ལཱ་དེ་ཚུ་ དོན་དག་མེདཔ་འགྱོ་དོ་ཟེར་མནོ་སྟེ་ ང་གནམ་མེད་ས་མེད་ཚ་གྱང་ལངས་ཏེ་ ང་རང་གིས་ཁྱེད་ཀྱི་དད་པ་འདི་བལྟ་ནིའི་དོན་ལུ་ ཏི་མོ་ཐི་བཏང་ཡི། 6 ད་ལྟོ་ ཏི་མོ་ཐི་ ཁྱེད་སྡོད་ས་ལས་ལོག་འོངམ་ད་ ཁྱེད་ཆ་ཁྱབ་དཀོན་མཆོག་ལུ་དད་པ་བསྐྱེད་དེ་ གཅིག་གིས་གཅིག་ལུ་བྱམས་པ་འབད་དེ་སྡོདཔ་མས་ཟེར་ ཁྱེད་ཆ་ཁྱབ་ཀྱི་སྐོར་ལས་ཧན་ཏོང་ཏོ་སྦེ་སླབ་དེས་ འདི་མ་ཚད་ ཁྱེད་ཀྱིས་ང་བཅས་ཀྱི་སྐོར་ལས་ལེགས་ཤོམ་སྦེ་སླབ་མ་ཚད་ ང་བཅས་ཀྱིས་ཁྱེད་དང་མཉམ་གཅིག་འཕྱད་དགོ་མནོ་དོཝ་བཟུམ་སྦེ་ ཁྱེད་ཡང་ང་བཅས་དང་འཕྱད་དགོ་མནོ་སྟེ་ སེམས་ཁར་ལུ་དྲན་ཏེ་སྡོདཔ་མས་ཟེར་སླབ་དེས། 7 འདི་གི་དོན་ལུ་སྤུན་ཆ་ཚུ་ ང་བཅས་ཀྱིས་སྡུག་བསྔལ་དང་དཀའ་ངལ་འདི་ཚུ་མྱོང་སྟེ་སྡོདཔ་ད་ ཁྱེད་ཀྱི་དད་པ་ཤུགས་ཆེ་དྲགས་ཀྱི་སྐོར་ལས་གོ་སྟེ་ ང་བཅས་སེམས་གསོ་ཐོབ་ཅི། 8 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་གཙོ་བོ་དང་འཁྲིལ་ཏེ་ དད་པ་སྒྲིང་སྒྲིང་སྦེ་སྡོད་ནི་འདི་གིས་ ང་བཅས་ཀྱི་མི་ཚེ་འདི་དོན་དང་ལྡནམ་སོང་ཡི། 9 ཁྱེད་ཀྱི་སྐོར་ལས་གོཝ་ད་ དཀོན་མཆོག་གི་སྐུ་མདུན་ལུ་དགའ་སྤྲོ་བྱུང་སྟེ་ ང་བཅས་ཀྱིས་ཁྱེད་ཀྱི་དོན་ལས་ དཀོན་མཆོག་ལུ་ག་དེ་སྦེ་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན་ན་ ཞུ་མི་ཚུགས་པས། 10 ང་བཅས་ཀྱིས་ཁྱེད་དང་ཁ་འཕྱད་ཚུགས་ནིའི་དོན་ལུ་དང་ ཁྱེད་ཀྱི་དད་པ་ནང་ལུ་ ག་དགོ་མི་འདི་ཐོབ་ཚུགས་ནི་གི་དོན་ལུ་ ཉིན་ནུབ་མེད་པར་སེམས་ཀྱི་གཏིང་ལས་རང་ སྨོན་ལམ་ཞུ་སྟེ་སྡོདཔ་ཨིན། 11 ང་བཅས་ཀྱི་ཡབ་དཀོན་མཆོག་ཁོ་རང་དང་ གཙོ་བོ་ཡེ་ཤུ་གིས་ ང་བཅས་ཁྱེད་སྡོད་སར་འོང་ནི་གི་ལམ་འདི་སེལ་གནང་བཅུག 12 ང་བཅས་ཀྱིས་ཁྱེད་ལུ་ག་དེ་སྦེ་བྱམས་པ་འབད་དོ་ག་ འདི་བཟུམ་སྦེ་ར་ ཁྱེད་རང་གཅིག་གིས་གཅིག་ལུ་དང་ མི་ག་ར་ལུ་ བྱམས་པ་འབད་ནི་གི་དོན་ལུ་ གཙོ་བོ་གིས་ཁྱེད་ཀྱི་སེམས་ཁར་ཡར་རྒྱས་མཛད་བཅུག 13 འདི་བཟུམ་སྦེ་རང་ གཙོ་བོ་ཡེ་ཤུ་ཁོ་རང་གི་མི་ཚུ་དང་མཉམ་འབྱོན་པའི་སྐབས་ལུ་ ང་བཅས་ཀྱི་ཡབ་དཀོན་མཆོག་གི་སྐུ་མདུན་ སྐྱོན་ག་ནི་ཡང་མེདཔ་དང་ མི་དམ་པ་སྦེ་སྡོད་ནི་གི་དོན་ལུ་ ཁྱེད་ཀྱི་སེམས་སྒྲིང་སྒྲིང་མཛད་གནང་བཅུག།
1 དབའེ་སྤུན་ཆ་ཚུ་ མཐའན་མཇུག་ལུ་དོན་དག་མདོར་བསྡུས་ཏེ་ཞུ་བ་ཅིན་ ང་བཅས་ཀྱིས་ཁྱེད་ལུ་སྟོན་དོ་བཟུམ་སྦེ་ ཁྱེད་ཀྱིས་ དཀོན་མཆོག་གི་ཐུགས་དགྱེས་པའི་ལཱ་དང་ སྤྱོད་ལམ་ལེགས་ཤོམ་ཚུ་འབད་དེ་རང་སྡོད་ནུག་ ད་རུང་འདི་ལས་ལྷགཔ་སྦེ་ སྤྱོད་ལམ་ལེགས་ཤོམ་འབད་དེ་སྡོད་ཟེར་ ང་བཅས་ཀྱིས་གཙོ་བོ་ཡེ་ཤུ་གི་མཚན་ནང་ ཁྱེད་ལུ་ཞུ་བ་ཕུལ་དོ། 2 ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་ཡེ་ཤུ་གིས་ང་བཅས་ལུ་གནང་མི་དབང་ཚད་ཀྱི་ཐོག་ལས་སྦེ་ ང་བཅས་ཀྱིས་ཁྱེད་ལུ་སྟོན་བྱིན་མི་བཀོད་རྒྱ་དེ་ཚུ་ ཁྱེད་ཀྱིས་ཤེས། 3 ཁྱེད་ འདོད་ཆགས་དང་ སྤྱོད་པ་ངན་པའི་དབང་དུ་མ་གཏང་བར་ ལུས་གཙང་ཏོག་ཏོ་སྦེ་སྡོད་དགོཔ་དེ་ དཀོན་མཆོག་གིས་ཐུགས་དགྱེས་མི་ལཱ་དེ་ ཨ་ནི་ཨིན། 4 ད་ག་གིས་རང་འབད་རུང་ གུས་ཞབས་དང་ལྡན་ནི་དང་ ལུས་གཙང་ཏོག་ཏོ་སྦེ་སྡོད་དགོ་པ་ཅིན་ རང་གི་ལུས་ལུ་འདོད་ཆགས་ཀྱི་བཀག་ཐབས་ ག་དེ་སྦེ་འབད་ནི་ཨིན་ན་ ཁྱེད་ཀྱིས་ལྷབ་དགོ། 5 དཀོན་མཆོག་དང་གཞན་འབྲེལ་མེད་མི་ ཕྱིའི་མི་རིགས་དེ་ཚུ་བཟུམ་སྦེ་ ཁྱེད་རང་གིས་འདོད་པ་ལུ་ཆགས་ཏེ་སྡོད་ནི་མི་འོང་། 6 ཨ་ནི་བློ་འདི་གི་སྐོར་ལས་ ག་ར་འབད་རུང་ ཁྱེད་རང་ཡེ་ཤུ་པ་སྤུན་ཆ་གི་སྦུག་ལུ་ ཆ་རོགས་བཟོ་ཞིནམ་ད་ འདོད་ཆགས་ཀྱིས་དབང་དུ་གཏང་སྟེ་ ལཱ་ངན་པ་འབད་ནི་མི་འོང་ ཨ་ནི་ལོ་རྒྱུས་འདི་ཚུ་ང་བཅས་ཀྱིས་ཁྱེད་ལུ་ཧེ་མ་ལས་བརྡ་ཞུ་དོ་ ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་གིས་ འདི་ཚུ་ག་ར་མཁྱེན་ཏེ་ཁྲིམས་བཀལ་འོང་།། 7 ང་བཅས་འདོད་ཆགས་ལུ་བརྟེན་ཏེ་ བཙོག་པ་སྦེ་སྡོད་ནི་མེན་པར་ དཀོན་མཆོག་གིས་ང་བཅས་ལུ་གཙང་ཏོག་ཏོ་སྦེ་སྡོད་ནི་དོན་ལུ་ འབོ་འབོཔ་ཨིན། 8 དེ་འབདཝ་ལས་བརྟེན་ཏེ་ ང་བཅས་ཀྱིས་སྟོན་མི་བཀོད་རྒྱ་འདི་ལུ་ཆ་མ་བཞག་མི་དེ་ མི་ལུ་ཆ་མ་བཞགཔ་མེན་པར་ དམ་པའི་ཐུགས་ཉིད་གནང་མི་དཀོན་མཆོག་ལུ་ ཆ་མ་བཞགཔ་ཨིན། 9 ད་ང་བཅས་ཀྱིས་ཁྱེད་དདཔ་ཅན་སྤུན་ཆ་ཚུ་ལུ་ གཅིག་གིས་གཅིག་ལུ་ བྱམས་པ་ག་དེ་སྦེ་འབད་དགོ་ག་ཟེར་ ད་རུང་འབྲི་མི་དགོ་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁྱེད་ལུ་ འདི་གི་སྐོར་ལས་སྟོན་གནང་ཚར་ཡི། 10 དོན་ལས་རང་ཁྱེད་ཀྱིས་ མ་ཀེ་དོ་ནི་ཡ་ལུང་ཕྱོགས་ཀྱི་དདཔ་ཅན་སྤུན་ཆ་ག་ར་ལུ་ བྱམས་པ་འབདཝ་ཨིན་མས་ འདི་རང་ཨིན་རུང་ འདི་ལས་ཡང་ལྷགཔ་སྦེ་ འཕྲོ་མཐུད་དེ་རང་འབད་ཟེར་ ང་བཅས་ཀྱིས་ཁྱེད་ལུ་དྲན་བསྐུལ་ཞུ་དོ། 11 ག་གིས་རང་འབད་རུང་ ཞི་བདེ་ལུ་དགའ་ནི་དང་ གཞན་གྱི་བར་ན་དཀྲོགས་ཁ་མ་རྐྱབ་ནི་ རང་གི་ལཱ་དེ་ རང་གི་ལག་པ་གིས་འབད་ནི་གི་རེ་འདོད་བསྐྱེད་དགོ། 12 ཨ་རྟག་ར་ཁྱེད་ཀྱི་མི་ཚེ་ནང་འདི་བཟུམ་སྦེ་འབད་བ་ཅིན་ རང་ལུ་དགོ་མི་གཞན་ལས་རེ་མི་དགོཔ་མ་ཚད་ དད་པ་མ་བསྐྱེད་མི་དེ་ཚུ་གིས་ཡང་ ཁྱེད་ཀྱི་སྤྱོད་ལམ་ལུ་བལྟ་སྟེ་ ཁྱེད་ལུ་ཞེ་ས་འབད་འོང་།། 13 མི་གཅིག་གྱོངསམ་ད་ ག་ནི་ཡང་མ་ཤེས་མི་ རེ་བ་མེད་མིའི་མི་ཚུ་བཟུམ་སྦེ་ ཁྱེད་དདཔ་ཅན་སྤུན་ཆ་ཚུ་ སེམས་ཤི་སྟེ་མ་སྡོད་ ང་བཅས་ཡེ་ཤུ་པ་ཚུ་གྱོངསམ་ད་ ག་ཅི་འབྱུང་ནི་ཨིན་ན་ དེ་ཁྱེད་ལུ་སླབ་དོ། 14 ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་གཤགས་ས་ལས་ སྐུ་གསོན་པོ་སྦེ་བཞེངསམ་ལས་བརྟེན་ཏེ་ ད་རུང་ཡེ་ཤུ་ལོག་འབྱོནམ་ད་ ཁོ་ལུ་དད་པ་བསྐྱེད་དེ་གྱོངས་སོང་མི་འདི་ཚུ་ལུ་ཡང་ དཀོན་མཆོག་གིས་ཤི་ས་ལས་ཡར་ལྷོང་གནང་སྟེ་ ཡེ་ཤུ་དང་མཉམ་གཅིག་སྡོད་བཅུག་ནི་ཨིན་ཟེར་ ང་བཅས་ཀྱིས་དད་པ་བསྐྱེདཔ་ཨིན། 15 གཙོ་བོ་ཡེ་ཤུ་གིས་གསུངས་མི་དེ་དང་འཁྲིལ་ཏེ་ ང་བཅས་ཀྱིས་ཁྱེད་ལུ་སླབ་ཨིན་ ཡེ་ཤུ་ལོག་འབྱོན་པའི་དུས་ལུ་ གསོན་པོ་སྦེ་སྡོད་ཡོད་མི་ཚུ་ ཡེ་ཤུ་དང་གཅིག་ཁར་ ཐད་རི་བ་རི་ ཁོང་གྱོངས་སོང་མི་དེ་ཚུ་གི་ཧེ་མ་མི་འགྱོ། 16 ག་ཅི་སྨོ་ཟེར་བ་ཅིན་ བཀའ་གནང་ཞིནམ་ད་ ཕོ་ཉ་སྦོམ་ཤོས་གཅིག་གིས་སྐད་རྐྱབ་ དཀོན་མཆོག་གི་དུང་ཕུ་སྟེ་ གཙོ་བོ་ཁོ་རང་གནམ་ཁ་ལས་མར་བྱོན་ཏེ་ དང་པ་ ཁིརཱིས་ལུ་དད་པ་བསྐྱེད་དེ་གྱོངས་སོང་མི་དེ་ཚུ་ ག་ར་གསོན་པོ་སྦེ་ལོང་ནི་ཨིན། 17 དེ་ལས་ང་བཅས་གསོན་པོ་སྦེ་སྡོད་མི་འདི་ཚུ་ ཁོང་གྱོངས་སོང་མིའི་མི་ཚུ་གསོན་པོ་སྦེ་ལོང་མི་དང་གཅིག་ཁར་ གཙོ་བོ་དང་མཇལ་བ་ ཡར་ས་སྨུག་ནང་ལུ་འཁྱིད་དེ་འགྱོ་འོང་ དེ་ལས་ང་བཅས་དུས་རྒྱུན་དུ་རང་ གཙོ་བོ་དང་མཉམ་གཅིག་སྡོད་འོང་། 18 དེ་ལས་ཕར་ ཨ་ནི་ལོ་རྒྱུས་འདི་ཚུ་གིས་ གཅིག་གིས་གཅིག་ལུ་སེམས་གསོ་འབད་དེ་ དགའ་ཚོར་འགྱུར།།
1 དབའེ་སྤུན་ཆ་ཚུ་ ད་ཉིནམ་དང་དུས་ཚོད་ཀྱི་སྐོར་ལས་ ང་བཅས་ཀྱིས་ཁྱེད་ལུ་འབྲི་མི་དགོ། 2 ག་ཅི་སྨོ་ཟེར་བ་ཅིན་ ཨརཝ་དེ་ཚུ་ནུབ་མོ་དུས་ཚོད་ག་དེམ་ཅིག་ལུ་འོངམ་ཨིན་ན་ ག་གིས་ཡང་མི་ཤེས་ དེ་བཟུམ་སྦེ་ གཙོ་བོ་གི་ཉིནམ་དེ་ཡང་ ནམ་འོང་ནི་ཨིན་ན་མི་ཤེས་ཟེར་ ཁྱེད་རང་གིས་ལེགས་ཤོམ་སྦེ་ཤེས། 3 མི་ཚུ་གིས་དུས་སྐྱིད་ཏོང་ཏོ་དང་ཞི་བདེ་ཡོད་ཟེར་ སླབ་སྡོད་པའི་བར་ན་ དཔེར་ན་ཨམ་སྲུ་ཨ་ལོ་སྐྱེས་བའི་ན་ཟུག་རྐྱབ་དོཝ་བཟུམ་སྦེ་ རྐྱེན་ངན་དེ་ཡང་ དེ་འཕྲོ་ལས་ཕོག་འོངམ་ད་ ཁོང་གིས་སྤར་མི་ཐར། 4 དེ་འབདཝ་ད་སྤུན་ཆ་ཚུ་ ཁྱེད་གནག་དུང་དུ་ནང་སྡོད་མིའི་མི་མེན་ གཙོ་བོ་གི་ཉིནམ་དེ་ ཨརཝ་འོང་དོ་བཟུམ་སྦེ་འོངམ་ད་ ཉིནམ་དེ་གིས་ ཁྱེད་རྣམ་རྟོག་ལང་མ་བཅུག 5 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་འོད་ཀྱི་ཨ་ལོ་དང་ ཉིན་མ་ལཱ་འབད་མི་ཚུ་ཨིན་ ང་བཅས་ཆ་ཁྱབ་གནག་དུང་དུ་ནང་ ལཱ་འབད་མི་དང་ནུབ་མོ་གི་ཨ་ལོ་མེན། 6 འདི་གི་དོན་ལུ་ང་བཅས་མི་གཞན་ གཉིད་ལོག་སྡོད་མི་བཟུམ་སྦེ་མེན་པར་ ང་བཅས་དྲན་པ་བཏོན་ཏེ་ མཚམས་ཚོད་ཤེསཔ་སྦེ་སྡོད་དགོ། 7 ག་ཅི་སྨོ་ཟེར་བ་ཅིན་ ཁོང་གཉིད་ཁུག་མི་ཚུ་ ནམ་ནུབ་མོ་ར་ གཉིད་ཁུགཔ་ཨིན་ ཁོང་ཆང་འགྲངས་མི་ཚུ་ ནུབ་མོ་ར་ ཆང་འགྲངས་ཏེ་ ག་ནི་ཡང་མ་ཤེས་པར་ལུསཔ་ཨིན། 8 དེ་འབདཝ་ད་ ང་བཅས་འོད་ནང་སྡོད་མིའི་མི་འབད་ནི་འདི་གིས་ མཚམས་ཚོད་ཤེས་ཏེ་སྡོད་དགོ་ དེ་མ་ཚད་ གོ་ཁྲབ་གྱོན་ཏེ་སྲུང་སྐྱོབ་འབད་དོཝ་བཟུམ་ ང་བཅས་ཀྱིས་ཡང་ རང་ལུ་སྐྱབས་འབད་ནི་སྦེ་ དད་པ་བསྐྱེད་དེ་ བྱམས་པ་འབད་དགོ་ ད་རུང་ མགུ་ཏོ་གུ་ལྕགས་རྨོག་བཙུགས་ཏེ་སྲུང་སྐྱོབ་འབད་དོཝ་བཟུམ་ ང་བཅས་ཀྱིས་ཡང་ སྲུང་སྐྱོབ་འབད་ནིའི་དོན་ལུ་ ཐར་པ་ཐོབ་ནི་གི་རེ་བ་བསྐྱེད་དེ་སྡོད་དགོ། 9 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཆདཔ་གནང་ནི་སྦེ་ ང་བཅས་ལུ་བཙག་འཐུ་མ་མཛད་ ཨིན་རུང་ ཁོ་གིས་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་སྒོ་ལས་ སྐྱབས་མཛད་དེ་ཐར་པ་གནང་ནི་སྦེ་ ང་བཅས་ལུ་བཙག་འཐུ་མཛད་གནང་ནུག 10 གཙོ་བོ་ཡེ་ཤུ་གཤགས་ནི་འདི་གིས་ ཁོ་ལོག་བྱོན་པའི་དུས་ལུ་ ང་བཅས་གསོན་པོ་སྦེ་སྡོད་རུང་ ཤི་སྟེ་སྡོད་རུང་ རྒྱུན་ཆད་མེད་པར་ ཁོ་དང་གཅིག་ཁར་གསོན་པོ་སྦེ་སྡོད་ནི་ཨིན། 11 དེ་འབདཝ་ལས་བརྟེན་ཏེ་ ཁྱེད་ཀྱིས་ད་ལྟོ་ཚུན་ཚོད་འབད་དོཝ་བཟུམ་སྦེ་རང་ གཅིག་གིས་གཅིག་ལུ་དྲན་བསྐུལ་ཞུ་སྟེ་ དད་པ་ནང་སྒྲིང་སྒྲིང་འགྱོ་ནི་གི་དོན་ལུ་ ཆ་རོགས་འབད།། 12 དབའེ་སྤུན་ཆ་ཚུ་ ད་ལྟོ་ང་བཅས་ཀྱིས་ཁྱེད་ལུ་དྲན་བསྐུལ་ཞུཝ་ཨིན་ ཁྱེད་ཀྱི་སྦུག་ལུ་ དཀའཝ་སྤྱད་དེ་ ཁྱེད་ལུ་སློབ་སྟོན་འབད་མི་ དཀོན་མཆོག་གི་ཕྱག་ལཱ་འབད་མིའི་འགོ་འདྲེན་པ་འདི་ཚུ་ལུ་ ཁྱེད་ཀྱིས་ཞེ་ས་འབད་དེ་སྡོད། 13 ཁོང་ཆ་ཁྱབ་ཀྱིས་ འདི་ཚུ་ག་ར་ ཁྱེད་ཀྱི་དོན་ལུ་འབདཝ་ཨིན་ཟེར་མནོ་སྟེ་ ཁོང་ལུ་བྱམས་པ་གི་ཐོག་ལས་སྦེ་ གུས་ཞབས་ཡང་འབད་དགོ་ དེ་ལས་ད་རུང་ ཁྱེད་རང་ནང་འཁོད་ནང་འཆམ་ཏོག་ཏོ་སྦེ་སྡོད། 14 དབའེ་སྤུན་ཆ་ཚུ་ མི་སྒྱིད་ངན་ཅན་དེ་ཚུ་ལུ་ཉེན་བརྡ་བྱིན་ སེམས་ཆུང་དེ་ཚུ་ལུ་ བློ་ཁོག་ཆེ་ཏོག་ཏོ་བཟོ་ནི་གི་བསླབ་བྱ་བྱིན་ མི་ཞན་པ་དེ་ཚུ་ལུ་ཆ་རོགས་འབད་བྱིན་ དེ་ལས་མི་ག་ར་ལུ་ ཁྱེད་ཀྱིས་བཟོདཔ་བསྒོམས་ཏེ་སྡོད་ཟེར་ ང་བཅས་ཀྱིས་དྲན་བསྐུལ་འབད་དོ། 15 ཁྱེད་ཀྱི་སྦུག་ལུ་ ག་གིས་འབད་རུང་ ངན་པ་གི་ཚབ་མ་ལུ་ངན་པ་མ་འབད་ དདཔ་ཅན་འབད་རུང་ མི་གཞན་འབད་རུང་ ག་ར་ལུ་ ཨ་རྟག་རང་ལེགས་ཤོམ་སྦེ་འབད་བྱིན་དགོ། 16 དེ་ལས་ཨ་རྟག་རང་སེམས་དགའ་སྤྲོ་གི་ངང་ལུ་སྡོད། 17 དུས་རྒྱུན་དུ་རང་སྨོན་ལམ་ཞུ་སྟེ་སྡོད། 18 སྟབས་བདེཝ་མ་བདེཝ་ག་ཅི་རང་བྱུང་རུང་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་སྟེ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཁིརཱིས་ཡེ་ཤུ་ལུ་དད་པ་བསྐྱེད་མི་དེ་ཚུ་གི་སྡོད་ཐངས་དེ་ དཀོན་མཆོག་གི་ཐུགས་དགོངས་དང་འཁྲིལ་ཏེ་ཨིན། 19 དམ་པའི་ཐུགས་ཉིད་ཀྱིས་ཕྱག་ལཱ་མཛད་མི་དེ་ལུ་ ཁྱེད་ཀྱིས་བཀག་སྟེ་མ་བཞག 20 ལུང་བསྟན་གྱི་གསུང་ལུ་མར་སྨད་མ་བརྐྱབ། 21 གསུང་ག་ར་བརྟག་ཞིབ་འབད་ཞིནམ་ད་ བཟང་པོ་དེ་ཚུ་སེམས་ཁར་ལུ་བཞག 22 ངན་པ་དེ་ཚུ་ག་ར་སྤང་སྟེ་སྡོད།། 23 དེ་ལས་ཞི་བདེ་གནང་མི་དཀོན་མཆོག་ཁོ་རང་གིས་ ཁྱེད་ལུ་ཡོངས་སུ་རྫོགསཔ་སྦེ་གཙངམ་མཛད་བཅུག་ གཙོ་བོ་ཡེ་ཤུ་ཁིརཱིས་ལོག་མ་འབྱོན་ཚུན་ཚོད་ ཁྱེད་ཀྱི་སེམས་དང་རྣམ་ཤེས་ ལུས་དེ་ཚུ་ སྐྱོན་ག་ཅི་ཡང་མེདཔ་སྦེ་ བསྲུང་སྐྱབས་མཛད་དེ་བཞག་བཅུག 24 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ལུ་འབོ་མི་དཀོན་མཆོག་འདི་ དམ་ཚིག་ཅན་ཨིན་ ག་ཅི་འབད་རུང་ ཁོ་རང་གི་ཞལ་ལས་གསུངས་དོཝ་བཟུམ་སྦེ་རང་མཛད་འོང་། 25 སྤུན་ཆ་ཚུ་ང་བཅས་ཀྱི་དོན་ལུ་སྨོན་ལམ་ཞུ་གནང་། 26 སྤུན་ཆ་ག་ར་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་གནང་། 27 དེ་ལས་ང་གིས་ གཙོ་བོ་གི་མཚན་ནང་ ཨ་ནི་ཡི་གུ་འདི་ སྤུན་ཆ་ག་ར་ལུ་ཡང་ལྷག་སྟེ་བྱིན་ཟེར་དྲན་བསྐུལ་འབད་དོ། 28 ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཐུགས་རྗེ་འདི་ ཁྱེད་དང་གཅིག་ཁར་བཞུགས་བཅུག། །།
1 ཡབ་དཀོན་མཆོག་དང་ གཙོ་བོ་ཡེ་ཤུ་ཁིརཱིས་ནང་ཡོད་མི་ ཁྲོམ་ ཐེ་ས་ལོ་ནི་ཀ་གི་ཆོས་ཚོགས་ལུ་ ང་ པའུལ་དང་ སཱིལ་ཝ་ནུས་དང་ ཏི་མོ་ཐི་གིས་ཁྱེད་ལུ་ ཨ་ནི་ཡི་གུ་འདི་འབྲི་དོ། 2 ང་བཅས་ཀྱི་ཡབ་དཀོན་མཆོག་དང་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱིས་ ཁྱེད་ལུ་ཐུགས་རྗེ་དང་ཞི་བདེ་གནང་བཅུག། 3 ང་བཅས་ཀྱི་སྤུན་ཆ་ཚུ་ ཁྱེད་ཀྱི་སྐོར་ལས་ དཀོན་མཆོག་ལུ་དུས་རྟག་བུ་རང་ ང་བཅས་ཀྱིས་བཀའ་དྲིན་ཆེ་ཟེར་ཞུཝ་ཨིན་ དེ་སྦེ་ཞུ་དགོཔ་དེ་ཀྲིག་ཀྲི་ར་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་དད་པ་གནམ་མེད་ས་མེད་ ཡར་རྒྱས་འགྱོཝ་ཨིནམ་མ་ཚད་ ཁྱེད་རང་ གཅིག་གིས་གཅིག་ལུ་ བྱམས་པ་འབད་ནི་ཡར་སེང་འགྱོ་དེས། 4 དེ་འབདཝ་ལས་བརྟེན་ དཀོན་མཆོག་གི་ཆོས་ཚོགས་ཚུ་ནང་ ཁྱེད་ལུ་ག་དེ་ཅིག་གནོད་འཚེ་དང་ དཀའ་ངལ་ཚུ་བྱུང་སྟེ་འབད་རུང་ ཁྱེད་ཀྱིས་བཟོད་པ་བསྒོམས་ཏེ་ དད་པ་ནང་སྒྲིང་སྒྲིང་སྦེ་སྡོད་པའི་སྐོར་ལས་ ང་བཅས་ཀྱིས་བསྟོད་པ་རྐྱབ་ཨིན། 5 ཁྱེད་ལུ་གནོད་འཚེ་བཀལ་རུང་ དེ་ཚུ་བཟོད་པ་བསྒོམ་ནི་དེ་གིས་ ཁྱེད་ལུ་དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་ནི་གི་འོས་འབབ་ཡོད་ དེ་ལས་ཨ་ནི་འདི་ དཀོན་མཆོག་གིས་ ཁྲིམས་ཕྲང་སྟེ་ཕྱེཝ་ཨིན་ཟེར་བའི་ཁུངས་བཀལཝ་ཨིན།། 6 ཁྱེད་ལུ་གནོད་འཚེ་བཀལ་མི་ཚུ་ལུ་ དཀོན་མཆོག་གིས་ ལོག་སྟེ་གནོད་འཚེ་ སྐྱིན་མ་གནང་མི་འདི་ ཀྲིག་ཀྲི་རང་ཨིན། 7 གཙོ་བོ་ཡེ་ཤུ་གནམ་ཁ་ལས་མེ་ལྷབ་ནང་ལུ་ ཁོ་རང་གི་ཤུགས་ཅན་ཕོ་ཉ་ཚུ་དང་གཅིག་ཁར་བྱོན་ཏེ་ དཀོན་མཆོག་དང་གཞན་འབྲེལ་མེད་ཟེར་སླབ་མི་ཚུ་ལུ་དང་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་གི་སྐོར་ལས་ གཏམ་བཟང་ལུ་མ་ཉན་མི་ཚུ་ལུ་ ཁྲིམས་གཏངམ་ད་ ཁྱེད་བསྡུག་བསྔལ་མྱོང་སྡོད་མི་ཚུ་ལུ་ ང་བཅས་དང་གཅིག་ཁར་ངལ་འཚོ་ཐོབ་ནི་ཨིན། 9 དཀོན་མཆོག་དང་གཞན་འབྲེལ་མེད་ཟེར་སླབ་མི་ཚུ་ལུ་ དུས་རྒྱུན་དུ་རང་རྩ་མེད་གཏང་ནི་གི་ཉེས་ཆད་ཕོག་ནི་ཨིནམ་མ་ཚད་ གཙོ་བོ་གི་སྐུ་མདུན་དང་ ཁོ་གི་གཟི་བརྗིད་དང་ལྡན་པའི་དབང་ལས་ ཁ་འབྲལ་སྡོད་འོང་། 10 དེ་ནམ་ལུ་འབྱུང་ནི་ཨིན་ན་ཟེར་བ་ཅིན་ གཙོ་བོ་བྱོན་པའི་ཉིནམ་ལུ་འབྱུང་འོང་ དེའི་ཉིནམ་ ཁོ་རའི་དམ་པའི་མི་ཚུ་ལས་བསྟོད་པ་ཐོབ་ནིའི་དོན་ལུ་དང་ ཁོ་ལུ་དད་པ་བསྐྱེད་མི་ཚུ་ ཧ་ལས་ནིའི་དོན་ལུ་ བྱོན་ནི་ཨིན་ ད་ཁྱེད་ འདི་ཚུ་གི་གྲལ་ཁར་ཚུད་འོང་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་ཁོ་གི་སྐོར་ལས་འཛོམ་དཔང་འབདཝ་ད་ ཁྱེད་ཀྱིས་དད་པ་བསྐྱེད་ཅི།། 11 དེ་འབདཝ་ལས་ ང་བཅས་རྟག་བུ་རང་ ཁྱེད་ཀྱི་དོན་ལུ་སྨོན་ལམ་ཞུཝ་ཨིན་ སྨོན་ལམ་ནང་དཀོན་མཆོག་གིས་ཁྱེད་ལུ་ དོན་དག་ག་ཅི་གི་དོན་ལུ་འབོ་འབོཔ་ཨིན་ན་ དེ་ནང་ཁྱེད་འོས་འབབ་ཡོད་མི་གཅིག་བྱུང་བཅུག་ དེ་ལས་ཁོ་གི་དབང་གིས་འབད་ ཁྱེད་ཀྱི་བསམ་པ་བཟང་པོ་དང་ དད་པ་གི་ལཱ་ག་ར་གྲུབ་བཅུག་ཟེར་ཞུཝ་ཨིན། 12 དེ་འབདཝ་ལས་ མི་ག་ར་གིས་ཁྱེད་ཀྱི་ཐོག་ལས་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་གི་མཚན་ལུ་ བསྟོད་པ་དང་ཞེ་ས་ཕུལ་ནི་ཨིནམ་མ་ཚད་ ཁོ་གིས་ཁྱེད་ལུ་ཡང་བསྟོད་པ་གནང་ནི་ཨིན་ དེ་ག་ར་ང་བཅས་ཀྱི་དཀོན་མཆོག་དང་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཐུགས་རྗེ་ལས་སྦེ་ཐོབ་ནི་ཨིན།།
1 དབའེ་སྤུན་ཆ་ཚུ་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་བྱོན་པའི་ཉིནམ་དང་ ང་བཅས་ག་ར་ ཁོ་གི་སྐུ་མདུན་ལུ་གཅིག་ཁར་འཛོམ་ནི་གི་སྐོར་ལས་ བློ་གཅིག་སླབ་པ་ཅིན། 2 གཙོ་བོ་གི་ཉིནམ་དེ་ལྷོད་ཅི་ཟེར་ ཁྱེད་ཚ་གྱང་ལང་ མགུ་འཐོམ་སྟེ་མ་སྡོད་ཟེར་སླབ་ནི་ཨིན་ ཉིནམ་དེ་གི་སྐོར་ལས་ གཞན་ཚུ་གིས་ ང་བཅས་ཀྱིས་ལུང་བསྟན་ ཡང་ན་ཁ་འཐེན་ ཡང་ན་ཡི་གུ་ནང་དེ་སྦེ་བྲིས་ཡི་ཟེར་སླབ་འོང་། 3 མི་ཚུ་གིས་ཁྱེད་ལུ་ ག་དེ་སྦེ་འབད་རུང་ མགུ་བསྐོར་ནང་བཙུགས་མ་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ དང་པ་ མི་ལེ་ཤ་གིས་དཀོན་མཆོག་ལུ་ངོ་རྒོལ་འབད་དགོཔ་ཨིནམ་མ་ཚད་ ཁྲིམས་དང་མ་ལྡན་མིའི་མི་ དུས་རྒྱུན་དུ་རང་རྩ་མེད་གཏང་ནིའི་ཉེས་ཆད་ཕོག་མི་དེ་ ཕྱི་ཁར་མ་ཐོན་ཚུན་ཚོད་ གཙོ་བོ་གི་ཉིནམ་དེ་མི་འོང་། 4 ཁོ་གིས་ དཀོན་མཆོག་ལུ་འབད་རུང་ ལྷ་དང་སྐུ་ལུ་འབད་རུང་ མི་ཚུ་གིས་བསྟོད་པ་ཕུལ་སར་ ག་ཅི་རང་འབད་རུང་ འདི་ཚུ་ལུ་ངོ་རྒོལ་འབད་དེ་ ཁོ་གིས་ཁོ་རང་ལུ་ མཐོ་ཤོས་སྦེ་བརྩི་ནི་ཨིན་ ཁོ་དཀོན་མཆོག་གི་མགོན་ཁང་ནང་གི་བཞུགས་ཁྲི་གུ་སྡོད་སྦེ་ ཁོ་རང་དཀོན་མཆོག་ཨིན་ཟེར་སླབ་འོང་། 5 ང་ཁྱེད་དང་གཅིག་ཁར་སྡོད་པའི་སྐབས་ལུ་ འདི་ཚུ་གི་སྐོར་ལས་ང་གིས་ཁྱེད་ལུ་སླབ་ཅི་ འདི་ཁྱེད་ཀྱིས་མི་དྲན་པས་ག། 6 དཀོན་མཆོག་གི་གནང་མི་དུས་ཚོད་ཀྲིག་ཀྲི་མ་རན་མིའི་བར་དུ་ ཁྲིམས་དང་མ་ལྡན་མིའི་མི་དེ་ ཕྱི་ཁར་ཐོན་མ་བཅུག་པར་ བཀག་བཞག་མི་ཅིག་ཡོད་ དེ་ག་ཅི་ཨིན་ན་ ཁྱེད་ཀྱིས་ཤེས། 7 ག་ཅི་སྨོ་ཟེར་བ་ཅིན་ ཁྲིམས་ལུ་ཆ་མ་བཞག་མི་རང་བཞིན་དེ་ གསང་བ་གི་ཐོག་ལས་ ལཱ་འབད་ནི་འགོ་བཙུགས་ཚར་ཏེ་འབད་རུང་ ད་ལྟོ་བཀག་མི་འདི་ཐོན་མ་འགྱོ་ཚུན་ཚོད་ ཁྲིམས་དང་མ་ལྡན་མིའི་མི་དེ་གིས་ ལཱ་འབད་དེ་རང་སྡོད་འོང་། 8 གཙོ་བོ་ཡེ་ཤུ་གིས་ཁོ་ལུ་ ཁོ་རའི་ཞལ་གྱི་དབུགས་ཀྱིས་བསད་གཏང་ནི་ཨིནམ་མ་ཚད་ གཙོ་བོ་ཁོ་རའི་གཟི་བརྗིད་ནང་འབྱོནམ་ད་ དེ་ལུ་རྩ་མེད་མཛད་གནང་འོང་ དེ་འབདཝ་ད་ དེ་གི་ཧེ་མ་ ཨ་ནི་མི་ཕྱི་ཁར་ཐོན་འོངམ་ད། 9 ཁོ་གིས་ བདུད་ སེ་ཏཱན་གྱི་དབང་ཤུགས་ཀྱི་ཐོག་ལས་སྦེ་ རྟགས་མཚན་དང་ཧ་ལས་པའི་ལཱ་ རྫུས་མ་འབད་བ་འཐོན་འོང་། 10 དེ་ལས་ཁོ་གིས་མགུ་བསྐོར་ནང་ བཙུགས་ནི་གི་ཐབས་ཤེས་མ་འདྲཝ་དེ་ཚུ་ ལག་ལེན་འཐབ་སྟེ་ ཐར་པ་མ་ཐོབ་མིའི་མི་ཚུ་ལུ་ མགུ་བསྐོར་ནང་བཙུགས་འོང་ ག་ཅི་སྨོ་ཟེར་བ་ཅིན་ སྐྱབས་མཛད་མི་གཏམ་བདེན་པ་དེ་ལུ་ ཁོང་གིས་དགའ་མ་བཏུབ། 11 དེ་སྦེ་འབད་ནི་དེ་གིས་ དཀོན་མཆོག་གིས་ཁོང་ལུ་ ཆོས་རྫུན་མ་ལུ་བདེན་འཛིན་རེ་བཅུག་ནི་སྦེ་ མགུ་འཐོམ་ནི་དབང་གནང་འོང་། 12 དེ་ལས་ཁོང་གིས་བདེན་པ་ལུ་དད་པ་མ་བསྐྱེད་པར་ ལཱ་ངན་པ་འབད་ནི་ལུ་དགའཝ་ལས་ ཁོང་ག་ར་ལུ་ དཀོན་མཆོག་གིས་ཆདཔ་གནང་འོང་།། 13 དེ་འབདཝ་ད་ གཙོ་བོ་གི་བྱམས་པའི་དདཔ་ཅན་སྤུན་ཆ་ཚུ་ ང་བཅས་ཀྱིས་ཁྱེད་ཀྱི་སྐོར་ལས་ དཀོན་མཆོག་ལུ་ཨ་རྟག་རང་བཀའ་དྲིན་ཆེ་ཟེར་ཞུ་སྟེ་རང་སྡོདཔ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ སྔོན་གོང་ལས་དཀོན་མཆོག་གིས་ ཁྱེད་དམ་པའི་ཐུགས་ཉིད་ཀྱི་ཐོག་ལས་སྦེ་ གཙངམ་མཛད་དེ་ བདེན་པ་ལུ་དད་པ་བསྐྱེད་དེ་ ཐར་པ་ཐོབ་བཅུག་ནི་གི་དོན་ལུ་ བཙག་འཐུ་མཛད་གནང་གནངམ་ཨིན། 14 དོན་ལས་རང་ ང་བཅས་ཀྱིས་བཤད་མི་གཏམ་བཟང་གི་ཐོག་ལས་སྦེ་ དཀོན་མཆོག་གིས་ཁྱེད་ལུ་ འདི་གི་དོན་ལུ་ འབོ་འབོཔ་ཨིན་ དེ་འབདཝ་ལས་ ཁྱེད་ཀྱིས་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་གཟི་བརྗིད་དེ་ཐོབ་ཚུགས། 15 དེ་འབདཝ་ལས་ སྤུན་ཆ་ཚུ་ དེ་གི་དོན་ལས་ དད་པ་ནང་སྒྲིང་སྒྲིང་སྦེ་སྡོད་དེ་ ང་བཅས་ཀྱི་ཁ་གིས་སླབ་མི་ཚུ་དང་ ཡི་གུ་གི་ཐོག་ལས་སྟོན་བྱིན་མི་ཆོས་ཚུ་ སེམས་ཁར་དྲན་ཏེ་ ལེགས་ཤོམ་སྦེ་བསྲུང་སྟེ་སྡོད།། 16 ད་ ང་བཅས་ལུ་ཐུགས་རྗེ་གི་ཐོག་ལས་བྱམས་པ་མཛད་དེ་ འགྱུར་བ་མེད་པའི་སེམས་གསོ་དང་ རེ་བ་ལེགས་ཤོམ་གནང་མི་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཁོ་རང་དང་ ང་བཅས་ཀྱི་ཡབ་དཀོན་མཆོག་གིས། 17 ཁྱེད་ལུ་སེམས་གསོ་གནང་སྟེ་ ལཱ་བཟང་པོ་འབད་ནི་དང་ བློ་ལེགས་ཤོམ་སླབ་ནི་གི་དོན་ལུ་ དབང་ཤུགས་གནང་བཅུག།
1 མཐའན་མཇུག་ལུ་སྤུན་ཆ་ཚུ་ ཁྱེད་ཀྱིས་ང་བཅས་ཀྱིས་དོན་ལུ་སྨོན་ལམ་ཞུ་ གཙོ་བོ་གི་གཏམ་བཟང་དེ་ གནམ་མེད་ས་མེད་དར་ཁྱབ་འགྱོ་སྟེ་ ཧེ་མ་ཁྱེད་ཀྱིས་གཏམ་བཟང་དེ་ལུ་ ག་དེ་སྦེ་ཞེ་ས་འབད་དེ་དད་པ་བསྐྱེད་ཅི་ག་ འདི་བཟུམ་སྦེ་མི་ཚུ་གིས་ཡང་ཞེ་ས་འབད་དེ་ དད་པ་བསྐྱེད་བཅུག་ཟེར་སྨོན་ལམ་ཞུ། 2 དེ་ལས་དཀོན་མཆོག་གིས་ང་བཅས་ལུ་ མི་ངན་པ་དང་ཟོགཔ་ཚུ་ལས་སྐྱབས་མཛད་གནང་ཟེར་སྨོན་ལམ་ཞུ་ ག་ཅི་སྨོ་ཟེར་བ་ཅིན་ མི་ཆ་མཉམ་གྱིས་རང་དད་པ་མི་བསྐྱེད་བས།། 3 ཨིན་ཏེ་འབད་རུང་ ང་བཅས་ཀྱི་གཙོ་བོ་དེ་དམ་ཚིག་ཅན་ཨིནམ་ལས་ ཁོ་གིས་ཁྱེད་ལུ་སྒྲིང་སྒྲིང་མཛད་དེ་ ཁྱེད་ལུ་ངན་པ་ལས་ཡང་སྐྱབས་མཛད་གནང་འོང་། 4 ང་བཅས་ཀྱིས་ཁྱེད་ལུ་འབད་ཟེར་བསྐུལ་བཞག་མི་ཚུ་ ཁྱེད་ཀྱིས་འབད་དོཝ་འོང་ དེ་ལས་ཕར་འབད་དེ་རང་སྡོད་འོང་ཟེར་ གཙོ་བོ་ནང་ང་བཅས་ལུ་ཐད་རི་བར་རི་རེ་བ་ཡོད། 5 གཙོ་བོ་གིས་ཁྱེད་ལུ་ དཀོན་མཆོག་གི་བྱམས་པའི་ལམ་དང་ ཁིརཱིས་ཀྱི་བཀའ་སྡུག་བཟོད་ཚུགས་ནིའི་ལམ་ནང་ འཁྱིད་གནང་བཅུག། 6 དབའེ་སྤུན་ཆ་ཚུ་ ང་བཅས་ཀྱིས་ཁྱེད་ལུ་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་མཚན་ནང་ལུ་ སྒྱིད་ངན་འབད་མི་དང་ ང་བཅས་ལས་ཐོབ་མི་ཆོས་དང་མ་མཐུན་པར་སྡོད་མི་ཚུ་དང་ ཁ་འབྲལ་ཏེ་སྡོད་ཟེར་དྲན་བསྐུལ་འབད་དོ། 7 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་ ང་བཅས་ག་འབད་དོཝ་བཟུམ་སྦེ་འབད་དགོཔ་ཤེས་ ང་བཅས་ཁྱེད་དང་གཅིག་ཁར་སྡོད་པའི་སྐབས་ལུ་ སྒྱིད་ངན་ཏེ་མ་སྡོད། 8 ཡང་ན་ ང་བཅས་ཀྱིས་ཁྱེད་ག་ལས་ཡང་ རིན་མ་སྤྲོད་པར་ལྟོ་མ་ཟ་ དེ་འབདཝ་ད་ང་བཅས་ཀྱིས་ ཁྱེད་ལུ་རྒུད་བཀལ་འོང་ཟེར་མནོ་བསམ་གཏང་སྟེ་ ཉིན་ནུབ་མེད་པར་དཀའཝ་སྤྱད་དེ་ལཱ་འབད་ཡི། 9 ང་བཅས་ཀྱིས་དེ་སྦེ་འབད་མིའི་དོན་དག་དེ་ ང་བཅས་ཁྱེད་ལས་རོགས་རམ་ལེན་ནི་གི་ དབང་ཚད་མེདཔ་མེན་ དེ་འབདཝ་ད་ཁྱེད་ལུ་ དཔེ་སྟོན་ནིའི་དོན་ལུ་འབད་འབདཝ་ཨིན། 10 ང་བཅས་ཁྱེད་དང་གཅིག་ཁར་སྡོད་པའི་སྐབས་ལུ་ མི་ག་ར་འབད་རུང་ ལཱ་འབད་དགོ་མ་མནོ་བ་ཅིན་ ལྟོ་ཟ་ནི་མེད་ཟེར་ ང་བཅས་ཀྱིས་ཁྱེད་ལུ་བཀའ་རྒྱ་བྱིན་ཡི། 11 དེ་འབདཝ་ད་ ཁྱེད་ཀྱི་གྲལ་ཁ་ལས་ ལ་ལུ་ཅིག་ག་ནི་ཡང་མ་འབད་བར་སྒྱིད་ངན་སྦེ་སྡོད་དེ་ མི་གཞན་གྱི་ལཱ་ནང་དཀྲོག་ཁ་རྐྱབ་སྡོདཔ་ཨིན་མས་ཟེར་ སླབ་ས་ང་བཅས་ཀྱིས་གོ་ཡི། 12 ང་བཅས་ཀྱིས་ ཡེ་ཤུ་ཁིརཱིས་ཀྱི་དབང་ཚད་ནང་ དེ་བཟུམ་གྱི་མི་ཚུ་ལུ་ སེམས་ཤུགས་བསྐྱེད་དེ་སྡོད་ཟེར་སླབ་དགོཔ་མ་ཚད་ ཁོང་རང་དགོ་མི་ལཱ་ཀྲིག་ཀྲི་འབད་དེ་ ཁོང་རང་གི་བཞེས་སྒོ་འཚོལ་ཟ་དགོ་ཟེར་བཀའ་རྒྱ་བྱིན་དོ། 13 དེ་འབདཝ་ད་ ཁྱེད་སྤུན་ཆ་ཚུ་གི་སྐོར་ལས་འབད་བ་ཅིན་ ལེགས་ཤོམ་འབད་ནི་ལུ་ཞེ་མ་བསུན། 14 ང་བཅས་ཀྱིས་ཨ་ནི་ཡི་གུ་ནང་བྲིས་མི་བཀོད་རྒྱ་ཚུ་ མི་ལ་ལུ་གིས་ཉེན་ཁུ་བཏབ་མ་བཏུབ་པ་ཅིན་ ཁོང་ག་དང་ག་ཨིན་ན་ ལེགས་ཤོམ་སྦེ་ངོ་བལྟ་བཞག་ དེ་ལས་ཁོང་ལུ་ངོ་ཚ་བཅུག་ནི་གི་དོན་ལུ་ ཁོང་དང་གཅིག་ཁར་འབྲེལ་བ་མ་འཐབ། 15 དེ་འབདཝ་ད་ ཁོང་ལུ་དགྲ་སྦེ་མ་བརྩིས་བར་ ཁྱེད་རང་གི་སྤུན་ཆ་བཟུམ་སྦེ་མནོ་བསམ་བཏང་སྟེ་ ཁོང་ལུ་རྣ་བ་སྐྱེལ།། 16 ད་གཙོ་བོ་ཁོ་རང་ ཞི་བདེ་གི་གཙོ་བོ་ཨིནམ་ལས་ ཁྱེད་ལུ་རྟག་བུ་ ག་ཅི་ནང་རང་འབད་རུང་ ཞི་བདེ་གནང་བཅུག་ གཙོ་བོ་ཁྱེད་ག་ར་དང་མཉམ་གཅིག་བཞུགས་བཅུག 17 ང་ པའུལ་ལས་ཁྱེད་ཆ་ཁྱབ་ལུ་སྐུ་གཟུགས་བཟང་པོ་ཟེར་ ང་རང་གི་ལགཔ་གིས་ ཨ་ནི་ཚིག་བཅད་འདི་འབྲི་གཏང་དོ་ ཡི་གུ་དེ་ང་ལས་རང་ཨིན་ཟེར་བའི་ངོ་རྟགས་ཀྱི་དོན་ལུ་ ངེ་གི་ཡི་གུའི་མཐའན་མཇུག་ལུ་ དེ་སྦེ་རང་འབྲིཝ་ཨིན། 18 ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཐུགས་རྗེ་ ཁྱེད་ག་ར་དང་གཅིག་ཁར་བཞུགས་བཅུག། །།
1 ང་བཅས་ཀྱི་སྐྱབས་མགོན་དཀོན་མཆོག་དང་ ང་བཅས་རང་གི་རེ་བ་ ཁིརཱིས་ཡེ་ཤུ་གི་བཀའ་དང་བསྟུན་ཏེ་ ཁིརཱིས་ཡེ་ཤུ་གི་སྐུ་ཚབ་སྦེ་བཙག་འཐུ་མཛད་གནང་སྟེ་ཡོད་མི་ ང་ པའུལ་གྱིས། 2 དད་པ་གཅིག་ནང་ངེ་གི་བུ་ངོ་མ་བཟུམ་རང་ཡོད་མི་ ཏི་མོ་ཐི་ ཁྱོད་ལུ་ ཡི་གུ་འདི་འབྲི་དོ་ ཡབ་དཀོན་མཆོག་དང་ ང་བཅས་ཀྱི་གཙོ་བོ་ ཁིརཱིས་ཡེ་ཤུ་གི་ཐུགས་རྗེ་དང་ སྙིང་རྗེ་དང་ཞི་བདེ་ ཁྱོད་ལུ་གནང་བཅུག། 3 ཧེ་མ་ང་ལུང་ཕྱོགས་ མ་ཀེ་དོ་ནི་ཡ་ལུ་འགྱོ་བའི་སྐབས་ལུ་ ང་གིས་ཁྱོད་ལུ་ཨུ་ཚུགས་རྐྱབ་དོཝ་བཟུམ་སྦེ་ ད་རུང་ཡང་ ཁྱོད་ཁྲོམ་ ཨི་ཕི་སི་ལུ་རང་སྡོད་དེ་ ཆོས་མ་འདྲཝ་གི་གཞི་སྟོན་མི་ཚུ་ལུ་ ད་དེ་ལས་ཕར་ཨ་ནི་བཟུམ་གྱི་ཆོས་མ་སྟོན་ཟེར་བཀའ་རྒྱ་བྱིན། 4 ཁུངས་མེད་པའི་འཇིག་རྟེན་གྱི་གཏམ་དང་ དང་ཕུགས་ཕ་བརྒྱུད་ཚུ་གི་མ་བདེན་མིའི་གཏམ་ འཚོལ་ནི་ལུ་བཀོག་བཞག་ཟེར་ཁ་བཀོད་རྐྱབས་ དེ་ཚུ་གིས་ ཉོགས་བཤད་འབྱུང་ནི་གི་རྒྱུ་རྐྱེན་གཅིག་མ་གཏོགས་ དད་པ་གི་རྒྱུད་ལས་སྒྲུབ་འོང་མི་ དཀོན་མཆོག་གི་ཕྱག་ལཱ་འདི་ འབད་མི་ཚུགས། 5 ང་གིས་ཁྱོད་ལུ་ཁ་བཀོད་བརྐྱབས་དགོ་པའི་དོན་དག་དེ་ དདཔ་ཅན་ཚུ་ལུ་བྱམས་པ་གིས་ཁྱབ་སྟེ་སྡོད་བཅུག་ནི་གི་དོན་ལུ་ཨིན་ བྱམས་པ་གི་ལམ་དེ་ སེམས་གཙངམ་དང་ དྲན་ཤེས་གསལ་ཏོག་ཏོ་དང་ དད་པ་ངོ་མ་ལས་བྱུངམ་ཨིན། 6 ཁོང་ལ་ལུ་ཅིག་གིས་ཨ་ནི་ལམ་ནང་ལས་ཐོན་ཏེ་ ལམ་འཛོལ་བ་ཁུངས་མེད་པའི་བློ་ཚུ་ལུ་ཉན་ཏེ་ཡར་སོང་ཡི། 7 ཁོང་རང་གིས་ག་ཅི་སླབ་ཨིན་ན་ ཡང་ཅིན་རོགས་ལུ་ཐེ་འཚོམ་མེད་པར་ཆོས་ག་ཅི་སྟོནམ་ཨིན་ན་ དེ་གི་དོན་དག་ ཁོང་རང་གིས་ཧ་མ་གོ་རུང་ དཀོན་མཆོག་གི་བཀའ་ཁྲིམས་ཀྱི་སློབ་དཔོན་འབད་ནི་གི་རེ་བ་བསྐྱེད་དེ་འདུག 8 ག་གིས་རང་འབད་རུང་ བཀའ་ཁྲིམས་དེ་ཀྲིག་ཀྲི་སྦེ་སྲུང་པ་ཅིན་ འདི་ལེགས་ཤོམ་ཨིན་ཟེར་ང་བཅས་ཀྱིས་ཤེས། 9 ང་བཅས་ཀྱིས་འདི་ཡང་ཤེས་ བཀའ་ཁྲིམས་དེ་ མི་ཕྲངམ་ཆོས་སེམས་ཆེ་ཏོག་ཏོ་ཚུ་གི་དོན་ལུ་ གནང་གནངམ་མེན་ དེ་འབདཝ་ད་ བཀའ་ཁྲིམས་ལུ་ཆ་མ་བཞག་པར་ ཁྲིམས་ལས་འགལ་འགྱོ་མི་དང་ བཀའ་ཁྲིམས་ལུ་མ་ཉན་མི་ཚུ་གི་དོན་ལུ་དང་ དཀོན་མཆོག་ལུ་མ་འདྲོག་མི་ཚུ་དང་ སྡིག་ཅན་ཚུ་གི་དོན་ལུ་དང་ མི་དམ་པ་མེན་མི་ཚུ་དང་ འཇིག་རྟེན་པ་ ཆོས་ལུ་གུས་ཞབས་མེད་མི་ཚུ་གི་དོན་ལུ་དང་ རང་གི་ཕམ་ལུ་བསད་མི་དང་ མི་བསད་མི་ཚུ་གི་དོན་ལུ་དང་། 10 གཉེན་ལས་འགལ་བའི་ལུས་འབྲེལ་འབད་མི་དང་ ཕོ་སྐྱེས་ཁོང་རང་ནང་འཁོད་ནང་ལུས་འབྲེལ་འབད་མི་དང་ མི་ལུ་བཟུང་སྟེ་ཁྱིད་བཙོང་མི་དང་ ཤོབ་བརྐྱབས་མི་དང་ ཤོབ་བརྐྱབས་ཏེ་མནའ་འབོ་མི་ དེ་ལས་གཞི་བདེན་པ་ལས་འགལ་མི་ ག་ཅི་རང་འབད་རུང་ འདི་ཚུ་གི་དོན་ལུ་ བཀའ་ཁྲིམས་དེ་གནང་གནངམ་ཨིན། 11 གཞི་བདེན་པ་དེ་ བྱིན་རླབས་ཅན་དཀོན་མཆོག་གིས་གནང་མི་ གཟི་བརྗིད་དང་ལྡན་པའི་གཏམ་བཟང་དང་འཁྲིལ་ཏེ་ཨིན་ དེ་ཁྱབ་སྒྲགས་འབད་ཟེར་ང་ལུ་བཅོལ་གནང་ཡི།། 12 ང་ལུ་ལྕོགས་གྲུབ་གནང་མི་ ང་བཅས་ཀྱི་གཙོ་བོ་ ཁིརཱིས་ཡེ་ཤུ་ལུ་ ང་གིས་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ང་ལུ་དམ་ཚིག་ཅན་སྦེ་བརྩིས་གནང་སྟེ་ ཁོ་གི་ཕྱག་ཞུ་བའི་ལཱ་ང་ལུ་བཀོད་གནང་ཡི། 13 ཧེ་མ་ ང་གིས་ཁོ་ལུ་སྐུར་པ་བཏབ་སྟེ་ དདཔ་ཅན་ལུ་གནོད་པ་བཀལ་ཏེ་ ཉེས་སྤྱོད་ཅན་གཅིག་འབད་རུང་ ད་ལྟོ་ཁོ་གིས་ང་ལུ་སྙིང་རྗེ་གཟིགས་ཅི་ ག་ཅི་འབད་ཟེར་བ་ཅིན་ དེ་ཚུ་ག་ར་ང་གིས་ཁོ་ལུ་དད་པ་མ་བསྐྱེད་པར་ ང་རང་འབད་མི་ ང་རང་གིས་མ་ཤེས་པར་སྡོད་པའི་སྐབས་ལུ་ འབད་ནི་འདི་གིས་ཨིན། 14 དེ་འབདཝ་ད་ ང་བཅས་ཀྱི་གཙོ་བོ་གིས་འཕྲོ་མཐུད་དེ་རང་ ང་ལུ་རྫོགས་ནི་མེད་པའི་ཐུགས་རྗེ་དེ་གིས་ ཁོ་ལུ་དད་པ་བསྐྱེད་ནི་དང་ ཁིརཱིས་ཡེ་ཤུ་ནང་ རོགས་ལུ་བྱམས་པ་འབད་མི་སྦེ་ ཁོ་གིས་ང་ལུ་བཟོ་གནང་ཡི། 15 ཁིརཱིས་ཡེ་ཤུ་དེ་འཛམ་བུ་གླིང་ནང་ མི་སྡིག་ཅན་ལུ་སྐྱབས་མཛད་ནིའི་དོན་ལུ་ བྱོན་ཡི་ཟེར་ གཏམ་དེ་བདེན་པ་དང་ཆ་བཞག་ཚུགས་མི་ཅིག་ཨིན་ ད་ ག་ར་གི་གྲལ་ལས་ སྡིག་ཅན་གཙོ་བོ་འདི་ང་རང་ཨིན། 16 དེ་འབདཝ་ད་ཤུལ་ལས་ མི་སྡིག་ཅན་ཚུ་གིས་དད་པ་བསྐྱེད་དེ་ ཚེ་མཐའ་མེདཔ་ཐོབ་ནིའི་དོན་ལུ་ ང་མི་སྡིག་ཅན་སྐྱོ་ཤོས་ལུ་སྙིང་རྗེ་གཟིགས་ཏེ་ ཡེ་ཤུ་ཁིརཱིས་ཀྱིས་ཁོ་གི་བཟོད་པ་ཚད་མེདཔ་དེ་ ང་ལུ་གནང་སྟེ་ ངེ་གི་ཐོག་ལས་སྦེ་མི་ག་ར་གི་དོན་ལུ་ དཔེ་སྦེ་སྟོན་གནང་ཡི། 17 དུས་ཚོད་མཇུག་བསྡུ་ནི་མེད་པའི་རྒྱལཔོ་ ནམ་ཡང་གཤགས་ནི་མེདཔ་ ང་བཅས་ཀྱིས་མཐོང་ཡང་མ་ཚུགས་པའི་དཀོན་མཆོག་གཅིགཔ་དེ་ གཟི་བརྗིད་དང་གུས་ཞབས་ དུས་རྒྱུན་དུ་རང་ ཁོ་གི་ཨིན་ནོ་ ཨ་མཱེན།། 18 ངེ་གི་བུ་ ཏི་མོ་ཐི་ ཧེ་མ་ཁྱོད་ཀྱི་སྐོར་ལས་ ལུང་བསྟན་བཤད་མི་ཚུ་ལེགས་ཤོམ་སྦེ་དྲན་དགོ་ཟེར་ང་གིས་ཁྱོད་ལུ་བཀོད་རྒྱ་བྱིན་དོ་ ལུང་བསྟན་འདི་ཚུ་དང་འཁྲིལ་ཏེ་ ཁྱོད་ཀྱིས་ བདེན་པའི་ཕྱད་མདའ་མ་འདྲོག་པར་ དམག་མི་ལེགས་ཤོམ་བཟུམ་སྦེ་བརྐྱབས་དགོཔ་ཨིནམ་མ་ཚད། 19 དད་པ་སྒྲིང་སྒྲིང་སྦེ་བསྐྱེད་དེ་ དྲན་ཤེས་གསལ་ཏོག་ཏོ་གི་ཐོག་ལས་སྡོད་དགོཔ་ཨིན་ མི་ལ་ལུ་ཅིག་གིས་ དྲན་ཤེས་གསལ་ཏོག་ཏོ་སྦེ་སྡོད་དགོ་མ་མནོ་བར་ ཁོང་རའི་དད་པ་ལུ་མེདཔ་གཏངམ་ཨིན་མས། 20 དེ་ཚུ་གི་གྲལ་ལས་ ཧའི་མེ་ན་ཡཱེས་དང་ ཨ་ལེག་སཱན་ཌཱེར་ཟེར་མི་གཉིས་ཨིན་ ང་གིས་ཁོང་གཉིས་ལུ་བདུད་ སེ་ཏཱན་གྱི་ལག་པ་སྤྲོད་ཅི་ འདི་གི་དོན་དག་འདི་ ཁོང་མནོ་ལོག་བསྐྱེད་དེ་ དཀོན་མཆོག་ལུ་སྐུར་པ་མི་བཏབ་ནི་སྦེ་ཨིན།།
1 དེ་འབདཝ་ལས་དང་པ་རང་ ང་གིས་ཁྱོད་དང་དདཔ་ཅན་གཞན་ཚུ་ལུ་དྲན་བསྐུལ་དེ་སྦེ་འབད་དོ་ ད་སྨོན་ལམ་ནང་ མི་ག་ར་གི་དོན་ལུ་ དཀོན་མཆོག་ལུ་ཞུ་བ་ཕུལ་ གསོལཝ་བཏབ་ དེ་ལས་དཀོན་མཆོག་གིས་མི་ག་ར་གི་དོན་ལུ་ མཛད་གནང་མི་གི་དོན་ལས་ བཀའ་དྲིན་དགའ་ཚོར་ཕུལ། 2 རྒྱལཔོ་དང་གོངམ་ དབང་ཚད་ཡོད་མི་ག་ར་གི་དོན་ལུ་ གསོལཝ་བཏབ་ སྨོན་ལམ་ཞུ་ དེ་ལས་རང་གི་སྡོད་ཐངས་ཡང་ ཆོས་སེམས་ཆེ་ཏོག་ཏོ་དང་ ཚུལ་དང་མཐུནམ་སྦེ་ ཞི་བདེ་དང་ཞི་བདེ་སྒོ་ལས་ སྡོད་ནི་ཐོབ་འོང་། 3 འདི་བཟུམ་སྦེ་ སྨོན་ལམ་ཞུ་བ་ཅིན་ ལེགས་ཤོམ་ཨིནམ་མ་ཚད་ ང་བཅས་ཀྱི་སྐྱབས་མགོན་དཀོན་མཆོག་གིས་ཐུགས་དགྱེསཔ་ཨིན། 4 ཁོ་ལུ་ མི་ག་ར་སྐྱབས་མཛད་ནི་དང་ བདེན་པ་ལུ་ངོ་ཤེས་བཅུག་ནི་གི་ཐུགས་དགོངས་ཡོད། 5 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གཅིག་ལས་བརྒལ་མེད་ ད་རུང་དཀོན་མཆོག་དང་མིའི་བར་ན་ བར་མི་ མི་གཅིག་མ་གཏོགས་གཞན་མེད་ ཨ་ནི་མི་འདི་ཁིརཱིས་ཡེ་ཤུ་ཨིན། 6 ཁོ་གིས་མི་ག་ར་ལུ་ སྡིག་པ་དང་ཤི་ས་ལས་ཐར་པ་གནང་བའི་དོན་ལུ་ ཁོ་རང་གི་སྐུ་ཚེ་དེ་ སྲོག་རིན་སྦེ་གནང་ཡི་ འདི་མི་ག་ར་ལུ་ཁ་འཐེན་བཟུམ་སྦེ་ དཀོན་མཆོག་གིས་དུས་ཚོད་ཀྲིག་ཀྲི་ལུ་མཛད་གནང་ནུག 7 ཁ་འཐེན་དེ་གི་དོན་ལས་ ང་ལུ་ཁྱབ་བསྒྲགས་འབད་མི་དང་ སྐུ་ཚབ་སྦེ་བཙག་འཐུ་མཛད་གནང་སྟེ་ ང་ ཕྱིའི་མི་རིགས་ཚུ་ལུ་ དད་པ་དང་བདེན་པའི་ཆོས་སྟོན་མི་སློབ་དཔོན་འབད་ནི་གི་དོན་ལུ་བཏང་གནང་ཡི་ ང་གིས་དེ་སྦེ་སླབ་མི་འདི་ ཤོབ་མེན་ ཕྲང་འདི་རང་སླབ་ཨིན།། 8 དེ་འབདཝ་ལས་བརྟེན་ཏེ་ ཕོ་སྐྱེས་ཚུ་གིས་ ག་ཏེ་རང་འབད་རུང་ དཀོན་མཆོག་ལུ་གསོལཝ་བཏབ་ནི་སྦེ་འཛོམས་ད་ ཙིགཔ་ཟ་ནི་དང་ རོགས་དང་གཅིག་ཁར་འཐབ་འཛིང་འབད་ནི་ཚུ་སྤང་སྟེ་ སེམས་བཟང་པོའི་སྒོ་ལས་ ལགཔ་ཡར་སེང་སྟེ་ སྨོན་ལམ་བཏབ་འོང་ཟེར་ང་ལུ་འདོད་པ་ཡོད། 9 འདི་བཟུམ་སྦེ་རང་ ཨམ་སྲུ་ཆ་ཁྱབ་ཀྱིས་ཡང་ རིན་གོང་ཆེ་བའི་བགོ་ལ་གི་ཚབ་མ་ལུ་ ཚད་དང་ལྡན་པའི་བགོ་ལ་ཀྲིག་ཀྲི་སྦེ་གྱོན་ དེ་ལས་ གནམ་མེད་ས་མེད་སྐྱ་བཟོ་བཟོ་ནི་དང་ རྒྱན་ཆ་གསེར་དང་མུ་ཏིག་བཏག་ནི་མེན། 10 དེ་འབདཝ་ད་ཨམ་སྲུ་ དཀོན་མཆོག་ལུ་ཆོས་སེམས་ཡོད་ཟེར་མི་ཆ་ཁྱབ་ཀྱིས་ འབད་བཞག་བཅའ་བཞག་གི་ཐད་ཁ་ལུ་ བྱ་མཆིས་ཆི་སྦེ་སྟོན་དགོ། 11 དཀོན་མཆོག་ལུ་གསོལཝ་བཏབ་སར་འཛོམས་ད་ ཨམ་སྲུ་དེ་ཚུ་ཁུ་སིམ་སི་སྦེ་ ག་སྟོན་མི་དེ་ཉན་ཏེ་ རང་གིས་ཡོན་ཏན་ལྷབ་དགོ། 12 ང་གིས་འབད་བ་ཅིན་ ཨམ་སྲུ་གིས་ཕོ་སྐྱེས་ལུ་ཆོས་སྟོན་ནི་དང་ ཕོ་སྐྱེས་ཀྱི་ལྟག་ལས་དབང་ཚད་མི་ཐོབ་ ཨམ་སྲུ་ཚུ་ཁུ་སིམ་སི་སྦེ་སྡོད་དགོ། 13 ག་ཅི་སྨོ་ཟེར་བ་ཅིན་ འགོ་དང་པ་རང་ ཨ་དམ་ལུ་མཛད་དེ་ འདི་གི་ཤུལ་ལས་ ཨིབ་ལུ་མཛད་གནང་ནུག 14 ཧེ་མ་མགུ་བསྐོར་ནང་ཚུད་མི་ ཨ་དམ་མེན་ དེ་འབདཝ་ད་ མགུ་བསྐོར་ནང་ཚུད་དེ་སྡིག་པ་འབད་མི་དེ་ ཨིབ་ཨིན། 15 དེ་འབདཝ་ད་ ཨམ་སྲུ་ཚུ་ཚད་བཟུང་སྟེ་ དད་པ་དང་བྱམས་པ་ དེ་ལས་དམ་པ་ནང་འཕྲོ་མཐུད་དེ་རང་སྡོད་པ་ཅིན་ ཨ་ལོ་སྐྱེས་བའི་ཐོག་ལས་སྦེ་ འཛོལ་བ་ལས་སྐྱབས་འབད་འོང་།།
1 མི་ག་ར་འབད་རུང་ ཆོས་ཚོགས་ཀྱི་འགོ་འདྲེན་འཐབ་ནིའི་ལཱ་གི་མནོ་བསམ་ཡོད་པ་ཅིན་ འདི་གི་ལཱ་ཡ་རབས་ཨིན་ཟེར་སླབ་མི་གཏམ་དེ་ བདེན་པ་དང་ཆ་བཞག་ཚུགས་མི་ཅིག་ཨིན། 2 འདི་གི་དོན་ལུ་ཆོས་ཚོགས་ཀྱི་འགོ་འདྲེན་འཐབ་མི་དེ་ མི་ག་གིས་ཡང་སྐྱོན་བཏག་རུང་ ཁུངས་བཀལ་མ་ཚུགས་མི་ཅིག་དང་ ཨམ་སྲུ་གཅིག་གི་རྨགཔ་དང་ ཚད་དང་ལྡན་མི་དང་ མཚམས་ཚོད་ཤེས་མི་དང་ སྤྱོད་ལམ་བཟང་པོ་དང་ མགྱོནམ་ལུ་མཐོང་ཡོད་མི་དང་ ཆོས་སྟོན་ཚུགས་མི་དང་། 3 ཆང་གིས་མ་འགྲངས་མི་དང་ སུ་ཐག་ཐུང་ཀུ་འབད་མི་མེན་པར་ རོགས་ལུ་མཉམ་ཆུང་འབད་མི་དང་ ཕུང་མ་འཚོལ་མི་ དེ་ལས་རྒྱུ་ཕྱེད་ཀྲམ་ལུ་ཕངས་སེམས་མ་བསྐྱེད་མིའི་ མི་གཅིག་དགོཔ་ཨིན། 4 རང་གི་བཟའ་ཚང་ལེགས་ཤོམ་སྦེ་བདག་འཛིན་འཐབ་པའི་ཐོག་ལས་སྦེ་ རང་གི་བུ་དང་བུམོ་གིས་ རང་ལུ་ཉན་བཏུབ་མི་དང་ ཞེ་ས་འབད་བཏུབ་མི་གཅིག་དགོཔ་ཨིན། 5 ག་ཅི་སྨོ་ཟེར་བ་ཅིན་ རང་གི་བཟའ་ཚང་ལུ་བདག་འཛིན་འཐབ་མ་ཚུགས་པ་ཅིན་ འདི་གིས་དཀོན་མཆོག་གི་ཆོས་ཚོགས་ལུ་ ག་དེ་སྦེ་བདག་འཛིན་འཐབ་ཚུགས་ནི་སྨོ། 6 ཆོས་ཚོགས་ཀྱི་འགོ་འདྲེན་འཐབ་མི་འདི་ དད་པ་ནང་དུས་ཡུན་རིངམ་སྦེ་སྡོད་སྡོདཔ་གཅིག་དགོཔ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ཡང་བདུད་ སེ་ཏཱན་བཟུམ་སྦེ་ རྔམ་མདོག་བསྒྱུར་ཏེ་ ཆདཔ་ཕོག་ནིའི་ཉེན་ཁ་ཡོད། 7 ཆོས་ཚོགས་ཀྱི་འགོ་འདྲེན་འཐབ་མི་འདི་ལུ་ ཆོས་ཚོགས་ནང་མེན་མི་ཚུ་གིས་འབད་རུང་ ཁོ་གི་སྐོར་ལས་བློ་མ་ཧནམ་མ་སླབ་པར་ ཞེ་ས་འབད་མི་གཅིག་དགོཔ་ཨིན་ དེ་སྦེ་འབད་བ་ཅིན་ ཁོ་མི་གཞན་གྱི་གདོང་ཁར་བློ་མི་བཙོང་ དེ་མ་ཚད་ བདུད་ཀྱི་ཧིང་ནང་ཡང་མི་ཚུད།། 8 འདི་བཟུམ་སྦེ་རང་ ཆོས་ཚོགས་ཀྱི་དྲང་བཞགཔ་ཚུ་ཡང་ མི་ཚུ་གིས་ཞེ་ས་འབད་མི་དང་ མི་ན་འཐན་ཏོག་ཏོ་དང་ ཆང་གིས་མ་འགྲངས་མི་ དེ་ལས་འབབ་ཁུངས་བཟོ་ནིའི་དོན་ལུ་ངན་ལྷད་ལུ་ཡ་མ་འབད་མི་དགོཔ་ཨིན། 9 དེ་འབདཝ་ད་ ང་བཅས་ཀྱི་ཆོས་ནང་ཡོད་མི་ དད་པ་གི་གསང་བ་གཏིང་ཟབ་དྲགས་དེ་ཚུ་ ཧེ་མ་ལས་གྲ་སྒྲིག་སྦེ་བཞག་མི་འདི་ ད་རེས་ཀྱི་དུས་ཚོད་ལུ་བཏོན་གནང་གནངམ་ཨིན་ ཨ་ནི་འདི་ཚུ་དྲན་ཤེས་གསལ་ཏོག་ཏོ་གི་ཐོག་ལས་སྦེ་ ཁོང་གིས་སེམས་ཁར་བཟུང་སྟེ་བཞག་དགོ། 10 ཆོས་ཚོགས་ཀྱིས་ཁོང་ལུ་དྲང་བཞགཔ་གི་འགན་ཁུར་མ་བཀལ་བའི་ཧེ་མ་ ཁོང་གི་འབད་བཞག་བཅའ་བཞག་ལེགས་ཤོམ་ཨིན་ན་མེན་ན་ བརྟག་དཔྱད་ལེགས་ཤོམ་སྦེ་འབད་དགོ་ དེ་ལས་འདི་ནང་སྐྱོན་ག་ནི་ཡང་མ་མཐོང་པ་ཅིན་ ཁོང་ལུ་དྲང་བཞགཔ་གི་འགན་ཁུར་བཀལ་ཚུགསཔ་ཨིན། 11 ཁོང་ཨམ་སྲུ་ཚུ་ཡང་ འདི་བཟུམ་སྦེ་ མི་ཚུ་གིས་ཞེ་ས་འབད་མི་དང་ གཞན་གྱི་སྐོར་ལས་གཏམ་ངན་མ་སླབ་མི་དང་ ཨམ་སྲུ་ཚད་དང་ལྡན་མི་ དེ་ལས་ག་ཅི་ནང་ར་འབད་རུང་ ན་འཐན་ཏོག་ཏོ་འབད་མི་གཅིག་དགོ། 12 དྲང་བཞགཔ་དེ་ཚུ་ ཨམ་སྲུ་གཅིག་གི་རྨགཔ་འབད་མི་ དེ་ལས་རང་གི་བུ་དང་བུམོ་དང་ རང་གི་བཟའ་ཚང་ལེགས་ཤོམ་སྦེ་ བདག་འཛིན་འཐབ་ཚུགས་མི་གཅིག་དགོ། 13 དྲང་བཞགཔ་ལཱ་ལེགས་ཤོམ་འབད་བ་ཅིན་ གཞན་གྱིས་ཁོང་ལུ་ཞེ་ས་འབདཝ་མ་ཚད་ ཁིརཱིས་ཡེ་ཤུ་གི་དད་པ་ནང་ཡང་ བློ་སྟོབས་ཆེ་དྲགས་སྦེ་ཐོན་འོང་།། 14 ང་ཁྱོད་སྡོད་ས་མགྱོགས་པར་འོང་ནི་གི་རེ་བ་ཡོད་ ཨིན་ཏེ་འབད་རུང་ ང་གིས་ཡི་གུ་འདི་ནང་བཀོད་རྒྱ་ ཁྱོད་ལུ་འབྲི་གཏང་དོ། 15 ང་ཁྱོད་སྡོད་ས་ག་དེམ་ཅིག་སྦེ་འོང་ནི་ཕྱི་སོང་རུང་ ང་གིས་བྲིས་མི་འདི་ལས་ དཀོན་མཆོག་གི་བཟའ་ཚན་ནང་ཡོད་མི་སྤྱོད་ལམ་ནང་ལུ་ ག་དེ་སྦེ་སྡོད་དགོཔ་ཨིན་ན་ ཁྱོད་ཀྱིས་ཤེས་ཚུགས་འོང་ དཀོན་མཆོག་གི་བཟའ་ཚན་དེ་ གསོན་པོའི་དཀོན་མཆོག་གི་ཆོས་ཚོགས་ཨིནམ་མ་ཚད་ ཆོས་ཚོགས་དེ་ བདེན་པ་གི་ཀཝ་དང་འགྱམ་ཡང་ཨིན། 16 ཐད་རི་བ་རི་རང་ ཡེ་ཤུ་གི་སྐོར་ལས་ ཆོས་སེམས་བསྐྱེད་བཅུག་མི་ བདེན་པའི་གསང་བ་གཏིང་ཟབ་དྲགས་དེ་ ཡ་མཚན་ཆེ་ཏོག་ཏོ་ཨིན་ཟེར་ ང་བཅས་ག་ར་གིས་འཛོམ་དཔང་འབདཝ་ཨིན་ འཛོམ་དཔང་དེ་ག་ཅི་སྨོ་ཟེར་བ་ཅིན། ཁོ་ མིའི་ལུས་ལུ་བྱོན་མི་ ཐུགས་ཉིད་ཀྱིས་ཁོ་བདེན་པ་ཟང་མཛད་མི་ ཕོ་ཉ་ཚུ་གིས་མཇལ་མི་ ཁོ་གི་སྐོར་ལས་མི་རིགས་ག་ར་ལུ་ཁྱབ་བསྒྲགས་སོང་མི་ འཛམ་བུ་གླིང་གི་མི་ཚུ་གིས་དད་པ་བསྐྱེད་མི་ཁོ་ གཟི་བརྗིད་ནང་ཡར་འཐུ་བསྣམས་ནུག།
1 དཀོན་མཆོག་གི་ཐུགས་ཉིད་ཀྱིས་གསལ་ཏོག་ཏོ་སྦེ་ དེ་སྦེ་གསུངསམ་ཨིན་མས་ ཤུལ་མའི་དུས་ལུ་དདཔ་ཅན་ལ་ལུ་ཅིག་གིས་ ཡེ་ཤུ་གི་བདེན་པའི་ཆོས་ལུ་སྤང་སྟེ་ མགུ་བསྐོར་མི་འདྲེ་གདོན་གྱི་རྟིང་བདའ་སྟེ་ འདྲེ་གདོན་གྱི་ཆོས་རྫུས་མ་ལུ་ཉན་ཏེ་འགྱོ་འོང་། 2 འདྲེ་གདོན་ཚུ་གི་ཆོས་རྫུས་མ་ཚུ་ ཁ་ཆོས་འབད་མི་ཚུ་གི་ཐོག་ལས་སྦེ་འོངམ་ཨིན་ ཁོང་གི་མནོ་བསམ་དེ་དཔེར་ན་ ལྕགས་ཚ་ཏོམ་གྱིས་ཤ་འཚིག་འགྱོ་དོཝ་བཟུམ་སྦེ་ ཁོང་གི་དྲན་ཤེས་ལེགས་ཤོམ་དེ་འཚིག་འགྱོ་སྟེ་ ཟོགཔོ་འབད་མི་ལུ་འགྱོད་སེམས་མི་བསྐྱེད། 3 ཁ་ཆོས་འབད་མི་སློབ་དཔོན་འདི་ཚུ་གིས་ གཉེན་རྐྱབ་ནི་དང་བཞེས་སྒོ་ལ་ལུ་ཅིག་ཟ་ནི་མེད་ཟེར་སྟོནམ་ཨིན་མས་ དེ་འབདཝ་ད་བཞེས་སྒོ་ག་ར་ དད་པ་བསྐྱེད་མི་ཚུ་དང་ བདེན་པ་ཤེས་མི་ཚུ་གིས་ བཀའ་དྲིན་ཆེ་ཟེར་ཞུ་སྟེ་ཟ་གེ་ཟེར་ དཀོན་མཆོག་གིས་མཛད་གནང་གནངམ་ཨིན། 4 དཀོན་མཆོག་གིས་མཛད་མི་ག་ར་ལེགས་ཤོམ་ཨིན་ དེ་འབདཝ་ལས་བཀའ་དྲིན་ཆེ་ཟེར་ཞུ་སྟེ་ཟ་བ་ཅིན་ ཟ་མ་བཏུབ་དང་ འཐུང་མ་བཏུབ་ག་ནི་ཡང་མེད། 5 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་གསུང་དང་ སྨོན་ལམ་གྱིས་ བཞེས་སྒོ་ག་ར་གཙངམ་མཛད་གནངམ་ཨིན།། 6 ང་གིས་ཁྱོད་ལུ་སྟོན་མི་བཀོད་རྒྱ་འདི་ཚུ་ ཁྱོད་ཀྱིས་སྤུན་ཆ་ཚུ་ལུ་སྟོན་བྱིན་སྦེ་ ཁྱོད་རང་གིས་འབད་འོང་མིའི་ཆོས་དང་ གཞི་བརྟན་ཏོག་ཏོ་ཚུ་ ཟས་བཅུད་ཅན་མ་ཆད་པར་ཟ་དོཝ་བཟུམ་སྦེ་ སེམས་ཁར་དྲན་སྡོད་པ་ཅིན་ ཁྱོད་ཁིརཱིས་ཡེ་ཤུ་གི་ཕྱག་ཞུ་མི་ལེགས་ཤོམ་ཅིག་སྦེ་འཐོན་འོང་། 7 འཇིག་རྟེན་པའི་གཏམ་དང་ ཁུངས་མེད་མི་བློ་ཚུ་གི་གྲལ་ཁར་མ་འཛུལ་བར་ ཆོས་སེམས་བསྐྱེད་ནི་གི་དོན་ལས་སྦྱོང་བརྡར་འབད། 8 ཁྱོད་ལུས་ཀྱི་རྩལ་སྦྱོང་འབད་བ་ཅིན་ ཕན་ཐོགས་དུམ་གྲ་ཅིག་ཐོབ་འོང་ དེ་འབདཝ་ད་ཁྱོད་རང་གིས་ ཆོས་སེམས་བསྐྱེད་ནི་གི་སྦྱོང་བརྡར་འབད་བ་ཅིན་ ག་ཅི་ནང་རང་འབད་རུང་ ཕན་ཐོགས་སྦོམ་ཡོད་ ག་ཅི་འབད་ཟེར་བ་ཅིན་ དེ་སྦེ་སྡོདཔ་ད་ལུ་ དཀོན་མཆོག་གིས་ཁས་བླངས་བཞེས་མིའི་མི་ཚེ་འདི་ ཁྱོད་ཀྱིས་ད་ལྟོ་ཐོབ་ནི་ཨིནམ་མ་ཚད་ ཤུལ་ལས་ཡང་ཐོབ་འོང་། 9 ང་གིས་འབྲི་མི་དེ་ བདེན་པ་དང་ཆ་བཞག་ཚུགས་མི་ཅིག་ཨིན། 10 འདི་གིས་འབད་ ཆོས་སེམས་བསྐྱེད་ནི་གི་དོན་ལུ་ ང་བཅས་ཀྱིས་དཀའཝ་སྤྱད་དེ་ སྦྱོང་བརྡར་འབདཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་ གསོན་པོའི་དཀོན་མཆོག་ལུ་བློ་གཏདཔ་ཨིན་ ཁོ་མི་ག་ར་གི་སྐྱབས་མགོན་ཨིན་ཏེ་འབད་རུང་ གཙོ་བོ་རང་ཁོ་དདཔ་ཅན་ཚུ་གི་སྐྱབས་མགོན་ཨིན། 11 འདི་ཚུ་གི་སྐོར་ལས་ ཁྱོད་ཀྱིས་བཀའ་རྒྱ་བྱིན་སྦེ་ སྟོན་བྱིན་དགོ། 12 ཁྱོད་ལོ་ན་གཞོནམ་ཨིན་ཏེ་འབད་རུང་ མི་ག་གིས་ཡང་ཁུངས་མེདཔ་སྦེ་བརྩིས་མ་བཅུག་ དེ་འབདཝ་ད་ ཁྱོད་དདཔ་ཅན་ཚུ་གི་གདོང་ཁར་ལུ་ བློ་སླབ་ཐངས་དང་ བྱ་བ་སྤྱོད་ལམ་དང་ མི་ཚུ་ལུ་བྱམས་པ་འབད་ནི་དང་ ཁིརཱིས་ལུ་དད་པ་བསྐྱེད་ནི་ དེ་ལས་ག་ཅི་ན་རང་འབད་རུང་ ཟོགཔོ་དང་སླ་མ་བསྲེས་པར་དཔེ་སྦེ་སྡོད། 13 ང་མ་ལྷོད་ཚུན་ཚོད་ཁྱོད་ཀྱིས་ དུས་ཚོད་བཏོན་ཏེ་ ཆོས་ཚོགས་འཛོམས་སར་གསུང་རབ་ལྷབ་ནི་དང་ འགྲེལ་བཤད་བརྐྱབ་ནི་ དེ་ལས་ཆོས་སྟོན་ནི་ཚུ་མ་ཆད་པར་འབད། 14 འགོ་འདྲེན་པ་ཚུ་གིས་ ཁྱོད་ཀྱི་གུ་ལགཔ་བཀལ་ཏེ་ ལུང་བསྟན་བཤད་པའི་ཐོག་ལས་སྦེ་ ཁྱོད་ཀྱིས་ཐོབ་མི་དམ་པའི་ཐུགས་ཉིད་ཀྱི་གསོལ་རས་དེ་ལུ་ བར་སྟོར་མ་གཏང་པར་ ལག་ལེན་འཐབ་སྟེ་སྡོད། 15 ང་གིས་སླབ་མི་ཚུ་ལག་ལེན་འཐབ་སྟེ་ ན་འཐན་ཏོག་ཏོ་སྦེ་འབད་དགོ་ དེ་སྦེ་འབད་བ་ཅིན་ མི་ག་ར་གིས་ ཁྱོད་ཀྱི་བྱ་བ་སྤྱོད་ལམ་ཚུ་ཡར་རྒྱས་འགྱོ་ས་མཐོང་འོང་། 16 ཁྱོད་རང་དང་ཁྱོད་ཀྱིས་སྟོན་མི་ཆོས་ཚུ་ལུ་ བརྟག་ཞིབ་དཔྱད་དེ་བལྟ་ བདེན་པ་དེ་ལུ་དྲན་པ་བཏོན་ཏེ་ སྙིང་རུས་བསྐྱེད་དེ་སྡོད་པ་ཅིན་ ཁྱོད་རང་དང་ཁྱོད་ལས་ཆོས་ཉན་མི་ཚུ་གིས་ ཐར་པ་ཐོབ་ནི་ཨིན།།
1 མི་རྒན་རྒས་ཚུ་ལུ་ཚིག་རྩུབ་དྲགས་མ་སླབ་པར་ རང་གི་ཨ་པ་བཟུམ་སྦེ་དྲན་བསྐུལ་ཞུ་ དེ་ལས་རང་ལས་ཆུང་མི་གཞོནམ་ཚུ་ལུ་ ནུ་གཅུང་བཟུམ་སྦེ་བརྩི་དགོ། 2 ཨམ་རྒན་རྒས་ཚུ་ལུ་རང་གི་ཨའི་བཟུམ་སྦེ་བརྩི་ དེ་ལས་བུམོ་གཞོནམ་ཚུ་ལུ་ དམ་ཚིག་གཙང་མའི་ཐོག་ལས་སྦེ་ རང་གི་སྲིངམོ་བཟུམ་བརྩི་དགོ།། 3 ཡུགས་ས་མོ་ངོ་མ་ རོགས་རམ་འབད་མི་ག་ཡང་མེད་མི་ཚུ་ལུ་ གུས་ཞབས་འབད་དགོ། 4 ཡུགས་ས་མོ་ལུ་བུ་བུམོ་དང་ཚོབོ་ཚམོ་ཡོད་པ་ཅིན་ དང་པ་རང་ འདི་ཚུ་གིས་ རང་གི་བཟའ་ཚན་གྱི་དོན་ལུ་ ཆོས་སེམས་ཀྱི་ལཱ་ལག་ལེན་འཐབ་ནི་གི་སྦྱང་བ་འབད་དགོ་ དེ་གིས་འབད་ ཨ་རྒས་ཨང་རྒས་དང་ཕམ་ཚུ་ལུ་དྲིན་ལན་འཇལ་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་འདི་ལུ་ཐུགས་དགྱེསཔ་ཨིན། 5 ཨམ་སྲུ་ཡུགས་ས་མོ་ངོ་མ་འདི་ མོ་ལུ་བདག་འཛིན་འཐབ་མི་ག་ཡང་མེད་མི་དང་ དཀོན་མཆོག་ལུ་བློ་གཏད་མི་ དེ་ལས་དྲོ་པ་ཕྱི་རུ་ཨ་རྟག་རང་ དཀོན་མཆོག་ལུ་སྨོན་ལམ་བཏབ་སྟེ་རོགས་རམ་ཞུ་མི་འདི་ཨིན། 6 དེ་འབདཝ་ད་ མོ་གིས་སྤྲོ་སྟོན་ནི་རྐྱངམ་གཅིག་འཚོལ་སྡོད་པ་ཅིན་ མོ་རང་གསོན་པོ་སྦེ་སྡོད་རུང་ ཤི་སོངམ་དང་འདྲ། 7 ཡུགས་ས་མོ་དང་མོ་གི་བཟའ་ཚང་ལུ་ འདི་བཟུམ་གྱི་བཀའ་རྒྱ་བྱིན་ དེ་སྦེ་འབད་བ་ཅིན་ ཁོང་ལུ་སྐྱོན་བཏགས་མི་ག་ཡང་མི་འོང་། 8 མི་ག་ར་འབད་རུང་ རང་གི་གཉེན་ཉེཝ་དང་ཁག་ཆེ་ཤོས་ རང་གི་བཟའ་ཚང་ལུ་བདག་འཛིན་མ་འཐབ་པ་ཅིན་ མི་དེ་གིས་ཁོ་རང་གི་དད་པ་ཡ་མེད་སྦེ་བཞག་དོཝ་བཟུམ་ཨིནམ་མ་ཚད་ དད་པ་མ་བསྐྱེད་མི་ཚུ་ལས་ཡང་སྐྱོ་ཤོས་སྦེ་བརྩི་ནི་ཨིན། 9 ལོ་དྲུག་བཅུ་ལས་ལྷག་མི་དང་ རྨགཔ་གཅིག་གི་ཨམ་སྲུ་འབད་མི་ལུ་རྐྱངམ་གཅིག་ ཨམ་སྲུ་ཡུགས་ས་མོ་ངོ་མ་གི་ཐོ་ཡིག་ནང་བཙུགས་བཅུག 10 དེ་ལས་མི་གཞན་ཚུ་གིས་ མོ་ཨ་རྟག་རང་ལཱ་ལེགས་ཤོམ་འབད་སྡོད་སྡོདཔ་ཨིནམ་ཤེས་དགོ་ དཔེར་ན་མོ་རའི་བུ་དང་བུམོ་ལུ་ལེགས་ཤོམ་སྦེ་གསོ་གསོཝ་ཡོད་ག་ ཁྱིམ་ནང་འོང་མི་མགྱོནམ་ལུ་མཐོང་བསྐྱེད་དེ་ དཀོན་མཆོག་ཁོ་རའི་མི་དམ་པ་ཚུ་གི་རྐངམ་ཆུ་འཁྱུ་སྟེ་ མོ་རང་གཡོགམོ་ཅིག་བཟུམ་སྦེ་ཕྱག་ཞུ་ཡི་ག་ སྡུག་བསྔལ་ནང་ཡོད་མི་ཚུ་ལུ་གྲོགས་རམ་འབད་ ཕན་བཏགས་བྱིན་ཡི་ག་ དེ་ལས་མོ་འདི་བཟུམ་གྱི་ལཱ་བཟང་པོ་ཚུ་ལུ་གཙོ་བོ་བསྟེན་ཏེ་སྡོད་མི་ཅིག་དགོ། 11 དེ་འབདཝ་ད་ ཡུགས་ས་མོ་ལོ་ན་ཆུང་ཀུ་ཚུ་ ཨམ་སྲུ་ཡུགས་ས་མོ་ངོ་མ་གི་ཐོ་ཡིག་ནང་བཙུགས་མ་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གི་སེམས་འདི་འདོད་ཆགས་ཀྱིས་འབད་ གཉེན་རྐྱབ་དགོ་མནོཝ་ད་ ཁིརཱིས་ཀྱི་ཞབས་ཕྱི་ཞུ་ནི་ནང་ལས་རྒྱབ་ལོག་འགྱོ་འོང་། 12 དེ་གིས་འབད་ ཧེ་མ་ཁོང་གིས་ ཡུགས་ས་མོ་སྦེ་སྡོད་དེ་ གཙོ་བོ་གི་ཞབས་ཕྱི་ཞུ་ནི་གི་ ཁས་བླངས་དམ་བཅའ་ལས་འགལ་འགྱོཝ་ད་ ཁོང་ལུ་དཀོན་མཆོག་གི་ཆདཔ་ཕོག་འོང་། 13 འདི་གིས་མ་ཚད་ ཁོང་སྒྱིད་ངན་འགྱུར་ཏེ་ རོགས་ཀྱི་ཁྱིམ་བཤལ་འགྱོ་ནི་ལང་ཤོར་ཚུད་འོང་ དེ་ལས་སྒྱིད་ངན་འགྱུར་ནི་རྐྱངམ་གཅིག་མེན་པར་ ཁོང་གིས་ཡར་གྱི་བློ་མར་སླབ་ནི་དང་ རོགས་ཀྱི་ལཱ་ནང་དཀྲོགས་ཁ་རྐྱབ་ནི་དང་ སླབ་མ་བཏུབ་དང་ འབད་མ་བཏུབ་པའི་བྱ་སྤྱོད་ངན་པའི་ལཱ་ཚུ་འབད་ནི་ལྷབ་སྡོད་འོང་། 14 ངེ་གི་ཁ་བཀོད་ལྟར་དུ་འབད་དགོཔ་དེ་ ལོ་ན་ཆུང་མིའི་ཡུགས་ས་མོ་ཚུ་གཉེན་བརྐྱབ་ བུ་གཞི་སྐྱེས་ཏེ་ རང་གི་ཁྱིམ་བདག་འཛིན་འཐབ་སྡོད་བཅུག་ དེ་བཟུམ་སྦེ་འབད་བ་ཅིན་ ང་བཅས་ཀྱི་བྱང་ཕྱད་ཚུ་གིས་ སྐྱོན་བཏགས་ནི་གི་གོ་སྐབས་མི་ཐོབ། 15 དེ་འབདཝ་ད་ ཁོང་ཡུགས་ས་མོ་གཞོནམ་ལ་ལུ་ཅིག་ བདུད་ སེ་ཏཱན་གྱི་ཁ་ལུ་ཉན་ཏེ་ཡར་སོང་ཡི། 16 དདཔ་ཅན་ཨམ་སྲུ་ ག་གིས་རང་འབད་རུང་ རང་གི་ཁྱིམ་ནང་ཡུགས་ས་མོ་གཅིག་ཡོད་པ་ཅིན་ ཆོས་ཚོགས་ལུ་འགན་ཁག་མ་བཀལ་བར་ མོ་གིས་འདི་ལུ་ཆ་རོགས་འབད་དགོ་ དེ་སྦེ་འབདཝ་ལས་ ཆོས་ཚོགས་ཀྱིས་ཡུགས་ས་མོ་ངོ་མ་ རོགས་རམ་འབད་མི་ག་ཡང་མེད་མི་ཚུ་ལུ་ ཆ་རོགས་འབད་ཚུགས།། 17 ཆོས་ཚོགས་ལུ་བདག་འཛིན་འཐབ་མིའི་འགོ་འདྲེན་པ་ཚུ་ ཁག་ཆེ་བ་རང་ ཆོས་བཤད་ནི་དང་ཆོས་སྟོན་ནི་ནང་ལུ་ ལཱ་རྩ་འགེངས་ཏེ་འབད་མི་ཚུ་གིས་ ཞེ་ས་དང་གླ་ཆ་མ་བཏུབ་བཏུབ་སྦེ་ཐོབ་པའི་འོས་འབབ་ཡོད། 18 ག་ཅི་སྨོ་ཟེར་བ་ཅིན་ ལོ་ཐོག་བསྡུཝ་ད་ གླང་གི་ཁ་ལུ་ཀུ་ཏོ་མ་བཙུགས་ ལཱ་འབད་མི་གིས་གླ་ཆ་ཐོབ་དགོ་ཟེར་ གསུང་རབ་ནང་དེ་སྦེ་བྲིས་ཏེ་ཡོད། 19 འགོ་འདྲེན་པ་ཚུ་གི་སྐོར་ལས་ ཞུ་ལོག་བཀལ་མི་འོང་པ་ཅིན་ ཁོང་ལུ་སྐྱོན་བཏོན་མི་འཛོམ་དཔང་ གཉིས་ཡང་ན་གསུམ་ལས་ལྷགཔ་མེད་པ་ཅིན་ ཞུ་ལོག་བཀལ་མི་ལུ་མ་ཉན། 20 སྡིག་པ་འབད་སྡོད་མི་འགོ་འདྲེན་པ་ཚུ་ལུ་ ག་ར་འཛོམས་སར་ལུ་སྐྱོན་བཏོན་ཏེ་དྲན་བསྐུལ་འབད་ དེ་ལས་མི་གཞན་གྱིས་ཡང་འདི་མཐོངམ་ད་ དཀོན་མཆོག་ལུ་འདྲོགས་ཏེ་སྡོད་འོང་། 21 དཀོན་མཆོག་དང་ཁིརཱིས་ཡེ་ཤུ་དང་ བཙག་འཐུ་མཛད་མི་ཕོ་ཉ་ཚུ་ལུ་འཛོམ་དཔང་སྦེ་བཙུགས་ཏེ་ ང་གིས་ཁྱོད་ལུ་སླབ་དོ་ ཨ་ནི་བཀོད་རྒྱ་ཚུ་ལུ་ཉན་ཏེ་ ཁྱོད་ཀྱིས་ འགོ་འདྲེན་པ་ག་ལུ་འབད་རུང་ ག་ཅི་གི་ཐོག་ལས་འབད་རུང་ ཆགས་སྡང་ཕྱོགས་རིས་མ་ཕྱེ་བར་འབད་དགོ། 22 མི་གཞན་གྱི་གུ་ལགཔ་བཀལ་ཏེ་ འགོ་འདྲེན་པ་སྦེ་བཙག་འཐུ་འབད་ནི་ལུ་མ་ཚབ་ དེ་འབདཝ་ལས་ ཁྱོད་ཁོང་གི་སྡིག་པའི་གྲལ་ཁར་མི་ཚུད་ ཁྱོད་རང་འདི་བཟུམ་གྱི་ལཱ་ཚུ་ལས་གཙངམ་སྦེ་སྡོད། 23 ཁྱོད་ཕོཝ་ན་སྟེ་རང་སྡོད་པ་ཅིན་ ཆུ་རྐྱངམ་གཅིག་མ་འཐུང་པར་ རྒུན་འབྲུམ་གྱི་ཆང་སྨན་སྦེ་ཨ་ཙི་རེ་འཐུང་། 24 མི་ལ་ལུ་ཅིག་གིས་འབད་མི་སྡིག་པ་དེ་ ག་ར་གིས་དྭངས་འཕྲོས་འཕྲོས་སྦེ་མཐོང་སྟེ་ ཁོང་ཁྲིམས་ཁང་ནང་མ་ལྷོདཔ་ལས་གཞན་གྱིས་ཤེས་འོང་ དེ་འབདཝ་ད་ མི་ལ་ལུ་ཅིག་གིས་འབད་མི་སྡིག་པ་དེ་ དེ་འཕྲོ་ལས་མ་མཐོང་པར་ ཤུལ་ལས་རྐྱངམ་གཅིག་ཤེས་འོང་། 25 འདི་བཟུམ་སྦེ་རང་ མི་གཅིག་གིས་འབད་མི་ལཱ་བཟང་པོ་དེ་ཚུ་ གཞན་གྱིས་དྭངས་འཕྲོས་འཕྲོས་སྦེ་མཐོང་འོང་ དེ་ལས་མི་ལ་ལུ་ཅིག་གིས་འབད་མི་ལཱ་བཟང་པོ་དེ་ དེ་འཕྲོ་ལས་མ་མཐོང་སྟེ་འབད་རུང་ ནམ་ཅིག་གི་ཚེ་ག་ར་གིས་ཤེ་འོང་།།
1 ཁྱེད་དདཔ་ཅན་ག་ར་འབད་རུང་ རྒྱོབོ་རྒྱམོ་སྦེ་སྡོད་ཡོད་པ་ཅིན་ དཀོན་མཆོག་གི་མཚན་དང་ ང་བཅས་ཀྱིས་སྟོན་མི་ཆོས་དེ་ལུ་ སྐྱོན་མ་བཏགས་ནིའི་དོན་ལུ་ རང་གི་སྦྱིན་བདག་ལུ་གུས་ཞབས་འབད་དགོ། 2 རྒྱོབོ་རྒྱམོ་ཚུ་གི་སྦྱིན་བདག་དེ་ཚུ་དདཔ་ཅན་ཨིན་ཏེ་འབད་རུང་ ཁོང་ལུ་གུས་ཞབས་མ་འབདཝ་མ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་དད་པ་གཅིག་གི་སྤུན་ཆ་ཨིན་ དེ་འབདཝ་ད་ ཧེ་མ་ལས་ལྷགཔ་སྦེ་ ཁོང་གི་དོན་ལུ་འབད་བྱིན་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ག་འབད་མི་ལཱ་ནང་ལས་ཁེ་སང་ཐོབ་མི་དེ་ གཅེས་པའི་དདཔ་ཅན་ཚུ་ལུ་ཕན་ཐོགས་ཡོད་ འདི་ཚུ་གི་སྐོར་ལས་ཁྱོད་ཀྱིས་མི་དེ་ཚུ་ལུ་བཤད་དེ་སྟོན་བྱིན།། 3 མི་ག་གིས་རང་འབད་རུང་ ཆོས་མ་འདྲཝ་གི་གཞི་སྟོན་ཏེ་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱིས་སྟོན་མི་བདེན་པ་དང་ ཆོས་སེམས་བསྐྱེད་ནིའི་ཆོས་ཀྱི་གཞི་ལུ་ མ་མཐུནམ་སྦེ་བཟོ་བ་ཅིན། 4 ཁོ་རོ་རྔམ་གྱིས་གང་སྟེ་ག་ནི་ཡང་མི་ཤེས་ ཁོ་གི་མནོ་བསམ་འདི་མི་གཞན་ཚུ་དང་གཅིག་ཁར་ བློ་རེ་རེ་ལུ་ཚིག་བཤེད་དེ་ འཐབ་ནི་འཚོལ་སྡོད་འོང་ བློ་དེ་ཚུ་ནང་ལས་ ང་རྒྱལ་ལང་ནི་དང་ བར་ན་ཕུང་གཏང་སྟེ་ མ་འགྲིགཔ་བཟོ་ནི་དང་ དཀྲོགས་ཁ་བརྐྱབས་ནི་དང་ གཞན་ལུ་ཐབས་ཤེས་ཟོགཔོ་སྟོན་ཏེ་ དོགས་པ་ཆགས་བཅུག་ནི་དང་། 5 བདེན་པ་མ་ཤེས་མི་དང་ སེམས་ངན་པ་བསྐྱེད་ཡོད་མི་ཚུ་གི་བར་ན་ ཨ་རྟག་རང་རྩོད་པ་རྐྱབ་བཅུགཔ་ཨིན་ དེ་ལས་ཁོང་ཆ་ཁྱབ་ཀྱིས་ ཆོས་འབད་དེ་ མ་དངུལ་ཐོབ་ནི་གི་མནོ་བསམ་གཏངམ་ཨིན།། 6 ཐད་རི་བ་རི་ ཆོས་སེམས་བསྐྱེད་དེ་ རང་ལུ་ཡོད་མི་ལུ་མཚམས་ཚོད་འབད་ཤེས་པའི་བསྒང་ལས་ ཁེ་སང་ལེ་ཤ་ཡོད། 7 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་ཨ་ནི་འཛམ་བུ་གླིང་ནང་འོངམ་ད་ ག་ནི་ཡང་འབག་མ་འོང་ ད་རུང་ནཱ་ལས་ལོག་འགྱོཝ་ད་ཡང་ ག་ནི་ཡང་འབག་འགྱོ་མི་ཚུགས། 8 བཟའ་འཐུང་དང་གྱོན་ནི་གཅིག་ཡོད་པ་ཅིན་ འདི་གིས་ང་བཅས་ལུ་ལངམ་སྦེ་སྡོད་དགོ། 9 དེ་འབདཝ་ད་ ཕྱུགཔ་འགྱོ་དགོ་མནོ་མི་ཚུ་ བར་ཆད་ནང་ཚུདཔ་ཨིན་ དེ་ལས་ ཤེས་མཐོང་སྟེ་འབད་རུང་ འཛོལ་བ་འབད་ནི་གི་སེམས་དང་ གནོད་པ་བཀལ་ནིའི་འདོད་པ་གི་ཧིང་ནང་ཚུདཔ་ཨིན་ འདི་བཟུམ་གྱི་འདོད་པ་ཚུ་གིས་ མི་དེ་ལུ་ མེདཔ་ཐལ་ནི་དང་ཉེས་ཆད་ཕོག་ནི་ཚུ་ བྱུང་བཅུགཔ་ཨིན། 10 ཏི་རུ་ལུ་དགའ་ནི་འདི་ ངན་པ་ག་ར་གི་ར་ཏོ་ཨིན་ མི་ལ་ལུ་ཅིག་ཏི་རུ་གི་འདོད་པ་གིས་ དད་པའི་ལམ་ནང་ལས་འཐོན་འགྱོ་སྟེ་ ཁོ་ཁོ་རང་ སྡུག་བསྔལ་དང་ན་ཟུག་གིས་སྲོབ་བཅུགཔ་ཨིན།། 11 དེ་འབདཝ་ད་ དཀོན་མཆོག་གི་བུ་ཁྱོད་ཀྱིས་དེ་ཚུ་ག་ར་སྤངས་ཏེ་ དཀོན་མཆོག་གི་ཐུགས་དང་ལྡན་མིའི་ལཱ་ཕྲངམ་འབད་ནི་དང་ ཆོས་སེམས་བསྐྱེད་ནི་དང་ དད་པ་ཆེ་ཏོག་ཏོ་དང་ བྱམས་སེམས་དང་ བཟོད་པ་བསྒོམས་ཏེ་མཉམ་ཆུང་ཚུ་གི་ལམ་ནང་འགྱོ་དགོ། 12 གསོལ་རས་ཐོབ་ནི་གི་དོན་ལུ་ དད་པ་ནང་འགྲན་བསྡུར་ལེགས་ཤོམ་འབད་ དེ་ལས་དཀོན་མཆོག་གིས་ཁྱོད་ལུ་འབོ་གནང་མི་དོན་དག་སྒྲུབ་ནི་སྦེ་ མཐའ་མེད་པའི་ཚེ་འདི་གསོལ་རས་སྦེ་ལེན་ འདི་གི་སྐོར་ལས་ཡང་ ཁྱོད་ཀྱིས་མི་ལེ་ཤ་གི་གདོང་ཁར་ དད་པ་གི་འཛོམ་དཔང་བཟང་པོ་འབད་ཡི། 13 ག་ར་ལུ་ཚེ་གནང་མི་དཀོན་མཆོག་གི་གཟིགས་སར་དང་ པཱོན་ཏི་ཨུས་ པི་ལ་ཏུས་ཀྱི་གདོང་ཁར་ བདེན་པ་ཕྲང་གསུངས་མི་ཁིརཱིས་ཡེ་ཤུ་ལུ་ འཛོམ་དཔང་སྦེ་བཞག་སྟེ་ ང་ཁྱོད་ལུ་དྲན་བསྐུལ་འབད་དོ། 14 ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ལོག་མ་བྱོན་ཚུན་ཚོད་ ང་གིས་སྟོན་མི་ཆོས་འདི་ ཁྱོད་ཀྱིས་འཛོལ་བ་དང་སྐྱོན་ཞུགས་མ་བཅུག་པར་སྲུང་སྟེ་སྡོད་དགོ། 15 དཀོན་མཆོག་གིས་ཁོ་རང་གི་དུས་ཚོད་ཀྲིག་ཀྲི་ལུ་ ཁིརཱིས་ལུ་ལོག་གཏང་གནང་འོང་། དཀོན་མཆོག་དེ་ ཁོ་རང་རྐྱངམ་གཅིག་བྱིན་རླབས་ཅན་དང་ ཀུན་དབང་ཅན་ཨིན་ ཁོ་རྒྱལཔོ་ཚུ་གི་རྒྱལཔོ་དང་ གཙོ་བོ་ཚུ་གི་གཙོ་བོ། 16 ནམ་ཡང་མ་གཤགས་མི་ མཇལ་མ་ཚུགས་མི་འོད་ཟེར་ནང་བཞུགས་ཡོད་མི་ ད་ལྟོ་ཚུན་ཚོད་མི་ག་གིས་ཡང་མ་མཇལ་ མཇལ་ཡང་མ་ཆོག་མི་དཀོན་མཆོག་ཨིན་ དུས་རྒྱུན་དུ་རང་ གུས་ཞབས་དང་ མཐའ་མེད་པའི་དབང་ཤུགས་ ཁོ་གི་ཨིན་ནོ་ ཨ་མཱེན།། 17 ཨ་ནི་འཛམ་བུ་གླིང་གི་མི་ཕྱུགཔ་ཚུ་ལུ་ བཀའ་རྒྱ་དམ་དམ་སྦེ་བྱིན་ རྔམ་སྟོན་ཏེ་ བརྟན་པ་མེད་པའི་རྒྱུ་ཕྱེད་ཀྲམ་ཚུ་ནང་བློ་མ་གཏད་པར་ ང་བཅས་སེམས་དགའ་ནིའི་དོན་ལུ་ ག་དགོཔ་ལས་ཡང་ཐེབ་སྦེ་གནང་མི་ དཀོན་མཆོག་ལུ་བློ་གཏད། 18 ཁོང་ལུ་ལཱ་ལེགས་ཤོམ་འབད་བཅུག་ དེ་ལས་ལཱ་བཟང་པོ་ག་དེ་མང་མང་འབད་ ཁག་ཆེཝ་ཡོད་མི་ཚུ་ལུ་ ལགཔ་དམ་དྲགས་མ་འབད་བར་ བྱིན་ནི་ལུ་དགའ་ཚོར་བསྐྱེད་བཅུག་ རྟག་བུ་རང་དཀོན་མཆོག་གིས་ཁོང་ལུ་ག་གནང་མི་དེ་ གཞན་དང་གཅིག་ཁར་བགོ་བཤའ་རྐྱབས་ཟེར་སྟོན་བྱིན། 19 ཁོང་དེ་སྦེ་འབད་བ་ཅིན་ ཁོང་རའི་དོན་ལུ་ དུས་ཤུལ་མ་ ཞིང་ཁམས་ལུ་ གཞི་སྒྲིང་སྒྲིང་བཙུགས་ཏེ་ རྒྱུ་ནོར་ལོངས་སྤྱོད་བསག་དོཝ་བཟུམ་ཨིན་ དེ་ལས་ཁོང་གིས་ཚེ་ངོ་མ་དེ་ལུ་བཤེད་བཞག་ཚུགསཔ་ཨིན།། 20 དབའེ་ ཏི་མོ་ཐི་ ང་གིས་ཁྱོད་ལུ་བྱིན་མི་བཀོད་རྒྱ་དེ་ལུ་བདག་འཛིན་འཐབ་བཞག་ ཁུངས་མེད་པའི་ འཇིག་རྟེན་པའི་གཏམ་དེ་ཚུ་ ཡོན་ཏན་ཨིན་ཟེར་སྟོན་མི་ཆོས་རྫུས་མ་ཚུ་ལུ་མ་ཉན། 21 མི་ལ་ལུ་ཅིག་ཨ་ནི་ཡོན་ཏན་ ང་ལུ་ཡོད་ཟེར་སླབ་མི་ཆོས་རྫུས་མ་ལུ་ཉན་ཏེ་ དད་པའི་ལམ་ནང་ལས་འཐོན་ཏེ་ཡར་སོང་ནུག་ དཀོན་མཆོག་གི་ཐུགས་རྗེ་འདི་ ཁྱེད་ཆ་ཁྱབ་དང་གཅིག་ཁར་བཞུགས་བཅུག། །།
1 དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ ཁིརཱིས་ཡེ་ཤུ་གི་སྐུ་ཚབ་ཨིན་མི་དང་ དཀོན་མཆོག་གིས་ཁས་བླངས་བཞེས་ཏེ་གནང་མི་ ཁིརཱིས་ཡེ་ཤུ་ནང་ཡོད་མིའི་ཚེ་དང་འཁྲིལ་ཏེ་ ང་ པའུལ་གྱིས། 2 ངེ་གི་གཅེས་པའི་བུ་ ཏི་མོ་ཐི་ལུ་ ཨ་ནི་ཡི་གུ་འདི་འབྲི་དོ་ ཡབ་དཀོན་མཆོག་དང་ ང་བཅས་ཀྱི་གཙོ་བོ་ཁིརཱིས་ཡེ་ཤུ་གི་ ཐུགས་རྗེ་དང་ སྙིང་རྗེ་དང་ཞི་བདེ་ ཁྱོད་ལུ་གནང་བཅུག། 3 ངེ་གི་ཕ་བརྒྱུད་ཚུ་གིས་འབད་དོཝ་བཟུམ་སྦེ་ ང་ཡང་དྲན་ཤེས་གསལ་ཏོག་ཏོ་གི་ཐོག་ལས་ དཀོན་མཆོག་ལུ་ཕྱག་ཞུཝ་ཨིན་ འདི་ལུ་ང་གིས་ཉིན་ནུབ་མེད་པར་ སྨོན་ལམ་བཏབ་ད་ ཁྱོད་ལུ་དྲན་ཏེ་ཨ་རྟག་རང་བཀའ་དྲིན་ཆེ་ཟེར་ཞུ་དོ། 4 ཁྱོད་ཀྱི་མིག་ལས་འཛག་མི་མིག་ཆུ་དེ་ ད་ལྟོ་ཚུན་ཚོད་ཡང་ ང་གིས་སེམས་ཁར་དྲན་ཏེ་རང་ཡོད་ དེ་སྦེ་འབད་ནི་འདི་གིས་ ངེ་གི་སེམས་ཁར་དགའ་ཚོར་ཐོབ་ནིའི་དོན་ལུ་ ཁྱོད་དང་གནམ་མེད་ས་མེད་འཕྱད་དགོ་མནོ་ཡི། 5 ཁྱོད་ཀྱིས་དད་པ་བསྐྱེད་ནི་གི་ཧེ་མ་ ཁྱོད་ཀྱི་ཨང་རྒས་ ལོ་ཨཱིས་དང་ ཨའི་ ཡུ་ནཱེས་ཀྱིས་ག་དེ་སྦེ་དད་པ་བསྐྱེད་ཅི་ག་ དེ་བཟུམ་སྦེ་རང་ ཤུལ་མ་ཁྱོད་ཡང་དད་པ་བསྐྱེད་ཅི་ཟེར་ངེ་གི་སེམས་ཁར་དྲན་ཡི་ དེ་ལས་ད་ལྟོ་ཚུན་ཚོད་ ཁྱོད་ཀྱིས་ཨ་ནི་བཟུམ་གྱི་དདཔ་ངོ་མ་བསྐྱེད་དེ་སྡོདཔ་ཨིན་ཟེར་ ང་གིས་ཐེ་ཚོམ་མེད་པར་ཤེས་ཅི།། 6 འདི་གི་དོན་ལུ་ ང་གིས་ཁྱོད་ཀྱི་གུ་ ལགཔ་བཀལ་བའི་ཐོག་ལས་སྦེ་ ཐོབ་མི་དཀོན་མཆོག་གི་གསོལ་རས་དེ་ མར་ཉམས་མ་བཅུག་པར་ ཁྱོད་ཀྱིས་ཨ་རྟག་རང་ དཔེར་ན་ མེ་རུ་གོ་ཐལ་གྱི་འོག་ལུ་སྦ་བཞག་སྟེ་ ལོག་མེ་འཕུཝ་ད་ མེ་འབར་བཅུག་དོཝ་བཟུམ་སྦེ་ གསོལ་རས་དེ་ལེགས་ཤོམ་སྦེ་བདག་འཛིན་འཐབ་དགོ་ཟེར་ ང་གིས་དྲན་བསྐུལ་འབདཝ་ཨིན། 7 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ང་བཅས་ལུ་ སྤོབས་མེདཔ་མཛད་ནི་གི་སེམས་མེན་པར་ ཁོ་གིས་ སྟོབས་ཤུགས་ཀྱི་སེམས་དང་ བྱམས་སེམས་ དེ་ལས་རང་གིས་རང་སྒྲིགས་བཙུགས་ནིའི་སེམས་གནང་ནུག 8 དེ་འབདཝ་ལས་ང་བཅས་ཀྱི་གཙོ་བོ་གི་སྐོར་ལས་ གཞན་ལུ་བཤད་ནི་ལུ་འདྲོག་མི་དགོ་ དེ་མ་ཚད་ ང་གཙོ་བོ་གི་དོན་ལུ་བཙོན་པ་ཨིན་མི་ལུ་བལྟ་སྟེ་ཡང་ ངོ་ཚ་སྟེ་མ་སྡོད་ འདི་གི་ཚབ་ལུ་ དཀོན་མཆོག་གི་གནང་མི་དབང་ལུ་བློ་གཏད་དེ་ ང་དང་གཅིག་ཁར་གཏམ་བཟང་གི་དོན་ལུ་ དཀའ་ངལ་འབག་ནི་ནང་ ང་དང་བཅིག་ཁར་བཅའ་མར་གཏོགས།། 9 ཁོ་གིས་ང་བཅས་ལུ་སྐྱབས་མཛད་དེ་ ཁོ་རང་གི་མི་དམ་པ་སྦེ་སྡོད་ནིའི་དོན་ལུ་འབོ་ཅི་ དེ་གི་དོན་དག་དེ་ ང་བཅས་རང་གི་ལཱ་ལེགས་ཤོམ་ལུ་བརྟེན་ཏེ་མེན་ དེ་འབདཝ་ད་ འཛམ་བུ་གླིང་མ་མཛད་པའི་ཧེ་མ་ ཁོ་རང་གི་འཆར་གཞི་དང་འཁྲིལ་ཏེ་ ཁིརཱིས་ཡེ་ཤུ་གི་རྒྱུད་ལས་སྦེ་ ང་བཅས་ལུ་གནང་མི་ཐུགས་རྗེ་ འདི་ལས་བརྟེན་ཏེ་ཨིན། 10 ད་ཁིརཱིས་ཡེ་ཤུ་ང་བཅས་ཀྱི་སྐྱབས་མགོན་སྦེ་བྱོན་པའི་ཐོག་ལས་སྦེ་ ཐུགས་རྗེ་དེ་ཕྱི་ཁར་ཐོན་ཡི་ ཁོ་གིས་འཆི་བ་གི་དབང་ཤུགས་རྩ་མེད་གཏང་སྟེ་ གཏམ་བཟང་གོ་བའི་ཐོག་ལས་སྦེ་ ཚེ་ངོ་མ་དང་ འཆི་བ་མེད་པའི་སྐོར་ལས་ ང་བཅས་ལུ་གསལ་ཏོག་ཏོ་སྦེ་སྟོན་གནང་ཡི། 11 ཨ་ནི་གཏམ་བཟང་གི་དོན་ལུ་ དཀོན་མཆོག་གིས་ང་ལུ་ཆོས་བཤད་མི་དང་སྐུ་ཚབ་ དེ་ལས་སློབ་དཔོན་གྱི་འགན་ཁུར་བཀལ་གནང་ཡི། 12 དེ་གི་དོན་ལས་སྦེ་ ང་བཙོན་ཁང་ནང་སྡུག་བསྔལ་ཚུ་མྱོང་སྟེ་ཡོདཔ་ཨིན་ དེ་འབདཝ་ད་ དེ་ལུ་བལྟ་སྟེ་ ང་ངོ་མི་ཚ་ ག་ཅི་སྨོ་ཟེར་བ་ཅིན་ ག་ལུ་ང་གིས་དད་པ་བསྐྱེདཔ་ཨིན་ན་ ང་རང་གིས་ཤེས་ ད་རུང་ངེ་གི་ཚེ་སྲོག་འདི་ ཁོ་གི་ཕྱག་ལུ་བློ་གཏད་དེ་ཕུལ་མི་དེ་ཡང་ མཐའན་མཇུག་གི་ཉིནམ་ཚུན་ཚོད་ ཁོ་གིས་བདག་འཛིན་འཐབ་གནང་འོང་ཟེར་ ང་ལུ་རེ་བ་ཏན་ཏན་ཡོདཔ་ཨིན། 13 ཁྱོད་ཁིརཱིས་ཡེ་ཤུ་ནང་ལུ་དད་པ་དང་ བྱམས་པ་ནང་རང་སྡོད་དེ་ ང་གིས་ཁྱོད་ལུ་སྟོན་བྱིན་མི་བདེན་པའི་ཚིག་བརྟན་ཏོག་ཏོ་ཚུ་ དཔེ་གཅིག་སྦེ་ལག་ལེན་འཐབ་སྟེ་སྡོད། 14 ཁྱོད་ལུ་བཅོལ་བཞག་མི་བདེན་པ་བཟང་པོ་དེ་ཚུ་ ག་གིས་ཡང་འགྱུར་བཅོས་འབད་མ་བཅུག་ནིའི་དོན་ལུ་ ང་བཅས་ཀྱི་ནང་ན་བཞུགས་ཡོད་པའི་ཐུགས་ཉིད་ཀྱིས་ ཆ་རོགས་འབད་བའི་རྒྱུད་ལས་ སྲུང་བཞག་དགོ།། 15 ལུང་ཕྱོགས་ ཨེ་སི་ཡ་ནང་སྡོད་མི་ ཕི་གེ་ལུས་དང་ ཧཱེར་མོ་གེ་ནཱེས་གཉིས་ཀྱི་རྩིས་པའི་ དདཔ་ཅན་མང་ཤོས་ཀྱིས་རང་ ང་ལུ་བཀོག་བཞག་སྟེ་ཡར་སོངམ་ཨིནམ་དེ་ ཁྱོད་ཀྱིས་ཤེས། 16 གཙོ་བོ་གིས་ ཨོ་ནི་སི་ཕོ་རུས་ཀྱི་བཟའ་ཚང་ལུ་སྙིང་རྗེ་གཟིགས་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ཨ་རྟག་རང་ང་ལུ་སེམས་གསོ་འབདཝ་ཨིནམ་མ་ཚད་ ཁོ་གིས་ང་བཙོན་ཁང་ནང་སྡོད་མི་ལུ་བལྟ་སྟེ་ ངོ་མ་ཚ། 17 ཁོ་རྒྱལ་ས་ རོམ་ལུ་ལྷོདཔ་ད་ ང་ལུ་འཚོལ་ཏེ་ལཱ་ཁག་རྐྱབ་རུང་ ང་མ་འཕྱད་ཚུན་ཚོད་འཚོལ་ཏེ་འོངས་ནུག 18 མཐའན་མཇུག་གི་ཉིནམ་ལུ་ གཙོ་བོ་གིས་ ཨོ་ནི་སི་ཕོ་རུས་ལུ་སྙིང་རྗེ་གཟིགས་བཅུག་ ང་ཁྲོམ་ ཨི་ཕི་སི་ལུ་སྡོད་པའི་བསྒང་ལུ་ ཁོ་གིས་ང་ལུ་ག་དེ་ཅིག་ཆ་རོགས་འབད་ཡི་ག་ འདི་ཁྱོད་ཀྱིས་ལེགས་ཤོམ་སྦེ་ཤེས།།
1 དེ་འབདཝ་ལས་ ངེ་གི་བུ་ ཁིརཱིས་ཡེ་ཤུ་གི་ཐུགས་རྗེ་གི་རྒྱུད་ལས་སྦེ་ སྤོབས་པ་ཅན་དང་ལྡནམ་སྦེ་སྡོད་བཅུག 2 དེ་ལས་འཛོམ་དཔང་ལེ་ཤ་གི་སྦུག་ལུ་ ཁྱོད་ཀྱིས་ང་ལས་གོ་མི་ཆོས་ཚུ་ མི་ན་འཐན་ཏོག་ཏོ་ ལྕོགས་གྲུབ་ཡོད་མི་ཚུ་ལུ་སྟོན་བྱིན་ དེ་ལས་ཁོང་གིས་གཞན་ཚུ་ལུ་ཡང་སྟོན་ཚུགས། 3 དམག་མི་བཟང་པོ་བཟུམ་ཅིག་སྦེ་ ཁིརཱིས་ཡེ་ཤུ་གི་དོན་ལུ་ ང་དང་གཅིག་ཁར་ བཟོད་པ་སྒོམས་སྡོད་དེ་སྡུག་བསྔལ་འབག་དགོ། 4 དམག་མི་གཅིག་གིས་ མི་སེར་གྱི་ལཱ་ནང་ལུ་བཅའ་མར་མི་གཏོགས་ ག་ཅི་སྨོ་ཟེར་ཅིན་ ཁོ་གིས་རང་གི་དམག་དཔོན་ལུ་སེམས་དགའ་བཅུག་ནི་གི་དོན་ལུ་ ལཱ་འབདཝ་ཨིན། 5 ད་རུང་རྩེདམོ་རྩེད་མི་གིས་ རྩེདམོ་ག་ཅི་རང་འབད་རུང་ ཁྲིམས་དང་བསྟུན་ཏེ་མ་རྩེད་བ་ཅིན་ གསོལ་རས་མི་ཐོབ། 6 ཞིང་ལཱ་དཀའཝ་སྤྱད་དེ་འབད་མི་གིས་ ལོ་ཐོག་དང་པ་གི་སྐལཝ་འདི་ ཁོ་གིས་ཐོབ་དགོ། 7 ང་གིས་ཁྱོད་ལུ་བྲིས་མི་དེ་ཚུ་ ལེགས་ཤོམ་སྦེ་མནོ་བསམ་གཏང་དགོ་ ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་གིས་ཁྱོད་ལུ་ཧ་གོ་ནིའི་རིག་པ་ག་ར་གནང་འོང་། 8 ང་གིས་གཏམ་བཟང་བཤད་མི་དང་འཁྲིལ་ཏེ་ གཤགས་ས་ལས་སྐུ་གསོན་པོ་སྦེ་བཞེངས་མི་དང་ རྒྱལཔོ་ ད་བིད་ཀྱི་གདུང་བརྒྱུད་ལས་བྱོན་མི་ཡེ་ཤུ་ཁིརཱིས་ལུ་ སེམས་ཁར་དྲན་དགོ། 9 ཨ་ནི་གཏམ་བཟང་གི་དོན་ལུ་ ང་གིས་སྡུག་བསྔལ་མྱོང་སྟེ་མི་ཉེས་པ་ཅན་ལུ་འབད་དོཝ་བཟུམ་སྦེ་ ང་ལུ་ལྕགས་ཐག་གིས་བཅིངས་ཏེ་བཞག་ཅི་ དེ་འབདཝ་ད་ ང་ལུ་ལྕགས་ཐག་གིས་བཅིངས་བཞག་དོཝ་བཟུམ་སྦེ་ དཀོན་མཆོག་གི་གསུང་དེ་ལུ་བཅིང་བཞག་མི་ཚུགས། 10 དེ་འབདཝ་ལས་ ཁིརཱིས་ཡེ་ཤུ་གི་རྒྱུད་ལས་བྱུང་མི་ཐར་པ་དང་ མཐའ་མེད་པའི་གཟི་བརྗིད་ཐོབ་ནི་སྦེ་ ཁོང་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཚུ་གི་དོན་ལུ་ ང་དཀའ་ངལ་དེ་ཚུ་ག་ར་བཟོད་པ་བསྒོམས་ཏེ་སྡོདཔ་ཨིན། 11 ང་བཅས་ཁོ་དང་མཉམ་གཅིག་ཤི་བ་ཅིན་ ཁོ་དང་མཉམ་གཅིག་གསོན་པོ་སྦེ་སྡོད་ནི་ཡོད། 12 ང་བཅས་ཀྱིས་བཟོད་པ་སྒོམ་པ་ཅིན་ ཁོ་དང་མཉམ་གཅིག་རྒྱལ་སྲིད་སྐྱོང་ནི་ཡོད་ ང་བཅས་ཀྱིས་ཁོ་ལུ་ངོ་མི་ཤེས་ཟེར་བ་ཅིན་ ཁོ་གིས་ཡང་ང་བཅས་ལུ་ངོ་མི་ཤེས་ཟེར་གསུང་འོང་། 13 ང་བཅས་ན་འཐན་ཏོག་ཏོ་མེད་རུང་ ཁོ་ན་འཐན་ཏོག་ཏོ་སྦེ་བཞུགས་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་རང་གི་དམ་བཅའ་ལས་མི་འགལ་ཟེར་ སླབ་མི་གཏམ་དེ་ བདེན་པ་དང་ཆ་བཞག་ཚུགས་མི་གཅིག་ཨིན། 14 དེ་ཚུ་གི་སྐོར་ལས་ མ་ཆད་པ་རང་ དྲན་བསྐུལ་འབད་དེ་སྡོད་དགོ་ དེ་ལས་དཀོན་མཆོག་གི་མཚན་འཛོམ་དཔང་བཙུགས་ཏེ་ ཁུངས་མེད་པའི་ཚིག་གི་སྐོར་ལས་ རྩོད་པ་མ་རྐྱབས་ཟེར་ ཁྱོད་ཀྱིས་དདཔ་ཅན་ཚུ་ལུ་བཀའ་དམ་དྲགས་སྦེ་བྱིན་དགོ་ ག་ཅི་སྨོ་ཟེར་བ་ཅིན་ འདི་བཟུམ་གྱི་རྩོད་པ་རྐྱབ་ནི་གི་བློ་ཚུ་གིས་ གོ་མི་ཚུ་ལུ་གནོད་ནི་མ་གཏོགས་ ཕན་མི་ཐོགས།། 15 དཀོན་མཆོག་གིས་ཐུགས་དགྱེས་མིའི་མི་གཅིག་འབྱུང་ནི་གི་དོན་ལུ་ རྩ་འགེངས་དགོ་ ཁྱོད་ ལས་མི་བཟང་པོ་བཟུམ་སྦེ་ རང་ལུ་བལྟ་སྟེ་ངོ་ཚ་མ་དགོཔ་དང་ བདེན་པའི་གསུང་དེ་ཀྲིག་ཀྲི་སྦེ་ སྟོན་བྱིན་མི་གཅིག་སྦེ་སྡོད་དགོ། 16 དེ་འབདཝ་ད་ ཁུངས་མེད་པའི་ འཇིག་རྟེན་པའི་གཏམ་ཚུ་ལུ་ཉན་ནི་ནང་ བཅའ་མར་མ་གཏོགས་ ག་ཅི་སྨོ་ཟེར་བ་ཅིན་ གཏམ་འདི་ཚུ་གིས་ རང་ལུ་ ཆོས་སེམས་ཡོད་མིའི་སྤྱོད་ལམ་ལས་ ཕར་ཕར་རང་འཁྱིད་འགྱོ་འོང་། 17 གཟུགས་ཀྱི་རྨ་རུལཝ་ད་ རྨ་དེ་འཕྲོ་ལས་སྦོམ་འགྱོ་ནིའི་ཉེན་ཁ་ཡོད་དོཝ་བཟུམ་སྦེ་ ཁུངས་མེད་པའི་གཏམ་འདི་ཚུ་ མི་ལེ་ཤ་ནང་ཁྱབ་བསྒྲགས་འགྱོ་སྟེ་ གནོད་པ་སྦོམ་འབྱུང་ནིའི་ཉེན་ཁ་ཡོད་ ཨ་ནི་གཏམ་སྟོན་མི་ཚུ་གི་གྲལ་ལས་ ཧའི་མེ་ན་ཡཱེས་དང་ ཕི་ལེ་ཏུས་ཨིན། 18 ཁོང་གིས་བདེན་པའི་ལམ་ནང་ལས་ཐོན་ཏེ་ དུས་མཐའན་མཇུག་ལུ་ཤི་ས་ལས་གསོན་པོ་ལོང་ནི་དེ་བྱུང་ཚར་ཡི་ཟེར་སླབ་སྦེ་ མི་ལ་ལུ་ལུ་དད་པ་བསྐྱེད་ས་ལས་བཀགཔ་ཨིན་མས། 19 དེ་འབདཝ་ད་ དཀོན་མཆོག་གི་བདེན་པ་དེ་ རྩིགཔ་འགྱམ་སྒྲིང་སྒྲིང་ཡོད་མི་བཟུམ་ཅིག་ཨིན་ དེའི་གུ་བརྗོད་ཚིག་གཉིས་ཀྱི་ཕྱག་ཐམ་ཡང་ཡོད་ དེ་ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་གིས་ ཁོ་རང་གི་མི་ཚུ་ངོ་མཁྱེན་ དེ་ལས་ མི་ག་ར་འབད་རུང་ གཙོ་བོ་གི་མཚན་འཛོམ་དཔང་འབད་མི་འདི་གིས་ ལཱ་ངན་པ་སྤང་དགོ་ཟེར་བྲིས་ཏེ་ཡོད། 20 མི་ཕྱུགཔ་གི་ཁྱིམ་ནང་ གསེར་དང་དངུལ་གྱི་བཟོ་མིའི་ཧོད་ཆ་རྐྱངམ་གཅིག་མེན་པར་ ཤིང་དང་ས་གི་བཟོ་མིའི་ཧོད་ཆ་ཚུ་ཡང་ཡོད་ ཧོད་ཆ་རིན་གོང་སྦོམ་ཚུ་ རྟེན་འབྲེལ་བརྩིས་པའི་སྐབས་ གཡོག་བཀོལ་ནི་དང་ རིན་གོང་ཆུང་ཀུ་གི་ཅ་ལ་ཚུ་ ཉིན་བསྟར་གྱི་དོན་ལུ་ཨིན། 21 དེ་འབདཝ་ལས་ མི་ག་ར་འབད་རུང་ ངན་པ་འདི་ཚུ་སྤང་སྟེ་ གཙང་ཏོག་ཏོ་སྦེ་སྡོད་པ་ཅིན་ ཁོ་དཀོན་མཆོག་གི་དོན་ལུ་ ཧོད་ཆ་ཁག་ཆེ་ཏོག་ཏོ་བཟུམ་སྦེ་འབྱུང་འོང་ དེ་ལས་ཁོ་གི་མི་ཚེ་དེ་ དམ་པ་སྦེ་མཛད་གནང་སྟེ་ ཁོ་རང་གི་སྦྱིན་བདག་གི་དོན་ལུ་གོ་ཆོདཔ་བྱུང་སྟེ་ ལཱ་ལེགས་ཤོམ་ག་ར་འབད་ནི་ལུ་ གྲ་སྒྲིག་སྦེ་སྡོད་འོང་། 22 དེ་གི་དོན་ལུ་ གཞོན་མིའི་ཆགས་ཞེན་དེ་ཚུ་སྤང་དགོ་ དེ་ལས་སེམས་དག་ཏོག་ཏོ་གི་ཐོག་ལས་ གཙོ་བོའི་མཚན་བརྗོད་མི་ཚུ་དང་མཉམ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ལཱ་ཕྲངམ་དང་ དད་པ་དང་བྱམས་པ་ དེ་ལས་ཞི་བདེ་གི་ལམ་བདའ་འགྱོ་དགོ། 23 འབྱུང་ཁུངས་མེད་པའི་བློ་སླབ་སྟེ་ རྩོད་པ་རྐྱབས་ནི་འདི་སྤང་ ཁྱེད་ཀྱིས་ཤེས་ དེ་ཚུ་ནང་ལས་འཐབ་འཛིང་འབད་ནི་རྐྱངམ་གཅིག་བྱུངམ་ཨིན། 24 གཙོ་བོ་གི་ཕྱག་ཞུ་མི་དེ་ཚུ་ འཐབ་འཛིང་འབད་མི་བཏུབ་ དེ་འབདཝ་ད་ བརྩེ་བ་བསྐྱེད་མི་དང་ ཆོས་སྟོན་ཚུགས་མི་སློབ་དཔོན་དང་ མི་ག་ར་ལུ་བཟོད་པ་སྒོམ་ཚུགས་མི། 25 དེ་ལས་བདེན་པ་གི་དགྲ་འབད་མི་ལུ་ཉམ་ཆུང་ཏོག་ཏོ་སྦེ་བཅོ་ཁ་རྐྱབ་ཚུགས་དགོ་ དེ་ལས་ཡང་ཅིན་ དཀོན་མཆོག་གིས་ཁོང་ལུ་སེམས་འགྱུར་གནང་སྟེ་ བདེན་པ་ལུ་ཧ་གོ་ཚུགས་པའི་སེམས་གནང་འོང་། 26 དེ་ལས་ཁོང་གི་སེམས་དྲན་པ་བདའ་ཟུན་ཏེ་ བདུད་ཀྱིས་ཁོང་ལུ་ ཁོ་རའི་འདོད་པ་བསྟར་དུ་འབད་བཅུག་ནིའི་དོན་ལུ་ བཙོན་ནང་བསྡམས་བཞག་མི་ཧིང་ནང་ལས་སྤར་ཐར་ཚུགས།།
1 དེ་འབདཝ་ད་ ཉིནམ་མཐའན་མཇུག་གི་དུས་ལུ་ དཀའ་ངལ་ཐོབ་པའི་དུས་ཚོད་འདྲོག་སི་སི་འོང་དོ་ཟེར་ ཁྱོད་ཀྱིས་ཧ་གོ་དགོ། 2 ག་ཅི་སྨོ་ཟེར་བ་ཅིན་ མི་འདི་ཚུ་ རང་དོན་གཙོ་བོ་བསྟེན་མི་ ཏི་རུ་ལུ་དགའ་མི་ རང་བསྟོད་རྐྱབ་མི་ ང་རྒྱལ་ཆེ་དྲགས་འབད་མི་ ཕ་མ་གི་ཁ་ལུ་མ་ཉན་མི་ བཀའ་དྲིན་བསམ་མ་ཤེས་མི་ དམ་པ་མེད་མི། 3 བྱམས་སེམས་མེད་མི་ བཀའ་དྲིན་བསྐྱང་མ་བཏུབ་མི་ གཞན་ལུ་ཁ་གཏང་མི་ མཚམས་ཚོད་མ་ཤེས་མི་ སྤྱོད་པ་གདུག་དྲགས་འབད་མི་ ལཱ་བཟང་པོ་མ་དགའ་མི། 4 མགུ་བསྐོར་བརྐྱབས་མི་ བག་མེད་མི་ རོ་རྔམ་སྟོན་མི་ དཀོན་མཆོག་ལུ་མ་དགའ་བར་དགའ་སྤྲོ་ལུ་འཚོལ་མི། 5 དེ་ལས་ ཕྱི་ལས་བལྟཝ་ད་ ཆོས་སེམས་ཅན་བཟུམ་མཐོང་རུང་ ཆོས་སེམས་ཀྱི་ནུས་ཤུགས་སྤང་སྟེ་སྡོད་མི་ཚུ་ཨིན་ ཁོང་ཆ་ཁྱབ་དང་འབྲེལ་བ་མ་འཐབ། 6 ག་ཅི་སྨོ་ཟེར་བ་ཅིན་ ཨ་ནི་བཟུམ་གྱི་མི་ལ་ལུ་ཅིག་གིས་ ཁྱིམ་ལས་ཁྱིམ་རྒྱུད་འགྱོ་སྟེ་ བཟའ་ཚང་ནང་ན་གི་མི་ཚུ་ལུ་ མགུ་བསྐོར་བརྐྱབས་ཏེ་ ཨམ་སྲུ་རྩ་རྒསམོ་ ཁོང་རང་གིས་འབད་མི་སྡིག་པ་དང་ འདོད་ཆགས་མ་འདྲཝ་འདི་ཚུ་གིས་ མནེམ་བཞག་མི་ཚུ་ལུ་ ཁོང་རའི་དབང་གི་འོག་ལུ་བཙུགསཔ་ཨིན། 7 འདི་བཟུམ་གྱི་ཨམ་སྲུ་ཚུ་གིས་ ཨ་རྟག་རང་ ཆོས་གསརཔ་ཚུ་ཤེས་ནི་གི་དོན་ལུ་ རྩ་འགེངས་རུང་ བདེན་པ་དེ་ཁོང་གིས་རྩ་ལས་རང་ཧ་གོ་མ་ཚུགས་པས། 8 དཔེར་ན་ ཡ་ནཱེས་དང་ ཡམ་བེརཱེས་གཉིས་ཀྱིས་ མོ་སཱེས་ལུ་ངོ་རྒོལ་འབད་དོཝ་བཟུམ་སྦེ་ ཨ་ནི་མི་འདི་ཚུ་གིས་ཡང་ སེམས་མེདཔ་ཐལ་ཏེ་ ཆོས་བདེན་པ་ལུ་ཆ་མ་བཞག་པར་ ངོ་རྒོལ་འབདཝ་ཨིན་མས། 9 དེ་འབདཝ་ད་ ཁོང་ཧེང་སྐལ་རང་ཡར་རྒྱས་འགྱོ་མི་ཚུགས་ ག་ཅི་སྨོ་ཟེར་བ་ཅིན་ ཡ་ནཱེས་དང་ ཡམ་བེརཱེས་གཉིས་འབྱུང་ཁུངས་མེདཔ་ཨིནམ་ གསལ་ཏོག་ཏོ་སྦེ་ཤེས་དོཝ་བཟུམ་སྦེ་ ཨ་ནི་མི་ཚུ་ཡང་ འབྱུང་ཁུངས་མེདཔ་ཨིནམ་ མི་ལེ་ཤ་གིས་གསལ་ཏོག་ཏོ་སྦེ་ཧ་གོ་འོང་།། 10 ད་ཁྱོད་ཀྱིས་ང་ལུ་བལྟ་སྟེ་ ང་གིས་སྟོན་མི་ཆོས་ ངེ་གི་སྤྱོད་ལམ་ ངེ་གི་མི་ཚེ་གི་དོན་དག་ འདི་ཁྱེད་ཀྱིས་ཤེས་ དེ་མ་ཚད་ ང་གིས་ག་དེ་སྦེ་ དད་པ་བསྐྱེད་ཅི་ག་ བཟོད་པ་སྒོམ་སྡོད་ཅི་ག་ བྱམས་པ་འབད་ཡི་ག་ སྡུག་བསྔལ་ལུ་བཟོད་བསྲན་བསྐྱེད་ཡི་ག་ འདི་ག་ར་ཁྱེད་ཀྱིས་ཤེས་ཅི། 11 ང་ལུ་བྱུང་མི་གནོད་འཚེ་ དེ་ལས་ ཨཱན་ཏི་ཡོག་དང་ ཨི་ཀོ་ནི་ཨུམ་དང་ ལིས་ཏྲ་ནང་ ང་ལུ་བྱུང་མི་སྡུག་བསྔལ་དེ་ཚུ་ ག་དེམ་ཅིག་ ང་གི་བཟོད་པ་བསྒོམས་སྡོད་ཅི་ འདི་ཁྱོད་ཀྱིས་ཤེས་ཅི་ དེ་འབདཝ་ད་ གཙོ་བོ་གིས་འདི་ཚུ་ག་ར་ནང་ལས་ ང་ལུ་སྐྱབས་མཛད་གནང་ཡི། 12 ག་ར་འབད་རུང་ ཁིརཱིས་ཡེ་ཤུ་ནང་ཆོས་སེམས་ཅན་གྱི་མི་ཚེ་སྦེ་ སྡོད་དགོ་པ་ཅིན་ ཨ་ནི་མི་འདི་ལུ་ཐད་རི་བ་རི་རང་ གནོད་པ་དང་དཀའ་ངལ་ཚུ་འོང་ར་འོང་ནི་ཨིན། 13 དེ་འབདཝ་ད་མི་ངན་པ་ མགུ་བསྐོར་བརྐྱབས་མི་ཚུ་གིས་ ཧེ་མ་རོགས་ལུ་མགུ་བསྐོར་བརྐྱབས་ཅི་བརྐྱབས་ཅི་ ད་ཁོང་རང་ལུ་ཡང་མགུ་བསྐོར་བརྐྱབས་ཏེ་ ལྷག་པར་དུ་ངན་པ་ལུ་འགྱུརཝ་ཨིན། 14 དེ་འབདཝ་ད་ ཁྱོད་ཀྱི་དོན་ལུ་གཅིག་སླབ་པ་ཅིན་ ཧེ་མ་ཁྱོད་རང་གིས་ལྷབ་སྟེ་ ཧ་གོ་མིའི་བདེན་པ་ནང་ འཕྲོ་མཐུད་དེ་རང་ སྒྲིང་སྒྲིང་སྦེ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ཁྱོད་ལུ་སྟོན་བྱིན་མི་ཚུ་ཏན་ཏན་ཨིནམ་ ཁྱོད་རང་གིས་ཤེས། 15 དེ་མ་ཚད་ ཁིརཱིས་ཡེ་ཤུ་ལུ་དད་པ་བསྐྱེད་པའི་ཐོག་ལས་སྦེ་ ཐར་པའི་ལམ་ནང་འཁྱིད་ནིའི་ཤེས་རབ་གནང་མི་ དམ་པའི་གསུང་རབ་དེ་ ཆུང་ཀུ་བསྒང་ལས་ ཁྱོད་ཀྱིས་ཤེས། 16 གསུང་རབ་ནང་འབྲི་མི་ག་ར་ དཀོན་མཆོག་གི་ཐུགས་ཉིད་ལས་བྱུང་ནུག་ གསུང་རབ་དེ་ མི་ཚུ་ལུ་ཆོས་སྟོན་ནི་དང་ འཛོལ་བ་ཚུ་བཏོན་ནི་དང་ འཛོལ་བ་ནང་ལས་བཅོ་ཁ་རྐྱབ་ནི་དང་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ལམ་ནང་འགྱོ་ནི་གི་སྦྱང་བ་ དེ་ཚུ་རེ་རེ་གི་དོན་ལུ་ ཕན་ཐོགས་ཡོད། 17 རྒྱུ་མཚན་དེ་ལས་བརྟེན་ཏེ་ དཀོན་མཆོག་གི་ཕྱག་ཞུ་མི་དེ་ ལཱ་བཟང་པོ་རེ་རེ་བཞིན་གྱི་སྦྱོང་བརྡར་ ཡོངས་སུ་རྫོགསཔ་སྦེ་ཐོབ་སྟེ་ཡོད་མི་གཅིག་ཨིན།།
1 དཀོན་མཆོག་གི་སྐུ་མདུན་ལུ་དང་ མི་གསོན་པོ་དང་ཤི་སོང་མི་ཚུ་ལུ་ ཁྲིམས་ཕྱེ་བ་འབྱོན་ནི་འབད་མི་ཁིརཱིས་ཡེ་ཤུ་གི་སྐུ་མདུན་ལུ་ དེ་ལས་ ཁིརཱིས་ཀྱིས་མཇལ་ཁ་གནང་བའི་ཉིནམ་འདི་དང་ ཁོ་གི་རྒྱལ་སྲིད་ འདི་ཚུ་འཛོམ་དཔང་སྦེ་བཙུགས་ཏེ་ ང་གིས་ཁྱོད་ལུ་བཀའ་རྒྱ་བྱིན་དོ། 2 གཏམ་བཟང་བཤད་དེ་སྡོད་ དུས་ཚོད་ནམ་རང་འབད་རུང་ ཨ་རྟག་རང་གྲ་སྒྲིག་སྦེ་སྡོད་ འཛོལ་བ་བཏོན་ཏེ་ བཅོ་ཁ་རྐྱབ་སྟེ་བསླབ་བྱ་བྱིན་ དེ་ལས་བཟོད་པ་སྒོམ་པའི་ཐོག་ལས་སྦེ་ ཆོས་ལེགས་ཤོམ་སྦེ་སྟོན་ཏེ་ སེམས་གསོ་འབད་བྱིན། 3 ག་ཅི་སྨོ་ཟེར་བ་ཅིན་ མི་དེ་ཚུ་གིས་ཆོས་ཀྱི་གཞི་བརྟན་ཏོག་ཏོ་དེ་ལུ་ མ་ཉན་པར་འགྱོ་བའི་དུས་ཚོད་ཅིག་འོང་དོ་ དེའི་སྐབས་ལུ་ ཁོང་ཆ་ཁྱབ་ཀྱིས་ རང་རང་སོ་སོ་གི་སྤྲོ་བ་དང་བསྟུན་ཏེ་ ག་ཉན་དགོ་མནོ་མི་ ཁོང་ལུ་སྟོན་མི་སློབ་དཔོན་དེ་ཚུ་ལེ་ཤ་ གཅིག་ཁར་འབོ་སྟེ་སྡོད་འོང་། 4 དེ་ལས་ཁོང་གིས་བདེན་པ་དེ་ལུ་ ཆ་མ་བཞག་པར་ ཁུངས་མེད་པའི་གཏམ་དེ་ལུ་གཙོ་བོ་བསྟེན་ཏེ་ཉན་སྡོད་འོང་། 5 དེ་འབདཝ་ད་ ཁྱོད་ལུ་ག་ཅི་བྱུང་རུང་ དྲནམ་བཏོན་ དཀའ་ངལ་དེ་ཚུ་འབྱུངམ་ད་ གཙོ་བོ་གི་དོན་ལུ་བཟོད་པ་བསྒོམས་ གཏམ་བཟང་གི་ཆོས་བཤད་ནིའི་ལཱ་འབད་ དེ་ལས་དཀོན་མཆོག་གིས་ཁྱོད་ལུ་གནང་མི་ལཱ་གི་འགན་ཁག་དེ་འབད། 6 ག་ཅི་སྨོ་ཟེར་བ་ཅིན་ ང་རའི་མི་ཚེ་དེ་མཆོདཔ་སྦེ་བླུག་སྟེ་ཕུལ་ཚར་ནི་འབད་དོ་ ངེའི་མི་ཚེ་དེ་བཞག་སྟེ་འགྱོ་ནི་གི་དུས་ཚོད་ལུ་ལྷོད་ཅི། 7 ང་རའི་ཁ་ཐུག་ལས་ ག་དེ་དྲག་དྲག་ འགྲན་བསྡུར་འབད་ཡི་ མི་ཚེ་ནང་གི་འགྲན་བསྡུར་བང་རྒྱུགས་ཏེ་མཇུག་བསྡུ་ཡི་ དད་པའི་ལམ་ཡང་སྲུང་སྟེ་སྡོད་ཅི། 8 ད་མཐའན་མཇུག་གི་ཉིནམ་ནང་ ཁྲིམས་ཕྲང་སྟེ་ཕྱེ་མི་གཙོ་བོ་གིས་ལོག་བྱོན་ཏེ་ ངེ་གི་དོན་ལུ་བཞག་གནང་མི་ དཀོན་མཆོག་ཁོ་རའི་ཐུགས་དང་ལྡན་པའི་མི་ཕྲངམ་གི་གཙུག་རྒྱན་དེ་ ང་ལུ་གནང་འོང་ དེ་འབདཝ་ད་གསོལ་རས་འདི་ ང་རྐྱངམ་གཅིག་ལུ་མེན་ དེ་འབདཝ་ད་ ཁོ་འབྱོན་ནི་འབད་མི་ཉིནམ་དེ་ལུ་བརྩེ་བ་བསྐྱེད་དེ་ རེ་འདོད་ཀྱི་ཐོག་ལས་སྒུག་སྡོད་མི་ག་ར་ལུ་གནང་ནི་ཨིན།། 9 ཁྱོད་ག་དེ་འབད་རུང་ ང་སྡོད་ས་མགྱོགས་པར་ཤོག 10 ག་ཅི་སྨོ་ཟེར་བ་ཅིན་ དེ་མཱས་ཀྱིས་ ད་ལྟོ་གི་འཇིག་རྟེན་ལུ་སེམས་ཆགས་ཏེ་ ང་ལུ་བཀོག་བཞག་སྦེ་ ཁྲོམ་ ཐེ་ས་ལོ་ནི་ཀ་ལུ་ཡར་སོང་ཡི་ དེ་ལས་ ཀེརཱེས་ཀཱེན་ ལུང་ཕྱོགས་ ག་ལ་ཏི་ལུ་ཡར་སོང་ཡི་ ཏི་ཏུས་ཡང་ལུང་ཕྱོགས་ དཱལ་མ་ཏི་ཡ་ལུ་ཡར་སོང་ཡི། 11 ནཱ་ལུ་ང་དང་གཅིག་ཁར་ ལུ་ཀ་རྐྱངམ་གཅིག་ཡོད་ ཁྱོད་ཀྱིས་ མཱར་ཀུ་ཡང་འཚོལ་ཏེ་ ཁྱོད་འོངམ་ད་ གཅིག་ཁར་འཁྱིད་ཤོག་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་ཕྱག་ལཱ་ནང་ ཁོ་གནམ་མེད་ས་མེད་ཕན་བཏགས་མི་གཅིག་ཨིན། 12 ང་གིས་ ཏི་ཀི་ཀུས་ ཁྲོམ་ ཨི་ཕི་སི་ལུ་བཏང་ཡི། 13 ཁྱོད་འོངམ་ད་ ང་གིས་ཁྲོམ་ ཏོརོ་ཨཱས་ནང་ ཀཱར་པུས་སྡོད་ས་ལུ་བཞག་མི་བགོ་ལ་ཚ་ཏོག་ཏོ་དང་ དཔེ་ཆ་དེ་ཚུ་དང་ དེ་ལས་ཁག་ཆེ་བ་རང་ པགས་ཀོ་གི་ཤོག་ཀུ་འདི་ཚུ་ ཁྱོད་དང་གཅིག་ཁར་འབག་ཤོག 14 སྤྲོས་བརྐོཔ་ ཨ་ལེག་སཱན་ཌཱེར་གྱིས་ ང་ལུ་གནོད་པ་སྦོམ་བཀལ་ཡི་ ཁོ་གིས་འབད་མི་ལཱ་དང་བསྟུན་ཏེ་ གཙོ་བོ་གིས་ཁོ་ལུ་ལན་མཛད་གནང་འོང་། 15 ཨ་ནི་མི་དེ་ལས་ ཁྱོད་ཡང་རིགཔ་བསྒྱིམ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་བཤད་མི་ཆོས་ལུ་ ཁོ་གིས་ངོ་རྒོལ་གནམ་མེད་ས་མེད་འབད་ཡི། 16 ང་གིས་ཁྲིམས་ཁང་ནང་འགོ་དང་པ་གསལ་ཆ་ཞུཝ་ད་ མི་ག་གིས་ཡང་ ངེ་གི་རྒྱབ་ལས་མ་འཐོན་པར་ ག་ར་གིས་ང་ལུ་བཀོག་བཞག་སྟེ་ ཡར་སོང་ཡི་ འདི་གི་ཉེས་པ་འདི་ ཁོང་གུ་ཕོག་མ་བཅུག 17 ཨིན་རུང་ གཙོ་བོ་ང་དང་མཉམ་གཅིག་བཞུགས་ཏེ་ ཁོ་གིས་ང་ལུ་སྟོབས་ཤུགས་གནང་ནི་དེ་གིས་ གཙོ་བོ་གི་གཏམ་བཟང་འདི་ ཡོངས་སུ་རྫོགསཔ་སྦེ་ ངེ་གི་ཐོག་ལས་ ཕྱིའི་མི་རིགས་ག་ར་གིས་རྣ་བ་གོ་ཡི་ དེ་མ་ཚད་ དཔེར་ན་ སེང་གེ་ལྟོགསཔ་གི་ཁ་ལས་སྤར་ཐར་དོཝ་བཟུམ་སྦེ་ ང་ལུ་སྲོག་ཐོག་ཉེས་ཁྲིམས་ལས་སྐྱབས་མཛད་ཅི། 18 དོན་ལས་རང་གཙོ་བོ་གིས་ང་ལུ་ རྐྱེན་ངན་གནོད་པ་ག་ར་ལས་སྐྱབས་མཛད་གནང་འོང་ དེ་ལས་ཁོ་རའི་ཞིང་ཁམས་ཀྱི་རྒྱལ་སྲིད་ནང་ ཁོ་གིས་ང་ལུ་སྐྱེལ་གནང་འོང་ གཟི་བརྗིད་དེ་ དུས་རྒྱུན་དུ་རང་ ཁོ་གི་ཨིན་ནོ་ ཨ་མཱེན།། 19 པིརཱིས་ཀ་དང་ ཨ་ཀུ་ལཱས་གཉིས་ལུ་དང་ ཨོ་ནི་སི་ཕོ་རུས་ཀྱི་བཟའ་ཚན་ག་ར་ལུ་ སྐུ་གཟུགས་བཟང་པོ་ཟེར་སླབ་གནང་། 20 ཧེ་མ་ང་དང་གཅིག་ཁར་ཡོད་མི་ ཨེ་རཱས་ཏཱོས་དེ་ ཁྲོམ་ ཀོ་རཱིན་ཐི་ལུ་རང་སྡོད་ད་ཡི་ དེ་ལས་ ཏོརོ་ཕི་མུས་དེ་ གཟུགས་བདེ་ཏོག་ཏོ་མེད་པར་ ཁྲོམ་ མི་ལ་ཏུ་ལུ་ང་གིས་བཞག་སྦེ་འོང་ཡི། 21 ད་ཁྱོད་རང་གནམ་དགུན་གྱི་དུས་ཚོད་ མ་རནམ་ལས་ ནཱ་འོང་ནི་ཚ་ངེར་བཏོན་ དེ་ལས་ ཡུ་བུ་ལུས་ཀྱིས་སྐུ་གཟུགས་བཟང་པོ་ཟེར་སླབ་གཏང་དེས་ པུ་དཱེནས་དང་ ལི་ནུས་དང་ ཀལའུ་དི་ཡ་ཚུ་དང་ དདཔ་ཅན་སྤུན་ཆ་ག་ར་གིས་ཡང་ ཁྱོད་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་གཏང་དེས། 22 ད་གཙོ་བོ་འདི་ཁྱེད་ཀྱི་སེམས་ཉིད་ནང་བཞུགས་བཅུག་ ཁོ་གིས་ཁྱེད་ལུ་ཐུགས་རྗེ་གཟིགས་པར་ཤོག། །།
1 དཀོན་མཆོག་གིས་བཙག་འཐུ་མཛད་མི་ཚུ་ལུ་ དད་པ་བསྐྱེད་བཅུག་ནི་གི་དོན་ལུ་དང་ ཆོས་སེམས་བསྐྱེད་ནི་སྦེ་ བདེན་པའི་ཆོས་སྟོན་མི་ཚུ་ ཧ་གོ་བཅུག་ནི་གི་དོན་ལུ་ ང་ པའུལ་ལུ་ དཀོན་མཆོག་གི་ཕྱག་ཞུ་མི་དང་ ཡེ་ཤུ་ཁིརཱིས་ཀྱི་སྐུ་ཚབ་སྦེ་ གཏང་གནང་གནངམ་ཨིན། 2 ཨ་རྟག་རང་བདེན་པ་གསུངས་མི་དཀོན་མཆོག་གིས་ འཛམ་བུ་གླིང་མ་མཛད་པའི་ཧེ་མ་ལས་ ཚེ་མཐའ་མེདཔ་གནང་ནི་ཨིན་ཟེར་ ཞལ་གྱི་བཞེས་མི་དེ་ལུ་ དདཔ་ཅན་ཚུ་གིས་ ཐེ་ཚོམ་མེད་པར་རེ་བ་བསྐྱེདཔ་ཨིནམ་མ་ཚད། 3 དུས་ཚོད་ཀྲིག་ཀྲི་ལུ་དཀོན་མཆོག་གིས་ ཆོས་བཤད་པའི་ཐོག་ལས་ ཁོ་རའི་གཏམ་བཟང་འདི་ཕྱི་ཁར་བཏོན་གནང་ནུག་ སྐྱབས་མགོན་དཀོན་མཆོག་གི་བཀའ་གིས་ མི་ཚུ་ལུ་ ཨ་ནི་གཏམ་བཟང་འདི་བཤད་དགོཔ་སྦེ་ ང་ལུ་བཅོལ་གནང་ཡི། 4 དབའེ་ ཏི་ཏུས་ ང་བཅས་དད་པ་གཅིག་ནང་ཡོད་མི་ ངེ་གི་བདེན་པའི་བུ་ ཁྱོད་ལུ་ཨ་ནི་ཡི་གུ་འདི་འབྲི་དོ་ ཡབ་དཀོན་མཆོག་དང་ ང་བཅས་ཀྱི་སྐྱབས་མགོན་ ཁིརཱིས་ཡེ་ཤུ་གིས་ ཁྱོད་ལུ་ཐུགས་རྗེ་དང་ཞི་བདེ་གནང་བཅུག། 5 ང་གིས་ཁྱོད་ལུ་ མཚོ་གླིང་ ཀིརཱིད་ལུ་ ཤུལ་ལས་བཞག་མི་དོན་དག་དེ་ འབད་མ་ཚར་བའི་ལཱ་ཚུ་ ཚར་ནི་དང་ ཁྲོམ་རེ་རེ་ནང་ ང་གིས་སྟོན་མི་བཀོད་རྒྱ་ལྟར་དུ་ ཆོས་ཚོགས་ཀྱི་འགོ་འདྲེན་པ་ཚུ་ བཙག་འཐུ་འབད་ནི་གི་དོན་ལུ་ཨིན། 6 ཆོས་ཚོགས་ཀྱི་འགོ་འདྲེན་པ་འདི་ སྐྱོན་ག་ནི་ཡང་མེདཔ་དང་ ཨམ་སྲུ་གཅིག་གི་རྨགཔ་འབད་མི་དང་ ཁོ་གི་བུ་དང་བུམོ་ཚུ་ དད་པ་བསྐྱེད་མི་དང་ ཁོ་གི་ཨ་ལོ་ཚུ་ སྤྱོད་ལམ་གཟབ་ཏོག་ཏོ་འབད་མི་ དེ་ལས་ཕམ་གྱི་ཁ་ལུ་ཉན་མི་ རོགས་ཀྱིས་ཁ་གཏང་མ་ཚུགས་མི་ཚུ་དགོཔ་ཨིན། 7 ག་ཅི་སྨོ་ཟེར་བ་ཅིན་ ཆོས་ཚོགས་ཀྱི་འགོ་འདྲེན་པ་འདི་ལུ་ དཀོན་མཆོག་གི་ཕྱག་ལཱ་གི་འགན་ཁག་ བཀལ་གནང་མི་ཨིནམ་ལས་ ཁོ་ལུ་སྐྱོན་བཏག་མི་ག་ཡང་མེད་མི་དང་ རོ་རྔམ་མེད་མི་དང་ ཙིགཔ་ཟ་ནི་ལུ་མགྱོགས་དྲགས་མེད་མི་དང་ ཆང་མ་འགྲངས་མི་དང་ ཉེས་སྤྱོད་མ་འབད་མི་ དེ་ལས་འབབ་ཁུངས་བཟོ་ནིའི་དོན་ལུ་ངན་ལྷད་ལུ་ཡ་མ་འབད་མི་གཅིག་དགོཔ་ཨིན། 8 དེ་འབདཝ་ད་ ཁོ་མགྱོནམ་ལུ་མཐོང་བསྐྱེད་མི་དང་ ལཱ་ལེགས་ཤོམ་འབད་ནི་ལུ་ སེམས་དགའ་མི་དང་ མཚམས་ཚོད་ཤེས་མི་དང་ ཕྲངམ་འབད་མི་དང་ དམ་པ་སྦེ་སྡོད་མི་ དེ་ལས་སྒྲིགས་ལམ་ལུ་ གནས་མི་གཅིག་དགོཔ་ཨིན། 9 ང་བཅས་ཀྱིས་སྟོན་མི་གཏམ་བཟང་ལྟར་དུ་ ཁོ་གིས་ བདེན་པ་དང་ཆ་བཞག་ཚུགས་མི་ཆོས་ཚུ་ ཀྲིག་ཀྲི་སྦེ་སྲུང་སྡོད་ནི་ཨིནམ་ལས་བརྟེན་ཏེ་ ཁོ་གིས་དདཔ་ཅན་ཚུ་ལུ་ གཞི་བརྟན་ཏོག་ཏོ་ སྟོན་ཚུགསཔ་ཨིནམ་མ་ཚད་ གཞི་བདེན་པ་ལུ་ སྐྱོན་བཏག་མི་ཚུ་ལུ་ཡང་ བཀག་ཚུགས་མི་གཅིག་དགོཔ་ཨིན།། 10 ག་ཅི་སྨོ་ཟེར་བ་ཅིན་ བདེན་པའི་ཆོས་ལུ་ ངོ་རྒོལ་འབད་མི་ ལེ་ཤ་ཅིག་རང་ཡོད་ ཁོང་མི་ཚུ་ལུ་ ཕན་ཐོགས་ག་ནི་ཡང་མེད་མི་ ཆོས་ཚུ་སྟོན་མི་དང་ མགུ་བསྐོར་ནང་བཙུག་མི་ཚུ་ཨིན་ འདི་བཟུམ་སྦེ་ཁག་ཆེ་བ་རང་ ཡ་ཧུ་ད་པ་ཚུ་གི་ལུགས་སྲོལ་གྱི་རྟགས་ ཨིན་ཅི་མིན་ཅི་ བཀལ་དགོ་ཟེར་མི་ཚུ་ཨིན་མས། 11 ཁོང་ལུ་འདི་བཟུམ་གྱི་ ཆོས་སྟོན་ནི་ལས་བཀག་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ངོ་ཚ་ནི་མེད་པར་ ཏི་རུ་བཟོ་ནི་གི་ཐབས་ལུ་ སྟོན་མ་བཏུབ་པའི་ཆོས་ཚུ་སྟོན་ཏེ་ བཟའ་ཚང་ལ་ལུ་ཅིག་ནང་ ནང་འཁྲུག་བཙུག་སྟེ་ ཆོས་བདེན་པ་ལུ་ དོགས་པ་ཟ་བཅུགཔ་ཨིན་མས། 12 ཀིརཱིད་པ་གི་མི་ཚུ་ ཨ་རྟག་རང་ཤོབ་རྐྱབ་མི་དང་ རི་དྭགས་སེམས་ཅན་བཟུམ་སྦེ་ ཁམས་ལོག་སི་སི་དང་སྒྱིད་ངན་ ཟ་སྟེ་འགྲང་ནི་མེད་མི་ཚུ་ཨིན་ཟེར་ ཁོང་རང་གི་གྲལ་ཁ་ལས་ ལུང་སྟོན་པ་གཅིག་གིས་ སླབ་མི་འདི་ དོན་ལས་རང་ཨིན་མས། 13 དེ་འབདཝ་ལས་ ཁོང་དད་པ་ནང་སྒྲིང་སྒྲིང་སྦེ་འགྱོ་ནིའི་དོན་ལུ་ ཚོགས་བརྡ་རྩུབ་དྲགས་སྦེ་གཏང་དགོ། 14 དེ་ལས་བདེན་པ་ལུ་མ་ཉན་མི་ཚུ་གི་ཁྲིམས་ལུགས་དང་ ཡ་ཧུ་ད་པ་ཚུ་གི་དོན་དག་མེད་པའི་གཏམ་ཚུ་ནང་ སེམས་བཙུགས་མ་བཅུག 15 བཙོག་གྲིབ་དགཔ་བཟོ་རུང་ མ་བཟོ་རུང་ སེམས་གཙངམ་ཡོད་མི་ཚུ་གི་དོན་ལུ་ ག་ར་གཙངམ་ཨིན་ དེ་འབདཝ་ད་ སེམས་མ་གཙངམ་དང་ དད་པ་མ་བསྐྱེད་མི་ཚུ་གི་དོན་ལུ་ བཙོག་གྲིབ་དགཔ་བཟོ་རུང་རང་ གཙངམ་ག་ནི་ཡང་མེད་ དོན་ལས་རང་ ཁོང་གིས་ངན་པ་འབད་རུང་ འགྱོད་སེམས་མི་བསྐྱེད་ ག་ཅི་སྨོ་ཟེར་བ་ཅིན་ བཟང་པོ་དང་ངན་པ་ དབྱེ་བ་ཕྱེ་ནི་གི་ཤེས་རབ་ ཁོང་ནང་མེད་ ཁོང་གྲིབ་ཅན་བཟུམ་སྦེ་ཨིན། 16 ཁོང་གིས་ དཀོན་མཆོག་དང་གཞན་འབྲེལ་ཡོད་ཟེར་སླབ་ཨིན་ དེ་འབདཝ་ད་ ཁོང་གིས་ དཀོན་མཆོག་ངོ་མི་ཤེས་པས་ཟེར་ ཁོང་གི་འབད་བཞག་བཅའ་བཞག་ལས་ཧ་གོ་ ཁོང་དཀོན་མཆོག་གི་དོན་ལུ་ ཁམས་ཕོག་རྐྱབ་སི་སི་དང་ དཀོན་མཆོག་གི་བཀའ་ལུ་མ་ཉན་མི་ དེ་ལས་ལཱ་བཟང་པོ་ག་ནི་ཡང་འབད་མ་ཚུགས་མི་ཚུ་ཨིན།།
1 དབའེ་ ཏི་ཏུས་ ཁྱོད་ཀྱིས་དདཔ་ཅན་ཚུ་ལུ་ ཆོས་གཞི་བརྟན་ཏོག་ཏོ་དང་མཐུན་མི་འདི་ཚུ་སྟོན་བྱིན་དགོ། 2 ཁག་ཆེ་བ་རང་ ཕོ་སྐྱེས་རྒས་ཤོས་འདི་ཚུ་ལུ་ ཚད་ལས་མ་བརྒལ་ནི་དང་ ཞེ་ས་ཐོབ་ནི་འོས་འབབ་ཡོདཔ་སྦེ་སྡོད་ནི་དང་ མཚམས་ཚོད་ཤེས་ནི་དང་ དད་པ་སྒྲིང་སྒྲིང་སྦེ་བསྐྱེད་ནི་དང་ བྱམས་སེམས་བསྐྱེད་ནི་ དེ་ལས་བཟོད་པ་བསྒོམ་སྡོད་ནི་དེ་ཚུ་སྟོན་བྱིན། 3 འདི་བཟུམ་སྦེ་རང་ ཨམ་སྲུ་རྒས་ཤོས་འདི་ཚུ་ལུ་ སྤྱོད་ལམ་ལེགསཔ་སྒྲིགས་ནི་དང་ རོགས་ཀྱི་སེམས་ཁར་ཕོག་པའི་གཏམ་ཚུ་མ་སླབ་ནི་དང་ ཆང་མ་འགྲངས་ནི་ དེ་ལས་རོགས་ལུ་ལེགས་ཤོམ་ཚུ་སྟོན་ཟེར་སྟོན་བྱིན། 4 དེ་ལས་ཨམ་སྲུ་རྒས་ཤོས་འདི་ཚུ་གིས་ཨམ་སྲུ་གཞོནམ་ཚུ་ལུ་འདི་ཚུ་སྟོན་བྱིན་ ཁོང་རང་གི་རྨགཔ་དང་བུ་དང་བུམོ་ཚུ་ལུ་བྱམས་སེམས་བསྐྱེད་ནི་དང་། 5 མཚམས་ཚོད་ཤེས་ནི་དང་ སྐྱོན་ག་ནི་ཡང་མེདཔ་སྦེ་སྡོད་ནི་དང་ རང་གི་ཁྱིམ་ལེགས་ཤོམ་སྦེ་བདག་འཛིན་འཐབ་ནི་ དེ་ལས་རང་གི་རྨགཔ་གི་ ཁ་ལུ་ཉན་ཟེར་སྟོན་བྱིན་ ཁོང་ཆ་ཁྱབ་ཀྱིས་དེ་སྦེ་འབད་བ་ཅིན་ མི་ག་གིས་ཡང་ དཀོན་མཆོག་གི་གསུང་ལུ་ངན་པ་སྦེ་བརྩིས་ཏེ་ དམའ་ཕབ་མི་བརྐྱབ། 6 འདི་བཟུམ་སྦེ་རང་ཕོ་སྐྱེས་གཞོནམ་ཚུ་ལུ་ མཚམས་ཚོད་ཤེས་དགོ་ཟེར་སྟོན་བྱིན།། 7 ཁྱོད་ཀྱིས་ག་ཅི་ནང་འབད་རུང་ བྱ་བ་སྤྱོད་ལམ་ལེགས་ཤོམ་གྱི་ དཔེ་གཅིག་ལུ་འགྱུར་དགོ་ དེ་ལས་ཁྱོད་ཀྱི་སྟོན་ཐངས་དེ་ གནད་དོན་ཕྲངམ་དང་ རོགས་ལས་ཞེ་ས་ཐོབ་ནི་འོས་འབབ་ཡོདཔ་དང་། 8 རོགས་ཀྱིས་སྐྱོན་བཏག་མ་ཚུགས་མི་ ཆོས་བདེན་པ་སྟོན་མི་ཅིག་དགོཔ་ཨིན་ དེ་འབདཝ་ལས་ བྱང་ཕྱད་ཚུ་གིས་ང་བཅས་ལུ་ ག་ནི་ཡང་སླབ་མ་ཚུགས་པར་ ངོ་ཚ་རིལ་རི་སྦེ་འགྱོ་འོང་།། 9 རྒྱོབོ་རྒྱམོ་ཚུ་ཁོང་རའི་སྦྱིན་བདག་ཚུ་གི་དབང་ཚད་འོག་ལུ་སྡོད་དེ་ ཁོང་གི་ཁ་ལུ་ཉན་ནི་དང་ སྦྱིན་བདག་ལུ་སེམས་དགའ་བཅུག་ནི་དང་ སྦྱིན་བདག་ལུ་བརྒོལ་ནི་མེདཔ་དང་། 10 སྦྱིན་བདག་ནང་ལས་ཨརཝ་རྐུ་ནི་མེདཔ་གཅིག་དགོཔ་ཨིན་ དེ་གི་ཚབ་མ་ལུ་ སྦྱིན་བདག་གི་བློ་གཏད་ཚུགསཔ་སྦེ་སྡོད་མི་གཅིག་དགོཔ་ཨིན་ དེ་ལས་ང་བཅས་ཀྱི་སྐྱབས་མགོན་དཀོན་མཆོག་གི་སྐོར་ལས་ སྟོན་མིའི་ཆོས་ལུ་ མི་ག་ར་གིས་ སེམས་ཤོར་སི་སི་སྦེ་མཐོང་འོང་།། 11 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ ཁོ་རའི་ཐུགས་རྗེ་ མི་ག་ར་ལུ་ ཐར་པ་གནང་ནིའི་དོན་ལུ་ ཕྱི་ཁར་བཏོན་གནང་སྟེ། 12 ཨ་ནི་ཐུགས་རྗེ་དེ་གིས་འབད་ དཀོན་མཆོག་གིས་ ཐུགས་མ་དགྱེས་མི་ལཱ་ཚུ་དང་ འཇིག་རྟེན་གྱི་འདོད་ཆགས་ཚུ་སྤང་དགོཔ་ཨིནམ་མ་ཚད་ ད་རེས་ཀྱི་དུས་སྐབས་ནང་ལུ་ མཚམས་ཚོད་ཤེས་ནི་དང་ ཕྲང་འབད་ནི་དང་ ཆོས་སེམས་བསྐྱེད་ནི་ཟེར་ ང་བཅས་ཀྱིས་ཧ་གོ། 13 ད་རུང་བྱིན་རླབས་ཅན་གྱི་ཉིནམ་ལུ་ཐེ་ཚོམ་མེད་པར་ ང་བཅས་རེ་བ་བསྐྱེད་སྡོད་དེ་ཡོད་ ཉིནམ་དེ་ལུ་སྐྱབས་མགོན་ཡེ་ཤུ་ཁིརཱིས་ ང་བཅས་ཀྱི་དཀོན་མཆོག་མཐོ་ཤོས་འདི་ ད་རུང་འཛམ་བུ་གླིང་ལུ་འབྱོནམ་ད་ ཁོ་གི་གཟི་བརྗིད་འདི་གནམ་མེད་ས་མེད་ འོད་ཆེམ་ཆེ་སྦེ་མཐོང་ནི་ཟེར་ང་བཅས་ཀྱིས་ཧ་གོ། 14 དཀོན་མཆོག་གིས་ང་བཅས་ལུ་ ཁོ་རའི་མི་ཚུ་དང་ལཱ་ལེགས་ཤོམ་ལུ་ སེམས་བཙུག་མིའི་མི་ཚུ་མཛད་ནི་གི་དོན་ལུ་ ལཱ་ངན་པ་ཚུ་ལས་སྐྱབས་མཛདཔ་མ་ཚད་ གཙངམ་བཟོ་ནི་གི་དོན་ལུ་ཡེ་ཤུ་ཁིརཱིས་ ཁོ་རང་ང་བཅས་ཀྱི་དོན་ལུ་གཤགས་ཅི། 15 ཨ་ནི་ལོ་རྒྱུས་དེ་ཚུ་སྟོན་བྱིན་ ཁྱོད་ཀྱི་བཀའ་རྒྱ་ལྟར་དུ་འབད་ཟེར་ཨུ་ཚུགས་རྐྱབས་ དེ་ལས་ཁྱོད་ཀྱི་བཀའ་རྒྱ་ལུ་མ་ཉན་མི་ཚུ་ལུ་ སྐྱོན་བཏོན་ནི་ནང་ སྐུ་ཚབ་ཀྱི་དབང་ཚད་ལག་ལེན་འཐབ་དགོཔ་ཨིནམ་མ་ཚད་ མི་ག་གིས་ཡང་ ཁྱོད་ལུ་ཁུངས་མེདཔ་བཟོ་མ་བཅུག།
1 ཁྱོད་ཀྱིས་དདཔ་ཅན་ཚུ་ལུ་ གཞུང་གི་འགོ་དཔོན་དང་ རང་ལས་མཐོ་བའི་ གོངམ་དེ་ཚུ་གི་འོག་ལུ་སྡོད་ནི་དང་ བཀའ་ལུ་ཉན་ནི་དང་ རྟག་བུ་རང་ལཱ་ལེགས་ཤོམ་འབད་ནི་གི་དོན་ལུ་ གྲ་སྒྲིག་སྦེ་སྡོད་ནི་དང་། 2 རོགས་ལུ་སྐྱོན་བཏག་ནི་མེདཔ་དང་ འཐབ་འཛིང་འབད་ནི་མེདཔ་དང་ མི་ག་ར་ལུ་ཉམ་ཆུང་ཏོག་ཏོ་སྦེ་ ཞེ་ས་འབད་དགོ་ཟེར་དྲན་བསྐུལ་འབད། 3 ག་ཅི་སྨོ་ཟེར་བ་ཅིན་ དུས་ཚོད་གཅིག་གི་ཚེ་ལུ་ ང་བཅས་ཡང་དཀོན་མཆོག་གི་སྐོར་ལས་ མ་ཤེས་མི་དང་ ཁོ་གི་བཀའ་ལུ་མ་ཉན་མི་དང་ མགུ་བསྐོར་ནང་ཚུད་མི་དང་ འདོད་ཆགས་མ་གཅིགཔ་ལེ་ཤ་གི་གཡོགཔོ་སྦེ་སྡོད་མི་དང་ རོགས་ལུ་ཞན་སེམས་བསྐྱེད་སྡོད་མི་ དེ་ལས་ ང་བཅས་རོགས་ལུ་མ་དགའཝ་ལས་བརྟེན་ཏེ་ རོགས་ཀྱིས་ཡང་ང་བཅས་ལུ་མ་དགའ་བར་སྦེ་ སྡོད་སྡོདཔ་ཨིན། 4 དེ་འབདཝ་ད་ང་བཅས་ཀྱི་ སྐྱབས་མགོན་དཀོན་མཆོག་གི་ ཐུགས་རྗེ་དང་བྱམས་པ་ཕྱི་ཁར་བཏོན་གནང་སྟེ་ ཁོ་གིས་ང་བཅས་ལུ་སྐྱབས་མཛད་ཅི་ དེ་སྦེ་བྱུང་མི་འདི་ང་བཅས་རང་གི་ ལཱ་ལེགས་ཤོམ་འབདཝ་ལས་བརྟེན་ཏེ་མེན་ དེ་འབདཝ་ད་ ཁོ་གིས་ང་བཅས་ལུ་ སྙིང་རྗེ་གཟིགས་ཏེ་ ང་བཅས་ཀྱི་སྡིག་པ་བཀའ་དྲིན་བསྐྱང་སྟེ་ དམ་པའི་ཐུགས་ཉིད་ཀྱི་ཐོག་ལས་སྦེ་ མི་བརྒྱུད་གསརཔ་དང་ སྐྱེ་བ་གསརཔ་གནང་ཡི། 6 དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུ་ཁིརཱིས་ཀྱི་ཐོག་ལས་སྦེ་ ང་བཅས་ལུ་དམ་པའི་ཐུགས་ཉིད་མ་ལང་ལངམ་སྦེ་གནང་ཡི། 7 ཨ་ནི་དེ་ དཀོན་མཆོག་གི་ཐུགས་རྗེ་ལས་སྦེ་ ང་བཅས་ལུ་ཁོ་གི་ཐུགས་དགྱེས་མིའི་མི་ཚུ་མཛད་དེ་ ཚེ་མཐའ་མེདཔ་འདི་ཤུལ་འཛིན་པ་ཚུ་གིས་ཐོབ་ཟེར་ ཐེ་ཚོམ་མེད་པར་རེ་བ་བསྐྱེད་དེ་ སྡོད་ནི་གི་དོན་ལུ་ཨིན། 8 ང་གིས་སླབ་མི་དེ་ བདེན་པ་དང་ཆ་བཞག་ཚུགས་མི་གཅིག་ཨིན་ ཨ་ནི་ལོ་རྒྱུས་ཚུ་ལུ་ཁྱོད་ཀྱིས་གཙོ་བོ་བསྟེན་ཏེ་ དཀོན་མཆོག་ལུ་དད་པ་བསྐྱེད་མི་ཚུ་ལུ་སྟོན་བྱིན་འོང་ཟེར་ང་ལུ་འདོད་པ་ཡོད་ དེ་ལས་དདཔ་ཅན་ཚུ་དུས་སྐབས་བར་སྟོར་མ་བཏང་པར་ ལཱ་བཟང་པོ་ལུ་སེམས་བཙུག་དགོ་ དེ་ལས་ཨ་ནི་དེ་ཚུ་ མི་ག་ར་གི་དོན་ལུ་ ཕན་པ་དང་ལེགས་ཤོམ་ཨིན། 9 དེ་འབདཝ་ད་ ཁྱོད་ཁུངས་ག་ནི་ཡང་མེད་པའི་འདྲི་ལན་ཚུ་དང་ ཧེ་མ་ཕ་བརྒྱུད་ཚུ་གི་དོན་དག་མེད་པའི་གཏམ་ཚུ་དང་ དེ་ལས་བཀའ་ཁྲིམས་ཀྱི་སྐོར་ལས་ མ་སྒྲིགས་པར་རྩོད་གཞི་ཕྱེ་ནི་དང་ ཁ་ཤགས་བརྐྱབ་ནི་ཚུ་ལུ་ ཡ་མ་འབད་ ག་ཅི་སྨོ་ཟེར་བ་ཅིན་ འདི་ཚུ་ནང་ལས་ ཕན་པ་ག་ནི་ཡང་མེདཔ་མ་ཚད་ དོན་དག་ག་ནི་ཡང་མེདཔ་ཨིན། 10 ཆོས་ཚོགས་ནང་ ནང་འཁྲུག་སློངས་མི་ཚུ་ལུ་རྣ་བ་སྐྱེལ་དགོ་ དེ་ལས་ཁོང་ལུ་ཚར་གཉིས་སླབ་སྟེ་ ཉན་མ་བཏུབ་པ་ཅིན་ ཁོང་དང་གཅིག་ཁར་ འབྲེལ་བ་ག་ནི་ཡང་མ་འཐབ། 11 འདི་བཟུམ་གྱི་མི་ རང་གིས་རང་ལུ་མེདཔ་གཏང་མིའི་མི་ངན་པ་དང་ སྡིག་ཅན་ཨིན་ཟེར་ཁྱོད་ཀྱིས་ཤེས་དགོ།། 12 ང་གིས་ ཨཱར་ཏེ་མཱས་དང་ ཏི་ཀི་ཀུས་གཉིས་ལས་གཅིག་ ཁྱོད་སྡོད་ས་གཏང་དོ་ ཁོ་ཕར་ལྷོདཔ་ད་ཁྱོད་ ང་སྡོད་སའི་ཁྲོམ་ ནི་ཀོ་པོ་ལཱིས་ལུ་ འོང་ནི་ལུ་རྩ་འགེངས་ ག་ཅི་སྨོ་ཟེར་བ་ཅིན་ ང་གནམ་དགུན་ཕར་ལུ་སྡོད་ནི་སྦེ་ཐག་བཅད་ཅི། 13 ཁྱོད་ཀྱིས་ཁྲིམས་རྩོདཔ་ ཟེ་ནཱས་དང་ ཨ་པོ་ལཱོས་གཉིས་མཚོ་གླིང་ ཀིརཱིད་ལས་ལོག་འགྱོཝ་ད་ ཁོང་ལུ་ག་དེ་དྲག་དྲག་རོགས་རམ་འབད་བྱིན་ ཁོང་ལུ་ལམ་ཁར་ཁག་ཆེཝ་ ག་ཅི་དགོ་རུང་སྐྱེལ་གཏང་། 14 ང་བཅས་ཀྱི་དདཔ་ཅན་ཚུ་གིས་ མི་ཚུ་གི་ཁག་ཆེཝ་ཚུ་སྒྲུབ་ནིའི་དོན་ལུ་ ལཱ་ལེགས་ཤོམ་འབད་ནི་ལུ་ རྩ་འགེངས་ཏེ་ལྷབ་དགོ་ དེ་ལས་ཁོང་ཁུངས་ག་ནི་ཡང་མེདཔ་སྦེ་མི་སྡོད། 15 མཐའན་མཇུག་ལུ་ ང་དང་ཆ་ཡོད་མི་ག་ར་གིས་ ཁྱོད་ལུ་སྐུ་གཟུགས་བཟང་པོ་ཟེར་ཞུ་དོ་ དེ་ལས་ང་བཅས་ཀྱི་ཁ་ཐུག་ལས་ ཕར་གྱི་དདཔ་ཅན་ཆ་རོགས་ཚུ་ལུ་ཡང་ སྐུ་གཟུགས་བཟང་པོ་ཟེར་སླབ་བྱིན་ དཀོན་མཆོག་གི་ཐུགས་རྗེ་ཁྱེད་ག་ར་དང་གཅིག་ཁར་བཞུགས་བཅུག། །།
1 ཁིརཱིས་ཡེ་ཤུ་གི་དོན་ལས་བཙོན་ནང་ཚུད་ཡོད་མི་ ང་ པའུལ་ དེ་ལས་ང་བཅས་ཀྱི་སྤུན་ ཏི་མོ་ཐི་ལས་ ང་བཅས་དང་གཅིག་ཁར་ ཁིརཱིས་ལུ་ཞབས་ཕྱི་ཞུ་མི་ གཅེས་པའི་ཆ་རོགས་ ཕི་ལེ་མཱོན་དང་། 2 ང་བཅས་ཀྱི་སྲིངམོ་ ཨ་ཕི་ཡ་ དེ་ལས་དམག་མི་བཟུམ་སྦེ་ ང་བཅས་དང་འདྲན་འདྲ་ ཁིརཱིས་ལུ་ཞབས་ཕྱི་ཞུ་མི་ ཨཱར་ཀི་པཱོས་ལུ་ དེ་ལས་ ཕི་ལེ་མཱོན་ ཁྱོད་ཀྱི་ཁྱིམ་ནང་འཛོམས་མི་ཆོས་ཚོགས་ལུ་ཡང་ ཨ་ནི་ཡི་གུ་འདི་འབྲི་དོ། 3 ང་བཅས་ཀྱི་ཡབ་དཀོན་མཆོག་དང་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱིས་ ཁྱེད་ཆ་ཁྱབ་ལུ་ཐུགས་རྗེ་དང་ ཞི་བདེ་གནང་བཅུག། 4 ངེའི་སྤུན་ ཕི་ལེ་མཱོན་ ང་ཁྱོད་ཀྱི་དོན་ལུ་སྨོན་ལམ་བཏབ་ད་ ཨ་རྟག་རང་ངེ་གི་དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུཝ་ཨིན། 5 ག་ཅི་སྨོ་ཟེར་བ་ཅིན་ ཁྱོད་ཀྱིས་ དཀོན་མཆོག་ཁོ་རའི་དམ་པའི་མི་ག་ར་ལུ་བྱམས་པ་འབད་བའི་སྐོར་ལས་དང་ ཁྱོད་གཙོ་བོ་ཡེ་ཤུ་ལུ་དད་པ་བརྟན་ཏོག་ཏོ་ཡོད་པའི་སྐོར་ལས་ ང་གིས་གོ་ཡི། 6 དེ་འབདཝ་ལས་ ཁིརཱིས་ཀྱི་ཞོར་ཁར་ལས་ འདི་ལས་ཡང་ལྷགཔ་སྦེ་ ཁྱོད་ཀྱི་དད་པ་ མི་གཞན་གྱི་སྦུག་ལུ་ ལག་ལེན་འཐབ་སྟེ་ ང་བཅས་ནང་ཡོད་མི་ ལེགས་ཤོམ་འདི་ག་ཅི་ཨིན་ན་ཟེར་ ཧ་གོ་བཅུག་ནི་གི་སྨོན་ལམ་ཞུཝ་ཨིན། 7 ངེ་གི་བྱམས་པའི་ནུ་གཅུང་ ཁྱོད་ཀྱིས་དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ལུ་བྱམས་པ་འབདཝ་མ་ཚད་ ཁོང་ལུ་སེམས་གསོ་འབད་བའི་ཐོག་ལས་སྦེ་ ང་ལུ་དགའ་ཚོར་དང་སེམས་གསོ་སྦོམ་ཐོབ་ཅི།། 8 འདི་ལས་སྦེ་ ཁྱོད་ཀྱིས་ག་ཅི་འབད་དགོ་ག་ ཁིརཱིས་ཀྱི་དབང་ཚད་ནང་ ང་གིས་ཁྱོད་ལུ་ ཐེ་ཚོམ་ག་ནི་ཡང་མེད་པར་སླབ་ཐག་ཆོག 9 ཨིན་ཏེ་རང་འབད་རུང་ ང་བཅས་གཉིས་ཆ་རོགས་འཆམ་ཏོག་ཏོ་འབད་ནི་འདི་གིས་ ང་ པའུལ་མི་རྒན་རྒས་ ཁིརཱིས་ཡེ་ཤུ་གི་དོན་ལུ་བཙོན་ནང་སྡོད་མི་གིས་ ཁྱོད་ལུ་གསོལཝ་བཏབ་དོ། 10 ང་བཙོན་ཁང་ནང་སྡོད་པའི་དུས་ལུ་ དད་པ་ནང་ངེ་གི་བུ་བཟུམ་ འབད་མི་གཅིག་ཐོབ་ཅི་ ཁོ་གི་མིང་ ཨོ་ནི་སི་མཱས་ཟེར་སླབ་ཨིན་ ཁོ་གི་དོན་ལུ་ཡང་གསོལཝ་བཏབ་དོ། 11 ཧེ་མ་གི་དུས་སྐབས་ལུ་ ཁོ་གིས་ཁྱོད་ལུ་མ་ཕན་ཏེ་འབད་རུང་ ད་ལྟོ་ཁོ་ང་བཅས་གཉིས་ཆ་རང་ལུ་ཕན་ཐོགས་ཅི། 12 ད་ང་གིས་ ངེ་གི་ཧིང་དང་འདྲ་བའི་བུ་ ཨོ་ནི་སི་མཱས་ ཁྱོད་སྡོད་ས་གཏང་དོ། 13 གཏམ་བཟང་གི་ཞོར་ཁར་ལས་སྦེ་ ང་བཙོན་ནང་སྡོད་ཡོདཔ་བར་ན་ ཁོ་ང་དང་གཅིག་ཁར་ ཁྱོད་ཀྱི་ཚབ་མ་སྦེ་ ང་ལུ་ཆ་རོགས་འབད་མི་སྦེ་བཞག་དགོ་མནོ་ཡི། 14 དེ་འབདཝ་ད་ ཁྱོད་ཀྱིས་ཁ་མ་བཟེདཝ་བར་ན་ ཁོ་ང་དང་གཅིག་ཁར་མི་བཞག་ ག་ཅི་སྨོ་ཟེར་བ་ཅིན་ བྱ་ཐབས་མེད་པར་ དྲིན་ལན་འཇལ་དགོཔ་དེ་མེན་ ང་ལུ་རོགས་རམ་འབད་ནི་སེམས་ཡོད་པ་ཅིན་རྐྱངམ་གཅིག་ ཁོ་ང་དང་གཅིག་ཁར་བཞག་ནི། 15 ཡང་ཅིན་ ཨོ་ནི་སི་མཱས་ ཁྱོད་དང་གཅིག་ཁར་ཨ་རྟག་རང་སྡོད་ནི་གི་དོན་ལས་ ཁོ་དུས་ཡུན་དུམ་གྲ་ཅིག་གི་དོན་ལུ་ ཁྱོད་ལས་ཁ་འཕྱལ་སོང་རུང་། 16 ད་རྒྱོབོ་བཟུམ་སྦེ་མེན་པར་ ཁོ་ཁྱོད་ཀྱི་རྒྱོབོ་ལས་ཐེབས་སྦེ་ བྱམས་པའི་སྤུན་གཅིག་འབྱུང་ནི་སྦེ་ སོང་སོངམ་ཨིནམ་འོང་ནི་མས་ ཁོ་ངེ་གི་གཅེས་ཤོས་ཕངས་ཤོས་ཅིག་ཨིན་ དེ་འབདཝ་ད་ ཁོ་ཁྱོད་ཀྱི་རྒྱོབོ་དང་ གཙོ་བོ་ནང་སྤུན་ཅིག་ཨིནམ་ལས་ ང་ལས་ཐེབས་སྦེ་ ཁྱོད་ཀྱིས་ཁོ་ལུ་བྱམས་པ་འབད་དགོ། 17 ད་ལས་ཕར་ ཁྱོད་ཀྱིས་ང་ལུ་ཆ་རོགས་ཀྱི་དག་སྣང་བསྐྱེད་པ་ཅིན་ ང་ལུ་འབད་དོཝ་བཟུམ་སྦེ་ ཨོ་ནི་སི་མཱས་ལུ་ཡང་ལོག་ལན་གནང་། 18 ག་དེམ་ཅིག་སྦེ་ ཁོ་གིས་ཁྱོད་ལུ་འཛོལ་བ་འབད་དཔ་འདྲཝ་ ཡང་ཅིན་ ཁོ་ལས་ཁྱོད་ཀྱི་བུ་ལོན་དང་གཞན་ག་ཅི་རང་འཁྲི་རུང་ རྩིས་དེ་ངེ་གི་མིང་ནང་རྐྱབས་གཏང་ད། 19 ང་ པའུལ་གྱིས་ ཁོ་ལུ་འཁྲི་མི་འདི་ང་རང་གིས་སྤྲོད་ནི་ཨིན་ཟེར་ཨ་ནི་ཚིག་བཅད་འདི་ ང་རའི་ལག་པ་གིས་འབྲི་དོ་ དེ་འབདཝ་ད་ ཁྱོད་ཀྱིས་ ཁྱོད་རའི་མི་ཚེ་ཡང་ ང་ལུ་དྲིན་ལན་འཇལ་དགོ་པའི་སྐོར་ལས་ ང་གིས་ཁྱོད་ལུ་དྲན་བསྐུལ་འབད་མི་དགོ་འོང་། 20 དབའེ་ནུ་གཅུང་ ང་བཅས་གཉིས་ཆ་རང་ གཙོ་བོ་གི་ཨིནམ་ལས་ ང་ལུ་རོགས་རམ་འབད་གནང་ ཁིརཱིས་ནང་ངེ་གི་སེམས་ཧིང་སང་ས་འགྱོ་བཅུག 21 ང་གིས་སླབ་མི་འདི་ ཁྱོད་ཀྱིས་ཉན་འོང་ཟེར་ཐེ་ཚོམ་མེད་པར་ ཨ་ནི་ཡི་གུ་འདི་འབྲི་དོ་ འདི་མ་ཚད་ ང་གིས་སླབ་མི་འདི་ལས་ ཁྱོད་ཀྱིས་ཐེབས་སྦེ་འབད་བྱིན་འོང་ཟེར་ང་གིས་ཤེས།། 22 ད་རུང་ངེ་གི་དོན་ལུ་ཁང་མིག་གཅིག་ གྲ་སྒྲིག་རྐྱབས་བཞག་གནང་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་ཞུ་མི་སྨོན་ལམ་འདི་ དཀོན་མཆོག་གིས་གསན་ཏེ་ ང་ཁྱེད་ཡོད་སར་ལོག་འོང་ཚུགསཔ་གཅིག་མཛད་འོང་ཟེར་ ང་ལུ་རེ་བ་ཡོད། 23 ཁིརཱིས་ཡེ་ཤུ་ལུ་ཕྱག་ཞུ་སྟེ་ ང་དང་གཅིག་ཁར་བཙོན་ནང་སྡུག་བསྔལ་འབག་ཡོད་མི་ ཨེ་པ་ཕརཱས་ཀྱིས་ཁྱོད་ལུ་ སྐུ་གཟུགས་བཟང་པོ་ཟེར་སླབ་དེས། 24 དེ་ལས་ང་དང་འདྲན་འདྲ་གཡོག་བརྐྱབས་མི་ མཱར་ཀུ་དང་ ཨ་རཱིས་ཏཱར་ཁཱོས་དང་ དེ་མཱས་དང་ ལུ་ཀ་གིས་ཡང་ ཁྱོད་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་དེས། 25 གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཐུགས་རྗེ་དེ་ ཁྱེད་ཀྱི་སེམས་ཉིད་ནང་ བཞུགས་བཅུག། །།
1 ཧེ་མ་དཀོན་མཆོག་གིས་ ཐེངས་ལེ་ཤ་ ཐབས་ཤེས་སྣ་ཚོགས་མཛད་དེ་ ལུང་སྟོན་པ་ཚུ་གི་ཐོག་ལས་ ང་བཅས་ཀྱི་ཕ་བརྒྱུད་ཚུ་ལུ་ གསུང་གྲོས་གནང་ནུག 2 དེ་འབདཝ་ད་ ཨ་ནི་དུས་མཐའན་མཇུག་གི་ཉིན་མ་ལུ་ ཁོ་རང་གི་སྲས་ལས་རྒྱུད་དེ་ ང་བཅས་ལུ་གསུང་གྲོས་གནངམ་ཨིན་ ཁོ་གི་སྲས་འདི་ ཡོད་རིགས་ཡོད་ཚད་ཅིགཔ་གི་ཤུལ་འཛིན་པ་སྦེ་ བཙག་འཐུ་མཛད་གནངམ་མ་ཚད་ ཁོ་གི་ཐོག་ལས་སྦེ་ འཇིག་རྟེན་འཛམ་གླིང་ཡོངས་སུ་མཛད་གནང་ནུག 3 སྲས་ཁོ་རང་ དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་མདངས་ཨིནམ་ལས་ དཀོན་མཆོག་འདི་ ག་བཟུམ་ཅིག་ཡོདཔ་ཨིན་ན་ འདི་ང་བཅས་ལུ་ཁོ་གིས་སྟོན་གནངམ་ཨིན་ དེ་ལས་འཇིག་རྟེན་འཛམ་གླིང་དེ་ ཁོ་གི་དབང་ཤུགས་ཅན་གྱི་བཀའ་ལས་རྒྱུད་དེ་ བདག་འཛིན་འཐབ་སྟེ་མཛད་གནངམ་ཨིན་ སྲས་དེ་གིས་མི་ཚུ་ ཁོང་རའི་སྡིག་པ་ལས་གཙངམ་མཛད་གནང་ཚརཝ་ད་ ཁོ་རང་ ཞིང་ཁམས་ལུ་བཞུགས་ཡོད་མི་ གཟི་བརྗིད་དང་ལྡན་མི་དཀོན་མཆོག་གི་ཕྱག་གཡས་པའི་ཁ་ཐུག་བཞུགས་ནུག 4 དཀོན་མཆོག་གིས་ སྲས་ཀྱི་མཚན་འདི་ ག་དེམ་ཅིག་ ཕོ་ཉ་ག་ར་ལས་མཐོ་བའི་མཚན་གནང་ཡི་ག་ དེམ་ཅིག་ར་ ཕོ་ཉ་ཚུ་ལས་ཁོ་དྲག་ཤོས་ཐོན་ནུག 5 འདི་ག་དེ་སྦེ་ཤེསཔ་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ ཕོ་ཉ་གཅིག་ལུ་ཡང་། ཁྱོད་ངེ་གི་སྲས་ཨིན་ ད་རེས་ང་ཁྱོད་ཀྱི་ཡབ་སྦེ་བྱུང་ཡི་ཟེར་ ནམ་ཡང་མ་གསུངས་པས་ ད་རུང་དཀོན་མཆོག་གིས་ ཕོ་ཉ་གཅིག་ལུ་ཡང་། ང་ ཁོ་གི་ཨ་པ་དང་ ཁོ་ངེ་གི་བུ་སྦེ་ འགྱུར་འོང་ཟེར་ ནམ་ཡང་མ་གསུངས་པས། 6 ད་རུང་ ཁོ་གི་སྲས་འགོ་སྐྱེ་འདི་ འཛམ་བུ་གླིང་ནང་འཁྱིད་འབྱོནམ་ད། དཀོན་མཆོག་གི་ཕོ་ཉ་ག་ར་གིས་ ཁོ་ལུ་བསྟོད་པ་ཕུལ་བཅུག་ཟེར་ དཀོན་མཆོག་གིས་གསུངས་ནུག 7 དེ་འབདཝ་ད་ ཁོ་རའི་ཕོ་ཉ་ཚུ་གི་སྐོར་ལས། དཀོན་མཆོག་གིས་ རང་གི་ཕོ་ཉ་ཚུ་ རླུང་བཟུམ་སྦེ་མཛད་ནི་ཨིནམ་མ་ཚད་ ཁོ་གི་ཕྱག་ཞུ་མི་ཚུ་ མེའི་ལྷབ་བཟུམ་སྦེ་བསྒྱུར་ནི་ཨིན་ཟེར་ གསུངས་ནུག 8 དེ་འབདཝ་ད་ཁོ་གི་སྲས་ཀྱི་སྐོར་ལས། ཀྱེ་དཀོན་མཆོག་ ནཱ་གི་རྒྱལ་ཁྲི་དེ་ དུས་རྒྱུན་དུ་གནས་ནི་ཨིན་ དེ་ལས་ནཱ་གི་རྒྱལ་སྲིད་དེ་ ཁྲིམས་ཕྲངམ་དང་ལྡན་མི་ཕྱག་འཁར་གྱིས་སྐྱོང་ནི་ཨིན། 9 ནཱ་གིས་ལཱ་ཕྲངམ་འདི་ལུ་ཐུགས་དགྱེསཔ་ཨིན་ དེ་འབདཝ་ད་ ངན་པ་ལུ་ཐུགས་མི་མཉེས་ འདི་གི་དོན་ལས་དཀོན་མཆོག་ ནཱ་རང་གི་དཀོན་མཆོག་དེ་གིས་ ནཱ་ལུ་བཙག་འཐུ་མཛད་དེ་ ནཱ་རའི་ཆ་རོགས་ཚུ་ལས་ཡང་ལྷགཔ་སྦེ་ དགའ་སྤྲོ་གནང་ཡི་ཟེར་ གསུངས་ནུག 10 ད་རུང་དཀོན་མཆོག་གིས་དེ་སྦེ་གསུངས་ནུག ཀྱེ་གཙོ་བོ་ ནཱ་གིས་འགོ་དང་པ་རང་ འཇིག་རྟེན་འཛམ་གླིང་གི་འགྱམ་བཙུགས་གནངམ་མ་ཚད་ གནམ་དེ་ཚུ་ ནཱ་གི་ཕྱག་གིས་མཛད་མིའི་ཕྱག་བཟོ་ཨིན། 11 དེ་ཚུ་ག་ར་མེདཔ་ཐལ་འགྱོ་འོང་ དེ་འབདཝ་ད་ ནཱ་དུས་རྟག་བུ་གསོན་པོ་སྦེ་བཞུགས་འོང་ དེ་ཚུ་ག་ར་བགོ་ལ་རྒསཔ་འགྱོ་དོཝ་བཟུམ་སྦེ་ རྒསཔ་ལུ་འགྱུར་ཏེ་འགྱོ་འོང་། 12 ནཱ་གིས་ཁོང་ལུ་ གོ་ལ་ཕུད་དེ་བལྟབ་བཞག་དོཝ་བཟུམ་སྦེ་ བལྟབ་ནི་ཨིནམ་མ་ཚད་ དེ་ཚུ་བགོ་ལ་སོར་དོཝ་བཟུམ་སྦེ་ སོར་འགྱོ་འོང་ དེ་འབདཝ་ད་ ནཱ་དུས་རྒྱུན་དུ་འགྱུར་བ་མེད་པར་ ནཱ་གི་དགུང་ལོ་དེ་ནམ་ཡང་མཇུག་བསྡུ་ནི་མེད། 13 ད་དཀོན་མཆོག་གིས། ང་གིས་ཁྱོད་ཀྱིས་དགྲ་བྱང་ཕྱད་ཚུ་ ཁྱོད་ཀྱི་དབང་ཚད་འོག་ལུ་ མ་བཙུགས་ཚུན་ཚོད་ ཁྱོད་ངེ་གི་གཡས་ཁ་ཐུག་སྡོད་ཟེར་ ཕོ་ཉ་གཅིག་ལུ་ཡང་མ་གསུངས། 14 དེ་འབདཝ་ལས་ ཕོ་ཉ་འདི་དཀོན་མཆོག་གི་ཕྱག་ཞུ་མིའི་སེམས་ཉིད་རྐྱངམ་གཅིག་ཨིན་ ཁོང་ག་ར་ ཐར་པ་ཐོབ་ནི་ཨིན་མི་དེ་ཚུ་གི་དོན་ལུ་ ཆ་རོགས་འབད་མི་སྦེ་གཏང་གནང་གནངམ་ཨིན།།
1 དེ་འབདཝ་ལས་ ང་བཅས་ཀྱིས་གོ་མི་དེ་ལུ་ ཧེ་མ་ལས་ཡང་ལྷགཔ་སྦེ་དྲནམ་བཏོན་ཏེ་སྡོད་དགོ་ འདི་མེན་པ་ཅིན་ ང་བཅས་བདེན་པ་འདི་ལས་ལམ་འཛོལ་ཏེ་འགྱོ་འོང་། 2 ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ཕོ་ཉ་ཚུ་གིས་སླབ་མིའི་གསུང་དེ་ ངོ་མ་སྦེ་སྟོན་ཡོདཔ་ལས་ ཉེས་པ་འབད་མི་དང་ བཀའ་ལུ་མ་ཉན་མི་ག་ར་ལུ་ ཁྲིམས་ཕོག་ནི་ཨིན། 3 དེ་འབདཝ་ལས་ང་བཅས་ཀྱིས་ཡང་ འདི་བཟུམ་གྱི་ཐར་ལམ་སྦོམ་དེ་ལུ་སྣང་མེད་སྦེ་བཞག་པ་ཅིན་ དོན་ལས་རང་ཁྲིམས་མི་ཕོག་ག་ ཨ་ནི་ཐར་པ་འདི་གི་སྐོར་ལས་ འགོ་དང་པ་རང་ གཙོ་བོ་ཁོ་རང་ལས་སྦེ་གསུངསམ་ད་ ཁོ་གི་གསུང་གོ་མི་ཆ་ཁྱབ་ཀྱིས་ ང་བཅས་ལུ་བདེན་ཁུངས་བཀལ་ཡོདཔ་མ་ཚད། 4 དཀོན་མཆོག་གིས་ རྟགས་མཚན་དང་ ཧ་ལས་པའི་ཕྱག་ལཱ་ རྫུ་འཕྲུལ་མ་འདྲཝ་དེ་ཚུ་ དེ་ལས་གཞན་ཡང་ ཁོ་གི་ཐུགས་དགོངས་བཞིན་དུ་བགོ་བཤའ་རྐྱབ་གནང་མི་ དམ་པའི་ཐུགས་ཉིད་ཀྱི་གསོལ་རས་ལས་རྒྱུད་དེ་ བདེན་ཁུངས་སྟོན་གནང་ནུག། 5 ད་ལྟོ་ང་བཅས་ཀྱིས་སླབ་མི་ དཀོན་མཆོག་གི་རྒྱལ་སྲིད་འོང་ནི་འབད་མི་དེ་ ཕོ་ཉ་ཚུ་གི་དབང་གི་འོག་ལུ་དཀོན་མཆོག་གིས་བཙུག་མ་གནང་པས། 6 དེ་འབདཝ་ད་ གསུང་རབ་ནང་ལུ་དེ་སྦེ་བྲིས་ཏེ་འདུག མི་འདི་ ནཱ་གིས་རྟག་བུ་རང་ ཐུགས་ཁར་དྲན་ཏེ་བཞུགས་ཡོདཔ་ལས་ ཁོ་ག་དེམ་ཅིག་ཧ་ལས་སི་སི་ཨིནམ་སྨོ་ ད་རུང་ མི་གི་བུ་དེ་ལུ་ ནཱ་གིས་ག་དེམ་ཅིག་བརྩེ་གདུང་སྐྱེདཔ་སྨོ། 7 དུས་ཡུན་ཐུང་ཀུ་གཅིག་གི་དོན་ལུ་ ནཱ་གིས་ཁོ་ལུ་ཕོ་ཉ་ཚུ་ལས་ ཨ་ཙི་དམའ་སོཝ་ཅིག་སྦེ་མཛད་གནང་སྟེ་ ཁོ་ལུ་གཟི་བརྗིད་དང་གུས་ཞབས་ཀྱིས་བཀང་གནང་ནུག 8 ནཱ་གིས་ག་ར་ཁོ་གི་ཞབས་ཀྱི་རྩ་བར་བཞག་གནང་ཡོདཔ་ཨིན། དཀོན་མཆོག་གིས་ག་ར་ཁོ་གི་དབང་གི་འོག་ལུ་བཙུག་གནངམ་ད་ ཁོ་གི་འོག་ལུ་མེད་མི་ གཞན་ག་ནི་ཡང་མ་མཛད་པས་ ཨིན་ཏེ་འབད་རུང་ ད་རེས་ནངས་པ་གི་དུས་ལུ་ ག་ར་ཁོ་གི་དབང་གི་འོག་ལུ་ཡོདཔ་བཟུམ་ ང་བཅས་ཀྱིས་མི་མཐོང་པས། 9 ཨིན་རུང་ཡེ་ཤུ་ ཕོ་ཉ་ཚུ་ལས་ཨ་ཙི་དམའ་སོཝ་ཅིག་སྦེ་མཛད་དེ་ ཁོ་གིས་ སྐུ་གཟུགས་ལུ་སྡུག་བསྔལ་བཞེས་ཏེ་ གཤགས་པའི་ཐོག་ལས་སྦེ་ ད་ལྟོ་ཁོ་ལུ་གཟི་བརྗིད་དང་གུས་ཞབས་ཀྱིས་གང་མི་འདི་ ང་བཅས་ཀྱིས་མཐོང་ཡོདཔ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་ཐུགས་རྗེ་ལས་སྦེ་ མི་ག་ར་གི་དོན་ལུ་ ཁོ་གིས་འཆི་བ་གི་ཉམས་མྱོང་བཞེས་ནུག 10 ཁོ་རའི་དོན་ལུ་ བྱུང་བ་ཚུ་ག་ར་མཛད་གནང་མིའི་དཀོན་མཆོག་གིས་ ཁོ་རའི་གཟི་བརྗིད་ནང་ལུ་ སྲས་སྲསམོ་ལེ་ཤ་འཁྱིད་འོང་ནི་གི་དོན་ལུ་ ཡེ་ཤུ་གི་སྐུ་གཟུགས་ལུ་སྡུག་བསྔལ་མྱོང་བཅུག་པའི་ཐོག་ལས་སྦེ་ ཡེ་ཤུ་ཡང་དག་པ་འཐོན་ཏེ་ ཐར་པ་ཁོ་གི་ཐོག་ལས་གནང་ནི་ འགོ་བཙུགས་པའི་དོན་དག་ཀྲིག་ཀྲི་སྦེ་འགྲུབ་ནུག 11 ག་ཅི་སྨོ་ཟེར་བ་ཅིན་ གཙངམ་མཛད་མིའི་ཡེ་ཤུ་དང་ གཙངམ་འགྱུར་སོང་མི་ཚུ་ག་ར་ ཡབ་གཅིག་ལས་བྱུང་ནུག་ དེ་འབདཝ་ལས་ཁོང་ལུ་ ངེའི་སྤུན་ཆ་ཚུ་ཟེར་གསུང་ནི་ལུ་ ཡེ་ཤུ་གིས་ཞལ་མི་སྐྱེངས། 12 ཁོ་གིས་དཀོན་མཆོག་ལུ་དེ་སྦེ་ཞུ་ནུག ངེ་གི་སྤུན་ཆ་ཚུ་ལུ་ ནཱ་གི་མཚན་འདི་ཁྱབ་སྒྲགས་གཏང་ནི་ཨིན་ ཚོགས་འཛོམས་ནང་ལུ་ ང་གིས་ནཱ་ལུ་བསྟོད་པའི་གླུ་དབྱངས་ཕུལ་ནི་ཨིན། 13 ད་རུང་། ངེ་གི་བློ་ ཁོ་ལུ་གཏད་སྡོད་ནི་ཨིན། ད་རུང་ཚར་གཅིག ང་ནཱ་ དཀོན་མཆོག་གིས་ང་ལུ་གནང་མིའི་སྲས་དང་སྲསམོ་ཚུ་དང་གཅིག་ཁར་ཡོད་ཟེར་ གསུངས་ནུག 14 མི་འདི་ ཨ་ལོ་གི་ཤ་ལུས་དང་ཁྲག་ལས་སྦེ་སྐྱེ་ནི་འདི་གིས་ ཡེ་ཤུ་ཡང་མི་འདི་བཟུམ་སྦེ་ མིའི་རང་བཞིན་ ཤ་དང་ཁྲག་ལུ་བཅའ་མར་གཏོགས་ཏེ་འཁྲུངས་ནུག་ དོན་དག་དེ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཁོ་དེ་སྦེ་འཁྲུངས་ཏེ་ གཤགས་པའི་ཐོག་ལས་ འཆི་བ་གི་བདགཔོ་བདུད་དེ་ལུ་ ཁོ་གིས་རྩ་མེད་མཛད་དེ། 15 ཁོང་ཤི་ནི་ལུ་འདྲོག་སྡོད་མི་ཚུ་གི་མི་ཚེ་གཅིགཔ་བསྡམ་བཞག་མི་ནང་ལས་ ཐར་བཅུག་ནི་སྦེ་ཨིན་མས། 16 ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་དོན་ལས་རང་ཕོ་ཉ་ཚུ་ལུ་མེན་པར་ ཨབ་ར་ཧམ་གྱི་བུ་བརྒྱུད་ཚུ་ལུ་ གྲོགས་རམ་མཛད་པ་བྱོནམ་ཨིན་མས། 17 དེ་འབདཝ་ལས་བརྟེན་ཏེ་ ག་ཅི་ནང་རང་འབད་རུང་ ཁོ་རང་གི་སྤུན་ཆ་ཚུ་བཟུམ་སྦེ་ འགྱུར་དགོཔ་ཐལ་ནུག་ དེ་ལས་ མི་དམངས་ཀྱི་སྡིག་པའི་མཆོདཔ་སྦེ་ཕུལ་བའི་དོན་ལུ་ ཁོ་ དཀོན་མཆོག་ལུ་ཞབས་ཏོག་ཞུ་མི་སྦེ་ སྙིང་རྗེ་ཅན་དང་དམ་ཚིག་ཅན་གྱི་མཁན་ཆེན་གཅིག་ལུ་འགྱུར་ནུག 18 ག་ཅི་སྨོ་ཟེར་བ་ཅིན་ ཁོ་རང་ཡང་སྡུག་བསྔལ་དང་བར་ཆད་ནང་ཚུད་པའི་ཉམས་མྱོང་ཡོདཔ་ལས་ བར་ཆད་ནང་ཚུད་ཡོད་མི་ཚུ་ ཁོ་གིས་སྐྱབས་མཛད་ཚུགསཔ་ཨིན།།
1 དེ་འབདཝ་ལས་བརྟེན་ཏེ་ ཁྱེད་ཆ་ཁྱབ་ དཀོན་མཆོག་གིས་ཞིང་ཁམས་ལུ་འབོ་མི་གྲངས་སུ་ བཅའ་མར་གཏོགས་མི་དམ་པའི་སྤུན་ཆ་ཚུ་གིས་ སྐུ་ཚབ་དང་མཁན་ཆེན་ཨིན་མི་ ང་བཅས་ཀྱིས་འཛོམ་དཔང་འབད་མིའི་ཡེ་ཤུ་དེ་གི་སྐོར་ལས་ མནོ་བསམ་གཏང་དགོ། 2 དཀོན་མཆོག་གི་བཟའ་ཚན་ནང་ལུ་དམ་ཚིག་བསྟེན་ཏེ་སྡོད་མིའི་ མོ་སཱེས་བཟུམ་སྦེ་ ཡེ་ཤུ་ཡང་ ཁོ་ལུ་འགན་ཁུར་བཀལ་གནང་མི་དཀོན་མཆོག་ལུ་དམ་ཚིག་བསྟེན་ནུག 3 མ་གཞི་ ཁྱིམ་དེ་ལས་ཡང་ ཁྱིམ་བཟོ་མི་དེ་གིས་ གུས་ཞབས་ཐོབ་དོཝ་བཟུམ་སྦེ་ ཡེ་ཤུ་གིས་ མོ་སཱེས་ལས་ལྷགཔ་སྦེ་ གུས་ཞབས་ཐོབ་ནིའི་འོས་འབབ་ཡོད། 4 ག་ཅི་རང་འབད་རུང་ ཁྱིམ་རེ་རེ་རྐྱབ་མི་ མི་རེ་རེ་འོང་ དེ་འབདཝ་ད་ བྱུང་བ་ཚུ་ག་ར་མཛད་གནང་མི་དེ་ དཀོན་མཆོག་ཁོ་རང་ཨིན། 5 དཀོན་མཆོག་གིས་མ་འོང་པའི་དུས་ལུ་ ཕྱི་ཁར་བཏོན་གནང་ནིའི་ལོ་རྒྱུས་ཀྱི་ འཛོམ་དཔང་འབད་ནི་གི་དོན་ལུ་ མོ་སཱེས་དཀོན་མཆོག་གི་བཟའ་ཚན་ནང་ལུ་ དམ་ཚིག་ཅན་གྱི་ཕྱག་གཡོག་སྦེ་སྡོད་ནུག 6 དེ་འབདཝ་ད་ཁིརཱིས་དེ་ དཀོན་མཆོག་གི་བཟའ་ཚན་ནང་ལུ་ སྲས་གཅིག་སྦེ་བཞུགས་ཏེ་ཡོད་ ང་བཅས་ཀྱིས་ རེ་བ་བསྐྱེད་དེ་སྡོད་མི་དེ་ མ་འགྲུབ་ཚུན་ཚོད་ སྙིང་སྟོབས་ཅན་དང་དམ་ཚིག་ཅན་སྦེ་སྡོད་ཚུགས་པ་ཅིན་ ང་བཅས་ཡང་དཀོན་མཆོག་གི་བཟའ་ཚན་ཨིན།། 7 དེ་གིས་འབད་ དམ་པའི་ཐུགས་ཉིད་ཀྱིས། ད་རེས་ཁྱེད་ཀྱིས་ཁོ་གི་གསུང་སྐད་རྣ་བ་གོ་བ་ཅིན། 8 རི་སྟོང་ནང་ལུ་བར་ཆད་ནང་ཚུད་དེ་ ངོ་རྒོལ་འབད་བའི་ཉིནམ་ལུ་བཟུམ་སྦེ་ ཁྱེད་ཀྱི་སེམས་དེ་སྲ་ཀྲག་མ་བཟོ། 9 ང་གིས་ལོ་བཞི་བཅུ་ཚུན་ཚོད་འབད་མིའི་ལཱ་དེ་ ཁྱེད་ཀྱི་ཕ་བརྒྱུད་ཚུ་གིས་མཐོང་རུང་ འདི་ཁར་ ཁོང་གིས་ང་ལུ་ཚོད་བལྟ་སྟེ་ཙིགཔ་ཟ་བཅུག་ཅི། 10 དེ་འབདཝ་ལས་ ཨ་ནི་མི་རབས་དེ་ཚུ་ལུ་བལྟ་སྟེ་ ང་ཙིགཔ་ཟ་ཡི་ དེ་ལས་ ང་གིས་ཁོང་གི་སྐོར་ལས་ ཁོང་ཨ་རྟག་རང་ དམ་ཚིག་མ་སྲུང་པར་སྡོདཔ་ཨིན་མས་ ཁོང་གིས་ངེ་གི་ཐར་ལམ་དེ་ཡང་ ཧ་མི་གོ་བས་ཟེར་སླབ་ཅི། 11 འདི་གིས་འབད་ ཁོང་ནམ་ཡང་ངེ་གི་ངལ་འཚོ་སར་ འཛུལ་མི་ཚུགས་ཟེར་ ཙིགཔ་ཟ་སྟེ་མནའ་འབོ་ཅི་ཟེར་ གསུངས་ནུག 12 དེ་འབདཝ་ལས་ངེ་གི་སྤུན་ཆ་ཚུ་ དྲནམ་བཏོན་ཏེ་སྡོད་ ཁྱེད་ཀྱི་གྲལ་ལས་ ག་ཡང་ངན་པ་དང་དད་པ་མེད་པའི་སེམས་ཀྱིས་ གསོན་པོའི་དཀོན་མཆོག་ལས་ཁ་འབྱལ་ཏེ་འགྱོ་མ་བཅུག 13 དེ་འབདཝ་ད་ ཁྱེད་ཀྱི་གྲལ་ཁ་ལས་ག་ཡང་ སྡིག་པའི་མགུ་བསྐོར་ནང་ཚུད་དེ་ སེམས་སྲ་ཀྲག་མ་འགྱུར་བའི་དོན་ལུ་ ད་རེས་ཀྱི་དུས་ཚོད་ཡོད་པའི་བསྒང་རང་ ཁྱེད་གཅིག་གིས་གཅིག་ལུ་ཉིནམ་རེ་རེ་བཞིན་དུ་ དྲན་བསྐུལ་འབད། 14 ང་བཅས་ཀྱིས་འགོ་དང་པ་ལས་ བློ་གཏད་དེ་སྡོད་མི་དེ་ནང་ལུ་ མཐའན་མཇུག་ཚུན་ཚོད་ སྒྲིང་སྒྲིང་སྦེ་སྡོད་ཚུགས་པ་ཅིན་ དོན་ལས་རང་ ང་བཅས་ཁིརཱིས་ཀྱི་མཉམ་རོགས་འབད་ནི་ཐོབ། 15 འདི་བཟུམ་སྦེ་རང་གསུང་རབ་ནང་ལུ། ད་རེས་ ཁྱེད་ཀྱིས་ཁོ་གི་གསུང་སྐད་རྣ་བ་གོ་བ་ཅིན་ ངོ་རྒོལ་འབད་བའི་ཉིནམ་འདི་ལུ་བཟུམ་སྦེ་ ཁྱེད་ཀྱི་སེམས་དེ་སྲ་ཀྲག་མ་བཟོ། 16 ཧེ་མ་ཁོ་གི་གསུང་སྐད་གོ་སྟེ་འབད་རུང་ ངོ་རྒོལ་འབད་མི་ཆ་ཁྱབ་ག་སྨོ་ཟེར་བ་ཅིན་ མོ་སཱེས་ཀྱིས་ ཨི་ཇིབ་རྒྱལ་ཁབ་ནང་ལས་བཏོན་འཁྱིད་འོངས་མིའི་ མི་དེ་ཚུ་ཨིན་མེན་ན། 17 ལོ་བཞི་བཅུ་ཚུན་ཚོད་ དཀོན་མཆོག་གིས་ག་དང་གཅིག་ཁར་དགོངསམ་ཁྲེལ་ནུག་ཟེར་བ་ཅིན་ རི་སྟོང་ནང་ལུ་ཤི་མི་སྡིག་ཅན་ཚུ་དང་གཅིག་ཁར་ཨིན་མེན་ན། 18 དཀོན་མཆོག་གིས་ ཁྱེད་ངེ་གི་ངལ་འཚོ་སར་འཛུལ་ནི་མི་ཐོབ་ཟེར་ ག་དང་གཅིག་ཁར་ཁས་བླངས་བཞེས་ནུག་ཟེར་བ་ཅིན་ ཁོ་གི་བཀའ་ལུ་མ་ཉན་མི་ཚུ་ཨིན་མེན་ན། 19 དེ་འབདཝ་ལས་ ཁོང་གིས་དད་པ་མ་བསྐྱེདཔ་ལས་བརྟེན་ཏེ་ ངལ་འཚོ་སར་འཛུལ་ནི་མ་ཐོབ་ཨིནམ་ ང་བཅས་ཀྱིས་མཐོང་ཚུགསཔ་ཨིན།།
1 ད་དཀོན་མཆོག་གིས་ང་བཅས་ལུ་ ཁོ་གི་ངལ་འཚོ་སར་འཛུལ་ནི་ཐོབ་ཟེར་ ཁས་བླངས་བཞེས་ཏེ་ཡོད་པ་ཅིན་ ཁྱེད་ཀྱི་གྲལ་ཁ་ལས་ གཅིག་གིས་ཡང་འཐུས་མ་ཤོར་བར་ དེ་ཁར་ལྷོད་ནི་འདི་ རིགཔ་བསྒྱིམ་སྟེ་སྡོད་དགོ། 2 ཁོང་ལུ་གཏམ་བཟང་བཤད་གནང་དོཝ་བཟུམ་སྦེ་ ང་བཅས་ལུ་ཡང་བཤད་གནང་ཡི་ དེ་འབདཝ་ད་ ཁོང་གསུང་སྐད་གོ་མི་ཚུ་ དད་པ་གི་ཐོག་ལས་མ་ཉན་ནི་འདི་གིས་ རྣ་བ་གོ་མི་གསུང་འདི་གིས་ ཁོང་ལུ་ཕན་མ་ཐོགས་པས། 3 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་དད་པ་བསྐྱེད་མི་ཚུ་རྐྱངམ་གཅིག་ ཁོ་གི་ངལ་འཚོ་སར་འཛུལ་ནི་ཐོབ་ ཧེ་མ་དཀོན་མཆོག་གིས་དེ་སྦེ་གསུངས་ནུག ཁོང་ནམ་ཡང་ ངེ་གི་ངལ་འཚོ་སར་འཛུལ་བ་འོང་མི་ཚུགས་ཟེར་ ང་ཙིགཔ་ཟ་སྟེ་མནའ་འབོ་ཅི། མ་གཞི་ དེ་སྦེ་གསུངས་ཏེ་འབད་རུང་ དཀོན་མཆོག་གི་མ་འོང་པའི་ཕྱག་ལཱ་ཚུ་གི་འཆར་གཞི་དེ་ འཛམ་བུ་གླིང་མཛད་པའི་བསྒང་ལས་ར་ གྲ་སྒྲིག་སྦེ་མཛད་དེ་ཡོད། 4 ག་ཅི་སྨོ་ཟེར་བ་ཅིན་ གསུང་རབ་ནང་ལུ་ བདུན་ཕྲག་གི་ཉིནམ་བདུན་པའི་སྐོར་ལས། དཀོན་མཆོག་གིས་ཕྱག་ལཱ་ཚུ་ག་ར་སྒྲུབ་ཚར་ཏེ་ ཉིནམ་བདུན་པ་ལུ་སྐུ་ངལ་གནང་ཡི་ཟེར་ བྲིས་ཏེ་འདུག 5 ད་རུང་གསུང་རབ་ནང་། ཁོང་ནམ་ཡང་ ངེ་གི་ངལ་འཚོ་སར་འཛུལ་བ་འོང་མི་ཚུགས་ཟེར་ གསུངས་ནུག 6 དེ་འབདཝ་ད་ ཧེ་མ་གི་མི་ཚུ་གིས་ གཏམ་བཟང་གོ་སྟེ་འབད་རུང་ དེ་ལུ་མ་ཉན་ནི་དེ་གིས་ དཀོན་མཆོག་གི་ངལ་འཚོ་སར་འཛུལ་ནི་མ་ཐོབ་པས་ ཨིན་རུང་ མི་ལ་ལུ་ཅིག་ ཐད་རི་བ་རི་ཁོ་གི་ངལ་འཚོ་སར་འཛུལ་ནི་ཨིན། 7 དེ་འབདཝ་ལས་ དཀོན་མཆོག་གིས་ ད་རུང་ངལ་འཚོ་སར་འཛུལ་ནིའི་གོ་སྐབས་གནང་ནི་སྦེ་ དུས་ཚོད་ཚུ་ལས་ ད་རེས་ཀྱི་ཉིནམ་འདི་ བཙག་འཐུ་མཛད་ནུག་ ལོ་ལེ་ཤ་གི་ཤུལ་ལས་ ཁོ་གིས་ཧེ་མ་གསུངས་དོཝ་བཟུམ་སྦེ་ རྒྱལཔོ་ ད་བིད་ལས་རྒྱུད་དེ། ད་རེས་ཁྱེད་ཀྱིས་ ཁོ་གི་གསུང་སྐད་འདི་གོ་བ་ཅིན་ ཁྱེད་ཀྱི་སེམས་སྲ་ཀྲག་མ་བཟོ་ཟེར་ ལོག་སྟེ་གསུངས་ནུག 8 ཡོ་ཤུ་ཨ་གིས་ ཁོང་ ཨཱིས་ར་ཨཱེལ་པ་ཆ་ཁྱབ་ལུ་ ངལ་འཚོ་བྱིན་བྱིནམ་ཨིན་པ་ཅིན་ དཀོན་མཆོག་གིས་ཤུལ་མའི་ཉིནམ་འདི་ ད་རེས་ཨིན་ཟེར་ འདི་གི་སྐོར་ལས་མ་གསུངསམ་འོང་། 9 དེ་འབདཝ་ལས་ དཀོན་མཆོག་གི་མི་ཚུ་གི་དོན་ལུ་ ངལ་འཚོ་བའི་ཉིནམ་གི་ངལ་གསོ་བཞག་གནང་སྟེ་ཡོད། 10 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ ཁོ་རང་གི་ཕྱག་ལཱ་ཚུ་ག་ར་མཛད་ཚར་ཞིནམ་ལས་ སྐུ་ངལ་གནང་གནངམ་བཟུམ་སྦེ་ དཀོན་མཆོག་གི་ངལ་འཚོ་ནང་འོང་མི་ག་ར་གིས་ཡང་ ཁོང་གི་ལཱ་ནང་ལས་ངལ་གསོ་སྦེ་སྡོདཔ་ཨིན། 11 དེ་འབདཝ་ལས་ དཀོན་མཆོག་གི་བཀའ་ལུ་མ་ཉན་མི་ཚུ་གི་དཔེ་བལྟ་སྟེ་ ང་བཅས་འཐུས་མ་ཤོར་བར་སྡོད་དེ་ ཨ་ནི་ངལ་འཚོ་ནང་འོང་ནི་གི་དོན་ལུ་རྩ་འགེངས་ཏེ་སྡོད་དགོ། 12 ག་ཅི་སྨོ་ཟེར་བ་ཅིན་ དཔའ་རྟགས་རྣོས་ཁིག་ཁི་ ཁ་གཉིས་འབད་མི་གིས་ ཚིགས་དང་རུ་ཏོ་གི་རྐང་ཚུ་སོ་སོ་འཕྱལ་ཏེ་ དོང་སྤེད་དོཝ་བཟུམ་སྦེ་ དཀོན་མཆོག་གི་གསུང་དེ་ གསོན་པོ་དང་ཤུགས་ཅན་ཅིག་སྦེ་ ལཱ་འབད་མི་ཨིནམ་ལས་ སེམས་དང་སྲོག་ སེམས་ནང་གི་མནོ་བསམ་དང་འདོད་པ་ཚུ་ཡང་བརྟག་ཞིབ་མཛདཔ་ཨིན། 13 དཀོན་མཆོག་གི་གཟིགས་སར་ གསར་སྐྲུན་ཚུ་ གཅིག་ཡང་ སྦ་བཞག་མ་ཚུགསཔ་མ་ཚད་ ཁོ་གི་སྐུ་མདུན་ ག་ར་གསལ་ཏོག་ཏོ་དང་ ཧིང་སངས་ས་སྦེ་ཡོད་ ང་བཅས་ཀྱིས་ ག་ཅི་རང་འབད་རུང་ འདི་གི་རྩིས་དེ་ཕུལ་དགོ།། 14 དེ་ལས་ང་བཅས་ཀྱི་དོན་ལུ་ཞིང་ཁམས་ནང་ན་ལུ་བྱོན་ཏེ་བཞུགས་མི་ དཀོན་མཆོག་གི་སྲས་ཡེ་ཤུ་དེ་ མཁན་ཆེན་ལས་ཡང་ཆེ་ཤོས་ཨིནམ་ལས་ ང་བཅས་ཀྱིས་འཛོམ་དཔང་འབད་མི་དེ་ལུ་ ཐེ་ཚོམ་མེད་པར་ དད་པ་སྒྲིང་སྒྲིང་སྦེ་བསྐྱེད་དེ་སྡོད་དགོ། 15 ང་བཅས་འཐུས་ཤོར་སྡོདཔ་ད་ མཁན་ཆེན་ཡེ་ཤུ་གིས་མཁྱེནམ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་བཟུམ་སྦེ་རང་ ཁོ་ལུ་བར་ཆད་ག་ཅི་བཟུམ་གྱི་ ཉམས་མྱོང་ཡོད་དེ་འབད་རུང་ ཁོ་ལུ་སྡིག་པ་རྩ་ལས་ར་མེད། 16 དེ་འབདཝ་ལས་ ད་ང་བཅས་བློ་བདེ་པགས་པ་སྦེ་ དཀོན་མཆོག་གི་ཐུགས་རྗེ་ཡོད་སའི་ཁྲི་གི་རྩ་བར་འགྱོ་གེ་ དེ་ལས་ང་བཅས་ཀྱིས་ཁག་ཆེ་བའི་སྐབས་ ཕན་ཐོགས་མི་སྙིང་རྗེ་དང་ཐུགས་རྗེ་ཐོབ་འོང་།
1 མཁན་ཆེན་ག་ར་འབད་རུང་ མིའི་གྲལ་ཁ་ལས་རང་བཙག་འཐུ་འབད་དེ་ མི་དེ་ཚུ་གི་ཁ་ཐུག་ལས་ དཀོན་མཆོག་གི་སྐུ་མདུན་ བར་མི་སྦེ་ ཕུལ་ཆ་དང་སྡིག་པའི་དོན་ལུ་མཆོདཔ་ཕུལ་མི་སྦེ་ འགན་ཁུར་བཀལཝ་ཨིན། 2 དེ་གིས་འབད་ ཁོ་ཡང་མི་འབད་དེ་ སྡིག་པ་ནང་འཐུས་ཤོར་འགྱེལ་ནིའི་ཉམས་མྱོང་ཡོད་ནི་འདི་གིས་ མི་མ་ཤེས་མི་དང་ལམ་འཛོལ་འགྱོ་མི་ཚུ་ལུ་ སྤྱོད་ལམ་ཞི་དུལ་ལྡན་པའི་ཐོག་ལས་ བསླབ་བྱ་ལེགས་ཤོམ་བྱིན་ཚུགས། 3 རྒྱུ་མཚན་འདི་ལུ་བརྟེན་ཏེ་ ཁོ་གིས་རང་གི་དོན་ལུ་དང་ མི་ཚུ་གི་དོན་ལུ་སྡིག་པའི་མཆོདཔ་ཕུལ་དགོཔ་ཨིན། 4 མཁན་ཆེན་གྱི་འགན་ཁུར་དེ་ མི་ག་གིས་ཡང་ རང་གིས་འབད་ ལེན་ཐག་མ་ཆོདཔ་ཨིན་མས་ ཧེ་མ་ ཨ་རཱོན་ལུ་ དཀོན་མཆོག་གིས་ མཁན་ཆེན་གྱི་འགན་ཁུར་གནང་དོཝ་བཟུམ་སྦེ་ ཁོང་ལུ་དཀོན་མཆོག་གིས་རང་ བཙག་འཐུ་མཛད་གནངམ་ཨིན། 5 འདི་བཟུམ་སྦེ་ ཁིརཱིས་ཀྱིས་ཡང་ ཁོ་རང་ལུ་ཡར་བཞེངས་ནི་སྦེ་ མཁན་ཆེན་གྱི་འགན་ཁུར་འདི་ ཁོ་རང་གིས་མ་བཞེས་པས་ དེ་འབདཝ་ད་ འགན་ཁུར་གནང་མིའི་ དཀོན་མཆོག་གིས་ ཁོ་ལུ་དེ་སྦེ། ཁྱོད་ངེ་གི་བུ་ཨིན་ ད་རེས་ང་ ཁྱོད་ཀྱི་ཨ་པ་སྦེ་ བྱུངམ་ཨིན་ཟེར་ གསུངས་ནུག 6 འདི་གི་སྐོར་ལས་ ད་རུང་གསུང་རབ་ནང་ལུ། ཁྱོད་ མཱེལ་ཀི་ཟེ་དེག་གི་རིམ་བརྒྱུད་ནང་ དུས་རྒྱུན་གྱི་བླམ་ཨིན་ཟེར་ དཀོན་མཆོག་གིས་གསུངས་ནུག 7 ཡེ་ཤུ་མིའི་ལུས་ནང་བཞུགས་པའི་སྐབས་ལུ་ ཁོ་གི་ཐུགས་ སྡུག་བསྔལ་གྱིས་གང་སྟེ་ གསུང་སྐད་ཤུགས་སྦེ་རྐྱབ་ གནམ་མེད་ས་མེད་བཤུམས་ཏེ་ ཁོ་ལུ་འཆི་བ་ལས་སྐྱབས་མཛད་ཚུགས་མི་འདི་ལུ་ སྨོན་ལམ་ཞུ་སྟེ་ གསོལཝ་བཏབ་ཕུལ་ནུག་ ཁོ་གིས་དཀོན་མཆོག་གིས་གསུངས་མི་བཀའ་ ཕྱག་ཞུ་ནི་འདི་གིས་ ཁོ་གི་སྨོན་ལམ་དང་ཞུ་ཚིག་ཚུ་ དཀོན་མཆོག་གིས་ སྙན་གསན་གནང་ནུག 8 མ་གཞི་ ཁོ་དཀོན་མཆོག་གི་སྲས་ཨིན་ཏེ་འབད་རུང་ ཁོ་གིས་ཉམས་མྱོང་ཡོད་མིའི་སྡུག་བསྔལ་གྱི་ཐོག་ལས་སྦེ་ དཀོན་མཆོག་གི་བཀའ་ལུ་ཉན་ནི་དེ་ ལྷབ་ནུག 9 དེ་ལས་ཁོ་ལུ་ཡང་དག་པ་མཛད་དེ་ དཀོན་མཆོག་གི་བཀའ་ལུ་ཉན་མི་ཚུ་གི་དོན་ལུ་ ཁོ་མཐའ་མེད་པའི་ཐར་པ་གི་ཐོན་ཁུངས་གཅིག་ལུ་འགྱུར་ནུག 10 དེ་ལས་མཁན་ཆེན་ མཱེལ་ཀི་ཟེ་དེག་གི་ རིམ་བརྒྱུད་དང་བསྟུན་ཏེ་ དཀོན་མཆོག་གིས་ཡེ་ཤུ་ལུ་ མཁན་ཆེན་གྱི་འགན་ཁུར་བཀལ་གནང་ནུག། 11 འདི་ཚུ་གི་སྐོར་ལས་སླབ་ནི་ལེ་ཤ་ཡོད་རུང་ ཁྱེད་ལུ་གསལ་ཏོག་ཏོ་སླབ་ནི་ལཱ་ཁག་འདུག་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཆ་ཁྱབ་ཀྱིས་དེ་འཕྲོ་ལས་ཧ་གོ་མི་ཚུགས་པས། 12 ད་ཁྱེད་ཀྱིས་མི་གཞན་ལུ་ སྟོན་ཚུགསཔ་སྦེ་དགོ་སྟེ་འབད་རུང་ ད་ལྟོ་ཡང་ ཁྱེད་ཆ་ཁྱབ་ལུ་དཀོན་མཆོག་གི་གཏམ་བཟང་དེ་ ད་རུང་ལོག་ འགོ་དང་པ་ལས་སྟོན་བྱིན་མི་སློབ་དཔོན་དགོ་པས་ ཁྱེད་ཆ་ཁྱབ་བཞེས་སྒོ་ཟ་མི་མེན་པར་ ཨོམ་འཐུང་མིའི་ཨ་ལོ་བཟུམ་སྦེ་ཨིན་མས། 13 ཨོམ་རྐྱངམ་གཅིག་འཐུང་སྡོད་མི་དེ་ ད་ལྟོ་ཡང་ཨ་ལོ་རང་ཨིན་ ཁོང་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་གི་སྐོར་ལས་རྒྱུས་མེད་པར་སྡོད་འོང་། 14 དེ་འབདཝ་ད་ བཞེས་སྒོ་དེ་ མི་ལོ་ན་ཁུག་མི་ཚུ་གི་དོན་ལུ་ཨིན་ ཁོང་ ལེགསཔ་དང་ཟོགཔོ་གི་དབྱེ་བ་ཕྱེ་ནིའི་སྦྱོང་བརྡར་དེ་གི་ཐོག་ལས་སྦེ་ ཨ་རྟག་རང་ རིག་པ་གསལ་ཏོག་ཏོ་སྦེ་ཐོབ་མི་ཚུ་ཨིན།།
1 དེ་འབདཝ་ལས་ ང་བཅས་ཡེ་ཤུ་ཁིརཱིས་ཀྱི་སྐོར་ལས་ གཞི་རིམ་སློབ་སྟོན་ཚུ་ ཧ་གོ་ནི་བཞག་ཞིནམ་ད་ ན་ཁུག་བཅུག་མི་ཆོས་ལུ་ཉན་ཏེ་ ཡར་རྒྱས་འཐོན་འགྱོ་གེ་ གཞི་རིམ་སློབ་སྟོན་ཚུ་ འཆི་བ་ནང་འཁྱིད་མི་ལཱ་ངན་པ་ཚུ་ནང་ལས་སེམས་འགྱུར་ནི་དང་ དཀོན་མཆོག་ལུ་དད་པ་བསྐྱེད་ནི་ ཁྲུས་གསོལ་ཞུ་ནི་ མི་གཞན་གྱི་གུ་ ལགཔ་བཀལ་ཏེ་སྨོན་ལམ་བཏབ་ནི་ ཤི་སོང་མི་ཚུ་གསོན་པོ་ལོང་ནི་ དེ་ལས་མཐའ་མེད་པའི་ཆདཔ་ འདི་ཚུ་གི་སྐོར་ལས་ ད་རུང་ལོག་སྟོན་མི་དགོ་འོང་། 3 ག་དེམ་ཅིག་སྦེ་ དཀོན་མཆོག་གིས་ཐུགས་བཞེས་ཡོད་པ་ཅིན་ ཡོན་ཏན་ དེ་ལས་ཡང་ལྷགཔ་སྦེ་ ང་བཅས་ཀྱི་ཡར་རྒྱས་འཐོན་འགྱོ་ནི་ཨིན། 4 མི་ལ་ལུ་ཅིག་ དཀོན་མཆོག་གི་བདེན་པ་གི་སྐོར་ལས་ ལེགས་ཤོམ་སྦེ་ཧ་གོ་ཚུགསཔ་འགྱོ་མི་ ཞིང་ཁམས་ཀྱི་གསོལ་རས་ཀྱི་ཉམས་མྱོང་ཐོབ་མི་ དམ་པའི་ཐུགས་ཉིད་དང་གཅིག་ཁར་བསྡོམས་མི། 5 དཀོན་མཆོག་གི་གསུང་དེ་ ག་དེམ་ཅིག་ལེགས་ཤོམ་ཡོདཔ་ཨིན་ན་ཤེས་མི་དང་ མ་འོང་པའི་དུས་ཀྱི་དབང་གི་ཉམས་མྱོང་ཡོད་མི་ཨིན་ཏེ་འབད་རུང་། 6 ཤུལ་ལས་ཁོང་དད་པ་ཉམས་འགྱོ་བ་ཅིན་ ཁོང་ ད་རུང་ལོག་འགྱོད་བཤགས་བསྐྱེད་བཅུག་སྟེ་ དད་པ་ནང་ལོག་འོང་བཅུག་ནི་འདི་ ལཱ་ཁག་དྲགས་ཡོད་ ག་ཅི་སྨོ་ཟེར་བ་ཅིན་ མི་དེ་ཚུ་གིས་ ཁོང་རང་གི་དོན་ལུ་ དཀོན་མཆོག་གི་སྲས་འདི་ ད་རུང་ལོག་སྟེ་ ཁྲམ་ཤིང་གུ་བརྐྱངས་ཏེ་བློ་བཙོངམ་ཨིན། 7 ཆར་ཆུ་ཐོབ་མི་ས་ཞིང་གིས་ སོ་ནམ་པ་གི་དོན་ལུ་ ལོ་ཐོག་ལེགས་ཤོམ་སྐྱེཝ་ཨིནམ་མ་ཚད་ ས་ཞིང་འདི་གིས་ཡང་ དཀོན་མཆོག་གི་བྱིན་རླབས་ཐོབ་ཨིན། 8 དེ་འབདཝ་ད་ ཆར་ཆུ་ཐོབ་མི་ས་ཞིང་འདི་ནང་ལུ་ རྩང་དང་ཟྭོ་ཆག་དེ་ཚུ་སྐྱེ་བ་ཅིན་ ཁུངས་ག་ནི་ཡང་མེདཔ་ཨིན་ འདི་མ་ཚད་ འདི་གུ་དཀོན་མཆོག་གི་ཆདཔ་ཕོག་ནི་གི་ཉེན་ཁ་ཡང་ཡོད་ ལྷག་པར་དུ་ མཐའན་མཇུག་ལུ་འདི་ཚུ་ མེ་སྤར་གཏང་འོང་། 9 དབའེ་བྱམས་པའི་སྤུན་ཆ་ཚུ་ ང་བཅས་ཀྱིས་དེ་སྦེ་སླབ་སྟེ་འབད་རུང་ ཁྱེད་ལུ་བལྟཝ་ད་ ཐར་པ་གི་འབྲས་བུ་ལེགས་ཤོམ་ཚུ་ ག་དེ་དྲག་དྲག་ ཁྱེད་ཀྱི་མི་ཚེ་ནང་བཏགས་དོཝ་འོང་ཟེར་ ང་བཅས་རེ་བ་བསྐྱེདཔ་ཨིན། 10 དཀོན་མཆོག་འདི་ ཕྲང་སྟེ་མཛད་མི་གཅིག་ཨིན་ ཁྱེད་ཀྱིས་ དཀོན་མཆོག་ཁོ་རའི་མི་ཚུ་ལུ་ ཧེ་མ་དང་ད་ལྟོ་ཡང་ ཕན་ཐོགས་བྱིན་ཡོད་མི་གི་ཐོག་ལས་ ཁོ་ལུ་བྱམས་སེམས་བསྐྱེད་ཡོད་མི་དེ་ དཀོན་མཆོག་གི་ཐུགས་ཁ་ལས་མི་ཡལ། 11 འདི་གིས་འབད་ ཁྱེད་རེ་རེ་གིས་ ཁྱེད་ཀྱི་དཀའཝ་སྤྱད་མིའི་ལཱ་དེ་ཚུ་ ཚེ་མ་ཤི་ཚུན་ཚོད་འབད་དེ་ ཁྱེད་ཀྱིས་རེ་བ་བསྐྱེད་དེ་སྒུག་སྡོད་མི་དེ་མ་ཐོབ་ཚུན་ཚོད་ འཕྲོ་མཐུད་དེ་རང་འབད་སྡོད་འོང་ཟེར་ ང་བཅས་ཀྱིས་རེ་ཆ་སྐྱེདཔ་ཨིན། 12 དེ་ལས་ཁྱེད་ཆ་ཁྱབ་སྒྱིད་ངན་མ་འབད་བར་ དད་པ་བསྐྱེད་དེ་ བཟོད་པ་སྒོམ་པའི་ཐོག་ལས་ དཀོན་མཆོག་གིས་ཁས་བླངས་བཞེས་ཡོད་མི་ ཐོབ་ནི་ཨིན་ཟེར་ སྡོད་མི་ཚུ་གི་དཔེ་བལྟ་སྟེ་སྡོད་འོང་།། 13 དཀོན་མཆོག་གིས་ ཨབ་ར་ཧམ་དང་གཅིག་ཁར་ ཁས་བླངས་བཞེས་གནངམ་ད་ ཁོ་ལས་མཐོ་ཤོས་དཀོན་མཆོག་གཞན་ག་ཡང་མེདཔ་ལས་ ཁོ་རང་གིས་ ཨབ་ར་ཧམ་ལུ། 14 ང་གིས་ཁྱོད་ལུ་ དོན་ལས་རང་ བྱིན་རླབས་བྱིན་ཏེ་ བུ་བརྒྱུད་ལེ་ཤ་འཕྱལ་གཏང་ནི་ཟེར་ དབུ་མནའ་བཞེས་ནུག 15 དེ་ལས་ ཨབ་ར་ཧམ་གྱིས་ བཟོད་པ་བསྒོམས་ཏེ་རང་ སྒུག་སྡོདཔ་ལས་བརྟེན་ཏེ་ དཀོན་མཆོག་གིས་ཁོ་དང་གཅིག་ཁར་ཁས་བླངས་བཞེས་མི་དེ་ ཁོ་གིས་ཐོབ་ནུག 16 མི་དེ་ཚུ་གིས་མནའ་འབོཔ་ད་ རྟག་བུ་རང་ རང་ལས་མཐོ་མི་གཅིག་གི་མིང་ནང་མནའ་འབོཔ་ཨིན་ མནའ་འདི་གིས་འབད་ ད་མི་དེ་གིས་བློ་ཕྲང་སླབ་ཨིན་མས་ཟེར་ ཁུངས་བཀལཝ་ཨིན་ དེ་ལས་རྩོད་གཞི་འདི་དེམ་ཅིག་སྦེ་མཇུག་སྡུཝ་ཨིན། 17 དཀོན་མཆོག་གིས་ ཁོ་རའི་ཁས་བླངས་ཐོབ་མི་ཚུ་ལུ་ ཁོ་གིས་ཁས་བླངས་བཞེས་མི་དེ་ འགྱུར་ནི་མེདཔ་ཨིན་ཟེར་ ཧིང་སང་ས་སྦེ་སྟོན་གནང་ནི་གི་ཐུགས་བསམ་བཞེས་ཏེ་ ཁོ་གིས་དབུ་མནའ་བཞེས་ནུག 18 དཀོན་མཆོག་གིས་རྫུན་མ་རྩ་ལས་ར་མི་གསུངསམ་ལས་བརྟེན་ ཁོ་གིས་བཞེས་མི་ཁས་བླངས་དང་དབུ་མནའ་གཉིས་ཀུ་ ནམ་ཡང་འགྱུར་བ་མེདཔ་ཨིན་ འདི་གིས་འབད་ ང་བཅས་ཀྱི་གདོང་ལས་ཡོད་མི་རེ་བ་དེ་ལུ་ དད་པ་སྒྲིང་སྒྲིང་སྦེ་བསྐྱེད་དེ་ ང་བཅས་དཀོན་མཆོག་ལུ་སྐྱབས་འཚོལ་ཏེ་འོང་མི་ཆ་ཁྱབ་ཀྱིས་ སེམས་གསོ་དང་སྟོབས་ཤུགས་ཐོབ་ཨིན། 19 ང་བཅས་སྲོག་གི་དོན་ལུ་ཨ་ནི་རེ་བ་དེ་ གྲུ་གཟིངས་ཀྱི་ཀོ་མ་བཟུམ་སྦེ་ བློ་གཏད་ས་བརྟན་ཏོག་ཏོ་དང་སྒྲིང་སྒྲིང་སྦེ་ཡོདཔ་མ་ཚད་ དཀོན་མཆོག་དང་མིའི་བར་ན་ བཞག་མིའི་ཡོལ་ལི་དེ་ཕྱེ་སྟེ་ དཀོན་མཆོག་གི་སྐུ་མདུན་ལུ་ཡོད་པའི་ས་གནས་རྩ་ཆེ་ཤོས་ནང་ འཁྱིད་འགྱོཝ་ཨིན། 20 འདི་ནང་ལུ་ ཡེ་ཤུ་ང་བཅས་ཀྱི་ཧེ་མ་ལས་བྱོན་ཏེ་ མཱེལ་ཀི་ཟེ་དེག་གི་རིམ་བརྒྱུད་དང་བསྟུན་ཏེ་ དུས་རྟག་བུ་གི་དོན་ལུ་ མཁན་ཆེན་ལུ་འགྱུར་ནུག།
1 མཱེལ་ཀི་ཟེ་དེག་ཟེར་མི་དེ་ རྒྱལ་ཁབ་ ཤ་ལེམ་ཟེར་སླབ་མིའི་རྒྱལཔོ་དང་ བླ་ན་མེད་པའི་དཀོན་མཆོག་གི་བླམ་ཨིན་མས་ ཨབ་ར་ཧམ་ རྒྱལཔོ་ཚུ་དང་གཅིག་ཁར་དམག་བརྐྱབས་ཏེ་ ཁོང་ཆ་ཁྱབ་ཕམ་བཏང་སྦེ་ ལོག་འོངམ་ད་ མཱེལ་ཀི་ཟེ་དེག་གིས་ ཨབ་ར་ཧམ་ལུ་ མཇལ་ཁ་གནང་སྟེ་ ཁོ་ལུ་བྱིན་རླབས་གནང་ནུག 2 དེ་ལས་ ཨབ་ར་ཧམ་གྱིས་ དམག་རྐྱབ་ས་ལས་ཐོབ་སྟེ་ འབག་འོང་མི་ནང་ལས་ བརྒྱ་ལས་བཅུ་ཆ་དེ་ཁོ་ལུ་ཕུལ་ནུག་ དང་པ་རང་ མཱེལ་ཀི་ཟེ་དེག་གི་དོན་དག་དེ་ དྲང་ཁྲིམས་ཀྱི་རྒྱལཔོ་ཟེར་ཞུཝ་ཨིན་མས་ གཉིས་པ་ ཁོ་ལུ་ ཤ་ལེམ་གྱི་རྒྱལཔོ་ཟེར་ཡང་ཞུཝ་ཨིན་མས་ འདི་གི་དོན་དག་དེ་ ཞི་བདེ་གི་རྒྱལཔོ་ཟེར་ཨིན་མས། 3 ཁོ་ལུ་ཡབ་ཡུམ་དང་གདུང་བརྒྱུད་ཟེརཝ་ཡང་མེད་མི་ ཁོ་གི་སྐུ་ཚེ་དེ་དུས་ཚོད་དེམ་ཅིག་ཁར་འགོ་བཙུགས་ཅི་ཟེརཝ་དང་ དེམ་ཅིག་ཁར་མཇུག་བསྡུཝ་ཨིན་ཟེརཝ་ཡང་མེད་མི་ དཀོན་མཆོག་གི་སྲས་དང་འདྲཝ་སྦེ་ ཁོ་དུས་རྒྱུན་གྱི་བླམ་སྦེ་བཞུགས་ནི་ཨིན། 4 མཱེལ་ཀི་ཟེ་དེག་དེ་ མི་ག་ཅི་དེས་ཅིག་རྩ་ཆེ་ཤོས་གཅིག་ཨིན་སྨོ་ ཁོ་གི་སྐོར་ལས་མནོ་བསམ་གཏང་གེ་ ང་བཅས་ཀྱི་ཕ་བརྒྱུད་ ཨབ་ར་ཧམ་གྱིས་ཡང་ དམག་རྐྱབ་ས་ལས་ཐོབ་མི་ཅ་ལ་ནང་ལས་ བརྒྱ་ལས་བཅུ་ཆ་ ཁོ་ལུ་ཕུལ་ནུག 5 ད་བླམ་གྱི་ལཱ་འགན་ཐོབ་མི་ ལེ་ཝི་གི་བུ་བརྒྱུད་དེ་ཚུ་གིས་ ཐོབ་ཐངས་བཀའ་ཁྲིམས་བཞིན་དུ་ ཨབ་ར་ཧམ་ལས་རྒྱུད་དེ་ འོང་མི་ཁོང་རའི་སྤུན་ཆ་ག་ར་ལས་ བརྒྱ་ལས་བཅུ་ཆ་ལེན་དགོཔ་ཨིན་མས། 6 དེ་འབདཝ་ད་ མཱེལ་ཀི་ཟེ་དེག་དེ་ ཁོང་གི་མི་བརྒྱུད་ལས་མེན་རུང་ ཨབ་ར་ཧམ་ལས་ བརྒྱ་ལས་བཅུ་ཆ་ལེན་ཏེ་ དཀོན་མཆོག་གི་ཁས་བླངས་ཐོབ་མི་ ཨབ་ར་ཧམ་ལུ་ ཁོ་གིས་བྱིན་རླབས་གནང་ནུག 7 ད་ ཆུང་ཤོས་ཚུ་གིས་ སྦོམ་ཤོས་ཚུ་ལས་ བྱིན་རླབས་ཐོབ་ཨིན་ཟེར་ ག་ར་གིས་ཤེས། 8 བླམ་དེ་ཚུ་ ད་རེས་ཡོད་ ནངས་པ་ཤི་མི་ཨིན་རུང་ བརྒྱ་ལས་བཅུ་ཆ་ལེནམ་ཨིན་མས་ དེ་འབདཝ་ད་ ཨབ་ར་ཧམ་ལས་ བརྒྱ་ལས་བཅུ་ཆ་ལེན་མིའི་ མཱེལ་ཀི་ཟེ་དེག་དེ་ གསུང་རབ་ནང་གསུངས་དོཝ་བཟུམ་སྦེ་རང་ ཁོ་དུས་རྟག་བུ་གསོན་པོ་སྦེ་བཞུགས་ཡོད། 9 ལ་ལུ་གིས་ བརྒྱ་ལས་བཅུ་ཆ་བསྡུ་མི་ ལེ་ཝི་གིས་ཡང་ ཨབ་ར་ཧམ་ལས་རྒྱུད་དེ་ མཱེལ་ཀི་ཟེ་དེག་ལུ་ བརྒྱ་ལས་བཅུ་ཆ་ཕུལ་ནུག་ཟེར་ཡང་སླབ་འོང་། 10 ག་ཅི་སྨོ་ཟེར་བ་ཅིན་ མཱེལ་ཀི་ཟེ་དེག་ ཨབ་ར་ཧམ་དང་མཇལཝ་ད་ ལེ་ཝི་དེ་ ཁོ་རའི་ཕ་བརྒྱུད་ ཨབ་ར་ཧམ་གྱི་ཤ་ལུས་ནང་ར་ མ་སྐྱེ་བར་ཡོདཔ་ཨིན།། 11 ད་ ལེ་ཝི་གི་བླ་མའི་ཆོས་ལུགས་དང་འཁྲིལ་ཏེ་ མི་ཚུ་ལུ་བཀའ་ཁྲིམས་དེ་གནང་ནུག་ དེ་གིས་འབད་ ཁོང་གིས་མི་ཚུ་ལུ་ཡང་དག་པ་བཟོ་ཚུགས་པ་ཅིན་ ཨ་རཱོན་གྱི་རིམ་བརྒྱུད་ལས་མེན་པར་ མཱེལ་ཀི་ཟེ་དེག་གི་རིམ་བརྒྱུད་ལས་སྦེ་ བླམ་སོ་སོ་གཅིག་ ག་ཅི་འབད་དགོཔ་སྨོ། 12 ད་བླ་མའི་ཆོས་ལུགས་སོར་དགོ་པ་ཅིན་ བཀའ་ཁྲིམས་དེ་ཡང་སོར་དགོཔ་ཨིན་མས། 13 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་སླབ་མིའི་བླམ་དེ་ མི་རིགས་སོ་སོ་ལས་ཨིནམ་མ་ཚད་ ཁོ་གི་མི་རིགས་ཀྱི་གྲལ་ལས་ ག་གིས་ཡང་མཆོད་ཁྲིའི་ཞབས་ཏོག་མ་ཞུཝ་ཨིན་མས། 14 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་གཙོ་བོ་དེ་ ཡུ་ད་པའི་རིགས་བརྒྱུད་ལས་སྦེ་ འཁྲུངས་འཁྲུངསམ་ཨིནམ་ང་བཅས་ཀྱིས་ཤེས་ ཨ་ནི་རིགས་བརྒྱུད་ཀྱིས་ མཆོད་ཁང་ནང་བླ་མའི་ལཱ་འགན་གྱི་སྐོར་ལས་ མོ་སཱེས་ཀྱིས་ཡང་ ག་ནི་ཡང་གསུངས་གསུངསམ་མིན་འདུག 15 དེ་མ་ཚད་ མཱེལ་ཀི་ཟེ་དེག་ཅོག་འཐདཔ་ གཙོ་བོ་དེ་ བླམ་གཞན་སྦེ་འབྱུངམ་ད་ བླ་མའི་ཆོས་ལུགས་སོར་དགོ་ཟེར་ ང་བཅས་ཀྱིས་ཐད་རི་བ་རི་ཤེས། 16 ཁོ་ལུ་ ལེ་ཝི་གི་རིགས་བརྒྱུད་དང་འཁྲིལ་ཏེ་ བླམ་གྱི་འགན་ཁུར་གནང་གནངམ་མེན་པར་ དུས་རྒྱུན་དུ་གསོན་པོ་སྦེ་བཞུགས་མི་ ཁོ་རའི་སྐུ་ཚེ་གི་དབང་ཤུགས་ཀྱི་ཐོག་ལས་ བླམ་སྦེ་བྱུང་ཡི། 17 གསུང་རབ་ནང་ལུ་ཁོ་གི་སྐོར་ལས། མཱེལ་ཀི་ཟེ་དེག་གི་རིམ་བརྒྱུད་དང་བསྟུན་ཏེ་ ཁྱོད་དུས་རྒྱུན་གྱི་བླམ་ཨིན་ཟེར་ གསུངས་ནུག 18 གཅིག་ལས་འབད་བ་ཅིན་ བཀའ་ཁྲིམས་རྙིངམ་དེ་ ཤུགས་དང་ཕན་པ་མེདཔ་ལས་བརྟེན་ བཀོག་བཞག་ནུག 19 ག་ཅི་སྨོ་ཟེར་བ་ཅིན་ བཀའ་ཁྲིམས་ཀྱིས་ག་ཅི་ལུ་ཡང་ ཡང་དག་པ་བཟོ་མ་ཚུགས་ ད་དེ་ལས་ཕར་ བཀའ་ཁྲིམས་རྙིངམ་ལས་ཡང་དྲགཔ་སྦེ་ ང་བཅས་དཀོན་མཆོག་གི་སྦོ་ལོགས་ཁར་ འཁྱིད་འོང་ཚུགས་པའི་རེ་བ་གསརཔ་གཅིག་ ང་བཅས་ལུ་ངོ་སྤྲོད་མཛད་གནང་ཡི། 20 དཀོན་མཆོག་གིས་དབུ་མནའ་མ་བཞེས་པར་ ཨ་རཱོན་གྱི་བུ་བརྒྱུད་ཚུ་ རང་བླམ་ལུ་འགྱུར་ནུག་ དེ་འབདཝ་ད་ རེ་བ་གསརཔ་དེ་ དཀོན་མཆོག་གིས་དབུ་མནའ་བཞེས་མི་དང་འཁྲིལ་ཏེ་ བླམ་སྦེ་བྱུང་ནུག 21 ག་ཅི་སྨོ་ཟེར་བ་ཅིན་ རེ་བ་གསརཔ་ཨིན་མིའི་ཡེ་ཤུ་རྐྱངམ་གཅིག་ དབུ་མནའ་དེ་སྦེ་བཞེས་ནུག གཙོ་བོ་གིས་དབུ་མནའ་བཞེས་ཏེ་ཡོད་མི་དེ་ དུས་ནམ་ཡང་མི་འགྱུར་ ཁྱོད་དུས་རྒྱུན་གྱི་བླམ་ཨིན་ཟེར་ དཀོན་མཆོག་གིས་གསུངས་ནུག 22 དེ་སྦེ་དབུ་མནའ་བཞེས་མི་དེ་གིས་ ཧེ་མ་བླམ་དང་གཅིག་ཁར་བཟོ་མིའི་ཞལ་འཆེས་ཀྱི་ཚབ་མ་ལུ་ ཡེ་ཤུ་ཞལ་འཆེས་གསརཔ་གི་ཁས་ལེན་མི་སྦེ་བྱུང་ནུག 23 བླམ་དེ་ཚུ་ གཅིག་གི་ཤུལ་ལས་གཅིག་ཤིཝ་ལས་ ཁོང་འཕྲོ་མཐུད་དེ་བླམ་འབད་མ་ཚུགསཔ་ལས་བརྟེན་ཏེ་ ཁོང་ལུ་བླམ་ལེ་ཤ་དགོཔ་མས། 24 དེ་འབདཝ་ད་ཡེ་ཤུ་དེ་ དུས་རྒྱུན་དུ་གསོན་པོ་སྦེ་བཞུགས་ཡོདཔ་ལས་བརྟེན་ཏེ་ ཁོ་དུས་རྟག་པར་གྱི་བླམ་ཨིན། 25 འདི་གིས་འབད་ ཁོ་ལས་རྒྱུད་དེ་ དཀོན་མཆོག་གི་སྐུ་མདུན་ལུ་བཅར་མི་ཚུ་ལུ་ ཁོ་གིས་དུས་རྟག་བུ་གི་དོན་ལུ་སྐྱབས་མཛད་ཚུགས་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་རྟག་བུ་རང་གསོན་པོ་སྦེ་བཞུགས་ཏེ་ ཁོང་གི་དོན་ལས་དཀོན་མཆོག་ལུ་གསོལཝ་བཏབ་ཨིན། 26 ང་བཅས་ལུ་དགོ་མི་མཁན་ཆེན་ ཨ་ནི་བཟུམ་སྦེ་རང་ཨིན་ ཁོ་མཆོག་ཏུ་གྱུར་པ་དང་ ཉེས་པ་མེད་མི་ སྐྱོན་ག་ནི་ཡང་མེདཔ་ སྡིག་ཅན་ཚུ་དང་འབྲེལ་བ་མེད་མི་ ཞིང་ཁམས་ལས་ཡང་ མཐོཝ་ཡོད་མི་གཅིག་ཨིན། 27 མཁན་ཆེན་གཞན་ཚུ་གིས་ཕུལ་དོཝ་བཟུམ་སྦེ་ འགོ་དང་པ་ རང་གི་སྡིག་པའི་དོན་ལུ་དང་ གཉིས་པ་ མི་ཚུ་གི་སྡིག་པའི་དོན་ལུ་ ཉིནམ་རེ་འཆར་ དམར་མཆོད་ཕུལ་མ་དགོཔ་སྦེ་ ཡེ་ཤུ་གིས་ ཁོ་རའི་སྐུ་སྲོག་འདི་ ཚར་གཅིག་གུ་ དམར་མཆོད་ཕུལ་ཚར་ནུག 28 ད་ བཀའ་ཁྲིམས་ཀྱིས་ ཤུགས་མེད་པའི་མི་ཚུ་ལུ་ བླམ་གྱི་འགན་ཁུར་བཀལཝ་ཨིན་མས་ དེ་འབདཝ་ད་ བཀའ་ཁྲིམས་ཀྱི་ཤུལ་ལས་དབུ་མནའ་གི་བཀའ་དང་འཁྲིལ་ཏེ་ དུས་རྒྱུན་གྱི་དོན་ལུ་ཡང་དག་པ་སྦེ་བཞུགས་མི་ དཀོན་མཆོག་གི་སྲས་འདི་ལུ་ མཁན་ཆེན་གྱི་འགན་ཁུར་གནང་ནུག།
1 ད་ལྟོ་ང་བཅས་ཀྱིས་སླབ་མི་བློ་གི་དོན་དག་ངོ་མ་དེ་ ང་བཅས་ལུ་ཨ་ནི་བཟུམ་གྱི་མཁན་ཆེན་དེ་ ཞིང་ཁམས་ལུ་ བླ་ན་མེད་པའི་དཀོན་མཆོག་གི་ཕྱག་གཡས་ཁ་ཐུག་ ཁྲི་གུ་བཞུགས་ཏེ་ཡོད། 2 གཙོ་བོ་གིས་བཞེངས་གནང་མི་གུར་ཁང་ངོ་མ་ ཡང་དག་པའི་ས་གནས་དེ་ནང་ ཁོ་ཞབས་ཏོག་ཞུ་སྟེ་ཡོད་ དེ་མི་གིས་བཟོ་སྟེ་ཡོད་མི་བཞུགས་ས་མེན། 3 མཁན་ཆེན་རེ་རེ་ལུ་ ཕུལ་ཆ་དང་དམར་མཆོད་ཕུལ་ནི་གི་འགན་ཁུར་བཀལ་ཡོདཔ་ཨིན་མས་ འདི་གིས་འབད་ ང་བཅས་ཀྱི་མཁན་ཆེན་གྱིས་ཡང་ དཀོན་མཆོག་ལུ་ག་ཅི་གཅིག་ཕུལ་དགོཔ་ཨིན་མས། 4 ག་དེམ་ཅིག་སྦེ་ ཡེ་ཤུ་ནཱ་འཛམ་བུ་གླིང་ནང་བཞུགས་ཏེ་ཡོད་པ་ཅིན་ བཀའ་ཁྲིམས་བཞིན་དུ་ མཆོད་པ་ཕུལ་མིའི་བླམ་དེ་ཚུ་ཡོད་ནི་འདི་གིས་ ཁོ་བླམ་ལུ་རྩ་ལས་རང་ མ་འགྱུརཝ་འོང་། 5 ཁོང་མཁན་ཆེན་ཚུ་གིས་ ཞིང་ཁམས་ནང་ཡོད་མི་གུར་ཁང་ངོ་མ་གི་འདྲ་བཟོ་དང་ གྱིབ་མ་བཟུམ་གྱི་ནང་ལུ་རྐྱངམ་གཅིག་ ཞབས་ཏོག་ཞུཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ མོ་སཱེས་ཀྱིས་ དམ་པའི་གུར་ཁང་བཞེངས་ནི་འབདཝ་ད་ དཀོན་མཆོག་གིས་ཁོ་ལུ་ ང་གིས་ཁྱོད་ལུ་ཡར་གངས་རི་གུ་སྟོན་མིའི་བཟོ་རྣམ་བཟུམ་སྦེ་ ཁྱོད་ཀྱིས་ག་ར་བཟོ་དགོ་ཟེར་བཀའ་གནང་ནུག 6 དེ་འབདཝ་ད་ ཡེ་ཤུ་ལུ་གནང་མི་ བླམ་གྱི་ལཱ་དེ་ བླམ་གཞན་ཚུ་ལས་འཕྱདཔ་ད་ ག་ར་ལས་མཐོ་ ག་ཅི་སྨོ་ཟེར་བ་ཅིན་ མོ་སཱེས་ལས་རྒྱུད་དེ་ ཞལ་འཆེས་རྙིངཔ་གནང་མི་འདི་བ་ལས་ ཡེ་ཤུ་ལས་རྒྱུད་དེ་ དཀོན་མཆོག་དང་མི་གི་བར་ན་འཆམ་ཁ་མཛད་མི་ཞལ་འཆེས་གསརཔ་དེ་ མཐོ་ ཨ་ནི་ཞལ་འཆེས་གསརཔ་དེ་ ཁས་བླངས་མཐོ་ཤོས་གཅིག་གུ་གཞི་བཙུགས་མཛད་ནུག 7 ད་འགོ་དང་པ་གི་ཞལ་འཆེས་དེ་ ནོར་འཁྲུལ་དང་སྐྱོན་མེད་མི་གཅིག་ཨིན་པ་ཅིན་ ཞལ་འཆེས་གཉིས་པ་དེ་བཟོ་དགོཔ་རང་མིན་འདུག 8 ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་དཀོན་མཆོག་གིས་མི་དེ་ཚུ་གི་སྐྱོན་གཟིགས་ཏེ་ ལུང་སྟོན་པ་ལས་རྒྱུད་དེ་ དེ་སྦེ་གསུངས་ནུག གཙོ་བོ་གིས་གསུངས་དོ་ ཨཱིས་ར་ཨཱེལ་དང་ ཡུ་ད་ ཁོང་མི་ཚན་གཉིས་ དང་གཅིག་ཁར་ ཞལ་འཆེས་གསརཔ་གཅིག་བཟོ་ནི་གི་དུས་ཚོད་འོང་དོ། 9 ཨ་ནི་ཞལ་འཆེས་དེ་ ང་གིས་ཁོང་གི་ཕ་བརྒྱུད་ཚུ་ལུ་ ཨི་ཇིབ་རྒྱལ་ཁབ་ནང་ལས་ ལགཔ་བཤེད་དེ་འཁྱིད་འོངམ་ད་ ཁོང་དང་གཅིག་ཁར་བཟོ་མི་ཞལ་འཆེས་བཟུམ་སྦེ་མི་འབྱུང་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་ངེ་གི་ཞལ་འཆེས་ནང་བརྟན་ཏོག་ཏོ་སྦེ་མ་སྡོད་ འདི་གིས་འབད་ ང་གིས་ཁོང་ལུ་སྣང་བདག་མ་བསྐྱེད་པར་བཞག་ཅི། 10 དེ་འབདཝ་ད་ གཙོ་བོ་གིས་ དུས་ཚོད་དེའི་ཤུལ་ལས་ ངེ་གི་མི་རིགས་ ཨཱིས་ར་ཨཱེལ་པ་དང་གཅིག་ཁར་ཨ་ནི་ཞལ་འཆེས་གསརཔ་བཟོ་ནི་ཨིན་ ཁོང་གི་སེམས་ནང་ལུ་ ངེ་གི་བཀའ་ཁྲིམས་བཙུག་བྱིན་ནི་ཨིན་ དེ་ལས་ངེ་གི་བཀའ་དེ་ ཁོང་གི་ཧིང་ནང་ལུ་ འབྲི་བྱིན་ནི་ཨིན་ ང་ཁོང་གི་དཀོན་མཆོག་དང་ ཁོང་ངེ་གི་མི་སྦེ་འགྱུར་ནི་ཨིན། 11 ད་ནཱ་ལས་ཕར་ མི་ག་གིས་ཡང་ རང་གི་ཁྱིམ་ཚང་ ཡང་ན་ རང་གི་ཕོ་རྒནམ་དང་ནུ་གཅུང་ཚུ་ལུ་ གཙོ་བོ་ངོ་ཤེས་དགོ་ཟེར་ ད་རུང་ཡང་སྟོན་བྱིན་མི་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཆུང་ཀུ་ཚུ་ལས་འགོ་བཟུང་སྟེ་ སྦོམ་ཚུན་ཚོད་ཀྱིས་ ང་ངོ་ཤེས་འོང་། 12 ང་གིས་ ཁོང་གི་ཉེས་པ་ཚུ་ བཀའ་དྲིན་བསྐྱང་ནི་ཨིན་ དེ་ལས་ཁོང་གི་སྡིག་པ་ཚུ་ ང་གིས་ལོག་སྟེ་ ནམ་ཡང་སེམས་ཁར་མི་དྲན་ཟེར་གསུངས་ནུག 13 གཙོ་བོ་དཀོན་མཆོག་གིས་ ཨ་ནི་ཞལ་འཆེས་དེ་ལུ་ གསརཔ་ཟེར་བཏགས་གནང་ཞིནམ་ད་ ཧེ་མ་གི་ཞལ་འཆེས་དེ་ དགོས་མཁོ་མེདཔ་སྦེ་མཛད་གནང་ནུག་ དེ་ལས་དགོས་མཁོ་མེད་མི་དང་རྙིངམ་ཐལ་མི་དེ་ མགྱོགས་པ་རང་ཡལ་འགྱོ་ནི་ཨིན།།
1 འགོ་དང་པ་གི་ཞལ་འཆེས་ནང་ དཀོན་མཆོག་ལུ་བསྙེན་བཀུར་ཕུལ་ནིའི་སྐོར་ལས་ ཁྲིམས་ལུགས་ཡོདཔ་ཨིནམ་མ་ཚད་ བསྙེན་བཀུར་ཕུལ་སའི་དེ་ མི་གིས་བཟོ་མི་ས་གནས་གཅིག་ཨིན་མས། 2 འདི་ཁར་གུར་ཁང་གཅིག་བཞེངས་ཏེ་ ཕྱི་ཁའི་ཁང་མིག་དེ་ནང་ལུ་ མེ་སྟེགས་དང་གསོལ་ཅོག་ དེ་ལས་དཀོན་མཆོག་གི་སྐུ་མདུན་ལུ་ཕུལ་མི་ ཏད་ཟས་དེ་ཚུ་ཡོདཔ་ཨིན་མས་ འདི་ལུ་ས་གནས་དམ་པ་ཟེར་སླབ་ཨིན་མས། 3 དེ་ལས་ནང་ན་གི་ཡོལ་ལི་གི་རྒྱབ་ཁར་ལུ་ཡོད་པའི་ཁང་མིག་དེ་ལུ་ ས་གནས་ག་ར་ལས་དམ་པ་ ཟེར་སླབ་ཨིན་མས། 4 འདི་ནང་ལུ་བསང་གཏང་ནིའི་གསེར་གྱི་མཆོད་ཁྲི་དང་ གསེར་སྒྲོན་སྒྲོནམ་གི་ ཞལ་འཆེས་ཀྱི་སྒྲོམ་དང་ འདི་གི་ནང་ན་ མཱན་ན་འདེགས་ཡོད་པའི་གསེར་གྱི་ཧོད་ཆ་དང་ ཨ་རཱོན་གྱི་འཁརཝ་འདི་གུ་ ལྕུག་གུ་སྐྱེས་མི་དང་ ཞལ་འཆེས་ཀྱི་རྡོ་ལེབ་དེ་ཚུ་བཞག་ཡོདཔ་ཨིན་མས། 5 ཞལ་འཆེས་ཀྱི་སྒྲོམ་དེའི་གུ་ལས་མར་ གཟི་བརྗིད་ཅན་གྱི་ཕོ་ཉ་ ཅེ་རུ་བིམ་ཟེར་སླབ་མི་འདི་ཚུ་གི་ གཤོག་ཐལ་གྱི་གྲིབ་མ་གིས་ཁབ་ཏོག་བཀབ་ནུག་ དེ་ལས་གན་རྒྱ་གི་སྒྲོམ་གྱི་ཁབ་ཏོག་དེ་ འགྱོད་སེམས་བསྐྱེད་དེ་ སྡིག་བཤགས་ཕུལ་ས་ཡང་ཨིན་མས་ དེ་འབདཝ་ད་ ད་ལྟོ་དེ་གི་སྐོར་ལས་ ཁ་གསལ་སྦེ་གྲལ་བཤད་བརྐྱབ་མི་ཚུགས་པས། 6 ཨ་ནི་བཟུམ་སྦེ་ དེ་ཚུ་ག་ར་སྒྲིགས་ཚརཝ་ད་ བླམ་དེ་ཚུ་དུས་རྟག་བུ་ར་ ཕྱི་ཁའི་ཁང་མིག་ནང་ན་ ཞབས་ཏོག་ཕུལ་བ་འགྱོ་དོ་ཡོདཔ་མས། 7 དེ་འབདཝ་ད་ ནང་ན་གི་ཁང་མིག་ནང་འབད་བ་ཅིན་ མཁན་ཆེན་ཁོ་རང་རྐྱངམ་གཅིག་ ཁྲག་འབག་སྟེ་ ལོ་གཅིག་ལུ་ཚར་གཅིག་ནང་ན་བྱོན་ཏེ་ ཁོ་རའི་དོན་ལུ་དང་ མི་དམངས་ཀྱིས་ མ་ཤེས་པར་འབད་མིའི་སྡིག་པའི་དོན་ལུ་ མཆོད་པ་ཕུལ་དོ་ཡོདཔ་ཨིན་མས། 8 འདི་ལས་སྦེ་ གུར་ཁང་རྙིངམ་དེ་གི་ནང་ན་ བར་ན་ཡོལ་ལི་ཀྲིང་སྟེ་ཁང་མིག་གཉིས་སྦེ་ཡོད་པའི་ནང་ དང་པ་དེ་ནང་བསྙེན་བཀུར་ཕུལ་ས་སྦེ་ ལག་ལེན་འཐབ་ཡོད་པའི་བསྒང་ གཉིས་པ་དེ་ནང་ག་ར་ལས་དམ་པའི་ས་གནས་ཀྱི་ནང་ན་ འགྱོ་ནི་གི་ལམ་མ་སྟོན་ཟེར་ དམ་པའི་ཐུགས་ཉིད་ཀྱིས་སྟོན་གནང་ནུག 9 ཕུལ་ཆ་དང་དམར་མཆོད་ཕུལ་ཏེ་ མཆོདཔ་ཕུལ་མི་ཆ་ཁྱབ་ཀྱི་བསམ་བློ་ གཙངམ་བཟོ་མི་ཚུགས་ཟེར་ འདི་ཚུ་ག་ར་ ད་རེས་དུས་ཀྱི་དོན་ལུ་དཔེ་སྦེ་སྟོནམ་ཨིན་མས། 10 ཨ་ནི་ཕུལ་ཆ་དང་མཆོད་པ་འདི་ཚུ་ བཟའ་འཐུང་དང་ གཙང་སྦྲ་ཁྲུས་གསོལ་གྱི་སྐོར་ལས་ ཕྱིའི་སྒྲིག་ཁྲིམས་རྐྱངམ་གཅིག་ཨིན་ འདི་ཚུ་ ཞལ་འཆེས་གསརཔ་ གོ་རིམ་བསྒྲིག་མ་གནང་ཚུན་ཚོད་ཀྱི་དོན་ལུ་རྐྱངམ་གཅིག་ཨིན་མས།། 11 ཁིརཱིས་ ད་ལྟོ་ང་བཅས་ཀྱིས་ཐོབ་མི་བྱིན་རླབས་བཟང་པོ་དེ་ཚུ་གི་ མཁན་ཆེན་སྦེ་འབྱོནམ་ད་ མི་གིས་བཟོ་མིའི་གུར་ཁང་ལས་ཡང་ སྦོམ་དང་ཡང་དག་པའི་གུར་ཁང་ལས་སྦེ་ འཛུལ་ཏེ་ལོག་བྱོན་ནུག་ གུར་ཁང་འདི་ མི་གིས་བཟོ་བཟོཝ་མེན་པས་ དེ་མ་ཚད་ ནཱ་འཛམ་བུ་གླིང་གི་ཡང་མེན་པས། 12 ད་རུང་ ར་དང་གླང་གི་ཁྲག་དེ་ མཆོདཔ་སྦེ་མེན་པར་ ཁོ་རའི་སྐུ་ཁྲག་ཕུལ་ཏེ་ ག་ར་ལས་དམ་པ་གི་ས་གནས་ནང་ལུ་ ཚར་གཅིག་གི་དོན་ལུ་འཛུལ་ཏེ་ ང་བཅས་ཀྱི་དོན་ལུ་ མཐའ་མེད་པའི་ཐར་པ་གྲུབ་གནང་ནུག 13 ཧེ་མ་གི་ལམ་ལུགས་ནང་ ར་དང་གླང་དེ་ཚུ་གི་ཁྲག་དང་ བ་ཐམ་ མེ་གཏང་གཏངམ་གི་གོ་ཐལ་དེ་ཚུ་ གཟུགས་གཙང་སྦྲ་མེད་མི་ཚུ་གི་གུ་བླུགས་ཏེ་ གྲིབ་ཅན་ཚུ་ གཙང་ཏོག་ཏོ་བཟོ་ཚུགས་པ་ཅིན། 14 ཁིརཱིས་ཀྱི་སྐུ་ཁྲག་གིས་ འདི་ལས་ཡང་ལྷགཔ་སྦེ་ ག་ཅི་དེས་ཅིག་གཙང་ཏོག་ཏོ་མཛད་གནང་མི་ཚུགས་ག་ ཁོ་གིས་ དུས་རྒྱུན་དུ་བཞུགས་མིའི་ཐུགས་ཉིད་ལས་རྒྱུད་དེ་ ཁོ་རང་ཉེས་པ་མེད་པའི་མཆོདཔ་གཅིག་སྦེ་ དཀོན་མཆོག་ལུ་ཕུལ་ཏེ་ ང་བཅས་ཀྱི་སེམས་ཁར་ གོ་མ་ཆོད་པའི་ལཱ་ངན་པ་ཚུ་ལས་ གཙངམ་མཛད་གནང་ཡི་ དེ་འབདཝ་ལས་བརྟེན་ཏེ་ ང་བཅས་ཀྱིས་གསོན་པོའི་དཀོན་མཆོག་གི་ཕྱག་ཞུ་ཚུགསཔ་ཨིན། 15 འདི་གིས་འབད་ ཁིརཱིས་འདི་ དཀོན་མཆོག་གི་ཞལ་འཆེས་གསརཔ་གི་བར་མི་ཨིན་ ད་ཁོ་གིས་ཁས་བླངས་བཞེས་ཡོད་མིའི་དུས་རྒྱུན་གྱི་བྱིན་རླབས་དེ་ དཀོན་མཆོག་གིས་འབོ་མི་ཆ་ཁྱབ་ཀྱིས་ ཐོབ་ནི་ཨིན་མས་ ག་ཅི་སྨོ་ཟེར་བ་ཅིན་ ཞལ་འཆེས་རྙིངམ་གི་འོག་ལུ་སྡོད་མི་ཚུ་ལུ་ སྡིག་པ་ནང་ལས་ཐར་གཏང་པའི་དོན་ལུ་ ཁིརཱིས་གཤགས་ནུག 16 ཁ་ཆེམས་ཡི་གུ་གི་ཐད་ལུ་ ཡི་གུ་དེ་ལག་ལེན་འཐབ་ནི་ཨིན་པ་ཅིན་ ཧེ་མ་བཟོ་མིའི་ མི་འདི་ ཤི་སོང་ཡི་ཟེར་བའི་ བདེན་ཁུངས་བཀལ་དགོཔ་ཨིན། 17 ག་ཅི་སྨོ་ཟེར་བ་ཅིན་ ཁ་ཆེམས་ཡི་གུ་བཟོ་མིའི་ མི་འདི་ ཤི་སོངམ་ད་རྐྱངམ་གཅིག་ ཡི་གུ་དེ་ངོ་མ་སྦེ་ ལག་ལེན་འཐབ་ཚུགསཔ་ཨིན། 18 དེ་འབདཝ་ལས་བརྟེན་ཏེ་ ཞལ་འཆེས་དང་པ་དེ་ཡང་ ཁྲག་མ་འཛགས་པར་ ལག་ལེན་མ་འཐབ་པས། 19 ག་ཅི་སྨོ་ཟེར་བ་ཅིན་ མོ་སཱེས་ཀྱིས་བཀའ་ཁྲིམས་དེ་ཚུ་ག་ར་མི་ཚུ་ལུ་སྟོན་བྱིན་ཚརཝ་ད་ ཁོ་གིས་བོའུ་ཅུང་དང་ར་གི་ཁྲག་དེ་ཚུ་ཆུ་དང་སླ་བསྲེས་ དེ་ལས་བལ་དམརཔ་དང་ཤིང་གི་འདབ་མ་གིས་ བཀའ་ཁྲིམས་ཀྱི་དེབ་དང་མི་དེ་ཚུ་གི་གུ་གཏོར་ཏེ། 20 ཁོ་གིས་ཁོང་ལུ་ དཀོན་མཆོག་གིས་ཁྱེད་ལུ་བཀའ་གནང་མི་ཞལ་འཆེས་ཀྱི་ཁྲག་ ཨ་ནི་ཨིན་ འདི་ཁྱེད་ཀྱིས་ ལག་ལེན་འཐབ་དགོ་ཟེར་གསུངས་ནུག 21 འདི་བཟུམ་སྦེ་རང་ གུར་ཁང་དང་མཆོདཔ་ཕུལ་སའི་ཧོད་ཆ་ག་ར་གི་གུ་ ཁོ་གིས་ཁྲག་གཏོར་ནུག 22 ངོ་མ་རང་འབདན་ བཀའ་ཁྲིམས་དང་འཁྲིལ་ཏེ་ མང་ཤོས་ཅིག་རང་ ཁྲག་གིས་གཙངམ་བཟོ་དགོཔ་ཨིན་མས་ ཁྲག་མེད་པར་སྡིག་པའི་བཤགས་པ་རྩ་ལས་ར་ མེདཔ་ཨིན་མས། 23 ད་གུར་ཁང་དང་དེའི་ནང་ལུ་ཡོད་མི་ཅ་ལ་ཚུ་ ཞིང་ཁམས་ཀྱི་དངོས་པོ་དེ་ཚུ་གི་འདྲ་བཟོ་ཨིན་ནི་དེ་གིས་ སེམས་ཅན་གྱི་ཁྲག་གིས་དམར་མཆོད་ཕུལ་ཏེ་ གཙངམ་བཟོ་དགོཔ་ཨིན་ དེ་འབདཝ་ད་ ཞིང་ཁམས་ལུ་ཡོད་པའི་དངོས་པོ་ངོ་མ་ཚུ་གི་དོན་ལུ་ སེམས་ཅན་གྱི་ཁྲག་ལས་ཡང་ལྷགཔ་སྦེ་ དམར་མཆོད་བཟང་པོ་ཕུལ་དགོཔ་ཨིན་མས། 24 ག་ཅི་སྨོ་ཟེར་བ་ཅིན་ མི་གིས་བཟོ་མི་ ངོ་མ་གི་འདྲ་བཟོ་ནང་ན་ལུ་ ཁིརཱིས་མ་བྱོན་པས་ དེ་འབདཝ་ད་ ཁོ་ཞིང་ཁམས་ནང་རང་ ག་ར་ལས་དམ་པ་གི་གནས་ནང་བྱོན་ཏེ་ ད་ལྟོ་ང་བཅས་ཀྱི་དོན་ལུ་ བར་མི་སྦེ་ དཀོན་མཆོག་གི་སྐུ་མདུན་ལུ་བཅརཝ་ཨིན། 25 ལོ་བསྟར་བཞིན་དུ་མཁན་ཆེན་གྱིས་ སེམས་ཅན་གྱི་ཁྲག་འབག་སྟེ་ ག་ར་ལས་དམ་པའི་ས་གནས་ནང་ དམར་མཆོད་ཕུལ་བ་བྱོན་དོཝ་བཟུམ་སྦེ་ ཁིརཱིས་ཀྱིས་ཁོ་རང་ལོག་ཅི་ལོག་ཅི་ དམར་མཆོད་སྦེ་མ་ཕུལ་བས། 26 དེ་སྦེ་ཨིན་པ་ཅིན་ འཛམ་བུ་གླིང་མཛད་པའི་སྐབས་ལས་རང་ ཁོ་ཚར་ལེ་ཤ་གཤགས་དགོཔ་ཐལ་ཐལཝ་འོང་ དེ་འབདཝ་ད་ དུས་མཐའན་མཇུག་ལུ་ སྡིག་པ་གསལ་གནང་ནི་སྦེ་ དུས་རྟག་བུ་གི་དོན་ལུ་ ཚར་གཅིག་སྦེ་རང་ ཁོ་རང་དམར་མཆོད་སྦེ་ཕུལ་ནུག 27 མི་དེ་ཚར་གཅིག་ཐད་རི་བ་རི་ཤི་དགོཔ་ད་ འདི་གི་ཤུལ་ལས་ཁོ་ལུ་ཁྲིམས་དཔྱད་ནི་ཨིན་མས། 28 འདི་བཟུམ་སྦེ་རང་ ཁིརཱིས་ཡང་ མི་ལེ་ཤ་གི་སྡིག་པ་བསྣམས་ནིའི་དོན་ལུ་ ཚར་གཅིག་སྦེ་ ཁོ་རང་དམར་མཆོད་སྦེ་ཕུལ་ནུག་ ད་ཐེངས་གཉིས་པ་ལུ་ ཁོ་མི་སེར་གྱི་སྡིག་པ་བསྣམས་པ་མེན་པར་ ཁོ་ལུ་རེ་ཆ་བསྐྱེད་དེ་སྒུག་སྡོད་མི་ཚུ་ལུ་ཐར་བ་གནང་པ་འབྱོན་ནི་ཨིན།།
1 བཀའ་ཁྲིམས་དེ་ ཤུལ་མ་འོང་ནི་འབད་མི་ འབྱུང་བ་ལེགས་ཤོམ་གྱི་བཟོ་དབྱིབས་ངོ་མ་མེན་པར་ འདི་གི་གྱིབ་མ་གཅིག་ཨིན་ བཀའ་ཁྲིམས་ཀྱི་འོག་ལུ་ཡོད་མི་ཚུ་གིས་ མཇུག་བསྡུ་ནི་མེད་པའི་མཆོད་པ་ ལོ་ལྟར་བཞིན་དུ་ ཅོག་འཐདཔ་སྦེ་ ལོག་ཅི་ལོག་ཅི་ ཕུལཝ་ཨིན་མས་ དེ་འབདཝ་ད་ ཨ་ནི་བཟུམ་གྱི་མཆོད་པ་གིས་ དཀོན་མཆོག་གི་སྐུ་མདུན་ལུ་བཅར་མི་ཚུ་ ཡང་དག་པ་རྩ་ལས་ར་བཟོ་མི་ཚུགས། 2 མཆོད་པ་འདི་གིས་ ཁོང་ལུ་ཡང་དག་པ་བཟོ་ཚུགས་ཚུགསཔ་འབད་བ་ཅིན་ ཁོང་གིས་མཆོད་པ་ཕུལ་ནི་དེ་ ཧེ་མ་ལས་རང་ བཞག་བཞགཔ་འོང་ དེ་ལས་མཆོདཔ་ཕུལ་མི་ཚུ་ ཐེངས་གཅིག་ནང་རང་ ཡང་དག་པ་བཟོ་སྟེ་ ཁོང་ཆ་ཁྱབ་ཀྱིས་འབད་མི་སྡིག་པ་འདི་ ཁོང་རང་གི་སེམས་ཁར་ཉེས་པ་ཡལ་ཏེ་མནོ་བསམ་མ་གཏངམ་འོང་། 3 དེ་འབདཝ་ད་ ཨ་ནི་ལོ་ལྟར་བཞིན་གྱི་མཆོད་པ་ཚུ་གིས་ མི་ཚུ་ལུ་ ཁོང་རའི་སྡིག་པ་སེམས་ཁར་དྲན་བཅུགཔ་ཨིན་མས། 4 ག་ཅི་སྨོ་ཟེར་བ་ཅིན་ གླང་དང་ར་གི་ཁྲག་མཆོད་དེ་གིས་ སྡིད་པ་གསལ་མི་ཚུགས། 5 འདི་གིས་འབད་ ཁིརཱིས་འཛམ་བུ་གླིང་ནང་བྱོན་པའི་སྐབས་ལུ་ དེ་སྦེ་གསུངས་ནུག མཆོད་པ་དང་ཕུལ་ཆ་ལུ་ནཱ་གིས་ཐུགས་མ་དགྱེས་ དེ་འབདཝ་ད་ ནཱ་གིས་ངེ་གི་དོན་ལུ་ གཟུགས་གཅིག་གྲ་སྒྲིག་མཛད་གནང་ཡི། 6 དམར་མཆོད་དང་སྡིག་པའི་མཆོད་པ་ཚུ་ལུ་ ནཱ་གིས་ཐུགས་མ་དགྱེས་པས། 7 དེ་ལས་ ཀྱེ་དཀོན་མཆོག་ ནཱ་གཟིགས་ལགས་ ངེ་གི་སྐོར་ལས་གསུང་དེབ་ནང་བྲིས་ཏེ་ཡོདཔ་བཞིན་དུ་ ནཱ་གི་ཐུགས་དགོངས་སྒྲུབ་ནིའི་དོན་ལུ་ ང་ནཱ་ལུ་འོངས་ཏེ་ཡོད་ཟེར་ཞུ་ཡི། 8 ལྟག་ལུ་ཁིརཱིས་ཀྱིས་དཀོན་མཆོག་ལུ་དེ་སྦེ་ཞུ་ནུག་ མཆོད་པ་དང་ཕུལ་ཆ་ དམར་མཆོད་དང་སྡིག་པའི་མཆོད་པ་ཚུ་ ནཱ་གིས་མ་བཞེསཔ་མ་ཚད་ ནཱ་གིས་དེ་ཚུ་ལུ་ཐུགས་མ་དགྱེས་ཟེར་ (འདི་ཚུ་ག་ར་བཀའ་ཁྲིམས་བཞིན་དུ་ ཕུལ་མི་མཆོདཔ་ཚུ་ཨིན།) 9 ད་རུང་ཤུལ་ལས་ཁིརཱིས་ཀྱིས་ ནཱ་གི་ཐུགས་དགོངས་སྒྲུབ་ནིའི་དོན་ལུ་ ང་ནཱ་ལུ་ཡོད་ཟེར་ཞུ་ཡི་ཟེར་ གསུངས་ཏེ་ ཞལ་འཆེས་གཉིས་པ་འགོ་བཙུག་ནིའི་དོན་ལུ་ ཧེ་མ་གི་ཞལ་འཆེས་འདི་ལུ་ ཆ་མེད་གཏང་བཞགཔ་ཨིན་མས། 10 ཨ་ནི་ཐུགས་དགོངས་འདི་ སྒྲུབ་པ་ལས་བརྟེན་ཏེ་ ཡེ་ཤུ་ཁིརཱིས་ཀྱིས་ སྐུ་གཟུགས་ནང་ དུས་རྟག་བུ་རང་གི་དོན་ལུ་ སྟབས་གཅིག་སྦེ་ མཆོདཔ་ཕུལ་བའི་སྒོ་ལས་ ང་བཅས་གཙངམ་སྦེ་མཛད་གནང་ཡི། 11 བླམ་ག་ར་གིས་ ཉིནམ་རེ་འཆར་ར་ མཆོད་པ་ཅོག་འཐདཔ་སྦེ་ལོག་ཅི་ལོག་ཅི་ཕུལ་ཏེ་ ཞབས་ཏོག་སྒྲུབ་རུང་ འདི་གིས་སྡིག་པ་རྩ་ལས་ར་དག་མ་ཚུགསཔ་ཨིན་མས། 12 དེ་འབདཝ་ད་ ཁིརཱིས་ཀྱིས་ སྡིག་པ་ཚུ་གི་དོན་ལུ་ དུས་རྟག་བུ་ར་གི་དོན་ལུ་ སྟབས་གཅིག་སྦེ་མཆོད་པ་ཕུལ་ཏེ་ ཁོ་དཀོན་མཆོག་གི་ཕྱག་གཡས་ཁ་ཐུག་ལུ་བཞུགས་ནུག 13 དེ་སྐབས་ལས་རང་ ཁོ་གི་དགྲ་ཚུ་ ཁོ་རའི་དབང་ཚད་འོག་ལུ་མ་བཙུག་ཚུན་ཚོད་ སྒུག་སྟེ་བཞུགས་ཡོད། 14 ག་ཅི་སྨོ་ཟེར་བ་ཅིན་ ཁིརཱིས་ཀྱི་མཆོད་པ་གཅིག་གི་ཐོག་ལས་སྦེ་ གཙངམ་སྦེ་མཛད་པའི་བསྒང་ཡོད་མི་ཚུ་ལུ་ ཨ་རྟག་རང་གི་དོན་ལུ་ ཡང་དག་པ་མཛད་གནངམ་ཨིན། 15 དམ་པའི་ཐུགས་ཉིད་ཀྱིས་ཡང་ འདི་གི་སྐོར་ལས་ ང་བཅས་ལུ་འཛོམ་དཔང་བཤདཔ་ཨིན་ འགོ་དང་པ་རང་ཁོ་གིས་དེ་སྦེ་གསུངས་ནུག 16 དུས་ཚོད་དེའི་ཤུལ་ལས་ ཁོང་དང་གཅིག་ཁར་བཟོ་ནི་འབད་མི་ ངེ་གི་ཞལ་འཆེས་འདི་ ཨ་ནི་ཨིན་ཟེར་ གཙོ་བོ་གིས་གསུངས་དོ་ ཁོང་གི་ཧིང་ཁ་ལུ་ ང་རའི་བཀའ་ཁྲིམས་བཙུག་བྱིན་ནི་ཨིནམ་མ་ཚད་ སེམས་ནང་ཡང་འབྲི་བྱིན་ནི་ཨིན། 17 དེ་ལས་ཁོ་གིས། ཁོང་གི་སྡིག་པ་དང་ལཱ་ཉེས་པ་ཚུ་ ང་གིས་ལོག་སྟེ་སེམས་ཁར་མི་དྲན་ཟེར་ གསུངས་ནུག 18 དེ་ཚུ་ག་ར་བཀའ་དྲིན་བསྐྱང་གནང་ཚར་མི་ཚུ་ ད་རུང་སྡིག་པའི་མཆོད་པ་ཕུལ་མི་དགོ།། 19 འདི་གིས་འབད་སྤུན་ཆ་ཚུ་ ཡེ་ཤུ་གི་སྐུ་ཁྲག་གི་ཐོག་ལས་སྦེ་ ག་ར་ལས་དམ་པའི་ས་གནས་ཀྱི་ནང་ན་ འགྱོ་ནིའི་བློ་ཁོག་ང་བཅས་ལུ་ཡོད། 20 ག་ཅི་སྨོ་ཟེར་བ་ཅིན་ སྒོའི་ཡོལ་ལི་ཕྱེ་སྟེ་ ང་བཅས་ཀྱི་དོན་ལུ་ ལམ་གསརཔ་དང་གསོན་པོའི་ལམ་གནང་ཡི་ ཡོལ་ལི་དེ་ ཡེ་ཤུ་གི་སྐུ་གཟུགས་ཨིན། 21 འདི་མ་ཚད་ དཀོན་མཆོག་གི་བཟའ་ཚན་ནང་ ང་བཅས་ལུ་མཁན་ཆེན་གཅིག་ཡོདཔ་ཨིན། 22 དེ་འབདཝ་ལས་ ང་བཅས་དྲང་སེམས་བསྐྱེད་དེ་ དད་པའི་སྒོ་ལས་བློ་གཏད་ཞིནམ་ད་ དཀོན་མཆོག་གི་སྐུ་མདུན་ལུ་བཅར་གེ་ ག་ཅི་སྨོ་ཟེར་བ་ཅིན་ བླམ་གྱིས་གཙངམ་བཟོ་ནི་གི་དོན་ལུ་ཁྲག་གཏོར་དོཝ་བཟུམ་སྦེ་ ང་བཅས་ཀྱི་སེམས་འདི་ ཁིརཱིས་ཀྱི་སྐུ་ཁྲག་གིས་ མནོ་བསམ་ངན་པ་ལས་དག་ཏོག་ཏོ་བཟོ་སྟེ་ ཆུ་གཙང་ཏོག་ཏོ་གིས་ ང་བཅས་ཀྱི་གཟུགས་ཆུ་བཤལ་རྐྱབ་ཨིན། 23 ང་བཅས་ཀྱིས་ཁས་ལེན་འབད་མི་རེ་བ་དེ་ལུ་ ཐེ་ཚོམ་མེད་པར་ དད་པ་སྒྲིང་སྒྲིང་སྦེ་བསྐྱེད་དེ་སྡོད་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཁས་བླངས་བཞེས་གནང་མི་དེ་ ན་འཐན་ཏོག་ཏོ་ཡོད། 24 ང་བཅས་གཅིག་གི་གཅིག་ལུ་ ག་དེ་སྦེ་བྱམས་པ་དང་ལཱ་བཟང་པོ་གི་དོན་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་ཨིན་ན་ འདི་གི་སྐོར་ལས་མནོ་བསམ་གཏང་དགོ། 25 མི་ལ་ལུ་ཅིག་ལུ་ དདཔ་ཅན་འཛོམས་སར་འགྱོ་ནིའི་ལུགས་སྲོལ་མེདཔ་འོང་ དེ་འབདཝ་ད་ ཁྱེད་གཅིག་ཁར་འཛོམས་ཏེ་ གཅིག་གིས་གཅིག་ལུ་སེམས་ཤུགས་བྱིན་དགོ་ གཙོ་བོ་གི་ཉིནམ་དེ་ནཱ་སྦོ་ལོགས་ལྷོདཔ་ཨིནམ་ ཁྱེད་ཀྱིས་མཐོང་མཐོངམ་འབདཝ་ལས་བརྟེན་ཏེ་ འདི་ལས་ཡང་ལྷགཔ་སྦེ་འབད་དགོ། 26 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱིས་བདེན་པའི་རིགཔ་ཐོབ་ཞིནམ་ལས་ ཤེས་མཐོང་སྟེ་སྡིག་པ་འབད་བ་ཅིན་ སྡིག་བཤགས་ཀྱི་མཆོད་པ་ཡོད་རང་མེད། 27 དེ་སྦེ་འབད་མི་ཚུ་ དཀོན་མཆོག་གི་དགྲ་ཚུ་དང་གཅིག་ཁར་ ཁོ་གི་ཁྲིམས་འདྲོག་སི་སི་ ཐལ་བར་བརླག་གཏང་མིའི་མེ་དེ་ལུ་ སྒུག་སྡོད་ནི་རྐྱངམ་གཅིག་ལས་བརྒལ་མེད། 28 མོ་སཱེས་ཀྱི་བཀའ་ཁྲིམས་མ་སྲུང་མིའི་མི་དེ་ ག་ར་ཨིན་རུང་ འཛོམ་དཔང་འབད་མི་ གཉིས་ཡང་ན་ གསུམ་གྱིས་ བློ་འདི་བདེན་ཟེར་སླབ་མི་འཐོན་པ་ཅིན་ མི་འདི་སྙིང་རྗེ་མ་ཐོབ་པར་བསད་ནུག 29 ད་ དཀོན་མཆོག་གི་སྲས་ལུ་ རྐང་མའི་འོག་ལུ་རྫོབ་མི་དང་ ང་བཅས་ལུ་གཙངམ་མཛད་མི་ ཞལ་འཆེས་ཀྱི་ཁྲག་ལུ་གོ་མ་ཆོདཔ་བཟོ་མི་ དེ་ལས་ ཐུགས་རྗེ་གནང་མིའི་ཐུགས་ཉིད་ལུ་བློ་བཙོང་མི་དེ་ཚུ་ལུ་ འདི་ལས་ཡང་ལྷགཔ་སྦེ་ ཁྲིམས་དམ་དྲགས་ཕོག་ནི་ཨིན་ཟེར་ ཁྱེད་རང་མནོ་བསམ་གཏང་དགོ། 30 ག་ཅི་སྨོ་ཟེར་བ་ཅིན། དགྲ་ལན་འཇལ་ནི་གི་ལཱ་དེ་ངེ་གི་ཨིན་ སྐྱིན་ཚབ་ང་གིས་བྱིན་ནི་ཨིན་ཟེར་ གསུངས་མི་དེ་ ང་བཅས་ཀྱིས་ངོ་ཤེས་ ད་རུང་དེ་སྦེ་ཡང་གསུངས་ཡི། གཙོ་བོ་གིས་ ཁོ་རང་གི་མི་ཚུ་ ཁྲིམས་ཕྱེ་ནི་ཨིན། 31 གསོན་པོའི་དཀོན་མཆོག་གི་ཕྱག་ལུ་ཚུད་ནི་དེ་ ཁྲིམས་ག་ཅི་དེས་ཅིག་འདྲོག་སི་སི་ཨིན། 32 ཧེ་མ་གི་དུས་ཚུ་ སེམས་ཁར་དྲན་དགོ་ ཁྱེད་ཀྱིས་བདེན་པ་འདི་ ཧ་གོ་སྟེ་འོངས་པའི་སྐབས་ལུ་ ཁྱེད་གནམ་མེད་ས་མེད་སྡུག་བསྔལ་མྱོང་དགོཔ་བྱུང་རུང་ འཐུས་མ་ཤོར་བར་སྡོད་ཅི། 33 རེ་ཅིག་སྐབས་ རོགས་ཀྱི་གདོང་ཁར་ ཁྱེད་ལུ་དམའ་ཕབ་རྐྱབ་ སྡུག་བསྔལ་ཐོབ་སྟེ་ ལྟདམོ་བཟུམ་སྦེ་སྟོན་སྡོད་ཅི་ རེ་ཅིག་སྐབས་ འདི་བཟུམ་གྱི་ དམའ་ཕབ་བཏང་ སྡུག་ཐོབ་སྡོད་མི་ཚུ་དང་འདྲན་འདྲ་སྦེ་ སྡུག་འབག་སྟེ་སྡོད་ཅི། 34 བཙོན་པ་ཚུ་ལུ་ཁྱེད་ཀྱིས་སྙིང་རྗེ་བསྐྱེད་ཡོདཔ་མ་ཚད་ རང་གི་རྒྱུ་ནོར་ལུ་མི་གཞན་གྱིས་དབང་བཟུང་འབད་དེ་སྦེ་རུང་ དགའ་སྤྲོའི་སྒོ་ལས་ བློ་མ་ཕམ་པར་སྡོད་ཅི་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་རང་ལུ་ དེ་ལས་ཡང་དྲགཔ་དང་ དུས་རྟག་བུ་རང་སྡོད་མིའི་རྒྱུ་ནོར་ཡོད་ཟེར་ ཁྱེད་ཀྱིས་ཤེསཔ་ལས་བརྟེན་ཏེ་ཨིན། 35 དེ་འབདཝ་ལས་ ཨ་ནི་སྙིང་སྟོབས་དེ་ ཤོར་མ་བཅུག་ འདི་ལས་སྦེ་ ཁྱེད་ཀྱིས་གསོལ་རས་སྦོམ་ཐོབ་ནི་ཨིན། 36 དེ་མ་ཚད་ ཁྱེད་ཀྱིས་དཀོན་མཆོག་གི་ཐུགས་དགོངས་ག་ར་སྒྲུབ་ཚར་བའི་ཤུལ་ལས་ ཁས་བླངས་བཞེས་ཡོད་མི་དེ་ཐོབ་ནིའི་དོན་ལུ་ ཁྱེད་ཆ་ཁྱབ་བཟོད་བསྲན་བསྐྱེད་དེ་སྡོད་དགོ། 37 ག་ཅི་སྨོ་ཟེར་བ་ཅིན། ཡུདཔ་ཐེངས་ཅིག་ནང་ བྱོན་ནི་འབད་མི་དེ་ མ་ཕྱི་བར་ ཐད་རི་བ་རི་བྱོན་འོང་། 38 དེ་འབདཝ་ད་ ང་གིས་མཐོང་སར་ ཆོས་སེམས་ཡོད་མི་དེ་ དད་པ་ལས་བརྟེན་ཏེ་ སྡོདཔ་ཨིན་ དེ་ལས་ཁོ་རྒྱབ་བཤུད་རྐྱབ་པ་ཅིན་ ཁོ་ལུ་བལྟ་སྟེ་ང་སེམས་མི་དགའ། 39 ང་བཅས་རྒྱབ་བཤུད་རྐྱབ་མི་ མེདཔ་ཐལ་འགྱོ་མི་ཚུ་གི་གྲལ་ལས་མེན་ དེ་འབདཝ་ད་ དད་པ་བསྐྱེད་དེ་ ཐར་པ་ཐོབ་མི་ཚུ་གི་གྲལ་ལས་ཨིན་ནོ།།
1 དད་པ་འདི་ རེ་བ་བསྐྱེད་མི་འདི་ལུ་བློ་གཏད་ནི་དང་ མིག་གི་མ་མཐོང་མི་འདི་ལུ་བདེན་འཛིན་རེ་ནི་ འདི་ཨིན། 2 འདི་བཟུམ་གྱི་དད་པ་བསྐྱེད་པའི་ཐོག་ལས་སྦེ་ དང་ཕུགས་ཀྱི་མི་ཚུ་ དཀོན་མཆོག་གིས་ཐུགས་དགྱེས་ནུག 3 དད་པ་ལས་རྒྱུད་དེ་ འཇིག་རྟེན་ག་ར་དཀོན་མཆོག་གི་བཀའ་ལས་སྦེ་བྱུང་ནུག་ཟེར་ ང་བཅས་ཀྱིས་ཧ་གོ་ཚུགས་པས་ དེ་ལས་ མཐོང་ཡོད་པའི་དངོས་པོ་དེ་ཚུ་ མ་མཐོང་པའི་དངོས་པོ་དེ་ཚུ་ལས་སྦེ་ བྱུང་འོངས་ནུག 4 དད་པ་ལས་རྒྱུད་དེ་ ཨ་བཱེལ་གྱིས་ ཀཱེན་ལས་དྲགཔ་སྦེ་ དཀོན་མཆོག་གི་ཐུགས་དགྱེས་པའི་མཆོད་པ་ཕུལ་ནུག་ དཀོན་མཆོག་གིས་ དེ་སྦེ་འབད་མི་དེ་ ཨ་བཱེལ་འདི་ ཁོ་རའི་ཐུགས་དང་ལྡན་པའི་མི་ཕྲངམ་ཨིན་ཟེར་ སྟོན་གནངམ་ཨིན་མས་ ད་ ཁོ་ཤི་སོང་སྟེ་འབད་རུང་ ཁོ་གི་དད་པ་དེ་ ང་བཅས་ཀྱི་དོན་ལུ་ད་ལྟོ་ཡང་དཔེ་གཅིག་ཨིན། 5 དད་པ་ལས་རྒྱུད་དེ་ ཨེ་ནོག་དེ་ ཤི་མ་དགོཔ་སྦེ་ཞིང་ཁམས་ལུ་དྲངས་ནུག་ དཀོན་མཆོག་གིས་ཁོ་བསྣམས་འབྱོནམ་ལས་ ཁོ་ག་ཏེ་འཚོལ་རུང་མ་ཐོབ་པས་ ཁོ་ཡར་མ་བསྣམས་པའི་ཧེ་མ་ ཁོ་གིས་དཀོན་མཆོག་གི་ཐུགས་དགྱེས་བཅུག་པའི་དཔེ་སྦེ་འཐོན་ནུག 6 དད་པ་མེད་པ་ཅིན་ དཀོན་མཆོག་གི་ཐུགས་དགྱེས་མི་ཚུགས་ ག་ར་འབད་རུང་ ཁོ་གི་སྐུ་མདུན་ལུ་བཅར་མི་ཆ་ཁྱབ་ཀྱིས་ དཀོན་མཆོག་དེ་ངོ་མ་ཨིན་ ཁོ་ལུ་སེམས་ཀྱི་གཏིང་ལས་རང་འཚོལ་འོང་མི་ཚུ་ལུ་ ཁོ་གིས་གསོལ་རས་གནངམ་ཨིན་ཟེར་ དད་པ་བསྐྱེད་དགོཔ་ཨིན། 7 དད་པ་ལས་རྒྱུད་དེ་ ནོ་ཝ་གིས་དཀོན་མཆོག་ལས་ ཁོ་གིས་མ་མཐོང་མི་གཅིག་གི་སྐོར་ལས་ ཉེན་བརྡ་ཐོབ་ད་ ཁོ་གིས་དཀོན་མཆོག་གི་བཀའ་ལུ་ཉན་ཏེ་ ཁོ་རའི་བཟའ་ཚང་ལུ་སྐྱབས་འབད་ནི་གི་དོན་ལུ་ གྲུ་སྦོམ་གཅིག་བཟོ་ནུག་ དད་པ་འདི་གིས་འབད་ ཁོ་གིས་འཛམ་བུ་གླིང་གི་སྐྱོན་དེ་སྟོན་བྱིན་ཏེ་ ཁོ་དཀོན་མཆོག་གི་ཐུགས་དང་ལྡན་པའི་མི་ཕྲངམ་ཚུ་གི་གྲལ་ཁར་ཚུད་ནུག 8 དད་པ་ལས་རྒྱུད་དེ་ ཨབ་ར་ཧམ་ལུ་དཀོན་མཆོག་གིས་ ཁས་བླངས་བཞེས་མི་ས་གནས་འདི་ནང་སོང་ཟེར་བཀའ་གནངམ་ད་ ཁོ་རང་ག་ཏེ་འགྱོཝ་ཨིན་ན་མ་ཤེས་ཏེ་འབད་རུང་ ཁོ་གིས་བཀའ་ལུ་ཉན་ཏེ་སོང་ནུག 9 དད་པ་ལས་རྒྱུད་དེ་ ཁོ་ཁས་བླངས་བཞེས་གནང་མི་ས་གནས་ནང་ ཕྱིའི་མི་གཅིག་བཟུམ་སྦེ་ གུར་སྤུབ་སྟེ་ སྒར་བཅགས་སྡོད་ནུག་ འདི་དང་འདྲཝ་སྦེ་ ཨི་སག་དང་ ཡ་ཀོབ་ཡང་ ཁོ་བཟུམ་སྦེ་སྡོད་ནུག་ ཁོང་གཉིས་ཀུ་ཡང་ ཨབ་ར་ཧམ་དང་འདྲན་འདྲ་ཁས་བླངས་ཀྱི་བགོ་བཤའ་ཐོབ་མི་ཚུ་ཨིན་མས། 10 ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་རྨང་གཞི་སྒྲིང་སྒྲིང་ཡོད་པའི་ཁྲོམ་ལུ་སྒུག་སྡོད་ཅི་ འདི་ལུ་འགྱམ་བཙུགས་ཏེ་ཡར་ལྷོང་གནང་མི་དེ་ དཀོན་མཆོག་ཁོ་རང་ཨིན། 11 དད་པ་ལས་རྒྱུད་དེ་ ས་ར་ལོ་ན་རྒས་ཏེ་ རབས་ཆད་མ་ལུ་ཐལ་སོང་རུང་ མོ་གི་ལུས་ལུ་ཨ་ལོ་སྐྱེ་ནིའི་སྟོབས་ཤུགས་ཐོབ་ནུག་ ག་ཅི་སྨོ་ཟེར་བ་ཅིན་ མོ་ལུ་ཁས་བླངས་གནང་མི་དེ་ དམ་ཚིག་ཅན་ཨིན་ཟེར་ མོ་གིས་དད་པ་བསྐྱེད་བསྐྱེདཔ་ཨིན་མས། 12 དེ་འབདཝ་ལས་ ཨབ་ར་ཧམ་ཁོ་རང་དབུགས་མ་ཆདཔ་ཙམ་གྱི་ཕུང་པོ་འདི་ལས་ རྒྱལ་ཁབ་ཡོངས་སུ་བྱུང་འོངས་ནུག་ ཁོ་གི་བུ་བརྒྱུད་ཚུ་ གནམ་ཁའི་སྐརམ་བཟུམ་དང་ རྒྱ་མཚོ་མཐའ་མའི་བྱེམ་བཟུམ་སྦེ་ གྱངས་ཁ་མ་ཆོདཔ་ཡོད་མིའི་ ཕམ་སྦེ་བྱུང་ནུག 13 ཨ་ནི་མི་ཚུ་གིས་ དཀོན་མཆོག་གིས་ཁས་བླངས་བཞེས་གནང་མི་དེ་ མ་ཐོབ་སྟེ་འབད་རུང་ ཁོང་ག་ར་དད་པ་བསྐྱེད་དེ་རང་ཤི་སོང་ནུག་ ཁས་བླངས་འདི་ལུ་ཁོང་གིས་ ཐག་རིང་ས་ལས་སྦེ་བལྟ་སྟེ་ གདོང་ལེན་འབད་དེ་སྡོདཔ་མ་ཚད་ ཁོང་འཛམ་བུ་གླིང་འདི་ནང་ལུ་མགྱོནམ་དང་ ཕྱིའི་མི་གཅིག་ཨིན་མས་ཟེར་ ཁ་བཟེད་ནུག 14 འདི་བཟུམ་གྱི་བློ་སླབ་མི་ཚུ་གིས་ ཁོང་རང་གི་དོན་ལས་རྒྱལ་ཁབ་གཅིག་འཚོལ་ཡོད་པའི་དཔེ་སྟོནམ་ཨིན་མས། 15 ཁོང་གིས་ཤུལ་ལས་བཀོག་བཞག་མི་ ཁོང་རའི་གཡུས་འདི་ སེམས་ཁར་དྲན་དྲནམ་འབད་བ་ཅིན་ ཁོང་རང་གི་གཡུས་ཁར་ ལོག་འགྱོ་ནི་གི་གོ་སྐབས་ཡང་ཐོབ་ཐོབ་འོང་། 16 དེ་འབདཝ་ད་ ཁོང་ཆ་ཁྱབ་ཀྱིས་དེ་ལས་ཡང་དྲག་པའི་རྒྱལ་ཁབ་ གཅིག་འབདན་ ཞིང་ཁམས་ལུ་རེ་བ་བསྐྱེད་ནུག་ རྒྱུ་མཚན་འདི་ལུ་བརྟེན་ཏེ་ དཀོན་མཆོག་གིས་ ཁོང་གི་དཀོན་མཆོག་ཨིན་ཟེར་ ཞལ་གྱི་བཞེས་ནི་ལུ་ ཞལ་མི་སྐྱེམས་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ ཁོང་གི་དོན་ལུ་ཁྲོམ་གསརཔ་གཅིག་ གྲ་སྒྲིག་མཛད་གནང་ནུག 17 དད་པ་ལས་རྒྱུད་དེ་ དཀོན་མཆོག་གིས་ ཨབ་ར་ཧམ་ལུ་ ཁོ་གི་དད་པའི་བརྟག་དཔྱད་གནང་བའི་སྐབས་ལུ་ ཁོ་གིས་ ཨི་སག་ དམར་མཆོད་སྦེ་ ཕུལ་ནི་འབད་ནུག་ ཁས་བླངས་ཐོབ་མི་དེ་གིས་ ཁོ་རའི་བུ་གཅིགཔ་དེ་མཆོད་པ་སྦེ་ཕུལ་ནི་སྦེ་ གྲ་སྒྲིག་བརྐྱབས་ནུག 18 ཧེ་མ་དཀོན་མཆོག་གིས་ཁོ་ལུ་ ཨི་སག་ལས་རྒྱུད་དེ་ ཁྱོད་ཀྱི་བུ་བརྒྱུད་ཀྱི་མིང་བཞག་ནི་ཨིན་ཟེར་གསུངས་གསུངསམ་ཨིནམ་ལས་ ཁོ་གིས་གྲ་སྒྲིག་བརྐྱབས་ནུག 19 དཀོན་མཆོག་གིས་ ཨི་སག་ ཤི་ས་ལས་གསོན་པོ་ལྷོང་གནང་ཚུགས་ཟེར་ ཨབ་ར་ཧམ་གྱིས་མནོ་བསམ་བཏངམ་མ་ཚད་ དཔེ་བཟུམ་ཅིག་སྦེ་ ཁོ་གིས་ ཨི་སག་ཤི་ས་ལས་ལོག་སྟེ་ཐོབ་ནུག 20 དད་པ་ལས་རྒྱུད་དེ་ ཨི་སག་གིས་ཁོ་རའི་བུ་ ཡ་ཀོབ་དང་ ཨི་སའུ་ལུ་ མ་འོང་པའི་དུས་ཀྱི་དོན་ལུ་བྱིན་རླབས་གནང་ནུག 21 དད་པ་ལས་རྒྱུད་དེ་ ཡ་ཀོབ་ཤི་བའི་བསྒང་ ཡོ་སེབ་ཀྱི་བུ་རེ་རེ་ལུ་བྱིན་རླབས་གནང་ནུག་ དེ་ལས་ ཁོ་རའི་ལགཔ་འཁརཝ་གུ་ཧེན་ཏེ་ དཀོན་མཆོག་ལུ་བསྟོད་པ་ཕུལ་ནུག 22 དད་པ་ལས་རྒྱུད་དེ་ ཡོ་སེབ་ཀྱི་དུས་མཇུག་བསྡུ་རནམ་ད་ ཨཱིས་ར་ཨཱེལ་པ་དེ་ཚུ་ ཨི་ཇིབ་རྒྱལ་ཁབ་ལས་གཞི་སྤོ་འགྱོ་དགོ་པའི་སྐོར་ལས་ སླབ་མ་ཚད་ ཁོ་རའི་རུ་ཏོ་འདི་ལུ་ ག་ཅི་འབད་དགོཔ་ཨིན་ན་ འདི་གི་སྐོར་ལས་བཀོད་རྒྱ་གནང་ནུག 23 དད་པ་ལས་རྒྱུད་དེ་ མོ་སཱེས་སྐྱེཝ་ད་ ཨའི་དང་ཨ་པ་གིས་ ཁོ་གཞན་དང་མ་འདྲ་བའི་ཨ་ལོ་འཇའ་རིསམ་སྦེ་མཐོང་སྟེ་ རྒྱལ་པོའི་བཀའ་ཤོག་བལྟ་སྟེ་ཡང་མ་འདྲོག་པར་ ཟླཝ་གསུམ་ཚུན་ཚོད་གཡིབ་སྟེ་བཞག་ནུག 24 དད་པ་ལས་རྒྱུད་དེ་ མོ་སཱེས་སྦོམ་འགྱོཝ་ད་ ཨི་ཇིབ་རྒྱལཔོ་གི་སྲསམོ་གི་བུ་ཨིན་ཟེར་ ཁ་བཟེད་མ་བཏུབ་པས། 25 ཁོ་གིས་ ཡུདཔ་ཐེངས་ཅིག་སྡིག་པའི་དགའ་སྤྲོ་ནང་སྡོདཔ་བ་འདི་ དཀོན་མཆོག་གི་མི་དེ་ཚུ་དང་གཅིག་ཁར་ སྡུག་བསྔལ་མྱོང་སྟེ་སྡོད་ནི་འདི་ལུ་ གདམ་ཁ་རྐྱབ་ནུག 26 ཨི་ཇིབ་རྒྱལ་ཁབ་ཀྱི་རྒྱུ་ནོར་ལོངས་སྤྱོད་དང་འཕྱདཔ་ད་ ཁིརཱིས་ཀྱི་དོན་ལུ་བློ་བཙོང་སྟེ་སྡོད་ནི་འདི་ ག་ར་ལས་དྲགཔ་སྦེ་བརྩིས་ནུག་ ག་ཅི་འབད་ཟེར་བ་ཅིན་ ཁོ་གིས་དཀོན་མཆོག་གི་གསོལ་རས་སྒུག་སྟེ་ སྡོད་སྡོདཔ་ཨིན་མས། 27 དད་པ་ལས་རྒྱུད་དེ་ རྒྱལཔོ་དགོངསམ་ཁྲེལ་མི་ལུ་བལྟ་སྟེ་མ་འདྲོག་པར་ ཁོ་རྒྱལ་ཁབ་ ཨི་ཇིབ་ལས་ཐོན་སོང་ནུག་ ག་ཅི་སྨོ་ཟེར་བ་ཅིན་ མིག་གིས་ མ་མཇལ་མི་དཀོན་མཆོག་ལུ་ མཇལ་མཇལཝ་བཟུམ་སྦེ་རང་བལྟ་སྟེ་ དཀའཝ་སྤྱད་སྡོད་ནུག 28 དད་པ་ལས་རྒྱུད་དེ་ ཁོ་གིས་ ཤི་ས་ལས་ཐར་བའི་དུས་ཆེན་སྲུང་སྟེ་ བསད་པ་འོང་མི་ཕོ་ཉ་དེ་གིས་ ཨཱིས་ར་ཨཱེལ་པ་ཚུ་གི་བུ་འགོ་སྐྱེས་ཚུ་ལུ་ གནོད་པ་བཀལ་མ་བཅུག་པའི་དོན་ལུ་ སྒོའི་གུ་ཁྲག་གཏོར་ནུག 29 དད་པ་ལས་རྒྱུད་དེ་ ཨཱིས་ར་ཨཱེལ་པ་དེ་ཚུ་རྒྱ་མཚོ་དམརཔོ་ནང་ལས་ ས་སྐམ་ནང་བཟུམ་སྦེ་འགྲོ་འགྲུལ་འབད་ནུག་ དེ་འབདཝ་ད་ ཨི་ཇིབ་པ་དེ་ཚུ་ཡང་ ཁོང་བཟུམ་སྦེ་བརྒལ་ནི་འབདཝ་ད་ རྒྱ་མཚོ་ནང་ཐིམ་སྟེ་ཤི་སོང་ནུག 30 དད་པ་ལས་རྒྱུད་དེ་ མི་དེ་ཚུ་ཉིནམ་བདུན་ཚུན་ཚོད་ ཁྲོམ་ ཡེ་རི་ཀོ་གི་གྱང་བསྐོར་ར་བརྐྱབས་ད་ གྱང་འགྱེལ་སོང་ནུག 31 དད་པ་ལས་རྒྱུད་དེ་ གཞང་བཙོངམ་ རེ་ཧབ་ཀྱིས་ བྱ་བལྟ་མི་ཚུ་ལུ་ མོ་གི་ཁྱིམ་ནང་འོང་བཅུག་ནི་འདི་གིས་ མོ་ལུ་དཀོན་མཆོག་གི་བཀའ་ལུ་མ་ཉན་མི་ཚུ་དང་གཅིག་ཁར་ བསད་མ་བཀོག་བས། 32 ད་ ང་གིས་འདི་བ་ལྷགཔ་སྦེ་ ག་ཅི་སླབ་ནི་སྨོ་ གི་དེ་ཨཱོན་དང་ བ་རག་ སེམ་སཱོན་དང་ ཡེབ་ཐ་ ད་བིད་དང་ ས་མུ་ཨཱེལ་ དེ་ལས་ལུང་སྟོན་པ་ཚུ་གི་སྐོར་ལས་ སླབ་ནིའི་དུས་ཚོད་མིན་འདུག 33 དེ་ཚུ་གིས་དད་པ་ལས་རྒྱུད་དེ་ རྒྱལ་ཁབ་ཚུ་ཕམ་གཏང་ དྲང་བདེན་གྱི་ཐོག་ལས་གཞུང་སྐྱོང་ དེ་ལས་ དཀོན་མཆོག་གིས་ ཁས་བླངས་བཞེས་ཡོད་མི་དེ་ཚུ་ཐོབ་མ་ཚད་ སེངྒེ་གི་ཁ་ཡང་བསྡམས་ཚུགས་ནུག 34 མེ་ལྷབས་ལྡིང་མི་དེ་ཡང་བསད་ དེ་མ་ཚད་ དཔའ་རྟགས་རྣོས་ཁིག་ཁི་གུ་ལས་སྤར་ཐར་ནུག་ ཞན་ཁོག་ཚུ་སྟོབས་ཤུགས་ཅན་ལུ་འགྱུར་ དམག་རྐྱབ་ས་ལུ་མི་སྟོབས་ཅན་སྦེ་ཐོན་ ཕྱི་ཁའི་དམག་མི་ཚུ་བདའ་བཏང་ནུག 35 ཨམ་སྲུ་ཚུ་གིས་ ཁོང་རའི་བུ་ཤི་ས་ལས་གསོན་པོ་ལོག་ཐོབ་ནུག ལ་ལུ་གིས་སྡུག་མྱོང་སྟེ་ ཤུལ་ལས་གསོན་པོ་སྦེ་ལྷོང་གནང་བའི་དུས་ལུ་ གསོལ་རས་ལེགས་ཤོམ་ཐོབ་འོང་ཟེར་ སྡུག་བསྔལ་ལས་ཐར་བའི་འདོད་པ་མ་བསྐྱེད་པས། 36 ལ་ལུ་ཅིག་ལུ་ མེས་མེད་བསྐྱུར་ རྟས་ལྕག་གིས་དྲང་ ལ་ལུ་ལྕགས་ཐག་གིས་བཅིང་ བཙོན་ནང་བཙུགས་ནུག 37 ལ་ལུ་རྡོ་གིས་བརྡུང་སྟེ་བསད་བཀོག་ ལ་ལུ་སོག་ལེ་གིས་གཉིས་སྦེ་བཏོགས་ ལ་ལུ་དཔའ་རྟགས་ཀྱིས་བསད་བཀོག་ནུག་ ལ་ལུ་ལུག་དང་ར་གི་པགས་ཀོའི་བགོ་ལ་བཟོ་གྱོན་ ཐབས་རྡུགས་སི་སི་སྦེ་སྡོད་དེ་ རོགས་ཀྱིས་གནོདཔ་བཀལ་ཏེ་སྡུག་ལེ་ཤ་བྱིན་ནུག 38 ཁོང་རི་སྟོང་དང་གངས་རི་ལས་ཕར་བཤལ་ཏེ་ བྱག་ཕུག་དང་དོང་ཚུ་ནང་སྡོད་དགོཔ་ཐལ་ནུག་ དེ་འབདཝ་ད་ ཁོང་ཆ་ཁྱབ་ལུ་ འཇིག་རྟེན་པ་ཚུ་གིས་ ཁོང་རའི་མི་སྦེ་བརྩི་ནིའི་འོས་འབབས་མིན་འདུག 39 འདི་ཚུ་ག་ར་གིས་ དད་པ་གི་ཐོག་ལས་ དཀོན་མཆོག་གིས་ཐུགས་དགྱེས་མི་སྦེ་འཐོན་ཏེ་འབད་རུང་ དཀོན་མཆོག་གིས་ཁས་བླངས་བཞེས་གནང་མི་ཚུ་ ཁོང་ག་གིས་ཡང་མ་ཐོབ་པས། 40 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ང་བཅས་ཀྱི་དོན་ལུ་ འདི་བ་ལྷག་པའི་འཆར་གཞི་གཅིག་བརྩོམས་གནང་ཡི་ འདི་གིས་ ཁོང་ལུ་ཡང་ ང་བཅས་དང་གཅིག་ཁར་ཡང་དག་པ་ མཛད་གནང་ནིའི་དོན་ལུ་ཨིན།།
1 འདི་འབདཝ་ལས་བརྟེན་ ཨ་ནི་འཛོམ་དཔང་ལེ་ཤ་ ང་བཅས་ཀྱི་གདོང་ཁར་ལུ་བཞག་ཡོདཔ་ལས་ ཚ་གྱང་འདྲཝ་མ་འདྲཝ་གི་ཁུར་ཆ་དང་ ང་བཅས་ལུ་འཇམ་ཏོང་ཏོ་སྦེ་ ཧིང་ནང་བཙུག་མིའི་སྡིག་པ་བཀོག་བཞག་སྟེ་ ང་བཅས་ཀྱི་གདོང་ཁར་ལུ་ཡོད་མི་ བང་རྒྱུག་དེ་ དཀའཝ་སྤྱད་དེ་རྒྱུག་གེ། 2 ང་བཅས་ཀྱི་དད་པ་འགོ་བཙུགས་གནང་མི་དང་ ཡང་དག་པ་མཛད་གནང་མི་ ཡེ་ཤུ་ལུ་བལྟ་དགོ་ ཁོ་གིས་ གཞི་འཛུགས་གནང་མི་ དགའ་སྤྲོ་ ཐོབ་ནིའི་དོན་ལུ་ ཁྲམ་ཤིང་གུ་ ངོ་ཚ་སི་སི་སྦེ་གཤགས་ཏེ་ སྡུག་བསྔལ་བཞེས་ནུག་ དེ་ལས་ ད་ལྟོ་ཁོ་དཀོན་མཆོག་གི་གསེར་ཁྲི་གི་གཡས་ཁ་ཐུག་བཞུགས་ཏེ་ཡོད། 3 ཁོ་གི་སྐོར་ལས་ སྡིག་ཅན་ཚུ་གིས་ བློ་ངན་པ་དེ་ཚུ་སླབ་ གནོདཔ་བཀལ་རུང་ ཐུགས་ལུ་བཟོད་པ་སྒོམ་བཞུགས་མི་ཡེ་ཤུ་ལུ་ སེམས་ཁར་དྲན་དགོ་ དེ་ལས་ཁྱེད་སེམས་ཤི་སྟེ་འབད་རུང་ ལཱ་ལེགས་ཤོམ་འབད་ནི་ལུ་ འུ་སྡུག་སྟེ་ ཐང་མི་ཆད་འོང་། 4 ད་ལྟོ་གི་ཚུན་ཚོད་ ཁྱེད་ཀྱིས་ སྡིག་པ་གི་གདོང་ལན་འབདཝ་ད་ ཤི་དགོཔ་ཚུན་ཚོད་ དཀའཝ་མ་སྤྱད། 5 དེ་མ་ཚད་ དཀོན་མཆོག་གིས་ཁྱེད་ལུ་ ཁོ་རང་གི་ཨ་ལོ་བཟུམ་སྦེ། ངེའི་བུ་ གཙོ་བོ་གི་སྒྲིགས་དེ་ ཁུངས་མེདཔ་སྦེ་མནོ་བསམ་མ་གཏང་ ཁོ་གིས་ཁྱོད་ལུ་བཅོ་ཁ་རྐྱབ་ད་ སེམས་མ་ཤི་ ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་གིས་ག་དགའ་མི་ཚུ་ལུ་ སྒྲིགས་བཙུགསཔ་ཨིནམ་མ་ཚད་ ཁོ་རའི་ཨ་ལོ་སྦེ་བརྩིས་མི་ཚུ་ལུ་ ཁོ་གིས་བཅོ་ཁ་ཡང་རྐྱབ་ཨིན་ཟེར་ གསུངས་མི་བསླབ་བྱ་དེ་ཚུ་ ཁྱེད་ཀྱིས་བརྗེད་སོང་ཡི་ག། 7 སྒྲིགས་བཙུགསཔ་ད་ བཟོད་པ་སྒོམ་སྡོད་དགོ་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁྱེད་ལུ་བུ་བཟུམ་སྦེ་རང་ བྱམས་པ་མཛདཔ་ཨིན་ ཨ་པ་གིས་ སྒྲིགས་མ་བཙུགས་མི་བུ་ཡོདཔ་འོང་ག། 8 དེ་འབདཝ་ད་ ག་ར་ལུ་སྒྲིགས་བཙུགས་དོཝ་བཟུམ་སྦེ་ ཁྱེད་ལུ་མ་བཙུགས་པ་ཅིན་ ཁྱེད་བུ་ངོ་མ་མེན་པར་ བུ་འབྲང་ཨིན། 9 ད་རུང་ང་བཅས་ག་ར་ལུ་སྒྲིགས་བཙུགས་མིའི་འཇིག་རྟེན་གྱི་ཨ་པ་ཡོད་ ང་བཅས་ཀྱིས་ཁོང་ལུ་གུས་ཞབས་འབད་ཡི་ དེ་ལས་ཡང་ལྷགཔ་སྦེ་ ང་བཅས་སེམས་ཉིད་ཀྱི་ཡབ་ཀྱི་བཀའ་ལུ་ཉན་ཏེ་ ང་བཅས་ཚེ་ངོ་མ་ཐོབ་སྟེ་ སྡོད་དགོཔ་ཨིན་མེན་ན། 10 འཇིག་རྟེན་གྱི་ཨ་པ་ཚུ་གིས་ ཡུདཔ་ཐེངས་ཅིག་གི་དོན་ལུ་ ཁོང་རང་གི་ཤེས་མི་དང་འཁྲིལ་ཏེ་ སྒྲིགས་བཙུགསཔ་ཨིན་ དེ་འབདཝ་ད་དཀོན་མཆོག་གིས་ སྒྲིགས་བཙུགས་མི་དེ་ ང་བཅས་ལུ་ཕན་ཐོགས་ནི་དང་ ཁོ་བཟུམ་སྦེ་ དམ་པ་འགྱུར་བཅུག་ནིའི་དོན་ལུ་ཨིན། 11 སྒྲིགས་བཙུགས་ནི་དེ་ ཉམས་དགའ་ཏོག་ཏོ་དང་སྤྲོ་བ་ཆེ་ཏོག་ཏོ་ཅིག་མེན་ འདི་ན་ཟུག་ཅན་ཅིག་ཨིན་ ཨིན་རུང་ཤུལ་ལས་ འདི་བཟུམ་གྱི་སྦྱོང་བརྡར་ཡོད་མི་གིས་ ཞི་བདེ་ཐོབ་སྟེ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ལཱ་ཕྲངམ་འབད་དེ་སྡོད་འོང་། 12 དེ་འབདཝ་ལས་བརྟེན་ཏེ་ ཁེ་རྒོ་མེད་པའི་ལགཔ་དང་ ཤུགས་མེད་པའི་པུས་མོ་དེ་ཚུ་ སྒྲིང་སྒྲིང་བཟོ། 13 ཁྱེད་འགྱོ་སའི་ལམ་ཕྲང་ཏང་ཏ་བཟོ་ དེ་ལས་ཞབོ་འཐེང་བཏང་འགྱོ་མིའི་ མི་ཚུ་གིས་ ཧེང་བཀལ་ ཞབོ་འགྱོ་ནི་མེན་པར་ དྲག་སྟེ་ལམ་འགྱོ་ཚུགས་འོང་།། 14 མི་ག་ར་དང་གཅིག་ཁར་ ག་དེ་དྲག་དྲག་ མཐུན་ལམ་ལེགས་ཤོམ་སྦེ་སྒྲིག་སྟེ་སྡོད་ནི་དང་ དམ་པ་སྦེ་སྡོད་ནིའི་དོན་ལུ་ རྩ་འགེངས་དགོ་ ག་ཅི་སྨོ་ཟེར་བ་ཅིན་ མི་འདི་ གཙངམ་སྦེ་མཛད་དེ་རྩ་ལས་མེད་པ་ཅིན་ ཁོ་གིས་ གཙོ་བོ་དང་མཇལ་མི་ཚུགས། 15 དཀོན་མཆོག་གི་ཐུགས་རྗེ་ཐོབ་ནི་མེདཔ་སྦེ་ འགྱོ་མ་བཅུག་ནིའི་དོན་ལུ་ ཁྱེད་ཀྱི་སྦུག་ནང་ཡོད་མི་ཚུ་ ལེགས་ཤོམ་སྦེ་བདག་འཛིན་འཐབ་དགོ་ དེ་འབདཝ་ལས་ ཁྱེད་ཀྱི་སྦུག་ནང་ཡོད་མི་ཚུ་ ཞན་སེམས་བསྐྱེད་མ་བཅུག་ནིའི་དོན་ལུ་ རིགཔ་སྒྱིམ་སྟེ་སྡོད་དགོ་ ཞན་སེམས་ཀྱིས་མ་སྒྲིགཔ་བཟོ་སྟེ་ ཁྱེད་ཀྱི་གྲལ་ཁ་ལས་ལེ་ཤ་ལུ་མེདཔ་བཏང་ནི་ཨིན། 16 ག་ར་འབད་རུང་ ཚུལ་མིན་ འཇིག་རྟེན་པ་ ཨི་སའུ་བཟུམ་སྦེ་ བུ་སྦོམ་ཤོས་འབད་རུང་ བཞེས་སྒོ་ཁམ་རྡོག་གཅིག་གི་དོན་ལུ་ ཁོ་ཧེ་མ་སྐྱེས་མིའི་ཐོབ་ཐངས་བཙོང་བཏང་མི་བཟུམ་ལུ་ མ་འགྱུར་ནིའི་དོན་ལུ་ རིགཔ་སྒྱིམ་སྟེ་སྡོད་དགོ། 17 ཤུལ་ལས་ཁོ་གིས་ཨ་པ་གི་བྱིན་རླབས་ལོག་ཐོབ་ནི་གི་རེ་བ་བསྐྱེད་དེ་འབད་རུང་ འཐུས་ཤོར་ཡི་ཟེར་ཁྱེད་ཀྱིས་ཤེས་ ཨིན་རུང་ ཁོ་གིས་མིག་ཆུ་འཛག་སྟེ་ བྱིན་རླབས་དེ་ལོག་ལེན་ནི་སྦེ་རྩ་འགེངས་རུང་ འགྱོད་སེམས་ཀྱི་ཐབས་ཤེས་ག་ནི་ཡང་མེདཔ་སོང་ནུག 18 ཁྱེད་ཆ་ཁྱབ་ འཛམ་བུ་གླིང་གི་གངས་རི་ སི་ནའི་གུ་ མེ་ལྷབས་འདྲོག་སི་སི་དང་ ས་སྨུག་ གནག་དུང་དུ་ དེ་ལས་རླུང་འཚུབ་ཀྱི་སྦོ་ལོགས་ཁར་འོང་འོངམ་མེན། 19 འདི་མ་ཚད་ དུང་སྐད་སྦོམ་དང་ དཀོན་མཆོག་གི་གསུང་སྐད་ཀྱི་སྦོ་ལོགས་ཡང་ ཁྱེད་འོང་འོངམ་མེན་ ཨ་ནི་གསུང་སྐད་གོ་མི་ཚུ་གིས་ ད་འདི་ལས་ཕར་ ཚིག་ཐེངས་གཅིག་རང་ གསུང་མ་ད་ཟེར་ཞུ་ནུག 20 ག་ཅི་སྨོ་ཟེར་བ་ཅིན་ རི་དྭགས་སེམས་ཅན་ཨིན་རུང་ གངས་རི་དེ་ལུ་འདོགས་པ་ཅིན་ འདི་རྡོ་གིས་བརྡུང་སྟེ་ བསད་གཏང་ཟེར་མིའི་བཀའ་དེ་ལུ་ ཁོང་བཟོད་མ་ཚུགསཔ་ཨིན་མས། 21 འདི་གི་མཐོང་རྒྱ་དེ་ གནམ་མེད་ས་མེད་འདྲོག་སི་སི་འབད་ནི་འདི་གིས་ མོ་སཱེས་ཀྱིས་ཡང་ ང་འདྲོགས་ཏེ་གསིག་དོ་ཟེར་སླབ་ནུག 22 དེ་འབདཝ་ད་ ཁྱེད་ཆ་ཁྱབ་གསོན་པོའི་དཀོན་མཆོག་གི་གངས་རི་ ཟི་ཨཱོན་དང་ ཞིང་ཁམས་ཀྱི་ཁྲོམ་ ཡེ་རུ་ཤ་ལེམ་ དེ་ལས་དེའི་ནང་ གྱངས་ཁ་མ་ཆོད་པའི་ཕོ་ཉ་གི་དགའ་སྤྲོའི་ཚོགས་འཛོམས་ནང་ལྷོད་ཅི། 23 ཁྱེད་ཆ་ཁྱབ་ཞིང་ཁམས་ལུ་མིང་ཐོ་བཀོད་ཚར་མི་ འགོ་དང་པ་སྐྱེས་མི་ཚུ་གི་ཚོགས་འཛོམས་ནང་ལྷོད་ཅི་ ག་ར་གི་ཁྲིམས་ཕྱེ་མིའི་དཀོན་མཆོག་གི་སྐུ་མདུན་ལུ་བཅར་ཡི་ ཁྱེད་ཡང་དག་པ་བཟོ་ཚར་མི་ ཆོས་སེམས་ཡོད་མི་ཚུ་གི་སེམས་ཉིད་ཀྱི་སྦུག་ལུ་འོང་ཡི། 24 ཞལ་འཆེས་གསརཔ་གི་བར་མི་ ཡེ་ཤུ་གི་སྐུ་མདུན་ལུ་བཅར་ཡི་ ཨ་བཱེལ་གྱི་ཁྲག་ལས་ཡང་དྲགཔ་སྦེ་ དོན་དག་སྦོམ་ཡོད་པའི་སྐུ་ཁྲག་གཏོར་བཞག་སར་ཡང་ལྷོད་ཅི། 25 འདི་གིས་འབད་ རིགཔ་སྒྱིམ་སྟེ་སྡོད་ དཀོན་མཆོག་གིས་ ཁྱེད་ལུ་ག་གསུངས་མི་དེ་ལུ་ སྣང་མེད་བརྩིས་ཏེ་མ་སྡོད་ འཇིག་རྟེན་ནང་གི་ དྲན་བསྐུལ་གནང་མི་དེ་ལུ་ སྣང་མེད་བརྩིས་མི་ཆ་ཁྱབ་ཀྱིས་ སྤར་མ་ཐར་བ་ཅིན་ འདི་ལས་ཡང་ལྷགཔ་སྦེ་ ཞིང་ཁམས་ལས་ དྲན་བསྐུལ་གནང་མི་དེ་ལུ་ ང་བཅས་ཀྱིས་སྣང་མེད་བརྩིས་བ་ཅིན་ ག་དེ་སྦེ་སྤར་ཐར་ནི་སྨོ། 26 དེའི་སྐབས་ལུ་ ཁོ་གི་གསུང་སྐད་ཀྱིས་འཇིག་རྟེན་གཡོམ་རྐྱབ་བཏང་ཡི་ དེ་འབདཝ་ད་ ད་ལྟོ་ཁོ་གིས། ད་རུང་ཚར་གཅིག་ འཇིག་རྟེན་རྐྱངམ་གཅིག་མེན་པར་ ཞིང་ཁམས་ཡང་ གཡོམ་རྐྱབ་གཏང་ནི་ཨིན་ཟེར་ ཁས་བླངས་དེ་སྦེ་བཞེས་ནུག 27 ད་རུང་ཚར་གཅིག་ཟེར་གསུངས་མི་ཚིག་འདི་གིས་ ག་ཅི་སྟོནམ་སྨོ་ཟེར་བ་ཅིན་ གཡོམ་བརྐྱབ་གཏང་ཚུགས་མི་དེ་ཚུ་ གཅིག་འབདན་ ག་ར་མཛད་ཡོད་མི་ཚུ་སྤོག་གཏང་ནི་ཨིན་མས་ དེ་འབདཝ་ད་ གཡོམ་བརྐྱབ་གཏང་མ་ཚུགས་མི་དེ་ཚུ་རྐྱངམ་གཅིག་ རྒྱབ་ལས་ལུས་འོང་། 28 འདི་གིས་འབད་ གཡོམ་བརྐྱབས་ཏེ་གཏང་མ་ཚུགས་མིའི་རྒྱལ་སྲིད་ཐོབ་ཡོདཔ་ལས་བརྟེན་ ང་བཅས་དགའ་ཚོར་བཀའ་དྲིན་ཕུལ་གེ་ དེ་ལས་ད་རུང་ ང་བཅས་ཀྱིས་ དཀོན་མཆོག་ལུ་མཇལཝ་ད་ ཡ་མཚན་ཆེ་སྟེ་ གུས་ཞབས་ཞུ་བའི་ཐོག་ལས་ ཁོ་གི་ཐུགས་དགྱེས་མི་ཞབས་ཏོག་ཞུ་གེ། 29 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་དཀོན་མཆོག་དེ་ འཚིག་གཏང་མིའི་མེ་ དེ་ཨིན།།
1 གཅིག་གིས་གཅིག་ལུ་སྤུན་ཆ་བཟུམ་སྦེ་ དུས་རྟག་བུ་རང་བྱམས་སེམས་བསྐྱེད་དེ་སྡོད། 2 མི་གསརཔ་ལུ་གདོང་ལེན་འབད་ནི་མ་བརྗེད་ ག་ཅི་སྨོ་ཟེར་བ་ཅིན་ ཨ་ནི་བཟུམ་འབདཝ་ད་ མི་ལ་ལུ་ཅིག་གིས་ མ་ཤེས་པར་ ཕོ་ཉ་ཚུ་ལུ་ཡང་གདོང་ལེན་འབད་ནུག 3 བཙོན་པ་ཚུ་ལུ་ རང་ཡང་ཁོང་དང་གཅིག་ཁར་ བཙོན་ཁང་ནང་ཚུད་དེ་ཡོད་དོཝ་བཟུམ་ སེམས་ཁར་དྲན་སྡོད་དགོ་ ལེགས་ཤོམ་མ་འབད་བར་ཡོད་མི་ཚུ་ལུ་ རང་ལུ་འབྱུང་དོཝ་བཟུམ་སྦེ་ མནོ་བསམ་གཏང་དགོ། 4 གཉེན་དེ་ མི་ག་ར་ལས་གུས་བཀུར་ཐོབ་པའི་འོས་འབབ་ཡོདཔ་སྦེ་འབད་དགོ་ དེ་ལས་གཉེན་གྱི་ཉལ་ཁྲི་དེ་ གཙངམ་སྦེ་བཞག་དགོ་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ འདོད་ཆགས་ལོང་མི་དང་ གཉེན་ལས་འགལ་བའི་ལུས་འབྲེལ་འབད་མི་ཚུ་ ཁྲིམས་དཔྱད་ནི་ཨིན། 5 ཁྱེད་ཀྱི་བྱ་བ་སྤྱོད་ལམ་དེ་ ཏི་རུ་ལུ་སེམས་ཆགས་ནི་ལས་སྤང་སྡོད་དགོ་ ཁྱེད་ནང་ག་ཡོད་མི་འདི་གིས་ ཡི་རངས་སྦེ་སྡོད་དགོ་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས། ང་གིས་ཁྱེད་ལུ་ནམ་ཡང་མི་བཀོག་ ནམ་ཡང་ཁྱེད་མི་སྤང་ཟེར་ གསུངས་ནུག 6 འདི་གིས་འབད། གཙོ་བོ་ངེ་གི་རོགས་རམ་མཛད་མི་ཨིནམ་ལས་ མི་གིས་ང་ལུ་ག་ཅི་འབད་ཚུགས་ ང་ལུ་འདྲོག་དགོཔ་ཡོད་རང་མེད་ཟེར་ ང་བཅས་ཐེ་ཚོམ་མེད་པར་སླབ་ཚུགསཔ་ཨིན། 7 ཁྱེད་ལུ་དཀོན་མཆོག་གི་གསུང་སྟོན་མིའི་ སློབ་དཔོན་ཚུ་ལུ་ སེམས་ཁར་དྲན་ཏེ་ ཁོང་གི་འབད་ཐངས་བཅའ་ཐངས་ལས་གྲུབ་མིའི་ འབྲས་བུ་འདི་ཚུ་གི་སྐོར་ལས་ མནོ་བསམ་གཏང་ཞིནམ་ད་ ཁོང་ལུ་དད་པའི་དཔེ་སྦེ་བལྟ་སྟེ་སྡོད་དགོ། 8 ཡེ་ཤུ་ཁིརཱིས་དེ་ ཁ་ཙ་དང་ད་རེས་ དུས་རྒྱུན་དུ་མ་འགྱུར་བར་བཞུགསཔ་ཨིན། 9 སློབ་སྟོན་མ་གཅིགཔ་རྣམ་རྟོག་ལང་སི་སི་གིས་ ཁྱེད་འཐེན་འབག་འགྱོ་མ་བཅུག་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ལུ་ སེམས་ཤུགས་དེ་ དཀོན་མཆོག་གི་ཐུགས་རྗེ་གིས་གནངམ་མ་གཏོགས་ བཟའ་འཐུང་ལས་རྒྱུད་དེ་མེན་ འདི་ཚུ་གི་ཁ་ལུ་ཉན་འགྱོ་མི་ཚུ་ལུ་ ཁེ་བཟང་ག་ནི་ཡང་མེད། 10 ང་བཅས་ལུ་མཆོད་ཁྲི་གཅིག་ཡོད་ འདི་ནང་ལས་ དམ་པའི་གུར་ཁང་ནང་ཞབས་ཏོག་ཞུ་མི་བླམ་ཚུ་གིས་ བཟའ་ཐག་མི་ཆོད་བས། 11 ཧེ་མ་གི་ལུགས་སྲོལ་ནང་མཁན་ཆེན་གྱིས་ སྡིག་པའི་མཆོདཔ་ཕུལ་ནི་གི་དོན་ལུ་ སེམས་ཅན་གྱི་ཁྲག་ ག་ར་ལས་དམ་པའི་ས་གནས་ནང་འབག་འོངས་ཏེ་ སྡིག་པའི་མཆོདཔ་སྦེ་ཕུལ་ཞིནམ་ད་ སེམས་ཅན་དེ་ལུ་ སྡོད་སྒར་གྱི་ཕྱི་ཁར་འབག་ མེ་གཏངམ་ཨིན་མས། 12 དཔེ་འདི་བཟུམ་སྦེ་ ཡེ་ཤུ་ཡང་ ཁོ་རའི་སྐུ་ཁྲག་གིས་མི་ལུ་དམ་པ་བཟོ་ནི་སྦེ་ ཁྲོམ་གྱི་སྒོ་ར་ཁའི་ཕྱི་ཁར་ལུ་ སྐུ་གཟུགས་ལུ་སྡུག་བསྔལ་མྱོང་སྟེ་གཤགས་ནུག 13 དེ་འབདཝ་ལས་ ང་བཅས་ཆ་ཁྱབ་ཡང་ སྡོད་སྒར་ཕྱི་ཁར་ཁོ་ལུ་མཇལ་བ་འགྱོ་སྟེ་ གཞན་གྱིས་ཁོ་སྐྱོ་དྲགས་སྦེ་བརྩི་ནིའི་སྡུག་བསྔལ་ ང་བཅས་ཀྱིས་ཡང་ ཁོ་དང་གཅིག་ཁར་མྱོང་གེ། 14 མ་གཞི་ ནཱ་འཛམ་བུ་གླིང་ནང་རྟག་བུ་སྡོད་ནི་གི་ཁྲོམ་ ང་བཅས་ལུ་མིན་འདུག་ དེ་འབདཝ་ད་ མ་འོང་པའི་ཁྲོམ་དེ་ལུ་ང་བཅས་སྒུག་སྡོདཔ་ཨིན། 15 དེ་འབདཝ་ལས་ དཀོན་མཆོག་ལུ་ ཡེ་ཤུ་ལས་རྒྱུད་དེ་ ང་བཅས་ཀྱི་མཆོདཔ་དེ་ ཨ་རྟག་རང་བསྟོད་པ་ཕུལ་གེ་ ཨ་ནི་བསྟོད་པ་དེ་ག་ཅི་སྨོ་ཟེར་བ་ཅིན་ རང་གི་ཁ་གིས་ ཡེ་ཤུ་དེ་གཙོ་བོ་ཨིན་ཟེར་འཛོམ་དཔང་འབད་དེ་ཞུ་ནི་ཨིན། 16 དེ་ལས་ལེགས་ཤོམ་འབད་ནི་དང་ རང་ལུ་ག་ཡོད་མི་ཚུ་ མི་གཞན་ལུ་བགོ་བཤའ་རྐྱབ་བྱིན་ནི་འདི་མ་བརྗེད་ འདི་བཟུམ་གྱི་མཆོད་པ་ལུ་ དཀོན་མཆོག་གིས་ཐུགས་དགྱེསཔ་ཨིན། 17 ཁྱེད་ཀྱི་སློབ་དཔོན་ཚུ་ལུ་གུས་ཞབས་ཕུལ་ཏེ་ ཁོང་གིས་སླབ་མི་ཁ་ལུ་ཉན་དགོ་ ཁོང་གི་འགན་ཁུར་དེ་ ཁྱེད་ཆ་ཁྱབ་ལུ་བདག་འཛིན་འཐབ་ནི་ཨིན་ དེ་ལས་ ཉིནམ་གཅིག་གི་ཚེ་ ཁོང་གིས་ག་འབད་མི་དེ་ རྩིས་སྤྲོད་དགོ་ཟེར་ཤེས་ དེ་འབདཝ་ལས་ ཁོང་གི་ཁ་ལུ་ཉན་ཞིནམ་ད་ ཁོང་གི་ལཱ་ལུ་ སྤྲོ་བ་བསྐྱེད་བཅུག་ དེ་སྦེ་མེན་པ་ཅིན་ ཁོང་སེམས་ཕམ་སྟེ་ དགའ་སྤྲོ་མེད་པར་འབད་འོང་ འདི་གིས་ཁྱེད་ལུ་ཕན་མི་བཏགས།། 18 ང་བཅས་ཀྱི་དོན་ལུ་སྨོན་ལམ་ཞུ་ ང་བཅས་ཀྱི་དྲན་ཤེས་གསལ་ཏོག་ཏོ་ཡོད་ཟེར་ ང་བཅས་ལུ་ཏན་ཏན་ཡོད་ དེ་ལས་བཟང་ལྷམ་ལྷམ་སྦེ་སྡོད་ནིའི་འདོད་པ་ཡང་ཡོདཔ་ཨིན། 19 ཁག་ཆེ་ཤོས་རང་ ང་མགྱོགས་པར་ཁྱེད་སྡོད་སར་ལོག་འོང་བཅུག་ཟེར་ ངེ་གི་དོན་ལུ་སྨོན་ལམ་བཏབ་གནང་ཟེར་ ཁྱེད་ཆ་ཁྱབ་ལུ་ཞུཝ་ཨིན། 20 ལུག་ཛིཔ་ངོ་མ་ཡེ་ཤུ་ཁིརཱིས་ལུ་ གཤགས་ས་ལས་སྐུ་གསོན་པོ་བཞེང་གནང་མི་ ཞི་བདེ་གི་དཀོན་མཆོག་གིས་ དུས་རྒྱུན་གྱི་ཞལ་འཆེས་ཀྱི་སྐུ་ཁྲག་ལས་རྒྱུད་དེ་ ཁོ་གི་ཐུགས་དགོངས་ག་ར་ གྲུབ་ནི་གི་དོན་ལུ་ ཁྱེད་ཆ་ཁྱབ་ ལཱ་ལེགས་ཤོམ་མ་འདྲཝ་འབད་ནི་གི་དོན་ལུ་ ཁག་ཆེཝ་དེ་ཚུ་གྲ་སྒྲིག་མཛད་གནང་བཅུག་ དེ་ལས་ཁོ་གིས་ཐུགས་དགྱེས་པའི་ཕྱག་ལཱ་དེ་ ཡེ་ཤུ་ཁིརཱིས་ལས་རྒྱུད་དེ་ ང་བཅས་ཀྱི་མི་ཚེ་ནང་ མཛད་གནང་བཅུག་ ད་ དུས་རྒྱུན་དུ་རང་ བསྟོད་པ་དེ་ ཡེ་ཤུ་ཁིརཱིས་ ཁོ་རང་གི་ཨིན་ནོ་ ཨ་མཱེན། 22 སྤུན་ཆ་ཚུ་ ང་གིས་ཁྱེད་ཆ་ཁྱབ་ལུ་ དེ་ཚུ་ག་ར་ཐུང་ཀུ་སྦེ་བྲིས་ཡི་ དེ་འབདཝ་ལས་ ངེ་གི་བསླབ་བྱ་ལུ་ གསན་གནང་ཟེར་ཞུ་དོ། 23 ང་བཅས་ཀྱི་སྤུན་ཆ་ ཏི་མོ་ཐི་བཙོན་ནང་ལས་ཐར་ཡི་ཟེར་ འདི་ཡང་ཁྱེད་ཆ་ཁྱབ་ལུ་ ཤེས་བཅུག་ནིའི་འདོད་པ་ ང་ལུ་ཡོད་ ཁོ་མགྱོགས་པར་འོང་པ་ཅིན་ ཁོ་ཡང་འཁྱིད་དེ་ ང་བཅས་གཉིས་ཁྱེད་ འཕྱད་པ་འཐོན་འོང་། 24 ཁྱེད་ཀྱི་སློབ་དཔོན་དང་དདཔ་ཅན་ཚུ་ལུ་ ང་ལས་སྐུ་གཟུགས་བཟང་པོ་ཡོད་ཟེར་སླབ་གནང་ རྒྱལ་ཁབ་ ཨི་ཏྲ་ལི་གི་མི་ཚུ་གིས་ ཁྱེད་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་བཏང་དེས། 25 ཁྱེད་ག་ར་ལུ་དཀོན་མཆོག་གིས་ཐུགས་རྗེ་གནང་བཅུག། །།
1 ཨ་ནི་ཡི་གུ་འདི་ དཀོན་མཆོག་དང་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཕྱག་ཞུ་མི་ ང་ ཡ་ཀོབ་ཀྱིས་ ཁྱེད་མི་རིགས་བཅུ་གཉིསཔ་ འཛམ་བུ་གླིང་གི་ས་ཆ་ག་ར་ནང་ ཁ་གཏོར་སྡོད་མི་ ཡ་ཧུ་ད་པའི་དདཔ་ཅན་ཚུ་ལུ་ སྐུ་གཟུགས་བཟང་པོ་ཟེར་ཞུ་སྟེ་འབྲི་དོ།། 2 ངེའི་སྤུན་ཆ་ཚུ་ ཁྱེད་ལུ་སྡུག་བསྔལ་མ་འདྲཝ་དེ་ཚུ་ལེ་ཤ་འབྱུངམ་ད་ འདི་ངེ་གི་དོན་ལུ་ག་ཅི་དེས་ཅིག་དགའ་ཚོར་འགྱུར་བའི་གོ་སྐབས་སྦོམ་ཅིག་ཨིན་ཟེར་མནོ་བསམ་གཏང་དགོ། 3 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་རང་གི་དད་པ་ བརྟག་དཔྱད་འབད་མི་འདི་ བཟོད་སེམས་ཡར་རྒྱས་འགྱོ་བའི་གོ་སྐབས་ཨིན་ཟེར་ཁྱེད་ཀྱིས་ཤེས། 4 དེ་ལས་ཁྱེད་ཀྱི་མི་ཚེ་ནང་བྱ་བ་སྤྱོད་ལམ་ཚུ་ སྐྱོན་ག་ནི་ཡང་མེདཔ་སྦེ་ ག་ར་ཚངམ་སྦེ་ ན་འཐན་ཏོག་ཏོ་འགྱོ་ནི་གི་དོན་ལུ་ དཀའ་ངལ་ག་ཅི་རང་འོང་རུང་ དེ་ལུ་བཟོད་སེམས་བསྐྱེད་དེ་ འདི་གི་འབྲས་བུ་འདི་ རང་གི་མི་ཚེ་ནང་འོང་བཅུག 5 ཁྱེད་ཀྱི་གྲལ་ཁར་ལུ་ རིག་པ་དཀོན་མི་ཡོད་པ་ཅིན་ མི་ག་ར་ལུ་ཕྱག་ཡང་དྲགས་སྦེ་ གནང་མི་དཀོན་མཆོག་ལས་ཞུ་ དེ་ལས་ ཁྱེད་ཀྱིས་ཞུ་མི་དེ་ དཀོན་མཆོག་གིས་བཀའ་བཀྱོན་མ་གནང་པར་ ཤེས་རབ་གནང་འོང་། 6 དེ་འབདཝ་ད་ ཁྱེད་ཀྱིས་ཤེས་རབ་ཞུཝ་ད་ ཐེ་ཚོམ་རྩ་ལས་རང་མ་བསྐྱེད་པར་ དད་པ་བསྐྱེད་དེ་ཞུ་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཐེ་ཚོམ་བསྐྱེད་མིའི་མི་དེ་ རྒྱ་མཚོའི་རྦ་རླབས་རླུང་གིས་ཕར་སྒྲིལ་ཚུར་སྒྲིལ་འབག་འགྱོ་མི་དང་འདྲ། 7 ཨ་ནི་བཟུམ་ཐེ་ཚོམ་བསྐྱེད་མི་དེ་གིས་ གཙོ་བོ་ལས་ཤེས་རབ་ཞུ་རུང་ ཁོ་ལུ་གནང་འོང་ཟེར་མནོ་བསམ་མ་གཏང་། 8 ག་ཅི་སྨོ་ཟེར་བ་ཅིན་ མནོ་བསམ་གཉིས་སྦེ་བཏང་མིའི་མི་དེ་ ཁོ་གིས་ལཱ་ག་ཅི་རང་འབད་རུང་ བརྟན་ཏོག་ཏོ་སྦེ་འབད་མི་ཚུགས། 9 དདཔ་ཅན་སྤུན་ཆ་ མཉམ་ཆུང་ སྤྱང་ཀ་ཚུ་ སེམས་དགའ་སྟེ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁྱེད་ལུ་མཐོ་བའི་གོ་ས་སྐྱེལ་གནང་ནུག 10 དདཔ་ཅན་ཕྱུགཔ་ཚུ་ དཀོན་མཆོག་ཁྱེད་ལུ་མཉམ་ཆུང་སྦེ་མཛད་གནང་མི་དེ་ལུ་ སེམས་དགའ་སྟེ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ནགས་ཚལ་ནང་གི་མེ་ཏོག་བཟུམ་སྦེ་ཡལ་འགྱོ་ནི་ཨིན། 11 ཉིམ་ཚ་ཐང་ཐང་སྦེ་ཤརཝ་ད་ རླུང་མ་ཚ་ཏོམ་འཕུ་འོངས་ཏེ་ རྩྭ་ཚུ་སྐམ་བཏང་པའི་ཁར་ མེ་ཏོག་ཡང་ས་ལུ་བུད་ མེ་ཏོག་གི་བཟོ་རྣམ་ག་ར་མེདཔ་གཏང་དོཝ་བཟུམ་སྦེ་ མི་ཕྱུགཔ་འདི་ཡང་ ཁོ་རང་གི་ལཱ་ནང་སེམས་ཤུགས་ཐལ་ཏེ་སྡོདཔ་ད་ མེ་ཏོག་མེདཔ་ཐལ་འགྱོ་དོཝ་བཟུམ་སྦེ་ ཁོ་གི་མི་ཚེ་འདི་ཡང་མེདཔ་ཐལ་ནི་ཨིན། 12 ཁྱེད་ལུ་སྡུག་བསྔལ་མ་འདྲཝ་དེ་ཚུ་ལེ་ཤ་འབྱུངམ་ད་ བཟོད་པ་བསྒོམས་ཏེ་ སྒྲིང་སྒྲིང་སྦེ་སྡོད་མི་དེ་ བྱིན་རླབས་ཅན་ཅིག་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་སྡུག་བསྔལ་ནང་ལས་རྒྱལ་ཁ་ཐོབ་པའི་བསྒང་ལས་ དཀོན་མཆོག་གིས་ཁས་བླངས་བཞེས་ཡོད་མིའི་ཚེ་གི་གཙུག་རྒྱན་དེ་ མི་ག་འབད་རུང་ ཁོང་རང་གི་དོན་ལུ་ དཀོན་མཆོག་འདི་རྩ་ཆེ་ཏོག་ཏོ་ཨིན་ཟེར་ བརྩིས་མི་ཚུ་གིས་ཐོབ་འོང་། 13 ག་ར་འབད་རུང་ བར་ཆད་ནང་ཚུདཔ་ད་ དཀོན་མཆོག་གིས་ང་ལུ་བར་ཆད་ནང་བཙུགས་ཅི་ཟེར་མ་སླབ་ ག་ཅི་སྨོ་ཟེར་བ་ཅིན་ ལཱ་ངན་པ་གིས་ དཀོན་མཆོག་ལུ་རྩ་ལས་གླགས་ཁེལ་མི་ཚུགས་ ད་རུང་ཁོ་གིས་མི་ག་ལུ་ཡང་བར་ཆད་ནང་མི་བཙུགས། 14 དེ་འབདཝ་ད་མི་ག་ར་ ཁོ་རའི་སེམས་ཀྱི་འདོད་པ་ངན་པ་འདི་གིས་ འཐེན་ཏེ་ བར་ཆད་ནང་བཙུགསཔ་ཨིན། 15 དེ་ལས་འདོད་པ་དེ་ སེམས་ནང་ལུ་ཆགས་པའི་བསྒང་ལས་ སྡིག་པ་སྐྱེསཝ་ཨིན་ སྡིག་པ་དེ་ཡར་སྦོམ་འགྱོ་བའི་བསྒང་ལས་ འཆི་བ་འབྱུངམ་ཨིན། 16 བྱམས་པའི་སྤུན་ཆ་ཚུ་ ཁྱེད་མགུ་བསྐོར་ནང་མ་ཚུད་པར་སྡོད། 17 ང་བཅས་ཀྱིས་བྱིན་རླབས་ལེགས་ཤོམ་དང་ གསོལ་རས་བཟང་པོ་དེ་ཚུ་ འོད་ཟེར་མཛད་གནང་མི་ཡབ་ལས་ཐོབ་ཨིན་ ཁོ་ནང་གྱིབ་མ་རྩ་ལས་མེད་ དེ་མ་ཚད་ ཁོ་ནམ་ཡང་མི་འགྱུར། 18 ག་ར་ནང་ལས་ལོ་ཐོག་དངམ་འདི་བཙགས་དོཝ་བཟུམ་སྦེ་ ཁོ་རའི་བདེན་པའི་བཀའ་ ང་བཅས་ལུ་གནང་མིའི་རྒྱུད་ལས་སྦེ་ དཀོན་མཆོག་ཁོ་རང་གིས་མཛད་གནང་མི་ག་ར་ལས་ ང་བཅས་ལུ་ཡང་བཙག་འཐུ་མཛད་གནང་སྟེ་ ང་བཅས་ལུ་མི་ཚེ་གསརཔ་གནང་ནུག་ འདི་ག་ར་ཁོ་གི་ཐུགས་དགོངས་བཞིན་དུ་ཨིན་མས།། 19 ངེ་གི་བྱམས་པའི་སྤུན་ཆ་ཚུ་ ཁྱེད་ཀྱི་སེམས་ཁར་ ག་མནོ་མི་དེ་མགྱོགས་པར་ཁ་ཐོན་ཏེ་ མ་སླབ་པར་ ཚུར་སླབ་མི་ལུ་ ན་འཐན་སྦེ་རྣ་བ་ཉན་དགོ་ དེ་ལས་ཙིགཔ་ཟ་ནི་ནང་ལྷོད་དགོ་ཟེར་ཤེས་དགོ། 20 ག་ཅི་སྨོ་ཟེར་བ་ཅིན་ མིའི་རང་བཞིན་ནང་ཡོད་མི་ཁོང་ཁྲོ་ལང་ནི་དེ་གིས་ དཀོན་མཆོག་གི་གཟིགས་སར་ ཁོ་རའི་ཐུགས་དང་ལྡན་པའི་ལཱ་ཕྲངམ་འདི་འབད་མི་ཚུགས། 21 དེ་འབདཝ་ལས་བརྟེན་ཏེ་ ཁྱེད་ཀྱི་མི་ཚེ་ནང་ལས་ ལཱ་ཁམས་ལོག་སི་སི་དང་ ངན་པ་མ་གཅིགཔ་ག་ར་བཏོན་བཀོག་ དེ་ལས་སེམས་མཉམ་ཆུང་བཟོ་སྟེ་ དཀོན་མཆོག་གིས་ཁྱེད་ལུ་གསུངས་མིའི་བཀའ་དེ་ལུ་ཉན་ འདི་གིས་ཁྱེད་ལུ་སྐྱབས་མཛད་ཚུགས། 22 དེ་ལས་དཀོན་མཆོག་གི་བཀའ་ལུ་ཉན་ནི་རྐྱངམ་གཅིག་མེན་པར་ འདི་ལག་ལེན་འཐབ་སྟེ་སྡོད་དགོ་ ཉན་ནི་རྐྱངམ་གཅིག་ཨིན་པ་ཅིན་ རང་གིས་རང་ལུ་མགུ་བསྐོར་རྐྱབ་ཨིན། 23 ག་ཅི་སྨོ་ཟེར་བ་ཅིན་ མི་ག་ར་འབད་རུང་ དཀོན་མཆོག་གི་བཀའ་ལུ་ཉན་ཏེ་འབད་རུང་ དེ་དང་བསྟུན་ཏེ་མ་འབད་མིའི་མི་དེ་ ཁོ་རང་གི་གདོང་འདི་མེ་ལོང་ནང་བལྟ་དོཝ་བཟུམ་ཅིག་ཨིན། 24 ཁོ་གིས་མེ་ལོང་བལྟ་ཚར་བའི་དུས་ཡུན་ཨ་ཙི་ཅིག་གི་ཤུལ་ལས་ ཧེ་མ་ཁོ་རང་ག་ཨིནམ་སྦེ་མཐོང་མི་འདི་ དེ་འཕྲོ་ལས་བརྗེད་འོང་། 25 དེ་འབདཝ་ད་ མི་ག་ར་འབད་རུང་ རང་དབང་གནང་མིའི་བཀའ་ཁྲིམས་བདེན་པ་དེ་ལུ་ འཕྲོ་མཐུད་དེ་རང་ ན་འཐན་ཏོག་ཏོ་སྦེ་འབད་དེ་བལྟ་བ་ཅིན་ བཀའ་ལྷབ་ད་དེ་འཕྲོ་ལས་བརྗེད་མི་མེན་པར་ དེ་ལག་ལེན་འཐབ་སྟེ་འབད་བ་ཅིན་ ཨ་ནི་མི་དེ་བྱིན་རླབས་ཅན་ཨིན། 26 མི་ག་ར་འབད་རུང་རང་ ཆོས་སེམས་ཆེ་ཏོག་ཏོ་ཅིག་ཨིན་ཟེར་མནོ་སྟེ་འབད་རུང་ རང་གི་ཁ་ལས་ངན་པ་སླབ་ནི་ལུ་བཀག་མ་ཚུགས་པ་ཅིན་ ཁོ་རང་གིས་ཁོ་རང་ལུ་མགུ་བསྐོར་རྐྱབ་མ་ཚད་ ཁོ་གིས་འབད་མི་ཆོས་འདི་ དོན་དག་མེདཔ་ཨིན། 27 མི་ག་ར་འབད་རུང་ ཨ་ལོ་དྭཝ་བུ་ཚུ་དང་ཡུགས་ས་མོ་ཚུ་ སྡུག་བསྔལ་མྱོང་བའི་སྐབས་ལུ་ ལེགས་ཤོམ་སྦེ་བདག་འཛིན་འཐབ་སྟེ་བལྟ་ནི་དང་ འཇིག་རྟེན་གྱི་ལུགས་སྲོལ་སླ་མ་བསྲེས་བར་སྡོད་མི་ཚུ་ ཡབ་དཀོན་མཆོག་གི་གཟིགས་སར་ ཡང་དག་པའི་ཆོས་འབདཝ་ཨིན།།
1 ངེ་གི་སྤུན་ཆ་ཚུ་ ང་བཅས་ཀྱི་གཟི་བརྗིད་ཅན་ གཙོ་བོ་ཡེ་ཤུ་ཁིརཱིས་ལུ་ ཁྱེད་ཀྱིས་དད་པ་བསྐྱེདཔ་ལས་བརྟེན་ཏེ་ མི་གཞན་ལུ་ཉེ་རིང་ཕྱེ་ནི་མི་འོང་། 2 དཔེ་གཅིག་འབད་བ་ཅིན་ ལག་པར་གསེར་གྱི་མཛུབ་དཀྱི་བཙུགས་ བགོ་ལ་ལེགས་ཤོམ་གྱོན་མི་ཅིག་དང་ མི་སྤྱང་ཀ་བགོ་ལ་ཧྲལ་སོང་མི་ ཁམས་ལོག་སི་སི་གྱོན་མི་ཅིག་ ཁྱེད་ཀྱི་ཞལ་འཛོམས་ནང་འོང་པ་ཅིན། 3 དེ་ལས་ཁྱེད་ཀྱིས་མི་བགོ་ལ་ལེགས་ཤོམ་གྱོན་འོང་མི་དེ་ལུ་ ཁྱོད་ཡར་གྱལ་འགོ་ལུ་བཞུགས་ དེ་ལས་མི་སྤྱང་ཀ་དེ་ལུ་ ཁྱོད་མར་གྱལ་མཇུག་ལུ་སྡོད་ཟེར་སླབ་པ་ཅིན། 4 ཁྱེད་ཀྱིས་ཁོང་གཉིས་ལུ་དབྱེ་བ་ཕྱེཝ་མ་ཚད་ མནོ་བསམ་ངན་པ་གཏང་མི་ དྲང་དཔོན་བཟུམ་ལུ་འགྱུརཝ་ཨིན་མས་མེན་ན། 5 བྱམས་པའི་སྤུན་ཆ་ཚུ་ ང་ལུ་ཉན་ཤིག་ དཀོན་མཆོག་གིས་ འཛམ་བུ་གླིང་ནང་གི་མི་སྤྱང་ཀ་ཚུ་ དད་པའི་ནང་ཕྱུགཔ་འགྱོ་བའི་དོན་ལུ་ དཀོན་མཆོག་ལུ་དགའ་མི་ཚུ་དང་གཅིག་ཁར་ ཞལ་གྱི་བཞེས་མིའི་ རྒྱལ་སྲིད་ཀྱི་བགོ་བཤའ་གནང་ནི་སྦེ་ ཁོང་ལུ་བཙག་འཐུ་མཛད་གནང་ནུག་མེན་ན། 6 དེ་འབདཝ་ད་ ཁྱེད་ཀྱིས་མི་སྤྱང་ཀ་ལུ་ ག་ནི་ཡང་མེནམ་བཟུམ་སྦེ་བརྩིས་ཏེ་ བློ་བཙོངམ་ཨིན་མས་ ཁྱེད་ལུ་དབང་བརྩོང་འབད་འདྲུད་དེ་ ཁྲིམས་ཁང་ནང་འཁྱིད་སྐྱེལ་མི་དེ་ མི་ཕྱུགཔ་ཚུ་ཨིན་མེན་ན། 7 ཁྱེད་ཀྱི་ངོ་ཤེས་མི་མཚན་ལེགས་ཤོམ་དེ་ལུ་ བློ་བཙོང་མི་དེ་ མི་ཕྱུགཔ་ཚུ་ཨིན་མེན་ན། 8 གསུང་རབ་ནང་ལས་གསུངས་དོཝ་བཟུམ་སྦེ་ ཁྱེད་ཀྱིས་རང་ལུ་བྱམས་པ་འབད་དོཝ་བཟུམ་སྦེ་ ཁྱེད་རང་གི་ཁྱིམ་ཚང་ལུ་ཡང་བྱམས་པ་འབད་ཟེར་གསུངས་མིའི་བཀའ་ལུ་ ཐད་རི་བ་རི་ཉན་པ་ཅིན་ དཀོན་མཆོག་གི་ཁྲིམས་ཁག་ཆེ་ཤོས་འདི་སྒྲུབས་མ་ཚད་ ཁྱོད་ཀྱིས་འབད་མི་འདི་ཀྲིག་ཀྲི་ཨིན། 9 དེ་འབདཝ་ད་ ཁྱེད་ཀྱིས་ཆགས་སྡང་ཕྱོགས་རིས་ཕྱེ་བ་ཅིན་ ཁྱེད་ཀྱིས་སྡིག་པའི་ལཱ་འབདཝ་ཨིནམ་མ་ཚད་ ཁྱེད་ཀྱིས་བཀའ་ཁྲིམས་ལས་འགལ་ཏེ་འབདཝ་ཨིན། 10 ག་ར་འབད་རུང་ བཀའ་ཁྲིམས་ག་ར་སྲུང་སྟེ་སྡོད་རུང་ བཀའ་ཁྲིམས་གཅིག་མ་བསྲུང་པ་ཅིན་ ཁོ་ལུ་བཀའ་ཁྲིམས་ག་ར་ མ་བསྲུང་པའི་ཉེས་པ་ཕོགཔ་ཨིན། 11 དཀོན་མཆོག་གིས་གཉེན་ལས་འགལ་བའི་ལུས་འབྲེལ་མ་འབད་ཟེར་གསུངམ་མ་ཚད་ མི་ཡང་མ་བསད་ཟེར་གསུངས་ནུག་ དེ་འབདཝ་ད་ ཁྱོད་ཀྱིས་གཉེན་ལས་འགལ་བའི་ལུས་འབྲེལ་མ་འབད་རུང་ མི་བསད་པ་ཅིན་ ཁྱོད་ལུ་བཀའ་ཁྲིམས་ག་ར་ལས་འགལ་བའི་ཉེས་ཁྲིམས་ཕོག 12 འདི་འབདཝ་ལས་བརྟེན་ཏེ་ གཞན་ལུ་ཁ་སླབ་ཐངས་དང་འབད་ཐངས་ནང་ ཁྱེད་ལུ་རང་དབང་གནང་མིའི་བཀའ་ཁྲིམས་ཀྱིས་ ཁྲིམས་ཕྱེ་འོང་ཟེར་ སེམས་ཁར་དྲན་ཏེ་འབད་དགོ། 13 ག་ཅི་སྨོ་ཟེར་བ་ཅིན་ གཞན་ལུ་སྙིང་རྗེ་མ་བསྐྱེད་མི་ཚུ་ལུ་ སྙིང་རྗེ་མེད་པའི་ཁྲིམས་ཕྱེ་འོང་ དེ་འབདཝ་ད་ གཞན་ལུ་སྙིང་རྗེ་བསྐྱེད་མི་དེ་ལུ་ དཀོན་མཆོག་གིས་སྙིང་རྗེ་གནང་འོང་།། 14 ངེའི་སྤུན་ཆ་ཚུ་ མི་ལ་ལུ་གིས་རང་ལུ་དད་པ་ཡོད་ཟེར་སླབ་སྟེ་ འདི་དང་བསྟུན་པའི་ལཱ་མ་འབད་བ་ཅིན་ དོན་དག་ག་ཅི་ཡོདཔ་སྨོ་ ཨ་ནི་བཟུམ་གྱི་དད་པ་གིས་ཁོ་ལུ་སྐྱབས་འབད་ཚུགས་ག། 15 དཔེ་གཅིག་འབད་བ་ཅིན་ དདཔ་ཅན་སྤུན་ཆ་ཚུ་ལུ་ བགོ་ལ་གྱོན་ནི་མེད་ དེ་ལས་ཉིནམ་རེ་འཆར་ རང་གི་བཞེས་སྒོ་ཡང་ ཟ་ནི་མ་ལང་པར་སྡོད་པ་ཅིན། 16 ཁྱེད་ཀྱི་གྲལ་ལས་གཅིག་གིས་ཁོང་ལུ་ ཁྱོད་དགའ་ཏོག་ཏོ་སྦེ་སོང་ བགོ་ལ་ཚ་ཏོག་ཏོ་གྱོན་ཏེ་བཞེས་སྒོ་ཕོཝ་འགྲངམ་སྦེ་ཟ་ཟེར་སླབ་སྦེ་ ཁོ་གི་གཟུགས་ལུ་ཁག་ཆེཝ་དེ་ཚུ་ ཁྱོད་ཀྱིས་བྱིན་མ་གཏང་པ་ཅིན་ ཁྱོད་ཀྱིས་ཁོ་ལུ་ཁ་ཧན་ཏོང་ཏོ་སྦེ་སླབ་སྟེ་ ག་ཅི་ཕན་པ་ཡོདཔ་སྨོ། 17 འདི་བཟུམ་སྦེ་རང་ དད་པ་ཡོད་ཟེར་སླབ་སྟེ་ ལཱ་ལེགས་ཤོམ་མ་འབད་བ་ཅིན་ དད་པ་འདི་ཤི་སོང་མི་རོ་དང་འདྲ། 18 དེ་འབདཝ་ད་མི་གཅིག་གིས་ ཁྱོད་ལུ་དད་པ་འདུག་ ང་ལུ་ལཱ་ལེགས་ཤོམ་འབད་ནི་ལུ་ཆ་བཞགཔ་ཨིན་ ཟེར་སླབ་པ་ཅིན་ ལཱ་ལེགས་ཤོམ་མ་འབད་བར་ ག་དེ་སྦེ་དད་པ་ཡོད་ཟེར་སླབ་ནི་ དེ་འབདཝ་ད་ ངེ་གི་དད་པ་དེ་ ང་གིས་ལཱ་ལེགས་ཤོམ་འབད་བའི་ཐོག་ལས་ ཁྱོད་ལུ་བཏོན་གེ་ཟེར་སླབ་འོང་། 19 དཀོན་མཆོག་གཅིག་ལས་བརྒལ་མེད་ཟེར་ ཁྱེད་ཀྱིས་ཆ་བཞགཔ་ཨིན་མས་ ད་འདི་ལེགས་ཤོམ་ཨིན་ཟེར་མནོཝ་ཨིན་ན་ འདྲེ་གདོན་དེ་ཚུ་གིས་ཡང་ དཀོན་མཆོག་གཅིག་ལས་བརྒལ་མེད་ཟེར་ བདེན་འཛིན་རེ་སྟེ་ གཟུགས་འདར་ཏེ་གསིགཔ་ཨིན། 20 ཨ་ཁའི་རྩ་རྒས་ དད་པ་བསྐྱེད་རུང་ལཱ་ལེགས་ཤོམ་མ་འབད་བ་ཅིན་ དད་པ་འདི་ཕན་ཐོགས་མེད་ཟེར་ ཁྱེད་ཀྱིས་མི་ཤེས་ག། 21 ང་བཅས་ཀྱི་ཕ་བརྒྱུད་ ཨབ་ར་ཧམ་གྱིས་ རང་གི་བུ་ ཨི་སག་དམར་མཆོད་ཕུལ་ནི་སྦེ་ མཆོད་ཁྲི་གུ་བསྐྱེལཝ་ད་ དཀོན་མཆོག་ལུ་ཉནམ་ལས་བརྟེན་ཏེ་ ཁོ་ལུ་དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མ་མཛད་ག། 22 ཁོ་གི་དད་པ་དང་ ཁོ་གིས་འབད་མི་འདི་ གཅིག་ཁར་མཐུན་ཏེ་འགྱོ་མི་འདི་ ཁྱེད་ཀྱིས་ཤེས་ ཁོ་གིས་འབད་མི་ལས་བརྟེན་ཏེ་ ཁོ་གི་དད་པ་དེ་ ཕུན་སུམ་ཚོགས་ཏེ་སོང་ནུག 23 ཨབ་ར་ཧམ་གྱིས་དཀོན་མཆོག་ལུ་ དད་པ་བསྐྱེདཔ་ལས་བརྟེན་ཏེ་ ཁོ་ལུ་དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་ནུག་ཟེར་ དམ་པའི་གསུང་རབ་ནང་ལུ་གསུངས་ཡོད་མི་དེ་ ག་ར་དོན་དག་གྲུབ་ཨིནམ་མ་ཚད་ དཀོན་མཆོག་གིས་ ཁོ་རང་གི་ཆ་རོགས་ཨིན་ཟེར་གསུངས་ཏེ་ཡོད། 24 དེ་ལས་དཀོན་མཆོག་གིས་ ཁོ་རའི་ཐུགས་དང་ལྡན་པའི་ ཕྲངམ་སྦེ་མཛད་གནང་ནི་འདི་ དད་པ་གིས་རྐྱངམ་གཅིག་མེན་ དེ་འབདཝ་ད་ ལཱ་ལེགས་ཤོམ་འབད་དེ་ཨིནམ་ ཁྱེད་ཀྱིས་མཐོང་སར་ཨིན། 25 འདི་བཟུམ་སྦེ་རང་ གཞང་བཙོངམ་ རེ་ཧབ་ཀྱིས་ ཡ་ཧུ་ད་པ་བྱ་བལྟ་བ་འོངས་མི་ཚུ་ལུ་ གནསཔོ་བརྙའ་བྱིནམ་མ་ཚད་ ཁོང་ལོག་འགྱོཝ་ད་ཡང་ ལམ་གཞན་ཁར་ལས་སྦེ་བཏོན་བཏང་སྟེ་ མོ་གིས་ག་འབད་མི་དེ་གིས་ མོ་ལུ་དཀོན་མཆོག་གི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་ནུག་ཟེར་ཁྱེད་ཀྱིས་ཤེས། 26 སྲོག་མེད་པའི་གཟུགས་འདི་རོ་ཨིན་ འདི་བཟུམ་སྦེ་རང་ ལཱ་ལེགས་ཤོམ་མ་འབད་བའི་དད་པ་དེ་ དོན་དག་མེདཔ་ཨིན།།
1 ངེའི་སྤུན་ཆ་ཚུ་ ཁྱེད་ཀྱི་གྲལ་ལས་ལེ་ཤ་རང་ ཆོས་ཚོགས་ཀྱི་སློབ་དཔོན་འབད་ནི་གི་མནོ་བསམ་གཏང་ནི་མི་འོང་ ང་བཅས་སློབ་དཔོན་ཚུ་ལུ་ མི་གཞན་ལས་ལྷགཔ་སྦེ་ ཁྲིམས་ཕྱེ་འོང་ཟེར་ཤེས་དགོ། 2 ང་བཅས་ག་ར་གིས་འཛོལ་བ་ལེ་ཤ་འབདཝ་ཨིན་ དེ་འབདཝ་ད་ མི་གཅིག་གིས་ཁ་སླབ་ད་ འཛོལ་བ་མ་འབད་བ་ཅིན་ མི་དེ་ཀྲིག་ཀྲི་ཡོདཔ་མ་ཚད་ རང་གི་གཟུགས་ག་ར་བཏུལ་ཚུགསཔ་ཨིན། 3 ང་བཅས་ཀྱིས་རྟ་དེ་ཚུ་བཏུལ་ནི་གི་དོན་ལུ་ ཁོང་གི་ཁ་གུ་ལུ་སྲབ་ཐག་བཙུགས་པ་ཅིན་ ཁོང་ལུ་ག་སྟེ་ཁྱིད་དགོ་མནོ་རུང་ ཁྱིད་འགྱོ་ཚུགས། 4 ད་རུང་དཔེ་གྲུ་གཅིག་ལུ་བལྟ་བ་ཅིན་ གྲུ་དེ་ཚུ་སྦོམ་ཡོདཔ་མ་ཚད་ རླུང་ཤུགས་ཀྱིས་འཕུལ་ཏེ་འགྱོ་རུང་ གྲུ་དཔོན་དེ་གིས་འདོད་པ་ལྟར་དུ་ གྲུ་འདི་ག་སྟེ་ཁ་ཐུག་གཏང་དགོ་མནོ་ས་ གཟན་སྐྱ་ཆུང་ཀུ་ཅིག་གིས་གཏང་འགྱོ་ཚུགས། 5 འདི་བཟུམ་སྦེ་རང་ ལྕེ་འདི་ཡང་གཟུགས་ཀྱི་ཡན་ལག་ག་ར་ནང་ལས་ ཆུང་ཀུ་གཅིག་ཨིན་ཏེ་འབད་རུང་ འདི་གིས་བློ་སྦོམ་སྦེ་སླབ་སྟེ་ ཧམ་བཤད་རྐྱབ་ཨིན། ནཱ་བལྟ་ཞིག་ མེ་ལྷབ་ཆུང་ཀུ་ཅིག་ཨིན་ཏེ་འབད་རུང་ དེ་གིས་ནགས་ཚལ་སྦོམ་འཚིག་གཏངམ་ཨིན། 6 ལྕེ་འདི་ ཐད་རི་བ་རི་ མེ་བཟུམ་སྦེ་རང་ཨིན་ གཟུགས་ཀྱི་ཡན་ལག་གི་གྲལ་ལས་ ལྕེ་འདི་ གདུག་དྲགས་ངན་པ་འབད་བཅུག་མི་ཅིག་ཨིན་ ལྕེ་འདི་གིས་ གཟུགས་ག་ར་མ་གཙངམ་བཟོཝ་ཨིན་ དམྱལ་བ་ལས་འོང་མིའི་མེ་དེ་གིས་ རང་གི་མི་ཚེ་ག་ར་མེདཔ་གཏངམ་ཨིན། 7 ད་རུང་དཔེ་གཞན་ལུ་བལྟ་བ་ཅིན་ སེམས་ཅན་ལྷམ་པ་མ་འདྲཝ་དང་ ནམ་མཁའི་བྱ་དེ་ཚུ་དང་ ཕོ་བཤུད་བརྐྱབ་འགྱོ་མི་སེམས་ཅན་དང་ རྒྱ་མཚོའི་ནང་གི་སེམས་ཅན་རིགས་སྣ་ཚོགས་དེ་ཚུ་ག་ར་ མི་གིས་བཏུལ་ཏེ་ཡོད། 8 དེ་འབདཝ་ད་ མི་གི་གྲལ་ལས་གཅིག་གིས་ཡང་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ལྕེ་དེ་ལུ་བཏུལ་མ་ཚུགས་པས་ ལྕེ་དེ་གིས་ ནམ་ཡང་ཁ་མ་སླབ་པར་ སྡོད་མ་ཚུགས་མིའི་ངན་པ་དང་ དུག་གདུག་དྲགས་ཀྱིས་གང་སྟེ་ སྡོད་མི་ཅིག་ཨིན། 9 ང་བཅས་ཀྱི་གཙོ་བོ་ ཡབ་དཀོན་མཆོག་ལུ་བསྟོད་པ་ཡང་ ང་བཅས་ཀྱི་ལྕེ་དེ་གིས་ཕུལཝ་ཨིན་ དེ་ལས་ད་རུང་དཀོན་མཆོག་གིས་ ཁོ་རའི་སྐུ་བརྙན་ལུ་མཛད་གནང་མིའི་མི་ཚུ་ལུ་ ལྕེ་དེ་གིས་རང་ ཁ་སྨོན་བཏབ་ཨིན། 10 བྱིན་རླབས་དང་ཁ་སྨོན་གཉིས་ཆ་རང་ ཁ་དེ་ནང་ལས་རང་ཐོནམ་ཨིན་ ངེ་གི་སྤུན་ཆ་ཚུ་ ཨ་ནི་བཟུམ་ང་བཅས་ཀྱིས་འབད་ནི་མི་འོང་། 11 འཐུང་ཆུ་ལེགས་ཤོམ་དང་ འཐུང་མ་བཏུབ་པའི་ཆུ་ཁག་དྲགས་གཉིས་ཆ་རང་ ཆུ་གཟར་གཅིག་ལས་འཐོན་འོང་ག། 12 ངེའི་སྤུན་ཆ་ཚུ་ ཅོང་སེ་ཤིང་གིས་ ཨ་རུ་ར་ཤིང་གི་འབྲས་བུ་བཏགས་མི་ཚུགས་ ཡང་ན་རྒུན་འབྲུམ་ཤིང་གིས་ ཅོང་སེ་ཤིང་གི་འབྲས་བུ་བཏགས་མི་ཚུགས་ ད་རུང་ཚ་ཆུ་འདི་ རང་བཞིན་གྱི་རྩ་ལས་རང་འཐུང་ཆུ་ལུ་མི་འགྱུར། 13 ཁྱེད་ཀྱི་གྲལ་ལས་ ཤེས་རབ་ཅན་དང་ཡོན་ཏན་ཡོད་མི་ག་ཨིན་ན་ དེ་གིས་སྤྱོད་པ་བཟང་པོ་འདི་ རང་གི་མི་ཚེ་ནང་བཏོན་ཏེ་ རིག་པ་གི་ཐོག་ལས་མཉམ་ཆུང་ཏོག་ཏོ་སྦེ་སྡོད་དགོ། 14 དེ་འབདཝ་ད་ ཁྱེད་ཀྱིས་རང་འདོད་བསྐྱེད་དེ་ མིག་ཏོ་ཚ་བ་ཅིན་ རང་གིས་རང་ལུ་ཤེས་རབ་ཅན་ཅིག་ཨིན་ཟེར་ རང་བསྟོད་རྐྱབས་ནི་མི་འོང་ དེ་སྦེ་རང་བསྟོད་རྐྱབ་པ་ཅིན་ ཁྱེད་ཤོབ་རྐྱབ་ཨིན། 15 ཨ་ནི་བཟུམ་གྱི་ཤེས་རབ་འདི་ དཀོན་མཆོག་ལས་གནང་མིའི་ཤེས་རབ་མེན་ དེ་འབདཝ་ད་ འཇིག་རྟེན་ནང་ལས་ཐོབ་མིའི་ཤེས་རབ་དང་ མི་གི་རང་བཞིན་ལས་འོང་མི་ཤེས་རབ་དང་ བདུད་ལས་འོང་མིའི་ཤེས་རབ་ཨིན། 16 ག་ཅི་སྨོ་ཟེར་བ་ཅིན་ ང་རྒྱལ་ལང་ནི་ མིག་ཏོ་ཚ་ནི་ རང་འདོད་བསྐྱེད་ནི་དེ་ཚུ་ག་ཡོད་སར་ ཚུལ་དང་མ་མཐུན་པའི་ལཱ་ངན་ མ་འདྲཝ་དེ་ཚུ་ག་ར་འཐོནམ་ཨིན། 17 དེ་འབདཝ་ད་ དཀོན་མཆོག་ལས་འོང་མི་ཤེས་རབ་འདི་ འགོ་དང་པ་རང་ གཙང་ཏོག་ཏོ་ སྐྱིད་ཏོང་ཏོ་ མཉམ་ཆུང་ མཐུན་ཏོག་ཏོ་ གཞན་ལུ་ཨ་རྟག་རང་སྙིང་རྗེ་བསྐྱེད་ནི་ ལཱ་ལེགས་ཤོམ་ཨ་རྟག་རང་འབད་ནི་ དེ་ལས་གཞན་ལུ་ཆགས་སྡང་ཕྱོགས་རིས་མེདཔ་ ཁ་ཆོས་མ་བཤད་ནི། 18 འདི་གིས་མ་ཚད་ ཞི་བདེ་བཟོ་མི་དེ་གིས་ ཞི་བདེ་གི་སོན་གཏོར་ཏེ་ དེ་གིས་འབྲས་བུ་འདི་རྔཝ་ད་ ཕྲངམ་དང་བདེནམ་སྦེ་བྱུངམ་ཨིན།།
1 ཁྱེད་ཀྱི་གྲལ་ཁར་ལུ་འཐབ་འཛིང་ནི་དང་ རྩོད་པ་བརྐྱབ་ནི་དེ་ཚུ་ ག་ལས་འོངམ་ཨིན་ན་ ཁྱེད་ཀྱིས་མི་ཤེས་ག་ དེ་ཚུ་ག་ར་ཁྱེད་ཀྱི་སེམས་ཀྱི་ནང་ན་ དམག་རྐྱབ་སྡོད་མིའི་འདོད་པ་ཚུ་ལས་འོངམ་ཨིན་མེན་ན། 2 ཁྱེད་ཀྱིས་མནོ་བསམ་གཏང་མི་འདོད་པ་འདི་གིས་ མི་བསདཔ་ཨིན་ ད་རུང་མིག་ཏོ་ཚ་སྟེ་ འཐབ་འཛིང་འབདཝ་ཨིན་ དེ་འབདཝ་ད་ ཁྱེད་ཀྱིས་ག་མནོ་མི་འདི་མི་ཐོབ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་དཀོན་མཆོག་ལུ་མ་ཞུ་བ་འབད་ནི་འདི་གིས་ཨིན། 3 དེ་འབདཝ་ད་ ཁྱེད་ཀྱིས་ཞུ་སྟེ་འབད་རུང་མི་ཐོབ་ ག་ཅི་འབད་ཟེར་བ་ཅིན་ དོན་དག་རྫུས་མ་དང་ རང་གི་སྤྲོ་སྟོན་ནིའི་དོན་ལུ་ ཞུཝ་ལས་བརྟེན་ཏེ་ཨིན། 4 ཨ་ཁའི་ དཀོན་མཆོག་ལུ་དམ་ཚིག་མ་སྲུང་མི་ཚུ་ ཁྱེད་ཀྱིས་འཇིག་རྟེན་དང་མཐུན་ལམ་འགྲིགས་ཏེ་སྡོད་པ་ཅིན་ ཁྱེད་དཀོན་མཆོག་གི་དགྲ་སྦེ་བྱུངམ་ཨིན་ཟེར་མི་ཤེས་ག་ དེ་ལས་ ག་ར་འབད་རུང་ ཨ་ནི་འཇིག་རྟེན་དང་མཐུན་དགོ་མནོ་མི་དེ་གིས་ དཀོན་མཆོག་གི་དགྲ་འབདཝ་ཨིན། 5 དཀོན་མཆོག་གིས་ང་བཅས་ལུ་གནང་མི་ རང་བཞིན་འདི་གིས་ འདོད་པ་ལུ་ཆགས་ཏེ་ མིག་ཏོ་ཚཝ་ཨིན་ཟེར་ གསུང་རབ་ནང་བྲིས་ཏེ་ཡོད་མི་དེ་ ཐད་རི་བ་རི་ཨིན་ཟེར་ ཁྱེད་ཀྱིས་མི་ཤེས་ག་ 6 ཨིན་ཏེ་འབད་རུང་ དཀོན་མཆོག་གིས་ང་བཅས་ལུ་བཀའ་དྲིན་བསྐྱང་གནངམ་ཨིན་ འདི་འབདཝ་ལས་ གསུང་རབ་ནང་ མི་ཁམས་ཡོད་མི་ཚུ་ལུ་ དཀོན་མཆོག་གིས་མི་གཟིགས་ དེ་འབདཝ་ད་ མི་མཉམ་ཆུང་དེ་ཚུ་ལུ་ ཁོ་གིས་ཐུགས་རྗེ་གཟིགསཔ་ཨིན་ཟེར་ བྲིས་ཏེ་ཡོད་དོཝ་བཟུམ་སྦེ་ཨིན། 7 ཁྱེད་རང་དཀོན་མཆོག་གི་ཕྱག་འོག་ལུ་ཕུལ་ཏེ་ བདུད་ལུ་འབངས་མ་བྱིན་པར་ སྒྲིང་སྒྲིང་སྦེ་སྡོད་ དེ་ལས་ཁོ་གིས་ཁྱོད་ལུ་བཞག་སྟེ་ ཁོ་རང་འབྱོག་འགྱོ་འོང་། 8 དེ་ལས་ཁྱེད་རང་དཀོན་མཆོག་དང་འབྲེལ་བ་ལེགས་ཤོམ་སྦེ་འཐབ་སྟེ་སྡོད་ དེ་ལས་ཁོ་གིས་ཁྱེད་ལུ་གཟིགས་ཏེ་བཞུགས་འོང་ ཁྱེད་སྡིག་ཅན་ཚུ་ ལགཔ་ཆུ་འཁྱུ་དོཝ་བཟུམ་སྦེ་ ལཱ་ངན་པ་སྤང་ དེ་ལས་སེམས་ཏན་ཏན་མེད་མི་ཚུ་ ཁྱེད་རང་གི་སེམས་འདི་གཙང་ཏོག་ཏོ་བཟོ། 9 སྡུག་བསྔལ་དང་མྱ་ངན་འབད་དེ་སྔུ་ ཁྱེད་ཀྱི་དགའ་བ་འདི་ སྐྱོ་གླུ་ལུ་འགྱུར་བཅུག་ཟེར་སླབ་ དེ་ལས་ཁྱེད་ཀྱི་དགའ་སྤྲོ་དེ་ མྱ་ངན་ལུ་འགྱུར་བཅུག་ཟེར་སླབ། 10 གཙོ་བོ་གི་གཟིགས་སར་ ཁྱེད་རང་མཉམ་ཆུང་སྦེ་སྡོད་ དེ་ལས་ཁོ་གིས་ཁྱེད་ཡར་མཐོ་ས་ལུ་སྐྱེལ་གནང་འོང་།། 11 ངེ་གི་སྤུན་ཆ་ཚུ་ གཅིག་གིས་གཅིག་གི་སྐོར་ལས་ བློ་ངན་པ་དེ་ཚུ་མ་སླབ་ ག་ར་འབད་རུང་ དདཔ་ཅན་སྤུན་ཆ་ཚུ་གི་སྐོར་ལས་ བློ་ངན་པ་དེ་ཚུ་སླབ་ ཡང་ན་གཞན་ལུ་ག་དེམ་ཅིག་སྦེ་སྐྱོན་བཏགས་པ་ཅིན་ འདི་གིས་གཞན་གྱི་སྐོར་ལས་ངན་པ་སླབ་མ་ཚད་ བཀའ་ཁྲིམས་ལུ་སྐྱོན་བཏགསཔ་ཨིན་ ཁྱེད་ཀྱིས་བཀའ་ཁྲིམས་ལུ་སྐྱོན་བཏགས་པ་ཅིན་ ཁྱེད་ཀྱིས་བཀའ་ཁྲིམས་མ་ཉནམ་མ་ཚད་ ཁྲིམས་ཕྱེ་མིའི་དྲང་དཔོན་ལུ་འགྱུརཝ་ཨིན། 12 ད་ཁྲིམས་མཛད་གནང་མི་དང་ ཁྲིམས་ཕྱེ་མི་འདི་གཅིག་རང་ཨིན་ ཁོ་ལུ་སྐྱབས་མཛད་ནི་དང་ རྩ་མེད་མཛད་ནི་གི་དབང་ཚད་ཡང་ཡོད་ དེ་འབདཝ་ད་ ཁྱེད་རང་གི་ཁྱིམ་ཚང་ལུ་སྐྱོན་བཏགས་མི་ ཁྱེད་ག་སྨོ།། 13 ད་ཁྱེད་ཀྱིས་ད་རེས་ ཡང་ན་ནངས་པ་ ང་བཅས་ཁྲོམ་གཞན་གཅིག་ཁར་འགྱོ་སྟེ་ ལོ་གཅིག་དེ་ཅིག་ཚོང་བརྐྱབས་ཏེ་ ཁེ་སང་བཏོན་གེ་ཟེར་སླབ་མི་ཆ་ཁྱབ་ ནཱ་ཉན་ཤིག 14 ཁྱེད་ཆ་ཁྱབ་ཀྱི་མི་ཚེ་ནང་ ནངས་པ་ག་ཅི་འབྱུང་འོང་ག་ འདི་ཁྱེད་ཀྱིས་མི་ཤེས་ ཁྱེད་ཀྱི་མི་ཚེ་འདི་ དྲོ་པ་ཧ་སག་སྟེ་ཆགས་མིའི་བ་མོ་བཟུམ་སྦེ་ ཡུདཔ་ཐེངས་ཅིག་ནང་ཡལ་འགྱོ་འོང་། 15 དེ་འབདཝ་ད་ ཁྱེད་ཀྱིས་དེ་སྦེ་སླབ་ནི་མེན་པར་ དཀོན་མཆོག་གི་ཐུགས་དགོངས་ ག་ཡོད་མི་དེ་ཚུ་འབད་དེ་སྡོད་ནི་ཨིན་ཟེར་སླབ་དགོ། 16 དེ་འབདཝ་ད་ ད་ལྟོ་ཁྱེད་རང་གི་འཆར་གཞི་དེ་གི་སྐོར་ལས་ གནམ་མེད་ས་མེད་སླབ་སྟེ་ དཔའ་ཡག་སྡོདཔ་མས་ ཨ་ནི་བཟུམ་གྱི་དཔའ་ཡག་ནི་འདི་ངན་པ་ཨིན། 17 འདི་འབདཝ་ལས་ ག་གིས་རང་འབད་རུང་ ག་དེ་སྦེ་འབད་ནི་ཨིན་ན་ ག་ཅི་འབད་བ་ཅིན་ལེགས་ཤོམ་ཨིན་ན་ ཤེས་ཏེ་འབད་རུང་ འདི་མ་འབད་བ་ཅིན་ སྡིག་པ་ཨིན།།
1 ཨ་ཁའི་ མི་ཕྱུགཔ་དེ་ཚུ་ ནཱ་ཉན་ཤིག་ ཁྱེད་གུ་ འོང་ནི་འབད་མིའི་སྡུག་བསྔལ་ལུ་ ཁྱེད་སྔུ་སྟེ་མྱ་ངན་འབད། 2 ཁྱེད་ཀྱི་རྒྱུ་ཕྱེད་ཀྲམ་དེ་ཚུ་ག་ར་རུལ་སོང་ནུག་ ཁྱེད་ཀྱི་བགོ་ལ་དེ་ཚུ་བུབ་ཀྱིས་ཟ་ཚར་ནུག 3 ཁྱེད་ཀྱི་གསེར་དང་དངུལ་དེ་ཚུ་ བཙའ་གིས་ཟ་སྟེ་མེདཔ་ཐལ་ནུག་ འདི་གུ་ཆགས་མི་བཙའ་དེ་གིས་ ཁྱེད་ཀྱི་ཉེས་པ་འདི་བཏོནམ་མ་ཚད་ དེ་གིས་མེ་བཟུམ་སྦེ་ ཁྱེད་ཀྱི་ལུས་འཚིག་སྟེ་འགྱོ་འོང་ ཨིན་ཏེ་འབད་རུང་ ཁྱེད་ཀྱིས་ཉིནམ་མཐའན་མཇུག་གི་སྐབས་ལུ་ རྒྱུ་ནོར་བསག་བཞག་ནུག 4 ཁྱེད་ཀྱིས་བལྟ་ཤིག་ ཞིང་ཁར་ལཱ་འབད་མི་ལུ་མགུ་བསྐོར་བརྐྱབས་ཏེ་ གླ་ཆ་མ་སྤྲོད་པར་བཞག་མི་དེ་ཚུ་གིས་སྐད་བརྐྱབས་ཏེ་ ཁྱེད་ཀྱི་སྐོར་ལས་ལོ་རྒྱུས་བདེན་པ་སླབ་སྟེ་ ངོ་རྒོལ་འབད་དོ་ དེ་ལས་ལོ་ཐོག་བརྔ་མི་ཚུ་གི་སྔུ་སྐད་དེ་ ཀུན་ལུ་དབང་མིའི་གཙོ་བོ་གི་སྙན་གསན་ཏེ་ཡོད། 5 འཇིག་རྟེན་ནང་ ཁྱེད་ཕྱུགཔ་སྦེ་ཉམས་དགའ་ཏོག་ཏོ་སྦེ་སྡོདཔ་ཨིན་ དེ་མ་ཚད་ ནོར་སེམས་ཅན་ཤ་ནོར་གྱི་དོན་ལུ་ རྒྱགས་ཏོ་རིལ་རི་སྦེ་གསོ་སྟེ་ ཉིནམ་གཅིག་གི་ཚེ་བསད་ནི་སྦེ་བཞག་དོཝ་བཟུམ་སྦེ་ ཁྱེད་རང་ལུ་རྒྱགས་ཏོ་རིལ་རི་སྦེ་བཟོ་སྟེ་སྡོདཔ་ཨིན་མས། 6 ཁྱེད་ལུ་ག་ནི་ཡང་འབད་མ་ཚུགས་མི་ མི་ཕྲངམ་དེ་ཚུ་ ཁྱེད་ཀྱིས་ཁྲིམས་གཏང་སྟེ་བསད་བཀོག་ཡི།། 7 དེ་འབདཝ་ལས་བརྟེན་ཏེ་ ཁྱེད་སྤུན་ཆ་ཚུ་ གཙོ་བོ་འབྱོན་ནི་གི་དུས་སྐབས་འདི་ མ་རནམ་བར་ན་ རྩ་འགེངས་ཏེ་བཟོད་པ་སྒོམས་སྡོད་ བལྟ་ཤིག་ དཔེར་ན་ཞིང་ལཱ་འབད་མི་ཚུ་གིས་ ཞིང་ཁར་གྱི་ལོ་ཐོག་ལེགས་ཤོམ་གྱི་རེ་བ་བསྐྱེད་དེ་ གནམ་སེར་ཁ་དང་སོ་ཁ་གི་ཆརཔ་གི་དོན་ལུ་ བཟོད་པ་བསྒོམས་ཏེ་སྒུག་སྡོདཔ་ཨིན། 8 ཁྱེད་ཆ་ཁྱབ་ཡང་བཟོད་པ་བསྒོམས་ཏེ་ དད་པའི་ནང་སྒྲིང་སྒྲིང་སྦེ་ སེམས་མ་ཤི་བར་སྒུག་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་མགྱོགས་པ་རང་འབྱོན་ནི་འབད་དོ། 9 སྤུན་ཆ་ཚུ་ ཁྱེད་རང་གཅིག་གིས་གཅིག་ལུ་ སྐྱོན་བཏགས་ཏེ་མ་རྒོལ་བ་ཅིན་ དེ་ལས་དཀོན་མཆོག་གིས་ཁྱེད་ལུ་ཡང་ཁྲིམས་མི་ཕྱེ་ ལྟ་ཤིག་ དྲང་དཔོན་དེ་སྒོ་གི་རྩ་བར་བཞུགས་ཏེ་ཡོད། 10 ད་རུང་སྤུན་ཆ་ཚུ་ ཁྱེད་ཀྱིས་དཔེ་བལྟ་སའི་ གཙོ་བོ་གི་མཚན་ནང་བཀའ་གསུངས་མིའི་ལུང་སྟོན་པ་ཚུ་ཡོད་ ཁོང་གིས་དཀའ་ངལ་ལེ་ཤ་མྱོང་སྟེ་འབད་རུང་ བཟོད་པ་བསྒོམས་ཏེ་སྡོད་ནུག 11 ལྟ་ཤིག་ ང་བཅས་ཀྱིས་བཟོད་པ་སྒོམ་ཚུགས་མི་ཚུ་ལུ་ བྱིན་རླབས་ཅན་ཟེར་སླབ་ཨིན་ ཡོབ་ཟེར་མི་འདི་གིས་ག་དེ་སྦེ་བཟོད་པ་བསྒོམས་ཏེ་སྡོད་ཅི་ག་ ཁྱེད་ཀྱིས་གོ་ཡི་ དེ་ལས་མཐའན་མཇུག་ལུ་གཙོ་བོ་གིས་ ཡོབ་ཀྱི་མི་ཚེ་ནང་ག་དེ་སྦེ་མཛད་ཅི་ག་ ཁྱེད་ཀྱིས་ཤེས་ ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་འདི་ གནམ་མེད་ས་མེད་བྱམས་པ་དང་སྙིང་རྗེ་ཅན་ཨིན། 12 ངེ་གི་སྤུན་ཆ་ཚུ་ ག་ར་ལས་ཁག་ཆེ་བ་རང་ གནམ་དང་ས་ལ་སོགས་པ་ གཞན་ག་ནི་ཡང་འཛོམ་དཔང་སྦེ་བཙུགས་ཏེ་མནའ་མ་འབོ་ ཁྱེད་ཀྱིས་ཨིན་མི་འདི་ཨིན་ཟེར་ མེན་མི་འདི་མེན་ཟེར་རང་སླབ་དགོ་ དེ་སྦེ་འབད་བ་ཅིན་ ཁྱེད་ཀྱི་གུ་ལུ་ཆདཔ་མི་ཕོག། 13 ཁྱེད་ཀྱི་གྲལ་ལས་ གཅིག་ལུ་སྡུག་བསྔལ་ཡོད་པ་ཅིན་ ཁོ་གིས་གཙོ་བོ་ལུ་སྨོན་ལམ་ཞུ་དགོ་ དེ་ལས་ཁྱེད་ཀྱི་གྲལ་ཁ་ལས་ མི་གཅིག་སེམས་དགའ་སྟེ་ཡོད་པ་ཅིན་ ཁོ་གིས་གཙོ་བོ་ལུ་གླུ་དབྱངས་ཕུལ་དགོ། 14 དེ་ལས་ཁྱེད་ཀྱི་གྲལ་ཁ་ལུ་ ནདཔ་ཡོད་པ་ཅིན་ ཁོ་གིས་ཆོས་ཚོགས་ཀྱི་འགོ་འདྲེན་པ་ཚུ་ ཁྱིམ་ནང་འབོ་སྟེ་ ཁོང་གིས་གཙོ་བོ་གི་མཚན་ནང་ ནདཔ་འདི་གི་གུ་ལུ་མར་ཁུ་དབུར་ཞིནམ་ད་ ཁོ་གི་དོན་ལུ་སྨོན་ལམ་བཏབ་བཅུག 15 དེ་ལས་དད་པའི་སྨོན་ལམ་དེ་གིས་ ནདཔ་འདི་དྲགཔ་མ་ཚད་ གཙོ་བོ་གིས་ཁོ་ལུ་ཡར་ལོང་ཚུགསཔ་མཛད་འོང་ དེ་ལས་ཁོ་གིས་སྡིག་པ་འབད་འབདཝ་ཡོད་པ་ཅིན་ ཁོ་གི་སྡིག་པ་འདི་ གཙོ་བོ་གིས་བཤགས་པ་བཞེས་འོང་། 16 དེ་ལས་ཁྱེད་རང་གི་ན་ཟུག་དྲག་ནི་གི་དོན་ལུ་ ཁྱེད་ཀྱིས་རང་གིས་འབད་མིའི་སྡིག་པ་ གཅིག་གིས་གཅིག་གི་གདོང་ཁར་སླབ་སྟེ་ གཅིག་གིས་གཅིག་ལུ་སྨོན་ལམ་ཞུ་ དེ་ལས་དཀོན་མཆོག་གི་ཐུགས་དང་ལྡན་པའི་སྨོན་ལམ་འདི་ དབང་ཤུགས་ཅན་དང་ཕན་ཐོག་སྦོམ་ཡོདཔ་ཨིན། 17 དཔེར་ན་ ཨེ་ལི་ཡ་ཟེར་མི་དེ་ཡང་ མིའི་རང་བཞིན་ང་བཅས་བཟུམ་ཅིག་ཨིན་མས་ དེ་འབདཝ་ད་ ཁོ་གིས་ཆརཔ་བརྐྱབ་མ་བཅུག་ཟེར་ རྩ་འགེངས་ཏེ་སྨོན་ལམ་བཏབ་ད་ ལོ་གསུམ་དང་ཕྱེད་ཀ་ཚུན་ཚོད་ ཆརཔ་མ་རྐྱབ་པར་སྡོད་ནུག 18 དེ་ལས་ད་རུང་ཆརཔ་བརྐྱབ་བཅུག་ཟེར་ ཁོ་གིས་སྨོན་ལམ་ཞུཝ་ད་ ཆརཔ་བརྐྱབས་ཏེ་ས་ཁར་ལས་ལོ་ཐོག་སྐྱེས་ནུག། 19 དབའེ་ངེ་གི་སྤུན་ཆ་ཚུ་ ཁྱེད་ཀྱི་གྲལ་ཁ་ལས་ གཅིག་གིས་ལམ་བདེན་པ་འདི་སྤངས་ཏེ་ ལམ་འཛོལ་བ་བདའ་སྟེ་འགྱོ་སྡོདཔ་ད་ གཅིག་གིས་ལོག་སྟེ་ལམ་བདེན་པ་ནང་འཁྱིད་འོང་པ་ཅིན། 20 དེ་སྦེ་མི་སྡིག་ཅན་གཅིག་ལམ་འཛོལ་བ་ནང་ལས་ ལོག་སྟེ་ཁྱིད་འོང་མིའི་མི་དེ་གིས་ སྡིག་ཅན་འདི་ཤི་ས་ལས་སྲོག་སྐྱབས་འབད་དེ་ སྡིག་པ་ལེ་ཤ་གསལ་བྱིནམ་ཨིན་ཟེར་ ཁྱེད་ཀྱིས་ཐད་རི་བ་རི་ཤེས་དགོ། །།
1 ཨ་ནི་ཡི་གུ་འདི་ ཡེ་ཤུ་ཁིརཱིས་ཀྱི་སྐུ་ཚབ་ ང་ པེ་ཏྲོ་གིས་ དཀོན་མཆོག་གིས་བཙག་འཐུ་མཛད་གནང་མི་ ཁོ་རའི་མི་ ཕྱིའི་རྒྱལ་ཁབ་ པཱོན་ཏཱུས་དང་ ག་ལ་ཏི་ ཀ་པ་དོ་ཀི་ཡ་ ཨེ་སི་ཡ་ བི་ཐུན་ཡ་ནང་ཁ་གཏོར་ཏེ་འཁྱམས་སྡོད་མི་ཚུ་ལུ་བྲིས་དོ། 2 ཡབ་དཀོན་མཆོག་གིས་ ཁྱེད་ཆ་ཁྱབ་ ཁོ་རའི་མི་སྦེ་ཧེ་མ་ལས་ངོ་མཁྱེནམ་བཞིན་དུ་ དམ་པའི་ཐུགས་ཉིད་ལས་སྦེ་དམ་པ་མཛད་གནང་ཡི་ དེ་གིས་འབད་ ཁྱེད་ཆ་ཁྱབ་ ཡེ་ཤུ་ཁིརཱིས་ཀྱི་བཀའ་ལུ་ཉན་མི་དང་ ཁོ་གི་སྐུ་ཁྲག་རིན་ཆེན་གཏོར་ཏེ་ གཙངམ་མཛད་ཚར་མི་ཚུ་ཨིན། དེ་བ་ཡང་ལྷག་པའི་ ཐུགས་རྗེ་དང་ཞི་བདེ་ ཁྱེད་ལུ་ ཡང་ལས་ཡང་དུ་གནང་བར་ཤོག། 3 ད་ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ ཡབ་དཀོན་མཆོག་ལུ་བསྟོད་པ་ཕུལ་བར་ཤོག་ ཁོ་རང་གི་སྙིང་རྗེ་སྦོམ་དང་འཁྲིལ་ཏེ་ གཤགས་ས་ལས་གསོན་པོ་སྦེ་བཞེངས་མིའི་ ཡེ་ཤུ་ཁིརཱིས་ཀྱི་ཐོག་ལས་ ང་བཅས་ལུ་ནམ་ཡང་ཤི་ནི་མེད་པའི་རེ་བ་ སྐྱེད་ནི་གི་དོན་ལུ་ཚེ་གསརཔ་གནང་ཡི། 4 དེ་མ་ཚད་ ཞིང་ཁམས་ལུ་ ནམ་ཡང་མེདཔ་ཐལ་ནི་མེདཔ་ རུལ་ནི་མེདཔ་ ཉམས་འགྱོ་ནི་མེད་པའི་ནོར་སྐལ་ངོ་མ་ ཁྱེད་ཀྱི་དོན་ལུ་བཞག་གནང་ཡོད། 5 དཀོན་མཆོག་གིས་ཁྱེད་ཀྱི་དོན་ལུ་གྲ་སྒྲིག་མཛད་གནང་མིའི་ཐར་པ་འདི་ དུས་མཐའན་མཇུག་ལུ་ཕྱི་ཁར་བཏོན་གནང་འོང་ འདི་མ་ཐོབ་ཚུན་ཚོད་ ཁྱེད་ཀྱིས་དད་པ་བསྐྱེད་པའི་ཐོག་ལས་ དཀོན་མཆོག་གི་དབང་ཤུགས་ཀྱིས་ ཁྱེད་ལུ་སྲུང་སྐྱོབ་མཛད་གནངམ་ཨིན། 6 དེ་འབདཝ་ལས་བརྟེན་ཏེ་ ད་ལྟོ་ཁྱེད་ ཡུདཔ་ཐེངས་ཅིག་གི་དོན་ལུ་ དཀའ་ངལ་དང་ སྡུག་བསྔལ་མ་འདྲཝ་ལེ་ཤ་མྱོང་དགོ་སྟེ་འབད་རུང་ ཨ་ནི་ཐར་པ་འདི་ ཁྱེད་ཀྱིས་ཐོབ་ནི་ཨིནམ་ལས་ དགའ་སྤྲོ་སྦོམ་སྦེ་འགྱུར། 7 ཨ་ནི་བཟུམ་སྦེ་བྱུང་མི་འདི་ ཁྱེད་ཀྱི་དད་པ་ལུ་ བརྟག་དཔྱད་འབད་དེ་ ཡིད་ཆེས་ཏོག་ཏོ་སྦེ་འཐོན་ནི་གི་དོན་ལུ་ཨིན་ གསེར་དེ་མེ་ནང་ཞུཝ་ད་ སྤུས་དག་ཏོག་ཏོ་འཐོན་རུང་ ཉིནམ་གཅིག་གི་ཚེ་མེདཔ་ཐལ་འགྱོ་རང་འགྱོ་འོང་ ཨིན་རུང་རང་ ཁྱེད་ཀྱི་དད་པ་བརྟན་ཏོག་ཏོ་འདི་ གསེར་ལས་ཡང་རིན་གོང་སྦོམ་ཨིན་ ཁྱེད་ཀྱི་དད་པ་ཆེ་ཏོག་ཏོ་གི་འབྲས་བུ་འདི་ ཡེ་ཤུ་ཁིརཱིས་འཛམ་གླིང་ནང་མངོན་སུམ་དུ་ལོག་འབྱོནམ་ད་ བསྟོད་པ་དང་ གཟི་བརྗིད་ སྙན་གྲགས་ ཁོ་ལུ་འོང་པའི་དོན་ལུ་ཨིན། 8 དེ་ལས་ཁྱེད་ཀྱིས་ ཧེ་མ་ཁོ་དང་མ་མཇལ་རུང་ ཁོ་ལུ་བརྩེ་གདུང་བསྐྱེད་དེ་འདུག་ དེ་མ་ཚད་ ད་ལྟོ་ཡང་རྩ་ལས་རང་མ་མཇལ་ཏེ་འབད་རུང་ ཁོ་ལུ་དད་པ་བསྐྱེད་དེ་ ཁྱེད་ཀྱི་སེམས་ཁར་ཡོད་རུང་ ཁ་ལས་ཚིག་འཐོན་ཏེ་སླབ་མ་ཚུགས་པའི་ ཧ་ལས་པའི་དགའ་སྤྲོ་མ་འདྲཝ་ཅིག་སྦེ་ར་བསྐྱེདཔ་ཨིན་མས། 9 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ དད་པ་བསྐྱེད་མིའི་ མཐར་ཐུག་གི་དམིགས་དོན་གྱི་འབྲས་བུ་ དཀོན་མཆོག་གིས་ཁྱེད་རང་ལུ་གནང་མིའི་ཐར་པ་དེ་ ཁྱེད་ཀྱིས་ཐོབ་དོ། 10 ཧེ་མ་ཁོང་ལུང་སྟོན་པ་ཚུ་གིས་ ཁྱེད་ཀྱི་ནང་ན་བྱུང་མིའི་ཐར་པ་གི་སྐོར་ལས་ ལེགས་ཤོམ་སྦེ་དབྱེ་བ་དཔྱད་དེ་བལྟཝ་མ་ཚད་ ཐར་པ་དེ་ ཁྱེད་ལུ་གནང་ནི་འབད་མིའི་གསོལ་རས་ཨིན་ཟེར་བའི་སྐོར་ལས་ ལུང་བསྟན་བཤད་ནུག 11 དེ་ལས་ དཀོན་མཆོག་གིས་ བཙག་འཐུ་མཛད་མི་ཁིརཱིས་ལུ་ འབྱུང་ནི་འབད་མི་སྡུག་བསྔལ་གྱི་སྐོར་ལས་དང་ དེ་གི་ཤུལ་ལས་འོང་ནི་འབད་མིའི་གཟི་བརྗིད་ཀྱི་སྐོར་ལས་ མ་འབྱུང་ནིའི་ཧེ་མ་ལས་འཛོམ་དཔང་འབད་དེ་ ཁོང་གི་ནང་ན་ཡོད་མི་ ཁིརཱིས་ཀྱི་ཐུགས་ཉིད་ཀྱིས་ འདི་གི་སྐོར་ལས་སྟོན་གནང་མི་ དུས་ཚོད་དང་གནས་སྟངས་ ག་དེ་སྦེ་འབྱུང་ནི་ཨིན་ན་ འདི་ག་ར་ཁོང་གིས་དབྱེ་བ་དཔྱད་དེ་བལྟ་ནུག 12 ཨིན་ཏེ་འབད་རུང་ ཨ་ནི་ལུང་བསྟན་འདི་ཚུ་ ཁོང་རང་གི་ཁེ་ཕན་གྱི་དོན་ལུ་མེན་པར་ ཁྱེད་ཀྱི་དོན་ལུ་ཨིན་ཟེར་ ཁོང་ལུ་སྟོན་གནང་ནུག་ ད་རེས་ནངས་པ་ ཞིང་ཁམས་ལས་གཏང་གནང་མིའི་ཐུགས་ཉིད་ཀྱི་དབང་ཤུགས་དེ་གིས་ ཁྱེད་ལུ་གཏམ་བཟང་བཤད་མི་ཚུ་གིས་ འདི་གི་སྐོར་ལས་རང་ ཁྱབ་བསྒྲགས་འབད་དེ་ཡོདཔ་ཨིན་ ཨ་ནི་ལོ་རྒྱུས་ལུ་ ཁོང་ཕོ་ཉ་དེ་ཚུ་གིས་ཡང་བལྟ་ནིའི་རེ་འདོད་བསྐྱེད་དེ་སྡོདཔ་ཨིན།། 13 ད་དེ་ལས་ཕར་ དང་ལེན་འབད་ནིའི་དོན་ལུ་ ཁྱེད་རང་གི་སེམས་གྲ་སྒྲིག་སྦེ་སྡོད་ ཁྱེད་རང་གི་སེམས་གསལ་ཏོག་ཏོ་སྦེ་ མཚམས་ཚོད་བཟུང་ ཡེ་ཤུ་ཁིརཱིས་ད་རུང་ལོག་མངོན་སུམ་དུ་འབྱོནམ་ད་ ཁོ་གིས་གནང་ནི་ཨིན་མིའི་ ཐུགས་རྗེ་དང་ལྡན་པའི་ཐར་པ་དེ་ལུ་ རེ་བ་བསྐྱེད་དེ་སྡོད། 14 དེ་ལས་ ཁྱེད་ཀྱིས་ཧེ་མ་ དཀོན་མཆོག་ངོ་མ་ཤེསཔ་ད་ འདོད་ཆགས་ཀྱིས་དབང་དུ་བཏང་སྟེ་སྡོད་ནུག་ དེ་འབདཝ་ད་ ད་རེས་ལས་ སླབ་ད་ཉན་ཁུག་བཏབ་མིའི་བུ་དང་བུམོ་བཟུམ་སྦེ་སྡོད་དེ། 15 ཁྱེད་འབོ་གནང་མི་འདི་ དམ་པ་ཨིནམ་ལས་ ཁྱེད་ཡང་ ག་ཅི་རང་འབད་རུང་ སྤྱོད་ལམ་དེ་དམ་པ་སྦེ་སྒྲིག་སྡོད་དགོ། 16 ག་ཅི་སྨོ་ཟེར་བ་ཅིན་ ང་དམ་པ་ཨིན་ ཁྱེད་ཡང་དམ་པ་སྦེ་འགྱུར་དགོ་ཟེར་ གསུང་རབ་ནང་ལུ་ བྲིས་ཏེ་འདུག 17 ཁྱེད་ཀྱིས་དཀོན་མཆོག་ལུ་ཡབ་ཟེར་ཞུ་རུང་ ཁོ་གིས་ཁྲིམས་ཕྱེ་གནངམ་ད་ ཆགས་སྡང་ཕྱོགས་རིས་མེད་པར་ཕྲང་སྟེ་མཛདཔ་ཨིན་ དེ་འབདཝ་ལས་ ད་ལྟོ་ནཱ་འཛམ་བུ་གླིང་ནང་ ག་གིས་ཡང་ངོ་མ་ཤེས་པའི་ མི་ཚུ་བཟུམ་སྦེ་སྡོད་པའི་སྐབས་ ཁོ་ལུ་བལྟ་སྟེ་འདྲོག་སྡོད་དགོ། 18 ཁྱེད་ ཁྱེད་རའི་ཕ་བརྒྱུད་ཚུ་ལས་རྒྱུད་དེ་ ཁུངས་ག་ནི་ཡང་མེད་པར་ སྡོད་མིའི་མི་ཚེ་འདི་ནང་ལས་ བླུ་རིན་སྤྲོད་གནང་སྟེ་ཉོཝ་ད་ མེདཔ་ཐལ་འགྱོ་མི་གསེར་དང་དངུལ་སྤྲོད་དེ་ ཉོ་དོཝ་བཟུམ་སྦེ་མེན། 19 དེ་འབདཝ་ད་ སྐྱོན་དང་ཐོ་ག་ནི་ཡང་མེད་མིའི་ལུག་གི་ཕྱུག་ཀུ་བཟུམ་ ཡེ་ཤུ་ཁིརཱིས་ཀྱི་སྐུ་ཁྲག་རིན་ཆེན་དེ་གིས་ བླུ་རིན་གཏང་གནང་སྟེ་ ཁྱེད་ག་ར་ཉོ་ཉོཝ་ཨིན། 20 ཁོ་ལས་རྒྱུད་དེ་ བླུ་རིན་གཏང་ནི་གི་དོན་ལུ་ འཇིག་རྟེན་མ་མཛད་པའི་ཧེ་མ་ལས་ ཁིརཱིས་བཙག་འཐུ་མཛད་གནང་གནངམ་ཨིན་མས་ ད་ མཐའན་མཇུག་གི་དུས་ཚོད་འདི་ཁར་ ཁྱེད་ཀྱི་དོན་ལུ་ ཁོ་མངོན་སུམ་དུ་ཕྱི་ཁར་བཏོན་གནངམ་ཨིན། 21 ད་ཁྱེད་ཁིརཱིས་ལས་རྒྱུད་དེ་ དཀོན་མཆོག་ལུ་དད་པ་བསྐྱེད་ཚུགས་ཅི་ དེ་སྦེ་རེ་བ་དང་དད་པ་བསྐྱེད་ཚུགས་མི་འདི་ ག་ཅི་ལས་བརྟེན་ཏེ་ཨིན་ན་ཟེར་བ་ཅིན་ དཀོན་མཆོག་གིས་ཁིརཱིས་གཤགས་ས་ལས་ལོག་གསོན་པོ་སྦེ་བཞེངས་གནང་སྟེ་ ཁོ་ལུ་གཟི་བརྗིད་གནང་ནི་འདི་གིས་ཨིན། 22 ད་ཁྱེད་ཆ་ཁྱབ་བདེན་པའི་གསུང་ལུ་ཉན་ནི་དེ་གིས་ ཁྱེད་རྣམ་པར་དག་པ་འཐོན་ཏེ་ ཁྱེད་རང་གི་སྤུན་ཆ་ཚུ་ལུ་ དོན་ལས་རང་ ཁྱེད་ཀྱིས་བྱམས་པ་འབདཝ་ཨིན་མས་ ད་འཕྲོ་མཐུད་དེ་རང་ རྫུས་མ་མེན་པར་ སེམས་ཀྱི་གཏིང་ལས་རང་ གཅིག་གིས་གཅིག་ལུ་ བྱམས་པ་འབད། 23 ག་ཅི་སྨོ་ཟེར་བ་ཅིན་ དུས་རྒྱུན་དུ་འགྱུར་བ་མེད་པར་ གསོན་པོ་སྦེ་བཞུགས་ཡོད་མི་ དཀོན་མཆོག་གི་གསུང་གི་ཐོག་ལས་ ཁྱེད་མེདཔ་འགྱོ་བའི་སོན་ལས་མེན་པར་ མེདཔ་ཐལ་ནི་མེད་པའི་སོན་ལས་ མི་ཚེ་གསརཔ་སྦེ་སྐྱེས་སྐྱེསཝ་ཨིན། 24 ཤ་ཁྲག་ཕུང་པོའི་མིའི་ལུས་འདི་ ག་ར་རྩྭ་དང་འདྲ་ འདི་གི་གཟི་བརྗིད་འདི་ མེ་ཏོག་བཟུམ་ཨིན་ ཡུདཔ་ཐེངས་ཅིག་ལུ་རྩ་སྐམ་ དེ་ལས་མེ་ཏོག་བུད་དེ་འགྱོཝ་ཨིན། 25 དེ་འབདཝ་ད་ གཙོ་བོའི་གསུང་འདི་ དུས་རྒྱུན་དུ་རང་བཞུགས་ཡོད། ཨ་ནི་གསུང་འདི་ ཁྱེད་ལུ་བཤད་མིའི་གཏམ་བཟང་འདི་ཨིན།
1 དེ་འབདཝ་ལས་ མགུ་བསྐོར་རྐྱབ་ནི་ ཁ་ཆོས་འབད་ནི་ ཕྲག་དོག་བསྐྱེད་ནི་ ཁ་གཏང་ནི་ སྤྱོད་ངན་འབད་ནི་ དེ་ཚུ་ག་ར་ ཁྱེད་ཀྱིས་སྤང་དགོ། 2 དེ་ལས་ ཨ་ལོ་གསརཔ་སྐྱེས་མི་ལུ་ ཨོམ་རྐྱངམ་གཅིག་འཐུང་དགོཔ་བཟུམ་སྦེ་ ཁྱེད་ཡང་དཀོན་མཆོག་གི་གསུང་གི་ ཨོམ་ཉག་རྐྱང་འཐུང་ནི་གི་རེ་འདོད་བསྐྱེད་དེ་སྡོད་དགོ་ དེ་ལས་ཁྱེད་ཆ་ཁྱབ་དད་པ་ནང་ཁུག་སྟེ་ ཐར་པའི་ལམ་ནང་ཡར་རྒྱས་འགྱོ་འོང་། 3 ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་འདི་ག་ཅི་དེས་ཅིག་ཐུགས་བརྩེ་བ་ཡོདཔ་ཨིན་ན་ ད་ཁྱེད་ཀྱིས་ཉམས་མྱོང་འབད་དེ་བལྟ་ཚརཝ་ཨིན།། 4 ད་ཁྱེད་ཆ་ཁྱབ་ཁིརཱིས་ཀྱི་སྐུ་མདུན་ལུ་ཤོག་ མ་གཞི་ ཁིརཱིས་འདི་ མི་གིས་མ་དགོ་པར་བཀོག་བཞག་བཞག་པའི་ གསོན་པོའི་ཟུར་རྡོ་ཨིན་རུང་ དེ་དཀོན་མཆོག་གི་ཐུགས་ཁར་ བཙག་འཐུ་གནང་གནང་མིའི་ རྩ་ཆེ་ཤོས་དེ་ཨིན། 5 དེ་མ་ཚད་དཀོན་མཆོག་གིས་ ཁྱེད་ཡང་གསོན་པོའི་རྡོ་སྦེ་བཙུགས་གནང་སྟེ་ ཐུགས་ཉིད་ཀྱི་བཞུགས་ཁང་བཞེངས་གནང་བའི་བསྒང་རང་ཨིན་ དེ་ལས་ཁྱེད་ཆ་ཁྱབ་དམ་པའི་བླམ་སྦེ་བཀལ་གནངམ་ཨིནམ་མ་ཚད་ ཡེ་ཤུ་ཁིརཱིས་ལས་རྒྱུད་དེ་ ཁྱེད་ཀྱིས་ ཁོ་གི་ཐུགས་དགྱེས་པའི་ སེམས་ཉིད་ཀྱི་མཆོདཔ་ཕུལ་ནི་ཨིན། 6 ག་ཅི་སྨོ་ཟེར་བ་ཅིན་ གསུང་རབ་ནང་ལུ། ང་གིས་ ཟི་ཨཱོན་ནང་རྡོ་གཅིག་བཙུག་དོ་ རྡོ་འདི་ གདམ་ཁ་རྐྱབ་རྐྱབ་དང་ ཟུར་རྡོ་རྩ་ཅན་གཅིག་ཨིན་ ཁོ་ལུ་དད་པ་བསྐྱེད་མི་ག་ར་ཨིན་རུང་ ནམ་ཡང་བློ་ཕམ་མི་བཅུག 7 ད་ཁྱེད་དད་པ་བསྐྱེད་མི་ཚུ་གི་དོན་ལུ་ རྡོ་འདི་རྩ་ཅན་གཅིག་ཨིན་ དེ་འབདཝ་ད་ དད་པ་མ་བསྐྱེད་མི་ཚུ་གི་དོན་ལུ་འབད་བ་ཅིན། རྩིག་བཟོཔ་གིས་མ་དགོ་པར་ བཀོག་བཞག་མིའི་རྡོ་འདི་ ཤུལ་མ་ཟུར་རྡོ་རྩ་ཅན་ལུ་འགྱུར་ནུག 8 ད་རུང་། ཁོ་རྐངམ་ཐོགས་བཅུག་མིའི་རྡོ་ ཁོ་གུ་ཐོགས་ཏེ་འགྱེལ་འགྱོ་འོང་ཟེར་ དེ་སྦེ་བྲིས་ཏེ་འདུག་ ཁོང་རྐངམ་ཐོགས་དོ་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་གསུང་ལུ་མ་ཉན་ནི་འདི་གིས་ཨིན་ དེ་ལས་ཁོང་གི་དོན་ལུ་བཙག་འཐུ་མཛད་བཞག་མི་དང་ཁ་ཐུག་རྐྱབ་ཨིན། 9 དེ་འབདཝ་ད་ ཁྱེད་ཁོང་བཟུམ་སྦེ་མེན་ ཁྱེད་དཀོན་མཆོག་གིས་བཙག་འཐུ་མཛད་གནང་མི་དང་ རྒྱལ་འཛིན་གྱི་བླམ་ དམ་པའི་མི་རིགས་ དཀོན་མཆོག་ཁོ་རང་གི་མི་ཚུ་ཨིན་ ད་ ཁོ་གིས་ཁྱེད་ཆ་ཁྱབ་གནག་དུང་ནང་ལས་ ཡ་མཚན་ཆེ་བའི་འོད་ནང་འབོ་སྟེ་གནངམ་ལས་བརྟེན་ཏེ་ དཀོན་མཆོག་གི་ཧ་ལས་པའི་ཕྱག་ལཱ་དེ་ཚུ་གཞན་ལུ་ ཁྱེད་ཀྱིས་སྟོན་བྱིན་འོང་། 10 ཧེ་མ་ཁྱེད་དཀོན་མཆོག་གི་མི་མེན་པས་ ད་ཁྱེད་ཁོ་གི་མི་ཨིན་ ཧེ་མ་དཀོན་མཆོག་གི་སྙིང་རྗེ་ག་ནི་ཡང་མ་ཐོབ་པར་སྡོད་སྡོདཔ་ཨིན་ ད་ཁྱེད་ལུ་ཁོ་རང་གི་སྙིང་རྗེ་གིས་གཟིགས་ཏེ་རང་ཡོད། 11 ངེ་གི་བྱམས་པའི་ཆ་རོགས་ཆ་ཁྱབ་ ཁྱེད་འཇིག་རྟེན་ནང་ལུ་ ཕྱི་རྒྱལ་གྱི་མི་ ཐག་རིང་ས་ལས་འོང་མིའི་མགྱོནམ་བཟུམ་ཅིག་ཨིན་ དེ་གིས་འབད་ ཁྱེད་ལུ་དགྲ་འབད་མི་སྡིག་པའི་འདོད་ཆགས་ཚུ་སྤང་དགོ་ཟེར་ང་གསོལཝ་བཏབ་ཨིན། 12 ཁྱེད་ཀྱིས་དདཔ་ཅན་མེན་མིའི་ཁྱིམ་ཚང་ཚུ་དང་སྡོདཔ་ད་ རང་གི་བྱ་བ་སྤྱོད་ལམ་དེ་ཚུ་དྲནམ་བཏོན་ཏེ་ ལེགས་ཤོམ་འབད་དགོ་ ཁོང་གིས་ཁྱེད་ལུ་སྐྱོན་བཏགས་ཏེ་འཛོལ་བ་འབདཝ་མས་ཟེར་སླབ་རུང་ ཁྱེད་ཀྱི་བྱ་བ་སྤྱོད་ལམ་ལེགས་ཤོམ་ལུ་བལྟ་སྟེ་ ཁིརཱིས་ལོག་སྟེ་ཁྲིམས་ཕྱེ་བ་བྱོན་པའི་ཉིནམ་ལུ་ ཁོང་གིས་དཀོན་མཆོག་ལུ་བསྟོད་པ་ཕུལ་འོང་།། 13 ག་ར་ལས་དབང་ཚད་ཡོད་མིའི་རྒྱལཔོ་འབད་རུང་ གཞུང་གི་འགོ་དཔོན་འབད་རུང་ དབང་ཚད་ག་ར་གི་འོག་ལུ་སྡོད་དགོ་ དེ་སྦེ་འབད་མི་འདི་ གཙོ་བོ་གི་དོན་ལུ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ རྒྱལཔོ་གིས་དབང་ཚད་གནང་སྟེ་བཏང་མིའི་འགོ་དཔོན་འདི་ འཛོལ་བ་འབད་མི་ ག་འབད་རུང་ མི་འདི་ལུ་ཁྲིམས་བཏང་ནི་དང་ ལཱ་ལེགས་ཤོམ་དང་ཀྲིག་ཀྲི་སྦེ་འབད་མི་ ག་འབད་རུང་ འདི་ལུ་བསྟོད་པ་བརྐྱབ་ནི་གི་དོན་ལུ་ཨིན། 15 དེ་ལས་ དཀོན་མཆོག་གི་ཐུགས་དགོངས་འདི་ཨ་ནི་ཨིན་ ཁྱེད་ཀྱིས་བྱ་བ་བཟང་པོ་འབད་བའི་ཐོག་ལས་ མི་རྩ་རྒས་ཚུ་གི་ཁུངས་མེད་པའི་བློ་ཚུ་གིས་ ཁྱེད་ལུ་སྐྱོན་བཏགས་མ་ཚུགསཔ་སྦེ་ ཁུ་སིམ་སི་བཟོ་ནི་འདི་ཨིན་མས། 16 དེ་ལས་ ཁྱེད་རྒྱོབོ་མེན་པར་ རང་དབང་རང་ཚད་ཡོད་མི་ཚུ་ཨིན་ དེ་འབདཝ་ལས་ ཁྱེད་ རང་དབང་རང་ཚད་ཡོད་མི་ཚུ་ཨིནམ་ལས་ ལཱ་ངན་པ་འབད་ནི་གི་དོན་ལུ་ ཧད་འཕུལ་ནི་མེན་པར་ དཀོན་མཆོག་གི་ཕྱག་ཞུ་སྟེ་སྡོད་དགོ། 17 དེ་ལས་ མི་ག་ར་ལུ་ཞེ་ས་འབད་དགོཔ་མ་ཚད་ དདཔ་ཅན་སྤུན་ཆ་ཚུ་ལུ་བྱམས་པ་འབད་དགོ་ དེ་ལས་དཀོན་མཆོག་ལུ་བལྟ་སྟེ་འདྲོག་ རྒྱལཔོ་ལུ་གུས་ཞབས་ཞུ།། 18 དེ་ལས་ཁྱེད་ཀྱིས་གཡོག་རྒྱུག་མི་ རང་གི་སྦྱིན་བདག་གི་བཀའ་ལུ་ཉན་ཏེ་ གུས་ཞབས་དང་བཅསཔ་སྦེ་འབད་དགོ་ དེ་འབདཝ་ད་ སྦྱིན་བདག་བྱམས་བརྩེ་ཅན་དང་ལེགས་ཤོམ་རྐྱངམ་གཅིག་ལུ་མེན་པར་ སྦྱིན་བདག་གདུག་དྲགས་ཡོད་མི་ཚུ་ལུ་ཡང་ཉན་དགོ། 19 དེ་ལས་ ཁྱེད་ལུ་ཉེས་པ་ག་ནི་ཡང་མེད་རུང་ གཞན་གྱིས་ཁྱེད་ལུ་གནོད་པ་སྐྱེལ་ཏེ་སྡུག་བསྔལ་མྱོང་དགོཔ་ད་ དཀོན་མཆོག་གི་ཐུགས་དགོངས་སེམས་ཁར་དྲན་ཏེ་བཟོད་པ་བསྒོམས་ཏེ་སྡོད་པ་ཅིན་ དཀོན་མཆོག་གིས་ཁྱེད་ལུ་ཐུགས་དགྱེས་འོང་། 20 མ་གཞི་ ག་དེམ་ཅིག་སྦེ་ ཁྱེད་ཀྱིས་ལཱ་འཛོལ་བ་འབད་དེ་ རོགས་ཀྱིས་ཁྱེད་ལུ་དྲང་བརྡུངམ་ད་ ཁྱེད་ཀྱིས་བཟོད་པ་སྒོམ་པ་ཅིན་ འདི་ལུ་ཧ་ལས་མི་ཚུགས་ དེ་འབདཝ་ད་ ཁྱེད་ཀྱིས་ལཱ་ལེགས་ཤོམ་འབད་དེ་ སྡུག་བསྔལ་མྱོངམ་ད་ བཟོད་པ་སྒོམ་ཚུགས་པ་ཅིན་ དཀོན་མཆོག་གིས་ཁྱེད་ལུ་ཐུགས་དགྱེས་འོང་། 21 ལེགས་ཤོམ་འབད་དེ་ སྡུག་བསྔལ་མྱོང་ནིའི་དོན་ལུ་ ཁྱེད་ལུ་འབོ་གནང་གནངམ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁིརཱིས་ཀྱིས་ཁྱེད་ཀྱི་དོན་ལུ་སྡུག་བསྔལ་མྱོང་ཡི་ ཁིརཱིས་ཀྱི་ཞབས་རྗེས་འདི་ ཁྱེད་ཀྱི་དོན་ལུ་དཔེ་སྦེ་སྟོན་ཏེ་བཞག་ཅི་ ཁྱེད་ཀྱིས་ཁོ་གི་རྟིང་ཤུལ་བདའ་དགོཔ་ཨིན། 22 ཁིརཱིས་ཀྱིས་སྡིག་པའི་ཕྱག་ལཱ་རྩ་ལས་རང་མ་མཛད་ ཁོ་གིས་ག་ལུ་ཡང་མགུ་བསྐོར་མ་བརྐྱབས། 23 ཁོ་ལུ་སྐྱོན་བཏགས་ཏེ་སྐུར་པ་བཏབ་མི་ལུ་ ཁོ་གིས་ལོག་སྟེ་ལན་ག་ཅི་ཡང་མ་གསུངས་ ཁོ་གིས་སྡུག་བསྔལ་མྱོང་སྟེ་འབད་རུང་ དགྲ་ལན་འཇལ་ནིའི་ཚིག་གཅིག་ཡང་མ་གསུངས་པར་ རྩོད་གཞི་འདི་ ག་ར་ཁྲིམས་ཕྲང་སྟེ་ཕྱེ་མིའི་ དཀོན་མཆོག་གི་ཕྱག་ལུ་ཕུལ་བཞག་ཅི། 24 དེ་ལས་ང་བཅས་ སྡིག་པའི་དབང་ཚད་འོག་ལུ་སྡོད་ནི་བཞག་སྟེ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་སྦེ་སྡོད་ནི་གི་དོན་ལུ་ ཁིརཱིས་ཀྱིས་ང་བཅས་ཀྱི་སྡིག་པ་འདི་ ཁོ་རང་གི་སྐུ་གཟུགས་ལུ་བསྣམས་ཏེ་ ཁྲམས་ཤིང་གུ་གཤགས་ཅི་ ཁོ་གི་རྨ་གིས་ན་ཟུག་ལས་འབད་ ཁྱེད་ལུ་དྲགཔ་མཛད་ཅི། 25 ཧེ་མ་ཁྱེད་ཆ་ཁྱབ་ལུག་བཟུམ་སྦེ་ བྱང་སྟོར་ཞུགས་མི་ཨིན་རུང་ ད་ལྟོ་ལོག་སྟེ་ ཁྱེད་རང་གི་ལུག་རྫིཔ་དང་ བདག་འཛིན་པ་བཞུགས་སར་ལྷོད་ཅི།།
1 དེ་བཟུམ་སྦེ་ ཁྱེད་ཨམ་སྲུ་ཚུ་ རྨགཔ་གི་དབང་ཚད་ཀྱི་འོག་ལུ་སྡོད་དགོ་ དེ་སྦེ་འབདཝ་ད་ ཁོང་རྨགཔ་ལ་ལུ་ཅིག་ དཀོན་མཆོག་གི་གསུང་ལུ་མ་ཉན་མི་ཡོད་དེ་འབད་རུང་ ཁོང་ལུ་ཁ་ལན་འཇལ་ནི་མེན་པར་ ཁྱེད་རང་གི་འབད་གཞག་གི་ཐོག་ལས་ རྒྱལ་ཁ་ཐོབ་སྟེ་ ཁོང་དད་པ་བསྐྱེད་ཚུགས་འོང་། 2 ག་ཅི་སྨོ་ཟེར་བ་ཅིན་ ཁོང་གིས་ཁྱེད་ཀྱི་འབད་གཞག་ རྣམ་པར་དག་ཏོག་ཏོ་དང་ གུས་ཞབས་ཡོད་མི་དེ་ལུ་བལྟ་འོང་། 3 ཁྱེད་ཀྱི་ངོ་རིས་ལེགས་ཤོམ་འདི་ ཕྱི་ཁར་ལས་ སྐྱ་དང་སྐྱའི་གུ་ མགུ་ཤད་བརྐྱབས་ཏེ་བཟོ་བཟོ་ནི་དང་ གསེར་གྱི་རྒྱན་ཆ་བཏགས་ནི་ དེ་ལས་བགོ་ལ་ལེགས་ཤོམ་གྱོན་ནི་ཚུ་མེན། 4 ཁྱེད་ཀྱི་ངོ་རིས་ལེགས་ཤོམ་འདི་ སེམས་ཀྱི་ནང་ན་ མིག་གིས་མ་མཐོང་མི་ ཁུ་སིམ་སི་སྦེ་ འགྱུར་བ་མེད་པའི་ ཉམ་ཆུང་སྦེ་ཡོད་མི་རྣམ་ཤེས་འདི་ཨིན་ འདི་དཀོན་མཆོག་གི་ཁ་ཐུག་ལུ་རྩ་ཆེ་བའི་རིན་གོང་སྦོམ་ཨིན། 5 ཧེ་མ་གི་དུས་ཀྱི་ཨམ་སྲུ་དམ་པ་ཚུ་གིས་ཡང་ དེ་བཟུམ་སྦེ་འབད་ནུག་ ཁོང་གིས་དཀོན་མཆོག་ལུ་རེ་བ་བསྐྱེད་དེ་ ཁོང་རང་གི་རྨགཔ་གི་ཁ་ལུ་ཉན་པའི་ཐོག་ལས་ ཁོང་རང་གི་ངོ་རིས་ལེགས་ཤོམ་བཟོ་བཟོཝ་ཨིན་མས། 6 དེ་ལས་ ས་ར་ཡང་དེ་བཟུམ་སྦེ་ ཕ་བརྒྱུད་ ཨབ་ར་ཧམ་གྱི་ཁ་ལུ་ཉན་ཏེ་ ཁོ་ལུ་གཙོ་བོ་ཟེར་ཞུ་ཞུཝ་ཨིན་མས་ ཁྱེད་ཡང་ ག་ཅི་ལུ་ཡང་མ་འདྲོག་པར་ ག་ཀྲིག་ཀྲི་ཨིན་མི་འདི་འབད་བ་ཅིན་ མོ་གི་བུམོ་ཨིན། 7 དེ་བཟུམ་སྦེ་ ཁྱེད་རྨགཔ་ཚུ་གིས་ཡང་ རང་གི་ཨམ་སྲུ་དང་གཅིག་ཁར་སྡོདཔ་ད་ མོ་ལུ་ཤུགས་སྟོབས་མེད་ཟེར་ཧ་གོ་སྟེ་ མོ་ལུ་གུས་ཞབས་འབད་དགོ་ མོ་ལུ་བརྩི་མཐོང་གི་ཐོག་ལས་ ལེགས་ཤོམ་སྦེ་འབད་བྱིན་དགོ་ ག་ཅི་སྨོ་ཟེར་བ་ཅིན་ མོ་གིས་ཡང་ཁྱེད་དང་གཅིག་ཁར་ རང་དང་འདྲ་བའི་ནོར་སྐལ་ དཀོན་མཆོག་གིས་གནང་མིའི་ཚེ་ གསོལ་རས་སྦེ་ཐོབ་ཡོདཔ་ཨིན་ ཁྱེད་རྨགཔ་ཚུ་གིས་དེ་སྦེ་འབདཝ་ད་ ཁྱེད་རང་གི་སྨོན་ལམ་ནང་ བར་ཆད་མི་འབྱུང་།། 8 མཐའན་མཇུག་ལུ་ ཁྱེད་ག་ར་སེམས་དང་མནོ་བསམ་གཅིག་སྦེ་བཏང་དགོ་ གཅིག་གིས་གཅིག་ལུ་ཤ་ཚ་སྟེ་ སྤུན་ཆ་ལུ་བྱམས་པ་འབད་ སྙིང་རྗེ་བསྐྱེད་དེ་ ཉམ་ཆུང་སྦེ་སྡོད་དགོ། 9 དེ་ལས་ ངན་ལན་ངན་པ་གིས་མ་འཇལ་ ཚིག་རྩུབ་སླབ་མིའི་ལན་ ཚིག་རྩུབ་ཀྱིས་མ་འཇལ་བར་ དེ་གི་ཚབ་མ་ལུ་ བྱིན་རླབས་ཞུ་བྱིན་དགོ་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁྱེད་ལུ་ ཨ་ནི་འབད་ནི་སྦེ་འབོ་གནང་གནངམ་ཨིན་ དེ་ལས་དེ་གིས་འབད་ ཁྱེད་ཡང་བྱིན་རླབས་ཐོབ་ནི་ཨིན། 10 ག་ཅི་སྨོ་ཟེར་བ་ཅིན། ག་ར་འབད་རུང་ རང་གི་མི་ཚེ་ནང་དགའ་ཏོག་ཏོ་ ཉིནམ་ལེགས་ཤོམ་བལྟ་དགོ་མནོ་བ་ཅིན་ ཨིན་ཅི་མིན་ཅི་ རང་གི་ལྕེ་འདི་གིས་ ཚིག་ངན་སླབ་ནི་སྤངས་ཏེ་ ཁ་གིས་མགུ་བསྐོར་དང་གཡོ་སྒྱུ་གི་གཏམ་རྩ་ལས་ར་མ་སླབ། 11 དེ་ལས་ངན་པ་སྤངས་ཏེ་བཟང་པོ་འབད་ གཞན་དང་མཐུན་ལམ་བསྒྲིག་ནི་ལུ་ བརྩོན་ཤུགས་བསྐྱེད་དེ་སྡོད། 12 ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་གི་སྤྱན་འདི་ ཆོས་སེམས་ཡོད་མི་ལུ་གཟིགས་ཏེ་ ཁོ་གི་སྙན་འདི་ ཁོང་གིས་ཞུ་མིའི་སྨོན་ལམ་ལུ་གསནམ་ཨིན་ དེ་འབདཝ་ད་ ཁོ་གི་ཞལ་འདི་ སྤྱོད་ངན་འབད་མི་ཚུ་ལུ་གཟིགས་ཏེ་ དགོངསམ་ཁྲེལཝ་ཨིན།། 13 དེ་ལས་ཁྱེད་ཀྱིས་ཕྲང་སྟེ་ལེགས་ཤོམ་འབད་ནི་ལུ་རྩ་འགེངས་པ་ཅིན་ ག་གིས་ཁྱེད་ལུ་གནོདཔ་བཀལ་ནི་སྨོ། 14 ཨིན་རུང་ ཁྱེད་ཀྱིས་ཕྲངམ་ལས་བརྟེན་ཏེ་ དཀའ་ངལ་མྱོང་དགོ་པ་ཅིན་ དཀོན་མཆོག་གིས་ཁྱེད་ལུ་བྱིན་རླབས་གནང་འོང་ དེ་འབདཝ་ལས། ཁོང་ལུ་བལྟ་སྟེ་ ཚ་གྱང་མ་ལང་ འདྲོག་ཡང་མི་དགོ། 15 དེ་འབདཝ་ད་ ཁྱེད་རང་གི་སེམས་ཁར་ལུ་ ཁིརཱིས་འདི་གཙོ་བོ་དམ་པ་སྦེ་མཇལ་ཏེ་ ཁོ་ལུ་གུས་ཞབས་ཕུལ་དགོ་ དེ་ལས་ཁིརཱིས་ལུ་ཁྱེད་ཀྱིས་རེ་བ་བསྐྱེད་དགོ་མི་དོན་དག་གི་སྐོར་ལས་ མི་ཚུ་གིས་ཁྱེད་ལུ་དྲི་བ་ཅིན་ ལན་སླབ་ནི་ལུ་གྲ་སྒྲིག་སྦེ་སྡོད་དགོ། 16 དེ་འབདཝ་ད་ ཨ་ནི་འདི་ཉམ་ཆུང་དང་ ཞེ་ས་གི་ཐོག་ལས་ལན་སླབ་དགོཔ་མ་ཚད་ རང་གི་དྲན་ཤེས་གསལ་ཏོག་ཏོ་སྦེ་ རང་ལུ་འཛོལ་བ་ག་ནི་ཡང་མེད་པར་ བྱ་བ་སྤྱོད་ལམ་ཚུ་ལེགས་ཤོམ་འབད་དེ་སྡོད་དགོ་ དེ་ལས་ཁྱེད་ལུ་སྐྱོན་བཏགས་ཏེ་ གཏམ་ངན་སླབ་ ཁ་གཏང་དགོ་མནོ་མི་དེ་ཚུ་གིས་ འདི་མཐོངམ་ད་ ཁོང་རང་ངོ་ཚ་སྟེ་སྡོད་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཁིརཱིས་ཀྱི་ཞབས་ཕྱིཔ་ཚུ་ཨིན། 17 དེ་བཟུམ་སྦེ་ སྡུག་བསྔལ་མྱོང་དགོཔ་འདི་ དཀོན་མཆོག་གི་ཐུགས་དགོངས་ཨིན་པ་ཅིན་ ངན་པ་འབད་དེ་སྡུག་བསྔལ་མྱོངསམ་བ་འདི་ བཟང་པོ་འབད་དེ་ སྡུག་བསྔལ་མྱོང་ནི་དེ་ལེགས་ཤོམ་ཨིན། 18 ག་ཅི་སྨོ་ཟེར་བ་ཅིན་ དུས་རྟག་པ་གི་དོན་ལུ་ སྟབས་གཅིག་སྦེ་ཁིརཱིས་ ང་བཅས་ཀྱི་སྡིག་པ་གསལ་ནིའི་དོན་ལུ་ སྡུག་བསྔལ་མྱོང་སྟེ་ ཆོས་སེམས་ཡོད་མི་དང་ སྐྱོན་མེདཔ་ཨིན་མི་དེ་གིས་ ང་བཅས་མི་ཉེས་པ་དང་སྡིག་པ་ དཀོན་མཆོག་གི་སྐུ་མདུན་ལུ་འཁྱིད་འོང་ནི་སྦེ་གཤགས་ཅི་ ཁོ་རའི་སྐུ་གཟུགས་འདི་ ཁྲམ་ཤིང་གུ་བཀྲོངས་ཏེ་འབད་རུང་ ཐུགས་ཉིད་དེ་གིས་ ཁོ་སྐུ་གསོན་པོ་བཞེངས་གནང་ཡི། 19 ཐུགས་ཉིད་ཀྱི་རྒྱུད་ལས་ ཁོང་སེམས་ཉིད་ཀྱི་བཙོན་པ་ཚུ་སྡོད་སར་བྱོན་ཏེ་ ཁོ་གིས་ཆོས་བཤད་ཅི། 20 ཨ་ནི་དེ་ཚུ་ དུས་ཡུན་མང་རབས་ཅིག་གི་ཧེ་མ་ ནོ་ཝ་གིས་གྲུ་བཟོ་བའི་སྐབས་ལུ་ དཀོན་མཆོག་གིས་ཐུགས་ཁར་བཟོད་པ་བཞེས་ཏེ་སྒུག་བཞུགསཔ་ད་ དཀོན་མཆོག་གི་བཀའ་ལུ་མ་ཉན་མི་དེ་ཚུ་ཨིན་མས་ དེའི་གྲལ་ཁ་ལས་ མི་བརྒྱད་ གྲུ་ནང་འཛུལ་ཏེ་ ཆུའི་གུ་ལས་ཕར་འགྱོ་མི་ཚུ་ལུ་སྐྱབས་མཛད་ནུག 21 དེ་ལས་ཨ་ནི་ཆུ་གི་དཔེ་འདི་ ད་ལྟོ་ང་བཅས་ཁྲུས་གསོལ་ཞུ་སྟེ་ སྐྱབས་མཛད་མིའི་དོན་དག་འདི་དང་ གཅིག་རང་ཨིན་མས་ ཁྲུས་གསོལ་ཞུ་ནི་ཟེརཝ་ད་ གཟུགས་ཆུ་འཁྱུ་སྟེ་ དྲེག་པ་དགཔ་བཟོཝ་མེན་ དེ་འབདཝ་ད་ ཁིརཱིས་གཤགས་ས་ལས་སྐུ་གསོན་པོ་བཞེངས་གནང་མི་འདི་གིས་ དཀོན་མཆོག་གི་གཟིགས་སར་ཁྱེད་ དྲན་ཤེས་གསལ་ཏོག་ཏོ་མཛད་གནང་ཡི་ཟེར་ངོས་ལེན་འབདཝ་ཨིན། 22 ཁིརཱིས་ཞིང་ཁམས་ལུ་བྱོན་ཏེ་ དཀོན་མཆོག་གི་ཕྱག་གཡས་ཁ་ཐུག་ལུ་བཞུགས་ཏེ་ ཕོ་ཉ་ཚུ་དང་ གནམ་ཁ་གི་དབང་འཛིན་འབད་མི་ བདུད་དང་བཙན་ ག་ར་ཁོ་གི་དབང་ཚད་འོག་ལུ་ བཙུགས་ཏེ་ཡོད།།
1 ད་ཁིརཱིས་ཀྱིས་ ཁོ་རའི་སྐུ་གཟུགས་ནང་ སྡུག་བསྔལ་མྱོངམ་ལས་བརྟེན་ཏེ་ འདི་སེམས་ཁར་དྲན་ཏེ་ཁྱེད་ཀྱིས་ཡང་ དེ་བཟུམ་གྱི་མནོ་བསམ་གཏང་དགོ་ ག་ཅི་སྨོ་ཟེར་བ་ཅིན་ རང་གི་གཟུགས་ནང་ ཁིརཱིས་ཀྱི་དོན་ལུ་ སྡུག་བསྔལ་མྱོང་སྟེ་ཡོད་མི་ ག་གིས་རང་འབད་རུང་ མི་དེ་གིས་ སྡིག་པ་འབད་ནི་སྤངམ་ཨིན། 2 མི་དེ་གིས་ འཛམ་གླིང་ནང་ སྡོད་པའི་རིང་ལུ་ ཁོ་རའི་མི་ཚེ་འདི་ མིའི་འདོད་པ་བཞིན་དུ་སྡོད་ནི་གི་ལཱ་མི་འབད་ དེ་འབདཝ་ད་ ཁོ་གིས་ དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་འབད་ནི་ལུ་ རྩ་འགེངས་ཏེ་སྡོད་འོང་། 3 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་འདས་པའི་མི་ཚེ་འདི་ནང་ དཀོན་མཆོག་ངོ་མ་ཤེས་མི་བཟུམ་སྦེ་ སྤྱོད་ངན་འབད་ནི་དང་ འདོད་ཆགས་ལུ་སྤྱོད་ནི་ ཆང་གིས་ར་བཟི་ནི་ འཆལ་སྤྱོད་སྤྲོ་སྟོན་ནང་བཅའ་མར་གཏོགས་ནི་ ཞེན་པ་ལོག་སི་སི་གི་སྐུ་ལུ་ཕྱག་འཚལ་ནི་ཚུ་ འབད་དེ་ ཁྱེད་ཀྱིས་ དེ་ཚུ་ལངམ་སྦེ་འབད་ཡི། 4 ད་ཁྱེད་ཀྱི་ཧེ་མ་གི་ཆ་རོགས་ཚུ་གིས་ ཁོང་གིས་སྤྱོད་ངན་གྱི་ལཱ་འབད་དོཝ་བཟུམ་སྦེ་ ད་ལྟོ་ཁྱེད་ཀྱིས་མ་འབདཝ་མཐོངམ་ད་ ཁོང་ཧ་ལས་ཏེ་ ཁོང་གིས་ཁྱེད་ཀྱི་སྐོར་ལས་གཏམ་ངན་སླབ་འོང་། 5 ཨིན་རུང་ མི་གསོན་པོ་དང་མི་ཤི་མི་ གཉིས་ཆ་ར་ལུ་ ཁྲིམས་ཕྱེ་ནིའི་དོན་ལུ་གྲ་སྒྲིག་སྦེ་བཞུགས་མིའི་ དཀོན་མཆོག་ལུ་ ཁོང་གིས་རྩིས་ཕུལ་དགོ། 6 ག་ཅི་སྨོ་ཟེར་བ་ཅིན་ དེ་གི་དོན་ལུ་ ཁོང་ཤི་སོང་མི་ཚུ་ལུ་ཡང་ གཏམ་བཟང་བཤད་དགོ་པའི་དོན་དག་འདི་ མིའི་ལུས་འདི་ལུ་ ཆདཔ་ཕོག་སྟེ་ ཤི་དགོ་རུང་ སེམས་ཉིད་འདི་ དཀོན་མཆོག་དང་གཅིག་ཁར་ གསོན་པོ་སྦེ་སྡོད་ནིའི་དོན་ལུ་ཨིན་མས། 7 དུས་མཐའན་མཇུག་ལུ་ ག་ཅི་འབྱུང་ནི་ཨིན་ན་ དེ་ཚུ་ག་ར་ནཱ་སྦོ་ལོགས་ཁར་ལྷོད་ཅི་ དེ་འབདཝ་ལས་ མནོ་བསམ་ལེགས་ཤོམ་སྦེ་བཏང་སྟེ་ སེམས་ཁར་ལུ་དྲནམ་བཏོན་ དེ་ལས་ཁྱེད་ཆ་ཁྱབ་ཀྱིས་སྨོན་ལམ་བཏབ་ཚུགས། 8 ག་ར་ལས་དྲག་ཤོས་འདི་ གཅིག་གིས་གཅིག་ལུ་ཧིང་ལས་རང་བྱམས་པ་འབད་དགོ་ ག་ཅི་སྨོ་ཟེར་བ་ཅིན། བྱམས་པ་འདི་གིས་ སྡིག་པ་ག་དེ་ཅིག་རང་མང་རུང་ བཀབ་བཞག་ཚུགས། 9 དེ་ལས་ཁྱིམ་ནང་མགྱོནམ་འོངམ་ད་ ཁ་སྡུག་མ་འབར་བར་ དགའ་ཚོར་གྱི་ཐོག་ལས་ བསུ་ལེན་འབད་དགོ། 10 རེ་རེ་བཞིན་གྱིས་ དཀོན་མཆོག་ལས་ག་ཐོབ་མིའི་གསོལ་རས་དང་བསྟུན་ཏེ་ དཀོན་མཆོག་གིས་གསོལ་རས་མ་དྲཝ་ལེ་ཤ་གནང་ཡོད་མི་འདི་ ལག་ལེན་འཐབ་སྟེ་ གཅིག་གིས་གཅིག་ལུ་ཆ་རོགས་འབད། 11 ག་གིས་རང་འབད་རུང་ ཆོས་བཤད་ནིའི་གསོལ་རས་ཡོད་པ་ཅིན་ དཀོན་མཆོག་ཁོ་རང་གིས་གསུངས་དོཝ་བཟུམ་སྦེ་ཆོས་བཤད་ དེ་ལས་ག་གིས་རང་འབད་རུང་ གཞན་ལུ་ཆ་རོགས་འབད་ནིའི་གསོལ་རས་ཡོད་པ་ཅིན་ དཀོན་མཆོག་གིས་གནང་མིའི་སྟོབས་ཤུགས་དང་བསྟུན་ཏེ་ ཆ་རོགས་འབད་ དེ་འབདཝ་ལས་ ཁྱེད་ཀྱིས་འབད་མི་ག་ར་ནང་ལུ་ ཡེ་ཤུ་ཁིརཱིས་ཀྱི་ཐོག་ལས་ དཀོན་མཆོག་གི་མཚན་ཡར་ཡར་སྙན་གྲགས་ཅན་སྦེ་འགྱོ་འོང་ དེ་ལས་གཟི་བརྗིད་དང་དབང་ཤུགས་ག་ར་ དུས་ཨ་རྟག་རང་ཁོ་གི་ཨིན་ནོ་ ཨ་མཱེན།། 12 ངེ་གི་བྱམས་པའི་ཆ་རོགས་ཚུ་ ཁྱེད་ཀྱི་མི་ཚེ་ནང་ དཀའ་ངལ་ཁག་དྲགས་ བརྟག་དཔྱད་འབད་ནི་སྦེ་འབྱུངམ་ད་ ནམ་ཡང་བྱུང་མ་མྱོང་མི་ མ་འདྲཝ་བྱུང་དོ་ཟེར་ ཧ་ལས་ཏེ་རྣམ་རྟོག་མ་ལང་། 13 ཨིན་རུང་ དེ་ལུ་དགའ་སྤྲོ་འགྱུར་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་ཁིརཱིས་ཀྱི་དཀའ་ངལ་མྱོང་མིའི་ནང་ བཅའ་མར་གཏོགསཔ་ཨིན་ དེ་ལས་དུས་མཐའན་མཇུག་ལུ་ ཁོ་གི་གཟི་བརྗིད་འདི་ ཕྱི་ཁར་ཐོནམ་ད་ ཁྱེད་དེ་ལས་ཡང་ལྷག་པའི་དགའ་སྤྲོ་འགྱུར་འོང་། 14 དེ་ལས་ག་དེམ་ཅིག་སྦེ་ཁིརཱིས་ཀྱི་མཚན་གྱི་སྦེ་ ཁྱེད་ལུ་གཏམ་ངན་སླབ་སྟེ་མར་སྨད་རྐྱབ་པ་ཅིན་ ཁྱེད་ཀྱིས་བྱིན་རླབས་ཐོབ་ཐོབ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ གཟི་བརྗིད་དང་ལྡན་མིའི་ དཀོན་མཆོག་གི་ཐུགས་ཉིད་འདི་ ཁྱེད་གུ་བྱོན་ཏེ་བཞུགས་ཡོད། 15 དེ་འབདཝ་ད་ སྡུག་བསྔལ་མྱོང་པ་ཅིན་ ཁྱེད་ཀྱིས་ མི་གསད་ ཡང་ན་ཨརཝ་བརྐུ་ ལཱ་ངན་པ་འབད་ མི་གཞན་གྱི་བར་ན་དཀྲོག་ཁ་རྐྱབ་སྟེ་བྱུང་མིའི་སྡུག་བསྔལ་ ཁྱེད་ག་ལུ་ཡང་བྱུང་མ་བཅུག 16 ཨིན་རུང་ ག་ར་འབད་རུང་ ཡེ་ཤུ་པ་འབད་ཡི་ཟེར་ སྡུག་བསྔལ་མྱོང་པ་ཅིན་ ཁོ་གིས་ངོ་མ་ཚ་བར་ ཁིརཱིས་ཀྱི་མཚན་གྱི་དོན་ལུ་ སྡུག་བསྔལ་འབག་ནི་འོས་འབབ་ཡོདཔ་ཨིན་ཟེར་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་དགོ། 17 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་ཁོ་རང་གི་བཟའ་ཚང་ཚུ་ལུ་ཡང་ ཁྲིམས་ཕྱེ་བའི་དུས་ཚོད་ལུ་ལྷོད་ཅི་ དེ་ལས་ང་བཅས་ལས་རང་འགོ་བཙུགསཔ་ཨིན་པ་ཅིན་ དཀོན་མཆོག་གི་གཏམ་བཟང་མ་ཉན་མི་ཆ་ཁྱབ་ལུ་ ག་ཅི་འབྱུང་ནི་སྨོ། 18 ཆོས་སེམས་ཡོད་མི་དེ་ཚུ་ལུ་ཡང་ ཐར་པ་ཐོབ་ནི་ལཱ་ཁག་ཡོད་པ་ཅིན་ དཀོན་མཆོག་ལུ་དད་པ་མ་བསྐྱེད་མིའི་སྡིག་ཅན་ཚུ་ལུ་ ག་དེམ་ཅིག་ལཱ་ཁག་འོང་ནི་སྨོ། 19 དེ་འབདཝ་ལས་ ག་ར་འབད་རུང་ དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ སྡུག་བསྔལ་མྱོང་དགོ་པ་ཅིན་ འཕྲོ་མཐུད་དེ་རང་ ལེགས་ཤོམ་འབད་དེ་ རང་མཛད་གནང་མིའི་དཀོན་མཆོག་ལུ་ རང་གི་མི་ཚེ་ཕུལ་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་བརྟན་ཏོག་ཏོ་ཅིག་ཨིན།།
1 ང་གིས་ཁྱེད་དདཔ་ཅན་ནང་གི་འགོ་འདྲེན་འཐབ་མི་ཚུ་ལུ་ གཅིག་སླབ་ནི་ཨིན་ ང་རང་ཡང་ཁྱེད་བཟུམ་སྦེ་ འགོ་འདྲེན་འཐབ་མི་གཅིག་ཨིནམ་མ་ཚད་ ཁིརཱིས་སྡུག་བསྔལ་བཞེས་པའི་སྐབས་ ང་ཡང་དེ་གི་འཛོམ་དཔང་སྦེ་ཡོདཔ་ཨིན་ དེ་ལས་ཁོ་ལོག་བྱོན་ཏེ་ ཁོ་གི་གཟི་བརྗིད་འདི་ཕྱི་ཁར་ཐོནམ་ད་ ང་ཡང་དེ་ལས་བགོ་བཤའ་ཐོབ་མི་གཅིག་ཨིན་ ད་ཁྱེད་ལུ་དྲན་བསྐུལ་གཅིག་སླབ་ནི་ཨིན། 2 ཁྱེད་ཀྱི་སྦུག་ལུ་ཡོད་མི་ཚུ་ དཀོན་མཆོག་གི་ལུག་ཁྱུ་ཨིན་མནོ་སྟེ་ ཁྱེད་ཀྱིས་འདི་ཚུ་ལུ་ ལུག་རྫིཔ་བཟུམ་སྦེ་ལེགས་ཤོམ་སྦེ་བདག་འཛིན་འཐབ་དགོ་ དེ་སྦེ་འབདཝ་ད་ བྱ་ཐབས་མེད་པར་འབད་དགོཔ་བཟུམ་སྦེ་མེན་པར་ སེམས་ཀྱི་གཏིང་ལས་རང་ འདོད་པ་བསྐྱེད་དེ་འབད་དགོ་ ད་རུང་ ཏི་རུ་ལུ་དགོ་འདོད་བསྐྱེད་དེ་མེན་པར་ ཞབས་ཏོག་ཞུ་དགོ་ཟེར་མནོ་སྟེ་འབད་བྱིན། 3 མི་ཚུ་ལུ་འགོ་འདྲེན་འཐབ་ད་ དབང་བཙོང་སྟེ་མ་འབད་བར་ ཉམ་ཆུང་གི་ཐོག་ལས་ ལུག་ཁྱུ་ལུ་དཔེ་བཟང་པོ་སྟོན་བྱིན། 4 དེ་ལས་ལུག་རྫིཔ་གི་འགོ་དཔོན་སྦོམ་ཤོས་འདི་འབྱོནམ་ད་ ཁྱེད་ཀྱི་གསོལ་རས་འདི་ ནམ་ཡང་ཡལ་འགྱོ་ནི་མེད་པའི་ གཟི་བརྗིད་ཀྱི་གཙུག་རྒྱན་འདི་ཐོབ་འོང་། 5 དེ་བཟུམ་སྦེ་ ཁྱེད་གཞོནམ་དེ་ཚུ་ཡང་ འགོ་འདྲེན་པ་ཚུ་གི་དབང་ཚད་ལུ་ཆ་བཞག་སྟེ་ཉན་དགོ་ དེ་ལས་ཁྱེད་ག་ར་ ཉམ་ཆུང་གི་ཐོག་ལས་ གཅིག་གིས་གཅིག་ལུ་ཆ་རོགས་འབད་ ག་ཅི་སྨོ་ཟེར་བ་ཅིན། མི་ཁམས་ཅན་ཚུ་ལུ་ དཀོན་མཆོག་གིས་བཀག་ཆ་མཛདཔ་ཨིན་ དེ་འབདཝ་ད་ མི་མཉམ་ཆུང་དེ་ཚུ་ལུ་ ཁོ་གིས་ཐུགས་རྗེ་གཟིགསཔ་ཨིན། 6 དེ་འབདཝ་ལས་ ཁྱེད་ཆ་ཁྱབ་ དབང་ཤུགས་ཡོད་མིའི་ དཀོན་མཆོག་གི་ཕྱག་འོག་ལུ་ཉམ་ཆུང་སྦེ་སྡོད་དགོ་ དེ་ལས་དུས་ཚོད་ཀྲིག་ཀྲི་ལུ་ ཁོ་གིས་ཁྱེད་ལུ་མཐོ་ས་བཀལ་གནང་འོང་། 7 ཁྱེད་རང་གི་ཚ་གྱང་དང་སྡུག་བསྔལ་ག་ར་ཁོ་ལུ་ཕུལ་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ཁྱེད་ལུ་ ག་ཅི་རང་བྱུང་རུང་ བདག་འཛིན་འཐབ་གནངམ་ཨིན། 8 དུས་ཚོད་ནམ་རང་འབད་རུང་ ཁྱེད་རང་ སེམས་གསལ་ཏོག་ཏོ་སྦེ་བལྟ་ནི་དང་ དྲན་པ་བཏོན་ཏེ་སྡོད་ ཁྱེད་ཀྱི་དགྲ་བྱང་ཕྱད་བདུད་འདི་ ངར་སྐད་རྐྱབ་མིའི་སེམས་ཅན་སེངྒེ་བཟུམ་སྦེ་ ག་ཟཝ་དྲག་ག་ཟེར་བལྟ་སྟེ་འཚོལ་སྡོདཔ་ཨིན། 9 དེ་འབདཝ་ལས་ ཁྱེད་ཆ་ཁྱབ་དད་པ་ནང་སྒྲིང་སྒྲིང་སྦེ་སྡོད་དེ་ བདུད་དེ་གིས་ག་སླབ་མི་དེ་ལུ་ཉན་ཁུག་མ་བཏབ་ དེ་ལས་འཛམ་གླིང་ག་ར་ནང་གི་སྤུན་ཆ་ཚུ་ལུ་ ཨ་ནི་བཟུམ་གྱི་སྡུག་བསྔལ་བྱུང་སྟེ་ཡོད་ཟེར་ཧ་གོ་དགོ། 10 ཨིན་རུང་ ཁྱེད་ཡུདཔ་ཐེངས་ཅིག་སྡུག་བསྔལ་མྱོང་པའི་ཤུལ་ལས་ དཀོན་མཆོག་གིས་ཁྱེད་ལུ་ངལ་འཚོ་གནང་སྟེ་ ཁྱེད་མི་སྒྲིང་སྒྲིང་དང་ སྟོབས་ཤུགས་ཅན་ དེ་ལས་འགྱུར་བ་མེད་པའི་གཞི་འགྱམ་སྦེ་མཛད་གནང་འོང་ ཡེ་ཤུ་ཁིརཱིས་ཀྱི་ཐོག་ལས་ བཀའ་དྲིན་དང་ལྡན་པའི་དཀོན་མཆོག་གིས་ ཁོ་རང་གི་མཐའ་མེད་པའི་གཟི་བརྗིད་ནང་ ཁྱེད་ལུ་འབོ་གནང་སྟེ་ཡོད། 11 དེ་ལས་དབང་ཤུགས་ག་ར་ དུས་རྟག་བུ་རང་ཁོ་གི་ཨིན་ནོ་ ཨ་མཱེན།། 12 དེ་ལས་ ང་གིས་དམ་ཚིག་ཅན་སྦེ་བརྩིས་མི་ སྤུན་ཆ་ སཱིལ་ཝ་ནཱུས་ཀྱིས་ ང་ལུ་ཆ་རོགས་འབད་དེ་ ང་གིས་ཨ་ནི་ཡི་གུ་མདོར་བསྡུས་ཏེ་ ཁྱེད་ལུ་བྲིསཝ་ཨིན་ ང་གིས་དྲན་བསྐུལ་ཞུ་སྟེ་ བྲིས་མི་དོན་དག་དེ་ཨ་ནི་ཨིན་ ཁྱེད་ཀྱིས་ད་ལྟོ་སྡུག་བསྔལ་མྱོང་དགོ་སྟེ་འབད་རུང་ དོན་ལས་རང་ ཁྱེད་དཀོན་མཆོག་གི་ཐུགས་རྗེ་ནང་ལུ་བཅའ་མར་གཏོགས་མི་ཚུ་ཨིན་ དེ་ནང་ཁྱེད་བརྟན་ཏོག་ཏོ་སྦེ་གནས་དགོ། 13 ཁྱེད་དང་གཅིག་ཁར་ བཙག་འཐུ་མཛད་གནང་མིའི་དདཔ་ཅན་ ནཱ་ བ་བི་ལཱོན་ནང་ཡོད་མི་ཆོས་ཚོགས་དང་ ངེ་གི་བུ་བཟུམ་སྦེ་ཨིན་མི་ མཱར་ཀུ་གིས་ ཁྱེད་ལུ་བཀྲིས་ལེགས་སྨོན་ཞུ་དེས། 14 ཁྱེད་རང་གཅིག་གིས་གཅིག་ལུ་ ཡེ་ཤུ་པའི་བྱམས་པ་གི་ཐོག་ལས་ སྐུ་གཟུགས་བཟང་པོ་ཟེར་ཞུ་ ཁིརཱིས་ནང་ཡོད་མི་ག་ར་ལུ་ཞི་བདེ་གནང་བར་ཤོག། །།
1 ཨ་ནི་ཡི་གུ་འདི་ ཡེ་ཤུ་ཁིརཱིས་ཀྱི་ཕྱག་ཞུ་མི་སྐུ་ཚབ་ ང་ སི་མཱོན་པེ་ཏྲོ་གིས་ ང་བཅས་རའི་དཀོན་མཆོག་ སྐྱབས་མགོན་ཡེ་ཤུ་ཁིརཱིས་ཀྱི་ དྲང་བདེན་གྱི་རྒྱུད་ལས་སྦེ་ ང་བཅས་ཀྱི་དད་པ་བཟུམ་སྦེ་ ཁྱེད་ཀྱི་དད་པ་ཡང་ རིན་ཐང་ཅན་བཟུམ་སྦེ་ཐོབ་སྟེ་ཡོད་མི་ཚུ་ལུ་བྲིས་དོ། 2 དཀོན་མཆོག་དང་ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ལུ་ ངོ་ཤེས་པའི་ཐོག་ལས་ ཁྱེད་ལུ་ཐུགས་རྗེ་དང་ཞི་བདེ་གནང་བར་ཤོག། 3 དཀོན་མཆོག་གིས་ ཁོ་རའི་ཡ་མཚན་ཆེ་བའི་གཟི་བརྗིད་དང་མཆོག་ཏུ་གྱུར་པའི་རང་བཞིན་གྱི་རྒྱུད་ལས་ ང་བཅས་ལུ་ཁོ་རའི་མི་སྦེ་འབོ་གནང་ཡི་ དེ་ལས་ ང་བཅས་ཀྱིས་ཁོ་ལེགས་ཤོམ་སྦེ་ ངོ་ཤེས་ཞིནམ་ད་ ཁོ་རའི་དབང་ཤུགས་ཀྱིས་ ང་བཅས་ཀྱི་ནང་ན་ཕྱག་ལཱ་མཛད་དེ་ ང་བཅས་ཆོས་སེམས་བསྐྱེད་ནི་སྦེ་ ཁག་ཆེཝ་འདི་ཚུ་ག་ར་གནང་སྟེ་ཡོད། 4 དེ་གིས་འབད་ ཁོ་རའི་གཟི་བརྗིད་དང་མཆོག་ཏུ་གྱུར་པའི་རང་བཞིན་གྱི་ཐོག་ལས་ ང་བཅས་ལུ་རིན་གོང་ཆེ་བའི་ ཁས་བླངས་སྦོམ་དེ་ཚུ་གནང་སྟེ་ཡོད་ ཨ་ནི་ཁས་བླངས་ཚུ་གིས་འབད་དེ་ ཁྱེད་ཆ་ཁྱབ་ ཁོ་གི་རང་བཞིན་ནང་བཅའ་མར་གཏོགས་ཚུགསཔ་མ་ཚད་ འཇིག་རྟེན་ནང་གི་འདོད་ཆགས་ངན་པ་ མི་ལུ་མེདཔ་གཏང་མི་ཚུ་ལས་ ཁྱེད་བྱོག་ཐལ་ཚུགས། 5 ག་ཅི་སྨོ་ཟེར་བ་ཅིན་ རྒྱུ་མཚན་དེ་ལས་བརྟེན་ཏེ་ ཁྱེད་རང་གི་དད་པ་ཡར་སེང་རྐྱབ་ནི་གི་དོན་ལུ་ དད་པ་དེའི་གུ་སྤྱོད་བཟང་ སྤྱོད་བཟང་དེའི་གུ་ཤེས་རབ། 6 ཤེས་རབ་དེའི་གུ་མཚམས་ཚོད་ཤེས་ནི་ མཚམས་ཚོད་ཤེས་ནི་དེའི་གུ་བཟོད་པ་ བཟོད་པ་དེའི་གུ་ཆོས་སེམས། 7 ཆོས་སེམས་དེའི་གུ་ སྤུན་ཆ་བར་ན་གི་བྱམས་བརྩེ་ བྱམས་བརྩེ་དེའི་གུ་ ག་ར་ལུ་བྱམས་པ་ དེ་ཚུ་ག་ར་ ཁྱེད་ཀྱི་མི་ཚེ་ནང་ལུ་ སྤུས་ཚད་ལེགས་ཤོམ་ཡོད་མི་འདི་ཚུ་ཐེབས་སྦེ་འབད་དགོ། 8 ག་ཅི་སྨོ་ཟེར་བ་ཅིན་ ཨ་ནི་དེ་ཚུ་ ག་ར་ཁྱེད་ཀྱི་མི་ཚེ་ནང་ཡར་རྒྱས་འགྱོ་བ་ཅིན་ འབྲས་བུ་མེདཔ་དང་ཕན་ཐོགས་མེདཔ་ འགྱོ་ནི་ཚུ་ལས་བཀག་སྟེ་ ཁྱེད་ཡེ་ཤུ་ཁིརཱིས་ཀྱི་ཡོན་ཏན་དང་ལྡནམ་སྦེ་སྡོད་འོང་། 9 དེ་འབདཝ་ད་ ཨ་ནི་མེད་མི་འདི་ ཐག་རིང་ས་གི་ཅ་ལ་ ག་ཅི་ཡང་མ་མཐོང་མི་ མིག་ཏོ་ཞརཝ་བཟུམ་སྦེ་ཨིན་ དེ་གིས་ ཧེ་མ་གི་སྡིག་པ་དག་སོང་མི་ཚུ་ དཔྱད་རིག་མ་གཏང་བར་ བརྗེད་སོང་མི་གཅིག་ཨིན། 10 དེ་འབདཝ་ལས་ སྤུན་ཆ་ཚུ་ དཀོན་མཆོག་གིས་ཁྱེད་ལུ་འབོ་སྟེ་ཡོད་མི་དང་ བཙག་འཐུ་གནང་སྟེ་ཡོད་མི་འདི་ དོན་ལས་རང་ བརྟན་ཏོག་ཏོ་སྦེ་གྲུབ་ནི་ལུ་ སྤུས་ཚད་ལེགས་ཤོམ་ཡོད་མི་འདི་ཚུ་ རྩ་འགེངས་ཏེ་འབད་དགོ་ འདི་བཟུམ་སྦེ་འབད་བ་ཅིན་ ཁྱེད་ནམ་ཡང་འཐུས་མི་ཤོར། 11 དེ་ལས་ཨ་ནི་བཟུམ་སྦེ་ ང་བཅས་རང་གི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་ཁིརཱིས་ཀྱི་ མཐའ་མེད་པའི་རྒྱལ་སྲིད་ནང་ དཀོན་མཆོག་གིས་ ཕུན་སུམ་ཚོགས་པ་དང་བཅསཔ་སྦེ་ སྒོ་ཕྱེ་གནང་སྟེ་ ཁྱེད་ཆ་ཁྱབ་ཀྱིས་འཛུལ་ནི་ཐོབ་འོང་།། 12 དེ་ལས་ཨ་ནི་ལོ་རྒྱུས་དེ་ཚུ་ ཧེ་མ་ལས་ཁྱེད་ཆ་ཁྱབ་ཀྱིས་ཤེསཔ་ལས་བརྟེན་ བདེན་པ་དེ་ཨ་རྟག་རང་ཁྱེད་ནང་ སྒྲིང་སྒྲིང་སྦེ་བཟུང་བཞགཔ་ཨིན་རུང་ ང་གིས་ཁྱེད་ལུ་དྲན་བསྐུལ་འབདཝ་ཨིན། 13 ང་རང་ཨ་ནི་ལུས་ཀྱི་ཕུང་པོ་དེ་ནང་ སྡོད་པའི་རིང་ལུ་ ཨ་ནི་ལོ་རྒྱུས་དེ་ཚུ་གི་སྐོར་ལས་ ཁྱེད་ཀྱི་སེམས་ཁར་དྲན་བསྐུལ་འབད་ནི་འདི་ ཀྲིག་ཀྲི་ཨིན་ཟེར་ ང་རང་གིས་མནོ་བསམ་གཏངམ་ཨིན། 14 ག་ཅི་སྨོ་ཟེར་བ་ཅིན་ ང་ནཱ་འཛམ་བུ་གླིང་ནང་ སྡོད་ནི་གི་དུས་ཚོད་དེ་ལེ་ཤ་མེད་ མགྱོགས་པ་རང་ང་ཤི་འོང་ཟེར་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱིས་ང་ལུ་སྟོན་གནང་ཡི། 15 འདི་འབདཝ་ལས་ ང་ཤི་ཚར་བའི་ཤུལ་ལས་ཡང་ ཁྱེད་ཀྱིས་ཨ་ནི་ལོ་རྒྱུས་ཚུ་ དུས་ནམ་རང་འབད་རུང་ ཁྱེད་ཀྱི་སེམས་ཁར་ལུ་དྲན་བཅུག་གེ་ཟེར་ ང་རྩ་འགེངསམ་ཨིན།། 16 དེ་ལས་ང་བཅས་ཀྱིས་ཁྱེད་ལུ་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ དབང་ཤུགས་ཀྱི་ཐོག་ལས་ལོག་འབྱོན་ནི་སྐོར་ལས་བཤདཔ་ད་ མི་རིག་པ་ཅན་ཚུ་གིས་ མགུ་སྐོར་རྐྱབ་ནི་གི་དོན་ལུ་བཟོ་ཡོད་པའི་གཏམ་ཚུ་བཟུམ་སྦེ་མེན་ དེ་འབདཝ་ད་ ང་བཅས་རང་གི་མིག་ཏོ་གིས་མཐོང་མི་ ཁོ་རའི་གཟི་བརྗིད་ཀྱི་འཛོམ་དཔང་བཤདཔ་ཨིན། 17 ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ ཡབ་དཀོན་མཆོག་ལས་ གུས་ཞབས་དང་བསྟོད་པ་ཐོབ་པའི་སྐབས་ལུ་ མཆོག་ཏུ་གྱུར་པའི་གཟི་བརྗིད་ལས་ ཨ་ནི་ངེ་གི་བུ་གཅེས་ཤོས་ཕངས་ཤོས་འདི་ཨིན་ ཁོ་ལུ་བལྟ་སྟེ་ ང་གནམ་མེད་ས་མེད་ངལ་རངས་ཡི་ཟེར་ གསུང་སྐད་གཅིག་གིས་གསུངསམ་ད། 18 ང་བཅས་ཀྱིས་ཡང་གནམ་ཁར་ལས་གསུང་སྐད་འདི་གོ་ཡི་ ག་ཅི་སྨོ་ཟེར་བ་ཅིན་ དེའི་སྐབས་ང་བཅས་ཁོ་དང་མཉམ་དམ་པའི་སྒང་གུ་སྡོད་སྡོདཔ་ཨིན། 19 ཉམས་མྱོང་དེ་ཚུ་ལས་བརྟེན་ཏེ་ ལུང་སྟོན་པ་ཚུ་གིས་བཤད་མི་གཏམ་འདི་ལུ་ ང་བཅས་བློ་གཏདཔ་ཨིན་ ཁོང་གིས་བྲིས་བཞག་མི་ལུ་ ཁྱེད་ཀྱིས་དྲནམ་བཏོན་ཏེ་བལྟ་དགོ་ ག་ཅི་སྨོ་ཟེར་བ་ཅིན་ འདྲོ་པ་ནམ་མ་ནངས་ཚུན་ཚོད་ གནག་དུང་ནང་ལུ་ཤར་མི་ ས་ཏི་གི་འོད་དེ་ལུ་བལྟ་དོཝ་བཟུམ་སྦེ་ ཁིརཱིས་ཀྱིས་ ཐོ་རངས་སྐར་ཆེན་གྱི་འོད་བཟུམ་སྦེ་ འབད་མི་དེ་ ཁྱེད་ཀྱི་སེམས་ཁར་མ་ཤར་ཚུན་ཚོད་ ལུང་སྟོན་པ་གི་གསུང་དེ་ལུ་ཡང་ ཉན་ཁུག་བཏབ་སྟེ་སྡོད་པ་ཅིན་ ཁྱེད་ལུ་ལེགས་ཤོམ་འབྱུང་འོང་། 20 དང་པ་ ཁྱེད་ཀྱིས་ག་ར་ལས་ཧ་གོ་དགོཔ་འདི་ གསུང་རབ་ནང་ལུང་སྟོན་པ་ག་གིས་ཡང་ ཁོང་རང་གི་མནོ་བསམ་བཞིན་དུ་མ་འབྲི། 21 ག་ཅི་སྨོ་ཟེར་བ་ཅིན་ ལུང་སྟོན་པ་ག་གིས་ཡང་ མིའི་འདོད་པ་བཞིན་དུ་མེན་པར་ དཀོན་མཆོག་གིས་གསུངས་མིའི་ལུང་བསྟན་འདི་ དམ་པའི་ཐུགས་ཉིད་ཀྱིས་ལམ་སྟོན་མཛད་དེ་ ལུང་སྟོན་པ་གིས་གསུངསམ་ཨིན།།
1 ཨཱིས་ར་ཨཱེལ་པ་དེ་ཚུ་གི་སྦུག་ལུ་ ལུང་སྟོན་པ་རྫུས་མ་ལེ་ཤ་རང་འཐོན་ཡོདཔ་བཟུམ་སྦེ་ ཁྱེད་ཀྱི་སྦུག་ལུ་ཡང་ སློབ་དཔོན་རྫུས་མ་དེ་ཚུ་ཐོན་འོང་ ཁོང་གིས་གནོད་པ་བཀལ་མི་ཆོས་རྫུས་མ་འདི་ ཆོས་བདེན་པ་བཟོ་སྟེ་ ཁོང་རང་ལུ་སྐྱབས་མཛད་མི་བདག་པོ་ལུ་ཡང་ ཁོང་གིས་དགོ་མ་བཏུབ་ དེ་ལས་ཁོང་རའི་གུ་ལུ་ མགྱོགས་པ་རང་ཉེས་ཆད་ཕོག་ནི་ཨིན། 2 མི་ལེ་ཤ་གིས་ཁོང་གི་རྟིང་བདའ་འགྱོ་སྟེ་ ཁོང་ལས་མ་རབས་ཀྱི་སྤྱོད་པ་ངན་པ་དེ་ཚུ་ལྷབ་སྟེ་ ངོ་ཚ་སི་སི་གི་ལཱ་འབད་དེ་ ཁིརཱིས་ཀྱི་ལམ་བདེན་པ་འདི་ལུ་ཁོང་གིས་བློ་བཙོང་འོང་། 3 ཁོང་གིས་དགོ་འདོད་ཀྱི་གཏམ་རྫུན་མ་བཟོ་བཟོཝ་ཚུ་སྟོན་ཏེ་ ཁྱེད་ལས་ཏི་རུ་ལེན་འོང་ དེ་འབདཝ་ད་ ཧེ་མ་ལས་ ཁོང་གི་དོན་ལུ་གྲ་སྒྲིག་སྦེ་ཡོད་མིའི་ཉེས་ཆད་འདི་ ལམ་ཁར་ཡོད་ མགྱོགས་པ་རང་ཁོང་གི་གུ་ཕོག་སྟེ་ བརླག་གཏང་འོང་། 4 འགོ་དང་པ་གི་ཕོ་ཉ་དེ་ཚུ་གིས་སྡིག་པ་འབདཝ་ད་ ཁྲིམས་ཕྱེ་བའི་ཉིནམ་ཚུན་ཚོད་ ཁོང་ལུ་མར་ས་འོག་གི་བཙོན་ཁང་གནག་དུང་དུ་ནང་བཙུགས་ཏེ་ ལྕགས་ཐག་གིས་བསྡམ་བཞག་ནུག་ ཁོང་ཕོ་ཉ་འབད་རུང་ དཀོན་མཆོག་གིས་ཁོང་ལུ་ཐར་མ་གཏང་པས། 5 དེ་ལས་དང་ཕུགས་ ནོ་ཝ་གི་སྐབས་ལུ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་གི་ ཆོས་བཤད་མི་ ནོ་ཝ་ཁོ་རང་དང་ ཁོ་གི་བཟའ་ཚན་བདུན་ལུ་ དཀོན་མཆོག་གིས་སྐྱོན་ག་ནི་ཡང་ཕོག་མ་བཅུག་པར་བཞག་གནང་རུང་ དཀོན་མཆོག་ལུ་བལྟ་སྟེ་མ་འདྲོག་མི་ཚུ་ལུ་ ཐར་མ་གཏང་པར་ ཆུ་རུད་ཀྱིས་མེདཔ་བཏང་གནང་ནུག 6 འདི་བཟུམ་སྦེ་རང་ དཀོན་མཆོག་ལུ་མ་འདྲོག་མིའི་མི་རབས་ངན་པ་དེ་ཚུ་ལུ་ ཤུལ་ལས་ཉེས་ཁྲིམས་ག་དེ་སྦེ་ཕོག་ནི་ཨིན་ན་ ཁོ་གིས་ དཔེ་འདི་ ཁྲོམ་ སོ་དོམ་དང་ གོ་མོ་ར་ མེ་གིས་འཚིག་བཅུག་སྟེ་ ཐལཝ་ལུ་འགྱུར་བཅུག་ཞིནམ་ལས་ འཛམ་གླིང་ནང་ལས་འཕྱག་བཏང་གནང་མི་བཟུམ་ཅིག་མཛད་ནུག 7 དེ་སྦེ་ཨིན་ཏེ་འབད་རུང་ ཆོས་སེམས་ཡོད་མི་ ལཱུད་ཀྱིས་ ཁྲོམ་འདི་ནང་གི་ཉེས་པ་དང་འདོད་ཆགས་ཀྱི་ལཱ་མ་གཙངམ་དེ་ཚུ་ལུ་བལྟ་སྟེ་ ཁོ་ཁམས་ཕོག་རྐྱབ་སྟེ་སྡོད་ཅི་ དེ་ལས་ ཁོ་ ཁྲོམ་ སོ་དོམ་ལུ་ ཕོག་པའི་ཉེས་ཁྲིམས་འདི་ནང་ལས་ དཀོན་མཆོག་གིས་སྐྱབས་མཛད་གནང་ནུག 8 ག་ཅི་སྨོ་ཟེར་བ་ཅིན་ ཁོ་ཨ་རྟག་རང་ལཱ་ངན་པ་འབད་མི་དེ་ཚུ་དང་གཅིག་ཁར་སྡོད་དེ་ ཉིནམ་རེ་འཆར་རང་ དེ་ལུ་མིག་གིས་མཐོང་ རྣ་བ་གོཝ་ད་ ཁོ་ཆོས་སེམས་ཡོད་ནི་དེ་གིས་ དཀའ་ངལ་མྱོང་སྟེ་སྡོད་སྡོདཔ་མས། 9 དེ་འབདཝ་ལས་བརྟེན་ཏེ་ ང་བཅས་ཀྱིས་དེ་ཧ་གོ་ཚུགསཔ་ ཆོས་སེམས་ཡོད་མི་ཚུ་ལུ་ ཁོ་གིས་བར་ཆད་ནང་ལས་སྐྱབས་མཛད་ནི་ དེ་ལས་མི་ངན་པ་ཚུ་ལུ་ མཐའན་མཇུག་གི་ཁྲིམས་ཕྱེ་བའི་ཉིནམ་ཚུན་ཚོད་ལུ་ ཁྲིམས་ཀྱི་འོག་ལུ་ ག་དེ་སྦེ་བཞག་དགོཔ་ཨིན་ན་ འདི་ག་ར་གཙོ་བོ་ཁོ་རང་གིས་མཁྱེན། 10 དེ་ལས་ དོན་ལས་རང་ ཨ་ནི་ཁྲིམས་འདི་ ཁོང་རང་གི་འདོད་པ་བཞིན་དུ་ རང་བཞིན་ངན་པ་གི་ཐོག་ལས་སྦེ་སྡོད་མི་ཚུ་དང་དཀོན་མཆོག་གི་དབང་ཚད་ལུ་ གུས་ཞབས་མ་འབད་མི་དེ་ཚུ་ལུ་གཏང་ནི་ཨིན། ཨ་ནི་ལྟ་བ་མཐོ་དྲགས་དང་ ཁམས་ཆེ་དྲགས་ཀྱི་སློབ་དཔོན་རྫུས་མ་དེ་ཚུ་གིས་ མཐོ་བའི་གཟི་བརྗིད་ཡོད་མི་ཚུ་ལུ་ ཁ་ངན་སླབ་སྟེ་རྒོལཝ་མ་ཚད་ མི་འདྲོག་པས། 11 དེ་འབདཝ་ད་ ཕོ་ཉ་དེ་ཚུ་ སློབ་དཔོན་རྫུས་མ་ཚུ་ལས་ དབང་དང་ཤུགས་གནམ་མེད་ས་མེད་ སྦོམ་ཡོད་དེ་འབད་རུང་ སློབ་དཔོན་བཟུམ་སྦེ་གཙོ་བོ་གི་སྐུ་མདུན་ལུ་ མཐོ་བའི་གཟི་བརྗིད་ཡོད་མི་ཚུ་གི་སྐོར་ལས་ ཁ་ངན་སླབ་སྟེ་རྒོལ་ནི་ལུ་ ཁོང་ཕོ་ཉ་ཚུ་འདྲོགཔ་ཨིན་མས། 12 ཨ་ནི་མི་དེ་ཚུ་ བློ་རིག་མེད་པའི་སེམས་ཅན་བཟུམ་སྦེ་ ཁོང་རའི་རང་བཞིན་གྱིས་ག་སླབ་མི་འདི་འབད་དེ་ རི་དྭགས་སེམས་ཅན་བཟུམ་སྦེ་ཨིན་ ཁོང་རང་གིས་ཧ་མ་གོ་མི་འདི་ཚུ་གི་སྐོར་ལས་ ཁོ་རང་གིས་ཁ་ངན་སླབ་ཨིན་མས་ ད་རུང་ རི་དྭགས་སེམས་ཅན་ མི་ཚུ་གིས་བཟུང་སྟེ་གསད་པའི་ཕྱོགས་སུ་འགྱོ་དོཝ་བཟུམ་སྦེ་ ཁོང་རང་གི་འབད་བཞག་ངན་པ་དེ་གིས་ དོན་ལས་རང་ ཁོང་རང་ལུ་མེདཔ་བཏང་སྟེ། 13 ཁོང་ གནོད་པ་བཀལ་མི་གི་ཚབ་ལུ་ ལོག་སྟེ་རང་ ཁོང་ལུ་གནོད་རྐྱེན་བྱུང་དགོ། ཁོང་ཉིན་མ་ སྒྲིག་ཁྲིམས་མེད་པའི་ཚོགས་སྟོན་འབད་ནི་ལུ་ དགའ་སྤྲོ་འགྱུརཝ་ཨིན་ ཁོང་ཁྱེད་ཀྱི་སྦུག་ལུ་བློ་བཙོང་སི་སི་དང་ སྐྱོན་ཆགས་ཏེ་ཡོད་མི་ཚུ་ཨིན་ ཁོང་གིས་གཡོ་སྒྱུ་རྐྱབ་ནི་ལུ་དགའ་སྟེ་ མཚམས་ཚོད་མ་ཤེས་པར་ ལོངས་སྤྱོད་དེ་ ཁྱེད་དང་གཅིག་ཁར་ཟ་སྡོདཔ་ཨིན། 14 ཁོང་གི་མིག་ཏོ་གིས་ ལུས་འབྲེལ་འབདཝ་མས་ ཁོང་གིས་ལཱ་ངན་པ་ག་དེ་ཅིག་འབད་རུང་ ཚིམས་ནི་མིན་འདུག་ ཁོང་གིས་དད་པ་ཉུང་དྲགས་འབད་མི་ཚུ་ལུ་ སྡིག་པ་གི་ཧིང་ནང་བཙུགཔ་མ་ཚད་ ཁོང་རང་ལུ་འདོད་པ་བཙོང་ནི་གི་སྦྱོང་བརྡར་འབདཝ་ཨིན་མས་ ཁོང་ཆདཔ་ཕོག་མི་བུ་གཞི་ཨིན། 15 ཨ་ནི་སློབ་དཔོན་རྫུས་མ་དེ་ཚུ་ ཕྲང་ལམ་བྱང་སྟེ་ ལམ་རྫུས་མ་བདའ་སྟེ་འགྱོཝ་ཨིན་མས་ ཁོང་ལཱ་ངན་པ་གི་འབྲས་བུ་ལུ་དགའ་མི་ བེ་ཨོར་གྱི་བུ་ བ་ལམ་གྱི་རྟིང་བདའ་འགྱོཝ་ཨིན་མས། 16 དེ་འབདཝ་ད་ ཁ་སླབ་མ་ཤེས་པའི་བོང་ཀུ་དེ་གིས་ ཁྱོད་ཀྱིས་སྡིག་པ་འབད་བ་འགྱོ་དོ་ཟེར་ མི་གི་སྐད་ནང་ཁ་སླབ་སྟེ་ འཆོལ་ལོང་གི་འབད་བཞག་སྒྲིག་ས་ལས་ལུང་སྟོན་པ་ བ་ལམ་འདི་ལུ་བཀག་ནུག 17 ཨ་ནི་སློབ་དཔོན་རྫུས་མ་དེ་ཚུ་ ཆུ་མེད་པའི་ཆུ་རྐ་དང་ རླུང་གིས་འཐུ་འབག་མི་ས་སྨུག་བཟུམ་སྦེ་ཨིན་ ཁོང་གི་དོན་ལུ་ མུན་པའི་གནག་དུང་འདི་བཞག་ཡོདཔ་ཨིན། 18 ག་ཅི་སྨོ་ཟེར་བ་ཅིན་ ཁོང་མི་རྩ་རྒས་བཟུམ་ ང་རྒྱལ་ལངས་ཏེ་བློ་སླབ་ཨིན་མས་ ཡུད་ཙམ་ཅིག་གཟུགས་ཀྱི་རང་བཞིན་དང་འཁྲིལ་ཏེ་སྡོད་ནི་ལས་ཐར་ཏེ་ ཕྲང་ལམ་བདའ་འགྱོ་སྡོདཔ་ད་ ཁོང་སློབ་དཔོན་རྫུས་མ་ཚུ་གིས་ གཟུགས་ཀྱི་རང་བཞིན་འདོད་ཆགས་ལས་སྦེ་གཡོ་སྒྱུ་བརྐྱབས་ཏེ་ ད་རུང་སྡིག་པའི་ཧིང་ནང་བཙུགཔ་ཨིན་མས། 19 ཁོང་གིས་ཨ་ནི་མི་ཚུ་ལུ་རང་དབང་བྱིན་ནི་ཟེར་ཁ་ཚིག་བྱིནམ་ཨིན་མས་ དེ་འབདཝ་ད་ ཁོང་རང་སྡིག་པའི་གཡོགཔོ་ སྤྱོད་ངན་འབད་མི་ཚུ་ཨིན་མས་ ག་ཅི་སྨོ་ཟེར་བ་ཅིན་ རང་ལུ་དབང་མི་འདོད་པ་འདི་ ག་ཅི་ཨིན་རུང་ ཨ་ནི་གི་གཡོགཔོ་སྦེ་ ང་བཅས་བྱུངམ་ཨིན། 20 ང་བཅས་ཀྱི་གཙོ་བོ་ སྐྱབས་མགོན་ཡེ་ཤུ་ཁིརཱིས་ ངོ་ཤེསཔ་ལས་བརྟེན་ཏེ་ འཇིག་རྟེན་གྱི་ངན་པ་དེ་ཚུ་ལས་རང་དབང་ཐོབ་སྟེ་ཨིན་རུང་ ཁོང་ལོག་སྟེ་ འདི་ནང་རང་བཅའ་མར་གཏོགས་ འདོད་པའི་དབང་དུ་བཏང་སྟེ་འབད་བ་ཅིན་ ཁོང་ཧེ་མ་ལས་ཡང་ཐེབས་སྦེ་མཐའ་རྡུགས་སི་སི་འགྱོ་འོང་། 21 ག་ཅི་སྨོ་ཟེར་བ་ཅིན་ ཁོང་ལུ་གནང་མི་ དམ་པའི་བཀའ་ཧ་གོ་སྟེ་ རྒྱབ་བཤུད་རྐྱབ་འགྱོཝ་བ་འདི་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་ལམ་དེ་ ཁོང་གིས་ཤེས་རང་མ་ཤེས་པ་ཅིན་ ལེགས་ཤོམ་འགྱོ་འགྱོཝ་འོང་། 22 རོ་ཁྱི་དེ་ཁོ་རང་གིས་ཁ་ལས་བསྐྱུག་བཞག་མི་འདི་ལོག་སྟེ་ཟ་བ་འགྱོཝ་ཨིན་ ཕགཔ་དེ་ག་དེ་ཅིག་ཆུ་འཁྱུ་རུང་ ཧེ་མ་ཁོ་རང་སྡོད་སའི་འདམ་པ་དེ་ནང་རང་ལོག་འགྱོཝ་ཨིན་ཟེར་ བདེན་པའི་དཔེ་དང་འཁྲིལ་ཏེ་ ཁོང་ལུ་ཡང་བྱུང་ནུག།
1 ངེ་གི་བྱམས་པའི་ཆ་རོགས་ཚུ་ ད་ཨ་ནི་ཁྱེད་ལུ་བྲིས་མི་འདི་ ངེ་གི་ཡི་གུ་གཉིས་པ་ཨིན་ ང་གིས་བྲིས་མིའི་ཡི་གུ་ གཉིས་ཆ་ར་གི་དོན་དག་འདི་གཅིག་ཨིན་ འདི་ཁྱེད་ལུ་གཤིས་རྒྱུད་བཟང་པོ་འཐོན་བཅུག་ནི་སྦེ་ དྲན་བསྐུལ་འབདཝ་ཨིན། 2 ང་གིས་དྲན་བསྐུལ་འབད་མི་དེ་ཨ་ནི་ཨིན་ ཧེ་མ་ལས་ལུང་སྟོན་པ་དམ་པ་ཚུ་གིས་སླབ་མི་འདི་དང་ ཁྱེད་ཀྱི་སྐུ་ཚབ་ཚུ་ལས་རྒྱུད་དེ་ གཙོ་བོ་སྐྱབས་མགོན་གྱི་བཀའ་དེ་ དྲན་པའི་དོན་ལུ་ཨིན། 3 དང་པ་རང་ ཁྱེད་ཀྱིས་ཨ་ནི་ཧ་གོ་དགོ་ དུས་མཐའན་མཇུག་གི་ཉིནམ་འདི་ལུ་ ཁོང་རང་གི་འདོད་པ་ངན་པ་གི་དབང་དུ་འགྱོ་མི་ སྐྱོན་འཚོལ་མི་དེ་ཚུ་འོངས་ཏེ་ སྐྱོན་སློང་ནི་ཨིན། 4 ག་དེ་སྦེ་ཟེར་བ་ཅིན་ ཁོང་གིས་ ཁོ་ལོག་འབྱོན་ནི་ཟེར་ཁས་བླངས་བཞེས་མི་འདི་ ག་ཏེ་བྱོན་ཡི་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ག་ར་བྱུང་ཡི་ ང་བཅས་ཀྱི་ཕ་བརྒྱུད་ཡང་ག་ར་གྱོང་ཚར་ནུག་ དེ་མ་ཚད་འཇིག་རྟེན་འདི་ཧེ་མ་ལས་ ཆགས་དོཝ་བཟུམ་སྦེ་རང་འདུག་ཟེར་སླབ་འོང་། 5 ག་ཅི་སྨོ་ཟེར་བ་ཅིན་ ད་རུང་ ཁོང་གིས་ དུས་ཡུན་རིངམ་གི་ཧེ་མ་ དཀོན་མཆོག་གི་གསུང་གིས་ གནམ་མཛད་ ཆུ་གི་སྤུར་ཡོད་ས་ལས་ ས་གཞི་སོ་སོ་སྦེ་ཕྱེ་ དེ་ལས་དང་ཕུགས་ཀྱི་འཛམ་གླིང་ ཆུ་རུད་སྦོམ་གྱིས་ཁྱབ་སྟེ་ རྩ་མེད་བཏང་ཡི་ཟེར་ ཁོང་གིས་ཤེས་རུང་བརྗེད་རྫུས་བཏབ་སྟེ་ སེམས་ཁར་མ་དྲན་པར་ སྣང་མེད་སྦེ་བཞག་ནུག 7 ཨིན་རུང་ དཀོན་མཆོག་ལུ་བལྟ་སྟེ་མ་འདྲོག་མི་ཚུ་ལུ་ ཁྲིམས་ཕྱེ་བའི་ཉིནམ་གི་དོན་ལུ་ ཨ་ནི་གསུང་དེ་གིས་རང་ ད་ལྟོ་ཡོད་མིའི་འཛམ་གླིང་དང་གནམ་འདི་ མེ་གིས་རྩ་མེད་གཏང་ནི་སྦེ་བཞག་གནང་ཡི། 8 དེ་འབདཝ་ད་ ངེ་གི་བྱམས་པའི་ཆ་རོགས་ཚུ་ གཙོ་བོ་གི་གཟིགས་ས་ལུ་ ཉིནམ་གཅིག་འདི་ལོ་སྟོང་ཕྲག་གཅིག་དང་ ལོ་སྟོང་ཕྲག་གཅིག་འདི་ཉིནམ་གཅིག་ཨིན་ འདི་ཁྱེད་ཀྱི་སེམས་ཁ་ལས་མ་བརྗེད། 9 དེ་ལས་ ཁྱེད་ལ་ལུ་ཅིག་གི་སེམས་ཁར་ གཙོ་བོ་གིས་ཁས་བླངས་བཞེས་མི་འདི་ དུས་ཡུན་འགོར་ནི་མས་ཟེར་མནོ་བསམ་དེ་སྦེ་གཏང་འོང་ ཨིན་རུང་ འདི་དུས་ཡུན་འགོརཝ་མེན་ ཁོ་གི་ཐུགས་དགོངས་འདི་ མི་ཕུད་རྡོག་གཅིག་ཡང་མེདཔ་མ་ཐལ་བར་ འགྱོད་སེམས་བསྐྱེད་དེ་ སེམས་འགྱུར་བཅུག་གེ་ཟེར་ ཁོ་བཟོད་པ་བསྒོམས་ཏེ་བཞུགསཔ་ཨིན་མས། 10 དེ་འབདཝ་ད་ གཙོ་བོའི་ཉིནམ་འདི་ ཨརཝ་བཟུམ་སྦེ་འོང་ནི་ཨིན་ དེའི་སྐབས་ གནམ་མེད་ས་མེད་ངར་སྐད་བརྐྱབས་ཏེ་ གནམ་འདི་ཡལ་འགྱོ་ནི་དང་ དེ་ནང་ཡོད་ཚད་ཅིགཔ་མེ་གིས་འཚིག་སྟེ་འགྱོ་འོང་ འཛམ་བུ་གླིང་དང་དེ་ནང་ཡོད་མི་ག་ར་ ག་ནི་ཡང་མེད་པར་མེདཔ་འགྱོ་འོང་། 11 ད་ཨ་ནི་བཟུམ་སྦེ་ག་ར་བྱུང་སྟེ་འོང་ནི་ཨིན་པ་ཅིན་ ཁྱེད་ཀྱི་མི་ཚེ་འདི་ མི་ག་ཅི་བཟུམ་སྦེ་སྡོད་དགོཔ་སྨོ་ དོན་ལས་རང་ ཁྱེད་ཀྱི་མི་ཚེ་འདི་ དམ་པ་དང་ཆོས་སེམས་ཡོདཔ་སྦེ་སྡོད་ནི་ དཀོན་མཆོག་གི་ཉིནམ་འདི་མགྱོགས་པར་འོང་ནི་གི་དོན་ལུ་ ག་ཅི་འབདཝ་དྲག་ག་བལྟ་སྟེ་སྒུག་སྡོད་ནི་ འདི་ཚུ་གནམ་མེད་ས་མེད་ཁག་ཆེ་ཏོག་ཏོ་ཨིན་ ཉིནམ་དེ་ལུ་ ཁོ་གིས་གནམ་ མེ་གིས་འཚིག་སྟེ་ རྩ་མེད་གཏང་ནི་ཨིནམ་མ་ཚད་ ཡོད་ཚད་ཅིགཔ་ག་ར་ མེའི་དྲོད་ཤུགས་ཀྱིས་ཞུ་ནི་ཨིན། 13 དེ་འབདཝ་ད་ ང་བཅས་ཀྱིས་ ཁོ་གིས་ཁས་བླངས་བཞེས་མི་འདི་ ཞིང་ཁམས་གསརཔ་དང་ས་གཞི་གསརཔ་ དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་གིས་གང་མི་འཛམ་གླིང་གི་དོན་ལུ་ རེ་འདོད་བསྐྱེད་དེ་སྡོད་ནི་ཨིན།། 14 ངེ་གི་བྱམས་པའི་ཆ་རོགས་ ཨ་ནི་དེ་ཚུ་འབྱུང་འོང་ཟེར་སྒུག་སྡོད་ནི་འདི་གིས་ བརྩོན་ཤུགས་བསྐྱེད་དེ་ སྡིག་པའི་ཐིག་པ་ཐག་ཐིག་སྦེ་ ཆགས་ཡོད་པའི་སྐྱོན་ཚུ་མེད་པར་ དཀོན་མཆོག་དང་གཅིག་ཁར་མཐུན་ཏོག་ཏོ་སྦེ་སྡོད་དགོ། 15 གཙོ་བོ་འདི་ ཁྱེད་ལུ་ཐར་པ་ཐོབ་བཅུག་ནི་སྦེ་ སྒོ་སྐབས་གནང་ནི་གི་དོན་ལས་ སྒུག་བཞུགསཔ་ཨིན་ཟེར་ཁྱེད་ཀྱིས་ཧ་གོ་དགོ་ ཨ་ནི་བཟུམ་སྦེ་ ང་བཅས་ཀྱི་བྱམས་པའི་སྤུན་ པའུལ་ལུ་ དཀོན་མཆོག་གིས་ཤེས་རབ་གནངམ་བཞིན་དུ། 16 ཁོ་གིས་བྲིས་མིའི་ཡི་གུ་ག་ར་ནང་ ཨ་ནི་བཟུམ་གྱི་བསྐོར་ལས་ ཁྱེད་ལུ་བྲིསཝ་ཨིན་ ཁོ་གིས་བྲིས་མིའི་བསམ་འཆར་ལ་ལུ་ཅིག་ཧ་གོ་ནི་ལ་ཁག་འདུག་ དེ་ལས་ཁོང་ལེགས་ཤོམ་སྦེ་ཧ་མ་གོ་མི་དང་ བརྟན་ཏོག་ཏོ་མེད་མི་དེ་ཚུ་གིས་ གསུང་རབ་ཀྱི་དེབ་སོ་སོ་ནང་གི་ གོ་བ་ཚུ་སོ་སོ་སྦེ་འགྱུར་བཏང་དོཝ་བཟུམ་སྦེ་ ཁོ་གིས་བྲིས་མི་ཡི་གུ་གི་གོ་བ་ཚུ་ཡང་འགྱུར་བཏངམ་མས་ དེ་སྦེ་འབདཝ་ད་ ཁོང་རང་གིས་རང་ལུ་མེདཔ་གཏངམ་ཨིན། 17 དེ་འབདཝ་ལས་ ངེ་གི་བྱམས་པའི་ཆ་རོགས་ཚུ་ ཨ་ནི་དྲནམ་བཏོན་དགོཔ་འདི་ ཁྱེད་ཀྱིས་ཧེ་མ་ལས་ཤེས་ ཁྲིམས་ནང་མ་གནས་མིའི་མི་ཚུ་བཟུམ་སྦེ་ འཛོལ་བ་གི་དབང་དུ་མ་གཏང་པར་ རང་བརྟན་ཏོག་ཏོ་ ཨིན་མི་དེ་ ཉམས་མ་བཅུག་ནིའི་དོན་ལུ་ དྲནམ་བཏོན་དགོ། 18 དེ་འབདཝ་ལས་ ང་བཅས་རང་གི་ གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་ཁིརཱིས་ཀྱི་ ཐུགས་རྗེ་དང་ཤེས་རབ་ནང་ཡར་འཕེལ་འགྱོ་དགོ་ ཁོ་ལུ་གཟི་བརྗིད་དང་གུས་ཞབས་ ད་ལྟོ་དང་ཨ་རྟག་རང་ཁོ་གི་ཨིན་ནོ་ ཨ་མཱེན།། །།
1 འགོ་དང་པ་ལས་རང་བཞུགས་ཡོད་མི་ ཚེ་གནང་མི་གསུང་འདི་ ང་བཅས་ཀྱིས་རྣ་བ་གོ་ མིག་གིས་མཐོང་ ལགཔ་གིས་ཡང་འདོགས་བལྟ་སྟེ་ འདི་གི་སྐོར་ལས་ ང་བཅས་ཀྱིས་ཁྱབ་བསྒྲགས་འབདཝ་ཨིན། 2 འདི་ག་དེ་སྦེ་སྨོ་ཟེར་བ་ཅིན་ ཧེ་མ་ལས་ཡབ་དཀོན་མཆོག་དང་གཅིག་ཁར་བཞུགས་ཡོད་མིའི་ ཚེ་མཐའ་མེདཔ་འདི་ ང་བཅས་ཀྱི་གདོང་ཁར་ མངོན་སུམ་སྦེ་མཇལ་ཁ་གནང་སྟེ་ ཁོ་ལུ་ང་བཅས་ཀྱིས་མཇལཝ་ལས་ ཚེ་དེ་གི་སྐོར་ལས་འཛོམ་དཔང་བཤདཔ་ཨིནམ་མ་ཚད་ འདི་གི་སྐོར་ལས་ ཁྱེད་ལུ་ཁྱབ་བསྒྲགས་ཡང་འབདཝ་ཨིན། 3 ང་བཅས་ཀྱིས་ག་ཅི་མཐོང་མི་དང་ རྣ་བ་གོ་མི་ཚུ་ ཁྱེད་ལུ་ཁྱབ་བསྒྲགས་འབད་དགོ་པའི་དོན་དག་འདི་ ང་བཅས་ཀྱི་ཡབ་དཀོན་མཆོག་དང་ ཁོ་གི་སྲས་ཡེ་ཤུ་ཁིརཱིས་ནང་མཐུན་འབྲེལ་གཅིག་སྦེ་ཡོད་དོཝ་བཟུམ་ ཁྱེད་ཡང་ང་བཅས་དང་གཅིག་ཁར་ མཐུན་འབྲེལ་གཅིག་སྦེ་སྡོད་ཚུགས་པའི་དོན་ལུ་ཨིན། 4 དེ་ལས་ དེ་ཚུ་ག་ར་ཁྱེད་ཆ་ཁྱབ་ལུ་བྲིས་མི་འདི་ ང་བཅས་ཀྱི་དགའ་སྤྲོ་ཡོངས་སུ་རྫོགསཔ་སྦེ་བྱུང་བའི་དོན་ལུ་ཨིན།། 5 ཨ་ནི་གཏམ་བཟང་འདི་ ང་བཅས་ཀྱིས་ཁོ་ལས་རྣ་བ་གོ་སྟེ་ ཁྱེད་ཆ་ཁྱབ་ལུ་ཁྱབ་བསྒྲགས་འབདཝ་ཨིན་ དཀོན་མཆོག་འདི་འོད་ཨིནམ་ལས་ ཁོ་གི་ནང་ན་ གནག་དུང་དུ་རྩ་ལས་རང་མེད། 6 ག་དེམ་ཅིག་སྦེ་ ང་བཅས་ཀྱིས་ཁོ་དང་གཅིག་ཁར་ མཐུན་ལམ་ཡོད་ཟེར་སླབ་སྟེ་ ང་བཅས་གནག་དུང་ནང་རང་འགྱོ་སྡོད་པ་ཅིན་ ང་བཅས་ཀྱིས་ཤོབ་བརྐྱབས་ཏེ་ བདེན་པ་ནང་མ་འགྱོ་བར་སྡོདཔ་ཨིན། 7 དེ་འབདཝ་ད་ ཁོ་འོད་ནང་རང་བཞུགས་ཡོདཔ་ལས་ ང་བཅས་ཡང་འོད་ནང་འགྱོ་བ་ཅིན་ ང་བཅས་རང་གི་སྦུག་ལུ་ མཐུན་ལམ་ཡོདཔ་མ་ཚད་ ཁོ་གི་སྲས་ཡེ་ཤུ་ཁིརཱིས་ཀྱི་སྐུ་ཁྲག་གིས་ ང་བཅས་ཀྱི་སྡིག་པ་ག་ར་ནང་ལས་བཀའ་དྲིན་བསྐྱང་གནང་འོང་། 8 ང་བཅས་ཀྱིས་ རང་གིས་རང་ལུ་ སྡིག་པ་མེད་ཟེར་སླབ་པ་ཅིན་ རང་གིས་རང་ལུ་མགུ་བསྐོར་བརྐྱབས་མ་ཚད་ ང་བཅས་ཀྱི་ནང་ན་ བདེན་པ་མེད། 9 ང་བཅས་ཀྱིས་རང་གི་སྡིག་པ་ལུ་ ཁ་བཟེད་བ་ཅིན་ ཁོ་གིས་ང་བཅས་ཀྱི་སྡིག་པ་དེ་ བཀའ་དྲིན་བསྐྱང་གནང་འོང་ དེ་ལས་མ་གཙངམ་ཚུ་གི་ནང་ལས་ ཁོ་གིས་ང་བཅས་ལུ་གཙང་ཏོག་ཏོ་སྦེ་མཛད་གནང་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ན་འཐན་ཏོག་ཏོ་དང་ཁྲིམས་ཕྲང་སྟེ་ཕྱེ་མིའི་དཀོན་མཆོག་ཨིན། 10 ད་ང་བཅས་ཀྱིས་སྡིག་པ་འབད་འབདཝ་མེད་ཟེར་སླབ་པ་ཅིན་ ང་བཅས་ཀྱིས་ཁོ་ལུ་ ཞལ་རྫུན་གསུངས་མི་བཟུམ་སྦེ་བཟོཝ་ཨིན་ དེ་ལས་ཁོ་གི་གསུང་དེ་ ང་བཅས་ཀྱི་ནང་ན་མི་བཞུགས།
1 ངེ་གི་ཨ་ལོ་ཆུང་ཀུ་ཚུ་ ང་གིས་ཨ་ནི་བྲིས་མི་འདི་ ཁྱེད་ཆ་ཁྱབ་སྡིག་པ་འབད་མ་བཅུག་ནིའི་དོན་ལུ་ཨིན་ ད་ག་དེམ་ཅིག་སྦེ་ ག་གིས་རང་འབད་རུང་ སྡིག་པ་འབད་བ་ཅིན་ ང་བཅས་ཀྱི་དོན་ལུ་རྩོད་ཚབ་ ཁྲིམས་ཕྲང་སྟེ་ཕྱེ་མི་ཡེ་ཤུ་ཁིརཱིས་ ཡབ་དཀོན་མཆོག་དང་གཅིག་ཁར་བཞུགས་ཡོད། 2 ང་བཅས་ཀྱི་སྡིག་པ་ལས་གཙང་ཏོག་ཏོ་སྦེ་ མཛད་གནང་བའི་དོན་ལུ་ ཁོ་རའི་སྐུ་སྲོག་བློས་བཏང་ཡི་ འདི་ང་བཅས་རྐྱངམ་གཅིག་གི་དོན་ལུ་མེན་པར་ འཛམ་གླིང་ཡོངས་ཀྱི་སྡིག་པའི་དོན་ལུ་ཡང་ཨིན།། 3 ག་དེམ་ཅིག་སྦེ་ ང་བཅས་ཀྱིས་ ཁོ་གི་བཀའ་དེ་ཚུ་ལུ་ཉན་ཏེ་སྡོད་པ་ཅིན་ ང་བཅས་ཀྱིས་ཁོ་ངོ་ཤེས་ཟེར་ཧ་གོ་ཚུགསཔ། 4 ག་གིས་རང་འབད་རུང་ ཁོ་ངོ་ཤེས་ཟེར་སླབ་སྟེ་ ཁོ་གི་བཀའ་ལུ་མ་ཉན་པ་ཅིན་ མི་འདི་ཤོབ་རྐྱབ་མི་ཨིན་མིའི་ཁར་ ཁོ་ནང་ན་བདེན་པ་རྩ་ལས་མེདཔ་ཨིན། 5 དེ་འབདཝ་ད་ ག་ར་འབད་རུང་ ཁོ་གི་བཀའ་ལུ་ཉན་མི་ མི་འདི་གི་ནང་ན་ དཀོན་མཆོག་གི་བྱམས་པ་དེ་ དོན་ལས་རང་ཡོངས་སུ་རྫོགསཔ་སྦེ་བཞུགས་འོང་ རྒྱུ་མཚན་དེ་ལས་བརྟེན་ཏེ་ ང་བཅས་ཁོ་གི་ནང་ན་གནས་ཏེ་ཡོད་ཟེར་ ང་བཅས་ཀྱིས་ཤེས་ཚུགསཔ། 6 དེ་ལས་ག་ར་ཨིན་རུང་ ང་དཀོན་མཆོག་གི་ནང་ན་གནས་ཏེ་ཡོད་ཟེར་སླབ་མི་དེ་གིས་ ཡེ་ཤུ་གིས་མཛད་དོཝ་བཟུམ་སྦེ་རང་འབད་དགོ།། 7 ངེ་གི་བྱམས་པའི་སྤུན་ཆ་ཚུ་ ཁྱེད་ཀྱིས་ཧེ་མ་ལས་གོ་སྟེ་རང་ཡོད་མིའི་བཀའ་རྙིངམ་འདི་མ་གཏོགས་ གཞན་བཀའ་གསརཔ་གཅིག་ ང་གིས་ཁྱེད་ལུ་འབྲིཝ་མེན་ ཨ་ནི་བཀའ་རྙིངམ་འདི་ ཁྱེད་ཀྱིས་ཧེ་མ་ལས་གོ་མིའི་གསུང་འདི་རང་ཨིན། 8 དེ་རང་ཨིན་རུང་ ང་གིས་བཀའ་གསརཔ་གཅིག་ ད་རུང་ཡང་ཁྱེད་ལུ་འབྲི་དོ་ འདི་ཁྱེད་དང་ཁིརཱིས་ནང་ཡོད་མི་དེ་རང་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ གནག་དུང་དུ་དེ་ཡལ་འགྱོ་སྟེ་ འོད་ཟེར་ངོ་མ་དེ་ད་ལྟོ་ཡང་ཤར་ཏེ་ཡོད། 9 མི་ག་ར་ཨིན་རུང་ ང་འོད་ཟེར་ནང་སྡོདཔ་ཨིན་ཟེར་སླབ་སྟེ་འབད་རུང་ རང་གི་སྤུན་ཆ་ལུ་དགྲ་བཟུམ་སྦེ་ མ་དགའ་བ་ཡོད་པ་ཅིན་ ཁོ་ད་ལྟོ་ཚུན་ཚོད་ཡང་གནག་དུང་ནང་རང་ཨིན། 10 མི་ག་ར་ཨིན་རུང་ རང་གི་སྤུན་ཆ་ལུ་བྱམས་པ་འབད་མི་དེ་ འོད་ཟེར་ནང་སྡོདཔ་ཨིན་ ཁོ་གི་ནང་ན་ གཞན་ལུ་རྐངམ་ཐོགས་ནི་གི་རྒྱུ་རྐྱེན་ རྩ་ལས་རང་མི་འོང་། 11 དེ་འབདཝ་ད་ དགྲ་འབད་མི་སྤུན་ཆ་དེ་གིས་ གནག་དུང་ནང་རང་སྡོདཔ་ཨིནམ་མ་ཚད་ གནག་དུང་ནང་ལམ་འགྱོ་སྟེ་ ག་ཏེ་ལས་ཕར་འགྱོ་དོ་ག་ ཁོ་རང་གིས་མི་ཤེས་ ག་ཅི་སྨོ་ཟེར་བ་ཅིན་ གནག་དུང་གིས་ཁོ་ལུ་མ་མཐོངམ་བཟོཝ་ཨིན། 12 ང་གིས་ཁྱེད་ཨ་ལོ་ཆུང་ཀུ་ཚུ་ལུ་ ཁྱེད་ཀྱི་སྡིག་པ་ཚུ་ ཁོ་གི་མཚན་གྱི་ཐོག་ལས་སྦེ་ གཙང་ཏོག་ཏོ་སྦེ་མཛད་གནང་སྟེ་རང་ཡོད་ཟེར་ ང་གིས་ཨ་ནི་དེ་ཚུ་འབྲི་དོ། 13 ཁྱེད་ཨ་པ་ཚུ་ ང་གིས་འདི་ཁྱེད་ལུ་འབྲི་དོ་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་འགོ་དང་པ་ལས་རང་བཞུགས་ཡོད་མི་ལུ་ ཁྱེད་ཀྱིས་ངོ་ཤེས་ ཁྱེད་ན་གཞོན་ཚུ་ ང་གིས་ཨ་ནི་འདི་ཁྱེད་ལུ་འབྲི་དོ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་བདུད་ སེ་ཏཱན་ལས་རྒྱལ་ཁ་ཐོབ་སྟེ་ཡོད་ ཁྱེད་ཨ་ལོ་ཚུ་ ང་གིས་ཁྱེད་ལུ་འབྲི་དོ་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཆ་ཁྱབ་ཀྱིས་ཡབ་ངོ་ཤེས། 14 ཁྱེད་འགོ་འདྲེན་པ་ཚུ་ ང་གིས་འདི་ཁྱེད་ལུ་འབྲི་དོ་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་འགོ་དང་པ་ལས་རང་བཞུགས་ཡོད་མི་འདི་ལུ་ ཁྱེད་ཀྱིས་ངོ་ཤེས་ ཁྱེད་ན་གཞོན་ཚུ་ ང་གིས་ཁྱེད་ལུ་འབྲི་དོ་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་གསུང་འདི་ ཁྱེད་ཀྱི་ནང་ན་བཞུགས་ཏེ་ ཁྱེད་སྒྲིང་སྒྲིང་སྦེ་ བདུད་ སེ་ཏཱན་ལས་ ཁྱེད་ཀྱིས་རྒྱལ་ཁ་ཐོབ་སྟེ་ཡོད།། 15 དེ་ལས་འཇིག་རྟེན་དང་ འཇིག་རྟེན་ནང་གི་ཅ་ལ་ཚུ་ལུ་ ཆགས་སེམས་མ་བསྐྱེད་ འཇིག་རྟེན་ལུ་ཆགས་སེམས་བསྐྱེད་མི་འདི་ནང་ ཡབ་ཀྱི་བྱམས་སེམས་མེདཔ་ཨིན། 16 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་རའི་ལུས་ཀྱི་འདོད་པ་ངན་པ་དང་ ག་ཅི་མཐོང་མི་དེ་ཚུ་དགོ་ནིའི་ཆགས་སེམས་དང་ རྒྱུ་ནོར་ལོངས་སྤྱོད་བསག་སྟེ་ང་རྒྱལ་བསྐྱེད་ནི་ འདི་ཚུ་འཇིག་རྟེན་ནང་ལས་འོངམ་ཨིན་ དེ་ཚུ་གཅིག་ཡང་ཡབ་ལས་འོངམ་མེན། 17 དེ་ལས་ འཇིག་རྟེན་དང་ འདི་ནང་ལས་འོང་མི་འདོད་ཆགས་ཚུ་ཡལ་འགྱོ་དེས་ ཨིན་རུང་ དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་འབད་མི་ག་ར་ དུས་རྒྱུན་དུ་སྡོད་འོང་།། 18 ངེ་གི་བྱམས་པའི་ཨ་ལོ་ཚུ་ དུས་མཐའན་མཇུག་གི་དུས་ཚོད་དེ་ད་ལྟོ་ཨིན་ དུས་མཐའན་མཇུག་ལུ་ ཁིརཱིས་ཀྱི་དགྲ་འབད་མི་འོང་དོ་ཟེར་ ཁྱེད་ཀྱིས་རྣ་བ་གོ་དོཝ་བཟུམ་སྦེ་རང་ ཁིརཱིས་ཀྱི་དགྲ་ལེ་ཤ་འཐོན་འོང་ཡི་ དེ་གིས་འབད་ ད་དུས་མཐའན་མཇུག་ལུ་ལྷོདཔ་མས་ཟེར་ང་བཅས་ཀྱིས་ཤེས་པས། 19 ཁོང་ཆ་ཁྱབ་ ང་བཅས་ཀྱི་གྲལ་ཁ་ལས་ཐོན་ཡར་སོང་ཡི་ ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ལས་རང་ ཁོང་ང་བཅས་ཀྱི་ཁ་ཐུག་ལས་མེན་པས་ ཁོང་ང་བཅས་ཀྱི་གྲལ་ཁ་ལས་ཨིན་པ་ཅིན་ ང་བཅས་དང་གཅིག་ཁར་རང་སྡོད་སྡོདཔ་འོང་ དེ་འབདཝ་ད་ ཁོང་ང་བཅས་ཀྱི་གྲལ་ཁ་ལས་འཐོན་འགྱོ་ནི་དེ་གིས་ ང་བཅས་ཀྱི་ཁ་ཐུག་ལས་མེན་ཟེར་བའི་ཁུངས་བཀལཝ་ཨིན། 20 ཨིན་རུང་ དམ་པ་གཅིགཔ་དེ་གིས་ ཁོ་རའི་ཐུགས་ཉིད་ ཁྱེད་ཆ་ཁྱབ་ལུ་གནང་སྟེ་ཡོདཔ་ལས་ ཁྱེད་ག་ར་གིས་ཨ་ནི་ལོ་རྒྱུས་ཧ་གོ་ཚུགས། 21 ཁྱེད་ག་ར་གིས་ བདེན་པ་ལུ་མི་ཤེས་པས་ཟེར་ ང་གིས་འབྲིཝ་མེན་ དེ་འབདཝ་ད་ རྫུན་པ་གཅིག་ཡང་བདེན་པ་ལས་མི་འོང་ཟེར་ ཁྱེད་ཀྱིས་ཤེས་ནི་འདི་གིས་ ང་གིས་ཁྱེད་ལུ་འབྲིཝ་ཨིན། 22 དེ་ལས་ཤོབ་རྐྱབ་མི་དེ་ག་སྨོ་ཟེར་བ་ཅིན་ ཡེ་ཤུ་འདི་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་མེན་ཟེར་ སླབ་མི་དེ་ཨིན་ དེ་མ་ཚད་ ཡབ་དང་སྲས་ལུ་ ཁ་མ་བཟེད་མི་དེ་ ཁིརཱིས་ཀྱི་དགྲ་བྱང་ཕྱད་ཨིན། 23 ག་ར་ཨིན་རུང་ སྲས་ཀྱི་འཛོམ་དཔང་མ་འབད་བ་ཅིན་ ཡབ་ཁོ་གི་ནང་མི་བཞུགས་ དེ་ལས་ག་ར་ཨིན་རུང་ སྲས་ལུ་ཁ་བཟེད་བ་ཅིན་ ཡབ་ཡང་ཁོ་གི་ནང་བཞུགསཔ་ཨིན། 24 དེ་ལས་འགོ་དང་པ་ལས་ ཁྱེད་ཀྱིས་གོ་མི་དེ་ ན་འཐན་ཏོག་ཏོ་སྦེ་ཁྱེད་ཀྱི་སེམས་ཁར་དྲན་ཏེ་སྡོད་བཅུག་ དེ་སྦེ་འབད་བ་ཅིན་ ཁྱེད་སྲས་དང་ཡབ་ཀྱི་ནང་ན་གནས་སྡོད་འོང་། 25 དེ་ལས་ཁོ་གིས་ཧེ་མ་ལས་ ཁྱེད་ལུ་ཁས་བླངས་བཞེས་མི་དེ་ ག་ཅི་ཨིན་ན་ཟེར་བ་ཅིན་ ཚེ་མཐའ་མེདཔ་དེ་ཨིན། 26 ཨ་ནི་བྲིས་མི་དེ་ཚུ་ ཁྱེད་ལུ་མགུ་བསྐོར་བརྐྱབ་ནིའི་ཐབས་ཤེས་ལས་ བརྡ་འབད་ནི་གི་དོན་ལུ་ཨིན། 27 ད་ ཁོ་རའི་ཐུགས་ཉིད་ ཁྱེད་ཆ་ཁྱབ་ལུ་གནང་སྟེ་ ཁྱེད་ཀྱི་ནང་ན་བཞུགས་ཡོདཔ་ལས་ ག་གིས་ཡང་ཁྱེད་ལུ་བསླབ་བྱ་སྟོན་མི་དགོ་ དེ་ལས་ཐུགས་ཉིད་ཀྱིས་ཁྱེད་ལུ་ག་ར་སྟོན་གནངམ་ཨིནམ་མ་ཚད་ ཁོ་རྫུས་མ་མེན་པར་ངོ་མ་ཨིནམ་ལས་ ཁོ་གིས་ཁྱེད་ལུ་སྟོན་གནང་ཚརཝ་བཞིན་དུ་ འཕྲོ་མཐུད་དེ་རང་ འདི་ནང་གནས་ཏེ་སྡོད།། 28 ད་ངེ་གི་བྱམས་པའི་ཨ་ལོ་ཚུ་ ཁིརཱིས་ཀྱི་ནང་ན་གནས་ཏེ་སྡོད་ དེ་ལས་ཁོ་ལོག་སྟེ་མངོན་སུམ་སྦེ་འབྱོནམ་ད་ ཁོ་གི་གདོང་ཁར་ལུ་ངོ་མ་ཚ་བར་ བློ་བདེ་ཏོག་ཏོ་སྦེ་སྡོད་ཚུགས་འོང་། 29 ཁྱེད་ཀྱིས་ ཁིརཱིས་འདི་ དྲང་བདེན་ཨིན་ཟེར་ཤེས་པ་ཅིན་ འདི་བཟུམ་སྦེ་ ལཱ་ཕྲངམ་འབད་མི་ཚུ་ ག་ར་ཨིན་རུང་ དཀོན་མཆོག་གི་སྲས་སྲསམོ་ཨིན་ཟེར་ འདི་ཡང་ཁྱེད་ཀྱིས་ཤེས།
1 ཡབ་དཀོན་མཆོག་གིས་ ང་བཅས་ཁོ་གི་སྲས་སྲསམོ་ཨིན་ཟེར་གསུངས་ཏེ་ ང་བཅས་ལུ་ཁོ་གིས་བྱམས་པ་སྦོམ་དེ་ ག་ཅི་དེས་ཅིག་མཛད་ནུག་ མ་གཞི་ དོན་ལས་རང་ ང་བཅས་ཁོ་གི་སྲས་སྲསམོ་ཚུ་ཨིན་ དེ་འབདཝ་ད་ འཛམ་བུ་གླིང་གི་མི་ཚུ་གིས་ ཡེ་ཤུ་ཁིརཱིས་ངོ་མ་ཤེསཔ་ལས་བརྟེན་ཏེ་ ང་བཅས་ལུ་ཡང་ ངོ་མི་ཤེས་པས། 2 བྱམས་པའི་སྤུན་ཆ་ཚུ་ ད་ལྟོ་ང་བཅས་དཀོན་མཆོག་གི་སྲས་དང་སྲསམོ་ཚུ་ཨིན་རུང་ མ་འོང་པའི་དུས་ལུ་ ང་བཅས་ག་ཅི་བཟུམ་གཅིག་ལུ་འགྱུར་འོང་ག་ ད་ལྟོ་ཚུན་ཚོད་ མངོན་སུམ་དུ་སྟོན་མ་གནང་པས་ དེ་འབདཝ་ད་ འདི་བཏོན་ཚརཝ་ད་ ང་བཅས་ཁོ་བཟུམ་གཅིག་ལུ་འགྱུར་ནི་ཨིན་ཟེར་ཤེས་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ག་ཅི་བཟུམ་གཅིག་ཨིན་ན་ དེ་བཟུམ་སྦེ་རང་ ང་བཅས་ཀྱིས་ཁོ་ལུ་མཐོང་ཚུགས་འོང་། 3 དེ་ལས་ ག་གིས་རང་འབད་རུང་ ཨ་ནི་བཟུམ་གྱི་རེ་བ་བསྐྱེད་ཡོད་པ་ཅིན་ ཁིརཱིས་འདི་ག་དེ་སྦེ་དམ་པ་ཨིན་ན་ འདི་བཟུམ་སྦེ་ རང་ལུ་ཡང་དགཔ་བཟོཝ་ཨིན། 4 སྡིག་པ་དེ་བཀའ་ཁྲིམས་ལས་འགལ་མི་ གཅིག་ཨིནམ་ལས་ ག་ར་ཨིན་རུང་ སྡིག་པ་འབད་བ་ཅིན་ བཀའ་ཁྲིམས་ལས་ཡང་འགལཝ་ཨིན། 5 དེ་འབདཝ་ད་ ཁིརཱིས་ཀྱིས་ང་བཅས་ཀྱི་སྡིག་པ་བསྣམས་ནིའི་དོན་ལུ་ བྱོན་ཡི་ཟེར་ཁྱེད་ཀྱིས་ཤེས་ ཁོ་རའི་ནང་ན་སྡིག་པ་རྩ་ལས་རང་མེད། 6 དེ་ལས་ ག་གིས་རང་འབད་རུང་ ཁོ་གི་ནང་ན་གནས་མི་དེ་གིས་ སྡིག་པ་མི་འབད་ ག་གིས་རང་འབད་རུང་ སྡིག་པ་འབད་མི་དེ་གིས་ ཁོ་ལུ་མ་མཇལཝ་མ་ཚད་ ངོ་ཡང་མི་ཤེས། 7 ངེ་གི་བྱམས་པའི་ཨ་ལོ་ཚུ་ ཁྱེད་ལུ་ག་གིས་ཡང་མགུ་བསྐོར་རྐྱབ་མ་བཅུག་ ལཱ་ཕྲངམ་འབད་མི་འདི་ ག་གིས་རང་ཨིན་རུང་ ཁོ་ཁིརཱིས་བཟུམ་སྦེ་དྲང་བདེན་ མི་ཆོས་སེམས་ཅན་ཨིན། 8 སྡིག་ཅན་གྱི་ལཱ་འཕྲོ་མཐུད་དེ་རང་འབད་མི་དེ་ བདུད་ལས་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ བདུད་དེ་གིས་འགོ་དང་པ་ལས་རང་ སྡིག་པ་གི་ལཱ་འབད་དེ་འོངམ་ཨིན་ ད་དཀོན་མཆོག་གི་སྲས་བྱོན་མིའི་དོན་དག་འདི་ བདུད་ཀྱི་ལཱ་ཚུ་རྩ་མེད་གཏང་ནི་སྦེ་ཨིན་མས། 9 དཀོན་མཆོག་ལས་སྐྱེས་ཏེ་འོང་མི་ཚུ་གིས་སྡིག་པ་མི་འབད་ ག་ཅི་སྨོ་ཟེར་བ་ཅིན་ དེ་ཚུ་གི་ནང་ན་ དཀོན་མཆོག་གི་རང་བཞིན་དེ་བཞུགས་ཡོད་ ཁོང་དཀོན་མཆོག་གི་སྲས་སྲསམོ་ཚུ་ཨིནམ་ལས་ ཁོང་གིས་སྡིག་པ་འབད་མི་ཚུགས། 10 ཨ་ནི་དེ་ཚུ་ལས་ དཀོན་མཆོག་གི་སྲས་ག་ཨིན་ན་དང་ བདུད་ཀྱི་ཨ་ལོ་ཚུ་ག་ཨིན་ན་ གསལ་ཏོག་ཏོ་སྦེ་མཐོང་ཚུགས་ ག་ར་ཨིན་རུང་ ལཱ་ཕྲང་མ་འབད་མི་ཚུ་ ཡང་ན་ སྤུན་ཆ་ལུ་བྱམས་པ་མ་འབད་མི་ཚུ་ དཀོན་མཆོག་ལས་བྱུང་འོངམ་མེན།། 11 ཁྱེད་ཀྱི་འགོ་དང་པ་ལས་རང་གོ་སྟེ་འོང་མིའི་གཏམ་བཟང་འདི་ ག་ཅི་ཨིན་ན་ཟེར་བ་ཅིན་ གཅིག་གིས་གཅིག་ལུ་བྱམས་པ་འབད་དགོ་ཟེར་མི་དེ་ཨིན། 12 དེ་འབདཝ་ད་ ངན་པ་ལས་ཨིན་མིའི་ ཀཱེན་བཟུམ་སྦེ་ ཁྱེད་ཀྱིས་རང་གི་ནུ་གཅུང་ལུ་དམར་བསད་མ་འབད་ ཁོ་གིས་ རང་གི་ནུ་གཅུང་ ཁུངས་ག་ཅི་ལས་བརྟེན་ཏེ་བསད་ཅི་ག་ཟེར་བ་ཅིན་ ཁོ་རའི་བྱ་བ་དེ་ངན་པ་ཨིནམ་དང་ ཁོ་རའི་ནུ་གཅུང་གི་བྱ་བ་དེ་ཕྲངམ་འབདཝ་ལས་བརྟེན་ཏེ་ཨིན་མས། 13 ངེ་གི་སྤུན་ཆ་ཚུ་ འཇིག་རྟེན་གྱི་མི་ཚུ་གིས་ ཁྱེད་ལུ་མིག་ཁར་བཀལཝ་ད་རྣམ་རྟོག་མ་ལང་། 14 ང་བཅས་སྤུན་ཆ་ཚུ་ལུ་བྱམས་པ་འབདཝ་ལས་བརྟེན་ཏེ་ ཤི་ས་ལས་ཐར་ཏེ་ མཐའ་མེད་པའི་ཚེ་ཐོབ་སྟེ་ཡོད་ཟེར་ ང་བཅས་ཀྱིས་ཤེས་ ག་ར་ཨིན་རུང་ བྱམས་པ་མེད་མི་དེ་ འཆི་བ་ནང་རང་སྡོདཔ་ཨིན། 15 ག་ར་ཨིན་རུང་ སྤུན་ཆ་ཚུ་ལུ་མིག་ཁར་བཀལ་བ་ཅིན་ དམར་བསད་འབད་མི་ཨིན་ དེ་ལས་མཐའ་མེད་པའི་ཚེ་དེ་ དམར་བསད་འབད་མི་གི་ནང་ན་མི་བཞུགས་ཟེར་ ཁྱེད་ཆ་ཁྱབ་ཀྱིས་ག་དེམ་ཅིག་ཡང་ཤེས། 16 ཡེ་ཤུ་ཁིརཱིས་ཀྱིས་ཁོ་རའི་སྐུ་སྲོག་ ང་བཅས་ཀྱིས་དོན་ལུ་གནངམ་ལས་ བྱམས་པ་ངོ་མ་དེ་ག་ཅི་ཨིན་ན་ ང་བཅས་ཀྱིས་ཤེས་ཚུགས་པས་ དེ་འབདཝ་ལས་ ང་བཅས་ཀྱིས་ཡང་ སྤུན་ཆ་གི་དོན་ལུ་རང་སྲོག་བློས་གཏང་དགོ། 17 ག་དེམ་ཅིག་སྦེ་ ག་ར་ཨིན་རུང་ མི་གཅིག་ལུ་རྒྱུ་ཅ་ལ་ཡོད་དེ་ སྤུན་ཆ་གཅིག་ལུ་ཁག་ཆེཝ་མཐོང་སྟེ་ ཆ་རོགས་མ་འབད་བ་ཅིན་ མི་དེ་གི་ནང་ དཀོན་མཆོག་གི་བྱམས་པ་ག་དེ་སྦེ་འོང་ནི་སྨོ། 18 ངེ་གི་ཨ་ལོ་ཆ་ཁྱབ་ ང་བཅས་བྱམས་པ་ཁ་དང་ ཚིག་རྐྱངམ་གཅིག་གིས་སྟོན་ཏེ་འབད་ནི་མེན་པར་ དེ་འབདཝ་ད་ བྱམས་པ་ངོ་མ་འདི་ ང་བཅས་རང་གི་ལག་ལེན་འཐབ་སྟེ་ མིག་གི་མཐོང་སར་བཏོན་དགོ། 19 འདི་ལས་བརྟེན་ཏེ་ ང་བཅས་བདེན་པ་གི་ཨིན་ཟེར་ཤེས་འོང་ དེ་ལས་རང་གི་སེམས་ཁོ་གི་གཟིགས་སར་ བློ་བདེ་ཏོག་ཏོ་སྦེ་སྡོད་འོང་། 20 ག་ཅི་སྨོ་ཟེར་བ་ཅིན་ ནམ་རང་འབད་རུང་ རང་གི་སེམས་ཀྱི་རང་ལུ་ ཉེས་ཆད་ཕོག་བཅུགཔ་ད་ སེམས་དེ་ལས་ཡང་དཀོན་མཆོག་སྦོམ་ དེ་མ་ཚད་ཁོ་གིས་ག་ར་མཁྱེན། 21 ངེ་གི་བྱམས་པའི་ཆ་རོགས་ཚུ་ རང་གི་སེམས་ཀྱིས་རང་ལུ་ ཉེས་ཆད་ཕོག་མ་བཅུག་པ་ཅིན་ ང་བཅས་དཀོན་མཆོག་གི་གཟིགས་སར་འདྲོག་མི་དགོ། 22 དེ་ལས་ང་བཅས་ཀྱིས་ཁོ་གི་བཀའ་ལུ་ཉན་ཏེ་ ཁོ་གི་ཐུགས་དགོངས་བསྒྲུབ་པ་ཅིན་ ཁོ་ལས་ག་ཅི་ཞུ་རུང་ ང་བཅས་ཀྱིས་ཐོབ། 23 ད་རུང་ཁོ་གི་བཀའ་འདི་ ག་ཅི་ཨིན་ན་ཟེར་བ་ཅིན་ ང་བཅས་ཀྱིས་ཁོ་གི་སྲས་ཡེ་ཤུ་ཁིརཱིས་ཀྱི་མཚན་ནང་ དད་པ་བསྐྱེད་དགོཔ་དང་ ཁོ་གིས་བཀའ་གནངམ་བཞིན་དུ་ གཅིག་གིས་གཅིག་ལུ་ བྱམས་པ་འབད་དགོཔ་འདི་ཨིན། 24 ཁོ་གི་བཀའ་ལུ་ཉན་མི་ ག་ར་ཨིན་རུང་ ཁོ་གི་ནང་ན་གནས་སྡོད་འོང་ དེ་ལས་ཁོ་ཡང་མི་དེ་གི་ནང་ན་བཞུགས་འོང་ ཁོ་ང་བཅས་ཀྱི་ནང་ན་བཞུགས་ཡོད་ཟེར་ ཁོ་གིས་ང་བཅས་ལུ་གནང་མིའི་དམ་པའི་ཐུགས་ཉིད་ཀྱི་ཐོག་ལས་ ང་བཅས་ཀྱིས་ཤེས་ཚུགས།།
1 ངེ་གི་བྱམས་པའི་ཆ་རོགས་ཚུ་ དཀོན་མཆོག་གི་ཐུགས་ཉིད་ ང་དང་གཅིག་ཁར་ཡོད་ཟེར་སླབ་མི་ག་ར་ལུ་ཆ་མ་བཞག་ ཁོང་གི་ཐོག་ལས་སླབ་མི་འདི་ དཀོན་མཆོག་ལས་ཨིན་ན་མེན་ན་ ཁྱེད་ཀྱིས་བརྟག་དཔྱད་འབད་དེ་བལྟ་ ག་ཅི་སྨོ་ཟེར་བ་ཅིན་ ལུང་སྟོན་པ་རྫུས་མ་དེ་ཚུ་ལེ་ཤ་རང་འཛམ་གླིང་ནང་འཐོན་ཏེ་ཡོད། 2 དཀོན་མཆོག་གི་ཐུགས་ཉིད་དེ་ ཁོང་གི་ནང་ཡོདཔ་ ག་དེ་སྦེ་ཤེས་ཚུགས་ག་ཟེར་བ་ཅིན་ ག་ར་འབད་རུང་ ཡེ་ཤུ་ཁིརཱིས་འདི་ མིའི་ལུས་ལུ་བྱོན་བྱོནམ་ཨིན་ཟེར་ འཛོམ་དཔང་འབད་བ་ཅིན་ ཁོང་དཀོན་མཆོག་ལས་ཨིན། 3 དེ་འབདཝ་ད་ ག་ར་འབད་རུང་ ཡེ་ཤུ་གི་འཛོམ་དཔང་མ་འབད་མི་དེ་ཚུ་ དཀོན་མཆོག་ལས་མེན་པར་ ཁོང་ཁིརཱིས་ཀྱི་དགྲ་ཨིན་ དགྲ་དེ་ཚུ་ཨ་ནི་བཟུམ་སྦེ་འོངམ་ཨིན་ དགྲ་དེ་ཧེ་མ་ལས་འོང་ནི་ཟེར་ཁྱེད་ཀྱིས་གོ་ཡི་ ད་ཁོ་ནཱ་འཛམ་བུ་གླིང་ནང་འོང་ཚར་ཡི། 4 དེ་འབདཝ་ད་ ངེ་གི་བྱམས་པའི་ཨ་ལོ་ཚུ་ ཁྱེད་དཀོན་མཆོག་ལས་ཨིནམ་མ་ཚད་ ཁྱེད་ཀྱིས་ཁོང་ལས་རྒྱལ་ཁ་ཐོབ་ཚར་ཡི་ ག་ཅི་སྨོ་ཟེར་བ་ཅིན་ འཇིག་རྟེན་ནང་ཡོད་མི་དེ་ལས་ ཁྱེད་ཀྱི་ནང་ན་བཞུགས་ཡོད་མི་དེ་སྦོམ། 5 ལུང་སྟོན་པ་རྫུས་མ་དེ་ཚུ་ འཇིག་རྟེན་ལས་འབད་ནི་དེ་གིས་ འཇིག་རྟེན་གྱི་རང་བཞིན་ལས་ཁོང་གིས་སླབ་ཨིན་ དེ་ལས་འཇིག་རྟེན་ནང་གི་མི་ཚུ་གིས་ ཁོང་གི་ཁ་ལུ་ཉནམ་ཨིན། 6 ང་བཅས་དཀོན་མཆོག་ལས་ཨིན་ ག་ར་ཨིན་རུང་ དཀོན་མཆོག་དང་གཞན་འབྲེལ་ཡོད་མི་ཚུ་གིས་ ང་བཅས་ལུ་ཉན་འོང་ དེ་འབདཝ་ད་ ག་ར་ཨིན་རུང་ དཀོན་མཆོག་ལས་མེན་པ་ཅིན་ ང་བཅས་ལུ་ཉན་མི་བཏུབ་ འདི་ཚུ་ག་ར་གིས་ཐོག་ལས་ ཁོང་གི་ནང་བདེན་པ་གི་སེམས་ཉིད་ཡོདཔ་ཨིན་ན་ ཡང་ན་མགུ་བསྐོར་རྐྱབ་མི་སེམས་ཉིད་ཡོདཔ་ཨིན་ན་ ང་བཅས་ཀྱིས་དབྱེ་བ་ཕྱེ་ཚུགས།། 7 ངེ་གི་བྱམས་པའི་ཆ་རོགས་ཚུ་ ང་བཅས་གཅིག་གིས་གཅིག་ལུ་ བྱམས་པ་འབད་དེ་རང་སྡོད་གེ་ ག་ཅི་སྨོ་ཟེར་བ་ཅིན་ བྱམས་པ་འདི་དཀོན་མཆོག་ལས་འབྱུངམ་ཨིན་ བྱམས་པ་འབད་མི་ག་ར་ཨིན་རུང་ དཀོན་མཆོག་ལས་སྐྱེས་འོངམ་ཨིན་ དེ་མ་ཚད་ ཁོང་གིས་དཀོན་མཆོག་ཡང་ངོ་ཤེས། 8 ག་ར་ཨིན་རུང་ བྱམས་པ་མ་འབད་མི་དེ་གིས་ དཀོན་མཆོག་ངོ་མི་ཤེས་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་དེ་བྱམས་པ་ཨིན། 9 དཀོན་མཆོག་གིས་ བྱམས་པ་ག་ཅི་དེས་ཅིག་ ང་བཅས་ཀྱི་ནང་ན་སྟོན་གནང་ཡི་ག་ཟེར་བ་ཅིན་ ཁོ་གིས་ཁོ་རང་གི་སྲས་གཅིགཔ་དེ་ ནཱ་འཛམ་གླིང་ནང་གཏང་གནང་སྟེ་ ང་བཅས་ཁོ་གི་ཐོག་ལས་གསོན་པོ་སྦེ་སྡོདཔ་ཨིན། 10 བྱམས་པ་ངོ་མ་འདི་ཨ་ནི་ཨིན་ ང་བཅས་ཀྱིས་དཀོན་མཆོག་ལུ་བྱམས་འབདཝ་མེན་ དེ་འབདཝ་ད་ ཁོ་གིས་ང་བཅས་ལུ་བྱམས་པ་མཛད་དེ་ ང་བཅས་ཀྱི་སྡིག་པ་དག་པའི་དོན་ལུ་ ཁོ་རང་གི་སྲས་ཀྱིས་ རང་གི་སྐུ་སྲོག་བློས་གཏང་པ་བཏང་གནང་ཡི། 11 ངེ་གི་བྱམས་པའི་ཆ་རོགས་ཚུ་ དཀོན་མཆོག་གིས་ང་བཅས་ལུ་དེ་ཚུན་ཚོད་བྱམས་པ་མཛད་གནང་པ་ཅིན་ ང་བཅས་ཀྱིས་ཡང་གཅིག་གིས་གཅིག་ལུ་བྱམས་པ་འབད་དགོ། 12 མི་ག་གིས་ཡང་ རང་གི་མིག་ཏོ་གིས་དཀོན་མཆོག་མ་མཇལ་ དེ་འབདཝ་ད་ ང་བཅས་རང་གཅིག་གིས་གཅིག་ལུ་ བྱམས་པ་འབད་བ་ཅིན་ དཀོན་མཆོག་ང་བཅས་ཀྱི་ནང་ན་བཞུགས་ཏེ་ ཁོ་གི་བྱམས་པ་དེ་ ང་བཅས་ཀྱི་ནང་ཡོངས་སུ་རྫོགསཔ་སྦེ་གངམ་ཨིན། 13 ཁོ་རང་གི་ཐུགས་ཉིད་ང་བཅས་ལུ་གནང་ནི་དེ་གིས་ ང་བཅས་ཁོ་གི་ནང་ན་དང་ ཁོ་ང་བཅས་ཀྱི་ནང་ན་བཞུགས་ཡོད་ཟེར་ང་བཅས་ཀྱིས་ཤེས། 14 དེ་ལས་ཡབ་ཀྱིས་ ཁོ་རའི་སྲས་འཛམ་གླིང་ལུ་སྐྱབས་མཛད་པའི་དོན་ལུ་གནང་ཡོདཔ་ ང་བཅས་ཀྱིས་མིག་གིས་མཐོང་སྟེ་ འཛོམ་དཔང་འབདཝ་ཨིན། 15 ག་ར་ཨིན་རུང་ ཡེ་ཤུ་དཀོན་མཆོག་ཁོ་རང་གི་སྲས་ཨིན་ཟེར་འཛོམ་དཔང་འབད་བ་ཅིན་ དཀོན་མཆོག་དེ་ ཁོ་གི་ནང་ན་བཞུགས་ཡོདཔ་མ་ཚད་ ཁོ་དཀོན་མཆོག་གི་ནང་ན་སྡོདཔ་ཨིན། 16 དཀོན་མཆོག་གིས་ང་བཅས་ལུ་ག་དེམ་ཅིག་བྱམས་པ་མཛདཔ་ཨིན་ན་ ང་བཅས་ཀྱིས་ཤེསཔ་མ་ཚད་ ང་བཅས་ཁོ་གི་བྱམས་པ་ལུ་ཆ་བཞགཔ་ཨིན་ དཀོན་མཆོག་འདི་བྱམས་པ་ཨིནམ་ལས་ ག་ར་འབད་རུང་ བྱམས་པ་ནང་སྡོད་ཡོད་པ་ཅིན་ ཁོང་དཀོན་མཆོག་ནང་སྡོདཔ་ཨིན་ དེ་ལས་དཀོན་མཆོག་ཡང་ཁོང་གི་ནང་ན་བཞུགསཔ་ཨིན། 17 དེ་གིས་འབད་ བྱམས་པ་དེ་ ང་བཅས་ཀྱི་ནང་ན་ཡར་རྒྱས་འགྱོ་སྟེ་ཡོངས་སུ་རྫོགསཔ་སྦེ་ཡོདཔ་ལས་ ཁྲིམས་ཕྱེ་བའི་ཉིནམ་འདི་ལུ་ ང་བཅས་ཀྱིས་མ་འདྲོག་པར་ ཁོ་གི་སྐུ་མདུན་ལུ་སྒྲིང་སྒྲིང་སྦེ་སྡོད་ཚུགས་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཡང་ཁིརཱིས་ཀྱི་བྱ་བ་དང་འཁྲིལ་ཏེ་ ཨ་ནི་འཛམ་གླིང་ནང་སྡོད་ཡོད། 18 ཨ་ནི་བཟུམ་གྱི་བྱམས་པ་ལུ་འདྲོག་ནི་རྩ་ལས་རང་མེད་ ཨིན་རུང་ ཡོངས་སུ་རྫོགས་པའི་བྱམས་པ་གིས་ འདྲོག་ནི་ལུ་བདའ་གཏངམ་ཨིན་ ག་དེམ་ཅིག་སྦེ་ང་བཅས་འདྲོག་པ་ཅིན་ ཉེས་ཁྲིམས་ལུ་བལྟ་སྟེ་འདྲོགཔ་ཨིན་ འདི་གིས་ ང་བཅས་ཁོ་གི་ཡོངས་སུ་རྫོགས་པའི་བྱམས་པ་ལུ་ཉམས་མྱོང་མེདཔ་བཟུམ་སྦེ་སྟོནམ་ཨིན། 19 ང་བཅས་གཅིག་གིས་གཅིག་ལུ་བྱམས་པ་འབདཝ་ཨིན་ ག་ཅི་འབད་ཟེར་བ་ཅིན་ ཧེ་མ་ཁོ་གིས་ང་བཅས་ལུ་བྱམས་པ་མཛད་གནངམ་ལས་བརྟེན་ཏེ་ཨིན། 20 ག་གིས་རང་ཨིན་རུང་ ང་གིས་དཀོན་མཆོག་ལུ་བྱམས་པ་འབདཝ་ཨིན་ཟེར་སླབ་སྟེ་ སྤུན་ཆ་ལུ་མིག་ཁར་བཀལ་བ་ཅིན་ ཨ་ནི་མི་དེ་གིས་ཤོབ་རྐྱབ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ མིག་ཏོ་གིས་མཐོང་མི་སྤུན་ཆ་ལུ་ བྱམས་པ་མ་འབད་མི་དེ་གིས་ མིག་གིས་མ་མཇལ་བའི་དཀོན་མཆོག་ལུ་ བྱམས་པ་ག་དེ་སྦེ་འབད་ནི་སྨོ། 21 དེ་ལས་དཀོན་མཆོག་ལུ་བྱམས་པ་འབད་མི་དེ་གིས་ ཨིན་ཅི་མིན་ཅི་ རང་གི་སྤུན་ཆ་ལུ་ཡང་བྱམས་པ་འབད་དགོ་ཟེར་ ཨ་ནི་བཀའ་རྒྱ་འདི་ ཁོ་ལས་ཐོབ་སྟེ་ཡོད།།
1 ཡེ་ཤུ་དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་ཟེར་དད་པ་བསྐྱེད་མི་དེ་ དཀོན་མཆོག་གི་སྲས་སྲསམོ་ཨིན་ ག་ར་ཨིན་རུང་ ཡབ་ལུ་བྱམས་པ་འབད་བ་ཅིན་ ཡབ་ཀྱི་ཨ་ལོ་ཚུ་ལུ་ཡང་བྱམས་པ་འབདཝ་ཨིན། 2 དེ་ལས་དཀོན་མཆོག་ལུ་བྱམས་པ་འབད་དེ་ ཁོ་གི་བཀའ་ལུ་ཉན་པ་ཅིན་ ང་བཅས་ཀྱིས་ཁོ་གི་སྲས་སྲསམོ་ལུ་ཡང་བྱམས་པ་འབདཝ་ཨིན་ཟེར་ཧ་གོ་ཚུགས། 3 དཀོན་མཆོག་གི་བཀའ་ལུ་ཉན་པ་ཅིན་ ང་བཅས་ཀྱིས་ཁོ་ལུ་བྱམས་པ་འབདཝ་ཨིན་ དེ་ལས་ཁོ་གི་བཀའ་ཉན་ནི་ ལཱ་ཁག་ག་ནི་ཡང་མེད། 4 ག་ཅི་སྨོ་ཟེར་བ་ཅིན་ ག་ར་ཨིན་རུང་ དཀོན་མཆོག་ལས་སྐྱེ་མི་དེ་གིས་ འཇིག་རྟེན་ལས་རྒྱལ་ཁ་ཐོབ་ཨིན་ འཇིག་རྟེན་ལས་རྒྱལ་ཁ་ཐོབ་མི་དེ་ ང་བཅས་རང་གི་དད་པ་དེ་གིས་ཨིན། 5 ཡེ་ཤུ་ཁིརཱིས་དེ་ དཀོན་མཆོག་གི་སྲས་ཨིན་ཟེར་དད་པ་བསྐྱེད་མི་དེ་གིས་ མ་གཏོགས་ གཞན་ག་གིས་ཡང་འཇིག་རྟེན་ལས་རྒྱལ་ཁ་མི་ཐོབ།། 6 ཆུ་དང་ཁྲག་ལས་བྱོན་མི་དེ་ཡེ་ཤུ་ཁིརཱིས་ཨིན་ ཁོ་ཆུ་ལས་རྐྱངམ་གཅིག་བྱོན་བྱོནམ་མེན་ དེ་འབདཝ་ད་ ཆུ་དང་ཁྲག་གཉིས་ཆ་རང་ལས་བྱོན་ཡི་ འདི་ལུ་འཛོམ་དཔང་བཤད་མི་དེ་ ཐུགས་ཉིད་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཐུགས་ཉིད་འདི་བདེན་པ་ཨིན། 7 འཛོམ་དཔང་གསུམ་འདི་ ཐུགས་ཉིད་དང་ཆུ་དང་སྐུ་ཁྲག་ ཁོང་གསུམ་འདི་གཅིག་ཁར་མཐུནམ་ཨིན། 9 ང་བཅས་ཀྱིས་མིའི་འཛོམ་དཔང་ལུ་ཆ་བཞགཔ་ཨིན་ དེ་འབདཝ་ད་ མིའི་འཛོམ་དཔང་དེ་ལས་ དཀོན་མཆོག་གིས་མཛད་མིའི་འཛོམ་དཔང་དེ་ག་དེ་ཅིག་སྦོམ་ནི་སྨོ་ ད་རང་གི་སྲས་ཀྱི་སྐོར་ལས་ འཛོམ་དཔང་མཛད་མི་དེ་ ཁོ་དཀོན་མཆོག་རང་ཨིན། 10 ག་ར་ཨིན་རུང་ དཀོན་མཆོག་གི་སྲས་ལུ་དད་པ་བསྐྱེད་མི་གིས་ ཨ་ནི་འཛོམ་དཔང་དེ་ ཁོ་རའི་སེམས་ནང་ལུ་ཡོད་ ག་གིས་རང་ཨིན་རུང་ དཀོན་མཆོག་ལུ་དད་པ་མ་བསྐྱེད་མི་གིས་ དཀོན་མཆོག་ལུ་ཞལ་རྫུན་གསུངས་མི་སྦེ་བཟོཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཁོ་རང་གི་སྲས་ཀྱི་སྐོར་ལས་ འཛོམ་དཔང་མཛད་མི་དེ་ལུ་ མི་དེ་གིས་ཆ་མ་བཞག་པས། 11 ད་འཛོམ་དཔང་མཛད་མི་དེ་ ག་ཅི་ཨིན་ན་ཟེར་བ་ཅིན་ དཀོན་མཆོག་གིས་ང་བཅས་ལུ་ཚེ་མཐའ་མེདཔ་གནང་སྟེ་ཡོད་ ཨ་ནི་ཚེ་མཐའ་མེདཔ་དེ་ ཁོ་རའི་སྲས་ནང་ལས་ཐོབ་ཚུགསཔ་ཨིན། 12 མི་ག་དང་ག་གི་ནང་ན་ དཀོན་མཆོག་གི་སྲས་བཞུགས་ཡོད་ག་ ཚེ་མཐའ་མེདཔ་ཡང་འདི་ལུ་ཡོད་ དེ་ལས་ ག་དང་ག་གི་ནང་ན་ལུ་ དཀོན་མཆོག་གི་སྲས་མེད་ ཚེ་མཐའ་མེདཔ་ཡང་འདི་ལུ་མེད།། 13 ཁྱེད་དཀོན་མཆོག་གི་སྲས་ཀྱི་མཚན་ནང་དད་པ་བསྐྱེད་མི་ཚུ་ལུ་ ཚེ་མཐའ་མེདཔ་ཡོད་ཟེར་ཤེས་བཅུག་ནི་སྦེ་ ང་གིས་ འདི་ཚུ་ ཁྱེད་ཆ་ཁྱབ་ལུ་འབྲིཝ་ཨིན། 14 དཀོན་མཆོག་ལུ་ཞུ་བ་ཕུལཝ་ད་ ཨ་ནི་བློ་སྟོབས་ང་བཅས་ལུ་ཡོདཔ་ཨིན་ ག་ཅི་རང་ཞུ་རུང་ ཁོ་གི་ཐུགས་དགོངས་བཞིན་དུ་ཞུ་བ་ཅིན་ ཁོ་གིས་སྙན་གསན་གནངམ་ཨིན། 15 དེ་ལས་ང་བཅས་ཀྱིས་ ག་ཅི་རང་ཞུ་རུང་ ཁོ་གིས་སྙན་གསན་གནངམ་ཨིན་ཟེར་ཤེས་པ་ཅིན་ ང་བཅས་ཀྱིས་ཁོ་ལས་ཞུ་མི་ འདི་ཚུ་ཡང་ཐོབ་ཅི་ཟེར་ཧ་གོ་ཚུགས། 16 ག་ར་ཨིན་རུང་ སྤུན་ཆ་གཅིག་གིས་ ཤི་སར་མ་སྐྱེལ་བའི་སྡིག་པ་འབད་ས་མཐོང་པ་ཅིན་ ཁོ་གི་དོན་ལུ་སྨོན་ལམ་ཞུ་བྱིན་ དེ་ལས་ཁོ་ལུ་ཚེ་གནང་འོང་ ང་གིས་ཤི་སར་སྐྱེལ་མ་ཚུགས་པའི་སྡིག་པའི་སྐོར་ལས་སླབ་ཨིན་ ཤི་སར་ལུ་སྐྱེལ་ཚུགས་པའི་སྡིག་པ་ཡང་ཡོད་ ང་གིས་ཁོ་ལུ་འདི་གི་དོན་ལུ་སྨོན་ལམ་ཞུ་ཟེར་སླབ་མེན། 17 ཆོས་དང་མ་མཐུན་མི་ཚུ་ག་ར་སྡིག་པ་ཨིན་ དེ་འབདཝ་ད་ སྡིག་པ་ག་ར་གིས་ཤི་སར་སྐྱེལ་མི་ཚུགས། 18 དཀོན་མཆོག་ལས་སྐྱེ་མི་དེ་ཚུ་གིས་ སྡིག་པ་འཕྲོ་མཐུད་དེ་རང་མི་འབད་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་ཁོ་རང་གི་སྲས་ཀྱིས་ ཁོང་ལུ་སྐྱབས་མཛད་དེ་བཞགཔ་ཨིན་ དེ་ལས་བདུད་ཀྱིས་ཁོང་ལུ་གནོད་པ་བཀལ་མི་ཚུགས། 19 ང་བཅས་དཀོན་མཆོག་གི་སྲས་སྲསམོ་ཨིནམ་ད་ འཇིག་རྟེན་ག་ར་བདུད་ཀྱི་དབང་ཚད་ཀྱི་འོག་ལུ་ཡོདཔ་ང་བཅས་ཀྱིས་ཤེས། 20 དེ་ལས་དཀོན་མཆོག་གི་བདེན་པའི་སྲས་ ངོ་ཤེས་བཅུག་ནི་གི་དོན་ལུ་ ཁོ་གི་སྲས་བྱོན་ཏེ་ ང་བཅས་ལུ་ཤེས་རབ་གནང་ཡི་ཟེར་ང་བཅས་ཀྱིས་ཤེས་ ད་ང་བཅས་ ཨ་རྟག་རང་བདེན་པ་སྦེ་བཞུགས་ཡོད་མི་ སྲས་ཡེ་ཤུ་ཁིརཱིས་ཀྱི་ནང་ན་སྡོདཔ་ཨིན་ ཁོ་དཀོན་མཆོག་ངོ་མ་ཨིནམ་མ་ཚད་ ཁོ་ཚེ་མཐའ་མེདཔ་ཡང་ཨིན། 21 ངེ་གི་བྱམས་པའི་ཨ་ལོ་ཚུ་ སྐུ་ཚུ་ལས་ཐག་རིང་སར་སྦེ་སྡོད་ཟེར་ཞུ་ནི་ཨིན།། །།
1 ང་ཆོས་ཚོགས་ཀྱི་འགོ་འདྲེན་པ་ལས་ གཙོ་བོ་གིས་བཙག་འཐུ་མཛད་གནང་མིའི་ཨམ་དང་ མོ་རང་གི་ཨ་ལོ་ཚུ་ལུ་ ཨ་ནི་ཡི་གུ་འདི་འབྲིཝ་ཨིན་ ང་གིས་ཁྱེད་ལུ་བདེན་པ་ནང་བྱམས་བརྩེ་བསྐྱེད་དེ་ཡོད་ ང་རྐྱངམ་གཅིག་གིས་མ་ཚད་པར་ ལྷག་པར་དུ་ བདེན་པ་ལུ་ངོ་ཤེས་མི་ག་ར་གིས་ཡང་ དེ་བཟུམ་སྦེ་རང་ཁྱེད་ལུ་འབད་དེ་ཡོད། 2 ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ག་ར་གི་ནང་ན་བདེན་པ་གནས་ཏེ་ བདེན་པ་འདི་ཨ་རྟག་རང་ ང་བཅས་དང་གཅིག་ཁར་སྡོད་ནི་ཨིན། 3 ང་བཅས་བྱམས་པ་དང་བདེན་པ་གི་ཐོག་ལས་སྡོད་ནི་གི་དོན་ལུ་ ཡབ་དཀོན་མཆོག་དང་ཁོ་རང་གི་སྲས་ ཡེ་ཤུ་ཁིརཱིས་ལས་བྱུང་མིའི་ ཐུགས་རྗེ་དང་ སྙིང་རྗེ་ དེ་ལས་ཞི་བདེ་ང་བཅས་ནང་ན་གནས་བཅུག། 4 ཁྱོད་ཀྱི་ཨ་ལོ་ལ་ལུ་དང་གཅིག་ཁར་འཕྱདཔ་ད་ ང་བཅས་ལུ་ཡབ་ལས་གནང་མི་བཀའ་རྒྱ་དང་འཁྲིལ་ཏེ་ བདེན་པ་གི་ནང་ན་གནས་ཡོདཔ་མཐོང་སྟེ་ ང་གནམ་མེད་ས་མེད་སེམས་དགའ་ཡི། 5 ད་ཨམ་ ང་བཅས་གཅིག་གིས་གཅིག་ལུ་བྱམས་པ་འབད་དགོ་ཟེར་ ང་གིས་ཁྱོད་ལུ་ཨུ་ཚུགས་རྐྱབ་དོ་ ཁྱོད་ལུ་ ང་གིས་བཀའ་རྒྱ་གསརཔ་འབྲིཝ་ཨིན་རང་མེན་ དེ་འབདཝ་ད་འགོ་དང་པ་ལས་ ང་བཅས་ལུ་གནང་སྟེ་ཡོད་མི་བཀོད་རྒྱ་འདི་རང་ཨིན། 6 དེ་ལས་ཁོ་གི་བཀའ་རྒྱ་བསྒྲུབ་ནི་གི་དོན་ལུ་ ང་བཅས་ཀྱིས་ ཨ་ནི་བཟུམ་གྱི་བྱམས་པ་འབད་དེ་སྡོད་དགོ་ དེ་དང་འཁྲིལ་ཏེ་འབད་དགོ་ཟེར་ འགོ་དང་པ་ལས་རང་ ཁྱེད་ཀྱི་གོ་མིའི་བཀའ་རྒྱ་དེ་ ཨ་ནི་རང་ཨིན།། 7 ཡེ་ཤུ་ཁིརཱིས་འདི་ མིའི་ལུས་ལུ་བྱོན་ཡི་ཟེར་འཛོམ་དཔང་མ་འབད་བར་ མགུ་བསྐོར་རྐྱབ་མི་ལེ་ཤ་རང་ འཛམ་གླིང་ནང་འཐོན་ཏེ་ཡོད་ དེ་བཟུམ་འབད་མི་ མི་ག་ར་ཨིན་རུང་ མགུ་བསྐོར་རྐྱབ་མི་དང་ ཡེ་ཤུ་ཁིརཱིས་ཀྱི་དགྲ་ཨིན། 8 ང་བཅས་ཀྱིས་དཀའཝ་སྤྱད་དེ་ གྲུབ་འབྲས་བཏོན་ཚར་མི་དེ་ མ་འབྱང་བར་ གསོལ་རས་ག་ར་ཐོབ་ནིའི་དོན་ལུ་ ཁྱེད་ཀྱིས་དྲན་པ་བཏོན་ཏེ་སྡོད། 9 ག་ར་འབད་རུང་ ཁིརཱིས་ཀྱི་སྟོན་མི་ལུ་འཕྲོ་མཐུད་དེ་མ་གནས་མི་དང་ སོ་སོ་སྦེ་ཧེ་མ་འཐོན་འགྱོ་མི་གི་ནང་ན་ དཀོན་མཆོག་མི་བཞུགས་ དེ་འབདཝ་ད་ ག་ར་ཨིན་རུང་ ཁིརཱིས་ཀྱིས་སྟོན་མི་ནང་རང་ འཕྲོ་མཐུད་དེ་གནས་མི་ནང་ ཡབ་དཀོན་མཆོག་དང་ཁོ་གི་སྲས་བཞུགསཔ་ཨིན། 10 དེ་ལས་ག་ར་ཨིན་རུང་ ཁྱེད་སྡོད་སར་ལུ་འོང་མི་ཚུ་གིས་ ཨ་ནི་སློབ་སྟོན་འདི་ལས་སོ་སོ་གཅིག་ སྟོན་འོང་པ་ཅིན་ ཁོ་ཁྱེད་ཀྱི་ཁྱིམ་ནང་འཁྱིད་མ་སོང་ ཡང་ན་ཕེབས་བསུ་ཡང་མ་ཞུ། 11 དེ་ལས་ ག་ར་འབད་རུང་ ཁོ་ལུ་ཕེབས་བསུ་ཞུ་བ་ཅིན་ ཁོ་གི་ལཱ་ངན་པ་ནང་ བཅའ་མར་གཏོགས་དོཝ་བཟུམ་སྦེ་རང་ཨིན།། 12 ང་གིས་ཁྱེད་ལུ་ལོ་རྒྱུས་ལེ་ཤ་འབྲི་ནི་ཡོད་རུང་ ད་ལྟོ་ཤོག་ཀུ་དཀརཔོ་གུ་གནགཔོ་བཀལ་ཏེ་མི་འབྲི་ དེ་བ་འདི་ ཁྱེད་སྡོད་སར་འོང་ཞིནམ་ད་ གདོང་སྐོར་བརྐྱབས་ཏེ་ བློ་སླབ་ནིའི་རེ་བ་ཡོད་ དེ་གིས་ ང་བཅས་ག་ར་ལུ་དགའ་སྤྲོ་ ཡོངས་སུ་རྫོགསཔ་སྦེ་འབྱུང་ནི་འོང་། 13 གཙོ་བོ་གིས་བཙག་འཐུ་མཛད་གནང་མིའི་ཨ་ཞེམོ་གི་ཨ་ལོ་ཚུ་གིས་ ཁྱེད་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་གཏང་དེས་ཟེར་ཞུ་ནི་ཨིན།། །།
1 ང་ཆོས་ཚོགས་ཀྱི་འགོ་འདྲེན་པ་གིས་ ངེ་གི་ཆ་རོགས་ གའི་ཡཱུས་ལུ་ དོན་ལས་རང་ བདེན་པ་ནང་བྱམས་པ་བསྐྱེད་ཡོདཔ་ལས་ ཨ་ནི་ཡི་གུ་འདི་འབྲིཝ་ཨིན། 2 ངེ་གི་བྱམས་པའི་ཆ་རོགས་ ཁྱོད་ཀྱི་སེམས་སྐྱིད་ཏོང་ཏོ་ཡོད་དོཝ་བཟུམ་སྦེ་ གཟུགས་ཁམས་ཡང་ བདེ་ཏོག་ཏོ་དང་དགའ་སྤྲོ་འོང་ནིའི་དོན་ལུ་ ང་སྨོན་ལམ་ཞུ་སྟེ་ཡོད། 3 མ་གཞི་ སྤུན་ཆ་ལ་ལུ་ནཱ་འོངས་ཏེ་ ཁྱོད་ཀྱིས་བདེན་པ་འདི་ནང་ ན་འཐན་ཏོག་ཏོ་སྦེ་སྡོད་དེ་ བདེན་པ་གི་ནང་ན་འགྱོ་ཡོདཔ་ ཁོང་གིས་ཁྱོད་ཀྱི་འཛོམ་དཔང་བཤདཔ་ད་ ངེ་གི་སེམས་ཁར་ གནམ་མེད་ས་མེད་དགའ་སྤྲོ་ཐོབ་ཅི། 4 ངེ་གི་ཨ་ལོ་ཚུ་བདེན་པ་གི་ནང་ན་གནས་ཡོདཔ་གོཝ་ད་ ང་ལུ་དེ་ལས་ལྷག་པའི་དགའ་སྤྲོ་གཞན་ག་ནི་ཡང་མེད།། 5 ངེ་གི་བྱམས་པའི་ཆ་རོགས་ ཁྱོད་ཀྱིས་སྤུན་ཆ་ཚུ་ལུ་ ཁོང་ངོ་མ་ཤེས་མི་ཨིན་ཏེ་འབད་རུང་ དམ་ཚིག་བསྟེན་ཏེ་ ལེགས་ཤོམ་འབདཝ་ཨིན་མས། 6 ཁྱོད་ཀྱིས་ཁོང་ལུ་བྱམས་པ་འབད་བའི་སྐོར་ལས་ ཁོང་གིས་ཆོས་ཚོགས་ནང་བཤད་སླབ་ནུག་ ཁོང་འགྲོ་འགྲུལ་འབད་བའི་སྐབས་ལུ་ ཨ་ནི་བཟུམ་འབད་བྱིན་ཚུགས་པ་ཅིན་ དཀོན་མཆོག་གི་ཐུགས་དགྱེས་པའི་ལཱ་ལེགས་ཤོམ་ཨིན། 7 ག་ཅི་སྨོ་ཟེར་བ་ཅིན་ ཨ་ནི་མི་དེ་ཚུ་ཡེ་ཤུ་ཁིརཱིས་ཀྱི་དོན་ལུ་ལམ་འགྲུལ་འབདཝ་ཨིན་ ཁོང་གིས་དཀོན་མཆོག་ངོ་མ་ཤེས་མི་ཚུ་ལས་ཆ་རོགས་ག་ནི་ཡང་མི་འཚོལ། 8 དེ་འབདཝ་ལས་ ང་བཅས་ཀྱིས་ཨ་ནི་བཟུམ་གྱི་མི་ཚུ་ལུ་ ཆ་རོགས་འབད་ནི་གི་འགན་ཁག་འབག་དགོ་ དེ་ལས་ང་བཅས་ཀྱིས་བདེན་པ་གི་དོན་ལུ་ ཁོང་དང་གཅིག་ཁར་ལཱ་འབདཝ་ཨིན། 9 ང་གིས་ཆོས་ཚོགས་ལུ་ཨ་ནི་མི་དེ་ཚུ་གི་སྐོར་ལས་ ཡི་གུ་ཆུང་ཀུ་གཅིག་བྲིས་བཏང་ཡི་ དེ་འབདཝ་ད་ དི་ཨོ་ཏྲེ་ཕཱེས་འདི་ ཁོང་ཆ་ཁྱབ་ཀྱི་སྦུག་ལས་དང་པ་འཐོན་ནི་ལུ་སྤྲོ་བ་བསྐྱེད་དེ་ ང་བཅས་ཀྱི་དབང་ཚད་ལུ་ཆ་མི་བཞག་པས། 10 དེ་འབདཝ་ལས་ང་འོངམ་ད་ ཁོ་གིས་ ལཱ་ངན་ ང་བཅས་ཀྱི་སྐོར་ལས་ཟོགཔོ་སླབ་མི་ དེ་གི་སྐོར་ལས་ཁ་སླབ་ནི་ཨིན་ དེ་གིས་མ་ཚད་པར་ དི་ཨོ་ཏྲེ་ཕཱེས་ཀྱིས་ ལམ་འགྲུལ་པ་སྤུན་ཆ་དེ་ཚུ་ལུ་ ཁྱིམ་ནང་ཞུ་ནི་ལུ་སྣང་མེད་བརྩིས་ཏེ་མ་ཞུཝ་མ་ཚད་ གཞན་ལུ་ཡང་ཆ་རོགས་འབད་མ་སྟེར་བས་ ད་རུང་སྤུན་ཆ་ལུ་ཆ་རོགས་འབདཝ་ད་ ཆ་རོགས་འབད་མི་ཚུ་ལུ་ ཆོས་ཚོགས་ལས་ཕྱི་ཁར་བཏོན་གཏངམ་ཨིན་མས། 11 ངེ་གི་བྱམས་པའི་ཆ་རོགས་ ཨ་ནི་བཟུམ་གྱི་ལཱ་ངན་པ་ལུ་དཔེ་མ་བལྟ་ དེ་འབདཝ་ད་ ལཱ་བཟང་པོ་ལུ་དཔེ་བལྟ་ ག་ར་འབད་རུང་ ལཱ་བཟང་པོ་འབད་མི་དེ་ དཀོན་མཆོག་གི་སྲས་སྲསམོ་ཨིན་མིའི་ཁུངས་དང་ ག་ར་འབད་རུང་ ལཱ་ངན་འབད་མི་དེ་གིས་ དཀོན་མཆོག་དང་གཞན་འབྲེལ་མེད་པའི་ཁུངས་ཨིན། 12 དེ་འབདཝ་ད་ དེ་མེ་ཏྲཱོས་ཀྱི་སྐོར་ལས་ མི་ག་ར་གིས་ཁོ་ལེགས་ཤོམ་འདུག་ཟེར་སླབ་སྟེ་ཡོད་ འདི་བཟུམ་སྦེ་རང་ བདེན་པ་གིས་ཡང་འཛོམ་དཔང་འབདཝ་ཨིནམ་མ་ཚད་ ང་བཅས་ཀྱིས་ཡང་འཛོམ་དཔང་འབད་མི་དེ་ བདེན་པ་ཨིནམ་ཁྱེད་ཀྱི་ཤེས།། 13 ང་གིས་ཁྱོད་ལུ་ལོ་རྒྱུས་ལེ་ཤ་རང་འབྲི་ནི་ཡོད་རུང་ ད་ལྟོ་ཤོག་ཀུ་དཀརཔོ་གུ་གནགཔོ་བཀལ་ཏེ་མི་འབྲི། 14 ག་ཅི་སྨོ་ཟེར་བ་ཅིན་ ང་མགྱོགས་པར་འོང་ནི་ཨིན་ དེའི་སྐབས་ལུ་ གདོང་སྐོར་བརྐྱབས་ཏེ་ ཁ་སླབ་ནི་རེ་བ་ཡོད། 15 ཡེ་ཤུ་ཁིརཱིས་ཀྱི་ཞི་བདེ་ ཁྱོད་དང་གཅིག་ཁར་བཞུགས་བཅུག་ ནཱ་གི་ཆ་རོགས་ཚུ་གིས་ ཁྱོད་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་གཏང་དེས་ དེ་ལས་ཆ་རོགས་ཚུ་རེ་རེ་བཞིན་དུ་ལུ་ ང་ལས་སྐུ་གཟུགས་བཟང་པོ་ཞུ་བྱིན་ཟེར་ཞུ་ནི་ཨིན།། །།
1 ཡེ་ཤུ་ཁིརཱིས་ཀྱི་ཕྱག་ཞུ་མི་ ཡ་ཀོབ་ཀྱི་ནུ་གཅུང་ ང་ ཡུ་དཱས་ཀྱིས་ ཡབ་དཀོན་མཆོག་གིས་བྱམས་པ་མཛད་དེ་འབོ་ཡོད་མི་ ཡེ་ཤུ་ཁིརཱིས་ཀྱིས་སྲུང་སྐྱོབས་མཛད་དེ་ཡོད་མི་སྤུན་ཆ་ཚུ་ལུ་ ཡི་གུ་འདི་འབྲི་དོ། 2 དཀོན་མཆོག་གིས་ཁྱེད་ཆ་ཁྱབ་ལུ་ ཁོ་རའི་སྙིང་རྗེ་དང་བྱམས་པ་ ཞི་བདེ་ ཡང་ལས་ཡང་དུ་གནང་བར་ཤོག། 3 ངེ་གི་བྱམས་པའི་ཆ་རོགས་ཚུ་ ང་བཅས་ག་ར་མཉམ་རུབ་ཀྱི་ཐོག་ལས་ བཅའ་མར་གཏོགས་ཏེ་ཡོད་མི་ ཡེ་ཤུ་ཁིརཱིས་ལས་འབྱུང་འོང་མིའི་ཐར་པ་དེ་གི་སྐོར་ལས་ ཡི་གུ་གཅིག་འབྲི་དགོ་མནོ་ཡི་ ཨིན་རུང་ དེ་གི་སྐོར་ལས་མེན་པར་ དཀོན་མཆོག་གིས་ ཁོ་རའི་དམ་པའི་མི་ཚུ་ལུ་ ཚར་གཅིག་གུ་གནང་ཚར་མི་ བདེན་པ་འདི་ལུ་དད་པ་བསྐྱེད་དེ་ ཁྱེད་ཀྱིས་སྲུང་སྐྱོབ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་པའི་སྐོར་ལས་འབྲི་དགོཔ་འདི་ ཁག་ཆེ་བས་ཟེར་ ང་གིས་ཤེས་ཅི། 4 ག་ཅི་སྨོ་ཟེར་བ་ཅིན་ མི་ལ་ལུ་ཅིག་གིས་ མེན་བརྫུ་བཏབ་སྟེ་ ཁྱེད་ཀྱི་སྦུག་ལུ་གཙང་བཏང་འཛུལ་ཏེ་ཡོད་ ཁོང་གིས་ཁྱེད་ལུ་ འདོད་ཆགས་ངན་པའི་ལཱ་འབད་བ་ཅིན་ཁྱད་མེད་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཐུགས་རྗེ་གནང་འོང་ཟེར་སླབ་ནི་དང་ ད་རུང་ཁོང་གིས་ ཡེ་ཤུ་ཁིརཱིས་འདི་ སྦྱིན་བདག་དང་གཙོ་བོ་ཡང་མེན་ཟེར་སླབ་ཨིན་མས་ དེ་ཚུ་དཀོན་མཆོག་ལུ་མ་འདྲོག་མི་ཚུ་ཨིན་ དེ་འབདཝ་ལས་བརྟེན་ཏེ་ ཧེ་མ་ལུང་བསྟན་ནང་བྲིས་དོཝ་བཟུམ་སྦེ་ དཀོན་མཆོག་གིས་ཁོང་ལུ་ཧེ་མ་ལས་ ཁྲིམས་བཀལ་ནི་སྦེ་ ངོས་འཛིན་འབད་དེ་བཞག་ཡོདཔ་ཨིན། 5 མ་གཞི་ ཨ་ནི་དེ་ཚུ་ག་ར་ ཁྱེད་ཀྱིས་ཧེ་མ་ལས་ཤེས་ཚར་རུང་ ད་རུང་ཁྱེད་ལུ་དྲན་བསྐུལ་འབད་དེ་ ང་གིས་སླབ་དོ་ ཧེ་མ་ གཙོ་བོ་གིས་ ཁོ་རའི་མི་ ཨཱིས་ར་ཨཱེལ་པ་ཚུ་ལུ་ ཨི་ཇིབ་རྒྱལ་ཁབ་ནང་ལས་སྐྱབས་མཛད་དེ་འཁྱིད་འོངས་ཡི་ དེ་འབདཝ་ད་ཤུལ་ལས་ ཁོ་ལུ་དད་པ་མ་བསྐྱེད་མི་ཚུ་ལུ་རྩ་མེད་མཛད་ནུག 6 དེ་ལས་དཔེ་གཅིག་འབད་བ་ཅིན་ དཀོན་མཆོག་གིས་གནང་སྟེ་ཡོད་པའི་དབང་ཚད་ནང་ལས་འཐོན་འགྱོ་མིའི་ཕོ་ཉ་ཚུ་ ཁོང་གིས་ཁོང་རའི་སྡོད་ས་སྤང་བཞག་ནི་དེ་གིས་ སྡོད་ས་གནག་དུང་དུ་གཅིགཔ་དེ་ནང་ དཀོན་མཆོག་གིས་ཁོང་ལུ་འགྱུར་བ་མེད་པའི་ལྕགས་ཐག་གིས་བསྡམས་ཏེ་ ཁྲིམས་ཕྱེ་བའི་ཉིནམ་སྦོམ་ ཁོང་གི་དོན་ལུ་བཞག་གནང་སྟེ་ཡོད། 7 དཔེ་དེ་བཟུམ་སྦེ་ཁྲོམ་ སོ་དོམ་དང་ གོ་མོ་ར་ དེ་ལས་ མཐའ་འཁོར་གྱི་ཁྲོམ་ནང་གི་མི་དེ་ཚུ་གིས་ཡང་ འདོད་ཆགས་ཀྱི་ལུས་འབྲེལ་མ་འདྲཝ་འབདཝ་མ་ཚད་ མཚན་མ་གཅིག་པའི་ལུས་འབྲེལ་འབད་དེ་ ཁོང་ཆ་ཁྱབ་ ནམ་ཡང་ཤི་ནི་མེད་པའི་མེ་གིས་འཚིག་སྟེ་ ཁྲིམས་འབག་མི་ཚུ་གི་དཔེ་གཅིག་ཨིན་མས། 8 ཨ་ནི་དཔེ་འདི་ཚུ་ ཁོང་སློབ་དཔོན་རྫུས་མ་འདི་ཚུ་གིས་ཤེས་ཏེ་འབད་རུང་ ཁོང་རའི་མཐོང་སྣང་མ་འདྲཝ་ལེ་ཤ་ལས་བརྟེན་ཏེ་ ཁོང་གིས་མ་རབས་ཀྱི་ལཱ་འབད་དེ་ དབང་ཚད་ལུ་ངོས་ལེན་འབད་མ་བཏུབ་མ་ཚད་ དངོས་སུ་སྦེ་མ་མཐོང་མི་གཟི་བརྗིད་ཅན་ལུ་ཡང་ སྨད་པ་རྐྱབ་ཨིན་མས། 9 ཨིན་རུང་ ཕོ་ཉ་གི་འགོ་དཔོན་ ནུས་ཤུགས་ཅན་ མི་ཁ་ཨཱེལ་གྱིས་ མོ་སཱེས་ཀྱི་སྐུ་ཕུང་གི་སྐོར་ལས་བདུད་དང་གཅིག་ཁར་རྩོད་པ་རྐྱབ་ད་ ཁོ་གིས་ ཁོ་རང་ལུ་ཡང་ བདུད་ལུ་སྨད་པ་རྐྱབ་ནི་འོས་འབབ་ཡོདཔ་སྦེ་མ་བརྩིས་བར་ བདུད་དེ་ལུ་ གཙོ་བོ་དཀོན་མཆོག་གིས་ཁྱོད་ལུ་བཀའ་དམ་དྲགས་གནང་བཅུག་ཟེར་གསུངས་ཡི། 10 དེ་འབདཝ་ད་ ཨ་ནི་སློབ་དཔོན་རྫུས་མ་ཚུ་ ཁོང་གིས་ཧ་མ་གོ་མི་ཚུ་གི་སྨད་པ་རྐྱབ་ཨིནམ་མ་ཚད་ ཁོང་བློ་རིག་མེད་པའི་སེམས་ཅན་ཚུ་བཟུམ་སྦེ་ ཁོང་རའི་རང་བཞིན་གྱིས་ག་སླབ་མི་འདི་འབད་དེ་ ཁོང་རང་ལུ་རྩ་མེད་གཏངམ་ཨིན་མས། 11 ཁོང་སློབ་དཔོན་རྫུས་མ་ཚུ་ལུ་ ག་དེམ་ཅིག་ལཱ་ཁག་རྐྱབ་ནི་སྨོ་ རང་གི་ནུ་གཅུང་བསད་མི་ ཀཱེན་དེ་གི་ལམ་བདའ་འགྱོཝ་ཨིན་མས་ ལུང་སྟོན་པ་ བ་ལམ་བཟུམ་སྦེ་ ཏི་རུ་བཟོ་ནི་གི་དོན་ལུ་ ག་ཅི་ཡང་འབདཝ་ཨིན་མས་ དེ་ལས་ ཀོ་ར་བཟུམ་སྦེ་ དཀོན་མཆོག་དང་ཁོ་རའི་ཞབས་ཕྱིཔ་ མོ་སཱེས་ཀྱི་ངོ་རྒོལ་འབད་དེ་ རང་ལུ་རྩ་མེད་གཏངམ་ཨིན་མས། 12 ཁོང་གིས་ཁྱེད་དང་གཅིག་ཁར་ གཙོ་བོ་གི་བྱམས་པའི་ཚོགས་སྟོན་ཟ་བའི་སྐབས་ ངོ་ཚ་ནི་མེདཔ་སྦེ་ ཁོང་ གྲུའི་འོག་ལུ་གསལ་ཏོག་ཏོ་སྦེ་མ་མཐོང་མིའི་ བྱུ་རུའི་ཕུང་པོ་དང་འདྲ་ རང་དོན་བལྟ་མི་ལུག་རྫིཔ་དང་འདྲ་ ས་གཞི་གུ་ཆརཔ་རྐྱབ་ནི་མེད་པའི་ ས་སྨུག་སྐམ་རླུང་མ་གིས་འཐུ་འབག་འགྱོ་མི་དང་འདྲ་ ཁོང་ནམ་སེར་ཁ་དོག་མ་བཏགས་ནི་མེད་པའི་ཤིང་སྡོང་དང་འདྲ་ ར་ཏོ་དང་ཤིང་སྡོང་གཉིས་ཆ་ར་ཤི་སོངམ་བཟུམ་སྦེ་ཨིན་མས། 13 ཁོང་གིས་ངོ་ཚ་ནི་མེད་པའི་འབད་བཞག་ཚུ་ རྒྱ་མཚོ་ཁ་ལས་ཐོན་པའི་ལྦ་ག་ ཁམས་ལོག་སི་སི་དང་འདྲ་ ཁོང་སྤྱང་འཁྱམ་འགྱོ་མི་སྐརམ་དང་འདྲ་ དེ་འབདཝ་ལས་བརྟེན་ཏེ་ དཀོན་མཆོག་གིས་ཁོང་ལུ་ཁྲིམས་གཏང་གནང་ནི་སྦེ་ འོད་ནམ་ཡང་ཤར་ནི་མེད་པའི་ས་གནས་ གནག་དུང་དུ་གཅིག་བང་བཏབ་བཞག་གནང་སྟེ་ཡོད། 14 ཨ་དམ་ལས་མི་རབས་བདུན་པ་ཨིན་མིའི་ ཨེ་ནོག་གིས་ཡང་ ཨ་ནི་མི་ཚུ་གི་སྐོར་ལས་ ཧེ་མ་ལས་ལུང་བསྟན་བཤད་ནུག་ དེ་ལུ་ཉན་ཤིག་ གཙོ་བོ་གིས་ ཁོ་རའི་གྱངས་ཁ་མ་ཆོད་པའི་དམ་པའི་ཕོ་ཉ་ཚུ་དང་གཅིག་ཁར་བྱོན་ཏེ། 15 འཛམ་བུ་གླིང་གི་མི་ག་ར་ལུ་ཁྲིམས་ཕྱེ་ནི་ཨིན་མས་ དཀོན་མཆོག་ལུ་མ་འདྲོག་མི་འདི་ཚུ་གིས་ འདོད་ཆགས་ཀྱི་ལཱ་འབད་ནི་དང་ ལཱ་ངན་པ་ཡང་འབད་ནི་ལུ་མ་འདྲོག་པར་ དཀོན་མཆོག་གི་སྐོར་ལས་ ཚིག་ངན་སླབ་སྟེ་རྒོལ་ནི་དེ་གིས་ ཁོང་ལུ་ཆདཔ་གཏང་གནང་ནི་ཨིན་མས་ཟེར་གསུངས་ནུག 16 ཨ་ནི་མི་དེ་ཚུ་ཁ་གདུག་འབར་མི་དང་ རྒྱབ་ཁ་ལས་ཁ་གཏང་མི་ ཁོང་རང་གི་འདོད་པ་བཞིན་དུ་ལཱ་ངན་འབད་མི་ ཁམས་ཆེ་དྲགས་ རང་དོན་སྒྲུབ་པའི་དོན་ལུ་གཞན་ལུ་ཤ་མུ་སྐམ་དྲང་མི་ཚུ་ཨིན།། 17 དབའེ་ ངེ་གི་བྱམས་པའི་ཆ་རོགས་ཚུ་ ཧེ་མ་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་སྐུ་ཚབ་ཚུ་གིས་ ལུང་བསྟན་བཤད་མི་དེ་ཚུ་ མ་བརྗེད་པར་ ཁྱེད་ཀྱི་སེམས་ཁར་དྲན་ཏེ་བཞག་དགོ། 18 ཁོང་གིས་ དུས་མཐའན་མཇུག་ལུ་ དཀོན་མཆོག་ལུ་དགོད་བྲ་བཟོ་སྟེ་ རང་གི་འདོད་པ་བཞིན་དུ་འབད་དེ་ དཀོན་མཆོག་ལུ་མ་འདྲོག་མི་འདི་ཚུ་འཐོན་འོང་ཟེར་ ལུང་བསྟན་བཤད་ནུག 19 ཨ་ནི་མི་དེ་ཚུ་གིས་ ད་ལྟོ་ཁྱེད་དདཔ་ཅན་ཚུ་གི་བར་ན་ལུ་ དཀྲོགས་ཁ་བརྐྱབས་ཏེ་ ཁག་གཉིས་བཟོ་གཏངམ་ཨིན་ ཁོང་གིས་ཁོང་རའི་འདོད་པའི་དབང་དུ་གཏང་སྟེ་ལཱ་འབདཝ་ཨིན་ ཁོང་གི་ནང་ན་དཀོན་མཆོག་གི་ཐུགས་ཉིད་རྩ་ལས་རང་མེད། 20 དེ་འབདཝ་ད་ ངེ་གི་བྱམས་པའི་ཆ་རོགས་ཚུ་ ཁྱེད་ཀྱི་དད་པ་ དོན་ལས་རང་དམ་པ་ཨིན་མི་དེ་ལུ་ ཁྱིམ་གྱི་འགྱམ་བཟུམ་སྦེ་ མར་སྒྲིང་སྒྲིང་སྦེ་བཙུགས་ཏེ་ དེ་ལུ་བརྟེན་ཏེ་སྡོད་དགོ་ དེ་ལས་འཕྲོ་མཐུད་དེ་རང་ དམ་པའི་ཐུགས་ཉིད་ནང་སྨོན་ལམ་བཏབ། 21 ཁྱེད་མཐའ་མེད་པའི་ཚེ་ནང་འཁྱིད་འོང་མི་ གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་སྙིང་རྗེ་ལུ་སྒུག་སྡོད་པའི་བསྒང་ ཁྱེད་དཀོན་མཆོག་གི་བྱམས་པ་ནང་འཕྲོ་མཐུད་དེ་རང་གནས་དགོ། 22 མི་ལ་ལུ་གིས་ དད་པ་བསྐྱེད་ནི་ལུ་ཐེ་ཚོམ་ཟཝ་ཨིན་ འདི་ཚུ་ལུ་སྙིང་རྗེ་བསྐྱེད་དགོ། 23 དེ་ལས་ལ་ལུ་ཅིག་ལུ་ མེ་གིས་འཚིག་སར་ལས་ མགྱོགས་པར་བཏོན་ཏེ་ སྲོག་སྐྱབས་འབད་དགོ་ ཁྱེད་ཀྱིས་མི་ལ་ལུ་ཅིག་ལུ་ སྙིང་རྗེ་བསྐྱེད་དེ་ཨིན་རུང་ དྲན་པ་ཐེབས་བཏོན་ཏེ་ ཁོང་གི་སྡིག་པའི་རང་བཞིན་གྱིས་ ཁམས་ལོག་སི་སི་བཟོ་ཚར་མི་བགོ་ལ་ཚུ་ལུ་ སེམས་མ་ཤོར།། 24 ད་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་རྒྱུད་ལས་ ང་བཅས་ལུ་དད་པ་ཉམས་འགྱོ་ནི་ལས་སྐྱབས་མཛད་དེ་ ཁོ་རའི་གཟི་བརྗིད་དང་ལྡན་མིའི་སྐུ་མདུན་ལུ་ སྐྱོན་ག་ནི་ཡང་མེདཔ་སྦེ་ དགའ་སྤྲོ་གིས་གང་སྟེ་ འཁྱིད་འོང་ཚུགས་མི་ ང་བཅས་ཀྱི་སྐྱབས་མགོན་ དཀོན་མཆོག་ངོ་མ་ཨིན་མི་ ཁོ་རང་རྐྱངམ་གཅིག་ལུ་ གཟི་བརྗིད་ དཔལ་དང་འབྱོར་བ་ དབང་ཤུགས་ དབང་ཚད་ འཛམ་གླིང་མ་མཛད་པའི་ཧེ་མ་ལས་ ད་ལྟོ་དང་དུས་རྒྱུན་དུ་རང་ བཞུགས་པར་ཤོག་ ཨ་མཱེན།། །།
1 ཨ་ནི་འདི་ ཡེ་ཤུ་ཁིརཱིས་ཀྱིས་གནང་མིའི་མཇལ་ཁ་གི་སྐོར་ལས་ཨིན་ དཀོན་མཆོག་གིས་ མགྱོགས་པ་རང་ ག་ཅི་འབྱུང་ནི་ཨིན་ན་ ཁོ་རང་གི་ཕྱག་ཞུ་མི་ཚུ་ལུ་ དངོས་སུ་སྦེ་སྟོན་ནི་གི་དོན་ལུ་ ཡེ་ཤུ་ལུ་ཕྱག་ལཱ་བཅོལ་གནང་ནུག་ ཡེ་ཤུ་གིས་ཁོ་རང་གི་ ཕོ་ཉ་གི་ཐོག་ལས་སྦེ་ ཕྱག་ཞུ་མི་ ཡོ་ཧ་ནཱན་ལུ་ མཇལ་ཁ་དེ་སྟོན་གནང་ནུག 2 དེ་ལས་ དཀོན་མཆོག་གི་གསུང་དང་ ཡེ་ཤུ་ཁིརཱིས་ཀྱི་མཇལ་ཁ་ ཡོ་ཧ་ནཱན་ཁོ་རང་གིས་མཐོང་སྟེ་ དེ་གི་སྐོར་ལས་འཛོམ་དཔང་འབདཝ་ཨིན། 3 མ་འོང་ལུང་བསྟན་གྱི་ཚིག་དེ་ཚུ་ གཞན་གྱིས་རྣ་བ་གོཝ་སྦེ་ལྷག་བྱིན་མི་དང་ བྲིས་ཏེ་ཡོད་མི་ལུ་ཉན་ཏེ་སྲུང་མི་དེ་ཚུ་ག་ར་ བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ད་དུས་ཚོད་འདི་ ནཱ་སྦོ་ལོགས་ཁར་ལྷོདཔ་ཨིན་མས།། 4 ཨ་ནི་ཡི་གུ་འདི་ ཡོ་ཧ་ནཱན་གྱིས་ ལུང་ཕྱོགས་ ཨེ་སི་ཡ་ནང་ཡོད་མི་ཆོས་ཚོགས་བདུན་ལུ་འབྲི་དོ། འགོ་དང་པ་ལས་བཞུགས་མི་ ད་ལྟོ་ཡང་བཞུགས་མི་ ཤུལ་ལས་ཡང་འབྱོན་ནི་ཨིན་མི་དཀོན་མཆོག་དང་ ཁོ་གི་ཁྲིའི་སྐུ་མདུན་ལུ་བཞུགས་མི་ ཐུགས་ཉིད་བདུན་དང་། 5 དམ་ཚིག་ཅན་དཔང་བཞག་མཛད་མི་ གཤགས་ས་ལས་ དང་པ་སྐུ་གསོན་པོ་བཞེངས་མི་ འཇིག་རྟེན་ནང་རྒྱལཔོ་ཚུ་གི་དབང་ཐང་སྐྱོང་མི་ཡེ་ཤུ་ཁིརཱིས་ལས་ ཁྱེད་ལུ་ཐུགས་རྗེ་དང་ཞི་བདེ་གནང་བཅུག དེ་ལས་ང་བཅས་ལུ་བྱམས་པ་མཛད་དེ་ ཁོ་གི་སྐུ་ཁྲག་གིས་ ང་བཅས་ཀྱི་སྡིག་པ་ལས་དགཔ་མཛད་མི། 6 ཁོ་རང་གི་ཡབ་དཀོན་མཆོག་གི་དོན་ལུ་ ང་བཅས་ལུ་རྒྱལ་སྲིད་དང་བླམ་སྦེ་མཛད་གནང་མི་ཡེ་ཤུ་ཁིརཱིས་ལུ་ དུས་རྟག་བུ་རང་ གཟི་བརྗིད་དང་དབང་ཚད་ག་ར་ ཁོ་གི་ཨིན་ནོ་ ཨ་མཱེན། 7 བལྟ་ཤིག་ ཁོ་ས་སྨུག་ནང་འབྱོནམ་ད་ མི་ག་ར་གིས་ཁོ་ལུ་མཇལ་འོང་ ཁོ་ལུ་ཀྲིང་ཀ་གསོབ་སྟེ་བཀྲོང་མི་ཚུ་གིས་ཡང་ཁོ་ལུ་མཇལ་འོང་ དེ་མ་ཚད་ འཇིག་རྟེན་ནང་གི་མི་རིགས་ག་ར་གིས་ བློ་འགྱོད་བསྐྱེད་དེ་མྱ་ངན་འབད་འོང་ དེ་བཟུམ་སྦེ་རང་འབྱུང་བཅུག་ ཨ་མཱེན། 8 འགོ་དང་པ་ལས་བཞུགས་མི་ ད་ལྟོ་ཡང་བཞུགས་མི་ ཤུལ་ལས་ཡང་འབྱོན་ནི་ཨིན་མི་ ཀུན་ལུ་དབང་སྟེ་ཡོད་མི་འདི་ང་ཨིན་ ང་ ཨཱལ་ཕ་དང་ ཨོ་མེ་ག་ འགོ་དང་པ་དང་མཐའན་མཇུག་ཨིན་ཟེར་ གཙོ་བོ་དཀོན་མཆོག་གིས་གསུངས་དེས།། 9 ང་ ཡོ་ཧ་ནཱན་ ཁྱེད་ཀྱི་སྤུན་ཆ་ དཀོན་མཆོག་གི་རྒྱལ་སྲིད་ནང་ ཁྱེད་དང་གཅིག་ཁར་ཨིན་མི་ ཁྱེད་དང་འདྲན་འདྲ་སྦེ་ ཡེ་ཤུ་གི་ཐོག་ལས་སྡུག་བསྔལ་གྱི་ཉམས་མྱོང་ཐོབ་སྟེ་ ཁྱེད་བཟུམ་སྦེ་བཟོད་སྲན་བསྐྱེདཔ་ཨིན་ ང་དཀོན་མཆོག་གི་གསུང་དང་ ཡེ་ཤུ་གི་འཛོམ་དཔང་འབདཝ་ལས་བརྟེན་ཏེ་ ང་ལུ་བདའ་གཏང་སྟེ་ ད་ལྟོ་མཚོ་གླིང་ པཱད་མཱོས་ནང་སྡོད་དགོཔ་ཐལ་སོང་ཡི། 10 གཙོ་བོ་གི་ངལ་འཚོ་བའི་ཉིནམ་དེ་ལུ་ ང་ཐུགས་ཉིད་ནང་སྡོདཔ་ད་ ངེ་གི་རྒྱབ་ཁར་ལས་ དུང་བཟུམ་སྦེ་འཕུ་མིའི་ གསུང་སྐད་སྦོམ་གཅིག་ང་གིས་གོ་ཡི། 11 གསུང་སྐད་དེ་གིས་ང་ལུ་ ཁྱོད་ཀྱིས་ག་མཐོང་མི་འདི་ དེབ་ནང་བྲིས་དགོ་ ཨི་ཕི་སི་དང་ སུམཱུར་ན་ པེར་ག་མཱོས་ ཐི་ཨ་ཏེ་ར་ སར་དཱིས་ ཕི་ལ་དཱེལ་ཕི་ཡ་ ལེའོ་དེ་ཀི་ཡ་ཟེར་མི་ ཆོས་ཚོགས་བདུན་ལུ་བཀལ་གཏང་ཟེར་གསུངས་ཡི། 12 ང་ལུ་གསུངས་མི་འདི་ག་ཨིན་ན་ཟེར་མནོ་སྟེ་ལོག་བལྟཝ་ད་ གསེར་གྱི་ལ་ཝང་བདུན་མཐོང་ཅི། 13 དེ་གི་སྦུག་ལུ་མིའི་བུ་བཟུམ་ཅིག་ ན་བཟའ་མར་རིངམ་སྦེ་བཞེས་མི་ སྐུའི་བྲང་ཁོག་ལས་མར་ གསེར་གྱི་གཉའ་རས་བཞེས་ཏེ་ བཞུགས་མི་ཅིག་མཇལ་ཡི། 14 དེ་ལས་ཁོ་གི་དབུ་སྐྲ་ཚུ་ཡང་ བལ་ཡང་ན་ཁཝ་བཟུམ་སྦེ་དཀརཔོ་དང་ ཁོ་གི་སྤྱན་ཡང་མེ་འབར་ཏེ་ཡོདཔ་བཟུམ་ཨིན་མས། 15 ཁོ་གི་ཞབས་འདི་ མེ་ནང་བཞུ་སྟེ་ བཀྱག་འཐོན་མི་ལི་བཟུམ་ གསུང་སྐད་འདི་ ཆུ་ཆེན་གྱི་སྐད་བཟུམ་སྦེ་ཨིན་མས། 16 དེ་ལས་ཕྱག་གཡས་པ་ སྐརམ་བདུན་བསྣམས་ཏེ་འདུག་ ཞལ་ལས་རལ་གྲི་ ཁ་གཉིསཔ་རྣོས་ཅན་བཟུམ་སྦེ་ཐོནམ་མ་ཚད་ ཞལ་ཡང་ཉི་མའི་འོད་ཟེར་བཟུམ་སྦེ་ འོད་ག་ཅི་དེས་ཅིག་ཐོན་ཏེ་ཨིན་མས། 17 དེ་ལས་ང་ཁོ་མཇལཝ་ད་ ཁོ་གི་སྐུ་མདུན་ལུ་ ང་ཤི་ཤིཝ་བཟུམ་སྦེ་ མར་འགྱེལ་ཡར་སོང་ཡི་ དེ་འབདཝ་ད་ ཁོ་གི་ཕྱག་གཡསཔ་ངེ་གི་གུ་སྐྱེལ་ཏེ་ མ་འདྲོག་ དང་པ་དང་མཐའན་མཇུག་འདི་ང་ཨིན། 18 དེ་མ་ཚད་ གསོན་པོ་སྦེ་སྡོད་མི་འདི་ང་ཨིན་ ད་བལྟ་ཤིག་ ང་ཚར་གཅིག་ཤི་སྟེ་འབད་རུང་ ད་ནམ་ཡང་ ཤི་ནི་མེདཔ་ལུ་འགྱུར་ཏེ་ ང་དུས་རྟག་བུ་ར་སྡོདཔ་ཨིན་ འཆི་བ་དང་གཤིན་ཡུལ་ གྱི་ལྡེ་མིག་འདི་ ངེའི་ནང་ཡོད། 19 ད་ཁྱོད་ཀྱིས་མཐོང་མི་ ད་ལྟོ་དང་ཤུལ་ལས་འབྱུང་ནི་འབད་མི་ཡང་ དེ་ཚུ་ག་ར་བྲིས་དགོ། 20 ངེ་གི་ལགཔ་གཡས་པ་ ཡོད་མིའི་སྐརམ་བདུན་དང་ གསེར་གྱི་ལ་ཝང་བདུན་གྱི་ གསང་བ་ཧ་མ་གོ་མི་འདི་ཨ་ནི་ཨིན་ སྐརམ་བདུན་འདི་ ཆོས་ཚོགས་བདུན་གྱི་ཕོ་ཉ་འདི་ཚུ་ཨིན་ དེ་ལས་གསེར་གྱི་ལ་ཝང་བདུན་འདི་ ཆོས་ཚོགས་བདུན་ཨིན་ཟེར་གསུངས་ཡི།།
1 ཨི་ཕི་སི་ནང་ཡོད་མི་ཆོས་ཚོགས་ཀྱི་ཕོ་ཉ་ལུ་ ཨ་ནི་ཡི་གུ་འདི་བྲིས་ ཡི་གུ་འདི་ སྐརམ་བདུན་ཕྱག་གཡས་ལུ་བསྣམས་ཏེ་ གསེར་གྱི་ལ་ཝང་བདུན་གྱི་སྦུག་ལུ་བྱོན་མི་དེ་གིས་ གསུངས་དེས། 2 ཁྱོད་ཀྱིས་དཀའཝ་སྤྱད་པའི་ལཱ་དང་ བཟོད་སྲན་བསྐྱེད་དེ་འབད་མིའི་ལཱ་ག་ར་ང་གིས་ཤེས་ ཁྱོད་ཀྱིས་ལཱ་ངན་པ་འབད་མི་དེ་ལུ་བལྟ་བཟོད་མི་ཚུགས་ཟེར་ཡང་ང་གིས་ཤེས་ དེ་ལས་སྐུ་ཚབ་མེན་རུང་ཨིན་ཟེར་སླབ་མི་ཚུ་ལུ་ ཁྱོད་ཀྱིས་བརྟག་ཞིབ་དཔྱད་དེ་རྫུས་མ་ཨིནམ་ཧ་གོ་ཡི། 3 ངེ་གི་མིང་ནང་སྡུག་བསྔལ་མྱོང་རུང་ བཟོད་སྲན་བསྐྱེད་དེ་ དད་པ་མ་ཉམས་པར་ རྩ་འགེངས་འབད་མི་ཚུ་ ང་གིས་ཤེས། 4 དེ་འབདཝ་ད་ དོན་དག་གཅིག་ལས་བརྟེན་ཏེ་ ང་ཁྱོད་ལུ་མ་དགའཝ་ཡོད་ འདི་ཁྱོད་ཀྱིས་ ཧེ་མ་འབད་མི་བྱམས་པ་འདི་ ད་ལྟོ་འབད་ནི་བཞག་ད་ནུག 5 དེ་འབདཝ་ལས་ ཁྱོད་རང་གིས་ག་ཏེ་ལུ་འཛོལ་བ་འབད་ཡི་ག་ འདི་སེམས་ཁར་དྲན་ཏེ་ འདི་ལུ་སེམས་འགྱུར་ཏེ་ ཧེ་མ་འབད་དོཝ་བཟུམ་གྱི་བྱམས་པ་འདི་འབད་དགོ་ དེ་སྦེ་མ་འབད་བ་ཅིན་ ང་ཁྱོད་སྡོད་སར་འོངས་ཏེ་ གསེར་གྱི་ལ་ཝང་འདི་ དེ་ཁར་ལས་བཏོན་འབག་ནི་ཨིན། 6 དེ་འབདཝ་ད་ ཁྱོད་ཀྱིས་ ནི་ཀོ་ལའི་ཏཱན་ཟེར་མིའི་ ཆོས་ལུགས་ལུ་མ་དགའ་མི་འདི་ ལེགས་ཤོམ་ཨིན་མས་ ང་ཡང་འདི་ལུ་མི་དགའ། 7 ད་རྣམ་ཅོག་ཡོད་མི་ཚུ་ག་ར་ཨིན་རུང་ ཐུགས་ཉིད་ཀྱིས་ཆོས་ཚོགས་ཚུ་ལུ་གསུངས་མི་འདི་ཉན་དགོ་ རྒྱལ་ཁ་ཐོབ་མི་ག་ར་ཨིན་རུང་ འདི་གིས་དཀོན་མཆོག་གི་ལྡུམ་ར་ནང་གི་ཚེ་ཤིང་ལས་ ཟ་ནིའི་དབང་ཚད་བྱིན་ནི་ཨིན་ཟེར་གསུངས་ཡི།། 8 སུམཱུར་ན་ནང་ཡོད་མི་ཆོས་ཚོགས་ཀྱི་ཕོ་ཉ་ལུ་ ཨ་ནི་ཡི་གུ་འདི་བྲིས་ ཨ་ནི་འདི་ འགོ་དང་པ་དང་མཐའན་མཇུག་ ཧེ་མ་ཤི་སྟེ་འབད་རུང་ ཤི་ས་ལས་གསོན་པོ་སྦེ་ལོག་སྟེ་ ད་ནམ་ཡང་ཤི་ནི་མེད་པའི་གསོན་པོ་དེ་གིས་ གསུངས་དེས། 9 ཕྱི་ཁར་ཁྱོད་སྡུག་བསྔལ་མྱོང་སྟེ་སྤྱང་ཀ་ཨིན་རུང་ ནང་ན་སེམས་ཉིད་འདི་ཕྱུགཔ་ཨིནམ་ང་གིས་ཤེས་ དོན་ལས་རང་ ཡ་ཧུ་ད་པ་མེན་རུང་ཨིན་ཟེར་སླབ་སྟེ་ ཁྱོད་ལུ་བློ་བཙོང་སྟེ་ངོ་རྒོལ་འབད་མི་ཚུ་ ཁོང་བདུད་ སེ་ཏཱན་གྱི་ སི་ན་གོག་ལས་ཨིནམ་ང་གིས་ཤེས། 10 སྡུག་བསྔལ་མྱོང་ནི་ཨིན་མས་ཟེར་མ་འདྲོག་ བདུད་ཀྱིས་ཁྱེད་ཀྱི་གྲལ་ཁ་ལས་ལ་ལུ་ཅིག་ལུ་ ཚོད་བལྟ་འབད་དེ་བཙོན་ཁང་ནང་བཙུགས་ཏེ་ ཞག་བཅུ་ཐམ་ཚུན་ཚོད་ གནོདཔ་བཀལ་ཏེ་བཞག་འོང་ དེ་སྦེ་ཤི་བའི་སྲོག་ལུ་ཐུག་རུང་ དམ་ཚིག་བསྟེན་ཏེ་སྡོད་ དེ་ལས་ང་གིས་ཚེའི་གཙུག་རྒྱན་བྱིན་ནི་ཨིན། 11 ད་རྣམ་ཅོག་ཡོད་མི་ཚུ་ག་ར་ཨིན་རུང་ ཐུགས་ཉིད་ཀྱིས་ཆོས་ཚོགས་ལུ་གསུངས་མི་འདི་ཉན་དགོ་ རྒྱལ་ཁ་ཐོབ་མི་འདི་ལུ་ འཆི་བ་གཉིས་པ་འདི་གིས་གནོད་མི་ཚུགས།། 12 པེར་ག་མཱོས་ནང་ཡོད་མི་ཆོས་ཚོགས་ཀྱི་ཕོ་ཉ་ལུ་ ཨ་ནི་ཡི་གུ་འདི་བྲིས་ རལ་གྲི་ཁ་གཉིསཔ་གི་རྣོས་དང་ལྡན་མི་གིས་ ཨ་ནི་བཟུམ་སྦེ་གསུངས་དེས། 13 ད་ལྟོ་ཁྱོད་སྡོད་མི་ས་གནས་འདི་ བདུད་ སེ་ཏཱན་གྱི་རྒྱལ་ཁྲི་ཨིན་རུང་ ངེ་གི་མིང་ནང་ ཁྱོད་ཀྱིས་དམ་ཚིག་བསྟེན་ཏེ་སྡོད་མི་དེ་ང་གིས་ཤེས་ དེ་ལས་ ཨཱན་ཏྲི་པཱས་ཀྱིས་ང་ལུ་དམ་ཚིག་བསྟེན་མི་དང་ ངེ་གི་འཛོམ་དཔང་འབད་དེ་ བདུད་ སེ་ཏཱན་གྱི་ཁྲོམ་ཁར་ ཁྱེད་ཀྱི་སྦུག་ལུ་ཁོ་བསད་པའི་སྐབས་ ཁྱོད་ཀྱིས་དད་པ་མ་ཉམས་ དེ་མ་ཚད་ ང་ངོ་མི་ཤེས་ཟེར་མ་སླབ་པར་སྡོད་མི་ཡང་ང་གིས་ཤེས། 14 དེ་འབདཝ་ད་ སྐྱོན་ལ་ལུ་ཅིག་ཁྱོད་ལུ་བཏོན་ཏེ་སླབ་ནི་ཡོད་ མངོན་ཤེས་བཤད་མི་ བ་ལམ་གྱིས་ རྒྱལཔོ་ བ་ལག་ལུ་ ཨཱིས་ར་ཨཱེལ་པ་གི་མི་རིགས་ཚུ་སྡིག་པ་ནང་ཚུད་བཅུག་ནི་སྦེ་ སྐུ་ལུ་མཆོད་པ་ཕུལ་མི་ཚོགས་དེ་ཚུ་ཟ་བཅུག་ དེ་ལས་འདོད་ཆགས་ཀྱི་ལུས་འབྲེལ་འབད་བཅུག་ཟེར་ བསླབ་བྱ་སྟོན་མི་ལུ་ ཁྱེད་ཀྱི་གྲལ་ཁ་ལས་ ཉན་མི་ལ་ལུ་ཅིག་ཡོད། 15 དེ་མ་ཚད་ ནི་ཀོ་ལའི་ཏཱན་གྱི་ཆོས་ལུགས་ཀྱི་ བསླབ་བྱ་ལུ་ཉན་མི་ཡང་ལ་ལུ་ཅིག་ཡོད། 16 དེ་འབདཝ་ལས་ ཁྱེད་ཆ་ཁྱབ་ཨ་ནི་དེ་ཚུ་ལུ་ སེམས་འགྱུར་ཏེ་བཤགས་པ་ཕུལ་དགོ་ དེ་མེན་པ་ཅིན་ ང་མགྱོགས་པར་ཁྱེད་སྡོད་སར་འོངས་ཏེ་ ངེ་གི་ཁ་ལུ་ཡོད་མི་རལ་གྲི་ཁ་གཉིསཔ་དེ་གིས་ ཁོང་དང་གཅིག་ཁར་དམག་བརྐྱབ་འོང་། 17 ད་རྣམ་ཅོག་ཡོད་མི་ཚུ་ག་ར་ཨིན་རུང་ ཐུགས་ཉིད་ཀྱིས་ཆོས་ཚོགས་ལུ་གསུངས་མི་འདི་ཉན་དགོ་ དེ་ལས་ག་གིས་རྒྱལ་ཁ་ཐོབ་མི་འདི་ལུ་ ང་གིས་སྦས་ཏེ་བཞག་ཡོད་མི་ མཱན་ན་འདི་བྱིན་ནི་ཨིན་ ད་རུང་ང་གིས་རྡོ་དཀརཔོ་གུ་བྲིས་ཏེ་ཡོད་མི་ མིང་གསརཔ་འདི་བྱིན་ནི་ཨིན་ ཨ་ནི་མིང་འདི་ རྡོ་དཀརཔོ་ཐོབ་མི་འདི་གིས་རྐྱངམ་གཅིག་ཧ་གོ་ཚུགས།། 18 ཐི་ཨ་ཏེ་ར་ནང་ཡོད་མི་ཆོས་ཚོགས་ཀྱི་ཕོ་ཉ་ལུ་ ཨ་ནི་ཡི་གུ་འདི་བྲིས་ མེ་ཅེམ་ཅེ་སྦེ་འབར་མི་བཟུམ་གྱི་སྤྱན་དང་ མེ་ནང་བཞུ་སྟེ་ བཀྱག་འཐོན་མི་ལི་བཟུམ་གྱི་ཞབས་ཡོད་མི་ དཀོན་མཆོག་གི་སྲས་ཀྱིས་གསུངས་དེས། 19 ཁྱོད་ཀྱིས་འབད་མིའི་བྱམས་པ་དང་ བསྐྱེད་མི་དད་པ་ ཕྱག་ཞུ་མི་ལཱ་ དེ་ལས་བཟོད་པ་བསྒོམས་ཏེ་འབད་མི་ ག་ར་ང་གིས་ཤེས་ ཁྱོད་ཀྱིས་འབད་མིའི་ལཱ་དེ་ཚུ་ ཧེ་མ་ལས་ཡང་ ད་ལྟོ་དྲགཔ་སྦེ་འབདཝ་ང་གིས་ཤེས། 20 ཨིན་རུང་ ཁྱོད་ལུ་སྐྱོན་གཅིག་བཏོན་ཏེ་སླབ་ནི་ཡོད་ འདི་ཨམ་སྲུ་ ཇེ་ཛེ་བཱེལ་ཟེར་མི་འདི་གིས་ མོ་རང་ལུང་སྟོན་པ་ཨིན་ཟེར་ ངེ་གི་ཕྱག་ཞུ་མི་ཚུ་ལུ་མགུ་བསྐོར་བརྐྱབས་ཏེ་ ལུས་འབྲེལ་འབད་བཅུག་མིའི་སྡིག་པ་དང་ མཆོད་པ་ཕུལ་མིའི་བཞེས་སྒོ་ཚུ་ཟ་ནི་སྟོན་རུང་ ཁྱོད་ཀྱིས་མོ་ལུ་མ་བཀག་པས། 21 ཨིན་རུང་ང་གིས་ མོ་གིས་འབད་མིའི་འདོད་ཆགས་ཀྱི་ལཱ་ངན་པ་ལུ་ སེམས་འགྱུར་ཏེ་བཤགས་པ་ཞུ་ནི་གི་གོ་སྐབས་བྱིན་རུང་ མོ་གིས་ཉན་མ་བཏུབ། 22 དེ་འབདཝ་ལས་ ང་གིས་མོ་ལུ་མལ་ཆ་ནང་ནདཔ་སྦེ་ སྡུག་བསྔལ་མྱོང་བཅུག་ནི་ཨིན་ དེ་ལས་ མོ་དང་གཅིག་ཁར་ལུས་འབྲེལ་འབད་མི་ཚུ་གིས་ཡང་ སེམས་འགྱུར་ཏེ་བཤགས་པ་མ་ཕུལ་བ་ཅིན་ མོ་བཟུམ་སྦེ་རང་ སྡུག་བསྔལ་གནམ་མེད་ས་མེད་མྱོང་བཅུག་ནི་ཨིན། 23 ད་རུང་ མོ་གི་ཨ་ལོ་དེ་ཚུ་ག་ར་གསད་ནི་ཨིན་ དེ་ལས་ཆོས་ཚོགས་ག་ར་གིས་ ང་མི་གི་སེམས་ཀྱི་གཏིང་ནང་ཡོད་མིའི་ལོ་རྒྱུས་ཚུ་ བརྟག་ཞིབ་འབད་དེ་ཤེས་ཚུགས་མི་འདི་ ང་ཨིན་མས་ཟེར་ཤེས་འོང་ དེ་ལས་ང་གིས་ཁྱེད་རེ་རེ་བཞིན་གྱི་ལཱ་དང་བསྟུན་ཏེ་ ལེགས་ཤོམ་འབད་མི་ལུ་གསོལ་རས་དང་ ཟོགཔ་འབད་མི་ལུ་ཆདཔ་བཀལ་ནི་ཨིན། 24 དེ་འབདཝ་ད་ ཁྱེད་ ཐི་ཨ་ཏེ་ར་གི་ཁྲོམ་ནང་ལྷག་ལུས་ཡོད་མི་ཚུ་ལུ་ མོ་གི་བསླབ་བྱ་རྫུས་མ་ལུ་མ་ཉན་མི་དང་ བདུད་ སེ་ཏཱན་གྱི་གསང་བའི་གདམས་ངག་ གཏིང་ཡོད་མི་ཟེར་སླབ་མི་ལུ་མ་ཉན་མི་ཚུ་ ང་གིས་འབག་མ་ཐེག་པའི་ཁུར་ཆ་ཁྱེད་གུ་མི་བཀལ། 25 དེ་འབདཝ་ད་ ཁྱེད་ཀྱི་ནང་ག་ཡོད་མི་འདི་རྐྱངམ་གཅིག་ ང་མ་ལྷོད་བར་དུ་ སྒྲིང་སྒྲིང་སྦེ་བཤེད་དེ་བཞག 26 དེ་ལས་རྒྱལ་ཁ་ཐོབ་མི་ག་ར་ཨིན་རུང་ འདི་གིས་ དུས་མཐའན་མཇུག་ཚུན་ཚོད་ ང་གིས་འབད་མི་ལཱ་དེ་ཚུ་ ཁོ་གི་སེམས་ཁར་བཟུང་སྟེ་འབད་མི་འདི་ལུ། ང་གིས་མི་རིགས་ག་ར་གི་གུ་ལུ་སྐྱོང་ནི་ཡོད་པའི་དབང་ཚད་བྱིན་ནི་ཨིན། 27 དེ་མ་ཚད་ ང་གིས་ངེ་གི་ཡབ་ལས་དབང་ཚད་ཐོབ་དོཝ་བཟུམ་སྦེ་ མི་དེ་གིས་ཡང་མི་རིགས་ལུ་སྐྱོངམ་ད་ དབང་ཚད་ཅན་གྱི་ ལྕགས་ཀྱི་འཁརཝ་དེ་གིས་ སའི་རྫམ་དེ་ཚུ་ཕྱེ་བཀྲུམ་དོཝ་བཟུམ་སྦེ་ ཁོ་གིས་ཡང་རྒྱལ་སྲིད་དེ་སྦེ་སྐྱོང་འོང་། 28 ད་རུང་ང་གིས་ཁོ་ལུ་ཐོ་རངས་སྐར་ཆེན་ཡང་བྱིན་ནི་ཨིན། 29 རྣམ་ཅོག་ཡོད་མི་ཚུ་ག་ར་ཨིན་རུང་ ཐུགས་ཉིད་ཀྱིས་ཆོས་ཚོགས་ལུ་གསུངས་མི་འདི་ཉན་དགོ་ཟེར་གསུང་ཡི།།
1 སར་དཱིས་ནང་ཡོད་མི་ཆོས་ཚོགས་ཀྱི་ཕོ་ཉ་ལུ་ ཨ་ནི་ཡི་གུ་འདི་བྲིས་ དཀོན་མཆོག་གི་ཕྱག་ཞུ་མི་ཐུགས་ཉིད་བདུན་དང་ སྐརམ་བདུན་ཕྱག་ལུ་བསྣམས་མི་གིས་གསུངས་དེས། ཁྱོད་ཀྱིས་འབད་མིའི་ལཱ་ག་ར་ང་གིས་ཤེས་ ཁྱོད་གསོན་པོ་སྦེ་སྡོད་པའི་མིང་གཏམ་ཡོད་རུང་ ཁྱོད་ཀྱིས་འབད་མི་ལཱ་ལས་བརྟེན་ཏེ་ ཁྱོད་ད་ལྟོ་ཤི་ཤིཝ་གི་རོ་བཟུམ་སྦེ་ཨིན་མས། 2 ད་མགྱོགས་པར་གཉིད་གསད་དེ་ཡར་ལོང་ ལྷག་ལུས་ཏེ་ཤི་ནི་འབད་མི་ཚུ་ལུ་སྒྲིང་སྒྲིང་བཟོ་ཞིག་ ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་དཀོན་མཆོག་གི་གཟིགས་སྣང་ལུ་ ཁྱོད་ཀྱིས་འབད་མི་ལཱ་ཚུ་ག་ར་ཀྲིག་ཀྲི་སྦེ་ང་གིས་མ་མཐོང་། 3 དེ་འབདཝ་ལས་ ཁྱོད་ཀྱིས་ག་ཐོབ་མི་དང་ གོ་མི་འདི་ལུ་དྲན་ཏེ་ཉན་ཁུག་བཏབ་དགོ་ དེ་ལས་སེམས་འགྱུར་ཏེ་བཤགས་པ་ཕུལ་ དེ་འབདཝ་ད་ གཉིད་གསད་དེ་ མ་སྡོད་པ་ཅིན་ང་ཨརཝ་བཟུམ་སྦེ་ ནམ་འོང་ནི་ཨིན་ན་ ཁྱོད་ཀྱིས་མ་ཤེས་པའི་བར་ན་ང་འོང་ནི་ཨིན། 4 ཨིན་རུང་ སར་དཱིས་ནང་ལུ་ ཁོང་རང་གི་བགོ་ལ་གུ་དྲེག་པ་ཆགས་མ་བཅུག་པར་སྡོད་མི་ཉུང་སུ་ཅིག་ཡོད་ ཁོང་བགོ་ལ་དཀརཔོ་གྱོན་ཏེ་ ང་དང་གཅིག་ཁར་འགྱོ་ནི་གི་འོས་འབབ་ཡོདཔ་ཨིན། 5 དེ་ལས་ག་གིས་རྒྱལ་ཁ་ཐོབ་མི་དེ་ལུ་ ཨ་ནི་བཟུམ་སྦེ་བགོ་ལ་དཀརཔོ་གྱོན་བྱིན་ནི་ཨིན་ དེ་ལས་ཁོ་གི་མིང་འདི་ནམ་ཡང་ ཚེའི་དེབ་ནང་ལས་བཏོན་མི་གཏང་ དེ་འབདཝ་ད་ ང་གིས་ཁོ་གི་མིང་འདི་ ངེ་གི་ཡབ་དང་ ཁོ་གི་ཕོ་ཉ་ཚུ་གི་གདོང་ཁར་ འཛོམ་དཔང་འབད་འོང་། 6 རྣམ་ཅོག་ཡོད་མི་ཚུ་ག་ར་ཨིན་རུང་ ཐུགས་ཉིད་ཀྱིས་ཆོས་ཚོགས་ལུ་གསུངས་མི་འདི་ཉན་དགོ་ཟེར་གསུངས་ཡི།། 7 ཕི་ལ་དཱེལ་ཕི་ཡ་ནང་ཡོད་མི་ཆོས་ཚོགས་ཀྱི་ཕོ་ཉ་ལུ་ ཨ་ནི་ཡི་གུ་འདི་བྲིས་ དམ་པ་དང་བདེན་པ་ཨིན་མི་ རྒྱལཔོ་ ད་བིད་ཀྱི་ལྡེ་མིག་བསྣམས་མི་ ཁོ་གིས་ཕྱེ་མིའི་སྒོ་འདི་ག་གིས་ཡང་བསྡམ་མ་ཚུགས་མི་དང་ དེ་ལས་ཁོ་གིས་བསྡམ་མིའི་སྒོ་འདི་ ག་གིས་ཡང་ཕྱེ་མི་ཚུགས་ཟེར་མི་ དེ་གིས་གསུངས་དེས། 8 ཁྱོད་ཀྱིས་འབད་མི་ལཱ་ག་ར་ང་གིས་ཤེས་ ང་གིས་ཁྱོད་ཀྱི་གདོང་ཁར་ ག་གིས་ཡང་བསྡམ་མ་ཚུགས་མིའི་སྒོ་གཅིག་ཕྱེ་བཞག་ཡོད་ ཁྱོད་ཤུགས་མེདཔ་ང་གིས་ཤེས་ ད་ཁྱོད་ཀྱིས་ངེ་གི་གསུང་འདི་ སེམས་ཁར་བཞག་སྟེ་ ང་ལུ་ངོ་མི་ཤེས་ཟེར་མ་སླབ་པར་སྡོདཔ་ང་གིས་ཤེས། 9 དོན་ལས་རང་ ཡ་ཧུ་ད་པ་མེན་རུང་ཨིན་ཟེར་ ཤོབ་བརྐྱབས་ཏེ་སླབ་མི་བདུད་ སེ་ཏཱན་གྱི་ སི་ན་གོག་ལས་ཨིན་མི་ཚུ་ལུ་ ང་གིས་ཁྱོད་ཀྱི་རྐང་མའི་རྩ་བ་འོངས་ཏེ་ ཕྱག་འཚལ་བཅུག་ནི་ཨིན་ དེ་ལས་ང་གིས་ཁྱོད་ལུ་བྱམས་པ་འབདཝ་ ཁོང་གིས་ཤེས་འོང་། 10 དེ་མ་ཚད་བཟོད་སྲན་བསྐྱེད་ནི་ ངེ་གི་བཀའ་འདི་ ཁྱོད་ཀྱིས་སེམས་ཁར་བཞག་ཅི་ དེ་འབདཝ་ལས་འཛམ་གླིང་ནང་ སྡོད་མི་ཚུ་ལུ་བརྟག་དཔྱད་འབད་དེ་ བར་ཆད་བྱུང་བའི་དུས་ཚོད་ལུ་ ང་གིས་ཁྱོད་ལུ་སྲུང་སྐྱོབས་འབད་ནི་ཨིན། 11 ང་མགྱོགས་པར་འོང་ནི་ཨིན་ ཁྱོད་ཀྱི་ལག་པ་ག་ཅི་ཡོད་མི་འདི་སྒྲིང་སྒྲིང་སྦེ་བཤེད་བཞག་ དེ་ལས་ག་གིས་ཡང་ཁྱོད་ཀྱི་གཙུག་རྒྱན་འདི་འཕྱོག་འབག་མི་ཚུགས། 12 ག་གིས་རྒྱལ་ཁ་ཐོབ་མི་འདི་ལུ་ ང་གིས་ངེ་གི་དཀོན་མཆོག་གི་ མཆོད་ཁང་གི་ཀཝ་སྦེ་བཟོ་ནི་ཨིན་ ཁོ་གིས་ད་རུང་ནམ་ཡང་ཨ་ནི་བཞག་སྟེ་འགྱོ་མི་དགོ་ དེ་ལས་ང་གིས་ངེ་གི་དཀོན་མཆོག་གི་མཚན་འདི་ ཁོ་གི་གུ་ལུ་འབྲི་ནི་ཨིན་ དེ་ལས་ངེ་གི་དཀོན་མཆོག་གི་ ཞིང་ཁམས་ལས་མར་ འོང་ནི་ཨིན་མིའི་ཁྲོམ་གསརཔ་ ཡེ་རུ་ཤ་ལེམ་གྱི་མིང་དང་ ངེ་གི་མིང་གསརཔ་འདི་ཁོ་གི་གུ་ལུ་འབྲི་ནི་ཨིན། 13 ད་རྣམ་ཅོག་ཡོད་མི་ཚུ་ག་ར་ཨིན་རུང་ ཐུགས་ཉིད་ཀྱིས་ཆོས་ཚོགས་ལུ་གསུངས་མི་འདི་ཉན་དགོ་ཟེར་གསུངས་ཡི།། 14 ལེའོ་དེ་ཀི་ཡ་ནང་ཡོད་མི་ཆོས་ཚོགས་ཀྱི་ཕོ་ཉ་ལུ་ ཨ་ནི་ཡི་གུ་འདི་བྲིས་ ཨ་ནི་འདི་ཨ་མཱེན་གྱི་ཚིག་དང་ དམ་ཚིག་ཅན་ བདེན་པའི་འཛོམ་དཔང་ དཀོན་མཆོག་གིས་མཛད་གནང་མི་ ཡོད་ཚད་ཅིགཔ་འགོ་བཙུགས་མི་གིས་གསུངས་དེས། 15 ཁྱོད་ཀྱིས་འབད་མི་ལཱ་དེ་ ཁོདམ་མེནམ་ ཡང་ན་ཚ་ཏོམ་མེནམ་ང་གིས་ཤེས་ ཁྱོད་ཡང་ན་ཚ་ཏོམ་ ཡང་ན་ཁོདམ་སྦེ་སྡོད་པ་ཅིན་ ལེགས་ཤོམ་འོང་། 16 དེ་འབདཝ་ད་ ཁྱོད་ཚ་ཏོམ་ཡང་མེན་ ཡང་ན་ཁོདམ་ཡང་མེན་པར་ གྲངམ་དྲོནམ་འབདཝ་ལས་ ང་གིས་ཁྱོད་ཁ་ལས་བཏོན་བཀོག་ནི་ཨིན། 17 ང་ཕྱུགཔ་ཨིན་ ང་ལུ་དགོཔ་ཁག་ཆེཝ་ག་ནི་ཡང་མེད་ཟེར་སླབ་ཨིན་མས་ དེ་འབདཝ་ད་ ཁྱོད་སྐྱོ་སི་སི་ མིག་ཏོ་ཞརཝ་ སྤྱང་ཀ་ སྒྱེན་མོ་སྦེ་ སྡི་ཆེ་སི་སི་ཨིནམ་ ཁྱོད་རང་གིས་མ་ཤེས་པས། 18 ཁྱོད་རང་ཕྱུགཔ་འགྱོ་དགོ་པ་ཅིན་ ད་ངེ་གི་བསླབ་བྱ་ལུ་ཉན་ཏེ་ གསེར་མེ་ནང་བཞུ་སྟེ་ལྷད་མེདཔ་ང་ལས་ཉོ་ དེ་ལས་ཁྱོད་རང་གཟུགས་སྒྱེན་མོ་མི་ཐོན་ དེ་མ་ཚད་ ངོ་མ་ཚར་བར་སྡོད་དགོ་པ་ཅིན་ གོ་ལ་དཀརཔོ་ང་ལས་ཉོ་ ད་རུང་མིག་ཏོ་ལེགས་ཤོམ་སྦེ་ མཐོང་དགོ་པ་ཅིན་ མིག་ཏོ་གུ་དབུར་ནི་གི་སྨན་ང་ལས་ཉོ། 19 ང་གིས་ག་ལུ་བྱམས་བརྩེ་བསྐྱེད་མི་འདི་ལུ་ ཚོགས་བརྡ་བཏང་སྟེ་སྒྲིགས་བཙུགསཔ་ཨིན་ དེ་འབདཝ་ལས་སེམས་འགྱུར་ཏེ་ ན་འཐན་ཏོག་ཏོ་སྦེ་འབད་དགོ། 20 ང་སྒོའི་རྩ་བ་ལོང་སྟེ་སྒོ་བརྡུང་དོ་ ངེ་གི་སྐད་གོ་སྟེ་སྒོ་ཕྱེ་བ་ཅིན་ ང་ནང་ན་འོངས་ཏེ་ ཁོ་དང་གཅིག་ཁར་བཞེས་སྒོ་ཟ་ནི་ཨིན། 21 ང་གིས་རྒྱལ་ཁ་ཐོབ་ལས་ ངེ་གི་ཡབ་ཀྱིས་ཁོ་རང་དང་གཅིག་ཁར་ རྒྱལ་སྲིད་སྐྱོང་ནི་གི་དབང་ཚད་གནང་ཡོདཔ་བཟུམ་སྦེ་ ག་གིས་རྒྱལ་ཁ་ཐོབ་མི་དེ་ལུ་ ང་གིས་དབང་ཚད་བྱིན་ཏེ་ ང་དང་གཅིག་ཁར་རྒྱལ་སྲིད་སྐྱོང་བཅུག་ནི་ཨིན། 22 རྣམ་ཅོག་ཡོད་མི་ཚུ་ག་ར་ཨིན་རུང་ ཐུགས་ཉིད་ཀྱིས་ཆོས་ཚོགས་ལུ་གསུངས་མི་འདི་ཉན་དགོ་ཟེར་གསུངས་ཡི།།
1 དེ་གི་ཤུལ་ལས་ ང་གིས་ཡར་ཞིང་ཁམས་ལུ་བལྟཝ་ད་ སྒོ་གཅིག་ཕྱེ་བཞག་ཡོདཔ་མཐོང་ཅི་ དེ་ལས་ང་གིས་འགོ་དང་པ་གོ་མི་སྐད་དེ་ དུང་སྐད་བཟུམ་སྦེ་ ང་ལུ་ཡར་ཤོག་ ད་དེ་ཚུ་གི་ཤུལ་ལས་ག་ཅི་འབྱུང་ནི་ན་ འདི་ཚུ་ཁྱོད་ལུ་སྟོན་ནི་ཨིན་ཟེར་འབོ་ཅི། 2 དེ་འཕྲོ་ལས་ང་ཐུགས་ཉིད་ཀྱིས་གང་སྟེ། ངེ་གི་གདོང་ཁར་ཞིང་ཁམས་ནང་ ཁྲིའི་གུ་བཞུགས་མི་གཅིག་མཇལ་ཡི། 3 ཁྲིའི་གུ་བཞུགས་མི་འདི་ རིན་ཆེན་རྡོའི་ཁ་དོག་ ཟཱས་པར་དང་ ཀར་ནེ་ལི་ཨཱན་ཟེར་མི་བཟུམ་ འོད་ག་ཅི་དེས་ཅིག་ཐོན་ཏེ་བཞུགསཔ་མ་ཚད་ ཁྲི་དེའི་མཐའ་བསྐོར་ཏེ་ རིན་ཆེན་རྡོའི་ཁ་དོག་ ནོར་བུ་མར་གད་ཟེར་མི་བཟུམ་གྱི་འཇའ་ཚོན་ བསྐོར་ར་བརྐྱབས་ཏེ་འདུག 4 ད་རུང་དེ་གི་བསྐོར་ར་བརྐྱབས་ཏེ་ བཞུགས་ཁྲི་ཉི་ཤུ་རྩ་བཞི་འདུག་ བཞུགས་ཁྲི་དེ་གི་གུ་ལུ་ རྒས་ཤོས་ཉི་ཤུ་རྩ་བཞི་ ན་བཟའ་དཀརཔོ་བཞེས་ དབུ་གུ་གསེར་གྱི་གཙུག་རྒྱན་བཞེས་ཏེ་བཞུགས་མི་ཚུ་ལུ་མཇལ་ཡི། 5 བཞུགས་ཁྲི་དེའི་གུ་ལས་གློག་ཀེམ་སྟེ་ འབྲུག་ལྡིར་མི་འུར་སྒྲ་གཅིག་གོ་ཡི་ དེ་ལས་བཞུགས་ཁྲི་དེ་གི་གདོང་ཁར་ལུ་ མེ་བདུན་འབར་ཏེ་ཡོད་མི་དེ་ལུ་མཇལ་ཡི་ དེ་དཀོན་མཆོག་གི་ཐུགས་ཉིད་བདུན་ཨིན་མས། 6 དེ་ལས་ཁྲིའི་སྐུ་མདུན་ལུ་ ཆུ་ཤེལ་གྱི་རྒྱ་མཚོ་འོད་ཆེམ་ཆེ་སྦེ་ཤར་ཏེ་འདུག ཁྲི་དེ་གི་མཐའ་བསྐོར་ནང་ སེམས་ཅན་གྱི་གཟུགས་གདོང་ཁར་དང་རྒྱབ་ཁར་ ག་ར་མིག་ཏོ་གིས་གང་མི་བཞི་འདུག 7 སེམས་ཅན་དང་པ་འདི་ སེངྒེ་བཟུམ་ གཉིས་པ་འདི་གླང་བཟུམ་ གསུམ་པ་འདི་མིའི་གདོང་བཟུམ་ བཞི་པ་འདི་བྱ་རྒོད་ལྡིང་ སྡོད་དོཝ་བཟུམ་སྦེ་འདུག 8 སེམས་ཅན་བཞི་ཆ་རང་ལུ་གཤོག་ཐལ་དྲུག་དྲུག་འདུག་ དེ་ལས་གཤོག་ཐལ་ཕྱི་དང་ནང་ན་ ག་ར་མིག་ཏོ་ལྟེམ་ལྟེ་གང་སྟེ་འདུག་ དེ་ལས་ཉིན་ནུབ་མེད་པར་ཁོང་གིས། འགོ་དང་པ་ལས་བཞུགས་མི་ ད་ལྟོ་ཡང་བཞུགས་མི་ ཤུལ་ལས་ཡང་འབྱོན་ནི་ཨིན་མི་ ཀུན་དབང་བའི་གཙོ་བོ་དཀོན་མཆོག་འདི་ མཆོག་ཏུ་གྱུར་པ་ མཆོག་ཏུ་གྱུར་པ་ མཆོག་ཏུ་གྱུར་པ་ཨིན་ཟེར་ རྒྱུན་མ་ཆད་པར་ཞུཝ་ཨིན་མས། 9 དེ་ལས་ནམ་རང་འབད་རུང་ སེམས་ཅན་ཚུ་གིས་ རྒྱལ་ཁྲི་གུ་དུས་རྒྱུན་དུ་རང་བཞུགས་མི་དེ་ལུ་ བསྟོད་པ་དང་ཞེ་ས་བཀའ་དྲིན་ལེགས་སོ་ཕུལཝ་ད། 10 རྒས་ཤོས་ཉི་ཤུ་རྩ་བཞི་གིས་ཡང་ རྒྱལ་ཁྲི་གུ་དུས་རྒྱུན་དུ་རང་བཞུགས་མིའི་སྐུ་མདུན་ལུ་ ཕྱག་འཚལ་ཞབས་ཏོག་ཞུ་སྟེ་ ཁོང་རང་གི་གཙུག་རྒྱན་ ཁྲིའི་གདོང་ཁར་ཕུད་བཞག་ཞིནམ་ད། 11 ང་བཅས་ཀྱི་གཙོ་བོ་དང་དཀོན་མཆོག་ ནཱ་གི་ཐུགས་དགོངས་བཞིན་དུ་ ག་ར་མཛད་གནང་མི་འདི་གྲུབ་ནི་དེ་གིས་ ནཱ་ལུ་བསྟོད་པ་དང་ཞེ་ས་འབུལ་བ་ དབང་ཤུགས་ཐོབ་པའི་འོས་འབབ་ཡོད་ལགས་ཟེར་ཞུཝ་ཨིན་མས།།
1 དེ་ལས་ཁྲིའི་གུ་བཞུགས་མི་ ཕྱག་གཡས་པ་ལུ་ཤོག་དྲིལ་གཅིག་ ཕྱི་དང་ནང་ཡི་གུ་བྲིས་ཏེ་ དེའི་གུ་ཕྱག་ཐམ་བདུན་བརྐྱབས་ཏེ་ཡོད་མི་གཅིག་ང་གིས་མཐོང་ཅི། 2 དེ་ལས་སྟོབས་ཤུགས་ཅན་ ཕོ་ཉ་གཅིག་གིས་ སྐད་སྦོམ་བརྐྱབས་ཏེ་ ཨ་ནི་ཤོག་དྲིལ་གུ་གི་ཕྱག་ཐམ་འདི་བཀྲུམ་སྟེ་ ཁ་ཕྱེ་ནི་འོས་འབབ་ ག་ལུ་ཡོདཔ་སྨོ་ཟེར་གསུངས་ས་ང་གིས་གོ་ཡི། 3 དེ་འབདཝ་ད་ ཞིང་ཁམས་དང་འཛམ་བུ་གླིང་ ཡང་ན་ས་འོག་ལུ་ཡོད་མི་ཚུ་གིས་ ཁ་ཕྱེ་ནི་ ཡང་ན་དེ་ལུ་ལྷབ་ཚུགས་མི་ག་ཡང་མིན་འདུག 4 དེ་ལས་ང་གནམ་མེད་ས་མེད་སྔུ་ཡི་ ག་ཅི་སྨོ་ཟེར་བ་ཅིན་ ཤོག་དྲིལ་འདི་ལུ་ཁ་ཕྱེ་སྟེ་བལྟ་ཚུགས་པའི་ འོས་འབབ་ག་ལུ་ཡང་མིན་འདུག 5 དེ་འབདཝ་ད་ རྒས་ཤོས་གཅིག་གིས་ང་ལུ་ ཁྱོད་མ་སྔུ་ ནཱ་བལྟ་ཤིག་ ཡུ་ད་གི་རིགས་བརྒྱུད་ལས་ཨིན་མི་སེངྒེ་ རྒྱལཔོ་ ད་བིད་ཀྱི་བརྒྱུད་འཛིན་པ་གིས་ རྒྱལ་ཁ་ཐོབ་སྟེ་ཡོད་མི་ལུ་ ཨ་ནི་ཤོག་དྲིལ་འདི་གི་གུ་ ཡོད་མིའི་ཕྱག་ཐམ་འདི་བཀྲུམ་སྟེ་ ཁ་ཕྱེ་ནི་གི་འོས་འབབ་ཡོད་ཟེར་གསུངས་ཡི། 6 དེ་ལས་རྒྱལ་ཁྲི་གི་སྐུ་མདུན་ སེམས་ཅན་བཞི་དང་ རྒས་ཤོས་ཚུ་གི་གདོང་ཁར་ལུ་ལུག་གི་ཕྱུག་ཀུ་ ཧེ་མ་བསད་ད་རུང་ ད་ལྟོ་བཞེངས་ཏེ་བཞུགས་མི་དེ་ང་གིས་མཇལ་ཡི་ ལུག་གི་ཕྱུག་ཀུ་དེ་གི་མགུ་ལུ་རྭཝ་བདུན་དང་སྤྱན་བདུན་འདུག་ ཨ་ནི་འདི་ཚུ་དཀོན་མཆོག་གིས་ འཛམ་བུ་གླིང་ག་ར་ནང་བཏང་གནང་མིའི་ ཐུགས་ཉིད་བདུན་ཨིན་མས། 7 དེ་ལས་ཁོ་གདོང་ཁར་བྱོན་ཏེ་ རྒྱལ་ཁྲི་གུ་བཞུགས་མིའི་ཕྱག་གཡས་པ་ལས་ ཤོག་དྲིལ་འདི་བཞེསཔ་ད། 8 སེམས་ཅན་བཞི་དང་ རྒས་ཤོས་ཉི་ཤུ་རྩ་བཞི་གིས་ ལུག་དེ་གི་སྐུ་མདུན་ལུ་ཕྱག་འཚལ་ཡི་ ཁོང་རེ་རེ་གི་ཕྱག་ལུ་པི་ཝང་རེ་དང་ གསེར་གྱི་བསང་ཕོར་བསྣམས་ཏེ་ བསང་ཕོར་དེ་ནང་ལུ་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་གི་སྨོན་ལམ་འདི་ སྤོས་ཕྱེ་བཟུམ་སྦེ་བཀང་སྟེ་འདུག 9 དེ་ལས་ཁོང་རྒས་ཤོས་ཚུ་གིས་ མགུར་མ་གསརཔ་གཅིག་འཐེན་སྦེ། ནཱ་ལུ་ཤོག་དྲིལ་ཕྱག་ལུ་བཞེས་ཏེ་ དེའི་གུ་ཡོད་མིའི་ཕྱག་ཐམ་ ཁ་ཕྱེ་ནིའི་འོས་འབབ་འདུག་ ག་ཅི་སྨོ་ཟེར་བ་ཅིན་ ནཱ་གཤགས་ཏེ་ རིགས་ཚན་མ་འདྲཝ་དང་ སྐད་རིགས་མ་འདྲཝ་ མི་བརྒྱུད་མ་འདྲཝ་ མི་རིགས་མ་འདྲཝ་ ག་ར་གི་ནང་ན་ལས་ དཀོན་མཆོག་གི་དོན་ལུ་ ནཱ་གི་སྐུ་ཁྲག་གིས་ མི་ཚུ་ཉོ་གནང་ཡི། 10 ང་བཅས་ཀྱི་དཀོན་མཆོག་གི་ཕྱག་ཞུ་བཅུག་ནི་གི་དོན་ལུ་ ནཱ་གིས་ཁོང་ཆ་ཁྱབ་ལུ་རྒྱལ་སྲིད་གཅིག་དང་བླམ་སྦེ་མཛད་གནང་སྟེ་ ཁོང་གིས་འཛམ་གླིང་སྐྱོང་ནི་ཨིན་ཟེར་ གསུང་དབྱངས་འཐེན་མས། 11 དེ་ལས་ང་གིས་བལྟཝ་ད་ ཁྲིའི་བསྐོར་ར་བརྐྱབས་ཏེ་ སེམས་ཅན་དང་རྒས་ཤོས་དེ་ཚུ་གི་སྦུག་ལུ་ ཕོ་ཉ་དེ་ཚུ་གྱངས་ཁ་མ་ཆོདཔ་ སྟོང་ཕྲག་དང་ཁྲི་ཕྲག་འབུམ་ཕྲག་ལས་ལྷགཔ་སྦེ་ གསུང་དབྱངས་འཐེན་པའི་སྐད་གོ་ཡི། 12 ཁོང་གིས་གསུང་སྐད་སྦོམ་སྦེ། བཀྲོངས་ཚར་མིའི་ལུག་གི་ཕྱུག་ཀུ་དེ་ལུ་ དབང་ཤུགས་དང་ ལོངས་སྤྱོད་ ཤེས་རབ་ སྟོབས་ཤུགས་ གུས་ཞབས་ གཟི་བརྗིད་ བསྟོད་པ་ཐོབ་པའི་འོས་འབབ་ཡོད་ཟེར་ ཞུ་ཡི། 13 ད་རུང་ཡང་ཞིང་ཁམས་ནང་དང་ ས་གཞི་གུ་ལུ་དང་ ས་འོག་ལུ་ དེ་ལས་རྒྱ་མཚོའི་གུ་ལུ་ ཡོད་མིའི་སྲོག་ཆ་གི་རིགས་ག་ར་གིས་མགུར་མ་འཐེན་ཏེ། རྒྱལ་ཁྲི་ལུ་བཞུགས་མི་དང་ལུག་དེ་ལུ་ བསྟོད་པ་དང་ གུས་ཞབས་ གཟི་བརྗིད་ དབང་ཤུགས་དང་ལྡན་ཏེ་ དུས་རྒྱུན་དུ་འབབ་པར་ཤོག་ཟེར་ འཐེན་སར་ང་གིས་གོ་ཡི། 14 དེ་ལས་སེམས་ཅན་བཞི་གིས་ཨ་མཱེན་ཟེར་ཞུཝ་ད་ རྒས་ཤོས་དེ་ཚུ་གིས་ཕྱག་འཚལ་སྦེ་བསྟོད་པ་ཕུལཝ་མས།།
1 ང་གིས་བལྟཝ་ད་ ལུག་གི་ཕྱུག་ཀུ་གིས་ཕྱག་ཐམ་བདུན་པ་ལས་ དང་པ་འདི་བཀྲུམས་ད་ སེམས་ཅན་བཞི་གི་གྲལ་ལས་གཅིག་གིས་ འབྲུག་ལྡིར་བའི་འུར་སྒྲ་བཟུམ་ནང་ ཚུར་ཤོག་ཟེར་བཀའ་གནང་ས་ང་གིས་གོ་ཡི། 2 དེ་ལས་ང་གིས་བལྟཝ་ད་ ངེ་གི་གདོང་ལས་ རྟ་དཀརཔོ་གཅིག་གུ་ཆིབས་མི་འདི་གི་ཕྱག་ལུ་ མདའ་གཞུ་བསྣམས་ཡོདཔ་ ང་གིས་མཇལ་ཡི་ དེ་ལས་ཁོ་ལུ་གཙུག་རྒྱན་གཅིག་ཕུལ་ཏེ་ དགྲ་ཚུ་ཕམ་གཏང་ཡི་རང་བྱོན་སོང་ཡི། 3 དེ་ལས་ལུག་གི་ཕྱུག་ཀུ་གིས་ ཕྱག་ཐམ་གཉིས་པ་འདི་བཀྲུམས་ད་ སེམས་ཅན་གཉིས་པ་འདི་གིས་ ཚུར་ཤོག་ཟེར་བཀའ་གནང་སར་ང་གིས་གོ་ཡི། 4 དེ་ལས་རྟ་དམརཔོ་གཅིག་འོངས་ཏེ་ དེའི་གུ་ཆིབས་མི་ལུ་ གྱི་རིངམ་གཅིག་གནང་སྟེ་ ས་གཞི་ནང་གི་ ཞི་བདེ་ལེན་འབག་ནི་སྦེ་ མི་དེ་ཚུ་གཅིག་གིས་གཅིག་ལུ་ བསད་བཅུག་ནི་གི་དབང་ཚད་གནང་ནུག 5 དེ་ལས་ལུག་གི་ཕྱུག་ཀུ་གིས་ ཕྱག་ཐམ་གསུམ་པ་འདི་བཀྲུམས་ད་ སེམས་ཅན་གསུམ་པ་འདི་གིས་ ཚུར་ཤོག་ཟེར་བཀའ་གནང་སར་ང་གིས་གོ་ཡི་ དེ་ལས་ང་གིས་བལྟཝ་ད་ ངེ་གི་གདོང་ཁར་ རྟ་གནགཔོ་གཅིག་མཐོང་ཅི་ དེའི་གུ་ཆིབས་མིའི་ཕྱག་ལུ་ སྲང་ཆ་གཅིག་བསྣམས་མི་གཅིག་ང་གིས་མཇལ་ཡི། 6 དེ་ལས་སེམས་ཅན་བཞི་གི་སྦུག་ལས་ སྐད་སྒྲ་བཟུམ་གཅིག་གིས་ དཀར་བྲེ་གང་ལུ་ ཏི་རུ་ དེ་ན་རི་གཅིག་དང་ ནག་བྲེ་གསུམ་ལུ་ ཏི་རུ་ དེ་ན་རི་གཅིག་ཨིན་ དེ་ལས་མར་ཁུ་དང་རྒུན་འབྲུམ་ཆང་དེ་ཚུ་ ཆུད་ཟོས་མ་གཏང་ཟེར་ གསུངས་སར་ང་གིས་གོ་ཡི། 7 དེ་ལས་ལུག་གི་ཕྱུག་ཀུ་གིས་ ཕྱག་ཐམ་བཞི་པ་འདི་བཀྲུམས་ད་ སེམས་ཅན་བཞི་གིས་ ཚུར་ཤོག་ཟེར་བཀའ་གནང་སར་ང་གིས་གོ་ཡི། 8 དེ་ལས་ངེ་གི་གདོང་ཁར་རྟ་སེརཔོ་གུ་ཆིབས་མི་གཅིག་དང་མཇལ་ཡི་ དེ་གི་མཚན་འཆི་བ་ཟེར་ཞུཝ་མས་ ད་རུང་གཞན་གཅིག་ གཤིན་ཡུལ་ཟེར་མི་དེ་ ཁོ་གི་ཤུལ་བདའ་སྟེ་འདུག་ དེ་ལས་ས་གཞི་གི་དཔྱ་བཞི་ནང་ལས་དཔྱ་གཅིག་ལུ་ གྱི་རིངམ་གི་ཐོག་ལས་དང་ ལ་ལུ་མུ་གེ་གི་ཐོག་ལས་ ལ་ལུ་ནད་ཡམས་ཀྱི་ཐོག་ལས་ ལ་ལུ་རི་དྭགས་གཅན་གཟན་གྱི་ཐོག་ལས་སྦེ་གསད་ནི་གི་དབང་ཚད་ ཁོང་གཉིས་ལུ་གནང་ནུག 9 དེ་ལས་ལུག་གི་ཕྱུག་ཀུ་གིས་ ཕྱག་ཐམ་ལྔ་པ་འདི་བཀྲུམས་ད་ མཆོད་ཁྲི་གི་འོག་ལུ་ དཀོན་མཆོག་གི་གསུང་ལུ་བརྟེན་ཏེ་ འཛོམ་དཔང་འབདཝ་ད་ བསད་མིའི་སྲོག་འདི་ཚུ་ ག་ར་འདི་ནང་ཡོདཔ་ང་གིས་མཐོང་ཅི། 10 ཁོང་གིས་དེ་ཁར་ལས་སྐད་སྦོམ་སྦེ་བརྐྱབས་ཏེ་ ཀྱེ་ཀུན་དབང་བའི་གཙོ་བོ་ མཆོག་ཏུ་གྱུར་པ་ བདེན་པ་དང་ལྡན་མི་གིས་ འཇིག་རྟེན་པ་གི་མི་ ང་བཅས་ཀྱི་སྲོག་བཅད་མི་ཚུ་ལུ་ ཁྲིམས་ཕྱེ་སྟེ་ སྲོག་ལན་འཇལ་ནིའི་དོན་ལུ་ དུས་ཡུན་ག་དེམ་ཅིག་འགོར་ནི་སྨོ་ཟེར་ཞུཝ་མས། 11 དེ་ལས་ཁོང་ལུ་ན་བཟའ་དཀརཔོ་རེ་རེ་གནང་སྦེ་ ཁྱེད་བཟུམ་སྦེ་རང་ངེ་གི་ཞབས་ཕྱི་ཞུ་མི་དེ་ གཞན་གྱི་ལག་པར་ ཤི་དགོཔ་བྱུང་མི་སྤུན་ཆ་ད་རུང་ལེ་ཤ་ཡོད་ ཁོང་གི་གྱངས་ཁ་མ་ཚང་ཚུན་ཚོད་ ཁྱེད་ཨ་ཙི་སྒུག་སྟེ་ངལ་འཚོ་ཟེར་གསུངས་ཡི། 12 དེ་ལས་ཁོ་གིས་ཕྱག་ཐམ་དྲུག་པ་འདི་བཀྲུམས་ད་ གནམ་མེད་ས་མེད་ས་གཡོམ་སྦོམ་བརྐྱབས་ཏེ་ ཉིམ་འདི་རས་གནགཔོ་བཟུམ་ལུ་འགྱུར་ ཟླཝ་འདི་ཁྲག་བཟུམ་སྦེ་དམརཔོ་ལུ་འགྱུར་སོངམ་ང་གིས་མཐོང་ཅི། 13 དེ་ལས་ད་རུང་རླུང་འཚུབ་འཕུཝ་ད་ ཅོང་སེ་ཤིང་སྡོང་གཡུགས་ཏེ་ དོག་མ་ས་ཁར་བུད་དོཝ་བཟུམ་སྦེ་ ནམ་མཁའ་ལས་སྐརམ་དེ་ཚུ་ས་ཁར་བུདཝ་ཨིན་མས། 14 དེ་ལས་གནམ་དེ་ཡང་ ཤོག་དྲིལ་ཡར་སྒྲིལ་དོཝ་བཟུམ་སྦེ་སྒྲིལ་ཏེ་ཡལ་འགྱོཝ་མ་ཚད་ གངས་རི་དང་གླིང་ཕྲན་དེ་ཚུ་ག་ར་ རང་གི་ས་གནས་ལས་སྤོར་སོང་ཡི། 15 འཛམ་བུ་གླིང་སྐྱོང་མི་རྒྱལཔོ་དང་ མི་སྦོམ་དང་ དམག་དཔོན་ མི་ཕྱུགཔ་ མི་སྟོབས་ཅན་ རྒྱོབོ་རྒྱམོ་ རང་དབང་ཡོད་མི་ཚུ་ མི་ག་ར་བྱག་ཕུག་དང་བྱག་གི་འོག་ལུ་གཡིབ་སྟེ། 16 ཁོང་གིས་ གངས་རི་དང་བྱག་ལུ་ང་བཅས་ཀྱི་གུ་ལུ་བུད་ཤོག་ ཡར་རྒྱལ་ཁྲིའི་གུ་བཞུགས་མིའི་ཞལ་ལས་དང་ ལུག་གི་ཕྱུག་ཀུ་གི་ཐུགས་ཁྲོ་བོ་ལས་ ང་བཅས་ལུ་སྦ་བཞག་གནང་། 17 ག་ཅི་སྨོ་ཟེར་བ་ཅིན་ ཁོ་གི་ཁོང་ཁྲོ་བའི་ཉིནམ་སྦོམ་འདི་འོངས་ཡི་ འདི་གི་གདོང་ཁར་ག་གིས་ལོངས་སྡོད་ཚུགས་ནི་སྨོ་ཟེར་སླབ་ས་ང་གིས་གོ་ཡི།།
1 དེ་གི་ཤུལ་ལས་ ས་གཞི་གི་ཕྱོགས་བཞིའི་ཟུར་ཁ་ལུ་ ཕོ་ཉ་བཞི་ཡར་བཞེངས་ཏེ་བཞུགསཔ་ང་གིས་མཇལ་ཡི་ ཕྱོགས་བཞི་གི་ས་གཞི་ནང་གི་རླུང་ འཕུ་མ་བཅུག་པར་ ཕོ་ཉ་ཚུ་གི་ཕྱག་ལུ་བཟུང་སྟེ་བཞག་ཡོདཔ་ཨིན་མས་ དེ་འབདཝ་ལས་ས་ཁར་དང་ རྒྱ་མཚོ་དང་ ཤིང་སྡོང་ག་ར་གུ་མ་ཕོག་བས། 2 དེ་ལས་ཤར་ཕྱོགས་ཁ་ཐུག་ལས་ ཕོ་ཉ་གཞན་གྱིས་ ཕྱག་ལུ་ གསོན་པོའི་དཀོན་མཆོག་གི་ཕྱག་ཐམ་བསྣམས་ཏེ་ ཡར་བྱོན་སར་ང་གིས་མཇལ་ཡི་ ཁོ་གིས་ ས་གཞི་དང་རྒྱ་མཚོ་གཉིས་ལུ་ གནོད་ཚུགས་པའི་དབང་ཤུགས་ཡོད་མི་ཕོ་ཉ་བཞི་ལུ་གསུང་སྐད་སྦོམ་སྦེ། 3 ང་བཅས་ཀྱི་དཀོན་མཆོག་གི་ཕྱག་ཞུ་མི་ཚུ་གི་དཔྱལ་བ་ ཕྱག་ཐམ་མ་རྐྱབ་ཚུན་ཚོད་ ས་དང་རྒྱ་མཚོ་ ཤིང་སྡོང་དེ་ཚུ་ལུ་ གནོད་བཀལ་ནི་མེད་ཟེར་གསུངསམ་མས། 4 དེ་ལས་ ཨཱིས་ར་ཨཱེལ་གྱི་བུ་བརྒྱུད་ཀྱི་སྡེ་ཚན་ག་ར་ནང་ལས་ དཔྱལ་བ་ཕྱག་ཐམ་བརྐྱབས་ཏེ་ཡོད་མིའི་གྱངས་ཁ་ འབུམ་གཅིག་དང་བཞི་ཁྲི་བཞི་སྟོང་ཡོདཔ་ང་གིས་གོ་ཡི། 5 དེ་ཚུ་ག་ར་རིམ་པ་བཞིན་དུ་འབྲི་ནི་ཨིན། བུ་བརྒྱུད་ ཡུ་ད་གི་སྡེ་ཚན་ནང་ལས་གཅིག་ཁྲི་གཉིས་སྟོང་། བུ་བརྒྱུད་ རུ་བཱེན་གྱི་སྡེ་ཚན་ནང་ལས་གཅིག་ཁྲི་གཉིས་སྟོང་། བུ་བརྒྱུད་ གཱད་ཀྱི་སྡེ་ཚན་ནང་ལས་གཅིག་ཁྲི་གཉིས་སྟོང་། 6 བུ་བརྒྱུད་ ཨ་སེར་གྱི་སྡེ་ཚན་ནང་ལས་གཅིག་ཁྲི་གཉིས་སྟོང་། བུ་བརྒྱུད་ ནཱཕ་ཏ་ལི་གི་སྡེ་ཚན་ནང་ལས་གཅིག་ཁྲི་གཉིས་སྟོང་། བུ་བརྒྱུད་ མ་ན་སེ་གི་སྡེ་ཚན་ནང་ལས་གཅིག་ཁྲི་གཉིས་སྟོང་། 7 བུ་བརྒྱུད་ སི་མི་ཨཱོན་གྱི་སྡེ་ཚན་ནང་ལས་གཅིག་ཁྲི་གཉིས་སྟོང་། བུ་བརྒྱུད་ ལེ་ཝི་གི་སྡེ་ཚན་ནང་ལས་གཅིག་ཁྲི་གཉིས་སྟོང་། བུ་བརྒྱུད་ ཨི་ས་ཁཱར་གྱི་སྡེ་ཚན་ནང་ལས་གཅིག་ཁྲི་གཉིས་སྟོང་། 8 བུ་བརྒྱུད་ ཟེ་བུ་ལཱོན་གྱི་སྡེ་ཚན་ནང་ལས་གཅིག་ཁྲི་གཉིས་སྟོང་། བུ་བརྒྱུད་ ཡོ་སེབ་ཀྱི་སྡེ་ཚན་ནང་ལས་གཅིག་ཁྲི་གཉིས་སྟོང་། བུ་བརྒྱུད་ བེན་ཇ་མིན་གྱི་སྡེ་ཚན་ནང་ལས་གཅིག་ཁྲི་གཉིས་སྟོང་ཨིན་མས།། 9 དེ་གི་ཤུལ་ལས་ ང་གིས་བལྟཝ་ད་ ངེ་གི་གདོང་ཁར་ མི་རིགས་མ་འདྲཝ་ ག་ར་གི་ནང་ན་ལས་ རིགས་ཚན་མ་འདྲཝ་དང་ མི་བརྒྱུད་མ་འདྲཝ་ སྐད་རིགས་མ་འདྲཝ་ག་ར་ནང་ལས་ མི་དམངས་ཚོགས་དེ་ཚུ་གྱངས་ཁ་ཡང་མ་ཆོདཔ་སྦེ་ བགོ་ལ་དཀརཔོ་གྱོན་ ལག་པར་ཤིང་གི་ཞལ་ལག་འབག་སྟེ་ རྒྱལ་ཁྲི་དང་ལུག་གི་ཕྱུག་ཀུ་གི་སྐུ་མདུན་ལུ་ལོངས་ཏེ། 10 གནམ་མེད་ས་མེད་སྐད་བརྐྱབས་ཏེ། ཐར་པ་འདི་ རྒྱལ་ཁྲི་ལུ་བཞུགས་མི་ང་བཅས་ཀྱི་དཀོན་མཆོག་དང་ ལུག་གི་ཕྱུག་ཀུ་ལས་འོངམ་ཨིན་ཟེར་ ཞུ་དེས། 11 དེ་ལས་ཕོ་ཉ་ག་ར་གིས་ རྒྱལ་ཁྲི་དང་ སེམས་ཅན་བཞི་ རྒས་ཤོས་ཚུ་བསྐོར་ར་བརྐྱབས་ཏེ་ རྒྱལ་ཁྲི་གི་སྐུ་མདུན་ཕྱག་འཚལ་ཏེ་ དཀོན་མཆོག་ལུ་བསྟོད་པ་ཕུལ་དེས། 12 དེ་ལས་ཁོང་གིས། ཨ་མཱེན་ བསྟོད་པ་དང་ གཟི་བརྗིད་ ཤེས་རབ་ བཀའ་དྲིན་ལེགས་སོ་ གུས་ཞབས་ དབང་ དེ་ལས་ཤུགས་སྟོབས་དེ་ཚུ་ ང་བཅས་ཀྱི་དཀོན་མཆོག་ལུ་ དུས་རྒྱུན་དུ་ཕུལ་བར་ཤོག་ ཨ་མཱེན་ཟེར་ ཞུ་དེས། 13 དེ་ལས་རྒས་ཤོས་གཅིག་གིས་ང་ལུ་ བགོ་ལ་དཀརཔོ་གྱོན་མི་ཚུ་ག་སྨོ་ ཁོང་ག་ལས་འོངམ་སྨོ་ཟེར་གསུངསམ་མས། 14 དེ་ལས་ང་གིས་ སློབ་དཔོན་ལགས་ འདི་ནཱ་གི་མཁྱེན་འོང་ཟེར་ཞུཝ་ད་ ཁོ་གིས་ ཁོང་ཆ་ཁྱབ་སྡུག་བསྔལ་སྦོམ་ནང་ལས་ཐོན་ཏེ་ ཁོང་རང་གི་བགོ་ལ་ ལུག་གི་ཕྱུག་ཀུ་གི་སྐུ་ཁྲག་ནང་འཁྱུ་སྟེ་ དཀརཔོ་བཟོ་ཚརཝ་ཨིན་མས། 15 དེ་འབདཝ་ལས་ ཁོང་གིས་དཀོན་མཆོག་གི་རྒྱལ་ཁྲིའི་རྩ་བར་སྡོད་དེ་ ཁོ་གི་མཆོད་ཁང་ནང་ ཉིན་མ་དང་ནུབ་མོ་ ཞབས་ཕྱི་ཞུཝ་ཨིན་མས་ དེ་ལས་རྒྱལ་ཁྲི་གུ་བཞུགས་མི་དེ་གིས་ ཁོང་གི་གུ་ལས་མར་ གུར་བཟུམ་སྦེ་སྤུབ་སྟེ་བཞུགས་འོང་། 16 ད་དེ་ལས་ཕར་ ཁོང་ནམ་ཡང་ལྟོཝ་མི་བཀྱེས་ ནམ་ཡང་ཁ་མི་སྐོམ་ ཉིམ་དང་དྲོད་ཀྱིས་མི་འཚིག 17 ག་ཅི་སྨོ་ཟེར་བ་ཅིན་ ཁྲི་གི་སྦུག་ལུ་བཞུགས་མི་ལུག་གི་ཕྱུག་ཀུ་འདི་ ཁོང་གི་ལུག་རྫིཔ་མཛད་འོང་ ཁོ་གིས་ཚེ་མཐའ་མེད་པའི་ཆུ་མིག་ནང་འཁྱིད་བཀལ་འོང་ དེ་ལས་དཀོན་མཆོག་གིས་ ཁོང་གི་མིག་ཏོ་གི་མིག་ཆུ་འཕྱག་སྟེ་གནང་འོང་ཟེར་གསུངས་ཡི།།
1 ལུག་གི་ཕྱུག་ཀུ་གིས་ཕྱག་ཐམ་བདུན་པ་འདི་བཀྲུམས་ད་ ཞིང་ཁམས་ལུ་ཆུ་ཚོད་ཕྱེད་ཀ་དེ་ཅིག་ཁུ་སིམ་སི་སྦེ་སོང་ཡི། 2 དེ་ལས་དཀོན་མཆོག་གི་སྐུ་མདུན་ལུ་ལོང་སྡོད་མི་ཕོ་ཉ་བདུན་པ་དེ་ལུ་ང་གིས་མཐོང་ཅི་ ཁོང་ལུ་དུང་བདུན་གནང་ཡི། 3 ད་རུང་ ཕོ་ཉ་གཞན་གྱི་ལག་པ་ལུ་ གསེར་གྱི་བསང་ཕོར་འབག་མི་གཅིག་འོངས་ཏེ་ མཆོད་ཁྲི་གི་གདོང་ཁར་ལོངས་སྦེ་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་གི་སྨོན་ལམ་འདི་ རྒྱལ་ཁྲི་གི་རྩ་བར་ གསེར་གྱི་མཆོད་ཁྲི་གུ་ཕུལ་བའི་དོན་ལུ་ སྤོས་དང་བཟང་དྲི་ཚུ་ལེ་ཤ་གནང་སྟེ་འདུག 4 དེ་ལས་ ཕོ་ཉ་གིས་མཆོད་ཁྲི་གུ་ཕུལ་མི་ སྤོས་དང་བསང་གི་དུ་པ་དེ་ དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་གི་སྨོན་ལམ་དང་གཅིག་སྦེ་ཐོན་ཏེ་ དཀོན་མཆོག་གི་སྐུ་མདུན་ལུ་ལྷོད་ཅི། 5 དེ་ལས་ ཕོ་ཉ་དེ་གིས་ བསང་ཕོར་འབག་སྟེ་ མཆོད་ཁྲི་ནང་ལས་མེ་འདེགས་ཞིནམ་ད་ འཛམ་བུ་གླིང་ནང་གཏོར་བཏངམ་ད་ འབྲུག་ལྡིར་བའི་སྐད་སྦོམ་སྦེ་རྐྱབ་ གློག་ཀེམ་སྟེ་ས་གཡོམ་སྦོམ་གཅིག་བརྐྱབས་ཅི།། 6 དེ་ལས་དུང་བདུན་འབག་མིའི་ཕོ་ཉ་ཚུ་གིས་ དུང་འཕུ་ནི་སྦེ་གྲ་སྒྲིག་བརྐྱབས་ཅི། 7 ཕོ་ཉ་དང་པ་འདི་གིས་ཁོ་རང་གི་དུང་འཕུཝ་ད་ སེརཝ་དང་ ཁྲག་ མེ་སླ་བསྲེས་བརྐྱབས་ཏེ་ འཛམ་བུ་གླིང་ནང་གཏོར་བཏངམ་ད་ འཛམ་བུ་གླིང་དཔྱ་གསུམ་མེ་གིས་འཚིག་ཅི་ དེ་ནང་ཡོད་པའི་ནགས་ཚལ་དཔྱ་གསུམ་མེ་འཚིག་སྟེ་ རྩྭ་ཧོནམོ་ག་ར་ མེ་འཚིག་ཡར་སོང་ཡི། 8 དེ་ལས་ ཕོ་ཉ་གཉིས་པ་དེ་གིས་ཁོ་རང་གི་དུང་འཕུཝ་ད་ གངས་རི་བཟུམ་སྦོམ་སྦེ་མཐོང་མི་ག་ཅི་གཅིག་ མེ་འབར་ཏེ་རྒྱ་མཚོ་ནང་བཀོཝ་ད་ རྒྱ་མཚོ་དཔྱ་གསུམ་ཁྲག་ལུ་འགྱུར་ཏེ། 9 རྒྱ་མཚོ་ནང་གི་སེམས་ཅན་དཔྱ་གསུམ་ཤི་སོངམ་མ་ཚད་ དེ་ནང་ཡོད་པའི་གྲུ་དཔྱ་གསུམ་རྩ་མེད་བཏང་ཡི། 10 དེ་ལས་ ཕོ་ཉ་གསུམ་པ་དེ་གིས་ཁོ་རང་གི་དུང་འཕུཝ་ད་ སྐརམ་སྦོམ་གཅིག་མེ་ཆག་བཟུམ་སྦེ་ འོད་ཆེམ་ཆེམ་འབར་ཏེ་ ནམ་མཁའ་ལས་མར་ གཙང་ཆུ་དཔྱ་གསུམ་དང་ ཆུ་མིག་དཔྱ་གསུམ་གྱི་གུ་བུད་འོངས་ཡི། 11 སྐརམ་དེ་གི་མིང་འཁན་པ་ཤིང་ཟེར་སླབ་ཨིན་མས་ དེ་གིས་གཙང་ཆུ་དཔྱ་གསུམ་དང་ ཆུ་མིག་དཔྱ་གསུམ་གྱི་ཆུ་ ཁག་དྲགས་ལུ་འགྱུརཝ་ལས་བརྟེན་ མི་ལེ་ཤ་ཤི་སོང་ཡི། 12 དེ་ལས་ ཕོ་ཉ་བཞི་པ་དེ་གིས་ཁོ་རང་གི་དུང་འཕུཝ་ད་ ཉིམ་དཔྱ་གསུམ་དང་ ཟླཝ་དཔྱ་གསུམ་ དེ་ལས་སྐརམ་དཔྱ་གསུམ་ འོད་ཤར་ནི་མེདཔ་བཟོ་བཏངམ་མ་ཚད་ འོད་དཔྱ་གསུམ་ གནག་དུང་དུ་ལུ་འགྱུར་ཏེ་ ཉིན་མའི་ཉིམ་དཔྱ་གསུམ་དང་ ནུབ་མོའི་ཟླཝ་དཔྱ་གསུམ་འོད་ཤར་ནི་མེདཔ་སྦེ་ཡར་སོང་ནུག 13 དེ་ལས་ད་རུང་ང་གིས་བལྟཝ་ད་ ཞིང་ཁམས་ཀྱི་སྦུག་ལས་ ཁྱ་རྒོད་གཅིག་ནམ་མཁའ་འཕུར་ཏེ་ དེ་གིས་སྐད་སྦོམ་སྦེ་བརྐྱབས་ཏེ་ འཛམ་བུ་གླིང་ནང་སྡོད་མི་ཚུ་ སྡི་ཆེ་བས་ སྡི་ཆེ་བས་ སྡི་ཆེ་བས་ ག་ཅི་སྨོ་ཟེར་བ་ཅིན་ འཇིགས་སྐྲག་བྱུང་དོ་ མཐའན་མཇུག་གི་ཕོ་ཉ་གསུམ་གྱིས་ཡང་ ཁོང་རང་གི་དུང་འཕུ་ནི་འབད་དོ་ཟེར་སླབ་སར་ང་གིས་གོ་ཡི།།
1 དེ་ལས་ ཕོ་ཉ་ལྔ་པ་འདི་གིས་ཁོ་རང་གི་དུང་འཕུཝ་ད་ ནམ་མཁའ་ལས་སྐརམ་གཅིག་ས་ཁར་བུད་ས་ང་གིས་མཐོང་ཅི་ སྐརམ་དེ་ལུ་དོང་མཐའ་མེད་པའི་གཏིང་གི་ལྡེ་མིག་གནང་སྟེ་འདུག 2 དེ་ལས་ཁོ་གིས་དོང་འདི་ཁ་ཕྱེཝ་ད་ གཏིང་ནང་ལས་མེ་ཐབ་སྦོམ་བཟུམ་གྱི་དུ་པ་ཐོན་འོངས་ཏེ་ དུ་པ་དེ་གིས་ཉིམ་དང་རླུང་ག་ར་གནག་དུང་དུ་ལུ་འགྱུར་སོང་ཡི། 3 དེ་ལས་དུ་པ་ནང་ལས་འབུབ་སྤྱིའུ་ལྟགཔ་གནམ་མེད་ས་མེད་ཐོན་འོངས་ཏེ་ འཛམ་བུ་གླིང་ག་ར་ནང་ཁྱབ་ཅི་ ཨ་ནི་འབུབ་སྤྱིའུ་ལྟགཔ་དེ་ཚུ་ལུ་ སྡིག་པ་ར་ཙ་བཟུམ་སྦེ་སོ་བཏབ་ནི་གི་ཤུགས་སྟོབས་གནང་ནུག 4 ཁོང་ལུ་འཛམ་བུ་གླིང་ནང་གི་མི་ ག་གི་དཔྱལཝ་གུ་ དཀོན་མཆོག་གི་ཕྱག་ཐམ་མ་རྐྱབ་མི་ཚུ་མ་གཏོགས་ གཞན་རྩྭ་དང་ཧོན་ཚོད་ཤིང་དེ་ཚུ་ལུ་གནོད་པ་མ་བཀལ་ཟེར་གསུངས་ཡི། 5 ད་རུང་ཁོང་གིས་མི་ཚུ་ལུ་མ་གསད་པར་ ཟླཝ་ལྔ་ཚུན་ཚོད་ནདཔ་བཏོན་ཏེ་སྡིག་པ་ར་ཙ་གིས་ མི་ལུ་སོ་བཏབ་དོཝ་བཟུམ་གྱི་ན་ཟུག་རྐྱབ་བཅུག་ཟེར་བཀའ་གནང་ཡི། 6 ཉིནམ་དེའི་སྐབས་ མི་དེ་ཚུ་གིས་ཤི་ནི་འཚོལ་འོང་ དེ་འབདཝ་ད་ འཚོལ་མི་ཐོབ་ ཤི་དགོ་མནོ་རུང་ འཆི་བ་ཁོང་ལས་ཟུར་འགྱོ་འོང་། 7 སྤྱིའུ་ལྟགཔ་དེ་ཚུ་གི་བཟོ་རྣམ་འདི་ དམག་བརྐྱབ་པ་འགྱོ་ནི་སྦེ་ གྲ་སྒྲིག་རྐྱབ་བཞག་ཡོད་མི་རྟ་དེ་ཚུ་བཟུམ་སྦེ་ མགུ་ལུ་གསེར་གྱི་གཙུག་རྒྱན་བཟུམ་བཙུགས་ གདོང་ཡང་མིའི་གདོང་བཟུམ་འདུག 8 དེ་ལས་ཁོང་གི་མགུ་ཏོ་གུ་གི་སྐྱ་ཡང་ ཨམ་སྲུ་གི་སྐྱ་བཟུམ་དང་ སོ་ཡང་སེམས་ཅན་སེངྒེ་གི་སོ་བཟུམ་སྦེ་ཨིན་མས། 9 བྱང་ཁོག་གུ་ལྕགས་ཀྱི་གོ་ཁྲབ་བཟུམ་དང་ ཁོང་གི་གཤོག་པའི་འུར་སྒྲ་འདི་ ཤིང་རྟ་འཁོར་ལོ་ལེ་ཤ་དམག་རྐྱབ་པ་འགྱོ་བའི་འུར་སྒྲ་བཟུམ་སྦེ་འདུག 10 དེ་ལས་མཇུག་མ་འདི་སྡིག་པ་ར་ཙ་གི་མཇུག་མ་བཟུམ་ དུག་ཡོད་མི་གཅིག་ཨིན་མས་ ཁོང་གི་ནུས་ཤུགས་འདི་མཇུགམ་ནང་ཡོད་ནི་དེ་གིས་ མི་ལུ་ཟུགཔ་ད་ཟླཝ་ལྔ་དེ་ཅིག་ ནདཔ་བཏོན་དོཝ་ཡོདཔ་མས། 11 གཏིང་དང་མཐའ་མེད་པའི་དོང་གི་ཕོ་ཉ་འདི་ ཁོང་སྤྱིའུ་ལྟགཔ་ཚུ་གི་རྒྱལཔོ་ཨིན་མས་ ཨ་ནི་ཕོ་ཉ་དེ་གི་མིང་ ཧིབ་རུ་པའི་སྐད་ནང་ ཨ་བ་དཱོན་དང་ གིརིག་སྐད་ནང་ལུ་ ཨ་པོ་ལི་ཡཱོན་ཟེར་སླབ་ཨིན་མས། 12 འཇིགས་སྐྲག་དང་པ་འདི་ཐལ་སོང་ཡི་ ད་རུང་འཇིགས་སྐྲག་གཉིས་པ་འོང་དེས།། 13 དེ་ལས་ ཕོ་ཉ་དྲུག་པ་འདི་གིས་ཁོ་རང་གི་དུང་འཕུཝ་ད་ དཀོན་མཆོག་གི་སྐུ་མདུན་ཡོད་མིའི་ གསེར་གྱི་མཆོད་ཁྲི་གི་ རྭཝ་བཞི་ལས་གསུང་སྐད་གཅིག་ང་གིས་གོ་ཡི། 14 དེ་ལས་གསུང་སྐད་འདི་གིས་ དུང་འཕུ་མིའི་ ཕོ་ཉ་དྲུག་པ་ལུ་ གཙང་ཆུ་སྦོམ་ ཡུ་ཕེརེ་ཏཱེས་ཟེར་མིའི་ནང་ བསྡམ་སྟེ་ཡོད་མིའི་ ཕོ་ཉ་བཞིཔ་འདི་ཐར་གཏང་ཟེར་གསུངས་ཡི། 15 དེ་ལས་འཛམ་བུ་གླིང་ནང་མི་རིགས་དཔྱ་གསུམ་བསད་ནི་གི་དོན་ལུ་ ཨ་ནི་ཕོ་ཉ་བཞི་ ལོ་དང་ཟླཝ་ ཞག་དང་ཆུ་ཚོད་ཀྱི་ཧེ་མ་ལས་ གྲ་སྒྲིག་སྦེ་བཞག་མི་འདི་ཐར་བཏང་ཡི། 16 རྟ་གུ་བཞོན་མི་དམག་མི་གི་གྱངས་ཁ་ འབུམ་གཉིས་སྟོང་ལས་ལྷགཔ་སྦེ་ཡོད་ཟེར་ང་གིས་གོ་ཡི། 17 ད་རུང་རྟ་དང་རྟ་གུ་བཞོན་མི་དེ་ཚུ་ ངེ་གི་མཐོང་སྣང་ལུ་ཨ་ནི་བཟུམ་སྦེ་མཐོང་ཅི་ མི་དང་རྟ་ཚུ་གི་གདོང་ཁར་གྱི་གོ་ཁྲབ་ཀྱི་བཀྱག་འདི་ མེ་བཟུམ་དམརཔ་ རིན་གོང་ཅན་གྱི་རྡོ་ཧོནམོ་དང་གནགཔ་ མུ་ཟི་བཟུམ་སེརཔོ་སྦེ་འདུག་ རྟ་དེ་ཚུ་གི་མགུ་ཏོ་འདི་ སེམས་ཅན་ སེངྒེ་བཟུམ་སྦེ་ཁ་ལས་དུ་པ་ མུ་ཟི་ཐོན་ མེ་འབར་ཏེ་འདུག 18 དེ་ལས་ཁ་ལས་ཐོན་མིའི་ མེ་དང་ དུ་པ་ མུ་ཟི་ དེ་གསུམ་གྱི་ནད་ཡམས་ཀྱིས་ མི་རིགས་དཔྱ་གསུམ་བསད་བཏང་ཡི། 19 རྟ་དེ་ཚུ་གིས་སྟོབས་ཤུགས་འདི་ ཁོང་རང་གི་ཁ་དང་མཇུགམ་ལུ་འདུག་ མཇུགམ་འདི་སྦུལ་བཟུམ་སྦེ་མགུ་ཏོ་ཡང་འདུག་ དེ་གིས་འབད་ མི་དེ་ཚུ་ལུ་གནོད་པ་བཀལཝ་ཨིན་མས། 20 ཨ་ནི་ནད་ཡམས་འདི་གིས་ གསད་མ་ཚུགས་པར་ ལུས་མིའི་མི་དེ་ཚུ་གིས་ ཁོང་རང་གི་ལཱ་ངན་པ་ལས་ སེམས་མ་འགྱུརཝ་མ་ཚད་ འདྲེ་དང་བདུད་ གསེར་གྱི་སྐུ་ དངུལ་གྱི་སྐུ་ ལི་གི་སྐུ་ རྡོ་གི་སྐུ་ ཤིང་གི་སྐུ་བཟོ་སྟེ་ མིག་གིས་མཐོང་ནི་མེདཔ་དང་ རྣ་བ་གོ་ནི་མེདཔ་ ལམ་འགྱོ་མ་ཚུགས་མིའི་སྐུ་འདྲ་དེ་ཚུ་ལུ་ཕྱག་འཚལ་ཏེ་ གསོལཝ་བཏབ་ནི་འདི་བཞག་མི་བཏུབ་པས། 21 ཨ་ནི་མི་འདི་ཚུ་ མི་བསད་ནི་དང་ ངན་སྔགས་རྐྱབ་ནི་ འདོད་སྤྱོད་ཀྱི་ལཱ་འབད་ནི་ ཨརཝ་བརྐུ་ནི་ཚུ་ལས་སེམས་ཡང་མི་འགྱུར་བས།།
1 དེ་ལས་སྟོབས་ཤུགས་དང་ལྡན་པའི་ ཕོ་ཉ་གཞན་གཅིག་ ཞིང་ཁམས་ལས་མར་འོངམ་ང་གིས་མཐོང་ཅི་ ཁོ་གི་གཟུགས་གུ་ས་སྨུག་སྤུར་ མགུ་ཏོ་གུ་འཇའ་ཚོན་བཟུམ་སྦེ་བསྐོར་ གདོང་འདི་ཉིམ་བཟུམ་སྦེ་ཤར་ རྐངམ་འདི་མེའི་ཀཝ་བཟུམ་སྦེ་འདུག 2 དེ་ལས་ལག་པ་ལུ་ཁ་ཕྱེ་སྟེ་ཡོད་མིའི་ ཤོག་དྲིལ་ཆུང་ཀུ་གཅིག་བཤེད་དེ་ཨིན་མས་ རྐངམ་གཡསཔ་འདི་རྒྱ་མཚོ་གུ་དང་ རྐངམ་གཡོནམ་འདི་ས་གཞི་གུ་བཀལ་ཏེ་སྡོད་ནུག 3 དེ་ལས་ ཁོ་གིས་ སེངྒེ་གི་ངར་སྐད་བཟུམ་སྦེ་སྐད་སྦོམ་སྦེ་རྐྱབ་ད་ འབྲུག་བདུན་པ་གིས་འུར་སྒྲ་ལྡིར་ཡི། 4 དེ་ལས་འབྲུག་བདུན་པ་འུར་སྒྲ་ལྡིརཝ་ད་ ང་གིས་འབྲི་ནི་འབད་ཡི་ དེ་འབདཝ་ད་ ཞིང་ཁམས་ལས་གསུང་སྐད་གཅིག་གོ་ཡི་ དེ་གིས་འབྲུག་བདུན་པ་གིས་ སླབ་མི་འདི་མ་འབྲི་བར་གསང་སྟེ་བཞག་ ཟེར་ང་ལུ་བཀའ་གནང་ཡི། 5 དེ་ལས་ང་གིས་མཐོང་མིའི་ ཕོ་ཉ་ཞབས་རྒྱ་མཚོ་དང་ས་གཞི་གུ་བཀལ་ཏེ་ ཡོད་མི་དེ་གི་ལག་པ་གཡསཔ་དེ་ཡར་ཞིང་ཁམས་ལུ་སེང་སྟེ། 6 དུས་རྒྱུན་དུ་རང་གསོན་པོ་སྦེ་བཞུགས་མི་ཞིང་ཁམས་དང་ དེ་ནང་ཡོད་མི་དང་ ས་གཞི་དང་རྒྱ་མཚོ་དེ་ནང་ཡོད་མི་ ག་ར་མཛད་མིའི་མཚན་ནང་མནའ་འབོ་སྟེ་ ད་དུས་ཚོད་ལེ་ཤ་མི་འགོར། 7 དེ་འབདཝ་ད་ ཕོ་ཉ་བདུན་པ་གིས་དུང་འཕུ་ནི་འབད་བའི་ཉིནམ་ལུ་ དཀོན་མཆོག་གི་གསང་བ་ ཧ་མ་གོ་བར་གསང་སྟེ་ཡོད་མི་དེ་ ཕྱག་ཞུ་མི་དང་ལུང་སྟོན་པ་ཚུ་ལུ་གསུངས་མི་བཟུམ་སྦེ་རང་ དོན་དག་གྲུབ་ནི་ཨིན་ཟེར་གསུངས་ཡི། 8 དེ་ལས་ཧེ་མ་ཞིང་ཁམས་ལས་གོ་མི་གསུང་སྐད་འདི་ ད་རུང་ཡང་ཚར་གཅིག་ང་གིས་གོ་ཡི་ འདི་གིས་ ཕོ་ཉ་རྒྱ་མཚོ་དང་ས་གཞི་གུ་ ལོང་སྡོད་མིའི་ལག་པ་ལུ་ ཤོག་དྲིལ་ཁ་ཕྱེ་སྟེ་བཤེད་མི་དེ་ལེན་པ་སོང་ཟེར་ང་ལུ་གསུངས་ཡི། 9 དེ་ལས་ང་གིས་ ཕོ་ཉ་གི་གདོང་ཁར་སོང་ཞིནམ་ད་ ཤོག་དྲིལ་ཆུང་ཀུ་འདི་ང་ལུ་གནང་ཟེར་སླབ་ད་ ཁོ་གིས་ང་ལུ་ ཨ་ནི་ལེན་ཞིནམ་ད་ཟ་ དེ་གིས་ཁྱོད་ཀྱི་ཕོཝ་ནང་ཁག་ཏིག་ཏི་བཟོ་འོང་ དེ་འབདཝ་ད་ ཁ་ལུ་མངར་ཏོང་ཏོ་ སྦྱང་བཟུམ་སྦེ་འོང་ཟེར་སླབ་ཅི། 10 ཕོ་ཉ་གིས་སླབ་དོཝ་བཟུམ་སྦེ་རང་ ང་གིས་ཤོག་དྲིལ་ཆུང་ཀུ་འདི་ལེན་ཏེ་ཟཝ་ད་ དེ་གི་བྲོཝ་འདི་ ངེ་གི་ཁ་ལུ་སྦྱང་བཟུམ་སྦེ་ཨིན་མས་ དེ་འབདཝ་ད་ ཕོཝ་ནང་ལྷོདཔ་ད་ ཁག་ཏིག་ཏི་ལུ་འགྱུར་སོང་ཡི། 11 དེ་ལས་ཁོ་གིས་ང་ལུ་ཁྱོད་ཀྱིས་ཨིན་ཅི་མིན་ཅི་ མི་རིགས་ལེ་ཤ་དང་ ཁ་སོ་སོ་སླབ་མི་དང་ རྒྱལ་ཁབ་དང་རྒྱལཔོ་ཚུ་གི་སྐོར་ལས་ ད་རུང་ཡང་ལུང་བསྟན་བཤད་དགོ་ཟེར་སླབ་ཅི།།
1 དེ་ལས་ཚད་འཇལ་ནི་གི་འཁརཝ་བཟུམ་ཅིག་ང་ལུ་གནང་སྟེ་ ད་སོང་ཞིནམ་ད་ དཀོན་མཆོག་གི་མཆོད་ཁང་དང་མཆོད་ཁྲི་ཚད་འཇལ་ཟེར་གསུངས་ཡི་ དེ་ཁར་གསོལཝ་བཏབ་མི་ཆ་ཁྱབ་ག་དེ་ཅིག་ཡོད་ག་ གྱངས་ཁ་རྐྱབ་ཟེར་གསུངསམ་ཨིན་མས། 2 དེ་འབདཝ་ད་མཆོད་ཁང་གི་ ཕྱི་ཁ་གི་རྡོ་གཅལ་ཚད་འཇལ་མི་དགོ་ ག་ཅི་སྨོ་ཟེར་བ་ཅིན་ མཆོད་ཁང་གི་ཕྱི་ཁ་ལུ་ ཁོང་དཀོན་མཆོག་ལུ་ ངོ་མ་ཤེས་མི་ ཕྱིའི་མི་རིགས་ཚུ་ལུ་གནང་ཚར་ཡི་ རྒྱལ་ས་དམ་པ་འདི་ ཁོང་གིས་ཟླཝ་བཞི་བཅུ་ཞེ་གཉིས་ཚུན་ཚོད་ རྐངམ་གི་འོག་ལུ་བསྣད་དེ་བཞག་འོང་། 3 དེ་ལས་ང་རང་གི་འཛོམ་དཔང་འབད་མི་གཉིས་ སྦོ་རས་ཕད་ཙེ་གྱོན་ཞིནམ་ད་ ཉིན་ཞག་གཅིག་སྟོང་གཉིས་རྒྱ་དྲུག་བཅུ་ཚུན་ཚོད་ ང་གིས་ཁོང་ལུ་ལུང་བསྟན་བཤད་ནི་གི་དོན་ལུ་ དབང་ཤུགས་གནང་འོང་ཟེར་གསུངས་མི་འདི་ང་གིས་གོ་ཡི། 4 ཨ་ནི་མི་གཉིསཔ་འདི་ག་སྨོ་ཟེར་བ་ཅིན་ འཛམ་བུ་གླིང་གི་གཙོ་བོ་གི་སྐུ་མདུན་ལུ་ ལོང་མི་ཨ་རུ་རའི་ཤིང་གཉིས་དང་ ལ་ཝང་གཉིསཔ་འདི་ཨིན་མས། 5 ག་དེམ་ཅིག་སྦེ་ ག་གིས་ཁོང་ལུ་གནོད་པ་བཀལ་བ་ཅིན་ ཁོང་གཉིས་ཀྱི་ཁ་ལས་མེ་འབར་ཏེ་ དགྲ་དེ་ཚུ་འཚིག་གཏང་འོང་ཟེར་ཨིན་མས་ ཨ་ནི་བཟུམ་སྦེ་ག་གིས་རང་ཁོང་ལུ་གནོད་པ་བཀལ་བ་ཅིན་ མེ་གིས་འཚིག་གཏང་སྟེ་རང་ ཁོང་རང་ཤི་དགོཔ་ཨིན་མས། 6 ཨ་ནི་མི་དེ་ཚུ་གིས་ དཀོན་མཆོག་གི་སྐོར་ལས་འཛོམ་དཔང་བཤད་པའི་སྐབས་ལུ་ ཁོང་གི་ཞལ་ལུ་ནམ་མཁའ་ལས་ཆརཔ་ཡང་ རྐྱབ་མ་བཅུག་པར་ བཀག་ནི་གི་དབང་ཤུགས་འདུག་ དེ་གིས་མ་ཚད་པར་ ཁོང་གིས་འབད་དགོ་པ་ཅིན་ ཆུ་ཡང་ཁྲག་ལུ་འགྱུར་ འཛམ་བུ་གླིང་ནང་ནད་ཡམས་སྣ་ཚོགས་དེ་ཚུ་ གཏང་ཚུགས་པའི་ནུས་ཤུགས་འདུག 7 ད་ཁོང་གིས་དཀོན་མཆོག་གི་སྐོར་ལས་འཛོམ་དཔང་བཤད་ཚར་བའི་ཤུལ་ལས་ གཏིང་དང་མཐའ་མེད་པའི་ས་དོང་ནང་ལས་ཐོན་པའི་ གཅན་གཟན་གྱིས་ཁོང་དང་དམག་རྐྱབ་ད་ གཅན་གཟན་རྒྱལ་ཁ་ཐོབ་སྟེ་ཁོང་ལུ་གསད་ནི་ཨིན་མས། 8 དེ་ལས་ཁོང་གཉིས་ཀྱི་ཕུང་པོ་འདི་ ཧེ་མ་ཁོང་གི་གཙོ་བོ་ཁྲམ་ཤིང་གུ་བཀྲོངས་སའི་ ས་གནས་ མིང་གཞན་དཔེ་བཟུམ་སྦེ་སླབ་པ་ཅིན་ སོ་དོམ་དང་ ཨི་ཇིབ་ཟེར་སླབ་མི་ཁྲོམ་སྦོམ་གྱི་ལམ་ཁར་ལུས་ནི་ཨིན་མས། 9 དེ་ལས་ཞག་གསུམ་དང་ཕྱེད་ཀ་ཚུན་ཚོད་ རིགས་ཚན་མ་འདྲཝ་དང་ སྐད་རིགས་མ་འདྲཝ་ མི་བརྒྱུད་མ་འདྲཝ་ མི་རིགས་མ་འདྲཝ་ ག་ར་གིས་ ཁོང་གི་ཕུང་པོ་འདི་མཐོང་རུང་ དུར་ཁུང་ནང་བཙུག་མ་ལྟེར་བས། 10 འཛམ་བུ་གླིང་ནང་གི་མི་དེ་ཚུ་ ཨ་ནི་ལུང་སྟོན་པ་གཉིས་ཤི་སོངམ་ལས་ གནམ་མེད་ས་མེད་དགའ་སྟེ་ངལ་རངས་ ཁོང་རང་གཅིག་གིས་གཅིག་ལུ་གསོལ་རས་དེ་ཚུ་བྱིན་འོང་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་གི་ཞོར་ཁར་ལས་སྦེ་ འཛམ་བུ་གླིང་ནང་གནམ་མེད་ས་མེད་ སྡུག་བསྔལ་སྦོམ་མྱོང་བཅུག་ནུག 11 དེ་འབདཝ་ད་ ཞག་གསུམ་དང་ཕྱེད་ཀ་གི་ཤུལ་ལས་ དཀོན་མཆོག་གིས་གནང་མི་ཚེ་སྲོག་གི་དབུགས་ ཁོང་གི་ནང་ན་འཛུལ་ཏེ་ ཁོང་རང་གི་རྐངམ་བཙུགས་ཏེ་ལོངམ་ད་ ཨ་ནི་མཐོང་མི་དེ་ཚུ་གནམ་མེད་ས་མེད་འདྲོགས་ཅི། 12 དེ་ལས་ཁོང་གཉིས་ཀྱིས་ཞིང་ཁམས་ལས་གསུང་སྐད་སྦོམ་གཅིག་གོ་ཡི་ གསུང་སྐད་དེ་གིས་ ཡར་ཞིང་ཁམས་ལུ་ཤོག་ཟེར་གསུངསམ་ད་ ཁོང་གཉིས་ཀྱི་དགྲ་བྱང་ཕྱད་ཚུ་གི་མཐོང་སར་ ས་སྨུག་ནང་ཞིང་ཁམས་ལུ་ཡར་སོང་ཡི། 13 དེ་ལས་དུས་ཚོད་འདི་ལུ་རང་ ས་གཡོམ་ཤུགས་སྦེ་བརྐྱབས་ཏེ་ ཁྲོམ་དཔྱ་བཅུ་ཐམ་རམ་འགྱོ་སྦེ་ མིའི་གྱངས་ཁ་སྟོང་ཕྲག་བདུན་ཤིཝ་ད་ དེ་ཁར་ལུས་མི་དེ་ཚུ་འདྲོགས་ཏེ་ ཞིང་ཁམས་ཀྱི་དཀོན་མཆོག་ལུ་ ཕྱག་འཚལ་ཏེ་བསྟོད་པ་ཕུལ་ཡི། 14 ད་འཇིགས་སྐྲག་གཉིས་པ་འདི་ཐལ་སོང་ཡི་ དེ་འབདཝ་ད་ འཇིགས་སྐྲག་གསུམ་པ་འདི་ མགྱོགས་པར་འོང་དོ།། 15 དེ་ལས་ ཕོ་ཉ་བདུན་པ་འདི་གིས་ཁོ་རང་གི་དུང་འཕུཝ་ད་ ཞིང་ཁམས་ལས་གསུང་སྐད་སྦོམ་དེ་ཚུ་གིས། འཛམ་གླིང་ནང་གི་རྒྱལ་སྲིད་འདི་ ང་བཅས་ཀྱི་གཙོ་བོ་དང་ ཁོ་རའི་ བཙག་འཐུ་མཛད་མི་ཁིརཱིས་ཀྱི་རྒྱལ་སྲིད་ལུ་འགྱུརཝ་ཨིན་ ཁོ་གིས་དུས་རྒྱུན་དུ་རང་སྐྱོང་ནི་ཨིན་ཟེར་ གསུངས་ཡི། 16 དེ་ལས་དཀོན་མཆོག་གི་སྐུ་མདུན་ལུ་ ཁྲི་གུ་བཞུགས་མིའི་རྒས་ཤོས་ཉི་ཤུ་རྩ་བཞིཔ་དེ་གིས་ ཕྱག་འཚལ་ཏེ་དཀོན་མཆོག་ལུ་བསྟོད་པ་ཕུལ་ཏེ། 17 ཀུན་དབང་བའི་གཙོ་བོ་དཀོན་མཆོག་ ཧེ་མ་ལས་བྱོན་མི་དང་ ད་ལྟོ་བཞུགས་མི་ལུ་ ང་བཅས་ཀྱིས་བཀའ་དྲིན་དགའ་ཚོར་ཕུལཝ་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ནཱ་གི་དབང་ཤུགས་སྦོམ་གྱིས་དབང་སྟེ་རྒྱལ་སྲིད་སྐྱོང་ནི་འགོ་བཙུགས་ཅི། 18 དེ་ལས་མི་རིགས་ཚུ་ཁྲོ་བོ་གིས་གང་སྟེ་ཡོད་རུང་ ནཱ་གི་ཐུགས་ཁྲོ་བོའི་ཆདཔ་འདི་ཕོག་ནི་ཨིནམ་མ་ཚད་ ཤི་མི་ཚུ་གི་སྦུག་ལུ་ཁྲིམས་ཕྱེ་ནི་དུས་ཚོད་ལུ་ལྷོད་ཅི་ ནཱ་གི་ཕྱག་ཞུ་མི་དང་ ལུང་སྟོན་པ་ཚུ་ ནཱ་གི་དམ་པའི་མི་ཚུ་ ནཱ་གི་མཚན་ལུ་ཡར་བསྟོད་མིའི་ཆེ་ཆུང་མེད་པར་ ག་ར་ལུ་གསོལ་རས་གནང་ནི་དུས་ཚོད་ལུ་ལྷོད་ཅི་ དེ་ལས་འཛམ་བུ་གླིང་དེ་མེདཔ་བཏང་མི་ཚུ་ལུ་ རྩ་མེད་གཏང་བའི་དུས་ཚོད་ལུ་ཡང་ལྷོད་ཅི་ཟེར་ ཞུ་ཡི། 19 དེ་ལས་ཞིང་ཁམས་ལུ་ དཀོན་མཆོག་གི་མཆོད་ཁང་སྒོ་ཕྱེ་ཡི་ མཆོད་ཁང་ནང་ན་ལུ་ ཁོ་རའི་ཞལ་འཆེས་བཞེས་ཡོད་མིའི་སྒྲོམ་འདི་ ཕྱི་ཁར་མཇལ་ཁ་གནངམ་ད་ གློག་ཀེམ་ འབྲུག་གི་འུར་སྒྲ་ལྡིར་ ས་གཡོམ་དང་སེརཝ་སྦོམ་སྦེ་བརྐྱབས་ཅི།།
1 དེ་ལས་ཞིང་ཁམས་ལུ་ རྟགས་མཚན་སྦོམ་གཅིག་མཐོང་ཅི་ ཨམ་སྲུ་གཅིག་ཉིམ་ བགོ་ལ་བཟུམ་སྦེ་གྱོན་ མོ་གི་རྐངམ་གི་འོག་ལུ་ ཟླཝ་བཙུགས་ མགུ་ལུ་སྐརམ་བཅུ་གཉིས་གཙུག་རྒྱན་བཟུམ་སྦེ་བཙུགས་ཏེ་འདུག 2 མོ་ཨ་ལོ་སྐྱེ་ནི་སྦེ་ ན་ཟུག་གིས་འབད་མ་ཚུགས་པར་ གནམ་མེད་ས་མེད་ངུ་སྐད་བརྐྱབས་ཏེ་འདུག 3 ད་རུང་ཞིང་ཁམས་ནང་ན་རྟགས་མཚན་གཞན་གཅིག་མཐོང་ཅི་ འབྲུག་དམརཔོ་ མགུ་བདུན་དང་ རྭཝ་བཅུ་ཐམ་ མགུ་རེ་རེ་གུ་གཙུག་རྒྱན་རེ་རེ་བཙུགས་ཏེ་འདུག 4 ཁོ་གི་མཇུགམ་གིས་ནམ་མཁའ་ལས་ སྐརམ་དཔྱ་གསུམ་ས་ཁར་སྤུད་བཏང་ཡི་ དེ་ལས་ཨ་ལོ་སྐྱེ་ནི་ཡོད་མིའི་ ཨམ་སྲུ་འདི་གི་གདོང་ཁར་ལོང་སྟེ་ ཨ་ལུ་སྐྱེཝ་ད་འཐུ་ཟ་ནི་སྦེ་སྒུག་སྡོདཔ་མས། 5 ཨ་ནི་ཨམ་སྲུ་ལས་འཁྲུངས་མིའི་སྲས་འདི་གིས་ འཛམ་གླིང་ནང་མི་རིགས་ཚུ་ལུ་ཁོ་གིས་ དབང་ཚད་ལྕགས་ཀྱི་འཁརཝ་ ལག་ལེན་འཐབ་པའི་ཐོག་ལས་འགོ་དཔོན་སྦེ་དབང་ནི་ཨིན་མས་ དེ་འབདཝ་ད་ སྲས་འདི་འཁྲུངསམ་ཅིག་ དེ་འཕྲོ་ལས་ཡར་དཀོན་མཆོག་གིས་ ཁོ་རང་གི་ཁྲིའི་གདོང་ཁར་ལུ་བསྣམས་བྱོན་ཡི། 6 དེ་ལས་ཨམ་སྲུ་འདི་ དཀོན་མཆོག་གིས་རི་སྟོང་ནང་ ས་གནས་གཅིག་གྲ་སྒྲིག་མཛད་གནང་མིའི་ནང་བྱོག་སོང་ཡི་ ཞག་གཅིག་སྟོང་གཉིས་བརྒྱ་དྲུག་བཅུ་གི་དོན་ལུ་ རི་སྟོང་དེ་ནང་ལུ་ ཁོ་གིས་མོ་ལུ་བདག་འཛིན་མཛད་ནུག། 7 དེ་ལས་ཞིང་ཁམས་ནང་དམག་འཁྲུགས་ཐོན་ཏེ་ ཕོ་ཉ་གི་འགོ་དཔོན་ མི་ཁ་ཨཱེལ་དང་ ཕོ་ཉ་གཞན་ཚུ་ཁ་གཅིག་སྦེ་ འབྲུག་དང་ཁོ་རའི་ཕོ་ཉ་ཚུ་དང་དམག་བརྐྱབས་ཅི། 8 དེ་འབདཝ་ད་ འབྲུག་དང་ཁོ་གི་ཕོ་ཉ་ཚུ་ སྟོབས་ཤུགས་མེད་པར་དམག་ཕམ་སྟེ་ ཞིང་ཁམས་ལུ་ཁོང་སྡོད་སའི་ས་གནས་མ་ཐོབ་པས། 9 དེ་ལས་འབྲུག་སྦོམ་འདི་ བདུད་དང་ སེ་ཏཱན་ཟེར་ཡང་སླབ་མི་ དང་ཕུགས་ཀྱི་སྦུལ་ མི་ག་ར་ལུ་མགུ་བསྐོར་རྐྱབ་མི་དེ་ ཞིང་ཁམས་ལས་མར་ ཁོ་དང་ཁོ་རའི་ཕོ་ཉ་ཚུ་དང་གཅིག་ཁར་ མར་འཛམ་བུ་གླིང་ནང་འཐུ་བཀོག་ཡི། 10 ད་རུང་ང་གིས་ཞིང་ཁམས་ལས་གསུང་སྐད་སྦོམ་གཅིག་གོ་ཡི་ དེ་གིས། ད་ང་བཅས་ཀྱི་དཀོན་མཆོག་གི་ཐར་པ་དང་ དབང་ཤུགས་ རྒྱལ་སྲིད་ ཁོ་གིས་བཙག་འཐུ་མཛད་མི་ཁིརཱིས་ཀྱི་དབང་ཚད་དེ་ཚུ་བྱོན་ཡི་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་སྐུ་མདུན་ལུ་ང་བཅས་ཀྱི་སྤུན་ཆ་ཚུ་ལུ་ ཉིན་མཚན་མེད་པར་སྐྱོན་བཏོན་མི་དགྲ་དེ་ལུ་ ཞིང་ཁམས་ལས་མར་འཐུ་བཀོག་ཡི། 11 ཨིན་རུང་ སྤུན་ཆ་ཚུ་གིས་ཁོང་རང་གི་སྲོག་ལུ་མ་ཕངས་པར་ ལུག་གི་ཕྱུག་ཀུ་གི་སྐུ་ཁྲག་དང་ ཁོང་རང་གི་འཛོམ་དཔང་འབད་བའི་སྒོ་ལས་ བདུད་ལས་རྒྱལ་ཁ་ཐོབ་ཅི། 12 དེ་འབདཝ་ལས་ ཞིང་ཁམས་དང་དེ་ནང་ན་བཞུགས་མི་ག་ར་ ཐུགས་སྤྲོ་འགྱུར་ཡི་ དེ་འབདཝ་ད་ རྒྱ་མཚོ་དང་ས་གཞི་ནང་སྡོད་མི་ཚུ་ལུ་སྡི་ཆེ་བས་ ག་ཅི་སྨོ་ཟེར་བ་ཅིན་ བདུད་འདི་གིས་ ཁོ་གི་དུས་ཚོད་ཐུང་ཀུ་གཅིག་ལས་བརྒལ་ཏེ་མེད་ཟེར་ཤེས་ཏེ་ གནམ་མེད་ས་མེད་ཙིགཔ་ཟ་སྟེ་ མར་ཁྱེད་སྡོད་སར་སོང་ཡི་ཟེར་ གསུངས་མི་དེ་ང་གིས་གོ་ཡི། 13 དེ་ལས་འབྲུག་འདི་གིས་ ཁོ་ལུ་ས་ཁར་སྤུད་བཀོག་དཔ་ཨིནམ་ཤེསཔ་ད་ ཧེ་མ་སྲས་འཁྲུངས་མི་ཨམ་སྲུ་འདི་གི་རྟིང་བདའ་སོང་ཡི། 14 དེ་འབདཝ་ད་ཨམ་སྲུ་འདི་ འབྲུག་འདི་ལས་བྱོག་ནི་གི་དོན་ལུ་ ཁྱ་རྒོད་སྦོམ་གཅིག་གི་གཤོག་སྒྲོ་གནང་སྟེ་ མོ་ལུ་བདག་འཛིན་འཐབ་ནི་སྦེ་ ལོ་ངོ་ཕྱེད་དང་བཞི་གི་དོན་ལུ་ རི་སྟོང་ནང་དཀོན་མཆོག་གིས་ས་གནས་གྲ་སྒྲིག་རྐྱབ་བཞག་མི་ནང་འཕུར་སོང་ཡི། 15 ད་རུང་འབྲུག་འདི་གིས་མོ་ལུ་ཆུ་རུད་བཏང་བསད་ནི་སྦེ་ མོ་གི་རྒྱབ་ཁར་ལས་ ཁོ་གི་ཁ་ལས་གཙང་ཆུ་སྦོམ་གཅིག་བཏང་ཡི། 16 དེ་འབདཝ་ད་ ས་གཞི་འདི་གིས་མོ་ལུ་ཆ་རོགས་འབད་དེ་ ས་གཞི་ཁ་བརྒྱང་སྟེ་ འབྲུག་གི་ཁ་ལས་ཐོན་མི་ཆུ་ག་ར་འཐུང་ཡི། 17 དེ་ལས་འབྲུག་འདི་མོ་ལུ་བལྟ་ གནམ་མེད་ས་མེད་ཙིགཔ་ཟ་སྟེ་ མོ་གི་རིགས་བརྒྱུད་ལྷག་མ་ལུས་མི་ དཀོན་མཆོག་གི་བཀའ་ལུ་ཉན་མི་ ཡེ་ཤུ་གི་འཛོམ་དཔང་འབད་མི་ཚུ་དང་དམག་རྐྱབ་པ་སོང་སྟེ། 18 འབྲུག་འདི་རྒྱ་མཚོ་གི་མཐའ་མ་ལོང་སྡོད་ནུག།
1 དེ་ལས་ངེ་གི་མཐོང་སྣང་ལུ་ རྒྱ་མཚོ་ནང་ལས་གཅན་གཟན་གཅིག་ ཐོན་འོང་ས་ང་གིས་མཐོང་ཅི་ གཅན་གཟན་དེ་ལུ་རྭཝ་བཅུ་ཐམ་དང་མགུ་ཏོ་བདུན་འདུག་ རྭཝ་དེའི་གུ་ལུ་གཙུག་རྒྱན་བཅུ་ཐམ་འདུག་ དེ་ལས་མགུ་ཏོ་རེ་རེ་གུ་དཀོན་མཆོག་ལུ་སྐུར་པ་བཏབ་ནི་ཚིག་རེ་རེ་བྲིས་ཏེ་འདུག 2 ང་གིས་མཐོང་མིའི་གཅན་གཟན་འདི་ གཟིག་བཟུམ་སྦེ་འདུག་ ལགཔ་དང་རྐངམ་ སེམས་ཅན་དོམ་གྱི་རྐང་ལག་བཟུམ་དང་ ཁ་འདི་ སེམས་ཅན་སེངྒེ་གི་ཁ་བཟུམ་སྦེ་འདུག་ དེ་ལུ་འབྲུག་འདི་གིས་ཁོ་རང་གི་སེམས་དང་དབང་ཤུགས་བྱིནམ་མ་ཚད་ ཁྲི་གུ་སྡོད་ནི་གི་དབང་ཚད་ཡང་བྱིན་ནུག 3 གཅན་གཟན་དེའི་མགུ་ཏོ་གཅིག་གུ་ རྨ་རྐྱེན་བྱུང་སྟེ་ཤི་བའི་སྲོག་ལུ་ཐུག་ཡོདཔ་བཟུམ་ང་གིས་མཐོང་ཅི་ ཤི་བའི་སྲོག་ལུ་ཐུག་ནི་བཟུམ་གྱི་རྨ་འདི་དྲགཔ་ད་ འཛམ་གླིང་ནང་གི་མི་དེ་ཚུ་ག་ར་ཧ་ལས་ཏེ་ གཅན་གཟན་དེ་གི་རྟིང་བདའ་སྟེ་ཡར་སོང་ཡི། 4 མི་དེ་ཚུ་གིས་འབྲུག་འདི་ལུ་ཕྱག་འཚལ་ཏེ་གསོལཝ་བཏབ་མས་ ག་ཅི་སྨོ་ཟེར་བ་ཅིན་ འབྲུག་འདི་གིས་གཅན་གཟན་འདི་ལུ་ དབང་ཚད་བྱིན་ནི་དེ་གིས་ཨིན་མས་ དེ་ལས་མི་འདི་ཚུ་གིས་ གཅན་གཟན་འདི་ལུ་ཡང་ཕྱག་འཚལ་ཏེ་ ཨ་ནི་གཅན་གཟན་འདི་ལུ་རྒོལ་ཏེ་ ཁོ་དང་འདྲན་འདྲ་ག་གིས་དམག་རྐྱབ་ཚུགས་ག་ཟེར་བསྟོད་པ་ཕུལཝ་མས། 5 དཀོན་མཆོག་གིས་གཅན་གཟན་འདི་ལུ་ ཁ་དྲག་དབང་ཆེ་བའི་གཏམ་སླབ་བཅུགཔ་ཨིནམ་མ་ཚད་ གཅན་གཟན་འདི་ལུ་དཀོན་མཆོག་གིས་ཁོ་རང་ལུ་སྐུར་པ་བཏབ་བཅུག་ནུག་ ཁོ་ལུ་ཟླཝ་བཞི་བཅུ་ཞེ་གཉིས་ཚུན་ཚོད་ ཁོ་རང་གི་དབང་ཚད་ལག་ལེན་འཐབ་ཟེར་དབང་ཚད་གནང་ནུག 6 དེ་ལས་ཁོ་གིས་དཀོན་མཆོག་ལུ་སྐུར་པ་བཏབ་སྟེ་ ཁོ་གི་མཚན་ལུ་སྨད་ནི་ ཁོ་བཞུགས་སའི་ཞིང་ཁམས་དང་ དེ་ནང་བཞུགས་མི་ཚུ་ལུ་ཡང་སྨད་ནི་སྦེ་ཁ་བརྒྱང་ཡི། 7 དེ་ལས་དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་དང་དམག་བརྐྱབས་ཏེ་ ཁོ་ལུ་རྒྱལ་ཁ་ཐོབ་ནི་ནུས་ཤུགས་གནང་སྟེ་འདུག་ དེ་མ་ཚད་ཁོ་ལུ་རིགས་ཚན་མ་འདྲཝ་དང་ སྐད་རིགས་མ་འདྲཝ་ མི་བརྒྱུད་མ་འདྲཝ་ མི་རིགས་མ་འདྲཝ་ ག་ར་གི་གུ་ལུ་སྐྱོང་ནི་གི་དབང་ཚད་བྱིན་ཏེ་འདུག 8 དེ་ལས་འཛམ་བུ་གླིང་ནང་སྡོད་མི་ག་ར་གིས་ ཨ་ནི་གཅན་གཟན་འདི་ལུ་ ཕྱག་འཚལ་ཏེ་བསྟོད་པ་ཕུལ་ནུག་ ཁོང་ཆ་ཁྱབ་ འཛམ་གླིང་མཛད་པ་ལས་འགོ་བཙུགས་ཏེ་ ཚེའི་དེབ་ནང་མིང་མ་འབྲི་མི་ཚུ་ཨིན་ ཚེའི་དེབ་དེ་ བཀྲོངས་ཏེ་ཡོད་མི་ལུག་གི་ཕྱུག་ཀུ་དེ་གི་ཨིན།། 9 དེ་ལས་རྣམ་ཅོག་ཡོད་མི་ཚུ་ག་ར་ཨིན་རུང་ དེ་ཚུ་གིས་ཉན་ཏེ་ཧ་གོ་ཤིག 10 ད་ག་ར་འབད་རུང་ གཞན་གྱི་དབང་འོག་ལུ་འགྱོ་དགོ་པ་ཅིན་ ཁོ་གི་དབང་འོག་ལུ་རང་འགྱོ་འོང་ ག་ར་འབད་རུང་ གྱི་རིངམ་གི་འོག་ལུ་ཤི་དགོ་པ་ཅིན་ གྱི་རིངམ་གི་འོག་ལུ་རང་ཤི་འོང་། ཨ་ནི་འདི་ དདཔ་ཅན་ཚུ་གིས་དཀའ་ངལ་དང་བཟོད་པ་བསྒོམས་ཏེ་ དད་པ་བརྟན་ཏོག་ཏོ་སྦེ་སྡོད་ནི་གི་དྲན་བསྐུལ་ཨིན།། 11 ད་རུང་གཅན་གཟན་གཉིས་པ་ སའི་མཐའ་མ་ལས་ ཐོན་འོང་ས་ང་གིས་མཐོང་ཅི་ འདི་ལུ་ལུག་བཟུམ་སྦེ་རྭཝ་གཉིས་འདུག་ དེ་འབདཝ་ད་ ཁོ་གིས་འབྲུག་བཟུམ་སྦེ་སྐད་བརྐྱབས་མས། 12 གཅན་གཟན་གཉིས་པ་དེ་གིས་ དང་པ་དེ་གི་ཐོག་ལས་ དབང་ཚད་ལག་ལེན་འཐབ་སྟེ་ འཛམ་བུ་གླིང་ནང་སྡོད་མི་ག་ར་ལུ་ གཅན་གཟན་དང་པ་ ཤི་བའི་སྲོག་ལུ་ཐུག་ཡོད་མིའི་རྨ་དྲག་མི་དེ་ལུ་ ཕྱག་འཚལ་ཏེ་བསྟོད་པ་ཕུལ་བཅུགཔ་མས། 13 དེ་ལས་ གཉིས་པ་དེ་གིས་ མི་དེ་ཚུ་གི་བལྟ་ས་ལུ་ རྫུ་འཕྲུལ་དང་རྟགས་མཚན་སྦོམ་བཏོནམ་མ་ཚད་ ནམ་མཁའ་ལས་མེ་ཡང་ཕབ་བཏངམ་མས། 14 གཅན་གཟན་གཉིས་པ་དེ་ལུ་ གཅན་གཟན་དང་པ་འདི་གི་རྒྱུད་ལས་ ཨ་ནི་བཟུམ་གྱི་རྟགས་མཚན་བཏོན་ཚུགས་ནི་དེ་གིས་ འཛམ་བུ་གླིང་ནང་གི་མི་དེ་ཚུ་ག་ར་ལུ་མགུ་བསྐོར་བརྐྱབས་ཏེ་ གཅན་གཟན་དང་པ་ལུ་གྱི་རིངམ་གིས་རྨ་བཏོན་རུང་ མ་ཤི་བར་ གསོན་པོ་སྦེ་སྡོད་མི་འདི་གི་སྐུ་འདྲ་བཟོ་བཅུག་ཅི། 15 ད་རུང་ གཅན་གཟན་གཉིས་པ་གིས་ དང་པ་དེ་ཁ་སླབ་ཚུགས་ནི་གི་དོན་ལུ་ སྐུ་འདྲ་ནང་ན་ བུང་འཕུ་བཏབ་ནི་དབང་ཚད་ཐོབ་ཞིནམ་ད་ ནུས་ཤུགས་བྱིན་ཡི་ དེ་ལས་གཅན་གཟན་དང་པ་དེ་གིས་ ཁོ་རའི་སྐུ་འདྲ་ལུ་ཕྱག་འཚལ་ཏེ་ བསྟོད་པ་མ་ཕུལ་མི་ཚུ་ གསད་བཅུག་ནི་གི་དབང་ཚད་ཡང་འདུག 16 གཉིས་པ་དེ་གིས་ མི་ཆུང་ཀུ་ཡང་ན་སྦོམ་ མི་ཕྱུགཔ་ཡང་ན་སྤྱང་ཀ་ རྒྱོབོ་རྒྱམོ་ཡང་ན་རང་དབང་རང་ཚད་ཡོད་མིའི་ག་ར་གི་ དཔྱལཝ་གུ་ཡང་ན་ལགཔ་གཡས་པ་ལུ་ རྟགས་བཀལ་བཅུགཔ་ཨིན་མས། 17 ཨ་ནི་རྟགས་འདི་ གཅན་གཟན་དང་པ་འདི་གི་མིང་ ཡང་ན་ཁོ་གི་མིང་གི་གྱངས་ཁ་ཨིན་མས་ ཨ་ནི་རྟགས་འདི་མེད་པར་ ག་གིས་འབད་རུང་ ཚོང་ཉོ་ནི་དང་བཙོང་ནི་དེ་ཚུ་ རྩ་ལས་རང་འབད་མི་ཆོག་ཟེརཝ་ཨིན་མས། 18 ཨ་ནི་ཧ་གོ་ནི་དོན་ལུ་ཤེས་རབ་དགོ་ རིག་པ་ཡོད་མི་འདི་གིས་ གཅན་གཟན་དང་པ་འདི་གི་མིང་གི་གྱངས་ཁ་རྩིས་བལྟ་དགོ་ ཨ་ནི་གྱངས་ཁ་འདི་ མི་གི་གྱངས་ཁ་ཨིན་ ཁོ་གི་གྱངས་ཁ་འདི་ དྲུག་བརྒྱ་དྲུག་བཅུ་རེ་དྲུག་ཨིན།།
1 ད་རུང་ང་གིས་བལྟཝ་ད་ ངེ་གི་གདོང་ཁར་གངས་རི་ ཟི་ཨཱོན་གྱི་གུ་ལུ་ ལུག་གི་ཕྱུག་ཀུ་བཞེངས་བཞུགས་ནུག་ ཁོ་དང་གཅིག་ཁར་ མི་འབུམ་གཅིག་དང་བཞི་ཁྲི་བཞི་སྟོང་གི་དཔྱལཝ་གུ་ལུ་ ཁོ་གི་མཚན་དང་ ཁོང་རང་གི་ཡབ་ཀྱི་མཚན་བྲིས་ཏེ་ཡོདཔ་ང་གིས་མཐོང་ཅི། 2 དེ་ལས་ཞིང་ཁམས་ལས་ཆུ་སྐད་སྦོམ་གཅིག་དང་ འབྲུག་སྦོམ་གཅིག་འུར་སྒྲ་ལྡིརཝ་ང་གིས་གོ་ཡི་ ད་རུང་ཨ་ནི་གསུང་སྐད་འདི་ པྱི་ཝང་སྐྲོག་པའི་སྐད་བཟུམ་སྦེ་གོཝ་མས། 3 ཨ་ནི་ཁོང་མི་ཚུ་གིས་ དཀོན་མཆོག་གི་ཁྲི་དང་ སེམས་ཅན་བཞི་ རྒས་ཤོས་ཉི་ཤུ་རྩ་བཞི་གི་སྐུ་མདུན་ལུ་ མགུར་མ་གསརཔ་ཕུལཝ་ཨིན་མས་ ཨ་ནི་མགུར་མ་འདི་ ཁོང་འཛམ་བུ་གླིང་ནང་ལས་ སྲོག་བླུས་མི་ འབུམ་གཅིག་དང་བཞི་ཁྲི་བཞི་སྟོང་གིས་མ་གཏོགས་ གཞན་ག་གིས་ཡང་ འཐེན་ནི་ལྷབ་མ་ཚུགསཔ་ཨིན་མས། 4 ཨ་ནི་དེ་ཚུ་དམ་ཚིག་ཅན་ གཙང་ཏོག་ཏོ་སྦེ་ ན་ཆུང་མ་བཟུམ་སྦེ་ ལུག་གི་ཕྱུག་ཀུ་ག་ཏེ་བྱོན་སར་ཕྱག་ཞུ་འགྱོ་མི་ཚུ་ཨིན་ ཁོང་ཆ་ཁྱབ་དཀོན་མཆོག་དང་ལུག་གི་ཕྱུག་ཀུ་གི་དོན་ལུ་ མིའི་གྲལ་ཁ་ལས་ ལོ་ཐོག་གསར་ཕུད་བཟུམ་སྦེ་ཨིན་མས། 5 ཁོང་ལུ་སྐྱོན་ག་ནི་ཡང་མེདཔ་མ་ཚད་ ཁོང་གིས་ཤོབ་མ་རྐྱབ་པར་སྡོདཔ་ཨིན་མས།། 6 ད་རུང་ཕོ་ཉ་གཅིག་གིས་ འཛམ་བུ་གླིང་ནང་སྡོད་མི་ཆ་ཁྱབ་ རིགས་ཚན་མ་འདྲཝ་དང་ སྐད་རིགས་མ་འདྲཝ་ མི་བརྒྱུད་མ་འདྲཝ་ མི་རིགས་མ་འདྲཝ་ ག་ར་ལུ་ མཐའ་མེད་པའི་གཏམ་བཟང་ཁྱབ་སྒྲགས་འབད་བ་ ནམ་མཁའ་ལས་འཕུར་ཏེ་འགྱོ་ས་ང་གིས་མཐོང་ཅི། 7 ཁོ་གིས་གསུང་སྐད་སྦོམ་སྦེ་ དཀོན་མཆོག་བལྟ་འདྲོགས་ཏེ་ ཁོ་ལུ་བསྟོད་པ་ཕུལ་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གི་ཁྲིམས་ཕྱེ་བའི་དུས་ཚོད་འདི་ལྷོད་ཅི་ ཞིང་ཁམས་དང་འཛམ་བུ་གླིང་ རྒྱ་མཚོ་དང་ཆུ་མིག་ ག་ར་མཛད་གནང་མི་དེ་ལུ་ ཕྱག་འཚལ་ཏེ་བསྟོད་པ་ཕུལ་ཟེར་གསུངས་ཡི། 8 དེ་གི་ཤུལ་ལས་ ཕོ་ཉ་གཉིས་པ་འདི་འཕུར་འོངས་ཏེ་ ཁོ་གིས་ བ་བི་ལཱོན་ཁྲོམ་སྦོམ་དེ་མར་རམ་སོང་ཡི་ སེམས་ཚོར་དྲག་པོའི་སྒོ་ལས་ འདོད་ཆགས་ངན་པ་བསྐྱེད་པའི་ཆང་བཟུམ་ མི་རིགས་ག་ར་ལུ་འཐུང་བཅུག་མི་ ཁྲོམ་ བ་བི་ལཱོན་དེ་ མར་རམ་སོང་ཡི་ཟེར་གསུངས་ཡི། 9 དེ་ལས་ ཕོ་ཉ་གསུམ་པ་འདི་འཕུར་འོངས་ཏེ་ ཁོ་གིས་ཡང་གསུང་སྐད་སྦོམ་སྦེ་ ག་གིས་གཅན་གཟན་དང་ ཁོ་གི་སྐུ་འདྲ་འདི་ལུ་ ཕྱག་འཚལ་ཏེ་བསྟོད་པ་ཕུལ་ དེ་ལས་རང་གི་དཔྱལ་བ་ཡང་ན་ལག་པར་རྟགས་བཀལ་བཅུག་པ་ཅིན། 10 ཁོ་གིས་དཀོན་མཆོག་གི་ཐུགས་ཁྲོ་བོའི་ཆང་འདི་འཐུང་ནི་ཨིན་ འདི་ཁོ་གི་བཞེས་ཕྱག་ནང་ ཐུགས་ཁྲོ་བོའི་ཆང་གར་དྲགས་འདི་ བཀང་ཡི་ དེ་ལས་ལུག་གི་ཕྱུག་ཀུ་དང་དམ་པའི་ཕོ་ཉ་གི་གདོང་ཁར་ལུ་ ཁོ་མེ་དང་མུ་ཟི་གིས་འཚིག་སྟེ་ སྡུག་བསྔལ་མྱོང་དགོ་ཟེར་གསུངས་ཡི། 11 དེ་ལས་ཨ་ནི་དེ་ཚུ་འཚིག་པའི་དུ་པ་འདི་ཨ་རྟག་རང་ཐོན་ཏེ་དྲིམ་མནམ་འོང་ ཨ་ནི་གཅན་གཟན་དང་ ཁོ་གི་སྐུ་འདྲ་ལུ་ཕྱག་འཚལ་ཏེ་བསྟོད་པ་ཕུལ་མི་དང་ ཁོ་གི་མིང་གི་རྟགས་བཀལ་བཅུག་མི་དེ་ཚུ་ བདེཝ་རྩ་ལས་རང་མེད་པར་ ཉིན་མ་དང་ནུབ་མོ་སྡུག་བསྔལ་མྱོང་དགོ། 12 དཀོན་མཆོག་ཁོ་རའི་དམ་པའི་མི་ཚུ་ ཁོ་གི་བཀའ་ལུ་ཉན་མི་ཚུ་ ཡེ་ཤུ་ལུ་དད་པ་བསྐྱེད་དེ་སྡོད་མི་ཚུ་ བཟོད་པ་བསྒོམ་ནི་དེ་ ཁག་ཆེཝ་ཨིན། 13 ད་རུང་ཡང་ཞིང་ཁམས་ལས་གསུང་སྐད་གཅིག་གིས་ང་ལུ་ ད་རེས་ལས་འགོ་བཟུང་སྟེ་ གཙོ་བོ་ནང་དད་པ་བསྐྱེད་དེ་ཤི་མི་ཚུ་ བྱིན་རླབས་ཅན་ཨིན་ཟེར་ཨ་ནི་འདི་བྲི་དགོ་ཟེར་གསུངས་ཡི་ ད་རུང་ཐུགས་ཉིད་ཀྱིས་ དོན་ལས་རང་ཁོང་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོང་དཀའཝ་སྤྱད་ས་ལས་ངལ་འཚོ་ཐོབ་སྟེ་ ཁོང་གིས་འབད་མི་ལཱ་ལེགས་ཤོམ་ ཁོང་རང་གི་ཤུལ་ལས་འོངམ་ཨིན་ཟེར་གསུངས་ཡི།། 14 ད་རུང་ཡང་ང་གིས་བལྟཝ་ད་ ངེ་གི་གདོང་ཁར་ལུ་ མིའི་བུ་བཟུམ་ཅིག་ ས་སྨུག་དཀརཔོ་གཅིག་གི་གུ་བཞུགས་ཏེ་ དབུ་ལུ་གསེར་གྱི་གཙུག་རྒྱན་བཞེས་ ཕྱག་ལུ་ཟོརཝ་རྣོས་ཡོད་མི་བསྣམས་མི་གཅིག་ང་གིས་མཇལ་ཡི། 15 དེ་ལས་མཆོད་ཁང་ནང་ལས་ ཕོ་ཉ་གཞན་གཅིག་ཐོན་འོངས་ཏེ་ ས་སྨུག་གི་གུ་ལུ་བཞུགས་མི་དེ་ལུ་ གསུང་སྐད་སྦོམ་སྦེ་ ས་གཞི་ནང་གི་ལོ་ཐོག་འཚོ་བའི་དུས་ཚོད་རན་ཆེ་ཡི་ ལོ་ཐོག་གནམ་མེད་ས་མེད་འཚོ་སོང་ནུག་ ད་ཟོརཝ་གིས་བརྔ་དགོ་ཟེར་གསུངས་ཡི། 16 དེ་ལས་ས་སྨུག་གུ་ལུ་བཞུགས་མི་དེ་གིས་ ཟོརཝ་བརྐྱབས་ཏེ་ས་གཞི་ནང་གི་ཐོག་བརྔ་ཡི། 17 ད་རུང་ཞིང་ཁམས་ཀྱི་མཆོད་ཁང་ནང་ལས་ ཕོ་ཉ་ལག་པ་ལུ་ཟོརཝ་རྣོས་ཅན་འབག་མི་གཞན་གཅིག་ཐོན་འོང་ཡི། 18 དེ་ལས་མཆོད་ཁྲི་ནང་ལས་ ཕོ་ཉ་གཞན་ མེའི་དབང་ཚད་ཡོད་མི་འདི་འོང་ཞིནམ་ད་ ཁོ་གིས་སྐད་སྦོམ་སྦེ་ ཟོརཝ་རྣོས་ཅན་ཡོད་མི་ཕོ་ཉ་དེ་ལུ་ ཁྱོད་ཀྱིས་ཟོརཝ་རྣོས་ཅན་བརྐྱབས་ཏེ་ ས་གཞི་ནང་གི་རྒུན་འབྲུམ་ཚུ་གཅིག་ཁར་སྤུངས་ ག་ཅི་སྨོ་ཟེར་བ་ཅིན་ འདི་གནམ་མེད་ས་མེད་འཚོ་སོང་ནུག་ཟེར་གསུངས་ཡི། 19 དེ་ལས་ ཕོ་ཉ་འདི་གིས་ཟོརཝ་བརྐྱབས་ཏེ་ ས་གཞི་ནང་གི་རྒུན་འབྲུམ་བརྔ་སྟེ་ ག་ར་གཅིག་ཁར་ཆང་བཟོ་ཁང་སྦོམ་ནང་བླུགས་ཅི་ བཟོ་ཁང་དེ་ དཀོན་མཆོག་གི་ཐུགས་ཁྲོ་བོ་གི་དཔེ་ཨིན་མས། 20 དེ་ལས་ཁྲོམ་གྱི་ཕྱི་ཁར་ ཆང་བཟོ་ཁང་ནང་རྒུན་འབྲུམ་ཚུ་བཙིརཝ་ད་ ཁྲག་བཟུམ་སྦེ་ཐོན་ཏེ་ མཐོ་ཚད་རྟའི་མཐུར་གུ་ཚུན་ཚོད་དང་ ཐག་རིང་ཐུང་དཔག་ཚད་བཞི་བཅུ་དེ་ཅིག་ཚུན་ཚོད་སོང་ནུག།
1 ད་རུང་ཞིང་ཁམས་ནང་ལུ་ཧ་ལས་སི་སི་གི་ རྟགས་མཚན་སྦོམ་གཅིག་ང་གིས་མཐོང་ཅི་ ཕོ་ཉ་བདུན་གྱིས་ མཐའན་མཇུག་གི་ནད་ཡམས་བདུན་འདི་ ཁོང་གི་ལག་པར་འབག་སྟེ་འདུག་ ག་ཅི་སྨོ་ཟེར་བ་ཅིན་ ནད་ཡམས་བདུན་འདི་ཚརཝ་ད་ དཀོན་མཆོག་གི་མཐའན་མཇུག་གི་ ཐུགས་ཁྲོ་བོ་འདི་བྱུང་ཚར་ནི་ཨིན། 2 དེ་ལས་ཤེལ་བཟུམ་གྱི་རྒྱ་མཚོ་དང་ དེ་དང་གཅིག་ཁར་ མེ་སླ་བསྲེས་བརྐྱབས་ཏེ་འབད་མི་དེ་གི་གུ་ལུ་ གཅན་གཟན་དང་ ཁོ་གི་སྐུ་འདྲ་དང་ ཁོ་གི་མིང་གི་གྱངས་ཁ་ལས་ རྒྱལ་ཁ་ཐོབ་མི་ཚུ་ དཀོན་མཆོག་གིས་ཁོང་ལུ་གནང་མི་པྱི་ཝང་བཤེད་དེ་ ལོང་སྡོད་ས་ང་གིས་མཐོང་ཅི། 3 དེ་ལས་ཁོང་གིས་དཀོན་མཆོག་གི་ཕྱག་ཞུ་མི་ མོ་སཱེས་དང་ལུག་གི་ཕྱུག་ཀུ་གི་མགུར་མ་ཚུ་འཕུལ་ཏེ། ཀྱེ་ཀུན་དབང་གི་གཙོ་བོ་དཀོན་མཆོག་ ནཱ་གིས་མཛད་མི་ཕྱག་ལཱ་ཧ་ལས་སི་སི་དང་ལེགས་ཤོམ་ཨིན་ ཀྱེ་མི་རིགས་ག་ར་གི་རྒྱལཔོ་ ནཱ་གི་ལམ་འདི་བདེན་པ་དང་ཕྲངམ་ཨིན། 4 ཀྱེ་གཙོ་བོ་ ནཱ་ལུ་ག་གིས་མི་འདྲོག་ནི་ ནཱ་གི་མཚན་ལུ་ག་གིས་མ་བསྟོད་ནི་ ག་ཅི་སྨོ་ཟེར་བ་ཅིན་ ནཱ་རྐྱངམ་གཅིག་མཆོག་ཏུ་གྱུར་པ་ཨིན་མས་ ནཱ་གི་དྲང་བདེན་པའི་ཕྱག་ལཱ་འདི་ ཕྱི་ཁར་ཐོནམ་ཨིནམ་ལས་ མི་རིགས་ག་ར་འོངས་ཏེ་ ནཱ་གི་སྐུ་མདུན་ལུ་ཕྱག་འཚལ་ཏེ་ བསྟོད་པ་ཕུལ་འོང་ཟེར་ ཞུ་དེས། 5 དེ་གི་ཤུལ་ལས་ང་གིས་བལྟཝ་ད་ ཞིང་ཁམས་ནང་གི་མཆོད་ཁང་ནང་ འཛོམ་དཔང་འབད་མི་གུར་ཁང་ཟེར་མི་འདི་སྒོ་ཕྱེ་ཡི། 6 མཆོད་ཁང་དེ་ནང་ལས་ ཕོ་ཉ་བདུན་ རས་དཀརཔོ་ཧིང་སང་ས་འོད་ཐོན་མིའི་བགོ་ལ་སྦེ་གྱོན་ ཁོད་སྟོད་ལུ་གསེར་བཟུམ་གྱི་གཉའ་རས་བཀབ་མི་ ལག་པ་ལུ་ནད་ཡམས་བདུན་འབག་མི་ཚུ་འོང་སྟེ། 7 སེམས་ཅན་བཞི་གི་གྲལ་ཁ་ལས་གཅིག་གིས་ དུས་རྒྱུན་དུ་རང་བཞུགས་མིའི་དཀོན་མཆོག་གི་ཐུགས་ཁྲོ་བོ་འདི་ གསེར་གྱི་ཕོརཔ་བདུན་ནང་བཀང་སྟེ་ ཕོ་ཉ་བདུན་ལུ་གནང་ཡི། 8 མཆོད་ཁང་དེ་ནང་དཀོན་མཆོག་གི་དབང་ཤུགས་དང་ གཟི་བརྗིད་ཀྱི་དུ་པ་གིས་གང་ཡི་ དེ་ལས་ ཕོ་ཉ་བདུན་གྱིས་ནད་ཡམས་བདུན་འདི་ འབྱོ་མ་ཚར་བར་དུ་ ག་གིས་ཡང་དེ་ནང་འཛུལ་མ་ཚུགས་པས།།
1 དེ་ལས་མཆོད་ཁང་ནང་ལས་གསུང་སྐད་སྦོམ་གཅིག་གིས་ ཕོ་ཉ་བདུན་ལུ་དཀོན་མཆོག་གི་ཐུགས་ཁྲོ་བོ་གི་ཕོརཔ་བདུན་འདི་ འཛམ་བུ་གླིང་ནང་འབྱོ་བ་སོང་ཟེར་གསུངསམ་ང་གིས་གོ་ཡི། 2 ཕོ་ཉ་དང་པ་འདི་གིས་འགྱོ་སྟེ་ ཁོ་གི་ཕོརཔ་འདི་འཛམ་བུ་གླིང་གུ་འབྱོཝ་ད་ གཅན་གཟན་འདི་གི་རྟགས་ཡོད་མི་དང་ ཁོ་གི་སྐུ་འདྲ་ལུ་ཕྱག་འཚལ་མི་ཚུ་ ག་ར་གཟུགས་ཁར་ ན་ཟུག་བརྐྱབས་མི་ རྨ་ཁམས་པོ་རྐྱབ་སི་སི་འདི་ཚུ་ཐོན་ནུག 3 ཕོ་ཉ་གཉིས་པ་འདི་གིས་ཡང་འགྱོ་སྟེ་ ཁོ་གི་ཕོརཔ་འདི་རྒྱ་མཚོ་ནང་འབྱོཝ་ད་ རྒྱ་མཚོ་ག་ར་མིའི་རོ་ལས་ཐོན་པའི་ཁྲག་བཟུམ་ལུ་འགྱུར་ཏེ་ དེ་ནང་གི་སེམས་ཅན་ག་ར་ཤི་སོང་ནུག 4 ཕོ་ཉ་གསུམ་པ་འདི་གིས་ཡང་འགྱོ་སྟེ་ ཁོ་གི་ཕོརཔ་འདི་གཙང་ཆུ་དང་ཆུ་མིག་ཚུ་ནང་འབྱོཝ་ད་ ཆུ་དེ་ཚུ་ག་ར་ཁྲག་ལུ་འགྱུར་སོང་ནུག 5 དེ་ལས་ཆུའི་དབང་ཚད་ཡོད་མི་ཕོ་ཉ་འདི་གིས་ཨ་ནི་བཟུམ་སྦེ་སླབ་ང་གིས་གོ་ཡི། ཀྱེ་མཆོག་ཏུ་གྱུར་པ་ཨིན་མི་ ནཱ་ཧེ་མ་ལས་བཞུགས་མི་དང་ ད་ལྟོ་བཞུགས་མི་དེ་གིས་ ཨ་ནི་བཟུམ་སྦེ་ཁྲིམས་ཕྲང་སྟེ་གནང་མི་འདི་ཀྲིག་ཀྲི་རང་ཨིན། 6 ག་ཅི་སྨོ་ཟེར་བ་ཅིན་ཁོང་གིས་ ནཱ་གི་དམ་པའི་མི་དང་ནཱ་གི་ལུང་སྟོན་པ་ཚུ་ལུ་བཀྲོངས་ནི་དེ་གིས་ ད་ལྟོ་ནཱ་གིས་ཁོང་ལུ་ཁྲག་འཐུང་བཅུག་མི་འདི་ ཁོང་རང་འཚོལ་འཚོལཝ་ཨིན་ཟེར་ ཞུ་ཡི། 7 ད་རུང་མཆོད་ཁྲི་ནང་ལས། ཀྱེ་ཀུན་དབང་བའི་གཙོ་བོ་དཀོན་མཆོག་ ནཱ་གིས་ཕྲང་སྟེ་གནང་མི་ཁྲིམས་འདི་ བདེན་པ་དང་ཀྲིག་ཀྲི་རང་ཨིན་ཟེར་ ལན་ཞུ་མི་གཅིག་ང་གིས་གོ་ཡི། 8 དེ་ལས་ ཕོ་ཉ་བཞི་པ་འདི་གིས་ཁོ་རང་གི་ཕོརཔ་འདི་ ཉི་མའི་གུ་འབྱོཝ་ད་ ཉིནམ་ལུ་མི་དེ་ཚུ་མེ་གིས་འཚིག་བཅུག་ཅི། 9 མི་ག་ར་མེ་གིས་འཚིག་རུང་ ཨ་ནི་ནད་ཡམས་ཀྱི་གུ་ལུ་ དབང་ཚད་ཡོད་མིའི་དཀོན་མཆོག་དང་ ཁོ་གི་མཚན་ལུ་ སྣང་མེད་བརྩིས་ཏེ་ཁ་དམོད་བཏབ་ཅི་ ཁོང་གིས་སེམས་འགྱུར་ བཤགས་པ་ཕུལ་ཏེ་ དཀོན་མཆོག་ལུ་བསྟོད་པ་ཕུལ་མི་བཏུབ་པས། 10 ཕོ་ཉ་ལྔ་པ་འདི་གིས་ཁོ་རང་གི་ཕོརཔ་འདི་ གཅན་གཟན་འདི་གི་ཁྲིའི་གུ་འབྱོཝ་ད་ ཁོ་གི་རྒྱལ་ཁབ་འདི་གནག་དུང་དུ་འགྱུར་ཏེ་ མི་དེ་ཚུ་ག་ར་ན་ཟུག་གིས་འབད་མ་ཚུགས་པར་ ཁོ་རང་གི་ལྕེ་རྨུག་སྟེ་སྡོདཔ་མས། 11 དེ་ལས་ཁོང་རང་གི་རྨའི་ན་ཟུག་གིས་དྲེགས་མ་ཚུགས་པར་ ཞིང་ཁམས་ཀྱི་དཀོན་མཆོག་ལུ་ ཁ་དམོད་བཏབ་མ་གཏོགས་ ཁོང་རང་གི་སྡིག་པའི་ལཱ་ལས་སེམས་མ་འགྱུར་བས། 12 ཕོ་ཉ་དྲུག་པ་འདི་གིས་ཁོ་རང་གི་ཕོརཔ་འདི་ གཙང་ཆུ་ ཡུ་ཕེརེ་ཏཱེས་ནང་འབྱོཝ་ད་ ཆུ་དེ་ཚུ་སྐམ་སྟེ་ ཤར་ཕྱོགས་ཀྱི་རྒྱལཔོ་དེ་ཚུ་གི་ལམ་ དམག་རྐྱབ་ནི་གི་ལམ་གྲ་སྒྲིག་སོང་ནུག 13 ད་རུང་ང་གིས་འབྲུག་དང་ གཅན་གཟན་ ལུང་སྟོན་པ་རྫུས་མ་ཚུ་གི་ཁ་ལས་ སྦལཔ་བཟུམ་གྱི་འདྲེ་ངན་པ་གསུམ་ཐོན་འགྱོ་ས་ང་གིས་མཐོང་ཅི། 14 ཨ་ནི་འདི་ཚུ་གིས་ ཀུན་དབང་གི་དཀོན་མཆོག་གི་ཉིནམ་སྦོམ་འདི་ལུ་ དམག་རྐྱབ་ནི་གི་དོན་ལུ་ འཛམ་གླིང་ནང་གི་རྒྱལཔོ་ག་ར་གཅིག་ཁར་བསྡུ་མི་འདྲེ་གདོན་ རྟགས་མཚན་བཏོན་མིའི་འདྲེ་ངན་པ་དེ་ཚུ་ཨིན་མས། 15 བལྟ་ཞིག་ ང་ཨརཝ་བཟུམ་སྦེ་འོང་ནི་ཨིན་ གཉིད་མ་ལོག་པར་སེམས་དྲན་པ་བཏོན་སྡོད་དེ་ གཟུགས་ཁར་བགོ་ལ་གྱོན་སྡོད་མི་འདི་ བྱིན་རླབས་ཅན་ཨིན་ མི་དེ་གི་གཟུགས་སྒྱེན་མོ་ཐོན་ཏེ་ ངོ་ཡང་ཚ་མི་དགོ། 16 དེ་ལས་ཁོང་གིས་རྒྱལཔོ་དེ་ཚུ་ག་ར་གཅིག་ཁར་འཛོམས་བཅུག་འོང་ ཨ་ནི་འཛོམས་མི་ས་གནས་འདི་ ཧིབ་རུ་པའི་ཁ་ནང་ལུ་ ཨཱར་མ་གེ་དཱོན་ཟེར་སླབ་ཨིན་མས། 17 ཕོ་ཉ་བདུན་པ་གིས་ཁོ་རང་གི་ཕོརཔ་འདི་རླུང་གུ་འབྱོཝ་ད་ མཆོད་ཁང་ནང་གི་ཁྲིའི་ནང་ལས་ གསུང་སྐད་སྦོམ་གཅིག་གིས་ ད་ག་ར་མཛད་ཚར་ཡི་ཟེར་ཞུཝ་ད། 18 གློག་ཀེམ་ འབྲུག་ལྡིར་ འུར་སྒྲ་སྦོམ་འཐོན་ ཧེ་མ་འཇིག་རྟེན་ནང་མི་དེ་ཚུ་བྱུང་ཚར་ཞིནམ་ལས་ ས་གཞི་ནང་རྩ་ལས་རང་རྐྱབ་མ་མྱོང་མི་ ས་གཡོམ་གནམ་མེད་ས་མེད་སྦོམ་གཅིག་བརྐྱབས་ཏེ། 19 ཁྲོམ་སྦོམ་འདི་ཡང་ ཁག་གསུམ་སྦེ་འགས་འགྱོ་ མི་རིགས་ག་ར་གི་ཁྲོམ་དེ་ཚུ་རམས་མ་ཚད་ ཁྲོམ་སྦོམ་ བ་བི་ལཱོན་འདི་ལུ་ དཀོན་མཆོག་གི་ཐུགས་ཁྲོ་བོའི་ཆང་གི་ཕོརཔ་ནང་ལས་ འཐུང་བཅུག་ནི་ཟེར་ཐུགས་ཁར་དྲནམ་ཨིན་མས། 20 དེ་ལས་རྒྱ་མཚོའི་གླིང་ཕྲན་འདི་ཚུ་ག་ར་ཡལ་འགྱོཝ་མ་ཚད་ གངས་རི་དེ་ཚུ་ཡང་ལྷག་མཇུག་རང་མ་ལུས་པས། 21 ད་རུང་ནམ་མཁའ་ལས་སེརཝ་རེ་རེ་གི་ ལྗིད་ཚད་སྲང་བརྒྱད་བཅུ་ལས་ལྷགཔ་ཅིག་ ནད་ཡམས་ཀྱི་སེརཝ་བརྐྱབས་ཏེ་ མི་དེ་ཚུ་བཟོད་མ་ཚུགས་པའི་སྡུག་བསྔལ་གནམ་མེད་ས་མེད་མྱོངམ་ད་ ཁོང་གིས་དཀོན་མཆོག་ལུ་ཁ་དམོད་བཏབ་ཅི།།
1 དེ་ལས་ཕོརཔ་བདུན་ཡོད་མིའི་ ཕོ་ཉ་བདུན་གྱི་གྲལ་ཁ་ལས་ གཅིག་ང་སྡོད་སར་འོངས་ཏེ་ཁོ་གིས་ ང་དང་མཉམ་གཅིག་ཤོག་ ཆུ་ལེ་ཤ་གི་གུ་ལུ་སྡོད་མིའི་གཞང་བཙོངམ་མིང་གཏམ་ཅན་འདི་ མོ་ལུ་ཉེས་ཁྲིམས་ག་དེ་སྦེ་གཏང་གནང་ནི་ཨིན་ན་ ཁྱོད་ལུ་སྟོན་བྱིན་ནི། 2 འཛམ་བུ་གླིང་སྐྱོང་མིའི་རྒྱལཔོ་ཚུ་མོ་དང་གཅིག་ཁར་ ལུས་འབྲེལ་གྱི་སྡིག་པ་འབདཝ་མ་ཚད་ འཛམ་བུ་གླིང་ནང་གི་མི་དེ་ཚུ་ཡང་ མོ་གི་འདོད་ཆགས་ཀྱི་ཆང་གིས་ བཟི་བཅུགཔ་ཨིན་མས་ཟེར་གསུངས་ཡི། 3 དེ་ལས་ང་ཐུགས་ཉིད་ནང་སྡོདཔ་ད་ ཕོ་ཉ་དེ་གིས་ང་ལུ་རི་སྟོང་ནང་ལུ་འཁྱིད་ཅི། དེ་ཁར་ལུ་སེམས་ཅན་དམརཔོ་ མགུ་བདུན་དང་རྭཝ་བཅུ་ཐམ་འབད་མི་ གཟུགས་ཁ་ལུ་ སྐུར་པ་བཏབ་ནི་གི་ཚིག་བྲིས་ཏེ་ཡོད་མི་དེ་གི་གུ་ ཨམ་སྲུ་གཅིག་བཞོན་ཏེ་ཡོདཔ་ང་གིས་མཐོང་ཅི། 4 དེ་ལས་ཨམ་སྲུ་དེ་ བགོ་ལ་གི་བཀྱག་དམརཔོ་དང་རྒྱ་སྨུག་འབད་མི་ གནམ་མེད་ས་མེད་ལེགས་ཤོམ་སྦེ་གྱོན་མི་ རྒྱན་ཆ་གསེར་ རིན་ཆེན་རྡོ་ མུ་ཏིག་ལ་སོགས་པ་བཏགས་མི་གཅིག་ཨིན་མས་ མོ་གིས་ལག་པ་གསེར་གྱི་ཕོརཔ་བཤེད་ དེ་ནང་ལུ་འདོད་ཆགས་ཀྱི་ལཱ་མ་གཙངམ་ ཁམས་པོ་རྐྱབ་སི་སི་ཁ་ལས་སྐྱུག་ནི་བཟུམ་སྦེ་བཀང་སྟེ་འདུག 5 མོ་གི་དཔྱལ་བ་ལུ་ བ་བི་ལཱོན་གྱི་ཁྲོམ་མིང་གཏམ་ཅན་ གཞང་བཙོངམ་ཚུ་དང་འཛམ་བུ་གླིང་ནང་ཡོད་མི་ཁམས་པོ་རྐྱབ་སི་སི་གི་ཨའི་ཟེར་ཧ་མ་གོ་བའི་མིང་བྲིས་ཏེ་འདུག 6 མོ་གིས་ དཀོན་མཆོག་ཁོ་རའི་དམ་པའི་མི་ ཡེ་ཤུ་གི་དོན་ལུ་ཤི་མི་ཚུ་གི་ཁྲག་འཐུང་སྟེ་ འགྲངས་འགྲངསམ་ཨིན་མས་ ང་གིས་མོ་མཐོངམ་ད་ ང་གནམ་མེད་ས་མེད་ཧ་ལས་ཅི། 7 དེ་ལས་ ཕོ་ཉ་འདི་གིས་ང་ལུ་ཁྱོད་ག་ཅི་འབད་ཧ་ལསཔ་སྨོ་ སེམས་ཅན་མགུ་བདུན་དང་རྭཝ་བཅུ་ཐམ་ཡོད་མི་དང་ དེའི་གུ་བཞོན་མི་ཨམ་སྲུ་འདི་གི་སྐོར་ལས་ ཧ་མ་གོ་བའི་གསང་བ་འདི་ ཁྱོད་ལུ་འགྲེལ་བཤད་བརྐྱབ་ནི། 8 ཁྱོད་ཀྱིས་མཐོང་མིའི་སེམས་ཅན་འདི་ ཧེ་མ་ཡོད་རུང་ད་ལྟོ་མི་མཐོང་ དེ་འབདཝ་ད་ དེ་མགྱོགས་པར་གཏིང་དང་མཐའ་མེད་པའི་ དོང་ནང་ལས་ཐོན་འོངས་ཏེ་ དེ་ལུ་རྩ་མེད་གཏང་འོང་ དེ་ལས་གཅན་གཟན་ཧེ་མ་ཡོད་མི་ ད་ལྟོ་མ་མཐོང་མི་དེ་ ཁོ་ཤུལ་ལས་ལོག་འོང་ས་མཐོངམ་ད་ འཛམ་བུ་གླིང་ནང་གི་མི་དེ་ཚུ་ ཧེ་མ་འཛམ་གླིང་མཛད་པའི་བསྒང་ལས་ ཡོད་མི་ཚེའི་དེབ་ནང་མིང་མ་འབྲི་མི་ཚུ་གིས་ཧ་ལས་འོང་། 9 ཨ་ནི་ཧ་གོ་ནི་གི་དོན་ལུ་ ཤེས་རབ་ཅན་གཅིག་དགོ་པས་ ད་སེམས་ཅན་གྱི་མགུ་བདུན་འདི་ ཨ་ནི་ཨམ་སྲུ་འདི་མོ་རང་སྡོད་མིའི་ རི་བདུན་འདི་ཚུ་ཨིན། 10 འདི་རྒྱལཔོ་བདུན་ཡང་ཨིན་ ལྔ་འདི་ཤི་སོང་ནུག་ གཅིག་ད་ལྟོ་ཡང་ཡོད་ གཞན་འདི་ད་ལྟོ་མ་འོང་པས་ ཁོ་འོང་རུང་ ཡུདཔ་ཐེངས་གཅིག་ལས་བརྒལ་མི་སྡོད། 11 གཅན་གཟན་ཧེ་མ་ཡོད་མི་ ད་ལྟོ་མ་མཐོང་མི་འདི་ རྒྱལཔོ་བརྒྱད་པ་ཨིན་ དེ་བདུན་གྱི་ཁོངས་སུ་གཏོགསཔ་ཨིནམ་མ་ཚད་ དེ་ལུ་ཡང་རྩ་མེད་གཏང་ནི་ཨིན། 12 དེ་ལས་ཁྱོད་ཀྱིས་རྭཝ་བཅུ་ཐམ་མཐོང་མི་འདི་ རྒྱལཔོ་བཅུ་ཐམ་གྱིས་དབང་ཚད་མ་ཐོབ་མིའི་རྒྱལཔོ་ཚུ་ཨིན་ དེ་འབདཝ་ད་ གཅན་གཟན་དེ་གིས་ ཁོང་དང་གཅིག་ཁར་ དུས་ཡུན་ཆུ་ཚོད་གཅིག་རྒྱལ་པོའི་དབང་ཚད་ཐོབ་ནི་ཨིན། 13 དེ་ལས་ཁོང་ཆ་ཁྱབ་ཀྱི་བསམ་པ་འདི་གཅིག་རང་ཨིན་ ཁོང་རང་གི་དབང་ཤུགས་དང་དབང་ཚད་འདི་ གཅན་གཟན་འདི་ལུ་བྱིན་ནི་སྦེ་ཁ་བཟེད་ནུག 14 ཁོང་གིས་ལུག་གི་ཕྱུག་ཀུ་ལུ་ ངོ་རྒོལ་འབད་དེ་དམག་རྐྱབ་རུང་ ལུག་གི་ཕྱུག་ཀུ་གིས་ཁོང་ལས་རྒྱལ་ཁ་ཐོབ་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གཙོ་བོའི་གཙོ་བོ་དང་ རྒྱལ་པོའི་རྒྱལཔོ་ཨིན་ དེ་མ་ཚད་ཁོ་དང་གཅིག་ཁར་ ཁོ་གིས་འབོ་གནང་མི་ བཙག་འཐུ་མཛད་མི་ དམ་ཚིག་ཅན་དདཔ་ཅན་ཚུ་ཡང་ཡོདཔ་ཨིན་ཟེར་གསུངས་ཡི། 15 ད་རུང་ཕོ་ཉ་གིས་ང་ལུ་ ཁྱོད་ཀྱིས་མཐོང་མི་ ཨམ་སྲུ་གཞང་བཙོངམ་ ཆུའི་གུ་སྡོད་མི་འདི་ མི་རིགས་ མི་བརྒྱུད་ སྐད་རིགས་མ་འདྲཝ་དེ་ཚུ་གི་མི་དམངས་ཚོགས་ཨིན། 16 དེ་ལས་ཁྱོད་ཀྱིས་མཐོང་མིའི་རྭཝ་བཅུ་ཐམ་འདི་ཚུ་དང་གཅན་གཟན་དེ་གིས་ ཨམ་སྲུ་གཞང་བཙོངམ་འདི་ལུ་མ་དགའ་བར་ མོ་གི་གཟུགས་སྒྱེན་མོ་བཏོན་ ལགཔ་སྟོངམ་སྦེ་བཟོ་ ཤ་ཡང་ཟ་ནི་ཨིནམ་མ་ཚད་ མོ་མེ་གཏང་སྟེ་བཀོག་འོང་། 17 དཀོན་མཆོག་གི་བཀའ་འདི་མ་འགྲུབ་བར་དུ་ རྭཝ་བཅུ་ཐམ་འདི་ཚུ་གིས་གཅན་གཟན་དེ་ལུ་ རྒྱལ་པོའི་དབང་ཚད་སྤྲོད་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ མོ་ལུ་མེདཔ་གཏང་ནིའི་ཐུགས་དགོངས་སྒྲུབ་ནི་སྦེ་ ཁོང་ལུ་སེམས་གཅིག་སྦེ་ མཐུན་པའི་བསམ་པ་གནང་ཡི། 18 ད་རུང་ཁྱོད་ཀྱིས་མཐོང་མིའི་ཨམ་སྲུ་འདི་ འཛམ་བུ་གླིང་ནང་གི་རྒྱལཔོ་ཚུ་གི་གུ་ལུ་ དབང་མིའི་ཁྲོམ་མིང་གཏམ་ཅན་འདི་ཨ་ནི་ཨིན་ཟེར་གསུངས་ཡི།།
1 དེ་གི་ཤུལ་ལས་ཞིང་ཁམས་ལས་མར་ ཕོ་ཉ་དབང་ཅན་གཅིག་འོང་ས་ང་གིས་མཐོང་ཅི་ ཁོ་རང་གི་གཟི་བརྗིད་ཀྱིས་ འཛམ་བུ་གླིང་ག་ར་ནང་འོད་ཁྱབ་ཅི། 2 ཁོ་གིས་སྐད་ཤུགས་སྦེ། མར་རམ་སོང་ཡི་ ཁྲོམ་སྦོམ་ བ་བི་ལཱོན་དེ་མར་རམ་སོང་ཡི་ ད་མོ་གི་ཁྱིམ་འདི་ འདྲེ་གདོན་དང་བདུད་མ་གཙངམ་དེ་ཚུ་འཛུལཝ་ཨིནམ་མ་ཚད་ བྱ་བཙོག་པ་དང་ གཅན་གཟན་ཁམས་ལོག་སི་སི་ སྐྱུག་སི་སི་དེ་ཚུ་གི་ཚང་ལུ་འགྱུར་སོང་ཡི། 3 དེ་ལས་མོ་གི་འདོད་ཆགས་ཀྱི་ཆང་གིས་ མི་རིགས་ག་ར་བཟིཝ་མ་ཚད་ འཛམ་བུ་གླིང་ནང་གི་རྒྱལཔོ་ག་ར་གིས་ མོ་དང་གཅིག་ཁར་ལུས་འབྲེལ་འབད་ཡི་ དེ་ལས་ཚོང་པ་ཉོ་བཙོང་འཐབ་མི་ཚུ་ཡང་ མོ་གིས་འདོད་ཡོན་ལོངས་སྤྱོད་པའི་སྒོ་ལས་སྦེ་ཕྱུགཔ་སོང་ཡི་ཟེར་ གསུངས་ཡི། 4 ད་རུང་རང་ཞིང་ཁམས་ལས་གསུང་སྐད་གཞན་གཅིག་གིས། དབའེ་ ངེ་གི་མི་རིགས་ཚུ་ དེ་ནང་ལས་ཕྱི་ཁར་ཐོན་ཤོག་ ཁྱེད་ཐོན་མ་འོང་པ་ཅིན་ མོ་གི་སྡིག་པ་དང་འབྲེལ་བ་འཐབ་སྟེ་ མོ་རའི་ནད་ཡམས་ཡང་ཐོབ་ནི་ཨིན། 5 ག་ཅི་སྨོ་ཟེར་བ་ཅིན་ མོ་གི་སྡིག་པའི་ཀཝ་འདི་ ཡར་ཞིང་ཁམས་ལུ་ལྷོདཔ་མ་ཚད་ མོ་གི་ལཱ་ངན་འདི་ དཀོན་མཆོག་གིས་ཐུགས་ཁར་དྲན་ཡི། 6 མོ་གིས་མི་གཞན་ལུ་འབད་མི་འདི་ལོག་སྟེ་ མོ་རང་ལུ་འབད་དགོ་ མོ་གིས་འབད་མིའི་བྱ་བ་གི་ཉེས་ཆད་འདི་ ལོག་ལྟབ་སྦེ་མོ་རང་ལུ་འབད་དགོ་ མོ་རང་གི་ཕོརཔ་ནང་ལས་བཀང་སྟེ་བྱིན་མི་འདི་ ལོག་སྟེ་མོ་རང་ལུ་ལོག་ལྟབ་སྦེ་བཀང་སྟེ་བྱིན། 7 མོ་རང་ལུ་རང་བསྟོད་རྐྱབ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ཟ་འཐུང་ དེའི་འབྲས་བུ་ལུ་ བཟོད་མ་ཚུགས་པའི་དཀའ་ངལ་དང་སྡུག་བསྔལ་མྱོང་བཅུག་ མོ་གི་སེམས་ཁར་ ང་རྒྱལ་ཕྲག་དོག་ལངསམ་མ་ཚད་ ང་ཡུགས་ས་མོ་མེན་ རྒྱལམོ་བཟུམ་སྦེ་སྡོདཔ་ཨིན་ ང་ལུ་དཀའ་ངལ་དང་མྱ་ངན་ ནམ་ཡང་མྱོང་མི་དགོ་ཟེར་མནོ་བསམ་བཏངམ་ཨིན་མས། 8 ད་མོ་ལུ་ནད་ཡམས་དང་ མུ་གེ་ མྱ་ངན་ ཤི་ནི་དེ་ཚུ་ ཉིནམ་གཅིག་ལུ་ བྱུང་ནི་ཨིནམ་མ་ཚད་ མོ་མེ་གིས་འཚིག་སྟེ་ མེདཔ་གཏང་ནི་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ མོ་ལུ་ཁྲིམས་ཕྱེ་སྟེ་ ཉེས་ཆད་བཀལ་མི་འདི་ དབང་ཤུགས་དང་ལྡན་པའི་ གཙོ་བོ་དཀོན་མཆོག་ཨིན་ཟེར་ གསུངས་ཡི། 9 དེ་ལས་འཛམ་བུ་གླིང་ནང་གི་རྒྱལཔོ་ མོ་དང་གཅིག་ཁར་ལུས་འབྲེལ་འབད་མི་ མོ་གི་རྒྱུ་ནོར་ལོངས་སྤྱོད་མི་ཚུ་གིས་ མོ་མེ་གིས་འཚིག་པའི་དུ་པ་མཐོངམ་ད་ ཁོང་གནམ་མེད་ས་མེད་མྱ་ངན་འབད་དེ་ངུ་འོང་། 10 ད་རུང་ཁོང་གིས་ མོ་གིས་མྱོང་མིའི་སྡུག་བསྔལ་དེ་ལུ་བལྟ་འདྲོགས་ཏེ་ ཐག་རིང་ས་ལུ་ལོང་ཞིནམ་ད་ སྐད་ཤུགས་སྦེ། ཨ་ཁའི་ ཁྲོམ་སྦོམ་ བ་བི་ལཱོན་ སྡི་ཆེ་ཡི་ ཨ་ཁའི་ ཁྲོམ་མིང་གཏམ་ཅན་ བ་བི་ལཱོན་ སྡི་ཆེ་ཡི་ ཁྱོད་ལུ་ཁྲིམས་ཕྱེ་མིའི་ཆུ་ཚོད་གཅིག་གི་ནང་འཁོད་འོངས་ཡི་ཟེར་ སླབ་འོང་། 11 དེ་ལས་འཛམ་བུ་གླིང་ནང་གི་ཚོང་པ་ཚུ་ ཁོང་གི་ཚོང་ཆས་ ག་གིས་ཡང་ཉོ་མི་མེད་པར་ ཁོང་མོ་གི་དོན་ལུ་སྔུ་སྟེ་མྱ་ངན་འབད་འོང་། 12 ཁོང་གི་ཚོང་དང་ཟོང་ཆས་ གསེར་ དངུལ་ རྡོ་ལས་བྱུང་མིའི་རིན་པོ་ཆེ་ མུ་ཏིག་ བགོ་ལ་འཇམ་ཅུག་ཅུ་ བགོ་ལ་རྒྱ་སྨུག་ འབུ་རས་ བགོ་ལ་དམརཔ་ དྲི་ཞིམ་གྱི་ཤིང་སྣ་ཚོགས་ བ་སོའི་ཅ་ལ་ རིན་གོང་མཐོ་བའི་ཤིང་ ལི་ ལྕགས་ རྡོ་ཀ་མ་རུའི་པའི་བཟོ་བཟོ་བའི་ཅ་ལ་སྣ་ཚོགས། 13 ཤིང་ཙེ་མུ་ སྨན་སྣ་ཚོགས་ སྤོས་ བསང་རྫས་ཀྱི་རིགས་ སྤོས་ཕྱེ་ དྲི་བཟང་ ཆང་ ཨ་རུ་ར་ཤིང་གི་དོག་མ་གི་མར་ཁུ་ དཀར་ཕྱེ་ སྒོ་ནོར་ ལུག་ རྟ་ ཤིང་རྟ་འཁོར་ལོ་ མིའི་གཟུགས་ རྒྱོབོ་རྒྱམོ་ ཨ་ནི་དེ་ཚུ་བཙོངམ་ཨིན་མས། 14 ཚོང་པ་ཚུ་གིས། ད་ཨ་ནི་ཁྱོད་ཀྱི་བརྩེ་བ་ཡོད་མི་ཤིང་འབྲས་དེ་ཚུ་ ཁྱོད་ལས་ཤོར་སོང་ཡི་ དེ་མ་ཚད་ འདོད་ཡོན་ལོངས་སྤྱོད་དང་རྒྱུ་ནོར་དེ་ཚུ་ཡང་ དུས་རྟག་བུ་རང་གི་དོན་ལུ་བྱང་སྟེ་ཡོད་ ད་ལོག་སྟེ་ནམ་ཡང་མི་ཐོབ་ཟེར་ སླབ་འོང་། 15 ད་མོ་ལས་བརྟེན་ཏེ་ ཨ་ནི་རྒྱུ་ནོར་ཚུ་གིས་ཕྱུགཔ་འགྱོ་མིའི་ཚོང་དཔོན་ཚུ་གིས་ ད་རུང་ཡང་ མོ་གི་བཟོད་མ་ཚུགས་པའི་སྡུག་བསྔལ་འདི་ལུ་བལྟ་འདྲོགས་ཏེ་ ཐག་རིང་ས་ལུ་ལོང་ཞིནམ་ད་ མྱ་ངན་འབད་ངུ་སྟེ། 16 ཨ་ཁའི་ བགོ་ལ་འཇམ་ཅུག་ཅུ་དང་ བགོ་ལ་རྒྱ་སྨུག་ གོས་ཆེན་དམརཔོ་གྱོན་མི་ གསེར་དང་རྡོ་རིན་པོ་ཆེ་ མུ་ཏིག་གི་རྒྱན་ཆ་བཏགས་མི་ ཁྲོམ་སྦོམ་ སྡི་ཆེ་ཡི་ སྡི་ཆེ་ཡི། 17 ད་ཆུ་ཚོད་གཅིག་གི་ནང་འཁོད་ དེ་ཚུན་ཚོད་ཀྱི་རྒྱུ་ནོར་མེདཔ་སོང་ཡི་ཟེར་ དེ་སྦེ་སླབ་འོང་ དེ་ལས་རྒྱ་མཚོ་ག་ར་ནང་གི་གྲུའི་སྦྱིན་བདག་དང་གྲུ་དཔོན་ གྲུ་ནང་ལཱ་འབད་མི་ གྲུའི་ཐོག་ལས་ལམ་འགྲུལ་འབད་མི་ རྒྱ་མཚོ་ལས་བརྟེན་ཏེ་ ལཱ་འབད་དེ་ཟ་མི་ག་ར་གིས་ཐག་རིང་སར་སྡོད་སྦེ། 18 མོ་མེ་གིས་འཚིག་པའི་དུ་པ་བལྟ་སྟེ་ ཁོང་གིས་སྐད་སྦོམ་སྦེ་བརྐྱབས་ཏེ་ འཛམ་གླིང་ནང་གི་ཁྲོམ་སྦོམ་ག་ར་གི་གྲལ་ལས་ཨ་ནི་བཟུམ་ག་ཏེ་ཡོདཔ་སྨོ་ཟེར་སླབ་སྦེ། 19 ཁོང་རང་གི་མགུ་ལུ་ཐལཝ་བླུག་སྟེ་ སྔུ་སྐད་རྐྱབ་ མྱ་ངན་འབད་དེ། རྒྱ་མཚོ་ནང་གྲུའི་སྦྱིན་བདག་ག་ར་མོ་ལས་བརྟེན་ཏེ་ཕྱུགཔ་འགྱོཝ་ཨིན་ ད་དུས་ཡུན་ཆུ་ཚོད་གཅིག་གི་ནང་འཁོད་ག་ར་བརླག་སྟེ་ མེདཔ་འགྱོཝ་མས་ ཁྲོམ་སྦོམ་ སྡི་ཆེ་ཡི་ སྡི་ཆེ་ཡི་ཟེར་ སླབ་མས། 20 དེ་ལས་ཁྱེད་ ཞིང་ཁམས་ལུ་བཞུགས་མི་ དཀོན་མཆོག་གི་དམ་པའི་མི་ཚུ་དང་ ལུང་སྟོན་པ་ཚུ་ སྐུ་ཚབ་ཚུ་ དགའ་སྤྲོ་འགྱུར་ ག་ཅི་སྨོ་ཟེར་བ་ཅིན་ མོ་གིས་ཁྱེད་ལུ་ཟོགཔ་འབད་མི་ལུ་ དཀོན་མཆོག་གིས་ཁྲིམས་ཕྱེ་གནང་ཡི། 21 དེ་ལས་ཕོ་ཉ་དབང་ཤུགས་ཅན་གཅིག་གིས་ རང་འཐག་བཟུམ་གྱི་རྡོ་སྦོམ་གཅིག་འཐུ་སྦེ་ རྒྱ་མཚོ་ནང་བཀོག་སྟེ་ ཁོ་གིས། ཁྲོམ་སྦོམ་ བ་བི་ལཱོན་ལུ་ཡང་ ཨ་ནི་བཟུམ་སྦེ་མེདཔ་བཏང་སྟེ་ མར་བཀོག་སྦེ་ ལོག་སྟེ་ནམ་ཡང་མི་མཐོང་། 22 དེ་ལས་སྙན་ཆ་སྐྲོག་མི་དང་ པྱི་ཝང་སྐྲོག་མི་ གླིངམ་འཕུ་མི་ དུང་འཕུ་མི་དེ་ཚུ་གི་འདངས་དབྱངས་ ཁྱེད་ཀྱི་ནང་ལོག་སྟེ་ནམ་ཡང་མི་གོ་ ད་རུང་བཟོ་རིགས་མ་འདྲཝ་སྦེ་བཟོ་མི་ཚུ་ཡང་ ཁྱེད་ཀྱི་ནང་ལོག་སྟེ་ནམ་ཡང་མི་ཐོབ་ རང་འཐག་གི་སྐད་ཡང་ ལོག་སྟེ་ནམ་ཡང་མི་གོ། 23 ས་ཏི་གི་འོད་ཡང་ ཁྱེད་ཀྱི་ནང་ནམ་ཡང་མི་ཤར་ རྨགཔ་དང་མནའ་མ་གི་སེམས་དགའ་བའི་སྐད་ཡང་ ཁྱེད་ཀྱིས་ནམ་ཡང་མི་གོ་ ག་ཅི་སྨོ་ཟེར་བ་ཅིན་ འཛམ་གླིང་ནང་ག་ལས་ཡང་སྦོམ་མིའི་ཚོང་དཔོན་ཚུ་ ཁྱེད་ཀྱི་ཨིནམ་ད་ ཁྱེད་ཀྱིས་མིག་འཕྲུལ་སྦོམ་སྟོན་ཏེ་ མི་རིགས་ཚུ་ལུ་མགུ་བསྐོར་བརྐྱབས་ཅི། 24 ཁྲོམ་འདི་ནང་ལུ་ དཀོན་མཆོག་གི་ལུང་སྟོན་པ་དང་ཁོ་རའི་དམ་པའི་མི་ཚུ་ དེ་ལས་འཛམ་བུ་གླིང་ནང་བསད་མི་ག་ར་གི་ཁྲག་འདུག་ཟེར་གསུངས་ཡི།།
1 དེ་གི་ཤུལ་ལས་ཞིང་ཁམས་ལུ་ གནམ་མེད་ས་མེད་མིའི་དམངས་ཚོགས་ཀྱི་སྐད་བཟུམ་གྱི་འུར་སྒྲ་གིས། ཧལ་ལེ་ལུ་ཡཱ་ ཐར་པ་དང་གཟི་བརྗིད་ དབང་ཤུགས་འདི་ ང་བཅས་ཀྱི་གཙོ་བོ་དཀོན་མཆོག་གི་ཨིན། 2 ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ཕྱེ་མིའི་ཁྲིམས་འདི་ ཕྲངམ་དང་བདེན་པ་ཨིན་ འཛམ་བུ་གླིང་ནང་གི་མི་དང་གཅིག་ཁར་ ལུས་འབྲེལ་གྱི་ལཱ་ངན་འབད་དེ་ སྡིག་པ་ནང་ཐིམ་བཅུག་མི་ ཨམ་སྲུ་གཞང་བཙོངམ་སྦོམ་འདི་ལུ་ དཀོན་མཆོག་གིས་ཁྲིམས་བཏང་གནང་ཡི་ ཁོ་རའི་ཞབས་ཕྱིཔ་ཚུ་བསད་མི་དེ་ཚུ་གི་སྲོག་ལེན་བཞེས་ཏེ་ ཁྲིམས་ཕྱེ་སྦེ་ཉེས་ཆད་བཀལ་གནང་ཡི། 3 ད་རུང་ཡང་ཐེངས་གཉིས་པ་ལུ་གསུང་སྐད་སྦོམ་གཅིག་གིས། ཧལ་ལེ་ལུ་ཡཱ་ མོ་འཚིག་པའི་དུ་པ་འདི་དུས་རྒྱུན་དུ་རང་ཐོན་སྡོད་འོང་ཟེར་ གསུངསམ་མས། 4 རྒས་ཤོས་ཉི་ཤུ་རྩ་བཞི་དང་སེམས་ཅན་བཞི་གིས་ རྒྱལ་ཁྲི་གུ་བཞུགས་མིའི་དཀོན་མཆོག་ལུ་ཕྱག་འཚལ་ཏེ་ ཨ་མཱེན་ ཧལ་ལེ་ལུ་ཡཱ་ཟེར་བསྟོད་པ་ཕུལཝ་མས། 5 དེ་ལས་རྒྱལ་ཁྲི་ལས་གསུང་སྐད་གཅིག་གིས། ང་བཅས་ཀྱི་དཀོན་མཆོག་ལུ་ ཁོ་རང་གི་ཕྱག་ཞུ་མི་ ཁོ་ལུ་འདྲོག་མི་ཆེ་ཆུང་མེད་པར་ ག་ར་གིས་བསྟོད་པ་ཕུལ་བཅུག་ཟེར་ཞུཝ་མས།། 6 དེ་ལས་ང་གིས་ཆུ་སྦོམ་འོང་མི་ འབྲུག་ལྡིར་མིའི་འུར་སྒྲ་བཟུམ་ མི་ཚོགས་དམངས་བཟུམ་གྱི་སྐད་སྦོམ་བརྐྱབས་ཏེ། ཧལ་ལེ་ལུ་ཡཱ་ ང་བཅས་ཀྱི་གཙོ་བོ་དཀོན་མཆོག་ ཀུན་དབང་ཨིན་མི་དེ་གིས་རྒྱལ་སྲིད་སྐྱོང་སྟེ། 7 ད་ང་བཅས་སེམས་དགའ་སྟེ་ངལ་རངས་དགོ་ ཁོ་ལུ་གུས་ཞབས་ཞུ་སྦེ་བསྟོད་པ་ཕུལ་ ག་ཅི་སྨོ་ཟེར་བ་ཅིན་ ལུག་གི་ཕྱུག་ཀུ་གི་ གཉེན་གྱི་ཚོགས་སྟོན་རན་ཆེ་ཡི་ མནའམ་འདི་མོ་རང་གིས་གྲ་སྒྲིག་བརྐྱབས་ཅི། 8 བགོ་ལ་འཇམ་ཅུག་ཅུ་འོད་ག་ཅི་དེས་ཅིག་ཡོད་མིའི་ གཙང་སྦྲ་དང་ལྡན་པའི་བགོ་ལ་གྱོན་ནི་མོ་ལུ་གནང་ཡི། བགོ་ལ་འཇམ་ཅུག་ཅུ་འདི་ དཀོན་མཆོག་གི་དམ་པའི་མི་གི་ ཆོས་སེམས་ཆེ་ཏོག་ཏོ་གི་ལཱ་གི་དཔེ་ཨིན་མས། 9 དེ་ལས་ཕོ་ཉ་གིས་ང་ལུ་ ལུག་གི་ཕྱུག་ཀུ་གི་གཉེན་གྱི་ཚོགས་སྟོན་ནང་ མགྱོནམ་སྦེ་འབོ་མི་འདི་ བྱིན་རླབས་ཅན་ཨིན་ཟེར་བྲིས་དགོ་ཟེར་གསུངས་ཡི་ དེ་ལས་ད་རུང་ཕོ་ཉ་གིས་ ཨ་ནི་འདི་དཀོན་མཆོག་གི་གསུང་བདེན་པ་ཨིན་ཟེར་གསུངས་ཡི། 10 དེ་ལས་ང་གིས་ཁོ་གི་སྐུ་མདུན་འགྱོ་སྟེ་ཕྱག་འཚལ་ནི་འབདཝ་ད་ ཁོ་གིས་ང་ལུ་ཕྱག་མ་འཚལ་ ཁྱོད་དང་ ཁྱོད་ཀྱི་སྤུན་ཆ་ ཡེ་ཤུ་གི་འཛོམ་དཔང་འབད་མི་ཚུ་བཟུམ་ ང་ཡང་ཞབས་ཕྱི་ཞུ་མི་གཅིག་ཨིན་ ཁྱོད་ཀྱིས་དཀོན་མཆོག་རྐྱངམ་གཅིག་ལུ་ཕྱག་འཚལ་ཏེ་བསྟོད་པ་ཕུལ་དགོ་ ག་ཅི་སྨོ་ཟེར་བ་ཅིན་ ཡེ་ཤུ་གི་སྐོར་ལས་འཛོམ་དཔང་འབད་མི་ཚུ་ ལུང་སྟོན་པ་བཟུམ་སྦེ་ཨིན་ཟེར་གསུངས་ཡི།། 11 དེ་ལས་ཞིང་ཁམས་འདི་སྒོ་ཕྱེ་ཡོདཔ་ང་གིས་མཇལ་ཏེ་ ངེ་གི་གདོང་ཁར་ལུ་ཆིབས་རྟ་དཀརཔོ་གཅིག་འདུག་ དེའི་གུ་ཆིབས་མི་འདི་གི་མཚན་འདི་ དམ་ཚིག་ཅན་བདེན་པ་ཟེར་ཞུཝ་མས་ ཁོ་གིས་ཁྲིམས་ཕྲང་སྟེ་ཕྱེཝ་ཨིན་ དམག་ཡང་དྲང་བདེན་གྱི་རྒྱུད་ལས་གནངམ་ཨིན། 12 ཁོ་གི་སྤྱན་འདི་མེ་ཅེམ་ཅེ་དང་ དབུ་ལུ་གཙུག་རྒྱན་ལེ་ཤ་བཞེས་ཏེ་འདུག་ ཁོ་གི་གུ་ལུ་མཚན་གཅིག་བྲིས་ཏེ་འདུག་ མཚན་དེ་ཁོ་རང་གིས་མ་གཏོགས་ གཞན་ག་གིས་ཡང་མི་ཤེས་པས། 13 ཁོ་གི་ན་བཟའ་འདི་ཁྲག་ནང་སྦངས་ཏེ་བཞེས་ནུག་ ཁོ་གི་གོ་སའི་མཚན་འདི་ དཀོན་མཆོག་གི་གསུང་ཟེར་ཞུཝ་ཨིན་མས། 14 དེ་ལས་ཁོ་དང་གཅིག་ཁར་ཞིང་ཁམས་ཀྱི་དམག་མི་ཚུ་ བགོ་ལ་འཇམ་ཅུག་ཅུ་དང་གཙང་ཏོག་ཏོ་དཀརཔོ་གྱོན་ ཁོ་གི་ཤུལ་ལས་རྟ་དཀར་པོ་གུ་བཞོན་ཏེ་འདུག 15 མི་རིགས་ཚུ་ལུ་རྐྱབ་ནི་གི་དོན་ལུ་ ཁོ་རང་གི་ཞལ་ལས་ གྱི་རིངམ་རྣོས་ཡོད་མི་གཅིག་ཐོན་ཏེ་འདུག་ མི་ཚུ་ལུ་ལྕགས་ཀྱི་འཁརཝ་གིས་སྐྱོང་ནི་ཨིན་མས་ ཁོ་གིས་ཀུན་དབང་བའི་དཀོན་མཆོག་གི་ ཐུགས་ཁྲོ་བོའི་རྒུན་འབྲུམ་འདི་ ཆང་བཟོ་ཁང་ནང་བཙིར་ཏེ་གནངམ་མས། 16 ཁོ་གི་སྐུ་སྨད་གུ་གྱོན་མི་ན་བཟའ་ལུ་ རྒྱལ་པོའི་རྒྱལཔོ་ གཙོ་བོའི་གཙོ་བོ་ཟེར་བའི་མཚན་བྲིས་ཏེ་འདུག 17 ད་རུང་ ཕོ་ཉ་གཅིག་ཉིམ་ནང་ལོང་སྡོདཔ་ང་གིས་མཐོང་ཅི་ དེ་གིས་སྐད་སྦོམ་སྦེ་ ནམ་མཁའ་ལས་འཕུར་མིའི་བྱ་རྒོད་ཀྱི་རིགས་དེ་ཚུ་ ག་ར་ནཱ་དཀོན་མཆོག་གི་ཚོགས་སྟོན་ནང་ཤོག 18 དེ་ལས་རྒྱལཔོ་དང་ དམག་དཔོན་ སྟོབས་ཅན་ རྟ་དང་རྟའི་གུ་ཆིབས་མི་ རྒྱོབོ་རྒྱམོ་ཨིན་མི་དང་མེན་མི་ གཞན་ཆེ་ཆུང་མེད་པར་ ག་ར་གི་ཤ་ཟ་བའི་དོན་ལུ་ཨིན་ཟེར་གསུངས་ཡི། 19 དེ་ལས་གཅན་གཟན་དང་འཛམ་བུ་གླིང་ནང་གི་རྒྱལཔོ་དེ་ཚུ་ ཁོང་རང་གི་དམག་མི་དང་གཅིག་ཁར་ རྟ་དཀརཔོ་གུ་ཆིབས་མི་དང་ དེ་གི་དམག་མི་ཚུ་ལུ་རྒོལ་ཏེ་དམག་རྐྱབ་ནི་སྦེ་འོངམ་ང་གིས་མཐོང་ཅི། 20 དེ་འབདཝ་ད་ གཅན་གཟན་དང་ལུང་སྟོན་པ་རྫུན་མ་གཉིས་ལུ་བཟུང་སྟེ་ མུ་ཟི་མེའི་མཚོ་ནང་གསོན་པོ་སྦེ་བཀོག་ཡི་ ལུང་སྟོན་པ་རྫུན་མ་དེ་གིས་ གཅན་གཟན་གྱི་རྟགས་བཀལ་མི་ གཅན་གཟན་གྱི་སྐུ་འདྲ་ལུ་ཕྱག་འཚལ་མི་དེ་ཚུ་ལུ་ རྟགས་མཚན་དང་རྫུ་འཕྲུལ་སྟོན་ཏེ་ མགུ་བསྐོར་རྐྱབ་མི་གཅིག་ཨིན་མས། 21 དེ་ལས་རྟ་དཀརཔོ་གི་གུ་ཆིབས་མི་ ཁོ་གི་ཞལ་ལས་གྱི་རིངམ་ཐོན་མི་དེ་གིས་ ལྷག་མ་ལུས་མི་ཚུ་བསད་དེ་ ཁོང་གི་ཤ་འདི་ བྱ་རྒོད་ཀྱི་རིགས་མ་འདྲཝ་ཚུ་གིས་འགྲངམ་སྦེ་ཟ་ཡི།།
1 ད་རུང་ཡང་ཞིང་ཁམས་ལས་མར་ ལྕགས་ཐག་དང་ གཏིང་དང་མཐའ་མེད་པའི་དོང་གི་ལྡེ་མིག་འབག་མིའི་ ཕོ་ཉ་གཅིག་འོང་ས་ང་གིས་མཐོང་ཅི། 2 དེ་ལས་འབྲུག་འདི་ བདུད་དང་ སེ་ཏཱན་ཟེར་ཡང་སླབ་མི་ དང་ཕུགས་ཀྱི་སྦུལ་འདི་བཟུང་སྟེ་ བཅིངས་ཞིནམ་ད་ ལོ་སྟོང་ཕྲག་གཅིག་གི་དོན་ལུ། 3 གཏིང་དང་མཐའ་མེད་པའི་དོང་གི་ནང་ན་བཀོག་སྦེ་ཁ་བསྡམས་ཏེ་ ལོ་སྟོང་ཕྲག་གཅིག་མ་རྫོགས་བར་དུ་ ཁོ་གིས་མི་རིགས་ཚུ་ལུ་ལོག་སྟེ་མགུ་བསྐོར་མ་རྐྱབ་པའི་དོན་ལུ་ སྒོའི་གུ་ཐིའུ་བརྐྱབས་ཅི་ ལོ་ཚད་འདི་ཚངམ་ད་ དུས་ཡུན་ཐུང་ཀུ་གཅིག་གི་དོན་ལུ་ཁོ་ལུ་ཐར་གཏང་འོང་། 4 དེ་ལས་ཁྲི་དང་ ཁོང་ཁྲིམས་ཕྱེ་ནི་གི་དབང་ཚད་ཐོབ་སྟེ་ཡོད་མི་ཚུ་ ཁྲིའི་གུ་བཞུགས་ཡོདཔ་ང་གིས་མཇལ་ཡི་ ད་རུང་ཡང་ ཡེ་ཤུ་དང་དཀོན་མཆོག་གི་གསུང་གི་དོན་ལུ་འཛོམ་དཔང་འབད་དེ་ ཨོལ་ལྐོག་བཏོགས་ཤི་མི་ཚུ་གི་སེམས་ཉིད་ང་གིས་མཐོང་ཅི་ ཁོང་ཆ་ཁྱབ་ཀྱིས་ གཅན་གཟན་དང་ཁོ་གི་སྐུ་འདྲ་ལུ་ཕྱག་མ་འཚལ་མི་དང་ ཁོ་གི་རྟགས་དཔྱལ་བ་ ཡང་ན་ལག་པར་མ་བཀལ་མི་ཚུ་ཨིན་མས་ ཨ་ནི་དེ་ཚུ་ལོག་གསོན་པོ་སྦེ་ལོང་སྟེ་ ལོ་གཅིག་སྟོང་ཚུན་ཚོད་ ཡེ་ཤུ་ཁིརཱིས་དང་གཅིག་ཁར་རྒྱལ་སྲིད་སྐྱོང་ནི་ཨིན་མས། 5 ཨ་ནི་འདི་ཤི་མི་ཚུ་གསོན་པོ་སྦེ་ལོང་མི་དང་པ་ཨིན་མས་ གཞན་ཤི་མི་དེ་ཚུ་ལོ་སྟོང་ཕྲག་གཅིག་ མ་ལང་པར་གསོན་པོ་སྦེ་མི་ལོང་ཟེརཝ་ཨིན་མས། 6 ཨ་ནི་དང་པ་གསོན་པོ་སྦེ་ལོང་མི་དེ་ཚུ་ དཀོན་མཆོག་ཁོ་རའི་མི་ཚུ་བྱིན་རླབས་ཅན་ཨིན་ འཆི་བ་གཉིས་པ་གི་དབང་གིས་ཁོང་ལུ་གནོད་མི་ཚུགས་ དེ་འབདཝ་ད་ཁོང་གིས་ དཀོན་མཆོག་དང་ཁིརཱིས་ཀྱི་བླམ་སྦེ་ ཁིརཱིས་དང་གཅིག་ཁར་ལོ་སྟོང་ཕྲག་གཅིག་རྒྱལ་སྲིད་སྐྱོང་ནི་ཨིན།། 7 ད་ལོ་སྟོང་ཕྲག་གཅིག་རྫོགས་ཏེ་ བདུད་ སེ་ཏཱན་འདི་ ཁོ་བཙོན་ཁང་ནང་ལས་ཐར་བཏངམ་ད། 8 ཁོ་གིས་འཛམ་བུ་གླིང་གི་ ས་གཞི་ཕྱོགས་བཞི་གི་གི་ཁུག་ནང་འགྱོ་ཞིནམ་ད་ མི་རིགས་ག་ར་ གོག་དང་ མ་གོག་ཟེར་མི་ཚུ་ལུ་མགུ་བསྐོར་བརྐྱབས་ཏེ་ དམག་རྐྱབ་ནི་གི་དོན་ལུ་གཅིག་ཁར་སྤུངས་ནུག་ ཨ་ནི་མི་ཚུ་གི་གྱངས་ཁ་འདི་ རྒྱ་མཚོ་ནང་གི་བྱེམ་བཟུམ་སྦེ་འདུག 9 དེ་ལས་ཨ་ནི་དེ་ཚུ་གིས་ དམག་རྐྱབ་ནི་སྦེ་ འཛམ་བུ་གླིང་གི་ས་གཞི་ག་ར་ཁྱབ་སྟེ་ གཅེས་པའི་ཁྲོམ་དང་ དཀོན་མཆོག་གི་མི་ཚུ་གི་སྒར་བསྐོར་ར་བརྐྱབས་ཆེ་ནུག་ དེ་འབདཝ་ད་ ཞིང་ཁམས་ལས་མར་ མེ་ཟིམ་བུད་དེ་ ཁོང་ག་ར་མེ་གིས་འཚིག་བཏང་ཡི། 10 དེ་ལས་ཁོང་ལུ་མགུ་བསྐོར་བརྐྱབས་མི་བདུད་འདི་ ཧེ་མ་གི་གཅན་གཟན་འདི་དང་ལུང་སྟོན་པ་རྫུས་མ་བཀོག་སའི་ མུ་ཟི་མེའི་མཚོ་ནང་བཀོག་སྟེ་ ཁོང་ཉིན་མཚན་མེད་པར་ དུས་རྒྱུན་དུ་རང་ བཟོད་མ་ཚུགས་མི་སྡུག་བསྔལ་མྱོང་ནི་ཨིན།། 11 དེ་ལས་ང་གིས་ཁྲི་དཀརཔོ་སྦོམ་དང་ དེའི་གུ་བཞུགས་མི་འདི་ལུ་མཇལ་ཡི་ ཁོ་གི་སྐུ་མདུན་ལས་གནམ་དང་ས་གཉིས་ཀུ་བྱོག་འགྱོཝ་མས་ དེ་འབདཝ་ད་ བྱོག་སའི་ས་གནས་ག་ཏེ་ཡང་མིན་འདུག 12 ད་རུང་ང་གིས་ཁྲིའི་སྐུ་མདུན་ལུ་མི་ཤི་སོང་མི་ སྦོམ་དང་ཆུང་ཀུ་ག་ར་ལོང་སྡོད་དེ་ དེབ་དེ་ཚུ་ཁ་ཕྱེཝ་མཐོང་ཅི་ དེ་ལས་ཚེའི་དེབ་ཡང་ཁ་ཕྱེ་ཡི་ ད་ཤི་མི་ཚུ་གི་ཁྲིམས་འདི་ རང་གིས་ག་འབད་མི་ལཱ་ དེབ་དེ་ཚུ་ནང་ག་བྲིས་ཏེ་ཡོད་མི་དང་འཁྲིལ་ཏེ་ ཁྲིམས་བཀལཝ་མས། 13 དེ་ལས་རྒྱ་མཚོ་གིས་ དེ་གི་ནང་ཡོད་མི་གཤིནམ་དེ་ཚུ་ག་ར་ཐར་བཏང་ཡི་ ད་རུང་འཆི་བ་དང་གཤིན་ཡུལ་གྱིས་ ཁོ་གི་ནང་ཡོད་མིའི་གཤིནམ་དེ་ཚུ་ཡང་ག་ར་ཐར་བཏང་ཡི་ ཤི་མི་དེ་ཚུ་རེ་རེ་བཞིན་དུ་ རང་གིས་འབད་མིའི་ལཱ་དང་འཁྲིལ་ཏེ་ ཁྲིམས་བཀལཝ་མས། 14 དེ་ལས་འཆི་བ་དང་གཤིན་ཡུལ་ མེ་གི་མཚོ་ནང་འཐུ་བཀོག་ཡི་ ཨ་ནི་མེ་གི་མཚོ་འདི་འཆི་བ་གཉིས་པ་ཨིན་མས། 15 དེ་ལས་ག་ར་ཨིན་རུང་ ཚེའི་དེབ་ནང་མིང་མེད་མི་ཚུ་ མེ་གི་མཚོ་ནང་འཐུ་བཀོག་ཡི།།
1 ད་ཧེ་མ་གི་གནམ་རྙིངམ་དང་ས་རྙིངམ་ རྒྱ་མཚོ་དེ་ཚུ་ག་ར་ཡལ་འགྱོ་སྟེ་ གནམ་གསརཔ་དང་ ས་གཞི་གསརཔ་དེ་ང་གིས་མཐོང་ཅི། 2 དེ་ལས་རྒྱལ་ས་དམ་པ་ ཡེ་རུ་ཤ་ལེམ་གསརཔ་ ཨམ་སྲུ་མོ་རང་གི་རྨགཔ་གི་དོན་ལུ་ གཟབ་སྤྲོས་རྡིག་ཨིན་མི་བཟུམ་སྦེ་ ཡར་ཞིང་ཁམས་ལུ་བཞུགས་ཡོད་མི་ དཀོན་མཆོག་གི་སྐུ་མདུན་ལས་མར་འོངམ་ང་གིས་མཐོང་ཅི། 3 ད་རུང་ཁྲིའི་གུ་ལས་གསུང་སྐད་སྦོམ་གཅིག་གིས་ དེ་སྦེ་གསུངས་ས་ ང་གིས་གོ་ཡི་ ད་དཀོན་མཆོག་གི་བཞུགས་ཁང་འདི་ ཁོ་རའི་མི་ཚུ་གི་སྦུག་ལུ་ཨིན་ དཀོན་མཆོག་ མི་ཚུ་དང་གཅིག་ཁར་བཞུགས་འོང་ དེ་ལས་ ཁོང་དཀོན་མཆོག་གི་མི་སྦེ་ སྡོད་ནི་ཨིན་ དཀོན་མཆོག་ཁོ་ར་རང་ ཁོང་དང་གཅིག་ཁར་ ཁོང་གི་དཀོན་མཆོག་སྦེ་བཞུགས་ནི་ཨིན། 4 ཁོ་གིས་ཁོང་གི་མིག་ཏོ་གི་མིག་ཆུ་འཕྱག་ནི་ཨིན་ ད་དེ་ཁར་ལུ་ཤི་ནི་དང་མྱ་ངན་འབད་ནི་ སྔུ་ནི་ ཟུག་རྐྱབ་ནི་ལ་སོགས་པ་མེདཔ་མ་ཚད་ ཧེ་མ་འཇིག་རྟེན་རྙིངམ་དེ་ཐལ་སོང་ཡི་ཟེར་གསུངསམ་ ང་གིས་གོ་ཡི། 5 རྒྱལ་ཁྲི་གུ་བཞུགས་མི་ཁོ་གིས་ང་ལུ་ ད་ང་གིས་ག་ར་གསརཔ་སྦེ་བཟོ་དོ་ ཨ་ནི་འདི་བྲིས་ ག་ཅི་སྨོ་ཟེར་བ་ཅིན་ ང་གིས་སླབ་མི་འདི་ཆ་བཞག་ཚུགསཔ་དང་ བདེན་པ་ཨིན་ཟེར་གསུངས་ཡི། 6 ད་རུང་ཁོ་གིས་ང་ལུ་ ག་ར་འབད་ཚར་ཡི་ ང་འདི་ ཨཱལ་ཕ་དང་ ཨོ་མེ་ག་ཨིན་ འགོ་དང་པ་དང་མཐའན་མཇུག་ང་རང་ཨིན་ ག་ཁ་སྐོམ་མི་འདི་ལུ་ ང་གིས་ཚེའི་ཆུ་མིག་འདི་རིན་མེད་སྟོང་པ་སྦེ་འཐུང་བཅུག་ནི་ཨིན། 7 རྒྱལ་ཁ་ཐོབ་མི་འདི་གིས་ ཨ་ནི་ག་ར་ཁོ་གི་བགོ་བཤའ་སྦེ་ཐོབ་ནི་ཨིན་ དེ་ལས་ང་ཁོ་གི་དཀོན་མཆོག་དང་ ཁོ་ངེ་གི་བུ་ཨིན། 8 དེ་འབདཝ་ད་ སེམས་ཆུང་ཀུ་དང་ དད་པ་མེད་མི་ མ་རབས་ཨིན་མི་ མི་བསད་མི་ འདོད་ཆགས་ཀྱི་ལཱ་ངན་འབད་མི་ ངན་སྔགས་རྐྱབ་མི་ སྐུ་འདྲ་ལུ་ཕྱག་འཚལ་ཏེ་བསྟོད་པ་ཕུལ་མི་ ཤོབ་རྐྱབ་མི་ ཨ་ནི་འདི་ཚུ་ག་ར་གི་བགོ་བཤའ་དེ་ མུ་ཟི་མེའི་མཚོ་ནང་ཨིན་ ཨ་ནི་འདི་འཆི་བ་གཉིས་པ་ཨིན་ཟེར་གསུངས་ཡི། 9 དེ་ལས་ མཐའན་མཇུག་གི་ནད་ཡམས་ཀྱིས་ བཀང་སྟེ་ཡོད་མིའི་ཕོརཔ་བདུན་པ་འབག་མིའི་ཕོ་ཉ་འོངས་ཏེ་ ང་ལུ་ནཱ་ཤོག་ ང་གིས་ཁྱོད་ལུ་ལུག་གི་ཕྱུག་ཀུ་གི་མནའམ་ ཁོ་རའི་བཙུནམོ་སྟོན་བྱིན་ནི་ཟེར་གསུངས་སྦེ། 10 ང་ཐུགས་ཉིད་ནང་སྡོད་སྦེ་ གངས་རི་སྦོམ་མཐོ་ཤོས་གཅིག་གི་གུ་འཁྱིད་དེ་ རྒྱལ་ས་དམ་པ་ ཡེ་རུ་ཤ་ལེམ་འདི་ ཞིང་ཁམས་ལུ་བཞུགས་མི་ དཀོན་མཆོག་གི་སྐུ་མདུན་ལས་མར་འོངམ་ང་ལུ་སྟོན་གནང་ཡི། 11 འདི་དཀོན་མཆོག་གི་གཟི་བརྗིད་ཀྱིས་ཤར་ཏེ་ ཤེལ་དཀརཔོ་བཟུམ་ འོད་འཕྲོ་མི་ནོར་བུ་རིན་པོ་ཆེ་དང་ རིན་ཆེན་རྡོ་བཟུམ་སྦེ་འདུག 12 དེ་གི་ཕྱི་ཁར་ལས་ རྩིགཔ་ག་ནི་བ་མཐོཝ་སྦོམ་སྦེ་ དེ་དང་གཅིག་ཁར་སྒོ་ར་སྒོ་བཅུ་གཉིས་འདུག་ སྒོ་རེ་རེ་ནང་ སྲུང་རྒྱབ་ཕོ་ཉ་བཅུ་གཉིས་འདུག་ སྒོ་ར་སྒོའི་གུ་ལས་ཕར་ ཨཱིས་ར་ཨཱེལ་གྱི་མི་རིགས་བཅུ་གཉིས་ཀྱི་མིང་བྲིས་ཏེ་འདུག 13 དེ་ལས་ཤར་ཕྱོགས་ཁ་ཐུག་ལུ་སྒོ་ར་སྒོ་གསུམ་འདུག་ བྱང་ཕྱོགས་ཁ་ཐུག་ལུ་སྒོ་ར་སྒོ་གསུམ་འདུག་ ལྷོ་ཕྱོགས་ཁ་ཐུག་ལུ་སྒོ་ར་སྒོ་གསུམ་འདུག་ ནུབ་ཕྱོགས་ཁ་ཐུག་ལུ་སྒོ་ར་སྒོ་གསུམ་འདུག 14 ཁྲོམ་གྱི་རྩིགཔ་གི་འོག་ལུ་རྩིགཔ་འགྱམ་བཅུ་གཉིས་བཙུགས་ཏེ་འདུག་ དེ་ཚུ་གི་གུ་ལུ་ལུག་གི་ཕྱུག་ཀུ་གི་ སྐུ་ཚབ་བཅུ་གཉིས་ཀྱི་མཚན་བྲིས་ཏེ་འདུག 15 དེ་ལས་ཕོ་ཉ་ང་དང་གཅིག་ཁར་བློ་སླབ་མི་དེའི་ལགཔ་ལུ་ རྩིགཔ་དང་སྒོ་ར་སྒོ་དེ་ཚུ་ཚད་འཇལ་ནི་སྦེ་ གསེར་གྱི་འཁརཝ་གཅིག་འབག་སྟེ་འདུག 16 ད་ཁྲོམ་གྱི་རྒྱ་ཚད་དང་རིང་ཚད་འདི་གྲུ་བཞི་ཨིན་མས་ དེ་ལས་ཕོ་ཉ་འདི་གི་གསེར་གྱི་འཁརཝ་གིས་ ཁྲོམ་འདི་གི་ཚད་འཇལཝ་ད་ དཔག་ཚད་གསུམ་བརྒྱ་ཨ་ཙི་ཅིག་མ་ལངམ་གཅིག་ཐོན་ནུག་ དེ་ལས་རྒྱ་ཚད་དང་རིང་ཚད་མཐོ་ཚད་འདྲན་འདྲ་ཨིན་མས། 17 ད་རུང་ཕོ་ཉ་གིས་རྩིགཔ་གི་གྱང་གི་སྟུག་ཚད་འཇལ་མི་འདི་ ཕོ་ཉ་གིས་ཚད་འཇལ་མི་བཟུམ་སྦེ་ ང་བཅས་མིའི་ཁྱུ་ གཅིག་བརྒྱ་བཞི་བཅུ་ཞེ་བཞི་ཨིན་མས། 18 རྩིགཔ་འདི་ནོར་བུ་དམརཔོ་འབད་མི་གིས་བཟོ་བཟོཝ་དང་ ཁྲོམ་འདི་ཤེལ་བཟུམ་སྦེ་དྭངས་འཕྲོས་འཕྲོས་ ལྷད་མེད་པའི་གསེར་ངོ་མ་གི་བཟོ་བཟོཝ་ཨིན་མས། 19 ཁྲོམ་གྱི་རྩིགཔ་གི་འགྱམ་འདི་ རིན་ཆེན་ནོར་བུ་མ་འདྲཝ་ལེ་ཤ་གིས་ བྱ་མཆིས་ཆི་སྦེ་བཟོ་སྟེ་འདུག་ རྩིགཔ་འགྱམ་དང་པ་འདི་ནོར་བུ་ལྗང་ཁུ་འབད་མི་འདི་ཨིན་ གཉིས་པ་འདི་ནོར་བུ་ཨིན་དྲ་ནཱི་ལ་འབད་མི་འདི་ཨིན་ གསུམ་པ་འདི་རིན་ཆེན་ཤེལ་རྡོ་འབད་མི་འདི་ཨིན་ བཞི་པ་འདི་ནོར་བུ་མར་གད་ཡོད་མི་འདི་ཨིན། 20 ལྔ་པ་འདི་ནོར་བུ་གཟི་བཟུམ་སྦེ་ཡོད་མི་འདི་ཨིན་ དྲུག་པ་འདི་རྡོའི་བཀྱག་དམརཔོ་སྦེ་ཡོད་མི་འདི་ཨིན་ བདུན་པ་འདི་ནོར་བུ་སེརཔོ་འབད་མི་འདི་ཨིན་ བརྒྱད་པ་འདི་གཡུ་གི་བཀྱག་བཟུམ་སྦེ་ཡོད་མི་འདི་ཨིན་ དགུ་པ་འདི་རྡོའི་བཀྱག་སེརཔོ་གི་སྐྱཝ་སྦེ་ཡོད་མི་འདི་ཨིན་ བཅུ་པ་འདི་རྡོའི་བཀྱག་ལི་ཝང་གི་སྐྱབོ་སྦེ་ཡོད་མི་འདི་ཨིན་ བཅུ་གཅིག་པ་འདི་ནོར་བུ་ཧོནམོ་འབད་མི་འདི་ཨིན་ བཅུ་གཉིས་པ་འདི་ནོར་བུ་རྒྱ་སྨུག་འབད་མི་འདི་ཨིན། 21 སྒོ་ར་སྒོ་བཅུ་གཉིསཔ་འདི་མུ་ཏིག་ བཅུ་གཉིས་ཀྱིས་བཟོ་བཟོཝ་ཨིན་མས་ སྒོ་རེ་རེ་མུ་ཏིག་རེ་རེ་གིས་བཟོ་བཟོཝ་ཨིན་མས་ ཁྲོམ་གྱི་ལམ་ཡང་གསེར་ངོ་མ་ ཕྱི་དང་ནང་ན་མཐོང་ཚུགས་མིའི་ཤེལ་བཟུམ་སྦེ་འདུག 22 ང་གིས་ཁྲོམ་དེ་ནང་ལུ་མཆོད་ཁང་མ་མཐོང་ ག་ཅི་སྨོ་ཟེར་བ་ཅིན་ ཀུན་དབང་གཙོ་བོ་དཀོན་མཆོག་དང་ ལུག་གི་ཕྱུག་ཀུ་ ཁོང་རང་གཉིས་མཆོད་ཁང་ཨིན་མས། 23 ཁྲོམ་འདི་ལུ་ཉིམ་དང་ཟླཝ་གི་འོད་མི་དགོ་པས་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གི་གཟི་བརྗིད་འདི་ ཉིམ་བཟུམ་སྦེ་ཤར་ཏེ་འདུག་ དེ་མ་ཚད་ཁྲོམ་གྱི་ལ་ཝང་དེ་ ལུག་གི་ཕྱུག་ཀུ་ཁོ་རང་རང་ཨིན་མས། 24 ཨ་ནི་འོད་དེ་ནང་ མི་རིགས་དེ་ཚུ་ལམ་འགྱོཝ་ཨིན་མས་ འཛམ་བུ་གླིང་ནང་གི་རྒྱལཔོ་དེ་ཚུ་གིས་ཡང་ ཁོ་རང་གི་གཟི་བརྗིད་མངའ་ཐང་ཚུ་ ཁྲོམ་དེ་ནང་འབག་འོངམ་མས། 25 ཉིན་མ་ལུ་ སྒོ་ར་སྒོ་མ་བསྡམ་པར་ཕྱེ་སྟེ་རང་བཞགསཔ་ཨིན་མས་ དེ་ནང་ལུ་ནུབ་མོ་ཟེར་ཡང་མིན་འདུག 26 མི་རིགས་ཚུ་གིས་ཁོང་རང་གི་བསྟོད་པ་དང་ཞེ་ས་དེ་ནང་འབག་སྟེ་ཕུལཝ་མས། 27 དེ་འབདཝ་ད་དེ་ནང་ལུ་ ལུག་གི་ཕྱུག་ཀུ་གི་ཚེའི་དེབ་ནང་མིང་བྲིས་མི་མ་གཏོགས་ གཞན་མ་གཙངམ་དང་ ཤོབ་རྐྱབ་མི་ ཞེན་པ་ལོག་སི་སི་དེ་ཚུ་དེ་ནང་འཛུལ་མི་ཚུགས་པས།།
1 དེ་ལས་ ཕོ་ཉ་གིས་ང་ལུ་ཚེའི་གཙང་ཆུ་ ག་ཅི་དེས་ཅིག་དྭངས་འཕྲོས་འཕྲོས་ཤེལ་བཟུམ་སྦེ་ དཀོན་མཆོག་དང་ལུག་གི་ཕྱུག་ཀུ་གི་ ཁྲི་ལས་མར་འབབ་འོངམ་ང་ལུ་སྟོན་བྱིན་ཡི། 2 དེ་ལས་གཙང་ཆུ་འདི་ མར་ཁྲོམ་གྱི་སྦུག་ལུ་ཡོད་མིའི་གཞུང་ལམ་ཁར་འབབ་སྟེ་ ཆུ་དེའི་གཡས་དང་གཡོན་ལུ་ཚེ་གནང་མི་ཤིང་འདུག་ ཤིང་འདི་ ལོ་གཅིག་ནང་ཟླཝ་རེ་རེ་ དོག་མ་སོ་སོ་ ལྷམ་པ་མ་འདྲཝ་སྦེ་བཏགསཔ་མས་ དེ་ལས་ཤིང་སྡོང་གི་འདབ་མ་འདི་གིས་ མི་རིགས་ཚུ་ལུ་དྲགཔ་བཟོཝ་ཨིན་མས། 3 དེ་ལས་ཁྲོམ་དེ་ནང་ལུ་ དཀོན་མཆོག་གི་ཐུགས་དང་མ་ལྡན་མི་དེ་ རྩ་ལས་རང་མིན་འདུག་ དེ་འབདཝ་ད་ དཀོན་མཆོག་གི་ཁྲི་དང་ལུག་གི་ཕྱུག་ཀུ་གི་ཁྲི་ ཁྲོམ་དེ་ནང་ལུ་བཞུགས་ཏེ་ དཀོན་མཆོག་གི་ཞབས་ཕྱིཔ་ཚུ་གིས་ཁོ་ལུ་ཕྱག་ཞུཝ་ཨིན་མས། 4 དེ་ལས་ཁོང་ཆ་ཁྱབ་ཀྱིས་ཁོ་གི་ཞལ་མཇལ་ནི་དང་ ཁོ་གི་མཚན་ཁོང་གི་དཔྱལ་བ་བྲིས་ཏེ་འོང་། 5 དེ་ནང་ལུ་ནུབ་མོ་མིན་འདུག་ དེ་ལས་ཉི་མའི་འོད་དང་ས་ཏི་མི་དགོ་པས་ ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་དཀོན་མཆོག་གིས་ ཁོང་གི་དོན་ལུ་ འོད་གནངམ་ཨིན་མས་ དེ་མ་ཚད་ ཁོ་དང་གཅིག་ཁར་རྒྱལ་སྲིད་སྐྱོང་སྟེ་ དུས་རྟག་བུ་རང་སྡོད་ནི་ཨིན་མས།། 6 དེ་ལས་ ཕོ་ཉ་གིས་ང་ལུ་ཨ་ནི་བཀའ་འདི་ ཆ་བཞག་ཚུགསཔ་ བདེན་པ་ཨིན་ གཙོ་བོ་དེ་ ལུང་སྟོན་པ་ཚུ་གི་སེམས་ཉིད་ཀྱི་དཀོན་མཆོག་ཨིན་མི་དེ་གིས་ ཁོ་རང་གི་ཕྱག་ཞུ་མི་ཚུ་ལུ་མགྱོགས་པར་ག་ཅི་འབྱུང་ནི་ཨིན་ན་སྟོན་ནི་སྦེ་ ཁོ་གིས་ཕོ་ཉ་བཏང་གནངམ་ཨིན་མས། 7 ད་བལྟ་ཤིག་ ང་མགྱོགས་པར་འོང་ནི་ཨིན་ ཨ་ནི་དེབ་ནང་གི་ལུང་བསྟན་པའི་བཀའ་ སེམས་ཁར་བཞག་མི་འདི་ བྱིན་རླབས་ཅན་ཨིན། 8 ཨ་ནི་དེ་ཚུ་གོ་མི་དང་མཐོང་མི་ ང་ ཡོ་ཧ་ནཱན་ཨིན་ ང་གིས་འདི་ཚུ་མཐོངམ་ད་ ང་ལུ་སྟོན་མིའི་ཕོ་ཉ་འདི་གི་རྐང་མ་ཕྱག་འཚལ་ཡི། 9 ཁོ་གིས་ང་ལུ་དེ་སྦེ་མ་འབད་ ང་ཡང་ཁྱོད་དང་ཁྱོད་ཀྱི་སྤུན་ཆ་ལུང་སྟོན་པ་བཟུམ་དང་ ཨ་ནི་དེབ་ནང་གི་ལུང་བསྟན་པའི་བཀའ་ སེམས་ཁར་བཞག་མི་ཚུ་དང་གཅིག་ཁར་ ཞབས་ཕྱི་ཞུ་མིའི་ཆ་རོགས་ཨིན་ དཀོན་མཆོག་རྐྱངམ་གཅིག་ལུ་བསྟོད་པ་ཕུལ་ཏེ་ ཕྱག་འཚལ་དགོ་ཟེར་གསུངས་ཡི། 10 ཕོ་ཉ་གིས་ང་ལུ་ ད་དུས་ཚོད་ནཱ་སྦོ་ལོགས་ཁར་ལྷོད་ཅི་ ཨ་ནི་དེབ་འདི་ནང་གི་ལུང་བསྟན་འདི་ཚུ་ ཕྱག་ཐམ་བརྐྱབས་ཏེ་ གསང་མ་བཞག 11 ད་འཕྲོ་མཐུད་དེ་རང་ ག་གིས་འཛོལ་བ་འབད་མིའི་གུ་ལུ་ འཛོལ་བ་རང་འབད་བཅུག་ ད་ག་གིས་འཕྲོ་མཐུད་དེ་རང་ མ་གཙངམ་འབད་མི་འདི་ མ་གཙངམ་རང་འབད་བཅུག་ དེ་ལས་ག་གིས་ཕྲང་སྟེ་འབད་མི་འདི་ འཕྲོ་མཐུད་དེ་རང་ཕྲང་འབད་བཅུག་ དེ་ལས་ག་དམ་པ་སྦེ་ཡོད་མི་འདི་ འཕྲོ་མཐུད་དེ་རང་ དམ་པ་འབད་རང་སྡོད་བཅུག 12 ད་བལྟ་ཤིག་ ང་མགྱོགས་པར་འོང་དོ་ ངེ་གི་གསོལ་རས་འདི་ང་རང་དང་གཅིག་ཁར་ཡོད་ ག་ར་འབད་རུང་ རང་གིས་འབད་མི་དང་འཁྲིལ་ཏེ་ ང་གིས་གསོལ་རས་བྱིན་ནི་ཨིན། 13 ང་འདི་ ཨཱལ་ཕ་དང་ ཨོ་མེ་ག་ཨིན་ དེ་ལས་ང་འདི་ དང་པ་དང་ཤུལ་མ་ འགོ་དང་པ་དང་མཐའན་མཇུག་ཨིན། 14 དེ་ལས་ག་གིས་རང་གི་བགོ་ལ་ཆུ་འཁྱུ་ཡོད་མི་འདི་བྱིན་རླབས་ཅན་ཨིན་ ཁོང་ལུ་ཁྲོམ་གྱི་སྒོ་ར་སྒོ་ནང་ལས་འགྱོ་སྦེ་ ཚེའི་ཤིང་ནང་ལས་ཟ་ཆོག་པའི་དབང་ཚད་ཡོད། 15 ད་ཕྱི་ཁར་ཡོད་མི་དེ་ཚུ་ རོ་ཁྱི་ཚུ་ཨིན་ ཁོང་ངན་སྔགས་རྐྱབ་མི་དང་ འདོད་ཆགས་ཀྱི་ལུས་འབྲེལ་འབད་མི་ མི་བསད་མི་ སྐུ་འདྲ་ལུ་ཕྱག་འཚལ་མི་ དེ་ལས་ཤོབ་རྐྱབ་ནི་ལུ་དགའ་མི་དང་ ཤོབ་རྐྱབ་མི་དེ་ཚུ་ ག་ར་ཕྱི་ཁར་ལུས་འོང་། 16 ང་ ཡེ་ཤུ་གིས་ ངེ་གི་ཕོ་ཉ་ ཁྱེད་ཆོས་ཚོགས་ཚུ་ལུ་ ཁ་འཐེན་སླབ་པའི་དོན་ལུ་བཏང་ཡི་ ང་འདི་ ད་བིད་ཀྱི་བུ་བརྒྱུད་ལས་ཨིན་ ང་དྲོ་པ་གི་སྐརམ་ ཐོ་རངས་སྐར་ཆེན་འོད་འཕྲོ་མི་དེ་ཨིན། 17 ད་ཐུགས་ཉིད་དང་མནའམ་གིས་ ནཱ་ཤོག་ཟེར་གསུངསམ་མས་ དེ་ལས་རྣ་བ་གོ་མི་དེ་གིས་ ནཱ་ཤོག་ཟེར་སླབ་དགོ་ ཁ་སྐོམ་མི་དེ་ལུ་འོང་བཅུག་ ཆུ་འཐུང་དགོ་མནོ་མི་ལུ་ ཚེའི་ཆུ་རིན་མེད་སྟོང་པར་སྦེ་འཐུང་བཅུག་ཟེར་གསུངས་དེས། 18 ད་ཨ་ནི་དེབ་དེ་ནང་གི་བཀའི་ལུང་བསྟན་གོ་མི་ག་ར་ལུ་ ང་གིས་ཉེན་ཁའི་བརྡ་སྐུལ་འབདཝ་ཨིན་ ག་གིས་རང་འབད་རུང་ དེབ་དེ་ནང་ག་ཅི་ར་ཐེབ་སྦེ་འབྲི་བ་ཅིན་ དཀོན་མཆོག་གིས་དེབ་དེ་ནང་གི་ནད་ཡམས་ཀྱི་སྐོར་ལས་འབྲི་ཡོད་མི་འདི་ ཁོ་གུ་ཐེབ་སྦེ་བཀལ་ནི་ཨིན་མས། 19 དེ་ལས་ག་ར་འབད་རུང་ ཨ་ནི་དེབ་དེ་ནང་གི་བཀའི་ལུང་བསྟན་ནང་ལས་བཏོན་ཏེ་ མ་ཚངམ་སྦེ་འབྲི་བ་ཅིན་ དཀོན་མཆོག་གིས་ ཨ་ནི་དེབ་ནང་འགྲེལ་བཤད་རྐྱབ་ཡོད་མི་ ཚེའི་ཤིང་དང་ དམ་པའི་ཁྲོམ་དེ་གི་བགོ་བཤའ་ནང་ལས་བསྣམས་ནི་ཨིན་མས། 20 ཨ་ནི་ཕྱག་ལཱ་ག་ར་ལུ་འཛོམ་དཔང་མཛད་མི་དེ་གིས་ དོན་ལས་རང་ང་མགྱོགས་པར་འོང་དོ་ཟེར་གསུངས་ཡི་ ཨ་མཱེན་ གཙོ་བོ་ ཡེ་ཤུ་མགྱོགས་པར་འབྱོན་གནང་། 21 གཙོ་བོ་ཡེ་ཤུ་གི་ཐུགས་རྗེ་ཁྱེད་ག་ར་དང་གཅིག་ཁར་བཞུགས་པར་ཤོག་ ཨ་མཱེན།། །།