The Old Testament of the Holy Bible

བཀོད་པ 1

འཛམ་གླིང་བཀོད་པ།

1ཐོག་མར་དཀོན་མཆོག་གིས་ནམ་མཁའ་དང་འཛམ་གླིང་བཀོད་དུས། 2ས་ནི་དབྱིབས་མེད་སྟོང་པ་ཡོད་པ་དང་། ས་གནས་གང་སར་རྒྱ་མཚོའི་ཆུའི་ཁྱབ་ཡོད་ཅིང་མུན་ནག་ཡོད་པ་དང་། དཀོན་མཆོག་གི་ཐུགས་ཉིད་ནི་ཆུ་རྣམས་ཀྱི་སྟེང་དུ་ལྡིང་བཞིན་ཡོད་དོ། 3དཀོན་མཆོག་གིས་འོད་བྱུང་ཞིག་ཅེས་བཀའ་གནང་བ་དང་། འོད་བྱུང་ངོ་། 4དཀོན་མཆོག་གིས་འོད་ལེགས་པ་ཡིན་པར་གཟིགས་ནས་ཐུགས་མཉེས་ཏེ། མུན་པ་ལས་འོད་དབྱེའོ། 5དཀོན་མཆོག་གིས་འོད་ཀྱི་མིང་ལ་ཉིན་མོ་དང་། མུན་པའི་མིང་ལ་མཚན་མོ་ཞེས་བཏགས་གནང་ངོ། ས་རུབ་ནས་སྔ་དྲོ་བྱུང་བ་དེ་ནི་ཉིན་དང་པོའོ། 6དཀོན་མཆོག་གིས་ཆུ་རྣམས་ཁག་གཉིས་སུ་འགྱུར་ཕྱིར་དེའི་དཀྱིལ་ནས་བར་ཚམ་ཅིག་བྱུང་ཞིག་ཅེས་བཀའ་གནང་བ་དང་། དེ་བཞིན་བྱུང་ངོ་། 7དཀོན་མཆོག་གིས་བར་ཚམ་མཛད་དེ། བར་ཚམ་གི་འོག་ཏུ་ཡོད་པའི་ཆུ་རྣམས་བར་ཚམ་གི་སྟེང་དུ་ཡོད་པའི་ཆུ་རྣམས་ལས་དབྱེ་བར་གནང་ནས། དེ་བཞིན་བྱུང་ངོ་། 8དཀོན་མཆོག་གིས་བར་ཚམ་གི་མིང་ལ་ནམ་མཁའ་བཏགས་གནང་ངོ། ས་རུབ་ནས་སྔ་དྲོ་བྱུང་བ་དེ་ནི་ཉིན་གཉིས་པའོ། 9དཀོན་མཆོག་གིས་ས་གཞི་མཐོང་བའི་ཕྱིར་ནམ་མཁའི་འོག་ཏུ་ཡོད་པའི་ཆུ་རྣམས་གནས་གཅིག་ཏུ་འདུས་ཤིག་ཅེས་བཀའ་གནང་བས། དེ་བཞིན་བྱུང་ངོ་། 10དཀོན་མཆོག་གིས་ས་གཞི་ལ་འཛམ་གླིང་ཞེས་མིང་བཏགས་གནང་བ་དང་། ཆུ་རྣམས་གནས་གཅིག་ཏུ་འདུས་པ་དེ་ལ་རྒྱ་མཚོ་ཞེས་མིང་བཏགས་གནང་ངོ། དཀོན་མཆོག་གིས་དེ་གཟིགས་ནས་ཐུགས་མཉེས་སོ། 11དེ་ནས་དཀོན་མཆོག་གིས་ས་གཞིས་འབྲུ་དང་འབྲས་བུ་སྐྱེ་བའི་རྩི་ཤིང་སྣ་ཚོགས་སྐྱེ་བར་བྱོས་ཤིག་གསུངས་པ་དང་། དེ་བཞིན་དུ་བྱུང་ངོ་། 12དེར་བརྟེན་རྩི་ཤིང་སྣ་ཚོགས་སྐྱེ་བར་བྱས་པ་དང་། དེ་གཟིགས་ནས་དཀོན་མཆོག་ཐུགས་མཉེས་སོ། 13ས་རུབ་པ་དང་སྔ་དྲོ་བྱུང་བ་དེ་ནི་ཉིན་གསུམ་པའོ། 14དཀོན་མཆོག་གིས་གསུངས་པ། ཉིན་མཚན་དབྱེ་བའི་ཕྱིར་ནམ་མཁར་འོད་རྣམས་བྱུང་ཞིག ནམ་དུས་རྣམས་དང་། ཉིན་རྣམས་དང་ལོ་འཁོར་སོགས་དབྱེ་བའི་ཕྱིར་འོད་དེ་རྣམས་རྟགས་མཚན་གྱི་ཚུལ་དུ་ལས་བྱོས་ཤིག། 15ས་གཞིར་འོད་ཕོག་པའི་ཕྱིར་ནམ་མཁར་འོད་དེ་རྣམས་འཕྲོ་བར་འགྱུར། དེ་བཞིན་དུ་བྱུང་ངོ་། 16དེར་བརྟེན་དཀོན་མཆོག་གིས་ཉིན་མོར་དབང་བྱེད་པའི་ཕྱིར་ཉི་མ་དང་། མཚན་མོར་དབང་བྱེད་པའི་ཟླ་བ་ཟེར་བའི་འོད་ཆེན་པོ་གཉིས་མཛད་གནང་ངོ་། ཁོང་གིས་སྐར་མ་རྣམས་ཀྱང་མཛད་གནང་ངོ། 17-18ས་ལ་འོད་ཤར་བའི་ཕྱིར་དང་ཉིན་དང་མཚན་ལ་དབང་བྱེད་པའི་ཕྱིར་དང་། འོད་དང་མུན་པ་དབྱེ་བའི་ཕྱིར་དཀོན་མཆོག་གིས་དེ་དག་ནམ་མཁར་འཇོགས་གནང་ངོ་། དཀོན་མཆོག་གིས་དེ་གཟིགས་ནས་ཐུགས་མཉེས་སོ། 19ས་རུབ་ནས་སྔ་དྲོ་བྱུང་བ་དེ་ནི་ཉིན་བཞི་པའོ། 20དཀོན་མཆོག་གིས་ཆུ་རྣམས་ཀྱི་ནང་དུ་སྲོག་དང་ལྡན་པའི་སེམས་ཅན་གྱི་རིགས་སྣ་ཚོགས་བྱུང་ཞིག་དང་། གནམ་ལ་བྱ་རྣམས་ཀྱི་གང་བར་བྱོས་ཤིག་ཅེས་བཀའ་གནང་ངོ་། 21དེར་བརྟེན་དཀོན་མཆོག་གིས་རྒྱ་མཚོའི་ནང་གི་སེམས་ཅན་ཆེན་པོ་རྣམས་དང་། ཆུའི་ནང་གནས་མཁན་སེམས་ཅན་དང་བྱ་སྣ་ཚོགས་བཀོད་གནང་ངོ་། དཀོན་མཆོག་གིས་དེ་གཟིགས་ནས་ཐུགས་མཉེས་སོ། 22དཀོན་མཆོག་གིས་དེ་དག་ལ་བྱིན་རླབས་གནང་ཞིང་གསུངས་པ། སྐྱེས་ཞིང་མང་པོ་འཕེལ་ནས་རྒྱ་མཚོ་རྣམས་གང་བར་བྱོས་ཤིག་དང་། བྱ་རྣམས་ཡང་འཕེལ་བར་འགྱུར་ཅིག་ཅེས་བཀའ་གནང་ངོ་། 23ས་རུབ་པ་དང་སྔ་དྲོ་བྱུང་བ་དེ་ནི་ཉིན་ལྔ་པའོ། 24དཀོན་མཆོག་གིས་ས་གཞིས་ཁྱིམ་གྱི་སྒོ་ཕྱུགས་དང་ནགས་ཀྱི་གཅན་གཟན་ཆེ་ཆུང་སྣ་ཚོགས་རྣམས་སྐྱེ་བར་བྱོས་ཤིག་ཅེས་བཀའ་གནང་བ་དང་། དེ་བཞིན་དུ་བྱུང་ངོ་། 25དེར་བརྟེན་དཀོན་མཆོག་གིས་དེ་རྣམས་བཟོས་པ་གནང་ནས། ཁོང་གི་དེ་རྣམས་གཟིགས་ནས་ཐུགས་མཉེས་སོ། 26དེ་ནས་དཀོན་མཆོག་གིས་ཉ་རྣམས་དང་། བྱ་རྣམས་དང་། ཁྱིམ་ནང་གི་སྒོ་ཕྱུགས་ཆེ་ཚུང་ཆང་མ་དང་ནགས་ཀྱི་གཅན་གཟན་རྣམས་ལ་དབང་བྱེད་པའི་ཕྱིར་ང་ཚོའི་དབྱིབས་དང་འདྲ་བ་མིའི་རིགས་ལ་བཟོ་བར་བྱ་ཞེས་གསུངས་སོ། 27དེ་ལྟར་དཀོན་མཆོག་གིས་མིའི་རིགས་ལ་ཉིད་ཀྱི་དབྱིབས་ལྟར་མི་ཕོ་མོ་གཉིས་བཀོད་དོ། 28ཁོང་གིས་དེ་དག་ལ་བྱིན་རླབས་གནང་ནས་གསུངས་སོ། ཁྱོད་ཚོའི་རིགས་བརྒྱུད་མང་པོ་འཕེལ་ནས། ས་གཞི་ཚང་མ་ཁྱབ་ཏེ། དེའི་སྟེང་དབང་བྱོས་ཤིག། ཉ་དང་། བྱ་དང་། གཅན་གཟན་ཚང་མ་ངས་ཁྱོད་ཀྱི་ལག་ཏུ་སྤྲོད་ཀྱི་ཡོད། 29ངས་འབྲུའི་རིགས་ཐམས་ཅད་དང་། ཤིང་འབྲས་ཀྱི་རིགས་སྣ་ཚོགས་ཁྱོད་ཚོའི་ཟས་སུ་སྟེར་ཡོད། 30འོན་ཀྱང་གཅན་གཟན་དང་བྱ་ཐམས་ཅད་ཀྱི་ཟ་བའི་ཕྱིར་རྩྭ་དང་ལོ་མ་ཡོད་པའི་རྩི་ཤིང་རྣམས་ངས་སྟེར་ཡོད། 31དཀོན་མཆོག་གིས་ཇི་མཛད་གནང་བ་ཐམས་ཅད་གཟིགས་གནང་ནས་ཧ་ཅང་ཐུགས་དགྱེས་སོ། ས་རུབ་ནས་སྔ་དྲོ་བྱུང་བ་དེ་ནི་ཉིན་དྲུག་པའོ༎

བཀོད་པ 2

1དེ་ལྟར་ནམ་མཁའ་དང་ས་གཞི་དང་དེའི་ནང་ཇི་ཡོད་པ་ཐམས་ཅད་དཀོན་མཆོག་གིས་ཆ་ཚངའགྲུབ་པར་མཛད་གནང་ངོ། 2ཉིན་བདུན་བར་དུ་དཀོན་མཆོག་རང་ཉིད་ཀྱིས་ཕྱག་ལས་གནང་བ་ཐམས་ཅད་འགྲུབ་པར་མཛད་དེ། དེ་ཉིན་ངལ་གསོ་གནང་བར་བཞུགས་སོ། 3ཁོང་གིས་ཉིན་བདུན་པ་དེ་བྱིན་གྱིས་རླབས་ཤིང་དེ་ལ་དམིགས་བསལ་གྱི་ཉིན་ཞེས་དབྱེ་བ་གནང་ངོ་། གང་ལ་ཟེར་ན། ཉིན་དེ་ཁོང་རང་གིས་བཀོད་པའི་ཕྱག་ལས་ཐམས་ཅད་འགྲུབ་པར་མཛད་དེ་ངལ་གསོ་གནང་བར་བཞུགས་པའི་ཕྱིར་རོ། 4དེ་ལྟར་ནམ་མཁའ་དང་འཛམ་གླིང་བཀོད་ཚུལ་ནི་འདི་ལྟར་ཡིན་ནོ༎

ཨེ་དྷེན་གྱི་ལྡུམ་ར།

དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ནམ་མཁའ་དང་འཛམ་གླིང་མཛད་པའི་དུས་སུ། 5འཛམ་གླིང་ནང་སྔོ་ཚོད་དང་ས་བོན་སོགས་བྱུང་མེད་པ་ཡིན་ནོ། གང་ལ་ཟེར་ན། ཁོང་གིས་ཆར་པ་གཏོང་གནང་མེད་པ་དང་། ཞིང་རྨོ་མཁན་མི་སུའང་མེད་པ་ཡིན་ནོ། 6འོན་ཀྱང་ས་འོག་ནས་ཆུ་ཐོན་ནས་ས་གཞི་རློན་པར་བྱས་སོ། 7དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ས་གཞི་ནས་ཐལ་བ་བླངས་ཏེ་དེ་ལས་མི་ཕོ་མཛད་དེ། སྣ་རུ་སྲོག་གི་དབུགས་ཕུས་བཀྱོན་པ་གནང་སྟེ། མི་ནི་སྲོག་དང་ལྡན་པ་ཞིག་བྱུང་བ་ཡིན། 8དེ་ནས་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཤར་ཕྱོགས་སུ་ཡོད་པའི་ཨེ་དྷེན་ལ་ལྡུམ་ར་ཞིག་བཙུགས་གནང་ནས། ཁོང་གིས་མཛད་གནང་བའི་མི་ལ་དེར་བཞག་གནང་ངོ་། 9ལྡུམ་ར་དེའི་ནང་དཀོན་མཆོག་གིས་ཤིང་སྡོང་མཛེས་པོ་སྣ་ཚོགས་དང་། དེ་རྣམས་ལ་འབྲས་བུ་བཟང་པོ་སྣ་ཚོགས་སྐྱེས་རུ་བཅུག་ཅིང་། ལྡུམ་རའི་དཀྱིལ་དུ་གསོན་པོའི་ཤིང་དང་། བཟང་ངན་རྟོགས་པའི་ཤིང་ཡང་སྐྱེས་བཅུག་པར་མཛད་དོ། 10ཨེ་དྷེན་དུ་རྒྱུག་ཆུ་ཞིག་འབབ་ཅིང་། དེས་ལྡུམ་ར་རློན་པ་བྱས་སོ། ཨེ་དྷེན་རྒལ་ནས་གཙང་པོ་དེ་གྱེས་ཏེ་གཙང་པོ་བཞི་རུ་གྱུར་ཏོ། 11གཙང་པོ་དང་པོའི་མིང་ནི་པི་ཤོན་ཡིན། དེ་ནི་ཧ་ཝི་ལཱ་ཞེས་པའི་ཡུལ་གྱི་མཐའ་བསྐོར་ནས་རྒྱུག་གོ 12ས་ཆ་དེར་གསེར་དཔུས་དག་དང་དཀོན་པའི་དྲི་ཞིམ་དང་། རིན་པོ་ཆེའི་རྡོའི་རིགས་ཐོབ་བོ། 13གཙང་པོ་གཉིས་པའི་མིང་ནི་གྷི་ཧོན་ཡིན་ཏེ། དེ་ཀུཤ་ཞེས་པའི་ཡུལ་གྱི་མཐའ་བསྐོར་ནས་རྒྱུག་གོ 14གཙང་པོ་གསུམ་པའི་མིང་ནི་ཊཡེ་གྷིརིསེ་ཡིན་ཏེ། དེ་ནི་ཨ་སི་རི་ཡའི་ཤར་ཕྱོགས་སུ་རྒྱུག་གོ གཙང་པོ་བཞི་པའི་མིང་ལ་ཡུབ་རད་ཡིན་ནོ། 15དེ་ནས་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་མི་དེ་ལ་ཨེ་དྷེན་གྱི་ལྡུམ་རའི་ནང་ཞིང་ལས་དང་། སྲུང་བའི་ཕྱིར་དེར་བཞག་གནང་ངོ་། 16ཁོང་གིས་མི་དེ་ལ། ལྡུམ་རའི་ཤིང་སྡོང་གི་འབྲས་བུ་ཐམས་ཅད་ཁྱོད་ཀྱི་ཟ་ཐུབ། 17འོན་ཀྱང་བཟང་ངན་རྟོགས་པའི་ཤིང་གི་འབྲས་བུ་ཟ་མི་ཆོག གལ་སྲིད་དེ་ལས་ཟས་ན་ཁྱོད་དེ་ཉིན་རང་ཤི་བར་འགྱུར་ཞེས་གསུངས་སོ། 18དེ་ནས་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་མི་གཅིག་པུ་ཡོད་པ་ལེགས་པ་མ་ཡིན་པས། ཁོ་ལ་རོགས་པ་ལེན་པོ་ཞིག་བཟོ་བར་བྱ་ཞེས་གསུངས་སོ། 19དེར་བརྟེན་ཁོང་གིས་ས་གཞི་ནས་ཐལ་བ་བླངས་ཏེ་དུད་འགྲོ་ཐམས་ཅད་དང་། བྱ་ཐམས་ཅད་མཛད་དོ། དེ་དག་ཐམས་ཅད་ལ་ཁོས་མིང་ག་རེ་བཏགས་ཡོང་ཞེས་གཟིགས་པའི་ཕྱིར་མི་འདིའི་རྩར་འཁྲིད་གནང་བ་དང་། དེ་ཚོས་རང་རང་གི་མིང་ཐོབ་བོ། 20མིས་སེམས་ཅན་དང་བྱ་བྱིའུ་ཐམས་ཅད་ལ་མིང་བཏགས་སོ། འོན་ཀྱང་དེ་ཚོའི་ནང་ནས་སུའང་ཁོ་ལ་འོས་པའི་རོགས་ཤིག་མ་བྱུང་ངོ་། 21དེ་ནས་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་མི་ལ་གཉིད་ལྗིད་པོ་ཞིག་ཁུག་བཅུག་གནང་ནས། ཁོ་ཉལ་བའི་སྐབས་སུ། ཁོའི་རྩིབ་མ་གཅིག་བཏོན་གནང་ཞིང་། དེའི་ཤུལ་དུ་ཤ་ཡིས་བསུབ་པར་མཛད་དོ། 22དཀོན་མཆོག་གིས་རྩིབ་མ་ནས་བུད་མེད་བཀོད་གནང་ནས་མིའི་རྩར་འཁྲིད་གནང་ངོ་། 23དེར་མིས་སྨྲས་པ། མཐའ་མར་དེ་ནི་ང་དང་འདྲ་བ་ཞིག་འདུག། ངའི་རུས་པ་ནས་བླངས་པའི་རུས་པ་དང་། ངའི་ཤ་ནས་བླངས་པའི་ཤ་ཡིན། མོའི་མིང་བུད་མེད་ཡིན་ནོ། གང་ལ་ཟེར་ན། ཕོ་ནས་མོ་བཏོན་པ་ཡིན་ནོ། 24དེའི་རྐྱེན་མིས་རང་གི་ཕ་མ་དང་ཁ་བྲལ་ནས་རང་གི་བུད་མེད་དང་མཉམ་དུ་འབྲེལ་ནས། ཁོང་གཉིས་གཅིག་ཏུ་འགྱུར་རོ། 25མི་དང་བུད་མེད་གཉིས་ཀ་གཅེར་བུ་ཡོད་ཀྱང་ངོ་ཚ་མེད་དོ༎

བཀོད་པ 3

མིས་བཀའ་ལ་མ་ཉན་པ།

1དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་མཛད་པའི་སེམས་ཅན་ཐམས་ཅད་ལས་སྦྲུལ་ནི་གཡོ་སྒྱུ་ཅན་ཡིན་པས། དེ་ཡིས་བུད་མེད་ལ་འདྲི་པ། དཀོན་མཆོག་གིས་ལྡུམ་རའི་ཤིང་སྡོང་གང་ཞིག་གི་འབྲས་བུ་ལས་བདེན་པར་མ་ཟ་ཞེས་བཀའ་གནང་ངམ། 2ལན་དུ་བུད་མེད་ཀྱིས་སྦྲུལ་ལ་སྨྲས་པ། ལྡུམ་རའི་ནང་གི་ཤིང་སྡོང་གི་འབྲས་བུ་གང་ཞིག་ང་ཚོས་ཟ་ཐུབ། 3འོན་ཀྱང་ལྡུམ་རའི་དཀྱིལ་གྱི་ཤིང་གི་འབྲས་བུ་དེ་ང་ཚོས་ཟ་མི་ཆོག། ལག་པ་ཡང་འཆང་མི་ཆོག། གལ་སྲིད་ང་ཚོས་དེ་ལྟར་བྱས་ན་ང་ཚོ་ཤི་ཡོང་ཞེས་དཀོན་མཆོག་གིས་གསུངས་སོ། 4ལན་དུ་སྦྲུལ་གྱིས། དེ་ནི་བདེན་པ་མིན། ཁྱོད་ཚོ་ཤི་མི་ཡོང་། 5དཀོན་མཆོག་གིས་དེ་ལྟར་གསུངས་དགོས་པའི་རྐྱེན་ནི། ཁྱོད་ཚོས་ཤིང་འབྲས་དེ་ལས་ཟས་ན། མིག་ཕྱེ་ནས་དཀོན་མཆོག་དང་འདྲ་བར་བྱུང་ནས། བཟང་ངན་ཤེས་པར་འགྱུར་རོ་ཞེས་ཁོང་གིས་མཁྱེན་ནོ། 6དེར་བུད་མེད་ཀྱིས་ཤིང་འབྲས་དེ་ལ་བལྟས་ཏེ། དེ་མཛེས་པོ་མཐོང་བ་དང་། ཟས་ན་ཞིམ་པོ་དང་། མཁས་པ་བྱུང་བའི་ཕྱིར་ཡིད་དུ་འོང་བ་མཐོང་བ་དང་། དེར་བརྟེན་དེའི་འབྲས་བུ་ཁ་ཤས་བླངས་ནས་ཟས་པས། རང་གི་ཁྱོ་ལའང་སྟེར་ནས་ཁོས་ཡང་ཟས་སོ། 7ཁོ་གཉིས་ཀྱི་དེ་ཟས་མ་ཐག་ཏུ་ཁོ་ཚོས་གོ་དོན་རྟོགས་ཐུབ་པའི་ནུས་པ་རྙེད་ནས་རང་ཉིད་གཅེར་བུ་ཡོད་པ་ཧ་གོ་བ་རེད། དེར་བརྟེན་སེ་ཡབ་ཤིང་གི་ལོ་མ་སྦྲེལ་ཏེ་སྡོམ་རས་བྱས་སོ། 8དགོང་དྲོའི་དུས་སུ་ལྡུམ་རའི་ནང་དཀོན་མཆོག་གཙོ་བོ་དཀོན་མཆོག་སྐུ་ཆམ་ཕེབས་པའི་སྒྲ་ཐོས་ནས། ཁོང་གཉིས་དཀོན་མཆོག་གི་དྲུང་ནས་བྲོས་ཤིང་ལྡུམ་རའི་ཤིང་སྡོང་ཚོའི་དཀྱིལ་དུ་ཡིབ་བོ། 9འོན་ཀྱང་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་མི་ལ་འབོད་ཅིང་། ཁྱོད་རང་ག་རུ་ཡོད་དམ་ཞེས་འདྲི་པས། 10ཁོས་ལན་དུ། ཁྱེད་ལྡུམ་རའི་ནང་ཕེབས་པའི་སྒྲ་ཐོས་ཏེ་ང་འཇིགས་ནས་ཁྱེད་ནས་ཡིབ་པ་ཡིན་ནོ། གང་ལ་ཞེ་ན། ང་གཅེར་བུ་ཡོད་དོ། 11དཀོན་མཆོག་གིས། ཁྱོད་གཅེར་བུ་འདུག་ཅེས་སུས་ལབ་བམ། ངས་ཟ་མི་ཆོག་ལབ་པའི་འབྲས་བུ་ལས་ཁྱོད་ཀྱིས་ཟས་པ་ཡིན་ནམ་ཞེས་བཀའ་དྲིས་གནང་ངོ་། 12མིས་ལན་དུ། ཁྱེད་ཀྱིས་ང་དང་མཉམ་དུ་དེར་བཞག་གནང་བའི་བུད་མེད་ཀྱིས་ཤིང་འབྲས་ང་ལ་སྟེར་བས། ངས་ཟས་པ་ཡིན་ཞེས་ཞུས་སོ། 13དཀོནམཆོག་གཙོ་བོ་དཀོན་མཆོག་གིས་བུད་མེད་ལ། ཁྱོད་ཀྱིས་འདི་འདྲ་ཅིའི་ཕྱིརབྱས་པ་ཡིན་ནམ་ཞེས་དྲིས་གནང་བས། ལན་དུ་བུད་མེད་ཀྱིས་སྦྲུལ་གྱིས་ང་ལ་མགོ་བསྐོར་བཏང་བས་ངས་ཤིང་འབྲས་ཟས་པ་ཡིན་ཞེས་ཞུས་སོ༎

དཀོན་མཆོག་གིས་ཁྲིམས་གཅོད།

14དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་སྦྲུལ་ལ། ཁྱོད་ལ་དེའི་ཕྱིར་ཆད་པ་ཕོག་ཡོང་། སེམས་ཅན་ཐམས་ཅད་ཀྱི་ནང་ནས་ཁྱོད་གཅིག་པུར་དམོད་པ་ཕོག་པར་འགྱུར། ད་ནས་ཕྱིན་ཆད་ཁྱོད་ལྟོ་བས་འགྲོ་དགོས་བྱུང་ཡོང་། ནམ་འཚོའི་བར་དུ་ཐལ་བ་ཟ་བར་འགྱུར་ཅིག་ཅེས་གསུངས་སོ། 15ངས་ཁྱོད་དང་བུད་མེད་གཉིས་བར་ལ་སྡང་བར་བྱེད་བཅུག་གི་ཡིན། ཁྱོད་ཀྱི་བརྒྱུད་དང་མོའི་བརྒྱུད་ཀྱི་བར་ཕན་ཚུན་དགྲ་བོར་འགྱུར་ཡོང་། མོའི་བརྒྱུད་པས་ཁྱོད་ཀྱི་མགོ་བརྫིས་པ་དང་། ཁྱོད་ཀྱིས་མོའི་བརྒྱུད་པའི་རྟིང་པར་སོ་བཏབ་ཡོང་ཞེས་གསུངས་སོ། 16ཁོང་གིས་བུད་མེད་ལ། ངས་ཁྱོད་རང་མངལ་དང་འགྱུར་དུས་སྡུག་བསྔལ་དང་ཕྲུ་གུ་སྐྱེས་དུས་ཟུག་གཟེར་མང་རུ་གཏོང་རྒྱུ་ཡིན། ཡིན་ཡང་ཁྱོད་ཀྱི་འདོད་པ་དེ་ད་དུང་ཁྱོའི་ཕྱོགས་སུ་བྱུང་བར་འགྱུར། ཡང་ཁོས་ཁྱོད་ལ་དབང་བྱེད་ཡོང་། 17ཁོང་གིས་མི་ལ། ཁྱོད་ཀྱི་རང་གི་ཆུང་མའི་ཁ་ལ་ཉན་ཏེ། ངས་ཟ་མི་ཆོག་ལབ་པའི་ཤིང་འབྲས་ལས་ཁྱོད་ཀྱིས་ཟས་པས། ཁྱོད་ཀྱི་དེ་འདྲ་བྱས་པའི་རྐྱེན་གྱིས་ས་ཞིང་ཐོག་ཏུ་དམོད་ཕོག་པར་བྱའོ། ཁྱོད་ཀྱིས་ཁ་ཟས་སྐྱེས་པའི་ཕྱིར་ཚེ་གང་ངལ་རྩོལ་དྲག་པོ་རྒྱབ་དགོས་སོ། 18ས་ཞིང་དེས་རྩ་ངན་དང་ཚེར་མ་སྐྱེས་པ་དང་། ཁྱོད་ཀྱིས་ནགས་ཀྱི་སྔོ་ཚལ་རྣམས་ཁྱོད་ཀྱི་ཟ་དགོས་སོ། 19ཁྱོད་ཐལ་བར་མ་ལོག་བར་དུ་ས་ལས་གང་ཞིག་སྐྱེས་པའི་ཕྱིར་རྔུལ་ནག་འདོན་ཏེ་ལས་ཀ་ཧུར་བརྩོན་བྱེད་དགོས། ཁྱོད་ནི་ཐལ་བ་ནས་བཟོས་པ་ཡིན་པས། ཁྱོད་སྐྱར་དུ་ཐལ་བར་འགྱུར་ཡོང་གསུངས་སོ། 20ཨ་དམ་གྱིས་རང་གི་ཆུང་མའི་མིང་ལ་ཧ་ཝ་བཏགས་སོ། གང་ལ་ཟེར་ན། མོ་ནི་མིའི་རིགས་ཐམས་ཅད་ཀྱི་མ་ཡིན་ནོ། 21དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཨ་དམ་དང་ཁོའི་ཆུང་མ་ལ་སེམས་ཅན་གྱི་ལྤགས་པའི་གོས་བཟོས་པ་གནང་ནས་ཁོང་ཚོ་ལ་བསྐོན་པར་མཛད་དོ༎

ཨ་དམ་དང་ཧ་ཝ་ལ་ལྡུམ་ར་ནས་བཏོན་པ།

22དེ་ནས་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་གསུངས་པ། མིས་བཟང་ངན་ཤེས་ཏེ་ང་ཚོ་དང་འདྲ་བར་འགྱུར་བས། དེ་དག་ལ་སྲོག་གི་འབྲས་བུ་ལས་ཟ་བཅུག་མི་རུང་། དེ་མིན་ཁོང་ཚོ་གཏན་དུ་གསོན་པོར་གནས་ཡོང་། 23དེར་བརྟེན་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ཨེ་དྷེན་གྱི་ལྡུམ་ར་ནས་བཏོན་གནང་བ་དང་། ཁོ་ཚོར་བཟོས་པའི་ས་གཞི་དེ་རང་ལ་ཞིང་ལས་བྱས་བཅུག་གོ 24དེ་ནས་ཁོང་གིས་ལྡུམ་རའི་ཤར་ཕྱོགས་སུ་ཀེ་རུབ་རྣམས་མེ་འབར་བའི་རལ་གྲི་ཕྱོགས་ཚང་མར་བསྐོར་བ་རྒྱབ་མཁན་ཞིག་བཞག་གནང་བ་དང་། སུ་ཞིག་ཀྱང་གསོན་པོའི་ཤིང་སྡོང་གི་འགྲམ་དུ་སླེབས་མ་ཐུབ་པའི་ཆེད་དུ་དེ་ལྟར་གནང་བ་ཡིན་ནོ༎

བཀོད་པ 4

ཀ་ཡིན་དང་ཧ་བེལ།

1ཨ་དམ་རང་གི་ཆུང་མ་ཧ་ཝ་དང་ལུས་འབྲེལ་བྱས་པས། མོ་རང་མངལ་དང་ལྡན་པར་འགྱུར་ཏེ་བུ་ཞིག་སྐྱེས་པས། མོས། གཙོ་བོ་དཀོན་མཆོག་གིས་རོགས་གནང་བའི་སྒོ་ནས་ང་ལ་བུ་ཞིག་སྐྱེས་བྱུང་ཞེས་ལབ་བོ། དེར་བརྟེན་མོས་བུ་དེའི་མིང་ཀ་ཡིན་ཞེས་བཏགས་སོ། 2རྗེས་སུ་མོ་ལ་བུ་ཧ་བེལ་ཞེས་པ་གཞན་ཞིག་བྱུང་ངོ་། ཧ་བེལ་ནི་ལུག་རྫི་པ་ཆགས་སོ། འོན་ཀྱང་ཀ་ཡིན་ནི་ཞིང་ལས་པ་ཡིན་ནོ། 3དུས་འགའ་ཞིག་གི་རྗེས་སུ་ཀ་ཡིན་གྱིས་ཞིང་གི་སྟོན་ཐོག་འགའ་ཤས་འཁྱེར་ཡོང་ནས་གཙོ་བོ་དཀོན་མཆོག་ལ་འབུལ་བ་ཞིག་ཕུལ་ལོ། 4དེ་ནས་ཧ་བེལ་གྱིས་རང་གི་ལུག་ཁྱུའི་ནང་ནས་ལུ་གུ་སྔོན་སྐྱེས་ཤིག་འབུལ་བར་འཁྱེར་ཡོང་བ་དང་། དེ་བསད་ནས་ཆ་ཤས་ཡག་ཤོས་དེ་འབུལ་བར་ཕུལ་ལོ། གཙོ་བོ་དཀོན་མཆོག་གིས་ཧ་བེལ་དང་ཁོའི་འབུལ་བར་ཐུགས་མཉེས་སོ། 5འོན་ཀྱང་ཀ་ཡིན་དང་ཁོའི་འབུལ་བར་ངོས་ལེན་མ་གནང་བས། ཀ་ཡིན་ཤིན་ཏུ་ཁོང་ཁྲོས་གདོང་ནག་པོར་བསྒྱུར་རོ། 6དེ་ནས་གཙོ་བོ་དཀོན་མཆོག་གིས་ཀ་ཡིན་ལ་གསུངས་པ། ཁྱོད་ཁྲོས་ནས་གདོང་ནག་པོ་ཅི་ལ་འགྱུར་རམ། 7ཁྱོད་ཀྱི་ལས་ཡག་པོ་བྱེད་ཡོད་པ་ཡིན་ན། ཁྱོད་ཀྱིས་འཛུམ་དམུལ་བྱེད་རྒྱུ་ཐོབ་པ་ཡོད། ཁྱོད་ཀྱི་ལས་ངན་བྱས་པས་སྡིག་པ་ཁྱོད་ཀྱི་སྒོའི་འགྲམ་དུ་ཡོང་ནས་སྒུག་ཡོད། དེས་ཁྱོད་ལ་དབང་བྱེད་འདོད་ཡོད། འོན་ཀྱང་ཁྱོད་ཀྱིས་དེ་ལ་དབང་བྱས་ཐུབ་དགོས། 8དེ་ནས་ཀ་ཡིན་གྱིས་རང་གི་སྤུན་ཧ་བེལ་ལ་ཞིང་ཁའི་ནང་འགྲོ་ཞེས་ལབ་པ་དང་། ཞིང་ཁའི་དཀྱིལ་དུ་བསླེབས་པ་དང་ཀ་ཡིན་གྱིས་ཁོའི་སྤུན་ལ་འཐབ་ནས་ཁོ་ལ་བསད་དོ། 9གཙོ་བོ་དཀོན་མཆོག་གིས་ཀ་ཡིན་ལ་གསུངས་པ། ཁྱོད་ཀྱི་སྤུན་ཧ་བེལ་ག་རུ་ཡོད་དམ་ཞེས་དྲིས་གནང་བས། དེའི་ལན་དུ་ཁོས། ངས་མི་ཤེས། ང་ངའི་སྤུན་གྱི་བལྟ་རྟོགས་བྱ་མཁན་རེད་དམ་ཞེས་ལན་ཞུས་སོ། 10དེ་ནས་གཙོ་བོ་དཀོན་མཆོག་གིས་ཁོ་ལ་གསུངས་པ། ཁྱོད་ཀྱི་ལས་ངན་དེ་ལྟར་ཅིའི་ཕྱིར་བྱས་པ་ཡིན་ནམ། ཁྱོད་ཀྱི་སྤུན་གྱི་ཁྲག་གིས་དགྲ་ལན་ལེན་པའི་ཕྱིར་ས་ནས་ང་ལ་འབོད་བཞིན་པ་གོ་གི་འདུག 11ཁྱོད་ལ་དམོད་པ་ཕོག་ཡོད་པ་དང་། ད་ཕྱིན་ཆད་ཁྱོད་ཀྱིས་ཞིང་ལས་བྱས་མི་ཐུབ། ཁྱོད་ཀྱིས་སྤུན་ལ་བསད་སྐབས་ས་གཞིས་རང་གི་ཁ་ཕྱེས་ཏེ་ཁྲག་འཐུང་བ་ལྟར་ཁྱོད་ཀྱི་སྤུན་གྱི་ཁྲག་གིས་ས་གཞི་འབང་ནས་ཡོད། 12གལ་ཏེ་ཁྱོད་ཀྱིས་སོན་འདེབས་པར་ཐབས་ཤེས་བྱས་ནའང་ས་གཞིས་སྟོན་ཐོག་གང་ཡང་སྤྲད་མི་ཡོང་། ཁྱོད་ནི་ཁྱིམ་མེད་འཛམ་གླིང་ནང་འཁྱམས་ཏེ་བསྡད་མཁན་ཞིག་ཏུ་འགྱུར་ཡོང་ཞེས་གསུངས་སོ། 13ཡང་ཀ་ཡིན་གྱིས་གཙོ་བོ་དཀོན་མཆོག་ལ། དེ་ནི་ངས་བཟོད་མི་པའི་ཉེས་པ་ཁག་པོ་རེད་ཅེས་ཞུས་སོ། 14ཁྱེད་ཀྱིས་ང་ལ་ས་གཞི་དང་ཁྱེད་ཀྱི་སྐུ་དྲུང་ནས་བཏོན་པ་གནང་བཞིན་ཡོད། ང་ནི་ཁྱིམ་མེད་བྱུང་སྟེ་འཇིག་རྟན་ནང་འཁྱམས་ནས་བསྡད་མཁན་དུ་འགྱུར་ཏེ། སུ་ཞིག་གིས་ང་ལ་རྙེད་ན་བསད་ཡོང་ཞེས་ལབ་བོ། 15འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ལན་དུ་དེ་ལྟར་མ་ཡིན། གལ་ཏེ་སུ་ཞིག་གིས་ཁྱོད་ལ་བསད་ན་དགྲ་ལེན་དུ་སྲོག་བདུན་ལྡབ་ལེན་པར་འགྱུར། དེར་བརྟེན་ཁོ་ལ་འཕྲད་མཁན་སུ་ཞིག་གི་ཁོ་ལ་མི་བསད་པའི་ཕྱིར་ཟོན་བརྡ་སྤྲད་ཕྱིར་གཙོ་བོ་དཀོན་མཆོག་གིས་ཀ་ཡིན་ཐོག་ཏུ་རྟགས་ཤིག་རྒྱབ་བོ། 16ཡང་ཀ་ཡིན་གཙོ་བོ་དཀོན་མཆོག་གི་དྲུང་ནས་སོང་སྟེ། ཨེ་དྷེན་གྱི་ཤར་ཕྱོགས་སུ་ཡོད་པའི་ས་ཆ་འཁྱམས་ཉུལ་ཞེས་པར་གནས་སོ༎

ཀ་ཡིན་གྱི་རིགས་བརྒྱུད།

17ཀ་ཡིན་དང་རང་གི་ཆུང་མ་ལ་བུ་ཞིག་སྐྱེས་ཏེ། ཁོའི་མིང་ཧ་ནོག་བཏགས་སོ། དེ་ནས་ཀ་ཡིན་གྱིས་གྲོང་ཁྱེར་ཞིག་བཟོས་ཏེ། གྲོང་ཁྱེར་དེ་ལ་རང་གི་བུའི་མིང་ལྟར་ཧ་ནོག་ཞེས་བཏགས་སོ། 18ཧ་ནོག་ལས་བུ་ཞིག་བྱུང་ངོ་། མིང་ལ་ཨི་རད་བཏགས་སོ། ཁོ་ནི་མེ་ཧུ་ཡ་ཨེལ་གྱི་ཕ་ཡིན་ནོ། མེ་ཧུ་ཡ་ཨེལ་ལ་མེ་ཐུ་ཤ་ཨེལ་ཞེས་པའི་བུ་ཞིག་བྱུང་ངོ་། ཁོ་ནི་ལ་མེག་གི་ཕ་ཡིན་ནོ། 19ལ་མེག་ལ་ཆུང་མ་ཨ་དཱ་དང་ཛིལ་ལཱ་ཞེས་པ་གཉིས་ཡོད་པའོ། 20ཨ་དཱ་ལ་བུ་ཡ་བྷལ་ཞེས་པ་སྐྱེས་པ་དང་། ཁོ་ནི་འགུར་ནང་སྡོད་མཁན་འབྲོག་པའི་རིགས་བརྒྱུད་ཀྱི་ཕ་མེས་ཡིན། 21ཁོའི་སྤུན་ཡུ་བྷལ་ཞེས་པ་ནི་གླིང་བུ་དང་པི་ཝང་གཏོང་མཁན་ཐམས་ཅད་ཀྱི་ཕ་མེས་ཡིན་ནོ། 22ཛིལ་ལཱ་ནས་ཏུ་བྷལ་ཀ་ཡིན་སྐྱེས་སོ། ཁོས་ལྕགས་དང་ལི་སོགས་ནས་ལག་ཆ་འདྲ་མིན་བཟོ་གི་ཡོད་དོ། ཏུ་བྷལ་ཀ་ཡིན་གྱི་སྲིང་མོའི་མིང་ལ་ན་མཱ་ཡིན་ནོ། 23ལ་མེག་གིས་རང་གི་ཆུང་མ་ཨ་དཱ་དང་ཛིལ་ལཱ་གཉིས་ལ། ངའི་གཏམ་ལ་ཉོན་ཞིག། ངས་སྐྱེས་པ་ན་གཞོན་ཞིག་བསད་པ་ཡིན། གང་ལ་ཟེར་ན། ཁོས་ང་ལ་བརྡུང་བྱུང་། 24གལ་ཏེ་ཀ་ཡིན་བསད་མཁན་ལ་སྲོག་བདུན་ལྡབ་བླངས་བ་ཡིན་ན། སུ་ཞིག་གིས་ང་ལ་བསད་པ་ཡིན་ན། དེའི་ལེན་དུ་བདུན་ཅུ་དོན་བདུན་དགྲ་ལན་བླངས་པར་འགྱུར༎

སེད་དང་ཨེ་ནོཤ།

25ཨ་དམ་དང་ཁོའི་ཆུང་མ་ཧ་ཝ་ལ་བུ་གཞན་ཞིག་བྱུང་ངོ་། ཀ་ཡིན་གྱིས་ཧ་བེལ་བསད་པས། ཁོའི་ཚབ་ལ་དཀོན་མཆོག་གིས་ང་ལ་བུ་ཞིག་གནང་བྱུང་ཞེས་མོས་ལབ་བོ། དེར་བརྟེན་ཁོའི་མིང་ལ་སེད་བཏགས་སོ། 26སེད་ལ་བུ་ཞིག་བྱུང་ངོ་། དེའི་མིང་ཨེ་ནོཤ་བཏགས་སོ། དེའི་དུས་ནས་མི་དམངས་ཚོས་གཙོ་བོ་དཀོན་མཆོག་གི་དམ་པའི་མཚན་ལ་མཆོད་པ་འབུལ་འགོ་འཛུགས་པའོ༎

བཀོད་པ 5

ཨ་དམ་གྱི་རིགས་བརྒྱུད།

(༡ སྔོན་རབ་ ༡:༡-༤)

1འདི་ནི་ཨ་དམ་རིགས་བརྒྱུད་ཀྱི་མིང་ཐོ་ཡིན། དཀོན་མཆོག་གིས་མིའི་རིགས་རྣམས་བཀོད་གནང་སྐབས་དེ་ཚོར་ཁོང་རང་ཉིད་དང་འདྲ་བ་མཛད་གནང་བས། 2ཕོ་མོ་གཉིས་ཀ་མཛད་གནང་ནས་བྱིན་རླབས་གནང་ཞིང་དེ་གཉིས་ཀྱི་མིང་འགྲོ་བ་མིའི་རིགས་བཏགས་གནང་ངོ་། 3ཨ་དམ་ལོ་ ༡༣༠ ལོན་སྐབས། ཁོ་དང་འདྲ་བ་བུ་ཞིག་བྱུང་ངོ་། དེའི་མིང་ལ་སེད་བཏགས་སོ། 4དེ་རྗེས་ཨ་དམ་ད་དུང་ལོ་ ༨༠༠ གསོན་པོར་ལུས་སོ། ཁོང་ལ་ཕྲུ་གུ་གཞན་ཡང་བྱུང་ངོ་། 5ཁོང་ལོ་ ༩༣༠ ལོན་སྐབས་གྲོངས་སོ། 6སེད་ལོ་ ༡༠༥ ལོན་སྐབས་བུ་ཨེ་ནོཤ་བྱུང་ངོ། 7དེ་ནས་ཁོང་ད་དུང་ལོ་ ༨༠༧ བཞུགས་པ་དང་། ཕྲ་གུ་གཞན་ཡང་མང་པོ་བྱུང་ངོ་། 8ཁོང་ལོ་ ༩༡༢ ལོན་སྐབས་གྲོངས་སོ། 9ཨེ་ནོཤ་ལོ་དགུ་ཅུ་ལོན་སྐབས་བུ་ཀེ་ནན་བྱུང་ངོ་། 10དེ་ནས་ད་དུང་ལོ་ ༨༡༥ བཞུགས་པ་དང་། ཁོང་ལ་ཕྲུ་གུ་གཞན་ཡང་བྱུང་ནས། 11ཁོང་ལོ་ ༩༠༥ ལོན་ནས་གྲོངས་སོ། 12ཀེ་ནན་ལོ་བདུན་ཅུ་ལོན་ནས་བུ་མ་ཧ་ལ་ལེལ་བྱུང་ངོ་། 13དེ་ནས་ད་དུང་ལོ་ ༨༤༠ བཞུགས་པ་དང་། ཕྲུ་གུ་གཞན་ཡང་བྱུང་ངོ་། 14ཁོང་ལོ་ ༩༡༠ ལོན་ནས་གྲོངས་སོ། 15མ་ཧ་ལ་ལེལ་ལོ་དྲུག་ཅུ་རེ་ལྔ་ལོན་དུས་བུ་ཡ་རེད་བྱུང་ངོ་། 16དེ་ནས་ད་དུང་ལོ་ ༨༣༠ བཞུགས་པ་དང་། ཕྲུ་གུ་གཞན་ཡང་བྱུང་ངོ་། 17དེ་རྗེས་ལོ་ ༨༩༥ ལོན་ནས་ཁོང་གྲོངས་སོ། 18ཡ་རེད་ལོ་ ༡༦༢ ལོན་ནས་བུ་ཧ་ནོག་བྱུང་ངོ་། 19དེ་ནས་ད་དུང་ལོ་ ༨༠༠ བཞུགས་པ་དང་། ཁོང་ལ་ཕྲུ་གུ་མང་པོ་བྱུང་ངོ་། 20ལོ་ ༩༦༢ ལོན་ནས་ཁོང་གྲོངས་སོ། 21ཧ་ནོག་ལོ་དྲུག་ཅུ་རེ་ལྔ་ལོན་དུས་བུ་མེ་ཐུ་སེ་ལཱ་བྱུང་ངོ་། 22ཧ་ནོག་ལོ་ ༣༠༠ བར་དུ་དཀོན་མཆོག་དང་འགྲོགས་ཏེ་གནས་ནས། ཁོང་ལ་ཕྲུ་གུ་གཞན་ཡང་བྱུང་ངོ་། 23ཁོང་ལོ་ ༣༦༥ བར་བཞུགས་སོ། 24ཁོས་རང་གི་མི་ཚེ་དཀོན་མཆོག་དང་འགྲོགས་སོ། དེ་རྗེས་ཁོང་མི་མཐོང་བར་འགྱུར་རོ། གང་ལ་ཟེར་ན། དཀོན་མཆོག་གིས་ཁོང་ལ་བསྣམས་པར་མཛད་དོ། 25མེ་ཐུ་སེ་ལཱ་ལོ་ ༡༨༧ ལོན་དུས་བུ་ལ་མེག་བྱུང་ངོ་། 26དེ་ནས་ད་དུང་ལོ་ ༧༨༢ བཞུགས་པ་དང་། ཁོང་ལ་ཕྲུ་གུ་གཞན་ཡང་བྱུང་ངོ་། 27ཁོང་ལོ་ ༩༦༩ ལོན་ནས་གྲོངས་སོ། 28ལ་མེག་ལོ་ ༡༨༢ ལོན་དུས་བུ་གཅིག་བྱུང་བ་དང་། 29ཁོས་སྨྲས་པ། གཙོ་བོ་དཀོན་མཆོག་གིས་དམོད་པ་བཏང་གནང་བའི་ས་ཞིང་ནས་ཕྲུ་གུ་འདིས་ང་ཚོ་ལ་ངལ་རྩོལ་ནས་སྐྱབས་པར་བྱེད་ཡོང་། དེའི་རྐྱེན་ཁོའི་མིང་ལ་ནོ་ཨ་བཏགས་སོ། 30ལ་མེག་ལོ་ ༥༩༥ བཞུགས་པ་དང་། ཁོང་ལ་ཕྲུ་གུ་གཞན་ཡང་བྱུང་ངོ་། 31ལོ་ ༧༧༧ ལོན་ནས་གྲོངས་སོ། 32ནོ་ཨ་ལོ་ ༥༠༠ ལོན་པའི་རྗེས་སུ་བུ་གསུམ་བྱུང་བ་དང། དེ་ཚོའི་མིང་ཤེམ་དང་། ཧམ་དང་། ཡ་ཕེད་ཅེས་ཡིན་ནོ༎

བཀོད་པ 6

མི་རིགས་རྣམས་ཀྱི་ལས་ངན།

1འཛམ་གླིང་ཀུན་གྱི་ནང་མིའི་རིགས་འཕེལ་སྐབས་སུ་བུ་མོ་རྣམས་སྐྱེས་པ་དང་། 2དཀོན་མཆོག་གི་སྲས་འགའ་ཤས་ཀྱིས་བུ་མོ་དེ་རྣམས་ཤིན་ཏུ་མཛེས་མོ་མཐོང་ནས་རང་འདོད་བཞིན་ཆང་ས་བརྒྱབ་ཕྱིར་འཁྱེར་རོ། 3དེ་ནས་གཙོ་བོ་དཀོན་མཆོག་གིས་གསུངས་པ། ངས་མིའི་རིགས་ཚང་མ་རྒྱུན་དུ་གསོན་པོར་ལུས་མི་བཅུག། དེ་རྣམས་འཆི་བའི་རང་བཞིན་ཅན་ཡིན་པའི་རྐྱེན་གྱིས་ད་ནས་ཕྱིན་ཆད་ལོ་ ༡༢༠ ལས་མང་བ་གསོན་མི་ཡོང་། 4དེའི་སྐབས་དང་རྗེས་སུའང་མིའི་བུ་མོ་རྣམས་དང་དཀོན་མཆོག་གི་སྲས་ནས་སྐྱེས་པའི་རིགས་བརྒྱུད་ས་གཞིའི་ནང་མི་བོ་ཆེན་པོ་རྣམས་ཡིན་ནོ། སྔོན་དུས་དེ་ཚོ་ནི་དཔའ་བོ་དང་སྙན་གྲགས་ལྡན་པའི་མི་རྣམས་ཡིན་ནོ། 5འཛམ་གླིང་ནང་མིའི་རིགས་ཀྱི་ལས་ངན་དང་། རྟག་ཏུ་ངན་སེམས་ཀྱི་སྤྱོད་པ་ཡོད་པ་གཙོ་བོ་དཀོན་མཆོག་གིས་གཟིགས་ཏེ། 6ཁོང་གིས་ས་གཞི་རུ་མིའི་རིགས་མཛད་པའི་ཕྱག་ལས་ལ་ཤིན་ཏུ་འགྱོད་དོ། 7དེ་ནས་གཙོ་བོ་དཀོན་མཆོག་གིས་གསུངས་པ་། མིའི་རིགས་དང་དུད་འགྲོ་དང་། བྱ་བྱིའུ་ལ་སོགས་པ་ཐམས་ཅད་ངས་བཟོས་པས། ད་ངའི་སེམས་ཤིན་ཏུ་འགྱོད་པའི་རྐྱེན་དེ་རྣམས་ངས་འཛམ་གླིང་ནས་མེད་པར་བཟོ་བར་བྱའོ། 8འོན་ཀྱང་གཙོ་བོ་དཀོན་མཆོག་ནི་ནོ་ཨ་ལ་ཐུགས་དགྱེས་སོ༎

ནོ་ཨ།

9འདི་ནི་ནོ་ཨའི་ལུ་རྒྱུས་ཡིན། ནོ་ཨ་མི་དྲང་པོ་ཞིག་ཡིན་པ་དང་། དཀོན་མཆོག་དང་འགྲོགས་ཏེ་སྤྱོད་པ་བཟང་པོ་བྱེད་པས། ཁོང་དང་འདྲ་བའི་མི་གཞན་ཞིག་མེད་པ་ཡིན། 10ཁོང་ལ་བུ་གསུམ་ཡོད་པས། དེ་ཚོའི་མིང་ལ་ཤེམ་དང་ཧམ་དང་ཡ་ཕེད་བཅས་ཡིན་ནོ། 11འོན་ཀྱང་གཞན་ཚང་མ་དཀོན་མཆོག་གི་སྤྱན་སྔར་ངན་པ་ཡིན་ནོ། གནས་གང་སར་དྲག་ལས་འཕེལ་ཡོད་དོ། 12དཀོན་མཆོག་གིས་འཛམ་གླིང་ལ་གཟིགས་པ་དང་། དེ་ངན་པ་ཆགས་ཡོད་པ་གཟིགས་སོ། གང་ལ་ཟེར་ན། མི་རྣམས་ལས་ངན་གྱིས་མི་ཚེ་སྐྱེལ་གྱི་ཡོད་དོ། 13དཀོན་མཆོག་གིས་ནོ་ཨ་ལ་གསུངས་པ། འཛམ་གླིང་འདིའི་ནང་མི་རིགས་རྣམས་ཀྱི་དྲག་ལས་ཀྱི་གང་ཡོད་པའི་རྐྱེན་གྱིས་ངས་དེ་དག་ཐམས་ཆད་མེད་པར་བྱ་རྒྱུ་ཐག་བཅད་པ་ཡིན། 14ཁྱོད་ཀྱིས་ཤིང་ཡག་ཤོས་ཀྱི་གྲུ་ཆེན་པོ་ཞིག་བཟོས་ཏེ། དེའི་ནང་ཁང་མིག་རྣམས་བཟོས་ནས། ཕྱི་ནང་གཉིས་ཀར་བྲག་ཞུན་བསྐུས་ཤིག 15གྲུའི་ཚད་ནི་མི་ཊར་ ༡༣༣ རིང་པོ་དང་། ཞེང་ཁ་མི་ཊར་གཉིས་ཤུ་ཙ་གཉིས་དང་། མི་ཊར་བཅུ་གསུམ་མཐོ་པོ་བཟོས་ཤིག། 16གྲུ་ལ་ཐོག་གཅིག་བཀབ་སྟེ། ཐོག་དང་རྩིག་པའི་བར་ལ་སེན་ཊི་མི་ཊར་བཞི་བཅུ་ཞེ་བཞི་བར་སྟོང་པ་བཞོག་ཅིག། གྲུ་ནི་ཐོག་རྩེ་གསུམ་ཡོད་པ་ཞིག་བཟོས་ནས་དེ་ཡི་གཞོགས་གཅིག་ལ་སྒོ་ཞིག་བཟོས་ཤིག། 17འཛམ་གླིང་ནང་སྲོག་ཡོད་པའི་རིགས་ཐམས་ཅད་མེད་པར་བྱེད་པའི་ཕྱིར་ས་གཞིའི་ཐོག་ཏུ་ཆུ་ལོག་གཏོང་རྒྱུ་ཡིན། འཛམ་གླིང་ནང་ཡོད་པ་ཚང་མ་འཆི་བར་འགྱུར། 18འོན་ཀྱང་ངས་ཁྱོད་མཉམ་དུ་དམ་བཅའ་བྱེད་རྒྱུ་ཡིན། ཁྱོད་རང་གི་ཆུང་མ་དང་ཁྱོད་ཀྱི་བུ་རྣམས་དང་དེ་དག་གི་ཆུང་མ་རྣམས་འཁྱེར་ནས་གྲུའི་ནང་སོང་ཞིག 19-20སེམས་ཅན་གྱི་རིགས་ཐམས་ཅད་དང་། བྱ་བྱིའུ་ཐམས་ཅད་ཀྱི་ཕོ་མོ་ཆ་རེ་རེ་ཀྱང་ཁྱོད་དང་མཉམ་དུ་གྲུའི་ནང་འཁྱེར་ཞིག གང་ལ་ཟེར་ན། དེ་ཚོ་ཚང་མ་གསོན་པོར་ལུས་ཕྱིར་ཡིན་ནོ། 21ཁྱོད་ཚོ་དང་དེ་ཚོའི་ཕྱིར་ཡང་ཁ་ཟས་སྣ་ཚོགས་འཁྱེར་ཞིག 22དཀོན་མཆོག་གིས་བཀའ་གནང་བ་ལྟར་ནོ་ཨས་ཐམས་ཅད་སྒྲུབ་པར་བྱས་སོ༎

བཀོད་པ 7

ཆུ་ལོག་ཡོང་བ།

1གཙོ་བོ་དཀོན་མཆོག་གིས་ནོ་ཨ་ལ་གསུངས་པ། ཁྱོད་དང་ཁྱོད་ཀྱི་ནང་མི་མཉམ་དུ་གྲུའི་ནང་དུ་སོང་ཞིག འཛམ་གླིང་ཀུན་གྱི་ནང་དྲང་བདེན་གྱི་ལས་བྱས་མཁན་ངས་ཁྱོད་གཅིག་པུར་རྙེད་བྱུང་། 2ཆོ་ག་ལྟརསེམས་ཅན་གཙང་བའི་རིགས་ཐམས་ཅད་ནས་ཕོ་མོ་ཆ་བདུན་དང་། འོན་ཀྱང་སེམས་ཅན་མི་གཙང་བ་སྣ་ཚོགས་ནས་ཆ་གཅིག་གཅིག་པུ་འདམས་ཤིག 3བྱ་བྱིའུའི་རིགས་སྣ་ཚོགས་ནས་ཆ་བདུན་ཡང་འཁྱེར་ཞིག སེམས་ཅན་སྣ་ཚོགས་དང་། བྱ་བྱིའུའི་རིགས་སྣ་ཚོགས་ས་གཞི་ནང་གསོན་པོར་ལུས་ནས་ཡང་སྐྱེས་པའི་ཕྱིར་དེ་ལྟར་བྱོས་ཤིག 4ངས་བཟོས་པའི་སྲོག་དང་ལྡན་པའི་རིགས་ཐམས་ཅད་མེད་པར་བྱ་བའི་ཕྱིར། ཞག་བདུན་གྱི་རྗེས་སུ་ཉིན་ཚན་བཞི་བཅུ་བར་ཆར་པ་གཏོང་རྒྱུ་ཡིན། 5དཀོན་མཆོག་གིས་བཀའ་གནང་བ་བཞིན་ནོ་ཨས་ཚང་མ་སྒྲུབ་པར་བྱས་སོ། 6ནོ་ཨ་ལོ་ ༦༠༠ ལོན་སྐབས་ས་གཞིར་ཆུ་ལོག་བྱུང་ངོ་། 7ཆུ་ལོག་ནས་ཐར་བའི་ཕྱིར་ནོ་ཨ་དང་ཁོའི་ཆུང་མ་དང་བུ་རྣམས་དང་དེ་ཚོའི་ཆུང་མ་རྣམས་གྲུའི་ནང་ཕྱིན་ནོ། 8ཚོ་ག་ལྟར་སེམས་ཅན་དང་བྱ་བྱིའུ་གཙང་དང་མི་གཙང་བའི་རིགས་སྣ་ཚོགས་ནས་ཕོ་མོ་ཆ་རེ་བྱས་ཏེ། 9དཀོན་མཆོག་གིས་བཀའ་གནང་བ་ལྟར་ནོ་ཨ་དང་མཉམ་དུ་གྲུའི་ནང་འཛུལ་ལོ། 10ཞག་བདུན་གྱི་རྗེས་སུ་ཆུ་ལོག་འབབ་བོ། 11ནོ་ཨ་ལོ་ ༦༠༠ ལོན་པའི་ཟླ་བ་གཉིས་པའི་ཚེས་བཅུ་བདུན་གྱི་ཉིན་མོར་འཛམ་གླིང་གི་ཆུ་མིག་ཆེན་པོ་ཐམས་ཆད་རྡོལ་ཏེ། ནམ་མཁའི་ཆར་ཆུའི་སྒོ་ཚང་མ་ཡང་ཕྱེས་སོ། 12ཡང་ཉིན་ཚན་བཞི་བཅུའི་བར་ཆར་པ་ཆེན་པོ་འབབ་བོ 13ཉིན་དེ་རང་ལ་ནོ་ཨ་དང་ཁོའི་ཆུང་མ་དང་ཁོའི་བུ་གསུམ་ཤེམ་དང་ཧམ་དང་ཡ་ཕེད་དང་དེ་དག་གི་ཆུང་མ་རྣམས་གྲུའི་ནང་འཛུལ་ལོ། 14ཁོང་ཚོ་མཉམ་དུ་ནགས་དང་ཁྱིམ་གྱི་དུད་འགྲོ་ཆེ་ཆུང་ཐམས་ཅད་དང་། བྱ་བྱིའུ་སྣ་ཚོགས་ཕྱིན་ནོ། 15སྲོག་དང་ལྡན་པའི་སེམས་ཅན་ཐམས་ཅད་ལས་ཕོ་མོ་ཆ་རེ་རེ་ཡང་ནོ་ཨ་དང་མཉམ་དུ་གྲུའི་ནང་ཕྱིན་ནོ། དཀོན་མཆོག་གིས་གསུངས་པ་ལྟར་བྱུང་ངོ་། 16དེ་ནས་གཙོ་བོ་དཀོན་མཆོག་གིས་གྲུའི་སྒོ་དེ་རྒྱབ་པར་གནང་ངོ་། 17ཉིན་བཞི་བཅུ་བར་མུ་མཐུད་ནས་ཆུ་ལོག་བྱུང་བ་དང་། ཆུ་གཏིང་རིང་པོ་ཆགས་ནས་གྲུ་གཟིང་ལྡིང་བ་ཡིན་ནོ། 18ད་དུང་ཆུ་གཏིང་རིང་དུ་སོང་བས། གྲུ་དེ་ཆུའི་སྟེང་དུ་ལྡིང་ངོ་། 19ཆུ་དེ་ཤིན་ཏུ་གཏིང་རིང་བས། ཧ་ཅང་ཐོན་པོའི་གངས་རི་རྣམས་བཀབ་བོ། 20གངས་རིའི་རྩེ་ལས་མི་ཊར་བདུན་ཙམ་མཐོ་པོར་འཕར་བར་གྱུར་ཏོ། 21འཛམ་གླིང་ནང་ཡོད་པའི་སྲོག་དང་ལྡན་པའི་སེམས་ཅན་ཐམས་ཅད་དང་བྱ་བྱིའུ་ཐམས་ཅད་དང་མིའི་རིགས་ཐམས་ཅད་ཤིའོ། 22འཛམ་གླིང་ནང་ཡོད་པའི་དབུགས་གཏོང་མཁན་ཚང་མ་ཤིའོ། 23འཛམ་གླིང་ནང་ཡོད་པའི་སྲོག་དང་ལྡན་པའི་མི་རིགས་དང་དུད་འགྲོ་དང་བྱ་བྱིའུ་ལ་སོགས་པ་ཐམས་ཅད། དཀོན་མཆོག་གིས་མེད་པར་མཛད་དོ། ནོ་ཨ་དང་མཉམ་དུ་གྲུའི་ནང་ཡོད་པ་དེ་ཚོ་གཅིག་པུ་གསོན་པོར་ལུས་སོ། 24ཉིན་ ༡༥༠ བར་སའི་སྟེང་དུ་ཆུ་གནས་སོ༎

བཀོད་པ 8

ཆུ་ལོག་གི་མཐའ་མ།

1དཀོན་མཆོག་གིས་ནོ་ཨ་དང་གྲུའི་ནང་ཡོད་པའི་སེམས་ཅན་ཐམས་ཅད་ལ་བརྗེད་གནང་མེད་པ་དང་། ཁོང་གིས་རླུང་ཞིག་རྒྱུག་བཅུག་པ་དང་ཆུ་ཉུང་དུ་འགྲོ་བར་འགོ་ཚུགས་སོ། 2སའི་གཏིང་དུ་ཡོད་པའི་ཆུ་མིག་རྣམས་སྐམ་པ་དང་། ནམ་མཁའི་ཆུའི་སྒོ་ཚང་མ་བརྒྱབ་ནས་ཆར་པ་ཆད་དོ། 3ཉི་མ་ ༡༥༠ བར་དུ་ཆུ་དལ་པོར་འཇོམས་སོ། 4ཟླ་བ་བདུན་པའི་ཚེས་བཅུ་བདུན་གྱི་ཉིན་ཨ་ར་རད་བྱ་བའི་རིའི་སྟེང་གྲུ་དེ་འགགས་སོ། 5ཆུ་དེ་འཇོམས་པ་དང་ཟླ་བ་བཅུ་པའི་ཉིན་དང་པོར་གངས་རིའི་རྩེ་མཐོ་པོ་རྣམས་མཐོང་ངོ་། 6ཉི་མ་བཞི་བཅུའི་རྗེས་སུ་ནོ་ཨས་སྒེ་ཁུང་ཕྱེས་ཏེ། 7ཕོ་རོག་ཞིག་སློད་དེ་དེ་ནི་ཚུར་མ་ལོག་གོ འོན་ཀྱང་ཆུ་ཚང་མ་སྐམ་བར་ཕྱོགས་བཞིར་ཕན་ཚུན་འཕུར་ནས་བསྡད་དོ། 8དེའི་བར་ལ་ཆུ་རྣམས་སྐམ་ཡོད་མེད་བལྟ་བར་འང་གུ་གཅིག་བཏང་ནས། 9འོན་ཀྱང་ད་དུང་ཡང་ས་ཐམས་ཅད་ཆུས་ཁེངས་ཡོད་པས། འང་གུ་དེ་ལ་བསྡད་ས་མ་ཐོབ་པའི་རྐྱེན་གྱིས་གྲུའི་ནང་ལོག་ནས་ཡོང་ཞིང་། ནོ་ཨས་འང་གུ་བཟུང་སྟེ་གྲུའི་ནང་བཞག་གོ 10ཉི་མ་བདུན་སྒུག་པའི་རྗེས་སུ་འང་གུ་དེ་ཕྱི་རོལ་དུ་ཡང་སྐྱར་བཏང་བས། 11འང་གུ་དེ་ཁ་སྐྱུར་པོའི་ཤིང་གི་ལོ་མ་སོས་པ་ཞིག་མཆུ་ལྟོར་འཁུར་ནས་དགོང་དྲོ་ནོ་ཨའི་རྩར་ལོག་ཡོང་ངོ་། ནོ་ཨས་ཆུ་ཉུང་དུ་ཕྱིན་པ་ཤེས་སོ། 12དེ་ནས་སླར་ཡང་ཉི་མ་བདུན་སྒུག་པའི་རྗེས་སུ་འང་གུ་དེ་ཡང་ཐེང་ཅིག་བཏང་བས། ད་ལན་འང་གུ་དེ་ཕྱིར་ལོག་ནས་མ་ཡོང་ངོ་། 13ནོ་ཨ་ལོ་ ༦༠༡ ལོན་པའི་ཟླ་བ་དང་པོའི་ཚེས་དང་པོའི་ཉིན་ཆུ་སྐམ་ཡོད་པས། ནོ་ཨས་གྲུའི་ཐོག་ཕྱེས་ཤིང་ཕྱོགས་བཞིར་ས་སྐམ་བཞིནཡོད་པ་མཐོང་ངོ་། 14ཟླ་བ་གཉིས་པའི་ཚེས་ཉེར་བདུན་གྱི་ཉིན་ས་ནི་ཆ་ཚང་བསྐམས་སོ། 15དཀོན་མཆོག་གིས་ནོ་ཨ་ལ་གསུངས་པ། 16ད་ཁྱོད་རང་གི་ཆུང་མ་དང་ཁྱོད་ཀྱི་བུ་རྣམས་དང་དེ་ཚོའི་ཆུང་མ་བཅས་པ་ཚང་མ་གྲུ་ནས་ཕྱིར་ཐོན་ཞིག 17བྱ་བྱིའུ་ཐམས་ཅད་དང་སེམས་ཅན་རྣམས་ཁྱོད་ཚོ་མཉམ་དུ་ཕྱིར་རུ་འཁྲིད་ཅིག། གང་ལ་ཟེར་ན། དེ་རྣམས་འཕེལ་ནས་ས་གཞི་གང་བའི་ཕྱིར་རོ། 18དེ་ནས་ནོ་ཨ་དང་། ཁོའི་ཆུང་མ་དང་། ཁོའི་བུ་རྣམས་དང་དེ་ཚོའི་ཆུང་མ་རྣམས་དང་བཅས་པ་ཕྱི་རུ་ཐོན་ནོ། 19སེམས་ཅན་ཐམས་ཅད་དང་བྱ་བྱིའུ་ཚང་མ་རང་རང་གི་རིགས་བཞིན་དུ་གྲུ་ནས་ཕྱི་རུ་ཐོན་ནོ༎

ནོ་ཨས་དམར་མཆོད་ཕུལ་བ།

20ནོ་ཨས་གཙོ་བོ་དཀོན་མཆོག་ལ་མཆོད་ཁྲི་ཞིག་བཟོས་ནས། ཁོང་གིས་ཆོ་ག་ལྟར་སེམས་ཅན་དང་བྱ་བྱིའུ་འདྲ་མིན་གཙང་མ་ཁ་ཤས་ནས་རེ་རེ་བླངས་ཤིང་མཆོད་ཁྲིའི་ཁར་ཆ་ཚང་བསྲེག་ནས་དམར་མཆོད་ཕུལ་ལོ། 21དམར་མཆོད་དེའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་དགྱེས་ནས། ཁོང་རང་གི་རང་ཉིད་ལ་མིའི་རིགས་ཆུང་དུས་ནས་བསམ་པ་ངན་པ་ཡིན་པ་ངས་ཤེས་ཀྱི་ཡོད། ད་ནས་བཟུང་མི་ཡི་བྱས་པའི་ལས་ཀྱི་རྐྱེན་ས་གཞིར་ནམ་ཡང་དམོད་པ་མི་བཏང་ངོ་། ད་ལན་དང་འདྲ་བ་སྲོག་དང་ལྡན་པའི་རིགས་ཚང་མ་ངས་མེད་པར་མི་བཟོའོ། 22འཛམ་གླིང་འདི་ནམ་བར་གནས་རིང་། ས་བོན་བཏབ་ནས་སྟོན་ཐོག་རྔ་བའི་དུས་ཚོད་བྱུང་བར་འགྱུར། རྒྱུན་དུ་ཚ་གྲང་དང་། དབྱར་དགུན་དང་། ཉིན་དང་མཚན་མོ་ཡོང་བར་འགྱུར་རོ༎

བཀོད་པ 9

དཀོན་མཆོག་གིས་ནོ་ཨ་དང་དམ་བཅའ་འཇོག་གནང་བ།

1དཀོན་མཆོག་གིས་ནོ་ཨ་དང་ཁོའི་བུ་རྣམས་ལ་བྱིན་རླབས་གནང་ཞིང་གསུངས་པ། ཁྱོད་ཀྱི་ཕྲུ་གུ་མང་པོ་སྐྱེས་ནས་ས་གཞི་ཚང་མར་ཁྱོད་ཀྱི་རིགས་བརྒྱུད་གནས་པར་ཤོག། 2སེམས་ཅན་དང་། བྱ་བྱིའུ་དང་ཉ་ཐམས་ཅད་ཁྱོད་ཚོ་ལ་འཇིག་ཡོང་། དེ་རྣམས་ཁྱོད་ཚོའི་དབང་འོག་ཏུ་བཞག་ཡོད། 3ངས་ཁྱོད་ཚོ་ལ་སྔོ་ཚོད་སྟེར་བ་ཡང་ཟ་ཞིག འདི་ཚོ་ཚངམ་ངས་ཁྱོད་ཚོའི་ཁ་ཟས་ཀྱི་ཆེད་དུ་སྟེར་གྱི་ཡོད། 4ཁྱོད་ཚོས་ཟ་མི་ཆོག་པ་གཅིག་ནི་ཁྲག་ཡོད་པའི་ཤ་ཡིན། མ་ཟ་ཞིག་ཅེས་ངས་བཀག་བསྡོམ་བྱེད་ཀྱིས་ཡོད། གང་ལ་ཟེར་ན། ཁྲག་གི་ནང་སྲོག་ཡོད་དོ། 5གལ་སྲིད་མི་སུ་ཞིག་གིས་མིའི་སྲོག་ལེན་ན། ཁོ་ལ་ཆད་པ་ཕོག་པར་འགྱུར། དུད་འགྲོས་མི་བསད་ན། ངས་དེ་ལ་འཆི་བའི་ཉེས་ཆད་གཏོང་རྒྱུ་ཡིན། 6མི་ནི་དཀོན་མཆོག་གི་དབྱིབས་ནང་ལྟར་བཟོས་ཡོད་པའི་རྐྱེན། སུ་ཞིག་གིས་མི་བསད་པ་ཡིན་ན་ཁོ་ལ་མི་གཞན་གྱིས་བསད་ཡོང་། 7ཁྱོད་ཚོར་བུ་ཕྲུག་མང་པོ་སྐྱེས་ཤིང་བརྒྱུད་དང་ལྡན་པར་འགྱུར་ནས་འཛམ་གླིང་ཡོངས་སུ་འཕེལ་ནས་གནས་པར་འགྱུར་གསུངས་སོ། 8དཀོན་མཆོག་གིས་ནོ་ཨ་དང་ཁོང་གི་བུ་རྣམས་ལ་གསུངས་པ། 9-10ངས་ཁྱོད་དང་ཁྱོད་ཀྱི་རྗེས་ལ་ཡོང་བའི་བུ་བརྒྱུད་དང་། གསོན་པོའི་སེམས་ཅན་མཉམ་དུ་དང་། བྱ་བྱིའུ་དང་དུད་འགྲོ་དང་གྲུའི་ནང་ནས་ཁྱོད་དང་མཉམ་དུ་ཐོན་པ་ཚང་མ་དང་མཉམ་དུ་དམ་བཅའ་འདི་འཇོག་རྒྱུ་ཡིན། 11ཚིག་འདི་བཞིན་ཁྱོད་ཚོ་མཉམ་དུ་ཞལ་ཆེ་འཇོག་རྒྱུ་ཡིན། ད་ཕྱིན་ཆད་སྲོག་ཡོད་པ་ཐམས་ཅད་ཆུ་ལོག་གིས་མེད་པར་མི་འགྱུར་ཞིང་། ཕྱིན་ཆད་ནམ་ཡང་ས་ལ་ཆུ་ལོག་གིས་མེད་པར་མི་འགྱུར་བའི་ངས་དམ་བཅའ་འཇོག་རྒྱུ་ཡིན། 12ཁྱོད་ཚོ་དང་གསོན་པོའི་སེམས་ཅན་ཐམས་ཅད་དང་མཉམ་དུ་དུས་རྒྱུན་གྱི་ཆེད་དུ་བཞག་པའི་དམ་བཅའི་རྟགས་ནི་འདི་ལྟར་ཡིན། 13གནམ་གྱི་སྤྲིན་ནང་ངས་འཇའ་ཞིག་འཇོག་རྒྱུ་ཡིན། དེ་ནི་ངས་ས་གཞི་དང་དམ་བཅའ་བྱས་པའི་རྟགས་ཡིན་ནོ། 14ངས་ནམ་མཁར་སྤྲིན་པ་འཁོར་བཅུག་དུས་དེའི་ནང་འཇའ་མཐོང་སྐབས། 15ཁྱོད་ཚོ་དང་སེམས་ཅན་ཐམས་ཅད་ཆུ་ལོག་ནས་མེད་པར་མི་བྱུང་བའི་དམ་བཅའ་བྱས་པ་དེ་ངས་དྲན་གྱི་ཡིན། 16སྤྲིན་པའི་ནང་ཡོད་པའི་འཇའ་ལ་བལྟས་ཏེ་ང་དཀོན་མཆོག་དང་། ས་གཞི་ལ་ཡོད་པའི་སྲོག་དང་ལྡན་པ་ཚང་མ་དང་མཉམ་དུ་ངས་རྒྱུན་ཆད་མེད་པར་བྱས་པའི་དམ་བཅའ་དེ་དྲན་པར་བྱའོ། 17སྲོག་དང་ལྡན་པའི་མི་དང་སེམས་ཅན་ཐམས་ཅད་དང་མཉམ་དུ་ངས་དམ་བཅའ་བཞག་པའི་རྟགས་ནི་དེ་ཡིན་ནོ༎

ནོ་ཨ་དང་ཁོང་གི་བུ་རྣམས།

18གྲུའི་ནང་ནས་ཐོན་པའི་ནོ་ཨའི་བུ་གསུམ་ནི་ཤེམ་དང་། ཧམ་དང་ཡ་ཕེད་བཅས་ཡིན་ནོ། ཧམ་ནི་ཀ་ནན་གྱི་ཕ་ཡིན་ནོ། 19ནོ་ཨའི་བུ་གསུམ་གྱི་རིགས་བརྒྱུད་ནི་ས་གཞིའི་མི་རིགས་ཡོངས་ཀྱི་ཕ་མེས་སུ་འགྱུར་རོ། 20ནོ་ཨ་ནི་ཞིང་པ་ཞིག་ཡིན་པས་རྒུན་ཚལ་བཏབ་མཁན་ཐོག་མ་དེ་ཡིན་ནོ། 21ཉིན་ཞིག་ཁོང་གིས་རྒུན་ཆང་འཐུང་ཞིང་ར་བཟི་ཏེ། གུར་གྱི་ནང་གཅེར་བུ་ཉལ་ནས་བསྡད་ཡོད་པ་དང་། 22ཀ་ནན་གྱི་ཕ་ཧམ་གྱིས་རང་གིཕ་གཅེར་བུ་ཡོད་པ་མཐོང་བ་དང་། ཕྱི་རུ་ཡོང་ནས་རང་གི་སྤུན་གཉིས་ལ་བཤད་དོ། 23དེ་ནས་ཤེམ་དང་ཡ་ཕེད་གཉིས་ཀྱིས་གོས་ཤིག་དཔུང་པར་འཁུར་ནས་རྒྱབ་ལོག་སྟེ་གུར་ནང་ཕྱིན་ནས་ཕ་ལ་གཡོག་པ་དང་། གདོང་མ་བསྟན་པའི་རྐྱེན་གྱིས་ཕ་གཅེར་བུ་ཡོད་པ་ཁོང་ཚོས་མ་མཐོང་ངོ་། 24ནོ་ཨ་ར་བཟི་ནས་གཉིད་གསང་བ་དང་བུ་ཆུང་བས་གང་བྱས་པ་དེ་ཁོས་ཤེས་ནས། 25ནོ་ཨས་སྨྲས་པ། ཀ་ནན་ཐོག་ཏུ་དམོད་པ་ཕོག་པར་ཤོག། ཁོ་ནི་སྤུན་རྒན་པ་ཚོའི་བྲན་གཡོག་འགྱུར་བར་ཤོག། 26ཤེམ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག། ཀ་ནན་ཤེམ་གྱི་བྲན་གཡོག་ཏུ་གྱུར་ཅིག། 27དཀོན་མཆོག་གིས་ཡ་ཕེད་ལ་འཕེལ་བཅུག་སྟེ། ཁོའི་བརྒྱུད་ནི་ཤེམ་གྱི་བརྒྱུད་དང་གནས་པར་འགྱུར་ཅིག། ཀ་ནན་ཡ་ཕེད་ཀྱི་བྲན་གཡོག་ཏུ་འགྱུར་ཡོང་། 28ས་གཞི་ལ་ཆུ་ལོག་ཡོང་ཚར་བའི་རྗེས་སུ་ནོ་ཨ་ད་དུང་ལོ་ ༣༥༠ གསོན་ནོ། 29ནོ་ཨ་ལོ་ ༩༥༠ ལོན་ནས་གྲོངས་སོ༎

བཀོད་པ 10

ནོ་ཨའི་བུ་རྣམས་ཀྱི་རིགས་བརྒྱུད།

(༡ སྔོན་རབ་ ༡:༥-༢༣)

1ནོ་ཨའི་བུ་རྣམས་ཀྱི་རིགས་བརྒྱུད་འདི་ལྟར་རོ། ཆུ་ལོག་གི་རྗེས་སུ་ནོ་ཨའི་བུ་ཤེམ། ཧམ་དང་ཡ་ཕེད་བཅས་ལ་བུ་རྣམས་བྱུང་ངོ་། 2ཡ་ཕེད་ཀྱི་བུ་རྣམས་ནི་གྷོ་མེར། མ་གྷོག། མ་དའི། ཡ་ཝན། ཏུ་བྷལ། མེ་ཤེག་དང་ཏི་རསེ་ཡིན་ནོ། དེ་ཚོ་ནི་རང་རང་གི་མིང་ལྟར་རིགས་བརྒྱུད་ཀྱི་ཕ་མེས་ཡིན་ནོ། 3གྷོ་མེར་གྱི་བུ་རྣམས་ནི་ཨཤ་ཀེ་ནཛ་དང་། རི་ཕད་དང་ཏོ་གར་མཱའི་མི་རྣམས་བྱུང་ངོ་། 4ཡ་ཝན་གྱི་བུ་རྣམས་ནི་ཨེ་ལི་ཤཱ་དང་། ཨིསི་པེན། ས་ཡི་པེརེསེ་དང་། རོ་དྷ་ནིམ་གྱི་མི་རྣམས་བྱུང་ངོ་། 5དེ་རྣམས་ནི་མཚོའི་འགྲམ་དང་། གླིང་ཕྲན་སོགས་ནང་ལ་སྡོད་མཁན་མི་རྣམས་ཀྱི་ཕ་མེས་བྱུང་ངོ་། རང་རང་གི་རིགས་འདྲ་མིན་ལ་ཁྱབ་ནས་སྡོད་མཁན་དང་། རང་རང་གི་སྐད་རྒྱབ་མཁན་ཡ་ཕེད་ཀྱི་རིགས་བརྒྱུད་འདི་རྣམས་ཡིན་ནོ། 6ཧམ་གྱི་བུ་རྣམས་ནི་ཀུཤ། ཨི་ཇིབ། ལིབ་ཡ་དང་ཀ་ནན་བཅས་དེ་ཚོ་ནི་རང་གི་མིང་ལྟར་རིགས་བརྒྱུད་ཀྱི་ཕ་མེས་ཡིན་ནོ། 7ཀུཤའི་བུ་རྣམས་ནི་སེ་བྷ། ཧ་ཝི་ལཱ། སབ་ཏཱ། ར་མཱ་དང་སབ་ཏེ་ཀའི་མི་རྣམས་ཡིན་ནོ། ར་མཱའི་བུ་གཉིས་ནི་ཤེ་བྷ་དང་། དྷེ་དན་གྱི་མི་རྣམས་ཡིན་ན། 8ཀུཤའི་བུ་ནིམ་རོད་ཟེར་བ་དེ་ནི་འཛམ་གླིང་ནང་དུ་དཔའ་བོ་དང་པོ་དེ་བྱུང་ངོ་། 9དཀོན་མཆོག་གི་ཐུགས་རྗེས་ཁོ་ཁྱི་ར་བ་ཆེན་པོ་ཞིག་ཀྱང་འགྱུར་བས། དེའི་ཕྱིར་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ནིམ་རོད་ལྟར་ཁྱི་ར་བ་ཞིག་མཛད་པར་ཤོག་ཅེས་པའི་ལམ་སྲོལ་དེ་ནས་འགོ་འཛུགས་སོ། 10ཐོག་མར་ཁོའི་རྒྱལ་ཁབ་བྷེ་བྷི་ལོ་ནི་ཡ་དང་། ཨེ་རེག་དང་ཨ་ཀད་ཡུལ་ནང་འཁེལ་ལོ། དེ་གསུམ་ནི་བྷེ་བྷི་ལོ་ནི་ཡ་དུ་ཡོད་དོ། 11ཡུལ་དེ་ནས་ཁོང་ཡུལ་ཨ་སི་རི་ཡ་བྱ་བར་ཕེབས་པ་དང་། དེར་ནི་ན་ཝཱེ་དང་། རེ་ཧོ་བོད། ཨིར་དང་། ཀ་ལཱ་དང་རེ་སེན་གྲོང་ཁྱེར་རྣམས་བཙུགས་སོ། 12རེ་སེན་ནི་ནི་ན་ཝཱེ་དང་ཀ་ལཱའི་བར་ལ་ཡོད་པའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ནོ། 13ཨི་ཇིབ་ནས་ལི་ཌི་ཡ་དང་། ཨ་ནམ་དང་། ལེ་ཧ་བི་དང་། ན་བ་ཐ་དང་། 14པད་ཏྲེསེ་དང་། ཀེསེ་ལུ་དང་ཀ་རིཊའི་མི་རྣམས་བྱུང་ངོ་། ཀ་རིཊ་ནས་ཕེ་ལེ་ཤེད་པ་སྐྱེས་སོ། 15ཀ་ནན་གྱི་བུ་ཆེ་ཤོས་སི་དོན་དང་། དེའི་འོག་མ་ཧེད་ཡིན་ནོ། དེ་ཚོ་རང་རང་གི་མིང་ལྟར་མི་རིགས་ཚོའི་ཕ་མེས་ཡིན་ནོ། 16ཀ་ནན་ནི་ཡེ་བུསེ་པ་དང་། ཨ་མོར་པ་དང་། གྷིར་ག་ཤི་པ་རྣམས་དང་། 17ཧི་ཝི་པ་རྣམས་དང་། ཨར་ཀི་པ་རྣམས་དང་། སི་ནི་པ་དང་། 18ཨར་ཝ་དི་པ་དང་། ཛེ་མ་རི་པ་དང་ཧ་མད་པ་ཚོའི་ཕ་མེས་ཡིན་ནོ། ཀ་ནན་གྱི་རིགས་རྣམས་འཕེལ་ཏེ། 19ཀ་ནན་ཡུལ་གྱི་ས་མཚམས་ནི་སི་དོན་ནས་ལྷོ་ཕྱོགས་སུ་ཡོད་པའི་གྷ་ཛའི་འགྲམ་གྱི་གྷེར་རར་བར་དུ་དང་། ཤར་དུ་ཡོད་པའི་སོ་དྷོམ་དང་། གྷོ་མོ་རཱ་དང་། ཨད་མཱ་དང་། ལ་ཤའི་ཉེ་འགྲམ་དུ་ཛེ་བོ་ཨིམ་བར་དུ་སླེབས་སོ། 20དེ་རྣམས་ནི་ཧམ་གྱི་མི་བརྒྱུད་ཡིན་པ་དང་། དེ་རྣམས་རང་རང་གི་ཡུལ་དང་། རིགས་བརྒྱུད་ནང་གནས་ནས་རང་ཉིད་ཀྱི་སྐད་རིགས་བཅས་འཕེལ་ཞིང་གནས་སོ། 21ཡ་ཕེད་ཀྱི་སྤུན་རྒན་པ་ཤེམ་ནི་ཨིབ་རི་པ་ཡོངས་ཀྱི་ཕ་མེས་སུ་འགྱུར་རོ། 22ཤེམ་གྱི་བུ་རྣམས་ནི་ཨེ་ལམ། ཨསེ་ཤུར། ཨར་པག་ཤད། ལུད། ཨ་རམ་པ་དེ་ཚོ་རང་རང་གི་མིང་ལྟར་རིགས་བརྒྱུད་ཀྱི་ཕ་མེས་སུ་འགྱུར་རོ། 23ཨ་རམ་གྱི་བུ་རྣམས་ནི་ཨུཛ། ཧུལ། གྷེ་དེར། མེ་ཤེག་གི་མི་རྣམས་བྱུང་ངོ་། 24ཨར་པག་ཤད་ནི་ཤེ་ལའི་ཕ་དང་། ཤེ་ལཱ་ནི་ཨེ་བྷེར་གྱི་ཕ་རུ་འགྱུར་རོ། 25ཨེ་བྷེར་ལ་བུ་གཉིས་ཡོད་པས། གཅིག་གི་མིང་ལ་པེ་ལེག་བཏགས་སོ། དེ་གང་ཡིན་ཞེ་ན། ཁོའི་དུས་སུ་འཛམ་གླིང་གི་མི་རྣམས་སོ་སོར་བགོས་སོ། ཁོའི་སྤུན་གྱི་མིང་ལ་ཡོག་ཏན་བཏགས་སོ། 26ཡོག་ཏན་གྱི་མི་བརྒྱུད་ནི་ཨལ་མོ་དད། ཤེ་ལེཕ་ཧ་ཛར་མ་ཝེད། ཡེ་རཱ་དང་། 27ཧ་དྷོ་རམ་དང་། ཨུ་ཛལ་དང་། དྷིག་ལཱ་དང་། 28ཨོ་བྷལ། ཨ་བྷི་མ་ཨེལ། ཤེ་བྷ་དང་། 29ཨོ་ཕིར། ཧ་ཝི་ལཱ་དང་། ཡོ་བྷབ་ཀྱི་མི་རྣམས་བྱུང་ངོ་། དེ་ཚོ་ནི་ཡོག་ཏན་གྱི་བུ་ཕྲུག་དང་ཚ་བོ་རྣམས་ཡིན་ནོ། 30དེ་དག་རྣམས་བསྡད་པའི་ས་གནས་ནི་མེ་ཤ་ཞེས་པའི་ས་ནས་ཤར་ཕྱོགས་སུ་ཡོད་པའི་སེ་ཕར་ཞེས་པའི་རིའི་བར་དུ་ཡོད་དོ། 31དེ་དག་རྣམས་ཤེམ་གྱི་རིགས་བརྒྱུད་ཡིན་ཞིང་། རང་རང་གི་སྐད་དང་། ཡུལ་དང་རིགས་བརྒྱུད་བཞིན་གནས་སོ། 32དེ་དག་རྣམས་མི་རིགས་བཞིན་རང་རང་གི་རིགས་རུས་ལྟར་གྱི་ནོ་ཨའི་རིགས་བརྒྱུད་རྣམས་ཡིན་ནོ། སའི་ནང་ཆུ་ལོག་བྱུང་བའི་རྗེས་སུ་མིའི་རིགས་རྣམས་ནོ་ཨའི་བུ་རྣམས་གི་རིགས་བརྒྱུད་ནས་འཕེལ་བར་འགྱུར་རོ༎

བཀོད་པ 11

བྷེ་བྷི་ལོན་གྱི་མཁར་མཐོ་པོ།

1དེའི་སྐབས་སུ་ས་གཞི་ཚང་མར་སྐད་གཅིག་རང་ཡོད་པས། མི་རྣམས་ཀྱི་སྐད་དེ་རང་བཤད་པར་བྱེད་དོ། 2དེ་རྣམས་ཤར་ཕྱོགས་སུ་སོང་བ་ལས། བྷེེ་བྷི་ལོ་ནི་ཡ་ཞེས་པའི་ཡུལ་གྱི་ཐང་ཆེན་པོ་ཞིག་ཏུ་བསླེབས་པ་དང་། ཁོང་ཚོ་ས་གནས་དེར་བསྡད་དོ། 3ཁོང་ཚོས་གཅིག་གིས་གཅིག་ལ་སྨྲས་པ། ད་ང་ཚོས་ས་སྦག་བཟོས་ནས་མེ་ལ་སྲེག་ཏེ་མཁྲེགས་པོ་བཟོས་དགོས། དེ་ནས་དེ་ཚོས་ཁང་པ་བཟོས་ཕྱིར་ས་སྦག་དང་དེ་ལ་བཟུང་ཕྱིར་བྲག་ཞུན་བེད་སྤྱོད་བྱེད་དོ། 4ཁོང་ཚོས། ད་གྲོང་ཁྱེར་ཞིག་དང་དེའི་ནང་མཁར་མཐོ་པོ་ནམ་མཁའ་ལ་ཐུག་པ་ཞིག་བཟོ་དགོས། དེ་ལྟར་བཟོས་ན་ང་ཚོའི་མིང་སྐད་གྲགས་བྱུང་སྟེ་འཛམ་གླིང་ནང་ང་ཚོ་འཐོར་བར་མི་འགྱུར་ཞེས་སྨྲས་སོ། 5དེ་ནས་མི་རྣམས་ཀྱིས་རྩིགས་པའི་གྲོང་ཁྱེར་དང་མཁར་མཐོ་པོ་གཟིགས་པར་གཙོ་བོ་དཀོན་མཆོག་མར་ཕེབས་ནས། 6གཙོ་བོ་དཀོན་མཆོག་གིས་གསུངས་པ། ད་མི་བརྒྱུད་ཐམས་ཅད་གཅིག་ཡིན་པས་སྐད་ཡང་གཅིག་ཡོད་པ་དང་། དེ་ཚོས་གང་འདྲ་བྱེད་ཡོང་ངམ། ཐོག་མར་ཁོ་ཚོས་རང་འདོད་བཞིན་ལས་ཀ་འདྲ་མི་འདྲ་བྱས་ཐུབ་པར་འགྱུར། 7མར་ཕྱིན་ནས་དེ་ཚོའི་སྐད་གཅིག་དེ་ཕན་ཚུན་ཧ་མ་གོ་བའི་ཕྱིར་ང་ཚོ་མར་བབས་ཏེ་ཁོ་ཚོའི་སྐད་དེ་འཛོལ་བར་བྱེད་དགོས་གསུངས་པ་དང་། 8དེ་ལྟར་གཙོ་བོ་དཀོན་མཆོག་གིས་ས་གཞི་ཀུན་ལ་ཁོང་ཚོ་ཐམས་ཅད་ཐོར་བར་མཛད་པས། དེ་ཚོས་གྲོང་ཁྱེར་དེ་བརྩིགས་རྒྱུ་མཚམས་བཞག་གོ 9གྲོང་ཁྱེར་དེའི་མིང་བྷ་བེལ་ཞེས་བཏགས་སོ། དེ་གང་ལ་ཞེ་ན། དེར་གཙོ་བོ་དཀོན་མཆོག་གིས་དེ་དག་གི་སྐད་གཅིག་དེ་འཛོལ་བར་གནང་བས་། དེ་ནས་འཛམ་གླིང་ཐམས་ཅད་ཀྱི་ནང་དེ་ཚོ་ཚང་མ་འཐོར་བར་མཛད་པ་ཡིན་ནོ༎

ཤེམ་གྱི་རིགས་བརྒྱུད་རྣམས།

(༡ སྔོན་རབ་ ༡:༢༤-༢༧)

10ཤེམ་གྱི་རིགས་བརྒྱུད་ནི་དེ་ལྟར་ཡིན། ཆུ་ལོག་ཡོང་བའི་ལོ་གཉིས་ཀྱི་རྗེས་སུ་ཤེམ་ལོ་ ༡༠༠ ལོན་དུས་བུ་ཨར་པག་ཤད་བྱུང་ངོ། 11དེ་རྗེས་ཁོང་ད་དུང་ལོ་ ༥༠༠ བཞུགས་པ་དང་། ཕྲུ་གུ་གཞན་ཡང་བྱུང་ངོ་། 12ཨར་པག་ཤད་ལོ་སུམ་ཅུ་སོ་ལྔ་ལོན་དུས་བུ་ཤེ་ལཱ་བྱུང་ངོ། 13དེ་རྗེས་ཁོང་ད་དུང་ལོ་ ༤༠༣ བཞུགས་པ་དང་། ཕྲུ་གུ་གཞན་ཡང་བྱུང་ངོ་། 14ཤེ་ལཱ་ལོ་སུམ་ཅུ་ལོན་དུས་བུ་ཨེ་བྷེར་བྱུང་ངོ། 15དེ་རྗེས་ཁོང་ད་དུང་ལོ་ ༤༠༣ བཞུགས་པ་དང་། ཕྲུ་གུ་གཞན་ཡང་བྱུང་ངོ་། 16ཨེ་བྷེར་ལོ་སུམ་ཅུ་སོ་བཞི་ལོན་དུས་བུ་པེ་ལེག་བྱུང་ངོ་། 17དེ་རྗེས་ཁོང་ད་དུང་ལོ་ ༤༣༠ བཞུགས་པ་དང་ཕྲུ་གུ་གཞན་ཡང་བྱུང་ངོ་། 18པེ་ལེག་ལོ་སུམ་ཅུ་ལོན་དུས་བུ་རུ་བྱུང་ངོ་། 19དེ་རྗེས་ཁོང་ད་དུང་ལོ་ ༢༠༩ བཞུགས་པ་དང་། ཕྲུ་གུ་གཞན་ཡང་བྱུང་ངོ་། 20རུ་ལོ་སུམ་ཅུ་སོ་གཉིས་ལོན་དུས་བུ་སེ་རུག་བྱུང་ངོ་། 21དེ་རྗེས་ཁོང་ད་དུང་ལོ་ ༢༠༧ བཞུགས་པ་དང་། ཕྲུ་གུ་གཞན་ཡང་བྱུང་ངོ་། 22སེ་རུག་ལོ་སུམ་བཅུ་ལོན་དུས་བུ་ན་ཧོར་བྱུང་ངོ་། 23དེ་རྗེས་ཁོང་ད་དུང་ལོ་ ༢༠༠ བཞུགས་པ་དང་། ཕྲུ་གུ་གཞན་ཡང་བྱུང་ངོ་། 24ན་ཧོར་ལོ་ཉི་ཤུ་རྩ་དགུ་ལོན་དུས་བུ་ཏེ་རཱ་བྱུང་ངོ་། 25དེ་རྗེས་ཁོང་ད་དུང་ལོ་ ༡༡༩ བཞུགས་པ་དང་། ཕྲུ་གུ་གཞན་ཡང་བྱུང་ངོ་། 26ཏེ་རཱ་ལོ་བདུན་ཅུ་ལོན་དུས་ཁོང་ཨབ་རམ་དང་ན་ཧོར་དང་ཧ་རན་གྱི་ཕ་རུ་འགྱུར་རོ༎

ཏེ་རཱའི་མི་བརྒྱུད་རྣམས།

27ཨབ་རམ་དང་ན་ཧོར་དང་ཧ་རན་གྱི་ཕ་ཏེ་རཱའི་རིགས་བརྒྱུད་ནི་འདི་ལྟར་ཡིན། ཧ་རན་ལོད་ཀྱི་ཕ་རུ་འགྱུར་རོ། 28ཁོང་གི་ཕ་ཏེ་ར་གསོན་པོར་བཞུགས་སྐབས་ཧ་རན་ནི་རང་ཉིད་སྐྱེས་པའི་ས་གནས་བྷེ་བྷི་ལོ་ནི་ཡ་གི་ཨུར་ཞེས་པའི་གྲོང་ཁྱེར་ནང་གྲོངས་སོ། 29ཨབ་རམ་གྱིས་ས་ར་ཡི་མཉམ་དུ་ཆང་ས་བརྒྱབ་བོ། ན་ཧོར་གྱི་ཧ་རན་གྱི་བུ་མོ་མིལ་ཀཱ་དང་ཆང་ས་རྒྱབ་བོ། ཧ་རན་ནི་ཡིསི་ཀཱའི་ཕ་ཡིན་ནོ། 30ས་ར་ཡི་ལ་ཕྲུ་གུ་མ་བྱུང་ངོ་། 31ཏེ་རཱས་རང་གི་བུ་ཨབ་རམ་དང་མནའ་མ་ས་ར་ཡི་དང་རང་གི་ཚ་བོ་ལོད་(ཧ་རན་གྱི་བུ) དང་མཉམ་དུ་འཁྲིད་ནས། ཡུལ་ཀ་ནན་ཕྱོགས་སུ་འགྲོ་བའི་ཕྱིར་བྷེ་བྷི་ལོ་ནི་ཡའི་ཨུར་གྲོང་ཁྱེར་ནས་ཐོན་ཏེ། དེ་ཚོ་ཧ་རན་དུ་སོང་ནས་དེར་གནས་སོ། 32ཏེ་རཱ་ལོ་ ༢༠༥ ལོན་ཏེ་ས་གནས་དེར་གྲོངས་སོ༎

བཀོད་པ 12

དཀོན་མཆོག་གིས་ཨབ་རམ་ལ་འབོད་པ།

1དེ་ནས་གཙོ་བོ་དཀོན་མཆོག་གིས་ཨབ་རམ་ལ་གསུངས་པ། ད་ཁྱོད་རང་གི་ཕ་ཡུལ་དང་གཉེན་མཚན་དང་ཕའི་ཁང་པ་ནས་ཐོན་ཏེ་ངས་ཁྱོད་ལ་བསྟན་པའི་ཡུལ་དུ་སོང་ཞིག 2ངས་ཁྱོད་ལ་རིགས་བརྒྱུད་མང་པོ་སྤྲོད་རྒྱུ་ཡིན། དེ་ཚོ་ནི་མི་རིགས་སྙན་གྲགས་ཆེནཔོ་ཞིག་བྱུང་ཡོང་། ངས་ཁྱོད་ལ་བྱིན་གྱིས་རླབས་ནས། ཁྱོད་སྙན་གྲགས་དང་ལྡན་པར་འགྱུར་ཏེ། བྱིན་རླབས་ཀྱི་རྒྱུ་ཞིག་བྱུང་ཡོང་། 3ཁྱོད་ལ་བྱིན་རླབས་བཏང་མཁན་ཚོ་ལ་ངས་ཀྱང་བྱིན་རླབས་སྤྲད་བར་བྱ། ཁྱོད་ལ་དམོད་པ་བརྒྱབ་མཁན་ཚོ་ལ་ངས་ཀྱང་དམོད་པ་བརྒྱབ་པར་བྱའོ། ཁྱོད་ཀྱི་སྒོ་ནས་ས་གཞིའི་མི་རིགས་ཐམས་ཅད་བྱིན་གྱིས་རླབས་པར་འགྱུར་རོ་ཞེས་གསུངས་སོ། 4གཙོ་བོ་དཀོན་མཆོག་གི་བཀའ་བཞིན་དུ་ཨབ་རམ་ལོད་དང་བཅས་སོང་ངོ་། ཧ་རན་ཡུལ་ནས་སོང་བའི་སྐབས་ཨབ་རམ་ལོ་བདུན་ཅུ་དོན་ལྔ་ལོན་ཡོད་དོ། 5ཨབ་རམ་རང་གི་ཆུང་མ་ས་ར་ཡི་ནུ་བོའི་བུ་ལོད་དང་། ཧ་རན་དུ་བསགས་པའི་ནོར་ཐམས་ཅད་དང་བྲན་གཡོག་དང་བྲན་མོ་རྣམས་མཉམ་དུ་འཁྲིད་ནས་ཡུལ་ཀ་ནན་དུ་སོང་ནས། དེ་ཚོ་ཀ་ནན་ཡུལ་དུ་བསླེབས་སོ། 6ཨབ་རམ་ཤེ་ཀེམ་ཞེས་པའི་དམ་པའི་ས་གནས་དེར་མོ་རཱེ་རུ་ཡོད་པའི་དམ་པའི་ཤིང་གི་འགྲམ་དུ་མ་སླེབས་བར་ངལ་མ་བསོས་སོ། དེའི་ཚེ་ཀ་ནན་པ་རྣམས་ཀྱང་ས་གནས་དེར་གནས་ཀྱི་ཡོད་དོ། 7དེ་ནས་ཨབ་རམ་ལ་གཙོ་བོ་དཀོན་མཆོག་གི་ཞལ་མཇལ་བྱུང་ནས་ཁོང་ལ་གསུངས་པ། ཁྱོད་ཀྱི་མི་བརྒྱུད་ཐམས་ཅད་ལ་ཡུལ་འདི་སྤྲད་བཞིན་ཡོད། ས་གནས་དེར་ཞལ་མཇལ་གནང་བའི་གཙོ་བོ་དཀོན་མཆོག་ལ་ཨབ་རམ་གྱིས་མཆོད་ཁྲི་ཞིག་བཟོས་སོ། 8དེའི་རྗེས་སུ་ཡུལ་བེ་ཐེལ་གྱི་ཤར་ཕྱོགས་སུ་ཡོད་པའི་རི་ཞིག་ཏུ་ཕྱིན་ནས། བེ་ཐེལ་གྱི་ནུབ་ཕྱོགས་དང་ཨེ་ཞེས་པའི་ཡུལ་གྱི་ཤར་ཕྱོགས་སུ་ཡོད་པའི་གནས་ཤིག་ཏུ་གུར་ཕུབ་པ་དང་། དེར་ཁོང་གི་རང་གི་གཙོ་བོ་དཀོན་མཆོག་ལ་མཆོད་ཁྲི་ཞིག་བཟོས་ཏེ་མཆོད་པ་ཕུལ་ལོ། 9དེ་ནས་ཁོང་ས་གནས་གཅིག་ནས་གཞན་དུ་ཕྱིན་ཞིང་། ཡུལ་ཀ་ནན་གྱི་ལྷོ་ཕྱོགས་སུ་སོང་ངོ་༎

ཨབ་རམ་ཨི་ཇིབ་དུ་འགྲོ་བ།

10འོན་ཀྱང་ཀ་ནན་གྱི་ཡུལ་དུ་མུ་གེ་ཤོར་ཡོད་པས། ཨབ་རམ་བྱེས་སུ་གནས་པའི་ཕྱིར་ཨི་ཇིབ་དུ་ཕྱིན་ནས་དེར་གནས་སོ། 11ཨི་ཇིབ་ཀྱིི་ས་མཚམས་སུ་སླེབས་རན་སྐབས་ཨབ་རམ་གྱིས་རང་གི་ཆུང་མ་ས་ར་ཡི་ལ་སྨྲས་པ། ཁྱོད་ནི་བལྟ་བ་ལ་མཛེས་པོ་ཡོད་པས། 12འོན་ཀྱང་ཨི་ཇིབ་པ་རྣམས་ཀྱིས་ཁྱོད་མཐོང་ནས་ངའི་ཆུང་མ་ཡིན་པར་ཤེས་ཏེ། དེ་ཚོས་ང་བསད་དེ་ཁྱོད་གསོན་པོར་འཇོག་པར་འགྱུར་རོ། 13དེའི་ཕྱིར་ཁྱོད་ནི་ངའི་སྲིང་མོ་ཡིན་ཞེས་ལབ་ཅིག། དེ་ལྟར་བྱས་ན་ཁོང་ཚོས་ང་ལ་སྤྱོད་ལམ་ཡག་པོ་བྱས་ཏེ་ངའི་སྲོག་ཐར་བར་འགྱུར། 14དེ་ནས་ཨབ་རམ་ཨི་ཇིབ་དུ་བསླེབས་པ་དང་། ཡུལ་མི་རྣམས་ཀྱིས་ཁོའི་ཆུང་མ་ཤིན་ཏུ་མཛེས་པོ་ཡོད་པ་མཐོང་ནས། 15རྒྱལ་པོའི་ལས་བྱེད་པ་རྣམས་ཀྱིས་ཀྱང་མོ་རང་མཛེས་པོ་ཡོད་པའི་སྐོར་རྒྱལ་པོ་ལ་ཞུས་པས། མོ་རང་ཕོ་བྲང་ནང་དུ་འཁྲིད་དོ། 16མོ་རང་གི་ཕྱིར་རྒྱལ་པོས་ཨབ་རམ་ལ་གུས་ཞབས་བྱེད་དེ། ར་ལུག་དང་། བ་གླང་དང་། བོང་བུ་དང་། རྔ་མོང་དང་། བྲན་གཡོག་དང་བྲན་མོ་རྣམས་གནང་ངོ་། 17འོན་ཀྱང་ཨབ་རམ་གྱི་ཆུང་མ་ས་ར་ཡིའི་ཕྱིར་རྒྱལ་པོ་དང་ཕོ་བྲང་ནང་ཡོད་པའི་མི་རྣམས་ཀྱི་ཁྲོད་དུ་གཙོ་བོ་དཀོན་མཆོག་གིས་ནད་སྡུག་པོ་རྣམས་གཏོང་གནང་ངོ་། 18དེ་ནས་རྒྱལ་པོས་ཨབ་རམ་ལ་བོས་ནས་འདྲི་བ། ཁྱོད་ཀྱིས་ང་དང་མཉམ་དུ་དེ་ལྟར་ཅི་ལ་བྱས་པ་ཡིན་ནམ། ས་ར་ཡི་ནི་ཁྱོད་ཀྱི་ཆུང་མ་ཡིན་ཟེར་ཅིའི་ཕྱིར་ང་ལ་མ་བཤད་དམ། 19མོ་ངའི་སྲིང་མོ་ཡིན་ཟེར་ནས་ཅིའི་ཕྱིར་ལབ་བམ། མོ་ངའི་ཆུང་མར་འགྱུར་བཅུག་པར་ཅི་ཕྱིར་སྤྲད་པ་ཡིན་ནམ། ད་ཁྱོད་རང་གི་ཆུང་མ་འདི་རུ་ཡོད། མོ་ལ་འཁྲིད་དེ་སོང་ཞིག 20རྒྱལ་པོས་རང་གི་མི་རྣམས་ལ་བཀའ་གནང་བ་ལྟར། དེ་ཚོའི་ཨབ་རམ་དང་ཁོའི་ཆུང་མ་དང་ཁོང་ལ་ཡོད་པའི་ནོར་དང་བཅས་པ་ཨི་ཇིབ་ནས་བཏང་ངོ་༎

བཀོད་པ 13

ཨབ་རམ་དང་ལོད་སོ་སོར་འགྲོ་བ།

1དེ་ནས་ཨབ་རམ་དང་རང་གི་ཆུང་མ་དང་ཁོ་ལ་ཡོད་པའི་ནོར་ཐམས་ཅད་འཁྱེར་ནས་ལོད་དང་བཅས་པ་ཨི་ཇིབ་ནས་ཀ་ནན་གྱི་ལྷོ་ཕྱོགས་ཁུལ་དུ་སོང་ངོ་། 2ཨབ་རམ་ཧ་ཅང་ཕྱུག་པོ་ཡིན་པ་དང་། ཁོང་ལ་ར་ལུག་དང་། བ་གླང་དང་། གསེར་དངུལ་མང་པོ་ཡོད་པ་ཡིན་ནོ། 3དེ་ནས་ཁོང་གིས་ས་ཆ་དེ་སྤངས་ཏེ་ས་གནས་སྤོས་བཞིན་ཡུལ་བྷེ་ཐེལ་ཕྱོགས་སུ་སོང་ངོ་། ཁོང་གིས་སྔོན་དུ་རང་གི་གུར་ཕུབ་ནས་བསྡད་པའི་བྷེ་ཐེལ་དང་ཨེ་ཀྱི་ཁྲོད་ཀྱི་ས་གནས་སུ་སླེབས་སོ། 4སྔོན་དུ་ཁོས་མཆོད་ཁྲི་ཞིག་བཟོསཡོད་པ་དང་། དེར་གཙོ་བོ་དཀོན་མཆོག་ལ་མཆོད་པ་ཕུལ་ལོ། 5ལོད་ལའང་ར་ལུག་བ་གླང་སོགས་དང་། རང་གི་ནང་མི་དང་གཡོག་པོ་བཅས་ཡོད་པ་ཡིན་ནོ། 6ཁོང་གཉིས་ཀྱི་ཕྱུགས་ཟོག་གི་ཆད་དུ། རྩ་ཁ་མང་པོ་མེད་པའི་རྐྱེན་མཉམ་དུ་བསྡད་མི་སྲིད་པ་བྱུང་ངོ་། གང་ལ་ཟེར་ན། དེ་ཚོའི་ཕྱུགས་ཟོག་མང་པོ་ཡོད་པ་ཡིན་ནོ། 7དེའི་རྐྱེན་གྱིས་ཨབ་རམ་དང་ལོད་ཀྱི་ཁྱུའི་རྫི་བོ་རྣམས་ཀྱི་བར་ལ་འཁྲུགས་རྩོད་བྱུང་ངོ་། དེ་སྐབས་ཀ་ནན་པ་དང་པེ་རི་ཟི་པ་རྣམས་ཡུལ་དེའི་ནང་གནས་བཞིན་ཡོད་དོ། 8དེ་ནས་ཨབ་རམ་གྱིས་ལོད་ལ་སྨྲས་པ། ང་གཉིས་གཉན་མཚན་ཡིན་པས། ངེད་གཉིས་ཀྱི་མི་རྣམས་དེ་ལྟར་འཁྲུགས་རྩོད་བྱེད་མི་ཉན། 9དེའི་རྐྱེན་ང་ཚོ་སོ་སོར་འགྲོ་བ་ལེགས་པས། ཁྱོད་ཀྱི་འདོད་པ་ལྟར་ས་ཆ་འདམས་ཤིག། ཁྱོད་ཕྱོགས་གཅིག་ཏུ་སོང་ཞིག ང་ཕྱོགས་གཞན་དུ་འགྲོ་རྒྱུ་ཡིན། 10ལོད་ཀྱིས་ཕྱོགས་བཞིར་བལྟས་ཏེ་ཆུ་ཤིན་ཏུ་འབོལ་པོ་ཡོད་པའི་ཡོར་དན་ལུང་གཤོང་ནི་ཛོ་ཨར་བར་དུ་ཁྱབ་ཡོད་པ་མཐོང་ངོ་། དེར་གཙོ་བོ་དཀོན་མཆོག་གི་ལྡུམ་ར་ཨི་ཇིབ་ཡུལ་དང་འདྲ་བ་ཡོད་པ་ཡིན་ནོ། ས་གནས་དེ་ནི་གཙོ་བོ་དཀོན་མཆོག་གིས་སོ་དྷོམ་དང་གོ་མོ་ར་མེད་པར་གནང་བའི་སྔོན་གྱི་ལོ་རྒྱུས་ཡིན་ནོ། 11དེ་ལྟར་ལོད་ཀྱིས་ཡོར་དན་ལུང་གཤོང་ཆ་ཚང་འདམས་ནས་ཤར་ཕྱོགས་སུ་སོང་ངོ་། དེ་ལྟར་གཉན་མཚན་གཉིས་སོ་སོར་གྱེས་སོ། 12ཨབ་རམ་ཀ་ནན་ཡུལ་ནང་གནས་པ་དང་། ལོད་ནི་ལུང་གཤོང་གི་གྲོང་ཁྱེར་རྣམས་ཀྱི་ཁྲོད་དུ་སོ་དྷོམ་གྱི་ཉེ་འགྲམ་དུ་གནས་སོ། 13སོ་དྷོམ་གྱི་མི་རྣམས་ངན་པ་ཡིན་པ་དང་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་ཚབ་ཆེན་བྱས་སོ༎

ཨབ་རམ་ཧེབ་རོན་དུ་འགྲོ་བ།

14ལོད་གྱེས་པའི་རྗེས་སུ་དཀོན་མཆོག་གིས་ཨབ་རམ་ལ་གསུངས་པ། ཁྱོད་ལངས་པའི་ས་གནས་དེ་ནས་ཕྱོགས་བཞིར་ལྟོས་ཤིག 15ཁྱོད་ཀྱི་མཐོང་བའི་ས་གཞི་ཐམས་ཅད་ངས་ཁྱོད་དང་ཁྱོད་ཀྱི་བུ་བརྒྱུད་རྣམས་ལ་དུས་གཏན་དུ་ཁྱོད་ལ་བདག་རྒྱུ་ཡིན། 16སུ་ཞིག་གིས་ཀྱང་རྩིས་མི་ཐུབ་པའི་བུ་དང་ཚ་བོ་ཁྱོད་ལ་སྤྲོད་རྒྱུ་ཡིན། དེ་ལས་ས་གཞིའི་རྡུལ་རྩིས་བར་ལས་སླ་པོ་ཡོད་འགྲོ། 17ད་སོང་ལ་ཡུལ་ཀུན་ཏུ་ལྟོས་ཤིག། གང་ལ་ཞེ་ན། འདི་ཚོ་ཚང་མ་ངས་ཁྱོད་ལ་སྟེར་བར་བྱའོ། 18ཨབ་རམ་གྱིས་རང་གི་གུར་སྤོས་ནས་ཧེབ་རོན་དུ་ཡོད་པའི་མམ་རེ་བྱ་བའི་དམ་པའི་ཤིང་རྣམས་ཀྱི་འགྲམ་དུ་གནས་སོ། དེར་ཁོང་གིས་གཙོ་བོ་དཀོན་མཆོག་ལ་མཆོད་ཁྲི་ཞིག་བཟོས་སོ༎

བཀོད་པ 14

ཨབ་རམ་གྱིས་ལོད་སྐྱབས་པ།

1དེའི་སྐབས་སུ་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ཨམ་ར་ཕེལ་དང་། ཨེ་ལ་སར་གྱི་རྒྱལ་པོ་ཨ་རི་ཨོག་དང་། ཨེ་ལམ་གྱི་རྒྱལ་པོ་ཀེ་དོར་ལ་ཨོ་མེར་དང་། གྷོ་ཡིམ་གྱི་རྒྱལ་པོ་ཊི་དལ་དང་བཅས་བཞི་པོས། 2སོ་དྷོམ་གྱི་རྒྱལ་པོ་བྷེ་ར་དང་། གྷོ་མོ་རཱའི་རྒྱལ་པོ་བྷིར་ཤ། ཨད་མཱའི་རྒྱལ་པོ་ཤི་ནབ། ཛེ་བོ་ཨིམ་གྱི་རྒྱལ་པོ་ཤེ་མེ་བེར། བྷེ་ལའི་(ཡང་ན་ཛོ་ཨར་)རྒྱལ་པོ་ལྔའི་ཐོག་ཏུ་དམག་རྒྱབ་པར་ཡོང་ངོ་། 3རྒྱལ་པོ་ལྔ་རྣམས་མཐུན་ནས་རང་གི་དམག་མི་རྣམས་བཀུགས་ནས་སིད་དྷིམ་གྱི་ལུང་གཤོང་ནང་ཡོང་ངོ་། དེར་དེང་སང་ཚའི་རྒྱ་མཚོ་ཟེར་རོ། 4ལོ་བཅུ་གཉིས་བར་དུ་ཁོ་ཚོ་རྒྱལ་པོ་ཀེ་དོར་ལ་ཨོ་མེར་གྱི་དབང་འོག་ཏུ་ཡོད་པ་ཡིན། འོན་ཀྱང་ལོ་བཅུ་གསུམ་སོང་བ་དང་ཁོ་ཚོས་ངོ་ལོག་བྱས་སོ། 5ལོ་བཅུ་བཞི་པར་ཀེ་དོར་ལ་ཨོ་མེར་གྱིས་རང་གི་མཐུན་གྲོགས་རྒྱལ་པོ་རྣམས་དང་མཐུན་ནས་དམག་མི་འཁྲིད་ཡོང་ངོ་། ཨཤ་ཐེ་རོད་ཀར་ནེམ་དུ་རེ་ཕ་ཨིམ་ལ། ཧམ་དུ་ཛུ་ཛིམ་ལ་དང་། ཀི་རི་ཡཱ་ཐེམ་གྱི་ལུང་གཤོང་དུ་ཨེ་མིམ་དང་། 6ཨེ་དྷོམ་རི་བོར་རྣམས་སུ་ཧོར་པ་ལ་ཕམ་པར་བྱས་ནས། འབྲོག་སྟོང་གི་མཐའ་མཚམས་སུ་ཡོད་པའི་ཨེལ་པ་རན་བར་དུ་དེད་དོ། 7དེ་ནས་ཁོ་ཚོ་ལོག་ནས་ཀ་དྷེཤི་དུ་ཡོང་ངོ་། (ས་གནས་དེ་ལ་དེ་དུས་ཨེན་མིཤ་པད་ཟེར་བཞིན་ཡོད།) དེ་ཚོས་ཨ་མོར་པ་རྣམས་ལའང་རྒྱལ་ལོ། 8དེ་ནས་སོ་དྷོམ་གྷོ་མོ་རཱ། ཨད་མཱ། ཛེ་བོ་ཨིམ་དང་བྷེ་ལའི་རྒྱལ་པོ་རྣམས་དམག་རྒྱབ་ཕྱིར་དམག་མི་རྣམས་བཀུག་ནས་སིད་དྷིམ་གྱི་ལུང་གཤོང་དུ་སོང་ངོ་། 9དེ་ཚོས་ཨེ་ལམ། གྷོ་ཡིམ། བྷེ་བྷི་ལོ་ནི་ཡ་དང་ཨེ་ལ་སར་གྱི་རྒྱལ་པོ་རྣམས་ཀྱི་ཐོག་ཏུ་དམག་རྒྱབ་བོ། དེ་ལྟར་རྒྱལ་པོ་ལྔས་རྒྱལ་པོ་བཞིའི་ཐོག་ཏུ་འཐབ་བོ། 10ལུང་གཤོང་དུ་བྲག་ཞུན་གྱི་ས་དོང་ཤིན་ཏུ་མང་པོ་ཡོད་པའི་རྐྱེན་གྱིས་སོ་དྷོམ་དང་གྷོ་མོ་རཱའི་རྒྱལ་པོ་རྣམས་བྲོས་སྐབས་དོང་ནང་འཛག་སོང་། གཞན་རྒྱལ་པོ་གསུམ་ནི་རིའི་སྒང་བྲོས་སོ། 11རྒྱལ་པོ་བཞིས་བཟའ་བཅའ་དང་བཅས་སོ་དྷོམ་དང་གྷོ་མོ་རཱར་གང་ཡོད་པ་ཚང་མ་འཁྱེར་རོ། 12ཨབ་རམ་གྱི་ནུ་བོ་ལོད་ནི་སོ་དྷོམ་ནང་གནས་ཡོད་ཅིང་། རྒྱལ་པོ་དེ་ཚོས་ལོད་དང་ཁོའི་རྒྱུ་ནོར་ཚང་མ་འཁྱེར་རོ། 13འོན་ཀྱང་མི་ཞིག་བྲོས་ཤོར་ཏེ། ཨིབ་རི་པ་ཨབ་རམ་གྱི་རྩར་སོང་ནས་དེའི་སྐོར་ཚང་མ་བཤད་དོ། ཨ་མོར་པའི་མམ་རའི་དམ་པའི་ཤིང་སྡོང་ཚོའི་འགྲམ་རྒྱུད་ནས་ཨབ་རམ་བསྡད་ཡོད་པ་དང་། མམ་རེ་དང་ཁོའི་སྤུན་རྣམས་ཨེཤ་ཀོལ་དང་། ཨ་ནེར་ནི་ཨབ་རམ་གྱི་གྲོགས་པོ་ཡིན་ནོ། 14རང་གི་ནུ་བོ་ལོད་ལ་བཟུང་ཡོད་པའི་གནས་ཚུལ་ཐོས་མ་ཐག་ཏུ་ཨབ་རམ་གྱིས་རང་གི་སྒར་གི་དམག་མི་ ༣༡༨ འབོད་ནས་རྒྱལ་པོ་བཞི་ཆར་དཱན་བྱ་བའི་ཡུལ་བར་དུ་དེད་དོ། 15དེར་ཁོང་གིས་རང་གི་མི་རྣམས་ལ་སོ་སོར་བྱས་ནས། དགྲ་ཚོར་མཚན་མོར་བཙན་རྒོལ་བྱས་ཏེ་རྒྱལ་ཁ་ཐོབ་བོ། དྷ་མསེ་ཀསེ་བྱ་བའི་ལུང་པའི་བྱང་ཕྱོགས་སུ་ཡོད་པའི་ཡུལ་ཧོ་བཱ་བར་དུ་དེད་དོ། 16ཁོང་ཚོས་བཅོམ་པའི་ནོར་ཚང་མ་ཕྱིར་ལོག་བྱས་ཏེ། རང་གི་ནུ་བོ་ལོད་དང་ཁོའི་ནོར་དང་བུད་མེད་རྣམས་དང་བཙོན་པ་རྣམས་ལ་ཡང་ཕྱིར་སློག་བྱས་སོ༎

རྒྱལ་པོ་མེལ་ཀི་ཛེ་དེག་གིས་ཨབ་རམ་ལ་བྱིན་རླབས་གནང་བ།

17-18ཀེ་དོར་ལ་ཨོ་མེར་དང་རྒྱལ་པོ་གཞན་རྣམས་ཀྱི་ཐོག་ཏུ་རྒྱལ་ཁ་ཐོབ་པའི་རྗེས་སུ་ཨབ་རམ་ཕྱིར་ལོག་གོ སོ་དྷོམ་གྱི་རྒྱལ་པོ་ཁོང་ལ་འཕྲད་ཕྱིར་ཤ་ཝཱེའི་ལུང་གཤོང་དུ་ཡོང་ངོ་། (ས་གནས་དེ་ལ་རྒྱལ་པོའི་ལུང་གཤོང་ཡང་ཟེར་རོ།) དེའི་རྗེས་སུ་ས་ལེམ་གྱི་རྒྱལ་པོ་མེལ་ཀི་ཛེ་དེག་གིས་བག་ལེབ་དང་རྒུན་ཆང་ཕུལ་བར་ཡོང་ངོ་། ཁོང་ནི་བླ་ན་མེད་པའི་དཀོན་མཆོག་གི་བླ་མ་ཞིག་ཀྱང་ཡིན་ནོ། 19ཁོང་གིས་ཨབ་རམ་ལ་བྱིན་རླབས་གནང་ནས་གསུངས་པ། གནམ་ས་གཉིས་ཀྱི་མཛད་པ་པོ་བླ་ན་མེ་ད་པའི་དཀོན་མཆོག་གིས་ཨབ་རམ་ཁྱོད་ལ་བྱིན་གྱིས་རླབས་པར་ཤོག་ཅི། 20ཁྱོད་ལ་དགྲ་བོ་རྣམས་ལས་སྐྱབས་པ་གནང་མཁན་བླ་ན་མེད་པའི་དཀོན་མཆོག་ལ་བཀྲ་ཤིས་ཤོག་ཅེས་སྨྲས་སོ། ཨབ་རམ་གྱིས་ནོར་ཐམས་ཅད་ལས་བཅུ་ཁག་གཅིག་རྒྱལ་པོ་མེལ་ཀི་ཛེ་དེག་ལ་ཕུལ་ལོ། 21དེ་ནས་སོ་དྷོམ་གྱི་རྒྱལ་པོས་ཨབ་རམ་ལ། ཁྱེད་ཀྱི་ཐོབ་པའི་ནོར་ཐམས་ཅད་ཁྱེད་ཀྱི་བཞེས་ཤིག། ང་ལ་ངའི་མི་རྣམས་ཕྱིར་སློག་བྱོས་ཤིག་ཅེས་ཞུས་པ་དང་། 22ཨབ་རམ་གྱིས་ལན་དུ། གནམ་ས་གཉིས་ཀྱི་མཛད་པ་པོ་བླན་མེད་པའི་དཀོན་མཆོག་གི་མདུན་དུ་ངས་མནའ་འདི་འཁུར་གྱི་ཡོད། 23ཁྱེད་ཀྱི་ནོར་ཐམས་ཅད་ལས་སྐུད་པ་ཞིག་གམ་ལྷམ་སྒྲོག་ཞིག་ཀྱང་ངས་མི་ལེན་དང་། ཁྱེད་ཀྱིས་ནམ་ཡང་ཨབ་རམ་ལ་ཕྱུག་པོ་བཟོ་མཁན་ང་རང་ཡིན་ཞེས་ལབ་མི་ཐུབ། 24དེའི་རྐྱེན་ཁྱེད་ཀྱི་ནོར་ལས་ངའི་མི་རྣམས་ཀྱིས་གང་བེད་སྤྱོད་བྱེད་པ་མ་གཏོགས་ང་རང་གི་ཕྱིར་གང་ཡང་མི་དགོས། འོན་ཀྱང་ངའི་གྲོགས་པོ་ཨ་ནེར་དང་། ཨེཤ་ཀོལ་དང་མམ་རེ་ལ་སྐལ་བ་ལེན་དུ་བཅུག་ཅིག་ཅེས་སྨྲས་སོ༎

བཀོད་པ 15

དཀོན་མཆོག་གིས་ཨབ་རམ་མཉམ་དུ་དམ་བཅའ་གནང་བ།

1དེའི་རྗེས་སུ་ཨབ་རམ་གྱིས་ཞལ་གཟིགས་ཞིག་མཐོང་བའི་ནང་། དཀོན་མཆོག་གིས། ཨབ་རམ་ལ་མ་འཇིགས་ཤིག། ངས་ཁྱོད་ལ་ཉེན་ཁ་ཐམས་ཅད་ལས་སྲུང་སྟེ་བྱ་དགའ་ཆེན་པོ་ཞིག་སྟེར་བར་བྱ་ཞེས་གསུངས་སོ། 2འོན་ཀྱང་ཨབ་རམ་གྱིས་ལན་དུ། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ལགས་ང་ལ་ཕྲུ་གུ་གཅིག་ཀྱང་མེད་པའི་རྐྱེན་གྱིས་ཁྱེད་ཀྱི་བྱ་དགའ་དེ་ང་ལ་ཕན་ཐོག་མི་ཡོང་། དྷ་མསེ་ཀསེ་ཀྱི་ཨེ་ལི་ཨེ་ཛེར་ཞེས་པ་ནི་ངའི་ནོར་བདག་གཅིག་པོ་དེ་ཡིན་ནོ། 3ཁྱེད་ཀྱིས་ང་ལ་ཕྲུ་གུ་གནང་མེད་པས། ངའི་བྲན་གཡོག་གཅིག་ངའི་ནོར་བདག་ཏུ་འགྱུར་ཡོང་ཞུས་སོ། 4གཙོ་བོ་དཀོན་མཆོག་གིས་འདི་ལྟར་གསུངས་པ་ཁོང་གིས་ཐོས་སོ། བྲན་གཡོག་ཨེ་ལི་ཨེ་ཛེར་ཁྱོད་ཀྱི་ནོར་བདག་ཏུ་འགྱུར་མི་ཡོང་། ཁྱོད་ཀྱི་བུ་དེའི་ནོར་བདག་ཏུ་འགྱུར་ཡོང་། 5ཁོང་གིས་ཁོ་ལ་ཕྱི་རོལ་དུ་འཁྲིད་དེ། ནམ་མཁར་བལྟས་ཏེ་སྐར་མ་རྣམས་རྩིས་ཤིག དེ་ལྟར་ཁྱོད་ཀྱི་རིགས་བརྒྱུད་འབྱུང་བར་འགྱུར་གསུངས་སོ། 6ཨབ་རམ་གྱིས་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ལོ། གཙོ་བོ་དཀོན་མཆོག་ཁོ་དང་ཐུགས་དགྱེས་ནས་ཁོ་ལ་ངོས་ལེན་གནང་ངོ་། 7དེ་ནས་གཙོ་བོ་དཀོན་མཆོག་གིས་ཁོ་ལ། བྷེ་བྷི་ལོ་ནི་ཡའི་ཨུར་ནས་ཁྱོད་ལ་འཁྲིད་དེ་ཡུལ་འདི་སྟེར་མཁན་གཙོ་བོ་དཀོན་མཆོག་དེ་ང་རང་ཡིན་ཞེས་གསུངས་སོ། 8འོན་ཀྱང་ཨབ་རམ་གྱིས་ལན་དུ། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་དེ་ལྟར་བྱུང་བ་ངས་ཇི་ལྟར་ཤེས་སམ་ཞེས་འདྲི་པས། 9ལན་དུ་ཁོང་གིས། ངའི་མདུན་དུ་བ་ཕྱུགས་ལོ་གསུམ་པ་ཞིག་དང། ར་མོ་ལོ་གསུམ་ལོན་པ་གཅིག། ལུག་ལོ་གསུམ་ལོན་པ་གཅིག། ཕུག་རོན་གཅིག་དང་འང་གུ་ཞིག་འཁྱེར་ཤོག་གསུངས་པ་དང་། 10ཨབ་རམ་གྱིས་དེ་རྣམས་དཀོན་མཆོག་གི་རྩར་འཁྱེར་ཡོང་ངོ་། དེ་རྣམས་ཕྱེད་ཀ་བཏུབ་ནས་ཁག་གཉིས་སུ་བཞག་གོ འོན་ཀྱང་བྱ་གཉིས་དེ་མ་བཏུབ་བོ། 11བྱ་རྒོད་རྣམས་ཤ་ཟ་ཕྱིར་བབ་པས། ཨབ་རམ་གྱིས་དེད་དོ། 12ཉི་མ་ནུབ་འགྲོ་བའི་སྐབས་སུ་ཨབ་རམ་ལ་གཉིད་ལྗིད་པོ་ཞིག་ཁུག་པ་དང་། འཇིགས་སྣང་ཆེན་པོ་ཞིག་ཁོ་ལ་བྱུང་ངོ་། 13གཙོ་བོ་དཀོན་མཆོག་གིས་ཁོ་ལ་གསུངས་པ། ཁྱོད་ཀྱི་མི་བརྒྱུད་རྣམས་ནི་གཞན་གྱི་ཡུལ་དུ་ཕྱི་མི་རྣམས་འབྱུང་ཡོང་། དེར་ཁོང་ཚོས་བྲན་གཡོག་བྱས་ཏེ་ལོ་ ༤༠༠ བར་ཁོང་ཚོར་དབང་གནོན་བྱེད་ཡོང་། 14འོན་ཀྱང་དེ་རྣམས་ལ་བྲན་གཡོག་ཏུ་འགྱུར་བཅུག་མཁན་མི་རིགས་རྣམས་ལ་ངས་ཉེས་པ་བཏང་བར་བྱ། དེ་ཚོ་ཕྱི་ཡུལ་ནས་ཐོན་སྐབས་ཁོང་ཚོས་རྒྱུ་ནོར་མང་པོ་འཁྱེར་བར་བྱའོ། 15ཁྱོད་རང་ལོ་རྒས་པའི་རྗེས་སུ་ཞི་བདེའི་ནང་ཤི་ནས་དུར་དུ་སྦས་པར་འགྱུར་རོ། 16མི་རབས་བཞིའི་རྗེས་སུ་ཁྱོད་ཀྱི་མི་བརྒྱུད་རྣམས་ས་གནས་འདིར་ཡོང་བར་འགྱུར། གང་ལ་ཟེར་ན། ཨ་མོར་པ་རྣམས་ཀྱི་ལས་ངན་ཐམས་ཅད་མ་སྒྲུབ་བར་དུ་ངས་དེ་ཚོ་ལ་དེད་པར་མི་འགྱུར་གསུངས་སོ། 17ཉི་མ་ནུབ་ནས་མུན་པ་བྱུང་བའི་ཚེ། དེ་མ་ཐག་ཏུ་དུ་བ་ཐོན་བཞིན་མེའི་སྣོད་དང་འབར་བཞིན་པའི་མེ་ལྕེ་ཞིགམཐོང་བ་དང་། སེམས་ཅན་དེ་ཚོའི་ཤའི་དཀྱིལ་ནས་ཕྱིན་ནོ། 18དེ་མ་ཉིད་དུ་དཀོན་མཆོག་གིས་ཨབ་རམ་དང་དམ་བཅའ་མཛད་དེ་ཁོང་གིས་གསུངས་པ། ཨི་ཇིབ་ཀྱི་ས་མཚམས་ནས་ཡུབ་རད་གཙང་པོ་ཆེན་པོའི་བར་དུ་ཡོད་པའི། 19ཀེ་ནེ་པ་དང་། ཀེ་ནེ་ཛི་པ། ཀད་མོ་པ། 20ཧི་ཏི་པ་རྣམས། པེ་རི་ཛི་པ། རེ་ཕ་ཨིམ་པ། 21ཨ་མོར་པ་རྣམས། ཀ་ནན་པ་རྣམས། གྷིར་ག་ཤི་པ་རྣམས། ཡ་བུ་སི་པ་ཚོའི་ཡུལ་དང་བཅས་པ་ངས་ཁྱོད་ཀྱི་རིགས་བརྒྱུད་ལ་སྟེར་རོ༎

བཀོད་པ 16

ཧ་གྷར་དང་ཨིཤ་མ་ཨེལ།

1ཨབ་རམ་གྱི་ཆུང་མ་ས་ར་ཡི་ལ་ཕྲུ་གུ་མ་སྐྱེས་སོ། འོན་ཀྱང་མོ་རང་ལ་ཨི་ཇིབ་ཡུལ་གྱི་བྲན་མོ་ཧ་གྷར་ཞེས་པ་ཞིག་ཡོད་པས། 2ས་ར་ཡིས་ཨབ་རམ་ལ་སྨྲས་པ། གཙོ་བོ་དཀོན་མཆོག་གིས་ངའི་མངལ་དེ་འགོག་གནང་ཡོད་པས། ད་ཁྱེད་ངའི་བྲན་མོ་དང་མཉམ་དུ་ཉོལ་ཞིག གཅིག་བྱེས་ན་མོ་ལས་ངའི་ཆེད་དུ་ཕྲུ་གུ་ཞིག་སྐྱེ་ཐུབ་ཡོང་། ཨབ་རམ་གྱིས་ས་ར་ཡིས་ལབ་པར་ཉན་ནོ། 3ས་ར་ཡིས་ཨབ་རམ་ལ་རང་གི་བྲན་མོ་དང་མཉམ་དུ་སྡོད་བཅུག་གོ ཨབ་རམ་ཀ་ནན་དུ་གནས་ནས་ལོ་བཅུའི་རྗེས་སུ་བྱ་བ་འདི་བྱུང་ངོ་། 4ཨབ་རམ་གྱིས་ཧ་གྷར་མཉམ་དུ་ཉལ་ནས་མོ་རང་མངལ་དང་ལྡན་པ་ཤེས་ཏེ་ང་རྒྱལ་སྐྱེད་ནས། ས་ར་ཡི་ལ་སྨད་པར་བྱེད་དོ། 5དེ་ནས་ས་ར་ཡིས་ཨབ་རམ་ལ། ཁྱེད་ཀྱི་རྐྱེན་གྱིས་ཧ་གྷར་གྱིས་ང་ལ་སྨད་པ་དང་། ངས་རང་གི་བྲན་མོ་ཁྱེད་ལ་སྤྲད་ཀྱང་། ད་མོ་རང་མངལ་དང་ལྡན་པ་ཤེས་ནས་མོས་ང་ལ་སྨད་པས། ད་གཙོ་བོ་དཀོན་མཆོག་གིས་ཁྱེད་དང་ངས་བར་སུ་བདེན་པ་ཡིན་མིན་ཞལ་ཆེ་གཅོད་པར་ཤོག་ཅེས་སྨྲས་སོ། 6ཨབ་རམ་གྱིས་ལན་ལ། ཧ་གྷར་ཁྱོད་ཀྱི་བྲན་མོ་ཡིན་པས་ཁྱོད་ཀྱི་དབང་འོག་ཏུ་ཡོད། ཁྱོད་ཀྱི་མོ་ལ་ག་རེ་འོས་པ་བཞིན་དུ་བྱོས་ཤིག་ཅེས་སྨྲས་སོ། དེ་ནས་ས་ར་ཡིས་ཧ་གྷར་ལ་སྡང་པོ་བྱས་པ་དང་ཧ་གྷར་བྲོས་སོ། 7ཡུལ་ཤུར་གྱི་ལམ་དུ་འབྲོག་སྟོང་གི་ཆུ་མིག་གཅིག་གི་འགྲམ་དུ་གཙོ་བོའི་ཕོ་ཉ་ཞིག་མོ་དང་འཕྲད་དེ། 8ས་ར་ཡི་བྲན་མོ་ཧ་གྷར་ཁྱོད། ག་ནས་ཡོང་སྟེ་ས་ཆ་ག་རུ་འགྲོའམ་ཞེས་ཕོ་ཉས་འདྲི་པས། ལན་དུ་ཧ་གྷར་གྱིས། ངའི་ཇོ་མོ་ས་ར་ཡི་དྲུང་ནས་བྲོས་བཞིན་ཡོད་སྨྲས་པ་དང་། 9ཕོ་ཉས་གསུངས་པ། ད་ཁྱོད་རང་རང་གི་ཇོ་མོའི་ཙར་ཕྱིར་ལོག་ནས་མོའི་གཡོག་བྱོས་ཤིག 10དེ་ནས་ཁོང་གིས་གསུངས་པ། ངས་ཁྱོད་ཀྱི་བུ་བརྒྱུད་ཤིན་ཏུ་མང་པོ་འགྱུར་བཅུག་ཏེ་དེ་རྣམས་ཀྱི་གྲངས་སུས་ཀྱང་རྩིས་མི་ཐུབ་བོ། 11ཁྱོད་ལ་བུ་ཞིག་སྐྱེས་ཡོང་། ཁོའི་མིང་ཨིཤ་མ་ཨེལ་བཏགས་ཤིག། གང་ལ་ཞེ་ན། གཙོ་བོ་དཀོན་མཆོག་གིས་ཁྱོད་ཀྱི་སྡུག་བསྔལ་གྱི་ཞུ་འབོད་གསན་ཡོད། 12ཁྱོད་ཀྱི་བུ་ནི་ནགས་ཀྱི་རྐྱང་རྒོད་དང་འདྲ་བ་མི་ཐམས་ཅད་དང་མཉམ་དུ་མི་མཐུན་པ་དང་། མི་གཞན་ཐམས་ཅད་ཀྱང་ཁོ་དང་མི་མཐུན། རང་གི་གཉེན་ཚན་ཐམས་ཅད་ལས་འབྲལ་ཏེ་སོ་སོར་གནས་པར་བྱའོ། 13ཧ་གྷར་གྱིས་བསམ་པ། ངས་བདེན་པར་དཀོན་མཆོག་མཐོང་ནས་ དེའི་སྐོར་བཤད་པ་ལ་ང་ད་དུང་གསོན་པོར་ལུས་ཡོད་དམ། འདི་ལྟར་མོ་མཉམ་དུ་བཀའ་མོལ་གནང་མཁན་གཙོ་བོ་དཀོན་མཆོག་ལ་མོས་གཟིགས་པར་གནང་མཁན་དཀོན་མཆོག་ཞེས་མིང་བཏགས་སོ། 14དེའི་རྐྱེན་ཀ་དྷེཤི་དང་བྷེ་རེད་ཀྱི་བར་ལ་ཡོད་པའི་ཁྲོན་པ་དེ་ལ། ང་ལ་མཐོང་བ་གནང་མཁན་གསོན་པོའི་དཀོན་མཆོག་གི་ཁྲོན་པ་ཞེས་མི་རྣམས་ཀྱིས་མིང་བཏགས་སོ། 15ཧ་གྷར་ལས་ཨབ་རམ་གྱི་བུ་ཞིག་བྱུང་ངོ་། ཁོང་གིས་ཁོའི་མིང་ལ་ཨིཤ་མ་ཨེལ་ཞེས་བཏགས་སོ། 16དེ་དུས་ཨབ་རམ་ལོ་བརྒྱད་ཅུ་གྱ་དྲུག་ལོན་ཡོད་དོ༎

བཀོད་པ 17

དམ་བཅའི་རྟགས་ནི་མདུན་ལྤགས་བཅད་པ།

1ཨབ་རམ་ལོ་དགུ་བཅུ་གོ་དགུ་ལོན་པའི་ཚེ་གཙོ་བོ་དཀོན་མཆོག་གིས་ཁོ་ལ་མངོན་པར་མཛད་པ། ང་ནི་ཀུན་དབང་ལྡན་པའི་དཀོན་མཆོག་ཡིན། ངའི་བཀའ་ལ་ཉན་ནས་གང་བདེན་པ་ཡིན་པ་དེ་བྱོས་ཤིག 2ངས་ཁྱོད་དང་དམ་བཅའ་བྱེད་དེ་ཁྱོད་ལ་མི་བརྒྱུད་མང་པོ་སྤྲོད་རྒྱུ་ཡིན། 3ཨབ་རམ་གྱིས་གདོང་ས་ལ་རེག་ནས་ཕྱག་འཚལ་བ་དང་། དཀོན་མཆོག་གིས་གསུངས་པ། 4ངས་ཁྱོད་དང་མཉམ་དུ་དམ་བཅའ་འདི་འཇོག་གི་ཡོད། ཁྱོད་ནི་མི་རིགས་མང་པོའི་ཕ་མེས་སུ་འགྱུར་བ་བྱ་ཞེས་ངས་མནའ་འདི་འཇོག་གི་ཡིན། 5ད་ཕྱིན་ཆད་ཁྱོད་ཨབ་རམ་མ་ཡིན། ཨབ་ར་ཧམ་ཟེར་བར་འགྱུར། དེ་གང་ཡིན་ཟེར་ན། ངས་ཁྱོད་ལ་མི་བརྒྱུད་མང་པོའི་ཕ་མེས་སུ་འགྱུར་བའི་ཕྱིར་ཡིན་ནོ། 6ངས་ཁྱོད་ལ་མི་བརྒྱུད་ཤིན་ཏུ་མང་པོ་སྤྲོད་རྒྱུ་ཡིན། དེའི་ནང་ནས་མི་རིགས་མང་པོ་བྱུང་བར་འགྱུར། འགའ་ཤས་ནི་རྒྱལ་པོ་འབྱུང་བར་འགྱུར་རོ། 7ངས་ཁྱོད་དང་ཁྱོད་ཀྱི་མི་བརྒྱུད་དང་མ་འོངས་པའི་མི་རབས་རྣམས་དང་བཞག་པའི་དམ་བཅའ་དེ་དུས་རྒྱུན་གྱི་ཕྱིར་དུ་འཇོག་རྒྱུ་ཡིན། ཁྱོད་དང་ཁྱོད་ཀྱི་མི་བརྒྱུད་ཀྱི་དཀོན་མཆོག་ང་ཡིན་པར་འགྱུར་རོ། 8ད་ལྟ་ཁྱོད་རང་ཕྱི་རྒྱལ་བ་ལྟར་གནས་ཡོད་པའི་ཡུལ་འདི། ངས་ཁྱོད་དང་ཁྱོད་ཀྱི་མི་བརྒྱུད་ལ་སྤྲོད་རྒྱུ་ཡིན། ཀ་ནན་ཡུལ་ཡོངས་སུ་དུས་རྒྱུན་གྱི་ཕྱིར་དུ་ཁྱོད་ཀྱི་མི་བརྒྱུད་ལ་སྟེར་རྒྱུ་ཡིན་པ་དང་། ང་དེ་ཚོའི་དཀོན་མཆོག་ཡིན་པར་འགྱུར། 9དཀོན་མཆོག་གིས་ཨབ་ར་ཧམ་ལ་གསུངས་པ། མ་འོངས་པའི་དུས་སུ་ཁྱོད་དང་ཁྱོད་ཀྱི་མི་བརྒྱུད་ཐམས་ཅད་ཀྱིས་ང་མཉམ་དུ་ཞག་པའི་དམ་བཅའ་འདི་སྲུང་དགོས། 10ཁྱོད་དང་ཁྱོད་ཀྱི་མི་བརྒྱུད་རྣམས་ཀྱི་ཁྲོད་དུ་ཕོ་ཡིན་པ་ཐམས་ཅད་ཀྱི་མདུན་ལྤགས་གཅོད་དགོས། 11-12ད་ནས་ཕྱིན་ཆད་སྐྱེས་ནས་ཉི་མ་བརྒྱད་ལོན་པའི་རྗེས་སུ་བུ་རྣམས་ཀྱི་མདུན་ལྤགས་བཅད་དགོས། ཁྱོད་ཀྱི་ནང་དུ་སྐྱེས་པའི་བྲན་གཡོག་གི་བུ་རྣམས་དང་ཕྱི་རྒྱལ་ཡུལ་ནས་ཉོས་པའི་བྲན་གཡོག་རྣམས་ཀྱི་བུ་རྣམས་ལ་དེ་ལྟར་མདུན་ལྤགས་གཅོད་དགོས། དེ་ལྟར་བྱས་པའི་སྒོ་ནས་ཁྱོད་དང་ངའི་བར་ལ་དམ་བཅའ་ཅིག་འཇོག་ཡོད་པ་དེ་བསྟན་རྒྱུ་ཡིན། 13ཕོ་ཐམས་ཅད་ཀྱི་མདུན་ལྤགས་གཅོད་དགོས། ང་དང་ཁྱོད་ཀྱི་བར་ལ་བཞག་པའི་དམ་བཅའ་དེ་དུས་རྒྱུན་གྱི་ཕྱིར་ཡིན་པའི་ལུས་གཟུགས་ཀྱི་རྟགས་སུ་འགྱུར་རོ། 14མདུན་ལྤགས་མ་བཅད་པའི་མི་ངའི་འབངས་སུ་བརྩི་བར་མི་འགྱུར། གང་ལ་ཟེར་ན། དེས་ང་མཉམ་དུ་བཞག་པའི་དམ་བཅའ་དེ་རྩིས་མེད་བྱས་པ་ཡིན་ནོ། 15དཀོན་མཆོག་གིས་ཨབ་ར་ཧམ་ལ་གསུངས་པ། ད་ནས་ཕྱིན་ཆད་ཁྱོད་ཀྱི་ཆུང་མའི་མིང་ས་ར་ཡི་མི་ཟེར་བར་ས་རཱ་ཞེས་པར་འགྱུར། 16ངས་མོ་ལ་བྱིན་གྱིས་རླབས་ཏེ། མོ་ནས་ཁྱོད་ལ་བུ་ཞིག་སྤྲོད་རྒྱུ་ཡིན། ངས་མོ་ལ་བྱིན་གྱིས་རླབས་ནས་མི་རིགས་མང་པོའི་མ་རུ་འགྱུར་ཡོང་། མོ་ནས་སྐྱེས་པའི་མི་བརྒྱུད་ལས་རྒྱལ་པོའང་འབྱུང་བར་འགྱུར། 17ཨབ་ར་ཧམ་སྒུར་ནས་ཐོད་པས་ས་ལ་རེག་ནས། གད་མོ་ཤོར་ནས། རང་གི་སེམས་ལ། ལོ་ ༡༠༠ ལོན་པ་ཞིག་ལ་ཕྲུ་གུ་སྐྱེས་སྲིད་དམ། ས་རཱ་ལོ་དགུ་བཅུ་ཡིན་པ་ལ་ཕྲུ་གུ་ཞིག་སྐྱེས་བར་སྲིད་དམ་ཞེས་བསམས་སོ། 18ཨབ་ར་ཧམ་གྱིས་དཀོན་མཆོག་ལ་ཞུས་པ། ཨིཤ་མ་ཨེལ་ངའི་ནོར་བདག་ཏུ་འགྱུར་བཅུག་པར་མཛད་དམ་ཞེས་ཞུས་པས། 19འོན་ཀྱང་དཀོན་མཆོག་གིས་གསུངས་པ། དེ་ལྟར་བྱེད་མི་བཅུག། ཁྱོད་ཀྱི་ཆུང་མ་ས་རཱ་ལ་བུ་ཞིག་སྐྱེས་ཡོང་། ཁྱོད་ཀྱིས་དེའི་མིང་ཨི་སཱག་ཞེས་བཏགས་དགོས། ཁོ་དང་ཁོའི་རིགས་བརྒྱུད་ཐམས་ཅད་དང་མཉམ་དུ་ངས་དུས་གཏན་གྱི་ཕྱིར་དམ་བཅའ་བྱེད་པར་བྱ། དམ་བཅའ་དེ་ནི་གཏན་གྱི་ཆེད་དུ་ཡིན། 20ཁྱོད་ཀྱིས་ཨིཤ་མ་ཨེལ་གྱི་ཕྱིར་ཁྱོད་ཀྱི་ཞུ་བ་དེ་ངས་ཐོས་བྱུང་། དེར་བརྟེན་ངས་ཁོ་ལ་བྱིན་གྱིས་རླབས་ཏེ་མི་རིགས་མང་པོ་སྤྲོད་རྒྱུ་ཡིན། ཁོའི་རིགས་བརྒྱུད་ནང་རྒྱལ་སྲས་བཅུ་གཉིས་སྐྱེས་པ་དང་། ཁོའི་རིགས་བརྒྱུད་ལ་མི་རིགས་རླབས་ཆེན་ཞིག་བཟོ་རྒྱུ་ཡིན། 21འོན་ཀྱང་ལོ་རྗེས་མ་ད་ལྟའི་དུས་སྐབས་སུ་ས་རཱ་ལས་སྐྱེས་པའི་བུ་ཨི་སཱག་དང་མཉམ་དུ་ངས་དམ་བཅའ་འཇོག་རྒྱུ་ཡིན། 22ཨབ་ར་ཧམ་དང་བཀའ་མོལ་གནང་ཚར་བའི་རྗེས་སུ་དཀོན་མཆོག་འཕགས་སོ། 23ཉིན་དེ་རང་ལ་ཨབ་ར་ཧམ་གྱིས་དཀོན་མཆོག་གིས་བཀའ་བཞིན་བྱས་ཏེ། རང་གི་བུ་ཨིཤ་མ་ཨེལ་དང་། ནང་དུ་ཡོད་པའི་སྐྱེས་པ་རྣམས་དང་། རང་གི་ནང་དུ་སྐྱེས་པའམ་རང་གིས་གཞན་ནས་ཉོས་པའི་བྲན་གཡོག་ཐམས་ཅད་ཀྱི་མདུན་ལྤགས་བཅད་དོ། 24མདུན་ལྤགས་བཅད་དུས་ཨབ་ར་ཧམ་ལོ་དགུ་ཅུ་གོ་དགུ་ལོན་ཡོད་པ་དང་། 25ཁོའི་བུ་ཨིཤ་མ་ཨེལ་ལོ་བཅུ་གསུམ་ལོན་ཡོད་དོ། 26-27ཁོང་ཕ་བུ་གཉིས་ཀའི་མདུན་ལྤགས་ཉིན་གཅིག་རང་ལ་ཨབ་ར་ཧམ་གྱི་བྲན་གཡོག་ཚང་མ་དང་མཉམ་དུ་བཅད་དོ༎

བཀོད་པ 18

ཨབ་ར་ཧམ་ལ་བུ་ཞིག་གནང་རྒྱུའི་མནའ་སྐལ་གནང་བ།

1མམ་རེ་ཞེས་པའི་ཤིང་སྡོང་གི་ཉེ་འགྲམ་དུ་ཨབ་ར་ཧམ་ལ་གཙོ་བོ་དཀོན་མཆོག་མངོན་པར་མཛད་གནང་ངོ། ཉིན་གུང་ཉི་མ་ཚ་བའི་སྐབས་སུ་ཨབ་ར་ཧམ་རང་གི་གུར་གྱི་སྒོའི་འགྲམ་དུ་བསྡད་ཡོད་པ་རེད། 2ཁོས་མིག་ཡར་བལྟ་བ་དང་། མི་གསུམ་ལངས་ཡོད་པ་མཐོང་ངོ་། དེ་ཚོ་ལ་མཐོང་མ་ཐག་ཏུ་ཁོང་རྒྱུག་ཅིང་དེ་ཚོ་ལ་འཕྲད་དུ་ཕྱིན་ནས། མགོ་སྒུར་ཞིང་གདོང་ས་ལ་རེག་ནས། 3ཁོང་གིས་གསུངས་པ། གཙོ་བོ་ལགས། ཁྱེད་རྣམས་ངའི་ནང་ལ་ངལ་གསོ་མ་གནང་བར་མ་ཕེབས་རོགས་གནང་། ཁྱེད་རྣམས་ལ་ཞབས་ཕྱི་ཞུ་བར་ང་འདིར་ཡོད། 4ཁྱེད་རྣམས་ཀྱི་ཞབས་འཁྲུ་བར་ཆུ་ཕྲན་བུ་འཁྱེར་ནས་ཡོང་གི་ཡིན། དེར་ཤིང་གི་འོག་ཏུ་སྐུ་ངལ་གསོས་ཤིག་དང་། 5ཞལ་ལག་ཡང་འཁྱེར་ནས་ཡོང་གི་ཡིན། དེས་ཕྱོགས་ཐོན་བྱེད་རྒྱུར་སྟོབས་རྙེད་ཡོང་། ངའི་ནང་ལ་ཕེབས་ནས་ཆེ་བསྟོད་གནང་སོང་། དེར་བརྟེན་ད་ང་ལ་ཞབས་ཕྱི་ཞུ་རུ་འཇུག་རོགས་གནང་། དེ་ཚོས་ལན་དུ། ཐུགས་རྗེ་ཆེ་ཁྱོད་ཀྱི་གཏམ་དེར་ང་ཚོས་ངོས་ལེན་ཡོད། 6ཨབ་ར་ཧམ་གུར་ནང་རྒྱུག་ནས་ས་རཱ་ལ། གྲོ་ཞིབ་ལེགས་ཤོས་ལས་བརྫིས་ཏེ་མགྱོགས་པོར་བག་ལེབ་འགའ་ཤས་བཟོས་ཤིག་ཅེས་ལབ་བོ། 7དེ་རྗེས་ཨབ་ར་ཧམ་ཕྱུགས་ཀྱི་ཁྱུའི་ནང་རྒྱུག་ཏེ་བེའུ་གཞོན་པ་རྒྱག་པ་ཞིག་འདམས་ནས་གཡོག་པོ་ལ་སྤྲད་པ་དང་། ཁོས་མྱུར་དུ་ཕྱིན་ནས་དེ་དག་གྲ་སྒྲིག་བྱས་སོ། 8ཁོང་གིས་འོ་མ་དང་མར་གང་ཙམ་ཞིག་དང་། ཤ་དེ་མི་དེ་ཚོའི་མདུན་དུ་ཕུལ་ནས། དེར་ཤིང་སྡོང་གི་འོག་ཏུ་དེ་ཚོ་ལ་ཁ་ཟས་དྲངས་ནས་དེ་ཚོས་ཟས་སོ། 9དེ་ནས་དེ་ཚོས་ཁོང་ལ། ཁྱོད་ཀྱི་ཆུང་མ་ག་རུ་ཡོད་དམ་ཞེས་དྲིས་པས། ལན་དུ་ཨབ་ར་ཧམ་གྱིས། མོ་གུར་ནང་ཡོད་ཞུས་སོ། 10དེའི་ནང་ནས་གཅིག་གིས་སྨྲས་པ། ད་ནས་ཟླ་བ་དགུའི་རྗེས་སུ་ཕྱིར་ལོག་ཡོང་སྐབས་ཁྱོད་ཀྱི་ཆུང་མ་ས་རཱ་ལ་བུ་ཞིག་སྐྱེས་ཡོང་ཞེས་གསུངས་པ་དང་། ས་རཱ་ནི་ཁོའི་རྒྱབ་དང་གུར་གྱི་སྒོར་ལངས་ནས་ཉན་ནས་ཡོད་དོ། 11ཨབ་ར་ཧམ་དང་ས་རཱ་ན་ཚོད་རྒས་ཡོད་པས། ས་རཱའི་མངལ་ཁྲག་ཆད་ཡོད་པ་རེད། 12ས་རཱ་གསང་ནས་གད་མོ་གད་ཅིང་། ང་དང་ངའི་ཇོ་བོ་ནི་ལོ་རྒས་ཚར་བས། ད་ང་ལ་བུ་ཞིག་གང་ལྟར་སྐྱེས་ཐུབ་བམ་ཞེས་བསམ་མོ། 13དེ་ནས་གཙོ་བོ་དཀོན་མཆོག་གིས་ཨབ་ར་ཧམ་ལ། མོ་ལ་ཕྲུ་གུ་སྐྱེས་མི་སྲེད་ཅེས་ས་རཱས་ཅིའི་ཕྱིར་གད་དམ། 14གཙོ་བོ་དཀོན་མཆོག་ལ་ལས་གང་ཡང་སྒྲུབ་མིཐུབ་པ་ཁག་པོ་ཡོད་དམ། ངས་ལབ་པ་ལྟར་ཟླ་བ་དགུའི་རྗེས་སུ་ང་ལོག་ཡོང་བ་དང་། ས་རཱ་ལ་བུ་ཞིག་བྱུང་ཡོང་། 15ས་རཱ་འཇིགས་ཏེ། ངས་གད་མོ་ཤོར་མེད་ཅེས་ལབ་པ་དང་། ཁོང་གིས་ཁྱོད་ཀྱི་གད་མོ་ཤོར་སོང་ཞེས་གསུངས་སོ༎

ཡུལ་སོ་དྷོམ་གྱི་ཆེད་དུ་ཨབ་ར་ཧམ་གྱིས་ཞུ་བ་འབུལ་བ།

16དེ་ནས་མི་དེ་ཚོ་ལངས་ཏེ་སོ་དྷོམ་མཐོང་བའི་གནས་སུ་ཕྱིན་པ་དང་། ཨབ་ར་ཧམ་ཕར་ཙམ་དེ་ཚོ་ལ་སྐྱེལ་བརསོང་ངོ་། 17དེ་ནས་གཙོ་བོ་དཀོན་མཆོག་གིས་འདི་ལྟར་ཐུགས་བསམ་བཞེས་ཏེ། ངས་བྱ་བ་གང་བྱས་སྐོར་ཨབ་ར་ཧམ་ནས་སྦས་མི་ཡོང་། 18ཁོའི་རིགས་བརྒྱུད་ནི་མི་རིགས་རླབས་ཆེན་ཞིག་དང་དབང་ཅན་དུ་འགྱུར་བ་དང་། ཁོའི་སྒོ་ནས་མི་རིགས་ཐམས་ཅད་ལ་བྱིན་རླབས་སྤྲོད་རྒྱུ་ཡིན། 19ཁོ་རང་གི་བུ་ཚོ་དང་ཁོའི་རིགས་བརྒྱུད་རྣམས་ལ་ངའི་བཀའ་སྲུང་བ་དང།་ གང་དྲང་པོ་དང་བདེན་པའི་སྒོ་ནས་ཁྲིམས་བྱོས་ཤིག་ཅེས་ངས་ཨབ་ར་ཧམ་ལ་འདམས་པ་ཡིན། དེ་ལྟར་དེ་ཚོས་བྱས་པ་ཡིན་ན། ངས་མནའ་སྐྱེལ་བ་ཚང་མ་ཁོའི་ཕྱིར་སྒྲུབ་པར་བྱ་རྒྱུ་ཡིན། 20དེ་ནས་གཙོ་བོ་དཀོན་མཆོག་གིས་ཨབ་ར་ཧམ་ལ་གསུངས་པ། སོ་དྷོམ་དང་གྷོ་མོ་རཱའི་ཐོག་ཉེས་པ་དྲག་པོ་བཀལ་ཡོད་པ་དང་། དེ་ཚོས་སྡིག་པ་ཆེན་པོ་བྱས་ཡོད་དོ། 21ངས་ཐོས་པའི་དེ་ཚོའི་ཉེས་པ་རྣམས་བདེན་པ་ཡིན་མིན་རྟགས་དཔྱད་བྱེད་ཕྱིར་ང་དེར་མར་འགྲོ་དགོས། 22དེ་ནས་མི་གཉིས་སོ་དྷོམ་གྱི་ཕྱོགས་སུ་སོང་ངོ་། འོན་ཀྱང་གཙོ་བོ་དཀོན་མཆོག་ནི་ཨབ་ར་ཧམ་དང་མཉམ་དུ་བཞུགས་སོ། 23གཙོ་བོ་དཀོན་མཆོག་གི་འགྲམ་དུ་སོང་ནས་ཨབ་ར་ཧམ་གྱིས་ཞུས་པ། ཁྱེད་ནི་བདེན་པར་ཉེས་མེད་ཚོ་ལའང་ཉེས་ཅན་དང་མཉམ་དུ་མེད་པར་མཛད་དམ། 24གལ་ཏེ་གྲོང་ཁྱེར་འདིའི་ནང་མི་ཉེས་མེད་ལྔ་བཅུ་ཡོད་ནའང་། གྲོང་ཁྱེར་ཚང་མ་མེད་པར་མཛད་དམ། ལྔ་བཅུ་ཐམ་པ་ལ་སྐྱབས་ཕྱིར་གྲོང་ཁྱེར་དེ་ལ་ཐར་པ་མི་གནང་ངམ། 25ངེས་པར་ཁྱེད་སྡིག་པ་བྱེད་མཁན་དང་མཉམ་དུ་མི་བཟང་པོ་རྣམས་གསོད་མི་ཡོང། དེ་ལྟར་བྱུང་མི་སྲིད་པས། ཁྱེད་ཀྱི་དེ་ལྟར་གནང་མི་ཐུབ། དེ་ལྟར་གནང་བ་ཡིན་ན། ཉེས་ཅན་རྣམས་དང་མཉམ་དུ་མི་གནོང་མེད་ལ་ཡང་ཉེས་པ་ཐོབ་པར་འགྱུར། དེ་ལྟར་བྱུང་མི་སྲིད། འཛམ་གླིང་ཐམས་ཅད་ཀྱི་ཁྲིམས་དཔོན་གྱིས་དྲང་པོའི་སྒོ་ནས་ཁྲིམས་བཅོད་གཏོང་དགོས། 26ལན་དུ་གཙོ་བོ་དཀོན་མཆོག་གིས། གལ་སྲིད་གྲོང་ཁྱེར་སོ་དྷོམ་ནང་ཉེས་སྐྱོན་མེད་པའི་མི་ལྔ་བཅུ་ཡོད་ན། དེ་དག་གི་ཕྱིར་ངས་གྲོང་ཁྱེར་དེ་ཡོངས་སུ་མེད་པར་མི་བྱེད་གསུངས་སོ། 27ཡང་སྐྱར་ཨབ་ར་ཧམ་གྱིས། ང་ནི་མི་ཞིག་ཡིན་ཀྱང་། ཁྱེད་གཙོ་བོ་ལ་ཞུ་བ་གང་ཙམ་ཕུལ་བས་དབང་མེད་པ་དང་། ཁྱེད་ལ་བློ་ཁོག་བྱེད་དེ་མུ་མཐུད་ནས་གསུང་གླེང་ཞུས་པར་བཟོད་གསོལ་གནང་རོགས་གནང། 28འོན་ཀྱང་གྲོང་ཁྱེར་དེའི་ནང་ཉེས་སྐྱོན་མེད་པའི་མི་ལྔ་བཅུའི་ཚབ་ཏུ་མི་བཞི་ཅུ་ཞེ་ལྔ་ མ་གཏོགས་མེད་ན། མི་ལྔ་ཉུང་དུ་སོང་བས་གྲོང་ཁྱེར་ཐམས་ཅད་མེད་པར་མཛད་དམ་ཞུས་པས། ཁོང་གིས། གལ་སྲིད་ཉེས་སྐྱོན་མེད་པའི་མི་བཞི་བཅུ་ཞེ་ལྔ་ཐོབ་ན། ངས་གྲོང་ཁྱེར་དེ་མེད་པར་མི་བྱའོ་ཞེས་གསུངས་སོ། 29ཡང་སྐྱར་ཨབ་ར་ཧམ་གྱིས་ཞུས་པ། གལ་སྲིད་མི་དྲང་པོ་བཞི་བཅུ་ལས་མེད་ན་གང་མཛད་དམ་ཞུས་པས། ཁོང་གིས། དེ་དག་བཞི་བཅུ་ཕྱིར་ཡང་ངས་མེད་པར་མི་བྱའོ་གསུངས་སོ། 30ཨབ་ར་ཧམ་གྱིས། གཙོ་བོ་ཐུགས་ཁྲོ་མ་མཛད་པར་ད་དུང་ང་ལ་ཞུ་འབུལ་བྱ་རྒྱུ་ཡོད་པས། གལ་སྲིད་མི་དྲང་པོ་གསུམ་བཅུ་ལས་མེད་ན་གང་མཛད་དམ་ཞུས་པས། ཁོང་གིས། དེ་ཚོ་གསུམ་བཅུའི་ཕྱིར་ཡང་ངས་མེད་པར་མི་བྱའོ་གསུངས་སོ། 31ཨབ་ར་ཧམ་གྱིས། གཙོ་བོ་ཁྱེད་ལ་བློ་ཁོག་བྱེད་དེ་མུ་མཐུད་ནས་གཏམ་གླེང་ཞུས་པ་ལ་བཟོད་གསོལ་གནང་རོགས་གནང་། གལ་སྲིད་མི་དྲང་པོ་ཉི་ཤུ་ལས་མེད་ན་གང་མཛད་དམ་ཞུས་པས། ཁོང་གིས། དེ་དག་ཉི་ཤུའི་ཕྱིར་ཡང་ངས་མེད་པར་མི་བྱའོ་གསུངས་སོ། 32ཡང་ཨབ་ར་ཧམ་གྱིས། གཙོ་བོ་ཁྱེད་ཐུགས་ཁྲོ་མི་མཛད་པར་ངའི་ཞུ་བར་ཐེངས་གཅིག་གསན་རོགས་གནང་། གལ་ཏེ་མི་དྲང་པོ་བཅུ་ལས་མེད་ན་གང་མཛད་དམ་ཞུས་པས། ཁོང་གིས། དེ་དག་བཅུ་ཕྱིར་ཡང་ངས་མེད་པར་མི་བྱའོ་གསུངས་སོ། 33དེ་ལྟར་ཨབ་ར་ཧམ་མཉམ་དུ་གསུང་གླེང་གནང་བའི་རྗེས་སུ་གཙོ་བོ་དཀོན་མཚོག་ཕར་ཕེབས་པ་དང་། ཨབ་ར་ཧམ་རང་གི་ནང་དུ་ལོག་གོ།

བཀོད་པ 19

སོ་དྷོམ་གྱི་སྡིག་པ།

1ཕོ་ཉ་དེ་གཉིས་དགོང་དྲོ་སོ་དྷོམ་དུ་ཕེབས་པ་དང་། གྲོང་ཁྱེར་གྱི་རྒྱལ་སྒོའི་འགྲམ་དུ་ལོད་བསྡད་ཡོད་ཅིང་། ཁོང་ཚོར་མཐོང་མ་ཐག་ཏུ་ལངས་ནས་འཕྲད་པར་སོང་ནས་མདུན་དུ་ཕྱག་འཚལ་ནས་ཞུས་པ། 2ཇོ་བོ་ཁྱེད་གཉིས་ལ་ཞབས་ཕྱི་ཞུ་བར་ང་ཡོད་པས། ངའི་ཁང་པའི་ནང་ཕེབས་ནས། ཞབས་འཁྲུ་བ་གནང་ནས་མཚན་མོ་དེར་བཞུགས་ཏེ་སྔ་དྲོ་བཞེངས་ནས་ཕེབས་ཤིག་ཅེས་ཞུས་པས། འོན་ཀྱངཁོང་ཚོས་ལན་དུ། ང་ཚོ་གྲོང་ཁྱེར་གྱི་འཁྱམས་རར་མཚན་སྐྱེལ་གྱི་ཡིན་ཞེས་གསུངས་སོ། 3ཁོས་ཤིན་ཏུ་ནན་བསྐུལ་བྱེད་པའི་རྗེས་སུ་མཐའ་མར་དེ་དག་ཁོང་དང་མཉམ་དུ་ཕེབས་ནས་ཁང་པའི་ནང་བཞུགས་སོ། མགྲོན་པོ་ལ་བག་ལེབ་དང་ཁ་ཟས་སྤུས་དག་སོགས་གྲ་སྒྲིག་བྱེད་དགོས་ཤེས་གཡོག་པོ་ཚོར་བཀའ་གནང་བས། གྲ་སྒྲིག་བྱས་ཚར་བ་དང་། ཁོང་ཚོས་ཟས་སོ། 4མགྲོན་པོ་ཚོ་གཟིམ་པའི་སྔོན་ལ་སོ་དྷོམ་གྲོང་ཁྱེར་གྱི་སྐྱེས་པ་ཚོ་ཡོང་ནས་ལོད་ཀྱི་ཁང་པ་མཐའ་བསྐོར་བ་དང་། མི་རྒན་གཞོན་ཚང་མ་དེར་ཡོད་དོ། 5ལོད་ལ་བོས་ཏེ། དོ་དགོང་མཚན་མོར་ཁྱོད་རྩར་གནས་ཚང་ཡོང་བའི་མི་དེ་ཚོ་ཕྱི་རུ་འཁྲིད་ཤོག། དེ་ཚོ་དང་མཉམ་དུ་འཁྲིག་པ་སྤྱོད་འདོད་ཡོད་ཅེས་ལབ་པ་དང་། 6ལོད་དེ་ཚོའི་རྩར་ཕྱི་རུ་སོང་ནས་སྒོ་རྒྱབ་ཅིང་། 7གྲོགས་པོ་རྣམས་དེ་ལྟ་བུའི་ལས་ངན་ཞིག་མ་བྱེད་ཅིག 8ཐུགས་རྫེ་གཟིགས་རོགས་གནང་། ང་ལ་ད་དུང་བུ་མོ་ན་ཆུང་མ་གཉིས་ཡོད། བུ་མོ་གཉིས་དེ་ཁྱོད་ཚོའི་ལག་ཏུ་གཏད་དེ། ཁྱོད་ཚོས་གང་འདོད་པ་ཚང་མ་བྱོས་ཤིག། འོན་ཀྱང་མི་འདི་ཚོ་ལ་གང་ཡང་མ་བྱེད་ཅིག དེ་ཚོ་ནི་ངའི་འགྲུལ་པ་ཡིན་ཙང་ངས་དེ་ཚོར་སྲུང་སྐྱོབ་བྱེད་དགོས་སོ། 9འོན་ཀྱང་མི་དེ་ཚོས་སྨྲས་པ། ཕྱི་རྒྱལ་བ་ཕར་སོང་ཞིག། ང་ཚོས་གང་བྱེད་དགོས་པ་དེ་ང་ཚོ་ལ་ལབ་མཁན་ཁྱོད་སུ་ཡིན་ནམ། ང་ཚོའི་ལམ་ནས་སོང་ཞིག། དེ་མིན་ཁོ་ཚོ་ལས་ལྷག་པ་ཁྱོད་ལ་ང་ཚོས་སྡུག་པ་བྱ་རྒྱུ་ཡིན། དེ་ཚོས་ལོད་ལ་འབུད་རྒྱག་བཏང་ནས་ཁང་པའི་སྒོ་བཅག་པར་སྔོན་དུ་འགྲོ་བས། 10འོན་ཀྱང་མི་དེ་གཉིས་ཀྱིས་ལོད་ལ་ཁང་པའི་ནང་འཐེན་ཞིང་སྒོ་རྒྱབ་བོ། 11དེ་ནས་ཁོ་ཚོས་ཕྱི་རུ་ཡོད་པའི་མི་ཚོགས་རྣམས་ལ་ལོང་བར་འགྱུར་བཅུག་པ་དང་། དེའི་རྐྱེན་གྱིས་ཁང་པའི་སྒོ་དེ་ཁོང་ཚོས་མ་རྙེད་དོ༎

ལོད་སོ་དྷོམ་ནས་ཐོན་པ།

12དེ་ནས་མི་གཉིས་ཀྱིས་ལོད་ལ། འདིར་ཡོད་པས་ཁྱོད་ཀྱི་ཕྲུ་གུ་དང་མག་པ་དང་གཞན་གཉེན་མཚན་ཐམས་ཅད་འཁྲིད་དེ་གྲོང་ཁྱེར་ནས་ཐོན་ཞིག 13གང་ཡིན་ཟེར་ན། མི་འདི་ཚོའི་ཉེས་པ་དྲག་པོ་དེ་གཙོ་བོ་དཀོན་མཆོག་གིས་ཐོས་ནས་སོ་དྷོམ་མེད་པར་བྱེད་ཕྱིར་ང་གཉིས་ལ་བཏང་ངོ་། ད་ང་ཚོས་ས་གནས་དེ་མེད་པར་བཟོས་པར་བྱའོ། 14ལོད་རང་གི་བུ་མོ་རྣམས་ཆང་ས་བརྒྱབ་པར་བག་མ་སློང་མཁན་མག་པའི་རྩར་སོང་ནས་ལོད་ཀྱི་སྨྲས་པ། མྱུར་དུ་གྲོང་ཁྱེར་ནས་ཕྱིར་ཐོན་དགོས། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་གྲོང་ཁྱེར་འདི་མེད་པར་བྱའོ་ཞེས་གསུངས་ཡོད་པས། འོན་ཀྱང་དེ་ཚོས་ལོད་ཀྱིས་ཏན་ཤིག་ལབ་པ་རེད་བསམ་མོ། 15ནམ་ལངས་སྐབས་སུ་ཕོ་ཉས་ལོད་ལ། མགྱོགས་པོ་བྱས་ནས་ད་ཁྱོད་ཀྱི་ཆུང་མ་དང་བུ་མོ་གཉིས་འཁྲིད་དེ་ས་ཆ་འདི་ནས་ཐོན་ཞིག གྲོང་ཁྱེར་དེ་མེད་པར་སོང་བའི་ཚེ་ཁྱོད་ཚོའི་སྲོག་ཡང་མེད་པར་ཆགས་པར་འགྱུར། 16ལོད་ཀྱི་འགོར་པོ་བྱས་པའི་རྐྱེན་གྱི། གཙོ་བོ་དཀོན་མཆོག་གིས་ཁོ་ལ་སྙིང་རྗེ་སྐྱེ་ཞིང་། མི་དེ་གཉིས་ཀྱི་ལོད་དང་ཁོང་གི་ཆུང་མ་དང་། ཁོང་གི་བུ་མོ་གཉིས་ཀྱི་ལག་པ་བཟུང་སྟེ་གྲོང་ཁྱེར་གྱི་ཕྱི་རུ་འཁྲིད་དོ། 17དེ་ནས་ཕོ་ཉ་གཅིག་གིས་ཁོང་ཚོ་ལ། ཁྱོད་ཚོའི་སྲོག་སྐྱོབ་པའི་ཕྱིར་ཕྱི་བལྟས་མི་བལྟ་བར་ལུང་གཤོང་དུ་མ་བསྡད་པར་རིའི་སྒང་ལ་བྲོས་ཤིག་ཅེས་བཀའ་གནང་བས། 18ལོད་ཀྱིས། གཙོ་བོ་ལགས། ང་ཚོ་ལ་དེ་ལྟར་བྱེད་དུ་མ་བཅུག་རོགས་གནང་། 19ཁྱེད་ཀྱི་ཐུགས་རྗེའི་སྒོ་ནས་ངའི་སྲོག་སྐྱོབ་ཐུབ་པ་བྱུང་བས། རི་དེ་ཤིན་ཏུ་ཐག་རིང་བ་དང་། ང་དེར་མ་སླེབས་པའི་སྔོན་ལ་ང་ཤི་བར་འགྱུར། 20གྲོང་ཁྱེར་ཆུང་ཆུང་དེ་མཐོང་གི་འདུག་གམ། དེ་ཐག་ཉེ་བས་དེ་རུ་འགྲོ་བཅུག་རོགས་གནང། ཡུལ་ཚོ་ཆུང་ཆུང་དེའི་ནང་ངའི་སྲོག་སྐྱོབ་པར་འགྱུར་ཞེས་ཞུས་པས། 21ཁོང་གིས་ལན་དུ། ཏན་ཏན་སྒྲིག་གི་འདུག། ངས་གྲོང་ཁྱེར་དེ་མེད་པར་བཟོ་རྒྱུ་མིན། 22ད་མྱུར་དུ་རྒྱུག་ཅིག ཁྱོད་དེ་རུ་མ་སླེབས་པའི་བར་དུ་ངས་གང་བྱས་མི་ཐུབ་ཅེས་གསུངས་སོ། ལོད་ཀྱིས་གྲོང་ཁྱེར་དེ་ལ་ཆུང་ཆུང་ལབ་པས་ས་གནས་དེའི་མིང་ལ་ཛོ་ཨར་19 ཛོ་ཨར་ཞེས་པ་ནི་ཨིབ་རི་པའི་སྐད་ནང་ཆུང་ངུ་དང་འདྲ་བ་ལ་ཟེར་རོ།ཞེས་བཏགས་སོ།

སོ་དྷོམ་དང་གྷོ་མོ་རཱ་མེད་པར་མཛད་པ།

23ལོད་ཛོ་ཨར་དུ་བསླེབས་པའི་ཚེ་ཉི་མ་ཤར་རོ། 24གློ་བུར་དུ་གཙོ་བོ་དཀོན་མཆོ་གིས་སོ་དྷོམ་དང་གྷོ་མོ་རཱའི་གྲོང་ཁྱེར་ཚོའི་ཐོག་འབར་བཞིན་པའི་མུ་ཟི་དང་མེ་ཕབ་པ་གནང་ནས། 25གྲོང་ཁྱེར་འདི་ཚོ་དང་དེའི་ལུང་གཤོང་ཚང་མ་དང་། དེར་ཡོད་པའི་མི་ཚང་མ་དང་། ས་རུ་གང་སྐྱེས་པ་ཐམས་ཅད་མེད་པར་མཛད་དོ། 26འོན་ཀྱང་ལོད་ཀྱི་ཆུང་མས་ཕྱི་བལྟས་ལོག་པ་དང་། མོ་རང་ཚའི་ཀ་བ་ཞིག་ཏུ་འགྱུར་རོ། 27སང་ཞོག་སྔ་པོ་ཨབ་ར་ཧམ་ཁ་སྔོན་གཙོ་བོ་དཀོན་མཆོག་གི་མདུན་དུ་བཀའ་མོལ་གནང་བའི་ས་རུ་མྱུར་དུ་ཕྱིན་ནོ། 28ཁོང་གིས་སོ་དྷོམ་དང་གྷོ་མོ་རཱའི་ལུང་གཤོང་ཡོངས་སུ་བལྟས་པ་དང་། ཐབ་ཆེན་གྱི་དུ་བ་ལྟར་ས་ནས་དུ་བ་ཐོན་པ་མཐོང་ངོ་། 29དཀོན་མཆོག་གིས་ལོད་གནས་པའི་ལུང་གཤོང་གི་གྲོང་ཁྱེར་རྣམས་མེད་པར་མཛད་སྐབས་ཁོང་གིས་ཨབ་ར་ཧམ་ཐུགས་ལ་དྲན་གསོ་གནང་བ་དང་། ལོད་ལ་སྲུང་སྐྱོབ་ཀྱི་གནས་སུ་ཐར་འཇུག་གོ།

མོ་ཨབ་དང་ཨམ་མོན་པ་རྣམས་བྱུང་ཚུལ།

30ལོད་ཛོ་ཨར་དུ་གནས་པར་འཇིགས་པས། རིའི་སྒང་ལ་སོང་ཏེ་བུ་མོ་གཉིས་དང་བཅས་བྲག་ཕུག་གཅིག་ནང་གནས་སོ། 31བུ་མོ་རྒན་པས་ཆུང་བ་ལ། ང་ཚོའི་ཕ་རྒས་ཡོད་ཅིང་། འཛམ་གླིང་ནང་སྐྱེས་པ་སུའང་གསོན་པོར་མི་འདུག་པས། ངེད་གཉིས་ལ་ཁྱོ་ག་མི་ཐོབ་པ་དང་ཕྲུ་གུའང་སྐྱེས་མི་སྲིད། 32ད་ང་ཚོའི་ཕ་ལ་རྒུན་ཆང་ཐུང་བཅུག་ནས་ར་བཟི་བཅུག་སྟེ། ང་གཉིས་ཁོང་དང་མཉམ་དུ་ཉལ་ནས་ཁོང་གི་བརྒྱུད་ནས་ང་གཉིས་ལ་ཕྲུ་གུ་སྐྱེས་ཐུབ་བོ། 33མཚན་དེར་དེ་ཚོས་རང་གི་ཕ་ལ་རྒུན་ཆང་འཐུང་བཅུག་ནས། བུ་མོ་རྒན་པས་ཁོང་དང་མཉམ་དུ་ཉལ་ལོ། འོན་ཀྱང་ཁོང་ཤིན་ཏུ་ར་བཟི་བའི་རྐྱེན་གྱིས་གང་བྱེད་པ་དེ་མ་ཤེས་སོ། 34སྔ་དྲོ་བུ་མོ་རྒན་པས། མདང་མཚན་མོར་ང་ཕ་དང་མཉམ་དུ་གཉིད་ལོག་པ་ཡིན། དེ་རིང་མཚན་ལའང་ཁོང་ལ་ར་བཟི་བཅུག་ནས་ཁོང་དང་མཉམ་དུ་ཁྱོད་རང་ཡང་གཉིད་ལོག་ཅིག ང་ཚོའི་ཕའི་བརྒྱུད་ནས་ངེད་གཉིས་ལ་ཕྲུ་གུ་སྐྱེས་ཡོང་ཞེས་ལབ་བོ། 35མཚན་དེར་ཁོང་ཚོས་ཕ་ལ་རྒུན་ཆང་ཕུལ་ནས་ར་བཟི་བཅུག་པ་དང་། བུ་མོ་ཆུང་བས་ཁོང་དང་མཉམ་དུ་ཉལ་ལོ། ཁོང་ཤིན་ཏུ་ར་བཟི་ཡོད་པའི་རྐྱེན་གྱིས་གང་བྱེད་པ་མ་ཤེས་སོ། 36དེ་ལྟར་ལོད་ཀྱི་བུ་མོ་གཉིས་ལ་རང་གི་ཕ་ནས་མངལ་དང་ལྡན་པར་འགྱུར་རོ། 37བུ་མོ་ཆེ་བ་ལ་བུ་ཞིག་སྐྱེས་ཏེ་དེའི་མིང་ལ་མོ་ཨབ་ཞེས་བཏགས་སོ། ད་ལྟའི་མོ་ཨབ་པ་རྣམས་ཀྱི་ཕ་མེས་ཡིན་ནོ། 38དེ་བཞིན་བུ་མོ་ཆུང་བ་ལའང་བུ་ཞིག་སྐྱེས་ཏེ། དེའི་མིང་བྷེ་ནམ་མི་ཞེས་བཏགས་སོ། ཁོ་ནི་ད་ལྟའི་ཨམ་མོན་པའི་ཕ་མེས་ཡིན་ནོ༎

བཀོད་པ 20

ཨབ་ར་ཧམ་དང་ཨ་བྷི་མེ་ལེག།

1དེ་ནས་ཨབ་ར་ཧམ་མམ་རེ་ནས་ལྷོ་ཕྱོགས་ཀ་ནན་དུ་སྤོས་ནས། ཀ་དྷེཤི་དང་ཤུར་གྱི་བར་ལ་ཞིས་ཆགས་སོ། དེའི་རྗེས་སུ་ཁོང་གྷེ་རར་གནས་སྐབས། 2ཁོང་གིས་རང་གི་ཆུང་མ་ས་རཱ་ལ་ངའི་སྲིང་མོ་ཡིན་ཞེས་སྨྲས་པས། དེར་བརྟེན་གྷེ་རར་གྱི་རྒྱལ་པོ་ཨ་བྷི་མེ་ལེག་གིས་ས་རཱ་ལ་རང་གི་ཕོ་བྲང་ནང་དུ་འཁྲིད་དོ། 3མཚན་མོ་ཞིག་རྨི་ལམ་ནང་དཀོན་མཆོག་གིས་ཨ་བྷི་མེ་ལེག་ལ། ཁྱོད་ཀྱིས་བླངས་པའི་བུད་མེད་ཀྱི་རྐྱེན་གྱིས་ཁྱོད་ཤི་དགོས། མོ་ནི་ཆང་ས་བརྒྱབ་ཚར་བའི་བུད་མེད་ཞིག་ཡིན་ཞེས་གསུངས་སོ། 4འོན་ཀྱང་ཨ་བྷི་མེ་ལེག་མོའི་རྩར་ཕྱིན་མེད་པས། ཁོང་གིས་དཀོན་མཆོག་ལ། གཙོ་བོ་ལགས། ང་ནི་གནོང་མེད་ཡིན། ཁྱེད་ཀྱི་ང་དང་ངའི་མི་འབངས་མེད་པར་མཛད་དམ། 5ཨབ་ར་ཧམ་གྱིས་ས་རཱ་ཁོའི་སྲིང་མོ་ཡིན་ཞེས་ལབ་པ་མ་ཟད་མོ་ཀྱང་ང་ཨབ་ར་ཧམ་གྱི་སྲིང་མོ་ཡིན་ཞེས་སྨྲས་སོ། ངས་སེམས་གཙང་མའི་སྒོ་ནས་དེ་ལྟར་བྱས་པ་ཡིན་པས་ངས་ནོར་འཁྲུལ་བྱས་མེད་དོ། ངན་པ་བྱས་ཏེ་སྤྱོད་ངན་གང་ཡང་བྱས་མེད་ཅེས་ཞུས་པ་དང་། 6རྨི་ལམ་ནང་དཀོན་མཆོག་གིས་ཁོ་ལ། ཁྱོད་ཀྱིས་སེམས་ངན་མ་བྱས་པ་དེ་ངས་ཤེས་བྱུང་། དེའི་རྐྱེན་གྱིས་ངས་ཁྱོད་ཀྱི་མོ་ལ་ལག་པ་འཆང་མ་བཅུག་པ་དང་། ངའི་མདུན་དུ་ཁྱོད་ལ་སྡིག་པ་བྱེད་མ་བཅུག་པ་ཡིན། 7འོན་ཀྱང་ད་མོ་རང་གི་ཁྱོའི་རྩར་འགྲོར་བཅུག་ཅིག མོ་རང་གི་ཁྱོ་ལ་ཕྱིར་ལོག་སྤྲོད་ཅིག། ཁོ་ནི་ལུང་སྟོན་པ་ཞིག་ཡིན་པས། ཁྱོད་གསོན་པོར་གནས་པའི་ཕྱིར་ཁོས་ཁྱོད་ཀྱི་དོན་དུ་གསོལ་བ་འདེབས་ཡོང་། གལ་ཏེ་ཁྱོད་ཀྱིས་མོ་ལ་ཕྱིར་ལོག་མ་སྤྲོད་ན། ཁྱོད་དང་ཁྱོད་ཀྱི་འབངས་ཐམས་ཅད་ཤི་བར་འགྱུར་བ་དེ་ངས་ངན་བརྡ་སྤྲོད་ཀྱིས་ཡོད། 8དེ་ནས་ཨ་བྷི་མེ་ལེག་སྔ་དྲོ་ལངས་ཏེ། ལས་བྱེད་པ་ཚང་མ་བོས་ནས། གང་བྱུང་བ་ཚང་མ་བཤད་པས། ཁོང་ཚོ་ཚང་མ་ཤིན་ཏུ་འཇིགས་སོ། 9དེ་ནས་ཨ་བྷི་མེ་ལེག་གིས་ཨབ་ར་ཧམ་ལ་བོས་ནས་ཁོ་ལ། ཁྱོད་ཀྱིས་ང་དང་ངའི་རྒྱལ་ཁབ་ལ་རྐྱེན་ངན་ཆེན་པོ་འཁྱེར་ཡོང་བས། ཁྱོད་ཀྱིས་ང་ལ་གང་བྱས་པ་ལྟར་སུ་ཞིག་གིས་ཀྱང་བྱེད་མི་རུང་བ་ཡིན་ནོ། 10ཁྱོད་ཀྱིས་ག་རེའི་དོན་དུ་འདི་འདྲ་བྱས་སམ་ཞེས་དྲིས་པས། 11ཨབ་ར་ཧམ་གྱིས་ལན་ལ། ས་ཆ་འདིར་དཀོན་མཆོག་ལ་འཇིགས་མཁན་སུ་ཡང་མེད་པས། ངའི་ཆུང་མ་ཐོབ་པའི་ཕྱིར་ང་ལ་བསད་ཡོང་བསམ་བྱུང་། 12མོ་རང་ནི་ངའི་སྲིང་མོ་བདེན་པ་ཡིན། མོ་རང་ངའི་ཕའི་བུ་མོ་ཡིན་པས་མ་སོ་སོ་ཡིན་པ་དང་། ངས་མོ་དང་ཆང་ས་བརྒྱབ་པ་ཡིན། 13དེར་བརྟེན་དཀོན་མཆོག་གིས་ངའི་ཕའི་ཁང་པ་ནས་ཕྱི་རྒྱལ་ཡུལ་དུ་བཏང་བའི་ཚེ་ངས་མོ་ལ། ཁྱོད་ཀྱི་མི་ཚང་མར་ང་ཁྱོད་ཀྱི་སྤུན་རྒན་པ་ཡིན་ཟེར་ནས་ང་ལ་ཤ་གཞན་ཡོད་པ་དེ་བསྟན་ཐུབ་ཡོང་ཞེས་སྨྲས་པ་ཡིན། 14དེ་ནས་ཨ་བྷི་མེ་ལེག་གིས་ས་རཱ་ཨབ་ར་ཧམ་གྱི་རྩར་ཕྱིར་ལོག་བཏང་ནས། ར་ལུག་དང་། བ་གླང་དང་། གཡོག་པོ་གཡོག་མོ་རྣམས་ཀྱང་མཉམ་དུ་བཏང་ངོ་། 15ཁོང་གིས་ཨབ་ར་ཧམ་ལ། ངའི་ཡུལ་འདི་ཁྱོད་ཀྱི་མདུན་དུ་ཡོད་པས། ཁྱོད་རང་དགའ་བའི་གནས་སུ་སྡོད་ཅིག། 16ཁོང་གིས་ས་རཱ་ལ། ངས་ཁྱོད་ཀྱི་སྤུན་རྒན་པ་ལ་ཁྱོད་གནོང་མེད་ཡིན་པའི་དཔང་པོའི་ཆེད་དུ་དངུལ་ཊམ་ ༡༠༠༠ སྤྲད་ཡོད། དེའི་སྒོ་ནས་ཁྱོད་ཀྱི་ནོར་འཁྲུལ་གང་ཡང་བྱེད་མེད་པ་དེ་ཚང་མས་ཧ་གོ་ཡོང་། 17-18རྒྱལ་པོས་ཨབ་ར་ཧམ་གྱི་ཆུང་མ་ས་རཱ་ལ་གང་བྱུང་བ་དེའི་རྐྱེན་གྱིས་ཨ་བྷི་མེ་ལེག་གི་ཕོ་བྲང་ནང་དུ་ཡོད་པའི་བུད་མེད་ཐམས་ཅད་ལ། ཕྲུ་གུ་སྐྱེས་མ་ཐུབ་པ་ཞིག་གཙོ་བོ་དཀོན་མཆོག་གིས་གནང་ཡོད་པས། དེར་བརྟེན་ཨབ་ར་ཧམ་གྱིས་ཨ་བྷི་མེ་ལེག་གི་ཕྱིར་སྨོན་ལམ་ཞུས་པ་དང་། དཀོན་མཆོག་གིས་ཁོང་ལ་དྲག་གསོ་བ་གནང་བ་དང་། ཁོང་གི་ཆུང་མ་དང་བྲན་གཡོག་མ་རྣམས་དྲག་གསོ་བར་བྱུང་ནས་བུད་མེད་ཐམས་ཅད་ལ་ཕྲུ་གུ་སྐྱེས་ཐུབ་པ་ཞིག་མཛད་དོ༎

བཀོད་པ 21

ཨི་སཱག་སྐྱེས་པ།

1དཀོན་མཆོག་གིས་དམ་བཅའ་གནང་བ་བཞིན་ས་རཱ་ལ་བྱིན་རླབས་གནང་ཞིང་། 2ས་རཱ་མངལ་དང་ལྡན་པར་འགྱུར་ནས། ཨབ་ར་ཧམ་རྒས་པའི་ཚེ་མོ་ལ་བུ་ཞིག་སྐྱེས་སོ། བུ་དེ་ནི་དཀོན་མཆོག་གིས་སྐྱེས་ཡོང་གསུངས་པའི་དུས་ཚོད་དེ་རང་ལ་སྐྱེས་སོ། 3ཨབ་ར་ཧམ་གྱིས་བུ་དེའི་མིང་ཨི་སཱག་ཞེས་བཏགས་སོ། 4དཀོན་མཆོག་གིས་བཀའ་གནང་བ་བཞིན་ཨི་སཱག་སྐྱེས་ནས་ཉི་མ་བརྒྱད་ལོན་པའི་རྗེས་སུ་ཨབ་ར་ཧམ་གྱིས་ཁོའི་མདུན་ལྤགས་བཅད་དོ། 5ཨི་སཱག་སྐྱེས་པའི་ཚེ་ཨབ་ར་ཧམ་ལོ་ ༡༠༠ ལོན་ཡོད་པ་དང་། 6ས་རཱས། ཕྲུ་གུ་འདི་སྐྱེས་པའི་སྒོ་ནས་དཀོན་མཆོག་གིས་ང་ལ་དགའ་བ་དང་། གད་མོ་གནང་བས། བྱ་བ་དེའི་སྐོར་ཐོས་མཁན་རྣམས་ཀྱིས་ཀྱང་ང་དང་མཉམ་དུ་གད་མོ་བགད་ཡོང། 7ས་རཱས་ཕྲུ་གུ་སྐྱེས་ཡོང་ཞེས་ཨབ་ར་ཧམ་ལ་སུ་ཞིག་གིས་ལབ་སྲིད་དམ། འོན་ཀྱང་ཁོང་རྒས་པའི་དུས་སུ་ང་ནས་ཕྲུ་གུ་ཞིག་སྐྱེས་བྱུང་ཞེས་སྨྲས་སོ། 8ཕྲུ་གུ་ཆེར་ལོངས་ཤིང་འོ་མ་བཅད་པའི་ཉིན་མོར་ཨབ་ར་ཧམ་གྱིས་མགྲོན་ཆེན་པོ་ཞིག་བཤམས་སོ༎

ཧ་གྷར་དང་ཨིཤ་མ་ཨེལ་ལ་ཕྱིར་བཏོན་པ།

9ཉིན་གཅིག་ཨབ་ར་ཧམ་ལས་བྱུང་བའི་ཨི་ཇིབ་པ་ཧ་གྷར་གི་བུ་ཨིཤ་མ་ཨེལ་གྱིས། ས་རཱའི་བུ་ཨི་སཱག་མཉམ་དུ་བསྟན་བཤིག་ཤོས་བཞིན་ཡོད་དོ། 10ས་རཱས་དེ་ཚོར་ཨབ་ར་ཧམ་ལ། བྲན་མོ་མ་བུ་གཉིས་ཀ་ཁང་པ་ནས་བཏོན་ཞིག ད་ངའི་བུ་ཨི་སཱག་ཁྱེད་ཀྱི་ནོར་བདག་ཡིན་ཏེ། བྲན་མོའི་བུ་ལ་ནོར་སྐལ་ཐོབ་མི་ཐུབ། 11དེ་ཐོས་པ་དང་ཨབ་ར་ཧམ་སེམས་འཕམ་མོ། གང་ལ་ཟེར་ན། ཨིཤ་མ་ཨེལ་ཡང་ཁོའི་ཕྲུ་གུ་ཡིན་ནོ། 12འོན་ཀྱང་དཀོན་མཆོག་གིས་ཨབ་ར་ཧམ་ལ། ཁྱོད་ཀྱི་བུ་དང་བྲན་མོའི་ཕྱིར་སེམས་འཕྲལ་མ་བྱེད་ཅིག། ས་རཱས་གང་ལབ་པ་དེ་བཞིན་བྱོས་ཤིག། གང་ལ་ཟེར་ན། ཨི་སཱག་ལས་ཁྱོད་ཀྱི་རིགས་བརྒྱུད་འབྱུང་ཡོང་ཞེས་ངས་དམ་བཅའ་བྱེད་པ་ཡིན་ནོ། 13ངས་བྲན་མོའི་བུ་ལའང་ཕྲུ་གུ་མང་པོ་སྟེར་བར་བྱ། དེ་ཚོ་ཡང་མི་རིགས་ཆེན་པོ་འགྱུར་བ་དང་། ཁོ་ཡང་ཁྱོད་ཀྱི་བུ་ཡིན་ནོ། 14སྔ་དྲོ་ཨབ་ར་ཧམ་གྱིས་ཧ་གྷར་ལ་ཁ་ཟས་ཕྲན་བུ་དང་ཀོ་བའི་རྐྱལ་པའི་ནང་འཐུང་ཆུ་རྒྱབ་ལ་འཁུར་བཅུག་ཏེ། བུ་གཉམ་དུ་ཧ་གྷར་ལ་བཏང་ངོ་། མོ་ཐོན་ནས་བྷིར་ཤེ་བྷ་ཞེས་པའི་བྱེ་ཐང་ནང་འཁྱམས་སོ། 15འཐུང་ཆུ་རྫོགས་ཚར་བའི་རྗེས་སུ་མོས་རང་གི་བུ་དེ་ཤིང་ལྡུམ་ཞིག་གི་འོག་ཏུ་བཞག་ཏེ། 16མོ་རང་མི་ཊར་ ༡༠༠ ཙམ་ཐག་རིང་དུ་བསྡད་ནས། ངའི་ཕྲུ་གུ་ཤི་བ་ངས་ལྟ་མི་ནུས་ཞེས་ལབ་ཅིང་ངུས་སོ། 17ཕྲུ་གུ་ངུ་བ་དེ་དཀོན་མཆོག་གིས་གསན་ཏེ། ནམ་མཁའ་ནས་དཀོན་མཆོག་གི་ཕོ་ཉས། ཀྱེ་ཧ་གྷར། ཁྱོད་ག་རེའི་དོན་དུ་སེམས་སྡུག་བྱེད་དམ། ཁྱོད་མ་འཇིགས་ཤིག། ཕྲུ་གུ་ངུས་པའི་སྐད་དེ་དཀོན་མཆོག་གིས་གསན་ཡོད། 18ད་ཁྱོད་ཡར་ལངས་ཤིག། སོང་ནས་ཕྲུ་གུ་དེ་ཡར་སློངས་ཤིག་དང་ངུ་མ་བཅུག་ཅིག གང་ལ་ཟེར་ན། ངས་ཁོའི་མི་བརྒྱུད་ནས་མི་རིགས་རླབས་ཆེན་ཞིག་བཟོ་བར་བྱའོ། 19དེ་ནས་དཀོན་མཆོག་གིས་མོའི་མིག་ཕྱེ་བར་གནང་སྟེ། མོས་ཁྲོན་པ་གཅིག་མཐོང་བ་དང་། དེར་སོང་སྟེ་ཀོ་བའི་རྐྱལ་པ་ཆུས་བཀང་ནས་ཕྲུ་གུ་ལའང་ཆུ་འཐུང་བཅུག་གོ། 20ཕྲུ་གུ་དེ་འཚར་ལོངས་བྱུང་སྐབས་དཀོན་མཆོག་ཁོ་དང་འགྲོགས་ཡོད། པ་རན་ཞེས་པའི་ཐ་ཁོབས་ནང་གནས་པ་དང་ཁོ་ནི་ཁྱི་ར་བ་མཁས་པ་ཞིག་བྱུང་ངོ་། 21ཁོའི་ཨ་མས་ཁོ་ལ་ཨི་ཇིབ་ཡུལ་གྱི་བུ་མོ་ཞིག་ཁོ་དང་ཆང་ས་རྒྱབ་བོ༎

ཨབ་ར་ཧམ་དང་ཨ་བྷི་མེ་ལེག་གི་བར་མཐུན་ལམ།

22དེའི་ཚེ་ཨ་བྷི་མེ་ལེག་དང་རང་གི་དམག་དཔྱི་ཕི་ཀོལ་བྱ་བ་མཉམ་དུ་སོང་སྟེ་ཨབ་ར་ཧམ་ལ། ཁྱོད་ཀྱི་བྱེད་པའི་ལས་ཐམས་ཅད་ལ་དཀོན་མཆོག་གིས་སྐྱབས་གྲོགས་མཛད་དོ། 23ཁྱོད་ཀྱིས་ང་དང་ངའི་ཕྲུ་གུ་དང་། ངའི་བུ་བརྒྱུད་ལ་གཡོ་སྒྱུ་མི་བྱེད་པའི་ཕྱིར། དཀོན་མཆོག་གི་མདུན་དུ་མནའ་སྐྱོལ་ཞིག ངས་ཁྱོད་ལ་ཤ་ཞེན་བྱས་པ་བཞིན་དུ་ང་དང་ཡུལ་འདི་ལ་ཤ་ཞེན་བྱས་པའི་ཕྱིརམནའ་སྐོལ་ཞིག 24ཨབ་ར་ཧམ་གྱིས། ངས་དེ་ལྟར་མནའ་སྐྱེལ་ལོ་ཞེས་ལབ་བོ། 25ཨ་བྷི་མེ་ལེག་གི་གཡོག་པོ་རྣམས་ཀྱིས་ཁྲོན་པ་ཞིག་འཕྲོག་ཡོད་པའི་སྐོར་ཨབ་ར་ཧམ་གྱིས་ཨ་བྷི་མེ་ལེག་ལ་སྐྱོན་བརྗོད་བྱས་སོ། 26ཨ་བྷི་མེ་ལེག་གིས་དེ་ལྟར་སུས་བྱས་པ་དེ་ངས་མི་ཤེས། ཁྱོད་ཀྱི་ང་ལ་དེ་རིང་མ་གཏོགས་མ་བཤད་པས་ངས་ཧ་མ་གོ་ཞེས་སྨྲས་སོ། 27དེ་ནས་ཨབ་ར་ཧམ་གྱིས་ལུག་དང་བ་གླང་རྣམས་འཁྲིད་དེ་ཨ་བྷི་མེ་ལེག་ལ་སྤྲད་དེ་ཁོང་གཉིས་ཀྱིས་ཁ་ཆད་བྱེད་དོ། 28ཨབ་ར་ཧམ་གྱིས་ཁོའི་ཁྱུའི་ནང་ནས་ལུག་ཐུག་བདུན་ཟུར་གཅིག་ལ་བཞག་པས། 29ཨ་བྷི་མེ་ལེག་གིས་ཁོང་ལ། ཁྱོད་ཀྱི་འདི་ལྟར་ཅིའི་ཕྱིར་བྱས་པ་ཡིན་ཞེས་དྲིས་པས། 30ཨབ་ར་ཧམ་གྱིས་ལན་དུ། ལུག་ཐུག་བདུན་པོ་འདི་ཁྱོད་ཀྱི་ལེན་ཞིག དེ་ལྟར་ལེན་པའི་སྒོ་ནས་ཁྲོན་པ་འདི་བྲུས་མཁན་དེ་ང་ཡིན་པ་ཁྱོད་ཀྱི་ཁས་ལེན་པ་ཡིན། 31དེ་ལྟར་ས་གནས་དེའི་མིང་བྷིར་ཤེ་བྷ་ཞེས་བཏགས་སོ། གང་ལ་ཟེར་ན། ཁོ་གཉིས་ཀྱིས་གནས་དེར་ཁ་ཆད་བྱས་པ་ཡིན་ནོ། 32དེར་བརྟེན་ཁོང་གཉིས་ཀྱིས་བྷིར་ཤེ་བྷ་རུ་ཁ་ཆད་བྱེད་པའི་རྗེས་སུ་ཨ་བྷི་མེ་ལེག་དང་ཕི་ཀོལ་གཉིས་ཕེ་ལེ་ཤེད་དུ་ཕྱིར་ལོག་གོ 33ཨབ་ར་ཧམ་གྱིས་བྷིར་ཤེ་བྷ་རུ་འོམ་བུ་ཤིང་ཞིག་བཙུགས་ནས། ས་གནས་དེར་ཐོག་མཐའ་མེད་པའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་མཆོད་པ་ཕུལ་ལོ། 34ཨབ་ར་ཧམ་ནི་ཕེ་ལི་ཤེད་དུ་ཡུན་རིང་པོའི་བར་དུ་གནས་སོ༎

བཀོད་པ 22

དཀོན་མཆོག་གིས་ཨབ་ར་ཧམ་ལ་ཚོད་བལྟ་གནང་བ།

1དུས་ཚོད་འགའ་ཤས་ཀྱི་རྗེས་སུ་དཀོན་མཆོག་གིས་ཨབ་ར་ཧམ་ལ་ཚོད་བལྟ་གནང་ཞིང་ཁོ་ལ། ཨབ་ར་ཧམ་ཞེས་འབོད་པས། ཁོས་ང་འདི་རུ་ཡོད་ཅེས་ཞུས་པ་དང་། 2དཀོན་མཆོག་གིས་ཁོ་ལ། ད་ཁྱོད་ཀྱིས་རང་གི་ཧ་ཅང་གཅེས་པའི་བུ་གཅིག་པུ་ཨི་སཱག་འཁྲིད་དེ་མོ་རི་ཡཱ་ཞེས་པའི་ཡུལ་དུ་སོང་ཞིག ངས་ཁྱོད་ལ་བསྟན་པའི་རི་ཞིག་ཏུ་ཁོ་ནི་ང་ལ་དམར་མཆོད་ཀྱི་ཆེད་དུ་འབུལ་ཞིག་ཅེས་བཀའ་གནང་ངོ་། 3ཨབ་ར་ཧམ་སྔ་དྲོ་ལངས་ཏེ་དམར་མཆོད་ཀྱི་ཆེད་དུ་ཤིང་འགའ་ཤས་བཅད་དེ་བོང་བུར་བཀལ་ནས། བུ་ཨི་སཱག་དང་གཡོག་པོ་གཉིས་འཁྲིད་དེ། དཀོན་མཆོག་གིས་གསུངས་པའི་གནས་སུ་སོང་ངོ་། 4ཞག་གསུམ་པ་ལ་ཨབ་ར་ཧམ་གྱིས་ས་ཆ་དེ་ཐག་རིང་ནས་མཐོང་ངོ་། 5དེ་ནས་ཨབ་ར་ཧམ་གྱིས་གཡོག་པོ་ལ། ཁྱོད་ཚོ་བོང་བུ་མཉམ་དུ་དེར་སྡོད་ཅིག་དང་། ང་དང་ངའི་བུ་གནས་དེར་ཕྱིན་ནས་སྨོན་ལམ་བཏབ་ཅིང་ཁྱོད་ཚོའི་རྩར་ལོག་ཡོང་ཞེས་སྨྲས་སོ། 6དམར་མཆོད་ཀྱི་ཤིང་དེ་ཨི་སཱག་ལ་འཁུར་བཅུག་སྟེ། ཨབ་ར་ཧམ་གྱིས་གྲི་ཞིག་དང་སོ་ལེའི་མེ་ཞིག་འཁྱེར་ནས་ཁོང་གཉིས་མཉམ་དུ་སོང་ངོ་། 7ཁོང་ཚོ་ལམ་དུ་འགྲོ་བའི་ཚེ་ཨི་སཱག་གིས་ཕ་ཨབ་ར་ཧམ་ལ། ངའི་ཡབ་ལགས། ལགས་ངའི་བུ། མེ་འབར་བའི་ཕྱིར་ཤིང་དང་སོ་ལེའི་མེ་ཡོད་ཀྱང་། དམར་མཆོད་ཀྱི་ཕྱིར་ལུ་གུ་ག་རུ་ཡོད་དམ་ཞེས་ཨི་སཱག་གིས་ཞུས་སོ། 8ཨབ་ར་ཧམ་གྱིས། དཀོན་མཆོག་རང་ཉིད་ཀྱིས་ང་ཚོ་ལ་ལུག་གུ་ཞིག་གནང་ཡོང་ཞེས་སྨྲས་པ་དང་། ཁོ་གཉིས་མཉམ་དུ་མུ་མཐུད་ནས་སོང་ངོ་། 9དཀོན་མཆོག་གིས་གསུངས་པའི་གནས་སུ་བསླེབས་ཏེ། ཨབ་ར་ཧམ་གྱིས་དེ་རུ་མཆོད་ཁྲི་ཞིག་བཟོས་ནས་ཤིང་སྒྲིག་པ་དང་། རང་གི་བུ་ཨི་སཱག་ཐག་པའི་བསྡམས་ནས་མཆོད་ཁྲིའི་ཤིང་གི་སྒང་དུ་བཞག་གོ 10དེ་ནས་ཨབ་ར་ཧམ་གྱིས་བུ་བསད་པའི་ཕྱིར་ལག་པའི་གྲི་དེ་ཡར་འཆར་བ་དང་། 11འོན་ཀྱང་གཙོ་བོ་དཀོན་མཆོག་གི་ཕོ་ཉས་ནམ་མཁའ་ནས་བོས་ཏེ། ཨབ་ར་ཧམ། ཨབ་ར་ཧམ་གསུངས་པ་དང་། ཁོས་ང་འདི་རུ་ཡོད་ཞུས་པ་ལས། 12ཕོ་ཉས། ཁྱོད་ཀྱི་བུ་ལ་གནོད་པ་གང་ཡང་མ་བྱེད་ཅིག། ད་ལྟ་ངའི་དོན་དུ་ཁྱོད་ཀྱིས་རང་གི་བུ་གཅིག་པུ་དེའང་མ་འཕང་པས། ད་ཁྱོད་ཀྱིས་དཀོན་མཆོག་ལ་གུས་ཞབས་དང་བཀའ་སྲུང་བ་དེ་ངས་ཤེས་བྱུང་གསུངས་སོ། 13ཨབ་ར་ཧམ་གིས་ཡར་བལྟས་པ་དང་། ཤིང་ལྡུམ་ཞིག་གི་འོག་ཏུ་ར་ཅོ་ཁོན་ཡོད་པའི་ལུག་གུ་ཞིག་མཐོང་ངོ་། ལུག་གུ་དེ་བླངས་ནས་རང་གི་བུའི་ཚབ་ཏུ་སྦྱིན་སྲེག་གི་མཆོད་པར་ཕུལ་ལོ། 14ཨབ་ར་ཧམ་གྱིས་ས་གནས་དེའི་ལ་གཙོ་བོ་དཀོན་མཆོག་གིས་གནང་བར་འགྱུར་ཞེས་མིང་བཏགས་སོ། དེའི་ཕྱིར་དེ་རིང་གི་བར་དུ་མི་ཐམས་ཅད་ཀྱི་ས་གནས་དེ་ནི་དཀོན་མཆོག་གི་རི་བོར་རུ་ཁོང་གིས་གནང་བར་འགྱུར་ཞེས་ཟེར་རོ། 15གཙོ་བོ་དཀོན་མཆོག་གི་ཕོ་ཉས་ཨབ་ར་ཧམ་ལ་ནམ་མཁའ་ནས་ཡང་སྐྱར་བོས་ཏེ་གསུངས་པ། 16གཙོ་བོ་དཀོན་མཆོག་གིས་གསུངས་བཞིན་ཡོད། ངའི་མིང་གི་ནང་དམ་བཅའ་བྱེད་ཡོད། ཁྱོད་ཀྱིས་ལས་འདི་བྱས་པ་དང་། ཁྱོད་རང་གི་བུ་གཅིག་པུ་དེ་ང་ལས་མ་བཀག་པས་ངས་ངེས་པར་དུ་ཁྱོད་ལ་བྱིན་རླབས་སྤྲོད་རྒྱུ་ཡིན། 17དེར་བརྟེན་ངས་མནའ་འདི་འཇོག་གི་ཡོད། ནམ་མཁར་ཡོད་པའི་སྐར་མ་རྣམས་དང་རྒྱ་མཚོའི་མཐའ་ལ་ཡོད་པའི་བྱེ་མ་ལྟར་ཁྱོད་ལ་རིགས་བརྒྱུད་མང་པོ་སྤྲོད་རྒྱུ་ཡིན། ཁྱོད་ཀྱི་རིགས་བརྒྱུད་རྣམས་ཀྱིས་རང་གི་དགྲ་བོ་རྣམས་ལ་དབང་འཛིན་བྱེད་པར་འགྱུར། 18ཁྱོད་ཀྱི་ངའི་བཀའ་ལ་ཉན་པའི་རྐྱེན་གྱིས་ངས་ཁྱོད་ཀྱི་རིགས་བརྒྱུད་ལ་བྱིན་གྱིས་རླབས་པ་ལྟར། ཁོ་ཚོ་ལའང་བྱིན་རླབས་ཐོབ་པའི་ཕྱིར་ང་ལ་ཞུས་པར་འགྱུར། 19དེ་ནས་ཨབ་ར་ཧམ་གཡོག་པོ་ཚོའི་རྩར་ཕྱིར་ལོག་ནས། དེ་ཚོ་དང་མཉམ་དུ་རང་གི་ས་གནས་བྷིར་ཤེ་བྷ་རུ་སོང་ནས། དེར་ཨབ་ར་ཧམ་གཞིས་ཆགས་སོ༎

ན་ཧོར་གྱི་རིགས་བརྒྱུད་རྣམས།

20དུས་ཚོད་གང་ཙམ་གྱི་རྗེས་སུ་ན་ཧོར་གྱི་མནའ་མ་མིལ་ཀཱ་ལ་ཕྲུ་གུ་བརྒྱད་སྐྱེས་པའི་གནས་ཚུལ་ཨབ་ར་ཧམ་གྱི་རྩར་འབྱོར་བ་དང་། 21བུ་དང་པོའི་མིང་ལ་ཨུཛ་བྱ་བ་དང་། ཁོའི་སྤུན་བྷཛ་དང་། ཨ་རམ་གྱི་ཕ་ཀེ་མུ་ཨེལ་དང་། 22ཀེ་སེད། ཧ་ཛོ། པིལ་དྷཤ། ཡིད་ལཕ་དང་། བེ་ཐུ་ཨེལ་ཞེས་པའོ། 23བྷེ་ཐུ་ཨེལ་ནི་རེ་བྷེ་ཀའི་ཕ་ཡིན་ནོ། ཨབ་ར་ཧམ་གྱི་སྤུན་ན་ཧོར་ལས་མིལ་ཀཱས་ཕྲུ་གུ་བརྒྱད་སྐྱེས་སོ། 24རུ་མཱ་ཞེས་པ་བྲན་མོ་ལས་ན་ཧོར་བརྒྱུད་ནས་ཏེ་བཱ། གྷ་ཧམ། ཏ་ཧཤ་དང་མ་ཀཱ་བཅས་སྐྱེས་སོ༎

བཀོད་པ 23

ས་རཱ་གྲོངས་པ།

1ས་རཱ་ལོ་ ༡༢༧ གསོན་ནོ། 2ཡུལ་ཀ་ནན་གྱི་ས་གནས་ཧེབ་རོན་དུ་མོ་གྲོངས་པ་དང་། ཨབ་ར་ཧམ་གྱིས་མྱ་ངན་བྱས་སོ། 3ས་རཱའི་ཕུང་པོ་ཡོད་ས་ནས་ཐོན་ཏེ་ཧི་ཏི་པ་རྣམས་ཀྱི་ས་གནས་སུ་སོང་ནས་ཁོང་ཚོ་ལ། 4ང་ནི་ཁྱོད་ཚོའི་ཁྲོད་དུ་གནས་སྡོད་བྱ་མཁན་ཕྱི་རྒྱལ་བ་ཞིག་ཡིན་པས། ངའི་ཆུང་མ་གྲོངས་ནས་མོའི་ཕུང་པོ་སྦས་པའི་ཕྱིར་དུར་ས་ཞིག་བཙོང་རོགས་གནང་ཞེས་ཁོང་གི་སྨྲས་སོ། 5ཁོང་ཚོས་ལན་དུ། 6སྐུ་ཞབས་ལགས། ང་ཚོའི་གཏམ་ལ་གསན་རོགས་གནང། ཁྱེད་ནི་སྟོབས་དང་ལྡན་པའི་འགོ་འཁྲིད་ཞིག་རྩིས་བཞིན་ཡོད་པ་དང་། ང་ཚོ་ལ་ཡོད་པའི་དུར་ས་ལེགས་ཤོས་ནང་དུ་ཁྱེད་ཀྱི་རང་གི་ཆུང་མ་སྦས་རོགས་གནང་། ཁྱེད་ཀྱི་ཆུང་མ་སྦས་ཕྱིར་ང་ཚོའི་ནང་ནས་སུ་ཞིག་གི་དུར་ས་སྤྲད་འགྱུར་དགའ་པོ་ཡོད། 7དེ་ནས་ཨབ་ར་ཧམ་གྱིས་དེ་ཚོའི་མདུན་དུ་ཁོང་ཚོ་ལ་གུས་འདུད་བྱེད་ཅིང་དེ་ཚོ་ལ། 8གལ་ཏེ་ཁྱེད་ཀྱིས་ངའི་ཆུང་མ་དེ་རུ་སྦས་བཅུག་འདོད་ཡོད་ན། ཛོ་ཧར་གྱི་བུ་ཨེཕ་རོན་གྱི་ཞིང་ཁའི་མཐར་རུ་མག་པེ་ལ་ཞེས་པའི་བྲག་ཕུག་ཞིག་ཡོད་པས། 9དེ་ང་ལ་བཙོང་རོགས་གནང་ཞེས་ཁྱེད་རྣམས་ཀྱིས་ཁོ་ལ་ལབ་རོགས་གནང། ཁྱེད་རྣམས་ཀྱི་མདུན་དུ་ངས་དུར་ས་དེའི་རིན་དངུལ་ཚང་མ་སྤྲད་དེ་ཉོས་ནས་། དུར་ས་དེ་ང་ལ་བདག་པའི་ཕྱིར་ཁོང་ལ་ལབ་རོགས་གནང་། 10མི་ཚོགས་ཀྱི་དཀྱིལ་དུ་ཨེཕ་རོན་རང་ཉིད་ཧི་ཏི་པ་གཞན་དང་མཉམ་དུ་ཚོགས་འདུ་ཚོགས་སར་གྲོང་ཁྱེར་གྱི་རྒྱལ་སྒོར་བསྡད་ཡོད་པ་དང་། ཚང་མས་ཐོས་སར་ཁོས་སྨྲས་པ། 11སྐུ་ཞབས་ལགས་གསན་དང་། ངའི་ཞིང་དང་དེར་ཡོད་པའི་བྲག་ཕུག་དེ་ཁྱེད་ལ་འབུལ་རྒྱུ་ཡིན། དེར་ངའི་རང་གི་མི་མང་གི་མདུན་དུ་ངས་ཁྱེད་ལ་སྟེར་བར་བྱ། དེར་བརྟེན་ཁྱེད་ཀྱིས་རང་གི་ཆུང་མ་སྦས་ཐུབ་བོ། 12ཨབ་ར་ཧམ་གྱིས་ཧི་ཏི་པ་ཐམས་ཅད་ལ་གུས་འདུད་བྱེད་ཅིང་། 13ཚང་མས་ཐོས་པའི་ཕྱིར་ཨེཕ་རོན་ལ་སྨྲས་པ། ངས་ཞིང་ཚང་མ་ཉོ་གི་ཡིན། ངའི་རིན་དངུལ་དེ་བཞེས་རོགས་གནང་། དེ་ནས་ངའི་ཆུང་མ་དེར་སྦས་ཀྱིས་ཡིན། 14-15ཨེཕ་རོན་གྱིས་སྐུ་ཞབས་ལགས། ཞིང་གི་རིན་གོང་དངུལ་སྲང་ ༤༠༠ ཡིན་པས། དེ་ནི་ཁྱེད་དང་ང་གཉིས་བར་ཁྱད་པ་ཅི་ཡོད་དམ། ཁྱེད་ཀྱི་ཆུང་མ་དེར་སྦས་པ་གནང་ཞེས་སྨྲས་པ་དང་། 16ཨབ་ར་ཧམ་མོས་མཐུན་བྱུང་བ་དང་། ཨེཕ་རོན་གྱིས་ཚང་མས་ཐོས་ཕྱིར་སྨྲས་པའི་རིན་གོང་དངུལ་སྲང་ ༤༠༠ དེ་ཚོང་པ་ཚོས་བེད་སྤྱོད་བྱས་པའི་ཚད་ལྟར་བཀྱག་གོ 17དེ་ལྟར་མམ་རེའི་ཤར་ཕྱོགས་སུ་མག་པེ་ལར་ཡོད་པའི་ཨེཕ་རོན་གྱི་ཞིང་དེ་ཨབ་ར་ཧམ་གྱི་རྒྱུ་ནོར་རུ་འགྱུར་རོ། དེར་ཞིང་ཁར་ཡོད་པའི་བྲག་ཕུག་དང་། ཞིང་གི་འགྲམ་དུ་བཙུགས་པའི་ཤིང་སྡོང་དང་བཅས་པ་ཚང་མ་འཁེལ་ལོ། 18ཚོགས་པ་དེར་ཡོད་པའི་ཧི་ཏི་པའི་མི་ཚོས་དེ་ནི་ཨབ་ར་ཧམ་གྱི་རྒྱུ་ནོར་ཡིན་ཟེར་ངོས་ལེན་བྱས་སོ། 19དེར་ཨབ་ར་ཧམ་གྱིས་ཡུལ་ཀ་ནན་གྱི་བྲག་ཕུག་དེའི་ནང་རང་གྱི་ཆུང་མ་ས་རཱ་དུར་དུ་བཅུག་གོ 20ཧི་ཏི་པ་ཚོའི་ཞིང་དང་དེའི་ནང་ཡོད་པའི་བྲག་ཕུག་དང་བཅས་པ་དུར་སའི་ཚུལ་དུ་ཨབ་ར་ཧམ་གྱི་རྒྱུ་ནོར་དུ་འགྱུར་རོ༎

བཀོད་པ 24

ཨི་སཱག་གི་ཆང་ས།

1ད་ཨབ་ར་ཧམ་ཤིན་ཏུ་རྒས་ཏེ། གཙོ་བོ་དཀོན་མཆོག་གིས་ཁོའི་ལས་ཀ་ཐམས་ཅད་ལ་བྱིན་རླབས་གནང་ཡོད་ཅིང་། 2ཁོང་གི་ཁང་པའི་ནང་ཡོད་པའི་ནོར་ཐམས་ཅད་ཀྱི་ཕྱག་མཛོད་ཡིན་པ། གཡོག་པོ་རྒན་ཤོས་དེ་ལ་འབོད་དེ་ཁོ་ལ། ངའི་བརླ་ཤའི་བར་ལ་ཁྱོད་ཀྱི་ལག་པ་བཞག་ནས་མནའ་ཞིག་སྐྱེལ་དགོས། 3ཀ་ནན་ཡུལ་ནང་ཡོད་པའི་མི་རིགས་ཚང་མའི་ནང་ནས་ངའི་བུ་ཨི་སཱག་གི་ཕྱིར་ཆུང་མར་སུའང་མི་ལེན་ཞེས་གནམ་ས་གཉིས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་མཚན་ལེན་ནས་མནའ་འཁུར་ཞིག 4ངའི་ཕ་ཡུལ་དུ་ཕྱིན་ནས་ངའི་གཉེན་མཚན་གྱི་ནང་ནས་ཨི་སཱག་ལ་ཆུང་མ་ཞིག་ལེན་དགོས་ཞེས་སྨྲས་པ་དང་། 5འོན་ཀྱང་གཡོག་པོས། གལ་ཏེ་བུ་མོ་དེ་ང་ཚོའི་ས་གནས་འདིར་ཡོང་བ་མ་དགའ་ན། ཁྱེད་ཀྱི་བུ་ལ་ས་གནས་དེར་བཏང་ཐུབ་བམ་ཞེས་དྲིས་པས། 6ཨབ་རམ་གྱིས་ལན་དུ། ས་གནས་དེར་ངའི་བུ་ནམ་ཡང་མ་གཏོང་ཞིག 7ནམ་མཁའི་གཙོ་བོ་དཀོན་མཆོག་གིས་ང་ལ་ངའི་ཕ་ཡི་ཁྱིམ་དང་གཉེན་མཚན་གྱི་ཡུལ་ནས་འཁྲིད་གནང་ཡོད་པ་དང་། ཡུལ་འདི་ཁོང་གིས་ངའི་བུ་བརྒྱུད་ལ་གནང་བར་བྱའོ་ཞེས་ང་ལ་ངེས་གཏན་གྱིས་དམ་བཅའ་བཞེས་ཡོད་པ་དང་། ངའི་བུ་ལ་ཆུང་མ་ཞིག་ལེན་པ་ལ་ཁོང་རང་གི་ཕོ་ཉ་ཞིག་ཁྱོད་ཀྱི་མདུན་དུ་གཏོང་གནང་ཡོང་། 8གལ་ཏེ་བུ་མོ་དེ་ཁྱོད་ཀྱི་རྗེས་སུ་ཡོང་བ་མ་དགའ་ན། ཁྱོད་ཀྱི་མནའ་སྐྱེལ་བ་དེ་ལས་ཐར་བར་འགྱུར། འོན་ཀྱང་གནས་ཚུལ་གང་འདྲ་ཞིག་ཡིན་རུང་ངའི་བུ་ལ་ས་གནས་དེར་ཕྱིར་ལོག་མ་འཁྲིད་ཅིག་ཅེས་གསུངས་སོ། 9དེར་བརྟེན་གཡོག་པོ་དེས་ཁོའི་སྦྱིན་བདག་ཨབ་ར་ཧམ་གྱི་བརླ་ཤའི་བར་ལ་ལག་པ་བཞག་ཅིང་ཁོང་གིས་གང་གསུངས་པ་ལྟར་བྱེད་པའི་མནའ་སྐྱེལ་ལོ། 10ཨབ་ར་ཧམ་གྱི་རྒྱུ་ནོར་གྱི་ཕྱག་མཛོད་དེས་རང་གི་སྦྱིན་བདག་གི་རྔ་མོང་ནང་ནས་བཅུ་འཁྲིད་དེ། ཨབ་ར་ཧམ་གྱི་སྤུན་ན་ཧོར་སྡོད་ཡུལ་བྱང་ཕྱོགས་མེ་སོ་པོ་ཊ་མི་ཡའི་གྲོང་ཁྱེར་དུ་སོང་ངོ་། 11ཁོང་གྲོང་ཁྱེར་ཕྱི་རོལ་གྱི་ཁྲོན་པ་ཡོད་སར་བསླེབས་པ་དང་། རྔ་མོང་རྣམས་ངལ་གསོ་རྒྱབ་བཅུག་གོ བུད་མེད་རྣམས་ཁྲོན་པ་ནས་ཆུ་ལེན་པར་ཡོང་སྐབས། དགོང་དྲོའི་དུས་རན་ཡོད་པ་ཡིན་ནོ། 12ཁོས་ངའི་སྦྱིན་བདག་ཨབ་ར་ཧམ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལགས། ཁྱེད་ཀྱིས་ངའི་སྦྱིན་བདག་ཨབ་ར་ཧམ་ལ་དམ་བཅའ་གནང་བ་ལྟར་དེ་རིང་ངའི་ལས་དོན་དེ་སྒྲུབ་པར་མཛོད་ཅིག་ཅེས་སྨོན་ལམ་འདེབས་སོ། 13གྲོང་ཁྱེར་གྱི་བུད་མེད་ན་གཞོན་རྣམས་ཆུ་ལེན་པར་ཡོང་སའི་ཁྲོན་པའི་འགྲམ་དུ་ང་བསྡད་ཡོདཔ་དང་། 14ངས་དེ་ཚོའི་ནང་ནས་གཅིག་ལ་ཁྱོད་ཀྱི་རྫ་སྣོད་བཀང་ནས་ང་ལ་འཐུང་བའི་ཕྱིར་ཆུ་གནོང་ཞིག གལ་ཏེ་མོས་ང་དང་ངའི་རྔ་མོང་རྣམས་ལ་ཆུ་སྟེར་བ་བྱ་ཞེས་ལབ་ན། མོ་ནི་ཁྱེད་ཀྱི་བྲན་གཡོག་ཨི་སཱག་གི་ཆེད་དུ་ཁྱེད་ཀྱིས་འདམས་གནང་བ་དེ་ཡིན་པར་ཤོག གལ་ཏེ་དེ་ལྟར་བྱུང་ན་ངའི་སྦྱིན་བདག་ལ་ཁྱེེད་ཀྱིས་དབུ་མནའ་བཞེས་པ་དེ་སྒྲུབ་པ་ངས་ཤེས་པར་འགྱུར། 15ཁོས་སྨོན་ལམ་བཏབ་ཚར་འགྲོ་ཡོད་སྐབས་ཨབ་ར་ཧམ་གྱི་སྤུན་ན་ཧོར་གྱི་ཆུང་མ་མིལ་ཀཱའི་བུ་བེ་ཐུ་ཨེལ་གྱི་བུ་མོ་རེ་བྷེ་ཀ་ཞེས་བྱ་བ་རྫ་མ་ཞིག་དཔུང་པར་འཁྱེར་ཏེ་ཁྲོན་པའི་རྩར་ཡོང་ངོ་། 16བུ་མོ་དེ་ནི་ཧ་ཅང་མཛེས་ཤིང་ན་ཆུང་མ་ཡིན་པ་དང་། མོ་ཁྲོན་པའི་རྩར་ཕྱིན་ནས་རྫ་མ་ཆུས་གང་ནས་མོ་རང་ཕྱིར་འགྲོ་གྲབ་བྱེད་དོ། 17གཡོག་པོ་དེ་རྒྱུགས་ཤིང་མོ་དང་ཐུག་ནས། མོ་ལ། ཁྱེད་ཀྱི་རྫ་མ་ནས་ང་ལ་འཐུང་བ་ལ་ཆུ་གནང་ཞེས་སྨྲས་པ་དང་། 18མོས་མགྱོགས་པོར་རྫ་མ་དེ་མར་ཕབ་ནས། སྐུ་ཞབས་ལགས་ཆུ་འཐུང་ཞིག་ཅེས་ཁོང་ལ་ཆུ་སྟེར་རོ། 19ཁོས་ཆུ་འཐུང་ཚར་བའི་རྗེས་སུ་མོས་ཁོ་ལ། ཁྱེད་ཀྱི་རྔ་མོང་རྣམས་མ་ངོམས་པའི་བར་ངས་དེ་ཚོ་ལའང་ཆུ་སྟེར་གྱི་ཡིན་ཞེས་སྨྲས་པ་དང་། 20མྱུར་དུ་མོས་རྫ་མའི་ཆུ་དེ་སེམས་ཅན་གྱི་ཆུ་འཐུང་སའི་གཞོང་པའི་ནང་བླུགས་ནས་། ཁོང་གི་རྔ་མོང་རྣམས་ལ་ཆུ་སྤྲད་མ་ཚར་བའི་བར་དུ་མོས་ཡང་ནས་ཡང་དུ་རྒྱུག་ནས་ཁྲོན་པ་ནས་ཆུ་ལེན་ནས་འཁྱེར་ཡོང་ངོ་། 21མི་དེས་གཙོ་བོ་དཀོན་ནམཆོག་གིས་ཁོའི་ལས་དོན་སྒྲུབ་ཡོད་མེད་རྟོགས་ཕྱིར་མོ་ལ་ཁུ་སིམ་མེར་ལྟ་ཞིང་བསྡད་དོ། 22ཆུ་སྟེར་བའི་རྗེས་སུ། མི་དེས་རིན་ཐང་ཅན་གྱི་གསེར་གྱི་ཨ་ལོང་ཞིག་བཏོན་ནས་མོའི་རྣ་བར་བཀོན་པ་དང་། གསེར་གྱི་སྒྲོག་གདུབ་གཉིས་ལག་པར་རྒྱུས་ཏེ། 23ཁོས་མོ་ལ། ཁྱོད་ཀྱི་ཕ་་སུ་ཡིན་ནམ་ང་ལ་ཤོད་དང་། དེ་རིང་གི་མཚན་མོ་ཁོང་གི་ཁང་པར་ངའི་མི་ཚོ་དང་ང་ལ་སྡོད་ཁང་ཞིག་ཡོད་དམ་ཞེས་དྲིས་པས། 24མོས་ལན་དུ། ངའི་ཕའི་མིང་ལ་བེ་ཐུ་ཨེལ་ཞེས་པ་དང་། ཁོང་ནི་ན་ཧོར་དང་མིལ་ཀཱའི་བུ་ཡིན་ནོ། 25ང་ཚོའི་ཁང་པའི་ནང་རྩ་དང་ཆག་མང་པོ་ཡོད་པ་མ་ཟད་ཁྱེད་ཚོ་ལའང་སྡོད་ས་ཞིག་ཡང་ཡོད་ཅེས་སྨྲས་པ་དང་། 26གཡོག་པོ་དེས་པུས་མོ་བཙུགས་ཤིང་གཙོ་བོ་དཀོན་མཆོག་ལ་མཆོད་དོ། 27ངའི་སྦྱིན་བདག་ཨབ་ར་ཧམ་གྱི་གཉེན་མཚན་གྱི་སར་ཤར་རྒྱག་འཁྲིད་གནང་ནས་ཁྱེད་ཀྱིས་དམ་བཅའ་གནང་བ་བཞིན་སྒྲུབ་པར་མཛད་མཁན་ངའི་སྦྱིན་བདག་ཨབ་ར་ཧམ་གྱི་གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་པར་འགྱུར་ཅིག 28བུ་མོ་དེ་རང་གི་མའི་ཁང་པར་རྒྱུགས་ཤིང་གང་བྱུང་བ་ཐམས་ཅད་ཀྱི་སྐོར་བཤད་དོ། 29རེ་བྷེ་ཀའི་ཨ་ཇོ་ལ་བན་ཞེས་པ་དེ་ཨབ་ར་ཧམ་གྱི་གཡོག་པོ་དང་འཕྲད་པར་ཁྲོན་པ་ཡོད་སར་སོང་ངོ་། 30གང་ལ་ཟེར་ན། ཁོའི་སྲིང་མོ་ལ་གསེར་གྱི་རྣ་ལོང་དང་ལག་པར་སྒྲོག་གདུབ་རྒྱུས་ཡོད་པ་མཐོང་ཡོད། མོས་ཨབ་ར་ཧམ་གྱི་གཡོག་པོའི་གང་སྨྲས་པ་དེ་ཐོས་ཡོད་དོ། ཨབ་ར་ཧམ་གྱི་གཡོག་པོ་དང་རྔ་མོང་དང་མཉམ་དུ་ཁྲོན་པའི་འགྲམ་དུ་བསྡད་ཡོད་པ་དང་། ལ་བན་ཁོའི་རྩར་ཡོང་ནས་ཁོ་ལ། 31གཙོ་བོ་དཀོན་མཆོག་གི་བྱིན་གྱི་རླབས་པ་ཁྱེད་ང་ཚོའི་ནང་དུ་ཤོག། ཁྱེད་ཀྱི་ཆེད་དུ་སྡོད་ཁང་ཞིག་དང་། ཁྱེད་ཀྱི་རྔ་མོང་གི་ཕྱིར་བསྡད་ས་ཞིག་གྲ་སྒྲིགས་བྱས་ཡོད་པས། ཁྲོན་པའི་འགྲམ་དུ་གང་གི་དོན་དུ་བསྡད་དམ་ཞེས་སྨྲས་སོ། 32དེ་ནས་ཨབ་ར་ཧམ་གྱི་གཡོག་པོ་དེ་ལ་བན་གྱི་ཁང་པར་ཡོང་ནས། ལ་བན་གྱིས་རྔ་མོང་རྣམས་ཀྱི་སྒ་བཀྲོལ་ནས། རྩ་ཆག་སོགས་སྤྲད་དོ། དེ་རྗེས་ཁོས་ཨབ་ར་ཧམ་གྱི་གཡོག་པོ་དང་ཁོ་མཉམ་དུ་ཡོད་པའི་མི་རྣམས་ཀྱི་རྐང་པ་འཁྲུ་བའི་ཕྱིར་ཆུ་སྟེར་རོ། 33དེ་ཚོའི་ཆེད་དུ་མགྲོན་ཞིག་བཤམས་པ་དང་། གཡོག་པོ་དེས་ངས་རང་གི་ལས་དོན་མ་བཤད་པའི་བར་དུ་ཁ་ལག་མི་ཟའོ་ཞེས་སྨྲས་པ་དང་། ལ་བན་གྱིས་ཁོ་ལ། ཁྱོད་ཀྱི་གཏམ་དེ་ཤོད་ཅིག་ཅེས་སྨྲས་པས། 34དེ་ནས་ཁོས། ང་ནི་ཨབ་ར་ཧམ་གྱི་གཡོག་པོ་ཡིན། 35གཙོ་བོ་དཀོན་མཆོག་གིས་ངའི་སྦྱིན་བདག་ཨབ་ར་ཧམ་ལ་ཤིན་ཏུ་བྱིན་རླབས་གནང་ཞིང་ཕྱུག་པོར་འགྱུར་ཏེ། ར་ལུག་དང་། བ་གླང་དང་། གསེར་དངུལ་དང་། གཡོག་པོ་གཡོག་མོ་དང་། རྔ་མོང་དང་བོང་བུ་སོགས་གནང་ཡོད། 36ངའི་སྦྱིན་བདག་གི་ཆུང་མ་ས་རཱ་རྒས་པའི་ཚེ་ངའི་སྦྱིན་བདག་གི་ཆེད་དུ་བུ་ཞིག་སྐྱེས་པ་དང་། བུ་དེ་ནོར་བདག་ཏུ་འགྱུར་ནས་ཡོད། 37-38ཡུལ་ཀ་ནན་གྱི་བུད་མེད་རྣམས་ནས་བུ་དེ་ལ་ཆུང་མ་ཞིག་མི་ལེན་ཞེས་ངའི་སྦྱིན་བདག་གི་ང་ལ་མནའ་འཁུར་བཅུག་གོ འོན་ཀྱང་ཁོང་གི་ཕའི་ཁང་པ་དང་། གཉེན་མཚན་རྣམས་ཀྱི་ཁང་པར་འོང་ནས་ཁོང་གི་བུ་ལ་ཆུང་མ་ཞིག་བླངས་དགོས་ཞེས་བཀའ་གནང་ཡོད། 39གལ་ཏེ་བུ་མོ་དེ་ང་དང་མཉམ་དུ་ཡོང་བ་མ་དགའ་ན་ངས་ག་རེ་བྱས་དགོས་སམ་ཞེས་ངས་དྲིས་པས། 40ཁོང་གིས་ང་ལ། ངས་དུས་རྒྱུན་དུ་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ཡོད་པ་དང་། ཁོང་གི་ཕོ་ཉས་ཁྱོད་ཀྱི་ལམ་སྟོན་གནང་ཞིང་ངའི་གཉེན་མཚན་གྱི་ནང་ནས་ངའི་བུ་ལ་ཆུང་མ་ཞིག་བླངས་པ་ལ་བྱིན་རླབས་གནང་བར་འགྱུར། 41དམ་བཅའ་དེ་ལས་ཐར་བའི་ལམ་གཅིག་ཡོད། གལ་ཏེ་ངའི་གཉེན་མཚན་སར་སོང་ནས་དེ་ཚོས་བུ་མོ་སྤྲད་པར་ཁས་ལེན་མ་བྱས་པ་ཡིན་ན། ཁྱོད་ལ་མནའ་འདི་ཕོག་པར་མི་འགྱུར། 42དེ་རིང་ང་ཁྲོན་པའི་རྩར་སླེབས་སྐབས་ངས་སྨོན་ལམ་འདི་ལྟར་ཞུས་པ་ཡིན། ངའི་སྦྱིན་བདག་ཨབ་ར་ཧམ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གྱིས་ཐུགས་རྫེ་གཟིགས་ནས་ངའི་ལས་དོན་དེ་སྒྲུབ་བཅུག་པར་མཛོད་ཅིག 43ང་དེ་ཁྲོན་པའི་རྩར་ཡོད། བུད་མོ་ན་ཆུང་མ་སུ་ཞིག་ཆུ་ལེན་པར་ཡོང་ན། ངས་མོ་ལ་ཆུ་འཐུང་བར་སྟེར་ཞེས་ལབ་ཀྱི་ཡིན་པས། 44ང་དང་ངའི་རྔ་མོང་རྣམས་ལའང་ཆུ་སྟེར་གྱི་ཡིན་ཞེས་ཁས་ལེན་བྱས་ན། བུ་མོ་དེ་ནི་ཁྱེད་ཀྱི་ངའི་སྦྱིན་བདག་གི་བུའི་ཆུང་མར་འདམས་པ་ཡིན་ཞེས་བསམ་རྒྱུ་ཡིན། 45ངས་སྨོན་ལམ་བཏབ་ཚར་འགྲོ་ཡོད་སྐབས་རེ་བྷེ་ཀས་དཔུང་པར་རྫ་མ་འཁུར་སྟེ་ཆུ་ལེན་པར་ཁྲོན་པར་ཡོང་བ་མཐོང་ནས། ཐུགས་རྫེ་གཟིགས་ནས་ང་ལ་ཆུ་ཞིག་གནང་ཞེས་ངས་སྨྲས་པས། 46མོས་མྱུར་དུ་རང་གི་དཔུང་པ་ནས་ཆུ་སྣོད་དེ་མར་པབ་ནས་འཐུང་རོགས་གནང་དང་། ངའི་རྔ་མོང་རྣམས་ལའང་སྟེར་བར་བྱ་ཞེས་སྨྲས་སོ། དེ་ལྟར་ངས་ཆུ་འཐུང་བ་དང་མོས་རྔ་མོང་རྣམས་ལའང་ཆུ་སྟེར་རོ། 47ངས་མོའི་ཕ་སུ་ཡིན་པའི་སྐོར་དྲིས་པས། མོས་ན་ཧོར་དང་མིལ་ཀཱའི་བུ་བེ་ཐུ་ཨེལ་ཡིན་ཞེས་ལབ་པ་དང་། ངས་མོ་ལ་རྣ་ལོང་ཞིག་དང་ལག་པར་སྒྲོག་གདུབ་རྒྱུས་པ་ཡིན། 48ངས་པུས་མོ་བཙུགས་ནས་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་བྱེད་པ་དང་། ངས་ངའི་སྦྱིན་བདག་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་འབུལ་བ་ཡིན། དེ་ལྟར་དཀོན་མཆོག་གིས་ང་ལ་ངའི་སྦྱིན་བདག་གི་ནང་མིའི་ཁང་པར་ཤར་ཀྱག་འཁྲིད་གནང་བ་དང་དེར་ངའི་སྦྱིན་བདག་གི་བུའི་ཆེད་དུ་ཁོང་གི་བུ་མོའང་ཐུག་བྱུང་། 49ད་ཁྱེད་ཀྱི་ངའི་སྦྱིན་བདག་དང་མཉམ་དུ་དྲང་བདེན་དང་སྙིང་རྗེའི་སྤྱོད་ཚུལ་གནང་བ་ཡིན་ན་ང་ལ་གསུངས་རོགས་གནང་། གལ་སྲིད་དེ་ལྟར་མ་ཡིན་ན་ཡང་ང་ལ་གསུངས་རོགས་གནང་། གལ་སྲིད་དེ་ལྟར་མ་ཡིན་ན་གང་བྱེད་དགོས་པ་དེ་ང་རང་གི་ཐག་གཅོད་བྱ་རྒྱུ་ཡིན་ནོ་ཞེས་སྨྲས་སོ། 50ལ་བན་དང་བེ་ཐུ་ཨེལ་གྱིས་ལན་དུ། བྱ་བ་འདི་ནི་གཙོ་བོ་དཀོན་མཆོག་ནས་བྱུང་བས། ང་ཚོ་རང་གི་ཐག་གཅོད་བྱེད་མི་ཐུབ། 51རེ་བྷེ་ཀ་འདིར་ཡོད་པས་མོ་ལ་འཁྲིད་ནས་སོང་ཞིག གཙོ་བོ་དཀོན་མཆོག་གིས་གསུངས་པ་བཞིན་དུ་མོ་ཁྱོད་ཀྱི་སྦྱིན་བདག་གི་བུའི་ཆུང་མར་འགྱུར་བཅུག་ཅིག 52ཨབ་ར་ཧམ་གྱི་གཡོག་པོས། དེ་ཐོས་པ་དང་དཀོན་མཆོག་ལ་ཕྱག་འཚལ་ནས་མཆོད་པ་འཕུལ་ལོ། 53དེ་ནས་གཡོག་པོ་དེས་གསེར་དངུལ་གྱི་རྒྱན་ཆ་རྣམས་དང་། ཁོས་གོས་རྣམས་རེ་བྷེ་ཀ་ལ་སྟེར་བ་དང་། མོ་རང་གི་ཨ་ཇོ་དང་མ་ལའང་རིན་ཐང་ཆེ་བའི་ལག་བཏགས་བཏང་ངོ་། 54དེ་ནས་གཡོག་པོ་དེ་དང་ཁོ་དང་མཉམ་དུ་ཡོད་པའི་མི་རྣམས་ཀྱིས་བཟའ་བཏུང་བྱས་ཏེ། མཚན་མོ་དེར་བསྡད་དོ། ཁོ་ཚོ་སྔ་དྲོ་ལངས་སྐབས་གཡོག་པོ་དེས་ད་ང་རང་གི་སྦྱིན་བདག་གི་སར་འགྲོ་བཅུག་རོགས་གནང་ཞེས་སྨྲས་སོ། 55རེ་བྷེ་ཀའི་ཨ་ཇོ་དང་ཨ་མས་ཁོ་ལ། བུ་མོ་དེ་ང་ཚོ་མཉམ་དུ་བདུན་གཅིག་གམ་ཉིན་བཅུ་ཙམ་བསྡད་བཅུག་རོགས་གནང་། དེ་ནས་མོ་རང་འགྲོ་ནའང་ཆོག་ཅེས་སྨྲས་སོ། 56ཁོས་དེ་དག་ལ། དཀོན་མཆོག་གིས་ངའི་ལས་དོན་དེ་སྒྲུབ་བཅུག་པར་མཛད་པས། ང་སྦྱིན་བདག་གི་རྩར་ལོག་འགྲོ་བཅུག་རོགས་གནང་། བསྡད་པར་ཨུ་ཆུག་མ་གནང་རོགས་གནང་ཞེས་སྨྲས་པ་དང་། 57ཁོང་ཚོས་ལན་དུ། ད་ང་ཚོའི་བུ་མོ་དེ་འབོད་དེ་དྲི་བ་དྲིས་དགོས་ཞེས་སྨྲས་སོ། མོ་རང་གི་བསམ་བློ་ག་རེ་ཡོད་མེད་བལྟ་དགོས། 58རེ་བྷེ་ཀ་ལ་འབོད་དེ་མོ་ལ། ཁྱོད་མི་འདི་དང་མཉམ་དུ་འགྲོ་འདོད་དམ་ཞེས་དྲིས་པས། མོས། ང་འགྲོ་བར་འདོད་དོ་ཞེས་ལན་རྒྱབ་པ་དང་། 59དེར་བརྟེན་ཁོང་ཚོས་མོ་རང་གི་འདོད་པ་བཞིན་མོ་དང་མོའི་གཡོག་མོ་གཅིག་ཨབ་ར་ཧམ་གྱི་གཡོག་པོ་དང་ཁོའི་མི་ཚོ་མཉམ་དུ་འགྲོ་བཅུག་གོ 60དེ་ནས་ཁོ་ཚོས་རེ་བྷེ་ཀ་ལ་འདི་ལྟར་བྱིན་རླབས་སྤྲད་ནས། ང་ཚོའི་སྲིང་མོ་ཁྱོད་ནི་ཕྲུ་གུ་ཁྲི་མང་པོའི་མ་རུ་འགྱུར་ཅིག ཁྱོད་ཀྱི་བུ་བརྒྱུད་ཐམས་ཅད་ཀྱིས་དགྲ་བོ་རྣམས་ཀྱི་གྲོང་ཁྱེར་དབང་བཟུང་བྱེད་པར་འགྱུར་རོ། 61དེ་ནས་རེ་བྷེ་ཀ་དང་མོའི་རོགས་པ་རྣམས་ཀྱིས་རྔ་མོང་བཞོན་ཏེ་ཨབ་ར་ཧམ་གྱི་གཡོག་པོ་དང་མཉམ་དུ་སོང་ངོ་། 62འབྲོག་སྟོང་ནང་ཡོད་པའི་ང་ལ་མངོན་སུམ་མཐོང་བར་གནང་མཁན་དཀོན་མཆོག་གི་ཁྲོན་པ་ཞེས་བྱ་བར་ཨི་སཱག་ཡོང་བ་དང་། ཁོང་ཡུལ་ཀ་ནན་གྱི་ལྷོ་ཕྱོགས་སུ་གནས་ཡོད་དོ། 63ཨི་སཱག་ཉི་མ་ནུབ་པའི་དུས་སུ་ཐང་དུ་སྐྱོ་སངས་ལ་འགྲོ་སྐབས། རྔ་མོང་མང་པོ་ཚུར་ཡོང་བ་མཐོང་ངོ་། 64རེ་བྷེ་ཀས་ཨི་སཱག་མཐོང་བ་དང་། མོ་རང་རྔ་མོང་ནས་བབས་ཏེ། 65ཨབ་ར་ཧམ་གྱི་གཡོག་པོ་ལ། ང་ཚོར་ཐུག་པར་ཡོང་མཁན་མི་དེ་སུ་ཡིན་ནམ་ཞེས་དྲིས་པ་དང་། གཡོག་པོ་དེས། ཁོང་ནི་ངའི་སྦྱིན་བདག་ཡིན་ཞེས་ལབ་པས། དེར་བརྟེན་མོས་གདོང་ཁེབས་བླངས་ཏེ་རང་གི་གདོང་བཀབ་བོ། 66དེ་ནས་གཡོག་པོས་རང་གི་བྱས་པའི་བྱ་བ་ཐམས་ཅད་ཨི་སཱག་ལ་བཤད་དོ། 67ཨི་སཱག་གིས་རེ་བྷེ་ཀ་ལ་རང་གི་ཨ་མ་ས་རཱའི་གུར་ནང་འཁྲིད་དེ་ཆང་ས་བརྒྱབ་བོ། རེ་བྷེ་ཀ་ཁོང་གི་ཆུང་མར་འགྱུར་རོ། ཁོས་མོ་ལ་བྱམས་སོ། དེ་ལྟར་ཨི་སཱག་གི་ཨ་མ་གྲོངས་པའི་སེམས་གསོ་ཐོབ་བོ༎

བཀོད་པ 25

ཨབ་ར་ཧམ་གྱི་རིགས་བརྒྱུད་གཞན་རྣམས།

(༡ སྔོན་རབ་ ༡:༣༢-༣༣)

1ཨབ་ར་ཧམ་གྱིས་ཀེ་ཏུ་རཱ་བྱ་བ་བུད་མེད་གཞན་ཞིག་དང་ཆང་ས་བརྒྱབ་བོ། 2མོས་ཨབ་ར་ཧམ་ནས་ཛིམ་རན་དང་། ཡོག་ཤན། མེ་དན། མིད་ཡན། ཨིཤི་བག་དང་། ཤུ་ཨཱ་བཅས་སྐྱེས་སོ། 3ཡོག་ཤན་ནི་ཤེ་བྷ་དང་དྷེ་དན་གྱི་ཕ་ཡིན་ནོ། དེ་དཱན་གྱི་རིགས་བརྒྱུད་ནི་ཨསེ་ཤུ་རིམ་དང་། ལེ་ཏུ་ཤིམ་རྣམས་དང་། ལེའུ་མིམ་རྣམས་ཡིན་ནོ། 4མིད་ཡན་གྱི་བུ་རྣམས་ནི་ཨེ་ཕཱ་དང་། ཨེ་ཕེར། ཧ་ནོག། ཨ་བྷི་ད་དང་། ཨེལ་དཱ་ཡིན་ནོ། དེ་ཐམས་ཅད་ནི་ཀེ་ཏུ་རཱའི་རིགས་བརྒྱུད་རྣམས་ཡིན་ནོ། 5ཨབ་ར་ཧམ་ལ་ཡོད་པའི་རྒྱུ་ནོར་ཐམས་ཅད་ཨི་སཱག་ལ་གནང་ངོ་། 6འོན་ཀྱང་ཨབ་ར་ཧམ་གྱི་ཆུང་མ་གཞན་རྣམས་ནས་སྐྱེས་པའི་ཕྲུ་གུ་རྣམས་ལ་ཁོང་གྲོངས་པའི་སྔོན་དུ་ཕྲུ་གུ་དེ་རྣམས་ལ་རྔན་པ་རྣམས་གནང་ནས་ཨི་སཱག་ནས་ལོགས་སུ་ཡུལ་ཤར་ཕྱོགས་སུ་བཏང་ངོ་༎

ཨབ་ར་ཧམ་གྲོངས་པ།

7-8ཨབ་ར་ཧམ་ལོ་ ༡༧༥ ལོན་ནས་གྲོངས་སོ། 9ཁོང་གི་བུ་རྣམས་ཨི་སཱག་དང་ཨིཤ་མ་ཨེལ་གྱིས་ཁོང་གི་ཕུང་པོ་མག་པེ་ལ་ཞེས་པའི་བྲག་ཕུག་ནང་སྦས་སོ། བྲག་ཕུག་དེ་ནི་ཧི་ཏི་པ་ཛོ་ཧར་གྱི་བུ་ཨེཕ་རོན་ཞེས་པ་དེའི་ཡིན་པ་དང་། མམ་རེའི་ཤར་ཕྱོགས་ཀྱི་ཞིང་དུ་ཡོད་པའོ། 10ས་ཞིང་དེ་ནི་ཨབ་ར་ཧམ་གྱིས་ཧི་ཏི་པ་རྣམས་ནས་ཉོས་པ་དེ་ཡིན་ཏེ། དེར་ཨབ་ར་ཧམ་དང་ས་རཱ་གཉིས་ཀར་དུར་དུ་སྦས་སོ། 11ཨབ་ར་ཧམ་གྲོངས་པའི་རྗེས་སུ་དཀོན་མཆོག་གིས་ཨི་སཱག་ལ་བྱིན་རླབས་གནང་ངོ་། ཁོང་ནི་ང་ལ་མཐོང་བ་གནང་མཁན་གསོན་པོའི་དཀོན་མཆོག་གི་ཁྲོན་པ་ཡོད་པའི་ས་གནས་དེའི་ཉེ་འགྲམ་དུ་གནས་ཡོད་དོ༎

ཨིཤ་མ་ཨེལ་གྱི་རིགས་བརྒྱུད་རྣམས།

(༡ སྔོན་རབ་ ༡:༢༨-༣༡)

12ཨབ་ར་ཧམ་བརྒྱུད་ནས་ས་རཱའི་བྲན་མོ་ཨི་ཇིབ་པ་ཧ་གྷར་ལས་སྐྱེས་པའི་བུ་ཨིཤ་མ་ཨེལ་གྱི་བུ་བརྒྱུད་རྣམས་ཀྱི་མིང་ཐོ་འདི་ལྟར་ཡིན། 13ན་བ་ཡོད་དང་། ཀེ་དར། ཨད་བིལ། མིབ་སམ། 14མིཤི་མ། དྷུ་མཱ། མསེ་ས། 15ཧ་དྷད། ཏེ་མ། ཡེེ་ཏུར། ན་ཕིཤི་དང་། ཀེ་དེ་མཱ་བཅས་སོ། 16ཨིཤ་མ་ཨེལ་གྱི་བུ་རྣམས་ནི་སྡེ་རིགས་བཅུ་གཉིས་ཀྱི་ཕ་མེས་ཡིན་པ་དང་། དེ་ཚོའི་ཡུལ་དང་སྒར་རྣམས་ཁོང་ཚོའི་མིང་བཞིན་བཏགས་སོ། 17ཨིཤ་མ་ཨེལ་ལོ་ ༡༣༧ ལོན་ནས་གྲོངས་སོ། 18ཨིཤ་མ་ཨེལ་གྱི་བུ་བརྒྱུད་རྣམས་ཡུལ་ཧ་ཝི་ལཱ་དང་ཤུར་གྱི་བར་ལ་གནས་ཡོད་པས། ས་གནས་དེ་ནི་ཨི་ཇིབ་ཀྱི་ཤར་ཕྱོགས་ཀྱི་ཡུལ་ཨ་སུར་རུ་འགྲོ་བའི་ལམ་དུ་ཡོད་པའོ། དེ་ཚོ་ནི་ཨབ་ར་ཧམ་གྱི་རིགས་བརྒྱུད་གཞན་ནས་ལོགས་སུ་གནས་སོ༎

ཨེ་སའོ་དང་ཡ་ཀོབ་སྐྱེས་པ།

19འདི་ནི་ཨབ་ར་ཧམ་གྱི་བུ་ཨི་སཱག་གི་ལོ་རྒྱུས་ཡིན་ནོ། 20ཨི་སཱག་ལོ་བཞི་བཅུ་ལོན་སྐབས་རེ་བྷེ་ཀ་ཆང་ས་བརྒྱབ་བོ། རི་བེ་ཀའི་ཕ་ནི་པ་དམ་ཨ་རམ་གྱི་ཨ་རམ་པ་བེ་ཐུ་ཨེལ་ཡིན་པ་དང་། ཨ་ཇོའི་མིང་ལ་བན་ཞེས་པའོ། 21རེ་བྷེ་ཀ་ལ་ཕྲུ་གུ་མ་སྐྱེས་པའི་རྐྱེན་གྱིས། ཨི་སཱག་གིས་མོའི་ཆེད་དུ་དཀོན་མཆོག་ལ་སྨོན་ལམ་བཏབ་པས། གཙོ་བོ་དཀོན་མཆོག་གིས་ཁོའི་སྨོན་ལམ་གསན་ནས། རེ་བྷེ་ཀ་མངལ་དང་ལྡན་པར་འགྱུར་རོ། 22མོའི་མངལ་དུ་ཕྲུ་གུ་མཚེ་མ་ཡོད་པ་དང་། ཕྲུ་གུ་མ་སྐྱེས་པའི་སྔོན་དུ་མའི་མངལ་གྱི་ནང་དུ་དེ་གཉིས་གཅིག་གིས་གཅིག་ལ་འཐབ་ཀྱི་ཡོད་དོ། མོས་འདི་ལྟར་ང་ལ་ཇི་ལྟར་བྱུང་ངམ་ཞེས་སྨྲས་སོ། དེར་བརྟེན་མོས་གཙོ་བོ་དཀོན་མཆོག་ལ་ལན་ཞུ་བར་ཕྱིན་ནོ། 23གཙོ་བོ་དཀོན་མཆོག་གིས་མོ་ལ་མི་རིགས་གཉིས་ཁྱོད་ཀྱི་ལུས་ནང་ཡོད་ཅིང་། དེ་གཉིས་ནི་ནང་ཁུལ་དུ་ཐབ་པའི་རིགས་བརྒྱུད་བྱུང་བར་འགྱུར། རིགས་བརྒྱུད་གཅིག་ལས་རིགས་བརྒྱུད་གཞན་དེ་སྟོབས་དང་ལྡན་པར་འགྱུར། རྒན་པས་ཆུང་བར་གཡོག་རྒྱུ་བར་བྱའོ་ཞེས་གསུངས་སོ། 24ཟླ་བ་ཚང་ནས་མོ་ལ་བུ་མཚེ་མ་རྣམས་སྐྱེས་སོ། 25སྔོན་སྐྱེས་ཀྱི་མདོག་དམར་ཞིང་ཁོའི་གཟུགས་པོ་ཚང་མ་སྤུ་ཡོད་པའི་གོས་ལྟར་ཡོད་པའི་རྐྱེན་གྱིས་ཁོའི་མིང་ལ་ཨེ་སའོ་བཏགས་སོ། 26བུ་གཉིས་པ་དེ་སྐྱེས་སྐབས་ཁོའི་ལག་པས་ཨེ་སའོའི་རྟིང་པ་བཟུང་ཡོད་པའི་ཕྱིར་ཁོའི་མིང་ལ་ཡ་ཀོབ་བཏགས་སོ། བུ་དེ་གཉིས་སྐྱེས་པའི་ཚེ་ཨི་སཱག་ལོ་དྲུག་བཅུ་ལོན་ཡོད་པ་ཡིན་ནོ༎

ཨེ་སའོས་རང་གི་སྔོན་སྐྱེས་ཀྱི་ཐོབ་ཐང་བཙོང་པ།

27ཕྲུ་གུ་དེ་གཉིས་ཡར་འཚར་བ་དང་། ཨེ་སའོ་ནི་ཁྱིམ་གྱི་ཕྱིར་རུ་འཁྱམས་ནས་འགྲུལ་མཁན་རྔོན་པ་རྩལ་ཅན་དུ་འགྱུར་ཏོ། འོན་ཀྱང་ཡ་ཀོབ་ནི་ཁྱིམ་ནང་སྡོད་མཁན་ཁུ་སིམ་པོ་ཞིག་ཡིན་ནོ། 28ཨི་སཱག་གིས་ཨེ་སའོ་ལ་བྱམས་པ་བྱེད་ཀྱི་ཡོད་དོ་གང་ལ་ཟེར་ན། ཁོས་བསད་པའི་རི་དྭགས་ཀྱི་ཤ་ཟ་བར་དགའ་པོ་ཡོད་དོ། འོན་ཀྱང་རེ་བྷེ་ཀས་ཡ་ཀོབ་ལ་བྱམས་པ་བྱེད་ཀྱི་ཡོད་དོ། 29ཉིན་ཞིག་ཡ་ཀོབ་ཀྱིས་སྲན་མའི་ཁུ་བ་སྐོལ་བཞིན་ཡོད་སྐབས། ཨེ་སའོ་ཁྱི་ར་རྒྱབ་ནས་ལོག་ཡོང་སྐབས་ཁོ་ལྟོགས་ཡོད་པས། 30ཁོས་ཡ་ཀོབ་ལ། ང་ཤིན་ཏུ་ལྟོགས་ཡོད་པས། སྲན་མའི་ཁུ་བ་དེ་ནས་ང་ལ་འཐུང་བར་སྤྲོད་ཅེས་ལབ་བོ། (དེའི་ཕྱིར་རྗེས་སུ་ཁོའི་མིང་ལ་ཨེ་དྷོམ་ཡང་བརྗོད་ཀྱི་ཡོད་དོ།) 31ཡ་ཀོབ་ཀྱིས་ལན་དུ། གལ་ཏེ་ཁྱོད་ཀྱི་སྔོན་སྐྱེས་ཀྱི་ཐོབ་ཐང་དེ་ང་ལ་སྤྲད་ན་ངས་ཁྱོད་ལ་སྲན་མའི་ཁུ་བ་འདི་སྤྲད་ཀྱི་ཡིན་ཞེས་ལབ་བོ། 32ཨེ་སའོས། འགྲིག་གི་རེད། ད་ལྟ་ཤིན་ཏུ་ལྟོགས་ནས་ཤི་འགྲོ་ཡོད་པས། ངའི་སྔོན་སྐྱེས་ཀྱི་ཐོབ་ཐང་གི་ང་ལ་ག་རེ་ཕན་ཐོག་གམ་ཞེས་ལབ་པ་དང་། 33ཡ་ཀོབ་ཀྱིས། དེ་རིང་ཁྱོད་ཀྱི་སྔོན་སྐྱེས་ཀྱི་ཐོབ་ཐང་ང་ལ་སྤྲད་པའི་མནའ་སྐྱེལ་ཞིག་ལབ་པ་དང་། ཨེ་སའོས་མནའ་སྐྱེལ་ཏེ་ཁོའི་ཐོབ་ཐང་ཡ་ཀོབ་ལ་སྤྲད་དོ། 34དེ་ནས་ཡ་ཀོབ་ཀྱིས་ཨེ་སའོ་ལ་བག་ལེབ་དང་སྲན་མའི་ཁུ་བ་སྤྲད་པས། ཨེ་སོས་དེ་བཟའ་ཞིང་འཐུང་ཏེ་ལངས་ནས་སོང་ངོ་། དེ་ལྟར་ཨེ་སའོས་སྔོན་སྐྱེས་ཀྱི་ཐོབ་ཐང་ལ་རྩིས་མེད་བྱས་སོ༎

བཀོད་པ 26

ཨི་སཱག་གྷེ་རར་ཞེས་པའི་སར་གནས་པ།

1ཨབ་ར་ཧམ་གྱི་དུས་སུ་ཡུལ་གྱི་ནང་དུ་བྱུང་བའི་མུ་གེ་སྔོན་མའི་རྗེས་སུ་ཡང་མུ་གེ་གཞན་ཞིག་བྱུང་བས། ཨི་སཱག་ཡུལ་གྷེ་རར་དུ་ཡོད་པའི་ཕེ་ལེ་ཤེད་པའི་རྒྱལ་པོ་ཨ་བྷི་མེ་ལེག་བྱ་བའི་རྩར་ཕྱིན་ནོ། 2གཙོ་བོ་དཀོན་མཆོག་གིས་ཨི་སཱག་ལ་ཞལ་གཟིགས་གནང་ནས། ཁྱོད་ཨི་ཇིབ་དུ་མ་འགྲོ་ཞིག། ངས་བསྟན་པའི་ཡུལ་ནང་སྡོད་ཅིག་གསུངས་སོ། 3འདིར་སྡོད་ཅིག་དང་། ང་ཁྱོད་དང་མཉམ་དུ་གནས་ནས་ཁྱོད་ལ་བྱིན་གྱིས་རླབས་ཏེ་མངའ་ཁུལ་འདི་ཐམས་ཅད་ཁྱོད་དང་ཁྱོད་ཀྱི་རིགས་བརྒྱུད་ལ་སྤྲད་པར་བྱའོ། ངས་ཁྱོད་ཀྱི་ཕ་ཨབ་ར་ཧམ་དང་བྱས་པའི་དམ་བཅའ་ཆ་ཚང་སྒྲུབ་རྒྱུ་ཡིན། 4ནམ་མཁའི་སྐར་མ་ལྟར་ངས་ཁྱོད་ཀྱི་བུ་བརྒྱུད་སྤེལ་ཏེ་ཁྱོད་ཀྱི་བུ་བརྒྱུད་ལ་ཡུལ་འདི་ཐམས་ཅད་སྤྲད་པ་དང་། ངས་ཁྱོད་ཀྱི་བུ་བརྒྱུད་ལ་བྱིན་རླབས་སྤྲད་པ་ལྟར། མི་རིགས་ཚང་མས་ང་ལ་བྱིན་རླབས་ཞུ་བར་བྱའོ། 5ཨབ་ར་ཧམ་གྱིས་ངའི་བཀའ་ལ་སྲུང་བ་དང་ངའི་སྤྲད་པའི་བཀའ་བསྒོ་བ་རྣམས་དང་། ངའི་བཀའ་རྒྱ་རྣམས་དང་ངའི་ཁྲིམས་རྣམས་དང་ངའི་ལུགས་སྲོལ་རྣམས་སྲུང་བས་ངའི་ཁྱོད་ལ་བྱིན་རླབས་སྤྲོད་རྒྱུ་ཡིན། 6དེར་བརྟེན་ཨི་སཱག་ཡུལ་གྷེ་རར་ནང་གནས་སོ། 7རེ་བྷེ་ཀ་ནི་བལྟ་བ་ལ་ཤིན་ཏུ་མཛེས་པོ་ཡོད་པས། སྐྱེས་པ་ཚོས་ཨི་སཱག་གི་ཆུང་མའི་སྐོར་འདྲི་རྩད་བྱེད་སྐབས་མོ་འཕྲོག་ནས་ཁོ་ལ་བསད་ཡོང་ཞེས་ཁོ་འཇིགས་པའི་རྐྱེན་གྱིས་རི་བེ་ཀ་ཁོའི་སྲིང་མོ་ཡིན་ཞེས་བཤད་དོ། 8ཨི་སཱག་ཡུན་རིང་ཞིག་ས་གནས་དེར་བསྡད་ནས། ཕེ་ལེ་ཤེད་པའི་རྒྱལ་པོ་ཨ་བྷི་མེ་ལེག་གིས་ཉིན་གཅིག་སྒེ་ཁུང་ནས་ལྟ་སྐབས། ཨི་སཱག་གིས་རེ་བྷེ་ཀ་ལ་བྱམས་བརྩེ་བྱས་པ་མཐོང་ངོ་། 9རྒྱལ་པོས་ཨི་སཱག་ལ་བོས་ནས། རི་བེ་ཀ་ཁྱོད་ཀྱི་སྲིང་མོ་ཡིན་ཞེས་ག་རེའི་དོན་དུ་རྫུན་བཤད་དམ། མོ་ནི་ཁྱོད་ཀྱི་ཆུང་མ་ཡིན་པ་དེ་ངས་ཤེས་སོ་ཞེས་སྨྲས་པས། ཨི་སཱག་གིས་ལན་དུ། ངའི་ཆུང་མ་ཡིན་ཞེས་ལབ་ན་ང་ལ་བསད་ཡོང་བསམ་བྱུང་ཞེས་ལབ་པ་དང་། 10ཨ་བྷི་མེ་ལེག་གིས་ཁོ་ལ། ཁྱེད་ཀྱི་ང་ཚོ་ལ་འདི་ལྟར་ག་རེའི་དོན་དུ་བྱས་སམ། མི་རྣམས་ཀྱི་ནང་ནས་གཅིག་གིས་སྣང་མེད་དུ་རིབེ་ཀ་དང་མཉམ་དུ་ཉལ་ན། ང་ཚོའི་ཉེས་ཆད་ཀྱི་འགན་དེ་ཁྱོད་ཐོག་འཕོག་པར་འགྱུར་ཞེས་སྨྲསོ། 11དེ་ནས་རྒྱལ་པོ་ཨ་བྷི་མེ་ལེག་གིས་མི་དམངས་ལ། མི་སུས་ཀྱང་ཨི་སཱག་དང་ཁོའི་ཆུང་མ་མཉམ་དུ་ངན་སེམས་བྱས་ན་གསོད་པར་འགྱུར་ཞེས་ཟོན་བརྡ་བཏང་ངོ་། 12ཨི་སཱག་གི་སྒོ་ནས་ཡུལ་དེར་ས་བོན་བཏབ་ནས་ལོ་དེ་རང་ལ་བརྒྱ་འགྱུར་གྱི་འབྲས་བུ་ཐོབ་བོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་ཁོ་ལ་བྱིན་རླབས་གནང་ངོ་། 13ཁོ་མུ་མཐུད་ནས་ཡར་རྒྱས་འཕེལ་ཞིང་མི་ཕྱུག་པོ་ཞིག་ཏུ་གྱུར་ཏོ། 14ཨི་སཱག་ལ་ར་ལུག་དང་། བ་ཕྱུགས་དང་། གཡོག་པོ་མང་པོ་ཡོད་པའི་རྐྱེན་གྱིས་ཕེ་ལེ་ཤེད་པ་རྣམས་ཀྱིས་ཁོ་ལ་ཕྲག་དོག་བྱས་སོ། 15དེར་བརྟེན་དེ་ཚོས་ཕ་ཨབ་ར་ཧམ་གྱི་དུས་སུ་གཡོག་པོས་བྲུས་པས་ཁྲོན་པ་རྣམས་སས་བཀབ་བོ། 16དེ་ནས་ཨ་བྷི་མེ་ལེག་གིས་ཨི་སཱག་ལ། ཁྱོད་ང་ཚོ་ལས་དབང་ཆེ་བར་འགྱུར་བས། ང་ཚོའི་ས་གནས་ནས་ཕར་སོང་ཞིག་སྨྲས་སོ། 17དེར་བརྟེན་ཨི་སཱག་དེ་ནས་སོང་སྟེ་གྷེ་རར་གྱི་ལུང་གཤོང་དུ་སྒར་བཏབ་ནས་དུས་ཚོད་གང་ཞིག་དེར་གནས་སོ། 18ཕ་ཨབ་ར་ཧམ་གྱི་དུས་སུ་བྲུས་པའི་ཁྲོན་པ་དེ་དག་ཁོང་གྲོངས་པའི་རྗེས་སུ་ཕེ་ལེ་ཤེད་པ་རྣམས་ཀྱིས་སས་བཀབ་བོ། ཨི་སཱག་གིས་ཁྲོན་པ་དེ་རྣམས་སྐྱར་དུ་བྲུས་ཤིང་རང་གི་ཕས་མིང་བཏགས་པ་དེ་རང་བཏགས་སོ། 19ཨི་སཱག་གི་གཡོག་པོ་རྣམས་ཀྱིས་ལུང་གཤོང་དུ་ཁྲོན་པ་བྲུས་ཏེ་ཆུ་ཐོབ་བོ། 20ཡུལ་གྷེ་རར་གྱི་རྫི་བོ་རྣམས་ཀྱིས་ཆུ་དེ་ཁོང་ཚོའི་ཡིན་ཟེར་ཏེ་ཨི་སཱག་གི་རྫི་བོ་རྣམས་དང་རྩོད་པའི་རྐྱེན་གྱིས་ཨི་སཱག་གིས་ཁྲོན་པ་དེའི་མིང་རྩོད་པ་ཞེས་བཏགས་སོ། 21ཨི་སཱག་གི་གཡོག་པོ་རྣམས་ཀྱིས་ཁྲོན་པ་གཞན་ཞིག་བྲུས་པས། དེའི་སྐོར་ཡང་འཁོན་འཛིན་བྱུང་བའི་རྐྱེན་གྱིས་ཁྲོན་པའི་མིང་ལ་འཁོན་འཛིན་ཞེས་བཏགས་སོ། 22ས་ཆ་གཞན་ཞིག་ཏུ་ཁོང་སྤོས་ཏེ་ཁྲོན་པ་གཞན་ཞིག་བྲུས་པ་དང་། འདི་ལ་རྩོད་པ་གང་ཡང་མ་བྱུང་བའི་ཨི་སཱག་གིས་ཁྲོན་པ་དེའི་མིང་རང་དབང་ཞེས་བཏགས་སོ། ཨི་སཱག་གིས། ས་ཆ་འདིར་བསྡད་པ་ལ་དཀོན་མཆོག་གིས་ང་ཚོར་རང་དབང་གནང་ཡོད་པའི་རྐྱེན་གྱིས་ང་ཚོ་ཡར་རྒྱས་འབྱུང་བར་འགྱུར་ཞེས་གསུངས་སོ། 23ས་ཆ་དེ་ནས་ཨི་སཱག་བྷིར་ཤེ་བྷ་རུ་སོང་ངོ་། 24མཚན་དེར་གཙོ་བོ་དཀོན་མཆོག་གིས་ཨི་སཱག་ལ་ཞལ་མཇལ་གནང་ནས། ང་ནི་ཁྱོད་ཀྱི་ཕ་ཨབ་ར་ཧམ་གྱི་དཀོན་མཆོག་ཡིན་པས། ང་ཁྱོད་དང་མཉམ་དུ་དུས་རྒྱུན་དུ་ཡོད་པའི་རྐྱེན་གྱིས་ཁྱོད་མ་འཇིགས་ཤིག ངས་ངའི་བྲན་པོ་ཨབ་ར་ཧམ་ལ་དམ་བཅའ་བྱས་པ་ལྟར་ཁྱོད་ལ་བུ་བརྒྱུད་མང་པོ་བྱུང་ནས་ཁྱོད་བྱིན་གྱིས་རླབས་པར་འགྱུར་ཞེས་གསུངས་སོ། 25ས་གནས་དེར་ཨི་སཱག་གིས་མཆོད་ཁྲི་ཞིག་བཟོས་ཏེ་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་བྱེད་དོ། དེ་ནས་དེར་ཁོང་གིས་གུར་ཕུབ་ནས་གཡོག་པོ་རྣམས་ཀྱིས་ཁྲོན་པ་ཞིག་བྲུས་སོ༎

ཨི་སཱག་དང་ཨ་བྷི་མེ་ལེག་བར་ཁ་ཆད་བྱེད་པ།

26དེ་ནས་ཡུལ་གྷེ་རར་ནས་རྒྱལ་པོ་ཨ་བྷི་མེ་ལེག་དང་། ཁོང་གི་གྲོས་སྟོན་པ་ཨ་ཧུཛ་ཛད་དང་། ཁོང་གི་དམག་སྤྱི་ཕི་ཀོལ་བཅས་ཨི་སཱག་ཐུག་ཏུ་ཡོང་ངོ་། 27དེར་བརྟེན་ཨི་སཱག་གིས་དེ་དག་ལ། ཁྱོད་ཚོས་ང་ལ་དགྲ་བྱས་ཏེ་ཡུལ་ནས་བཏོན་པས། ད་ག་རེའི་དོན་དུ་ངའི་རྩར་ཡོང་བ་ཡིན་ནམ་ཞེས་དྲིས་པས། 28ཁོང་ཚོས་ལན་དུ། གཙོ་བོ་དཀོན་མཆོག་ཁྱོད་དང་མཉམ་དུ་བཞུགས་ཡོད་པ་དེ་ང་ཚོས་ཤེས་པས། ང་གཉིས་ཀྱི་བར་ལ་ཁ་ཆད་གཅིག་བྱེད་དགོས་བསམ་བྱུང་། 29ང་ཚོས་ཁྱེད་ལ་གནོད་པ་མ་བྱས་པ་ལྟར་ཁྱེད་ཀྱི་ཀྱང་ང་ཚོར་གནོད་པ་མ་བྱེད་པའི་ཕྱིར་ང་ཚོ་མཉམ་དུ་མནའ་སྐྱེལ་བ་ང་ཚོས་འདོད་དོ། ང་ཚོས་ཁྱེད་ལ་སྙིང་རྗེ་བྱེད་ནས་ཞི་བདེ་བར་འགྲོར་བཅུག་གོ ད་ལྟ་གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་བྱིན་གྱིས་རླབས་པ་དེ་གསལ་པོར་ཆགས་སོ། 30དེ་ནས་ཨི་སཱག་གིས་དེ་ཚོའི་ཆེད་དུ་མགྲོན་ཞིག་བཤམས་པས་དེ་ཚོས་བཟའ་ཞིང་འཐུང་ངོ་། 31སང་ཞོགས་སྔ་དྲོ་ཁོང་གཉིས་ཀས་དམ་བཅའ་བྱས་ཏེ་མནའ་སྐྱེལ་བ་དང་། དེ་ནས་ཨི་སཱག་གིས་དེ་ཚོ་ལ་བཏང་ངོ་། དེ་ཚོ་ཞི་བདེར་ངང་ཕྱིར་ལོག་གོ། 32ཉིན་དེ་རང་ལ་ཨི་སཱག་གི་གཡོག་པོ་རྣམས་ཁོང་གི་དྲུང་དུ་ཡོང་ནས། དེ་ཚོས་བྲུས་པའི་ཁྲོན་པའི་སྐོར་ཨི་སཱག་ལ་སྨྲས་ཏེ། དེ་ཚོས་ང་ཚོ་ལ་ཆུ་ཐོབ་བྱུང་ཞེས་ཞུས་སོ། 33ཨི་སག་གིས་ཁྲོན་པའི་མིང་ལ་མནའ་ཞེས་བཏགས་སོ། དེའི་ཕྱིར་གྲོང་ཁྱེར་གྱི་མིང་ཡང་བིར་ཤེ་བ་26 བྷིར་ཤེ་བ་ བིར་ཤེ་བ་ནི་ཨིབ་རི་པའི་སྐད་དུ་མནའ་ཞེས་པའི་ཁྲོན་པ་ལ་ཟེར་རོ།བྱུང་ངོ་།།

ཨེ་སའོའི་ཕྱི་རྒྱལ་བའི་ཆུང་མ་རྣམས།

34ཨེ་སའོ་ལོ་ བཞི་བཅུ་ལོན་པ་དང་ཧི་ཏི་པའི་ཡུལ་གྱི་བུད་མེད་གཉིས་དང་ཆང་ས་བརྒྱབ་བོ། གཅིག་ནི་བྷི་རིའི་བུ་མོ་ཡུ་དིད་ཞེས་བྱ་བ་དང་། གཞན་དེ་ནི་ཨེ་ལོན་གྱི་བུ་མོ་བྷ་སི་མད་ཞེས་པའོ། 35ཆུང་མ་དེ་གཉིས་ཀྱི་རྐྱེན་གྱིས་ཨི་སཱག་དང་རེ་བྷེ་ཀའི་མི་ཚེའི་ནང་བཀའ་བསྔལ་བྱུང་ངོ་༎

བཀོད་པ 27

ཨི་སཱག་གིས་ཡ་ཀོབ་ལ་བྱིན་རླབས་གནང་བ།

1ད་ཨི་སཱག་རྒས་ཏེ་མིག་གི་ནུས་པ་ཉམས་ནས་ལོང་བར་འགྱུར་བ་དང་། རང་གི་བུ་རྒན་པ་ཨེ་སའོ་ལ་འབོད་ཅིང་ཁོ་ལ། ངའི་བུ། ཨེ་སའོས། ལགས་ང་འདིར་ཡོད་ཅེས་ཞུས་སོ། 2ཨི་སཱག་གིས་བལྟོས་ཤིག་ང་རྒས་ཡོད་པ་དང་མགྱོགས་པོ་ཤི་གྲབ་ཡོད། 3ད་ཁྱོད་ཀྱི་མདའ་གཞུ་དེ་འཁྱེར་ནས་ནགས་ཀྱི་ནང་དུ་སོང་ཏེ་ངའི་ཆེད་དུ་རི་དྭགས་ཤིག་འཁྱེར་ཤོག 4ངས་ཟ་འདོད་པས་ཁ་ཟས་དེ་བཟོས་ནས་ངའི་རྩར་འཁྱེར་ཤོག། ངས་ཁ་ཟས་དེ་ཟ་བའི་རྗེས་སུ་ང་མ་ཤི་བའི་སྔོན་དུ་ངའི་བྱིན་རླབས་མཐའ་མ་དེ་སྤྲད་པར་བྱའོ་ཞེས་སྨྲས་སོ། 5ཨི་སཱག་གིས་ཨེ་སའོ་མཉམ་དུ་གཏམ་བཤད་པའི་སྐབས་རེ་བྷེ་ཀས་ཉན་ནས་བསྡད་ཡོད་དོ། དེར་བརྟེན་ཨེ་སའོས་རི་དྭགས་བསད་ཕྱིར་སོང་བའི་སྐབས་སུ། 6མོས་ཡ་ཀོབ་ལ་འབོད་ནས་ཁོ་ལ་སྨྲས་པ། ཁྱོད་ཀྱི་ཕས་ཨེ་སའོ་ལ། 7རི་དྭགས་ཤིག་བསད་ནས་ཁ་ཟས་བཟོས་པའི་བཀའ་གནང་སོང་། དེ་ཟ་བའི་རྗེས་སུ་ང་མ་ཤི་སྔོན་དུ་གཙོ་བོ་དཀོན་མཆོག་གི་མདུན་དུ་བྱིན་རླབས་སྟེར་བར་བྱ་ཟེར་བ་ངས་ཐོས་བྱུང་། 8ད་ངའི་བུ་ངའི་གཏམ་ལ་ཉོན་ཞིག་དང་། ངས་སྨྲས་པ་ལྟར་བྱོས་ཤིག། 9སོང་ནས་ཁྱུའི་ནང་ནས་ར་གཞོན་པ་རྒྱགས་པ་གཉིས་འཁྲིད་ཤོག་དང་། ངས་ཁྱོད་ཀྱི་ཕ་ལ་འདོད་པའི་ཁ་ཟས་བཙོས་ནས་སྤྲོད་རྒྱུ་ཡིན། 10ཁ་ཟས་དེ་ཁྱོད་ཀྱིས་ཕ་ལ་འཁྱེར་ནས་སྤྲོད་ཅིག་དང་། ཁོང་གི་ཟས་ནས་མ་གྲོངས་པའི་སྔོན་དུ་ཁྱོད་ལ་བྱིན་རླབས་གནང་ཡོང་ཞེས་ལབ་བོ། 11འོན་ཀྱང་ཡ་ཀོབ་ཀྱིས་མ་ལ། ཨེ་སའོ་ནི་སྤུ་ཅན་ཡིན་པ་ཁྱེད་ཀྱིསཤེས་ཀྱི་ཡོད། ངའི་ལུས་ནི་འཇམ་པོ་ཡིན། 12གལ་ཏེ་ངའི་ཡབ་ཀྱིས་ང་ལ་འཆང་ན་ང་མགོ་བསྐོར་མཁན་དུ་འགྱུར་ཏེ། བྱིན་རླབས་ཀྱི་ཚབ་ཏུ་ང་ལ་དམོད་པ་ཞིག་འཕོག་ཡོང་ཞེས་སྨྲས་སོ། 13མས་ལན་དུ་ཁོ་ལ། ཁྱོད་ལ་འཕོག་པའི་དམོད་པ་དེ་ང་ལ་འཕོག་པར་ཤོག་ཅིག ད་ངས་ལབ་པ་ལྟར་ཁྱོད་སོང་སྟེ་ར་ལེགས་པ་གཉིས་བསད་དེ་འཁྱེར་ཤོག 14དེར་བརྟེན་ཁོ་སོང་ནས་ར་བསད་དེ་ཤ་དེ་མ་ལ་སྤྲད་པ་དང་། ཨ་མས་ཕ་ལ་དགའ་བའི་ཁ་ཟས་ཞིམ་པོ་ཞིག་བཟོས་སོ། 15ཨ་མས་ནང་ལ་བཞག་ཡོད་པའི་ཨེ་སའོའི་གོས་ལེགས་པ་ཞིག་ཡ་ཀོབ་ལ་བསྐོན་སྟེ། 16རའི་ལྤགས་པ་ཞིག་ཁོའིལག་པ་དང་མཇིང་པར་བཏུམས་ནས། 17ཨ་མས་ཁ་ཟས་ཞིམ་པོ་དེ་དང་མཉམ་དུ་བསྲེག་པས་བག་ལེབ་དེ་ཁོ་ལ་སྤྲད་དོ། 18དེ་ནས་ཡ་ཀོབ་རང་གི་ཕའི་རྩར་སོང་ནས་ཕ་ལ། ངའི་ཡབ་ལགས་ཞུས་པ་དང་། ཕས་ཁོ་ལ། བུ་ཁྱོད་རྒན་པ་ཡིན་ནམ་ཡང་ན་ཆུང་བ་དེ་ཡིན་ནམ་ཞེས་དྲིས་པས། 19ཡ་ཀོབ་ཀྱིས། ང་ཁྱེད་ཀྱི་བུ་རྒན་པ་ཨེ་སའོ་ཡིན། ཁྱེད་ཀྱི་གསུངས་པ་ལྟར་ངས་བྱས་ཡོད་པས། ད་ཁྱེད་བཞེངས་ཏེ་ངས་ཁྱེད་རང་གི་ཆེད་དུ་འཁྱེར་ཡོང་བའི་ཤ་དེ་བཞེས་ནས་ང་ལ་བྱིན་རླབས་གནང་ཞིག་ཅེས་ཞུས་པས། 20ཕ་ཨི་སཱག་གིས། བུ་ཁྱོད་ལ་འདི་ཙམ་མགྱོགས་པོ་ཞིག་ཇི་ལྟར་རི་དྭགས་ཐོབ་ཅེས་དྲིས་པས། ཡ་ཀོབ་ཀྱིས་ལན་དུ། ཁྱེད་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ང་ལ་རོགས་གནང་བར་མཛད་དོ་ཞེས་ཞུས་སོ། 21ཨི་སཱག་གིས་ཡ་ཀོབ་ལ། ཁྱོད་ངའི་ཉེ་བར་ཤོག་ཅིག་དང་། ཁྱོད་ཨེ་སའོ་ཡིན་མིན་ངས་འཆང་བར་བྱ་ཞེས་གསུངས་པ་དང་། 22ཡ་ཀོབ་ཕའི་ཉེ་བར་སོང་ཏེ་ཨི་སཱག་གིས་འཆང་བས། ཁྱོད་ཀྱི་སྐད་ནི་ཡ་ཀོབ་ཀྱི་སྐད་ལྟར་འདྲ་བས་ལག་པ་ནི་ཨེ་སའོའི་ལག་པ་ལྟར་འདྲ་ཞེས་གསུངས་སོ། 23འོན་ཀྱང་ཁོ་ཡ་ཀོབ་ཡིན་པ་ཁོང་གི་ངོ་མ་ཤེས་སོ། གང་ལ་ཟེར་ན། ཁོའི་ལག་པ་ནི་སྤུ་ཅན་ཨེ་སའོའི་ལག་པ་ལྟར་ཡོད་པའོ། ཁོང་གིས་བྱིན་རླབས་སྤྲད་གྲབ་སྐབས་སུ། 24ཡང་སྐྱར་ཁྱོད་བདེན་པར་ཨེ་སའོ་ཡིན་ནམ་ཞེས་དྲིས་པས། ཁོས་ང་ཨེ་སའོ་ཡིན་ཞེས་ལན་རྒྱབ་བོ། 25དེ་ནས་ཨི་སཱག་གིས། ཁོ་ལ། ཁྱོད་ཀྱིས་ངའི་དོན་དུ་ཤ་ཕྲན་བུའི་ཞིག་འཁྱེར་ཤོག ངས་དེ་ལས་ཟས་པའི་རྗེས་སུ་ཁྱོད་ལ་བྱིན་གྱིས་རླབས་པར་བྱ་ཞེས་གསུངས་སོ། ཡ་ཀོབ་ཀྱིས་རང་གི་ཡབ་ལ་ཤ་དང་རྒུན་ཆང་ཡང་ཕུལ་ལོ། 26དེ་ནས་ཨི་སཱག་གིས་ཡ་ཀོབ་ལ། བུ་ཁྱོད་ངའི་ཉེ་བར་ཡོང་ནས་འོ་བྱེད་ཅིག་གསུངས་པ་དང་། 27ཁོ་ཉེ་བར་ཡོང་ནས་འོ་བྱས་པས། ཕས་ཁོའི་གོས་ཀྱི་དྲི་མ་བསྣུམས་ཏེ་ཁོ་ལ་བྱིན་རླབས་གནང་ཞིང། ངའི་བུའི་དྲི་ཞིམ་ནི་གཙོ་བོ་དཀོན་མཆོག་གིས་བྱིན་གྱིས་རླབས་པའི་ཞིང་གི་དྲི་ཞིམ་དང་འདྲའོ། 28དཀོན་མཆོག་གིས་ཁྱོད་ལ་ནམ་མཁའ་ནས་ཟིལ་པ་གནང་ཞིང་། ཞིང་ནི་ས་ལུད་འཛོམ་པོ་བྱུང་བར་ཤོག། འབྲུ་དང་རྒུན་ཆང་མང་པོ་གནང་བར་ཤོག 29མི་རིགས་མང་པོས་ཁྱོད་ཀྱི་གཡོག་བྱེད་དེ་ཁྱོད་ལ་མགོ་སྒུར་བར་ཤོག ཁྱོད་ཀྱི་སྤུན་རྣམས་ཀྱི་ནང་ནས་ཁྱོད་གཙོ་བོར་འགྱུར་ཏེ། ཨ་མའི་བུ་རྣམས་ཀྱིས་ཁྱོད་ལ་གུས་འདུད་བྱེད་པར་ཤོག ཁྱོད་ལ་དམོད་པ་གཏོང་མཁན་རྣམས་ལ་དམོད་པ་ཕོག་སྟེ་བྱིན་རླབས་གཏོང་མཁན་རྣམས་ལ་བྱིན་གྱིས་རླབས་པར་ཤོག་ཅེས་གསུངས་སོ༎

ཨེ་སའོས་ཨི་སཱག་ལ་བྱིན་རླབས་སློང་བ།

30ཨི་སཱག་གིས་བྱིན་རླབས་དེ་དག་ཡ་ཀོབ་ལ་གནང་ཚར་བའི་རྗེས་སུ། ཡ་ཀོབ་ཐོན་མ་ཐག་ཏུ་ཁོའི་ཨ་ཇོ་རྒན་པ་ཨེ་སའོས་རི་དྭགས་བསད་དེ་ལོག་འོང་ངོ་། 31ཁོས་ཀྱང་ཁ་ཟས་ཞིམ་པོ་ཞིག་བཟོས་ཏེ་རང་གི་ཕ་ལ་འཁྱེར་ཡོང་ནས། ངའི་པ་ལགས། ད་ཁྱེད་རང་བཞེངས་ཏེ་ངས་བཟོས་པའི་ཁ་ཟས་བཞེས་པའི་རྗེས་སུ་ང་ལ་བྱིན་རླབས་གནོང་ཞིག་ཞུས་པ་དང་། 32ཁྱོད་སུ་ཡིན་ནམ་ཞེས་ཨི་སཱག་གིས་དྲིས་པས། ང་ཁྱེད་ཀྱི་བུ་རྒན་པ་ཨེ་སའོ་ཡིན་ཞེས་སྨྲས་པ་དང་། 33ཨི་སཱག་ལུས་འདར་ཞིང་། རི་དྭགས་ཤིག་བསད་ནས་ང་ལ་སྟེར་བའི་མི་དེ་སུ་ཡིན་ནམ། ཁྱོད་མ་ཡོང་བའི་སྔོན་དུ་ཁོས་སྤྲད་པའི་ཁ་ཟས་ཟས་ནས་ངས་ཁོ་ལ་མཐའ་མའི་བྱིན་རླབས་དེ་སྤྲད་ཚར་བས། དེར་བརྟེན་དེ་ནི་རྒྱུན་དུ་ཁོ་ལ་བདག་པ་ཡིན་ཞེས་གསུངས་སོ། 34ཨེ་སའོས་དེ་ཐོས་པའི་རྗེས་སུ་ཤིན་ཏུ་ངུས་ཤིང་ཕ་ལ། ང་ལའང་བྱིན་རླབས་ཤིག་གནང་རོགས་ཞུས་པས། 35ཨི་སཱག་གིས་ཁོ་ལ། ཁྱོད་ཀྱི་སྤུན་ཡོང་ནས་ང་ལ་མགོ་བསྐོར་བཏང་ཞིང་ཁྱོད་ཀྱི་བྱིན་རླབས་ཚང་མ་འཕྲོག་སོང་ཞེས་གསུངས་སོ། 36དེ་ནས་ཨེ་སའོས། ཁོས་ང་ལ་ལན་གཉིས་མགོ་བསྐོར་བཏང་བས་ཁོའི་མིང་བདེན་པར་ཡ་ཀོབ་ཡིན། དང་པོ་ཁོས་ངའི་སྔོན་སྐྱེས་ཀྱི་ཐོབ་ཐང་འཁྱེར་བ་དང་། ད་ངའི་བྱིན་རླབས་ཡང་འཁྱེར་རོ། ད་དུང་ཡང་ངའི་ཕྱིར་བྱིན་རླབས་ཤིག་མེད་དམ་ཞེས་དྲིས་པས། 37ཨི་སཱག་གིས་ལན་དུ། ངས་ཁོ་ལ་ཁྱོད་ཀྱི་དཔོན་པོ་བྱེད་པར་བསྐོས་ཏེ་སྤུན་ཐམས་ཅད་ཁོའི་གཡོག་ཏུ་བཏང་ངོ་། ངས་ཁོ་ལ་འབྲུ་དང་རྒུན་ཆང་སྤྲད་པ་ཡིན། ད་ཁྱོད་ཀྱི་ཆེད་དུ་ངས་གང་ཡང་བྱེད་མི་ཐུབ་ཅེས་་གསུངས་སོ། 38འོན་ཀྱང་ཨེ་སའོས་མུ་མཐུད་ནས་ཕ་ལ་ཞུ་བ་ཕུལ་ནས་ཁྱེད་ལ་བྱིན་རླབས་གཅིག་ཀྱང་མེད་དམ། ང་ལ་ཡང་བྱིན་རླབས་ཤིག་གནང་རོགས་ཤེས་ངུ་འགོ་ཚུགས་སོ། 39དེ་ནས་ཕ་ཨི་སཱག་གིས་ཁོ་ལ། ནམ་མཁའི་ཟིལ་པ་ཁྱོད་ལ་ཐོབ་མི་ཡོང་། ཁྱོད་ཀྱི་ཆེད་དུ་ས་ལུད་འཛོམས་པོ་བྱུང་མི་ཡོང་། 40ཁྱོད་ནི་རལ་གྲིའི་སྟོབས་ཀྱིས་འཚོ་བར་བྱ། ཁྱོད་སྤུན་གྱི་གཡོག་པོ་འགྱུར་བར་བྱ། འོན་ཀྱང་ཁྱོད་ཀྱི་ངོ་ལོག་བྱེད་པ་དང་ཁོའི་དབང་ནས་བྲལ་བར་འགྱུར་ཞེས་གསུངས་སོ། 41ཕས་ཡ་ཀོབ་ལ་བྱིན་རླབས་སྤྲད་པའི་རྐྱེན་གྱིས་ཨེ་སའོས་ཡ་ཀོབ་ལ་སྡང་པོ་བྱས་སོ། ཕ་གྲོངས་པའི་མྱ་ངན་གྱི་ཉིན་མོ་དེ་ཉེ་བར་ཡོད་པ་དང་། དེའི་རྗེས་སུ་ངས་ཡ་ཀོབ་ལ་གསོད་པར་བྱ་ཞེས་བསམ་མོ། 42འོན་ཀྱང་ཨེ་སའོས་འཆར་གཞིའི་སྐོར་ལ་རེ་བྷེ་ཀས་ཐོས་མ་ཐག་ཏུ་མོས་ཡ་ཀོབ་འབོད་ཅིང་ཁོ་ལ། ཁྱོད་ཀྱི་ཨ་ཇོ་ཨེ་སའོས་ཁྱོད་ལ་བསད་ནས་དགྲ་ཤ་ལེན་པའི་འཆར་གཞི་བྱེད་བཞིན་ཡོད་པས། 43ད་བུ་ངའི་གཏམ་ལ་ཉོན་ཞིག། ད་ཁྱོད་མྱུར་དུ་ཡུལ་ཧ་རན་དུ་ངའི་ཨ་ཇོ་ལ་བན་གྱི་རྩར་སོང་ཞིག 44ཨ་ཇོ་ཨེ་སའོའི་ཁོང་ཁྲོ་མ་ཞི་བར་དུ་དེར་སྡོད་ཅིག 45ཁྱོད་ཀྱི་གང་བྱས་པའི་སྐོར་ཨེ་སའོས་བརྗེད་པའི་རྗེས་སུ་ངས་ཁྱོད་ལ་འབོད་དུ་བཏང་ཡོང་། ངས་ཅིའི་ཕྱིར་ངའི་བུ་གཉིས་ཀར་ཉིན་གཅིག་རང་ལ་བློས་གཏོང་ངམ་༎

ཨི་སཱག་གིས་ཡ་ཀོབ་ལ་བན་གྱི་རྩར་བཏང་བ།

46རེ་བྷེ་ཀས་ཨི་སཱག་ལ། ཨེ་སའོ་ཕྱི་རྒྱལ་བའི་ཧི་ཏི་པའི་ཆུང་མ་རྣམས་དང་ཞེན་པ་ལོག་ནས་ཐང་ཆད་ཡོད། གལ་སྲིད་ཡ་ཀོབ་ཀྱིས་ཀྱང་ཧི་ཏི་པའི་བུ་མོ་དང་ཆང་ས་བརྒྱབ་ན་ང་ཤི་ན་ཡང་སྒྲིགས་ཤེས་སྨྲས་སོ༎

བཀོད་པ 28

1དེ་ནས་ཨི་སཱག་གིས་ཡ་ཀོབ་འབོད་ནས་བྱིན་རླབས་སྤྲད་ཅིང་ཁོ་ལ། ཁྱོད་ཀྱི་ཡུལ་ཀ་ནན་པའི་བུད་མེད་དང་ཆང་ས་མ་བརྒྱབ་ཅིག 2འོན་ཀྱང་ཡུལ་མེ་སོ་པོ་ཊ་མི་ཡ་རུ་སོང་ཏེ། ཁྱོད་ཀྱི་པོ་ལགས་བེ་ཐུ་ཨེལ་གྱི་མི་བརྒྱུད་ནང་ནས་ཁྱོད་ཀྱི་ཨ་ཞང་ལ་བན་གྱི་བུ་མོ་གཅིག་དང་ཆང་ས་རྒྱོབ་ཅིག 3ཀུན་དབང་ལྡན་པའི་དཀོན་མཆོག་གིས་ཁྱོད་ཀྱི་ཆང་ས་ལ་བྱིན་རླབས་མཛད་དེ། ཁྱོད་ལ་བུ་ཕྲུག་མང་པོ་བྱུང་ནས་ཁྱོད་མི་རིགས་མང་པོའི་ཕ་རུ་འགྱུར་བར་ཤོག 4ཁོང་གིས་ཨབ་ར་ཧམ་ལ་བྱིན་རླབས་གནང་བ་ལྟར་ཁྱོད་དང་ཁྱོད་ཀྱི་རིགས་བརྒྱུད་རྣམས་ལའང་བྱིན་རླབས་གནང་བར་ཤོག ཁྱོད་རང་གནས་སྡོད་བྱེད་པའི་ཡུལ་དེ་བདག་འཛིན་བྱེད་ཐུབ་པར་ཤོག ཡུལ་འདི་དཀོན་མཆོག་གིས་ཨབ་ར་ཧམ་ལ་གནང་བ་ཡིན་ཞེས་གསུངས་སོ། 5ཨི་སཱག་གིས་ཡ་ཀོབ་ལ་ཡུལ་མེ་སོ་པོ་ཊ་མི་ཡ་རུ་བཏང་ཞིང། དེར་ཁོའི་ཨ་ཞང་ལ་བན་དང་མཉམ་དུ་བསྡད་པའི་ཕྱིར་བཀའ་གནང་ངོ་། ལ་བན་ནི་ཨ་རམ་པ་བེ་ཐུ་ཨེལ་གྱི་བུ་དང་ཡ་ཀོབ་དང་ཨེ་སའོའི་ཨ་མ་རེ་བྷེ་ཀའི་ཨ་ཇོ་ཡིན་ནོ༎

བུ་ཨེ་སའོས་ཆུང་མ་གཞན་ཞིག་བླངས་པ།

6ཕ་ཨི་སཱག་གིས་ཡ་ཀོབ་ལ་བྱིན་རླབས་གནང་ནས་ཡུལ་མེ་སོ་པོ་ཊ་མི་ཡ་རུ་ཆུང་མ་ཞིག་བླངས་པ་ལ་བཏང་ཡོད་པའི་སྐོར་ཨེ་སའོས་ཐོས་སོ། ཡུལ་ཀ་ནན་ནས་བུད་མེད་གཅིག་ཀྱང་ཆང་ས་མི་བརྒྱབ་ཅེས་བཀའ་གནང་བའི་སྐོར་ཡང་ཁོས་ཤེས་སོ། 7ཡ་ཀོབ་ཀྱིས་རང་གི་ཕ་མས་བཀའ་ལ་ཉན་ནས། མེ་སོ་པོ་ཊ་མི་ཡའི་ཡུལ་ནང་སོང་བ་ཁོས་ཤེས་སོ། 8ཨི་སཱག་གིས་ཡུལ་ཀནན་གྱི་བུད་མེད་ལ་འདོད་པ་མེད་པ་དེ་ཨེ་སོས་ཤེས་སོ། 9དེར་བརྟེན་ཁོ་ཨབ་ར་ཧམ་གྱི་བུ་ཨིཤ་མ་ཨེལ་གྱི་རྩར་སོང་སྟེ། ཁོའི་བུ་མོ་མ་ཧ་ལད་ནེ་བ་ཡོད་ཀྱི་སྲིང་མོ་དང་ཆང་ས་བརྒྱབ་བོ༎

བྷེ་ཐེལ་ནང་ཡ་ཀོབ་ཀྱིས་རྨི་ལམ་ཞིག་མཐོང་བ།

10ཡ་ཀོབ་བྷིར་ཤེ་བྷ་སྤངས་ཏེ་ཧ་རན་གྱི་ཕྱོགས་སུ་སོང་ངོ་། 11ཉི་མ་ནུབ་སྐབས་ཁོ་ས་གནས་དམ་པ་ཞིག་ཏུ་བསླེབས་ཏེ། དེར་གུར་ཕུབ་ནས་རྡོ་གཅིག་གི་སྒང་ལ་མགོ་བཞག་སྟེ་གཉིད་ཉལ་ལོ། 12དེ་ནས་ཁོས་རྨི་ལམ་ཞིག་ནང་ས་གཞི་ནས་མཐོ་རིས་བར་ཐུག་པའི་སྐས་འཛེག་ཞིག་གི་སྒང་ཕོ་ཉ་རྣམས་ཡར་མར་འགྲོ་བ་མཐོང་ངོ་། 13གཙོ་བོ་དཀོན་མཆོག་ཁོའི་འགྲམ་དུ་བཞེངས་ཡོད་པ་དང་། ཁོང་གིས་ཨབ་ར་ཧམ་དང་ཨི་སཱག་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ང་ཡིན། ཁྱོད་གཉིད་ལོག་ཡོད་པའི་ས་གཞི་འདི་ངས་ཁྱོད་དང་ཁྱོད་ཀྱི་རིགས་བརྒྱུད་རྣམས་ལ་སྤྲད་པར་བྱའོ། 14སའི་ཐལ་བ་ལྟར་ཁྱོད་ཀྱི་བུ་བརྒྱུད་ཕྱོགས་བཞིར་སྤེལ་ཏེ། ཁྱོད་དང་དེ་ཚོའི་སྒོ་ནས་ངས་མི་རིགས་ཐམས་ཅད་ལ་བྱིན་གྱིས་རླབས་པར་འགྱུར། 15ང་ཁྱོད་དང་མཉམ་དུ་གནས་ཏེ་ཁྱོད་གང་དུ་སོང་ཡང་ངས་ཁྱོད་ལ་སྐྱབས་ནས་ཡུལ་འདིར་ཕྱིར་ལོག་འཁྲིད་ཡོང་རྒྱུ་ཡིན་པ་དེ་དྲན་ཞིག ངས་དམ་བཅའ་བྱེད་པ་ཚང་མ་མ་སྒྲུབ་བར་དུ་ངས་ཁྱོད་ལ་སྤངས་བར་མི་འགྱུར་ཞེས་གསུངས་སོ། 16དེ་ནས་ཡ་ཀོབ་གཉིད་སད་ནས། གཙོ་བོ་དཀོན་མཆོག་ས་གནས་འདིར་བཞུགས་ཡོད་པ་དེ་ངས་མ་ཤེས་སོ་ཞེས་སྨྲས་པ་དང་། 17ཁོ་འཇིགས་ཏེ་སྨྲས་པ། ས་གནས་འདི་ཇི་ལྟར་འཇིགས་སུ་རུང་བ་རེད་འདུག འདི་ནི་དཀོན་མཆོག་གི་ཁང་ཁྱིམ་དང་མཐོ་རིས་སུ་འགྲོ་བའི་སྒོ་ཡིན་པ་འདྲ་ཞེས་ལབ་བོ། 18ཡ་ཀོབ་སང་ཞོགས་སྔ་དྲོ་ལངས་ནས་རང་གི་མགོའི་འོག་ཏུ་བཞག་པའི་རྡོ་དེ་རྟགས་སུ་བླངས་ནས་དེའི་སྒང་སྐྱུ་རུའི་སྣུམ་བླུགས་ནས་དཀོན་མཆོག་ལ་བསྔོ་འབུལ་བྱས་སོ། 19ཁོས་ས་གནས་དེའི་མིང་ལ་བྷེ་ཐེལ་ཞེས་བཏགས་སོ། སྔོན་དུ་གྲོང་ཁྱེར་དེའི་མིང་ལ་ལུཛ་ཟེར་རོ། 20དེ་ནས་ཡ་ཀོབ་ཀྱིས་མནའ་ཞིག་སྐྱེལ་ཏེ་གཙོ་བོ་དཀོན་མཆོག་ལ་གལ་སྲིད་ཁྱེད་ང་དང་མཉམ་དུ་བཞུགས་ཏེ་ང་འགྲུལ་བསྐྱོད་སྐབས་ང་ལ་སྲུང་སྐྱོབ་གནང་ཞིང་གོས་དང་བཟའ་བཅའ་སོགས་གནང་ན། 21ངའི་ཡབ་ཀྱི་ཁང་པར་ཁམས་བདེ་ཐོག་ཕྱིར་ལོག་བཅུག་པར་གནང་ན། ཁྱེད་ངའི་དཀོན་མཆོག་ཡིན་པ་དེ་བདེན་པར་ངོས་ལེན་པར་བྱའོ། 22རྡོ་འདི་བླངས་པའི་ས་གནས་འདི་ནི་དཀོན་མཆོག་གི་ཁྱིམ་དུ་འགྱུར་བ་དང་། ཁྱེད་ཀྱི་ང་ལ་གནང་བའི་ནོར་ཐམས་ཅད་ཀྱི་བཅུ་ཁག་ཁྱེད་ལ་འབུལ་བར་བྱའོ་ཞེས་ཞུས་སོ༎

བཀོད་པ 29

ལ་བན་གྱི་ཁང་པར་ཡ་ཀོབ་བསླེབས་པ།

1དེ་ནས་ཡ་ཀོབ་མུ་མཐུད་ནས་ཤར་གྱི་ཡུལ་ཕྱོགས་སུ་འགྲོ་བའི་སྐབས་སུ། 2གློ་བུར་དུ་ཞིང་གཅིག་གི་ནང་ཡོད་པའི་ཁྲོན་པའི་མཐའ་འཁོར་དུ་ལུག་ཁྱུ་གསུམ་ཡོད་སར་སླེབས་སོ། ལུག་ཁྱུ་རྣམས་ཀྱིས་ཁྲོན་པ་དེ་ལས་ཆུ་འཐུང་གི་ཡོད་པ་དང་། ཁྲོན་པའི་ཁར་རྡོ་ཞིག་གིས་བཀབ་ཡོད་དོ། 3ལུག་ཁྱུ་རྣམས་ཁྲོན་པའི་རྩར་བསླེབས་པའི་རྗེས་སུ། ལུག་རྫི་རྣམས་ཀྱིས་ཁྲོན་པའི་ཁ་ནས་རྡོ་དེ་འཐེན་ནས་ལུག་རྣམས་ལ་ཆུ་སྟེར་ཚར་བ་དང་། རྡོ་དེ་ཁྲོན་པའི་ཁར་བཞག་གི་ཡོད་དོ། 4ཡ་ཀོབ་ཀྱིས་ལུག་རྫི་རྣམས་ལ་ངའི་གྲོགས་པོ་ཁྱེད་རྣམས་ག་ནས་ཕེབས་པ་ཡིན་ནམ་ཞེས་དྲིས་པས། ཁོ་ཚོས། ང་ཚོ་ཡུལ་ཧ་རན་ནས་ཡིན་ཞེས་སྨྲས་སོ། 5ཡ་ཀོབ་ཀྱིས། ན་ཧོར་གྱི་ཚ་བོ་ལ་བན་ཟེར་བ་དེ་ཁྱོད་ཚོས་ངོ་ཤེས་སམ་ཞེས་དྲིས་པས། ཁོང་ཚོས། ང་ཚོས་ངོ་ཤེས་ཞེས་སྨྲས་སོ། 6ཁོས་ཁོང་བདེ་བར་ཡོད་དམ་ཞེས་དྲིས་པས། ཁོང་བདེ་པོ་ཡོད། ལྟོས་དང་ཁོང་གི་ལུག་ཁྱུ་རྣམས་ཁོང་གི་བུ་མོ་ར་ཧེལ་གྱི་འཁྱེར་ནས་ཡོང་གི་འདུག་ཅེས་སྨྲས་པ་དང་། 7ཡ་ཀོབ་ཀྱིས་དེ་ཚོ་ལ། ད་ལྟ་ས་རུབ་མེད་པས་ལུག་བཅུག་མ་རན་ནོ། ལུག་ཁྱུ་རྣམས་ལ་ཆུ་སྟེར་ཞིང་འཚོ་བའི་ཕྱིར་མི་འཁྲིད་དམ་ཞེས་དྲིས་པས། 8ཁོང་ཚོས། ང་ཚོས་དེ་ལྟར་བྱས་མི་ཐུབ། ཁྱུ་ཚང་མ་བསླེབས་ཚར་བའི་རྗེས་སུ་མ་གཏོགས་ཁྲོན་པའི་ཁ་རུ་ཡོད་པའི་རྡོ་དེ་ཕུད་པར་འགྱུར་བ་དང་། དེ་ནས་ང་ཚོས་ར་ལུག་ཚོར་ཆུ་སྟེར་བར་བྱ་ཞེས་སྨྲས་སོ། 9ཡ་ཀོབ་ཀྱིས་ལུག་རྫི་ཚོ་དང་མཉམ་དུ་སྐད་ཆ་བཤད་པའི་སྐབས་ར་ཧེལ་གྱིས་ལུག་ཁྱུ་འཁྲིད་དེ་ཁོང་ཚོའི་རྩར་སླེབས་པ་དང་། 10ཡ་ཀོབ་ཀྱིས་རང་གི་ཨ་ཞང་གི་བུ་མོ་ར་ཧེལ་གྱིས་ལུག་ཁྱུ་འཁྲིད་ནས་ཡོང་བ་མཐོང་མ་ཐག་ཏུ་ཁོ་ཁྲོན་པའི་རྩར་སོང་ནས་རྡོ་དེ་འཐེན་ནས་ལུག་ཚོ་ལ་ཆུ་སྟེར་རོ། 11དེ་ནས་ཁོས་མོ་ལ་འོ་བྱས་ཏེ་ཤིན་ཏུ་དགའ་ཞིང་ངུས་སོ། 12དེ་ནས་ཁོས་མོ་ལ། ང་ཁྱོད་ཀྱི་ཕའི་སྲིང་མོ་རེ་བྷེ་ཀའི་བུ་ཡིན་ཞེས་སྨྲས་པས། མོ་རྒྱུགས་ནས་ཕ་ལ་སྨྲས་སོ། 13ཡ་ཀོབ་ཡོང་ཡོད་པའི་སྐོར་ཁོས་ཐོས་པ་དང་། ཁོང་བསུ་བར་ཕྱིན་སྟེ་ཁོ་ལ་འཁྱུད་དེ། འོ་བྱས་ཏེ་ཁང་པར་འཁྲིད་དོ། ཡ་ཀོབ་ཀྱིས་རང་གི་ཨ་ཞང་ལ་བན་ལ། ཁོ་རང་ལ་གང་བྱུང་བ་ཚང་མའི་སྐོར་བཤད་པའི་སྐབས་སུ། 14ལ་བན་གྱིས་ཁོ་ལ། ཁྱོད་ནི་ངའི་ཤ་དང་ཁྲག་བདེན་པ་ཡིན་ཞེས་སྨྲས་པ་དང་། དེ་རྗེས་ཡ་ཀོབ་ཟླ་བ་གཅིག་ཙམ་ཁོང་དང་མཉམ་དུ་གནས་སོ༎

ར་ཧེལ་དང་ལེ་ཨའི་ཆེད་དུ་ཡ་ཀོབ་ཀྱིས་ལ་བན་གྱི་གཡོག་བྱས་པ།

15དེ་ནས་ལ་བན་གྱིས་ཡ་ཀོབ་ལ། ཁྱོད་ངའི་གཉེན་མཚན་ཡིན་ནའང་གླ་ཆ་མེད་པར་ལས་ཀ་བྱེད་མི་བཅུག་གོ ཁྱོད་ལ་གླ་ཆ་ག་ཚོད་དགོས་སམ་ང་ལ་ལབ་ཅིག་ཅེས་སྨྲས་པ་དང་། 16ལ་བན་ལ་བུ་མོ་གཉིས་ཡོད་པ་དང་། རྒན་པའི་མིང་ལ་ལེ་ཨ་ཞེས་པ་དང་། ཆུང་བའི་མིང་ལ་ར་ཧེལ་ཞེས་པའོ། 17བུ་མོ་ལེ་ཨས་མིག་སྐྱོ་པོ་ཡོད་པ་དང་། ར་ཧེལ་ནི་བལྟ་བ་ལ་མཛེས་པོ་དང་གཟུགས་དབྱིབས་ཡག་པོ་ཡོད་པ་དང་། 18ཡ་ཀོབ་ཀྱིས་ར་ཧེལ་ལ་བྱམས་པ་བྱེད་ཀྱི་ཡོད་དོ། ཁོས་ལ་བན་ལ་། གལ་ཏེ་ཁྱེད་ཀྱི་བུ་མོ་ར་ཧེལ་ང་དང་མཉམ་དུ་ཆང་ས་བརྒྱབ་བཅུག་ན། ངས་ཁྱེད་ཀྱི་ཆེད་དུ་ལོ་བདུན་ལས་ཀ་བྱེད་ཀྱི་ཡིན་ཞེས་སྨྲས་པས། 19ལ་བན་གྱིས་ཁོ་ལ། ངའི་བུ་མོ་གཞན་སུ་ཞིག་ལ་སྤྲད་པ་ལས་ཁྱོད་རང་ལ་སྤྲད་པ་ལེགས་སོ། ང་དང་མཉམ་དུ་སྡོད་ཅིག། 20དེའི་ཕྱིར་ཡ་ཀོབ་ཀྱིས་ར་ཧེལ་གྱི་ཕྱིར་ལོ་བདུན་གཡོག་བྱས་སོ། འོན་ཀྱང་ཁོས་ར་ཧེལ་ལ་བྱམས་པ་བྱས་པས་རྐྱེན་གྱིས། ལོ་བདུན་དེ་དུས་ཚོད་ཐུང་ངུ་ཞིག་མ་གཏོགས་མ་འཚོར་རོ། 21དེའི་རྗེས་སུ་ཡ་ཀོབ་ཀྱིས་ལ་བན་ལ། ད་ལོ་བདུན་ཚང་བས། ཁྱེད་ཀྱི་བུ་མོ་ང་ལ་ཆང་ས་བརྒྱབ་པར་སྤྲོད་རོགས་གནང་ཞེས་སྨྲས་པས། 22ལ་བན་གྱིས་ཆང་སའི་ཐུགས་སྤྲོ་བཏང་ནས་མགྲོན་པོ་མང་པོ་བོས་སོ། 23འོན་ཀྱང་མཚན་དེར་ལ་བན་གྱིས་ར་ཧེལ་གྱི་ཚབ་ཏུ་ལེ་ཨ་ལ་ཡ་ཀོབ་རྩར་སྐྱེལ་ནས་ཡ་ཀོབ་མོ་མཉམ་དུ་ཉལ་ལོ། 24ལ་བན་གྱི་རང་གི་བྲན་མོ་ཛིལ་པཱ་ལ་ལེ་ཨའི་བྲན་མོར་འགྱུར་བ་ལ་སྤྲད་དོ། 25སྔ་དྲོ་ལངས་སྐབས་ཡ་ཀོབ་ཀྱིས་ར་ཧེལ་གྱི་ཚབ་ཏུ་ལེ་ཨ་མཐོང་བས། ཁོ་ལ་བན་གྱི་སར་ཕྱིན་ནས་ཁོ་ལ། ཁྱེད་འདི་ལྟར་ཅི་གནང་ངམ། ངས་ར་ཧེལ་དང་ཆང་ས་བརྒྱབ་ཕྱིར་གཡོག་བྱེད་པས། ཁྱོད་ཀྱིས་ང་ལ་མགོ་བསྐོར་བཏང་བ་དེ་ཅི་ཡིན་ནམ་ཞེས་དྲིས་པས། 26ལ་བན་གྱིས་ཁོ་ལ། ང་ཚོའི་ལུགས་སྲོལ་ལྟར་བུ་མོ་རྒན་པས་ཆང་ས་མ་རྒྱབ་བར་ཆུང་བས་རྒྱབ་མི་ཆོག 27ཆང་ས་རྒྱབ་པའི་རྟེན་འབྲེལ་བདུན་ཕྲག་གཅིག་ཚང་བས་རྗེས་སུ། ཁྱོད་ཀྱི་ཡང་སྐྱར་ལོ་བདུན་ངའི་རྩར་ལས་ཀ་བྱེད་ན་ངས་ཁྱོད་ལ་ངའི་བུ་མོ་ར་ཧེལ་དང་ཆང་ས་རྒྱབ་བཅུག་གི་ཡིན་ཞེས་སྨྲས་པས། 28ཡ་ཀོབ་ཀྱིས་དེ་བཞིན་བྱེད་རྒྱུའི་ཐག་བཅད་དེ། རྟེན་འབྲེལ་གྱི་བདུན་ཕྲག་ཚང་བའི་རྗེས་སུ་ལ་བན་གྱིས་རང་གི་བུ་མོ་ར་ཧེལ་ཁོང་དང་ཆང་ས་རྒྱབ་བཅུག་གོ། 29ལ་བན་གྱིས་རང་གི་བྲན་མོ་བྷིལ་ཧཱ་ཞེས་པ་དེ་ར་ཧེལ་གྱི་བྲན་མོར་འགྱུར་བར་སྤྲད་དོ། 30ཡ་ཀོབ་ཀྱིས་ར་ཧེལ་དང་མཉམ་དུ་ཉལ་ཏེ། ཁོང་གིས་ལེ་ཨ་ལས་ར་ཧེལ་ལ་མང་བར་བྱམས་སོ། དེ་ནས་ཁོང། ཡང་ལོ་བདུན་ལ་བན་གྱི་གཡོག་བྱས་སོ༎

ཡ་ཀོབ་ཀྱི་ཕྲུ་གུ་རྣམས།

31ཡ་ཀོབ་ཀྱིས་ར་ཧེལ་ལ་མང་བར་བྱམས་པ་དང་། ལེ་ཨ་ལ་ཉུང་བར་བྱམས་པ་དེ་གཙོ་བོ་དཀོན་མཆོག་གིས་གཟིགས་པས། ཁོང་གིས་ར་ཧེལ་ལ་ཕྲུ་གུ་མི་སྐྱེ་བར་རབས་ཆད་མར་མཛད་དོ། 32ལེ་ཨ་མངལ་དང་ལྡན་པར་འགྱུར་ནས་བུ་ཞིག་སྐྱེས་པ་དང་། མོས། གཙོ་བོ་དཀོན་མཆོག་གིས་ངའི་སྡུག་བསྔལ་གཟིགས་ཤིང་ང་ལ་བུ་ཞིག་གནང་བས། ད་ངའི་ཁྱོས་ང་ལ་བྱམས་པ་བྱའོ་ཞེས་སྨྲས་ནས། ཁོའི་མིང་རུ་བྷེན་བཏགས་སོ། 33མོ་རང་ཡང་སྐྱར་མངལ་དང་ལྡན་པར་འགྱུར་ནས་བུ་གཞན་ཞིག་སྐྱེས་པ་དང་། གཙོ་བོ་དཀོན་མཆོག་གིས་ང་ལ་བུ་འདི་ཡང་གནང་བའི་རྐྱེན་ནི་ངའི་ཁྱོས་ང་ལ་མི་བྱམས་པ་དེ་ཁོང་གི་མཁྱེན་ནོ་ཞེས་སྨྲས་ནས། ཁོའི་མིང་སིམ་ཨོན་བཏགས་སོ། 34མོ་ཡང་སྐྱར་མངལ་དང་ལྡན་པར་འགྱུར་ནས་བུ་གཞན་ཞིག་སྐྱེས་པས། ད་ངས་ཁོས་ཆེད་དུ་བུ་གསུམ་སྐྱེས་ཆར་པ་ཡིན་པས་ངའི་ཁྱོས་ང་ལ་སེམས་ཆགས་ནས་བྱམས་ཡོང་ཞེས་སྨྲས་ནས། དེའི་མིང་ལེ་ཝི་ཞེས་བཏགས་སོ། 35ཡང་སྐྱར་མོ་མངལ་དང་ལྡན་པར་འགྱུར་ནས་བུ་གཞན་ཞིག་སྐྱེས་པ་དང་། ད་ལན་ངས་གཙོ་བོ་དཀོན་མཆོག་ལ་བསྟོད་པ་ཕུལ་བར་བྱ་ཞེས་སྨྲས་ནས། བུ་དེའི་མིང་ལ་ཡ་ཧུ་དཱ་བཏགས་སོ། དེའི་རྗེས་སུ་མོ་ལ་ཕྲུ་གུ་མ་སྐྱེས་སོ༎

བཀོད་པ 30

1འོན་ཀྱང་ར་ཧེལ་ལ་ཕྲུ་གུ་གཅིག་ཀྱང་མ་སྐྱེས་པས། མོས་རང་གི་གཅེན་མོ་ལ་ཕྲག་དོག་བྱས་ཤིང་། ཡ་ཀོབ་ལ་ང་ལ་ཡང་ཕྲུ་གུ་ཞིག་གནང་ཞིག་དེ་མིན་ང་ཤི་བར་བྱ་ཞེས་སྨྲས་པས། 2ཡ་ཀོབ་ཁྲོས་ཏེ་མོ་ལ། ང་དཀོན་མཆོག་ཡིན་ནམ། དཀོན་མཆོག་གིས་ཁྱོད་ལ་མངལ་དང་ལྡན་པར་མི་མཛད་དོ་ཞེས་སྨྲས་སོ། 3ར་ཧེལ་གིས། ད་ཁྱོད་ངའི་གཡོག་མོ་བྷིལ་ཧཱ་དང་མཉམ་དུ་ཉོལ་ཞིག་དང་མོ་ལ་ཕྲུ་གུ་སྐྱེས་པའི་སྒོ་ནས་ང་ཡང་མ་རུ་འགྱུར་ཐུབ་ཡོང་ཞེས་སྨྲས་སོ། 4མོས་གཡོག་མོ་བྷིལ་ཧཱ་རང་གི་ཁྱོ་ལ་སྤྲད་ནས། ཁོས་མོ་མཉམ་དུ་ཉེལ་ལོ། 5བྷིལ་ཧཱ་མངལ་དང་ལྡན་པར་འགྱུར་ནས་བུ་ཞིག་སྐྱེས་པས། 6ར་ཧེལ་གྱིས། དཀོན་མཆོག་གིས་ང་ལ་ཐུགས་བརྩེ་བར་བགྱིས་ཤིང་ངའི་སྨོན་ལམ་གསན་ནས་ང་ལ་བུ་ཞིག་གནང་བྱུང་ཞེས་སྨྲས་སོ། བུ་དེའི་མིང་ལ་དཱན་ཞེས་བཏགས་སོ། 7ཡང་སྐྱར་གཡོག་མོ་བྷིལ་ཧཱ་མངལ་དང་ལྡན་པར་འགྱུར་ནས་བུ་གཞན་ཞིག་སྐྱེས་པ་དང་། 8ར་ཧེལ་གྱིས། ད་གཅེན་མོ་དང་འཁྲུགས་པ་བརྒྱབ་ནས་ང་ལ་རྒྱལ་ཁ་ཐོབ་ཟེར་ནས། མོས་བུ་དེའི་མིང་ནཕ་ཏ་ལི་ཞེས་བཏགས་སོ། 9ལེ་ཨས་རང་ལ་ཕྲུ་གུ་སྐྱེ་རྒྱུ་ཆད་པ་དེ་ཤེས་ནས་རང་གི་གཡོག་མོ་ཛིལ་པཱ་ཡ་ཀོབ་ཀྱི་ཆུང་མར་བཏང་ངོ་། 10ཛིལ་པཱའི་བརྒྱུད་ནས་ཡ་ཀོབ་ལ་བུ་གཞན་ཞིག་བྱུང་བ་དང་། 11ལེ་ཨས་ང་ནི་བསོད་བདེ་ཅན་ཡིན་ཞེས་སྨྲས་ཏེ། བུ་དེའི་མིང་གྷཌ་ཞེས་བཏགས་སོ། 12ཛིལ་པཱ་ལ་བུ་གཞན་ཞིག་སྐྱེས་པས། 13ལེ་ཨས། ང་ནི་ཤིན་ཏུ་དགའ་བས། བུད་མེད་རྣམས་ཀྱིས་ཀྱང་ང་ལ་བཀྲ་ཤིས་པ་ཞེས་འབོད་ཡོང་སྨྲས་ཏེ། བུ་དེའི་མིང་ཨ་ཤེར་ཞེས་བཏགས་སོ། 14གྲོ་རྔ་བའི་དུས་སུ་རུ་བྷེན་ཞིང་ནང་སོང་ནས་ཨ་མ་ལེ་ཨའི་ཕྱིར་ཕྲུ་གུ་སྐྱེ་པ་རོགས་བྱེད་པར་རྩི་ཤིང་འཁྱེར་ཡོང་བས། ར་ཧེལ་གྱིས་མོ་ལ། ཁྱོད་ཀྱི་བུས་འཁྱེར་ཡོང་བའི་རྩི་ཤིང་དེ་ལས་ང་ལའང་འགའ་ཤས་སྟེར་ཞིག་སྨྲས་པ་དང་། 15ལེ་ཨས། ཁྱོད་ཀྱིས་ངའི་ཁྱོ་འཕྲོག་པས། དེས་ཁྱོད་ལ་ལྡང་མ་སོང་ངམ། ད་ངའི་བུའི་ཤིང་འབྲས་ཡང་འཕྲོག་པར་འདོད་དམ། ར་ཧེལ་གྱིས་མོ་ལ། གལ་ཏེ་ཁྱོད་ཀྱིས་ང་ལ་ཤིང་འབྲས་དེ་སྟེར་ན། ཁྱོད་ལ་དེ་རིང་མཚན་མོ་ཡ་ཀོབ་དང་མཉམ་དུ་གཉིད་ལོག་གཅུག་གི་ཡིན་ཞེས་སྨྲས་སོ། 16ཕྱི་དྲོ་ཡ་ཀོབ་ཞིང་ལས་ཚར་ནས་ཁང་པར་ལོག་ཡོང་སྐབས་ལེ་ཨས་ཁོ་ལ་ཐུག་པར་ཕྱིན་ནས་མོས། ཁྱོད་དེ་རིང་མཚན་མོ་ང་དང་མཉམ་དུ་ཉལ་དགོས། གང་ལ་ཟེར་ན། ངས་ར་ཧེལ་ལ་ངའི་བུའི་ཤིང་འབྲས་སྤྲད་ནས་ཁྱོད་ལ་གླ་ཆར་ལེན་ཡོད། མཚན་དེར་ཡ་ཀོབ་ལེ་ཨ་མཉམ་དུ་ཉལ་ལོ། 17དཀོན་མཆོག་གིས་ལེ་ཨའི་སྨོན་ལམ་གསན་པར་མཛད་དེ། མོ་མངལ་དང་ལྡན་པར་འགྱུར་ནས་ཡ་ཀོབ་ཀྱི་ཆེད་དུ་བུ་ལྔ་པ་སྐྱེས་པས། 18ལེ་ཨས། ངའི་གཡོག་མོ་རང་གི་ཁྱོ་ལ་བཏང་བའི་རྐྱེན་གྱིས་དཀོན་མཆོག་གིས་ང་ལ་བྱ་དགའ་གནང་སོང་ཞེས་སྨྲས་ནས་བུ་དེའི་མིང་ཨི་ས་ཀར་བཏགས་སོ། 19ལེ་ཨ་མངལ་དང་ལྡན་པར་འགྱུར་ནས་བུ་དྲུག་པ་སྐྱེས་པས། 20མོས། དཀོན་མཆོག་གིས་ང་ལ་གསོལ་རས་ལེགས་པ་ཞིིག་གནང་བྱུང་བས། ངའི་ཁྱོས་ང་ལ་ངོས་ལེན་བྱེད་ཡོང་། གང་ལ་ཟེར་ན། ངས་ཁོ་ལ་བུ་དྲུག་སྐྱེས་པ་ཡིན། དེའི་མིང་ཛེ་བུ་ལུན་བཏགས་སོ། 21རྗེས་སུ་མོ་ལ་བུ་མོ་ཞིག་སྐྱེས་པས། མོའི་མིང་དྷི་ནཱ་བཏགས་སོ། 22དེ་ནས་དཀོན་མཆོག་གིས་ར་ཧེལ་ལ་དྲན་གསོ་གནང་ནས། མོའི་སྨོན་ལམ་གསན་ཞིང་ཕྲུ་གུ་སྐྱེས་ཐུབ་པ་གནང་ངོ་། 23མོ་མངལ་དང་ལྡན་པར་འགྱུར་ནས་མོ་ལ་བུ་ཞིག་སྐྱེས་སོ། དཀོན་མཆོག་གིས་ངའི་ངོ་ཚ་མེད་པར་བཟོས་ནས་བུ་ཞིག་གནང་ངོ་། 24ད་དུང་གཙོ་བོ་དཀོན་མཆོག་གིས་ང་ལ་བུ་ཞིག་སྐྱེས་ཕྱིར་བྱིན་རླབས་གནང་བར་ཤོག་ཅེས་ཞུ་བ་ཕུལ་ཏེ། བུ་དེའི་མིང་ལ་ཡོ་སེབ་བཏགས་སོ༎

ཡ་ཀོབ་ཀྱིས་ལ་བན་དང་མཉམ་དུ་ནང་སྒྲིག་བྱེད་པ།

25ཡོ་སེབ་སྐྱེས་པའི་རྗེས་སུ་ཡ་ཀོབ་ཀྱིས་ལ་བན་ལ། ད་ང་རང་གིཁང་པར་ལོག་བཅུག་རོགས་གནང་། 26ངས་ཁྱེད་ཀྱི་ཆེད་དུ་ལས་ཀ་ཧུར་ཐག་བྱས་ནས་གསོག་འཇོག་བྱེད་པའི་ངའི་ཆུང་མ་རྣམས་དང་ཕྲུ་གུ་རྣམས་ང་ལ་གནང་ཞིག་དང་། ང་ཚོ་ཚང་མ་འགྲོ་བར་བྱ། ངས་ཁྱེད་ཀྱི་ཆེད་དུ་ཞབས་ཕྱི་ཞུས་བ་དེ་ཁྱེད་ཀྱི་མཁྱེན་གསལ་རེད་ཅེས་སྨྲས་སོ། 27ལ་བན་གྱིས་ཁོ་ལ། ངས་མོ་རྒྱབ་ནས་ཁྱོད་ཀྱི་སྒོ་ནས་དཀོན་མཆོག་གིས་ང་ལ་བྱིན་རླབས་གནང་བ་དེ་ངས་ཤེས་པས། 28ཁྱོད་ལ་གླ་ཆ་གང་དགོས་པ་དེ་ཤོད་ཅིག་དང་། ངས་ཁྱོད་ལ་སྟེར་བར་བྱ་ཞེས་སྨྲས་པ་དང་། 29ཡ་ཀོབ་ཀྱིས་ཁོ་ལ། ངས་ཁྱེད་ཀྱི་གཡོག་ཧུར་ཐག་བྱས་ནས་ཁྱུ་རྣམས་ལེགས་པོ་བྱུང་ཡོད་བ་དེ་ཁྱེད་ཀྱི་ཤེས་སོ། 30ང་ས་གནས་འདིར་མ་ཡོང་པའི་སྔོན་དུ་ཁྱེད་ལ་ལོངས་སྤྱོད་དེ་ཙམ་མེད་པས། ང་ཡོང་བའི་རྐྱེན་གྱིས་དཀོན་མཆོག་གི་བྱིན་རླབས་ཀྱི་སྒོ་ནས་ཁྱོད་ཀྱི་ལོངས་སྤྱོད་རྣམས་མང་དུ་འཕེལ་ཡོད། ད་ང་རང་གི་ཁྱིམ་ཚང་གི་ཕྱིར་ལས་བྱེད་དགོས་སྨྲས་པ་དང་། 31ཁྱོད་ལ་གླ་ཆ་ཇི་ཙམ་དགོས་ཞེས་ལ་བ་ན་གྱིས་ཁོ་ལ་དྲིས་པས། ཡ་ཀོབ་ཀྱིས་ང་ལ་གླ་ཆ་མི་དགོས། འོན་ཀྱང་ངས་སྨྲས་པ་བཞིན་ཁྱེད་ཀྱིས་གནང་ན། ངས་མུ་མཐུད་ནས་ཁྱེད་ཀྱི་ཁྱུ་རྣམས་འཚོ་སྐྱོང་བྱ་རྒྱུ་ཡིན། 32དེའི་རིང་ང་ཁྱེད་ཀྱི་ཁྱུ་ཚང་མའི་ནང་དུ་འགྲོ་བཅུག་རོགས་གནང། ལུག་གུ་ནག་པོ་རྣམས་དང་། ར་ཕྲུག་ཐིག་ལེ་ཅན་ཡང་ན་ཁྲ་ཁྲ་རྣམས་དབྱེ་རྒྱུ་ཡིན། དེ་ཚོ་ཚང་མ་ངའི་གླ་ཆར་བརྩི་བར་བྱའོ། 33མ་འོངས་པའི་དུས་སུ་ངས་ལས་དྲང་པོ་བྱས་ཡོད་མེད་ཁྱེད་ཀྱིས་ཤེས་ཐུབ་ཡོང་། ང་ལ་ལུག་གུ་ནག་པོ་དང་ར་ཕྲུག་ཐིག་ལེ་ཅན་ཡང་ན་ཁྲ་ཁྲ་རྣམས་མ་གཏོགས་གཞན་ཐོབ་མི་སྲིད། གལ་ཏེ་ཁྱེད་ཀྱི་མདོག་གཞན་ཞིག་མཐོང་ན་དེ་ནི་ངས་བརྐུས་པ་དེ་ཤེས་ཐུབ་ཅེས་སྨྲས་སོ། 34ལ་བན་གྱིས་ཁོ་ལ། ཁྱོད་ཀྱི་སྨྲས་པ་བཞིན་དུ་བྱའོ་ཞེས་སྨྲས་སོ། 35འོན་ཀྱང་ཉིན་དེར་ལ་བན་གྱིས་ར་ཕོ་དང་ར་མོ་རྣམས་ནི་ཐིག་ལེ་ཅན་ཡང་ན་ཁྲ་ཁྲ་དང་། ལུག་ནག་པོ་ཚང་མ་དབྱེས་ཏེ་རང་གི་བུ་ཚོར་ལྟ་རྟོགས་བྱེད་པར་བཞག་གོ། 36ཁོང་གི་དེ་རྣམས་འཁྲིད་དེ་ཡ་ཀོབ་ནས་ཐག་རིང་ཉིན་གསུམ་གྱི་ལམ་དུ་ཕྱིན་ཏོ། ལ་བན་ལ་ར་ལུག་གང་ལྷག་ཡོད་པ་ཚང་མ་ཡ་ཀོབ་ཀྱིས་འཚོ་སྐྱོང་བྱས་སོ། 37འོན་ཀྱང་ཡ་ཀོབ་ཀྱིས་ཤིང་དཀར་པོ་འཐོན་པའི་ཤིང་མི་འདྲ་བ་གསུམ་གྱི་ཡལ་ག་རྣམས་འཁྱེར་ཡོང་ངོ་། ཡང་ཁོས་ཡལ་ག་འདི་ཚོའི་པགས་པའི་བར་བར་ལ་པགས་པ་བཤུས་ནས་དཀར་པོ་ཁྲ་ཁྲ་བཟོས་སོ། 38ཁོས་ཡལ་ག་དེ་ཚོ་ར་ལུག་དེ་ཚོའི་ཆུ་འཐུང་སའི་གཞོང་པའི་མདུན་དུ་བཞག་གོ དེ་གང་ཡིན་ཞེ་ན། ར་ལུག་དེ་ཚོ་ཆུ་འཐུང་སར་ཡོང་སྐབས་དེར་སྦྱོར་བ་བྱེད་དོ། 39ར་ལུག་དེ་ཚོས་ཤིང་གི་ཡལ་གའི་མདུན་དུ་སྦྱོར་བ་བྱས་པས། དེ་ཚོས་ཕྲུ་གུ་རྣམས་ཐིག་ལེ་ཅན་དང་ཁྲ་ཁྲ་དང་དཀར་ཁྲ་སྐྱེས་སོ། 40དེ་ནས་ཡ་ཀོབ་ཀྱིས་ར་ལུག་དབྱེ་བ་ཕྱེ་ཏེ་དེ་ཚོར་ལ་བན་གྱི་ཁྱུ་ནང་ལ་ཡོད་པའི་ར་ཁྲ་ཁྲ་དང་ལུག་ནག་ཚོས་ཕྱོགས་སུ་ཁ་བལྟས་ནས་བཞག་གོ དེ་ལྟར་ཁོས་རང་གི་ཁྱུ་རྣམས་འཕེལ་བཅུག་སྟེ་ལ་བན་གྱི་ཁྱུ་ནས་ལོག་སུ་བཞག་གོ 41སེམས་ཅན་རྒྱག་པ་དེ་ཚོས་སྦྱོར་བ་བྱེད་སྐབས་ཡ་ཀོབ་ཀྱིས་ཆུ་འཐུང་སའི་གཞོང་གི་མདུན་དུཡལ་ག་དེ་རྣམས་བཞག་གི་ཡོད་དོ། དེར་བརྟེན་ཡལ་ག་རྣམས་ཀྱི་ཁྲོད་དུ་དེ་ཚོ་སྦྱོར་བ་བྱེད་ཀྱི་ཡོད་དོ། 42འོན་ཀྱང་སེམས་ཅན་སྐྱོ་པོ་སྦྱོར་བའི་སྐབས་སུ་ཁོས་ཡལ་ག་དེ་ཚོའི་མདུན་དུ་མ་བཞག་གོ དེའི་རྐྱེན་གྱིས་ལ་བན་ལ་ར་ལུག་སྐམ་པོ་རྣམས་དང་ཡ་ཀོབ་ལ་རྒྱག་པ་རྣམས་ཐོབ་བོ། 43དེ་ལྟར་ཡ་ཀོབ་ཧ་ཅང་ཕྱུག་པོ་འགྱུར་ཏེ། ཁྱུ་མང་པོ་དང་གཡོག་པོ་གཡོག་མོ་དང་རྔ་མོང་དང་བོང་བུ་རྣམས་བྱུང་ངོ་༎

བཀོད་པ 31

ལ་བན་ནས་ཡ་ཀོབ་བྲོས་པ།

1ཡ་ཀོབ་ཀྱིས་ང་ཚོའི་ཕའི་གང་ཡོད་པ་ཚང་མ་འཁྱེར་རོ། ཁོ་མཉམ་དུ་ཡོད་པའི་རྒྱུ་ནོར་ཚང་མ་ང་ཚོའི་ཕའི་ཡིན་ནོ་ཞེས་ལ་བན་གྱི་བུ་ཚོས་སྨྲས་པ་ཡ་ཀོབ་ཀྱིས་ཐོས་སོ། 2ལ་བན་གྱིས་ཀྱང་རང་དང་མཉམ་དུ་སྔོན་ལྟར་སྤྱོད་ལམ་ཡག་པོ་མི་བྱེད་པ་དེ་ཡང་ཡ་ཀོབ་ཀྱིས་མཐོང་ངོ་། 3དེ་ནས་དཀོན་མཆོག་གིས་ཁོ་ལ། ཁྱོད་རང་གི་ཕ་མེ་དང་གཉེན་ཚན་རྣམས་ཀྱི་རྩར་ཕྱིར་ལོག་ཅིག། ང་ནི་ཁྱོད་དང་མཉམ་དུ་གནས་པར་བྱ་ཞེས་གསུངས་སོ། 4དེར་བརྟེན་ཡ་ཀོབ་ཀྱིས་རང་གི་ཆུང་མ་ར་ཧེལ་དང་ལེ་ཨ་གཉིས་ལ་ར་ལུག་འཚོ་སའི་ཞིང་ནང་ཐུག་པར་ལན་བཏང་ངོ་། 5དེ་གཉིས་ལ། ཁྱོད་ཚོའི་ཕས་ང་མཉམ་དུ་སྔོན་ལྟར་སྤྱོད་ལམ་ཡག་པོ་མི་བྱེད་པ་དེ་ང་ལ་དོ་སྣང་བྱུང་། འོན་ཀྱང་ངའི་ཕའི་དཀོན་མཆོག་ང་དང་མཉམ་དུ་བཞུགས་ཡོད། 6ངས་ཁྱོད་ཚོའི་ཕའི་ཆེད་དུ་ལས་ཀ་ཧུར་ཐག་བྱས་པ་དེ་ཁྱོད་གཉིས་ཀྱི་མཐོང་ཡོད། 7འོན་ཀྱང་ཁོས་ང་ལ་མགོ་བསྐོར་བཏང་ནས་གླ་ཆ་དེ་ལན་བཅུ་ཙམ་བསྒྱུར་ཡོད། འོན་ཀྱང་དཀོན་མཆོག་གིས་ཁོས་ང་ལ་གནོད་པ་བསྐྱེལ་མ་བཅུག་གོ། 8ལ་བན་གྱིས་ངའི་གླ་ཆར་ར་ཐིག་ལེ་ཅན་རྣམས་བཏང་བའི་སྐབས་སུ་ཁྱུ་ཚོར་ཐིག་ལེ་ཅན་ར་ཕྲུག་རྣམས་སྐྱེས་སོ། ཁོས་ངའི་གླ་ཆར་ར་ཁྲ་ཁྲ་བཏང་བའི་སྐབས་སུ་ཁྱུ་ཚང་མར་ར་ཕྲུག་ཁྲ་ཁྲ་རྣམས་སྐྱེས་སོ། 9དེ་ལྟར་དཀོན་མཆོག་གིས་ཁྱོད་ཀྱི་ཕའི་ཁྱུ་རྣམས་བསྣམས་ཏེ་ང་ལ་གནང་ངོ་། 10ཁྱུ་རྣམས་སྦྱོར་བ་བྱས་སྐབས་ངས་རྨི་ལམ་ཞིག་མཐོང་བྱུང་། སྦྲུམ་མར་འགྱུར་བའི་སྐབས་སུ་ར་ཕོ་རྣམས་ཐིག་ལེ་ཅན་དང་ཁྲ་ཁྲ་དང་དཀར་ཁྲ་རྣམས་ཡོད་པ་ངས་མཐོང་ངོ་། 11ངའི་རྨི་ལམ་ནང་དུ་དཀོན་མཆོ་ག་གི་ཕོ་ཉ་ཞིག་གིས་ངའི་མིང་འབོད་དེ། ཡ་ཀོབ། ལན་དུ་ངས། ལགས་ཞུས་པས། 12ཁོང་གིས་སྨྲས་པ། སྦྱོར་བ་སྤྱོད་མཁན་ར་ཕོ་ཚང་མ་ཐིག་ལེ་ཅན་དང་ཁྲ་ཁྲ་ཡིན་པ་དེ་ལྟར་ངས་བྱས་པ་ཡིན། དེ་གང་ཡིན་ཞེ་ན། ལ་བན་གྱིས་ཁྱོད་དང་མཉམ་དུ་གང་བྱས་པ་ངས་མཐོང་བྱུང་། 13ཡུལ་བྷེ་ཐེལ་ནང་ཁྱོད་ཀྱིས་རྡོ་ཞིག་ལ་སྣུམ་བླུགས་ཏེ་བསྔོ་འབུལ་བྱས་པའི་ས་གནས་དེར་ང་ལ་མནའ་སྐྱེལ་ནས་མངོན་པར་མཛད་མཁན་དཀོན་མཆོག་དེ་ང་ཡིན། ད་ཁྱོད་གྲ་སྒྲིག་བྱས་ཏེ་རང་གི་སྐྱེས་ཡུལ་དུ་ཕྱིར་ལོག་སོང་ཞིག 14དེའི་ལན་དུ་ར་ཧེལ་དང་ལེ་ཨས་ཡ་ཀོབ་ལ། ང་ཚོ་ལ་ཕའི་ཁང་པ་ནས་ནོར་སྐལ་གང་ཡང་ལྷག་མེད་དོ། 15ཁོང་གིས་ང་ཚོ་ལ་ཕྱི་རྒྱལ་བ་ལྟར་བརྩི་པ་དང་། ཁོང་གི་ང་ཚོ་ལ་བཙོང་ནས། ད་ང་ཚོའི་ཆེད་དུ་སྤྲད་པའི་དངུལ་ཚང་མ་འགྲོ་སོང་བཏང་ཚར་རོ། 16ཁོང་ནས་དཀོན་མཆོག་གིས་བསྣམས་པའི་ནོར་ཐམས་ཅད་ང་ཚོ་དང་ང་ཚོའི་ཕྲུ་གུའི་ཡིན་ནོ། དཀོན་མཆོག་གིས་ཁྱེད་ལ་གང་གསུངས་པ་ལྟར་བྱོས་ཤིག་ཅེས་སྨྲས་སོ། 17-18དེར་བརྟེན་ཡ་ཀོབ་ཕའི་རྩར་ཀ་ནན་ཡུལ་དུ་ལོག་པའི་ཕྱིར་གྲ་སྒྲིགས་བྱསཏེ། རང་གི་ཆུང་མ་གཉིས་དང་ཕྲུ་གུ་རྣམས་རྔ་མོང་ལ་བཞོན་བཅུག་ཅིང་། ཁོས་ཡུལ་དེའི་ནང་བསགས་པའི་ནོར་ཚང་མ་དང་ཁྱུ་ཚང་མ་འཁྲིད་དེ་ཡུལ་མེ་སོ་པོ་ཊ་མི་ཡ་ནས་ཐོན་ནོ། 19དེའི་སྐབས་སུ་ལ་བན་ལུག་གི་བལ་འབྲེག་ཕྱིར་སོང་ཡོད་དོ། ཕ་ནང་ལ་མེད་པའི་སྐབས་སུ། ཕའི་ཁྱིམ་གྱི་སྐུ་འདྲ་རྣམས་ར་ཧེལ་གྱིས་བརྐུས་སོ། 20རང་ཉིད་འགྲོ་བའི་སྐད་ཆ་གང་ཡང་མ་ལབ་པར་ཡ་ཀོབ་གསང་སྟེ་ཕྱིན་ནོ། 21ཁོ་ལ་གང་བདག་པ་ཚང་མ་འཁྱེར་ནས། གཙང་པོ་ཡུབ་རད་རྒལ་ནས་ཡུལ་གྷིལ་ཨད་ཀྱི་རི་ཕྲན་ཕྱོགས་སུ་མགྱོགས་པོར་ཐོན་ནོ༎

ལ་བན་གྱིས་ཡ་ཀོབ་ལ་དེད་པ།

22ཉིན་གསུམ་གྱི་རྗེས་སུ་ལ་བན་གྱིས་ཡ་ཀོབ་བྲོས་པའི་སྐོར་ཐོས་པ་དང་། 23ཁོས་རང་གི་མི་རྣམས་མཉམ་དུ་འཁྲིད་དེ་ཉིན་བདུན་གྱི་བར་དུ་རྗེས་དེད་བྱེད་ཅིང་ཡུལ་གྷིལ་ཨད་ཀྱི་རིའི་ཡུལ་ཁག་ཏུ་ཡ་ཀོབ་ལ་རྗེས་ཟིན་ནོ། 24འོན་ཀྱང་མཚན་དེར་རྨི་ལམ་ནང་མངོན་པར་བྱུང་ནས་དཀོན་མཆོག་གིས་ལ་བན་ལ། ཁྱོད་ཀྱིས་ཡ་ཀོབ་ལ་གནོད་པ་གང་ཡང་བྱེད་མི་ཆོག་ཅེས་གསུངས་པ་དང་། 25ཡ་ཀོབ་ཀྱིས་རིའི་སྟེང་དུ་གུར་ཕུབ་ཡོད་དོ། ལ་བན་དང་ཁོའི་མི་རྣམས་ཀྱིས་ཡུལ་གྷིལ་ཨད་ཀྱི་རིའི་ཕྱོགས་སུ་གུར་ཕུབས་སོ། 26ལ་བན་གྱིས་ཡ་ཀོབ་ལ། ཁྱོད་ཀྱིས་ང་ལ་སླུས་ཏེ་དམག་སར་བུད་མེད་རྣམས་བཟུང་བ་ལྟར་ངའི་བུ་མོ་རྣམས་ཅིའི་ཕྱིར་འཁྱེར་བ་ཡིན་ནམ། 27ཁྱོད་ཀྱིས་ང་ལ་མ་བཤད་པར་བྲོས་དགོས་དོན་གང་ཡིན་ནམ། གལ་ཏེ་ཁྱོད་ཀྱི་ང་ལ་བཤད་ཡོད་ན་ངས་དགའ་སྟོན་བྱེད་ཅིང་གླུ་ལེན་པ་དང་། ལག་རྔ་བརྡུང་བ་དང་། པི་ཝང་གཏོང་བ་དང་ བཅས་ཁྱོད་ལ་འགྲོ་བཅུག་པ་ཡོད། 28ངའི་བུ་མོ་ཚོ་དང་། ཚ་བོ་དང་ཚ་མོ་རྣམས་ལའང་ཁ་སྐྱེལ་ནས་ག་ལེ་སོང་ཞིག་ཅེས་བརྗོད་མ་བཅུག་པས། ཁྱོད་ཀྱིས་དེ་ལྟར་བྱེད་པ་ནི་ཤིན་ཏུ་གླེན་པ་ཡིན། 29ཁྱོད་ལ་གནོད་པ་སྐྱེལ་བའི་དབང་ཆ་ང་ལ་ཡོད། འོན་ཀྱང་ཁྱོད་ལ་འཇིགས་སྣང་བསྐུལ་མི་ཆོག་ཅེས་མདང་མཚན་མོ་ཁྱོད་ཀྱི་ཕའི་དཀོན་མཆོག་གིས་ང་ལ་ཟོན་བརྡ་གནང་བྱུང་། 30ཁྱོད་རང་གི་ཁང་པར་ལོག་འདོད་ཡོད་པ་དེ་ངས་ཤེས་སོ། འོན་ཀྱང་ཁྱོད་ཀྱིས་ངའི་ཁང་པའི་སྐུ་འདྲ་རྣམས་རྐུས་དགོས་དོན་གང་ཡིན་ནམ་ཞེས་དྲིས་པ་དང་། 31ཡ་ཀོབ་ཀྱིས་ཁོ་ལ། ཁྱོད་ཀྱི་རང་གི་བུ་མོ་རྣམས་ང་ལས་འཕྲོག་ཡོང་བསམ་ནས་ང་འཇིགས་སོ། 32འོན་ཀྱང་ཁྱོད་ཀྱི་སྐུ་འདྲ་རྣམས་མི་སུ་ཞིག་གིས་བརྐུས་ཡོད་ན་མི་དེ་བསད་པར་འགྱུར། ང་ཚོ་མི་རྣམས་ཀྱི་མདུན་དུ་དཔང་པོ་བཙུགས་ནས་ཁྱེད་ཀྱི་དངོས་པོ་གང་ཞིག་འཚོལ་ནས་རྙེད་ན་འཁྱེར་རོགས་གནང་ཞེས་སྨྲས་པ་དང་། ར་ཧེལ་གྱིས་སྐུ་འདྲ་རྣམས་བརྐུས་པ་དེ་ཡ་ཀོབ་ཀྱི་མ་ཤེས་སོ། 33དེ་ནས་ལ་བན་གྱིས་ཡ་ཀོབ་ཀྱི་གུར་དང་། ལེ་ཨའི་གུར་དང། གཡོག་མོ་གཉིས་ཀྱི་གུར་ནང་འཚོལ་ཀྱང་ཁོའི་སྐུ་འདྲ་རྣམས་མ་ཐོབ་བོ། དེ་རྫེས་ར་ཧེལ་གྱི་གུར་ནང་འཚོལ་བར་འགྲོ་བས། 34ར་ཧེལ་གྱིས་སྐུ་འདྲ་རྣམས་འཁྱེར་ནས་རྔ་མོང་གི་སྒའི་འོག་ཏུ་བཞག་ནས་དེའི་སྒང་ལ་བསྡད་ཡོད་ཅིང་། ལ་བན་གྱིས་མོའི་གུར་ནང་འཚོལ་ཀྱང་གང་ཡང་མ་ཐོབ་བོ། 35དེ་ནས་ར་ཧེལ་གྱིས་རང་གི་ཕ་ལ། ང་ཁྱེད་ཀྱི་མདུན་དུ་ལངས་མ་ཐུབ་པའི་རྐྱེན་ནི་ཟླ་མཚན་བབས་ཀྱི་ཡོད་པ་ཡིན། ཁྱེད་ང་དང་ཐུགས་ཁྲོ་མ་གནང་ཞེས་སྨྲས་པ་དང་། དེ་ལྟར་ཁོས་ཁྱིམ་གྱི་སྐུ་འདྲ་འཚོལ་ཀྱང་མ་ཐོབ་བོ། 36དེ་ནས་ཡ་ཀོབ་ཤིན་ཏུ་ཁྲོས་ཤིང་ཁོང་ལ། ངས་ཁྲིམས་གང་ཞིག་དང་འགལ་ཡོད་དམ། ཁྱེད་ཀྱིས་ང་ལ་རྗེས་དེད་བྱེད་དོན་གང་ཡིན་ནམ་ཞེ་འདྲི་པས། 37ཁྱེད་ཀྱིས་ངའི་ནོར་རྫས་ཚང་མའི་ནང་འཚོལ་བས། ཁྱེད་ཀྱི་བརླག་པའི་ནོར་རྫས་ཐོབ་བྱུང་ངམ། ངེད་དང་ཁྱེད་ཀྱི་སྤུན་རྣམས་ཀྱི་མཐོང་སར་དེ་ཚོ་བཞག་ནས། དེ་ཚོས་ང་གཉིས་ཀྱི་ནང་ནས་སུ་བདེན་པ་ཡིན་པ་དེ་ཁོང་ཚོར་ཐག་གཅོག་བྱེད་བཅུག་ཅིག 38ངས་ལོ་ཉི་ཤུ་བར་དུ་ཁྱེད་ཀྱི་གཡོག་བྱས་པས། ཁྱེད་ཀྱི་ཁྱུ་རྣམས་སྤེལ་ཞིང་མང་པོར་འགྱུར་རོ། འོན་ཀྱང་ཁྱེད་ཀྱི་ཁྱུ་རྣམས་ནས་ངས་ར་ལུག་གཅིག་ཀྱང་མ་ཟས་སོ། 39གཅན་གཟན་གཞན་གྱིས་བསད་པའི་ལུག་གི་གྱོང་གུད་དེ་ངས་འཁྱེར་བ་དང་། དེ་ངའི་ནོར་འཁྲུལ་མིན་པ་དེ་ངས་ཁྱེད་ལ་བསྟན་མེད། ཉིན་མཚན་གང་ཞིག་ལ་རྐུུ་མ་ཤོར་བ་དེ་ཚོའི་ཚབ་བཞག་དགོས་ཤེས་ཁྱེད་ཀྱི་སྨྲས་པ་བཞིན་ངས་བྱེད་ཡོད། 40ཉི་མའི་ཚད་པ་དང་མཚན་གྱི་གྲང་མོས་ང་ལ་ཐེངས་མང་པོ་དཀའ་ངལ་བྱུང་བ་དང་། མཚན་མོར་གཉིད་ཀྱང་ལོག་མ་ཐུབ་བོ། 41འདི་ལྟར་ལོ་ཉི་ཤུ་བར་དུ་ཁྱེད་ཀྱི་གཡོག་བྱས་པ་དང་། ཁྱེད་ཀྱི་བུ་མོ་གཉིས་ཀྱི་ཕྱིར་ལོ་བཅུ་བཞི་དང་། ཁྱོད་ཀྱི་ཁྱུའི་ཕྱིར་ལོ་དྲུག་གཡོག་བྱེད་ནའང་། ཁྱོད་ཀྱི་ངའི་གླ་ཆ་དེ་ཐེང་མ་བཅུ་བསྒྱུར་བཅོས་བཏང་ངོ་། 42གལ་ཏེ་ངའི་ཕ་ཨབ་ར་ཧམ་དང་ཨི་སཱག་གི་དཀོན་མཆོག་ང་དང་མཉམ་དུ་བཞུགས་མེད་ན། ཁྱེད་ཀྱིས་ང་ལ་ལག་པ་སྟོང་པར་བཏང་བ་ཡོད་འགྲོ། འོན་ཀྱང་དཀོན་མཆོག་གི་ངའི་ལས་ཀ་དང་། སྡུག་བསྔལ་ཐམས་ཅད་གཟིགས་ཤིང་མདང་མཆན་མོ་ཁྱེད་ལ་བཀའ་བཀྱོན་གནང་ངོ་ཞེས་སྨྲས་སོ༎

ཡ་ཀོབ་དང་ལ་བན་གྱི་བར་ལ་ཁ་ཆད།

43དེ་ནས་ལ་བན་གྱིས་ཡ་ཀོབ་ལ། བུ་མོ་ན་གཞོན་འདི་ཚོ་ནི་ངའི་བུ་མོ་ཡིན། དེ་ཚོའི་ཕྲུ་གུ་ཚང་མ་ངའི་ཡིན་ནོ། དངོས་གནས་བྱས་ན་ཁྱུ་འདི་ཚོ་ངའི་ཡིན། འདིར་ཁྱོད་ཀྱི་མཐོང་བ་ཚང་མ་ངའི་ཡིན། འོན་ཀྱང་ངའི་བུ་མོ་ཚོ་དང་། དེ་ཚོའི་ཕྲུ་གུ་རྣམས་བཀག་ཕྱིར་ངས་གང་ཡང་མི་བྱེད་དོ། 44ངས་ཁྱོད་དང་མཉམ་དུ་ཁ་ཆད་བྱེད་པར་གྲ་སྒྲིགས་ཡོད་པ་དང་། ཁྱོད་དང་ངའི་བར་ལ་ཁ་ཆད་བྱེད་པ་དེ་དྲན་པའི་ཕྱིར་རྡོ་སྤུངས་ཏེ་རྟགས་ཤིག་བཞག་པར་བྱ་ཞེས་སྨྲས་པ་དང་། 45ཡ་ཀོབ་ཀྱིས་རྡོ་ཞིག་འཁྱེར་ནས་དྲན་གསོའི་ཕྱིར་ས་གནས་དེར་བཙུགས་སོ། 46ཁོས་རང་དང་མཉམ་དུ་ཡོད་པའི་མི་རྣམས་ལ་རྡོ་སྤུངས་ཕྱིར་སྨྲས་པ་དང་། དེ་ཚོས་རྡོ་སྤུངས་ཚར་བའི་རྗེས་སུ། ཚང་མ་དེའི་འགྲམ་དུ་བསྡད་ནས་དེར་ཁ་ཟས་ཤིག་ཟས་སོ། 47ལ་བན་གྱིས་ས་གནས་དེའི་མིང་ལ་ཇེ་གར་ས་ཧ་དུ་ཐ་ཞེས་བཏགས་པ་དང་། ཡ་ཀོབ་ཀྱིས་ས་གནས་དེའི་མིང་གྷ་ལིད་བཏགས་སོ། 48ལ་བན་གྱིས་ཡ་ཀོབ་ལ། རྡོ་འདི་སྤུངས་པ་ནི་ང་གཉིས་ཀྱི་ཆེད་དུ་དྲན་གསོ་བའི་ཕྱིར་ཡིན་ཞེས་སྨྲས་པ་དང་། དེའི་ཕྱིར་ས་གནས་དེའི་མིང་ལ་གྷ་ལིད་བཏགས་སོ། 49ལ་བན་གྱིས་ཡ་ཀོབ་ལ། ང་གཉིས་སོ་སོར་གྱེས་སྐབས་དཀོན་མཆོག་གིས་ང་ཚོ་ལ་གཟིགས་པར་ཤོག་ཅེས་སྨྲས་པ་དང་། ས་གནས་དེའི་མིང་ལ་མིཛ་པཱ་བཏགས་སོ། 50ལ་བན་གྱིས། གལ་ཏེ་ཁྱོད་ཀྱིས་ངའི་བུ་མོ་ཚོ་ལ་སྡུག་པོ་གཏོང་བའམ། ཁྱོད་ཀྱིས་བུད་མེད་གཞན་ཞིག་ཆུང་མར་བླངས་ནས་ངས་མ་ཤེས་ནའང་དཀོན་མཆོག་གིས་ང་ཚོ་ལ་གཟིགས་བཞུགས་ཡོད་པ་དེ་ཁྱོད་ཀྱི་ཤེས་ཤིག 51ང་གཉིས་ཀྱི་བར་ལ་ངས་སྤུངས་ཡོད་པའི་རྡོའི་སྤུངས་ཚོགས་འདིར་ཡོད་པ་དང་། དྲན་གསོའི་རྡོ་འདི་ཚོ་ཡང་འདིར་ཡོད་དོ། 52སྤུང་ཡོད་པའི་རྡོ་དང་། དྲན་གསོའི་རྡོ་འདི་ང་ཚོ་གཉིས་ཀར་དྲན་གསོ་བྱེད་དོ། རྡོ་སྤུང་པའི་ས་གནས་འདི་རྒལ་ནས་ང་རང་ཁྱོད་ལ་རྒོལ་ཕྱིར་མི་ཡོང་། ཁྱོད་ཡང་ས་གནས་འདི་དང་དྲན་གསོའི་རྡོ་འདི་རྒལ་ནས་ང་ལ་རྒོལ་ཕྱིར་ཡོང་མི་ཆོག 53ཨབ་ར་ཧམ་གྱི་དཀོན་མཆོག་དང་ན་ཧོར་གྱི་དཀོན་མཆོག་གིས་ང་ཚོ་གཉིས་ལ་ཁྲིམས་གཅོད་གནང་བར་ཤོག་ཅེས་སྨྲས་སོ། དེ་ནས་ཕ་ཨི་སཱག་གི་མཆོད་པའི་དཀོན་མཆོག་གི་མཚན་འཁུར་ནས། ཡ་ཀོབ་ཀྱིས་དམ་བཅའ་དེ་སྲུང་རྒྱུའི་མནའ་སྐྱེལ་ལོ། 54ཡ་ཀོབ་ཀྱིས་སེམས་ཅན་བསད་ནས་རི་བོའི་སྟེང་དུ་དམར་མཆོད་ཕུལ་བ་དང་། ཁོས་མི་རྣམས་ལ་མགྲོན་འབོད་བྱས་སོ། དེ་ཚོས་ཁ་ལག་ཟས་ཚར་བའི་རྗེས་སུ་མཚན་མོར་རི་དེར་གཉིད་ལོག་གོ། 55ལ་བན་སྔ་དྲོ་ལངས་ནས་རང་གི་ཚ་བོ་ཚ་མོ་དང་བུ་མོ་རྣམས་དང་འོ་སྐྱེལ་ནས་ག་ལེར་སོང་ཞིག་ཟེར་ནས་རང་གི་ཁང་པར་ལོག་གོ།

བཀོད་པ 32

ཡ་ཀོབ་ཨེ་སའོ་དང་ཐུག་པར་གྲ་སྒྲིག་བྱས་པ།

1ཡ་ཀོབ་ལམ་དུ་འགྲོ་བའི་ཚེ་དཀོན་མཆོག་གི་ཕོ་ཉ་འགའ་ཤས་ཁོ་དང་འཕྲད་དོ། 2ཁོས་ཕོ་ཉ་རྣམས་མཐོང་མ་ཐག་ཏུ། ས་གནས་འདི་ནི་དཀོན་མཆོག་གི་སྒར་རེད་ཞེས་སྨྲས་ནས། ས་གནས་དེའི་མིང་ལ་མ་ཧ་ནེམ་མ་ཧ་ནེམ་ མ་ཧ་ནེམ་གྱི་དོན་ནི་སྒར་གཉིས་ཞེས་པའོ། ཞེས་བཏགས་སོ། 3ཡུལ་ཨེ་དྷོམ་གྱི་ཕྱོགས་སུ་འགྲོ་བའི་ཚེ་ཡ་ཀོབ་ཀྱིས་རང་གི་ཨ་ཇོ་རྒན་པ་ཨེ་སའོའི་རྩར་སྔོན་དུ་རང་གི་བང་ཆེན་རྣམས་བཏང་ངོ་། 4དེ་ཚོ་ལ། འདི་ལྟར་ལབ་ཅིག་ཟེར་བསླབ་ནས་བཏང་ངོ་། ང་ནི་ཁྱེད་ཀྱི་གཡོག་པོ་ཡ་ཀོབ་ཡིན་པས། ལ་བན་མཉམ་དུ་བསྡད་པའི་རྐྱེན་གྱིས་ང་ད་ལྟ་བར་དུ་འགོར་བས་ལོག་ཐུབ་མ་སོང་། 5ང་ལ་བ་གླང་དང་། བོང་བུ། ར་ལུག། བྲན་གཡོག་དང་བྲན་མོ་རྣམས་ཡོད་པས། ད་ཁྱེད་ཀྱི་ང་ལ་ཐུགས་རྗེ་གཟིགས་པར་གནང་ཞིག་ཅེས་ཞུ་ཕྱིར་ངས་ལན་འདི་བསྐུར་བཞིན་ཡོད། 6ལན་འཁུར་མཁན་བང་ཆེན་རྣམས་ཡ་ཀོབ་ཀྱི་རྩར་ཕྱིར་ལོག་ནས། ང་ཚོས་ཁྱེད་ཀྱི་ཨ་ཇོ་ཨེ་སའོ་ལ་ལན་བསྐྱལ་བ་ཡིན། ཁྱེད་ལ་འཕྲད་ཕྱིར་ཁོང་ནི་མི་ ༤༠༠ དང་མཉམ་དུ་ཕེབས་ཚར་འདུག་ཅེས་སྨྲས་པ་དང་། 7ཡ་ཀོབ་འཇིགས་ཏེ་སེམས་འཕྲལ་བྱེད་ཅིང་། ཁོ་དང་མཉམ་དུ་ཡོད་པའི་མི་ཚོ་དང་། བ་གླང། ར་ལུག་དང་། རྔ་མོང་ཚང་མ་ཁག་གཉིས་སུ་བགོས་སོ། 8ཁོས་དེ་ཚོ་ཁག་གཉིས་སུ་བགོས་པའི་རྐྱེན་ནི། གལ་ཏེ་ཨ་ཇོ་ཨེ་སའོས་ཁག་གཅིག་ལ་འཐབ་པ་ཡིན་ན། ཁག་གཉིས་པ་དེ་བྲོས་ནས་སྐྱོབ་ཐུབ་ཡོང་བསམ་མོ། 9དེ་ནས་ཡ་ཀོབ་ཀྱིས། ཀྱེ་ངའི་སྤོ་སྤོ་ཨབ་ར་ཧམ་དང་ཕ་ཨི་སཱག་གི་དཀོན་མཆོག་ངས་ཞུ་བར་གསན་རོགས་གནང་། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ལ་རང་གི་ཡུལ་དང་གཉེན་མཚན་གྱི་རྩར་ལོག་ཅིག་དང་། ངས་ཁྱོད་ཀྱི་ཆེད་དུ་ཚང་མ་བདེ་བར་བཟོ་བར་བྱ་ཞེས་ང་ལ་ཁྱེད་ཀྱིས་བཀའ་གནང་ཡོད། 10ང་ཁྱེད་ཀྱི་བྲན་གཡོག་ལ་ཁྱེད་ཀྱི་བསྟན་པས་བཀའ་དྲིན་དང་དམ་ཚིག་ང་ལ་ཐོབ་མི་འོས་པ་ཡིན། ང་གཙང་པོ་ཡོར་དན་རྒལ་ནས་ཡོང་སྐབས་འཁར་རྒྱུག་འདི་ལས་མེད་པས། ད་ངས་ཚོ་ཁག་འདི་གཉིས་འཁྱེར་ནས་ཡོང་གི་ཡོད། 11ད་ཁྱེད་ཀྱི་ང་ལ་ངའི་ཨ་ཇོ་ནས་སྐྱབས་པར་ཞུ་བ་འབུལ་བཞིན་ཡོད། ཁོང་ལ་ང་འཇིགས་ཀྱི་ཡོད། ཁོང་གིས་བུད་མེད་ཚོ་དང་ཕྲུ་གུ་ཚོ་དང་ང་ཚོ་ཚང་མར་འཐབ་ནས་འཇིག་པར་བཟོས་ཡོང་ཞེས་ང་འཇིགས་ཀྱི་འདུག 12ཁྱེད་ཀྱི་ང་ལ་ཚང་མ་བདེ་བར་གནང་ནས་ང་ལ་བུ་བརྒྱུད་གྲངས་མེད་པ་རྒྱ་མཚོའི་འགྲམ་གྱི་བྱེ་མ་ལྟར་གནང་གི་ཡིན་ཞེས་དམ་བཅའ་གནང་བ་དེ་དྲན་གསོ་གནང་རོགས་ཞེས་སྨོན་དེབས་ཞུས་སོ། 13-15མཚན་མོར་ས་གནས་དེར་བསྡད་ནས། ཡ་ཀོབ་ཀྱིས་རང་གི་ཨ་ཇོ་ཨེ་སའོའི་ཕྱིར་ཕྱག་རྟགས་ཤིག་ལོགས་སུ་དབྱེ་ནས་གྲ་སྒྲིགས་བྱས་ཏེ། ཕྱག་རྟགས་དེའི་ནང་ར་མོ་ ༢༠༠ དང་། ར་ཕོ་ཉི་ཤུ། ལུག་མོ་ ༢༠༠། ཕོ་ལུག་ཉི་ཤུ། ནུ་མ་སྣུན་པའི་ཕྲུ་གུ་དང་མཉམ་དུ་རྔ་མོང་གསུམ་བཅུ་དང་། བ་ཕྱུགས་བཞི་བཅུ། གླང་གོག་བཅུ། བོང་མོ་ཉི་ཤུ་དང་བོང་ཕོ་བཅུ་བཅས་ཡོད་དོ། 16ཁོང་གིས་ཕྱག་རྟགས་ཀྱི་ཆེད་དུ་གྲ་སྒྲིག་བྱེད་ཡོད་པའི་སེམས་ཅན་ཚང་མར་ཁྱུའི་ཚོ་ཁག་སོ་སོར་བཟོས་ནས། གཡོག་པོ་རེ་རེར་རྩིས་སྤྲད་དོ། ཁོང་ཚོ་ལ། ཁྱོད་ཚོ་ངའི་སྔོན་དུ་སོང་ཞིག། ཁྱུ་རེ་རེ་འཁྲིད་སྐབས་ཁྱུ་རེ་རེའི་བར་ལ་རྒྱང་རིང་ཙམ་བཞག་ནས་སོང་ཞིག་ཅེས་སྨྲས་སོ། 17སྔོན་དུ་འགྲོ་བའི་གཡོག་པོ་ལ། གལ་ཏེ་ཁྱོད་ཀྱི་ངས་ཨ་ཇོ་ཨེ་སའོ་དང་འཕྲད་དེ་ཁོང་གིས་ཁྱོད་ལ། ཁྱོད་ཀྱི་སྦྱིན་བདག་སུ་ཡིན་ནམ། ཁྱོད་ཚོ་ག་རུ་འགྲོའམ། ཁྱོད་ཀྱི་མདུན་དུ་ཡོད་པའི་སེམས་ཅན་རྣམས་སུའི་ཡིན་ནམ་ཞེས་དྲིས་ན། 18ལན་དུ་ཁྱོད་ཀྱིས། འདི་ཚོ་ཚང་མ་ཁྱེད་ཀྱི་གཡོག་པོ་ཡ་ཀོབ་ཀྱི་ཡིན་པས། ཁོང་གི་སྦྱིན་བདག་ཨེ་སའོ་ལ་ཕྱག་རྟགས་འབུལ་བའི་ཕྱིར་ཡིན། ཡ་ཀོབ་ནི་ང་ཚོའི་རྗེས་སུ་ཡོང་གི་ཡོད་ཅེས་ཞུས་ཤིག་ཅེས་བསླབ་བོ། 19ཁོང་གིས་འདི་ལྟར་གཉིས་པ་གསུམ་པ་དང་དེ་རྗེས་ཀྱི་ཁྱུ་རྩིས་ལེན་མཁན་གཞན་རྣམས་ལ་ཡང་ཁྱོད་ཚོས་ཨེ་སའོ་ཐུག་སྐབས་དེ་ལྟར་ལབ་ཅིག 20ཁྱེད་ཀྱི་གཡོག་པོ་ཡ་ཀོབ་ང་ཚོའི་རྗེས་སུ་ཡོང་གི་ཡོད་ཅེས་ལབ་ཅིག་ཟེར་ནས་བཀའ་གནང་ངོ་། ཨེ་སའོ་ལ་ཕྱག་རྟགས་དེ་ཚོ་ཕུལ་བའི་སྒོ་ནས་ཁོང་གི་ང་ལ་སྙིང་རྗེ་བྱས་ནས་བཤགས་པ་སྤྲད་ཡོང་ཞེས་ཡ་ཀོབ་ཀྱིས་བསམ་མོ། 21ཁོས་ཕྱག་རྟགས་དེ་ཚོ་སྔོན་དུ་བཏང་ནས། གུར་ཕུབ་ནས་མཚན་མོ་ས་གནས་དེར་བསྡད་དོ༎

པེ་ནི་ཨེལ་དུ་ཡ་ཀོབ་ཤེད་རྩལ་བྱེད་པ།

22མཚན་དེར་ཡ་ཀོབ་ལངས་ནས་རང་གི་ཆུང་མ་གཉིས་དང་། ཟུར་གྲོགས་མ་གཉིས་དང་། ཕྲུ་གུ་བཅུ་གཅིག་བཅས་འཁྲིད་དེ་གཙང་པོ་ཡ་བྷོག་རྒལ་ནས་ཕྱིན་ནོ། 23དེ་ཚོ་ལ་ཕ་རོལ་དུ་བཏང་ཚར་བའི་རྗེས་སུ་ཁོང་གིས་རང་གི་དངོས་པོ་ཚང་མ་ཡང་ཕ་རོལ་དུ་བཏང་ངོ་། 24ཁོ་རང་གཅིག་པོ་རྗེས་ལ་བསྡད་དོ། དེ་ནས་མི་གཅིག་ཡོང་ནས་ཁོ་མཉམ་དུ་སྐྱ་རེངས་མ་ཤར་བར་དུ་ཤེད་རྩེད་བྱས་པ་དང་། 25མི་དེས་ད་ཁོ་ལ་ངས་རྒྱལ་མི་ཐོབ་པ་མཐོང་ནས། ཡ་ཀོབ་ཀྱི་དཔྱི་རུས་ལ་རྡེག་པ་དང་། རུས་པ་དེ་འཐུད་མཚམས་ནས་ཐོན་ནོ། 26མི་དེས་ཡ་ཀོབ་ལ། ད་ནམ་ལངས་འགྲོ་ཡོད་སྐབས་ང་འགྲོ་བཅུག་ཅེས་སྨྲས་པས། ལན་དུ་ཡ་ཀོབ་ཀྱིས། ཁྱེད་ཀྱིས་ང་ལ་བྱིན་རླབས་མ་གནང་བར་དུ་ངས་ཁྱེད་ལ་འགྲོ་མི་བཅུག་ཅེས་སྨྲས་པས། 27མི་དེས། ཁྱོད་རང་གི་མིང་ག་རེ་ཡིན་ཞེས་འདྲི་པས། ལན་དུ་ཡ་ཀོབ་ཡིན་ཞེས་ཁོས་སྨྲས་པས། 28མི་དེས་ཁོ་ལ། ད་ནས་ཕྱིན་ཆད་ཁྱོད་ཀྱི་མིང་ལ་ཡ་ཀོབ་མི་ཟེར། ཁྱོད་ཀྱིས་དཀོན་མཆོག་དང་མི་རྣམས་མཉམ་དུ་འཐབ་འཛིང་བྱས་ནས་ཁྱོད་རྒྱལ་བས། ཁྱོད་ཀྱི་མིང་ལ་ཨིསི་རཱཨེལ་ཟེར་བར་འགྱུར་ཞེས་སྨྲས་སོ། 29དེ་ནས་ཡ་ཀོབ་ཀྱིས། ད་ཁྱེད་ཀྱི་མིང་གསུངས་ཤིག་ཅེས་སྨྲས་པས། འོན་ཀྱང་ཁོས་ལན་དུ། ཁྱོད་ག་རེའི་དོན་དུ་ངའི་མིང་ཤེས་འདོད་དམ་ཞེས་སྨྲས་ནས་ཡ་ཀོབ་ལ་བྱིན་རླབས་གནང་ངོ་། 30ཡ་ཀོབ་ཀྱིས། ངས་དཀོན་མཆོག་གི་ཞལ་མངོན་སུམ་དུ་མཇལ་ནའང་། ད་དུང་ང་གསོན་པོར་གནས་ཡོད་ཅེས་སྨྲས་ནས། ས་གནས་དེའི་མིང་པེ་ནི་ཨེལ་བཏགས་སོ། 31ཡ་ཀོབ་ས་གནས་པེ་ནི་ཨེལ་ནས་འགྲོ་བའི་ཚེ་ཉི་མ་ཤར་རོ། ཁོའི་དཔྱི་རུས་ཀྱི་འཐུད་མཚམས་ནས་ཐོན་ཡོད་པས། ཁོའི་རྐང་པ་འཁྱོར་ནས་འགྲོའོ། 32ཨིསི་རཱཨེལ་གྱི་བུ་བརྒྱུད་རྣམས་ཀྱིས་དེ་རིང་གི་བར་དུ་དཔྱི་རུས་ཀྱི་ཤ་མི་ཟའོ། གང་ལ་ཟེར་ན། ཡ་ཀོབ་ཀྱི་དཔྱི་རུ་དེ་ལ་རྨས་སྐྱོན་བྱུང་བའི་རྐྱེན་གྱིས་ཡིན་ནོ༎

བཀོད་པ 33

ཡ་ཀོབ་ཀྱིས་ཨེ་སའོ་ལ་ཐུག་པ།

1ཨེ་སའོ་རང་གི་མི་ ༤༠༠ དང་མཉམ་དུ་ཡོང་བཞིན་པ་ཡ་ཀོབ་ཀྱིས་མཐོང་ནས། ལེ་ཨ་དང་ར་ཧེལ་དང་བྲན་མོ་ཟུར་གྲོགས་མ་གཉིས་ཀྱི་བར་ལ་ཕྲུ་གུ་ཚོ་སོ་སོར་བགོས་སོ། 2ཁོས་ཟུར་གྲོགས་མ་གཉིས་དང་དེ་ཚོའི་ཕྲུ་གུ་རྣམས་ཚང་མའི་མདུན་དུ་བཞག་གོ། དེའི་རྗེས་སུ་ལེ་ཨ་དང་མོའི་ཕྲུ་གུ་རྣམས་བཞག་གོ མཐའ་མར་ར་ཧེལ་དང་ཡོ་སེབ་བཞག་གོ། 3དེ་ཚོ་ཚང་མའི་མདུན་དུ་ཡ་ཀོབ་སོང་ཞིང་། ཁོའི་ཨ་ཇོའི་རྩར་སླེབས་དུས་ས་ལ་རེག་ནས་ལན་བདུན་ཕྱག་ཕུལ་ལོ། 4འོན་ཀྱང་ཨེ་སའོས་རྒྱུགས་ཤིང་ཡ་ཀོབ་ལ་འཕྲད་དོ། ཁོས་སྐེ་ལ་འཁྱུད་དེ་ཁ་སྐྱེལ་ལོ། ཁོང་གཉིས་ཀ་ངུབཞིན་ཡོད་དོ། 5དེ་ནས་ཨེ་སའོས་བུད་མེད་ཚོ་དང་ཕྲུ་གུ་ཚོ་ལ་བལྟས་ནས། ཁྱོད་དང་མཉམ་དུ་ཡོད་པའི་མི་འདི་ཚོ་སུ་ཡིན་ནམ་ཞེས་དྲིས་པས། ཡ་ཀོབ་ཀྱིས། འདི་ཚོ་ཐམས་ཅད་ནི་དཀོན་མཆོག་གི་ཐུགས་རྗེའི་སྒོ་ནས་ང་ལ་གནང་བའི་ངའི་ཆུང་མ་རྣམས་དང་ཕྲུ་གུ་རྣམས་ཡིན་ནོ་ཞེས་སྨྲས་སོ། 6དེ་ནས་ཟུར་གྲོགས་མ་རྣམས་དང་ཁོ་ཚོའི་ཕྲུ་གུ་རྣམས་ཡོང་ནས་ཨེ་སའོ་ལ་ཕྱག་འབུལ་ལོ། 7དེའི་རྗེས་ལེ་ཨ་དང་མོའི་ཕྲུ་གུ་དང་བཅས་ཡོང་བ་དང་། མཐའ་མར་ར་ཧེལ་དང་ཡོ་སེབ་ཡོང་ནས་ཕྱག་འབུལ་ལོ། 8ཨེ་སའོས་ཁོ་ལ། ངས་ལམ་དུ་སྔོན་ལ་འཕྲད་པའི་མི་རྣམས་དང་སེམས་ཅན་གྱི་ཚོ་ཁག་དེ་ཚོའི་དོན་གང་ཡིན་ནམ་ཞེས་དྲིས་པས། ལན་དུ་ཡ་ཀོབ་ཀྱིས། དེ་ཚོ་ནི་ཁྱེད་ཀྱི་ཐུགས་རྗེ་ང་ལ་ཐོབ་པའི་ཕྱིར་དེ་ལྟར་བྱེད་པ་ཡིན་ཞེས་སྨྲས་སོ། 9འོན་ཀྱང་ཨེ་སའོས། ངའི་སྤུན་ང་ལ་དེ་ཚོ་ཚང་མ་མི་དགོས། ཁྱོད་ཀྱི་ནོར་དེ་ཁྱོད་རང་ཞོག་ཅིག་ཅེས་སྨྲས་སོ། 10ཡ་ཀོབ་ཀྱིས། གལ་ཏེ་ཁྱེད་ཀྱིས་ཐུགས་རྗེ་ངས་ཐོབ་པ་ཡིན་ན། ཕྱག་རྟགས་རྣམས་བཞེས་པར་མཛོད། ཁྱེད་ཀྱིས་ང་ལ་འདི་ལྟར་ཐུགས་རྗེས་ཆེན་པོ་གནང་ཡོད། ཁྱེད་ལ་མཇལ་ཐུབ་པ་ནི་དཀོན་མཆོག་གི་ཞལ་ངོ་མཇལ་བ་དང་འདྲའོ། 11ངས་ཁྱེད་ཀྱི་ཕྱིར་འཁྱེར་ཡོང་བའི་ཕྱག་རྟགས་འདི་ཚོ་བཞེས་ཤིག དཀོན་མཆོག་གི་བཀའ་དྲིན་གྱི་སྒོ་ནས་ང་ལ་གང་དགོས་པ་ཚང་མ་ཁོང་གི་གནང་ཡོད་ཅེས་སྨྲས་སོ། ཡ་ཀོབ་ཀྱིས་ཨུ་ཚུགས་ནན་ཏན་བྱས་པས་ཨེ་སའོས་ཕྱག་རྟགས་དེ་ཚོ་བཞེས་སོ། 12ཨེ་སའོས་ཁོ་ལ། ད་ང་ཚོ་འགྲོ་བའི་གྲ་སྒིགས་བྱེད་དགོས་པས། ང་ཁྱོད་ཀྱི་སྔོན་དུ་འགྲོ་བར་བྱ་ཞེས་སྨྲས་པ་དང་། 13ལན་དུ་ཡ་ཀོབ་ཀྱིས། ཁྱེད་ཀྱི་མཁྱེན་གསལ་ལྟར་ངའི་ཕྲུ་གུ་སྐྱོ་པོ་ཡོད་པ་དང་། ངས་བ་གླང་དང་ར་ལུག་དང་དེའི་ཕྲུ་གུ་ཚོ་ལའང་འཚོ་སྐྱོང་བྱེད་དགོས། དེ་ཚོ་ལ་ཉིན་གཅིག་རང་ལ་ཞེ་དྲགས་འརྒྱུག་བཅུག་པ་ཡིན་ན་ཁྱུ་ཚང་མ་ཤི་བར་འགྱུར། 14དེའི་ཕྱིར་ཁྱེད་ངའི་སྔོན་ལ་ཕེབས་ཤིག་དང་ང་ཚོ་ག་ལེར་རྗེས་ལ་སླེབས་ཡོང་། ཟོག་སེམས་ཅན་དང་ཕྲུ་གུ་དང་མཉམ་དུ་གང་མགྱོགས་འགྲོ་རྒྱུ་ཡིན་པ་དང་། ཡུལ་ཨེ་དྷོམ་དུ་ཁྱེད་དང་འཕྲད་ཡོང་ཞེས་སྨྲས་པས། 15ཨེ་སའོས་ཁོ་ལ། འོ་ན་ངས་ངའི་མི་འགའ་ཤས་ཁྱོད་དང་མཉམ་དུ་བཞག་རྒྱུ་ཡིན་ཞེས་སྨྲས་པས། ལན་དུ་ཡ་ཀོབ་ཀྱིས། ཁྱེད་ཀྱི་ཐུགས་རྗེ་གཟིགས་པ་ལས་ལྷག་པ་ང་ལ་གང་ཡང་མི་དགོས་ཞུས་སོ། 16ཉིན་དེར་ཨེ་སའོ་ཡུལ་ཨེ་དྷོམ་དུ་ཕྱིར་ལོག་སོང་ངོ་། 17འོན་ཀྱང་ཡ་ཀོབ་ཡུལ་སུ་ཀོད་ལ་སོང་ནས་དེར་རང་གི་ཆེད་དུ་ཁང་པ་ཞིག་དང་རང་གི་ཁྱུའི་ཕྱིར་རྩ་ཁང་རྣམས་བཟོས་སོ། དེའི་ཕྱིར་ས་གནས་དེའི་མིང་སུ་ཀོད་ཞེས་བཏགས་སོ། 18ཡ་ཀོབ་ཡུལ་མེ་སོ་པོ་ཊ་མི་ཡ་ནས་ལོག་པའི་རྗེས་སུ། ཀ་ནན་ཡུལ་གྱི་ཤེ་ཀེམ་ཞེས་པའི་གྲོང་ཁྱེར་དུ་བདེ་བར་འབྱོར་ནས། གྲོང་ཁྱེར་གྱི་ཉེ་འགྲམ་གྱི་ཐང་དུ་སྒར་བཏབ་ནས་བསྡད་དོ། 19སྒར་བཏབ་པའི་ས་ཞིང་དེ་ཤེ་ཀེམ་གྱི་ཕ་ཧ་མོར་གྱི་རིགས་བརྒྱུད་ནས་དངུལ་སྲང་ ༡༠༠ ལ་ཡ་ཀོབ་ཀྱིས་ཉོས་སོ། 20ཁོས་ས་གནས་དེར་མཆོད་ཁྲི་ཞིག་བཟོས་ནས་དེ་མིང་ལ་ཨེལ་ཨིསི་རཱཨེལ་གྱི་དཀོན་མཆོག་བཏགས་སོ༎

བཀོད་པ 34

དྷི་ནཱ་ལ་བཙན་གཡེམ་བྱེད་པ།

1ཉིན་གཅིག་ཡ་ཀོབ་དང་ལེ་ཨའི་བུ་མོ་དྷི་ནཱ་ཀ་ནན་པའི་བུད་མེད་འགའ་ཞིག་ཐུག་པར་སོང་བས། 2ཧི་ཝི་པ་ཧ་མོར་ཞེས་པའི་བུ་ཤེ་ཀེམ་ཡུལ་དེའི་འགོ་པ་ཡིན་པ་དང་། ཁོས་དཱི་ན་ལ་མཐོང་བ་དང་མོ་འཁྱེར་ནས་མོ་དང་མཉམ་དུ་བཙན་གཡེམ་བྱེད་དོ། 3འོན་ཀྱང་དཱི་ན་ཤིན་ཏུ་མཛེས་མོ་ཡོད་པའི་རྐྱེན་གྱིས་ཁོས་མོ་ལ་སེམས་ཤོར་ནས། ཁོས་མོའི་བྱམས་པ་ཐབ་པར་ཐབས་ཤེས་བྱས་སོ། 4ཁོས་རང་གི་ཕ་ལ། བུ་མོ་དེ་ངའི་ཆེད་དུ་ཆང་ས་བརྒྱབ་པར་འཁྱེར་ཡོང་རོགས་ཞེས་སྨྲས་སོ། 5དཱི་ན་ལ་བཙན་གཡེམ་བྱེད་པའི་སྐོར་ཡ་ཀོབ་ཀྱིས་ཐོས་སོ། འོན་ཀྱང་ཁོའི་བུ་རྣམས་བ་ཕྱུགས་འཚོ་བར་ཐག་རིང་ཐང་དུ་སོང་ཡོད་པས། དེ་ཚོ་ཕྱིར་མ་ཡོང་བར་དུ་ཁོས་གང་ཡང་མ་བྱས་སོ། 6ཤེ་ཀེམ་གྱི་ཕ་ཧ་མོར་ཡ་ཀོབ་དང་གྲོས་བྱེད་ཕྱིར་སོང་བའི་སྐབས་སུ། 7ཡ་ཀོབ་ཀྱི་བུ་ཚོ་ཡང་ཐང་ནས་ཡོང་བཞིན་ཡོད་པ་དང་། གཏམ་དེ་ཐོས་མ་ཐག་ཏུ་ཁོང་ཚོ་ཚང་མ་ཧོན་འཐོར་ནས། ཤེ་ཀེམ་གྱིས་འདི་ལྟར་ལས་བྱས་པར་ཧ་ཅང་ཁྲོས་ཤིང་། ཡ་ཀོབ་ཀྱི་བུ་མོའི་ཐོག་ཏུ་བཙན་གཡེམ་བྱེད་པའི་སྒོ་ནས། ཨིསི་རཱཨེལ་གྱི་མི་རྣམས་ལ་སྨད་ར་བཏང་ཡོད་དོ། 8ཧ་མོར་གྱིས་ཡ་ཀོབ་ལ་། ངའི་བུ་ཤེ་ཀེམ་གྱིས་ཁྱེད་ཀྱི་བུ་མོ་ལ་ཤིན་ཏུ་བྱམས་པས་མོ་དང་ཆང་ས་རྒྱབ་བཅུག་རོགས་གནང་། 9ཁྱེད་ཚོ་དང་ང་ཚོའི་མི་རིགས་ཀྱི་བར་ལ་ཆང་ས་རྒྱབ་པར་ཁ་ཆད་བྱའོ། ཁྱེད་ཚོའི་བུ་མོ་ང་ཚོར་སྤྲོད་རོགས་གནང་། ང་ཚོའི་བུ་མོ་ཁྱེད་ཚོས་བཞེས་རོགས་གནང་། 10དེ་ནས་ཁྱེད་རྣམས་ང་ཚོ་དང་མཉམ་དུ་ང་ཚོའི་ཡུལ་དུ་གཞི་ཆགས་ནས་གཞུགས་རོགས་གནང་། ག་རུ་ཐུགས་འདོད་ཡོད་སར་དེར་ཞུགས་ཐུབ། རང་དབང་གི་ཐོག་ནས་ཚོང་རྒྱབ་ཏེ་རྒྱུ་ནོར་གསོག་རོགས་གནང་ཞེས་སྨྲས་སོ། 11དེ་ནས་ཤེ་ཀེམ་གྱིས་དྷི་ནཱའི་ཕ་དང་སྤུན་རྣམས་ལ། ང་ལ་ཐུགས་རྗེ་གཟིགས་རོགས་གནང་། ཁྱེད་རྣམས་ལ་གང་དགོས་པ་ཚང་མ་འབུལ་རྒྱུ་ཡིན། 12ཁྱེད་ཀྱི་བུ་མོ་ཆང་ས་རྒྱབ་པར་རིན་པ་གང་དགོས་པ་དང་ཁྱེད་རྣམས་ལ་ཕྱག་རྟགས་གང་དགོས་པ་དེ་ངས་འབུལ་ཐུབ། གལ་སྲིད་ཁྱེད་ཀྱི་བུ་མོ་ཆང་ས་རྒྱབ་བཅུག་ན་ཁྱེད་ལ་གང་དགོས་པ་འབུལ་རྒྱུ་ཡིན་ཞེས་སྨྲས་སོ། 13ཤེ་ཀེམ་གྱིས། དྷི་ནཱ་ལ་བཙན་གཡེམ་བྱེད་པའི་རྐྱེན་གྱིས། ཡ་ཀོབ་ཀྱི་བུ་རྣམས་ཀྱིས་ཁོ་དང་ཁོའི་ཕ་ཧ་མོར་ལ་སླུ་འཁྲི་བྱས་ནས་ལན་རྒྱབ་བོ། 14དེ་ཚོས་ཁོ་ལ། ང་ཚོའི་སྲིང་མོ་མདུན་ལྤགས་མ་འབྲེག་པའི་མི་ལ་ཆང་ས་རྒྱབ་པར་སྤྲད་མི་ཐུབ། དེས་ང་ཚོ་སྨད་དགོས་འབྱུང་ཡོང་། 15ཁྱོད་དང་ཁྱོད་ཀྱི་སྐྱེ་པ་ཕོ་ཚང་མ་ང་ཚོ་ལྟར་མདུན་ལྤགས་འབྲེག་པ་ཡིན་ན། ང་ཚོ་ཁྱོད་ཚོ་དང་མོས་མཐུན་བྱེད་ཐུབ་ཡོང་། 16ང་ཚོ་དང་ཁྱོད་ཚོའི་བར་ལ་ཆང་ས་རྒྱབ་ཐུབ་ཡོང་། དེ་ནས་ང་ཚོ་ཁྱོད་ཚོའི་ཁྲོད་དུ་གནས་ཏེ་མི་རིགས་གཅིག་ཏུ་འགྱུར་རོ། 17འོན་ཀྱང་ཁྱོད་ཚོས་མདུན་ལྤགས་འབྲེག་པར་མི་དགའ་ན་ང་ཚོས་སྲིང་མོ་འཁྲིད་དེ་ས་གནས་འདི་ནས་འགྲོ་བར་བྱ་ཞེས་སྨྲས་སོ། 18ཧ་མོར་དང་ཤེ་ཀེམ་གཉིས་ཀར་དེ་ལྟར་བྱས་པ་ལ་དགའ་བ་དང་། 19ཤེ་ཀེམ་གྱིས་དཱི་ན་ལ་བྱམས་པའི་རྐྱེན་གྱིས་ཁོས་ལས་འདི་བྱས་པར་འགོར་པོ་མ་བྱས་སོ། ཚང་མའི་ནང་ནས་ཁོ་གཙོ་བོ་ཡིན་ནོ། 20ཧ་མོར་དང་ཤེ་ཀེམ་གཉིས་གྲོང་ཁྱེར་གྱི་རྒྱལ་སྒོར་སོང་ནས་གྲོང་ཁྱེར་གྱི་མི་རྣམས་ལ། 21མི་འདི་ཚོ་ང་ཚོ་དང་ཤིན་ཏུ་མཐུན་པས། ཁོང་ཚོ་ངེད་རྣམས་དང་མཉམ་དུ་གནས་ཏེ་ཕར་ཚུར་ཚོང་བྱེད་དུ་འགྲོ་རུ་བཅུག་གོ ང་ཚོའི་ཡུལ་རྒྱ་ཆེན་པོ་ཡོད་པ་དང་ཁོང་ཚོ་བསྡད་ན་སྐྱོན་གང་ཡང་མི་བྱུང་བས། ངེད་རྣམས་ཀྱི་ཁོང་ཚོའི་བུ་མོ་རྣམས་དང་ཆང་ས་བརྒྱབ་ནས་ང་ཚོའི་བུ་མོ་ཁོང་ཚོར་མནའ་མར་སྤྲད་ཐུབ་བོ། 22ང་ཚོ་ཁོང་ཚོ་ལྟར་མདུན་ལྤགས་འབྲེག་ན་ཁོང་ཚོ་ང་ཚོའི་ཁྲོད་དུ་མི་རིགས་གཅིག་ལྟར་གནས་པའི་མོས་མཐུན་བྱེད་ཐུབ་བོ། 23གལ་ཏེ་ང་ཚོས་འདི་ལྟར་བྱས་པ་ཡིན་ན་ཁོང་ཚོའི་ཕྱུགས་དང་རྒུ་ནོར་ཚང་མ་ང་ཚོའི་ཡིན་པར་འགྱུར། དེར་བརྟེན་ཁོང་ཚོས་གང་སྨྲས་པ་ལྟར་ང་ཚོས་མོས་མཐུན་བྱས་ནས་ཁོང་ཚོ་ང་ཚོའི་ཁྲོད་དུ་གནས་ཐུབ་བོ་ཞེས་སྨྲས་སོ། 24ཧ་མོར་དང་ཤེ་ཀེམ་གྱིས་གང་སྨྲས་པ་ལྟར་ཡུལ་མི་ཚང་མས་ཉན་ནས། ཕོ་རྣམས་ཀྱི་མདུན་ལྤགས་འབྲེགས་སོ། 25ཉིན་གསུམ་གྱི་རྗེས་སུ་ཡུལ་མི་རྣམས་ཀྱི་མདུན་ལྤགས་འབྲེག་པའི་རྨ་དེ་དྲག་མེད་པའི་སྐབས་སུ། ཡ་ཀོབ་ཀྱི་བུ་སིམ་ཨོན་དང་ལེ་ཝི་གཉིས་ཀྱིས་རལ་གྲི་འཁུར་ནས་གསང་བར་སོང་ནས་ཡུལ་མི་རྣམས་ལ་བསད་དོ། ཁོ་གཉིས་ནི་དྷི་ནཱའི་ཨ་ཇོ་རྒན་པ་ཡིན་ནོ། 26ཁོ་གཉིས་ཀྱིས་ཧ་མོར་དང་ཁོའི་བུ་ཤེ་ཀེམ་ལ་ཡང་བསད་དོ། དེ་ནས་ཤེ་ཀེམ་གྱི་ནང་ནས་དྷི་ནཱ་འཁྲིད་ནས་སོང་ངོ་། 27ཡུལ་མི་རྣམས་བསད་པའི་རྗེས་སུ་ཡ་ཀོབ་ཀྱི་བུ་གཞན་ཚོས་གྲོང་ཁྱེར་བཅོམ་པ་དང་རང་གི་སྲིང་མོར་བཙན་གཡེམ་བྱས་པའི་ཚབ་ཏུ་དགྲ་ཤ་ལེན་ནོ། 28དེ་ཚོས་ར་ལུག་གི་ཁྱུ་དང་བ་གླང་དང་བོང་བུ་དང་། གྲོང་ཁྱེར་དང་ཞིང་ནང་ཡོད་པ་ཚང་མ་འཁྱེར་རོ། 29རིན་ཐང་ཅན་གྱི་དངོས་པོ་དང་བུད་མེད་དང་ཕྲུ་གུ་དང་ཁང་པའི་ནང་གང་ཡོད་པ་ཚང་མ་འཕྲོག་ནས་འཁྱེར་རོ། 30ཡ་ཀོབ་ཀྱིས་རང་གི་བུ་སིམ་ཨོན་དང་ལེ་ཝི་ལ། ཁྱོད་ཚོས་བྱས་པའི་ལས་ཀ་འདིའི་སྒོ་ནས་ད་ཡུལ་ཀ་ནན་པའི་མི་རྣམས་དང། པེ་རི་ཛེ་པ་དང་། ཡུལ་མི་ཚང་མས་ང་ལ་སྡང་བར་འགྱུར། གལ་ཏེ་ཁོང་ཚོ་ཚང་མས་རུབ་ནས་ང་ལ་བཙན་རྒོལ་བྱེད་པ་ཡིན་ན། ང་ལ་མི་མང་པོ་མེད་པས། ང་ཚོའི་ནང་མི་རྣམས་མེད་པར་ཆགས་པར་འགྱུར་ཞེས་སྨྲས་སོ། 31འོན་ཀྱང་ཁོང་ཚོས་ལན་དུ། སྨད་འཚོང་མ་ལྟར་ང་ཚོའི་སྲིང་མོ་ལ་དེ་ལྟར་སྤྱོད་པ་བྱེད་མི་ཆོག་ཅེས་སྨྲས་སོ༎

བཀོད་པ 35

དཀོན་མཆོག་གིས་བྷེ་ཐེལ་དུ་ཡ་ཀོབ་ལ་བྱིན་རླབས་གནང་བ།

1དཀོན་མཆོག་གིས་ཡ་ཀོབ་ལ། ད་ཁྱོད་ལམ་སང་བྷེ་ཐེལ་དུ་སོང་ནས་དེར་གནས་ཤིག། ཁྱོད་ཀྱི་ཨ་ཇོ་ཨེ་སའོ་ནས་བྲོས་སྐབས་ཁྱོད་ལ་མངོན་པར་འགྱུར་བའི་དཀོན་མཆོག་གི་ཆེད་དུ་ས་གནས་དེར་མཆོད་ཁྲི་ཞིག་བཟོས་ཤིག་ཅེས་བཀའ་གནང་ངོ་། 2དེའི་ཚེ་ཡ་ཀོབ་ཀྱིས་རང་གི་ནང་མི་དང་། ཁོ་དང་མཉམ་དུ་ཡོད་པའི་མི་ཚོ་ལ། ཁྱོད་ཚོ་མཉམ་དུ་ཡོད་པའི་ཕྱི་རྒྱལ་བའི་སྐུ་འདྲ་ཚང་མ་སྤོང་ཞིག་དང་། གཙང་བར་འགྱུར་ནས་གོས་གཙང་མ་གྱོན་ཞིག 3ང་ཚོ་ས་གནས་འདི་སྤངས་ནས་བྷེ་ཐེལ་དུ་འགྲོ་རྒྱུ་ཡིན་པ་དང་། དེར་ངས་དཀོན་མཆོག་གི་ཆེད་དུ་མཆོད་ཁྲི་ཞིག་བཟོ་རྒྱུ་ཡིན། དཀོན་མཆོག་དེས་དཀའ་ངལ་གྱི་དུས་སུ་ང་ལ་རོགས་གནང་ཡོད། ང་གང་དུ་སོང་ན་ཡང་དེར་ཁོང་ང་དང་མཉམ་དུ་བཞུགས་ཡོདཅེས་སྨྲས་སོ། 4དེ་ཚོའི་ཕྱི་པའི་ལྷ་རྣམས་དང་དེ་ཚོས་རང་གི་ཨམ་ལྕོག་ལ་བཏགས་པའི་ཨ་ལོང་རྣམས་ཡ་ཀོབ་ལ་སྤྲད་དོ། ཁོས་དེ་ཚོ་ཚང་མ་ཤེ་ཀེམ་གྱི་ཉེ་འགྲམ་དུ་བེ་ཤིང་ཞིག་གི་འོག་ཏུ་སྦས་སོ། 5ཡ་ཀོབ་དང་ཁོའི་ཕྲུ་གུ་ཚང་མ་ས་གནས་དེ་ནས་ཐོན་སྐབས་ཉེ་འཁོར་ལ་ཡོད་པའི་གྲོང་ཁྱེར་གྱི་མི་མང་ཚང་མ་འཇིགས་ཤིང་དེ་ཚོས་ཁོང་ལ་རྗེས་དེད་མ་བྱས་སོ། 6ཡ་ཀོབ་ཁོ་རང་གི་མི་ཚོ་ཡུལ་ཀ་ནན་ནང་ཡོད་པའི་གྲོང་ཁྱེར་ལུཛ་ཡང་ན་ད་ལྟ་བྷེ་ཐེལ་ཞེས་པ་ཞིག་ནང་བསླེབས་སོ། 7ས་གནས་དེར་ཡ་ཀོབ་ཀྱིས་མཆོད་ཁྲི་ཞིག་བཟོས་པ་དང་། ཁོས་ས་གནས་དེའི་མིང་ལ་ཨེལ་བེ་ཐེལ་ཞེས་མིང་བཏགས་སོ། གང་ལ་ཟེར་ན། ས་གནས་དེརཁོ་ཨ་ཇོ་ནས་བྲོས་སྐབས་དཀོན་མཆོག་གིས་ཁོ་ལ་མངོན་པར་གནང་བའི་རྐྱེན་གྱིས་ཡིན་ནོ། 8རེ་བྷེ་ཀ་ལ་ཆུང་དུས་ནས་ལྟ་སྐྱོང་བྱ་མཁན་བྲན་གཡོག་མོ་དྷེ་བོ་རཱ་བྱ་བ་གྲོངས་ནས། མོ་ལ་བྷེ་ཐེལ་གྱི་ཕྱོགས་སུ་བེ་ཤིང་གི་འོག་ཏུ་སྦས་སོ། དེར་བརྟེན་ས་གནས་དེ་ལ་མྱ་ངན་གྱི་བེ་ཤིང་ཞེས་མིང་བཏགས་སོ། 9ཡུལ་མེ་སོ་པོ་ཊ་མི་ཡ་ནས་ཡ་ཀོབ་ལོག་པའི་སྐབས་སུ་དཀོན་མཆོག་གིས་ཁོ་ལ་ཞལ་མཇལ་དང་བྱིན་རླབས་གནང་ངོ་། 10དཀོན་མཆོག་གིས་ཁོ་ལ། ཁྱོད་ཀྱི་མིང་ལ་ཡ་ཀོབ་ཟེར་གྱི་ཡོད་པས། འོན་ཀྱང་ད་ནས་ཕྱིན་ཆད་ཁྱོད་ཀྱི་མིང་ཨིསི་རཱཨེལ་དུ་བསྒྱུར་བར་བྱ་ཞེས་གསུངས་སོ་། དེར་བརྟེན་དཀོན་མཆོག་གིས་ཁོའི་མིང་ཨིསི་རཱཨེལ་ཞེས་བཏགས་སོ། 11དཀོན་མཆོག་གིས་ཁོ་ལ། ང་ནི་དཀོན་མཆོག་ཀུན་དབང་ཡིན་པས། ཁྱོད་རིགས་བརྒྱུད་མང་པོ་འགྱུར་ནས་འཕེལ་ཞིག མི་རིགས་མང་པོ་ཁྱོད་ནས་འབྱུང་ཡོང་། ཁྱོད་རྒྱལ་པོ་རྣམས་ཀྱི་མེས་པོ་འབྱུང་བར་འགྱུར། 12ཨབ་ར་ཧམ་དང་ཨི་སཱག་ལ་སྤྲད་པའི་ཡུལ་དེ་ངས་ཁྱོད་ལ་སྤྲད་དོ། ཁྱོད་ཀྱི་རྗེས་སུ་ཡོང་བའི་བུ་བརྒྱུད་རྣམས་ལའང་ཡུལ་འདི་སྤྲད་པར་བྱའོ་ཞེས་བཀའ་གནང་ངོ་། 13དེའི་རྗེས་སུ་དཀོན་མཆོག་ས་གནས་དེ་ནས་གཤེགས་པས། 14དཀོན་མཆོག་གིས་བཀའ་མོལ་གནང་བའི་གནས་དེར་ཡ་ཀོབ་ཀྱིས་དྲན་རྟེན་གྱི་རྡོ་ཞིག་བསླངས་ཏེ། དེའི་སྟེང་སྐྱུ་རུའི་སྣུམ་དང་རྒུན་ཆང་སོགས་བླུགས་ནས་བསྔོ་འབུལ་བྱས་སོ། 15ཁོས་ས་གནས་དེའི་མིང་ལ་བྷེ་ཐེལ་ཞེས་བཏགས་སོ༎

ར་ཧེལ་གྲོངས་པ།

16ཡ་ཀོབ་དང་ཁོའི་ནང་མི་དང་བཅས་པ་བྷེ་ཐེལ་ནས་ཐོན་ཞིང་། ཡུལ་ཨེཕ་རད་ལ་སླེབས་པར་ད་དུང་འགྲོ་དགོས་བས། ར་ཧེལ་ལ་ཕྲུ་གུ་སྐྱེ་བའི་དུས་རན་ནོ། འོན་ཀྱང་མོ་ལ་དཀའ་ངལ་བྱུང་བཞིན་ཡོད་དོ། 17མོ་ལ་དཀའ་ངལ་མང་པོ་བྱུང་བའི་སྐབས་སུ། སྐྱེ་རོགས་མ་དེས་མོ་ལ། ཁྱེད་རང་མ་འཇིགས་ཤིག། ཁྱོད་ལ་བུ་གཞན་ཞིག་ཀྱང་སྐྱེས་སོ་ཞེས་སྨྲས་པ་དང་། 18འོོན་ཀྱང་མོ་རང་ཤི་འགྲོ་ཡོད་པས། མ་ཤི་བའི་སྔོན་ལ་བུ་དེའི་མིང་བྷེ་ནོ་ནི35 བྷེ་ནོ་ནི བྷེ་ནོ་ནི་ཞེས་པ་ནི་ངའི་སྡུག་བསྔལ་གྱི་བུ་ཟེར་རོ།བཏགས་སོ། འོན་ཀྱང་ཕས། ཁོའི་མིང་བྷེན་ཡ་མིན་35 བྷེན་ཡ་མིན་ བྷེན་ཡ་མིན་ཞེས་པ་ནི་བུ་བསོད་བདེ་ཅན་ཞེས་པའོ།ཞེས་བཏགས་སོ། 19ར་ཧེལ་གྲོངས་སོ། མོའི་ཕུང་པོ་ཡུལ་ཨེཕ་རད་འགྲོ་བའི་ལམ་གྱི་འགྲམ་དུ་ཡོད་པའི་དུར་སར་བཅུག་པ་དང་། ས་གནས་དེ་ལ་བྷེད་ལེ་ཧེམ་ཟེར་རོ། 20དེར་ཡ་ཀོབ་ཀྱིས་དྲན་རྟེན་གྱི་རྡོ་ཞིག་བསླངས་པ་དང་། ས་གནས་དེ་ནི་དེ་རིང་གི་བར་དུ་ར་ཧེལ་གྱི་དུར་སར་ཞེས་བརྗོད་ཀྱི་ཡོད་དོ། 21ཡ་ཀོབ་ས་གནས་དེ་ནས་སོང་སྟེ། ཨེ་དྷེར་བྱ་བའི་མཁར་རྫོང་གི་ཕར་ཕྱོགས་སུ་ཁོས་རང་གི་གུར་སྤུབས་སོ༎

ཡ་ཀོབ་ཀྱི་བུ་རྣམས།

(༡ སྔོན་རབ་ ༢:༡-༢)

22ཡ་ཀོབ་ས་གནས་དེར་གནས་པའི་དུས་སུ་ཁོང་གི་བུ་རུ་བྷེན་གྱིས་ཕའི་ཟུར་གྲོགས་མ་བྷིལ་ཧཱ་དང་མཉམ་དུ་ཉལ་བ་དང་། ཡ་ཀོབ་ཀྱིས་དེ་ཐོས་ཏེ་ཤིན་ཏུ་ཁྲོས་སོ། ཡ་ཀོབ་ལ་བུ་བཅུ་གཉིས་ཡོད་དོ། 23ལེ་ཨ་ལས་སྐྱེས་པའི་བུ་རྣམས་ནི། རུ་བྷེན། སིམ་ཨོན། ལེ་ཝི། ཡ་ཧུ་དཱ། ཨི་ས་ཀར་དང་ཛེ་བུ་ལུན་དང་། རུ་བྷེན་ནི་ཡ་ཀོབ་ཀྱི་བུ་རྒན་པ་ཡིན་ནོ། 24ར་ཧེལ་ལས་སྐྱེས་པའི་བུ་གཉིས་ནི། ཡོ་སེབ་དང་བྷེན་ཡ་མིན་ཡིན་ནོ། 25ར་ཧེལ་གྱི་བྲན་མོ་བྷིལ་ཧཱ་ནས་སྐྱེས་པའི་བུ་གཉིས་ནི། དཱན་དང་ནཕ་ཏ་ལི་ཡིན་ནོ། 26ལེ་ཨའི་བྲན་མོ་ཛིལ་པཱ་ལས་སྐྱེས་པའི་བུ་གཉིས་ནི་གྷཌ་དང་ཨ་ཤེར་རོ། བུ་འདི་ཚོ་ནི་ཡུལ་མེ་སོ་པོ་ཊ་མི་ཡ་རུ་ཡོད་སྐབས་སྐྱེས་པའོ༎

ཨི་སཱག་གྲོངས་པ།

27ཧེབ་རོན་གྱི་ཉེས་འགྲམ་དུ་ཡོད་པའི་ཨབ་ར་ཧམ་དང་ཨི་སཱག་གནས་སྡོད་བྱེད་པའི་ས་གནས་མམ་རེ་བྱ་བར་ཕ་ཨི་སཱག་དེར་བཞུགས་ཡོད་པས། ཡ་ཀོབ་ཁོང་ལ་འཕྲད་དུ་སོང་ངོ་། 28ཨི་སཱག་ལོ་ ༡༨༠ བར་དུ་གསོན་པ་དང་། 29ལོ་ཆ་ཚང་ལོན་ནས་གྲོངས་སོ། ཁོང་གི་བུ་ཨེ་སའོ་དང་ཡ་ཀོབ་ཀྱིས་རང་གི་ཕ་དུར་དུ་སྦས་སོ༎

བཀོད་པ 36

ཨེ་སའོའི་རིགས་བརྒྱུད་རྣམས།

(༡ སྔོན་རབ་ ༡:༣༤-༣༧)

1ཨེ་སའོའི་མིང་ལ་ཨེ་དྷོམ་ཡང་ཟེར། ཁོང་གི་རིགས་བརྒྱུད་རྣམས་ནི་འདི་ལྟར་རོ། 2ཨེ་སའོས་ཀ་ནན་པའི་བུད་མེད་གསུམ་ཆང་ས་བརྒྱབ་བོ། དེ་ཚོ་ནི་ཧི་ཏི་པ་ཨེ་ལོན་པའི་བུ་མོ་ཨ་དཱ་དང་། ཧི་ཝི་པ་ཛི་བི་ཨོན་གྱི་བུ་ཨ་ནཱ་དང་ཁོའི་བུ་མོ་ཨོ་ཧོ་ལི་བ་མཱ་དང་། 3ཨིཤ་མ་ཨེལ་གྱི་བུ་མོ་དང་ནེ་བ་ཡོད་ཀྱི་སྲིང་མོ་བྷ་སི་མད་ཡིན་ནོ། 4ཨ་དཱ་ལ་བུ་ཨེ་ལི་ཕཛ་སྐྱེས་སོ། བྷ་སི་མད་ལ་བུ་རུ་ཨེལ་སྐྱེས་སོ། 5ཨོ་ཧོ་ལི་བ་མཱས་ཡེ་ཨུཤེ་དང་། ཡ་ལམ་དང་ཀོ་རཱ་སྐྱེས་སོ། ཨེ་སའོའི་བུ་དེ་ཚོ་ནི་ཡུལ་ཀ་ནན་དུ་སྐྱེས་པ་ཡིན་ནོ། 6དེ་རྗེས་ཨེ་སའོས་རང་གི་ཆུང་མ་ཚོ་དང་། བུ་དང་བུ་མོ་ཚོ་དང་། ཁང་པའི་ནང་ཡོད་པའི་སྐྱེ་པ་དང་བུད་མེད་ཚོ་དང་དུད་འགྲོ་དང་ཡུལ་ཀ་ནན་དུ་གསོག་འཇོག་བྱས་པའི་ནོར་ཚང་མ་འཁྱེར་ནས་རང་གི་སྤུན་ཡ་ཀོབ་ནས་ཡུལ་ཐག་རིངགཞན་ཞིག་ཏུ་སོང་ངོ་། 7རང་ཉིད་བསྡད་པའི་ཞིང་ཁར་སྤུན་ཆེ་ཆུང་གཉིས་ཀ་འཚོ་བ་སྐྱེལ་མ་ཐུབ་པ་བྱུང་བ་དང་། ཁོ་གཉིས་ལ་དུད་འགྲོ་ཤིན་ཏུ་མངཔོ་ཡོད་པས། ཁོ་གཉིས་མཉམ་དུ་སྡོད་མ་ཐུབ་པ་བྱུང་ངོ་། 8དེའི་རྐྱེན་གྱིས་ཨེ་སའོ་སོང་ནས་ཨེ་དྷོམ་ཞེས་པའི་རི་བརྒྱུད་ལ་གནས་སོ། 9ཨེ་སའོའི་བརྒྱུད་ནས་བྱུང་བའི་ཨེ་དྷོམ་པ་ཚོའི་རིགས་བརྒྱུད་ནི་འདི་ལྟར་ཡིན། 10-13ཨེ་སའོའི་ཆུང་མ་ཨ་དཱ་ལ་བུ་ཞིག་སྐྱེས་པས། དེའི་མིང་ལ་ཨེ་ལི་ཕཛ་ཞེས་པ་དང་། ཁོ་ལ་བུ་ལྔ་བྱུང་བས། དེ་ཚོའི་མིང་ནི་ཏེ་མན། ཨོ་མར། ཛེ་ཕོ། གྷ་ཏམ་དང་ཀེ་ནཛ་བྱུང་ངོ་། ཆུང་མ་ཏིམ་ན་ཞེས་པ་ཞིག་ཀྱང་ཡོད་པས། མོ་ལ་བུ་ཨ་མ་ལེག་ཞེས་པ་གཅིག་སྐྱེས་སོ། ཨེ་སའོའི་ཆུང་མ་བྷ་སི་མད་ལ་བུ་རུ་ཨེལ་སྐྱེས་སོ། རུ་ཨེལ་ལ་བུ་བཞི་བྱུང་བ་དེ་ཚོའི་མིང་ནི་ན་ཧད། ཛེ་རཱ། ཤམ་མཱ་དང་མི་ཛ་ཡིན་ནོ། 14ཛི་བི་ཨོན་གྱི་ཚ་མོ་ཨ་ནཱ་ཡི་བུ་མོ་ཨེ་སའོའི་ཆུང་མ་ཨོ་ཧོ་ལི་བ་མཱ་ལ་བུ་གསུམ་སྐྱེས་པས། དེ་ཚོའི་མིང་ནི་ཡེ་ཨུཤེ། ཡ་ལམ་དང་ཀོ་རཱ་ཞེས་པའོ། 15-16ཨེ་སའོ་ལས་བྱུང་བའི་སྡེ་རིགས་ཚོ་ནི་འདི་ལྟར་རོ། ཨེ་སའོའི་བུ་རྒན་པ་ཨེ་ལི་ཕཛ་ནི་ཏེ་མན། ཨོ་མར། ཛེ་ཕོ། ཀེ་ནཛ་དང་། ཀོ་རཱ། གྷ་ཏམ་དང་ཨ་མ་ལེག་སྡེ་རིགས་བཅས་ཀྱི་མེས་པོ་ཡིན་ནོ། དེ་ཚོ་ནི་ཨེ་སའོའི་ཆུང་མ་ཨ་དཱ་ལའི་རིགས་བརྒྱུད་ཡིན་ནོ། 17ཨེ་སའོའི་བུ་རུ་ཨེལ་ནི། ན་ཧད། ཛེ་རཱ། ཤམ་མཱ་དང་མི་ཛཱའི་སྡེ་རིགས་ཀྱི་མེས་པོ་ཡིན་ནོ། དེ་ཚོ་ཚང་མ་ཨེ་སའོའི་ཆུང་མ་བྷ་ས་མད་ཀྱི་རིགས་བརྒྱུད་ཡིན་ནོ། 18ཨེ་སའོའི་ཆུང་མ་ཨོ་ཧོ་ལིབ་མ་ལས། ཡེ་ཨུཤེ། ཡ་ལམ་དང་ཀོ་རཱའི་སྡེ་རིགས་རྣམས་བྱུང་ངོ་། ཨོ་ཧོ་ལི་བ་མཱ་ནི་ཨ་ན་ཀའི་བུ་མོ་ཡིན་ནོ། 19སྡེ་རིགས་དེ་ཚོ་ནི་ཨེ་སའོའི་བརྒྱུད་ནས་བྱུང་བ་ཡིན་ནོ༎

སེ་ཨིར་གྱི་རིགས་བརྒྱུད།

(༡ སྔོན་རབ་ ༡:༣༨-༤༢)

20-21ཨེ་དྷོམ་ནང་གནས་པའི་མི་རིགས་ཐོག་མ་ནི་སེ་ཨིར་གྱི་ཧོར ་པ་ནས་ཡོང་བའི་སྡེ་རིགས་རྣམས་ཡིན་ནོ། དེ་ཚོ་ནི་ལོ་ཏན། ཤོ་བལ། ཛི་བི་ཨོན། ཨ་ན། དྷི་ཤོན། ཨེ་ཛེར་དང་དྷི་ཤན་གྱི་སྡེ་རིགས་རྣམས་ཡིན་ནོ། 22ལོ་ཏན་ནི་ཧོ་རི་དང་ཧེ་མན་གྱི་ཁྱིམ་སྡེའི་ཕ་མེས་ཡིན་ནོ། ལོ་ཏན་ལ་ཏིམ་ན་ཞེས་པའི་སྲིང་མོ་གཅིག་ཡོད་པའོ། 23ཤོ་བལ་ནི་ཨལ་ཝན། མ་ན་ཧད། ཨེ་བལ། ཤེ་ཕོ་དང་ཨོ་ནམ་བཅས་ཀྱི་ཕ་མེས་ཀྱི་སྡེ་རིགས་རྣམས་ཡིན་ནོ། 24ཛི་བི་ཨོན་གྱི་བུ་ཨེ་ཡཱ་དང་ཨ་ན་ཞེས་པའི་བུ་གཉིས་ཡོད་དོ། ཨ་ནཱ་ནི་རང་གི་ཕའི་བོང་བུ་རྣམས་འཚོ་སྐབས་འབྲོག་སྟོང་ནང་ཆུ་མཚན་རྣམས་ཐོབ་མཁན་དེ་ཡིན་ནོ། 25-26ཨ་ནཱ་ནི་དི་ཤོན་གྱི་ཕ་ཡིན་ནོ། དྷི་ཤོན། ཧེམ་དན། ཨེཤེ་བྷན། ཨིཐ་རན་དང་ཀེ་རན་བཅས་ཀྱི་ཁྱིམ་སྡེའི་ཕ་མེས་ཡིན་ནོ། ཨ་ནཱ་ལ་བུ་མོ་ཨོ་ཧོ་ལི་བ་མཱ་ཞེས་པ་ཞིག་ཀྱང་ཡོད་དོ། 27ཨེ་ཛེར་ནི། བྷིལ་ཧན། ཛ་ཝན་དང་ཨ་ཀན་བཅས་ཀྱི་ཁྱིམ་སྡེའི་ཕ་མེས་ཡིན་ནོ། 28དྷི་ཤན་ནི། ཨུཛ་དང་། ཨ་རན་ཟེར་བའི་རིགས་རུས་རྣམས་ཀྱི་ཕ་མེས་ཡིན་ནོ། 29-30ཡུལ་ཨེ་དྷོམ་དུ་ཡོད་པའི་ཧོར་པའི་སྡེ་རིགས་རྣམས་དེ་ཚོ་ཡིན། ལོ་ཏན། ཤོ་བལ། ཛི་བི་ཨོན། ཨ་ན། དྷི་ཤོན། ཨེ་ཛེར་དང་དྷི་ཤན་ཡིན་ནོ༎

ཡུལ་ཨེ་དྷོམ་གྱི་རྒྱལ་པོ་རྣམས།

(༡ སྔོན་རབ་ ༡:༤༣-༥༤)

31-39ཨིསི་རཱཨེལ་ནང་རྒྱལ་པོ་རྣམས་མ་བྱུང་བའི་སྔོན་དུ། ཨེ་དྷོམ་དུ་རེ་མོས་ཀྱི་རྒྱལ་སྲིད་སྐྱོང་མཁན་རྒྱལ་པོ་རྣམས་ཀྱི་མིང་ནི་གཤམ་གསལ་ལྟར་ཡིན། དྷིན་ཧ་བཱ་ནས། བྷི་ཨོར་གྱི་བུ་བྷེ་ལ། བྷོཛ་རཱ་ནས་ཛེ་རཱའི་བུ་ཡོ་བྷབ། ཏེ་མན་གྱི་མངའ་ཁུལ་ནས་ཧུ་ཤམ། ཨ་ཝིད་ནས་བེ་དད་ཀྱི་བུ་ཧ་དྷད། (ཁོང་གིས་མོ་ཨབ་ཡུལ་དུ་མིད་ཡན་པ་ཚོར་དམག་འཕམ་པར་བྱས་སོ།) མསེ་རེ་ཀཱ་ནས་སམ་ལཱ། གཙང་པོ་རེ་ཧོ་བོད་སྟེང་ནས་ཤ་ཨུལ། ཨག་བྷོར་གྱི་བུ་བྷལ་ཧ་ནན་དང་། པའུ་ནས་ཧ་དྷད། (ཁོང་གི་ཆུང་མ་ནི་མེ་ཧེ་ཏ་བྷེལ་ཞེས་པ་མེ་ཏྲེ་རེཌ་ཀྱི་བུ་མོ་དང་མེ་ཛ་ཧབ་ཀྱི་ཚ་མོ་ཡིན་ནོ༎) 40-43ཨེ་སའོ་ནི་ཨེ་དྷོམ་པའི་གཤམ་གསལ་ལྟར་སྡེ་རིགས་ཀྱི་ཕ་མེས་ཡིན་ནོ། ཏིམ་ན། ཨལ་ཝཱ། ཡེ་ཐེད། ཨོ་ཧོ་ལི་བ་མཱ། ཨི་ལ། པི་ནོན། ཀེ་ནཛ། ཏེ་མན། མིབ་ཛར། མག་དྷི་ཨེལ། ཨི་རམ་བཅས་ཡིན་ནོ། འདི་ཚོ་གནས་པའི་ས་ཁུལ་ནི་སྡེ་རིགས་སོ་སོའི་མིང་བཞིན་བཞག་ཡོད་དོ༎

བཀོད་པ 37

ཡོ་སེབ་དང་ཁོའི་སྤུན་རྣམས།

1ཀ་ནན་དུ་ཡ་ཀོབ་ཀྱི་རང་གི་ཕ་གནས་ཡུལ་དེར་ཡ་ཀོབ་མུ་མཐུད་ནས་དེར་བསྡད་དོ། 2ཡ་ཀོབ་ཀྱི་ཁྱིམ་ཚང་གི་ལོ་རྒྱུས་འདི་ལྟར་ཡིན། ཡོ་སེབ་ལོ་བཅུ་བདུན་ལོན་པའི་ཚེ་ཨ་ཇོ་རྣམས་དང་མཉམ་དུ་ར་ལུག་རྣམས་འཚོ་བས། ཨ་ཇོ་དེ་རྣམས་ནི་ཁོང་གི་ཕའི་ཟུར་གྲོགས་མ་བྷིལ་ཧཱ་དང་ཛིལ་པཱའི་བུ་རྣམས་ཡིན་པས། དེ་ཚོའི་ལས་ངན་གྱི་གཏམ་རྣམས་ཡོ་སེབ་ཀྱིས་ཕ་ལ་ཤོད་ཀྱི་ཡོད། 3ཡ་ཀོབ་ཀྱིས་བུ་ཡོ་སེབ་ལ་བུ་གཞན་ལས་བྱམས་པ་མང་བ་གནངགྱི་ཡོད་དོ། གང་ལ་ཟེར་ན། ཁོ་ནི་ཁོང་ལོ་རྒས་དུས་སྐྱེས་པའི་བུ་ཡིན་པ་དང་། ཁོའི་ཆེད་དུ་ཕུ་དུང་རིང་པོ་ཡོད་པའི་གོས་ལེགས་པོ་ཞིག་བཟོས་སོ། 4ཕས་བུ་གཞན་ལས་ཁོ་ལ་མང་བར་བྱམས་པ་དེ་ཨ་ཇོ་རྣམས་ཀྱི་ཤེས་ནས། ཨ་ཇོ་དེ་ཚོས་ཁོ་ལ་མཐོང་ནས་སྡང་ཞིང་སྐད་ཆ་ཡང་ཡག་པོ་ཤོད་ཀྱི་མེད་དོ། 5མཚན་མོ་ཤིག་ལ། ཡོ་སེབ་ཀྱིས་རྨི་ལམ་ཞིག་མཐོང་ནས་ཨ་ཇོ་རྣམས་ལ་བཤད་དུས། དེ་ཚོས་ཁོ་ལ་ལྷག་པར་སྡང་ངོ་། 6ཁོས་སྨྲས་པ། ངས་མཐོང་བའི་རྨི་ལམ་དེ་ཉོན་ཞིག། 7ང་ཚོ་ཚང་མ་ཞིང་ནང་ཡོད་པ་ལས། ཕོན་པོ་བཅིང་ཙ་ན་ངའི་ཕོན་པོ་དེ་ནི་ཡར་ཁར་ཐུག་ལངས་སོ། ཁྱོད་ཚོའི་ཕོན་པོ་རྣམས་ངའི་ཕོན་པོའི་ཕྱོགས་བཞིར་བསྐོར་ནས་ངའི་ཕོན་པོ་དེ་ལ་ཕྱག་འཚལ་བཞིན་འདུག་ཅེས་སྨྲས་པ་དང་། 8ཨ་ཇོ་རྣམས་ཀྱིས་ཁོ་ལ། ཁྱོད་རྒྱལ་པོར་རྒྱུར་ནས་ང་ཚོ་ལ་དབང་བྱེད་དགོས་བསམ་མམ་ཞེས་འདྲིས་པས། ཁོའི་རྨི་ལམ་དང་དེའི་སྐོར་གྱི་གཏམ་བཤད་པའི་རྐྱེན་གྱིས་ཁོ་ལ་ཤིན་ཏུ་སྡང་ངོ་། 9ཡོ་སེབ་ཀྱིས་རྨི་ལམ་གཞན་ཞིག་ཀྱང་མཐོང་ནས་ཨ་ཇོ་རྣམས་ལ། ངས་ད་དུང་ཡང་རྨི་ལམ་ཞིག་མཐོང་བས་ནང། ཉི་མ་དང་ཟླ་བ་དང་སྐར་མ་བཅུ་གཅིག་གིས་ང་ལ་ཕྱག་འཚལ་ཞིང་འདུག་ཅེས་སྨྲས་པ་དང་། 10ཁོས་རང་གི་ཕ་ལའང་རྨི་ལམ་འདིའི་སྐོར་བཤད་པས། ཕས་ཁོ་ལ། ཁྱོད་ཀྱི་རྨི་ལམ་དེ་གང་འདྲ་ཡིན་ནམ། ང་དང་ཁྱོད་ཀྱི་ཨ་མ་དང་ཨ་ཇོ་རྣམས་ཁྱོད་རྩར་ཡོང་ནས་ཕྱག་འཚལ་ཡོང་བསམ་གྱི་འདུག་གམ་ཞེས་བཀའ་བཀྱོན་གནང་ངོ་། 11ཨ་ཇོ་ཚོས་ཡོ་སེབ་ལ་ཕྲག་དོག་བྱེད་ནའང་། ཕས་གཏམ་འདིའི་སྐོར་སེམས་ལ་བཞག་གོ།

ཡོ་སེབ་ལ་བཙོང་ནས་ཨི་ཇིབ་ཡུལ་དུ་འཁྲིད་པ།

12ཉིན་ཞིག་ཡོ་སེབ་ཀྱི་ཨ་ཇོ་རྣམས་ཕའི་ར་ལུག་རྣམས་འཚོ་བའི་ཕྱིར་ཤེ་ཀེམ་དུ་སོང་བ་དང་། 13ཡ་ཀོབ་ཀྱིས་ཡོ་སེབ་ལ། ཁྱོད་ཀྱི་ཨ་ཇོ་རྣམས་ཤེ་ཀེམ་དུ་ར་ལུག་འཚོ་བར་སོང་ཡོད་པས། དེ་ཚོ་བལྟ་ཕྱིར་ངས་ཁྱོད་ལ་བཏང་བར་བྱ་ཞེས་སྨྲས་པས། ཡོ་སེབ་ཀྱིས། ང་འགྲོ་བར་གྲ་སྒྲིག་ཡོད་ཅེས་སྨྲས་པ་དང་། 14ཕས་ཁོ་ལ། ཁྱོད་སོང་ནས་ཨ་ཇོ་ཚོ་དང་ར་ལུག་ཚོ་བདེའམ་ལྟ་བར་སོང་ཞིག ཡང་ང་ལ་ལོན་འཁྱེར་ཤོག་ཅེས་སྨྲས་ནས། དེར་བརྟེན་ཕས་ཁོ་ལ་ཧེབ་རོན་གྱི་ལུང་གཤོང་ནས་བཏང་ངོ་། ཡོ་སེབ་ཤེ་ཀེམ་དུ་བསླེབས་པ་དང་། 15ནགས་གསེབ་ཁུལ་དུ་འཁྱམས་པའི་སྐབས། མི་ཞིག་གིས་མཐོང་ནས་ཁོ་ལ། ཁྱོད་ཀྱི་ག་རེ་འཚོལ་གྱི་ཡོད་དམ་ཞེས་འདྲིས་པས། 16ངའི་ཨ་ཇོ་རྣམས་འཚོལ་བཞིན་ཡོད། ཁོ་ཚོ་ར་ལུག་འཚོ་བར་ཡོད་པས། ཁོང་ཚོ་ས་གནས་ག་རུ་ཡོད་མེད་ཁྱོད་ཀྱི་ཤེས་སམ་ཞེས་དྲིས་པས། 17མི་དེས་ཁོ་ལ། ཁོང་ཚོ་ཚང་མ་འདི་ནས་སོང་ཚར་བས་ང་ཚོ་ཡུལ་དོ་ཐན་དུ་འགྲོ་བར་བྱ་ཟེར་བ་ངས་ཐོས་བྱུང་སྨྲས་པ་དང་། དེར་བརྟེན་ཡོ་སེབ་འཚོལ་བཞིན་སོང་ནས་དེ་ཚོ་ལ་དོ་ཐན་དུ་འཕྲད་དོ། 18ཨ་ཇོ་རྣམས་ཀྱིས་ཁོ་ཐག་རིང་ནས་མཐོང་བ་དང་། ཁོ་ནི་དེ་ཚོ་ཡོད་པའི་ས་གནས་སུ་མ་སླེབས་སྔོན་དུ་དེ་ཚོས་ཁོའི་ཐོག་ཏུ་བྱུས་ངན་བརྩམས་ནས་ཁོ་ལ་གསོད་རྒྱུའི་ཐག་བཅད་དོ། 19ཁོང་ཚོ་གཅིག་གིས་གཅིག་ལ། ལྟོས་ཤིག། རྨི་ལམ་མཐོང་མཁན་དེཡོང་གི་འདུག 20ད་ང་ཚོས་ཁོ་བསད་ནས་ཁྲོན་པ་སྐམ་པོ་ཞིག་གི་ནང་དབྱུགས་ནས་ནགས་ཀྱི་གཅན་གཟན་ངན་པས་ཁོ་ལ་བསད་འདུག་ཅེས་ལབ་ཐུབ། དེ་ནས་ཁོའི་རྨི་ལམ་གྱི་འབྲས་བུ་དེ་གང་བྱུང་ཡོང་བ་དེ་ང་ཚོས་ཤེས་པར་བྱ་ཞེས་སྨྲས་སོ། 21རུ་བྷེན་གྱིས་གཏམ་དེ་ཐོས་ནས་དེ་ཚོའི་ལག་ནས་ཡོ་སེབ་ལ་སྐྱབས་པར་བསམ་ནས། ང་ཚོས་ཁོ་མ་གསོད་ཅིག་སྨྲས་སོ། 22འབྲོག་སྟོང་དུ་ཡོད་པའི་ཁྲོན་པ་ཞིག་ནང་དབྱུགས་ཤིག། འོན་ཀྱང་ཁོ་ལ་གནོད་པ་མ་བྱེད་ཅེས་པའི་དོན་ནི། ཡོ་སེབ་ལ་ཨ་ཇོ་དེ་ཚོའི་ལག་ནས་ཐར་བཅུག་སྟེ་ཕའི་རྩར་སྐྱེལ་བར་བྱ་ཞེས་བསམས་སོ། 23དེ་ནས་ཡོ་སེབ་རང་གི་ཨ་ཇོ་རྣམས་ཀྱི་རྩར་བསླེབས་ནས། ཁོང་ཚོས་ཁོའི་ཕུ་དུང་རིང་པོ་ཡོད་པའི་གོས་ལེགས་པ་དེ་ཕུད་ནས་ཧྲལ་ལོ། 24དེ་ནས་ཁོ་ལ་བཟུང་སྟེ་ཁྲོན་པ་སྐམ་པོ་ཞིག་གི་ནང་དབྱུགས་སོ། 25དེ་ནས་ཁོ་ཚོ་ཁ་ཟས་ཟ་སྐབས་སུ། དེ་མ་ཐག་ཏུ་ཨིཤི་མ་ཨེལ་པའི་མི་ཚོགས་ཁག་གཅིག་ཡུལ་གྷིལ་ཨད་ནས་ཨི་ཇིབ་དུ་འགྲོ་བ་ཞིག་མཐོང་བས། དེ་ཚོའི་རྔ་མོང་ཚོ་ལ་སྨན་སྣ་རྣམས་དང་དྲི་ཞིམ་གྱི་སྤོས་ཀྱི་དོད་པོ་རྣམས་བཀལ་ཡོད་པའོ། 26ཡ་ཧུ་དཱས་སྤུན་རྣམས་ལ། ང་ཚོས་རང་གི་སྤུན་བསད་དེ་རྫུན་བཤད་པར་ཕན་ཅི་ཐོབ། 27ཁོ་ལ་བསད་པ་ལས་ཁོ་ལ་ཨིཤ་མ་ཨེལ་པ་ཚོའི་ལག་ཏུ་བཙོང་ན་དགའ་འོ། དེ་ལྟར་བྱས་ན་ཁོ་ལ་རྨས་སྐྱོན་ཡང་བྱུང་མི་ཡོང་། ཁོ་ང་ཚོའི་ཤ་ཁྲག་གི་སྤུན་ཡིན་ནོ། སྤུན་རྣམས་ཀྱིས་ཁོས་བཤད་པ་ལ་མོས་མཐུན་བྱས་སོ། 28དེ་ནས་མིད་ཡན་པའི་ཚོང་པ་འགའ་ཞིག་ཁོང་ཚོའི་རྩར་བསླེབས་པ་དང་། ཁོང་ཚོས་ཡོ་སེབ་ལ་ཁྲོན་པ་ནས་བཏོན་ནས་ཨིཤ་མ་ཨེལ་པ་ཚོ་ལ་རིན་དངུལ་ཉི་ཤུ་ལ་བཙོང་ངོ་། དེ་ཚོས་ཁོ་ལ་ཨི་ཇིབ་དུ་འཁྲིད་དོ། 29དེའི་རྗེས་སུ་རུ་བྷེན་ཁྲོན་པ་དེར་བལྟ་རུ་ཡོང་བ་དང་། ཡོ་སེབ་མེད་པར་མཐོང་ནས་མྱ་ངན་གྱིས་རང་གི་གོས་ཧྲལ་ལོ། 30ཁོ་ལོག་ཡོང་ནས་རང་གི་སྤུན་ཚོ་ལ། བུ་དེ་དེར་མི་འདུག། ད་ང་ག་རེ་བྱེད་དགོས་བསམ་སྨྲས་པས། 31དེ་ནས་ཁོ་ཚོས་ར་གཅིག་བསད་དེ། དེ་ཡི་ཁྲག་ནང་ཡོ་སེབ་ཀྱི་གོས་དེ་སྦང་ནས། 32ཁོང་ཚོས་གོས་དེ་ཕའི་རྩར་འཁྱེར་ནས། ང་ཚོ་ལ་གོས་འདི་ཐོབ་པས། ཁྱེད་ཀྱི་བུའི་གོས་ཡིན་ནམ་ཞེས་དྲིས་པས། 33ཕས་གོས་དེ་མཐོང་ནས། གོས་དེ་ངའི་བུ་ཡོ་སེབ་རང་གི་རེད། ཁོ་ལ་ནགས་ཀྱི་གཅན་གཟན་ཞིག་གིས་བསད་ནས། ངའི་བུ་ཡོ་སེབ་ལ་དུམ་བུར་དུམ་བུར་བཟོས་བཞག་ཅེས་སྨྲས་སོ། 34དེ་ནས་ཡ་ཀོབ་ཀྱིས་མྱ་ངན་བྱས་ནས་རང་གི་གོས་ཧྲལ་ནས་ཕད་གོག་ཤིག་གྱོན་ནས་བུའི་ཕྱིར་ཉིན་མང་པོ་མྱ་ངན་བྱས་སོ། 35ཁོང་གི་བུ་དང་བུ་མོ་ཚོས་སེམས་གསོ་བྱས་ཀྱང་ཁོང་ལ་སེམས་གསོ་མི་ཐུབ་པས། ང་ངའི་བུའི་ཆེད་དུ་མྱ་ངན་བྱས་ནས་གཤིན་པོའི་གླིང་དུ་མ་འགྲོ་བར་དུ་མྱ་ངན་བྱ་རྒྱུ་ཡིན་ཞེས་སྨྲས་སོ། དེ་ལྟར་ཁོང་གིས་ཡོ་སེབ་ཀྱི་ཆེད་དུ་མུ་མཐུད་ནས་མྱ་ངན་བྱས་སོ། 36དུས་དེར་ཨི་ཇིབ་ནང་མིད་ཡན་པ་ཚོང་པ་རྣམས་ཀྱིས་ཡོ་སེབ་ལ་རྒྱལ་པོའི་དཔོན་པོ་ཕོ་བྲང་སྲུང་མཁན་འགོ་འཁྲིད་པོ་ཏི་ཕར་ཞེས་པ་ཞིག་ལ་བཙོང་ངོ་༎

བཀོད་པ 38

ཡ་ཧུ་དཱ་དང་ཏ་མཱར།

1དུས་དེར་ཡ་ཧུ་དཱས་རང་གི་སྤུན་རྣམས་སྤངས་ཏེ་ཨ་དུལ་ལམ་གྲོང་ཁྱེར་ནས་ཡོང་བའི་ཧི་རཱ་ཞེས་པའི་མི་ཞིག་དང་མཉམ་དུ་བསྡད་དོ། 2དེར་ཡ་ཧུ་དཱས་ཀ་ནན་པ་བུ་མོ་ཞིག་ཐུག་ནས། དེའི་ཕའི་མིང་ཤུ་ཨ་ཡིན་ནོ། ཁོའི་བུ་མོ་དེ་དང་ཆང་ས་བརྒྱབ་བོ། 3མོ་ལས་སྐྱེས་པའི་བུ་ཞིག་ཡ་ཧུ་དཱས་བུའི་མིང་ལ་ཨེར་ཞེས་བཏགས་སོ། 4ཡང་སྐྱར་མོ་མངལ་དང་ལྡན་པར་འགྱུར་ནས་བུ་གཞན་ཞིག་སྐྱེས་པས། མོས་ཁོའི་མིང་ཨོ་ནན་ཞེས་བཏགས་སོ། 5མོ་ལ་ཡང་སྐྱར་བུ་ཞིག་སྐྱེས་པས། མོས་ཁོའི་མིང་ཤེ་ལཱ་བཏགས་སོ། བུ་འདི་སྐྱེས་སྐབས་ཡ་ཧུ་དཱ་ཨཀེ་ཛིབ་ཏུ་བསྡད་ཀྱི་ཡོད་དོ། 6ཡ་ཧུ་དཱས་རང་གི་བུ་རྒན་ཤོས་ཨེར་ལ་ཆུང་མ་ཏ་མཱར་ཞེས་པ་བླངས་སོ། 7འོན་ཀྱང་ཨེར་གྱི་སྤྱོད་ལམ་ཤིན་ཏུ་ངན་པས་གཙོ་བོ་དཀོན་མཆོག་ཐུགས་མི་དགྱེས་ཤིང་ཁོ་ལ་མེད་པར་མཛད་དོ། 8དེ་ནས་ཡ་ཧུ་དཱས་ཨེར་གྱི་སྤུན་ཨོ་ནན་ལ། ད་སོང་ནས་ཁྱོད་རང་གི་ཨ་ཇོའི་ཆུང་མ་དང་མཉམ་དུ་གཉིད་ལོག་ནས། ཁྱོད་ཀྱིས་མོའི་ཁྱོ་གའི་སྤུན་ཡིན་པའི་ལས་འགན་དེ་སྒྲུབས་ཤིག། དེ་ལྟར་བྱས་ན་ཨ་ཇོའི་རིགས་བརྒྱུད་འབྱུང་བར་འགྱུར་ཞེས་སྨྲས་སོ། 9འོན་ཀྱང་མོ་ལས་སྐྱེས་པའི་བུ་ཕྲུག་ནི་རང་གི་མི་ཐོབ་པ་ཨོ་ནན་གྱིས་ཤེས་པས། ལུས་འབྲེལ་བྱེད་སྐབས་ཕྲུ་གུ་སྐྱེས་པའི་ས་བོན་རྣམས་སའི་ཁར་འཛགས་བཅུག་གོ རང་གི་སྤུན་ལ་ཕྲུ་གུ་མི་འབྱུང་བའི་ཕྱིར་རོ། 10ཁོས་སྤྱོད་པ་འདི་ལྟར་བྱས་པ་གཟིགས་ནས་གཙོ་བོ་དཀོན་མཆོག་ཐུགས་མ་མཉེས་པས་ཁོ་ལ་མེད་པར་མཛད་དོ། 11དེའི་རྗེས་སུ་ཡ་ཧུ་དཱས་བུའི་ཆུང་མ་ཏ་མཱར་ལ། ངའི་བུ་ཤེ་ལཱ་ཆེན་པོ་མ་བྱུང་བའི་བར་དུ་ཁྱོད་སོང་ནས་རང་གི་ཕ་དང་མཉམ་དུ་ཡུགས་ས་མ་ལྟར་སྡོད་ཅིག་ཅེས་སྨྲས་སོ། བུ་ཤེ་ལཱའི་ཨ་ཇོ་རྒན་གཞོན་གཉིས་ཤི་བ་ལྟར་ཁོའང་ཤི་ཡོང་བསམ་ནས་ཡ་ཧུ་དཱས་དེ་ལྟར་སྨྲས་པས། ཏ་མཱར་རང་གི་ཁང་པར་ལོག་གོ། 12ཡུན་རིང་རྗེས་སུ་ཡ་ཧུ་དཱའི་ཆུང་མ་གྲོངས་པ་དང་། མྱ་ངན་བྱས་པའི་དུས་ཚང་བའི་རྗེས་སུ་ཁོ་དང་ཁོའི་གྲོགས་པོ་ཨ་དུལ་ལམ་དུ་སྡོད་མཁན་ཧི་རཱ་རང་གི་ཁྱུ་ཚོའི་བལ་འབྲེག་ཕྱིར་ས་གནས་ཏིམ་ནཱ་ཞེས་པར་སོང་ངོ་། 13སུ་ཞིག་གིས་རང་གི་གྱོས་པོ་ཏིམ་ནཱ་རུ་རང་གི་ལུག་ཚོའི་བལ་འབྲེག་ཕྱིར་འགྲོ་བའི་སྐོར་ཏ་མཱར་ལ་སྨྲས་པས། 14དེར་བརྟེན་མོས་ཡུགས་ས་མའི་གོས་དེ་ཕུད་ནས་གོས་གཞན་ཞིག་གྱོན་སྟེ་གདོང་བཀབ་ཅིང་སོང་ནས་ཨེ་ནེམ་ཞེས་པའི་གྲོང་ཁྱེར་གྱི་རྒྱལ་སྒོར་བསྡད་དོ། ཨེ་ནེམ་གྲོང་ཁྱེར་ནི་ཏིམ་ནཱ་རུ་འགྲོ་བའི་ལམ་དུ་འཁེལ་གྱི་ཡོད་དོ། ཡ་ཧུ་དཱའི་བུ་ཆུང་ཤོས་ཤེ་ལཱ་ཆེན་པོ་ཆགས་ཡོད་ནའང་མོ་ཁོ་དང་ཆང་ས་རྒྱབ་མ་བཅུག་པ་དེ་མོས་ཤེས་སོ། 15མོའི་གདོང་བཀབ་ཡོད་པ་མཐོང་ནས་ཡ་ཧུ་དཱས་མོ་སྨད་ཚོང་མ་ཞིག་ཡིན་འགྲོ་བསམ་ནས། 16ལམ་གྱི་ཟུར་དུ་ཡོད་པའི་མོའི་རྩར་ཕྱིན་ནས། ངས་ཁྱོད་དང་མཉམ་དུ་ཉལ་བ་ལ་ག་ཚོད་དགོས་ཞེས་ཁོས་འདྲིས་པས། ཁོས་རང་གི་བུའི་ཆུང་མ་ཡིན་པ་དེ་མ་ཤེས་སོ། མོས་ཁོ་ལ། ཁྱོད་ཀྱི་ང་ལ་ག་རེ་སྟེར་རམ་ཞེས་དྲིས་པས། 17ཁོས། ངའི་ཁྱུའི་ནང་ནས་ར་གཞོན་པ་ཞིག་སྤྲད་པར་བྱ་ཞེས་སྨྲས་པ་དང་། མོས་འོ་ན་ར་མ་ཐོབ་པའི་བར་གཏའ་མ་ཞིག་བཞག་དགོས་སྨྲས་པས། 18ཁྱོད་ལ་གཏའ་མར་ག་རེ་དགོས་ཅེས་དྲིས་པ་དང་། མོས། ཁྱོད་ཀྱི་ཐེ་ཙེ་དང་། ཐག་པ་དང་། ཁྱོད་ཀྱི་ལག་པར་ཡོད་པའི་དབྱུག་པ་དེ་ང་དང་མཉམ་དུ་ཞོག་ཅིག་སྨྲས་པས། ཁོས་ཅ་ལག་དེ་ཚོ་མོ་ལ་སྤྲད་ནས་མོ་དང་མཉམ་དུ་ཉལ་ལོ། དེ་ནས་མོ་མངལ་དང་ལྡན་པར་འགྱུར་རོ། 19ཏ་མཱར་ཁང་པར་ལོག་ནས་གདོང་ཁེབས་ཕུད་དེ་རང་གི་ཡུགས་ས་མའི་གོས་དེ་ཡང་སྐྱར་གྱོན་ནོ། 20ཡ་ཧུ་དཱས་རང་གི་གྲོགས་པོ་ཧི་རཱའི་ལག་ཏུ་ར་དེ་བསྐུར་ནས་བུད་མེད་དེའི་ལག་པར་བཞག་པའི་གཏའ་མ་དེ་བླངས་ནས་འཁྱེར་ཡོང་དགོས་སྨྲས་པས། ཁོས་མོ་ལ་མ་རྙེད་དོ། 21ཁོས་ཨེ་ནེམ་གྱི་མི་འགའ་ཞིག་ལ་དྲིས་པས། ལམ་ཁར་བསྡད་ཡོད་པའི་སྨད་ཚོང་མ་དེ་ག་རུ་སོང་ངམ་ཞེས་དྲིས་པས། ཁོང་ཚོས། ས་གནས་འདིར་ནམ་ཡང་སྨད་ཚོང་མ་མེད་ཟེར་བས། 22ཧི་ར་ཕྱིར་ལོག་ནས་ཡ་ཧུ་དཱ་ལ་སྨྲས་པ། ངས་མོ་ལ་ཐུག་མ་སོང་། མི་ཚོས་ཀྱང་ས་གནས་དེར་སྨད་ཚོང་མ་མེད་ཟེར་རོ། 23དེ་ནས་ཡ་ཧུ་དཱས། ང་ཚོ་ལ་ངོ་ཚ་མི་བྱུང་བའི་ཕྱིར་མོས་གཏའ་མ་དེ་བཞག་ནའང་ཁྱད་པར་མེད། མོའི་རིན་པ་དེ་སྤྲད་ཐབས་བྱེད་ནའང་ཁྱོད་ཀྱིས་མོ་ལ་མ་རྙེད་དོ་ཅེས་སྨྲས་སོ། 24དེ་ནས་ཟླ་བ་གསུམ་གྱི་རྗེས་སུ་མི་ཞིག་གིས་ཡ་ཧུ་དཱ་ལ་ཁྱོད་ཀྱི་བུའི་ཆུང་མ་ཏ་མཱར་ནི་སྨད་ཚོང་མའི་ལས་བྱས་ཏེ་མངལ་དང་ལྡན་པར་འགྱུར་ནས་འདུག་ཅེས་སྨྲས་པ་དང་། ཡ་ཧུ་དཱས། མོ་འཁྲིད་དེ་མེ་ལ་བསྲེགས་ཤིག་སྨྲས་སོ། 25མོ་བཟུང་ནས་འཁྲིད་པའི་སྐབས་མོས་གྱོས་པོ་ལ་ལན་བསྐུར་བས། ངའི་རྩར་ཡོད་པའི་ཐེ་ཙེ་དང་། ཐག་པ་དང་དབྱུག་པ་འདི་ཚོའི་བདག་པོས་མངལ་དང་ལྡན་པར་འགྱུར་གཅུག་བྱུང་ཞེས་སྨྲས་སོ། 26གཏའ་མ་དེ་ཚོ་ཡ་ཧུ་དཱས་ངོ་ཤེས་ནས། མོས་གང་སྨྲས་པ་དེ་ནི་བདེན་པ་ཡིན་ཞེས་སྨྲས་པ་དང་། ངས་མོ་ལ་བྱེད་དགོས་པའི་ལས་འགན་དེ་སྒྲུབ་མ་ཐུབ་པས། ངའི་བུ་ཤེ་ལཱ་མོ་མཉམ་དུ་ཆང་ས་རྒྱབ་བཅུག་དགོས་པ་ཡིན་ཞེས་སྨྲས་སོ། དེ་ནས་ཡ་ཧུ་དཱ་ནམ་ཡང་མོ་དང་མ་ཉལ་ལོ། 27ཏ་མཱར་ལ་ཕྲུ་གུ་སྐྱེས་པའི་དུས་སུ་མོའི་མངལ་ནང་ཕྲུ་གུ་མཚེ་མ་ཡོད་པ་ཤེས་སོ། 28མོ་ལ་སྐྱེ་ཟུག་བྱུང་སྐབས་ཕྲུ་གུ་གཅིག་གི་ལག་པ་ཕྱིར་ཐོན་པ་དང་། བང་གཡོག་མས་ལག་པ་དེ་བཟུང་ནས་སྐུད་པ་དམར་པོ་ཞིག་བཏགས་ཏེ། ཕྲུ་གུ་འདི་དང་པོ་སྐྱེ་བ་ཡིན་ཞེས་སྨྲས་སོ། 29འོན་ཀྱང་ཕྲུ་གུ་དེས་རང་གི་ལག་པ་ཡང་སྐྱར་ནང་དུ་འཁྱེར་རོ། ཁོའི་སྤུན་གཞན་དེ་སྔོན་དུ་ཐོན་པ་དང་། དེ་ནས་བང་གཡོག་མས། ཁྱོད་ནི་འཚང་ནས་སྐྱེ་བ་ཡིན་ཞེས་ཁོའི་མིང་པེ་རེཛ་ཞེས་བཏགས་སོ། 30དེ་ནས་ལག་པར་སྐུད་པ་དམར་པོ་ཡོད་པ་བུ་གཞན་དེ་ཐོན་པ་དང་། ཁོའི་མིང་ལ་ཛེ་རཱ་ཞེས་བཏགས་སོ༎

བཀོད་པ 39

ཡོ་སེབ་དང་པོ་ཏི་ཕར་གྱི་ཆུང་མ།

1ཨིཤ་མ་ཨེལ་པ་ཚོས་ཡོ་སེབ་ལ་ཨི་ཇིབ་ཡུལ་དུ་འཁྲིད་ནས་རྒྱལ་པོའི་ཕོ་བྲང་སྲུང་མཁན་རྣམས་ཀྱི་འགོ་འཁྲིད་པོ་ཏི་ཕར་ཞེས་པ་ཞིག་ལ་བཙོང་ངོ་། 2འོན་ཀྱང་གཙོ་བོ་དཀོན་མཆོག་ཡོ་སེབ་མཉམ་དུ་བཞུགས་ཡོད་པ་དང་། དེར་ཁོ་ལ་ཡར་རྒྱས་ཕུན་སུམ་ཚོགས་པ་བྱུང་བ་དང་། ཁོ་ནི་རང་གི་སྦྱིན་བདག་ཨི་ཇིབ་པའི་ཁང་པར་གནས་སོ། 3གཙོ་བོ་དཀོན་མཆོག་ཡོ་སེབ་མཉམ་དུ་བཞུགས་ཡོད་པ་དང་། ཁོས་བྱས་པའི་ལས་རྣམས་སྒྲུབ་པ་དེ་ཨི་ཇིབ་པའི་སྦྱིན་བདག་གི་ཡང་ཤེས་ཀྱི་ཡོད་དོ། 4དེ་ཚོ་ཚང་མ་མཐོང་ནས་པོ་ཏི་ཕར་དགའ་ཞིང་། ཁོའི་ཁང་པ་དང་ཁོ་ལ་གང་ཡོད་པ་ཚང་མའི་ཕྱག་མཛོད་ཀྱི་ལས་དེ་ཡོ་སེབ་ལ་བཅོལ་ལོ། 5དུས་དེ་ནས་བཟུང་སྟེ་ཁོའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་པའི་ཁྱིམ་ཚང་དང་། དེའི་ནང་ཡོད་པ་ཐམས་ཅད་དང་ས་ཞིང་ཐོག་ཏུ་བྱིན་རླབས་གནང་ངོ་། 6རང་དང་མཉམ་དུ་གང་ཡོད་པ་ཚང་མ་པོ་ཏི་ཕར་གྱིས་ཡོ་སེབ་ལ་རྩིས་སྤྲད་པ་དང་། རང་གི་ཁ་ལག་ཟ་བར་མ་གཏོགས་གཞན་གང་ཡང་བྱེད་དགོས་ཀྱི་མེད་དོ། ཡོ་སེབ་ནི་བལྟ་ན་མཛེས་པ་དང་ཡིད་དུ་འོང་བ་ཡོད་པས། 7དུས་འགའ་ཞིག་གི་རྗེས་སུ་པོ་ཏི་ཕར་གྱི་སྐྱེ་དམན་གྱིས་ཁོ་ལ་སེམས་ཤོར་ནས་མོ་དང་མཉམ་དུ་ཉལ་ཕྱིར་ཡོ་སེབ་ལ་བོས་པ་དང་། 8ཡོ་སེབ་ཀྱིས་མོ་ལ་མ་ཉན་པར་སྨྲས་པ། སྦྱིན་བདག་གི་ཁང་པར་ཡོད་པའི་ནོར་ཐམས་ཅད་ཀྱི་དབང་ཆ་ང་ལ་བཅོལ་ཡོད། 9ཁྱོད་རང་མ་གཏོགས་གཞན་རྒྱུ་དངོས་ཚང་མའི་དབང་ཆ་སྦྱིན་བདག་དང་འདྲ་བ་ང་ལ་གནང་ཡོད་པས། ཁྱོད་མཉམ་ཉལ་བ་ནི་ངས་ཇི་ལྟར་དཀོན་མཆོག་གི་བཀའ་དང་འགལ་བའི་སྡིག་པའི་ལས་ཤིག་བྱས་ཐུབ་བམ་ཞེས་སྨྲས་སོ། 10མོས་ཉིན་རེ་བཞིན་དུ་ཡོ་སེབ་ལ་མོ་དང་མཉམ་དུ་ཉལ་དགོས་ཟེར་ཨུ་ཚུགས་རྒྱབ་ནའང་མ་ཉན་ནོ། 11འོན་ཀྱང་ཉིན་གཅིག་ཡོ་སེབ་ལས་བྱེད་པའི་ཕྱིར་ནང་དུ་འཛུལ་བ་དང་། ཁང་པའི་གཡོག་པོ་རྣམས་མེད་པས། 12མོས་ཡོ་སེབ་ཀྱི་གོས་ནས་བཟུང་སྟེ། ང་དང་མཉམ་དུ་ཉོལ་ཞིག་ཅེས་སྨྲས་པས། འོན་ཀྱང་ཁོས་རང་གི་གོས་དེ་མོའི་ལག་པར་སྤངས་ཏེ་བྲོས་སོ། 13མོའི་ལག་པར་གོས་དེ་སྤངསཤིང་ཁོ་ཁང་པ་ནས་བྲོས་ཕྱིན་པ་མཐོང་བས། 14མོས་ཁང་པའི་གཡོག་པོ་རྣམས་ལ་བོས་ནས། ངས་ཁྱོས་འཁྱེར་ཡོང་བའི་ཨིབ་རི་པའི་མི་འདི་ངའི་ཁང་མིག་ནང་ཡོང་ནས། ང་ལ་བཙན་གཡེམ་བྱས་པའི་ཐབས་ཤེས་བྱས་པ་དང་། ངས་སྐད་ཤུགས་ཆེན་པོ་རྒྱབ་པ་ཐོས་པ་དང་། 15ཁོས་རང་གི་གོས་དེ་ངའི་འགྲམ་དུ་སྤངས་ནས་ཕྱིར་ལོག་བྲོས་ཕྱིན་སོང་ཞེས་སྨྲས་སོ། 16སྦྱིན་བདག་ཁྱིམ་དུ་མ་ལོག་བར་དུ་མོས་ཡོ་སེབ་ཀྱི་གོས་དེ་རང་དང་མཉམ་དུ་བཞག་གོ། 17ཁོང་ཁང་པར་ལོག་མ་ཐག་ཏུ་མོས། ཁྱེད་ཀྱི་འཁྱེར་ཡོང་བའི་ཨིབ་རི་པའི་བྲན་གཡོག་དེ་ངའི་ཁང་མིག་ནང་ང་ལ་ངོ་ཚ་པོ་བཟོ་བར་ཡོང་ངོ་། 18དེ་ནས་ངས་སྐད་ཆེན་པོ་རྒྱབ་པས་ཁོས་གོས་དེ་སྤངས་་ནས་བྲོས་ཕྱིན་སོང་ཞེས་སྨྲས་སོ། 19གཏམ་འདི་ཐོས་པ་དང་ཡོ་སེབ་ཀྱི་སྦྱིན་བདག་ཤིན་ཏུ་ཁྲོས་ཤིང་། 20ཁོ་ལ་བཟུང་ནས་བཙོན་དུ་བཅུག་གོ། བཙོན་ཁང་འདི་ནང་རྒྱལ་པོའི་བཙོན་པ་གཞན་རྣམས་ཀྱང་ཡོད་པའོ། 21འོན་ཀྱང་གཙོ་བོ་དཀོན་མཆོག་ཡོ་སེབ་མཉམ་དུ་ཡོད་པ་དང་ཁོ་ལ་བྱིན་རླབས་གནང་བའི་རྐྱེན་གྱིས་བཙོན་ཁང་གི་འགོ་པས་ཁོ་ལ་དགའོ། 22བཙོན་ཁང་དུ་ཡོད་པའི་བཙོན་པ་ཚང་མ་ཡོ་སེབ་ཀྱིདོ་དམ་འོག་ཏུ་བཞག་ཡོད་པ་དང་། ལས་ཀ་གང་བྱེད་དགོས་པ་ཚང་མའི་ལས་འགན་དེ་ཡོ་སེབ་ལ་སྤྲད་དོ། 23ཡོ་སེབ་ཀྱི་ལས་འགན་གང་ཡོད་པ་ཚང་མའི་ཐོག་འགོ་པས་མིག་བལྟ་བྱེད་མི་དགོས་སོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་ཡོ་སེབ་མཉམ་དུ་བཞུགས་ཡོད་པས་ཁོའི་ལས་ཚང་མར་ལམ་ལྷོང་བྱུང་བར་མཛད་དོ༎

བཀོད་པ 40

ཡོ་སེབ་ཀྱིས་བཙོན་པའི་རྨི་ལམ་གྱི་དོན་བཤད་པ།

1དུས་འགའ་ཤས་ཀྱི་རྗེས་སུ་ཨི་ཇིབ་ཀྱི་རྒྱལ་པོ་ལ་རྒུན་ཆང་དང་བཞེས་བག་ཕུལ་མཁན་གཉིས་ཀྱིས་ཉེས་པ་བྱས་པའི་རྐྱེན་གྱིས། 2རྒྱལ་པོ་ཁོང་གཉིས་ལ་ཁྲོས་ཏེ། 3དེ་གཉིས་ལ་སྲུང་བྱ་བ་རྣམས་ཀྱི་འགོ་འཁྲིད་ཀྱི་ནང་དུ་ཡོད་པའི་བཙོན་ཁང་དུ་བཅུག་གོ ཡོ་སེབ་ལའང་བཙོན་ཁང་དེའི་ནང་དུ་བཅུག་ཡོད་པ་ཡིན་ནོ། 4ཁོང་ཚོ་བཙོན་ནང་ཡུན་རིང་པོ་ནས་གནས་ཡོད་པ་དང་། འགོ་འཁྲིད་ཀྱིས་དེ་གཉིས་ལ་གཡོག་བྱས་པར་ཡོ་སེབ་ལ་བཞག་གོ། 5མཚན་གཅིག་བཙོན་ཁང་ནང་རྒུན་ཆང་དང་བཞེས་བག་ཕུལ་མཁན་གཉིས་ཀྱིས་རྨི་ལམ་རེ་རེ་མཐོང་བས། དེའི་དོན་མི་འདྲ་ཡོད་པའོ། 6སྔ་དྲོ་ཡོ་སེབ་ཁོང་གཉིས་ཀྱི་རྩར་ཡོང་སྐབས་ཁོང་གཉིས་སེམས་མི་བདེ་བར་ཡོད་པ་མཐོང་ནས། 7ཁྱེད་གཉིས་ཀྱི་སེམས་མི་བདེ་བ་མཐོང་བའི་དོན་དེ་གང་ཡིན་ནམ་ཞེས་དྲིས་པས། 8ཁོང་ཚོས། ང་གཉིས་ཀྱི་རྨི་ལམ་རེ་རེར་མཐོང་བས། དེའི་དོན་གང་ཡིན་པ་འགྲེལ་བཤད་བྱ་མཁན་མེད་པའི་རྐྱེན་གྱིས་ཡིན་ནོ་ཞེས་སྨྲས་པས། ཡོ་སེབ་ཀྱིས། རྨི་ལམ་གྱི་འགྲེལ་བཤད་བརྒྱབ་པའི་ཤེས་རབ་ནི་དཀོན་མཆོག་གཅིག་པུས་གནང་ཐུབ། ད་ཁྱེད་གཉིས་ཀྱི་རྨི་ལམ་གང་མཐོང་བ་དེ་ང་ལ་ཤོད་ཅིག་སྨྲས་པ་དང་། 9དེ་ནས་རྒུན་ཆང་ཕུལ་མཁན་གྱིས་ཡོ་སེབ་ལ། ངའི་རྨི་ལམ་ནང་ངའི་མདུན་དུ་རྒུན་ཤིང་ཞིག་མཐོང་བས། 10རྒུན་ཤིང་ལ་ཡལ་ག་གསུམ་ཡོད་པ་དང་། དེར་ལོ་མ་སྐྱེས་ནས་མེ་ཏོག་ཡང་བྱུང་ཞིང་རྒུན་འབྲུམ་གྱི་འབྲས་བུ་ཡང་ཆགས་ནས་སྨིན་ནོ། 11ངའི་ལག་ཏུ་རྒྱལ་པོའི་བཞེས་ཕོར་ཡོད་པ་དེའི་ནང་རྒུན་འབྲུམ་བཙིར་ནས་རྒྱལ་པོ་ལ་ཕུལ་བ་མཐོང་བྱུང་ཞེས་སྨྲས་སོ། 12དེ་ནས་ཡོ་སེབ་ཀྱིས་ཁོའི་རྨི་ལམ་གྱི་འགྲེལ་བཤད་བྱེད་ཅིང་། ཡལ་ག་གསུམ་གྱི་དོན་ནི་ཉི་མ་གསུམ་ཡིན། 13ཉིན་གསུམ་གྱི་རྗེས་སུ་རྒྱལ་པོས་ཁྱེད་ལ་བཙོན་ནས་བཏོན་ཏེ། སྔར་ལྟར་ཁྱེད་རྒྱལ་པོའི་རྒུན་ཆང་ཕུལ་མཁན་གྱི་ལས་བྱེད་པ་ལྟར་ཁོང་ལ་བཞེས་ཕོར་ནང་རྒུན་ཆང་ཕུལ་ཡོང་། 14ཁྱེད་རང་ལས་བྱེད་པའི་གོ་གནས་དེ་སྐྱར་གསོ་གནང་ནས་གནས་སྟངས་ཡག་པོ་ཡོད་པའི་དུས་སུ་ང་ལ་དྲན་གསོ་བྱེད་ནས་རྒྱལ་པོ་ལ་ངའི་སྐོར་བཤད་ནས་ང་བཙོན་ནས་ཐར་ཕྱིར་རོགས་གནང་ཞིག་དང་། 15གང་ལ་ཟེར་ན། ཨིབ་རི་པའི་ཡུལ་ནས་ང་ལ་བརྐུས་ནས་ས་གནས་འདིར་འཁྲིད་ཡོང་བས། དེར་ང་ཨི་ཇིབ་དུའང་བཙོན་ཁང་དུ་བསྡད་དགོས་པའི་ངས་ཉེས་པ་གང་ཡང་བྱེད་མེད་ཅེས་སྨྲས་སོ། 16རྒུན་ཆང་ཕུལ་མཁན་གྱིས་རྨི་ལམ་གྱི་དོན་བཟང་པོ་ཐོས་ནས། བཞེས་བག་བཟོ་མཁན་གྱིས་ཡོ་སེབ་ལ། ང་ལ་ཡང་རྨི་ལམ་ཞིག་མཐོང་བས། ངས་བཞེས་བག་གི་གང་བའི་ཙེལ་པོ་གསུམ་རང་གི་མགོའི་སྟེང་འཁྱེར་ཡོད་པ་དང་། 17ཚང་མ་ལས་ཙེལ་པོ་མཐོ་ཤོས་ནང་རྒྱལ་པོའི་ཕྱིར་བཞེས་བག་ཞིམ་པོ་སྣ་ཚོགས་ཡོད་པས། འོན་ཀྱང་ནམ་མཁའི་བྱ་རྣམས་ཡོང་ནས་དེ་ལས་ཟ་བ་ཞིག་རྨི་ལམ་མཐོང་བྱུང་ཞེས་སྨྲས་པ་དང་། 18ཡོ་སེབ་ཀྱིས་ཁོ་ལ། ཙེལ་པོ་གསུམ་གྱི་དོན་ནི་ཉི་མ་གསུམ་ཡིན། 19ཉིན་གསུམ་གྱི་རྗེས་སུ་རྒྱལ་པོས་ཁྱེད་ལ་བཙོན་ནས་བཏོན་ཏེ་ཁྱེད་ཀྱི་མགོ་བཅད་ནས། དེ་ནས་ཁོང་གིས་ཁྱེད་ཀྱི་ལུས་དེ་ཀ་བར་བཀལ་ཏེ་བྱ་རྣམས་ཀྱིས་ཁྱེད་ཀྱི་ཤ་ཟ་བར་འགྱུར་ཞེས་སྨྲས་སོ། 20ཉིན་གསུམ་གྱི་རྗེས་སུ་རྒྱལ་པོའི་འཁྲུངས་ཞག་ཡིན་པས། ལས་བྱེད་པ་ཚང་མར་མགྲོན་ཞིག་བཤམས་ནས། རྒྱལ་པོས་རྒུན་ཆང་དང་བཞེས་བག་ཕུལ་མཁན་གཉིས་ཀར་བཙོན་ནས་བཏོན་ཏེ་ལས་བྱེད་པ་ཚང་མའི་མདུན་དུ་འཁྲིད་ཡོང་ངོ་། 21རྒུན་ཆང་ཕུལ་མཁན་ལ་སྔར་གྱི་གོ་གནས་སྐྱར་གསོ་གནང་བ་དང་ལས་བྱེད་པའི་བཀའ་གནང་ངོ་། 22འོན་ཀྱང་བཞེས་བག་ཕུལ་མཁན་ལ་སྲོག་ཐོག་བཏང་ངོ་། འདི་ཚོ་ཚང་མ་ཡོ་སེབ་ཀྱིས་སྨྲས་པ་ལྟར་བྱུང་ངོ་། 23འོན་ཀྱང་རྒུན་ཆང་ཕུལ་མཁན་གྱིས་ཡོ་སེབ་ཀྱི་དྲིན་མ་དྲན་པར་བརྗེད་དོ༎

བཀོད་པ 41

ཡོ་སེབ་ཀྱིས་རྒྱལ་པོའི་རྨི་ལམ་གྱི་དོན་བཤད་པ།

1ལོ་གཉིས་ཀྱི་རྗེས་སུ་ཨི་ཇིབ་ཀྱི་རྒྱལ་པོས་རྨི་ལམ་ཞིག་མཐོང་བས། ཁོང་རྨི་ལམ་ནང་གཙང་པོ་ན་ཨེལ་གྱི་འགྲམ་དུ་ལངས་ཡོད་པ་དང་། 2བ་ཕྱུགས་རྒྱག་པ་དང་འཇམ་པོ་བདུན་གཙང་པོའི་ནང་ནས་ཐོན་ཏེ་ཆུ་འགྲམ་གྱི་རྩ་ཟས་སོ། 3ཡང་དེ་ནས་གཙང་པོའི་ནང་ནས་ཤ་སྐམ་པོ་དང་རུས་པ་མ་གཏོགས་མེད་པའི་བ་ཕྱུགས་བདུན་ཐོན་ཏེ་གཙང་པོའི་འགྲམ་དུ་ཡོད་པའི་བ་ཕྱུགས་རྒྱག་པ་དེ་ཚོའི་རྩར་ལངས་སོ། 4བ་ཕྱུགས་སྐམ་པོ་དེ་ཚོས་རྒྱག་པ་དེ་ཚོར་ཟས་པ་དང་། དེའི་རྗེས་སུ་རྒྱལ་པོའི་གཉིད་སད་དོ། 5ཡང་ཁོང་གཉིད་ལོག་ནས་རྨི་ལམ་གཞན་ཞིག་མཐོང་ངོ་། རྨི་ལམ་དེའི་ནང་རྩ་བ་གཅིག་ནས་སྐྱེས་པའི་འབྲས་བུས་ཁེངས་ཡོད་པའི་སྙེ་མ་སྨིན་པ་བདུན་ཡོད་པ་དང་། 6དེ་རྗེས་འབྲོག་སྟོང་གི་རླུང་གིས་འཚིག་པའི་གཞན་སྙེ་མ་སྐམ་པོ་བདུན་སྐྱེས་པ་དང་། 7སྙེ་མ་སྐམ་པོ་བདུན་གྱིས་སྔོན་གྱི་འབྲས་བུས་ཁེངས་པའི་སྙེ་མ་བདུན་ལ་མིག་གོ དེ་ནས་རྒྱལ་པོ་གཉིད་སད་པ་དང་། དེ་ནི་རྨི་ལམ་ཡིན་པ་ཤེས་སོ། 8སྔ་དྲོ་རྒྱལ་པོའི་ཐུགས་མ་བདེ་བས་ཨི་ཇིབ་ཀྱི་རྫུ་འཕྲུལ་བསྟན་མཁན་དང་། མི་མཁས་པ་རྣམས་ལ་རྨི་ལམ་དེའི་དོན་བཤད་པ་ལ་འབོད་དེ། ཁོང་གིས་དེ་ཚོ་ལ་རྨི་ལམ་དེ་བཤད་དོ། འོན་ཀྱང་སུ་ཞིག་གིས་འབྲེལ་བཤད་རྒྱབ་མི་ཐུབ་བོ། 9དེ་ནས་རྒུན་ཆང་ཕུལ་མཁན་གྱིས་རྒྱལ་པོ་ལ་ཞུས་པ། ངས་ནོར་འཁྲུལ་ཞིག་བྱས་བཞག་དེ་རིང་ངོས་ལེན་བྱེད་ཀྱི་ཡིན། 10བཞེས་བག་ཕུལ་མཁན་དང་ང་གཉིས་ཀྱི་ཉེས་པ་བྱས་པའི་རྐྱེན་གྱིས། རྒྱལ་པོ་ཁྱེད་ཁྲོས་ནས་སྲུང་བྱ་བའི་འགོ་འཁྲིད་ཀྱི་ཁྱིམ་ནང་ཡོད་པའི་བཙོན་དུ་བཅུག་གོ། 11མཚན་གཅིག་ལ་ང་གཉིས་ཀྱིས་རྨི་ལམ་མི་འདྲ་བ་རེ་རེར་མཐོང་བས། 12ཨིབ་རི་པ་གཞོན་ནུ་ཞིག་ང་ཚོ་དང་མཉམ་དུ་བཙོན་ཁང་ནང་ཡོད་པས། ཁོ་ནི་སྲུང་བྱ་བའི་འགོ་ཁྲིད་ཀྱི་བྲན་གཡོག་ཡིན་པ་དེ་ལ་ང་ཚོས་དེ་བཤད་པ་དང་། ཁོའི་ང་ཚོའི་རྨི་ལམ་གྱི་འགྲེལ་བཤད་རྒྱབ་བྱུང་། 13ཁོས་སྨྲས་པ་ལྟར་ཚང་མ་གཏན་གཏན་བྱུང་ངོ་། ང་ལ་ཁྱེད་ཀྱིས་སྔོན་བཞིན་གོ་གནས་དེ་ཀ་རང་སྐྱར་གསོ་གནང་བ་དང་། འོན་ཀྱང་བཞེས་བག་བཟོ་མཁན་དེ་སྲོག་ཐོག་ཏུ་བཏང་ངོ་། 14དེ་ནས་རྒྱལ་པོས་ཡོ་སེབ་ལ་འཁྲིད་ཡོང་དགོས་ཤེས་གསུངས་མ་ཐག་ཏུ་ཁོ་ལ་བཙོན་ནས་བཏོན་ཏེ་སྐྲ་བཞར་བ་དང་། གྱོན་གོས་བརྗེ་ལན་བྱས་ནས་རྒྱལ་པོའི་དྲུང་དུ་འཁྲིད་ཡོང་ངོ་། 15དེ་ནས་རྒྱལ་པོས་ཁོ་ལ། ངས་རྨི་ལམ་ཞིག་མཐོང་བྱུང་བས། དེའི་འགྲེལ་བཤད་མི་སུས་ཀྱང་བཤད་མ་ཐུབ་པས། འོན་ཀྱང་ཁྱོད་ཀྱི་རྨི་ལམ་གྱི་དོན་བཤད་ཐུབ་ཅེས་ངས་ཐོས་སོ་ཞེས་སྨྲས་པ་དང་། 16ཡོ་སེབ་ཀྱིས་མི་དབང་ཆེན་པོ་ངས་བྱས་མི་ཐུབ། འོན་ཀྱངདཀོན་མཆོག་གིས་རྨི་ལམ་གྱི་དོན་འགྲེལ་གཏན་གཏན་གནང་བར་འགྱུར་ཞེས་ཞུས་སོ། 17དེ་ནས་རྒྱལ་པོས་ཁོ་ལ། རྨི་ལམ་ནང་ང་ན་ཨེལ་གཙང་པོའི་འགྲམ་དུ་ལངས་ཡོད་སྐབས། 18གཙང་པོའི་ནང་ནས་བ་ཕྱུགས་རྒྱགས་པ་དང་འཇམ་པོ་བདུན་ཐོན་ཏེ་ཆུའི་འགྲམ་གྱི་རྩ་དེ་ཚོ་ཟས་སོ། 19དེའི་རྗེས་སུ་བ་ཕྱུགས་ཤ་སྐམ་པོ་རུས་པ་དང་ལྤགས་པ་མ་གཏོགས་མེད་པ་གཞན་བདུན་ཆུའི་ནང་ནས་ཐོན་པས། དེ་ལྟར་བ་ཕྱུགས་ཤ་སྐམ་པོ་ངས་ཨི་ཇིབ་ནང་མཐོང་མ་མྱོང་ངོ་། 20བ་ཕྱུགས་ཤ་སྐམ་པོ་དེ་ཚོས་རྒྱགས་པ་དེ་ཚོ་ཟས་སོ། 21དེ་ཚོས་བ་ཕྱུགས་རྒྱགས་པ་དེ་ཚོ་ཟས་ནའང་དེ་ཚོའི་ལུས་སྟོབས་ལ་ཁྱད་པ་གང་ཡང་མེད་པ་དང་། སྔོན་ལྟར་ཡོད་པ་ཡིན་ནོ། རྨི་ལམ་དེ་མཐོང་བའི་རྗེས་སུ་ང་གཉིད་སད་དོ། 22ཡང་རྨི་ལམ་གཞན་ཞིག་ནང་། རྐང་གཅིག་ནས་སྐྱེས་པའི་འབྲུའི་ཁེངས་པའི་སྙེ་མ་སྨིན་པ་བདུན་བྱུང་བས། 23འབྲོག་སྟོང་གི་རླུང་གིས་འཚིག་པའི་སྙེ་མ་བདུན་ཡང་སྐྱེས་སོ། 24དེ་ནས་སྙེ་མ་སྐམ་པོ་དེ་ཚོས་ཆ་ཚང་སྨིན་པ་སྙེ་མ་ཚོ་མིག་གོ། ངས་རྨི་ལམ་འདིའི་སྐོར་རྫུ་འཕྲུལ་མཁན་ཚོ་ལ་བཤད་པ་དང་། འོན་ཀྱང་ཁོང་ཚོས་ང་ལ་དེའི་དོན་བཤད་མ་ཐུབ་ཅེས་སྨྲས་སོ། 25ཡོ་སེབ་ཀྱིས་རྒྱལ་པོ་ལ། རྨི་ལམ་དེ་གཉིས་ཀྱི་དོན་ནི་གཅིག་ཡིན་ནོ། མ་འོངས་པར་དཀོན་མཆོག་གི་གང་གནང་འདོད་པ་དེའི་སྐོར་ཁྱེད་ལ་གསུངས་པ་ཡིན་ནོ། 26བ་ཕྱུགས་རྒྱགས་པ་བདུན་དང་འབྲུའི་ཁེངས་པ་སྙེ་མ་བདུན་གྱི་དོན་ནི་ལོ་བདུན་ལ་བསྟན་པ་ཡིན། འདི་གཉིས་ཀྱི་དོན་ནི་གཅིག་པའོ། 27རྗེས་སུ་ཐོན་པའི་བ་ཕྱུགས་སྐམ་པོ་བདུན་དང་འབྲོག་སྟོང་གི་རླུང་གི་འཚོག་པའི་སྙེ་མ་སྐམ་པོ་བདུན་གྱི་དོན་ནི་ལོ་བདུན་གྱི་ནང་ཡོང་རྒྱུའི་མུ་གེའི་དོན་ཡིན་ནོ། 28ངས་ཁྱེད་ལ་ཞུས་པ་ལྟར། མ་འོངས་པའི་དུས་ནང་དཀོན་མཆོག་གི་ག་རེ་གནང་འདོད་པ་དེའི་སྐོར་ཁྱེད་ལ་སྟོན་གནང་བ་ཡིན་ནོ། 29ཨི་ཇིབ་ཡུལ་ཡོངས་སུ་ལོ་བདུན་ནང་སྟོན་ཐོག་འབེལ་པོ་བྱུང་ཡོང་། 30དེ་རྗེས་མི་ཚོས་སྟོན་ཐོག་ལེགས་པོ་བྱུང་བའི་ལོ་དེ་བརྗེད་ཡོང་། གང་ལ་ཞེ་ན། ལོ་བདུན་གྱི་མུ་གེའི་རྐྱེན་གྱིས་ཨི་ཇིབ་ཡུལ་དུ་གནོད་སྐྱོན་ཆེན་པོ་བྱུང་སྟེ་སྟོངས་པར་འགྱུར་ཡོང་། 31མུ་གེ་དེ་ནི་ཤིན་ཏུ་ཆེ་བས། ཡུལ་ནང་སྔོན་དུ་ཡོད་པའི་སྟོན་ཐོག་ལེགས་པོ་བྱུང་བ་ཚང་མ་བརྗེད་པར་འགྱུར་རོ། 32རྒྱལ་པོ་ཁྱེད་ཀྱི་རྨི་ལམ་ཐེངས་གཉིས་པར་མཐོང་བའི་དོན་ནི། བྱ་བ་འདི་ཚོ་དཀོན་མཆོག་རང་ཉིད་ཀྱིས་ཐག་གཅོད་གནང་བ་ཡིན་པ་དང་། མྱུར་དུ་སྒྲུབ་བཅུག་པ་གནང་བར་འགྱུར། 33ཨི་ཇིབ་ཡུལ་ནང་དོ་དམ་པ་བྱེད་པའི་ཕྱིར་རྒྱལ་པོ་ཁྱེད་ཀྱིས་མི་དྲང་པོ་དང་མཁས་པ་འགའ་ཤས་འདམས་གནང་དགོས། 34ཡུལ་ནང་བལྟ་རྟོགས་བྱ་མཁན་ལས་བྱེད་པ་གཞན་ཡང་བསྐོས་ཏེ། སྟོན་ཐོག་ལེགས་པའི་ལོ་བདུན་ནང་ཨི་ཇིབ་ཡུལ་དུ་སྐྱེས་བའི་འབྲུའི་སྐལ་བ་ལྔ་ཁག་ལེན་ཕྱིར་དེ་ཚོར་བཀའ་གནོང་ཞིག 35སྟོན་ཐོག་ལེགས་པའི་ལོ་བདུན་ནང་དཔོན་པོ་དེ་ཚོས་ཁ་ཟས་ཚང་མ་གསོག་འཇོག་བྱེད་དགོས། གྲོང་ཁྱེར་ཚང་མར་བང་མཛོད་བཟོས་ནས་འབྲུ་རྣམས་དེའི་ནང་གསོག་དགོས་པའི་བཀའ་གནོང་ཞིག 36དེ་ལྟར་གནང་ན་མུ་གེ་བྱུང་བའི་ལོ་བདུན་ནང་ཨི་ཇིབ་ལ་མི་ཚང་མར་ཁ་ཟས་ཐོབ་ཐུབ་པ་དང་། ཡུལ་མི་རྣམས་ལྟོགས་ནས་ཤི་མི་དགོས་ཞེས་ཞུས་སོ༎

ཡོ་སེབ་ཨི་ཇིབ་ཐོག་ཏུ་སྤྱི་ཁྱབ་ཏུ་བསྐོས་པ།

37དེ་ནས་རྒྱལ་པོ་དང་ཁོང་གི་ལས་བྱེད་པ་རྣམས་ཀྱིས་ཡོ་སེབ་ཀྱི་གྲོས་འཆར་ལ་ཉན་ནོ། 38རྒྱལ་པོས་དཔོན་གཡོག་རྣམས་ལ། དཀོན་མཆོག་གི་ཐུགས་ཉིད་ཡོད་པའི་མི་ཡོ་སེབ་ལྟ་བུ་ཞིག་ང་ཚོ་ལ་ཐོབ་མི་ཡོང་ཞེས་སྨྲས་ནས། 39ཁོང་གིས་ཡོ་སེབ་ལ། དཀོན་མཆོག་གི་ཁྱོད་ལ་བྱ་བ་འདི་ཚོའི་སྐོར་མངོན་པར་མཛད་དེ་ཁྱོད་དང་འདྲ་བའི་མི་བློ་གྲོས་ཅན་དང་དྲུང་པོ་ཞིག་སུ་ཡང་མེད་པས། 40ངའི་དོ་དམ་པ་ཚང་མའི་དབང་ཁྱོད་ལ་འཇོག་རྒྱུ་ཡིན། ངའི་ཡུལ་མི་རྣམས་ཀྱི་ཁྱོདཀྱི་བཀའ་ལ་ཉན་དགོས། ངའི་རྗེས་སུ་དབང་ཆ་གཉིས་པ་དེ་ཁྱོད་ལ་བྱུང་བར་འགྱུར། 41ད་ངས་ཁྱོད་ལ་ཨི་ཇིབ་ཡོངས་ཀྱི་སྤྱི་ཁྱབ་ཏུ་བསྐོ་བར་བྱ་གསུངས་ནས། 42རྒྱལ་པོས་རང་གི་ལག་ནས་ཐེའུ་རྩེ་རྒྱབ་ཡོད་པའི་ཚིག་ཁོག་བཏོན་ནས་ཡོ་སེབ་ཀྱི་མཛུབ་མོར་བཏགས་སོ། གོས་ལེགས་པ་ཞིག་གྱོན་བཅུག་པ་དང་། གསེར་ཐག་ཞིག་ཁོའི་སྐེ་ལ་བཏགས་སོ། 43རྒྱལ་པོ་ལ་ཡོད་པའི་ཤིང་རྟ་ཐོ་རིམ་གཉིས་པའི་ནང་ཡོ་སེབ་ལ་བཞོན་བཅུག་པ་དང་། རྒྱལ་པོའི་སྐུ་སྲུང་པ་རྣམས་སྔོན་སྔོན་དུ་པུས་མོ་བཙུགས་ཟེར་ཞིང་འགྲོའོ། དེ་ལྟར་ཡོ་སེབ་ལ་ཨི་ཇིབ་ཡོངས་ཀྱི་སྤྱི་ཁྱབ་བཟོས་སོ། 44རྒྱལ་པོས་ཡོ་སེབ་ལ། ང་རྒྱལ་པོ་ཡིན་ནའང་། ཨི་ཇིབ་ཡོངས་ཀྱི་མི་ཚོས་ཁྱོད་ལ་སྐད་ཆ་མ་འདྲི་པར་ལས་ཀ་གང་ཡང་བྱེད་མི་ཐུབ་བོ། 45-46དེ་ནས་རྒྱལ་པོས་ཡོ་སེབ་ཀྱི་མིང་ཛ་ཕེ་ནད་པ་ནི་ཡ་ཞེས་བཏགས་སོ། གྲོང་ཁྱེར་ཧེ་ལི་ཨོ་པོ་ལིསེ་ཀྱི་བླ་མ་པོ་ཏི་ཕེ་རའི་བུ་མོ་ཨ་སི་ནད་ཁོང་གི་མནའ་མར་བཏང་ངོ་། ཨི་ཇིབ་ཀྱི་རྒྱལ་པོའི་དབང་འོག་ཏུ་ལས་འགོ་འཛུགས་སྐབས་ཡོ་སེབ་ལོ་གསུམ་བཅུ་ལོན་ཡོད་པ་དང་། ཁོང་རྒྱལ་པོའི་ཕོ་བྲང་ནས་ཐོན་ཏེ་ཨི་ཇིབ་ཡོངས་སུ་ཕྱོགས་ཐོན་བྱས་སོ། 47ལོ་བདུན་གྱི་ནང་ས་ཞིང་ནས་སྟོན་ཐོག་མང་པོ་སྐྱེས་བ་དང་། 48དེ་ཚོ་ཚང་མ་ཡོ་སེབ་ཀྱིས་བསགས་ནས། གྲོང་ཁྱེར་རེ་རེའི་ཡུལ་འཁོར་ལ་ཡོད་པའི་ས་ཞིང་ནས་སྐྱེས་པའི་སྟོན་ཐོག་ཚང་མ་རང་རང་གི་གྲོང་ཁྱེར་དུ་བཞག་གོ། 49དེ་ལྟར་ཡོ་སེབ་ཀྱིས་གྲོ་རྣམས་རྒྱ་མཚོའི་བྱེ་མ་ལྟར་བྱུང་བས། ཚད་རྒྱབ་པར་མཚམས་འཇོག་བྱས་སོ། 50མུ་གེ་མ་བྱུང་བའི་སྔོན་དུ་ཡོ་སེབ་ཀྱི་ཆུང་མ་ཨ་སི་ནད་ནས་བུ་གཉིས་སྐྱེས་སོ། 51ཡོ་སེབ་ཀྱིས། དཀོན་མཆོག་གིས་ངའི་སྡུག་བསྔལ་ཚང་མ་དང་ངའི་ཕ་ཡི་ཁང་པ་ཚང་མ་བརྗེད་བཅུག་པར་གནང་ངོ་ཞེས་སྨྲས་ཏེ་བུ་གཉིས་པའི་མིང་ལ་མ་ནསེ་སཱེ་4 མ་ནསེ་སཱེ་ ཨིབ་རི་པའི་སྐད་ནང་མ་ནསེ་སཱེ་ཞེས་པ་ནི་བརྗེད་པའི་རྐྱེན་དང་འདྲ་བ་ལ་ཧ་གོའོ།ཞེས་བཏགས་སོ། 52ཁོང་གིས། ང་ལ་སྡུག་པོ་འཕོག་པའི་ཡུལ་ནང་དཀོན་མཆོག་གིས་ང་ལ་བུ་གཉིས་གནང་བྱུང་ཞེས་སྨྲས་ཏེ་བུ་གཉིས་པའི་མིང་ལ་ཨེཕ་ར་ཡིམ་41ཕ་ར་ཡིམ ཨིབ་རི་པའི་སྐད་ནང་ཨེཕ་ར་ཡིམ་ཞེས་པ་ནི་ཕྲུ་གུ་རྣམས་གནང་བ་དང་འདྲ་བ་ལ་ཧ་གོའོ།ཞེས་བཏགས་སོ། 53ཨི་ཇིབ་ཡུལ་ནང་སྟོན་ཐོག་འབེལ་པོ་སྐྱེས་པའི་ལོ་བདུན་དེ་རྫོགས་པ་དང་། 54ཡོ་སེབ་ཀྱིས་སྨྲས་པ་བཞིན་དུ་མུ་གེའི་ལོ་བདུན་དེ་འགོ་ཚུགས་ནས་ཡུལ་ཚང་མར་མུ་གེ་ཤོར་ནའང་། ཨི་ཇིབ་ཡོངས་སུ་བཟའ་བཅའ་ཡོད་པ་ཡིན་ནོ། 55དེ་ནས་ཨི་ཇིབ་ཀྱི་ཡུལ་མི་ཚང་མའི་ཁ་ཟས་རྫོགས་ཤིང་ལྟོགས་ནས་རྒྱལ་པོ་ལ་ཞུས་པ་དང་། རྒྱལ་པོས་ཡུལ་མི་རྣམས་ལ་ཡོ་སེབ་ཀྱི་རྩར་སོང་ནས་ཁོས་སྨྲས་པ་བཞིན་དུ་བྱེད་དགོས་པའི་བཀའ་གནང་ངོ་། 56མུ་གེ་དེ་ཇེ་སྡུག་ཏུ་སོང་ནས་ཡུལ་མི་ཚང་མར་ཁྱབ་པས། ཡོ་སེབ་ཀྱིས་བང་མཛོད་རྣམས་ཕྱེས་ནས་ཡུལ་མི་རྣམས་ལ་འབྲུ་བཙོང་ངོ་། 57མུ་གེ་དེ་ཤིན་ཏུ་སྡུག་པའི་རྐྱེན་གྱིས་ཡུལ་ཁམས་ཚང་མ་ནས་མི་ཚོ་ཨི་ཇིབ་དུ་ཡོ་སེབ་ཀྱི་ཙར་འབྲུ་ཉོ་བར་ཡོང་ངོ་༎

བཀོད་པ 42

ཡོ་སེབ་ཀྱི་ཨ་ཇོ་རྣམས་ཨི་ཇིབ་དུ་འབྲུ་ཉོ་རུ་ཕྱིན་པ།

1ཨི་ཇིབ་ནང་འབྲུ་ཐོབ་ཀྱི་ཡོད་པའི་སྐོར་ཡ་ཀོབ་ཀྱིས་ཐོས་པ་དང་། རང་གི་བུ་རྣམས་ལ་འབོད་དེ། ཁྱོད་ཚོ་ཚང་མས་ལས་ཤིག་བྱོས་ཤིག 2ཨི་ཇིབ་ནང་འབྲུ་ཐོབ་ཀྱི་འདུག་ཅེས་ངས་ཐོས་བྱུང་བས། ང་ཚོ་ཚང་མ་གསོན་པོར་གནས་ཕྱིར་ཁྱོད་ཚོ་སོང་ནས་འབྲུ་ཉོས་ཤིག་ཅེས་སྨྲས་སོ། 3དེར་བརྟེན་ཡོ་སེབ་ཀྱི་ཨ་ཇོོ་ བཅུ་རྣམས་འབྲུ་ཉོ་ཕྱིར་ཨི་ཇིབ་དུ་སོང་ངོ་། 4འོན་ཀྱང་ཡ་ཀོབ་ཀྱིས་རང་གི་བུ་ཆུང་ཤོས་བྷེན་ཡ་མིན་ལ་གནོད་སྐྱོན་ཞིག་བྱུང་ཡོང་ཞེས་འཇིགས་ཏེ། ཁོ་ལ་མ་བཏང་ངོ་། 5དེ་ལྟར་ཡུལ་ཀ་ནན་ནང་མུ་གེ་ཤོར་བའི་རྐྱེན་གྱིས་ཡ་ཀོབ་ཀྱི་བུ་རྣམས་གཞན་དང་མཉམ་དུ་འབྲུ་ཉོ་རུ་སོང་ངོ་། 6འཛམ་གླིང་ཡོངས་ཀྱི་མི་རྣམས་ལ་ཨི་ཇིབ་ཡུལ་གྱི་སྤྱི་ཁྱབ་ཡོ་སེབ་ཀྱིས་འབྲུ་བཙོང་ངོ་། ཡོ་སེབ་ཀྱི་ཨ་ཇོོ་རྣམས་ཀྱང་ཁོང་གི་རྩར་ཡོང་ནས་གདོང་ས་ལ་ཁ་སྦུབ་ནས་ཁོང་ལ་ཕྱག་འཚལ་ལོ། 7ཡོ་སེབ་ཀྱིས་རང་གི་སྤུན་ཚོ་ལ་བལྟས་ནས་ངོ་ཤེས་ཀྱང་མི་ཤེས་པ་ལྟར་བྱས་ཏེ། རླུང་ལངས་བ་ལྟར་བྱས་ཏེ་ཁོ་ཚོ་ལ། ཁྱོད་ཚོ་གང་ནས་ཡོང་བ་ཡིན་ནམ་ཞེས་དྲིས་པས། ཁོང་ཚོས་ལན་དུ། ང་ཚོ་ཡུལ་ཀ་ནན་ནས་ཁ་ཟས་ཉོ་བའི་ཕྱིར་ཡོང་བ་ཡིན་ཞེས་སྨྲས་པ་དང་། 8ཡོ་སེབ་ཀྱིས་རང་གི་ཨ་ཇོ་རྣམས་ངོ་ཤེས་ཀྱང་། དེ་ཚོས་ཁོང་ལ་ངོ་མ་ཤེས་སོ། 9ཡོ་སེབ་ཀྱིས་སྔར་རྨི་ལམ་གྱི་ནང་ག་རེ་མཐོང་བ་རྣམས་དྲན་ནས་ཁོང་ཚོ་ལ། ཁྱོད་ཚོ་སོ་པ་ཡིན་པས། ང་ཚོའི་ཡུལ་ནང་ཉེས་སྐྱོན་ག་རེ་ཡོད་མེད་བལྟ་ཕྱིར་ཡོང་བ་ཡིན་པ་འདྲ་ཞེས་སྨྲས་སོ། 10ཁོང་ཚོས། ཇོ་བོ་ལགས། ང་ཚོ་ཁྱེད་ཀྱི་བྲན་གཡོག་ཡིན་པས། ཁ་ཟས་ཉོ་བའི་ཕྱིར་ཡོང་བ་ཡིན། 11ང་ཚོ་ཚང་མ་ནི་སྤུན་རྣམས་ཡིན། ང་ཚོ་སོ་པ་མ་ཡིན་པ་དང་། ང་ཚོ་མི་དྲང་པོ་ཡིན་ཞེས་ཞུས་སོ། 12འོན་ཀྱང་ཡོ་སེབ་ཀྱིས། ཁྱོད་ཚོ་ནི་སོ་པ་ཡིན་པས་ང་ཚོའི་ཡུལ་ནང་སྐྱོན་ག་རེ་ཡོད་མེད་སྐོར་ཤེས་ཕྱིར་ཡོང་བ་ཡིན་གསུངས་པས། 13ཁོང་ཚོས་ཡོ་སེབ་ལ། ཇོ་བོ་ལགས། ང་ཚོ་སྤུན་བཅུ་གཉིས་ཡོད་པས། ཡུལ་ཀ་ནན་དུ་ཡོད་པའི་མི་ཞིག་གི་བུ་རྣམས་ཡིན། སྤུན་གཅིག་ནི་གྲོངས་ནི་མེད་པས། ཆུང་ཤོས་དེ་ཕ་དང་མཉམ་དུ་བསྡད་ཡོད་ཅེས་སྨྲས་པ་དང་། 14ཡོ་སེབ་ཀྱིས་ཁོང་ཚོ་ལ། ངས་ཁྱོད་ཚོ་ལ་སྨྲས་པ་ལྟར་ཁྱོད་ཚོ་ནི་སོ་པ་ཡིན། 15གལ་ཏེ་ཁྱོད་ཚོ་སོ་པ་མིན་ན། ངས་རྒྱལ་པོའི་མཚན་ལ་མནའ་འཁུར་ནས་བརྗོད་རྒྱུར། ཁྱོད་ཚོའི་སྤུན་ཆུང་ཤོས་འདིར་མ་ཡོང་བར་དུ་ཁྱོད་ཚོ་ཚང་མ་ས་གནས་འདི་ནས་འགྲོ་མི་ཆོག 16ཁྱོད་ཚོའི་ནང་ནས་སྤུན་གཅིག་སོང་ནས་ཁོ་ལ་འཁྲིད་ཤོག ཁྱོད་ཚོའི་གཏམ་དེ་བདེན་པ་ཡིན་མིན་ཤེས་པའི་ཕྱིར་ཁྱོད་ཚོ་ལྷག་འཕྲོས་རྣམས་བཙོན་ནང་སྡོད་ཅིག དེ་མིན་ཁྱོད་ཚོ་སོ་པ་ཡིན་པ་དེ་ལ་དོག་པ་མེད་ཅེས་སྨྲས་སོ། 17དེ་ནས་ཁོང་གིས་ཁོང་ཚོ་ཉི་མ་གསུམ་གྱི་བར་དུ་བཙོན་ནང་བཅུག་གོ། 18དེ་ནས་ཉིན་གསུམ་པར་ཡོ་སེབ་ཀྱིས་ཁོང་ཚོ་ལ། ང་ཡང་དཀོན་མཆོག་ལ་འཇིགས་མཁན་ཞིག་ཡིན་པས། ཁྱོད་ཚོས་ངས་སྨྲས་པ་ལྟར་བྱས་ན་ངས་ཁྱོད་ཚོ་ཐར་གཅུག་ཡོང་། 19ཁྱོད་ཚོ་དྲང་པོ་ཡིན་ན་ཁྱོད་ཚོའི་ནང་ནས་སྤུན་གཅིག་བཙོན་ཁང་ནང་སྡོད་ཅིག སྤུན་གཞན་ཚོས་རང་གི་ཁང་པར་འབྲུ་རྣམས་འཁྱེར་ཞིག 20དེ་ནས་ཁྱོད་ཚོས་སྤུན་ཆུང་ཤོས་དེ་ངའི་རྩར་འཁྲིད་ཡོང་དགོས། དེ་ནས་ཁྱོད་ཚོའི་གཏམ་བདེན་པ་ཡིན་པ་དེ་ངས་ཤེས་པར་འགྱུར་ཏེ། ངས་ཁྱོད་ཚོ་ལ་སྲོག་ཐོག་མི་བཏང་ངོ་ཞེས་སྨྲས་པ་དང་། ཁོང་ཚོས་དེ་བཞིན་མོས་མཐུན་བྱས་སོ། 21ཁོང་ཚོས་གཅིག་གིས་གཅིག་ལ། བདེན་པར་ང་ཚོའི་སྤུན་གྱི་སྐོར་ལ་ང་ཚོ་ཉེས་ཅན་ཡིན། གང་ལ་ཟེར་ན། ཁོས་ང་ཚོ་ལ་ཞུ་འབོད་བྱེད་སྐབས་ང་ཚོས་ཁོའི་གཏམ་ལ་མ་ཉན་ནོ། དེར་བརྟེན་དཀའ་ངལ་འདི་ང་ཚོའི་སྟེང་དུ་འཕོག་པ་ཡིན་ནོ་ཞེས་སྨྲས་སོ། 22རུ་བྷེན་གྱིས་ཁོང་ཚོ་ལ། བུ་དེ་ལ་གནོད་པ་གང་ཡང་མ་བྱེད་ཅེས་ངས་ཁྱོད་ཚོ་ལ་ལབ་ནའང་ཁྱོད་ཚོས་ཉན་མ་སོང་། ད་ཁོའི་སྲོག་གཅོད་རྐྱེན་གྱིས་ང་ཚོ་འཆི་བར་འགྱུར། 23ཁོང་ཚོས་སྐད་ཆ་བཤད་པ་ཐམས་ཅད་ཡོ་སེབ་ཀྱི་ཤེས་པ་དེ་ཁོང་ཚོས་ཧ་མ་གོའོ། གང་ལ་ཟེར་ན། དེ་ཚོ་ཁོང་དང་མཉམ་དུ་གཏམ་གླེང་བྱེད་སྐབས། སྐད་བསྒྱུར་བ་གཅིག་བརྒྱུད་ནས་ཕན་ཚུན་གཏམ་གླེང་བྱེད་པའོ། 24དེ་ནས་ཡོ་སེབ་ཁོང་ཚོའི་རྩར་ནས་ཕར་ཙམ་སོང་སྟེ་ངུས་སོ། ཡང་ལོག་ཡོང་ནས་ཁོང་ཚོ་དང་མཉམ་དུ་སྐད་ཆ་ཤོད་པ་དང་། སིམ་ཨོན་ལ་བཟུང་སྟེ་ཚང་མའི་མདུན་དུ་བསྡམས་སོ༎

ཡོ་སེབ་ཀྱི་ཨ་ཇོ་རྣམས་ཀ་ནན་དུ་ལོག་པ།

25དེ་ནས་ཡོ་སེབ་ཀྱིས་རང་གི་ཨ་ཇོ་རྣམས་ཀྱི་ཕད་གོག་དེ་ཚོའི་ནང་འབྲུས་བཀང་སྟེ་ཁོ་ཚོས་སྤྲད་པའི་དངུལ་དེ་རང་རང་གི་ཕད་གོག་རེ་རེ་ནང་བཅུག་ཅིང་ལམ་དུ་ཟ་བའི་ཕྱིར་ཁ་ཟས་ཡང་ཚང་མ་ལ་སྤྲད་པའི་བཀའ་གནང་ནས་དེ་བཞིན་དུ་བྱས་སོ། 26ཨ་ཇོ་རྣམས་ཀྱིས་ཉོས་པའི་འབྲུ་རྣམས་བོང་བུར་བཀལ་ནས་རང་གི་ལམ་དུ་སོང་ངོ་། 27ཁོང་ཚོ་མཚན་མོ་ངལ་གསོ་བའི་སྐབས་སུ་སྤུན་གཅིག་གིས་བོང་བུ་ལ་ཆག་སྟེར་བའི་ཕྱིར་ཕད་གོག་བཀྲོལ་བ་དང་ཕད་གོག་གི་ཁའི་སྟེང་རང་གི་དངུལ་བཞག་ཡོད་པ་མཐོང་ངོ་། 28ཁོས་རང་གི་སྤུན་རྣམས་ལ། ངའི་དངུལ་དེ་ཕད་གོག་ནང་ང་ལ་རང་ཅག་ཕྱིར་སློག་བྱེད་འདུག་ཅེས་སྨྲས་པ་དང་། ཁོང་ཚོ་ཚང་མ་འཇིགས་ནས་གཅིག་གིས་གཅིག་ལ། འདི་ལྟར་དཀོན་མཆོག་གིས་ང་ཚོ་ལ་གང་གནང་བ་ཡིན་ནམ་ཞེས་ཟེར་རོ། 29དེ་ནས་ཁོང་ཚོ་ཡུལ་ཀ་ནན་དུ་ལོག་ནས་རང་གི་ཕ་ཡ་ཀོབ་ལ་ག་རེ་བྱུང་བ་ཚང་མ་བཤད་དོ། 30ཨི་ཇིབ་ཀྱི་སྤྱི་ཁྱབ་ཀྱིས་ང་ཚོ་མཉམ་དུ་སྐད་ཆ་རྩུབ་པོ་བཤད་ཅིང་ཡུལ་གྱི་སོ་པ་བྱེད་ཕྱིར་ཡོང་འདུག་ཅེས་སྐྱོན་བརྗོད་བྱེད་དོ། 31ང་ཚོ་སོ་པ་མིན་པར་མི་བཟང་པོ་ཡིན་པ་དང་། 32ང་ཚོ་ཚང་མ་ཕ་གཅིག་གི་བུ་སྤུན་བཅུ་གཉིས་ཡིན་ནོ། གཅིག་ནི་གྲོངས་ནས་མེད་པས་ཆུང་ཤོས་ནི་ཕ་དང་མཉམ་དུ་ཀ་ནན་དུ་ཡོད་དོ། 33སྤྱི་ཁྱབ་ཀྱིས་གཏམ་དེའི་སྒོ་ནས་ཁྱོད་ཚོ་མི་དྲང་པོ་ཡིན་པ་དེ་ངས་ཤེས་ཕྱིར། ཁྱོད་ཚོའི་ནང་ནས་ང་དང་མཉམ་དུ་སྤུན་གཅིག་འདིར་སྡོད་ཅིག། གཞན་ཚོ་འབྲུ་འཁྱེར་ནས་རང་གི་ལྟོགས་ནས་ཡོད་པའི་ནང་མི་རྩར་སོང་ཞིག 34སྤུན་ཆུང་ཤོས་དེ་ངའི་རྩར་འཁྲིད་ཤོག དེ་ལྟར་བྱས་ན་ཁྱོད་ཚོ་རྣམས་སོ་པ་མིན་པ་མི་དྲང་པོ་ཡིན་པ་ངས་ཤེས་ཐུབ་བོ། དེ་ནས་ཁྱོད་ཚོའི་སྤུན་དེ་ཁྱོད་ཚོ་ལ་ཕྱིར་སློག་སྤྲད་རྒྱུ་ཡིན་པ་དང་། ཁྱོད་ཚོ་འདིར་བསྡད་ནས་ཚོང་རྒྱབ་ཐུབ་ཅེས་སྨྲས་སོ། 35ཁོང་ཚོས་ཕད་གོག་བཀྲོལ་ནས་བཏོན་སྐབས་རང་རང་གི་དངུལ་དེ་ཕད་གོག་ནང་བཞག་ཡོད་པ་ཐོབ་བོ། དངུལ་དེ་མཐོང་བ་དང་། ཕ་དང་ཁོང་ཚོ་ཚང་མ་ཤིན་ཏུ་འཇིགས་སོ། 36ཕ་ཡ་ཀོབ་ཀྱིས་ཁོང་ཚོར། ངའི་བུ་རྣམས་ང་ལས་འཕྲལ་བ་དེ་ཁྱོད་ཚོས་འདོད་དམ། ཡོ་སེབ་ནི་ཤི་ནས་མེད། སིམ་ཨོན་ཡང་མེད་དོ། ད་ཁྱོད་ཚོས་བྷེན་ཡ་མིན་ཡང་འཁྲིད་པ་ཡིན་ན། དེ་ལྟར་སྡུག་བསྔལ་ཚང་མ་ང་ལ་བབས་སོ་ཞེས་སྨྲས་སོ། 37རུ་བྷེན་གྱིས་ཁོང་ལ། གལ་ཏེ་ངས་བྷེན་ཡ་མིན་ཁྱེད་ཀྱི་རྩར་འཁྲིད་མ་ཡོང་ན་ངའི་བུ་གཉིས་དེ་ཁྱེད་ཀྱིས་གསོད་ཅིག། ཁོ་ངའི་ལག་ཏུ་བཅོལ་ན། ངས་ཁོ་ཁྱེད་ཀྱི་རྩར་ཕྱིར་ལོག་འཁྲིད་ཡོང་ཞེས་སྨྲས་སོ། 38འོན་ཀྱང་ཡ་ཀོབ་ཀྱིས་ཁོ་ལ། ཁོ་ཁྱོད་དང་མཉམ་དུ་འགྲོ་མི་ཐུབ། ཁོའི་ཨ་ཇོ་གྲོངས་ཚར་བ་དང་། ཁོ་གཅིག་པུ་ལུས་ཡོད་དོ། གང་ལ་ཟེར་ན། ང་ནི་མི་རྒས་པོ་ཡིན་པས། ཁོའི་མྱ་ངན་གྱི་རྐྱེན་གྱིས་ང་ཤི་ཡོང་ཞེས་སྨྲས་སོ༎

བཀོད་པ 43

ཡོ་སེབ་ཀྱི་ཨ་ཇོ་ཚོས་བྷེན་ཡ་མིན་འཁྲིད་དེ་ཨི་ཇིབ་དུ་ལོག་པ།

1ཡུལ་ཀ་ནན་ནང་མུ་གེ་ཤིན་ཏུ་ཆེ་རུ་ཕྱིན་པས། 2ཨི་ཇིབ་ནས་ཉོས་པའི་འབྲུ་རྣམས་ཟས་ཚར་བའི་རྗེས་སུ་ཡ་ཀོབ་ཀྱིས་རང་གི་བུ་ཚོ་ལ། ང་ཚོའི་ཕྱིར་འབྲུ་ཉོ་བའི་ཕྱིར་སོང་ཞིག་ཅེས་སྨྲས་པ་དང་། 3ཡ་ཧུ་དཱས་ཕ་ལ། གལ་ཏེ་ང་ཚོས་རང་གི་སྤུན་ཆུང་ཤོས་དེ་འཁྲིད་མ་འགྲོ་ན་ཨི་ཇིབ་གྱི་སྤྱི་ཁྱབ་མཇལ་མི་ཐུབ་ཅེས་ཁོང་གིས་ཉེན་བརྡ་གནང་ཡོད། 4གལ་ཏེ་ཁྱེད་ཀྱིས་ང་ཚོ་དང་མཉམ་དུ་སྤུན་དེ་བཏང་བར་མོས་མཐུན་བྱས་ན་ང་ཚོས་ཁ་ཟས་ཉོ་བར་འགྲོ་རྒྱུ་ཡིན། 5གལ་ཏེ་ཁྱེད་ཀྱིས་ང་ཚོའི་སྤུན་དེ་མ་བཏང་ན་ང་ཚོ་འབྲུ་ཉོ་བར་མི་འགྲོ། གང་ལ་ཟེར་ན། ང་ཚོ་མཉམ་དུ་སྤུན་མེད་ན་ང་ཚོ་སྤྱི་ཁྱབ་རྩར་བཅར་མི་ཐུབ་ཅེས་ཁོང་གིས་ང་ཚོར་གསུངས་ཡོད་ཅེས་སྨྲས་སོ། 6ཡ་ཀོབ་ཀྱིས་ཁོང་ཚོ་ལ། ཁྱོད་ཚོའི་མི་དེ་ལསྤུན་ཆུང་བ་གཅིག་ཡོད་ཅེས་བཤད་ནས། ག་རེ་དོན་དུ་ངའི་ཐོག་དཀའ་ངལ་དེ་འདྲ་འཁྱེར་ཡོང་ངམ། 7ཁོང་ཚོས་ལན་དུ། སྤྱི་ཁྱབ་དེས་ང་ཚོའི་ནང་མིའི་སྐོར་ལ་དྲི་བ་མང་པོ་དྲིས་པས། ཁོང་གིས་ང་ཚོའི་ཕ་གསོན་པོ་ཡོད་མེད་དང་། ང་ཚོ་ལ་སྤུན་གཞན་ཞིག་ཡོད་མེད་ཅེས་དྲིས་པས། ང་ཚོས་ཁོང་གི་དྲི་བ་ལ་ལན་དེ་ལྟར་རྒྱབ་དགོས་བྱུང་། ཁོང་གིས་ང་ཚོའི་སྤུན་ང་ཚོ་དང་མཉམ་དུ་འདིར་འཁྲིད་ཡོང་དགོས་ཤེས་ལབ་ཀྱི་རེད་ཟེར་ཇི་ལྟར་ཤེས་སམ་ཞེས་སྨྲས་སོ། 8ཡ་ཧུ་དཱས་རང་གི་ཕ་ལ། བུ་དེ་ལ་ང་མཉམ་དུ་བཏང་རོགས་གནང་། ང་ཚོ་ལམ་སང་འབྲུ་ཉོ་བར་ཐོན་ནས་ང་ཚོ་ཚང་མ་ལྟོགས་པར་མ་ལུས་པར་གསོན་པོར་གནས་ཡོང་། 9ཁོའི་སྲོག་གི་འགན་དེ་ངས་འཁུརཡོང་། ང་ཚོའི་སྤུན་དེ་འཁྲིད་ནས་གལ་སྲིད་ཁོ་ཕྱིར་སློག་འཁྲིད་མ་ཡོང་ན། ང་ནི་ཁྱེད་ཀྱི་དྲུང་དུ་ཚེ་གང་ཉེས་ཅན་དུ་བརྩི་བར་བྱའོ། 10ང་ཚོ་ད་བར་འགོར་མེད་ན་ཨི་ཇིབ་དུ་ཕྱིན་ནས་ཐེང་མ་གཉིས་ཙམ་འཁོར་ཡོད་འགྲོ་ཞེས་སྨྲས་སོ། 11དེ་ནས་ཕ་ཡིས་ཁོང་ཚོར། ད་ང་ཚོས་དེ་འདྲ་བྱེད་དགོས་ན་ཨི་ཇིབ་གྱི་སྤྱི་ཁྱབ་ལ་ཡུལ་ནང་སྐྱེས་པའི་ལོ་ཐོག་ལེགས་ཤོས་དང་། དྲི་ཞིམ་ལྡན་པའི་བྱུགས་སྨན་དང་། སྦྲང་རྩི་དང་། སྨན་སྣ་དང་། སྟར་ག་ལ་སོགས་པ་སྤྱི་ཁྱབ་ལ་འབུལ་བའི་ཕྱིར་འཁྱེར་ཞིག 12ཁྱོད་ཚོའི་ཕད་གོག་ནང་ཡོད་པའི་དངུལ་དང་ད་ལྟའི་དངུལ་བཅས་ཉིས་ལྡབ་འཁྱེར་ནས་ཁོང་ལ་འབུལ་དགོས། གང་ལ་ཟེར་ན། ཁྱོད་ཚོའི་ཕད་གོག་གི་སྟེང་བཞག་ཡོད་པའི་དངུལ་དེ་ཕྱིར་སློག་བྱེད་དགོས་སོ། གཅིག་བྱས་ན་དེ་ནོར་འཁྲུལ་གྱི་བྱུང་བ་ཡིན་འགྲོ། 13ཁྱོད་ཚོའི་སྤུན་ཆུང་བ་དེ་འཁྲིད་ནས་མི་དེའི་རྩར་སོང་ཞིག 14སྤྱི་ཁྱབ་ཀྱིས་ཁྱོད་ཚོའི་སྤུན་ཤིམ་ཨོན་དང་བྷེན་ཡ་མིན་གཉིས་ཁྱོད་ཚོ་དང་མཉམ་དུ་ལོག་འཇུག་པར་ཀུན་དབང་ལྡན་པའི་དཀོན་མཆོག་གིས་ཐུགས་རྗེ་གཟིགས་པར་ཤོག། ངའི་བུ་ཚོའི་ཆེད་དུ་མྱ་ངན་བྱེད་དགོས་ན་ཡང་བྱེད་རྒྱུ་ཡིན། 15དེ་ནས་སྤུན་རྣམས་ཀྱིས་ཕྱག་རྟགས་དང་། དངུལ་ཉིས་ལྡབ་དང་། བྷེན་ཡ་མིན་འཁྲིད་དེ་ཨི་ཇིབ་ཕྱོགས་སུ་ཐོན་ནོ། དེར་ཁོ་ཚོ་ཡོ་སེབ་ཀྱི་མདུན་དུ་བཅར་རོ། 16ཡོ་སེབ་ཀྱིས་ཁོང་ཚོ་མཉམ་དུ་བྷེན་ཡ་མིན་ཡོད་པ་མཐོང་ནས་རང་གི་ཁྱིམ་གི་གཡོག་པོ་གཙོ་བོ་ལ། མི་འདི་ཚོ་ངའི་ཁང་པར་འཁྲིད་ཅིག། དེ་རིང་ཉིན་གུང་མི་འདི་ཚོ་ང་མཉམ་དུ་ཁ་ཟས་ཟ་བར་འགྱུར། སེམས་ཅན་ཞིག་བསད་ནས་མགྲོན་ཞིག་བཤོམས་ཤིག་ཅེས་སྨྲས་སོ། 17གཡོག་པོས་ཡོ་སེབ་ཀྱི་བཀའ་བཞིན་དུ་བྱས་ནས། སྤུན་རྣམས་ཡོ་སེབ་ཀྱི་ཁང་པའི་ནང་དུ་འཁྲིད་དོ། 18དེ་ཚོས་ཡོ་སེབ་ཀྱི་ཁང་པར་འཁྲིད་སྐབས་ཁོང་ཚོ་འཇིག་ནས་སེམས་ལ། ང་ཚོ་འདིར་འཁྲིད་ཡོང་དགོས་དོན་ནི་སྔོན་དུ་ང་ཚོའི་ཕད་གོག་ནང་དངུལ་ཕྱིར་ལོག་བྱས་པའི་རྐྱེན་གྱིས་ཡིན་ནོ། དེ་ཚོས་གློ་བུར་དུ་ང་ཚོར་རྒོལ་ནས་བོང་བུ་རྣམས་འཕྲོག་པ་དང་ང་ཚོར་བྲན་གཡོག་བཟོ་བར་འགྱུར་ཞེས་བསམ་མོ། 19ཁོང་ཚོ་ཡོ་སེབ་ཀྱི་ཁང་པའི་སྒོའི་འགྲམ་དུ་སླེབས་པ་དང་། གཡོག་པོ་གཙོ་བོ་དེ་ལ། 20ཇོ་ལགས། ཁ་སྔོན་ང་ཚོ་འབྲུ་ཉོ་བར་ཡོང་བ་ཡིན། 21མཚན་མོ་ངལ་གསོ་བྱས་སྐབས་ང་ཚོས་ཕད་གོག་ཕྱེ་བས། ང་ཚོ་རེ་རེའི་ཕད་གོག་ནང་རང་རང་གི་དངུལ་དེ་བཞག་འདུག་པས། དངུལ་དེ་རྣམས་ཕྱིར་ལོག་བྱས་པའི་ཕྱིར་ང་ཚོས་འཁུར་ཡོད། 22ད་དུང་ང་ཚོས་འབྲུ་ཉོ་ཕྱིར་དངུལ་གཞན་ཡང་འཁུར་ཡོད། ང་ཚོའི་ཕད་གོག་ནང་དངུལ་དེ་སུས་བླུགས་པ་དེ་ང་ཚོས་མི་ཤེས་སོ་ཞེས་སྨྲས་སོ། 23གཡོག་པོས་ཁོང་ཚོ་ལ། ཁྱོད་ཚོ་སེམས་འཕྲལ་དང་འཇིགས་སྣང་མ་བྱེད་ཅིག ཁྱོད་ཚོ་དང་ཁྱོད་ཚོའི་ཕ་ཡི་དཀོན་མཆོག་གིས་དངུལ་དེ་ཁྱོད་ཚོའི་ཕད་གོག་ནང་བཞག་པ་ཡིན་འགྲོ། གང་ཡིན་ཞེ་ན། ཁྱོད་ཚོས་ཉོས་པའི་འབྲུའི་རིན་དངུལ་དེ་ང་ལ་ཐོབ་བྱུང་ཞེས་ཟེར་རོ། དེ་ནས་ཁོས་ཁོང་ཚོའི་སྤུན་སིམ་ཨོན་བཏོན་ནས་དེ་ཚོའི་རྩར་འཁྲིད་དོ། 24དེ་ནས་གཡོག་པོ་དེས་སྤུན་རྣམས་ལ་ཁང་པའི་ནང་དུ་འཁྲིད་ནས་རྐང་པ་འཁྲུ་ཕྱིར་ཆུ་སྟེར་བ་དང་། བོང་བུ་རྣམས་ལ་རྩ་ཆག་སྤྲད་དོ། 25ཁོང་ཚོ་ཡོ་སེབ་དང་མཉམ་དུ་ཉིན་གུང་ཁ་ལག་ཟ་དགོས་པ་ཤེས་པས། འབུལ་བ་རྣམས་བཏོན་ནས་བཤམས་སོ། 26དེ་ནས་ཡོ་སེབ་ཁང་པར་བསླེབས་པ་དང་། ཁོང་ཚོས་འབུལ་བ་དེ་ཕུལ་ནས་མགོ་ས་ལ་སྒུར་རོ། 27ཡོ་སེབ་ཀྱིས་ཁོང་ཚོ་ལ། ཁྱོད་ཚོ་ཁམས་བདེའམ། ཁྱོད་ཚོས་ཕ་རྒས་པོ་ཞིག་ཡོད་སྨྲས་པས། ཁོང་ཡང་ཁམས་བདེ་ཞིང་གསོན་པོར་ཡོད་དམ་ཞེས་དྲིས་པས། 28ཁོང་ཚོས། ཁྱེད་ཀྱི་བྲན་གཡོག་ང་ཚོའི་ཕ་དེ་ཁམས་བདེ་ཞིང་གསོན་ པོར་ཡོད་ཅེས་ཞུས་ནས་ཁོང་གི་མདུན་དུ་པུས་མོ་བཙུགས་ཏེ་མགོ་སྒུར་རོ། 29ཡོ་སེབ་ཀྱིས་རང་གི་སྤུན་བྷེན་ཡ་མིན་ལ་མཐོང་སྟེ། ཁྱོད་ཚོས་སྤུན་ཆུང་བ་ཞིག་གི་སྐོར་བཤད་པ་དེ་འདི་ཡིན་ནམ་ཞེས་སྨྲས་ནས་ཁོ་ལ། དཀོན་མཆོག་གིས་ཁྱོད་ལ་བྱིན་རླབས་གནང་བར་ཤོག་ཅེས་སྨྲས་སོ། 30དེ་ནས་ཡོ་སེབ་ནམ་སང་ལངས་ནས་སོང་ངོ་། གང་ལ་ཟེར་ན། ཡོ་སེབ་ཀྱི་སེམས་ལ་རང་གི་སྤུན་གྱི་ཆེད་དུ་བྱམས་པའི་ཁེངས་ནས་ངུ་བར་འདོད་དོ། ཁོང་རང་གི་ཁང་མིག་ནང་དུ་སོང་ནས་ངུས་སོ། 31ཁོང་རང་གི་ངུ་རྒྱུ་བཀག་ནས་གདོང་ཁྲུས་ཏེ་ཕྱིར་ཐོན་ནས་ཁ་ཟས་འཁྱེར་ཤོག་ཅེས་བཀའ་གནང་ངོ་། 32ཡོ་སེབ་ལ་རྩོག་རྩེ་གཅིག་ལ་ཞལ་ལག་ལོགས་སུ་ཕུལ་བ་དང་། ཁོང་གི་སྤུན་ཚོ་ལ་རྩོག་རྩེ་གཞན་དུ་ཕུལ་ལོ། ཁོང་མཉམ་དུ་ཟ་བའི་ཨི་ཇིབ་པ་རྣམས་ལའང་ཁ་ཟས་སོ་སོར་ཕུལ་ལོ། གང་ལ་ཞེ་ན། ཨི་ཇིབ་པ་རྣམས་ཨིབ་རི་པ་ཚོ་མཉམ་དུ་ཁ་ཟས་ཟ་བ་ནི་རང་ལ་དམའ་བར་བརྩི་བ་དང་འདྲའོ། 33སྤུན་རྣམས་ཀྱང་ཡོ་སེབ་ཀྱི་མདུན་དུ་རྒན་གཞོན་རིམ་པ་བཞིན་སྔོན་སྐྱེས་ནས་མཐའ་མ་ཆུང་བའི་བར་དུ་བཞག་པས། ཁོང་ཚོ་གཅིག་གིས་གཅིག་ལ་བལྟས་ཏེ་ངོ་མཚར་དུ་གྱུར་ཏོ། 34ཁོང་ཚོ་ལ་ཡོ་སེབ་ཀྱི་རྩོག་རྩེ་ནས་ཁ་ཟས་བགོས་པ་དང་། བྷེན་ཡ་མིན་ལ་སྐལ་བ་ལྔ་ལྡབ་སྤྲད་དོ། དེ་ལྟར་ཁོང་ཚོ་ཡོ་སེབ་དང་མཉམ་དུ་ཟ་བ་དང་རྒུན་ཆང་འཐུང་ཞིང་སྐྱིད་པོ་བྱས་སོ༎

བཀོད་པ 44

ཕོར་པ་བརླག་པ།

1ཡོ་སེབ་ཀྱིས་རང་གི་ཁང་པའི་གཡོག་པོ་གཙོ་བོ་ལ། མི་འདི་ཚོའི་ཕད་གོག་ནང་འབྲུ་ཚད་མེད་རྒྱོངས་ཤིག་དང་། འབྲུའི་རིན་དངུལ་དེའང་སོ་སོའི་ཕད་གོག་ཁར་བཞོག་ཅིག 2ངའི་དངུལ་གྱི་ཕོར་པ་དེ་བུ་ཆུང་ཤོས་ཀྱི་ཕད་གོག་གི་སྟེང་དངུལ་དང་མཉམ་དུ་བཞོག་ཅིག ཁོང་གི་བཀའ་གནང་བ་བཞིན་ཁོས་བྱས་སོ། 3སྔ་དྲོ་ནམ་ལངས་པའི་རྗེས་སུ་ཁོང་ཚོ་རང་རང་གི་བོང་བུ་འཁྲིད་དེ་འགྲོར་བཅུག་གོ། 4ཁོང་ཚོ་གྲོང་ཁྱེར་ནས་ཐག་རིང་སླེབས་པའི་རྗེས་སུ། ཡོ་སེབ་ཀྱིས་རང་གི་གཡོག་པོ་གཙོ་བོ་ལ། ད་ཁོང་ཚོའི་རྗེས་སུ་མགྱོགས་པོ་སོང་ནས། ཁྱོད་ཚོས་བཟང་ལན་ངན་གྱིས་འཇལ་བ་དེ་གང་ཡིན་ནམ། 5ངའི་སྦྱིན་བདག་གི་དངུལ་གྱི་ཕོར་པ་དེ་ག་རེའི་དོན་དུ་བརྐུས་པ་ཡིན་ནམ། ཕོར་པ་དེའི་ནང་ཁོང་གི་བཞེས་པ་དང་མོ་རྒྱབ་པའི་ཆེད་དུ་བེད་སྤྱོད་གནང་ངོ་། ཕོར་པ་འདི་བརྐུས་པ་ནི་ཁྱོད་ཚོས་ཉེས་པ་ཆེན་པོ་ཞིག་བྱེད་པ་ཡིན་ནོ་ཞེས་ལབ་ཅིག་ཟེར་སྨྲས་སོ། 6དེ་ནས་གཡོག་པོ་གཙོ་བོས་ཁོ་ཚོའི་རྗེས་ཟིན་པ་དང་ཡོ་སེབ་ཀྱིས་གང་བསླབ་པ་ལྟར་སྨྲས་པས། 7ཁོང་ཚོས་ཁོང་ལ། ཁྱེད་ཀྱི་ག་རེའི་བཤད་པ་དེ་ང་ཚོས་མི་ཤེས། དེ་ལྟ་བུའི་ལས་ངན་གང་ཡང་བྱས་མེད། 8ང་ཚོའི་ཕད་གོག་ནང་ནས་ཐོབ་པའི་དངུལ་དེ་ཡུལ་ཀ་ནན་ནས་ཕྱིར་ལོག་འཁྱེར་ཡོང་བ་ཡིན། ད་ང་ཚོའི་སྦྱི་བདག་གི་ཁང་པ་ནས་གསེར་རམ་དངུལ་ཅི་ཕྱིར་བརྐུས་བསམ། 9གལ་ཏེ་ང་ཚོ་ལས་མི་གཅིག་གིས་བརྐུས་ཡོད་ན་ཁོ་ཤི་དགོས། ང་ཚོ་ཚང་མ་ཁྱེད་ཀྱི་བྲན་གཡོག་བྱེད་པར་བྱ་ཞེས་ཞུས་སོ། 10ཁོང་གིས་སྨྲས་པ། ཁྱོད་ཚོས་ལབ་པ་བཞིན་ངས་བྱེད་ཀྱི་ཡིན། སུས་བརྐུས་ཡོད་ན་ཁོ་ངའི་བྲན་གཡོག་ཏུ་འགྱུར་རོ། ཁྱོད་ཚོ་གཞན་ཚོར་ཉེས་སྐྱོན་མི་ཡོང་། 11དེ་ནས་ཁོང་ཚོས་མགྱོགས་པོ་རང་གི་ཕད་གོག་ས་རུ་ཕབ་ནས་བཀྲོལ་བ་དང་། 12གཡོག་པོ་གཙོ་བོ་དེས་བུ་རྒན་ཤོས་ནས་ཆུང་ཤོས་བར་གྱི་ཕད་གོག་རྣམས་བཀྲོལ་ནས་བཙལ་བས། ཕོར་པ་དེ་བྷེན་ཡ་མིན་གྱི་ཕད་གོག་ནང་ནས་ཐོབ་བོ། 13དེ་ནས་ཨ་ཇོ་རྣམས་སེམས་སྡུག་ཅིང་གོས་རྣམས་ཧྲལ་ནས་རང་རང་གི་ཕད་གོག་བོང་བུར་བཀལ་ནས་གྲོང་ཁྱེར་དུ་ཕྱིར་ལོག་གོ། 14ཡ་ཧུ་དཱ་ནི་རང་གི་སྤུན་རྣམས་དང་མཉམ་དུ་ཡོ་སེབ་ཀྱི་ཁང་པར་སོང་ནས། ཁོང་དེ་ག་རང་བཞུགས་ཡོད་པ་དང་། དེ་ཚོས་ཁོང་ལ་མགོ་སྒུར་ནས་ཕྱག་ཚལ་ལོ། 15ཡོ་སེབ་ཀྱིས་ཁོང་ཚོར། ཁྱོད་ཚོས་བྱས་པའི་ལས་འདི་གང་ཡིན། ང་ལྟ་བུའི་མི་ཞིག་གིས་མངོན་ཤེས་ཀྱི་ཁྱོད་ཚོའི་སྐོར་ལ་བརྟག་དསྤྱད་བྱེད་ཐུབ་པར་ཁྱོད་ཚོས་མི་ཤེས་སམ་སྨྲས་སོ། 16ཡ་ཧུ་དཱས་ཞུས་པ། ད་ཁྱེད་ལ་ཇི་ལྟར་ལན་རྒྱབ་ནུས། ང་ཚོས་མ་བརྐུས་ཞུས་ནའང་མི་ཕན། ང་ཚོའི་ཉེས་སྐྱོན་དེ་དཀོན་མཆོག་གི་མངོན་པར་མཛད་དོ། སུའི་ནང་ནས་ཕོར་པ་ཐོན་པ་ཁོ་དང་ངེད་རྣམས་ཀྱང་ཁྱེད་ཀྱི་བྲན་གཡོག་དུ་འགྱུར་རོ། 17འོན་ཀྱང་ཡོ་སེབ་ཀྱིས། ང་ནི་དེ་འདྲའི་ལས་ནམ་ཡང་བྱས་མི་ཡོང་། སུའི་ལག་ནས་ཕོར་པ་ཐོབ་པ་དེ་གཅིག་པོ་ངའི་བྲན་གཡོག་བྱེད་དགོས་སོ། ལྷག་འཕྲོས་ཁྱོད་ཚོ་ནི་ཕའི་རྩར་ཞི་བདེའི་ངང་སོང་ཞིག།

ཡ་ཧུ་དཱས་བྷེན་ཡ་མིན་གྱི་ཆེད་དུ་ཞུ་བ་འབུལ་བ།

18དེ་ནས་ཡ་ཧུ་དཱ་ཡོ་སེབ་ཀྱི་རྩར་ཡོང་ནས་ཞུས་པ། གཙོ་བོ་ལགས། ཁྱེད་ནི་རྒྱལ་པོ་ལྟར་ཡིན་པས། ང་མཉམ་དུ་ཐུགས་མ་ཁྲོ་བར་ཞུ་བ་གཅིག་པུ་དེ་གསན་པར་མཛོད། 19ཁྱེད་ཀྱི་ང་ཚོ་ལ་རང་གི་ཕ་དང་སྤུན་ཆུང་གྱི་སྐོར་ལ་འདྲི་བ་གནང་བས། 20ང་ཚོ་ལ་ཕ་རྒན་ཞིག་ཡོད། ཁོང་རྒས་པའི་དུས་སུ་སྐྱེས་པའི་བུ་ཞིག་ཡོད་ཅེས་དང་། བུ་དེའི་ཨ་ཇོ་གྲོངས་ཚར་བས། བུ་འདིའི་ཡུམ་གྱི་ཕྲུ་གུ་འདི་ལས་མེད་པས་རྐྱེན་ཁོའི་ཡབ་ཀྱིས་ཁོ་ལ་ཤིན་ཏུ་གཅེས་པར་གནང་ངོ་། 21ཁྱེད་ཀྱི་ཁོ་ལ་གཟིགས་འདོད་ཡོད་པའི་རྐྱེན་གྱིས་འདིར་འཁྲིད་ཡོང་བའི་བཀའ་གནང་བ་དང་། 22བུ་འདི་ནི་རང་གི་ཕ་དང་བྲལ་མི་ཐུབ། གལ་སྲིད་བྲལ་ན་ཕ་དེ་གསོན་པོར་གནས་མི་ཐུབ་བོ་ཞེས་ང་ཚོས་སྨྲས་པ་ཡིན། 23འོན་ཀྱང་བུ་དེ་འཁྲིད་མ་ཡོང་ན་ང་ཚོ་ཁྱེད་ཀྱི་ཞལ་མཇལ་མི་ཐུབ་ཅེས་བཀའ་གནང་བས། 24ང་ཚོ་ཕའི་རྩར་ལོག་ནས་ཁྱེད་ཀྱི་གང་གསུངས་པ་དེ་ཁོང་ལ་བཤད་པ་ཡིན། 25དེ་ནས་ཁོང་གིས་ང་ཚོར་ཁ་ཟས་ཉོ་ཕྱིར་འགྲོ་བར་བཀའ་གནང་ངོ་། 26དེའི་སྐབས་ང་ཚོས་དེ་ལྟར་ལབ་པ་ཡིན། སྤུན་ཆུང་ཤོས་ང་ཚོ་དང་མཉམ་དུ་སོང་ན་ང་ཚོ་མི་འདིའི་མདུན་དུ་སླེབས་ཐུབ་ཡོང་། ང་ཚོའི་སྤུན་ཆུང་ཤོས་དེ་ང་ཚོ་མཉམ་དུ་མ་སོང་ན་ང་ཚོ་འགྲོ་གི་མིན། 27ང་ཚོའི་ཕ་ཡིས་ངེད་རྣམས་ལ། ངའི་ཆུང་མ་ར་ཧེལ་ལ་བུ་གཉིས་སྐྱེས་པ་དེ་ཁྱོད་ཚོས་ཤེས་པས། 28བུ་གཅིག་ནི་ང་ནས་བྲལ་སོང་། ཁོ་ལ་ནགས་ཀྱི་གཅན་གཟན་གྱི་དུམ་བུར་ཧྲལ་ཡོད་སྲིད་དོ། གང་ལ་ཟེར་ན། ཁོ་ང་ནས་བྲལ་བ་ནས་བཟུང་ནམ་ཡང་མཐོང་མ་བྱུང་། 29ད་བུ་དེ་ལ་ཡང་ཁྱོད་ཚོས་འཁྲིད་དེ་ཁོ་ལ་རྐྱེན་ཞིག་བྱུང་བ་ཡིན་ན། དེའི་སྡུག་བསྔལ་གྱིས་ང་ལྟ་བུའི་མི་རྒས་པོ་ཞིག་ཤི་བར་འགྱུར་ཞེས་གསུངས་སོ། 30-31ཡ་ཧུ་དཱས་མུ་མཐུད་ནས། ང་ནི་བུ་འདི་མེད་པར་ཕའི་རྩར་ལོག་པ་ཡིན་ན། བུ་དེ་ང་དང་མཉམ་དུ་མེད་པ་མཐོང་མ་ཐག་ཏུ་ཕ་ཤི་ཡོང་། གང་ལ་ཞེ་ན། ངའི་ཕ་དང་བུ་དེ་སྲོག་གཅིག་ཡིན། ཁོང་ནི་ཧ་ཅང་རྒས་པོ་ཡིན་པས་སྡུག་བསྔལ་གྱི་རྐྱེན་གྱིས་ཁོང་ཤི་བར་འགྱུར། 32བུ་འདི་ཕྱིར་ལོག་འཁྲིད་ཡོང་བ་ལ་ངས་ཁས་ལེན་ཞུས་ཡོད། གལ་ཏེ་ཁོ་ཕའི་རྩར་ཕྱིར་ལོག་འཁྲིད་མ་ཐུབ་ན་དེའི་ཉེས་སྐྱོན་དེ་ངའི་མི་ཚེ་གང་འཁུར་བ་ལ་མནའ་སྐྱེལ་ཡོད། 33གཙོ་བོ་ལགས། བུ་འདིའི་ཚབ་ཏུ་ང་ཁྱེད་ཀྱི་བྲན་གཡོག་ཏུ་བསྡད་ཀྱི་ཡིན། ཁོ་ལ་རང་གི་ཨ་ཇོ་ཚོ་དང་མཉམ་དུ་འགྲོ་འཇུག་རོགས་གནང་། 34ཁོ་མེད་པར་ང་ཕའི་རྩར་ཇི་ལྟར་ལོག་ཐུབ་བམ། ངས་ཕ་ལ་སྡུག་བསྔལ་བྱུང་བ་དེ་མཐོང་བར་ང་མི་ནུས་སོ་ཞེས་ཞུས་སོ༎

བཀོད་པ 45

ཡོ་སེབ་ཀྱིས་རང་ཉིད་སུ་ཡིན་པའི་སྐོར་བཤད་པ།

1དེ་ནས་ཡོ་སེབ་རང་གི་སེམས་བཟོད་མི་ཐུབ་པ་བྱུང་བས་གཡོག་པོ་ཚང་མ་ཕྱི་རུ་འགྲོ་བར་བཀའ་གནང་ངོ་། ཁོང་སུ་ཡིན་པ་དེ་སྤུན་རྣམས་ལ་བཤད་པའི་དུས་སུ་དེར་མི་གཞན་སུ་ཡང་མེད་དོ། 2ཁོང་གི་སྐད་ཆེན་པོའི་ངུས་པས་ཨི་ཇིབ་པ་རྣམས་ཀྱི་ཐོས་པ་དང་། གནས་ཚུལ་དེ་རྒྱལ་པོའི་ཕོ་བྲང་དུ་ཡང་སླེབས་སོ། 3ཡོ་སེབ་ཀྱིས་རང་གི་སྤུན་རྣམས་ལ། ང་ནི་ཡོ་སེབ་ཡིན། ངའི་ཡབ་ད་དུང་གསོན་པོར་བཞུགས་ཡོད་དམ་ཞེས་དྲིས་པ་དང་། དེ་ཐོས་ནས་སྤུན་རྣམས་འཇིགས་ཏེ་ལན་གང་ཡང་ཞུ་མ་ཐུབ་པས། 4ཡོ་སེབ་ཀྱིས་སྤུན་རྣམས་ལ། ངའི་ཉེ་བར་ཤོག་ཅིག་ཅེས་ལབ་པ་དང་། ཁོང་ཚོ་ཉེ་བར་ཡོང་བ་དང་ཁོང་གིས་སྤུན་རྣམས་ལ། ཨི་ཇིབ་ནང་ཁྱོད་ཚོས་བཙོང་པའི་སྤུན་ཡོ་སེབ་ནི་ང་ཡིན། 5ཁྱོད་ཚོས་ང་ལ་བཙོང་པ་ཡིན་ཟེར་སེམས་ཁྲལ་དང་རང་ཉིད་ལ་ཉེས་ཅན་མ་བརྩིས་ཤིག གང་ལ་ཟེར་ན། མི་མང་གི་སྲོག་སྐྱོབ་པའི་ཕྱིར་དཀོན་མཆོག་གིས་ང་ཁྱོད་ཚོའི་སྔོན་དུ་ས་གནས་འདིར་བཏང་གནང་ངོ་། 6ད་ལྟ་ཡུལ་ནང་དུ་མུ་གེ་བྱུང་བའི་ལོ་གཉིས་པ་ཡིན་པས། ད་དུང་ལོ་ལྔ་བར་ཞིང་རྨོ་བ་དང་ལོ་ཐོག་ཡང་སྐྱེས་མི་ཡོང་། 7ཁྱོད་ཚོ་དང་ཁྱོད་ཚོའི་རིགས་བརྒྱུད་རྣམས་མ་ཤི་བར་འཚོ་ཐུབ་པའི་ཕྱིར་དཀོན་མཆོག་གིས་ང་ལ་ཁྱོད་ཚོའི་སྔོན་དུ་ས་གནས་འདིར་བཏང་གནང་ངོ་། 8དེའི་ཕྱིར་ང་ལ་འདི་རུ་བཏང་མཁན་ནི་ཁྱོད་ཚོ་མ་ཡིན་པས་དཀོན་མཆོག་རང་ཉིད་ཡིན་ནོ། ཁོང་གིས་ང་ལ་རྒྱལ་པོའི་ཕོ་བྲང་གི་ལས་བྱེད་པ་ཆེ་ཤོས་དང་། ཡུལ་ཡོངས་ཀྱི་འགོ་འཛིན་དང་ཨི་ཇིབ་ཀྱི་མངའ་བདག་ཏུ་འགྱུར་བཅུག་པ་གནང་ངོ་། 9ད་ངའི་ཕ་ཡི་རྩར་མྱུར་དུ་ལོག་ནས་འདི་ལྟར་སྨྲོས་ཤིག ཁྱེད་ཀྱི་བུ་ཡོ་སེབ་ལ་དཀོན་མཆོག་གིས་ཨི་ཇིབ་ཚང་མའི་མངའ་བདག་ཏུ་འགྱུར་བཅུག་པ་གནང་བས་མ་འགོར་བར་ངའི་རྩར་ཕེབས་ཤིག 10ཡུལ་གྷོ་ཤེན་ནང་ཁྱེད་དང་ཁྱེད་ཀྱི་ཕྲུ་གུ་རྣམས་དང་། ཚ་བོ་ཚ་མོ་རྣམས་དང་། ར་ལུག་དང་བ་ཕྱུགས་སོགས་དང་ཁྱེད་ལ་ཡོད་པ་ཚང་མ་ངའི་ཉེ་བར་གནས་ཐུབ། 11ད་དུང་མུ་གེ་ལོ་ལྔ་ཡོད་པས། གལ་སྲིད་ཡུལ་གྷོ་ཤེན་ནང་གནས་ན་ངས་ཁྱེད་ལ་ཞབས་ཕྱི་ཞུ་ཐུབ། ཁྱེད་དང་ཁྱེད་ཀྱི་ནང་མི་དང་ཁྱེད་མཉམ་དུ་ཡོད་པ་ཚང་མ་ལྟོགས་པར་ལུས་པ་ངས་མི་འདོད་དོ། 12ཡོ་སེབ་ཀྱིས་མུ་མཐུད་ནས་ང་ཡོ་སེབ་ཡིན་པ་དེ་ཁྱོད་ཚོ་ཚང་མ་དང་བྷེན་ཡ་མིན་ཁྱོད་ཀྱིས་ཀྱང་མཐོང་ཡོད། 13ཨི་ཇིབ་ནང་ང་ལ་དབང་ཆེན་པོ་ཡོད་པའི་སྐོར་དང་། ཁྱོད་ཚོས་གང་མཐོང་ཡོད་པའི་སྐོར་ཕ་ལ་བཤད་དེ་ཁོང་ལ་མྱུར་དུ་འདིར་འཁྲིད་ཤོག་ཅེས་སྨྲས་སོ། 14དེ་ནས་ཁོང་གིས་སྤུན་བྷེན་ཡ་མིན་ལ་འཁྱུད་ཅིང་ངུས་པ་དང་། བྷེན་ཡ་མིན་ཡང་ཁོང་ལ་འཁྱུད་དེ་ངུས་སོ། 15དེ་རྗེས་སུ་ཁོང་ངུས་ནས་སྤུན་ཚང་མར་ཁ་སྐྱེལ་ལོ། དེའི་རྗེས་སུ་ཁོང་ཚོ་ཚང་མས་སྐད་ཆ་ཤོད་འགོ་ཚུགས་སོ། 16རྒྱལ་པོའི་ཕོ་བྲང་ནང་གང་བྱུང་བའི་སྐོར་གནས་ཚུལ་འབྱོར་བ་དང་རྒྱལ་པོ་དང་ཁོང་གི་ལས་བྱེད་པ་རྣམས་ཤིན་ཏུ་དགའོ། 17རྒྱལ་པོས་ཡོ་སེབ་ལ། ཁྱོད་ཀྱི་སྤུན་རྣམས་ཀྱི་སེམས་ཅན་ལ་ཁལ་བཀལ་ནས་ཀ་ནན་དུ་ཕྱིར་ལོག་གཏོང་ཞིག་དང་། 18ཁྱོད་ཀྱི་ཕ་དང་ནང་མི་རྣམས་འཁྲིད་དེ་འདིར་ཡོང་དགོས་ཤེས་སྨྲོས་ཤིག། ཨི་ཇིབ་ནང་ཡོད་པའི་ས་གནས་ཡག་ཤོས་དེ་ངས་ཁོང་ཚོ་ལ་སྟེར་རྒྱུ་ཡིན་པ་དང་། འཚོ་བ་སྐྱོང་ཕྱིར་ཁོང་ཚོ་ལ་སྟོན་ཐོག་འབེལ་པོ་ཡོང་བར་འགྱུར། 19དེ་ཚོའི་ཆུང་མ་ཚོ་དང་ཕྲུ་གུ་རྣམས་དང་ཕ་ལ་མཉམ་དུ་འཁྲིད་ཡོང་བའི་ཕྱིར་ཨི་ཇིབ་ནས་ཤིང་རྟ་རྣམས་འཁྱེར་ནས་འགྲོ་བཅུག་ཅིག 20ཡུལ་ཀ་ནན་ནང་དུ་ཡོད་པའི་ནོར་རྫས་རྣམས་མཉམ་དུ་འཁྱེར་ཡོང་མ་ཐུབ་ནའང་དེ་ཚོས་སེམས་འཁྲལ་བྱེད་མི་དགོས། གང་ལ་ཟེར་ན། ཨི་ཇིབ་ཀྱི་ས་གནས་ཡག་ཤོས་དེ་དེ་ཚོས་ཐོབ་པར་བྱའོ་ཞེས་སྨྲས་སོ། 21ཡ་ཀོབ་ཀྱིས་བུ་རྣམས་ཀྱིས་དེ་ལྟར་བྱས་ཏེ། རྒྱལ་པོས་གསུངས་པ་བཞིན་དུ་ཡོ་སེབ་ཀྱིས་ཤིང་རྟ་རྣམས་དང་ལམ་རྒྱགས་བཏང་ངོ་། 22ཚང་མར་གོས་ཆ་ཚང་རེ་རེར་གནང་བ་དང་། བྷེན་ཡ་མིན་ལ་དངུལ་ཊམ་ ༣༠༠ དང་གོས་ཆ་ཆང་ལྔ་གནང་ངོ་། 23ཁོང་གིས་ཕ་ཡི་ཕྱིར་ཨི་ཇིབ་པའི་བཟང་ནོར་བཀལ་བའི་བོང་བུ་བཅུ་དང་། འབྲུ་དང་། བག་ལེབ་དང་། ལམ་རྒྱགས་བཀལ་བའི་བོང་བུ་བཅུ་ ལ་བསྐུར་རོ། 24དེ་ལྟར་ཁོང་གིས་སྤུན་རྣམས་ལ་འགྲོར་བཅུག་ནས། ཁྱོད་ཚོ་ལམ་དུ་རྩོད་པ་མ་རྒྱབ་པར་སོང་ཞིག་ཅེས་སྨྲས་སོ། 25དེ་ནས་ཁོང་ཚོ་ཨི་ཇིབ་ནས་ཐོན་པ་དང་། ཡུལ་ཀ་ནན་དུ་ཕ་ཡ་ཀོབ་ཀྱི་རྩར་སོང་ངོ་། 26ཁོང་ཚོས་ཕ་ལ། ཡོ་སེབ་ནི་གསོན་པོ་འདུག། ཁོང་ནི་ཨི་ཇིབ་ཡོངས་ཀྱི་མངའ་བདག་ཡིན་ཞེས་བཤད་པས། ཡ་ཀོབ་ཧོན་ཐོར་ནས་ཡིད་ཆེས་བྱེད་མ་ཐུབ་བོ། 27འོན་ཀྱང་ཁོང་ཚོས་ཡོ་སེབ་ཀྱིས་སྨྲས་པའི་གཏམ་ཚང་མ་ཕ་ལ་བཤད་པ་དང་། ཁོང་བཞོན་པའི་ཕྱིར་ཡོ་སེབ་ཀྱིས་བསྐུར་བའི་ཤིང་རྟ་རྣམས་མཐོང་ནས། ཡ་ཀོབ་དྲན་སོས་པར་འགྱུར་ཏོ། 28ཡ་ཀོབ་ཀྱིས། ངའི་བུ་ཡོ་སེབ་ད་བར་གསོན་པོ་ཡོད་པ་དེ་ལས་ལྷག་པ་ང་ལ་གང་ཡང་མི་དགོས། ང་ཕྱིན་ནས་ཤི་བའི་སྔོན་དུ་ཁོའི་ངོ་མདོང་བལྟ་རྒྱུ་ཡིན་ཞེས་སྨྲས་སོ༎

བཀོད་པ 46

ཡ་ཀོབ་དང་ཁོང་གི་ནང་མི་རྣམས་ཨི་ཇིབ་དུ་འགྲོ་བ།

1ཡ་ཀོབ་ཀྱིས་རང་དང་མཉམ་དུ་གང་ཡོད་པ་ཚང་མ་འཁྱེར་ནས་འགྲུལ་སྐྱོད་བྱེད་དོ། བྷིར་ཤེ་བྷ་རུ་བསླེབས་ཚར་ནས་ཁོང་གིས་རང་གི་ཕ་ཨི་སཱག་གི་དཀོན་མཆོག་ལ་དམར་མཆོད་ཕུལ་ལོ། 2མཚན་མོའི་དུས་སུ་དཀོན་མཆོག་གིས་ཞལ་གཟིགས་ཀྱི་ནང་ཡ་ཀོབ། ཡ་ཀོབ་ཞེས་འབོད་པ་དང་། ཡ་ཀོབ་ཀྱི་ལན་དུ། ང་འདི་རུ་ཡོད་ཞུས་སོ། 3དེ་ནས་དཀོན་མཆོག་གིས་ཁོང་ལ། ང་དཀོན་མཆོག། ཁྱོད་ཀྱི་ཕའི་དཀོན་མཆོག་ཡིན། ཁྱོད་ཨི་ཇིབ་དུ་འགྲོ་བར་མ་འཇིགས་ཤིག། ངས་དེ་རུ་ཁྱོད་ཀྱི་བུ་བརྒྱུད་རྣམས་མི་རིགས་ཆེན་པོ་ཞིག་བཟོ་བར་བྱའོ། 4ང་ཁྱོད་དང་མཉམ་དུ་ཨི་ཇིབ་དུ་འགྲོ་རྒྱུ་ཡིན་པ་དང་། ཁྱོད་ཀྱི་མི་བརྒྱུད་རྣམས་ལ་ཡུལ་འདིར་ཕྱིར་སློག་འཁྲིད་པར་བྱའོ། ཁྱོད་ཤི་བའི་དུས་སུ་ཡོ་སེབ་ཁྱོད་དང་མཉམ་དུ་ཡོད་པར་འགྱུར་ཞེས་གསུངས་སོ། 5དེའི་རྗེས་སུ་ཡ་ཀོབ་བྷིར་ཤེ་བྷ་ནས་ཐོན་ནོ། ཁོང་གི་བུ་རྣམས་ཀྱིས་ཨི་ཇིབ་ཀྱི་རྒྱལ་པོས་བཏང་བའི་ཤིང་རྟ་རྣམས་ལ་རང་གི་ཕ་དང་ཕྲུ་གུ་ཆུང་ཆུང་རྣམས་དང་། ཆུང་མ་རྣམས་ལ་བཞོན་བཅུག་གོ། 6ཡུལ་ཀ་ནན་དུ་གསོག་འཇོག་བྱེད་པའི་ཕྱུགས་ཟོག་དང་ནོར་རྫས་རྣམས་མཉམ་དུ་འཁྱེར་ནས་ཨི་ཇིབ་དུ་ཕྱིན་ནོ། ཡ་ཀོབ་ཀྱིས་རང་གི་རིགས་བརྒྱུད་ཚང་མ་མཉམ་དུ་འཁྲིད་དོ། 7ཁོང་གི་བུ་ཕྲུག་རྣམས་དང་ཚ་བོ་ཚ་མོ་རྣམས་དང་བཅས་པ་ཚང་མ་ཨི་ཇིབ་དུ་མཉམ་དུ་འཁྲིད་དོ། 8ཡ་ཀོབ་དང་མཉམ་དུ་ཨི་ཇིབ་དུ་འགྲོ་མཁན་ཚང་མ་འདི་ཚོ་ཡིན་ནོ། ཁོང་གི་བུ་རྒན་ཤོས་རུ་བྷེན་དང་། 9རུ་བྷེན་གྱི་བུ་རྣམས་ནི་ཧ་ནོག། པལ་ལུ། ཧེཛ་རོན་དང་ཀར་མི། 10སིམ་ཨོན་དང་ཁོའི་བུ་རྣམས་ནི་ཡེ་མུ་ཨེལ། ཡ་མིན། ཨོ་ཧད། ཡ་ཀིན། ཛོ་ཧར་དང་ཀ་ནན་པའི་བུད་མེད་ཀྱི་བུ་ཤ་ཨུལ། 11ལེ་ཝི་དང་ཁོའི་བུ་རྣམས་ནི་གྷེར་ཤོན། ཀོ་ཧད་དང་མེ་ར་རི། 12ཡ་ཧུ་དཱ་དང་ཁོའི་བུ་རྣམས་ནི་ཤེ་ལཱ། པེ་རེཛ་དང་ཛེ་རཱ་དང་། ཡ་ཧུ་དཱའི་བུ་གཞན་རྣམས་ནི་ཨེར་དང་ཨོ་ནན་ནི་ཡུལ་ཀ་ནན་དུ་གྲོངས་ཚར་ཡོད་པ་ཡིན་ནོ། པེ་རེཛ་ཀྱི་བུ་རྣམས་ནི་ཧེཛ་རོན་དང་ཧ་མུལ། 13ཨི་ས་ཀར་དང་ཁོའི་བུ་རྣམས་ནི་ཏོ་ལ། པུ་ཨ། ཡ་ཤུབ་དང་ཤིམ་རོན། 14ཛེ་བུ་ལུན་དང་ཁོའི་བུ་རྣམས་ནི་སེ་རེད། ཨེ་ལོན་དང་ཡ་ལིལ། 15དེ་ཚོ་ནི་ལེ་ཨས་མེ་སོ་པོ་ཊ་མི་ཡ་རུ་སྐྱེས་པའི་བུ་རྣམས་ཡིན། བུ་མོ་དྷི་ནཱའང་ལེ་ཨ་ལས་སྐྱེས་སོ། ལེ་ཨ་ལས་བྱུང་བའི་ཡ་ཀོབ་ཀྱི་རིགས་བརྒྱུད་ཚོའི་གྲངས་ནི་གསུམ་བཅུ་སོ་གསུམ་ཡིན་ནོ། 16གྷཌ་དང་ཁོའི་བུ་རྣམས་ནི་ཛེ་ཕོན། ཧག་གི། ཤུ་ནི། ཨེཛ་བྷོན། ཨེ་རི། ཨ་རོད་དང་ཨ་རེ་ལི། 17ཨ་ཤེར་དང་ཁོའི་བུ་རྣམས་ནི་ཨེམ་ནཱ། ཨིཤ་ཝ། ཨིཤ་ཝི། བྷེ་རི་ཡཱ་དང་དེ་ཚོའི་སྲིང་མོ་སེ་རཱ། བྷེ་རི་ཡཱའི་བུ་རྣམས་ནི་ཧེ་བྷེར་དང་མལ་ཀི་ཨེལ་ཡིན་ནོ། 18དེ་ཚོ་ནི་ལ་བན་གྱིས་རང་གི་བུ་མོ་ལེ་ཨ་དང་མཉམ་དུ་བཏང་བའི་བྲན་མོ་ཛིལ་པཱ་ལས་བྱུང་བའི་ཡ་ཀོབ་ཀྱི་རིགས་བརྒྱུད་བཅུ་དྲུག་རྣམས་དེ་ཚོ་ཡིན། 19ཡ་ཀོབ་ཀྱི་ཆུང་མ་ར་ཧེལ་ལས་བུ་གཉིས་སྐྱེས་པས། དེ་གཉིས་ནི་ཡོ་སེབ་དང་བྷེན་ཡ་མིན་ཡིན་ནོ། 20ཡོ་སེབ་ལ་ཨི་ཇིབ་དུ་ཧེ་ལི་ཨོ་པོ་ལིསེ་ཡུལ་གྱི་བླ་མ་པོ་ཏི་ཕེ་ར་གྱི་བུ་མོ་ཨ་སི་ནད་ནས་སྐྱེས་པའི་བུ་གཉིས་ནི་མ་ནསེ་སཱེ་དང་ཨེཕ་ར་ཡིམ་ཡིན་ནོ། 21བྷེན་ཡ་མིན་གྱི་བུ་རྣམས་ནི་བེ་ལ། བྷེ་ཀེར། ཨཤ་བྷེལ། གྷེ་ར། ན་མན། ཨེ་ཧི། རོཤེ། མུ་པིམ། ཧུ་པིམ་དང་ཨ་རད། 22དེ་ཚོ་ནི་ཡ་ཀོབ་ཀྱི་ཆུང་མ་ར་ཧེལ་ལས་བྱུང་བའི་རིགས་བརྒྱུད་བཅུ་བཞི་ཡིན། 23དཱན་དང་ཁོའི་བུ་ཧུ་ཤིམ། 24ནཕ་ཏ་ལི་དང་ཁོའི་བུ་ཡཱ་ཛིལ། གྷུ་ནི། ཡེ་ཛེར་དང་། ཤི་ལེམ། 25དེ་ཚོ་བདུན་ནི། ལ་བན་གྱི་རང་གི་བུ་མོ་ར་ཧེལ་མཉམ་དུ་བཏང་བའི་བྲན་མོ་བྷིལ་ཧཱ་ལས་སྐྱེས་པའི་ཡ་ཀོབ་ཀྱི་རིགས་བརྒྱུད་རྣམས་ཡིན་ནོ། 26ཡ་ཀོབ་ཀྱི་བུའི་ཆུང་མ་རྣམས་མ་རྩིས་པས། ཁོང་དང་མཉམ་དུ་ཨི་ཇིབ་དུ་འགྲོ་མཁན་ཁོང་གི་རང་གི་རིགས་བརྒྱུད་རྣམས་བསྡོམས་བཅུ་དྲུག་ཡིན་ནོ། 27ཨི་ཇིབ་དུ་ཡོ་སེབ་ལ་བུ་གཉིས་བྱུང་བ་དང་། ཡ་ཀོབ་དང་མཉམ་དུ་ཡོང་མཁན་ཚང་མ་བསྡོམས་ནས་བདུན་བཅུ་ཐམ་པ་བྱུང་ངོ་༎

ཡ་ཀོབ་དང་ནང་མི་ཚང་མ་ཨི་ཇིབ་དུ་བསླེབས་པ།

28གྷོ་ཤེན་དུ་ང་ལ་འཕྲད་པར་ཤོག་ཟེར་གནས་ཚུལ་བཏང་བར་ཡ་ཀོབ་ཀྱིས་རང་གི་སྔོན་དུ་ཡ་ཧུ་དཱ་ལ་ཡོ་སེབ་ཀྱི་རྩར་བཏང་ངོ་། དེ་ཚོ་ཚང་མ་གྷོ་ཤེན་དུ་སླེབས་པའི་རྗེས་སུ། 29ཡོ་སེབ་རང་གི་ཤིང་རྟ་བཞོན་ནས་ཕ་ཡ་ཀོབ་ལ་འཕྲད་པར་གྷོ་ཤེན་དུ་སོང་ངོ་། ས་གནས་དེར་ཁོང་ལ་མཇལ་ནས་ཡོ་སེབ་ཀྱིས་ཕ་ལ་འཁྱུད་ཅིང་ཡུན་རིང་པོར་ངུས་སོ། 30ཡ་ཀོབ་ཀྱིས་ཡོ་སེབ་ལ། ད་ངས་ཁྱོད་ཀྱི་ངོ་གདོང་མཐོང་ཐུབ་པ་བྱུང་བ་དང་། ཁྱོད་གསོན་པོ་ཡིན་པ་ངས་ཤེས་བྱུང་། ད་ང་ཞི་བའི་སྒོ་ནས་ཤི་བར་གྲ་སྒྲིག་ཡོད་ཅེས་སྨྲས་སོ། 31དེ་ནས་ཡོ་སེབ་ཀྱིས་རང་གི་སྤུན་རྣམས་དང་ཕ་དང་མཉམ་དུ་ཡོད་པའི་ནང་མི་རྣམས་ལ། ད་ང་སོང་ནས་ངའི་སྤུན་ཐམས་ཅད་དང་ཕ་ཡི་ནང་མི་རྣམས་ཡུལ་ཀ་ནན་ནས་ངའི་རྩར་སླེབས་ཡོད་ཅེས་རྒྱལ་པོ་ལ་སྙན་སེང་ཞུ་དགོས། 32ཁྱོད་ཚོ་ཚང་མ་ནི་ལུག་རྫི་ཡིན་པ་དང། ལུག་ཕྱུགས་སོགས་ཁྱོད་ཚོས་འཁྲིད་འདུག་ཅེས་ངས་རྒྱལ་པོ་ལ་ཞུ་གི་ཡིན། 33རྒྱལ་པོས་ཁྱོད་ཚོར་འབོད་ནས་ཁྱོད་ཚོའི་ལས་འགན་གང་ཡིན་པའི་སྐོར་བཀའ་འདྲི་མཛད་ན། 34ཁྱོད་ཚོས་མི་ཚེ་གང་ལུག་རྫི་བྱས་པ་དང་། དེ་ལྟར་ཁྱོད་ཚོའི་ཕ་མེས་ཀྱང་དེ་བཞིན་བྱས་པ་ཡིན་ཞེས་ཞུས་ཤིག། དེ་ནས་རྒྱལ་པོས་ཁྱོད་ཚོ་ལ་གྷོ་ཤེན་ལྗོངས་སུ་གནས་པའི་བཀའ་གནང་བར་འགྱུར་ཞེས་སྨྲས་སོ། ཡོ་སེབ་ཀྱིས་དེ་ལྟར་ཁོང་ཚོ་ལ་ལབ་དགོས་པའི་རྒྱུ་མཚན་ནི་ཨི་ཇིབ་པ་ཚང་མས་ལུག་རྫི་པ་རྣམས་ལ་ཞེན་ལོག་བྱེད་ཀྱི་ཡོད་པ་ཡིན་ནོ༎

བཀོད་པ 47

1དེ་ནས་ཡོ་སེབ་ཀྱིས་རང་གི་སྤུན་ལྔ་རྣམས་འཁྲིད་དེ་རྒྱལ་པོའི་སྐུ་མདུན་དུ་ཕྱིན་ནས་ཁོང་ལ། ཡུལ་ཀ་ནན་ནས་ངའི་ཕ་དང་སྤུན་རྣམས་རང་རང་གི་ནོར་དང་ར་ལུག་དང་བ་གླང་ཚང་མ་འཁྲིད་ནས་བསླེབས་འདུག ད་ལྟ་ཁོང་ཚོ་གྷོ་ཤེན་ཞེས་པའི་ས་གནས་སུ་ཡོད་ཅེས་ཞུས་སོ། 2དེ་ནས་ཁོས་རང་གི་སྤུན་རྣམས་རྒྱལ་པོའི་མདུན་དུ་འཁྲིད་དོ། 3རྒྱལ་པོས་སྤུན་དེ་རྣམས་ལ། ཁྱོད་ཚོས་ནམ་རྒྱུན་ལས་ཀ་ག་རེ་བྱེད་དམ་ཞེས་དྲིས་པས། ཁོང་ཚོས། ང་ཚོའི་མེས་པོ་ལྟར་ང་ཚོའང་ལུག་རྫི་ཡིན་ཞུས་སོ། 4ང་ཚོ་ཡུལ་འདིར་ཡོང་དགོས་པའི་རྐྱེན་ནི། ཡུལ་ཀ་ནན་ནང་མུ་གེ་ཤིན་ཏུ་ཆེ་བས་ང་ཚོའི་ལུག་ཕྱུགས་ལ་ཟ་རྒྱུ་མེད་པས། ཁྱེད་ཀྱིས་ང་ཚོར་གྷོ་ཤེན་ཡུལ་དུ་གནས་སྡོད་བྱེད་ཆོག་པར་གནང་དུ་གསོལ་ཞུས་སོ། 5དེ་ནས་རྒྱལ་པོས་ཡོ་སེབ་ལ། ད་ཁྱོད་ཀྱི་ཕ་དང་སྤུན་རྣམས་ཁྱོད་རྩར་སླེབས་ཡོད་པས། 6ཨི་ཇིབ་ཡུལ་འདི་དེ་ཚོའིི་ཡིན་པས། ཨི་ཇིབ་གྱི་ས་གནས་བཟང་ཤོས་གྷོ་ཤེན་མངའ་ཁུལ་དུ་ཁྱོད་ཀྱི་ཕ་དང་སྤུན་རྣམས་གནས་སུ་བཅུག་ཅིག མི་འཇོན་པོ་འགའ་ཤས་ཡོད་ན་ངའི་ཕྱུགས་སྲོག་རྣམས་བལྟ་བའི་མི་བསྐོས་ཤིག་ཅེས་བཀའ་གནང་ངོ་། 7དེ་ནས་ཡོ་སེབ་ཀྱིས་ཕ་ཡ་ཀོབ་ལ་རྒྱལ་པོའི་སྐུ་མདུན་དུ་འཁྲིད་ནས། ཡ་ཀོབ་ཀྱིས་རྒྱལ་པོ་ལ་བྱིན་རླབས་གནང་ངོ་། 8རྒྱལ་པོས་ཡ་ཀོབ་ལ། ཁྱེད་ལོ་ཇི་ཙམ་ཡིན་དྲིས་པས། 9ཡ་ཀོབ་ཀྱིས། ང་ནི་ལོ་ ༡༣༠ ལོན་པ་ཡིན། མི་ཚེ་འདིའི་ནང་ང་ཕར་ཚུར་མང་པོ་རྒྱུ་བའི་རྐྱེན་སྡུག་བསྔལ་དང་དཀའ་ངལ་མང་པོ་མཐོང་བྱུང་། ངའི་མི་ཚེའི་ཚད་ནི་ངའི་མེས་པོ་རྣམས་ཀྱི་མི་ཚེའི་ཚད་ལས་ཐུང་བ་ཡིན་ཞེས་ཞུས་སོ། 10དེ་ནས་ཡ་ཀོབ་ཀྱིས་རྒྱལ་པོ་ལ་བྱིན་རླབས་གནང་སྟེ་རྒྱལ་པོའི་དྲུང་ནས་སོང་ངོ་། 11དེ་ནས་ཡོ་སེབ་ཀྱིས་རྒྱལ་པོས་བཀའ་གནང་བ་བཞིན་དུ་རང་གི་ཕ་དང་སྤུན་རྣམས་ལ། གནས་སྡོད་བྱེད་པའི་ཕྱིར་ཨི་ཇིབ་གྱི་རམ་སེསེ་བྱ་བའི་གྲོང་ཁྱེར་གྱི་ཉེ་འཁོར་དུ་ཡོད་པའི་ས་གནས་ཀུན་ལས་བཟང་ཤོས་དེ་གནང་ངོ་། 12དེ་ནས་ཡོ་སེབ་རང་གི་ཕ་དང་སྤུན་རྣམས་དང་། ཕ་ཡི་ཁང་པའི་ནང་མི་ཚང་མ་དང་ཕྲུ་གུ་ཆུང་ཆུང་དང་བཅས་པ་ལ་ཁ་ཟས་སྤྲད་ནས་གསོ་སྐྱོང་བྱས་སོ༎

མུ་གེ།

13མུ་གེ་ཤིན་ཏུ་ཆེ་བས་ཡུལ་ཚང་མའི་ནང་ཟ་རྒྱུ་གང་ཡང་མེད་དེ། ཨི་ཇིབ་དང་ཀ་ནན་ནང་གི་མི་ཚོ་ལུས་སྟོབས་ཉམས་པར་གྱུར་ཏོ། 14ཁོང་ཚོ་ལ་ཡོ་སེབ་ཀྱིས་འབྲུ་བཙོང་ཞིང་། དངུལ་ཚང་མ་བསྡུས་ནས་རྒྱལ་པོའི་ཕོ་བྲང་དུ་འཁྱེར་རོ། 15ཨི་ཇིབ་དང་ཀ་ནན་གྱི་ཡུལ་མི་རྣམས་ཀྱི་དངུལ་ཚང་མ་རྫོགས་ཚར་བའི་རྗེས་སུ་དེ་ཚོ་ཡོ་སེབ་ཀྱི་རྩར་ཡོང་ནས་ཁོང་ལ། ང་ཚོ་ལ་ཁ་ཟས་གནོང་ཞིག། དངུལ་ཚང་མ་རྫོགས་ཚར་བས་ང་ཚོ་ལ་འཆི་བ་ལས་སྐྱབས་རོགས་གནང་ཞེས་སྨྲས་སོ། 16ཡོ་སེབ་ཀྱིས་ཁོང་ཚོ་ལ། ཁྱོད་ཚོའི་དངུལ་རྫོགས་ཚར་ཡོད་ན་དུད་འགྲོ་ཚང་མ་ངའི་རྩར་འཁྱེར་ཤོག དེ་ཚོའི་ཚབ་ཏུ་ངས་ཁ་ཟས་སྟེར་ཡོང་ཞེས་སྨྲས་པས། 17ལོ་དེར་དེ་ཚོའི་དུད་འགྲོ་རྣམས་ཡོ་སེབ་ཀྱི་རྩར་འཁྲིད་ཡོང་བ་དང་། ཁོང་ཚོའི་རྟ་དང་ར་ལུག་དང་བ་ཕྱུགས་དང་བོང་བུ་རྣམས་ཀྱི་ཚབ་ཏུ་ཁོང་ཚོར་ཡོ་སེབ་ཀྱིས་ཁ་ཟས་གནང་ངོ་། 18ལོ་རྗེས་མར་མི་མང་རྣམས་ཡོ་སེབ་ཀྱི་རྩར་ཡོང་ནས། ང་ཚོའི་དངུལ་དང་དུད་འགྲོ་རྣམས་ཁྱེད་ལ་ཕུལ་ཚར་བས། ད་ང་ཚོའི་ལུས་དང་ས་ཞིང་རྣམས་མ་གཏོགས་པར་གང་ཡང་མ་ལུས་པས། ཁྱེད་ལས་གང་ཡང་གསང་མི་ཐུབ་བོ། 19ད་ང་ཚོ་གསོན་པོ་ལུས་ཕྱིར་ང་ཚོ་ལ་ཁ་ཟས་གནོང་ཞིག དེའི་ཚབ་ལ་ང་ཚོ་དང་ང་ཚོའི་ས་ཞིང་འབུལ་བར་བྱ། ང་ཚོ་རྒྱལ་པོའི་བྲན་གཡོག་ཏུ་གྱུར་བས། ས་ཞིང་མི་སྟོངས་བས་ཕྱིར་ང་ཚོ་ལ་ས་བོན་གནོང་ཞིག་ཅེས་ཞུས་སོ། 20དེ་ལྟར་ཡོ་སེབ་ཀྱིས་རྒྱལ་པོའི་ཕྱིར་ཡུལ་གྱི་ཞིང་རྣམས་ཉོས་ཏེ། མུ་གེ་ཤིན་ཏུ་ཆེ་བའི་རྐྱེན་གྱིས་མི་དམངས་ཚོས་རང་གི་ཞིང་བཙོང་བས། དེ་རྣམས་རྒྱལ་པོའི་རྒྱུ་ནོར་དུ་གྱུར་ཏོ། 21ཨི་ཇིབ་ཀྱི་ས་མཚམས་གཅིག་ནས་གཞན་བར་དུ་ཡོད་པའི་མི་རྣམས་རྒྱལ་པོའི་བྲན་གཡོག་ཏུ་གྱུར་ཏོ། 22འོན་ཀྱང་རྒྱལ་པོས་བླ་མ་རྣམས་ཀྱི་ཞིང་མ་ཉོས་སོ། གང་ལ་ཟེར་ན། སྔར་སྲོལ་བཞིན་བླ་མ་རྣམས་ལ་རྒྱལ་པོའི་ཕྱོགས་ནས་ཕོག་ཐོབ་ཀྱི་ཡོད་པས། ཞིང་བཙོང་མི་དགོས་སོ། 23དེ་ནས་ཡོ་སེབ་ཀྱིས་མི་རྣམས་ལ། ཉིན་དེ་རིང་ནས་ཁྱོད་ཚོ་དང་ཁྱོད་ཚོའི་ས་ཞིང་རྣམས་ངས་ཉོས་པས་དེ་རྣམས་རྒྱལ་པོ་ལ་བདག་པ་ཡིན་ནོ། ཞིང་ལ་འབྲུ་འདེབས་པའི་ཕྱིར་ས་བོན་ང་ནས་ལེན་ཞིག 24ལོ་ཐོག་བསྡུ་བ་དང་ལྔ་ཆ་གཅིག་རྒྱལ་པོ་ལ་ཕུལ་དགོས། ལྷག་འཕྲོས་དེ་ས་བོན་འདེབས་ཕྱིར་དང་། ཁྱོད་ཚོ་དང་ཁྱོད་ཚོའི་ནང་མིའི་ཆེད་དུ་ཁ་ཟས་ཀྱི་ཆེད་དུ་བེད་སྤྱོད་གཏོང་ཐུབ་བོ་ཞེས་སྨྲས་སོ། 25མི་དམངས་ཀྱིས། ཁྱེད་ཀྱིས་ང་ཚོར་སྲོག་སྐྱབས་པ་གནང་བས་ཐུགས་རྗེ་དེ་ང་ཚོའི་ཐོག་ཏུ་བྱུང་བར་ཤོག ང་ཚོ་རྒྱལ་པོའི་བྲན་གཡོག་དང་བྲན་མོར་འགྱུར་བར་བྱའོ་ཞུས་སོ། 26དེ་ནས་ཡོ་སེབ་ཀྱིས་རྒྱལ་པོ་ལ་ལོ་ཐོག་ལྔ་ཆ་གཅིག་འབུལ་བའི་ཁྲིམས་བཟོས་པ་དེ་ཨི་ཇིབ་ནང་དེ་རིང་གི་བར་དུ་ཡོད་དོ། བླ་མ་རྣམས་ཀྱི་ས་ཞིང་ནི་རྒྱལ་པོར་མ་བདག་པ་ཡིན་ནོ༎

ཡ་ཀོབ་ཀྱི་མཐའ་མའི་ཞུ་བ།

27ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ཀྱི་ས་གནས་གྷོ་ཤེན་གྱི་ཡུལ་འཁོར་ལ་གནས་ཏེ། དེར་ཁོང་ཚོ་ཕྱུག་པོར་འགྱུར་བ་དང་བུ་ཕྲུག་མང་པོ་བྱུང་ངོ་། 28ཡ་ཀོབ་ཨི་ཇིབ་ནང་ལོ་བཅུ་བདུན་གསོན་པོར་གནས་པས་ཁོང་ལོ་ ༡༤༧ བར་བཞུགས་སོ། 29ཁོང་འཆི་བར་དུས་ཉེ་བས། ཡོ་སེབ་ལ་བོས་ནས་ཁོ་ལ། ང་ཤི་བའི་རྗེས་སུ་ངའི་ཕུང་པོ་ཨི་ཇིབ་གྱི་དུར་ནང་མི་འཇུག་ཅེས་ཁྱོད་ཀྱིས་ངའི་བརླ་ཤའི་འོག་ཏུ་ལག་པ་བཅུག་ནས་མནའ་སྐྱོལ་ཞིག 30ང་ལ་ཨི་ཇིབ་ནས་འཁྱེར་ནས་ངའི་ཕུང་པོ་ནི་ཕ་མེས་ཀྱི་ཁྲོད་དུ་དུར་དུ་ཆུག་ཅིག་ཅེས་སྨྲས་པ་དང་། ཡོ་སེབ་ཀྱིས་ལན་དུ། ཁྱེད་ཀྱིས་སྨྲས་པ་བཞིན་དུ་ངས་བྱེད་པར་བྱའོ་ཞེས་ཞུས་སོ། 31ཡ་ཀོབ་ཀྱིས་ཁོ་ལ། ཁྱོད་ཀྱིས་དེ་ལྟར་བྱེད་ཡོང་ཞེས་མནའ་སྐྱོལ་ཞིག་ཅེས་སྨྲས་པས། ཡོ་སེབ་ཀྱིས་མནའ་སྐྱེལ་ལོ། དེ་ནས་ཡ་ཀོབ་ཀྱིས་རང་གི་ཉལ་ཁྲི་ནས་དཀོན་མཆོག་ལ་གཏང་རག་འབུལ་ལོ༎

བཀོད་པ 48

ཡ་ཀོབ་ཀྱིས་ཨེཕ་ར་ཡིམ་དང་མ་ནསེ་སཱེ་ལ་བྱིན་རླབས་གནང་བ།

1དུས་ཚོད་འགའ་ཤས་ཀྱི་རྗེས་སུ་ཡོ་སེབ་ལ་ཁོང་གི་ཕ་ན་བའི་གནས་ཚུལ་འབྱོར་རོ། ཁོས་རང་གི་བུ་མ་ནསེ་སཱེ་དང་ཨེཕ་ར་ཡིམ་གཉིས་འཁྲིད་ནས་ཡ་ཀོབ་ལ་འཕྲད་དུ་ཕྱིན་ནོ། 2ཁྱེད་ཀྱི་བུ་ཡོ་སེབ་ཁྱེད་ལ་འཕྲདཕྱིར་སླེབས་འདུག་ཅེས་མི་ཞིག་གིས་ལབ་པ་དང་། ཁོང་ཤུགས་བྱས་ནས་ཉལ་ཁྲིའི་ཁར་གཙོག་བུར་བསྡད་དོ། 3ཡ་ཀོབ་ཀྱིས་ཡོ་སེབ་ལ་སྨྲས་པ། ཀ་ནན་ཡུལ་དུ་ལུཛ་བྱ་བའི་ས་གནས་དེར་ངས་ཀུན་དབང་དཀོན་མཆོག་མཇལ་ནས་ཁོང་གིས་ང་ལ་བྱིན་རླབས་གནང་ངོ་། 4ཁོང་གིས་ང་ལ་གསུངས་པ། ངས་ཁྱོད་ལ་བུ་ཕྲུག་མང་པོ་སྤྲད་ནས་དེ་ཚོའི་རིགས་བརྒྱུད་ནས་མི་རིགས་མང་པོ་བྱུང་བར་འགྱུར། ངས་ཁྱོད་ཀྱི་རིགས་བརྒྱུད་རྣམས་ལ་ཡུལ་འདི་རྟག་ཏུ་དབང་བའི་ཕྱིར་སྤྲད་པར་བྱའོ། 5ཡ་ཀོབ་ཀྱིས་མུ་མཐུད་ནས་སྨྲས་པ། ང་འདིར་སླེབས་པའི་སྔོན་དུ་ཨི་ཇིབ་དུ་སྐྱེས་པས་ཁྱོད་ཀྱི་བུ་འདི་གཉིས་ཡང་ངའི་ཡིན། རུ་བྷེན་དང་སིམ་ཨོན་ལྟར་ཨེཕ་ར་ཡིམ་དང་མ་ནསེ་སཱེ་ཡང་ངའི་བུ་ཡིན་ནོ། 6གལ་ཏེ་ཁྱོད་ལ་བུ་གཞན་རྣམས་སྐྱེས་ན། དེ་ཚོ་ངའི་བུ་ཡིན་པ་རྩིས་བར་མི་འགྱུར། དེ་ཚོས་ཐོབ་པའི་ས་ཞིང་གི་ཐོབ་སྐལ་ནི་ཨེཕ་ར་ཡིམ་དང་མ་ན་སཱེའི་གྱི་ཡུལ་ཁོར་ནས་བྱུང་བར་འགྱུར། 7ཁྱོད་ཀྱི་ཨ་མ་ར་ཧེལ་གྱི་རྐྱེན་གྱི་ངས་འདི་ཚོ་ཚང་མ་གཤོད་ཀྱི་ཡོད། ང་ཡུལ་མེ་སོ་པོ་ཊ་མི་ཡ་ནས་ཕྱིར་ལོག་པའི་ཚེ། ཨེཕ་རད་བྱ་བའི་སར་མ་སླེབས་པའི་སྔོན་དུ་ཀ་ནན་ཡུལ་གྱི་ལམ་དུ་ར་ཧེལ་གྲོངས་ནས། ཨེཕ་རད་ཀྱི་འགྲོ་ལམ་གྱི་ཉེ་འགྲམ་གྱི་དུར་སར་སྦས་པ་ཡིན། ཨེཕ་རད་ལ་དེང་སང་བྷེད་ལེ་ཧེམ་ཞེས་པའོ། 8ཡ་ཀོབ་ཀྱིས་ཡོ་སེབ་ཀྱི་བུ་དེ་ཚོ་མཐོང་བ་དང་། བུ་འདི་ཚོ་སུ་ཡིན་ཞེས་དྲིས་པ་དང་། 9ཡོ་སེབ་ཀྱིས། ང་ཨི་ཇིབ་ནང་ཡོད་སྐབས་དཀོན་མཆོག་གིས་ང་ལ་གནང་བའི་བུ་རྣམས་ཡིན་ཞེས་སྨྲས་པ་དང་། ཡ་ཀོབ་ཀྱིས། དེ་ཚོ་ངའི་རྩར་འཁྲིད་ཤོག་དང་ངས་ཁོང་ཚོར་བྱིན་རླབས་སྟེར་བར་བྱ་ཞེས་གསུངས་སོ། 10ཡ་ཀོབ་རྒས་པོ་ཡིན་པས་རྐྱེན་གྱིས་ཁོང་གི་མིག་གི་ཡང་ཡག་པོ་མཐོང་མི་ཐུབ་པས། ཡོ་སེབ་ཀྱིས་རང་གི་བུ་རྣམས་ཁོང་གི་རྩར་འཁྲིད་ཡོང་བ་དང་། ཁོང་གིས་རེ་རེ་ལ་འཁྱུད་དེ་ཁ་སྐྱེལ་ལོ། 11ཡ་ཀོབ་ཀྱིས་ཡོ་སེབ་ལ། ང་ཁྱོད་དང་འཕྲད་ཡོང་བསམ་པའི་རེ་བ་མེད་པས། འོན་ཀྱང་དཀོན་མཆོག་གི་ང་ལ་ཁྱོད་ཀྱི་བུ་རྣམས་ཀྱང་མཐོང་འཇུག་གནང་བྱུང་། 12དེ་ནས་ཡོ་སེབ་ཀྱིས་བུ་རྣམས་ཡ་ཀོབ་ཀྱི་པང་ནས་ལེན་ཏེ་ས་ལ་ཁ་འབུབ་ནས་ཁོང་ལ་གུས་ཞབས་བྱེད་དོ། 13ཡོ་སེབ་ཀྱིས་རང་གི་བུ་ཨེཕ་ར་ཡིམ་ལ་ཕ་ཡ་ཀོབ་ཀྱི་གཡོན་དང། མ་ནསེ་སཱེ་ལ་གཡས་སུ་བཞག་གོ། 14བུ་ཨེཕ་ར་ཡིམ་ནི་མ་ནསེ་སཱེ་ལས་གཞོན་ནའང་ཡ་ཀོབ་ཀྱིས་ལག་པ་གཡས་པ་རྒྱ་གྲམ་ལྟར་བརྐྱངས་ཏེ་ཨེཕ་ར་ཡིམ་གྱི་མགོ་ལ་བཞག་པ་དང་། ལག་པ་གཡོན་པ་བུ་རྒན་པ་མ་ན་སཱེའི་མགོ་ལ་བཞག་གོ། 15དེ་ནས་ཁོང་གིས་ཡོ་སེབ་ལ། འདི་ལྟར་བྱིན་རླབས་གནང་བ། ངའི་པོ་པོ་ཨབ་ར་ཧམ་དང་ཕ་ཨི་སཱག་གིས། ཞབས་ཏོག་བྱེད་པའི་དཀོན་མཆོག་ཁོང་ཉིད་ཀྱིས། བུ་འདི་ཚོར་བྱིན་རླབས་གནང་བར་ཤོག། དེ་རིང་གི་བར་དུ་ང་ལ་དབུ་འཁྲིད་གནང་བའི་དཀོན་མཆོག་གིས། ཁོང་ཚོ་ལ་བྱིན་རླབས་གནང་བར་ཤོག། 16ང་ལ་དཀའ་ངལ་རྣམས་ལས་སྐྱབས་མཁན་མཐོ་རིས་ཀྱི་ཕོ་ཉས། ཁོང་ཚོར་བྱིན་གྱིས་རླབས་པར་མཛོད། ངའི་མིང་དང་ངའི་པོ་པོ་ཨབ་ར་ཧམ་གྱི་མིང་དང་ངའི་ཕ་ཨི་སཱག་གི་མིང། བུ་འདི་ཚོའི་རྒྱུད་ནས་དུས་རྟག་དུ་གནས་པར་ཤོག། ཁོང་ཚོར་ཕྲུ་གུ་མང་པོ་བྱུང་བར་ཤོག། དེ་ཚོའི་རིགས་བརྒྱུད་མང་པོ་འཕེལ་བར་ཤོག། 17ཕ་ཡིས་ལག་པ་གཡས་པ་དེ་ཨེཕ་ར་ཡིམ་གྱི་མགོ་ལ་བཞག་པ་ཡོ་སེབ་ཀྱིས་མཐོང་ནས་མི་དགའ་བར། ཕ་ཡི་ལག་པ་གཡས་པ་དེ་བཟུང་ནས་མ་ནསེ་སཱེའི་མགོའི་སྟེང་དུ་བཞག་གོ། 18ཕ་ལ་འདི་འདྲ་མ་གནང་ཞིག མ་ནསེ་སཱེ་སྔོན་སྐྱེ་ཡིན་པས་ཁོའི་མགོའི་སྟེང་ལ་ཁྱེད་ཀྱི་ལག་པ་གཡས་པ་བཞོག་རོགས་གནང་ཞེས་སྨྲས་སོ། 19ཕ་ཡིས་མ་ཉན་པར་ཁོ་ལ། ངས་ཤེས་ཀྱི་ཡོད། ངའི་བུ། ངས་ཤེས་ཀྱི་ཡོད། མ་ནསེ་སཱེའི་མི་བརྒྱུད་རྣམས་ཀྱང་མི་རིགས་ཆེན་པོ་ཞིག་ཏུ་འགྱུར་ཡོང་། འོན་ཀྱང་ཁོའི་སྤུན་ཆུང་བ་ནི་ཁོ་ལས་ཆེན་པོར་འགྱུར་རོ། ཁོའི་རིགས་བརྒྱུད་རྣམས་མི་རིགས་རླབས་ཆེན་རྣམས་འགྱུར་ཡོང་ཞེས་སྨྲས་སོ། 20དེར་བརྟེན་ཉིན་དེར་ཡ་ཀོབ་ཀྱིས་དེ་ཚོ་ལ་བྱིན་རླབས་གནང་ནས་སྨྲས་པ། ཨིསི་རཱཨེལ་པ་ཚོས་བྱིན་གྱི་རླབས་པའི་སྐབས་སུ། དཀོན་མཆོག་གིས་ཁྱོད་ཚོ་ལ་ཨེཕ་ར་ཡིམ་དང་མ་ནསེ་སཱེ་ལྟར་འབྱུང་བར་ཤོག་ཅེས་སྨྲས་ཡོང་། འདི་ལྟར་ཡ་ཀོབ་ཀྱིས་ཨེཕ་ར་ཡིམ་ལ་མ་ན་སཱེའི་མདུན་དུ་བཞག་གོ། 21དེ་ནས་ཡ་ཀོབ་ཀྱིས་ཡོ་སེབ་ལ་སྨྲས་པ། ལྟོས་ཤིག། ད་ང་ནི་ཤི་རན་པས། དཀོན་མཆོག་ཁྱོད་དང་མཉམ་དུ་བཞུགས་ནས་ཁྱོད་ལ་ཁྱོད་ཀྱི་ཕ་མེས་ཀྱི་ཡུལ་དུ་ཕྱིར་ལོག་འཁྲིད་པར་འགྱུར། 22ཤེ་ཀེམ་ཡུལ་དེ་ཁྱོད་ཀྱི་ཨ་ཇོ་རྣམས་ལ་མ་སྤྲད་པར་ངས་ཁྱོད་ལ་སྤྲོད་བཞིན་ཡོད། ས་ལུད་འཛོམས་པའི་ས་ཞིང་དེ་ངས་རང་གི་རལ་གྲི་དང་གཞུ་ཡི་སྟོབས་ཀྱིས་ཨ་མོར་པའི་ལག་ནས་བླངས་པ་ཡིན་ནོ༎

བཀོད་པ 49

ཡ་ཀོབ་ཀྱིས་རང་གི་བུ་རྣམས་ལ་བྱིན་རླབས་གནང་བ།

1དེ་ནས་ཡ་ཀོབ་ཀྱིས་རང་གི་བུ་རྣམས་བོས་ནས་སྨྲས་པ། ཁྱོད་ཚོ་འདིར་འཛོམས་ཤིག་དང་། མ་འོངས་པའི་དུས་སུ་ཁྱོད་ཚོའི་ཐོག་ཏུ་གང་འབྱུང་རྒྱུ་ཡིན་པའི་སྐོར་ངས་ཁྱོད་ཚོར་ཤོད་རྒྱུ་ཡིན། 2ཡ་ཀོབ་ཀྱི་བུ་རྣམས་འཛོམས་ནས་ཉོན་ཞིག ཁྱོད་ཚོའི་ཡབ་ཨིསི་རཱཨེལ་ལ་ཉོན་ཞིག 3རུ་བྷེན་ཁྱོད་ནི་ངའི་སྔོན་སྐྱེས་དང་། ང་ཡི་གཞོན་དུས་ཀྱི་འབྲས་བུ་དང་པོ་ཡིན། ང་ཡི་བུ་རྣམས་ལས་བསྟོད་འོས་པ་དང་སྟོབས་ཆེའོ། 4རྦ་རླབས་ཆེ་ལྟར་ཁྱོད་ནི་ཡོད་ནའང་། ཚང་མའི་ནང་ནས་མཆོག་ཆེན་ཁྱོད་མི་འགྱུར། གང་ལ་ཟེར་ན་ང་ཡི་ཟུར་གྲོགས་མ་མཉམ་ཉལ། རང་གི་ཕ་ཡི་ཉལ་ཁྲི་རྩིས་མེད་བྱས། 5སིམ་ཨོན་དང་ནི་ལེ་ཝི་སྤུན་རྣམས་ཡིན། དྲག་སྤྱོད་བྱེད་ཕྱིར་ཁོང་ཚོས་མཚོན་ཆ་སྤྱོད། 6ཁོང་ཚོ་གསང་བའི་གྲོས་ནང་ང་མི་འཛོམས། ཁོང་ཚོའི་ཚོགས་འདུའི་ནང་ལ་ང་མི་འགྲོ། གང་ལ་ཟེར་ན། ཁོང་ཚོའི་ཁོང་ཁྲོའི་ངང་ན་མི་རྣམས་བསད། ལུས་ཙལ་ངང་ན་གླང་གི་རྐང་པ་བཅག། 7ཁོང་ཚོའི་ཁོང་ཁྲོའི་ཐོག་ཏུ་དམོད་པ་འཕོག་པར་ཤོག། གང་ལ་ཟེར་ན་དེ་ནི་སྡུག་རྩུབ་ཆེ། ཁོང་ཚོའི་ཁྲོ་བའི་ཐོག་ཏུ་དམོད་པ་འཕོག་པར་ཤོག། གང་ལ་ཟེར་ན་དེ་ནི་སྡུག་རྩུབ་ཆེ། ཨིསི་རཱཨེལ་གྱི་ནང་ང་ཡིས་ཁོང་ཚོ་སྟོར། དེ་ཚོའི་མི་འབངས་ཁྲོད་དུ་ང་ཡིས་སྟོར། 8ཡ་ཧུ་དཱ། ཁྱོད་ཀྱི་སྤུན་ཚོས་ཁྱོད་བསྟོད་ཡོང། རང་གི་དགྲ་ཚོར་ཁྱོད་ཀྱིས་སྐེ་ནས་བཟུང་། ཁྱོད་ཀྱི་སྤུན་ཚོས་ཁྱོད་མདུན་མགོ་སྒུར་ཡོང་། 9ཡ་ཧུ་དཱ་ནི་སེང་གེ་ལྟར་ཡིན་པས། རི་དྭགས་བསད་དེ་རང་གི་ཚང་ནང་ལོག། རྐང་པ་བརྐྱངས་ཏེ་ས་རུ་གཉིད་ལོག་ཅིང་། སུ་ཞིག་གིས་ཀྱང་དེ་ལ་དཀྲོག་མི་ནུས། 10ཡ་ཧུ་དཱ་ཡིས་རྒྱལ་པོའི་ཕྱག་བེར་བཟུང་བ་དང། ཁོའི་མི་རྒྱུ་རྣམས་ཀྱིས་རྒྱུན་དུ་དབང་སྒྱུར་བྱས། མི་རིགས་རྣམས་ཀྱིས་ཁོ་ཙར་ཁྲལ་འཁྱེར་ཡོང། ཁོའིི་མདུན་འགུར་ནས་ཁོའི་བཀའ་སྲུང་བར་བྱ། 11ཁོ་ཡི་རང་གི་བོང་བུའི་རྟེའུ་ལ་རྒུན་ཚལ་ཤིང་གི་སྡོང་པོར་དང་། རྒུན་ཤིང་ལེགས་ཤོས་རིགས་ཀྱི་ཡལ་གར་བཏགས་པར་འགྱུར། ཁོ་ཡིས་རང་གི་གོས་རྣམས་རྒུན་ཆང་ཁྲག་ལྟར་དམར་པོ་ནང་དུ་འཁྲུ་བར་བྱ། 12རྒུན་ཆང་འཐུང་སྟེ་ཁོའི་མིག་དམར་པོར་འགྱུར་ཡོད་དོ། འོ་མ་འཐུང་སྟེ་ཁོའི་སོ་དཀར་པོར་འགྱུར། 13ཛེ་བུ་ལུན་ནི་རྒྱ་མཚོའི་འགྲམ་དུ་གནས་པར་འགྱུར། གྲུ་རྣམས་འཇོག་གནས་གྲུ་ཁ་ཞིག་ཏུ་འགྱུར། ཁོ་ཡི་ས་མཚམས་སི་དོན་ཡུལ་བར་བསླེབས། 14ཨི་ས་ཀར་ནི་བོང་བུ་སྟོབས་ཆེན་ཞིག་འདྲ་ཡིན། རྟ་སྒྲོའི་བར་ལ་ཁོ་ནི་ངལ་གསོ་གྱིས། 15ངལ་གསོ་བྱེད་ཡུལ་ལེགས་པ་ཁོས་མཐོང་སྟེ། ཡུལ་ནི་ཤིན་ཏུ་སྐྱིད་པོ་ཁོས་ཤེས་སོ། དེའི་རྐྱེན་གུག་སྟེ་རྡོག་འདྲེ་ཁོས་འཁུར་བས། བྲན་གཡོག་ལྟ་བུར་ཁོ་ལ་ལས་བྱས་བཅུག། 16དཱན་ནི་རང་གི་མི་ཚོགས་དཔོན་པོར་འགྱུར། ཁོང་ཚོ་ཨིསི་རཱཨེལ་གཞན་གྱི་སྡེ་དང་འདྲ། 17དཱན་ནི་ལམ་གྱི་འགྲམ་ཡོད་པའི་སྦྲུལ་ཡིན་ཞིང་། ལམ་གྱི་འགྲམ་དུ་ཡོད་པའི་དུག་སྦྲུལ་ལྟ་བུ་ཡིན། རྟ་ཡི་རྟིང་པ་དེ་ཡིས་སོ་བཏབ་པས། རྟ་ལ་བཞོན་མཁན་ལ་ནི་རྒྱབ་ཏུ་འཕང་པར་བྱ། 18ང་ནི་ཁྱེད་ཀྱི་སྐྱབས་ལ་སྒུག་ཡོད་གཙོ་བོ་དཀོན་མཆོག། 19གྷཌ་ལ་ཇག་ཚོགས་ཤིག་གི་རུབ་པར་བྱ། འོན་ཀྱང་ཁོ་ཡིས་རྒོལ་ནས་དེ་ཚོར་དེད། 20ཨ་ཤེར་ཡུལ་ནས་འབྲུ་ལེགས་ཤོས་སྐྱེས། རྒྱལ་པོས་བཞེས་པའི་ཁ་ཟས་འོས་པ་དེ་ཡི་འབུལ་བར་འགྱུར། 21ནཕ་ཏ་ལི་ནི་སློད་བཀྲོལ་བྱེད་པའི་ཤ་མོ་ཡིན། དེ་ཡིས་ཕྲུ་གུ་མཛེས་པོ་སྐྱེས་པར་འགྱུར། 22ཡོ་སེབ་ནི་འབྲས་བུ་སྟེར་བའི་སྡོང་པོ་ཡིན། ཆུ་མིག་ཁར་གྱི་འགྲམ་དུ་ཡོད་པའི་འབྲས་བུ་སྟེར་བའི་སྡོང་པོ་ཡིན། དེའི་ཡལ་ག་རྣམས་རྩིག་པའི་སྟེང་འཕེལ་བར་འགྱུར། 23དགྲ་བོས་ཁོ་ལ་ངོ་རྒོལ་བྱེད་པས་ན། མདའ་གཞུ་འཁུར་ཏེ་ཁོ་ལ་དེད་ན་ཡང་། 24ཁོ་ཡི་མདའ་ནི་བརྟན་པོར་གནས་པ་དང་། ཡ་ཀོབ་ཀྱི་བླ་ན་མེད་པའི་དཀོན་མཆོག། ལུག་རྫི། ཨིསི་རཱཨེལ་གི་བྲག་རིའི་ཁོ་ཡི་ལག་ནི་སྟོབས་ཆེན་མཛད་པར་འགྱུར། 25ཁྱོད་ཀྱི་ཕ་ཡི་དཀོན་མཆོག་གིས་ཁྱོད་སྐྱབས། ཀུན་དབང་དཀོན་མཆོག་གིས་གནམ་གྱི་ཆར་དང་ས་འོག་ཆུ་རྣམས་དང་། བུ་ཕྲུག་མང་པོ་གནང་ནས་ཁྱོད་ལ་བྱིན་རླབས་མཛད། 26འབྲུ་དང་མེ་ཏོག་རྣམས་དང་། སྔོན་མའི་དུས་ཀྱི་རི་བོ་རྣམས་དང་། མཐའ་མེད་པའི་རི་བོར་ཡོད་པའི་དགའ་བར་སྦྱིན་པའི་དངོས་པོ་རྣམས་ཀྱིས། བྱིན་རླབས་གནང་བར་ཤོག། བྱིན་རླབས་འདི་རྣམས་ཡོ་སེབ་ཀྱི་མགོའི་སྟེང་བབས་པར་ཤོག། རང་གི་སྤུན་ནས་བྲལ་བ་གཙོ་བོའི་སྟེང་བབས་པར་ཤོག། 27བྷེན་ཡ་མིན་ནི་སྤྱང་ཀི་དྲག་པོ་ཡིན། སྔ་དགོང་ཁོ་ཡིས་བསད་དེ་ཟ་བར་བྱ། 28འདི་ཐམས་ཅད་ནི་ཨིསི་རཱཨེལ་གྱི་སྡེ་རིགས་བཅུ་གཉིས་ཡིན། དེ་ཚོའི་ཕས་དེ་ཚོ་ལ་བྱིན་རླབས་གནང་བཞིན་སྨྲས་པའི་ཏམ་ནི་འདི་ལྟར་ཡིན་ནོ། ཁོང་གིས་བུ་རེ་རེའི་སྐོར་ལ་འོས་པའི་བྱིན་རླབས་གནང་ངོ་༎

ཡ་ཀོབ་གྲོངས་པ།

29དེ་ནས་ཡ་ཀོབ་ཀྱིས་རང་གི་བུ་རྣམས་ལ། ད་ང་ཤི་ནས་ཕ་མེས་དང་མཉམ་དུ་འགྲོ་རྒྱུ་ཡིན། ཧི་ཏི་པ་ཨེཕ་རོན་གྱི་ཞིང་ནང་ཡོད་པའི་བྲག་ཕུག་ནང་ང་ལ་ངའི་ཕ་མེས་ཚོ་དང་མཉམ་དུ་སྦས་ཤིག 30བྲག་ཕུག་དེ་ནི་ཡུལ་ཀ་ནན་ནང་མམ་རེའི་ཤར་ཕྱོགས་སུ་མག་ཕེ་ལ་བྱ་བའི་ཞིང་དུ་ཡོད། དེ་ནི་ཨབ་ར་ཧམ་གྱིས་ཨེཕ་རོན་ནས་དུར་ཁང་གི་ཕྱིར་ཉོས་པ་ཡིན་ནོ། 31དེ་རུ་ཨབ་ར་ཧམ་དང་ཆུང་མ་ས་རཱ་དུར་དུ་སྦས་པ་དང་། ཨི་སཱག་དང་ཆུང་མ་རེ་བྷེ་ཀ་ལའང་དེར་སྦས་སོ། ལེ་ཨ་ཡང་ངས་དེ་རུ་སྦས་ཡོད་པ་ཡིན། 32ས་ཞིང་དང་བྲག་ཕུག་ནི་ཧི་ཏི་པ་རྣམས་ལས་ཉོས་པ་ཡིན། ས་གནས་དེར་ང་ལའང་དུར་དུ་སྦས་ཤིག་ཅེས་གསུངས་སོ། 33ཡ་ཀོབ་ཀྱིས་རང་གི་བུ་རྣམས་ལ་བཀའ་གནང་ཚར་ནས། ཉལ་ཁྲི་ཁར་ཉལ་ནས་གྲོངས་སོ༎

བཀོད་པ 50

1ཡོ་སེབ་ཕའི་སྟེང་དུ་ཁ་བུབ་ནས་ངུས་ཞིང་ཁོང་གི་ཞལ་ལ་ཁ་བསྐྱལ་ལོ། 2ཁོང་གིས་ཕའི་ཕུང་པོ་ལ་སྣུམ་དྲི་ཞིམ་དང་སྨན་སྣ་བླུགས་པར་བཀའ་གནང་ངོ་། 3དྲི་ཞིམ་བྱུགས་པར་ཉིན་བཞི་བཅུ་འགོར་རོ། ཨི་ཇིབ་པ་རྣམས་ཀྱིས་ཁོང་གི་ཕྱིར་ཉི་མ་བདུན་བཅུ་མྱ་ངན་བྱས་སོ། 4མྱ་ངན་བྱས་པའི་དུས་ཚར་བ་དང་། ཡོ་སེབ་ཀྱིས་རྒྱལ་པོའི་ལས་བྱེད་པ་རྣམས་ལ་འདི་ལྟར་སྨྲས་པ། རྒྱལ་པོ་ལ་ངའི་ཞུ་བ་འདི་ལྟར་ཕུལ་ཞིག 5ངའི་ཕ་གྲོངས་པའི་སྔོན་ལ་ང་ལ་མནའ་སྐྱེལ་དུ་བཅུག་གོ། དེའི་ཕྱིར་ངའི་ཕའི་ཕུང་པོ་སྦས་པར་ཡུལ་ཀ་ནན་ནང་ཡོད་པའི་དུར་ནང་ཁོང་ལ་སྦས་དགོས་པས། ང་འགྲོ་བར་གནོང་ཞིག་དང་། ང་ཕྱིར་ལོག་ཡོང་བར་བྱའོ། 6རྒྱལ་པོས་ལན་དུ། ད་སོང་ནས་ཁྱོད་ཀྱིས་མནའ་སྐྱེལ་བ་ལྟར་ཕ་ལ་དུར་དུ་སྦས་ཤིག་ཅེས་གསུངས་སོ། 7དེ་ནས་ཡོ་སེབ་ཀྱིས་རང་གི་ཕ་དུར་དུ་སྦས་ཕྱིར་འགྲོ་བ་དང་། རྒྱལ་པོའི་ལས་བྱེད་པ་ཚང་མ་དང་། ཕོ་བྲང་གི་འགོ་བྱེད་ལྟེ་བ་རྣམས་དང་། ཨི་ཇིབ་གྱི་འགོ་པ་ཐམས་ཅད་ཡོ་སེབ་དང་མཉམ་དུ་ཕྱིན་ནོ། 8ཡོ་སེབ་ཀྱི་ནང་མི་དང་། སྤུན་རྣམས་དང་། ཕའི་ནང་མི་རྣམས་མཉམ་དུ་སོང་ངོ་། ཁོང་ཚོའི་ཕྲུ་གུ་ཆུང་བ་རྣམས་དང་། ར་ལུག་དང་བ་ཕྱུགས་རྣམས་གྷོ་ཤེན་ཡུལ་དུ་གནས་སོ། 9ཡོ་སེབ་མཉམ་དུ་མི་རྣམས་ཤིང་རྟ་དང་རྟ་ཚོའི་སྟེང་བཞོན་ནས་སོང་ངོ་། དེ་ནི་མི་ཚོགས་ཆེན་པོ་ཞིག་ཡོད་པ་ཡིན་ནོ། 10ཡོར་དན་གྱི་ཤར་ཕྱོགས་སུ་ཨ་ཏད་ཞེས་པའི་གཡུལ་འཐག་ཡོད་སར་སླེབས་པ་དང་། དུས་ཡུན་རིང་པོའི་བར་དུ་ཁོང་ཚོས་སྐད་ཆེན་པོ་རྒྱབ་ནས་མྱ་ངན་བྱེད་པ་དང་། ཡོ་སེབ་ཀྱིས་ཉིན་བདུན་བར་དུ་མྱ་ངན་གྱི་ཁྲིམས་ལུགས་བྱས་སོ། 11ཨ་ཏད་ཀྱི་གཡུལ་འཐག་ཡོད་སར་བྱས་པའི་མྱ་ངན་གྱི་ཡུལ་མི་ཀ་ནན་པ་རྣམས་ཀྱིས་མཐོང་ནས། ཨི་ཇིབ་པ་རྣམས་ཀྱིས་མྱ་ངན་ཆེན་པོ་ཞིག་ཡིན་ཞེས་སྨྲས་སོ། དེའི་ཕྱིར་ས་གནས་དེའི་མིང་ལ་ཧ་བེལ་མིཛ་རེམ་ ཧ་བེལ་མིཛ་རེམ་ ཨིབ་རི་པའི་སྐད་ནང་མིང་དེའི་དོན་ནི། ཨི་ཇིབ་པ་རྣམས་ཀྱི་མྱ་ངན་ཞེས་པའོ།ཞེས་བཏགས་སོ། 12ཡ་ཀོབ་ཀྱིས་སྨྲས་པ་ལྟར་ཁོང་གི་བུ་རྣམས་ཀྱིས་བྱས་སོ། 13ཁོང་ཚོས་ཡ་ཀོབ་ཀྱི་སྐུ་ཕུང་དེ་ཀ་ནན་ཡུལ་དུ་འཁྱེར་ནས། ཨབ་ར་ཧམ་གྱིས་ཧི་ཏི་པ་ཨེཕ་རོན་ནས་ཉོས་པའི་ས་ཞིང་མམ་རེའི་ཤར་ཕྱོགས་སུ་ཡོད་པའི་མག་པེ་ལའི་བྲག་ཕུག་ནང་སྦས་སོ། 14ཡོ་སེབ་ཀྱིས་རང་གི་ཕ་དུར་དུ་སྦས་ཚར་བའི་རྗེས་སུ་ཨི་ཇིབ་དུ་ལོག་པ་དང་། ཁོང་དང་མཉམ་དུ་ཁོང་གི་སྤུན་རྣམས་དང་། ཕ་ལ་དུར་དུ་སྦས་ཕྱིར་ཡོང་བའི་མི་རྣམས་ཀྱང་ཕྱིར་ལོག་གོ།

ཡོ་སེབ་ཀྱིས་རང་གི་སྤུན་རྣམས་ལ་ཁས་ལེན་བྱེད་པ།

15ཁོང་ཚོའི་ཕ་གྲོངས་པའི་རྗེས་སུ་ཡོ་སེབ་ཀྱི་ཨ་ཇོ་ཚོའི་ཕན་ཚུན་ཁོང་ཚོས་སྔོན་ལ་ཡོ་སེབ་ལ་སྡང་པོ་བྱས་པའི་རྐྱེན་གྱིས། ད་ཆ་ཁོང་གིས་ང་ཚོར་དགྲ་ཤ་ལེན་པ་ཡིན་ན་ང་ཚོས་གང་བྱས་པ་དྲག་ཅེས་གྲོས་བསྡུར་བྱས་སོ། 16དེའི་ཕྱིར་ཁོང་ཚོས་ཡོ་སེབ་ལ་འདི་ལྟར་ལན་བསྐུར་བ། ང་ཚོའི་ཕས་གྲོངས་པའི་སྔོན་དུ་ཁྱེད་ལ་དེ་ལྟར་སྨྲས་ཡོད། 17ཁྱོད་ཀྱི་ཨ་ཇོ་རྣམས་ཀྱིས་ཁྱེད་ལ་བྱས་པའི་ཉེས་པ་དེ་བཟོད་པ་གནང་ཞིག ཁྱོད་ཀྱི་ཕ་ཡི་དཀོན་མཆོག་གི་གཡོག་པོ་ངེད་རྣམས་ལ་བཟོད་པ་བཞེས་ཤིག་ཅེས་ལན་འདི་འབྱོར་ནས་ཡོ་སེབ་ངུས་སོ། 18དེ་ནས་ཁོང་གི་ཨ་ཇོ་རྣམས་ཡོང་སྟེ་ཁོང་གི་མདུན་དུ་ཁ་འབུབ་ནས་སྨྲས་པ། ཁྱེད་ཀྱི་བྲན་གཡོག་ངེད་རྣམས་ལ་གཟིགས་ཤིག་ཞུས་པ་དང་། 19ཡོ་སེབ་ཀྱིས་ཁོང་ཚོར། མ་འཇིགས་ཤིག། ང་ནི་དཀོན་མཆོག་གི་གནས་སྟངས་སུ་མེད་དོ། 20ཁྱེད་ཚོས་ང་ལ་ངན་པ་བྱེད་ནའང་། དཀོན་མཆོག་གིས་བྱ་བ་དེ་བཟང་པོར་འགྱུར་བཅུག་སྟེ་མི་མང་པོའི་སྲོག་སྐྱོབ་པར་མཛད་དོ། 21དེའི་ཕྱིར་ཁྱེད་ཚོ་ང་ལ་མ་འཇིགས་ཤིག ཁྱེད་དང་ཁྱེད་ཀྱི་ཕྲུ་གུ་ཚོ་ལ་ངས་གསོ་སྐྱོང་བྱའོ་ཞེས་གསུངས་ཏེ། དེ་ལྟ་བུར་ཚིག་འཇམ་པོའི་སྒོ་ནས་ཁོང་ཚོ་ལ་ཁས་ལེན་བྱས་ཏེ་ཁོང་ཚོའི་སེམས་གསོ་བྱས་སོ༎

ཡོ་སེབ་གྲོངས་པ།

22ཡོ་སེབ་རང་གི་ཕའི་ནང་མི་དང་མཉམ་དུ་མུ་མཐུད་ནས་ཨི་ཇིབ་ནང་བསྡད་དོ། ཁོང་གྲོངས་སྐབས་ལོ་ ༡༡༠ ལོན་ཡོད་པའོ། 23ཁོང་གིས་ཨེཕ་ར་ཡིམ་གྱི་ཕྲུ་གུ་དང་། ཁོས་ཚ་བོ་ཚ་མོ་རྣམས་ཀྱང་མཐོང་ཐུབ་བོ། མ་ནསེ་སཱེའི་བུ་མ་ཀིར་གྱི་ཕྲུ་གུ་ཡང་སྐྱེས་པ་ཁོང་གིས་མཐོང་ངོ་། 24ཁོང་གིས་རང་གི་སྤུན་རྣམས་ལ། ང་ནི་ཤི་བའི་དུས་ལ་རན་སོང་། འོན་ཀྱང་དཀོན་མཆོག་གིས་ཁྱེད་རྣམས་ལ་བདེན་པར་འཚོ་སྐྱོང་གནང་བར་འགྱུར་བ་དང་། ཡུལ་འདི་ནས་བཏོན་ཏེ་ཨབ་ར་ཧམ་དང་། ཨི་སཱག་དང་ཡ་ཀོབ་ལ་དབུ་མནའ་བཞེས་པའི་ཡུལ་དུ་འཁྲིད་པར་མཛད་ཡོང་ཞེས་སྨྲས་སོ། 25དེ་ནས་ཡོ་སེབ་ཀྱིས་ཨིསི་རཨེལ་གྱི་བུ་རྣམས་ལ་མནའ་སྐྱེལ་བཅུག་སྟེ། དཀོན་མཆོག་གིས་ཁྱེད་ཚོ་ལ་ཡུལ་ཀ་ནན་དུ་ཕྱིར་ལོག་འཁྲིད་སྐབས། ངའི་རུས་པ་ཡང་ཁྱེད་ཚོ་དང་མཉམ་དུ་འཁྱེར་ཞིག་ཅེས་གསུངས་སོ། 26དེར་བརྟེན་ཡོ་སེབ་ལོ་ ༡༡༠ ལོན་སྐབས་ཨི་ཇིབ་དུ་གྲོངས་སོ། ཁོང་ཚོས་ཁོང་གི་ཕུང་པོར་སྣུམ་དྲི་ཞིམ་དང་སྨན་ན་བླུགས་ནས་སྒམ་ཞིག་ཏུ་བཅུག་ནས་བཞག་གོ།

སྡེབ་ཐོན 1

ཨི་ཇིབ་དུ་ཨིསི་རཱཨེལ་པ་རྣམས་ལ་མནར་གཅོད་བཏང་བ།

1རང་རང་སོ་སོའི་ཁྱིམ་ཚང་དང་བཅས་པ་ཡ་ཀོབ་དང་མཉམ་དུ་ཨི་ཇིབ་དུ་འགྲོ་མཁན་ཁོང་གི་བུ་རྣམས་ཀྱི་མིང་ནི། 2རུ་བྷེན་དང་། སིམ་ཨོན། ལེ་ཝི། ཡ་ཧུ་དཱ། 3ཨི་ས་ཀར། ཛེ་བུ་ལུན། བྷེན་ཡ་མིན། 4དཱན། ནཕ་ཏ་ལི། གྷཌ། ཨ་ཤེར་བཅས་ཡིན་ནོ། 5ཡ་ཀོབ་ནས་བྱུང་བའི་ནང་མིའི་ཁ་གྲངས་ནི་བདུན་བཅུ་ཡིན་ཏེ། ཁོའི་བུ་ཡོ་སེབ་ནི་དེ་སྔོན་ནས་ཨི་ཇིབ་དུ་ཡོད་པ་ཡིན་ནོ། 6ཡོ་སེབ་དང་དེའི་སྤུན་ཐམས་ཅད་དང་། དེ་ཚོའི་མི་རབས་ཚང་མ་ཤིའོ། 7འོན་ཀྱང་དེ་ཚོའི་རིགས་བརྒྱུད་ནི་གོང་དུ་འཕེལ་བ་དང་། དེ་ཚོ་གྲངས་ནི་ཧ་ཅང་མང་པོ་བྱུང་བས་ཨི་ཇིབ་ཀུན་ཏུ་དེ་ཚོས་ཡོངས་སུ་ཁྱབ་པ་ཡིན་ནོ། 8དེ་ནས་ཡོ་སེབ་ཀྱི་སྐོར་ལ་གང་ཡང་མ་ཤེས་པའི་རྒྱལ་པོ་གསར་པ་ཞིག་ཨི་ཇིབ་དུ་རྒྱལ་སྲིད་སྐྱངས་སོ། 9དེས་རང་གི་འབངས་རྣམས་ལ། ལྟོས་ཤིག་ཨིསི་རཱཨེལ་པ་རྣམས་ནི་ང་ཚོ་ལས་ཁ་གྲངས་མང་བ་དང་སྟོབས་ཤུགས་ཆེན་པོ་འགྱུར་ཡོད། 10ད་ང་ཚོས་ཐབས་མཁས་པོ་ཞིག་མ་བྱེད་ན་དེ་ཚོ་ད་དུང་གྲངས་ནས་མང་དུ་འཕེལ་ཞིང་། རྗེས་སུ་དམག་ལངས་ན་དེ་ཚོས་ང་ཚོའི་དགྲ་བོའི་ཕྱོགས་བྱས་ནས་ང་ཚོར་དམག་དྲངས་ཏེ། ཁོ་ཚོ་ཡུལ་ནས་ཐོན་འགྲོ་བའི་ཉེན་ཁ་འདུག། དེ་ཚོའི་གྲངས་འཕེལ་བར་འགོག་པའི་ཆེད་དུ་ང་ཚོས་ཐབས་ལམ་ཞིག་བྱེད་དགོས་ཤེས་སྨྲས་སོ། 11དེ་ཚོ་ལས་ཀྱི་ནོན་པའི་ཕྱིར་དེ་ཚོའི་ཐོག་ཏུ་ལས་ཁག་པོ་བཀལ་བའི་ཆེད་དུ་བྲན་གཡོག་གི་དཔོན་པོ་རྣམས་བསྐོས་སོ། དེ་ཚོས་རྒྱལ་པོའི་དོན་དུ་པི་ཐོམ་དང་། རམ་སེསེ་ཅེས་པའི་བང་མཛོད་ཀྱི་གྲོང་ཁྱེར་གཉིས་བཟོས་སོ། 12འོན་ཀྱང་དེ་ཚོར་བཙན་གནོན་དྲག་པོ་ཇི་ཙམ་བྱས་ཀྱང་ཁོང་ཚོའི་ཁ་གྲངས་དེ་ཙམ་འཕེལ་བས་ཡུལ་དུ་ཁྱབ་བོ། ཨི་ཇིབ་པ་ཚོ་ཨིསི་རཱཨེལ་གྱི་མི་རིགས་རྣམས་ལ་འཇིགས་སོ། 13དེ་བས་ན་ཨི་ཇིབ་པ་རྣམས་ཀྱིས་ཨིསི་རཱཨེལ་གྱི་མི་རིགས་རྣམས་ལ་བཙན་གནོན་ཆེན་པོས་ངལ་རྩོལ་བྱས་བཅུག་གོ 14ས་བག་དང་ས་བག་འབྱར་བྱེད་དམ་དང་ཞིང་ལས་སོགས་ཀྱི་ངལ་རྩོལ་ཆེན་པོའི་ལས་ཁག་པོ་བཀལ་ནས་དེ་ཚོར་མནར་གཅོད་དྲག་པོ་མྱོང་བཅུག་གོ 15དེ་ནས་ཨི་ཇིབ་གྱི་རྒྱལ་པོས་ཨིབ་རི་པའི་སྐྱེ་གཡོག་མ་མིང་ལ་ཤིཕ་རཱ་དང་། པུ་ཨ་ཞེས་པ་གཉིས་ལ། 16དེ་ནས་ཁྱོད་ཚོ་ཨིབ་རི་པའི་བུད་མེད་རྣམས་ཀྱི་སྐྱེ་གཡོག་བྱེད་སྐབས་ཕྲུ་གུའི་མཚན་མར་བརྟག་དཔྱད་གྱིས་ཏེ་གལ་སྲིད་བུ་ཡིན་ན་གསོད་ཅིག བུ་མོ་ཡིན་ན་གསོན་པོར་གནས་ཆུགས་ཤིག་ཅེས་བཀའ་གནང་ངོ་། 17འོན་ཀྱང་སྐྱེ་གཡོག་མ་རྣམས་ནི་དཀོན་མཆོག་ལ་འཇིགས་པས། ཨི་ཇིབ་གྱི་རྒྱལ་པོས་སྨྲས་པ་བཞིན་མ་བྱས་པར་བུ་རྣམས་ཀྱི་སྲོག་ཀྱང་གསོན་པོར་འཇོག་གོ 18དེར་བརྟེན་ཨི་ཇིབ་གྱི་རྒྱལ་པོས་སྐྱེ་གཡོག་མ་རྣམས་བོས་ནས་དེ་དག་ལ། ཁྱོད་ཚོས་དེ་འདྲ་ཅི་ལ་བྱས་པ་ཡིན་ནམ། ཁྱོད་ཚོས་བུ་རྣམས་གསོན་པོར་ཅིའི་ཕྱིར་བཞག་པ་ཡིན་ནམ་ཞེས་འདྲི་པར། 19དེའི་ལན་དུ་སྐྱེ་གཡོག་མ་རྣམས་ཀྱིས་རྒྱལ་པོ་ལ། ཨིབ་རི་པའི་བུད་མེད་རྣམས་ནི་ཨི་ཇིབ་པའི་བུད་མེད་རྣམས་དང་མི་འདྲ་བར་དེ་དག་ནི་སྟོབས་ཆེ་བས། ང་ཚོ་སླེབས་པའི་སྔོན་དུ་དེ་ཚོར་ཕྲུ་གུ་སྐྱེས་ཚར་གྱི་འདུག་ཅེས་ཞུས་སོ། 20དཀོན་མཆོག་གིས་སྐྱེ་གཡོག་མ་རྣམས་ལ་བཀའ་དྲིན་མཛད་དེ། ཨིསིརཱཨེལ་མི་བརྒྱུད་ཀྱང་གོང་དུ་འཕེལ་ཞིང་མངའ་ཐང་ཆེན་པོར་འགྱུར་རོ། 21སྐྱེ་གཡོག་མ་རྣམས་དཀོན་མཆོག་ལ་འཇིགས་པས་ཁོང་གིས་དེ་ཚོ་གཉིས་ལ་སོ་སོའི་ཁྱིམ་ཚང་གནང་ངོ་། 22དེ་རྗེས་རྒྱལ་པོས་རང་གི་འབངས་རྣམས་ལ། ད་ཨིབ་རི་པའི་བུ་སྐྱེས་པ་ཚང་མ་གཙང་པོ་ན་ཨེལ་དུ་དབྱུགས་དགོས། བུ་མོ་རྣམས་གསོན་པོར་གནས་ཆུགས་ཤིག་ཅེས་བཀའ་གནང་ངོ་༎

སྡེབ་ཐོན 2

མོ་ཤེ་སྐྱེས་པ།

1ལེ་ཝིའི་རིགས་བརྒྱུད་ཀྱི་མི་ཞིག་གིས་རང་གི་སྡེ་རིགས་ནས་ཡིན་པའི་བུ་མོ་ཞིག་དང་ཆང་ས་བརྒྱབ་བོ། 2བུད་མེད་དེ་མངལ་དང་ལྡན་ནས་བུ་ཞིག་སྐྱེས་སོ། མོས་བུ་དེ་མཛེས་སྡུག་དང་ལྡན་པ་ཞིག་ཡོད་པ་མཐོང་ནས་ཟླ་བ་གསུམ་གྱི་བར་དུ་སྦས་བཞག་གོ 3དེ་ནས་ད་དུང་ལྷག་པར་སྦས་མ་ཐུབ་པས། མོས་སྨྱུག་མའི་ཙེལ་པོ་ཞིག་བཟོས་ནས། དེར་བྲག་ཞུན་གྱི་རྩི་བསྐུས་ཏེ། དེའི་ནང་ཕྲུ་གུ་བཅུག་ཏེ་གཙང་པོའི་འགྲམ་དུ་འདམ་རྩའི་གསེབ་ཏུ་བཞག་གོ 4དེའི་ཨ་ཅས་གང་བྱུང་ཡོང་བསམ་ནས་རྒྱང་རིང་ནས་བལྟ་ཞིང་བསྡད་ཡོད་པས། 5རྒྱལ་པོའི་སྲས་མོ་ཁྲུས་བྱེད་པར་གཙང་པོའི་འགྲམ་དུ་ཡོང་བ་དང་། ཁོང་གི་ཞལ་ཏ་མ་རྣམས་གཙང་པོའི་འགྲམ་དུ་ཕར་ཚུར་འགྲུལ་བའི་སྐབས་སུ། སྲས་མོས་འདམ་རྩའི་གསེབ་ལ་ཡོད་པའི་ཙེལ་པོ་དེ་མཐོང་ནས་ཞལ་ཏ་མ་ཞིག་དེ་ལེན་དུ་བཏང་ངོ་། 6སྲས་མོས་དེ་ཁ་ཕྱེ་བ་དང་། ཕྲུ་གུ་བུ་ཞིག་ངུ་ཞིང་ཡོད་པ་མཐོང་ནས། དེར་སྙིང་རྗེ་སྐྱེད་ནས། འདི་ནི་ཨིབ་རི་པའི་ཕྲུ་གུ་ཞིག་རེད་ཅེས་སྨྲས་པ་དང་། 7དེ་ནས་ཕྲུ་གུའི་ཨ་ཅས་སྲས་མོ་ལ། ངས་ཨིབ་རི་པའི་བུད་མེད་ཚོའི་ནང་ནས་ཕྲུ་གུ་བལྟ་མཁན་མ་མ་ཞིག་སྐད་བཏང་ཡོང་ངམ་ཞེས་ཞུས་པས། 8སྲས་མོས་དེ་ཀ་རང་ཡོང་ང་། ད་སོང་ཞིག་ཅེས་གསུངས་པ་དང་། བུ་མོ་དེ་ཕྱིན་ནས་ཕྲུ་གུའི་ཨ་མ་དེ་རང་བོས་སོ། 9སྲས་མོས་དེ་ལ། ངའི་དོན་དུ་ཕྲུ་གུ་འདི་ལ་འོ་མ་འཐུང་བཅུག་ཅིག་དང་། ངས་ཁྱོད་ལ་གླ་ཆ་སྤྲད་ཡོང་ཞེས་གསུངས་པས། མོས་ཕྲུ་གུ་བླངས་ཏེ་འཚོ་སྐྱོང་བྱས་སོ། 10ཕྲུ་གུ་ཡར་འཚར་བ་དང་མོས་སྲས་མོའི་རྩར་ཁོ་འཁྲིད་ཡོང་ནས་ཕྲུ་གུ་དེ་མོའི་བུ་རུ་འགྱུར་ཏོ། དེ་ནས་སྲས་མོས་ཕྲུ་གུ་དེ་ཆུ་ནས་བཏོན་པ་ཡིན་པས་ཁོའི་མིང་ལ་མོ་ཤེ་ཞེས་བཏགས་སོ༎

མོ་ཤེ་མིད་ཡན་ཡུལ་དུ་བྲོས་པ།

11དེ་ནས་མོ་ཤེ་ལོ་ན་ལོན་པ་དང་། རང་རིགས་སྤུན་ཟླ་རྣམས་ཀྱི་རྩར་ཕྱིན་པས། དེ་ཚོའི་དཀའ་ངལ་རྣམས་མཐོང་ནས། ཨི་ཇིབ་པ་ཞིག་གིས་རང་རིགས་སྤུན་ཟླ་ཨིབ་རི་པ་ཞིག་ལ་ཉེས་བརྡུང་བཏང་བཞིན་པ་མཐོང་ངོ་། 12མོ་ཤེས་ཕར་ཚུར་བལྟས་ནས་མི་སུ་ཡང་མ་མཐོང་བས། ཁོས་ཨི་ཇིབ་པ་དེ་བསད་ནས་བྱེ་མའི་ནང་སྦས་སོ། 13དེའི་ཕྱི་ཉིན་ཁོང་དེར་སོང་ནས་ཨིབ་རི་པ་གཉིས་ཕན་ཚུན་འཐབ་འཛིང་བྱེད་བཞིན་པ་མཐོང་ནས། ཁོང་གིས་ཉེས་ཅན་དེ་ལ། ཁྱོད་རང་གི་མི་རིགས་ལ་ག་རེའི་དོན་དུ་བརྡུང་གི་ཡོད་ཅེས་བརྗོད་པས། 14མི་དེས་མོ་ཤེ་ལ་ཁྱེད་ལ་སུས་ང་ཚོའི་ཐོག་ཏུ་དཔོན་པོའམ་ཁྲིམས་གཅོད་བྱེད་པར་བཀོད་བྱུང་ངམ། ཁྱེད་ཀྱིས་ཨི་ཇིབ་པ་དེ་བསད་པ་ནང་བཞིན་ང་ལའང་བསད་འདོད་འདུག་གམ་ཞེས་སྨྲས་པས། མོ་ཤེས་འཇིགས་ཏེ་སེམས་ལ་ངས་གང་བྱས་པ་དེ་ཚང་མས་ཧ་གོ་བཞག་ཅེས་བསམ་མོ། 15-16རྒྱལ་པོས་གནས་ཚུལ་དེ་ཐོས་ནས་མོ་ཤེ་ལ་བསད་ཐབས་བྱས་ཀྱང་མོ་ཤེ་ནི་རྒྱལ་པོའི་དྲུང་ནས་བྲོས་ཏེ། མིད་ཡན་ཡུལ་དུ་གནས་པར་ཕྱིན་ནོ། ཉིན་ཞིག་མོ་ཤེ་འཁྲོན་པ་ཞིག་གི་འགྲམ་དུ་བསྡད་པའི་སྐབས། མིད་ཡན་ཡུལ་གྱི་བླ་མ་ཡི་ཐོརོའི་བུ་མོ་བདུན་དེར་ཆུ་བཀང་བ་དང་རང་གི་ཕའི་ར་ལུག་རྣམས་ལ་ཆུ་བླུད་པའི་ཕྱིར་ཆུ་གཞོང་རྣམས་བཀང་བར་ཡོང་ངོ། 17འོན་ཀྱང་དེར་ལུག་རྫི་འགའ་ཤས་ཡོང་ནས་ཡི་ཐོརོའི་བུ་མོ་ཚོ་ལ་ཕར་དེད་དོ། མོ་ཤེ་ཡར་ལངས་ནས་དེ་ཚོར་རོགས་བྱས་ཤིང་ལུག་ཁྱུ་རྣམས་ལ་ཆུ་སྟེར་རོ། 18དེ་རྗེས་ཁོང་ཚོ་རང་གི་ཕ་རུ་ཨེལ་གྱི་རྩར་ཡོང་བ་དང་། ཕས་དེ་རིང་ཁྱོད་ཚོ་མགྱོགས་པོ་འདི་འདྲ་ལོག་ཡོང་བ་དེ་གང་ཡིན་ནམ་ཞེས་སྨྲས་པས། 19ལན་དུ་དེ་ཚོས། ཨི་ཇིབ་པ་ཞིག་གིས་ང་ཚོ་ལ་ལུག་རྫི་རྣམས་ལས་སྐྱབས་གྲོགས་བྱས་ཏེ་ང་ཚོའི་དོན་དུ་ཆུ་བཅུས་ནས་ང་ཚོའི་ལུག་ཁྱུ་རྣམས་ལའང་ཆུ་བླུད་དོ་ཞེས་བརྗོད་པར། 20དེས་རང་གི་བུ་མོ་རྣམས་ལ། མི་དེ་ག་རུ་ཡོད། ག་རེའི་དོན་དུ་ཁོ་དབྱུགས་བཞག་པ་ཡིན། ཁ་ལག་ཟ་བའི་ཕྱིར་ཁོ་ནང་ལ་བོས་ཤོག་ཅེས་སྨྲས་སོ། 21མོ་ཤེ་མི་དེ་དང་མཉམ་དུ་གནས་པར་མོས་ཐུན་བྱས་སོ། དེས་རང་གི་བུ་མོ་ཛིབ་པོ་རཱ་ཞེས་པ་དེ་མོ་ཤེ་དང་ཆང་ས་བརྒྱབ་བཅུག་གོ 22ཛི་པོ་རས་བུ་ཞིག་སྐྱེས་སོ། མོ་ཤེས་ང་ནི་གཞན་ཡུལ་དུ་བྱེས་པ་ཞིག་བྱུང་ཡོད་ཟེར་ཞིང་། ཕྲུ་གུའི་མིང་ལ་གྷེར་ཤོམ་ཞེས་བཏགས་སོ། 23དུས་ཡུན་རིང་པོའི་རྗེས་སུ་ཨི་ཇིབ་གྱི་རྒྱལ་པོ་དེ་ཤི་ཤིང་། ཨིསི་རཱཨེལ་པ་རྣམས་བྲན་ཁོལ་གྱི་མནར་གཅོད་དྲག་པོའི་རྐྱེན་གྱིས་སྐྱབས་རོགས་ཀྱི་ཆེད་དུ་ཤུགས་ནན་ཆེན་པོས་ངུ་འབོད་བཏོན་པ་དེ་དཀོན་མཆོག་གི་མདུན་དུ་བསླེབས་སོ། 24དཀོན་མཆོག་གིས་དེ་གསན་ནས། ཉིད་ཀྱི་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་ལ་གནང་བའི་དམ་བཅའ་དེ་དྲན་གསོས་གནང་ཏེ། 25དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་ཐུགས་རྗེ་གཟིགས་ཤིང། དེ་ཚོའི་གནས་སྟངས་ཚང་མར་ཁོང་གིས་དོ་སྣང་གནང་ངོ་༎

སྡེབ་ཐོན 3

དཀོན་མཆོག་གིས་མོ་ཤེ་ལ་བོས་གནང་བ།

1ཉིན་ཞིག་མོ་ཤེས་རང་གི་གྱོས་པོ་མིད་ཡན་ཡུལ་གྱི་བླ་མ་ཡི་ཐོརོའི་ར་ལུག་འཚོ་ཞིང་ཡོད་པ་དང་། ར་ལུག་རྣམས་འབྲོག་སྟོང་གི་ཕར་ཕྱོགས་སུ་འཁྲིད་ནས་དམ་པའི་རི་བོ་སི་ནཨེ་རུ་བསླེབས་པ་དང་། 2དེར་དཀོན་མཆོག་གི་ཕོ་ཉ་ཞིག་ཚེར་ཤིང་མེ་ལྕེ་འབར་བཞིན་པ་ཞིག་གི་དཀྱིལ་ནས་ཁོང་གི་མདུན་དུ་མངོན་ནོ། ཁོང་དེར་བལྟས་པས། དེར་མོ་ཤེས་ཚེར་ཤིང་དུ་མེ་འབར་ཡང་འཚིག་གི་མེད་པ་མཐོང་ངོ་། 3དེ་ནས་ཚེར་ཤིང་དེ་མེས་མ་འཚིག་པ་དེ་ཅི་ཡིན་ནམ་དེ་ཡ་མཚན་ཞིག་འདུག ཁོས་ང་དེའི་འགྲམ་དུ་ཕྱིན་ནས་བལྟ་དགོས་བསམ་མོ། 4གཙོ་བོ་དཀོན་མཆོག་གིས་ཁོ་ཉེ་བར་ཡོང་བ་གཟིགས་ནས་དཀོན་མཆོག་གིས་ཚེར་ཤིང་གི་དཀྱིལ་ནས་ཁོ་ལ། མོ་ཤེ། མོ་ཤེ་ཞེས་བཀའ་གནང་བ་དང་། ཁོང་གི་ཞུ་ལན་དུ་ང་འདི་རུ་ཡོད་ཅེས་ཞུས་སོ། 5ཁོང་གིས། ཁྱོད་ཐག་ཉེ་བར་མ་ཡོང་ཞིག། ཁྱོད་ལངས་ནས་བསྡད་ཡོད་པའི་ས་གནས་དེ་ནི་གནས་དམ་པ་ཞིག་ཡིན་པས། ཁྱོད་ཀྱི་ལྷམ་དེ་ཕུད་ཅིག། 6ང་ནི་ཁྱོད་ཀྱི་ཕ་མེས་ཀྱི་དཀོན་མཆོག། ཨབ་ར་ཧམ་གྱི་དཀོན་མཆོག། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ཡིན་ཞེས་གསུངས་སོ། མོ་ཤེས་དཀོན་མཆོག་ལ་བལྟ་བར་འཇིགས་ནས་རང་གི་གདོང་སྦས་སོ། 7གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་ནང་ཡོད་པའི་ངའི་མི་དམངས་ཚོའི་དཀའ་ངལ་ངས་མཐོང་ཞིང་། བྲན་གཡོག་གི་དཔོན་པོ་རྣམས་ཀྱིས་དེ་ཚོར་མནར་གཅོད་བཏང་བའི་རྐྱེན་གྱིས་དེ་ཚོས་ངུ་འབོད་བཏོན་པ་དེ་ངས་གོ་བས། དེ་ཚོའི་སྡུག་བསྔལ་ཚང་མ་ངས་ཤེས་ཀྱི་ཡོད། 8དེར་བརྟེན་ངས་དེ་ཚོར་ཨི་ཇིབ་པ་རྣམས་ཀྱི་ལག་ནས་སྐྱབས་ཏེ་ཡུལ་དེ་ནས་བཏོན་ནས་ཡུལ་རྒྱ་ཆེ་བས་ནང་སྐྱལ་བའི་ཕྱིར་ང་སླེབས་ཡོད། ཡུལ་དེ་བཟང་པོ་དང་ས་ལུད་འཛོམས་པོ་ཡོད་པ་དང་། དེར་ད་ལྟ་ཀ་ནན་པ། ཧི་ཏི་པ། ཨ་མོར་པ། པེ་རི་ཛི་པ། ཧི་ཝི་པ་དང། ཡ་བུ་ཟི་པ་རྣམས་གནས་སྡོད་བྱེད་བཞིན་ཡོད་དོ། 9ད་ལྟོས་ཤིག། ཨིསི་རཱཨེལ་པའི་ངུ་འབོད་ངས་ཐོས་པ་དང་། ཨི་ཇིབ་པ་ཚོས་ཁོང་ཚོའི་ཐོག་ཏུ་བྱས་པའི་བཙན་གནོན་དྲག་པོ་དེ་དག་ཀྱང་ངས་མཐོང་ཡོད་དོ། 10ད་ཁྱོད་ཀྱི་ངའི་མི་འབངས་ཨིསི་རཱཨེལ་པ་ཚོ་ཨི་ཇིབ་ནས་འདོན་པའི་ཕྱིར་ངས་ཁྱོད་ལ་རྒྱལ་པོའི་མདུན་དུ་གཏོང་གི་ཡིན་ཞེས་གསུངས་སོ། 11འོན་ཀྱང་མོ་ཤེས་དཀོན་མཆོག་ལ། ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་ཕྱི་རོལ་དུ་འཁྲིད་གནང་མཁན་དང་། རྒྱལ་པོའི་མདུན་དུ་འགྲོ་ནུས་མཁན་ང་སུ་ཡིན་ནམ་ཞུས་སོ། 12ཁོང་གིས་ང་ངེས་པར་ཁྱོད་མཉམ་དུ་འགྲོགས་ཤིང་། ཁྱོད་ལ་ངས་བཏང་བའི་རྟགས་མཚན་མཚོན་ཆེད་དུ། ཁྱོད་ཀྱིས་མི་བརྒྱུད་དེ་རྣམས་ཨི་ཇིབ་ནས་བཏོན་པའི་རྗེས་སུ་ཁྱོད་ཚོས་རི་བོ་འདིའི་ཁར་དཀོན་མཆོག་ལ་བསྙེན་བཀུར་བྱེད་ཡོང་ཞེས་གསུངས་སོ། 13འོན་ཀྱང་མོ་ཤེས་དཀོན་མཆོག་ལ། གཟིགས་ཤིག། ངས་ཨིསི་རཱཨེལ་གྱི་མི་མང་རྣམས་ཀྱི་རྩར་ཕྱིན་ནས། ང་ནི་ཁྱོད་ཚོའི་ཕ་མེས་ཀྱི་དཀོན་མཆོག་ནས་ཁྱོད་ཚོའི་རྩར་མངགས་པ་ཡིན་ཞེས་བརྗོད་སྐབས། གལ་སྲིད་དེ་ཚོས་ང་ལ། འོ་ན་ཁོང་གི་མཚན་ལ་ག་རེ་ཞུ་བ་རེད་ཟེར་ན། ངས་ཁོ་ཚོར་ག་རེ་ལབ་དགོས་ཤེས་ཞུས་པས། 14དཀོན་མཆོག་གིས་མོ་ཤེ་ལ། ང་ནི་གང་ཡིན་པ་དེ་ཀ་རང་ཡིན་ཞེས་གསུངས་ཤིང་། ཨིསི་རཱཨེལ་གྱི་མི་བརྒྱུད་ལ་ང་གང་ཡིན་པ་དེ་ཀ་རང་ཡིན་ཟེར་བ་དེས་ང་ཁྱོད་ཚོའི་རྩར་བཏང་བ་ཡིན་ཞེས་སྨྲོས་ཤིག 15ཁྱོད་ཀྱིས་ཨིསི་རཱཨེལ་པ་ཚོ་ལ་ཁྱོད་ཚོའི་ཕ་མེས་ཚོའིིི་དཀོན་མཆོག ཨབ་ར་ཧམ་གྱི་དཀོན་མཆོག། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་དེས་ང་ལ་ཁྱོད་ཚོའི་རྩར་མངགས་པ་ཡིན་ཞེས་སྨྲོས་ཤིག ངའི་མིང་ནི་དུས་ཀུན་ཏུ་དེ་ཀ་རང་ཡིན་ཏེ། མི་རབས་ནས་མི་རབས་ཀྱི་མིང་དེའི་སྒོ་ནས་ང་ལ་དྲན་གསོ་བྱེད་པར་འགྱུར། 16ཁྱོད་སོང་ནས་ཨིསི་རཱཨེལ་གྱི་རྒན་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་དེ་ཚོར། ང་གཙོ་བོ་དཀོན་མཆོག་ཁོ་ཚོའི་ཕ་མེས་ཚོའི་དཀོན་མཆོག ཨབ་ར་ཧམ། ཨི་སཱག་དང་། ཡ་ཀོབ་ཀྱིདཀོན་མཆོག་དེ་ང་ལ་མངོན་པར་གྱུར་ནས་ཁོང་གིས་ང་ལ། ད་ང་ཁྱོད་ཚོའི་རྩར་འོངས་ཡོད་པས། ཁྱོད་ཚོར་ཨི་ཇིབ་དུ་དཀའ་སྡུག་གང་བྱུང་བ་ཚང་མ་ངས་མཐོང་ངོ་ཞེས་ཟེར་བ་དེ་ཁོ་ཚོར་སྨྲོས་ཤིག 17ཁྱོད་ཚོ་ཨི་ཇིབ་གྱི་དཀའ་ངལ་ནས་འདོན་ཏེ། ཀ་ནན་པ། ཧི་ཏི་པ། ཨ་མོར་པ། པེ་རི་ཛི་པ། ཧི་ཝི་པ་དང། ཡ་བུ་ཟི་པ་རྣམས་ཀྱི་ཡུལ་ཕྱུག་པོ་དང་ས་ལུད་འཛོམས་པོ་ཡོད་པ་དེར་ངེས་པར་འཁྲིད་ཀྱི་ཡིན། 18དེ་ཚོས་ཁྱོད་ཀྱིས་གང་ལབ་པ་དེར་ཉན་ཞིང་། ཁྱོད་རང་དང་ཨིསི་རཱཨེལ་པ་རྒན་པོ་རྣམས་ཨི་ཇིབ་གྱི་རྒྱལ་པོའི་རྩར་ཕྱིན་ནས་རྒྱལ་པོ་ལ། ཨིབ་རི་པའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ང་ཚོ་ལ་མངོན་པར་མཛད་དོ། ད་ང་ཚོས་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་ཕྱིར་ཉིན་ཞག་གསུམ་གྱི་ལམ་བར་དུ་འབྲོག་སྟོང་དུ་འགྲོ་ཆོག་པ་ཞིག་གནང་རོགས་གནང་ཞེས་ཞུ་བ་འབུལ་ཞིག 19འོན་ཀྱང་ཨི་ཇིབ་གྱི་རྒྱལ་པོ་འུ་མ་ཐུག་བར་དུ་ཁྱོད་ཚོར་འགྲོར་མི་འཇུག་པ་དེ་ངས་ཤེས་སོ། 20ངས་རང་གི་མཐུ་སྟོབས་བེད་སྤྱོད་བྱས་ནས་ཡ་མཚན་གྱི་ལྟས་བརྒྱུད་ནས་ཨི་ཇིབ་ལ་ཆད་པ་གཏོང་གི་ཡིན། དེ་རྗེས་ཁོས་ཁྱོད་ཚོར་འགྲོར་བཅུག་ཡོང་། 21ངས་ཨི་ཇིབ་པ་ཚོའི་སེམས་ལ་ཁྱོད་ཚོའི་ཐོག་ཏུ་གུས་ཞབས་སྐྱེད་བཅུག་ནས། ཁྱོད་ཚོ་ཡུལ་ནས་བཏོན་སྐབས་ལག་པ་སྟོང་པ་འགྲོ་དགོས་མི་ཡོང་། 22ཨིསི་རཱཨེལ་པ་བུད་མེད་རེ་རེས་རང་གི་ཨི་ཇིབ་པ་ཁྱིམ་མཚེས་མ་དང་། རང་གི་ཁང་པའི་ནང་དུ་གནས་པའི་མགྲོན་པོ་བུད་མེད་རྣམས་ལ་དངུལ་དང་གསེར་གྱི་རྒྱན་ཆ་དང་གོས་སོགས་ལོང་བར་འགྱུར། ཁྱོད་ཚོས་དེ་དག་རང་གི་བུ་དང་བུ་མོ་རྣམས་ལ་བརྒྱན་ཏེ། ཁྱོད་ཚོས་ཨི་ཇིབ་པའི་རྒྱུ་ནོར་རྣམས་འཕྲོག་པར་འགྱུར་རོ་ཞེས་གསུངས་སོ༎

སྡེབ་ཐོན 4

མོ་ཤེས་ཡ་མཚན་གྱི་ལས་བྱེད་པ།

1དེ་ནས་མོ་ཤེས་ཞུས་ལན་དུ། ཨིསི་རཱཨེལ་པ་ཚོས་ང་ལ་ཡིད་མ་ཆེས་པ་དང་། ངས་སྨྲས་པའི་སྐད་ཆ་དེ་མ་ཉན་ན། ཁོ་ཚོས་ང་ལ་ཁྱེད་ཀྱིས་ང་ལ་མངོན་པར་གནང་ཡོད་མ་རེད་ཟེར་ན། ངས་ག་རེ་བྱེད་དགོས་བཅས་ཞུས་སོ། 2གཙོ་བོ་དཀོན་མཆོག་གིས་ཁོང་ལ། ཁྱོད་ཀྱི་ལག་པར་ག་རེ་ཡོད་ཅེས་གསུངས་པའི་ལན་དུ། ཁོང་གིས་འཁར་རྒྱུག་ཅིག་ཡོད་ཅེས་ཞུས་པ་དང་། 3གཙོ་བོ་དཀོན་མཆོག་གིས་དེ་ས་ལ་དབྱུགས་ཤིག་ཅེས་བཀའ་གནང་བ་དང་། ཁོང་གི་དེ་ས་ལ་ཕངས་པ་དང་འཁར་རྒྱུག་དེ་སྦྲུལ་ཞིག་ཏུ་གྱུར་པས་མོ་ཤེས་དེ་ནས་འཇིག་ཏེ་བྲོས་སོང་། 4གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ལག་པ་བརྐྱངས་ཏེ་སྦྲུལ་དེའི་རྔ་མ་བཟུང་ཞིག་ཅེས་བཀའ་གནང་བས། ཁོང་གི་དེ་བཟུང་བ་དང་། དེ་ནི་རང་འཇགས་འཁར་རྒྱུག་ཏུ་གྱུར་ཏོ། 5གཙོ་བོ་དཀོན་མཆོག་གིས། དེ་ཚོའི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་ཀྱི་དཀོན་མཆོག་དེས་ཁྱོད་ལ་མངོན་པར་མཛད་པ་རེད་ཟེར་ཁོ་ཚོས་ཡིད་ཆེས་བྱེད་ཐུབ་ཡོང་ཞེས་གསུངས་སོ། 6སྐྱར་དུ་གཙོ་བོ་དཀོན་མཆོག་གིས་ཁོང་ལ། ཁྱོད་ཀྱི་ལག་པ་ཨམ་བག་ནང་དུ་ཆུག་ཅིག་ཅེས་བཀའ་གནང་བས། ཁོང་གི་དེ་བཞིན་རང་གི་ལག་པ་ཨམ་བག་ནང་དུ་བཅུག་ནས། ཕྱིར་བཏོན་སྐབས་ལག་པར་མཛེ་ནད་ཀྱིས་བཏབ་ནས་གངས་དང་འདྲ་བར་དཀར་པོར་འགྱུར་བ་དང་། 7གཙོ་བོ་དཀོན་མཆོག་གིས། ལག་པ་ཡང་སྐྱར་ཨམ་བག་ནང་དུ་ཆུག་ཅིག་ཅེས་གསུངས་པས། ཁོང་གི་སྐྱར་དུ་ལག་པ་ཨམ་བག་ནང་དུ་བཅུག་ནས་ཕྱིར་བཏོན་པ་དང་། དེ་ནི་རང་གི་གཟུགས་པོའི་ཤ་གཞན་དང་མཚུངས་པར་ཡག་པོར་འགྱུར་རོ། 8དེ་ནས་གཙོ་བོ་དཀོན་མཆོག་གིས། གལ་ཏེ་ཁོ་ཚོས་ཁྱོད་ལ་ཡིད་མ་ཆེས་པར་ལྟས་དང་པོ་དེ་ལ་སྣང་མེད་བྱེད་ན། ལྟས་གཉིས་པ་དེའི་སྒོ་ནས་ཁོ་ཚོས་ཁྱོད་ལ་ཡིད་ཆེས་པར་འགྱུར་རོ། 9གལ་སྲིད་དེ་ཚོས་ལྟས་གཉིས་ཀ་ལ་ཡིད་མ་ཆེས་པར་ཁྱོད་ཀྱིས་ལབ་པར་མ་ཉན་པ་ཡིན་ན། ཁྱོད་ཀྱིས་ན་ཨེལ་གཙང་པོ་ནས་ཆུ་གཏོག་ཙམ་བཅུས་ཏེ་ས་སྐམ་པོའི་ཐོག་ཏུ་བླུགས་ཤིག་དང་། ཆུ་དེ་ཁྲག་ཏུ་འགྱུར་འགྲོ་གི་རེད་ཅེས་གསུངས་སོ། 10འོན་ཀྱངམོ་ཤེས་ཀྱེ་གཙོ་བོ་དཀོན་མཆོག། ང་ནི་སྨྲས་པར་ཁ་མཁས་པོ་ཞིག་མིན་ཏེ། སྔོན་ཆད་ཀྱང་མ་ཡིན་པར། ཁྱེད་ཀྱི་གུས་པར་བཀའ་གནང་བའི་རྗེས་སུའང་དེ་ལྟར་མ་གྱུར། ང་ནི་ཁ་དལ་ཞིང་ལྗིད་པོ་ཞིག་ཡིན་ཞེས་ཞུས་སོ། 11གཙོ་བོ་དཀོན་མཆོག་གིས་ཁོང་ལ། མིའི་ཁ་དེ་སུས་བཟོས་པ་ཡིན་ནམ། ལྐུགས་པ་དང་འོན་པའམ། མིག་མཐོང་མཁན་དང་ལོང་བ་རྣམས་སུས་བཟོས་པ་ཡིན་ནམ། དེ་དག་གཙོ་བོ་དཀོན་མཆོག་ངས་མཛད་པ་མ་ཡིན་ནམ། 12ད་ཁྱོད་སོང་ཞིག། ཁྱོད་ཀྱིས་གང་བཤད་དགོས་པ་དེ་ངས་ཁྱོད་ལ་སྨྲས་པར་རོགས་བྱེད་རྒྱུ་དང་། གང་བཤད་དགོས་པ་དེ་ངས་ཁྱོད་ལ་ལོབ་རྒྱུ་ཡིན་ཞེས་གསུངས་སོ། 13འོན་ཀྱང་མོ་ཤེས། ཀྱེ་གཙོ་བོ་དཀོན་མཆོག། ང་ལ་མ་བཏང་རོགས་གནང་། མི་གཞན་ཞིག་གཏོང་བར་མཛད་དུ་གསོལ་ཞེས་ཞུས་སོ། 14གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་ཐུགས་ཁྲོས་ཤིང་། ལེ་ཝི་པ་ཨ་རོན་དེ་ཁྱོད་ཀྱི་ཨ་ཇོ་མ་ཡིན་ནམ། ཁོ་ནི་ཁ་མཁས་པོ་ཞིག་ཡིན་པ་ངས་ཤེས་སོ། ཁོ་ཁྱོད་ལ་ཐུག་པར་ཡོང་གི་ཡོད་པས། ཁོས་ཁྱོད་ལ་མཐོང་བ་དང་དགའ་པོ་བྱེད་ཡོང་། 15ཁྱོད་ཀྱིས་དེ་ལ་སྐད་ཆ་བཤད་དེ་གང་ལབ་དགོས་པ་ཚང་མ་ཁོ་ལ་ཤོད་ཅིག ང་ནི་ཁྱོད་རང་གཉིས་ཀས་སྨྲ་བའི་ཆེད་ངས་རོགས་བྱེད་ཡོང་། གང་བྱེད་དགོས་པ་དེ་དག་ངས་སློབ་སྟོན་བྱེད་ཡོང་། 16ཁོ་ནི་མི་གཞན་ལ་སྐད་ཆ་ཤོད་ཕྱིར་ཁྱོད་ཀྱི་ཚབ་ཏུ་གྱུར་ཞིང་། དེ་ནས་ཁྱོད་ནི་དཀོན་མཆོག་ལྟ་བུར་འགྱུར་ནས་། ཁོས་གང་བཤད་དགོས་པ་དེ་ཁོ་ལ་སྨྲས་པར་འགྱུར་རོ། 17འཁར་རྒྱུག་འདི་ལག་པར་འཁྱེར་ནས་སོང་ཞིག དེའི་སྒོ་ནས་ལྟས་རྣམས་སྟོན་པར་འགྱུར་ཞེས་བཀའ་གནང་ངོ་༎

མོ་ཤེ་ཨི་ཇིབ་དུ་ཕྱིར་ལོག་པ།

18མོ་ཤེས་རང་གི་གྱོས་པོ་ཡི་ཐོརོའི་རྩར་ཕྱིན་ནས་ཁོང་ལ། ཨི་ཇིབ་དུ་ཡོད་པའི་ངའི་རང་རིགས་སྤུན་ཟླ་རྣམས་ད་དུང་གསོན་པོ་ཡོད་མེད་བལྟ་ཕྱིར་ཁོ་ཚོའི་རྩར་ཕྱིར་ལོག་འགྲོ་ཆོག་པའི་བཀའ་གནང་རོགས་གནང་ཞེས་ཞུས་པས། ཡི་ཐོརོས་མོ་ཤེ་ལ། ཁྱོད་ཞི་བདེའི་ངང་སོང་ཞིག་ཅེས་སྨྲས་སོ། 19སྐབས་དེར་མིད་ཡན་ཡུལ་དུ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ད་ཁྱོད་རང་ཨི་ཇིབ་དུ་ཕྱིར་ལོག་བྱོས་ཤིག། གང་ལ་ཟེར་ན། ཁྱོད་ལ་བསད་ཐབས་བྱེད་པའི་མི་ཚང་མ་ད་ཤི་ཚར་ནས་མེད་ཅེས་བཀའ་གནང་ངོ་། 20མོ་ཤེས་རང་གི་སྐྱེ་དམན་དང་བུ་རྣམས་འཁྲིད་ནས་དེ་དག་བོང་བུའི་ཐོག་ཏུ་བསྐྱོན་ཏེ་ཨི་ཇིབ་དུ་ཕྱིར་ལོག་བྱས་སོ། མོ་ཤེས་དཀོན་མཆོག་གི་འཁར་རྒྱུག་དེ་ལག་པར་འཁྱེར་རོ། 21གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ཁྱོད་རང་ཨི་ཇིབ་དུ་ཕྱིར་ལོག་བྱས་ནས་ངས་ཁྱོད་ཀྱི་ལག་པར་བཞག་པའི་ལྟས་ཡ་མཚན་དེ་དག་རྒྱལ་པོའི་མདུན་དུ་བསྟན་དགོས་པ་དེ་སེམས་ལ་ཞོག་ཅིག ངས་རྒྱལ་པོའི་སེམས་དེ་གྱོང་རུ་གཏོང་རྒྱུ་ཡིན་པས་ ཁོས་ཨིསི་རཱཨེལ་པ་ཚོ་ལ་འགྲོ་རུ་འཇུག་པ་མེད། 22ཁྱོད་ཀྱིས་རྒྱལ་པོ་ལ། གཙོ་བོ་དཀོན་མཆོག་གིས་གསུངས་པ། ཨིསི་རཱཨེལ་ནི་ངའི་སྔོན་སྐྱེས་ཀྱི་བུ་ཡིན་པས། 23ངའི་བུས་ང་ལ་མཆོད་འབུལ་ཞུ་ཕྱིར་དེ་འགྲོར་ཆུགས་ཤིག་ཅེས་ངས་ཁྱོད་ལ་ཟེར། འོན་ཀྱང་ཁྱོད་ཀྱིས་མ་ཉན་ནོ། ད་ངས་ཁྱོད་ཀྱི་སྔོན་སྐྱེས་ཀྱི་བུ་དེ་གསོད་པར་བྱའོ་ཞེས་སྨྲོས་ཤིག་ཅེས་གསུངས་སོ། 24དེ་ནས་ལམ་དུ་གནས་ཚང་ཞིག་ཏུ་བསྡད་སྐབས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་འཕྲད་ནས་ཁོང་ལ་བསད་ཐབས་གནང་ངོ་། 25-26སྐབས་དེར་ཛིབ་པོ་རཱས་རྡོ་རྣོ་པོ་ཞིག་གིས་རང་གི་བུའི་མདུན་ལྤགས་བཅད་ནས་དེས་མོ་ཤེའི་རྐང་པར་འཆང་སྟེ་སྨྲས་པ། ད་ཁྱོད་ནི་ངའི་དོན་དུ་ཁྲག་གི་ཁྱོ་ཡིན་ནོ། དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེའི་སྲོག་དེ་མུར་སློད་བཀྲོལ་གནང་ཞིང་། མདུན་ལྤགས་བཅད་པའི་སྒོ་ནས་མོས་དེ་ལ། ཁྱོད་ནི་ཁྲག་གི་ཁྱོ་ཡིན་ནོ་ཞེས་སྨྲས་སོ། 27གཙོ་བོ་དཀོན་མཆོག་གིས་ཨ་རོན་ལ། མོ་ཤེ་ལ་འཕྲད་པར་འབྲོག་སྟོང་དུ་སོང་ཞིག་ཅེས་བཀའ་གནང་ངོ་། དེ་ཕྱིན་ནས་དཀོན་མཆོག་གི་རི་བོར་ཁོ་དང་འཕྲད་ནས་ཁ་བསྐྱལ་ལོ། 28དེ་ནས་དཀོན་མཆོག་གིས་མོ་ཤེ་ལ་བཀའ་མངགས་གང་གནང་བ་དང་། ཁོས་ལྟས་གང་བསྟན་དགོས་པ་ཐམས་ཅད་ཀྱི་སྐོར་ལ་ཁོས་ཨ་རོན་ལ་བཤད་དོ། 29དེར་བརྟེན་མོ་ཤེ་དང་ཨ་རོན་གཉིས་ཨི་ཇིབ་དུ་ཕྱིན་ནས། ཨིསི་རཱཨེལ་གྱི་མི་བརྒྱུད་ཀྱི་རྒན་པོ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་སོ། 30གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གང་གསུངས་པའི་བཀའ་ཐམས་ཅད་ཨ་རོན་གྱིས་སྨྲས་ཞིང་། མི་རྣམས་ཀྱི་མཐོང་སར་མོ་ཤེས་ལྟས་དེ་དག་བསྟན་པས། 31དེར་མི་རྣམས་ཡིད་ཆེས་ཏེ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་་གྱི་མི་བརྒྱུད་ཚོའི་དཀའ་སྡུག་ལ་གཟིགས་གནང་ནས་དོ་སྣང་གནང་བ་ཤེས་ནས། དེ་ཚོས་མགོ་བཏུད་དེ་བསྙེན་བཀུར་ཞུས་སོ༎

སྡེབ་ཐོན 5

མོ་ཤེ་དང་ཨ་རོན་ཨི་ཇིབ་ཀྱི་རྒྱལ་པོའི་མདུན་དུ་ཕྱིན་པ།

1དེ་རྗེས་མོ་ཤེ་དང་ཨ་རོན་ཨི་ཇིབ་ཀྱི་རྒྱལ་པོའི་མདུན་དུ་ཕྱིན་ནས་ཁོང་ལ། ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་གསུངས་པ། ངའི་མི་སྡེས་འབྲོག་སྟོང་ནང་དུ་ང་ལ་དགའ་སྟོན་ཞིག་བཤམས་ཕྱིར་དེ་དག་འགྲོར་ཆུགས་ཤིག་ཅེས་བཀའ་གནང་ཡོད་ཅེས་སྨྲས་སོ། 2རྒྱལ་པོས། གཙོ་བོ་དཀོན་མཆོག་དེ་སུ་ཡིན་ནམ། དེའི་སྐད་ཆ་ཉན་ནས་ངས་ཨིསི་རཱཨེལ་པ་ཚོ་ལ་ག་རེའི་དོན་དུ་འགྲོར་བཅུག་དགོས། ངས་གཙོ་བོ་དཀོན་མཆོག་དེ་ཤེས་ཀྱི་མེད། ངས་ཨིསི་རཱཨེལ་པ་རྣམས་འགྲོར་བཅུག་གི་མིན་ཞེས་སྨྲས་སོ། 3དེ་ཚོས་སྨྲས་པ། ཨིབ་རི་པའི་དཀོན་མཆོག་དེས་ང་ཚོར་མངོན་པར་གནང་བྱུང་། ང་ཚོས་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ལ་དམར་མཆོད་འབུལ་ཕྱིར་ཉིན་གསུམ་གྱི་ལམ་དུ་འབྲོག་སྟོང་ནང་དུ་ང་ཚོ་གཏོང་བ་གནང་རོགས་གནང་། དེ་མིན་ཁོང་གིས་ང་ཚོར་ནད་ཡམས་སམ་དམག་གི་སྒོ་ནས་ཚར་བཅད་པར་འགྱུར་རོ། 4རྒྱལ་པོས། མོ་ཤེ་དང་ཨ་རོན་ལ་སྨྲས་པ། མི་མང་ལ་ལས་ཀ་བྱེད་མི་བཅུག་པ་དེ་གང་ཡིན་ནམ། བྲན་གཡོག་དང་བྲན་མོ་ཚོ་ལ་ལས་བྱེད་དུ་གཏོང་ཞིག 5ད་ལྟ་ལུང་པའི་ནང་ཁྱོད་ཚོའི་ཁ་གྲངས་ནི་ཨི་ཇིབ་པ་ལས་མང་དུ་ཕྱིན་ཡོད་པས། དེའི་ཁར་ཁྱོད་ཚོས་དེ་དག་ལ་ངལ་རྩོལ་བྱེད་མ་བཅུག་པར་བཀག་འདོད་དམ། 6ཉིན་དེ་རང་ལ་རྒྱལ་པོས་ཨི་ཇིབ་པ་བྲན་གཡོག་གི་མགོ་དཔོན་རྣམས་དང་ཨིསི་རཱཨེལ་པ་ལས་དཔོན་རྣམས་ལ་བཀའ་གནང་བ། 7ཁྱོད་ཚོས་ད་བར་སྟེར་བཞིན་པའི་ས་བག་བཟོ་བྱེད་ཀྱི་སོག་མ་དེ་དག་ཕྱིན་ཆད་མ་སྟེར་ཞིག དེ་ཚོས་སོ་སོས་འཚོལ་ནས་སོག་མ་འཁྱེར་ཡོང་དགོས་སོ། 8འོན་ཀྱང་དེ་སྔ་ཁོ་ཚོས་ས་བག་མང་ཉུང་ག་ཚོད་བཟོ་གི་ཡོད་པ་ད་ལྟའང་མ་ཉུང་དེ་ཙམ་རང་བཟོ་ཆུག་ཅིག གང་ལ་ཟེར་ན། དེ་ཚོས་ལས་ཀ་མ་སྒྱིད་པར་སྐད་འདོན་ཏེ་ང་ཚོའི་དཀོན་མཆོག་ལ་དམར་མཆོད་འབུལ་ཕྱིར་འགྲོར་བཅུག་རོགས་གནང་ཞེས་ཟེར་བའི་ཕྱིར་རོ། 9མི་རྣམས་ཀྱིས་སྐད་ཆ་རྗུན་མར་དོ་སྣང་མ་བྱེད་པའི་ཕྱིར་དེ་ཚོར་ངལ་རྩོལ་ལྗིད་པོ་བཀལ་དགོས་ཅེས་བཀའ་གནང་ངོ་། 10དེ་ནས་མི་མང་གི་མགོ་དཔོན་དང་ལས་བྱེད་པའི་འགོ་པ་རྣམས་ཕྱིན་ནས་ཨིསི་རཱཨེལ་པ་ཚོ་ལ་སྨྲས་པ། རྒྱལ་པོས་ད་ནས་བཟུང་ཁྱོད་ཚོར་སོག་མ་གནང་གི་མིན་ཞེས་གསུངས་ཡོད། 11དེ་བས་ན་ཁྱོད་ཚོ་རང་ཉིད་ཕྱིན་ཏེ་ས་ཕྱོགས་གང་ནས་ཡིན་རུང་སོག་མ་སྒྲུབ་ཐབས་བྱོས་ཤིག འོན་ཀྱང་ས་བག་གི་ཚད་མང་ཉུང་ཅུང་ཟད་ཙམ་ཡང་ཆག་ཡང་བྱེད་མི་ཆོག་ཅེས་སྨྲས་སོ། 12དེ་ནས་མི་དམངས་རྣམས་སོག་མ་འཚོལ་ཕྱིར་ཨི་ཇིབ་ཀུན་ཏུ་ཕྱིན་ནོ། 13མགོ་དཔོན་རྣམས་ཀྱིས་དེ་ཚོར་བཙན་དབང་བྱེད་ཏེ་སྔར་སོག་མ་འབྱོར་དུས་ཁྱོད་ཚོས་ལས་ཀ་མང་ཉུང་ག་ཚོད་བྱེད་ཀྱི་ཡོད་པ་དེ་བཞིན་ད་ལྟའང་བྱས་ཏེ་སོ་སོའི་ཉིན་རེའི་ལས་ཚད་དེ་སྒྲུབ་པར་བྱོས་ཤིག་ཅེས་སྨྲས་སོ། 14དེ་ནས་ལས་བལྟག་སྤྱད་བྱེད་པའི་བསྐོ་བཞག་བྱས་པའི་ཨིསི་རཱཨེལ་པའི་ལས་དཔོན་རྣམས་ལ་ཨི་ཇིབ་པའི་བྲན་གཡོག་གི་མགོ་དཔོན་རྣམས་ཀྱིས་བརྡུང་ནས་དེ་དག་ལ། ཁྱོད་ཚོས་སྔར་བཞིན་ས་བག་མ་བཟོས་པར་དེ་གང་ཡིན་ནམ་ཞེས་སྨྲས་པས། 15ཨིསི་རཱཨེལ་གྱི་མགོ་དཔོན་རྣམས་རྒྱལ་པོའི་མདུན་དུ་ཕྱིན་ནས་ཞུས་པ། ཀྱེ་རྒྱལ་པོ་ཆེན་པོ། ཁྱེད་ཀྱིས་ང་ཚོའི་ཐོག་ཏུ་བཀའ་བཙན་པོ་འདི་འདྲ་ཅི་ལ་གནང་བཞིན་ཡོད་དམ། 16ང་ཚོར་སོག་མ་ཅིའང་མ་གནང་བའི་ཁར། ས་བག་བཟོ་དགོས་ཅེས་ཟེར་བ་དང་། ང་ཚོར་ཉེས་བརྡུང་བྱས་པའི་ནག་ཉེས་ནི་སྐུ་ཉིད་ཀྱི་ཞབས་ཕྱི་ཚོའི་ཁར་ཡོད་ཅེས་ཞུ་བ་ཕུལ་ཀྱང་། 17རྒྱལ་པོས་དེ་དག་ལ། ཁྱོད་ཚོ་ནི་ལེ་ལོ་ཅན་ཡིན་པས་ལས་མ་སྒྱིད་པར། ང་ཚོ་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་ཕྱིར་འགྲོར་བཅུག་རོགས་གནང་ཞེས་ཟེར་སྨྲས་སོ། 18ཁྱོད་ཚོ་ལས་ཀར་སོང་ཞིག། ཁྱོད་ཚོར་སོག་མ་ཡང་སྟེར་མི་ཡོང་། འོན་ཀྱང་ཁྱོད་ཚོས་ཉིན་རེར་བཟོ་དགོས་པའི་ས་བག་གི་ཁ་གྲངས་དེ་ཚང་བར་བྱེད་དགོས་ཅེས་བཀའ་གནང་ངོ་། 19ཉིན་རེར་བཟོ་དགོས་པའི་ས་བག་གི་གྲངས་ཆད་དེ་ལས་ཆག་ཡང་ཅི་ཡང་མེད་པའི་བཀའ་དེ་ཐོས་ནས། ཨིསི་རཱཨེལ་གྱི་འགོ་དཔོན་རྣམས་ཀྱིས་སེམས་ལ་ད་ང་ཚོ་དཀའ་ངལ་དྲག་པོ་ཞིག་གི་ནང་དུ་ཚུད་བཞག་ཅེས་ཧ་གོའོ། 20དེ་ནས་ཁོ་ཚོ་རྒྱལ་པོའི་རྩར་ནས་ཕྱིར་ཐོན་པ་དང་། ལམ་དུ་ཁོ་ཚོ་ལ་སྒུག་ནས་བསྡད་ཡོད་པའི་མོ་ཤེ་དང་ཨ་རོན་འཕྲད་དོ། 21དེ་ཚོས་ཨ་རོན་དང་མོ་ཤེ་ལ། ཁྱོད་ཚོའིརྐྱེན་གྱིས་རྒྱལ་པོ་དང་དེའི་འཁོར་གཡོག་ཚོས་ང་ཚོར་སྡང་དགྲ་བྱེད་ཀྱི་ཡོད་པ་དེ་གཙོ་བོ་དཀོན་མཆོག་གིས་གཟིགས་ཡོད་པས། ཁོང་གིས་ཁྱོད་ཚོར་ཁྲིམས་གཅོད་གནང་བར་ཤོག ཁྱོད་ཚོས་དེ་ཚོ་ལ་ངེད་རྣམས་བསད་བའི་ཁ་འདྲི་ཞིག་སྤྲད་ཡོད་ཅེས་སྨྲས་སོ༎

མོ་ཤེས་གཙོ་བོ་དཀོན་མཆོག་ལ་རྙོག་གྲ་ཞུས་པ།

22དེ་ནས་མོ་ཤེས་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་ཁ་སྒྱུར་ནས་ཡང་སྐྱར་ཁོང་ལ། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་རང་གི་མི་འབངས་འདི་ལ་དཀའ་སྡུག་དྲག་པོ་འདི་འདྲ་ག་རེའི་དོན་ལ་གནང་བ་ཡིན་ནམ། ཁྱེད་ཀྱི་ང་ལ་ཅི་ཕྱིར་གཏོང་གནང་བ་ཡིན་ནམ། 23ངས་ཁྱེད་ཀྱི་མཚན་གྱི་ངང་ནས་རྒྱལ་པོར་སྐད་ཆ་བཤད་པའི་ཉིན་མོ་ནས་བཟུང་། རྒྱལ་པོས་མི་དམངས་ལ་སྡུག་རྩུབ་ཆེ་རུ་བཏང་ཡོད། འོན་ཀྱང་ཁྱེད་ཀྱིས་དེ་ཚོར་སྐྱབས་པའི་ཆེད་དུ་གང་ཡང་གནང་མ་སོང་ཞེས་ཞུས་སོ༎

སྡེབ་ཐོན 6

1དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ད་ངས་རྒྱལ་པོ་ལ་གང་བྱེད་རྒྱུ་ཡིན་པ་དེ་ཁྱོད་ཀྱིས་མཐོང་ཡོང། ངའི་མི་དམངས་ལ་འགྲོ་བཅུག་ཟེར་ནས་ངས་ཁོ་ལ་ཨུ་ཆུག་བྱེད་རྒྱུ་ཡིན། དངོས་གནས་བྱས་ན་ཁྱོད་ཚོ་ལ་ཡུལ་འདི་ནས་དད་པར་དེ་ལ་ངས་ཨུ་ཚུག་བརྒྱབ་རྒྱུ་ཡིན༎ 2གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ང་ནི་གཙོ་བོ་དཀོན་མཆོག་ཡིན་ནོ། 3ང་ནི་ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་ཀྱི་མདུན་དུ་ཀུན་དབང་དཀོན་མཆོག་གི་ཚུལ་དུ་མངོན་པར་འགྱུར་ནས་ཡོད། འོན་ཀྱང་ངའི་དམ་པའི་མཚན་ནི་གཙོ་བོ་དཀོན་མཆོག་ཡིན་ཟེར་ཁོ་ཚོར་མངོན་པར་འགྱུར་མེད་དོ། 4ཁོ་ཚོ་བྱེས་སུ་གནས་པའི་ཡུལ་ཀ་ནན་དེ་ངས་ཁོ་ཚོའི་བདག་དབང་དུ་སྟེར་གྱི་ཡིན་ཞེས་དམ་བཅའ་བྱས་ཡོད་དོ། 5ཨི་ཇིབ་པས་བྲན་གཡོག་བཟོས་པའི་ཨིསི་རཱཨེལ་པ་རྣམས་ཀྱི་སྨྲེ་ངག་དེ་ངས་ད་ལྟ་ཐོས་ཡོད་པ་དང། ངས་བྱས་པའི་དམ་བཅའ་དེ་དྲན་གསོས་བྱུང། 6དེར་བརྟེན་ཨིསི་རཱཨེལ་པ་རྣམས་ལ་ངས་འདི་ལྟར་ཤོད་ཀྱི་ཡོད་ཅེས་སྨྲོས་ཤིག ང་ནི་གཙོ་བོ་དཀོན་མཆོག་ཡིན་ཏེ། ངས་ཁྱོད་ཚོ་ཨི་ཇིབ་པའི་བྲན་འཁོལ་ནས་འདོན་ཏེ་སྐྱབས་རྒྱུ་ཡིན། ངས་སྟོབས་དང་ལྡན་པའི་ལག་པ་བརྐྱངས་ཏེ་ཨི་ཇིབ་པ་ཚོར་ཆད་པ་དྲག་པོ་བཅད་པའི་སྒོ་ནས་ཁྱོད་ཚོར་ཐར་དུ་འཇུག་པར་བྱའོ། 7ངས་ཁྱོད་ཚོ་ངའི་མི་འབངས་སུ་ངོས་ལེན་ཞིང་། ང་ནི་ཁྱོད་ཚོའི་དཀོན་མཆོག་ཏུ་འགྱུར་ཏེ། ཁྱོད་ཚོ་ཨི་ཇིབ་གྱི་བྲན་འཁོལ་ནས་འདོན་སྐབས་ང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཡིན་པ་དེ་ཁྱོད་ཚོས་ཤེས་ཡོང་། 8ངས་ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་ལ་སྟེར་རྒྱུའི་དམ་བཅའ་བྱས་པའི་ཡུལ་དེར་ངས་ཁྱོད་ཚོར་འཁྲིད་ཅིང་། ཡུལ་དེ་ཁྱོད་ཚོའི་བདག་དབང་དུ་སྟེར་གྱི་ཡིན། ང་ནི་གཙོ་བོ་དཀོན་མཆོག་དེ་ཡིན་ནོ་ཞེས་བཀའ་གནང་ངོ། 9དེ་ནས་མོ་ཤེས་དཀོན་མཆོག་གིས་གང་གསུངས་པ་དེ་ཨིསི་རཱཨེ་ལ་རྣམས་ལ་བཤད་ཀྱང་། བྲན་འཁོལ་གྱི་བཙན་གནོན་དྲག་པོས་དེ་ཚོའི་སེམས་ཤུགས་ཆགས་ཡོད་པས། དེ་ཚོས་མོ་ཤེས་གང་བཤད་པར་མ་ཉན་ནོ། 10དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། 11ཁྱོད་ཨི་ཇིབ་ཀྱི་རྒྱལ་པོའི་རྩར་ཕྱིན་ནས་དེ་ལ། ཨིསི་རཱཨེལ་གྱི་མི་རིགས་རྣམས་ཁྱེད་ཀྱི་ཡུལ་ནས་འགྲོར་ཆུགས་ཤིག་ཅེས་སྨྲོས་ཤིག་ཅེས་བཀའ་གནང་ངོ་། 12འོན་ཀྱང་ལན་དུ་མོ་ཤེས་གཙོ་བོ་དཀོན་མཆོག་ལ་ཞུས་པ། གཟིགས་ཤིག། ཨིསི་རཱཨེལ་པ་ཚོས་ངའི་སྐད་ཆ་ཉན་གྱི་མིན་འདུག རྒྱལ་པོས་ཇི་ལྟར་ཉན་སྲིད། ང་ནི་སྐད་ཆ་ཤོད་ཀྱང་ཐུབ་ཀྱི་མེད་ཅེས་སྨྲས་སོ། 13དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ་བཀའ་གནང་བ། ཨིསི་རཱཨེལ་པ་རྣམས་དང་ཨི་ཇིབ་ཀྱི་རྒྱལ་པོ་ལ་སྨྲོས་ཤིག ངས་དེ་ཚོ་ལ་ཨི་ཇིབ་ནས་ཨིསི་རཱཨེལ་པ་ཚོ་ལ་བཏོན་ནས་འཁྲིད་འགྲོ་བའི་བཀའ་སྤྲད་ཡོད༎

མོ་ཤེ་དང་ཨ་རོན་གྱི་ཁྱིམ་ཚང་གི་ཐོ།

14ཨིསི་རཱཨེལ་གྱི་བུ་སྔོན་སྐྱེས་རུ་བྷེན་ལ་བུ་བཞི་ཡོད་པ་ནི། ཧ་ནོག། པལ་ལུ། ཧེཛ་རོན། ཀར་མི་བཅས་ཡིན། དེ་ཚོ་ནི་རུ་བྷེན་གྱི་ཁྱིམ་ཚང་རྣམས་ཡིན་ནོ། 15སིམ་ཨོན་ལ་བུ་དྲུག་ཡོད་པ་རྣམས་ནི། ཡེ་མུ་ཨེལ། ཡ་མིན། ཨོ་ཧད། ཡ་ཀིན། ཛོ་ཧར། ཀ་ནན་པའི་བུད་མེད་ལས་བྱུང་བའི་བུ་ཤ་ཨུལ་དང་བཅས་དྲུག་ཡིན། དེ་ཚོ་ནི་སིམ་ཨོན་གྱི་ཁྱིམ་ཚང་རྣམས་ཡིན་ནོ། 16ལེ་ཝི་ལ་བུ་གསུམ་ཡོད་པ་ཡིན་ནོ། དེ་ཚོ་གྷེར་ཤོན། ཀ་ཧད། མ་ར་རི་ཡིན་ནོ། དེ་ཚོ་ལེ་ཝིའི་ཁྱིམ་ཚང་རྣམས་ཡིན་ནོ། ལེ་ཝི་ཁོ་རང་ནི་ལོ་ ༡༣༧ གསོན་ནོ། 17གྷེར་ཤོན་གྱི་བུ་རྣམས་ནི་རང་གི་ཁྱིམ་ཚང་བཞིན། ལིབ་ནི་དང་། ཤིམ་ཨི་ཡིན་ནོ། 18ཀོ་ཧད་ཀྱི་བུ་རྣམས་ནི་ཨམ་རམ་དང། ཨིཛ་ཧར་དང་། ཧིབ་རོན་དང་། ཨུ་ཛི་ཨེལ་བཅས་ཡིན་ཏེ། ཀོ་ཧད་ནི་ལོ་བརྒྱདང་སུམ་ཅུ་སོ་གསུམ་གསོན་ནོ། 19མ་ར་རིའི་བུ་རྣམས་མཱ་ལི་དང་། མུ་ཤི་ཡིན། དེ་དག་རང་གི་ཁྱིམ་ཚང་བཞིན་ལེ་ཝིའི་སྡེ་རིགས་་ཡིན་ནོ། 20ཨམ་རམ་གྱིས་རང་གི་ཕའི་སྲིང་མོ་ཡོ་ཀེ་བྷེད་དང་ཆང་ས་བརྒྱབ་ཏེ་མོ་ལས་ཨ་རོན་དང་། མོ་ཤེ་སྐྱེས་སོ། ཨམ་རམ་ནི་ལོ་ ༡༣༧ བར་གསོན་ནོ། 21ཨིཛ་ཧར་གྱི་བུ་རྣམས་ནི་ཀོ་རཱ་དང་། ནེ་ཕེག་དང་། ཛིག་རི་བཅས་ཡིན་ནོ། 22ཨུ་ཛི་ཨེལ་གྱི་བུ་རྣམས་ནི་མི་ཤ་ཨེལ་དང་། ཨེལ་ཛ་པན་དང་། སིཐ་རི་བཅས་ཡིན། 23ཨ་རོན་གྱིས་ཨམ་མི་ན་དྷབ་ཀྱི་བུ་མོ་དང་ནཱ་ཤོན་གྱི་སྲིང་མོ་ཨེ་ལི་ཤེ་བ་དང་ཆང་ས་བརྒྱབ་ནས། མོ་ལས་ན་དྷབ་དང་། ཨ་བྷི་ཧུ་དང་། ཨེ་ལི་ཛར་དང་། ཨི་ཐ་མར་སྐྱེས་སོ། 24ཀོ་རཱའི་བུ་རྣམས་ནི་ཨསི་སིར་དང་། ཨེལ་ཀ་ནཱ་དང་། ཨ་བྷི་ཨ་སཕེ་བཅས་ཡིན་ནོ། དེ་ཚོ་ནི་ཀོ་རཱའི་སྡེ་རིགས་་ཀྱི་ཕ་མེས་ཡིན་ནོ། 25ཨ་རོན་གྱི་བུ་ཨེ་ལི་ཛར་གྱིས་པ་ཏི་ཨེལ་གྱི་བུ་མོ་རྣམས་ནས་གཅིག་དང་ཆང་ས་བརྒྱབ་བོ། མོ་ནས་ཕིན་ཧསི་སྐྱེས་སོ། ལེ་ཝིའི་སྡེ་རིགས་་ཀྱི་ནང་མི་གཙོ་བོ་རྣམས་ནི་གོང་གསལ་ལྟར་ཡིན་ནོ། 26གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་འཁྲིད་ཅིག་ཅེས་བཀའ་གནང་བའི་སྐྱེ་བོ་དག་ནི་ཨ་རོན་དང་མོ་ཤེ་ཡིན་ནོ། 27ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་འཁྲིད་པའི་ཕྱིར་ཨི་ཇིབ་གྱི་རྒྱལ་པོ་དང་སྐད་ཆ་བཤད་མཁན་རྣམས་ནི་མོ་ཤེ་དང་ཨ་རོན་ཡིན་ནོ༎

གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ་བཀའ་རྒྱ་གནང་བ།

28གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་དུ་མོ་ཤེ་ལ་བཀའ་མོལ་གནང་བའི་ཉིན་མོ་དེ་ལ། 29ཁོང་གིས་ང་ནི་གཙོ་བོ་དཀོན་མཆོག་ཡིན། ངས་ཁྱོད་ལ་གང་བཤད་པ་ཐམས་ཅད་ཁྱོད་ཀྱིས་ཨི་ཇིབ་ཀྱི་རྒྱལ་པོ་ལ་སྨྲོས་ཤིག་ཅེས་བཀའ་གནང་ངོ་། 30མོ་ཤེས་གཙོ་བོ་དཀོན་མཆོག་ལ་ཞུས་པ། གཟིགས་ཤིག་ང་ནི་སྐད་ཆ་བཤད་སྟངས་མི་ཤེས་པས་རྒྱལ་པོས་ངའི་ཁ་ལ་ཇི་ལྟར་ཉན་སྲིད་ཅེས་ཞུས་སོ༎

སྡེབ་ཐོན 7

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ལྟོས་ཤིག། ངས་ཁྱོད་ནི་རྒྱལ་པོའི་མཐོང་སྣང་དུ་དཀོན་མཆོག་དང་མཚུངས་པ་བྱས་ཡོད། ཁྱོད་ཀྱི་ཨ་ཇོ་ཨ་རོན་ནི་ཁྱོད་ཀྱི་ལུང་སྟོན་པར་འགྱུར་ནས་སྐད་ཆ་བཤད་ཡོང་། 2ངས་ཁྱོད་ལ་གང་བཤད་པ་ཚང་མ་ཨ་རོན་ལ་སྨྲོས་ཤིག ཁོས་ཨིསི་རཱཨེལ་པ་རྣམས་ལ་ཨི་ཇིབ་ནས་འགྲོར་བཅུག་དགོས་ཅེས་རྒྱལ་པོ་ལ་ཞུ་དགོས། 3འོན་ཀྱང་ངས་རྒྱལ་པོའི་སེམས་གྱོང་པོ་བཟོས་ཏེ། ཨི་ཇིབ་ནང་ངས་ལྟས་ངོ་མཚར་ཆེ་བ་མང་པོ་སྟོན་གྱི་ཡིན། 4འོན་ཀྱང་རྒྱལ་པོས་ཁྱོད་ཚོའི་བཤད་པར་མི་ཉན་པ་དང་། ཨི་ཇིབ་གྱི་ཐོག་ཏུ་ངས་རང་གི་མཐུ་དང་ནུས་པ་སྟོན་ཏེ། དེ་ཚོའི་ཐོག་ཏུ་ཁྲིམས་གཅོད་དྲག་པོ་བཅད་ཅིང་། ངའི་མི་མང་ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་ངས་ཕྱིར་འདོན་པར་བྱའོ། 5ངས་ཨི་ཇིབ་པ་རྣམས་ཀྱི་ཐོག་ཏུ་ལག་པ་བརྐྱངས་ཤིང་དེ་ཚོའི་དཀྱིལ་ནས་ཨིསི་རཱཨེལ་པ་རྣམས་ཕྱིར་འདོན་པའི་ཚེ་ང་ནི་གཙོ་བོ་དཀོན་མཆོག་ཡིན་པ་དེ་ཨི་ཇིབ་པ་ཚོས་ཤེས་ཡོང་ཞེས་བཀའ་གནང་ངོ་། 6གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་དུ་མོ་ཤེ་དང་ཨ་རོན་གྱིས་བྱས་སོ། 7དེ་གཉིས་ཀྱིས་རྒྱལ་པོ་དང་གཏམ་བྱེད་སྐབས་མོ་ཤེ་ནི་ལོ་བརྒྱད་ཅུ་དང་ཨ་རོན་ནི་ལོ་བརྒྱད་ཅུ་གྱ་གསུམ་ཡིན་ནོ༎

ཨ་རོན་གྱི་འཁར་རྒྱུག།

8གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ། 9གལ་ཏེ་རྒྱལ་པོས་ཁྱོད་གཉིས་ལ། ལྟས་ཤིག་སྟོན་ཞིག་བརྗོད་ན། ཁྱོད་ཀྱིས་ཨ་རོན་གྱི་འཁར་རྒྱུག་དེ་བླངས་ནས་རྒྱལ་པོའི་མདུན་དུ་དབྱུགས་ཤིག་ཅེས་སྨྲོས་དང་། དེ་ནི་སྦྲུལ་ཞིག་ཏུ་འགྱུར་ཡོང་ཞེས་བཀའ་གནང་ངོ་། 10དེར་བརྟེན་མོ་ཤེ་དང་ཨ་རོན་རྒྱལ་པོའི་མདུན་དུ་ཕྱིན་ནས། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་བྱས་ཏེ་ཨ་རོན་གྱིས་འཁར་རྒྱུག་དེ་རྒྱལ་པོ་དང་དེའི་འཁོར་གཡོག་རྣམས་ཀྱི་མདུན་དུ་འཕངས་པས་དེ་སྦྲུལ་ཞིག་ཏུ་འགྱུར་ཏོ། 11དེ་ནས་རྒྱལ་པོས་ཀྱང་མི་མཁས་པ་དང་རྫུས་འཕྲུལ་མཁན་རྣམས་སྐད་བཏང་ནས། དེ་ཚོས་ཀྱང་རྫུ་འཕྲུལ་གྱི་སྒོ་ནས་དེ་བཞིན་དུ་བྱས་སོ། 12དེ་ཚོས་ཀྱང་སོ་སོའི་འཁར་རྒྱུག་འཕངས་པས་དེ་དག་སྦྲུལ་དུ་སྒྱུར་རོ། འོན་ཀྱང་ཨ་རོན་གྱི་འཁར་རྒྱུག་གིས་དེ་ཚོའི་འཁར་རྒྱུག་རྣམས་མིག་གོ 13ད་དུང་རྒྱལ་པོའི་སེམས་གྱོང་པོར་གྱུར་ནས་གཙོ་བོ་དཀོན་མཆོག་གིས་གསུངས་པ་བཞིན་རྒྱལ་པོས་དེ་ཚོའི་གཏམ་ལ་མ་ཉན་ནོ༎

ཨི་ཇིབ་དུ་རྐྱེན་ངན་སྣ་ཚོགས་བྱུང་བ།

ཁྲག།

14དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། རྒྱལ་པོའི་སེམས་གྱོང་པོར་ཕྱིན་ཡོད་པས། ཁོས་ཨིསི་རཱཨེལ་པ་ཚོ་ལ་གཏོང་བ་མེད། 15རྒྱལ་པོ་ཞོགས་པ་སྔ་པོ་ན་ཨེལ་གཙང་པོའི་ཉེ་འགྲམ་དུ་ཕེབས་སྐབས་དེར་ཁོ་ལ་འཕྲད་ཕྱིར་དེར་སོང་ཞིག སྔར་སྦྲུལ་དུ་འགྱུར་བའི་འཁར་རྒྱུག་དེ་འཁྱེར་ནས་དེར་ཁོ་ལ་སྒུག་སྡོད་ཅིག 16དེ་ནས་རྒྱལ་པོ་ལ་འདི་ལྟར་སྨྲོས་ཤིག། ཨིབ་རི་པའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ང་ཁྱེད་ཀྱི་དྲུང་དུ་གཏོང་བ་གནང་ཞིང་། ཁོང་གིས་ཁྱེད་ལ། ཁོང་གི་མི་དམངས་རྣམས་འབྲོག་སྟོང་དུ་ཁོང་ལ་བསྙེན་བཀུར་བྱེད་ཕྱིར་གཏོང་ཞིག་ཅེས་བཀའ་གནང་བྱུང་། འོན་ཀྱང་ད་བར་ཁྱེད་ཀྱིས་ཁོང་གི་བཀའ་ལ་རྩིས་མེད་ཞུས་ཡོད་པ་ཡིན་ནོ། 17གཙོ་བོ་དཀོན་མཆོག་གིས་གསུངས་པ། ཁོང་གི་མཛད་པ་རྣམས་ཁྱེད་ཀྱིས་མཐོང་ནས་ཁོང་གཙོ་བོ་དཀོན་མཆོག་ཡིན་པ་དེ་ཤེས་ཐུབ་ཡོང་། ལྟོས་ཤིག་ངའི་ལག་པར་ཡོད་པའི་འཁར་རྒྱུག་དེ་ན་ཨེལ་གཙང་ཆུའི་ཁར་ཞུས་དུས་གཙང་ཆུ་དེ་ཁྲག་ཏུ་འགྱུར་ཡོང་། 18གཙང་པོའི་ཉ་རྣམས་ཤི་བ་དང་། གཙང་ཆུ་ལ་དྲི་ངན་དྲོ་བས། ཨི་ཇིབ་པ་རྣམས་གཙང་ཆུ་དེ་ལས་འཐུང་མི་ཐུབ་ཅེས་སྨྲོས་ཤིག 19གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ཁྱོད་ཀྱི་ཨ་ཇོ་ཨ་རོན་ལ། འཁར་རྒྱུག་དེ་འཁྱེར་ནས་ཨི་ཇིབ་གྱི་གཙང་པོ་ཡོད་ཚད་དང་། ཡུར་པོ་རྣམས་དང་། རྫིང་བུ་རྣམས་དང་། གཞན་ཡང་ཁྲོན་པ་ཐམས་ཅད་ཁྲག་ཏུ་འགྱུར་བའི་ཕྱིར་དེ་ཚོའི་སྟེང་དུ་ལག་པ་རྐྱོངས་ཤིག་ཅེས་སྨྲོས་ཤིག ཨི་ཇིབ་ཀྱི་ཤིང་གི་སྣོད་དང་། རྡོ་སྣོད་ཡོད་ཚད་ནང་ལ་ཁྲག་ཤ་སྟག་ཡོད་པ་འབྱུང་ཡོང་ཞེས་བཀའ་གནང་ངོ་། 20དེ་ནས་མོ་ཤེ་དང་ཨ་རོན་གྱིས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་བྱས་སོ། རྒྱལ་པོ་དང་འཁོར་གཡོག་རྣམས་ཀྱི་མདུན་དུ་ཨ་རོན་གྱིས་འཁར་རྒྱུག་དེ་ཡར་ཀྱག་ནས་གཙང་པོ་ན་ཨེལ་ཁར་ཞུས་པས། གཙང་པོའི་ཆུ་རྣམས་ཁྲག་ཏུ་འགྱུར་རོ། 21གཙང་པོའི་ཉ་རྣམས་ཤི་ནས། དེར་དྲི་མ་ངན་པ་བྱུང་ནས། ཨི་ཇིབ་པ་ཚོས་ཆུ་དེ་འཐུང་མ་ཐུབ་བོ། ཨི་ཇིབ་ཀུན་ཏུ་ག་ས་ག་ལ་ཆུ་ཆང་མ་ཁྲག་ཏུ་འགྱུར་རོ། 22རྒྱལ་པོའི་མིག་འཕྲུལ་མཁན་རྣམས་ཀྱིས་ཀྱང་རྫུ་འཕྲུལ་གྱི་སྒོ་ནས་དེ་བཞིན་བྱས་སོ། གཙོ་བོ་དཀོན་མཆོག་གིས་གསུངས་པ་བཞིན་རྒྱལ་པོའི་སེམས་ད་དུང་གྱོང་བར་ཕྱིན་པས། རྒྱལ་པོས་མོ་ཤེ་དང་ཨ་རོན་གྱི་གཏམ་ལ་མ་ཉན་ནོ། 23གནས་ཚུལ་གང་བྱུང་བ་དེ་ལ་དོ་སྣང་མ་བྱས་པར། ཁོང་རང་གི་ཕོ་བྲང་དུ་ལོག་གོ། 24ཨི་ཇིབ་པ་ཐམས་ཅད་གཙང་ཆུ་འཐུང་མ་ཐུབ་པར་གཙང་པོའི་ཉེ་འགྲམ་དུ་ཆུ་འཚོལ་ཕྱིར་ས་བྲུས་སོ། 25གཙོ་བོ་དཀོན་མཆོག་གིས་གཙང་ཆུ་ཁྲག་ཏུ་སྒྱུར་གནང་ནས་ཉིན་ཞག་བདུན་ཕྱིན་ནོ༎

སྡེབ་ཐོན 8

སྦལ་པ་རྣམས།

1དེ་ནས་གཅོ་བོ་དཀོན་མཆོག་གིས་མོ་ཤེ་ལ། རྒྱལ་པོའི་རྩར་ཕྱིན་ནས། གཙོ་བོ་དཀོན་མཆོག་གིས་འདི་ལྟར་གསུངས་བཞིན་ཡོད་ཅེས་སྨྲོས་ཤིག ངའི་མི་མང་ཚོས་ང་ལ་བསྙེན་བཀུར་བྱེད་ཕྱིར་དེ་ཚོ་ལ་འགྲོར་ཆུགས་ཤིག 2གལ་སྲིད་ཁྱོད་ཀྱིས་འགྲོ་རུ་མ་བཅུག་ན། ངས་ཁྱོད་ཀྱི་ཡུལ་ཚང་མ་སྦལ་པས་བཀང་སྟེ་ཆད་པ་གཏོང་གི་ཡིན། 3གཙང་པོ་ན་ཨེལ་སྦལ་པས་ཡོངས་སུ་གང་ནས་དེ་དག་ཕྱིར་ཐོན་ཞིང་། ཁྱོད་ཀྱི་ཕོ་བྲང་དང་། ཁྱོད་ཉལ་སའི་ཁང་མིག་དང་། ཁྱོད་ཀྱི་ཉལ་ཁྲིའི་སྒང་དང་། ཁྱོད་ཀྱི་ལས་བྱེད་པ་ཚོའི་ཁང་པའི་ནང་དང་། གཞན་ཡང་ཁྱོད་ཀྱི་ཐབ་ཚང་དང་། བག་གཞོང་ནང་དུའང་ཡོང་སྟེ། 4ཁྱོད་རང་དང་ཁྱོད་ཀྱི་འབངས་དང་ལས་བྱེད་པ་ཚོའི་སྟེང་དུ་སྦལ་པ་དེ་ཚོ་མཆོངས་ཤིང་ཡོང་བར་འགྱུར་ཞེས་གསུངས་སོ། 5གཅོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཨ་རོན་ལ་འཁར་རྒྱུག་དེ་འཁྱེར་ནས་གཙང་པོ་དང་ཡུར་པོ་དང་རྫིང་བུ་རྣམས་ཀྱི་ཕྱོགས་སུ་ལག་པ་བརྐྱངས་ཏེ་སྦལ་པ་རྣམས་ཨི་ཇིབ་ཀུན་ཏུ་ཁྱབ་བཅུག་ཅིག་ཅེས་སྨྲོས་ཤིག 6དེར་བརྟེན་ཨ་རོན་གྱིས་ཆུ་ཆང་མའི་སྟེང་དུ་ལག་པའི་འཁར་རྒྱུག་དེ་སྐྱང་པས་ཡུལ་ཀུན་ཏུ་སྦལ་པས་ཁྱབ་བོ། 7འོན་ཀྱང་མིག་འཕྲུལ་མཁན་རྣམས་ཀྱིས་ཀྱང་རྫུ་འཕྲུལ་གྱི་སྒོ་ནས་དེ་བཞིན་བྱས་པས། ཡུལ་ནང་སྦལ་པ་རྣམས་འཁྱེར་ཡོང་ངོ་། 8དེ་རྗེས་རྒྱལ་པོས་མོ་ཤེ་དང་ཨ་རོན་སྐད་བཏང་ནས་སྨྲས་པ། གཙོ་བོ་དཀོན་མཆོག་ལ་སྦལ་པ་འདི་ཚོ་བཏོན་ཕྱིར་སྨོན་ལམ་འདེབས་ཤིག་དང་། ངས་ཁོང་གི་མི་དམངས་རྣམས་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་ཕྱིར་བཏང་གི་ཡིན་ཞེས་བརྗོད་དོ། 9མོ་ཤེས་ལན་དུ། ང་ཁྱེད་རང་གི་དོན་དུ་སྨོན་ལམ་འདེབས་པར་དགའ་པོ་ཡོད། ངས་ཁྱེད་དང་ཁྱེད་ཀྱི་འཁོར་གཡོག་དང་མི་དམངས་ཀྱི་ཆེད་དུ་སྨོན་ལམ་ག་དུས་རྒྱབ་དགོས་པའི་དུས་ཚོད་ཞིག་གཏན་འབེབས་གནང་རོགས་གནང་། དེ་ནས་སྦལ་པ་ཚང་མ་ཕྱི་ནུར་བརྒྱབ་པ་དང་། གཙང་པོ་ན་ཨེལ་ནང་མ་གཏོགས་གཞན་གང་དུའང་སྦལ་པ་ལུས་པར་མི་འགྱུར། 10རྒྱལ་པོས་ངའི་དོན་དུ་སང་ཉིན་སྨོན་ལམ་འདེབས་རོགས་གསུངས་པ་དང་། མོ་ཤེས། གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་དང་འདྲ་བ་གཞན་དཀོན་མཆོག་མེད་པ་དེ་ཁྱེད་ཀྱིས་མཁྱེན་པའི་ཕྱིར་ངས་ཁྱེད་ཀྱི་བཀའ་གནང་བ་བཞིན་ཞུས་ཆོག 11སྦལ་པ་རྣམས་ཁྱེད་དང་ཁྱེད་ཀྱི་འབངས་དང་ལས་བྱེད་པ་རྣམས་ལས་མེད་པར་འགྱུར་ཏེ། གཙང་པོ་ན་ཨེལ་གཅིག་པུར་ལུས་ཡོང་ཞེས་སྨྲས་སོ། 12དེ་ནས་མོ་ཤེ་དང་ཨ་རོན་རྒྱལ་པོའི་དྲུང་ནས་ཕྱིན་ཏེ། ཡུལ་ནང་ཡོད་པའི་སྦལ་པ་རྣམས་མེད་པར་འགྱུར་ཕྱིར་མོ་ཤེས་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་འདེབས་སོ། 13གཙོ་བོ་དཀོན་མཆོག་གིས་མོ་ཤེས་ཞུ་བ་བཞིན་མཛད་དེ་ཁང་པ་དང་། ཁྱམས་ར་དང་། གཞན་ཡང་ཞིང་རྣམས་ལ་ཡོད་པའི་སྦལ་པ་རྣམས་ཤིའོ། 14ཤི་བའི་སྦལ་པ་རྣམས་ནི་ཨི་ཇིབ་པ་རྣམས་ཀྱིས་ཕྱོགས་གཅིག་ཏུ་སྤུངས་པས་དྲི་ངན་གྱི་ཡོངས་སུ་ཁྱབ་བོ། 15འོན་ཀྱང་སྦལ་པ་ཚང་མ་མེད་པར་སོང་བ་མཐོང་ནས། རྒྱལ་པོའི་སེམས་ད་དུང་གྱོང་རུ་ཕྱིན་ནོ། སྔོན་དུ་གཙོ་བོ་དཀོན་མཆོག་གིས་གསུངས་པ་བཞིན། རྒྱལ་པོས་མོ་ཤེ་དང་ཨ་རོན་གྱི་གཏམ་ལ་མ་ཉན་ནོ༎

སྦྲང་འབུ་རྣམས།

16གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཨ་རོན་ལ་ཁྱོད་ཀྱི་འཁར་རྒྱུག་དེ་སའི་ཐོག་ཏུ་ཞུས་ཏེ། སའི་ཐལ་བ་རྣམས་ཨི་ཇིབ་ཀུན་ཏུ་སྦྲང་འབུར་འགྱུར་བར་བྱོས་ཤིག་ཅེས་སྨྲོས་ཤིག 17དེར་བརྟེན་ཨ་རོན་གྱིས་འཁར་རྒྱུག་དེ་སའི་ཁར་ཞུས་ཏེ། ཨི་ཇིབ་ཀུན་ཏུ་སའི་ཐལ་བ་ཐམས་ཅད་སྦྲང་འབུར་འགྱུར་ཏེ་མི་དང་སེམས་ཅན་ཚང་མར་ཁྱབ་བོ། 18མིག་འཕྲུལ་མཁན་རྣམས་ཀྱིས་ཀྱང་མིག་འཕྲུལ་གྱི་སྒོ་ནས་སྦྲང་བུ་བཟོས་པར་ཐབས་ཤེས་བྱེད་ཀྱང་དེ་ཚོས་བཟོས་མ་ཐུབ་བོ། ས་གནས་གང་སར་སྦྲང་འབུས་ཁྱབ་བོ། 19མིག་འཕྲུལ་མཁན་རྣམས་ཀྱིས་རྒྱལ་པོ་ལ། ལས་འདི་ནི་དཀོན་མཆོག་གི་ཕྱག་གི་གནང་བ་ཡིན་ཞེས་སྨྲས་ཀྱང། རྒྱལ་པོའི་སེམས་གྱོང་རུ་ཕྱིན་ཏེ། གཙོ་བོ་དཀོན་མཆོག་གིས་གསུངས་པ་བཞིན་མོ་ཤེ་དང་ཨ་རོན་གྱི་གཏམ་ལ་མ་ཉན་ནོ༎

སྦྲང་མ་རྣམས།

20གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཁྱོད་སང་ཉིན་ཐོ་རངས་སྔ་པོ་ལངས་ནས་རྒྱལ་པོ་གཙང་པོའི་འགྲམ་དུ་འགྲོ་སྐབས་ཁོང་ལ་འཕྲད་ནས་འདི་ལྟར་སྨྲོས་ཤིག གཙོ་བོ་དཀོན་མཆོག་གིས། ངའི་མི་དམངས་རྣམས་ང་ལ་བསྙེན་བཀུར་བྱེད་ཕྱིར་འགྲོ་རུ་ཆུག་ཤིག 21གལ་སྲིད་ཁྱོད་ཀྱིས་ངའི་མི་དམངས་འགྲོ་རུ་མ་བཅུག་ན། ངས་ཁྱོད་དང་ཁྱོད་ཀྱི་ལས་བྱེད་པ་རྣམས་དང་། ཨི་ཇིབ་པ་རྣམས་ཀྱི་ཁང་པ་དང་དེ་ཚོའི་ས་ཞིང་སོགས་ལ་སྦྲང་མས་གང་བར་བྱ་རྒྱུ་ཡིན་པས། ངའི་ཟོན་བརྡར་ཉོན་ཞིག 22འོན་ཀྱང་ངས་དེ་ཉིན་ངའི་མི་དམངས་སྡོད་སའི་ཡུལ་གྷོ་ཤེན་དེ་ཟུར་དུ་དབྱེ་ཏེ། དེར་སྦྲང་མ་གཅིག་ཀྱང་ལུས་པར་མི་འགྱུར། དེ་ལྟར་བྱས་པའི་སྒོ་ནས་ང་ནི་གཙོ་བོ་དཀོན་མཆོག་ཡུལ་འདིར་ཡོད་པ་དེ་ཁྱོད་ཀྱིས་ཤེས་ཐུབ་ཡོང་། 23ངའི་མི་དམངས་དང་ཁྱོད་ཀྱི་མི་དམངས་ཀྱི་བར་ལ་ཁྱད་པར་ཞིག་སྟོན་གྱི་ཡིན། ལྟས་འདི་ནི་སང་ཉིན་སྒྲུབ་པར་འགྱུར་ཞེས་གསུངས་སོ། 24གཙོ་བོ་དཀོན་མཆོག་གིས་རྒྱལ་པོའི་ཕོ་བྲང་དང་ལས་བྱེད་པ་རྣམས་ཀྱི་ནང་དུ་སྦྲང་མའི་སྤུངས་ཚོགས་ཚོགས་བྱེད་ནས་གཏོང་གནང་ངོ་། སྦྲང་མས་ཨི་ཇིབ་ཡོངས་སུ་འཇིགས་པ་ཆེན་པོ་བྱུང་ངོ་། 25དེ་ནས་རྒྱལ་པོས་མོ་ཤེ་དང་ཨ་རོན་ལ་བོས་ནས་སྨྲས་པ། ཁྱོད་ཚོ་ཕྱིན་ནས་ཡུལ་འདི་ནང་དུ་རང་གི་དཀོན་མཆོག་ལ་དམར་མཆོད་འབུལ་ཞིག 26མོ་ཤེས། དེ་འདྲ་བྱེད་ན་སྒྲིག་མི་ཡོང་། གང་ལ་ཟེར་ན། ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་སེམས་ཅན་གྱི་དམར་མཆོད་འབུལ་བ་དེ་ལ་ཨི་ཇིབ་པ་ཚོས་བལྟ་མི་ཐུབ་པ་དང་། ང་ཚོས་ཨི་ཇིབ་པ་ཚོས་མཐོང་སར་དམར་མཆོད་འབུལ་བ་ཡིན་ན། ཁོ་ཚོས་ང་ཚོ་ལ་རྡོ་རུབ་བཏང་ནས་བསད་པར་འགྱུར། 27ང་ཚོ་ཉིན་ཞག་གསུམ་གྱི་ལམ་དུ་འབྲོག་སྟོང་གི་ས་གནས་ཞིག་ཏུ་ཕྱིན་ནས། ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་དྲུང་དུ་དམར་མཆོད་འབུལ་རྒྱུ་ཡིན། ཁོང་གིས་ང་ཚོ་ལ་དེ་བཞིན་བཀའ་གནང་ཡོད་དོ་ཅེས་སྨྲས་སོ། 28རྒྱལ་པོས། ཁྱོད་ཚོ་ཧ་ཅང་ཐག་རིང་པོ་མ་ཕྱིན་པ་ཡིན་ན། ངས་ཁྱོད་ཚོ་ལ་རང་གི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་དམར་མཆོད་འབུལ་དུ་འབྲོག་སྟོང་དུ་འགྲོ་བཅུག་གི་ཡིན། ངའི་དོན་དུ་ཡང་སྨོན་ལམ་འདེབས་ཤིག་ཅེས་སྨྲས་སོ། 29མོ་ཤེས། ངས་ད་ལྟ་ཁྱེད་ཀྱི་དྲུང་ནས་ཕྱིན་ཏེ་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཞུས་ཤིང་། སང་ཉིན་རང་སྦྲང་མའི་ཚོགས་རྣམས་ཁྱེད་དང་ཁྱེད་ཀྱི་ལས་བྱེད་པ་རྣམས་དང་། ཁྱེད་ཀྱི་མི་དམངས་རྣམས་ལས་མེད་པར་བྱེད་བཅུག་གི་ཡིན། འོན་ཀྱང་ཁྱེད་ཀྱིས་ང་ཚོ་ལ་ཡང་སྐྱར་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་ཕྱིར་འགྲོ་མི་འཇུག་པའི་གཡོ་ཐབས་སོགས་གང་ཡང་མ་གནང་རོགས་གནང་ཞེས་ཞུས་སོ། 30དེ་ནས་མོ་ཤེ་རྒྱལ་པོའི་དྲུང་ནས་ཕྱིན་ཏེ། གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཞུས་སོ། 31གཙོ་བོ་དཀོན་མཆོག་གིས་མོ་ཤེས་ཞུས་པ་བཞིན་མཛད་དེ། རྒྱལ་པོ་དང་དེའི་ལས་བྱེད་པ་རྣམས་དང་དེའི་མི་དམངས་ཚོའི་ཐོག་ཏུ་ཡོད་པའི་སྦྲང་མའི་ཚོགས་རྣམས་གཅིག་ཀྱང་མ་ལུས་པར་ས་གནས་འདི་ནས་སོང་ངོ་། 32འོན་ཀྱང་ད་ལན་ཡང་རྒྱལ་པོའི་སེམས་གྱོང་རུ་ཕྱིན་ཏེ་སླར་ཡང་ཨིསི་རཱཨེལ་པ་རྣམས་ལ་འགྲོ་རུ་མ་བཅུག་གོ།

སྡེབ་ཐོན 9

དུད་འགྲོ་རྣམས་ཤི་བ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཁྱོད་རང་རྒྱལ་པོའི་རྩར་ཕྱིན་ནས། ཨིབ་རི་པའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་གསུངས་པ། ངའི་མི་དམངས་རྣམས་ང་ལ་བསྙེན་བཀུར་བྱེད་ཕྱིར་གཏོང་ཞིག 2གལ་སྲིད་ད་དུང་དེ་ཚོར་འགྲོ་མ་བཅུག་ན། 3ངས་ཁྱོད་ཀྱི་དུད་འགྲོ་རྟ་དང་བོང་བུ་དང་རྔ་མོང་དང་བ་གླང་དང་ར་ལུག་སོགས་ལ་རིམས་ནད་དྲག་པོ་ཞིག་བཏང་ནས་ཁྱོད་ལ་ཆད་པ་གཏོང་རྒྱུ་ཡིན། 4ངས་ཨིསི་རཱཨེལ་པ་རྣམས་ཀྱི་དུད་འགྲོ་དང་། ཨི་ཇིབ་པ་རྣམས་ཀྱི་དུད་འགྲོའི་བར་ལ་ཁྱད་པ་ཞིག་དབྱེ་སྟེ། ཨིསི་རཱཨེལ་པ་རྣམས་ཀྱི་དུད་འགྲོའི་ནང་ནས་གཅིག་ཀྱང་ཤི་མི་ཡོང་། 5ང་གཙོ་བོ་དཀོན་མཆོག་གིས་བྱ་བ་འདི་དག་སང་ཉིན་རང་སྒྲུབ་ཡོང་ཞེས་དུས་མཚམས་ཤིག་བཀག་ཡོད། 6སང་ཉིན་གཙོ་བོ་དཀོན་མཆོག་རང་གི་བཀའ་གནང་བ་བཞིན། ཨི་ཇིབ་པ་རྣམས་ཀྱི་དུད་འགྲོ་ཐམས་ཅད་ཤིའོ། འོན་ཀྱང་ཨིསི་རཱཨེལ་པ་རྣམས་ཀྱི་དུད་འགྲོ་གཅིག་ཀྱང་མ་ཤི་བ་ཡིན་ནོ། 7རྒྱལ་པོས་བྱ་བ་གང་བྱུང་བར་བལྟ་རྟོགས་བྱེད་ཕྱིར་མི་བཏང་བ་དང་། དེ་ཚོས་རྒྱལ་པོ་ལ། ཨིསི་རཱཨེལ་པ་རྣམས་ཀྱི་དུད་འགྲོ་གཅིག་ཀྱང་ཤི་མི་འདུག འོན་ཀྱང་རྒྱལ་པོའི་སེམས་ད་དུང་གྱོང་རུ་ཕྱིན་ནས་མི་དམངས་རྣམས་འགྲོ་རུ་མ་བཅུག་གོ།

གཉན་འབུར།

8དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ་གསུངས་པ། ཐབ་ནས་གོ་ཐལ་་སྦར་ར་གང་དོ་ཙམ་འཁྱེར་ནས། མོ་ཤེ་ཁྱོད་ཀྱིས་རྒྱལ་པོའི་མདུན་དུ་རླུང་ལ་གཏོར་ཞིག་དང་། 9གོ་ཐལ་དེ་ཨི་ཇིབ་ཀུན་ཏུ་ཐལ་བར་འགྱུར་ཞིང་། དེའི་རྐྱེན་གྱིས་ཨི་ཇིབ་གྱི་མི་དང་དུད་འགྲོ་གཉིས་ཀ་གཉན་འབུར་ཐོན་ནས་རྨ་ཆགས་ཡོང་ཞེས་བཀའ་གནང་ངོ་། 10དེར་བརྟེན་དེ་ཚོས་གོ་ཐལ་ཕྲན་བུས་བླངས་ནས་རྒྱལ་པོའི་མདུན་དུ་ལངས་ཏེ།་ མོ་ཤེས་དེ་རླུང་ལ་གཏོར་བ་དང་། མི་དང་དུད་འགྲོའི་སྟེང་གཉན་འབུར་ཐོན་ནས་རྨ་ཆགས་སོ། 11ཨི་ཇིབ་པ་བྱིངས་དང་འདྲབ་མིག་འཕྲུལ་མཁན་ཚོ་ལའང་གཉན་འབུར་སོགས་འཐོན་པའི་རྐྱེན་གྱིས་དེ་ཚོ་མོ་ཤེའི་མདུན་དུ་གནས་མ་ཐུབ་བོ། 12འོན་ཀྱང་གཙོ་བོ་དཀོན་མཆོག་གིས་རྒྱལ་པོའི་སེམས་གྱོང་པོ་བཟོས་གནང་ངོ་། གཙོ་བོ་དཀོན་མཆོག་གིས་གསུངས་པ་བཞིན་རྒྱལ་པོས་མོ་ཤེ་དང་ཨ་རོན་གྱི་གཏམ་ལ་མ་ཉན་ནོ༎

སེར་བ།

13གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཁྱོད་རང་སང་ཉིན་སྔ་པོར་རྒྱལ་པོའི་རྩར་ཕྱིན་ནས་སྨྲོས་ཤིག་ཨིབ་རི་པའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་གསུངས་པ། ངའི་མི་དམངས་རྣམས་ང་ལ་བསྙེན་བཀུར་བྱེད་ཕྱིར་གཏོང་ཞིག 14དེ་མིན་ད་ལན་ཁྱོད་ཀྱི་ལས་བྱེད་པ་དང་འབངས་རྣམས་ཀྱི་ཁར་མ་ཡིན་པར། ཁྱོད་ལའང་ཉེས་ཆད་གཏོང་རྒྱུ་ཡིན། དེ་ནས་ཁྱོད་ཀྱིས་ང་དང་འདྲ་བ་གཞན་སུའང་འཛམ་གླིང་འདིའི་ནང་མེད་པ་ཤེས་ཐུབ་ཡོང་། 15གལ་ཏེ་ངས་རང་གི་ལག་པ་བརྐྱངས་ནས་ཁྱོད་དང་ཁྱོད་ཀྱི་འབངས་རྣམས་ཀྱི་ཐོག་ཏུ་རིམས་ནད་གཏོང་བ་ཡིན་ན། ཁྱོད་ཚོ་ཆ་ཚང་འཇིགས་པར་ངེས་སོ། 16འོན་ཀྱང་ངའི་མཐུ་དང་ནུས་པ་མཐོང་ཐུབ་པའི་ཕྱིར་ངས་ཁྱོད་ཚོར་གསོན་པོར་གནས་བཅུག་པ་ཡིན། དེ་བཞིན་ངའི་སྙན་གྲགས་འཛམ་གླིང་ཡོངས་སུ་དར་བའི་ཕྱིར་དུ་ཡིན་ནོ། 17འོན་ཀྱང་ད་བར་ཁྱོད་གྱོང་པོ་བྱས་ནས་ངའི་མི་དམངས་འགྲོ་རུ་མ་བཅུག་པ་ཡིན་ནོ། 18ངས་དུས་ཚོད་དེ་རང་ལ་སེར་བ་ཧ་ཅང་དྲག་པོ་ཞིག་འབེབས་རྒྱུ་ཡིན། དེ་ལྟར་སེར་བ་ཨི་ཇིབ་ཀྱི་རྒྱལ་རབས་ནང་ནམ་ཡང་འབེབས་མེད་དོ། 19ད་ཕྱི་རུ་ཐང་ཀར་ཡོད་པའི་ཕྱུགས་ཟོག་ཚང་མ་དང་ཕྱི་རུ་ཇི་ཡོད་པ་ཚང་མ་ནང་དུ་བཀོང་བའི་བཀའ་གཏོང་ཞིག ཕྱི་ལོགས་སུ་ལུས་པའི་མི་དང་དུད་འགྲོ་ཚང་མ་སེར་བས་བརྡུང་ནས་ཤི་ཡོང་། 20གཙོ་བོ་དཀོན་མཆོག་གིས་གང་གསུངས་པ་དེ་ཐོས་ནས། རྒྱལ་པོའི་ལས་བྱེད་པ་འགའ་ཤས་འཇིགས་ཏེ། དེ་ཚོས་རང་གི་དུད་འགྲོ་དང་བྲན་ཁོལ་རྣམས་ཁྱིམ་དུ་བཞག་གོ 21འོན་ཀྱང་མི་གཞན་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ལ་མ་རྩིས་པར་རང་གི་དུད་འགྲོ་དང་བྲན་ཁོལ་རྣམས་ལ་ཐང་ཁར་སློད་དོ། 22དེ་ནས་གཙོ་བོ་དཀོན་མཆོ་ག་གིས་མོ་ཤེ་ལ་གསུངས་པ། ཨི་ཇིབ་ཡོངས་སུ་གསེར་བ་འབེབས་པ་དང་། མི་དང་དུད་འགྲོ་དང་གཞན་ཡང་རྩྭ་ཞིང་སྔོ་ཚོད་ཚང་མའི་སྟེང་དུ་སེར་བ་འབེབས་པའི་ཕྱིར་ཁྱོད་ཀྱི་ལག་པ་གནམ་གྱི་ཕྱོགས་སུ་རྐྱོངས་ཤིག་ཅེས་བཀའ་གནང་བས། 23མོ་ཤེས་རང་གི་འཁར་རྒྱུག་དེ་གནམ་གྱི་ཕྱོགས་སུ་འཕྱར་བ་དང་། འབྲུག་སྐད་མཉམ་དུ་གཙོ་བོ་དཀོན་མཆོག་གིས་སེར་བ་གཏོང་གནང་ཞིང་། ས་གཞི་རུ་གློག་ཐོག་རྒྱབ་པ་དང་གཙོ་བོ་དཀོན་མཆོག་གིས་སེར་བ་དྲག་པོ་གཏོང་གནང་ངོ་། 24ནམ་མཁར་གློག་འཁྱུགས་པ་དང་སེར་བ་དྲག་པོ་འབབ་བོ། ཨི་ཇིབ་ཀྱི་རྒྱལ་རབས་ནང་ད་བར་དེ་འདྲ་བྱུང་མེད་དོ། 25ཨི་ཇིབ་ཀུན་ཏུ་ས་ཞིང་ཁག་ཏུ་ཡོད་པའི་མི་དང་དུད་འགྲོ་གཉིས་ཀར་སེར་བརྡུང་དྲག་པོས་བསད་ཅིང་། ཞིང་ཁའི་སྔོ་ཚོད་ཚང་མ་སེར་བས་མེད་པར་བྱས་ཏེ། ནགས་ཀྱི་ཤིང་སྡོང་ཚང་མ་ཆག་གོ། 26ཨིསི་རཨེལ་པ་རྣམས་གནས་སྡོད་བྱེད་པའི་ས་གནས་གྷོ་ཤེན་གཅིག་པུར་སེར་བ་མ་བབས་སོ། 27རྒྱལ་པོས་མོ་ཤེ་དང་ཨ་རོན་ལ་སྐད་བཏང་ནས། ད་ལན་ངས་སྡིག་པ་བྱས་པ་ཡིན། གཙོ་བོ་དཀོན་མཆོག་ནི་བདེན་པ་ཡིན་པས། ང་དང་ངའི་མི་དམངས་ཀྱི་ནོར་འཁྲུལ་བྱས་པ་ཡིན་ནོ། 28ད་འབྲུག་སྐད་དང་སེར་བ་དྲག་པོ་འདི་འདྲ་ཆད་པའི་ཕྱིར་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཐོབ་ཅིག ད་ཁྱོད་ཚོ་འདི་རུ་སྡོད་མི་དགོས། ངས་ཁྱོད་ཚོ་འགྲོ་ཆོག་པའི་ཁས་ལེན་བྱེད་ཀྱི་ཡིན་ཞེས་སྨྲས་སོ། 29མོ་ཤེས་རྒྱལ་པོ་ལ། ད་ལྟ་གྲོང་ཁྱེར་གྱི་ཕྱི་ལོགས་སུ་ཕྱིན་མ་ཐག་ཏུ། ངས་ལག་པ་གནམ་ལ་ཡར་བཏེགས་ཏེ་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཞུས་པའི་རྗེས་སུ་འབྲུག་སྐད་དང་སེར་བ་དྲག་པོ་འདི་དག་འཆད་ཡོང་། བྱབ་དེའི་སྒོ་ནས་ས་གཞི་འདི་ནི་གཙོ་བོ་དཀོན་མཆོག་གི་ཡིན་པ་དེ་ཁྱེད་ཀྱིས་ཤེས་རྟོགས་བྱེད་ཐུབ་ཡོང། 30འོན་ཀྱང་ཁྱེད་དང་ཁྱེད་ཀྱི་ལས་བྱེད་པ་ཚོས་ད་དུང་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་འཇིགས་ཀྱི་མེད་པ་དེ་ངས་ཤེས་ཀྱི་ཡོད་ཅེས་སྨྲས་སོ། 31སྐབས་དེར་ནས་ཀྱི་སྙེ་མ་ཚོས་ཟིན་པ་དང་། སོ་མ་ར་རྩའི་མེ་ཏོག་ཤར་བཞིན་པའི་དུས་ཡིན་པས། ནས་དང་སོ་མ་ར་རྩ་གཉིས་ཀ་སེར་བས་ཡོངས་སུ་འཇིགས་སོ། 32འོན་ཀྱང་གྲོ་ནི་ཐར་རོ། གང་ལ་ཟེར་ན། དེ་ནི་སྨིན་མེད་པ་ཡིན་ནོ། 33དེ་ནས་མོ་ཤེ་རྒྱལ་པོའི་དྲུང་ནས་ཕྱི་རུ་ཐོན་ཞིང་། ལག་པ་གནམ་ལ་ཡར་བཏེགས་ཤིང་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཞུས་པས། འབྲུག་སྐད་དང་སེར་བ་དྲག་པོ་དང་ཆར་པ་སོགས་ཡོངས་སུ་འཆད་དོ། 34རྒྱལ་པོས་ཆར་པ་དང་སེར་བ་དང་འབྲུག་སྐད་ཆད་པ་མཐོང་ནས་ཡང་སྐྱར་སྡིག་པ་བྱས་སོ ཁོང་དང་ཁོང་གི་ལས་བྱེད་པ་ཚང་མ་སྔོན་ལྟར་སེམས་གྱོང་རུ་ཕྱིན་ནོ། 35སྔར་གཅོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ་ལྟར། རྒྱལ་པོས་ཨིསི་རཱཨེལ་པ་རྣམས་ལ་འགྲོ་མ་བཅུག་གོ།

སྡེབ་ཐོན 10

ཆ་ག་འབུ་རྣམས།

1དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། རྒྱལ་པོ་ལ་ཐུགས་འཕྲད་བྱེད་ཕྱིར་སོང་ཞིག ངས་ལྟས་དེ་དག་བསྟན་པའི་ཕྱིར་ཁོང་དང་ཁོང་གི་ལས་བྱེད་པ་ཚོའི་སེམས་གྱོང་རུ་བཏང་ཡོད། 2ངས་ལྟས་བསྟན་ནས་ཨི་ཇིབ་པ་རྣམས་ལ་ཛི་ལྟར་གླེན་པ་བཟོས་པའི་སྐོར། ཁྱོད་ཀྱིས་རང་གི་ཕྲུ་གུ་རྣམས་དང་ཚ་བོ་ཚ་མོ་རྣམས་ལ་བཤད་ཐུབ་པའི་ཕྱིར་དང་། ང་ནི་གཙོ་བོ་དཀོན་མཆོག་ཡིན་པ་དེ་ཚང་མས་ཤེས་ཐུབ་པའི་ཕྱིར་ཡིན་ནོ་ཞེས་གསུངས་སོ། 3དེར་བརྟེན་མོ་ཤེ་དང་ཨ་རོན་རྒྱལ་པོའི་རྩར་ཕྱིན་ནས་སྨྲས་པ། ཨིབ་རི་པའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་གསུངས་པ། ཁྱོད་ག་དུས་བར་དུ་སེམས་མ་དུལ་བར་སྡོད་ཀྱི་ཡིན་ནམ། དེ་ཚོས་ང་ལ་མཆོད་པའི་ཕྱིར་ངའི་མི་དམངས་ཚོར་འགྲོར་ཆུགས་ཤིག 4ཁྱོད་ཀྱིས་ངས་སྨས་པར་མ་ཉན་པ་ཡིན་ན། སང་ཉིན་ཁྱོད་ཀྱི་ཡུལ་དུ་ཆ་ག་འབུ་རྣམས་གཏོང་རྒྱུ་ཡིན། 5དེ་ཚོས་ས་ཞིང་ཡོངས་རྫོགས་བཀབ་ཏེ། ས་གཞིའི་ངོས་ཅུང་ཟད་ཙམ་མི་མཐོང་ཞིང་། སེར་བ་ལས་ཐར་བའི་ལྷག་ལུས་ཇི་ཡོད་དང་། ཤིང་སྣ་དང་། སྔོ་ཚོད་ཀྱི་རིགས་ཚང་མ་དེ་ཚོས་ཟ་ཡོང། 6དེ་ཚོས་ཁྱོད་ཀྱི་ཁང་པ་དང་། ཁྱོད་ཀྱི་ལས་བྱེད་པའི་ཚོའི་ཁང་པ་དང་། མི་དམངས་ཀྱི་ཁང་པ་ཡོངས་སུ་གང་ཡོང་། དེ་ལྟ་བུའི་ཆ་ག་འབུའི་ཚོགས་ནི་ཁྱོད་ཀྱི་མེས་པོ་རྣམས་ཀྱིས་ནམ་ཡང་མཐོང་མེད་དོ། མོ་ཤེ་རྒྱལ་པོའི་རྩ་ནས་ལོག་ཕྱིན་ནོ། 7དེ་ནས་རྒྱལ་པོའི་ལས་བྱེད་པ་ཚོས་ཁོང་ལ། མི་འདིས་ག་དུས་བར་ང་ཚོ་ལ་དཀའ་ངལ་མྱོང་བཅུག་གམ། ཨིསི་རཱཨེལ་པ་འདི་ཚོ་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་མཆོད་ཕྱིར་འགྲོར་བཅུག་རོགས་གནང་། ཨི་ཇིབ་དེ་འཇིགས་འགྲོ་གི་ཡོད་པ་དེ་ཁྱེད་ཀྱི་མ་མཁྱེན་ནམ་ཞེས་ཞུས་སོ། 8དེར་བརྟེན་མོ་ཤེ་དང་ཨ་རོན་རྒྱལ་པོའི་དྲུང་དུ་འཁྲིད་ཡོང་ནས། རྒྱལ་པོས་སྨྲས་པ། ཁྱོད་ཚོ་སོང་ནས་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུ་ཕྱིར་འགྲོ་ཆོག འོན་ཀྱང་ཁྱོད་ཚོའི་ནང་ནས་སུ་སུ་འགྲོ་གི་ཡིན་ནམ་ཞེས་དྲིས་པས། 9མོ་ཤེས། ང་ཚོས་གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་ཞུ་ཕྱིར་དུས་སྟོན་ཞིག་བཤམས་དགོས་པས། ང་ཚོ་རྒན་གཞོན་བྱིས་པ་ཆེ་ཆུང་དང་། ར་ལུག་བ་ཕྱུགས་དང་བཅས་པ་འགྲོ་དགོས་ཞེས་སྨྲས་པ་དང་། 10རྒྱལ་པོས། གཙོ་བོ་དཀོན་མཆོག་ལ་མནའ་སྐྱེལ་ནས་བརྗོད་རྒྱུར། ངས་ཁྱོད་ཚོ་བུད་མེད་དང་བུ་ཕྲུག་ཚོ་ལ་འགྲོ་མི་འཇུག ཁྱོད་ཚོས་བྱུས་ངན་བཙམས་པ་དེ་གསལ་པོ་མཐོང་གི་འདུག 11ཁྱོད་ཚོ་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུ་འདོད་ཡོད་ན། སྐྱེས་པ་ཕོ་ཚོ་གཅིག་པུ་སོང་ནས་མཆོད་ཅིག་ཅེས་ཟེར་བ་དང་། མོ་ཤེ་དང་ཨ་རོན་རྒྱལ་པོའི་མདུན་ནས་དེད་ནས་བཏང་ངོ་། 12དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ཨི་ཇིབ་ཀྱི་སྟེང་དུ་རང་གི་ལག་པ་རྐྱོངས་ཤིག་དང་ཆ་ག་འབུ་རྣམས་སླེབས་ཡོང་། དེ་ཚོས་བཏབ་ཚད་ཚང་མ་དང་། སེར་བ་ནས་ཐར་བ་ཐམས་ཅད་ཟ་བར་འགྱུར་ཞེས་བཀའ་གནང་ངོ་། 13དེར་བརྟེན་མོ་ཤེས་རང་གི་འཁར་རྒྱུག་དེ་བརྐྱངས་པ་དང་། གཙོ་བོ་དཀོན་མཆོག་གིས་ཤར་ཕྱོགས་ནས་དེ་ཉིན་དང་མཚན་གང་རླུང་འཚུབ་ཞིག་གཏོང་བ་གནང་ཞིང་། སང་ཞོག་སྔ་པོར་རླུང་འཚུབ་དེས་ཆ་ག་འབུ་རྣམས་འཁྱེར་ཡོང་ངོ་། 14ཆ་ག་འབུའི་ཚོགས་ཆེན་པོ་ཞིག་ཡོང་ནས་ཡུལ་ཡོངས་སུ་བསྡད་དོ། དེ་ལྟ་བུའི་ཆ་ག་འབུའི་ཚོགས་ཆེན་པོ་ནི་སྔོན་ཆད་ཀྱང་མ་བྱུང་ཞིང་། ཕྱིན་ཆད་ཀྱང་ནམ་ཡང་འབྱུང་མི་ཡོང་། 15དེ་ཚོས་བཀབ་ནས་ས་གཞི་ཡོང་སུ་ནག་པོར་སོང་ངོ་། སེར་བ་ལས་ཐར་བ་ཚང་མ་དང་ཤིང་སྡོང་གི་ལོ་ཐོག་དང་བཅས་པ་དེ་ཚོས་ཟས་སོ། ཨི་ཇིབ་དུ་ཡོད་པའི་སྔོ་ཚོད་ལྗང་ཁུའི་རིགས་གཅིག་ཀྱང་མ་ལུས་སོ། 16དེ་ནས་རྒྱལ་པོས་དེ་མ་ཐག་ཏུ་མོ་ཤེ་དང་ཨ་རོན་ལ་བོས་ནས་སྨྲས་པ། ངས་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་སྤྱན་སྔ་དང་། ཁྱོད་ཚོའི་མདུན་དུ་སྡིག་པ་བྱས་པ་ཡིན། 17ད་རེས་ལན་གཅིག་བཤགས་པ་བྱེད་རོགས། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་འཆི་བའི་ཉེན་ཚབ་དྲག་པོ་འདི་དག་ངའི་ཐོག་ནས་ཕར་བཞེས་པའི་ཕྱིར་སྨོན་ལམ་འདེབས་རོགས་ཤེས་སྨྲས་སོ། 18དེ་ནས་མོ་ཤེས་རྒྱལ་པོའི་མདུན་ནས་ཕྱིན་ཏེ། གཙོ་བོ་དཀོན་མཆོག་ལ་སྨོན་ལམ་བཏབ་བོ། 19གཙོ་བོ་དཀོན་མཆོག་གིས་ཤར་ཕྱོགས་ནས་ཡོང་བའི་རླུང་འཚུབ་ལ་ནུབ་ཕྱོགས་ཀྱི་རླུང་འཚུབ་སྟོབས་ལྡན་ལ་གྱུར་ནས་དེས་ཆ་ག་འབུ་རྣམས་འཁྱེར་ནས་རྒྱ་མཚོ་དམར་པོར་དབྱུགས་སོ། ཨི་ཇིབ་ནང་ཆ་ག་འབུ་གཅིག་ཀྱང་མ་ལུས་སོ། 20འོན་ཀྱང་གཙོ་བོ་དཀོན་མཆོག་གིས་རྒྱལ་པོའི་སེམས་གྱོང་པོར་མཛད་པར་བརྟེན། ཁོས་ཨིསི་རཱཨེལ་པ་རྣམས་ལ་འགྲོ་རུ་མ་བཅུག་གོ།

མུན་ནག།

21དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། རང་གི་ལག་པ་གནམ་གྱི་ཕྱོགས་སུ་རྐྱོངས་ཤིག་དང་། ཨི་ཇིབ་དུ་མུན་ནག་དྲག་པོ་ཞིག་ཁྱབ་པའི་ཕྱིར་རོ་ཞེས་བཀའ་གནང་བ་དང་། 22མོ་ཤེས་རང་གི་ལག་པ་ནམ་མཁའི་ཕྱོགས་སུ་བརྐྱངས་པས། ཨི་ཇིབ་ཀུན་ཏུ་ཉིན་ཞག་གསུམ་གྱི་བར་དུ་མུན་ནག་དྲག་པོ་ཞིག་ཁྱབ་བོ། 23ཨི་ཇིབ་པ་ཚོས་གཅིག་གིས་གཅིག་ལ་མཐོང་མ་ཐུབ་པ་དང་། ཉིན་ཞག་གསུམ་བར་དུ་སུས་ཀྱང་རང་གི་ཁྱིམ་མ་སྤངས་སོ། འོན་ཀྱང་ཨིསི་རཱཨེལ་པ་ཚོ་བསྡད་པའི་གནས་དེར་འོད་ཡོད་པ་ཡིན་ནོ། 24རྒྱལ་པོས་མོ་ཤེ་ལ་བོས་ནས། ད་ཁྱོད་ཚོ་ནང་མི་བུ་ཕྲུག་དང་བཅས་པ་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུ་བར་འགྲོ་ཆོག འོན་ཀྱང་ཁྱོད་ཚོའི་ར་ལུག་དང་བ་ཕྱུགས་སེམས་ཅན་དེ་ཚོ་འདི་གར་བཞག་དགོས་ཅེས་སྨྲས་པས། 25འོན་ཀྱང་མོ་ཤེས་སྨྲས་པ། དེ་འདྲ་ཡིན་ན་ཁྱེད་ཀྱིས་ང་ཚོའི་གཙོ་བོ་དཀོན་མཆོག་ལ་དམར་མཆོད་དང་སྦྱིན་སྲེག་འབུལ་ཕྱིར་སེམས་ཅན་རྣམས་འཁྱེར་ཆོག་པ་བྱེད་དགོས། 26ང་ཚོའི་སེམས་ཅན་རྣམས་གཅིག་ཀྱང་མ་ལུས་པར་འཁྲིད་དགོས་སོ། གང་ལ་ཟེར་ན། དེ་ཚོའི་ནང་ནས་འགའ་ཤས་ང་ཚོའི་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་བྱེད་ཕྱིར་དགོས་སོ། མཆོད་འབུལ་བྱེད་པའི་གནས་དེར་མ་སླེབས་བར་དུ་ང་ཚོར་མཆོད་པའི་རྫས་གང་འདྲ་ཞིག་དགོས་མིན་མ་ཤེས་པའི་ཕྱིར་རོ། 27འོན་ཀྱང་གཙོ་བོ་དཀོན་མཆོག་གིས་རྒྱལ་པོའི་སེམས་གྱོང་པོར་མཛད་པས། ཁོས་ཨིསི་རཱཨེལ་པ་ཚོ་ལ་འགྲོར་མ་བཅུག་གོ 28དེ་ནས་རྒྱལ་པོས་མོ་ཤེ་ལ། ད་ཁྱོད་ངའི་རྩ་ནས་ཕར་སོང་ཞིག། ད་ཕྱིན་ཆད་ཁྱོད་ངའི་མཐོང་སར་ཡོང་མི་དགོས། གལ་ཏེ་ཁྱོད་ཡང་སྐྱར་ངའི་མཐོང་སར་ཡོང་ན་ངས་ཁྱོད་བསད་ཐག་ཆོད་ཡིན་ཞེས་སྨྲས་པ་དང་། 29མོ་ཤེས། ཁྱེད་ཀྱིས་བདེན་པར་སྨྲས་སོང་། ཁྱེད་ཀྱིས་ཡང་སྐྱར་ང་ལ་མཐོང་བར་མི་འགྱུར་ཞེས་ཞུས་སོ༎

སྡེབ་ཐོན 11

སྔོན་སྐྱེས་རྣམས་འཆི་བའི་ཉེན་བརྡ།

1དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ད་ངས་ཨི་ཇིབ་ཀྱི་རྒྱལ་པོ་དང་ཁོང་གི་མི་དམངས་རྣམས་ཀྱི་བར་དཀའ་ངལ་གཅིག་རང་གཏོང་གི་ཡིན། དེ་རྗེས་ཁོས་ཁྱོད་ཚོར་འགྲོ་བཅུག་ཡོང་། ཁོ་རང་གི་ཁྱོད་ཚོ་ཚང་མར་དེ་ནས་ཕྱིར་དེད་བྱེད་ཡོང་། 2ད་ཨིསི་རཱཨེལ་པ་ཚོ་ལ་སྨྲོས་ཤིག། ཁྱོད་ཚོ་ཚང་མས་རང་རང་གི་ཁྱིམ་མཚེས་རྣམས་ནས་གསེར་དངུལ་གྱི་རྒྱན་ཆ་སོགས་སློངས་ཤིག 3གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་པ་ཚོ་ལ་ཨིསི་རཱཨེལ་པ་རྣམས་ཀྱི་མོས་གུས་བྱེད་དགོས་པའི་སེམས་གནང་ངོ་། ཁོ་ཚོའི་མཐོང་སྣང་དུ་ལས་བྱེད་པ་ཚོ་དང་མི་ཚང་མས་མོ་ཤེ་ནི་སྐྱེ་བུ་མངའ་ཐང་ལྡན་པ་ཞིག་ཏུ་ཆ་འཇོག་བྱེད་དོ། 4དེར་བརྟེན་མོ་ཤེས་རྒྱལ་པོར་སྨྲས་པ། གཙོ་བོ་དཀོན་མཆོག་གིས་གསུངས་པ། ང་མཚན་ཕྱེད་ཙམ་ལ་ཨི་ཇིབ་ཀྱི་དབུས་ནས་འགྲོ་བསྐྱོད་བྱེད་རྒྱུ་ཡིན་པ་དང་། 5ཨི་ཇིབ་ཏུ་ཡོད་པའི་བུ་སྔོན་སྐྱེས་ཚང་མ་ཤི་བར་འགྱུར། རྒྱལ་ཁྲིར་སྡོད་མཁན་རྒྱལ་པོའི་བུ་སྔོན་སྐྱེས་ནས་བཟུང་། གཡུལ་འཐག་བསྐོར་མཁན་གྱི་བྲན་ཁོལ་གྱི་བུ་སྔོན་སྐྱེས་ཚང་མ་ཤི་བར་འགྱུར། ཟོག་སེམས་ཅན་ཚང་མ་ལས་སྔོན་དུ་སྐྱེས་པ་པེ་པེ་ཚོ་ཡང་ཤི་བར་འགྱུར། 6ཨི་ཇིབ་ཡོངས་སུ་སྔོན་དུ་ནམ་ཡང་མ་ཐོས་པ་དང་རྗེས་སུ་ནམ་ཡང་མ་ཐོས་པའི་ངུ་འབོད་དྲག་པོ་ཡོང་བར་འགྱུར། 7འོན་ཀྱང་ཨིསི་རཱཨེལ་པ་ཚོ་དང་དེ་ཚོའི་དུད་འགྲོ་རྣམས་ལ་ཁྱི་ཞིག་གིས་ཀྱང་འཕྱང་བར་མི་འགྱུར། དེ་ནས་ཨིསི་རཱཨེལ་པ་རྣམས་ལ་ཨི་ཇིབ་པ་ཚོ་ནས་ང་གཙོ་བོ་དཀོན་མཆོག་རང་གི་དབྱེ་ཕྱེ་གནང་བ་དེ་ཤེས་ཡོང་། 8མོ་ཤེས་མཐའ་མར་སྨྲས་པ། ཁྱེད་ཀྱི་ལས་བྱེད་པ་ཚང་མ་ངའི་རྩར་ཡོང་ནས་ང་ལ་ཕྱག་འཚལ་བ་དང་། ངའི་མི་དམངས་ཚང་མར་འཁྲིད་ནས་འགྲོ་རོགས་ཟེར་ནས་ཞུ་བ་འབུལ་ཡོང་། དེའི་རྗེས་སུ་ང་འགྲོ་ཡོང་། དེ་ནས་མོ་ཤེ་ཧ་ཅང་ཁྲོས་ནས་རྒྱལ་པོ་མདུན་ནས་ཐོན་ཕྱིན་ནོ། 9དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། རྒྱལ་པོས་མུ་མཐུད་ནས་ཁྱོད་ཀྱི་ཁ་ལ་ཉན་མི་ཡོང་། གང་ལ་ཟེར་ན། ངས་ཨི་ཇིབ་དུ་ད་དུང་ལྟས་མང་པོ་བསྟན་རྒྱུ་ཡིན། 10རྒྱལ་པོའི་མདུན་དུ་མོ་ཤེ་དང་ཨ་རོན་གྱིས་ལྟས་འདི་ཚོ་ཚང་མ་བསྟན་ནོ། འོན་ཀྱང་གཙོ་བོ་དཀོན་མཆོག་གིས་རྒྱལ་པོའི་སེམས་ད་དུང་གྱོང་པོར་མཛད་པས། ཁོས་ཨིས་རཱཨེལ་པ་ཚོ་ལ་ཡུལ་ནས་འགྲོར་མ་བཅུག་གོ།

སྡེབ་ཐོན 12

ཐར་གྲོལ་གྱི་དུས་སྟོན།

1གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་དུ་མོ་ཤེ་དང་ཨ་རོན་ལ་གསུངས་པ། 2ཟླ་བ་འདི་ནི་ཁྱོད་ཚོས་རྩིས་སྲོལ་ལྟར་ལོའི་ཟླ་བ་དང་པོ་ཡིན་ནོ། 3ཨིསི་རཱཨེལ་པ་ཐམས་ཅད་ལ་འདི་ལྟར་སྨྲོས་ཤིག ཟླ་བ་འདིའི་ཚེས་བཅུ་ལ་རང་རང་སོ་སོའི་ཁྱིམ་ཚང་བཞིན་ཚང་མས་ལུག་གུ་འམ་ར་ཕྲུག་ཞིག་འདམ་ནས་འཁྱེར་ཡོང་དགོས། 4གལ་ཏེ་ནང་མི་ཉུང་ཉུང་ཡོད་པའི་སེམས་ཅན་ཆ་ཚང་ཟ་མ་ཐུབ་པ་ཡིན་ན། རང་གི་ཁྱིམ་མཚེས་ཤིག་དང་མཐུན་ནས་ནང་མིའི་ཁ་གྲངས་རྩིས་ཏེ་མི་རེ་རེས་ཟ་ཐུབ་ཚོད་ཀྱི་སེམས་ཅན་གྱི་ཤ་དེ་བགོ་བཤའ་རྒྱབ་དགོས་། 5ལུག་ཡང་ན་ར་དེ་ནི་ལོ་གཅིག་ལོན་པ་ཕོ་སྐྱོན་གང་ཡང་མེད་པ་ཡིན་དགོས་སོ། ། 6དེ་ནས་ཟླ་བ་དེའི་ཚེས་བཅུ་བཞི་ཉིན་ཨིསི་རཱཨེལ་གྱི་སྡེ་ཐམས་ཅད་ཀྱིས་སེམས་ཅན་རྣམས་དགོང་དྲོའི་དུས་སུ་བསད་དགོས། 7དེ་ཚོས་དེའི་ཁྲག་དེ་འཁྱེར་ནས་སེམས་ཅན་གྱི་ཤ་ཟས་པའི་ཁྱིམ་ཚང་རེ་རེའི་སྒོའི་རེ་བཞི་ཕན་ཚུན་དང་ཐོད་ལ་ཁྲག་བྱུགས་དགོས། 8མཚན་དེ་རང་ལ་ཤ་དེ་མེ་ལ་སྲེག་ནས་ཆི་མན་མེད་པའི་བག་ལེབ་དང་། སྔོ་ཚོད་ཁག་ཏིག་གཅིག་དང་མཉམ་དུ་ཟ་དགོས་སོ། 9ཤ་རྗེན་པའམ་ཆུ་ལ་བཙོས་ནས་ཟ་མི་ཆོག། འོན་ཀྱང་དེའི་མགོ་དང་རྐང་པ་དང་ནང་ཁྲོལ་དང་བཅས་པ་ཡོངས་རྫོགས་མེ་ལ་སྲེག་ནས་ཟ་ཞིག 10སང་ཞོགས་བར་དུ་དེའི་ལྷག་མ་གང་ཡང་ལུས་མི་ཆོག གལ་ཏེ་ལྷག་མ་ལུས་པ་ཡིན་ན་དེ་དག་མེར་སྲེག་བཏང་དགོས། 11ཁྱོད་ཚོས་སྐེ་རགས་བཅིངས་ཏེ་ལྷམ་གོན་ཞིང་། ལག་ཏུ་དབྱུག་པ་བཟུང་ནས་བྲེལ་ཚབས་ཆེན་པོས་ངང་དུ་ཤ་དེ་ཟ་དགོས། དེ་ནི་གཙོ་བོ་དཀོན་མཆོག་གི་ཐར་གྲོལ་གྱི་དུས་སྟོན་དེ་ཡིན་ནོ། 12མཚན་དེར་ང་ཨི་ཇིབ་བརྒྱུད་ནས་བསྐྱོད་དེ། ཡུལ་དེའི་བུ་སྔོན་སྐྱེས་ཐམས་ཅད་དང་། དུད་འགྲོའི་ཕྲུ་གུ་སྔོན་སྐྱེས་ཚང་མ་གསོད་ཅིང་། ཨི་ཇིབ་ཀྱི་ལྷ་ཐམས་ཅད་ལ་ངས་ཁྲིམས་གཅོད་གཏོང་གི་ཡིན། ང་ནི་གཙོ་བོ་དཀོན་མཆོག་ཡིན་ནོ། 13ཁྱོད་ཚོ་གནས་སྡོད་བྱེད་པའི་ཁང་པའི་སྒོའི་ཁར་བསྐུས་པའི་ཁྲག་དེ་ནི་ཁྱོད་ཚོའི་དོན་དུ་རྟགས་མཚན་ཞིག་ཏུ་འགྱུར་ཞིང་། ངས་ཁྲག་གི་རྟགས་དེ་མཐོང་ནས་ཁྱོད་ཚོ་ལ་ཐར་དུ་འཇུག་གོ ཨི་ཇིབ་པ་རྣམས་ཀྱི་འཇིག་པའི་ནད་རིམས་ཁྱོད་ཚོར་འཆང་བར་མི་འགྱུར། 14ཉིན་དེ་ནི་ཁྱོད་ཚོའི་དོན་དུ་དྲན་རྟེན་ཞིག་ཏུ་འགྱུར་བ་དང་། དེ་ནི་ངའི་དོན་དུ་མཆོད་ཀྱི་དུས་སྟོན་ཞིག་སྲུང་དགོས། མ་འོངས་པའི་ཉིན་འདི་ཚོར་ཁྱོད་ཚོས་དུས་གཏན་གྱི་ཆེད་དུ་དུས་སྟོན་འདི་བྱེད་དགོས་སོ༎

ཆི་མན་མེད་པའི་བག་ལེབ་ཀྱི་དུས་སྟོན།

15གཙོ་བོ་དཀོན་མཆོག་གིས་ཉིན་ཞག་བདུན་བར་དུ་ཆི་མན་མེད་པའི་བག་ལེབ་ཟ་ཞིག ཉིན་དང་པོ་རང་ལ་ཁྱོད་ཚོའི་ཁང་པ་སོ་སོ་ནས་ཆི་མན་གང་ཡོད་པ་ཚང་མ་ཕྱི་ལ་དབྱུགས་དགོས། ཉིན་དང་པོ་ནས་ཉིན་བདུན་བར་མི་སུ་ཞིག་གིས་ཆི་མན་ཡོད་་པའི་བག་ལེབ་ཟ་མཁན་དེ་ནི་ཨིསི་རཱཨེལ་གྱི་མི་སྡེའི་ཁོངས་སུ་གཏོགས་མི་ཡོང་། 16ཉིན་དང་པོ་དང་ཉིན་བདུན་པའི་ཐོག་ཏུ་བསྙེན་བཀུར་བྱེད་པའི་ཕྱིར་ཁྱོད་ཚོ་ཕྱོགས་གཅིག་ཏུ་འཛོམས་དགོས། ཉིན་དེ་གཉིས་ལ་ཁྱོད་ཚོས་ཁ་ལག་བཟོས་པ་ཙམ་མ་གཏོགས་པས། གཞན་ལས་ཀ་གང་ཡང་བྱེད་མི་ཆོག 17ཆི་མན་མེད་པའི་བག་ལེབ་ཀྱི་དུས་སྟོན་དེ་ནི་ཁྱོད་ཚོས་ངེས་པར་སྲུང་དགོས། གང་ལ་ཟེར་ན། ཉིན་དེ་རང་ལ་ངས་ཁྱོད་རྣམས་ཨི་ཇིབ་ནས་ཕྱིར་འཁྲིད་ཡོང་བ་ཡིན། ཁྱོད་ཚོ་དང་མ་འོངས་པའི་ཁྱོད་ཚོའི་མི་རབས་ཚང་མས་ཉིན་ཞག་དེ་ནི་དུས་སྟོན་ཁྱད་པར་ཅན་ཞིག་ཏུ་སྲུང་དགོས། 18ཟླ་བ་དང་པོའི་ཚེས་བཅུ་བཞི་དགོང་མོ་ནས་ཚེས་ཉི་ཤུ་རྩ་གཅིག་དགོང་མོའི་བར་ཆི་མན་མེད་པའི་བག་ལེབ་ཟ་དགོས། 19ཉིན་བདུན་བར་དུ་ཁྱོད་ཚོའི་ཁང་པའི་ནང་དུ་ཆི་མན་ཡོད་མི་རུང་། ཡུལ་དུ་སྐྱེས་པའམ་བྱེས་པ་སུ་ཞིག་གིས་ཀྱང་ཆི་མན་ཡོད་པའི་ཁ་ཟས་ཟ་ན་དེ་ནི་ཨིསི་རཱཨེལ་གྱི་མི་སྡེའི་ཁོངས་སུ་གཏོགས་མི་ཡོང་། 20ཁྱོད་ཚོས་ཆི་མན་ཡོད་པའི་ཁ་ཟས་གང་ཡང་མ་ཟ་ཞིག ཁྱོད་ཚོ་ས་གནས་གང་དུ་བསྡད་ན་ཡང་ཆི་མན་མེད་པའི་བག་ལེབ་ཟ་དགོས་ཤེས་སྨྲོས་ཤིག་ཅེས་བཀའ་གནང་ངོ་༎

ཐར་གྲོལ་གྱི་དུས་སྟོན་དང་པོ།

21མོ་ཤེས་ཨིསི་རཱཨེལ་གྱི་འགོ་འཁྲིད་རྣམས་བཀོང་ནས་དེ་དག་ལ་སྨྲས་པ། ད་ཁྱོད་ཚོ་སོང་ནས་རང་རང་སོ་སོའི་ཁྱིམ་ཚང་བཞིན་དུ་ལུག་གུ་རེ་གོ་སྒྲིག་བྱེད་ནས་ཐར་གྲོལ་གྱི་དུས་སྟོན་སྲུང་བའི་ཆེད་དེ་གསོད་ཅིག 22ཧི་སོབ་ཞེས་པའི་རྩའི་ཆག་པ་ཞིག་སེམས་ཅན་གི་ཁྲག་ཡོད་པའི་སྣོད་ཀྱི་ནང་དུ་སྦང་ནས། ཁྲག་དེ་སྒོའི་རེ་བཞི་ཕན་ཚུན་གཉིས་དང་ཐོད་ལ་བསྐུས་ཤིང་ཁྱོད་ཚོའི་ནང་ནས་མི་སུའང་སང་ཞོགས་སྔ་པོ་བར་རང་གི་ཁང་པ་ནས་ཕྱི་རུ་མ་ཐོན་ཞིག 23གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་པ་རྣམས་ལ་འཆི་བའི་ཆད་པ་གཅོད་ཕྱིར་ཕེབས་སྐབས། སྒོའི་རེ་བཞི་ཕན་ཚུན་དང་ཐོད་ལ་བསྐུས་པའི་ཁྲག་དེ་གཟིགས་ནས་ཕར་གཤེགས་ཤིང་། འཆི་བའི་ཕོ་ཉ་དེ་ཁྱོད་ཚོའི་ཁང་པའི་ནང་དུ་འཛུལ་ནས་ཁྱོད་ཚོ་གསོད་བཅུག་མི་ཡོང་། 24བཀའ་ཁྲིམས་དེ་ནི་ཁྱོད་དང་ཁྱོད་ཀྱི་བུ་བརྒྱུད་རྣམས་ཀྱི་དུས་གཏན་དུ་ངེས་པར་སྲུང་དགོས། 25གཙོ་བོ་དཀོན་མཆོག་གིས་ཞལ་བཞེས་གནང་བའི་ཡུལ་དུ་སླེབས་པའི་རྗེས་སུ་ཁྱོད་ཚོས་དུས་སྟོན་དེ་སྲུང་དགོས། 26རྗེས་སུ་ཁྱོད་ཚོའི་བུ་ཕྲུག་རྣམས་ཀྱི་དུས་སྟོན་འདིའི་དོན་གང་ཡིན་ནམ་ཞེས་འདྲི་ན། 27ཁྱོད་ཚོས་ལན་དུ་འདི་ནི་གཙོ་བོ་དཀོན་མཆོག་ལ་མོས་གུས་ཞུས་ཕྱིར་བཤམས་པའི་ཐར་གྲོལ་གྱི་དུས་སྟོན་གྱི་དམར་མཆོད་ཞེས་པ་དེ་ཡིན། སྔར་ཁོང་གིས་ཨི་ཇིབ་དུ་ཨི་ཇིབ་པ་རྣམས་ལ་འཆི་བའི་ཆད་པ་གཅོད་གནང་སྐབས། ང་ཚོ་ཨིསི་རཱཨེལ་པ་རྣམས་ཀྱི་ཁང་པ་ནས་ཕར་གཤེགས་ཏེ། ང་ཚོ་ཚེ་ཐར་གནང་བའི་དུས་དྲན་ཞིག་ཡིན་ནོ་ཞེས་སྨྲོས་ཤིག་ཅེས་བཀའ་གནང་བ་དང་། ཨིསི་རཨེལ་པ་ཚོས་པུས་མོ་བཅུག་ནས་ཁོང་ལ་བསྙན་བཀུར་ཞུས་སོ། 28གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ་བཀའ་གནང་བ་བཞིན་ཨིསི་རཱཨེལ་པ་རྣམས་ཀྱིས་བྱས་སོ༎

སྔོན་སྐྱེས་རྣམས་ཤི་བ།

29མཚན་ཕྱེད་ཙམ་ལ་གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་ཀྱི་རྒྱལ་སྲས་ནས་བཟུང་སྟེ་བཙོན་པ་རྣམས་ཀྱིི་བུ་སྔོན་སྐྱེས་ཐམས་ཅད་དང་། དུད་འགྲོའི་ཕྲུ་གུ་སྔོན་སྐྱེས་ཐམས་ཅད་བསད་པ་གནང་བས། 30མཚན་དེར་རྒྱལ་པོ་དང་དེའི་ལས་བྱེད་པ་རྣམས་དང། ཨི་ཇིབ་པ་ཐམས་ཅད་ལངས་ཤིང་། ཨི་ཇིབ་ཀུན་ཏུ་ངུ་འབོད་ཆེན་པོ་ཞིག་བྱུང་ངོ་། གང་ལ་ཟེར་ན། སྔོན་སྐྱེས་བུ་མ་ཤི་བའི་ཁང་པ་གཅིག་ཀྱང་མ་ལུས་པའི་ཕྱིར་ཡིན་ནོ། 31མཚན་དེ་རང་ལ་རྒྱལ་པོས་མོ་ཤེ་དང་ཨ་རོན་ལ་བོས་ནས་སྨྲས་པ། ཁྱོད་རང་དང་ཨིསི་རཱཨེལ་གྱི་མི་དམངས་ཚང་མ་ངའི་ཡུལ་ནས་ཐོན་ཏེ། ཁྱོད་ཚོས་ཟེར་བ་བཞིན་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་བྱེད་ཕྱིར་སོང་ཞིག 32ཁྱོས་ཚོས་འདོད་པ་བཞིན་རང་གི་ལུག་ཕྱུགས་སོགས་འཁྲིད་ནས་སོང་ལ། ངའི་དོན་དུའང་སྨོན་ལམ་ཐོབ་ཅིག 33སྐབས་དེར་ཨི་ཇིབ་པ་ཚོས་ཨིསི་རཱཨེལ་པ་རྣམས་ལ། ཁྱོད་ཚོ་འདི་ནས་གང་མགྱོགས་མགྱོགས་འགྲོ་རོགས་བྱོས་ཤིག དེ་མིན་ང་ཚོ་ཚང་མ་ཤི་བའི་ཉེན་ཁ་འདུག་ཅེས་ནན་ཏན་བརྗོད་དོ། 34དེ་ནས་ཨིསི་རཱཨེལ་པ་ཚོས་ཆི་མན་མེད་པའི་འབྲོ་ཞིབ་འཛིད་ནས་བག་གཞོང་ནང་བླུགས་ནས་གོས་ཀྱིས་བཏུམས་ཏེ་ཕྲག་པའི་སྒང་དུ་འཁྱེར་ནས་ཕྱིན་ནོ། 35མོ་ཤེས་སྨྲས་པ་བཞིན་དུ་ཨིསི་རཱཨེལ་པ་རྣམས་ཀྱིས་བྱས་ཏེ། ཁོ་ཚོས་ཨི་ཇིབ་པ་རྣམས་ནས་དངུལ་དང་གསེར་གྱི་མཛེས་རྒྱན་དང་གོས་སོགས་བླངས་སོ། 36གཙོ་བོ་དཀོན་མཆོག་གིས་ནུས་མཐུས་ཨི་ཇིབ་པ་ཚོས་ཨིསི་རཱཨེལ་པ་རྣམས་ལ་གུས་བཀུར་བྱས་ནས། ཁོ་ཚོས་དགོས་ཟེར་ཚད་ཚང་མ་སྟེར་ནས། ཁོ་ཚོས་ཨི་ཇིབ་པ་རྣམས་ཕལ་ཆེར་བཅོམ་པ་ལྟ་བུར་རྒྱུ་ནོར་ཕོན་ཆེན་པོ་འཁྱེར་ནས་ཕྱིན་ནོ༎

ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་ཐོན་པ།

37ཨིསི་རཱཨེལ་པ་རྣམས་རམ་སེསེ་ཞེས་པའི་གནས་ནས་ཐོན་ཏེ་སུག་ཀོད་ཞེས་པའི་གནས་སུ་འབྱོར་ཞིང་། དེ་ཚོའི་ཁ་གྲངས་ནི་ཕྲུ་གུ་དང་བུད་མེད་མ་རྩིས་པའི་སྐྱེས་པ་འབུམ་ཚོ་དྲུག་ཙམ་ཡོད་པ་ཡིན་ནོ། 38དེ་ཚོ་དང་མཉམ་དུ་མི་ཚོགས་གཞན་ཞིག་དང་ར་ལུག་དང་བ་ཕྱུགས་བཅས་པ་ཚོགས་ཆེན་པོ་ཞིག་ཀྱང་ཕྱིན་ནོ། 39ཁོ་ཚོས་ཨི་ཇིབ་ནས་འཁྱེར་ཡོང་བའི་བག་ཟན་དེ་ནས་ཆི་མན་མེད་པའི་བག་ལེབ་བཟོས་སོ། ཁོ་ཚོ་ཨི་ཇིབ་ནས་བློ་བུར་དུ་ཐོན་པ་ཡིན་པས། སྐབས་དེར་ཁོ་ཚོར་བག་ལེབ་བཟོ་ལོང་ཙམ་ཡང་མ་བྱུང་ངོ་། 40ཨིསི་རཱཨེལ་པ་རྣམས་ཨི་ཇིབ་དུ་ལོ་ངོ་ ༤༣༠ བར་དུ་གནས་སོ། 41ལོ་ ༤༣༠ དེ་ཚང་བའི་ཉིན་དེ་རང་ལ་གཙོ་བོ་དཀོན་མཆོག་གི་མི་དམངས་ཀྱི་སྡེ་རིགས་ཡོངས་རྫོགས་ཨི་ཇིབ་ནས་ཐོན་ནོ། 42དེ་ཚོ་ལ་ཨི་ཇིབ་ནས་འདོན་ཏེ་འཁྲིད་ཡོང་སྐབས། མཚན་དེར་གཙོ་བོ་དཀོན་མཆོག་གིས་སྲུང་བྱ་གནང་བ་དང་། ཨིསི་ར་ཨེལ་པ་ཚོ་ཡང་མཚན་དེར་མ་ཉལ་བར་བསྡད་ནས། མི་རབས་བར་དུ་གཙོ་བོ་དཀོན་མཆོག་ལ་གུས་བཀུར་ཞུས་དགོས་སོ༎

ཐར་གྲོལ་གྱི་དུས་སྟོན་གྱི་ཁྲིམས་རྣམས།

43གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ་གསུངས་། ཐར་གྲོལ་གྱི་དུས་སྟོན་སྲུང་ཆོག་སྐོར་གྱི་ཁྲིམས་ནི་འདི་ལྟར་ཡིན། ཕྱི་རྒྱལ་བ་སུ་ཞིག་གིས་ཀྱང་ཐར་གྲོལ་གྱི་ཁ་ཟས་དེ་ལས་ཟ་མི་རུང་། 44འོན་ཀྱང་ཁྱོད་ཚོས་ཉོས་པའི་བྲན་ཁོལ་ནང་ནས་མདུན་ལྤགས་ཅད་ཟིན་པ་ཚོས་དེ་ལས་ཟ་ནའང་ཆོག 45འགྲུལ་པ་དང་གླ་པ་ཚོས་དེ་ལས་ཟ་མི་དགོས་སོ། 46དེ་ནི་ཁང་པའི་ཕྱི་རུ་འཁྱེར་མི་ཆོག་ཅིང་ཁང་པ་དེ་གའི་ནང་དུ་ཟ་དགོས། དེའི་རུས་པ་གཅིག་ཀྱང་བཅག་མི་ཆོག 47དུས་སྟོན་དེ་ནི་ཨིསི་རཱཨེལ་མི་སྡེ་ཡོངས་ཀྱི་ངེས་པར་སྲུང་དགོས། 48མདུན་ལྤགས་མ་བཅད་པ་ཚོས་དེ་ལས་ཟ་མི་ཆོག གལ་ཏེ་ཁྱོད་དང་མཉམ་དུ་གནས་པའི་ཕྱི་རྒྱལ་བ་སུ་ཞིག་གིས་གཙོ་བོ་དཀོན་མཆོག་ལ་གུས་བཀུར་ཞུ་ཕྱིར་ཐར་གྲོལ་གྱི་དུས་སྟོན་དེ་སྲུང་འདོད་བྱེད་ན། ཁོའི་ནང་མི་སྐྱེས་པ་ཐམས་ཅད་ཀྱི་མདུན་ལྤགས་བཅད་པའི་རྗེས་སུ་དུས་སྟོན་དེ་སྲུང་ནའང་ཆོག དེ་རྗེས་མི་དེ་ནི་ཡུལ་དུ་སྐྱེས་པའི་ཨིསི་རཱཨེལ་པ་དང་མཚུངས་ཞིང་དུས་སྟོན་དེའི་ནང་བཞུག་ན་ཆོག་གོ 49ཡུལ་དུ་སྐྱེས་པ་རྣམས་དང་ཁྱོད་ཚོའི་ཁྲོད་དུ་གནས་སྡོད་བྱ་མཁན་ཕྱི་རྒྱལ་བ་ཚོས་ཁྲིམས་དེ་རང་སྲུང་དགོས་ཞེས་བཀའ་གནང་ངོ། 50གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ་བཀའ་གནང་བ་བཞིན་དུ་ཨིསི་རཱཨེལ་པ་ཡོངས་ཀྱིས་དེ་བཞིན་དུ་བྱས་སོ། 51ཉིན་དེ་རང་ལ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པའི་སྡེ་རིགས་རྣམས་ཨི་ཇིབ་ནས་ཕྱིར་འདོན་ཏེ་འཁྲིད་གནང་ངོ་༎

སྡེབ་ཐོན 13

བུ་སྔོན་སྐྱེས་རྣམས་ཀྱི་སྔོས་འབུལ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2ཨིསི་རཱཨེལ་གྱི་བུ་སྔོན་སྐྱེས་རྣམས་དང་དུད་འགྲོ་རྣམས་ཀྱི་སྔོན་སྐྱེས་ཕྲུ་གུ་ཕོ་རྣམས་ཚང་མ་ངའི་ཡིན་པས། དེ་དག་ང་ལ་བསྔོ་འབུལ་བྱེད་དགོས༎ 3མོ་ཤེས་མི་ཚོགས་ལ་སྨྲས་པ། རང་ཉིད་བྲན་ཁོལ་དུ་གནས་པའི་ཨི་ཇིབ་ནས་ཐོན་པའི་ཉིན་དེ་ཁྱོད་ཚོས་ཡིད་ལ་དྲན་པར་བྱོས་ཤིག དེ་ནི་གཙོ་བོ་དཀོན་མཆོག་གིས་མཐུ་སྟོབས་ལྡན་པའི་ཕྱག་གིས་ཁྱོད་ཚོ་ཡུལ་དེ་ནས་བཏོན་གནང་བ་ཡིན་པས། ཁྱོད་ཚོས་ཆི་མན་ལྡན་པའི་བག་ལེབ་ཟ་མི་རུང་། 4ཨ་བིབ་ཞེས་པའི་ཟླ་བ་དང་པོའི་ཉིན་དེ་ཁྱོད་ཚོ་ཨི་ཇིབ་སྤངས་གྱི་ཡོད། 5གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་མེས་པོ་རྣམས་ལ་ཀ་ནན་པ། ཧི་ཏི་པ། ཨ་མོར་པ། ཧི་ཝི་པ་དང། ཡ་བུ་སི་པ་རྣམས་ཀྱི་ཡུལ་སྤྲོད་རྒྱུའི་ཞལ་བཞེས་གནང་ཡོད་པ་དང་། ཁྱོད་ཚོ་ལ་ཁོང་གིས་ཕྱུག་པོ་དང་ས་ལུད་འཛོམས་པོའི་ཡུལ་དེར་སྐྱེལ་སྐབས་ལོ་རེ་བཞིན་ཟླ་བ་དང་པོར་དུས་སྟོན་འདི་སྲུང་དགོས། 6ཉིན་བདུན་བར་དུ་ཁྱོད་ཚོས་ཆི་མན་མེད་པའི་བག་ལེབ་ཤ་སྟག་ཟ་དགོས། ཉིན་བདུན་པར་གཙོ་བོ་དཀོན་མཆོག་ལ་གུས་བཀུར་ཞུས་ཕྱིར་དུས་སྟོན་ཞིག་བཤམས་དགོས། 7ཉིན་བདུན་བར་དུ་ཁྱོད་ཚོས་ཆི་མན་ཡོད་པའི་བག་ལེབ་ཟ་མི་རུང་། ཆི་མན་ཡོད་པའི་བག་ལེབ་སོགས་ཁྱོད་ཚོའི་ཡུལ་ཡོངས་སུ་གང་དུའང་ཡོད་མི་རུང་ངོ་། 8དུས་སྟོན་དེ་འགོ་ཚུགས་སྐབས་དེ་ཉིན་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་ཨི་ཇིབ་ནས་འཁྲིད་གནང་སྐབས་ཁོང་གིས་ཁྱོད་ཚོ་ལ་གང་གནང་ཡོད་པ་དེའི་དྲན་གསོའི་ཆེད་དུ་དུས་སྟོན་འདི་སྲུང་བ་ཡིན་ཟེར་རང་གི་བུ་རྣམས་ལ་སྨྲོས་ཤིག 9དུས་སྟོན་འདི་ནི་ཁྱོད་ཚོའི་ལག་པའམ་ཐོད་པར་གང་ཞིག་བཏགས་པ་ལྟ་བུའི་དྲན་རྟེན་དུ་རྩིས་དགོས་ཤིང་། དེའི་སྒོ་ནས་ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་དེ་དུས་རྒྱུན་དུ་ངག་འདོན་བྱེད་པ་དང་། དེར་སློབ་སྦྱོངས་བྱེད་རྒྱུའི་དྲན་བསྐུལ་བྱེད་ཡོང་། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གི་མཐུ་སྟོབས་ཀྱིས་ཁྱོད་ཚོ་ཨི་ཇིབ་ནས་ཕྱིར་འཁྲིད་གནང་བའི་ཕྱིར་རོ། 10ཁྱོད་ཚོས་དུས་སྟོན་འདི་ལོ་རེ་བཞིན་གཏན་འབེབས་བྱེད་པའི་དུས་སུ་སྲུང་དགོས༎

སྔོན་སྐྱེས་རྣམས།

11གཙོ་བོ་དཀོན་མཆོག་གིས་ཁྱོད་དང་ཁྱོད་ཀྱི་མེས་པོ་རྣམས་ལ་ཀ་ནན་པའི་ཡུལ་དེ་གནང་གི་ཡིན་ཞེས་ཞལ་བཞེས་གནང་བའི་ཡུལ་དེར་ཁོང་གིས་ཁྱོད་ཚོར་སྐྱེལ་གནང་ཡོང་། ཁོང་གིས་ཁྱོད་ཚོར་ཡུལ་དེ་གནང་སྐབས། 12ཁྱོད་ཚོ་རང་རང་གི་བུ་སྔོན་སྐྱེས་རྣམས་གཙོ་བོ་དཀོན་མཆོག་ལ་བསྔོ་དགོས། ཁྱོད་ཚོའི་དུད་འགྲོའི་ཕོ་སྔོན་སྐྱེས་ཚང་མ་གཙོ་བོ་དཀོན་མཆོག་ལ་བདག་པ་ཡིན། 13འོན་ཀྱང་བོང་བུ་ཕོ་སྔོན་སྐྱེས་རེ་རེའི་ཚབ་ལ་ལུག་གུ་ཕོ་རེ་འབུལ་ནས་ཚུར་བླུ་དགོས། གལ་ཏེ་བོང་བུ་དེ་བླུ་འདོད་མེད་ན་དེའི་མཇིང་ཚིགས་དེ་བཅག་དགོས། དེ་བཞིན་ཁྱོད་ཚོའི་བུ་སྔོན་སྐྱེས་རྣམས་ཀྱང་བླུ་དགོས། 14མ་འོངས་པ་ན་ཁྱོད་ཚོའི་བུ་ཚོས་དུས་སྟོན་འདིའི་དོན་གང་ཡིན་ནམ་ཞེས་འདྲི་ན། དེའི་ལན་དུ་ཁྱོད་ཚོས། གཙོ་བོ་དཀོན་མཆོག་གི་མཐུ་སྟོབས་ལྡན་པའི་ཕྱག་གིས་ང་ཚོ་བྲན་འོག་ཏུ་གནས་པའི་ཨི་ཇིབ་ནས་བཏོན་ནས་འཁྲིད་ཕེབས་སོ། 15རྒྱལ་པོས་སེམས་གྱོང་པོ་བྱས་ནས་ང་ཚོ་འགྲོ་མ་བཅུག་པའི་སྐབས་སུ། གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་དུ་ཡོད་པའི་མིའི་བུ་སྔོན་སྐྱེས་དང་། དུད་འགྲོའི་ཕྲུ་གུ་ཕོ་སྔོན་སྐྱེས་ཚང་མ་བསད་པ་གནང་བ་ཡིན། དེར་རྐྱེན་ང་ཚོས་དུད་འགྲོའི་ཕོ་སྔོན་སྐྱེས་རྣམས་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་གྱི་ཡོད་དོ། འོན་ཀྱང་ང་ཚོས་བུ་སྔོན་སྐྱེས་རྣམས་ལ་དེའི་ཚབ་ཏུ་གང་ཞིག་འབུལ་ནས་བླུས་ཀྱི་ཡོད་དོ། 16དུས་སྟོན་དེས་ཁྱོད་ཀྱི་ལག་པའམ་ཐོད་པར་གང་ཞིག་བཏགས་པ་ལྟ་བུའི་དྲན་རྟེན་ཞིག་ཏུ་འགྱུར། དེའི་སྒོ་ནས་གཙོ་བོ་དཀོན་མཆོག་གི་མཐུ་སྟོབས་ལྡན་པའི་ཕྱག་གིས་ངེད་རྣམས་ཨི་ཇིབ་ནས་བཏོན་ཏེ་འཁྲིད་གནང་བ་དེ་དྲན་གསོ་བྱེད་ཡོང་༎

སྤྲིན་དང་མེའི་ཀ་བ།

17ཨི་ཇིབ་ཀྱི་རྒྱལ་པོས་ཨིསི་རཱཨེལ་པ་ཚོ་ལ་འགྲོ་རུ་བཅུག་སྐབས། གཙོ་བོ་དཀོན་མཆོག་གིས་དེ་དག་ལ་ཕེ་ལེ་ཤེད་ཀྱི་མཚོ་འགྲམ་དེ་མགྱོགས་ལམ་ཡིན་ན་ཡང་དེའི་བརྒྱུད་ནས་འཁྲིད་མ་གནང་ངོ་། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གི་ཐུགས་ལ་། གལ་སྲིད་མི་འདི་ཚོ་ལམ་འདི་བརྒྱུད་ནས་འགྲོ་དུས་དམག་འཁྲུགས་ཤིག་གི་གདོང་ལེན་བྱེད་དགོས་བྱུང་ན། དེ་ཚོའི་སེམས་འགྱུར་ནས་ཨི་ཇིབ་དུ་ཕྱིར་ལོག་བྱེད་ཡོང་ཞེས་བསམ་མོ། 18དེ་བས་ན་ཁོང་གིས་དེ་ཚོ་ལ་རྒྱ་མཚོ་དམར་པོའི་ཉེ་འགྲམ་ནས་འབྲོག་སྟོང་ནང་ལམ་ཀྱོག་བརྒྱུད་དེ་འཁྲིད་གནང་ངོ་། ཨིསི་རཱཨེལ་པ་ཚོས་དམག་བརྒྱབ་ཕྱིར་གོ་མཚོན་འཁྱེར་ཡོད་པ་ཡིན་ནོ། 19མོ་ཤེས་ཡོ་སེབ་ཀྱི་ཕུང་པོ་དེ་མཉམ་དུ་འཁྱེར་རོ། གང་ལ་ཟེར་ན། ཡོ་སེབ་ཀྱིས་ཨིསི་རཱཨེལ་པ་རྣམས་ལ་འདི་ལྟར་བྱ་རྒྱུ་དམ་བཅའ་བྱེད་བཅུག་ཡོད། དཀོན་མཆོག་གིས་ཁྱོད་ཚོར་སྐྱབས་པ་གནང་བས་ངའི་ཕུང་པོ་ས་གནས་འདི་ནས་ཁྱོད་ཚོས་འཁྱེར་དགོས་ཞེས་སྨྲས་ཡོད་པ་ཡིན། 20དེ་ནས་ཨིསི་རཱཨེལ་པ་རྣམས་སུ་ཀོད་ཞེས་པའི་གནས་ནས་ཐོན་ཏེ། འབྲོག་སྟོང་ཞིག་གི་ཟུར་དུ་ཨེ་ཐམ་ཞེས་པའི་གནས་སུ་སྒར་རྒྱབ་བོ། 21ཁོ་ཚོ་ཉིན་མཚན་མེད་པར་འགྲོ་ཐུབ་པའི་ཆེད་དུ་གཙོ་བོ་དཀོན་མཆོག་གིས་ཉིན་མོའི་དུས་སུ་སྤྲིན་གྱི་ཀ་བ་བརྒྱུད་ནས་ལམ་སྟོན་བཞིན་འགྲུལ་གྱི་ཡོད་པ་དང་། མཚན་མོའི་དུས་སུ་མེའི་ཀ་བའི་བརྒྱུད་ནས་འོད་གནང་བཞིན་ཁོ་ཚོར་དབུ་འཁྲིད་གནང་ངོ་། 22ཉིན་མོའི་དུས་སུ་སྤྲིན་གྱི་ཀ་བ་དང་། མཚན་མོའི་དུས་སུ་མེའི་ཀ་བ་མི་ཚོའི་སྔོན་སྔོན་དུ་རྒྱུན་དུ་འགྲོ་གི་ཡོད་དོ༎

སྡེབ་ཐོན 14

རྒྱ་མཚོ་དམར་པོ་རྒལ་བ།།

1དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2ཁྱོད་ཀྱིས་ཨིསིརཱཨེལ་པ་རྣམས་ལ། ཁྱོད་ཚོ་ཕྱིར་ལོག་ནས་མིག་དྷོལ་དང་རྒྱ་མཚོ་དམར་པོའི་བར་ལ་ཡོད་པའིི་བྷལ་ཛེ་ཕོན་ཉེ་འགྲམ་གྱི་པི་ཧ་ཧི་རོད་ཀྱི་མདུན་དུ་སྒར་རྒྱབ་ནས་སྡོད་ཅིག་ཟེར་སྨྲོས་ཤིག 3རྒྱལ་པོས། ཨིསི་རཱཨེལ་པ་རྣམས་ཡུལ་གྱི་ནང་དུ་མགོ་འཐོམ་ནས་འཁྱམས་ཡོད་པ་དང་། འབྲོག་སྟོང་གི་དེ་ཚོའི་ལམ་བཀག་ཡོད་བསམ་པར་འགྱུར། 4ངས་རྒྱལ་པོའི་སེམས་གྱོང་རུ་བཏང་བས་རྐྱེན་གྱིས་ཁོས་དེ་ཚོའི་རྗེས་སུ་དེད་ཡོང་བ་དང་། རྒྱལ་པོ་དང་དམག་དཔུང་ཚོའི་སྟེང་ངས་རྒྱལ་ཁ་ཐོབ་པའི་སྒོ་ནས་ང་ལ་གཟི་བརྗིད་ཐོབ་ཡོང་། དེ་ནས་ང་ནི་གཙོ་བོ་དཀོན་མཆོག་རང་ཡིན་པ་དེ་ཨི་ཇིབ་པ་ཚོས་ཤེས་ཐུབ་ཡོང་། ཨིསི་རཱཨེལ་པ་ཚོས་དེ་བཞིན་བྱས་སོ། 5མི་དམངས་རྣམས་བྲོས་ཐར་བའི་གནས་ཚུལ་དེ་ཨི་ཇིབ་ཀྱི་རྒྱལ་པོས་ཐོས་སྐབས། ཁོང་དང་ཁོང་གི་ལས་བྱེད་པ་རྣམས་སེམས་བསྒྱུར་ནས་སྨྲས་པ། ད་ང་ཚོས་ག་རེ་བྱས་པ་ཡིན་ནམ། ཨིསི་རཱཨེལ་པ་རྣམས་ལ་ང་ཚོའི་བྲོས་བཅུག་པ་དང་ང་ཚོའི་བྲན་ཁོལ་རྣམས་ཤོར་རོ་ཟེར་བརྗོད་དོ། 6དེ་ནས་རྒྱལ་པོས་རང་གི་དམག་གི་ཤིང་རྟ་དང་དམག་མི་རྣམས་གྲ་སྒྲིགས་བྱས་སོ། 7རྒྱལ་པོས་རང་གི་ཤིང་རྟ་ཇི་ཡོད་ཁར་མཆོག་ཏུ་འགྱུར་བའི་ཤིང་རྟ་ ༦༠༠ དང་དམག་དཔོན་དང་བཅས་དེ་ཚོའི་རྗེས་སུ་ཕྱིན་ནོ། 8གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་གྱི་རྒྱལ་པོའི་སེམས་གྱོང་རུ་བཏང་གནང་བས། ཁོས་ཨིསི་རཱཨེལ་པ་རྣམས་ལ་རྗེས་སུ་དེད་ཡོང་ངོ་། རྒྱལ་ཁའི་ངང་ཨིསི་རཱཨེལ་པ་རྣམས་ནི་སྔོན་དུ་འགྲོ་བཞིན་ཡོད་དོ། 9དེ་ནས་ཨི་ཇིབ་ཀྱི་དམག་མི་དང་རྟ་དང་ཤིང་རྟ་དང་ཁ་ལོ་པ་རྣམས་ཀྱིས་ཁོ་ཚོའི་རྗེས་སུ་དེད་ནས་པི་ཧ་ཧི་རོད་དང་བྷལ་ཛེ་ཕོན་གྱི་ཕར་ཕྱོགས་སུ་རྒྱ་མཚོ་དམར་པོའི་ཉེ་འགྲམ་དུ་སྒར་རྒྱབ་ནས་བསྡད་ཡོད་པའི་ཨིསི་རཱཨེལ་པ་རྣམས་ལ་ཁོ་ཚོས་རྗེས་ཟིན་ནོ། 10ཨིསི་རཱཨེལ་པ་རྣམས་ཀྱིས་རྒྱལ་པོ་དང་ཁོའི་དཔུང་དམག་རྣམས་ཁོ་ཚོའི་ཕྱོགས་སུ་ཡོང་བཞིན་པ་མཐོང་ནས། ཧ་ཅང་དངངས་སྐྲག་ཆེན་པོས་གཙོ་བོ་དཀོན་མཆོག་ལ་སྐྱབས་རོགས་ཀྱི་ཆེད་དུ་འབོད་བསྐུལ་ཞུས་པ། 11ཁོ་ཚོས་མོ་ཤེ་ལ་སྨྲས་པ། ཨི་ཇིབ་དུ་དུར་ཁྲོད་མེད་པ་ཡིན་ནམ། ཁྱོད་ཀྱི་ང་ཚོ་འབྲོག་སྟོང་འདིར་ཤི་བཅུག་པའི་ཕྱིར་འཁྲིད་ཡོང་བ་ཡིན་ནམ། ཁྱོད་ཀྱི་ང་ཚོ་ཨི་ཇིབ་ནས་འཁྲིད་ཡོང་ནས་ང་ཚོ་ལ་འདི་ག་རེ་བྱེད་དམ། 12དེ་སྔ་མ་ཐོན་སྔོན་དུ་དེ་ལྟར་བྱུང་ཡོང་ང་ཚོས་བརྗོད་མ་བྱུང་ངམ། ང་ཚོ་ལ་ཁ་གཅིག་པུར་བཞག་ནས་ཨི་ཇིབ་པ་ཚོའི་གཡོག་རྒྱུགས་ནས་བསྡད་བཅུག་རོགས་ལབ་པ་མ་ཡིན་ནམ། འབྲོག་སྟོང་འདི་འདྲའི་དཀྱིལ་དུ་ཤི་བ་ལས་ཨི་ཇིབ་པ་རྣམས་ཀྱི་གཡོག་རྒྱུགས་ནས་བསྡད་པ་དགའ། 13དེ་ནས་མོ་ཤེས་མི་ཚོགས་སྨྲས་པ། ཁྱོད་ཚོ་མ་འཇིགས་པར་སེམས་བརྟན་པོ་བྱེད་ནས་སྡོད་ཅིག དེ་རིང་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་སྐྱབས་གནང་བ་དེ་ཁྱོད་ཚོས་མཐོང་ཡོང་། སླད་ཕྱིན་ཨི་ཇིབ་པ་འདི་ཚོ་ཁྱོད་ཚོས་ནམ་ཡང་མཐོང་མི་ཡོང་། 14ཁྱོད་ཚོས་གང་ཡང་བྱེད་མི་དགོས། ཁྱོད་ཚོའི་ཚབ་ཏུ་གཙོ་བོ་དཀོན་མཆོག་གིས་འཐབ་གནང་ཡོང། 15གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ཁྱོད་ཀྱིས་ང་ལ་ག་རེའི་དོན་དུ་སྐྱབས་རོགས་ཀྱི་ཕྱིར་འབོད་ཀྱི་ཡོད་དམ། མི་དམངས་རྣམས་ལ་མདུན་བསྐྱོད་བྱོས་ཤིག་ཅེས་སྨྲོས་ཤིག 16ཁྱོད་ཀྱི་ལག་པའི་འཁར་རྒྱུག་དེ་ཡར་བཏེགས་ཏེ་རྒྱ་མཚོའི་ཕྱོགས་སུ་རྐྱོངས་ཤིག་དང་། རྒྱ་མཚོ་ཁག་གཉིས་སུ་གྱེས་ཏེ། ཨིསི་རཱཨེལ་པ་རྣམས་རྒྱ་མཚོའི་དཀྱིལ་དུ་སྐམ་ས་ནས་འགྲོ་ཐུབ་པར་འགྱུར། 17ངས་ཨི་ཇིབ་པ་ཚོའི་སེམས་གྱོང་རུ་བཏང་བས། ཁོ་ཚོས་ད་དུང་ཁྱོད་ཚོའི་རྗེས་སུ་དེད་ཡོང་། ཡང་ངས་རྒྱལ་པོ་དང་ཁོའི་དམག་མི་དང་། ཤིང་རྟ་དང་ཁ་ལོ་པ་རྣམས་ཀྱི་ཐོག་ཏུ་རྒྱལ་ཁ་ཐོབ་པའི་སྒོ་ནས་ང་ལ་གུས་བཀུར་ཐོབ་ཡོང་། 18ངས་དེ་ཚོར་ཕམ་པར་བྱེད་སྐབས། ཨི་ཇིབ་པ་ཚོས་ང་ནི་གཙོ་བོ་དཀོན་མཆོག་རང་ཡིན་པ་དེ་ཤེས་ཐུབ་ཡོང་ཞེས་བཀའ་གནང་ངོ་། 19དེ་རྗེས་ཨིསི་རཱཨེལ་དམག་སྤུངས་ཀྱི་སྔོན་དུ་ཕེབས་བཞིན་པའི་དཀོན་མཆོག་གི་ཕོ་ཉ་དེ་ཕྱིར་འཐོན་ནས་ཁོ་ཚོའི་རྒྱབ་ཏུ་ཕེབས་པ་དང་། སྔོན་དུ་ཡོད་པའི་སྤྲིན་གྱི་ཀ་བ་དེ་ཡང་ཁོ་ཚོའི་རྒྱབ་ཏུ་ཕྱིན་ནས། 20ཨི་ཇིབ་པའི་དམག་མི་རྣམས་དང་ཨིསི་རཱཨེལ་པ་རྣམས་ཀྱི་བར་ལ་གནས་སོ། མཚན་གང་སྤྲིན་གྱིས་ཨི་ཇིབ་པའི་ཕྱོགས་སུ་མུན་པ་དང་། ཨིསི་རཱཨེལ་གྱི་ཕྱོགས་སུ་འོད་གནང་ངོ། དེ་ཚོ་མཚན་གང་ཕན་ཚུན་ཉེ་བར་སླེབས་མ་ཐུབ་བོ། 21དེ་ནས་མོ་ཤེས་རང་གི་ལག་པ་རྒྱ་མཚོའི་སྟེང་དུ་བརྐྱངས་པ་དང་། གཙོ་བོ་དཀོན་མཆོག་གིས་མཚན་གང་ཤར་ཕྱོགས་ནས་རླུང་ཚུབ་པོ་དེས་རྒྱ་མཚོ་ཕྱི་ནུར་བརྒྱབ་བཅུག་གོ རླུང་འཚུབ་མཚན་གང་བརྒྱབ་པ་དང་། རྒྱ་མཚོར་ས་སྐམ་པོ་ཞིག་བྱུང་བས་ཆུ་རྣམས་ཁག་གཉིས་སུ་གྱེས་སོ། 22ཨིསི་རཱཨེལ་པ་རྣམས་རྒྱ་མཚོའི་དཀྱིལ་གྱི་ས་སྐམ་པོ་ནས་འགྲུལ་ཏེ། ཆུ་རྣམས་གཡས་གཡོན་དུ་ལྕགས་རི་ལྟར་གནས་སོ། 23དེ་རྗེས་ཨི་ཇིབ་པ་དང་། རྒྱལ་པོའི་རྟ་དམག་རྣམས་དང་། ཤིང་རྟའི་ཁ་ལོ་པ་རྣམས་དེ་ཚོར་དེད་ནས་རྒྱ་མཚོའི་དཀྱིལ་དུ་དེ་ཚོའི་རྗེས་སུ་ཕྱིན་ནོ། 24ནམ་ལངས་པའི་སྔོན་དུ་གཙོ་བོ་དཀོན་མཆོག་གིས་མེ་དང་སྤྲིན་པའི་ཀ་བའི་ནང་ནས་ཨི་ཇིབ་པ་རྣམས་ཀྱི་དམག་དཔུང་ལ་གཟིགས་པ་དང་། དེ་ཚོར་འཇིགས་སྐྲགས་བསྐུལ་གནང་ངོ། 25ཁོང་གིས་ཤིང་རྟའི་འཁོར་ལོ་རྣམས་བཀག་སྟེ་འཁོར་མ་བཅུག་པས། ཤིང་རྟ་འགྲོ་བར་དཀའ་ངལ་ཆེན་པོ་བྱུང་བ་དང་། ཨི་ཇིབ་པ་རྣམས་ཀྱིས། གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ཀྱི་ཚབ་ཏུ་ང་ཚོ་དང་མཉམ་དུ་དམག་འཐབ་བྱེད་པ་གནང་གི་འདུག་པས། ད་ང་ཚོ་འདི་ནས་བྲོས་འགྲོ་ཞེས་སྨྲས་སོ། 26གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ཨི་ཇིབ་པ་དང་། དེ་ཚོའི་རྟ་དམག་དང་། ཤིང་རྟའི་ཁ་ལོ་པ་རྣམས་ཀྱི་ཐོག་ཏུ་ཆུ་རྣམས་ཕྱིར་ལོག་འབབས་པའི་ཕྱིར་རྒྱ་མཚོའི་ཕྱོགས་སུ་ཁྱོད་ཀྱི་ལག་པ་རྐྱོངས་ཤིག་ཅེས་བཀའ་གནང་ངོ་། 27དེ་ནས་མོ་ཤེས་རང་གི་ལག་པ་རྒྱ་མཚོའི་ཕྱོགས་སུ་བརྐྱངས་པས། ཐོ་རངས་སྐབས་སུ་རྒྱ་མཚོ་དེ་སྔར་བཞིན་ཕྱིར་ལོག་པ་དང་། ཨི་ཇིབ་པ་རྣམས་བྲོས་ཐབས་བྱས་རུང་གཙོ་བོ་དཀོན་མཆོག་གིས་དེ་ཚོར་ཆུའི་ནང་དབྱུགས་གནང་ངོ་། 28ཆུ་སྔར་བཞིན་རང་འཇག་ཕྱིར་ལོག་འབབ་པས། རྒྱལ་པོའི་དམག་དཔུང་དང་། རྟ་དམག་དང་། ཤིང་རྟའི་ཁ་ལོ་པ་དང་། ཨིསི་རཱཨེལ་པ་རྣམས་ལ་རྗེས་སུ་དེད་ནས་ཡོང་བའི་ཨི་ཇིབ་པ་ཡོངས་རྫོགས་ཆུས་ནུབ་ནས་གཅིག་ཀྱང་མ་ཐར་རོ། 29འོན་ཀྱང་ཨིསི་རཱཨེལ་པ་རྣམས་རྒྱ་མཚོའི་དཀྱིལ་གྱི་ས་སྐམ་པོ་ནས་འགྲུལ་ཏེ། ཆུ་རྣམས་དེ་ཚོའི་གཡས་གཡོན་དུ་ལྕགས་རི་ལྟར་གནས་སོ། 30ཉིན་དེ་ལ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་ཨི་ཇིབ་པ་ཚོའི་ལག་ནས་སྐྱབས་པ་གནང་ཞིང་། ཨིསི་རཱཨེལ་པ་ཚོས་དེ་ཚོའི་རོ་རྣམས་རྒྱ་མཚོའི་འགྲམ་དུ་ཡོད་པ་མཐོང་ངོ་། 31གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་པ་ཚོའི་སྟེང་རང་གི་མཐུ་སྟོབས་ཀྱིས་ཕམ་བཅུག་པ་འདི་ཨིསི་རཱཨེལ་པ་ཚོས་མཐོང་ནས། ཁོ་ཚོ་གཙོ་བོ་དཀོན་མཆོག་ལ་འཇིག་པ་དང་། དེ་ཚོས་གཙོ་བོ་དཀོན་མཆོག་དང་ཁོང་གི་ཞབས་ཏོག་པ་མོ་ཤེ་ལ་བློས་འཁེལ་བ་རེད༎

སྡེབ་ཐོན 15

མོ་ཤེའི་མགུར་མ།

1དེ་ནས་མོ་ཤེ་དང་ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་ལ་མགུར་མ་འདི་བླངས་སོ། ང་ཡིས་གཙོ་བོ་དཀོན་མཆོག་ལ་མགུར་མ་བླངས། གང་ལ་ཟེར་ན་ཁོང་ཉིད་ཀྱིས། གཟི་བརྗིད་ཆེན་པོས་རྒྱལ་ཁ་ཐོབ། ཁོང་གིས་རྟ་དང་རྟ་པའི་ཚོགས་རྣམས་རྒྱ་མཚོར་དབྱུགས། 2གཙོ་བོ་དཀོན་མཆོག་ང་ཡི་སྲུང་སྐྱོབ་བརྟན་པོ་ཡིན། ང་ལ་སྐྱབས་པ་གནང་མཁན་ཁོང་ཉིད་ཡིན། ཁོང་ནི་ང་ཡི་དཀོན་མཆོག་ཡིན་པ་དང་། ང་ནི་ཁོང་ལ་བསྟོད་པར་བྱ་རྒྱུ་ཡིན། ཁོང་ནི་ང་ཡི་ཡབ་ཀྱི་དཀོན་མཆོག་ཡིན། ཁོང་ནི་རླབས་ཆེན་སྐོར་ལ་ང་ཡིས་མགུར་མ་བླངས། 3གཙོ་བོ་དཀོན་མཆོག་དཔའ་བོ་ཡིན། ཁོང་གི་མཚན་ནི་གཙོ་བོ་དཀོན་མཆོག་ཡིན། 4རྒྱལ་པོའི་དམག་མི་དང་ནི་ཤིང་རྟའི་ཚོགས། ཁོང་གིས་དེ་དག་རྒྱ་མཚོར་དབྱུགས། མཆོག་ཏུ་འགྱུར་བའི་དམག་དཔོན་རྣམས། རྒྱ་མཚོ་དམར་པོར་ནུབ་པར་མཛད། 5རྒྱ་མཚོ་གཏིང་ཟབ་ཆུ་ཡིས་དེ་ཚོ་བཀབ། རྡོ་ལྟར་དེ་ཚོ་མཐིལ་དུ་ནུབ། 6གཙོ་བོ་དཀོན་མཆོག་ཁྱེད་ཀྱི་ཕྱག་གཡས་སུ། ངོ་མཚར་ཅན་གྱི་སྟོབས་ཡོད་དོ། དེ་ཡིས་དགྲ་རྣམས་དུམ་བུར་བཅག། 7ཁྱེད་ལ་སྡང་བའི་དགྲ་བོ་རྣམས། ཉིད་ཀྱི་གཟི་བརྗིད་ཆེན་པོས་བརྟུལ། ཁྱེད་ཀྱི་ཐུགས་ཁྲོའི་མེ་སྤུངས་དང་། དེ་དག་སོག་མ་བཞིན་དུ་འཚིག། 8ཁྱེད་ཀྱི་དབུགས་ཀྱིས་ཆུ་རྣམས་སྤུངས། རྒྱ་མཚོའི་ཆུ་རྣམས་ལྕགས་རི་བཞིན་དུ་ལངས། གཏིང་གི་ཆུ་རྣམས་ཁྲེགས་པོར་མཛད། 9དགྲ་བོའི་ང་རྒྱལ་ཐོག་ནས་འདི་ལྟར་སྨྲས། ང་ནི་དེ་ཚོའི་རྗེས་དེད་ཟིན། དེ་ཚོའི་རྒྱུ་ནོར་བགོས་ནས་ལེན་རྒྱུ་ཡིན། ང་ཡིས་རལ་གྲི་བཏོན་ནས་དེ་ཚོའི་ཇི་ཡོ་ཐམས་ཅད་འཁྱེར་རྒྱུ་ཡིན། 10ཉིད་ཀྱི་ཐེངས་གཅིག་ཕུ་བཏབ་པས། རྒྱ་མཚོས་དེ་དག་བཀབ་པར་མཛད། འཇིགས་སུ་རུང་བའི་རྒྱ་མཚོའི་ཆུ་ཆེན་ནང་། དེ་ཚོ་ཞ་ཉེ་བཞིན་དུ་ནུབ། 11ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་འདྲ་བ། ལྷ་ཡི་ཚོགས་སུ་གཞན་སུ་ཡོད། དམ་པ་རླབས་ཆེན་ཁྱེད་འདྲ་སུ་ཡོད་དམ། ངོ་མཚར་ཆེ་བའི་མཛད་འཕྲིན་རྣམས། མཛད་མཁན་དེ་འདྲ་སུ་ཡོད་དམ། 12ཁྱེད་ཀྱིས་ཕྱག་གཡས་བརྐྱངས་པས་ན། ས་གཞིས་ང་ཚོའི་དགྲ་རྣམས་ཁྱུར་མིད་བཏང་། 13རང་གི་དམ་བཅར་དམ་ཚིག་ནང་གནས་ནས། ཁྱེད་ཀྱི་སྐྱབས་པའི་མི་མངས་དབུ་འཁྲིད་གནང་། ཉིད་ཀྱི་ནུས་མཐུས་དེ་རྣམས་ལ། དམ་པའི་ཡུལ་དུ་འཁྲིད་པར་མཛད། 14མི་རིགས་མང་པོས་ཐོས་པ་དང་། དེ་ཚོ་འཇིགས་ཤིང་འདར་བར་འགྱུར། ཕེ་ལེ་ཤེད་རྣམས་འཇིགས་སྣང་སྐྱེད། 15ཨེ་དྷོམ་འགོ་འཁྲིད་རྣམས་ནི་འཇིགས་པ་དང་། མོ་ཨབ་སྟོབས་ཆེན་རྣམས་ནི་འདར་ནས་ཡོད། ཀ་ནན་པ་རྣམས་སྙིང་སྟོབས་ཤོར། 16བྲན་ཁོལ་འོག་ནས་བླུ་གནང་བའི། མི་དམངས་ཕ་རོལ་མ་སླེབས་བར། དགྲ་བོའི་སེམས་ནང་དངངས་སྐྲག་སྐྱེད། གཙོ་བོ་དཀོན་མཆོག་མཐུ་སྟོབས་མཐོང་བས་ན། ཐབས་བྲལ་རྡོ་བཞིན་འགུལ་མེད་གནས། 17ཁྱེད་ཀྱིས་དེ་ཚོར་འཁྲིད་གནང་ནས། རང་གི་རི་བོར་འཇོག་གནང་ཡོང་། གཙོ་བོ་དཀོན་མཆོག་ཁྱེད་ཀྱི་ས་གནས་དེ། རང་ཉིད་བཞུགས་པའི་ཆེད་དུ་འདམས་གནང་ངོ་། རང་གི་ཕྱག་གིས་བཞུགས་གནས་བཟོས། 18གཙོ་བོ་དཀོན་མཆོག་ཁྱེད་ནི་རྟག་ཏུ་རྒྱལ་སྲིད་སྐྱོང་༎

མིར་ཡམ་གྱི་མགུར་མ།

19ཨིསི་རཱཨེལ་པ་རྣམས་རྒྱ་མཚོའི་དབུས་སུ་སྐམ་ས་བརྒྱུད་ནས་ཕྱིན་ནོ། འོན་ཀྱང་ཨི་ཇིབ་པ་ཚོའི་རྟ་དང་ཤིང་རྟ་དང་ཁ་ལོ་པ་རྣམས་ཀྱིས་དེ་ཚོའི་རྗེས་སུ་དེད་ནས་རྒྱ་མཚོའི་ནང་འཛུལ་སྐབས། གཙོ་བོ་དཀོན་མཆོག་གིས་རྒྱ་མཚོའི་ཆུ་རྣམས་ཕྱིར་ལོག་གནམ་སྟེ་དེ་རྣམས་ཆུས་ཡོངས་སུ་བཀབ་བོ། 20ཨ་རོན་གྱི་ཨ་ཅག་ལུང་སྟོན་མ་མིར་ཡམ་གྱིས་རྔ་ཆུང་ཞིག་ལག་པར་བླངས་པ་དང་། བུད་མེད་རྣམས་ཀྱིས་ཀྱང་དེ་བཞིན་དུ་ལག་རྔ་རེ་བརྡུང་བཞིན་གར་འཁྲབ་ཅིང་མོའི་རྗེས་སུ་འབྲངས་སོ། 21དེ་ནས་མིར་ཡམ་གྱིས་དེ་འདི་ལྟར་མགུར་མ་ལེན་ནོ། གཙོ་བོ་དཀོན་མཆོག་ལ་ནི་བསྟོད་པའི་མགུར་མ་བླངས། གང་ལ་ཟེར་ན་ཁོང་གི་གཟི་འཇིད་ལྡན་པའི་རྒྱལ་ཁ་ཐོབ། ཁོང་གི་རྟ་དང་རྟ་པའི་ཚོགས་རྣམས་རྒྱ་མཚོར་འཕང་གནང་ངོ་༎

ཆུ་ཁག་ཏིག་ཅན།

22དེ་ནས་མོ་ཤེས་ཨིསི་རཱཨེལ་པ་རྣམས་ལ་རྒྱ་མཚོ་དམར་པོ་ནས་འཁྲིད་དེ་ཤུར་ཞེས་པའི་འབྲོག་སྟོང་དུ་ཕྱིན་པ་དང་། དེར་ཁོ་ཚོ་ཉིན་གསུམ་བར་དུ་འགྲུལ་རུང་ཆུ་མ་ཐོབ་བོ། 23དེ་ནས་ཁོ་ཚོ་མ་རཱ་ཞེས་པའི་ས་གནས་སུ་འབྱོར་བ་དང་། འོན་ཀྱང་ས་གནས་དེའི་ཆུ་དེ་ཁོ་ཚོས་འཐུང་མ་ཐུབ་བོ། གང་ལ་ཟེར་ན། ཆུ་དེ་ཁག་ཏིག་ཡོད་པ་ཡིན་ནོ། དེ་བས་ན་ས་གནས་དེའི་མིང་ལ་མ་ར་ཞེས་བཏགས་སོོ། 24དེར་མི་ཚོགས་ཀྱིས་མོ་ཤེ་ལ་རྙོག་སྒྲ་བཤད་དེ། ད་ང་ཚོས་ག་རེ་འཐུང་ངམ་ཞེས་བརྗོད་པ་དང་། 25མོ་ཤེས་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཤུགས་ཆེ་ཞུས་པས། གཙོ་བོ་དཀོན་མཆོག་གིས་ཁོ་ལ་ཤིང་དུམ་བུ་ཞིག་བསྟན་པ་གནང་སྟེ། ཁོས་ཤིང་དེ་ཆུའི་ནང་དབྱུགས་པ་དང་། དེ་མ་ཐག་ཏུ་ཆུ་དེ་འཐུང་འོས་པར་འགྱུར་རོ། དེར་གཙོ་བོ་དཀོན་མཆོག་གིས་དེ་ཚོ་གནས་ཕྱིར་ཁྲིམས་རྣམས་གནང་བ་དང་། ཁོང་གིས་དེ་ཚོར་ཚོད་བལྟ་ཡང་གནང་ངོ་། 26ཁོང་གིས་གསུངས་པ། གལ་སྲིད་ཁྱོད་ཚོས་ངའི་ཁ་ལ་ཉན་ནས། ངའི་བསམ་ཚུལ་ལྟར་གྱིས་འོས་པའི་ལས་རྣམས་བྱས་ཏེ། ངའི་བཀའ་ཁྲིམས་རྣམས་ལ་རྣ་བ་བཏུད་དེ་དེ་དག་ཚང་མ་སྲུང་ན། ངས་ཨི་ཇིབ་པ་རྣམས་ཀྱི་ཁར་བཏང་བའི་ནད་ཡམས་གཅིག་ཀྱང་ཁྱོད་ཚོའི་ཁར་བཏང་མི་ཡོང་། ང་ནི་ཁྱོད་ཚོར་དྲག་གསོ་བྱེད་མཁན་གཙོ་བོ་དཀོན་མཆོག་ཡིན་ནོ། 27དེ་རྗེས་ཁོ་ཚོ་ཨེ་ལིམ་ཞེས་པའི་གནས་སུ་སླེབས་པ་དང་། དེར་ཆུ་མིག་བཅུ་གཉིས་དང་ཁ་ཟུར་ཤིང་གི་སྡོང་པོ་བདུན་ཅུ་ཡོད་པ་ཡིན་ནོ། དེར་ཁོ་ཚོས་ཆུའི་ཉེ་འགྲམ་དུ་སྒར་རྒྱབ་ནས་བསྡད་དོ༎

སྡེབ་ཐོན 16

མན་ན་དང་བྱ་སྲེག་པ།

1ཨིསི་རཱཨེལ་གྱི་སྡེ་ཚོགས་ཚང་མ་ཨེ་ལིམ་ནས་ཐོན་པ་དང་། ཁོ་ཚོ་ཨི་ཇིབ་ནས་ཐོན་ཏེ་ཟླ་བ་གཉིས་པའི་ཉིན་ཞག་བཅོ་ལྔའི་ཐོག་དེ་ཚོ་ཨེ་ལིམ་དང་རི་བོ་སི་ནཨེ་བར་ལ་ཡོད་པའི་སིན་ཞེས་པའི་འབྲོག་སྟོང་དུ་སླེབས་སོ། 2དེར་འབྲོག་སྟོང་དུ་ཁོ་ཚོ་ཚང་མས་མོ་ཤེ་དང་ཨ་རོན་ལ་རྙོག་སྒྲ་བཤད་དེ། 3ང་ཚོ་ཨི་ཇིབ་དུ་ཡོད་སྐབས་ཤ་དང་ཁ་ཟས་སོགས་འདོད་པ་གང་ཡོད་ཟ་རྒྱུ་ཡོད་པས། དེ་དུས་ང་ཚོ་གཙོ་བོ་དཀོན་མཆོག་གི་ཕྱག་འོག་ཏུ་ཤི་ན་ཡང་སྒྲིག་པ་ཡོད། འོན་ཀྱང་ཁྱེད་གཉིས་ཀྱིས་ང་ཚོ་ལྟོགས་པར་བསད་པའི་ཕྱིར་འབྲོག་སྟོང་འདིར་འཁྲིད་ཡོང་བ་ཡིན་ཟེར་བརྗོད་པ་དང་། 4གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ལྟོས་ཤིག། ངས་ཁྱོད་ཚོའི་དོན་དུ་གནམ་ནས་ཁ་ཟས་ཤིག་འབེབས་པར་བྱེད་རྒྱུ་ཡིན། མི་དམངས་རྣམས་ཉིན་ལྟར་རེ་བཞིན་ཕྱི་རུ་ཕྱིན་ནས་ཁ་ཟས་དེ་ནས་ཉིན་དེ་རང་ལ་ལྡང་བ་མ་གཏོགས་སྒྲུག་མི་ཆོག དེ་འི་སྒོ་ནས་དེ་ཚོས་ངའི་བཀའ་བཀོད་པ་བཞིན་སྤྱོད་མིན་ངས་ཚོད་ལྟ་བྱེད་པའི་ཕྱིར་རོ། 5དེ་ཚོས་ཉིན་ཞག་དྲུག་པའི་ཐོག་དུས་རྒྱུན་གྱི་ཚད་ལས་ལྡབ་གཅིག་མང་བ་སྒྲུག་ནས་བཞག་དགོས་ཤེས་བཀའ་གནང་ངོ་། 6དེར་བརྟེན་མོ་ཤེ་དང་ཨ་རོན་གྱིས་ཨིསི་རཱཨེལ་པ་རྣམས་ལ་སྨྲས་པ། ཁྱོད་ཚོ་ཨི་ཇིབ་ནས་འཁྲིད་གནང་མཁན་དེ་ནི་གཙོ་བོ་དཀོན་མཆོག་རང་ཉིདཡིན་པ་དེ་ཁྱོད་ཚོས་དོ་དགོང་ཤེས་ཡོང་། 7སང་ཞོག་སྔ་དྲོ་ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་གཟི་བརྗིད་དེ་མཇལ་ཐུབ་ཡོང་། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་རྙོག་གཏམ་ཞུས་པ་དེ་ཁོང་གིས་གསན་ཡོད། ཁྱོད་ཚོས་ཁོང་གི་ཐོག་ཏུ་རྙོག་གྲ་བཤད་ཡོད། གང་ལ་ཟེར་ན། ང་ཚོ་ནི་ཁོང་གི་བཀའ་བཞིན་བྱ་མཁན་གཅིག་པོ་ཡིན། 8མོ་ཤེས་ཡང་སྐྱར་སྨྲས་པ། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་ངོ་ལོག་ཅིང་ཁོང་ལ་རྙོག་གྲ་ཞུས་པ་དེ་ནི་ཁོང་གིས་གསན་པའི་རྐྱེན་གྱི། ཁོང་གིས་ཁྱོད་ཚོ་ལ་དགོང་དྲོ་ཤ་དང་། ཞོགས་པར་བག་ལེབ་འདོད་པ་གང་ཡོད་གནང་བར་འགྱུར། ཁྱོད་ཚོས་རྙོག་གྲ་བཤད་པ་དེ་ནི་ང་ཚོར་མ་ཡིན་གྱི། གཙོ་བོ་དཀོན་མཆོག་ལ་བཤད་པ་ཡིན་ནོ། 9མོ་ཤེས་ཨ་རོན་ལ་སྨྲས་པ། ཨིས་རཱཨེལ་གྱི་སྡེ་ཚོགས་ཚང་མར་གཙོ་བོ་དཀོན་མཆོག་གི་དྲུང་དུ་ལངས་ཞིག གང་ལ་ཟེར་ན། ཁྱོད་ཚོས་རྙོག་གྲ་་ཞུས་པ་དེ་ཁོང་གིས་གསན་ཡོད་ཅེས་སྨྲོས་ཤིག 10ཨ་རོན་གྱིས་ཨིས་རཱཨེལ་གྱི་སྡེ་ཚོགས་རྣམས་དང་སྐད་ཆ་ཤོད་བཞིན་པའི་སྐབས་སུ། དེ་ཚོས་འབྲོག་སྟོང་གི་ཕྱོགས་སུ་བལྟས་པས། བློ་བུར་དུ་སྤྲིན་པའི་དཀྱིལ་དུ་གཙོ་བོ་དཀོན་མཆོག་གི་གཟི་བརྗིད་དེ་མངོན་ནོ། 11གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 12ཨིསི་རཱཨེལ་པ་ཚོས་བཤད་པས་རྙོག་གྲ་དེ་ངས་ཐོས་བྱུང་བས། དེ་ཚོར་སྨྲོས་ཤིག། དེ་ཚོ་བཟའ་བའི་ཕྱིར་དགོང་དྲོ་ཤ་དང་། ཞོག་པར་བག་ལེབ་ཀྱི་འགྲངས་བར་འགྱུར་ཡོང་། དེ་ལྟར་བྱུང་བའི་སྒོ་ནས་ང་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་ཡིན་པ་དེ་ཚོས་ཤེས་ཐུབ་ཡོང་། 13དེ་ནས་དགོང་དྲོའི་དུས་སུ་བྱ་སྲེག་པ་རྣམས་བབས་ནས་སྒར་བཀབ་ཅིང་། ཞོགས་པར་སྒར་གྱི་ཕྱོགས་བཞི་རུ་ཟིལ་པས་ཡོངས་སུ་ཁྱབ་ནས་ཡོད་དོ། 14ཟིལ་པ་དེ་སྐམ་པའི་རྗེས་སུ་རིལ་བུ་ཆུང་ཆུང་བ་མོ་ཆགས་པ་བཞིན་དུ་འབྲོག་སྟོང་གི་ངོས་ཚང་མ་བཀབ་བོ། 15ཨིསི་རཱཨེལ་པ་ཚོས་དེ་མཐོང་ནས་དེ་གང་ཡིན་ནམ་ཞེས་ཕན་ཚུན་འདྲི་བ་བྱས་སོ། གང་ལ་ཟེར་ན། ཁོ་ཚོས་དེ་གང་ཡིན་པ་མ་ཤེས་པའི་ཕྱིར་རོ། མོ་ཤེས་ལན་དུ། འདི་ནི་གཙོ་བོ་དཀོན་མཆོག་གིས་ཁ་ཟས་སུ་གནང་བ་ཡིན་ནོ། 16གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན། མི་རེ་རེས་རང་གི་ཟ་ཐུབ་ཚོད་ཙམ་བསྡུས་དགོས། ཁྱིམ་ཚང་གི་ནང་མི་རེ་རེ་ལི་ཊར་གཉིས་རེ་རེེ་བསྡུ་དགོས་ཤེས་སྨྲས་པ་དང་། 17ཨིསི་རཱཨེལ་པ་རྣམས་ཀྱི་ནང་ནས་ཁ་ཤས་ཀྱི་མང་ཙམ་བསྡུས་པ་དང་། ཡང་ཁ་ཤས་ཀྱི་ཉུང་ཙམ་བསྡུས་སོ། 18རྗེས་སུ་དེ་ཚོས་མང་ཉུང་འདེགས་པའི་སྐབས་སུ། མང་བ་བསྡུ་མཁན་རྣམས་ལ་ཐོལ་པ་དང་། ཉུང་བ་བསྡུ་མཁན་རྣམས་ལ་ཆད་པ་སོགས་གང་ཡང་མ་བྱུང་ངོ་། ཚང་མས་རང་གི་ཟ་ཐུབ་ཚོད་ཙམ་བསྡུས་སོ། 19དེ་ནས་མོ་ཤེས་དེ་ཚོ་ལ། ཁྱོད་ཚོ་སུས་ཀྱང་ཁ་ཟས་ཀྱི་ལྷག་མ་སང་ཉིན་གྱི་ཆེད་དུ་བཞག་མི་ཆོག་ཅེས་སྨྲས་ཀྱང། 20ཁ་ཤས་ཀྱི་མོ་ཤེའི་ཁ་ལ་མ་ཉན་པར་ཁ་ཟས་དེ་ལས་སང་ཞོག་བར་དུ་ལྷག་མ་བཞག་པས། དེར་འབུ་འཁོར་ནས་དྲི་མ་ངན་པ་རྒྱབ་པ་དང་། མོ་ཤེ་དེ་ཚོ་དང་མཉམ་དུ་ཁྲོས་སོ། 21དེ་ཚོས་ཞོགས་ལྟར་རེ་བཞིན་ཁ་ཟས་དེ་ལས་རང་གི་ཟ་ཐུབ་ཚོད་བསྡུས་པའི་ལྷག་ལུས་རྣམས་ཉི་མ་ཚ་པོ་བྱུང་བ་དང་ཚང་མ་བཞུར་ཕྱིན་ནོ། 22བདུན་ཕྲག་གི་ཉིན་དྲུག་པར་དེ་ཚོས་མི་རེར་ལི་ཊར་བཞི་རེའམ་དུས་རྒྱུན་སྒྲུག་པའི་ཁ་ཟས་ཀྱི་ཚད་ལས་ལྡབ་གཅིག་ལྷག་བསྡུས་སོ། སྡེ་ཚོགས་ཀྱི་འགོ་པ་རྣམས་ཡོང་ནས་དེའི་སྐོར་མོ་ཤེ་ལ་སྨྲས་པ་དང་། 23མོ་ཤེས་ལན་དུ། གཙོ་བོ་དཀོན་མཆོག་གི་བཀའ་བཞིན་དུ་སང་ཉིན་ནི་ངལ་གསོ་བའི་ཉིན་ཞག་དམ་པ་ཡིན་པས། ཁྱོད་ཚོས་སྲེག་བཙོས་དང་ཐབ་ལས་སོགས་གང་བྱེད་དགོས་པ་ཚང་མ་དེ་རིང་རང་བྱས་ཏེ། ལྷག་མ་གང་ལུས་པ་རྣམས་སང་ཉིན་གྱི་ཆེད་དུ་བཞག་ཆོག་ཅེས་སྨྲས་སོ། 24མོ་ཤེས་སྨྲས་པ་བཞིན་དུ་དེ་ཚོས་ལྷག་ལུས་རྣམས་སང་ཉིན་གྱི་ཆེད་དུ་བཞག་པས། དེར་འབུ་འཁོར་དང་དྲི་མ་ཡང་མ་རྒྱབ་བོ། 25དེ་ནས་མོ་ཤེས་སྨྲས་པ། དེ་ནི་དེ་རིང་རང་ཟ་དགོས། གང་ལ་ཟེར་ན། དེ་རིང་གཙོ་བོ་དཀོན་མཆོག་སྐུ་ངལ་གསོ་བའི་ཞག་དེ་ཡིན་པས། ཁྱོད་ཚོས་ཁ་ཟས་གཅིག་ཀྱང་ཐང་ཁར་ཐོབ་མི་ཡོང་། 26ཁྱོད་ཚོས་ཉིན་ཞག་དྲུག་བར་དུ་ཁ་ཟས་དེ་སྒྲུག་དགོས། ཉིན་ཞག་བདུན་པ་དེ་ནི་ངལ་གསོ་བའི་ཉི་མ་ཡིན་པས། དེ་ཉིན་གང་ཡང་ཐོབ་མི་ཡོང་ཞེས་སྨྲས་ཀྱང་། 27ཉིན་ཞག་བདུན་པར་མི་ཚོགས་ནང་ནས་འགའ་ཤས་ཀྱིས་ཁ་ཟས་སྒྲུག་པར་ཕྱི་རུ་སོང་ཡང་གང་ཡང་མ་ཐོབ་བོ། 28དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེས་ལ། ཁྱོད་ཚོས་ག་དུས་བར་དུ་ངའི་བཀའ་ཁྲིམས་མ་སྲུང་བར་སྡོད་ཀྱི་ཡིན་ནམ། 29དྲན་ཞིག། གཙོ་བོ་དཀོན་མཆོག་ངས་ཁྱོད་ཚོ་ལ་ངལ་གསོ་བའི་ཉིན་མོ་ཞིག་སྟེར་ཡོད། ཉིན་ཞག་དྲུག་པ་ལ་ངས་ཁྱོད་ཚོར་ཉིན་གཉིས་བར་དུ་ལྡང་བའི་ཁ་ཟས་སྟེར་གྱི་ཡོད་པས། ཉིན་ཞག་བདུན་པ་ལ་ཁྱོད་ཚོ་རང་རང་སོ་སོའི་གནས་སུ་བསྡད་པ་ལས་དེ་ཉིན་སུའང་རང་གི་ཁང་པ་ནས་ཕྱི་ལ་འགྲོ་ཆོག་མི་ཡོང་ཞེས་བཀའ་གནང་བ་དང་། 30དེར་བརྟེན་ཉིན་ཞག་བདུན་པར་མི་ཚོགས་ཚང་མས་ལས་མཚམས་བཞག་ནས་ངལ་གསོ་རྒྱབ་བོ། 31ཨིསི་རཱཨེལ་མི་དམངས་ཚོས་ཁ་ཟས་དེ་ལ་མན་ན་མན་ན: ཨིབ་རི་པའི་སྐད་དུ་མན་ན་ཞེས་པ་ནི་གང་ཡིན་ནམ་ཟེར་བའི་དོན་ཡིན་ནོ། ཐོག་མར་གནམ་ནས་མན་ན་འབབ་དུས་ཨིསི་རཱཨེལ་པ་ཚོས་དེ་གང་ཡིན་ཞེས་ཕན་ཚུན་འདྲི་བ་བྱས་པ་རེད། (སྡེབ་ཐོན་ ༡༦:༡༥) ཞེས་བཏགས་སོ། དེ་ནི་འབྲུ་དང་འདྲབ་ཆུང་ཞིང་། ཁ་མདོག་དཀར་ལ་བྲོ་བ་ཡང་སྦྲང་རྩི་དང་མཉམ་དུ་བཟོས་པའི་བག་ལེབ་སྲབ་པོ་ཞིག་ཡོད་པ་ཡིན་ནོ། 32དེ་ནས་མོ་ཤེས་སྨྲས་པ། གཙོ་བོ་དཀོན་མཆོག་གིས་ང་ཚོའི་རྗེས་སུ་ཡོང་བའི་རིགས་བརྒྱུད་རྣམས་ཀྱི་ཆེད་དུ་མན་ན་དེ་ལས་ལི་ཊར་གང་ཙམ་ཞིག་བདག་ཉར་བྱེད་དེ་བཞག་དགོས་ཅེས་བཀའ་གནང་ཡོད་པ་ཡིན། དེ་གང་ཡིན་ཟེར་ན། གཙོ་བོ་དཀོན་མཆོག་གིས་ངེད་རྣམས་ཨི་ཇིབ་ནས་འཁྲིད་གནང་སྐབས་འབྲོག་སྟོང་དུ་ངེད་རྣམས་ལ་གནང་བའི་ཁ་ཟས་དེ་ཁོ་ཚོས་མཐོང་ཐུབ་པའི་ཕྱིར་ཡིན་ནོ། 33མོ་ཤེས་ཨ་རོན་ལ། སྣོད་གཅིག་གི་ནང་དུ་མན་ན་ལི་ཊར་གཉིས་བླུགས་ནས་ང་ཚོའི་རྗེས་མའི་རིགས་བརྒྱུད་ཀྱི་ཆེད་དུ་གཙོ་བོ་དཀོན་མཆོག་གི་མདུན་དུ་ཞོག་ཅིག་ཅེས་སྨྲས་པ་དང་། 34གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་བཞིན་ཨ་རོན་གྱིས་སྣོད་དེ་དམ་བཅའི་སྒྲོམ་གྱི་མདུན་དུ་སྲུང་ཆ་དང་བཅས་བཞག་གོ 35ཨིསི་རཱཨེལ་པ་རྣམས་ཀ་ནན་ཡུལ་དུ་འབྱོར་ནས་གཞིས་མ་ཆགས་བར་དུ་ལོ་བཞི་བཅུ་རིང་དེ་ཚོས་མན་ན་ལས་ཟས་སོ། 36དེང་དུས་བེད་སྤྱོད་བྱེད་པའིི་འཇལ་ཚད་ནི་ལི་ཊར་ཉི་ཤུ་ཙམ་ཡིན་ནོ༎

སྡེབ་ཐོན 17

བྲག་ནས་ཆུ་བཏོན་པ།

(གྲངས་ཀ་ ༢༠:༡-༡༣)

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་ཨིསི་རཱཨེལ་གྱི་སྡེ་ཚོགས་ཚང་མ་སིན་ཞེས་པའི་འབྲོག་སྟོང་ནས་ཐོན་ཏེ། ས་ཁུལ་གཅིག་ནས་གཞན་བར་བརྒྱུད་དེ་ཕྱིན་ནོ། དེ་ནས་ཁོ་ཚོ་རེ་ཕི་དྷིམ་ཞེས་པའི་གནས་སུ་སླེབས་ནས། དེར་སྒར་རྒྱབ་ནས་བསྡད་ཀྱང་དེར་འཐུང་ཆུ་མེད་དོ། 2དེ་ནས་ཁོ་ཚོས་མོ་ཤེ་ལ། ང་ཚོར་འཐུང་ཆུ་དགོས་ཅེས་རྙོག་སྒྲ་བཤད་དོ། དེའི་ལན་དུ་མོ་ཤེས། ཁྱོད་ཚོས་ང་ལ་རྙོག་སྒྲ་བཤད་ནས་གང་ཡོང་། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་ཅིའི་ཕྱིར་ཚོད་བལྟ་བྱེད་དམ་ཞེས་སྨྲས་པ་དང་། 3མི་དམངས་རྣམས་ཧ་ཅང་ཁ་སྐོམ་པའི་རྐྱེན་གྱིས་ད་དུང་མོ་ཤེ་ལ་མུ་མཐུད་ནས་རྙོག་སྒྲ་བཤད་ཅིང་། ཁྱོད་ཀྱིས་ང་ཚོ་བུ་ཕྲུག་དང་ལུག་ཕྱུགས་དང་བཅས་པ་ཨི་ཇིབ་ནས་བཏོན་ཏེ། འདིར་ཁ་སྐོམ་ནས་ཅི་ཕྱིར་བསད་པའི་ཕྱིར་འཁྲིད་ཡོང་བ་ཡིན་ནམ་ཞེས་སྨྲས་སོ། 4དེ་ནས་མོ་ཤེས་གཙོ་བོ་དཀོན་མཆོག་ལ་སེམས་གཏིང་ནས་སྨོན་ལམ་འདེབས་ཤིང་ཞུས་པ། ད་ངས་མི་ཚོགས་འདི་ལ་ག་རེ་བྱེད་དགོས་ཡིན་ནམ། དེ་ཚོས་ང་ལ་རྡོ་རུབ་གཏོང་ཉེན་འདུག་ཅེས་ཞུས་སོ། 5གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཁྱོད་དང་མཉམ་དུ་ཨིསི་རཱཨེལ་གྱི་འགོ་པ་ཁ་ཤས་འཁྲིད་ནས་དེ་ཚོའི་སྔོན་དུ་སོང་ཞིག སྔར་ཁྱོད་ཀྱིས་གཙང་ཆུ་ན་ཨེལ་ཁར་ཞུས་པའི་འཁར་རྒྱུག་དེ་ཡང་འཁྱེར་ནས་སོང་ཞིག 6ང་ནི་རི་བོ་སི་ནཨེ་རུ་ཡོད་པའི་བྲག་ཞིག་གི་སྟེང་དུ་ཁྱོད་ཀྱི་མདུན་དུ་ལངས་ནས་བསྡད་ཡོང་། ཁྱོད་ཀྱིས་བྲག་དེ་ལ་དབྱུག་པས་ཞུས་ཤིག་དང་། དེ་ལས་མི་དམངས་ལ་འཐུང་བའི་ཕྱིར་ཆུ་ཐོན་ཡོང་ཞེས་བཀའ་གནང་བ་དང་། མོ་ཤེས་ཨིསི་རཱཨེལ་གྱི་འགོ་པ་ཚོས་མཐོང་སར་དེ་བཞིན་བྱས་སོ། 7དེར་ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་ལ་རྙོག་གྲ་ཞུས་ཞིང་། གཙོ་བོ་དཀོན་མཆོག་ང་ཚོའི་དཀྱིལ་དུ་བཞུགས་ཡོད་མིན་སྐོར་ཁོང་ལ་ཚོད་བལྟ་ཞུས་སོ། མོ་ཤེས་ས་གནས་དེའི་མིང་མ་སཱ་དང་མེ་རི་བཱ་མ་སཱ་དང་མེ་རི་བཱ: ཨིབ་རི་པའི་སྐད་དུ་མིང་དེ་ཚོའི་དོན་ནི་ཚོད་བལྟ་དང་རྙོག་གྲ་ཞེས་པའོ། ཞེས་བཏགས་སོ༎

ཨ་མ་ལེག་པ་མཉམ་དུ་དམག་བརྒྱབ་པ།

8ཨ་མ་ལེག་པ་རྣམས་ཡོང་ནས་རེ་ཕི་དྷིམ་དུ་ཨིསི་རཱཨེལ་པ་རྣམས་ལ་དམག་འཐབ་བོ། 9མོ་ཤེས་ཡོ་ཤུ་ཨ་ལ། ཁྱོད་ཀྱིས་མི་འགའ་ཤས་འདམས་ཏེ་སང་ཉིན་ཨ་མ་ལེག་པ་དང་དམག་འཐབ་པར་སོང་ཞིག སང་ཉིན་ང་ནི་རི་བོའི་རྩེ་ལ་ཕྱིན་ནས་གཙོ་བོ་དཀོན་མཆོག་གིས་གནང་བའི་འཁར་རྒྱུག་་དེ་འཁྱེར་ནས་དེར་ལངས་བསྡད་ཡོང་ཞེས་སྨྲས་སོ། 10མོ་ཤེས་སྨྲས་པ་བཞིན་ཡོ་ཤུ་ཨས་བྱས་ཏེ་ཨ་མ་ལེག་པ་རྣམས་དང་འཐབ་པར་ཕྱིན་ནོ། མོ་ཤེ་དང་ཨ་རོན་དང་ཧུར་བཅས་གསུམ་རི་བོའི་རྩེ་རུ་འཛེགས་སོ། 11མོ་ཤེས་རང་གི་ལག་པ་ཡར་ཀྱག་ནས་བསྡད་ཡུན་རིང་ལ་ཨིསི་རཱཨེལ་པ་རྣམས་ལ་རྒྱལ་ཁ་ཐོབ་པ་དང་། འོན་ཀྱང་ཁོས་རང་གི་ལག་པ་མར་ཕབ་པའི་སྐབས་སུ་ཨ་མ་ལེག་པ་རྣམས་ལ་རྒྱལ་ཁ་ཐོབ་བོ། 12མོཤེས་ལག་པ་ཐང་ཆད་པའི་རྗེས་སུ། ཨ་རོན་དང་ཧུར་གྱིས་རྡོ་ཞིག་འཁྱེར་ཡོང་ནས་དེའི་ཁར་མོ་ཤེ་ལ་བསྡད་བཅུག་གོ གཅིག་གིས་གཡས་དང་གཅིག་གིས་གཡོན་ནས་མོ་ཤེའི་ལག་པ་ཡར་ཀྱག་གོ ཉི་མ་མ་ནུབ་བར་དུ་བརྟན་པོར་བཟུངས་སོ། 13དེ་ལྟར་ཡོ་ཤུ་ཨས་རལ་གྲིས་ཨ་མ་ལེག་པ་རྣམས་ཡོངས་སུ་ཕམ་པར་བྱས་སོ། 14དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ཕྱིས་སུ་དྲན་རྟེན་གྱི་ཆེད་དུ་རྒྱལ་ཁ་འདིའི་སྐོར་ལ་ཡི་གེར་བཀོད་ནས་བཞག་དགོས། ངས་ཨ་མ་ལེག་པ་རྣམས་རྩ་མེད་གཏོང་གི་ཡིན་ཞེས་པའི་གཏམ་དེ་ཁྱོད་ཀྱིས་ཡོ་ཤུ་ཨ་ལ་ཤོད་ཅིག་ཅེས་བཀའ་གནང་ངོ་། 15དེ་རྗེས་མོ་ཤེས་མཆོད་ཁྲི་ཞིག་བཞེངས་ཏེ་དེའི་མིང་ལ་གཙོ་བོ་དཀོན་མཆོག་ངའི་དར་ཆ་ཡིན་ཞེས་བཏགས་སོ། 16ཁོང་གིས་སྨྲས་པ། གཙོ་བོ་དཀོན་མཆོག་གི་དར་ཆ་དེ་མཐོ་སར་གནམ་ལ་ཡར་འཕྱར་དགོས་སོ། གང་ལ་ཟེར་། གཙོ་བོ་དཀོན་མཆོག་གིས་ཨ་མ་ལེག་པ་རྣམས་དང་རྟག་ཏུ་དམག་འཐབ་པ་གནང་ཡོང་༎

སྡེབ་ཐོན 18

ཡི་ཐོརོས་མོ་ཤེ་འཕྲད་པ།

1མོ་ཤེའི་གྱོས་པོ་མིད་ཡན་ཡུལ་གྱི་བླ་མ་ཡི་ཐོརོས། དཀོན་མཆོག་གིས་མོ་ཤེ་དང་ཨིསི་རཱཨེལ་མི་དམངས་རྣམས་ལ་སྔར་ཁོང་གིས་ཨི་ཇིབ་ནས་བཏོན་པ་གནང་སྐབས། དེ་ཚོར་གང་མཛད་པའི་སྐོར་ཚང་མ་ཐོས་སོ། 2དེར་བརྟེན་ཡི་ཐོརོས་མོ་ཤེའི་ཆུང་མ་ཛིབ་པོ་རཱ་སྔར་མོ་ཤེ་དང་མཉམ་དུ་མ་འཁྲིད་པ་དེ་དང་། 3མོའི་བུ་གྷེར་ཤོམ་དང་ཨེ་ལི་ཨེ་ཛེར་གཉིས་ཀྱང་མཉམ་དུ་འཁྲིད་ནས་མོ་ཤེའི་རྩར་ཡོང་ངོ་། སྔར་མོ་ཤེ་གི་བརྗོད་པ། ང་ནི་གཞན་ཡུལ་དུ་བྱེས་པ་ཞིག་ཡིན་ནོ། དེར་བརྟེན་ཁོས་བུ་གཅིག་གི་མིང་གེར་ཤོམ་ གྷེར་ཤོམ: ཨིབ་རི་པའི་སྐད་དུ་གེར་ཤོམ་ཞེས་པ་ནི་བྱེས་པ་ཡིན། ཞེས་བཏགས་ཡོད་པ་ཡིན་ནོ། 4ཁོས་འདི་ལྟར་ཡང་མཛོད་ཡོད། ངའི་ཕ་མེས་ཀྱི་དཀོན་མཆོག་གིས་ང་ལ་ཨི་ཇིབ་ཀྱི་རྒྱལ་པོའི་ལག་ནས་ངའི་སྲོག་སྐྱབས་གནང་བ་ཡིན་ནོ། དེར་བརྟེན་བུ་གཞན་དེའི་མིང་ལ་ཨེ་ལི་ཨེ་ཛེར་ཨེ་ལི་ཨེ་ཛེར: ཨེ་ལི་ཨེ་ཛེར་ཞེས་པ་ནི་ཨིབ་རི་པའི་སྐད་དུ་དཀོན་མཆོག་ནི་ངའི་སྐྱབས་གྲོགས་ཡིན་ཞེས་པའོ། ཞེས་བཏགས་སོ། 5ཡི་ཐོརོས་མོ་ཤེའི་ཆུང་མ་དང་བུ་གཉིས་འཁྲིད་ནས་འབྲོག་སྟོང་དུ་མོ་ཤེ་སྒར་རྒྱབ་ནས་བསྡད་ཡོད་པའི་རི་བོ་དམ་པར་སླེབས་སོ། 6ཁོས་སྔོན་ནས་ང་ཚོ་ཡོང་གི་ཡོད་ཅེས་ལེན་བཏང་ཡོད་པ་ཡིན་ནོ། 7དེར་བརྟེན་མོ་ཤེས་ཁོང་ལ་བསུ་བར་ཕྱིན་ནས། ཕྱག་འབུལ་ཞུས་ཏེ་ཁ་སྐྱེལ་ཞིང། ཕན་ཚུན་ཁམས་དེའི་མཚམས་འདྲི་ཞུས་པའི་རྗེས་སུ་ཁོ་ཚོ་མོ་ཤེའི་གུར་གྱི་ནང་དུ་ཕྱིན་ནོ། 8དེ་ནས་མོ་ཤེས་ཡི་ཐོརོ་ལ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་སྐྱབས་པའི་ཆེད་དུ་ཁོང་གིས་རྒྱལ་པོ་དང་ཨི་ཇིབ་པ་རྣམས་ལ་གང་གནང་བའི་སྐོར་དང་། བཞན་ཡང་ཨིསི་རཱཨེལ་པ་རྣམས་ཀྱིས་ལམ་དུ་དཀའ་ངལ་གང་མྱོང་དགོས་བྱུང་བ་དང་། གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ཇི་ལྟར་སྐྱབས་པའི་སྐོར་ལ་སྨྲས་སོ། 9ཡི་ཐོརོས་དེ་ཐོས་པ་དང་ཁོ་ཤིན་ཏུ་དགའོ། 10ཡི་ཐོརོས། རྒྱལ་པོ་དང་ཨི་ཇིབ་པའི་ལག་ནས་སྐྱབས་མཁན་གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་པར་ཤོག རང་གི་མི་འབངས་ལ་བྲན་གཡོག་ནས་འདོན་པ་གནང་མཁན་གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་པར་ཤོག 11ཨི་ཇིབ་པ་ཚོས་ཁྱོད་ཚོ་ལ་དམའ་འབེབས་བྱེད་བཞིན་པའི་སྐབས་སུ་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་སྐྱབས་མཛད་པས། ལྷའི་ཚོགས་རྣམས་ཀྱི་དཀྱིལ་དུ་ཁོང་ནི་མངའ་ཐང་ཆེ་ཤོས་ཡིན་པ་དེ་ད་ངས་ཤེས་བྱུང་ཞེས་སྨྲས་སོ། 12དེ་ནས་ཡི་ཐོརོས་དཀོན་མཆོག་གི་སྤྱན་སྔར་སྦྱིན་སྲེག་གི་དམར་མཆོད་དང་གཞན་སོགས་ཕུལ་བའི་ཕྱིར་འཁྱེར་ཡོང་བ་དང་། ཨ་རོན་དང་ཨིསི་རཱཨེལ་གྱི་འགོ་པ་ཡོངས་རྗོགས་ནས་ཡི་ཐོརོ་དང་མཉམ་དུ་མཆོད་པའི་ཁ་ཟས་དམ་པ་དེ་ཟ་བར་ཡོང་ངོ་༎

ཁྲིམས་དཔོན་བསྐོ་གཞག་བྱེད་པ།

(བཀའ་ཁྲིམས་སྐྱར་བཤད་ ༡:༩-༡༨)

13དེའི་སང་ཉིན་མོ་ཤེས་མི་དམངས་ཀྱི་རྩོད་རྙོག་རྣམས་འགྲིགས་འཇགས་བྱས་ཏེ། ཞོགས་པ་ནས་དགོང་མོའི་བར་མི་ཁོམ་པའི་ངང་གནས་སོ། 14ཡི་ཐོརོས་མོ་ཤེས་བྱེད་དགོས་པའི་ལས་འགན་མང་པོ་དེ་དག་མཐོང་ནས་ཁོ་ལ། ཁྱོད་ཀྱིས་མི་དམངས་ཀྱི་ཕྱིར་བྱེད་བཞིན་པའི་ལས་ཀ་འདི་ཚོ་གང་ཡིན་ནམ། མི་དམངས་ཁྱོད་དང་གྲོས་སྡུར་བྱེད་ཕྱིར་ཞོགས་པ་ནས་དགོང་མོའི་བར་འདིར་སྒུག་ནས་བསྡད་པ་དང་། ཁྱོད་རང་གཅིག་པུས་ལས་ཀ་འདི་ཚོ་ཚང་མ་མི་ཁོམ་ཤིག་ཤིག་བྱེད་དགོས་པ་དེ་གང་ཡིན་ནམ་ཞེས་སྨྲས་སོ། 15དེའི་ལན་དུ་མོ་ཤེས། ལས་ཀ་འདི་ཚོ་ཚང་མ་ང་རང་གཅིག་པུས་བྱེད་དགོས་པའི་དོན་ནི། མི་དམངས་ཚོས་དཀོན་མཆོག་གི་ཐུགས་དགོངས་ཤེས་པའི་ཕྱིར་ངའི་རྩར་ཡོང་གི་ཡོད་པའི་རྐྱེན་གྱིས་ཡིན་ནོ། 16གལ་ཏེ་མི་གཉིས་ཀྱི་བར་ལ་རྩོད་རྙོག་ཞིག་བྱུང་ན་དེ་ཚོ་ངའི་རྩར་ཡོང་ཞིང་། ངས་དེ་ཚོར་དྲང་བདེན་གྱི་ཁྲིམས་གཅོད་བྱས་ཏེ། དཀོན་མཆོག་གི་བཀའ་ཁྲིམས་ཀྱི་སྐོར་ལ་སློབ་སྟོན་བྱེད་ཀྱི་ཡོད་ཅེས་སྨྲས་སོ། 17དེ་ནས་ཡི་ཐོརོས་མོ་ཤེ་ལ་སྨྲས་པ། ཁྱོད་ཀྱི་ལས་ཀ་བྱེད་སྟངས་འདི་འགྲིག་མ་སོང་། 18ཁྱོད་དང་མི་ཚང་མ་ཐང་ཆད་རོགས་རེད། ལས་འགན་ལྗིད་པོ་འདི་དག་ཁྱོད་རང་གཅིག་པུས་འཁྱེར་མི་ཐུབ་པས། 19ད་ངས་ཁྱོད་ལ་གྲོས་ཤིག་སྟོན་གྱི་ཡིན་པས། དེར་ཡག་པོ་ཉོན་ཞིག། དཀོན་མཆོག་ཁྱོད་དང་འགྲོགས་པར་ཤོག ཁྱོད་ཀྱིས་མི་དམངས་ཀྱི་དཀའ་རྙོག་རྣམས་འཁྱེར་ནས་དེ་ཚོའི་ཚབ་ཞུས་ཏེ་དཀོན་མཆོག་གི་དྲུང་དུ་བཅར་བ་དེ་ནི་འོས་པ་ཡིན་ནོ། 20ཁྱོད་ཀྱིས་དེ་ཚོར་དཀོན་མཆོག་གི་བཀའ་ཁྲིམས་གཞིར་བཟུང་ཇི་ལྟར་འགྲུལ་དགོས་པ་དང་། ཇི་ལྟར་སྤྱོད་དགོས་སོགས་གང་སྤྱིའི་སྐོར་ལ་སློབ་སྟོན་བྱེད་དགོས། 21དེ་ཙམ་མ་ཟད། ཁྱོད་ཀྱིས་འབྱོན་སྟངས་ཡོད་པའི་སྐྱེས་པ་འགའ་ཤས་འདམས་ནས་མི་རྣམས་ཀྱི་འགོ་བྱེད་དུ་བསྐོ་དགོས། དེ་དག་ལ་སྟོང་དཔོན་དང་། བརྒྱ་དཔོན་དང་། ལྔ་བཅུའི་འགོ་དཔོན་དང་། བཅུ་དཔོན་སོགས་བསྐོ་གཞག་བྱེད་དགོས། དེ་ཚོ་ནི་དཀོན་མཆོག་ལ་འཇིག་མཁན་དང་བརྟན་པོ་དང་ལྐོག་རྔན་མི་ལེན་མཁན་རྣམས་ཡིན་དགོས་སོ། 22དེ་ཚོས་དུས་གཏན་དུ་མི་དམངས་ཐོག་ཁྲིམས་དཔོན་བྱེད་དགོས། དེ་ཚོའི་རྩོད་རྙོག་ཐག་གཅོད་དཀའ་བ་རྣམས་ཁྱོད་ཀྱི་རྩར་འཁྱེར་ཡོང་བ་དང་། ལས་སླ་བ་རྣམས་ཁོ་རང་ཚོས་ཐག་གཅོད་བྱེད་དགོས། དེ་བཞིན་ཁོ་ཚོས་ཁྱོད་ཀྱི་ལས་འགན་འཁུར་བའི་སྒོ་ནས་ཁྱོད་ལའང་ལས་སླ་པོ་ཡོང་ངོ་། 23དཀོན་མཆོག་གིས་ཁྱོད་ལ་བཀའ་གནང་བ་བཞིན་དུ་ཁྱོད་ཀྱིས་བྱེད་པ་ཡིན་ན། ཁྱོད་རང་ཐང་ཆད་མི་ཡོང་། མི་དམངས་རྣམས་ཀྱང་རང་གི་རྩོད་རྙོག་སེལ་ཏེ་རང་རང་སོ་སོའི་གནས་སུ་ལོག་ནས་འགྲོ་ཐུབ་ཀྱི་རེད། 24མོ་ཤེས་ཡི་ཐོརོའི་གྲོས་བསྟོན་ལ་ཁས་ལེན་བྱས་སོ། 25ཨིསི་རཱཨེལ་པའི་ནང་ནས་མི་འབྱོན་སྟངས་ཅན་རྣམས་འདམས་ཏེ། སྟོང་དཔོན་དང་། བརྒྱ་དཔོན་དང་། ལྔ་བཅུའི་འགོ་དཔོན་དང་། བཅུ་དཔོན་སོགས་ཀྱི་ཐོག་ཏུ་འགོ་བྱེད་རྣམས་བསྐོ་གཞག་བྱས་སོ། 26དེ་ཚོས་དུས་གཏན་དུ་ཁྲིམས་དཔོན་བྱས་ཏེ་མི་དམངས་ཀྱི་སྲི་ཞུ་ཞུ་ཞིང་། རྩོད་རྙོག་ཐག་གཅོད་དཀའ་བ་རྣམས་མོ་ཤེའི་རྩར་འཁྱེར་ཡོང་ངོ་། འོན་ཀྱང་ཐག་གཅོད་སླ་བ་རྣམས་ཁོ་ཚོ་རང་གི་ཐག་བཅད་དོ། 27དེ་ནས་མོ་ཤེའི་གྱོས་པོ་ཡི་ཐོརོ་ལ་ག་ལེ་ཕེབས་ཞུས་ཏེ། ཡི་ཐོརོ་རང་ཁྱིམ་དུ་ཕྱིར་ལོག་བྱས་སོ༎

སྡེབ་ཐོན 19

ཨིསི་རཱཨེལ་པ་རྣམས་རི་བོ་སི་ནཨེ་རུ་སླེབས་པ།

1ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་ཐོན་ཏེ་ཟླ་བ་གསུམ་པའི་ཉིན་དང་པོར་ཁོ་ཚོ་སི་ནཨེ་འབྲོག་སྟོང་དུ་བསླེབས་སོ། 2ཁོ་ཚོ་རེ་ཕི་དྷིམ་ནས་ཐོན་ཏེ་སི་ནཨེ་རུ་བསླེབས་པ་དང་། དེར་རི་བོའི་རྩ་བར་སྒར་རྒྱབ་ནས་བསྡད་དོ། 3དེ་ནས་མོ་ཤེ་དཀོན་མཆོག་འཇལ་བར་རིའི་ཁར་འཛེགས་སོ། གཙོ་བོ་དཀོན་མཆོག་གིས་རི་བོ་ནས་ཁོ་ལ་བོས་གནང་ནས། ཁྱོད་ཀྱིས་ཡ་ཀོབ་ཀྱི་རིགས་བརྒྱུད་ཨིསི་རཱཨེལ་པ་རྣམས་ལ་འདི་ལྟར་སྨྲོས་ཤིག 4གཙོ་བོ་དཀོན་མཆོག་ངས་ཨི་ཇིབ་པ་རྣམས་ལ་གང་བྱས་པ་དང་། བྱ་གླག་གིས་རང་གི་བྱ་ཕྲུག་ཤོག་པའི་ཁར་འཁྱེར་བ་བཞིན། ངས་ཁྱོད་ཚོ་ངའི་སར་འཁྲིད་ཡོང་བ་དེ་ཁྱོད་ཚོས་མཐོང་ཡོད། 5ད་ཁྱོད་ཚོས་ངའི་བཀའ་ལ་ཉན་ནས་ངའི་དམ་བཅའ་སྲུང་བ་ཡིན་ན། ཁྱོད་ཚོ་ང་རང་ཉིད་ཀྱི་མི་འབངས་སུ་འགྱུར་ཡོང་། འཛམ་གླིང་ཡོངས་རྫོགས་ངའི་ཡིན་པ་དང་། འོན་ཀྱང་ཁྱོད་ཚོ་ངས་འདམས་པའི་མི་འབངས་སུ་འགྱུར་ཡོང་། 6ཁྱོད་ཚོ་ནི་ང་གཅིག་པུར་བསྔོ་འབུལ་བྱེད་པ་དང་། ཁྱོད་ཚོས་བླ་མ་ལྟ་བུར་ང་ལ་ཞབས་ཏོག་ཞུ་དགོས། 7མོ་ཤེ་རི་བོ་ནས་མར་བབས་ཞིང་མི་དམངས་ཀྱི་འགོ་པ་རྣམས་ལ་ཕྱོགས་གཅིག་ཏུ་བཀོང་ནས། གཙོ་བོ་དཀོན་མཆོག་གིས་ཁོ་ལ་བཀའ་གནང་བ་ཐམས་ཅད་ཁོས་དེ་ཚོ་ལ་བཤད་དོ། 8དེའི་ལན་དུ་མི་དམངས་ཚང་མས་ལྷན་གཅིག་ཏུ། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཚང་མ་ང་ཚོས་སྒྲུབ་ཀྱི་ཡིན་ཞེས་སྨྲས་པ་དང་། མོ་ཤེས་མི་དམངས་ཀྱིས་ལབ་པའི་སྐད་ཆ་དེ་གཙོ་བོ་དཀོན་མཆོག་ལ་ཞུས་སོ། 9དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ད་ཕྱིན་ཆད་མི་དམངས་ཀྱི་ཁྱོད་ལ་ཡིད་ཆེས་བྱེད་པའི་ཕྱིར། ང་སྤྲིན་པ་མཐུག་པོའི་ནང་དུ་ཡོང་ནས་མི་དམངས་ཀྱི་ཐོས་སར་ཁྱོད་དང་གཏམ་གླེང་བྱེད་ཀྱི་ཡིན་ཞེས་གསུངས་སོ། མོ་ཤེས་མི་དམངས་ཚོའི་ཞུས་ལེན་དེ་གཙོ་བོ་དཀོན་མཆོག་ལ་ཞུས་སོ། 10གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཁྱོད་མི་དམངས་ཀྱི་རྩར་ཕྱིན་ནས་ཁོ་ཆོ་དེ་རིང་དང་སང་ཉིན་གཉིས་ལ་རང་ཉིད་གཙང་སྦྲའི་ལས་བྱས་ཏེ། རང་གི་གོས་རྣམས་འཁྲུད་དེ། 11གནང་ཉིན་གྱི་དོན་དུ་གྲ་སྒྲིག་བྱས་ཏེ་སྡོད་དགོས། དེ་ཉིན་གཙོ་བོ་དཀོན་མཆོག་མི་དམངས་ཀུན་གྱི་མཐོང་སར་རི་བོ་སི་ནཨེར་ཕེབས་རྒྱུ་ཡིན་ནོ། 12ཁྱོད་ཀྱིས་རི་བོའི་ཕྱོགས་བཞི་ནས་ར་བས་བསྐོར་ཏེ། མི་དམངས་ཚོ་ལ་ར་བ་རྒལ་ནས་རིའི་སྒང་ལ་འཛེགས་པའང་དེའི་ཉེ་འགྲམ་དུ་འགྲོ་བ་སོགས་གང་ཡང་བྱེད་མི་ཆོག གལ་ཏེ་སུ་ཞིག་གིས་དེའི་སྒང་ལ་རྐང་པ་བཞག་པ་ཡིན་ན། དེ་ལ་ཉེས་པ་སྲོག་ཐོག་གཏོང་དགོས། 13དེ་ལ་སུ་ཞིག་གི་ལག་པ་མ་འཆང་བར་རྡོ་རུབ་གཏོང་བའམ་མདའ་རྒྱབ་ནས་གསོད་དགོས། མི་དང་དུད་འགྲོ་གཉིས་ཀར་ཁྲིམས་དེ་རང་སྤྱོད་དགོས། འོན་ཀྱང་དུང་སྐད་ཡུན་རིང་བར་དུ་བཏང་བའི་ཚེ་དེ་ཚོ་རི་ལ་འཛེགས་ནས་ཡོང་ཆོག་ཞེས་བཀའ་གནང་ངོ་། 14དེ་ནས་མོ་ཤེ་རི་ནས་བབས་ཏེ་མི་དམངས་རྣམས་ལ་མཆོད་འབུལ་གྱི་དོན་དུ་གྲ་སྒྲིག་བྱེད་བཅུག་པ་དང་། དེ་ཚོས་རང་གི་གོས་རྣམས་བཀྲུས་སོ། 15མོ་ཤེས་མི་དམངས་རྣམས་ལ། ཁྱོད་ཚོས་གནང་ཉིན་གྲ་སྒྲིག་བྱས་ནས་བསྡད་དགོས། དེ་ཤུལ་རིང་ཁྱོད་ཚོས་ལུས་འབྲེལ་བྱེད་མི་ཚོག་ཅེས་སྨྲས་སོ། 16ཉིན་གསུམ་གྱི་ཞོགས་པར་གློག་འཁྱུགས་ཏེ་འབྲུག་སྐད་རྒྱབ་བོ། རིའི་སྒང་ལ་སྤྲིན་པ་མཐུག་པོ་འཁོར་བ་དང་ཆབས་གཅིག་དུང་སྐད་ཤུགས་ཆེན་པོ་ཞིག་ཐོས་པ་དང་། སྒར་ལ་ཡོད་པའི་མི་དམངས་ཚང་མ་འཇིགས་སྣང་ཆེན་པོས་འདར་རོ། 17མོ་ཤེས་མི་དམངས་རྣམས་ལ་སྒར་གྱི་ཕྱི་རུ་བཏོན་ཏེ་དཀོན་མཆོག་ལ་མཇལ་བར་འཁྲིད་པ་དང་། དེ་ཚོ་རིའི་གཤམ་དུ་ལངས་ནས་བསྡད་དོ། 18གཙོ་བོ་དཀོན་མཆོག་རི་བོ་སི་ནཨེའི་སྒང་ལ་མེའི་ནང་ནས་བབས་པའི་རྐྱེན་གྱིས་རི་ཐམས་ཅད་དུ་བས་ཁྱབ་བོ། དུ་བ་དེ་ནི་རབ་ཏུ་འབར་བའི་མེ་སྤུངས་ཆེན་པོའི་དུ་བ་ལྟར་གྱེན་དུ་འཐུལ་ཞིང་རི་ཚང་མ་གཡོ་འགུལ་ཆེན་པོ་བྱུང་ངོ་། 19དུང་གི་སྒྲ་དེ་ཇེ་ཆེར་ཕྱིན་པ་དང་། མོ་ཤེས་དཀོན་མཆོག་ལ་གསུང་གླེང་ཞུས་པས། ཁོང་གིས་འབྲུག་སྐད་ལྡིར་བ་ལྟ་བུའི་སྒྲ་ཆེན་པོ་ཞིག་གིས་མོ་ཤེ་ལ་བཀའ་ལན་གནང་ངོ་།་ 20དེ་ནས་གཙོ་བོ་དཀོན་མཆོག་རི་བོ་སི་ནཨེ་རྩེ་མོར་ཕེབས་ནས་མོ་ཤེ་ལ་རི་བོའི་རྩེ་རུ་ཤོག་ཅེས་བཀའ་གནང་བ་དང་། མོ་ཤེ་ཡར་བཅར་རོ། 21གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཁྱོད་མར་བབས་ནས་མི་དམངས་ལ་ར་བས་བསྐོར་བའི་ས་མཚམས་དེ་རྒལ་ནས་ཡོང་སྟེ་ང་ལ་བལྟ་མི་ཆོག་ཅེས་ཟོན་བརྡ་བྱོས་ཤིག གལ་ཏེ་ཁོ་ཚོས་དེ་ལ་རྩིས་མེད་བྱས་པ་ཡིན་ན། ཁྱོད་ཚོ་ཤི་ངེས་ཅན་ཡིན་ནོ། 22ངའི་ཉེ་འགྲམ་དུ་ཡོང་མཁན་བླ་མ་ཚོའང་རང་ཉིད་གཙང་བར་བྱས་དགོས། དེ་མིན་ངས་དེ་ཚོར་ཉེས་ཆད་དྲག་པོ་གཏོང་གི་ཡིན་ཞེས་གསུངས་པ་དང་། 23མོ་ཤེས་ཞུ་ལན་དུ་གཙོ་བོ་དཀོན་མཆོག་ལ། ཁྱེད་ཀྱིས་མི་དམངས་ལ་རི་བོ་འདི་ར་བས་བསྐོར་དགོས་པ་དང་། དེ་ནི་གནས་དམ་པ་ཞིག་ཏུ་རྩིས་དགོས་ཞེས་བཀའ་གནང་བའི་རྐྱེན་གྱིས་མི་དམངས་རྣམས་ཡར་ཡོང་ནུས་པ་མེད་ཅེས་ཞུས་སོ། 24གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ཁྱོད་རང་ཕྱིན་ནས་ཨ་རོན་ཡར་འཁྲིད་ཤོག འོན་ཀྱང་བླ་མ་རྣམས་དང་མི་དམངས་ཚོ་ནི་ར་བའི་མཚམས་རྒལ་ནས་ངའི་རྩར་ཡོང་མི་ཆོག དེ་མིན་ངས་དེ་ཚོར་ཉེས་ཆད་དྲག་པོ་གཏོང་གི་ཡིན་ཞེས་གསུངས་པ་དང་། 25མོ་ཤེས་མི་དམངས་ཡོད་སར་མར་བབས་ནས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཚང་མ་ཁོ་ཚོ་ལ་བཤད་དོ༎

སྡེབ་ཐོན 20

བཀའ་ཁྲིམས་བཅུ།

(བཀའ་ཁྲིམས་སྐྱར་བཤད་ ༥:༡-༢༡)

1དཀོན་མཆོག་གིས་གསུངས་པའི་བཀའ་རྣམས་འདི་ལྟ་སྟེ། 2ཁྱོད་ཚོ་ཨི་ཇིབ་ཀྱི་བྲན་འོག་ནས་བཏོན་མཁན་དེ་ནི་ང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་དེ་ཡིན་ནོ། 3ཁྱོད་ཚོས་ང་མ་གཏོགས་དཀོན་མཆོག་གཞན་ཞིག་མཆོད་མི་རུང་ངོ་། 4ཁྱོད་ཚོས་རང་གི་ཆེད་དུ་སྟེང་གི་ནམ་མཁའ་འམ། འོག་གི་སའམ། ས་འོག་ཆུའི་ནང་ཡོད་པའི་གཟུགས་བརྙན་གང་ཞིག་གི་འདྲ་སྐུ་ཞིག་མ་བཟོ། 5སྐུ་འདྲ་གང་ཞིག་ལ་ཕྱག་མ་འཚལ་བ་དང་། དེ་དག་ལ་མཆོད་འབུལ་ལམ་བསྙེན་བཀུར་སོགས་གང་ཡང་མ་བྱེད་ཅིག གང་ལ་ཟེར་ན། ང་ནི་ཁྱོད་ཀྱི་དཀོན་མཆོག་གཙོ་བོ་དཀོནམཆོག་ཡིན་པས། ང་དང་འདྲ་མཉམ་བྱེད་མཁན་སུ་ལ་ཡང་ངས་བཟོད་བསྲན་མི་བྱེད་ཅིང་། ང་ལ་སྡང་བར་བྱེད་མཁན་རྣམས་ལ་ངས་དེ་ཚོའི་རིགས་བརྒྱུད་ཀྱི་མི་རབས་གསུམ་དང་བཞི་བར་དུ་ཉེས་ཆད་གཏོང་རྒྱུ་ཡིན། 6འོན་ཀྱང་ང་ལ་མོས་མཁན་དང་ངའི་བཀའ་རྒྱ་སྲུང་མཁན་རྣམས་ལ་ངས་དེ་ཚོའི་མི་རབས་སྟོང་ཕྲག་མང་པོའི་བར་དུ་བྱམས་པ་བྱེད་རྒྱུ་ཡིན། 7དམིགས་ཡུལ་ངན་པ་ཞིག་སྒྲུབ་པའི་ཕྱིར་དུ་ངའི་མིང་དེ་མ་ལེན་ཞིག སུས་ཀྱང་ངའི་མིང་དེ་བེད་སྤྱོད་ལོག་པར་གཏོང་མཁན་དེ་ལ་ང་ཁྱོད་ཚོའི་དཀོནམཆོག་གཙོ་བོ་དཀོན་མཆོག་གིས་ཆད་པ་གཏོང་རྒྱུ་ཡིན་ནོ། 8ངལ་གསོ་བའི་ཞག་སྲུང་ནས་ཉིན་དེ་ལ་དམ་པར་རྩིས་ཤིག 9ཞག་དྲུག་གི་བར་དུ་རང་གི་ལས་དོན་ཚང་མ་བྱེད་ཆོག 10འོན་ཀྱང་ཉིན་ཞག་བདུན་པ་དེ་ནི་ང་ལ་བསྔོ་འབུལ་བྱེད་པའི་ཉལ་གསོའི་ཉི་མ་ཡིན་པས། དེ་ཉིན་ཁྱོད་རང་དང་། ཁྱོད་ཀྱི་བུ་ཕྲུག་དང་། ཁྱོད་ཀྱི་བྲན་གཡོག་ཚོ་དང་། དུད་འགྲོ་དང་། གཞན་ཡང་ཁྱོད་ཀྱི་ཡུལ་དུ་གནས་སྡོད་བྱ་མཁན་ཕྱི་རྒྱལ་བ་ཚོས་ཀྱང་ལས་གང་ཡང་བྱེད་མི་ཆོག 11གང་ལ་ཟེར་ན། ཉིན་ཞག་དྲུག་གི་བར་དུ་ང་གཙོ་བོ་དཀོན་མཆོག་གིས་ས་གཞི་དང་། ནམ་མཁའ་དང་རྒྱ་མཚོ་དང་དེའི་ནང་ཡོད་པ་ཚང་མ་བཀོད་དེ། ཉིན་ཞག་བདུན་པར་ངལ་གསོ་བ་ཡིན་པས། དེའི་རྐྱེན་གྱིས་ང་གཙོ་བོ་དཀོན་མཆོག་གིས་ངལ་གསོ་བའི་ཞག་དེ་བྱིན་གྱིས་རླབས་ཏེ་དམ་པར་བྱས་པ་ཡིན་ནོ། 12ངས་ཁྱོད་ལ་སྟེར་རྒྱུ་ཡིན་པའི་ཡུལ་གྱི་ནང་ཁྱོད་ཚེ་རིང་པོ་གནས་པའི་ཆེད་དུ་རང་གི་ཕ་མ་གཉིས་ལ་གུས་ཞབས་བྱོས་ཤིག 13སྲོག་གཅོད་མ་བྱེད། 14ལོག་གཡེམ་མ་བྱེད། 15རྐུན་མ་མ་རྐུ། 16སུ་ཞིག་ལའང་རྫུན་གྱི་དཔང་པོ་མ་བྱེད་ཅིག 17ཁྱོད་ཀྱིས་མི་གཞན་གྱི་ཁང་པའམ། དེའི་ཆུང་མའམ། བྲན་གཡོག་གམ་བྲན་མོ་དང་། དེའི་བ་གླང་དང་བོང་བུ་སོགས་དང་། གཞན་ཡང་ཁོའི་རྒྱུ་དངོས་གང་ཡིན་ལ་འདོད་སེམས་མ་སྐྱེད་ཅིག་ཅེས་བཀའ་གནང་ངོ་༎

མི་དམངས་ལ་འཇིགས་སྣང་བྱུང་བ།

(བཀའ་ཁྲིམས་སྐྱར་བཤད་ ༥:༢༢-༣༣)

18མི་དམངས་ཀྱིས་འབྲུག་སྒྲ་དང་དུང་སྐད་ཆེན་པོ་དེ་ཐོས་ཤིང་། གློག་འཁྱུགས་པ་དང་རིའི་ཁར་དུ་བ་འཐུལ་བ་སོགས་མཐོང་ནས་དེ་ཚོ་ཤིན་ཏུ་འཇིགས་ཤིང་འདར་ནས་རྒྱངས་རིང་དུ་ལངས་སོ། 19དེ་ཚོས་མོ་ཤེ་ལ། ཁྱོད་ཀྱིས་ང་ཚོར་བཀའ་མོལ་གནང་ན་ང་ཚོས་ཉན་ཐུབ་ཀྱང་། དཀོན་མཆོག་གིས་ང་ཚོར་གསུང་གླེང་གནང་བ་ཡིན་ན་ང་ཚོ་ཤི་ངེས་སོ་ཞེས་བརྗོད་དོ། 20ལན་དུ་མོ་ཤེས་མི་དམངས་ལ། ཁྱོད་ཚོ་ཞེད་མི་དགོས། ཁྱོད་ཚོར་ཚོད་བལྟ་གནང་བ་དང་། ཁྱོད་ཚོས་ཁོང་ལ་ཉན་པ་དང་སྡིག་པར་མི་ལྷུང་བའི་ཕྱིར་དཀོན་མཆོག་མར་ཕེབས་པ་ཡིན་ཤེས་སྨྲས་སོ། 21དེ་ནས་མི་དམངས་རྣམས་རྒྱང་རིང་དུ་ལངས་ནས་བསྡད་དོ། མོ་ཤེ་ནི་དཀོན་མཆོག་བཞུགས་ཡོད་པའི་སྤྲིན་ནག་པོའི་ཉེ་འགྲམ་དུ་ཕྱིན་ནོ༎

མཆོད་ཁྲི་སྐོར་གྱི་ཁྲིམས།

22གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ཁྱོད་ཀྱིས་ཨིསི་རཱཨེལ་པ་རྣམས་ལ་འདི་ལྟར་སྨྲོས་ཤིག་ཅེས་གསུངས་སོ། ང་གཙོ་བོ་དཀོན་མཆོག་མཐོ་རིས་ནས་ཇི་ལྟར་ཁྱོད་ཚོ་དང་གཏམ་གླེང་བྱེད་པ་དེ་ཁྱོད་ཚོས་མཐོང་ཡོད། 23ཁྱོད་ཚོས་ང་མ་གཏོགས་ལྷ་གཞན་ལའངདངུལ་ལམ་གསེར་གྱི་འདྲ་སྐུ་གཞན་རྣམས་བཟོས་ཏེ་མཆོད་འབུལ་མ་བྱེད་ཅིག 24ཁྱོད་ཚོས་ངའི་དོན་དུ་སའི་མཆོད་ཁྲི་ཞིག་བཞེངས་ཏེ། དེའི་ཁར་ཁྱོད་ཚོས་ལུག་དང་བ་གླང་སོགས་ཀྱི་དམར་མཆོད་ཆ་ཚང་བསྲེག་སྟེ་མཐུན་འབྲེལ་གྱི་མཆོད་པ་འབུལ་ཞིག ང་ལ་མཆོད་འབུལ་བྱེད་ཕྱིར་ངས་འདམས་པའི་ས་ཁུལ་གང་ཡོད་སར་ང་ཡོང་སྟེ་ཁྱོད་ཚོར་བྱིན་གྱིས་རླབས་པར་བྱེད་དོ། 25གལ་ཏེ་ཁྱོད་ཚོས་ངའི་དོན་དུ་རྡོའི་མཆོད་ཁྲི་ཞིག་བཞེངས་ན་གཟོང་རྒྱབ་ནས་བཞོགས་ཟིན་པའི་རྡོ་ལས་མ་བཟོ་ཞིག གང་ལ་ཟེར་ན། ཁྱོད་ཚོས་ལག་ཆ་རྒྱབ་ཟིན་པའི་རྡོ་རྣམས་ནི་ངའི་དོན་དུ་མི་གཙང་བ་ཡིན་ནོ། 26ཁྱོད་ཚོས་ཐེམ་སྐས་འཛེགས་ནས་སླེབས་པའི་མཆོད་ཁྲི་མ་བཟོ་ཤིག གལ་ཏེ་དེ་ལྟར་བཟོས་པ་ཡིན་ན་དེའི་ཁར་ཁྱོད་ཚོ་འཛེགས་ནས་འགྲོ་དུས་ཁྱོད་ཚོའི་ངོ་ཚ་མངོན་པར་འགྱུར་རོ༎

སྡེབ་ཐོན 21

བྲན་གཡོག་དང་བྲོན་མོ་མཉམ་སྤྱོད་ཚུལ།

(བཀའ་ཁྲིམས་སྐྱར་བཤད་ ༡༥:༡༢-༡༨)

1ད་ཁྱོད་ཀྱིས་ཨིསི་རཱཨེལ་པ་རྣམས་ལ་གཤམ་གསལ་བཀའ་ཁྲིམས་རྣམས་སྤྲོད་ཅིག 2གལ་ཏེ་ཁྱོད་ཚོས་ཨིབ་རི་པའི་བྲན་གཡོག་ཞིག་ཉོས་པ་ཡིན་ན། དེས་ལོ་དྲུག་གི་བར་དུ་ཁྱོད་ཀྱི་གཡོག་རྒྱུག་ནས་ལོ་བདུན་པར་དངུལ་སོགས་གང་ཡང་ཕྱིར་སློག་བྱེད་མ་དགོས་པར་ཁོ་བྲན་གཡོག་ནས་ཐར་དགོས། 3བྲན་གཡོག་ཐོག་མར་ཡོང་དུས་ཁོས་ཆང་ས་བརྒྱབ་མེད་པ་ཡིན་ན། ཁོ་འགྲོ་དུས་ཆུང་མ་འཁྲིད་ནས་འགྲོ་མི་ཆོག འོན་ཀྱང་ཁོ་ཁྱོད་ཀྱི་བྲན་གཡོག་འགྱུར་སྐབས་ཆུང་མ་ཡོད་ན་ཆུང་མ་འཁྲིད་ནས་འགྲོ་ཆོག 4གལ་ཏེ་སྦྱིན་བདག་གིས་བྲན་གཡོག་དེ་ལ་ཆུང་མ་ཞིག་སྤྲད་པ་དང་། མོ་ལ་བུ་ཕྲུག་སྐྱེས་པ་ཡིན་ན། ཁོ་འགྲོ་དུས་ཁོའི་ཆུང་མ་དང་བུ་ཕྲུག་བཅས་སྦྱིན་བདག་དེའི་བདག་དབང་དུ་གཏོགས་ཤིང་། ཁོ་རང་གཅིག་པུར་འགྲོ་དགོས། 5གལ་ཏེ་བྲན་གཡོག་དེས་རང་གི་སྦྱིན་བདག་གི་གཙོས་པའི་རང་གི་སྐྱེ་དམན་དང་ཕྲུ་གུ་རྣམས་ལ་གཅེས་པོ་བྱས་ཏེ་དེ་དག་སྤངས་ནས་འགྲོ་མ་འདོད་ན། 6སྦྱིན་བདག་དེས་ཁོ་མཆོད་ཁང་དུ་འཁྲིད་ནས། དེར་སྒོན་དུ་སླངས་ནས། ཁོའི་ཨ་ཆོག་ལ་ཨི་ཁུང་འབིག་དགོས། ཁོ་ཚེ་གང་སྦྱིན་བདག་དེའི་བྲན་གཡོག་ཏུ་གནས་པར་འགྱུར།འང་རེ་བཞིའི་མདུ 7གལ་ཏེ་མི་ཞིག་གིས་རང་གི་བུ་མོ་བྲན་མོ་བྱེད་པར་འཚོང་པ་ཡིན་ན། བྲན་གཡོག་རྣམས་ཚེ་གཡོག་ནས་ཐར་སྲོལ་བཞིན་མོ་ནི་ཐར་ཐབས་མེད། 8སྦྱིན་བདག་གི་བུ་མོ་དེ་རང་གི་ཆུང་མར་བཞག་ཀྱང་རྗེས་སུ་དེ་ལ་མི་དགའ་ན། བུ་མོ་དེ་མོའི་ཕ་ལ་ཕྱིལོགར་་འཚོང་དགོས། སྦྱིན་བདག་གིས་མོ་ལ་དྲང་པོ་མ་བྱས་པ་ཡིན་པས། མོ་ཕྱི་རྒྱལ་མི་རིགས་ཤིག་ལ་འཚོང་པའི་དབང་ཆ་སྦྱིན་བདག་དེ་ལ་མེད་པ་ཡིན་ནོ། 9གལ་ཏེ་སུ་ཞིག་གིས་རང་གི་བུའི་ཆེད་དུ་བྲན་གཡོག་མ་ཞིག་ཉོས་པ་ཡིན་ན། མི་དེས་མོ་ལ་རང་གི་བུ་མོ་དང་དབྱེབ་མེད་པ་བྱེད་དགོས། 10གལ་ཏེ་བུ་ཞིག་གིས་ཆུང་མ་གཉིས་པ་ཞིག་བླངས་ན། དེས་རང་གི་ཐོག་མའི་ཆུང་མ་དེ་ལ་ལྟོ་གོས་དང་གཞན་ཡང་མོའི་ཐོབ་སྐལ་ཇི་ཡོད་སྔར་བཞིན་ཉམས་མེད་སྒྲུབ་དགོས། 11གལ་ཏེ་མི་དེས་རང་གི་ཆུང་མའི་ལས་འགན་རྣམས་མ་སྒྲུབ་ན། མི་དེས་མོའི་གླ་ཆ་སོགས་གང་ཡང་མ་ལེན་པར་རང་དབང་དུ་གཏོང་དགོས་སོ༎

དྲག་སྤྱོད་སྐོར་གྱི་ཁྲིམས།

12སུས་ཀྱང་མི་ཞིག་ལ་ཉེས་བརྡུང་བྱས་ཏེ་ཁོ་ཤི་ན། བརྡུང་མཁན་དེ་ལའང་ཉེས་པ་སྲོག་ཐོག་ཏུ་གཏོང་དགོས། 13འོན་ཀྱང་བརྡུང་མཁན་དེས་ཆེད་མངགས་མི་གསོད་སེམས་མེད་ཀྱང་། གློ་བུར་དུ་རྐྱེན་ངན་གྱིས་མི་དེ་ཤི་བ་ཡིན་ན། ངས་འདམས་པའི་ས་གནས་དེར་ཁོ་བྲོས་ནས་འགྲོ་ཐུབ། དེར་ཁོ་ཉེན་ཁ་མེད་པར་གནས་ཐུབ་ཡོང་། 14འོན་ཀྱང་མི་ཞིག་རླུང་ལངས་ནས་ཆེད་མངགས་མི་བསད་པ་ཡིན་ན། ཁོ་བྲོས་ནས་ངའི་མཆོད་ཁྲིར་སྲུང་སྐྱོབ་ཀྱི་ཆེད་དུ་ཡོང་བ་ཡིན་ན་ཡང་ཁོ་ལ་ཉེས་པ་སྲོག་ཐོག་གཏོང་དགོས། 15རང་གི་ཕའམ་མ་ལ་ཉེས་བརྡུང་བྱེད་མཁན་དེ་གསོད་དགོས། 16སུ་ཞིག་གིས་མི་བཙན་འཁྲིད་བྱེད་པའམ་འཚོང་བའམ་བྲན་གཡོག་ཏུ་བདག་ཉར་བྱེད་པ་ཡིན་ན་ཁོ་གསོད་དགོས། 17རང་གི་ཕའམ་མ་ལ་སྨོན་ལོག་འདེབས་མཁན་དེའང་གསོད་དགོས། 18མི་གཉིས་འཐབ་འཛིང་བྱེད་སྐབས་གཅིག་གིས་གཞན་དེ་ལ་རྡོའམ་མུར་རྫོག་ཞུས་ནས། ཁོ་ལ་མ་བསད་པ་ཡིན་ན། ཁོ་ལ་ཉེས་ཆད་གཏོང་མི་རུང་། 19གལ་ཏེ་ཉེས་བརྡུང་རག་མཁན་དེ་ཉལ་ཁྲི་ནས་ལངས་པ་དང་། འོན་ཀྱང་རྗེས་སུ་ཁོ་ཡར་ལངས་ནས་འཁར་རྒྱུག་ལ་བརྟེན་ནས་ཕར་ཚུར་འགྲོ་བསྐྱོད་བྱེད་ཐུབ་ན། བརྡུང་མཁན་དེས་ཁོའི་དུས་ཚོད་ཆུ་ཟོད་ཕྱིན་པ་དེ་ལ་གུན་ཚབ་འཇལ་དགོས་པ་དང་། ནད་པ་མ་གསོའི་བར་དུ་བལྟ་སྐྱོ་ང་བྱེད་དགོས་སོ། 20སུ་ཞིག་གིས་རང་གི་བྲན་པོའམ་བྲན་མོར་དབྱུག་པས་བརྡུང་ནས་ཤི་བ་ཡིན་ན། སྦྱིན་བདག་དེ་ལ་ངེས་པར་ཁྲིམས་གཅོད་དགོས། 21འོན་ཀྱང་བྲན་གཡོག་དེ་ཉི་མ་གཅིག་གམ་གཉིས་བར་མ་ཤི་པ་ཡིན་ན། བྱིན་བདག་དེ་ལ་ཉེས་ཆད་བཏང་མི་རུང་། བྲན་གཡོག་དེ་ནི་ཁོའི་རྒྱུ་དངོས་རླག་པ་ལྟ་བུ་ཡིན་པ་དང་། དེ་ནི་ཁོ་ལ་ཉེས་ཆད་བཏང་བ་ལྟ་བུ་ཡིན་ནོ། 22མི་རྣམས་འཛིང་སྐབས་བུད་མེད་ཕྲུ་གུ་སྐྱེས་རྒྱུ་ཡོད་པ་ཞིག་ལ་ཕོག་པའི་རྐྱེན་གྱིས་མངལ་གྱི་ཕྲུ་གུ་དེ་ཤི་ཡང་། བུད་མེད་དེ་ལ་རྨས་སྐྱོན་སོགས་མ་བྱུང་ན། བུད་མེད་དེའི་ཁྱོ་གས་ཆད་པ་གང་དགོས་ཟེར་བ་དེ་ལ་ཁྲིམས་དཔོན་ཚོས་བཀའ་འཁྲོལ་གནང་བ་བཞིན་འཇལ་དགོས། 23འོན་ཀྱང་བུད་མེད་དེ་ལ་རྨས་སྐྱོན་སོགས་བྱུང་ཡོད་ན་དེའི་ཉེས་ཆད་དུ། སྲོག་ལ་སྲོག་ལན་དང་། 24མིག་ལ་མིག་ལན། སོ་ལ་སོ་ལན། ལག་པར་ལག་ལན། རྐང་པར་རྐང་ལན། 25མེའི་ཚིག་པའི་རྨའི་ཚབ་ཏུ་མེའི་ཚིག་པའི་རྨ་ལན་དང་། རྨ་ལ་རྨ་ལན་དང་། གཞན་ཡང་སྨུག་ཏིག་བཟོས་པའི་ཉེས་ལན་དུ་སྨུག་ཏིག་བཟོ་དགོས། 26མི་ཞིག་གིས་རང་གི་བྲན་གཡོག་གམ་བྲན་མོ་ལ་ཉེས་བརྡུང་བཏང་ནས་དེའི་མིག་མེད་པར་བྱས་པ་ཡིན་ན། མིག་གི་གླ་ཆའི་ཚབ་ཏུ་བྲན་གཡོག་དེ་ཐར་བར་བྱེད་དགོས། 27དེ་བཞིན་ཁོས་རང་གི་བྲན་གཡོག་གམ་བྲན་མོའི་སོ་བཅག་པ་ཡིན་ན། དེའི་ཉེས་ལན་དུ་བྲན་གཡོག་དེ་ཐར་དགོས༎

བྱིན་བདག་ཚོའི་ལས་འགན།

28གལ་ཏེ་གླང་ཞིག་གིས་སུ་ཞིག་ལ་ར་བཅོས་བརྡུང་ནས་ཤི་བ་ཡིན་ན། གླང་དེ་རྡོ་རུབ་རྒྱབ་ནས་གསོད་དགོས་པ་དང་། དེའི་ཤ་འང་ཟ་མི་རུང་། འོན་ཀྱང་གླང་གི་བྱིན་བདག་དེ་ལ་ཉེས་སྐྱོན་སོགས་གང་ཡང་མེད་དོ། 29འོན་ཀྱང་གླང་དེ་སྔར་ནས་མི་ལ་བརྡུང་བས་ལངས་ཤོར་ཡོད་ཅིང་། དེའི་སྐོར་ལ་བྱིན་བདག་དེ་ལ་ཟོན་བརྡ་བསྐུལ་ཡོད་རུང་། བ་དེ་ཚང་ནང་བསྡམས་ནས་མ་བཞག་པས། དེས་སུ་ཞིག་ལ་བརྡུང་ནས་བསད་པ་ཡིན་ན། གླང་དེ་རྡོ་རུབ་བཏང་ནས་བསད་དགོས་པ་མ་ཟད། བདག་པོ་དེའང་གསོད་དགོས་སོ། 30གལ་ཏེ་བྱིན་བདག་དེ་ཤི་མ་དགོས་པར་ཁོའི་བླུ་རིན་དུ་ཉེས་ཆད་ཞིག་བཀལ་ཡོད་པ་ཡིན་ན། ཁོས་རང་གི་སྲོག་གི་བླུ་རིན་དུ་བཀལ་བའི་ཉེས་ཆད་དེ་ཆ་ཚང་འཇལ་དགོས། ཉེས་ཆད་དེ་དངུལ་ཆ་ཚང་འཛལ་དགོས། 31གལ་ཏེ་གླང་དེས་ཕྲུ་གུ་བུའམ་བུ་མོ་གང་རུང་ཞིག་ལ་བརྡུང་ནས་བསད་པ་ཡིན་ན། གོང་གི་ཁྲིམས་དེ་རང་གཅོད་དགོས། 32གླང་དེས་མི་གཞན་གྱི་བྲན་གཡོག་གམ་བྲན་མོ་ཞིག་བརྡུང་ནས་བསད་པ་ཡིན་ན། དེའི་བདག་པོས་བྲན་གཡོག་གི་བདག་པོ་ལ་དངུལ་ཊམ་གསུམ་བཅུ་སྟེར་དགོས་པ་དང་། གླང་དེ་ལའང་རྡོ་རུབ་བཏང་ནས་གསོད་དགོས་སོ། 33མི་ཞིག་གིས་ས་དོང་གི་ཁ་བཅོས་ཕྱེས་པའམ་ཡང་ན་ས་དོང་ཞིག་བྲུས་ནས་ཁ་མ་བཀབ་པས། དེར་གླང་ངམ་བོང་བུ་ཞིག་ལྷུང་བ་ཡིན་ན། 34ས་དོང་བྲུས་མཁན་དེས་སེམས་ཅན་གྱི་བདག་པོ་དེ་ལ་གུན་འཚབ་འཇལ་ནས། སེམས་ཅན་ཤི་བ་དེ་རང་གི་ཉར་ནའང་ཆོག་པ་ཡིན་ནོ། 35མི་ཞིག་གི་གླང་གིས་མི་གཞན་ཞིག་གི་གླང་ལ་བསད་པ་ཡིན་ན། མི་དེ་གཉིས་ཀྱིས་གླང་གསོན་པོ་དེ་བཙོང་ནས་དེའི་རིན་པ་དེ་བགོ་བཤའ་རྒྱབ་དགོས། བརྡུང་ནས་བསད་པའི་ཤ་དེའང་བགོ་བཤའ་རྒྱབ་དགོས། 36འོན་ཀྱང་གླང་དེ་སྔར་ནས་བརྡུང་བས་ལང་ཤོར་ཡོད་པ་དང་། དེའི་སྐོར་གླང་གི་བདག་པོ་དེ་ལ་རྒྱུས་ཡོད་ཀྱང་ཁོས་གླང་དེ་བསྡམས་ནས་མ་བཞག་པས། གླང་ཤི་བའི་གུན་འཚབ་ཏུ་གླང་གསོན་པོ་ཞིག་ངེས་པར་འཇལ་དགོས། འོན་ཀྱང་ཤི་བའི་སེམས་ཅན་དེ་བདག་པོ་རང་གི་ཉར་ནའང་ཆོག་པ་ཡིན་ནོ༎

སྡེབ་ཐོན 22

སྐྱིན་འཚབ་འཇལ་བའི་ཁྲིམས།

1སུ་ཞིག་གིས་གཞན་གྱི་གླང་ངམ་ལུག་རྐུས་ནས་དེ་བསད་པའམ་འཚོང་བ་ཡིན་ན། གླང་གཅིག་གི་ཚབ་ལ་གླང་ལྔ་འཇལ་དགོས། ལུག་གཅིག་གི་ཚབ་ལ་ལུག་བཞི་འཇལ་དགོས། 2རྐུ་མ་རྐུ་བཞིན་པའི་སྐབས་སུ་ལག་པར་འཐེབས་ཏེ་ཉེས་བརྡུང་གི་ཁོ་ཤི་བ་ཡིན་ནའང་དེའི་སྲོག་གི་ཉེས་ལན་བརྡུང་མཁན་དེ་ལ་འཕོག་པར་མི་འགྱུར། 3འོན་ཀྱང་ཉི་མ་ཤར་ཚར་བའི་རྗེས་སུ་དེ་ལྟར་བྱུང་བ་ཡིན་ན་ཁོ་ལ་སྲོག་གཅོག་ཀྱི་ཉེས་པ་འཕོག་པར་འགྱུར། རྐུན་མ་དེས་གུན་གསབ་འཇལ་དགོས། འོན་ཀྱང་ཁོ་ལ་གང་ཡང་མེད་པ་ཡིན་ན། རྐུས་པའི་ཚབ་ཏུ་ཁོ་རང་ལ་འཚོང་དགོས། 4གལ་ཏེ་བརྐུས་པའི་གླང་ངམ་བོང་བུའམ་ལུག་བཅས་གསོན་པོར་ཁོའི་ལག་པར་འཐེབས་པ་ཡིན་ན། སེམས་ཅན་གཅིག་གི་འཚབ་ལ་ཉེས་ལྡབ་འཇལ་དགོས། 5མི་ཞིག་གིས་སེམས་ཅན་རྣམས་རྩ་ཁར་བཏང་ནས་དེ་དག་གཞན་གྱི་ཞིང་ཁར་ཤོར་ཏེ་རྒུན་ཚལ་ལ་སོགས་པའི་སྟོན་ཐོག་རྣམས་ཟས་བ་ཡིན་ན། ཁོས་རང་གི་ཞིང་དང་རྒུན་ཚལ་གྱི་སྟོན་ཐོག་ཡག་ཤོས་དེ་སྐྱིན་འཚབ་ཏུ་འཇལ་དགོས། 6མི་ཞིག་གིས་རང་གི་ཞིང་ཁར་མེ་བཏང་བས། མེ་དེ་རིམ་བཞིན་འཕེལ་བས། མི་གཞན་གྱི་ཞིང་ཁའི་སྟོན་ཐོག་བརྔས་ཟིན་པའམ་རྔ་རྒྱུ་ཡིན་པ་རྣམས་མེས་འཚིག་ནས་འཇིགས་པ་ཡིན་ན། མེ་གཏོང་མཁན་དེས་སྐྱིན་འཚབ་ངེས་པར་འཇལ་དགོས། 7མི་ཞིག་གིས་རང་གི་ཁྱིམ་མཚེས་ལ་དངུལ་ལམ་ནོར་རྫས་ཤིག་བཅོལ་ནས་དེ་རྐུ་མར་ཤོར་ཤིང་། རྐུན་མ་དེ་ལག་པར་འཐེབས་པ་ཡིན་ན། དེས་བརྐུས་པའི་ནོར་རྫས་ཀྱི་ཉིས་ལྡབ་འཇལ་དགོས། 8གལ་ཏེ་རྐུན་མ་ལག་པར་མ་འཐེབ་ན། ནོར་རྫས་བཅོལ་བའི་མི་དེ་མཆོད་ཁང་དུ་ཕྱིན་ནས། ཁོས་མི་གཞན་གྱི་རྒྱུ་དངོས་རྐུས་མེད་ཅེས་མནའ་སྐྱེལ་དགོས་སོ། 9གླང་ངམ་བོང་བུའམ་ལུག་གམ་གོས་སོགས་གང་རུང་རླག་སྟོར་ཤོར་བའི་སྐོར་ལ་རྩོད་གླེང་བྱུང་ན། རྩོད་མི་གཉིས་ཀ་མཆོད་ཁང་དུ་འཁྲིད་དགོས། དཀོན་མཆོག་གིས་མི་སུ་ལ་ནག་ཉེས་ར་འཕྲོད་བྱུང་བ་དེས་གཞན་དེ་ལ་ཉིས་ལྡབ་འཇལ་དགོས། 10མི་ཞིག་གིས་རང་གི་ཁྱིམ་མཚེས་ལ་བོང་བུའམ་གླང་ངམ་ལུག་གམ་གཞན་ཡང་དུད་འགྲོ་གང་རུང་ཞིག་བཅོལ་ནས། སུས་ཀྱང་མ་མཐོང་བར་དེ་དག་ཤི་བའམ་རྨས་སྐྱོན་ཤོར་བའམ་ཡང་ན་མི་གཞན་གྱིས་དེ་དག་དེད་ནས་འགྲོ་བ་དང་། དཔང་པོ་མེད་པ་ཡིན་ན། 11དུད་འགྲོ་བཅོལ་སའི་མི་དེ་མཆོད་ཁང་དུ་ཕྱིན་ནས་ཁོས་རང་གི་ཁྱིམ་མཚེས་ཀྱི་དུད་འགྲོ་རྣམས་རྐུས་མེད་ཅེས་དཀོན་མཆོག་གི་སྤྱན་སྔར་རང་ཉིད་ནག་མེད་ཡིན་པའི་མནའ་སྐྱེལ་དགོས། བདག་པོས་དེ་ལ་ཡིད་ཆེས་དགོས་པ་དང་། ཁོས་སྐྱིན་འཚབ་འཇལ་མི་དགོས་སོ། 12འོན་ཀྱང་དུད་འགྲོ་བཅོལ་སའི་ལག་ནས་དེ་དག་རྐུན་མར་ཤོར་བ་ཡིན་ན། ཁོས་བདག་པོ་ལ་སྐྱིན་འཚབ་འཇལ་དགོས། 13དུད་འགྲོ་དེ་དག་གཅན་གཟན་གྱི་བསད་པ་ཡིན་ན། དེ་བདེན་པ་ཡིན་མིན་ཁུངས་སྐྱེལ་བྱེད་པའི་ཕྱིར་དུ་དུས་འགྲོའི་རོ་དེ་འཁྱེར་ཡོང་དགོས། གཅན་གཟན་གྱིས་བསད་པའི་དུད་འགྲོའི་སྐྱིན་འཚབ་འཇལ་མི་དགོས། 14མི་ཞིག་གིས་རང་གི་ཁྱིམ་མཚེས་ནས་དུད་འགྲོ་ཞིག་གཡར་ཏེ། བདག་པོ་དེ་མེད་པའི་སྐབས་སུ་དུད་འགྲོ་དེ་རྨས་པའམ་ཤི་སྐྱོན་སོགས་བྱུང་བ་ཡིན་ན། ཁོས་སྐྱིན་འཚབ་ངེས་པར་འཇལ་དགོས། 15བདག་པོ་མཉམ་དུ་ཡོད་སྐབས་དེ་བཞིན་བྱུང་བ་ཡིན་ན། དེར་སྐྱིན་འཚབ་འཇལ་མི་དགོས། འོན་ཀྱང་དུད་འགྲོ་དེ་གླ་ཆར་ལེན་པ་ཞིག་ཡིན་ན། གླ་ཆ་དེ་ཀས་གུན་འཚབ་མཐུད་པ་ཡིན་ནོ༎

ཆོས་དང་བྱ་སྤྱོད་ཀྱི་ཁྲིམས།

16མི་ཞིག་གིས་ཆང་སའི་ཆེད་དུ་ལོང་ཆང་མ་བྱེད་པའི་བུ་མོ་ན་ཆུང་མ་ཞིག་ཁ་བསླུས་རྒྱབ་ནས་དེ་དང་མཉམ་དུ་ལུས་འབྲེལ་བྱས་པ་ཡིན་ན། ཁོས་མནའ་མའི་རིན་གོང་འཇལ་ནས་བུ་མོ་དེ་དང་ངེས་པར་ཆང་ས་བརྒྱབ་དགོས། 17གལ་ཏེ་བུ་མོའི་ཕས་རང་གི་བུ་མོ་མི་དེ་ལ་ཆང་ས་བརྒྱབ་པར་སྤྲད་འདོད་མ་བྱེད་ན། བུ་མོ་ན་ཆུང་མའི་ཆེད་དུ་འཇལ་དགོས་པའི་མནའ་མའི་རིན་གོང་འཇལ་དགོས་སོ། 18ངན་སྔགས་སྒྲུབ་མཁན་བུད་མེད་སུ་ཡིན་རུང་དེ་ངེས་པར་གསོད་དགོས། 19མི་སུ་ཞིག་གིས་དུད་འགྲོ་དང་ཆགས་པ་སྤྱོད་ན་མི་དེ་ངེས་པར་གསོད་དགོས། 20གཙོ་བོ་དཀོན་མཆོག་ང་གཅིག་པུ་མ་གཏོགས་པར་ལྷ་གཞན་ལ་དམར་མཆོད་འབུལ་མཁན་དེ་རྩ་མེད་གཏོང་དགོས། 21དུས་སྐབས་ཤིག་ལ་ཁྱོད་ཚོ་ནི་ཨི་ཇིབ་དུ་བྱེས་པ་ཞིག་ཡིན་པ་དྲན་ནས། ད་ལྟ་བྱེས་པ་སུ་ཞིག་ལའང་ཁྱོད་ཚོས་སྡུག་པོ་བཏང་བ་དང་མནར་གཅོད་མ་བྱེད་ཅིག 22བུད་མེད་ཡུག་མོ་དང་དྭ་ཕྲུག་རྣམས་ལ་མནར་གཅོད་མ་བྱེད་ཅིག 23གལ་ཏེ་ཁྱོད་ཚོས་མནར་གཅོད་བྱེད་ན། གཙོ་བོ་དཀོན་མཆོག་ངའི་དེ་ཚོས་ངུ་འབོད་བྱས་པར་ཉན་ནས་སྐྱབས་གྲོགས་བྱས་རྒྱུ་ཡིན། 24ངའི་ཁྲོ་བ་ཆེན་པོས་ཁྱོད་ཚོ་ལ་དམག་སར་འཚར་བཅོད་རྒྱུ་ཡིན་པ་དང་། ཁྱོད་ཚོའི་ཆུང་མ་རྣམས་ཡུག་མོར་འགྱུར་བ་དང་། ཕྲུ་གུ་རྣམས་ཕ་མེད་པར་འགྱུར་ཡོང་། 25ངའི་མི་མང་ནང་ནས་མི་དབུལ་པོ་ཞིག་གིས་ཁྱོད་ནས་དངུལ་སྐྱིན་པ་གཡར་བ་ཡིན་ན། ཁྱོད་རང་བུན་བདག་བཞིན་སྐྱེད་ཁ་མ་ལེན་ཞིག 26ཁྱོད་ཀྱིས་ཁྱིམ་མཚེས་པའི་གོས་ཤིག་གཏའ་མར་བཞག་ཡོད་པ་ཡིན་ན། ཉི་མ་མ་ཞུར་གོང་དུ་དེ་ཁོ་ལ་ཕྱིར་ལོག་བྱེད་དགོས། 27གང་ལ་ཟེར་ན། ཁོ་ལ་གྱོན་གོས་དེ་མ་གཏོགས་གཞན་མེད་པས། མཚན་མོ་ག་རེ་གྱོན་ནས་གཉིད་ལོག་ཡོང་ངམ། མི་དེས་ང་ལ་ཞུ་བ་འཐེན་པ་ཡིན་ན། ང་ནི་སྙིང་རྗེ་ཆེ་བས། དེའི་ཞུ་བར་ངེས་པར་ཉན་རྒྱུ་ཡིན་ནོ། 28དཀོན་མཆོག་ལ་བསྐུར་བ་མ་འདེབས་ཤིག དེ་བཞིན་ཁྱོད་ཀྱི་མི་སྡེའི་འགོ་དཔོན་ཞིག་ལ་སྨོན་ལོག་མ་འདེབས་ཤིག 29ཁྱོད་ཚོས་རང་གི་སྟོན་ཐོག་དང་རྒུན་ཆང་དང་། སྐྱུ་རུའི་སྣུམ་སོགས་ཀྱི་མཆོད་པ་འབུལ་བར་མ་འགྱངས་བར་བྱོས་ཤིག ཁྱོད་ཚོའི་བུ་སྔོན་སྐྱེས་དག་ང་ལ་འབུལ་བར་སྤྲོད་ཅིག 30དེ་བཞིན་ཁྱོད་ཚོའི་གླང་ཕྲུག་པེ་པེ་དང་ར་ལུག་དང་སེམས་ཅན་རྣམས་ཀྱི་ཕོ་སྔོན་སྐྱེས་ཚང་མ་སྐྱེས་ནས་ཉིན་བདུན་བར་དུ་རང་གི་ཨ་མ་དང་མཉམ་དུ་བཞག་ནས་ཉིན་བརྒྱད་པའི་ཐོག་ངའི་རྩར་མཆོད་འབུལ་དུ་འཁྱེར་ཡོང་དགོས། 31ཁྱོད་ཚོ་ངའི་མི་དམངས་དམ་པ་ཡིན་པས། གཅན་གཟན་གྱིས་བསད་པའི་སེམས་ཅན་གྱི་ཤ་དེ་ཁྱོད་ཚོས་ཟ་མི་ཆོག དེ་ནི་ཁྱོད་ཚོས་ཁྱི་ལ་སྟེར་དགོས་སོ༎

སྡེབ་ཐོན 23

ཁྲིམས་དྲང་པོ།

1རྫུན་གཏམ་མ་སྤེལ་ཞིག། བར་ལ་དཔང་པོ་རྫུན་མ་བཤད་ནས་མི་ཉེས་ཅན་ཞིག་ལ་རོགས་མ་བྱེད་ཅིག 2ལས་ངན་བྱེད་མཁན་མི་ཚོགས་ཤིག་གི་རྗེས་སུ་མ་འབྲངས་ཤིག ཁ་མཆུ་མང་ཕྱོགས་སུ་འབྲངས་ནས་དཔང་པོ་བྱེད་དེ་ཁྲིམས་ལོག་པར་མ་སྤྱོད་ཅིག 3ཁྲིམས་གཅོད་སྐབས་སུ་མི་དབུལ་པོརཕྱོགས་ཞེན་མ་བྱེད་ཅིག 4གལ་ཏེ་ཁྱོད་ཚོས་རང་གི་དགྲ་བོའི་བ་ཕྱུགས་སམ་བོང་བུ་ཞིག་ཤོར་འགྲོ་གི་ཡོད་པ་མཐོང་ན། དེ་ཁོའི་རྩར་འཁྲིད་དགོས། 5ཁོའི་བོང་བུ་ཁལ་གྱི་མནན་ནས་རིལ་བ་མཐོང་ན་དེ་མུར་མ་བཞག་པར་ཡར་སླང་རོགས་བྱེད་དགོས། 6ཁ་མཆུའིསྐབས་སུ་མི་དབུལ་པོའི་ཁྲིམས་མ་འཕྲོག་ཅིག 7རྫུན་གྱི་ཁ་དཀྲི་མ་བཀལ་ཞིག། མི་ཉེས་མེད་ཞིག་ལ་སྲོག་ཐོག་ཉེས་པ་མ་གཏོང་ཞིག གང་ལ་ཟེར་ན། ལས་ངན་དེ་ལྟར་མི་སུ་ཞིག་གིས་བྱས་པ་ཡིན་ན་ངས་དེ་ལ་ངེས་པར་ཆད་པ་གཏོང་རྒྱུ་ཡིན། 8ལྐོག་རྔན་མ་ལེན་ཞིག། གང་ཡིན་ཟེར་ན། ལྐོག་རྔན་ལེན་མཁན་དེས་མིའི་བདེན་པ་མི་མཐོང་བ་དང་། དེས་ཉེས་མེད་མིའི་རྩ་དོན་འཕྲོག་རླག་གཏོང་ཉེན་ཡོད། 9བྱེས་པ་ཞིག་ལ་གཡབ་ཆུང་མ་བྱེད་ཅིག གང་ཡིན་ཟེར་ན། ཨི་ཇིབ་དུ་བྱེས་པ་ཡིན་སྐབས་ཀྱི་གནས་སྟངས་དེ་ཁྱོད་ཚོས་མྱོང་ཡོད་པ་ཡིན་ནོ༎

ལོ་བདུན་པ་དང་ཞག་བདུན་པ།

10ལོ་དྲུག་རིང་ཁྱོད་ཚོས་ས་ཞིང་བཏབ་ནས་ལོ་ཐོག་བསྡུས་ཤིག 11འོན་ཀྱང་ལོ་བདུན་པ་དེར་གང་སྐྱེས་པ་རྣམས་མ་རྔས་པར་དེ་མུར་འཇོག་ཅིག མི་དབུལ་པོས་དེར་གང་སྐྱེས་པ་རྣམས་ཟ་བ་དང་དེའི་ལྷག་མ་ནགས་ཀྱི་གཅན་གཟན་གྱི་ཟ་ཡོང་། དེ་ལྟར་ཁྱོད་ཀྱི་རྒུན་ཚལ་དང་ཁ་སྐྱུར་པོའི་ཤིང་སྡོང་ལ་ཡང་དེ་ལྟར་བྱེད་དགོས། 12ཞག་དྲུག་པར་ལས་བྱེད་དེ་ཉིན་ཞག་བདུན་པར་ཁྱོད་ཚོས་ལས་གང་ཡང་བྱེད་མི་ཆོག དེ་ཉིན་ཁྱོད་ཚོའི་ཚེ་གཡོག་དང་ཁྱོད་ཚོའི་ནང་དུ་ཡོད་པའི་བྱེས་པ་དང་ཁྱོད་ཚོའི་ལས་བྱེད་མི་དང་སེམས་ཅན་བཅས་པ་ཚང་མས་ངལ་གསོ་རྒྱབ་དགོས། 13གཙོ་བོ་དཀོན་མཆོག་གིས་གསུངས་པ་ཚང་མ་ཁྱོད་ཚོས་ཉོན་ཞིག ལྷ་གཞན་ལ་ཁྱོད་ཚོས་སྨོན་ལམ་མ་འདེབས་ཤིག དེ་ཚོའི་མིང་ཙམ་ཡང་མ་ལེན་ཞིག།

དུས་སྟོན་ཆེན་པོ་གསུམ།

(སྡེབ་ཐོན་ ༣༤:༡༨-༢༦; བཀའ་ཁྲིམས་སྐྱར་བཤད་ ༡༦:༡-༡༧)

14ང་ལ་གུས་བཀུར་བྱས་ཕྱིར་ཁྱོད་ཚོས་ལོ་གཅིག་ལ་དུས་སྟོན་ཁག་གསུམ་སྲུང་དགོས། 15ཨ་བིབ་ཞེས་པའི་ཟླ་བའི་ནང་ཁྱོད་ཚོ་ཨི་ཇིབ་ནས་ཐོན་པ་ཡིན་པས་ཟླ་བ་དེའི་ནང་ངས་བཀའ་འགོད་པ་བཞིན། ཁྱོད་ཚོས་ཆི་མན་མེད་པའི་བག་ལེབ་ཀྱི་དུས་སྟོན་སྲུང་དགོས། དུས་ཆེན་གྱི་ཉི་མ་བདུན་གྱི་རིང་ཆི་མན་ཡོད་པའི་བག་ལེབ་མ་ཟ་ཞིག ང་ལ་མཆོད་ཕྱིར་ཁྱོད་ཚོ་སུའང་ལག་པ་སྟོང་པ་མ་ཡོང་ཞིག 16ལོ་ཐོག་རྔས་པའི་སྐབས་སུ་ཁྱོད་ཚོས་སྟོན་ཐོག་བསྡུ་བའི་དུས་སྟོན་སྲུང་དགོས། སྟོན་གར་རྒུན་ཚལ་དང་ཤིང་འབྲས་ལྡུམ་ར་ནས་འབྲས་བུ་སོགས་བསྡུ་བའི་སྐབས་ཁྱོད་ཚོས་རྩ་གཡབ་ཀྱི་དུས་སྟོན་རྩ་གཡབ་ཀྱི་དུས་སྟོན: སྟོན་ཀར་ཤིང་འབྲས་བསྡུ་ཡུན་རིང་ལ་མི་དམངས་རྣམས་འཕྲལ་སེལ་གྱི་གནས་རྩ་ཁང་གི་གཡབ་སོགས་བརྒྱབ་ནས་བསྡད་སྲོལ་ཡོད་ཅིང་། དེ་ཡུན་རིང་ལ་སྲུང་རྩི་བྱེད་པའི་དུས་སྟོན་དེ་ལ་རྩ་གཡབ་ཀྱི་དུས་སྟོན་ཟེར་བ་ཡིན་ནོ།། སྲུང་དགོས། 17ལོ་རེ་བཞིན་དུས་སྟོན་གསུམ་པ་འདི་ཚོའི་སྐབས་སུ་ཁྱོད་ཚོའི་སྐྱེས་པ་རྣམས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གི་མདུན་དུ་མཆོད་ཕྱིར་ངེས་པར་ཡོང་དགོས་སོ། 18ཁྱོད་ཚོས་ང་ལ་སེམས་ཅན་གྱི་ཁྲག་གི་དམར་མཆོད་མཉམ་དུ་ཆི་མན་ཡོད་པའི་བག་ལེབ་འབུལ་མི་རུང་། དུས་སྟོན་འདི་ཚོའི་སྐབས་སུ་ཁྱོད་ཚོས་དམར་མཆོད་འབུལ་བའི་སེམས་ཅན་གྱི་ཚིལ་ལུ་དེ་དག་སང་ཞོག་བར་དུ་ལུས་མི་རུང་། 19ཁྱོད་ཚོའི་ས་ཞིང་ནས་བྱུང་བའི་ལོ་རེའི་འབྲས་བུའི་ཕུད་དེ་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་འཁྱེར་ཡོང་དགོས། ལུག་གུའམ་ར་ཕྲུག་ལ་དེའི་ཨ་མའི་འོ་མའི་ནང་མ་བཙོས་ཤིག།

ཞེལ་བཞེས་རྣམས་དང་སློབ་སྟོན་རྣམས།

20ངས་གྲ་སྒྲིག་བྱས་པའི་ས་གནས་དེར་ཁྱོད་ཚོ་འཁྲིད་སྐབས་ལམ་དུ་སྲུང་སྐྱོབ་བྱེད་ཕྱིར་ཁྱོད་ཚོའི་མདུན་དུ་ཕོ་ཉ་ཞིག་གཏོང་གི་ཡིན། 21ཁྱོད་ཚོས་དོ་སྣང་ཆེན་པོས་ཕོ་ཉ་དེའི་བཀའ་ལ་ཉན་ནས་སྲུང་ཞིག དེ་ནི་ངས་བཏང་བ་ཡིན་པས་ཁོང་ལ་ངོ་རྒོལ་མ་བྱེད་ཅིག གལ་སྲིད་ཁོང་ལ་ངོ་རྒོལ་ཞུས་པ་ཡིན་ན་ཁོང་གིས་བཟོད་གསོལ་གནང་མི་ཡོང་། 22འོན་ཀྱང་ཁྱོད་ཚོས་ཁོང་ལ་རྩིས་སྲུང་ཞུས་ཏེ་ངས་གང་ལབ་པར་ཉན་ན་ཁྱོད་ཚོའི་དགྲ་བོ་ཀུན་ལ་ངས་འཐབ་རྒྱུ་ཡིན། 23ངའི་ཕོ་ཉ་དེ་ཁྱོད་ཚོའི་མདུན་དུ་ཕྱིན་ནས་ཁྱོད་ཚོ་ཨ་མོར་པ། ཧི་ཏི་པ། པེ་རི་ཛི་པ། ཀ་ནན་པ། ཧི་ཝི་པ་དང་། ཡ་བུ་ཟི་པ་རྣམས་ཀྱི་མདུན་དུ་འཁྲིད་ཅིང་། ངས་དེ་ཚོ་རྩ་མེད་གཏོང་རྒྱུ་ཡིན། 24ཁྱོད་ཚོས་དེ་ཚོའི་ལྷ་དང་སྐུ་འདྲ་སོགས་ལ་ཕྱག་འཚལ་བ་དང་བསྙེན་བཀུར་སོགས་གང་ཡང་མ་བྱེད་ཅིག དེ་ཚོའི་ཆོས་ལུགས་བཞིན་དུ་མ་བྱེད་པར་སྐུ་འདྲ་རྣམས་མེད་པར་བཟོས་ཤིག དེ་ཚོའི་དམ་པའི་རྡོའི་ཀ་བ་རྣམས་དུམ་བུར་བཅོགས་ཤིག 25ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་བསྙེན་བཀུར་ཞུས་ན་ངས་ཁྱོད་ཚོའི་ཟ་བཏུང་གཉིས་ལ་བྱིན་གྱིས་རླབས་ཤིང་། ནད་གཞི་རྣམས་ཡོངས་སུ་སེལ་རྒྱུ་ཡིན། 26ཁྱོད་ཚོའི་ཡུལ་དུ་བུད་མེད་ཕྲུ་གུ་མི་ཤོར་བ་དང་བུ་ཕྲུག་མེད་པ་གཅིག་ཀྱང་མི་ཡོང་། ངས་ཁྱོད་ཚོའི་མི་ཚེ་རིང་བར་བྱའོ། 27ངས་ཁྱོད་ཚོར་རྒོལ་སེམས་བྱེད་མི་རྣམས་ལ་ང་ལ་འཇིགས་པར་བཟོ་རྒྱུ་དང་། ཁྱོད་ལ་རྒོལ་ཞིང་འཐབ་མཁན་རྣམས་ཕན་ཚུན་མགོ་འཐོམ་པ་བཟོ་རྒྱུ་དང་། ངས་ཁྱོད་ཀྱི་དགྲ་རྣམས་ཁྱོད་ནས་བྲོས་དགོས་པ་བཟོ་རྒྱུ་ཡིན། 28ངས་ཁྱོད་ཚོའི་དགྲ་རྣམས་འཇིགས་སྣང་ངང་བཞག་རྒྱུ་དང་། ཁྱོད་ཚོ་མདུན་བསྐྱོད་བྱེད་སྐབས་ངས་ཧི་ཝི་པ་དང་ཀ་ནན་པ་དང་ཧི་ཏི་པ་རྣམས་མཐར་སྐྲོད་བྱེད་རྒྱུ་ཡིན། 29ལོ་གཅིག་གི་ནང་ངས་དེ་ཚོ་མཐར་སྐྲོད་བྱེད་མི་ཡོང་། གལ་ཏེ་དེ་ལྟར་བྱས་པ་ཡིན་ན་ཡུལ་ཚང་མ་མི་མེད་ལུང་སྟོང་ཞིག་ཏུ་འགྱུར་ཏེ། དེར་གཅན་གཟན་ཧ་ཅང་མང་པོ་ཡོང་ཉེན་ཡོད། 30ཁྱོད་ཚོའི་གྲངས་མང་དུ་འཕེལ་ནས་ས་ཆ་བདག་དབང་མ་བྱེད་པའི་བར་དུ་ངས་ཁོ་ཚོ་ལ་ཕྲན་བུ་བྱས་ནས་རིམ་བཞིན་ཕྱིར་འབུད་བྱེད་རྒྱུ་ཡིན། 31ངས་ཁྱོད་ཚོའི་ཡུལ་གྱི་ས་མཚམས་རྒྱ་མཚོ་དམར་པོ་ནས་མེ་ཌི་ཊ་རེ་ནི་ཡན་བར་དང་འབྲོག་སྟོང་ནས་གཙང་པོ་ཡུབ་རད་བར་དུ་བཟོ་རྒྱུ་ཡིན། ངས་ཁྱོད་ཚོར་དེ་གའི་ཡུལ་མིའི་ཐོག་དབང་ཆ་སྤྲོད་རྒྱུ་ཡིན་པ་དང་། ཁྱོད་ཚོ་མདུན་བསྐྱོད་བྱེད་སྐབས་ཁྱོད་ཚོས་དེ་ཚོར་ཕྱིར་འབུད་བྱེད་ཡོང་། 32ཡུལ་མི་དེ་ཚོ་དང་དེ་ཚོའི་ལྷ་རྣམས་ལ་ཁྱོད་ཚོས་དམ་བཅའ་སོགས་གང་ཡང་མ་བྱེད་ཅིག 33མི་དེ་ཚོ་ཁྱོད་ཀྱི་ཡུལ་དུ་སྡོད་མ་བཅུག་ཅིག དེ་ལྟར་བྱེད་པ་ཡིན་ན་དེ་ཚོས་ཁྱོད་ཚོར་ང་ལ་རྒོལ་ཕྱིར་སྡིག་པ་བྱེད་དུ་བཅུག་ཡོང་། ཁྱོད་ཚོས་དེ་ཚོའི་ལྷ་ལ་བསྙེན་བཀུར་བྱས་པ་ཡིན་ན། ཁྱོད་ཚོ་འཆི་བའི་རྙི་ནང་ཚུད་ཉེན་ཡོད༎

སྡེབ་ཐོན 24

དམ་བཅའ་ལ་དམ་ཕྲུག་རྒྱབ་པ།

1དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། ཁྱོད་དང་ཨ་རོན་དང་། ན་དྷབ་དང་ཨ་བྷི་ཧུ་དང་ཨིསི་རཱཨེལ་གྱི་འགོ་དཔོན་བདུན་བཅུ་བཅས་རིའི་རྩེར་ངའི་རྩར་ཤོག་ཅིག ཁྱོད་ཚོ་ཡར་ཡོང་སྐབས་རྒྱང་རིང་ནས་མགོ་སྒུར་ནས་ང་ལ་བསྙེན་བཀུར་བྱོས་ཤིག 2ཁྱོད་རང་གཅིག་པུ་མ་གཏོགས་གཞན་སུ་ཡང་ངའི་འགྲམ་དུ་ཡོང་མི་ཆོག མི་མང་ཚོ་རིར་འཛེགས་ནས་ཡོང་མི་ཆོག 3མོ་ཤེ་ཕྱིན་ནས་མི་མང་ལ་གཙོ་བོ་དཀོན་མཆོག་གི་བཀའ་དང་བཀའ་ཁྲིམས་རྣམས་སྨྲས་པ་དང་། མི་མང་མཐུན་མོང་ནས་ཞུས་པ། ང་ཚོས་གཙོ་བོ་དཀོན་མཆོག་གིས་བཀའ་གང་གནང་བ་ཚང་མ་སྒྲུབ་རྒྱུ་ཡིན། 4མོ་ཤེས་གཙོ་བོ་དཀོན་མཆོག་གི་བཀའ་རྣམས་ཡིག་ཐོག་ཏུ་བཀོད་ནས། དེའི་སང་ཉིན་སྔ་པོ་མོ་ཤེས་རིའི་བཤམ་དུ་མཆོད་ཁྲི་ཞིག་དང་། དེའི་སྟེང་དུ་ཨིསི་རཱཨེལ་གྱི་རིགས་བརྒྱུད་བཅུ་གཉིས་ཀྱི་ཆེད་དུ་རྡོའི་ཀ་བ་བཅུ་གཉིས་བཟོས་སོ། 5དེ་ནས་ཁོང་གིས་མི་གཞོན་པ་ཚོ་བཏང་སྟེ། དེ་ཚོས་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་དམར་མཆོད་ཕུལ་བ་དང་། གླང་སོགས་མཐུན་འབྲེལ་གྱི་དམར་མཆོད་ཕུལ་ལོ། 6མོ་ཤེས་སེམས་ཅན་རྣམས་ཀྱིི་ཁྲག་ཕྱེད་ཀ་གཞོང་པའི་ནང་བླུགས་པ་དང་ཕྱེད་ཀ་མཆོད་ཁྲིར་བཤོས་སོ། 7དེ་ནས་གཙོ་བོ་དཀོན་མཆོག་གི་བཀའ་བྲིས་ཡོད་པའི་དམ་བཅའི་དེབ་དེ་བླངས་ནས་མི་མང་ལ་སྐད་ཤུགས་ཆེན་པོས་ཀློག་པ་དང་། དེ་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ཞིང་ཅི་གསུང་སྒྲུབ་རྒྱུ་ཡིན་ཞེས་ཞུས་སོ། 8དེ་ནས་མོ་ཤེས་གཞོང་པའི་ཁྲག་དེ་བླངས་ནས་མི་མང་གི་ཐོག་ཏུ་སྟོར་ནས་སྨྲས་པ། གཙོ་བོ་དཀོན་མཆོག་གིས་བཀའ་འདི་ཚོ་ཚང་མ་གནང་དུས་ཁྱོད་ཚོ་དང་མཉམ་དུ་གནང་བའི་དམ་བཅའ་ལ་དམ་ཕྲུག་རྒྱབ་པའི་ཁྲག་འདི་ཡིན་ནོ། 9མོ་ཤེ་དང་ཨ་རོན་དང་ན་དྷབ་དང་ཨ་བྷི་ཧུ་དང་གཞན་ཡང་ཨིསི་རཱཨེལ་གྱི་འགོ་འཛིན་བདུན་ཅུ་བཅས་ཡར་རིའི་སྒང་འཛེགས་ཏེ། 10ཁོ་ཚོས་ཨིསི་རཱཨེལ་གྱི་དཀོན་མཆོག་མཇལ་ལོ། ཁོང་གི་ཞབས་འོག་ཏུ་ཨིན་དྲ་ནི་ལའི་རྡོ་གཅལ་ནམ་མཁའ་ལྟར་སྔོན་པོ་ཡོད་དོ༎ 11དཀོན་མཆོག་གིས་ཨིསི་རཱཨེལ་གྱི་འགོ་འཛིན་ཚོར་གནོད་འཚེ་གང་ཡང་མ་གནང་ཞིང་། ཁོ་ཚོས་དཀོན་མཆོག་མཇལ་བའི་རྗེས་སུ་མཉམ་དུ་འཛོམ་ནས་བཟའ་འཐུང་བྱས་སོ༎

མོ་ཤེ་རི་བོ་སི་ནཨེ་རྩེ་རུ།

12གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་ཁྱོད་ཡར་རི་ལ་འཛེགས་ཏེ་ངའི་རྩར་ཤོག་ཅིག ཁྱོད་འདིར་ཡོད་རིང་མི་མང་ལ་སློབ་སྟོན་བྱེད་པའི་ཕྱིར་ངས་བྲིས་པའི་བཀའ་ཁྲིམས་ཚང་མ་ཡོད་པའི་རྡོ་ལེབ་གཉིས་ཁྱོད་ལ་སྟེར་གྱི་ཡིན་ཅེས་གསུངས་པ་དང་། 13མོ་ཤེ་དང་ཁོང་གི་ཞབས་ཕྱི་ཡོ་ཤུ་ཨ་གྲ་སྒིག་བྱས་ཏེ། མོ་ཤེས་རི་བོ་དམ་པར་འཛེགས་སོ། 14མོ་ཤེས་འགོ་འཛིན་ཚོར་སྨྲས་པ། ང་ཚོ་མ་ཡོང་བར་དུ་སྒར་ས་འདི་ག་རང་དུ་ང་ཚོར་སྒུག་ནས་སྡོད་ཅིག ཨ་རོན་དང་ཧུར་ཁྱོད་ཚོ་མཉམ་དུ་ཡོད་པས། སུ་ལའང་འཁོན་འཁྲུགས་སོགས་བྱུང་ན་ཐག་གཅོད་བྱེད་ཕྱིར་ཁོ་གཉིས་སར་གཏོང་ཞིག 15མོ་ཤེ་རི་བོ་སི་ནཨེ་རུ་འཛེགས་ཏེ་རི་བོ་དེ་སྤྲིན་པ་ཞིག་གིས་བཀབ་བོ། 16གཙོ་བོ་དཀོན་མཆོག་གི་གཟི་བརྗིད་དེ་རི་བོ་སི་ནཨེར་གནས་སོ། ཞག་དྲུག་བར་དུ་རི་བོར་སྤྲིན་གྱིས་བཀབ་བོ། ཞག་བདུན་པར་གཙོ་བོ་དཀོན་མཆོག་གིས་སྤྲིན་གྱི་དཀྱིལ་ནས་མོ་ཤེ་ལ་ཚུར་ཤོག་ཅེས་བཀའ་གནང་ངོ་། 17གཙོ་བོ་དཀོན་མཆོག་གི་གཟི་བརྗིད་དེ་ཨིསི་རཱཨེལ་པ་ཚོས་རི་བོའི་སྟེང་དུ་མེ་འབར་བཞིན་པ་ལྟ་བུ་མཐོང་ངོ་། 18མོ་ཤེས་སྤྲིན་གྱི་དཀྱིལ་ནས་རི་བོར་འཛེགས་ཏེ། དེར་ཉིན་བཞི་བཅུ་དང་མཚན་བཞི་བཅུ་གནས་སོ༎

སྡེབ་ཐོན 25

དབུ་གུར་དམ་པའི་ཆེད་དུ་འབུལ་བ།

(སྡེབ་ཐོན་ ༣༥:༤-༩)

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། 2ང་ལ་འབུལ་བ་འབུལ་དགོས་ཅེས་ཨིསི་རཱཨེལ་པ་ཚོ་ལ་སྨྲོས་ཤིག མི་སུ་ཞིག་གིས་རང་གི་འདོད་མོས་ལྟར་ཕུལ་བའི་འབུལ་བ་གང་ཡིན་རུང་ལེན་ཞིག 3འབུལ་བ་ཁག་ནི་གསེར་དང་དངུལ་དང་ལི་དང་། 4ཀ་ཤི་ཀའི་རས་སྤུས་དག་སྔོན་པོ་དང་མུ་མན་དང་བལ་དམར་པོ་དང་ར་སྤུས་བཟོས་པའི་གོས་དང་། 5ལུག་ཐུག་གི་པགས་པ་ཚོས་དམར་པོ་རྒྱབ་པ་དང་། ཀོ་བ་སྤུས་ལེགས་དང་། ཤིང་ཏིམ་ཤིང་དང་། 6མར་མེའི་ཕྱིར་སྣུམ་དང་། བསྔོ་འབུལ་བྱས་པའི་སྣུམ་དང་། དྲི་ཞིམ་ལྡན་པའི་སྤོས་ཀྱི་ཆེད་དུ་སྨན་རྫས་རྣམས་དང་། 7བླ་ཆེན་གྱི་ན་བཟའ་ཨེ་ཕོད་དང་བྲང་རྒྱན་སོགས་ལ་རྒྱན་ཆེད་མཆོང་དང་ནོར་བུའི་རིགས་བཅས་འཛོག་དགོས། 8ང་མི་མང་གི་དཀྱིལ་དུ་གནས་པའི་ཕྱིར་མི་མང་ནས་གུར་དམ་པ་ཞིག་བཟོ་དགོས། 9ངས་དཔེ་སྟོན་པ་བཞིན་ཁྱོད་ཚོས་གུར་དམ་པ་དང་དེའི་ཡོ་བྱད་ཚང་མ་ལེགས་པར་བཟོ་དགོས༎

དམ་བཅའི་སྒྲོམ།

(སྡེབ་ཐོན་ ༣༧:༡-༩)

10ཁྱོད་ཚོས་སྒྲོམ་རིང་ཐུང་སན་ཊི་མི་ཊར་ ༡༡༠ ཞེང་ཁ་སན་ཊི་མི་ཊར་ ༦༦། མཐོ་ཚད་སན་ཊི་མི་ཊར་ ༦༦ བྱས་པ་ཞིག་ཤིང་ཏིམ་ཤིང་ལས་བཟོ་དགོས། 11དེའི་ཕྱི་ནང་གཉིས་ཀར་གསེར་བཙོ་མས་གཡོགས་ཏེ། དེའི་མཐའ་རྒྱན་ཡང་གསེར་གྱི་བསྐོར་དགོས། 12གཞན་ཡང་སྒྲོམ་གྱི་རྐང་པ་བཞི་ལ་གསེར་གྱི་འཁྱེར་བྱེད་ཨ་ལོང་བཞི་བཟོས་ནས་དེ་དང་ཕྱོགས་རེ་ལ་ཨ་ལོང་གཉིས་གཉིས་དགར་དགོས། 13སྒྲོམ་འཁྱེར་བྱེད་རྒྱུག་པ་རྣམས་དེ་ཤིང་ཏིམ་ཤིང་ལས་བཟོས་ཏེ་གསེར་གྱི་བཏུམ་དགོས། 14རྒྱུག་པ་དེ་རྣམས་སྒྲོམ་གྱི་ཨ་ལོང་རེ་རེའི་ནང་བཅུག་དགོས། 15རྒྱུག་པ་རྣམས་ཨ་ལོང་ནང་བཅུག་ནས་བཞག་དགོས་པ་ལས་ཕྱིར་བཏོན་མི་རུང་། 16དེ་ནས་ངས་སྟེར་རྒྱུ་ཡིན་པའི་བཀའ་ཁྲིམས་བྲིས་ཡོད་པའི་རྡོ་ལེབ་གཉིས་པོ་དེའི་ནང་དུ་བཞག་དགོས་སོ། 17གསེར་བཙོ་མ་ལས་བཟོས་པའི་ཁེབས་རིང་ཐུང་སན་ཊི་མི་ཊར་ ༡༡༠། ཞེང་ཁ་སན་ཊི་མི་ཊར་ ༦༦ བྱས་པ་ཞིག་བཟོ་དགོས་སོ། 18གསེར་ལྗང་རྡུང་གི་ཀེ་རུབ་གཉིས་བཟོས་ཞིག 19དེ་གཉིས་པོ་དེའི་ཁེབས་ཀྱི་མཐའ་ལ་རེ་རེར་བཞག་དགོས། ཀེ་རུབ་དེ་ཚོ་ཁེབས་མཉམ་དུ་སྦྱར་ནས་གསེར་དུམ་བུ་གཅིག་རང་ལས་བཟོས་པ་ལྟར་ཡིན་དགོས། 20ཀེ་རུབ་དེ་གཉིས་ཀྱི་གདོང་གཅིག་གིས་གཅིག་ལ་བལྟ་བ་དང་དེའི་ཤོག་པས་ཁེབས་དེ་འགེབས་པར་བྱེད་དགོས། 21རྡོ་ལེབ་དེ་གཉིས་སྒྲོམ་གྱི་ནང་དུ་བཅུག་ནས་དེའི་སྟེང་ཁེབས་རྒྱབ་དགོས། 22དེར་ངས་ཁྱོད་དང་འཕྲད་རྒྱུ་དང་ཁེབས་སྟེང་གི་ཀེ་རུབ་གཉིས་ཀྱི་དཀྱིལ་ནས་ཨིསི་རཱཨེལ་གྱི་མི་མང་ལ་ངའི་བཀའ་ཁྲིམས་རྣམས་ཁྱོད་ལ་སྤྲད་རྒྱུ་ཡིན༎

དཀོན་མཆོག་ལ་བག་ལེབ་འབུལ་བའི་ལྕོག་རྩེ།

(སྡེབ་ཐོན་ ༣༧:༡༠-༡༦)

23ཤིང་ཏིམ་ཤིང་གི་རྒྱ་ལྕོག་རིང་ཐུང་སན་ཊི་མི་ཊར་བརྒྱད་ཅུ་གྱ་བརྒྱད་དང། ཞེང་ཁ་སན་ཊ་མི་ཊར་བཞི་ཅུ་ཞེ་བཞི་དང་། མཐོ་ཚད་སན་ཊི་མི་ཊར་དྲུག་ཅུ་རེ་དྲུག་བྱས་པ་ཞིག་བཟོས་ཏེ། 24དེ་ལ་གསེར་བཙོ་མས་གཡོག་པ་དང་། དེའི་མཐའ་རྒྱན་ཡང་གསེར་གྱི་བསྐོར་དགོས། 25ཁ་མཚམས་ཀྱི་ཞེང་ཁ་མི་ལི་མི་ཊར་བདུན་ཅུ་དོན་ལྔ་དང་ཁ་མཚམས་ཀྱི་མཐའ་འཁོར་དུ་གསེར་གྱི་མཐའ་རྒྱན་རྒྱབ་དགོས། 26གསེར་གྱི་ཨ་ལོང་བཞི་བཟོས་ཏེ་དེ་དག་རྐང་པ་ཡོད་སའི་ཟུར་བཞི་ལ་དགར་དགོས། 27རྒྱ་ལྕོག་འཁྱེར་བྱེད་རྒྱུག་པ་རྣམས་བཅུག་སའི་ཨ་ལོང་དེ་ཁ་མཚམས་ཀྱི་འཁྲིས་ལ་བཞག་དགོས། 28རྒྱུག་པ་རྣམས་ཤིང་ཏིམ་ཤིང་གི་བཟོས་དགོས་པ་དང་དེ་ཚོར་གསེར་གཡོག་དགོས། 29རྒུན་ཆང་འབུལ་བར་བླུགས་ཆེད་སྡེར་མ་དང་ཕོར་པ་དང་བུམ་པ་དང་སྣོད་གཞོང་བཅས་དེ་ཚོ་ཚང་མ་གསེར་སྤུས་དག་ལས་བཟོ་དགོས། 30གསོལ་ལྕོག་དེ་དམ་བཅའི་སྒྲོམ་གྱི་མདུན་དུ་བཞག་དགོས་དང་། གསོལ་ལྕོག་གི་སྟེང་དུ་རྟག་ཏུ་ང་ལ་འབུལ་བའི་བག་ལེབ་དམ་པ་དེ་འཇོག་དགོས༎

མར་མེའི་སྟེགས་བུ།

31མར་མེའི་སྟེགས་བུ་གཅིག་པོ་དེ་གསེར་བཙོ་མ་ལས་བཟོ་དགོས། དེའི་ཞབས་ར་དང་ཡུ་བ་བཅས་གསེར་ལྗང་རྡུང་གི་བཟོ་དགོས། དེའི་མཛེས་རྒྱན་མེ་ཏོག་དང་ཐེའུ་དང་འདབ་མ་ཚང་མ་གསེར་དུམ་བུ་གཅིག་རང་ལས་བཟོ་དགོས། 32དེའི་ཕྱོགས་རེ་རེ་ནས་ཡལ་ག་གསུམ་རེ་བྱས་ཏེ་ཡལ་ག་དྲུག་བཏོན་དགོས། 33ཡལ་ག་དྲུག་ནས་ཡལ་ག་རེ་རེར་སྟར་ཀའི་དབྱིབས་ལྟར་མཛེས་རྒྱན་མེ་ཏོག་དང་ཐེའུ་འདབ་མ་བཅས་གསུམ་རེ་བཟོ་དགོས། 34སྟེགས་བུའི་ཡུ་བར་མཛེས་རྒྱན་གྱི་ཆེད་དུ་སྟར་ཀའི་དབྱིབས་ལྟར་ཐེའུ་དང་འདབ་མ་ཡོད་པའི་མེ་ཏོག་བཞི་བཟོ་དགོས། 35ཡལ་ག་ཆ་གསུམ་རེའི་འོག་ཏུ་མེ་ཏོག་གི་ཐེའུ་རེ་དགོས། 36ཐེའུ་དང་ཡལ་ག་དང་སྟེགས་བུ་བཅས་པར་གསེར་ལྗང་རྡུང་དུམ་བུ་གཅིག་རང་ལས་སྒྲུབ་པ་དགོས། 37སྟེགས་བུའི་སྟེང་དུ་སྒྲོན་མེ་བདུན་བཟོས་ནས། དེ་རྣམས་མདུན་ཕྱོགས་སུ་འོད་འཕྲོ་བའི་ཕྱིར་སླངས་ནས་བཞག་དགོས། 38དེའི་སྐམ་པ་རྣམས་དང་ཤིང་ཁྲོལ་རྣམས་གསེར་བཙོ་མ་ལས་བཟོ་དགོས། 39སྟེགས་བུ་དང་གཞན་ཡོ་བྱད་ཚང་མ་བཟོ་བའི་ཕྱིར་གསེར་བཙོ་མ་ཀི་ལོ་གསུམ་ཅུ་སོ་ལྔ་བེད་སྤྱོད་བྱེད་དགོས། 40དེ་རྣམས་ངས་རི་བོའི་སྟེང་དུ་དཔེ་སྟོན་པ་ལྟར་བཟོ་དགོས་སོ༎

སྡེབ་ཐོན 26

གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ།

1ཁྱོད་ཀྱིས་ང་གནས་པའི་དབུ་གུར་དམ་པའི་དབུགུར་གྱི་ནང་ལོགས་སུ་ཀ་ཤི་ཀའི་རས་དུམ་བུ་བཅུ་ལས་བལ་གྱི་སྐུད་པ་སྔོན་པོ་དང་། མུ་མན་དང་དམར་པོ་བཅས་ཀྱི་འཐག་པའི་ཡོལ་བ་བཅུ་ བཟོས་དགོས། ཡོལ་བ་དེར་ཀེ་རུབ་ཀྱི་དབྱིབས་ཀྱི་འཚེམ་འདྲུག་རྒྱབ་དགོས། 2ཡོལ་བ་ཆེ་ཆུང་གི་ཚད་ནི་ཚང་མ་གཅིག་པ་བྱེད་དགོས། ཡོལ་བ་དེར་རིང་ཚད་མི་ཊར་བཅུ་གཉིས་དང་། ཞེང་ཚད་མི་ཊར་གཉིས་རེ་བྱེད་དགོས། 3ཡོལ་བ་ལྔ་ཕྱོགས་གཅིག་ཏུ་མཐུད་ནས་འཚེམ་དགོས་ཤིང་། འཕྲོས་ལྔ་པོ་དེ་ཡང་དེ་བཞིན་ཕྱོགས་གཅིག་ཏུ་འཚེམ་དགོས། 4ཡོལ་བ་ལྔ་རེ་ཕྱོགས་གཅིག་ཏུ་འཚེམ་པའི་རས་ཡོལ་ཆེན་པོ་རེ་རེའི་ཕྱི་ལོག་གི་སྣེ་མོར་རས་སྔོན་པོའི་སྒྲོག་བུ་དག་བཟོ་དགོས། 5དུམ་བུ་དང་པོ་དེ་ལ་ཁྱོད་ཀྱི་སྒྲོག་བུ་ལྔ་བཅུ་འཚེམ་དགོས་པ་དང་། དེ་བཞིན་དུམ་བུ་གཉིས་པའི་མཐའ་མ་དེ་ལ་འང་སྒྲོག་བུ་ལྔ་བཅུ་འཚེམ་དགོས་ཏེ། དུམ་བུ་རྣམས་ཕན་ཚུན་ཁ་ཐུག་འཁེལ་དགོས་པ་བྱེད་དགོས། 6དུམ་བུ་ཆེན་པོ་གཉིས་ཕྱོགས་གཅིག་ཏུ་འབྲེལ་བའི་ཕྱིར་གསེར་གྱི་ལྕགས་ཀྱུ་ལྔ་བཅུ་བཟོ་དགོས། 7ར་སྤུས་བཟོས་པའི་གོས་དུམ་བུ་བཅུ་གཅིག་གིས་དབུ་གུར་དམ་པ་ཁེབས་གཅིག་བཟོ་དགོས། 8དེ་རྣམས་ཀྱི་རིང་ཐུང་མི་ཊར་བཅུ་གསུམ་དང་ཞེང་ཁ་མི་ཊར་གཉིས་བཅས་ཆེ་ཆུང་གཅིག་པ་བཟོ་དགོས། 9དེ་རྣམས་དུམ་བུ་ལྔ་ཕྱོགས་གཅིག་ཏུ་འཚེམ་དགོས་པ་དང་། དུམ་བུ་དྲུག་ཕྱོགས་གཞན་དུ་འཚེམ་དགོས། དུམ་བུ་དྲུག་པ་དེ་ཉིས་ལྡབ་བྱས་ནས་གུར་གྱི་མདུན་དུ་ལྟབ་རྩིག་རྒྱབ་དགོས། 10སྒྲོག་བུ་ལྔ་བཅུ་དེ་དུམ་བུ་མཐའ་མའི་མཐའ་རུ་སྒྲོག་དགོས། དུམ་བུ་གཞན་དེ་མཐའ་རུ་སྒྲོག་བུ་ལྔ་བཅུ་བསྒྲོག་དགོས། 11ལིའི་ལྕགས་ཀྱུ་ལྔ་བཅུ་བཟོ་དགོས་པ་དང་། དེ་རྣམས་སྒྲོག་བུའི་ནང་བླུགས་ནས། དུམ་བུ་ཆེན་པོ་གཉིས་གཅིག་ཏུ་འབྲེལ་བ་དང་གུར་ཁེབས་གཅིག་ཡོང་བ་བཟོ་དགོས། 12གུར་གྱི་རྒྱབ་ཕྱོགས་སུ་ལྷག་འཕྲོ་དུམ་བུ་ཕྱེད་ཀ་བརྐྱངས་དགོས། 13གུར་དེ་ཕྱོགས་གཉིས་ནས་འགེབས་པའི་ཕྱིར་དུ་དུམ་བུ་འཕར་མ་རིང་ཚད་སན་ཊི་མི་ཊར་ལྔ་བཅུ་བྱེད་པ་དེ་ཕྱོགས་གཉིས་ནས་མར་སྣར་དགོས། 14ལུག་ཐུག་གི་པགས་པ་ཚོས་དམར་པོ་རྒྱབ་པ་དང་། གཞན་ཀོ་བ་སྤུས་ལེགས་ཀྱི་ཁེབས་གཉིས་བཟོ་དགོས་པ་དང་། དེ་གཉིས་ཕྱིའི་ཁེབས་ཀྱི་ཆེད་དུ་བེད་སྤྱོད་བྱེད་དགོས། 15ཤིང་ཏིམ་ཤིང་གི་ཕྱི་སྒྲོམ་དེ་འདྲོང་པོ་བཟོ་དགོས། 16སྒྲོམ་རེ་རེའི་རིང་ཐུང་མི་ཊར་བཞི་དང་ཞེང་ཁ་སན་ཊི་མི་ཊར་དྲུག་ཅུ་རེ་དྲུག་དང་། 17དེ་གཉིས་གཅིག་ཏུ་འབྲེལ་བའི་ཕྱིར་ཁོག་གཟེར་འདྲ་མཚུངས་གཉིས་བཟོས་ཤིང་། སྒྲོམ་ཚང་མར་ཁོག་གཟེར་དེ་ལྟར་དགོས། 18ལྷོ་ཕྱོགས་ལ་སྒྲོམ་ཉི་ཤུ་བཟོ་དགོས་དང་། 19འོག་ཏུ་དངུལ་གྱི་ཞབས་གདན་བཞི་བཅུ་འགྲོ་བ་དགོས་པ་དང་། ཁོག་གཟེར་གཉིས་བཟུང་བའི་ཕྱིར་སྒྲོམ་རེར་ཞབས་གདན་གཉིས་རེ་དགོས། 20གུར་གྱི་བྱང་ཕྱོགས་སུ་ཕྱི་སྒྲོམ་ཉི་ཤུ་བཟོ་དགོས་པ་དང་། 21དངུལ་གྱི་ཞབས་གདན་བཞི་བཅུ་བཟོ་དགོས་པ་དང་། ཕྱི་སྒྲོམ་རེ་རའི་འོག་ཏུ་གཉིས་རེ་དགོས་སོ། 22ནུབ་ཕྱོགས་སུ་གུར་གྱི་རྒྱབ་ངོས་སུ་ཕྱི་སྒྲོམ་དྲུག་བཟོ་དགོས་པ་དང་། 23ཟུར་གྱི་ཆེད་དུ་སྒྲོམ་གཉིས་དགོས་པ་དང་། 24ཟུར་གྱི་སྒྲོམ་རྣམས་མཐིལ་དུ་སྦྱོར་དགོས་པ་དང་རྩེ་མོ་བར་དུ་འབྲེལ་བ་དགོས། སྒྲོམ་གཉིས་ཀྱི་ཟུར་དེ་ཡང་དེ་བཞིན་བཟོ་དགོས། 25དེར་བརྟེན་སྒྲོམ་བརྒྱད་དང་དངུལ་གྱི་ཞབས་གདན་བཅུ་དྲུག་བཅས་སྒྲོམ་རེར་ཞབས་གདན་གཉིས་རེ་དགོས་སོ། 26ཤིང་ཏིམ་ཤིང་གི་རྒྱབ་ལག་བཅོ་ལྔ་བཟོ་དགོས། གུར་གྱི་ཕྱོགས་གཅིག་གི་ཕྱི་སྒྲོམ་ལ་རྒྱབ་ལག་ལྔ་དགོས་པ་དང་། 27ཕྱོགས་གཞན་གྱི་སྒྲོམ་ལ་ལྔ་དང་ནུབ་ཀྱི་མཐའི་རྒྱབ་ཕྱོགས་ལ་ལྔ་དགོས། 28སྒྲོམ་གྱི་དབུས་ཀྱི་རྒྱབ་ལག་དེ་གུར་གྱི་མཐའ་གཅིག་ནས་གཞན་བར་ཁྱབ་དགོས། 29སྒྲོམ་ལ་གསེར་གཡོག་པ་དང་རྒྱབ་ལག་ཟིན་པའི་ཕྱིར་དུ་དེ་རྣམས་གསེར་གྱི་ཨ་ལོང་གི་སྒྲིག་དགོས། རྒྱབ་ལག་རྣམས་ལའང་གསེར་གཡོག་དགོས། 30ངས་རི་བོའི་སྟེང་དུ་དཔེ་སྟོན་པ་ལྟར་གུར་ཕུབ་དགོས། 31བལ་སྐུད་ཚོན་མདོག་སྔོན་པོ་དང་མུ་མན་དང་དམར་པོ་ལས་འཐག་པའི་ཀ་ཤི་ཀའི་རས་སྤུས་དག་ནས་ཡོལ་བ་བཟོ་དགོས། དེར་ཀེ་རུབ་དབྱིབས་ཀྱི་འཚེམ་འདྲུག་རྒྱབ་དགོས། 32གསེར་གཡོག་པས་ཤིང་ཏིམ་ཤིང་ལས་བཟོས་པའི་ཀབ་བཞིའི་སྟེང་དུ་གསེར་གྱི་ལྕགས་ཀྱུར་ཡོལ་བ་དེ་བརྐོན་དགོས། ཡོལ་བའི་གཤམ་དེ་དངུལ་གྱི་ཞབས་གདན་བཞིའི་སྟེང་འཁེལ་དགོས། 33གུར་སྟེང་གི་ལྕགས་ཀྱུ་གྲ་སྒྲིག་ཡོད་པའི་འོག་ཏུ་ཡོལ་བ་དེ་བཏང་དགོས་པ་དང་། བཀའ་ཁྲིམས་བྲིས་ཡོད་པའི་རྡོ་ལེབ་གཉིས་བཅུག་སའི་དམ་བཅའི་སྒྲོམ་དེ་ཡོལ་བའི་རྒྱབ་ཏུ་བཞག་དགོས། ཡོལ་བ་དེ་གནས་དམ་པ་དང་ཤིན་ཏུ་དམ་པའི་གནས་གཉིས་ཀྱི་བར་མཚམས་བཅད་རྒྱུ་ཡིན། 34དམ་བཅའི་སྒྲོམ་ལ་ཁེབས་དགོས། 35ཤིན་ཏུ་དམ་པའི་གནས་ཀྱི་ཕྱི་ལོགས་སུ་གུར་གྱི་བྱང་ངོས་ལ་གསོལ་ལྕོག་རྒྱབ་དགོས་པ་དང་། སྒྲོན་མེའི་སྟེགས་བུ་དེ་ལྷོ་ངོས་སུ་བཞག་དགོས། 36བལ་སྐུད་ཚོན་མདོག་སྔོན་པོ་དང་མུ་མན་དང་དམར་པོས་འཐག་པའི་ཀ་ཤི་ཀའི་རས་སྤུས་ལེགས་ཁར་འཚེམ་འདྲུབ་རྒྱབ་པའི་སྒོ་ཡོལ་ཞིག་བཟོས་ཏེ་གུར་གྱི་སྒོར་རྒྱབ་དགོས། 37སྒོ་ཡོལ་གྱི་ཆེད་དུ་ཤིང་ཏིམ་ཤིང་གི་ཀ་བ་ལྔ་ལ་གསེར་གཡོག་ནས། དེར་གསེར་གྱི་ལྕགས་ཀྱུ་དགར་དགོས། ཀ་བའི་ཕྱིར་ལིའི་ཞབས་གདན་ལྔ་བཟོ་དགོས༎

སྡེབ་ཐོན 27

མཆོད་ཁྲི།

(སྡེབ་ཐོན་ ༣༨:༡-༧)

1ཁྱོད་ཀྱིས་ཤིང་ཏིམ་ཤིང་ལས་མཆོད་ཁྲི་ཞིག་བཟོ་དགོས་ཏེ། དེའི་རིང་ཚད་དང་ཞེང་ཚད་ནི་མི་ཊར་གཉིས་དང་སེན་ཀྲི་མི་ཊར་ཉི་ཤུ་བཅས་དེ་ནི་གྲུ་བཞི་དགོས། དེའི་མཐོ་ཚད་ནི་མི་ཊར་གཅིག་དང་སེན་ཀྲི་མི་ཊར་གསུམ་བཅུ་བྱེད་པ་ཞིག་བཞེངས་དགོས། 2དེའི་ཟུར་བཞིའི་རྩེ་རུ་ཕྱིར་འཐོན་པའི་ཤིང་གི་ར་ཅོ་བཟོ་དགོས། རྭ་ཅོ་དེ་དང་མཆོད་ཁྲིའི་ཤིང་དུམ་བུ་གཅིག་རང་ལས་བཟོས་པ་ཞིག་དགོས་ཏེ། དེ་དག་ཡོངས་སུ་ལི་ཡིས་བཏུམས་དགོས། 3ཁྱོད་ཀྱིས་ཞག་ཚིལ་ཡོད་པའི་གོ་ཐལ་བསྡུ་བྱེད་སྣོད་གཞོང་རྣམས་དང་། མེ་ཁྱིམ་རྣམས་དང་། ཆུའི་ཏིང་རྣམས་དང་། ལྕགས་ཀྱུ་ཡོད་པའི་ཤ་འཛིན་རྣམས་དང་། མེ་ཕོར་རྣམས་ལིའི་བཟོ་དགོས། 4ཁྱོད་ཀྱིས་ལིའི་དྲ་བ་ཞིག་བཟོས་ནས་དྲ་བ་དེའི་ཟུར་བཞི་ལ་ལིའི་ཨ་ལོང་རྣམས་བཟོས་ཤིག 5དྲ་བ་དེ་ནི་མཆོད་ཁྲིའི་ཁ་མཚམས་ཀྱི་འོག་ཏུ་བཅུག་སྟེ་མཆོད་ཁྲི་ཕྱེད་ཀ་ཙམ་དུ་སླེབས་པ་བྱོས་ཤིག 6མཆོད་ཁྲི་འཁྱེར་བྱེད་རྒྱུག་པ་རྣམས་ཤིང་ཏིམ་ཤིང་ལས་བཟོས་པ་དེ་ལ་ལིས་གཡོག་དགོས། 7མཆོད་ཁྲི་འཁྱེར་སྐབས་ཤིང་དེ་དག་མཆོད་ཁྲིའི་གཡས་གཡོན་གྱི་ཨ་ལོང་ཀྱི་ནང་བཅུག་དགོས། 8མཆོད་ཁྲི་དེ་ནི་སྤང་ལེབ་ཀྱི་བཟོ་དགོས་པ་དང་། ངས་རི་བོའི་སྟེང་དུ་དཔེ་སྟོན་པ་བཞིན་དེ་ཁོག་སྟོང་བཞག་དགོས༎

གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ར་བ།

(སྡེབ་ཐོན་ ༣༨:༩-༢༠)

9ང་གནས་པའི་དབུ་དགུར་དམ་པར་བསྐོར་ནས་ཀ་ཤི་ཀའི་རས་སྤུས་དག་གི་ར་བ་ཞིག་བཟོ་དགོས། ལྷོ་ཕྱོགས་ཀྱི་ཡོལ་བའི་རིང་ཐུང་མི་ཊར་བཞི་ཅུ་ཞེ་བཞི་དགོས། 10དེར་ལིའི་ཞབས་གདན་ཉི་ཤུ་ནང་ལིའི་ཀ་བ་ཉི་ཤུ་སྟེགས་དགོས། ཀ་བའི་ལྕགས་ཀྱུ་དང་མདའ་རྣམས་དངུལ་གྱི་བཟོ་དགོས། 11བྱང་ཕྱོགས་ཀྱི་ར་བ་ཡང་དེ་བཞིན་བཟོ་དགོས། 12ནུབ་ཕྱོགས་ཀྱི་ཡོལ་བའི་རིང་ཐུང་མི་ཊར་ཉི་ཤུ་རྩ་གཉིས་དང་། ཀ་བ་བཅུ་དང་ཞབས་གདན་བཅུ་དགོས། 13ཤར་ཕྱོགས་ཀྱི་སྒོ་ཡོད་སར་ར་བའི་ཞེང་ཁ་མི་ཊར་ཉི་ཤུ་རྩ་གཉིས་དགོས། 14-15གཞུང་སྒོའི་གཡས་གཡོན་རེར་མི་ཊར་དྲུག་དང་སན་ཊི་མི་ཊར་དྲུག་བཅུའི་ཡོལ་བ་རྣམས་གནས་པ་དང་། ཡོལ་བ་དེ་རྣམས་རེ་རེ་བཞིན་ཞབས་གདན་གསུམ་གྱི་སྟེང་དང་ཀ་བ་གསུམ་ཁར་བཞག་དགོས། 16གཞུང་སྒོར་ཡོལ་བ་མི་ཊར་དགུ་བྱས་པ་ཚོན་མདོག་སྔོན་པོ་དང་མུ་མན་དང་དམར་པོ་བྱས་པ་ཀ་ཤི་ཀའི་རས་སྤུས་དག་གི་འཐག་པ་དང་དེར་འཚེམ་འདྲུབ་རྒྱབ་དགོས་ཏེ། དེ་ནི་ཀ་བ་བཞི་དང་ཞབས་གདན་བཞིས་སྟེགས་དགོས་པ་ཡིན། 17ར་བའི་མཐའ་འཁོར་གྱི་ཀ་བ་རྣམས་དངུལ་གྱི་ལྕགས་མདས་མཐུད་དགོས་ཏེ། དེའི་ལྕགས་ཀྱུ་རྣམས་དངུལ་དང་ཞབས་གདན་རྣམས་ལི་ཡིན་པ་དགོས། 18ར་བ་རིང་ཐུང་མི་ཊར་བཞི་ཅུ་ཞེ་བཞི་དང་ཞེང་ཁ་མི་ཊར་ཉི་ཤུ་རྩ་གཉིས་དང་། མཐོ་ཚད་མི་ཊར་གཉིས་དང་སན་ཊི་མི་ཊར་ཉི་སུ་དགོས། ཡོལ་བ་རྣམས་ཀ་ཤི་ཀའི་རས་སྤུས་དག་དང་ཞབས་གདན་རྣམས་ལིའི་བཟོས་པ་དགོས། 19དབུ་གུར་དམ་པར་བེད་སྤྱོད་བྱེད་པའི་ཡོ་བྱད་ཚང་མ་ལིས་བཟོ་དགོས། དབུ་གུར་དམ་པའི་ར་བའི་ཕྱེད་དུ་ཕུར་པ་ཚང་མ་ལིས་བཟོ་དགོས༎

མར་མེ

(ལེ་ཝི་ ༢༤:༡-༤)

20ཕྱི་དྲོ་རྟག་ཏུ་སྒྲོན་མེ་སྤར་བའི་ཕྱིར་ཁ་སྐྱུར་པོའི་སྣུམ་སྤུས་ལེགས་འཁྱེར་ཡོང་དགོས་ཞེས་ཨིསི་རཱཨེལ་མི་མང་རྣམས་ལ་བཀའ་བསྒོས་ཤིག 21གུར་ནང་གི་དམ་བཅའི་སྒྲོམ་གྱི་མདུན་དང་གུར་གྱི་ནང་དུ་ཡོད་པའི་ཡོལ་བའི་རྒྱབ་ངོས་སུ་ཨ་རོན་དང་ཁོའི་བུ་བརྒྱུད་རྣམས་ཀྱིས་མར་མེ་སྒྲིག་དགོས་ཏེ། དེ་ཚོ་ངའི་མདུན་དུ་དགོང་དྲོ་ནས་སྔ་དྲོ་བར་སྤར་ནས་བཞག་དགོས། ཨིསི་རཱཨེལ་དང་ཁོའི་མི་བརྒྱུད་རྣམས་ནས་བཀའ་འདི་དག་དུས་གཏན་དུ་བརྩི་དགོས་སོ༎

སྡེབ་ཐོན 28

བླ་མ་རྣམས་ཀྱི་ཆོས་གོས།

(སྡེབ་ཐོན་ ༣༩:༡-༧)

1ཁྱོད་ཀྱི་ཨ་ཇོ་ཨ་རོན་དང་ཁོའི་བུ་ན་དྷབ་དང་ཨ་བྷི་ཧུ་དང་ཨེ་ལི་ཛར་དང་ཨི་ཐ་མར་བཅས་སྐད་གཏོང་ཞིག ཁོ་ཚོ་ཨིསི་རཱཨེལ་གྱི་མི་མང་དང་ལོགས་སུ་དབྱེ་བ་བྱེད་དགོས། གང་ལ་ཟེར་ན། ཁོ་ཚོས་བླ་མའི་ཚུལ་དུ་ང་ལ་ཞབས་ཕྱི་ཞུ་དགོས་སོ། 2ཁྱོད་ཀྱི་ཨ་ཅོ་ཨ་རོན་གྱི་དོན་དུ་བླ་མའི་ཆོས་གོས་གཟི་བརྗིད་ཅན་དང་ཡིད་དུ་འོང་བ་ཞིག་བཟོ་དགོས། 3ངས་སྤྲད་པའི་ཤེས་རབ་ཀྱི་ཁྱབ་པར་བྱས་པའི་འཚེམ་བཟོ་བ་མཁས་པ་རྣམས་སྐད་བཏང་ནས་ཨ་རོན་གྱི་ཆོས་གོས་འཚེམ་དགོས་པའི་བཀའ་གཏོང་དགོས། དེ་རྗེས་ཁོས་བླ་མའི་ཚུལ་དུ་ངའི་ཞབས་ཕྱི་ཞུ་ཕྱིར་བསྔོ་འབུལ་བྱེད་དགོས། 4ཁོ་ཚོར་བྲང་རྒྱན་ཞིག་དང་། བླ་གོས་ཨེ་ཕོད་དང་། ན་བཟའ་དང་། འཚེམ་འདྲུབ་རྒྱབ་པའི་སྟོད་གོས་དང་། གཞན་ཡང་མགོ་དཀྲི་ཞིག་དང་སྐེ་རག་བཅས་བཟོ་དགོས་པའི་བཀའ་གཏོང་དགོས། དེ་ཚོས་བླ་མའི་ཆོས་གོས་དེ་དག་ཁྱོད་ཀྱི་ཨ་ཇོ་ཨ་རོན་དང་ཁོའི་བུ་བརྒྱུད་རྣམས་ཀྱི་ཆེད་དུ་བཟོ་དགོས་ཤིང་། ཁོ་ཚོས་བླ་མའི་ཚུལ་དུ་ངའི་ཞབས་ཕྱི་ཞུ་དགོས་པ་ཡིན་ནོ། 5འཚེམ་བཟོ་བ་ཚོས་བལ་སྐུད་ཚོན་མདོག་སྔོན་པོ་དང་མུ་མན་དང་དམར་པོ་དང་། དེ་བཞིན་གསེར་སྐུད་དང་ཀ་ཤི་ཀའི་རས་སྤུས་ལེགས་བཅས་བེད་སྤྱོད་བྱེད་དགོས། 6དེ་ཚོས་བླ་གོས་ཨེ་ཕོད་དེ་བལ་སྐུད་སྔོན་པོ་དང་མུ་མན་དང་དམར་པོ་དང་གཞན་ཡང་གསེར་སྐུད་དང་ཀ་ཤི་ཀའི་རས་སྤུས་ལེགས་བཅས་ཀྱི་བཟོ་དགོས་པ་དང་། དེར་འཚེམ་འདྲུག་གིས་མཛེས་རྒྱན་རྒྱས་པར་རྒྱབ་དགོས། 7བླ་གོས་ཨེ་ཕོད་དེ་དཔུང་པར་ལུང་ཐག་གཉིས་ཀྱི་འགྲམ་དུ་སྒྲོག་དགོས། 8ཨེ་ཕོད་དང་རྒྱུ་གཅིག་པ་བྱས་པའི་སྐེ་རག་སྤུས་ལེགས་ཤིག་འཐག་ནས་ཨེ་ཕོད་དང་མཉམ་དུ་སྒྲོག་དགོས། 9མཆོང་གི་རྡོ་གཉིས་བླངས་ནས་དེར་ཡ་ཀོབ་ཀྱི་བུ་བཅུ་གཉིས་ཀྱི་མིང་བརྐོས་དགོས། 10དེ་ཚོ་སྔོན་སྐྱེས་ནས་ཆུང་ཤོས་བར་རིམ་བཞིན་རྡོ་གཅིག་ལ་མིང་དྲུག་དང་རྡོ་གཞན་ལ་མིང་དྲུག་བཅས་བརྐོས་དགོས། 11རྡོ་བརྐོ་མཁས་པས་རྡོ་གཉིས་ཡ་ཀོབ་ཀྱི་བུ་ཚོའི་མིང་བརྐོ་དགོས་པ་དང་། རྡོ་དེ་གཉིས་གསེར་གྱི་སྒྲོམ་ཚོའི་ནང་སྦྱོར་དགོས་པ་ཡིན། 12རྡོ་དེ་གཉིས་ཨིསི་རཱཨེལ་གྱི་མི་བརྒྱུད་བཅུ་གཉིས་བསྟན་ཕྱིར་བླ་གོས་ཨེ་ཕོད་ཀྱི་དཔུང་པའི་ལུང་ཐག་གཉིས་ཀྱི་སྟེང་དུ་བཞག་དགོས། དེ་ལྟར་ང་གཙོ་བོ་དཀོན་མཆོག་གིས་ངའི་མི་དམངས་དྲན་པའི་ཕྱིར་ཨ་རོན་གྱི་དེ་ཚོའི་མིང་རང་གི་དཔུང་པའི་སྟེང་འཁྱེར་དགོས། 13གསེར་གྱི་ཁྲ་ཁུང་གཉིས་བཟོས་ཤིག། 14དེར་ལྷས་པའི་ཐག་པ་ལྟར་གསེར་བཙོ་མའི་གསེར་ཐག་གཉིས་བཟོས་ནས་གསེར་གྱི་ཁྲ་ཁུང་ཚོའི་ནང་སྦྱོར་དགོས༎

བྲང་རྒྱན།

(སྡེབ་ཐོན་ ༣༩:༨-༢༡)

15དཀོན་མཆོག་གི་ཐུགས་དགོངས་ཧ་གོ་བའི་ཕྱིར་བླ་ཆེན་གྱི་ཆེད་དུ་བྲང་རྒྱན་ཞིག་བཟོ་དགོས། དེ་ནི་ཨེ་ཕོད་དང་རྒྱུ་གཅིག་པ་ཡིན་དགོས། དེར་འཚེམ་འདྲུབ་ཀྱང་གཅིག་པ་བྱས་པ་བཟོ་དགོས། 16དེའི་དབྱིབས་ནི་གྲུ་བཞི་དང་ལྟེབ་རྩིག་ཉིས་ལྡབ་བྱས་པ་རིང་ཐུང་སན་ཊི་མི་ཊར་ ༢༢ དང་། ཞེང་ཁ་ཡང་སན་ཊི་མི་ཊར་ ༢༢ བྱས་པ་དགོས། 17དེར་རྡོ་རྩ་ཆེན་ཁག་གྲལ་བཞི་ལ་སྒྲིགས་ནས་རྒྱན་དགོས། གྲལ་དང་པོར་པད་མ་ར་ག་དང་། ཊོ་པཛ་ཞེས་པ་ནོར་བུའི་རིགས་ཀྱི་རྡོ་སེར་པོ་དང་། ཡང་གྷར་ནེཊ་ཞེས་པའི་ནོར་བུའི་རིགས་ཀྱི་རྡོ་དམར་པོ་དང་། 18གྲལ་གཉིས་པར་ནོར་བུ་མ་རྒད་དང་། ཨིན་དྲ་ནི་ལ་དང་རྡོ་རྗེ་ཕ་ལམ་དང་། 19གྲལ་གསུམ་པར་གཡུ་དང་མ་ནེ་ཧོར་དང་། མུན་ཤེལ་ཞེས་པ་ནོར་བུའི་རིགས་ཀྱི་རྡོ་སྔོ་དམར་བྱས་པ་ཞིག་དང་། 20གྲལ་བཞི་པར་སྤུ་ཤ་ཀ་ར་ཞེས་པའི་ནོར་བུའི་རིགས་ཤིག་དང་། མཆོང་དང་གཡང་ཊི་བཅས་དགོས། དེ་དག་གསེར་གྱི་སྒྲོམ་ནང་སྦྱོར་དགོས། 21ཨིསི་རཱཨེལ་གྱི་སྡེ་རྣམས་བསྟན་ཕྱིར་རྡོ་བཅུ་གཉིས་དེ་ཚོ་ལ་ཡ་ཀོབ་ཀྱི་བུ་བཅུ་གཉིས་ཀྱི་མིང་བརྐོད་དགོས། 22བྲང་རྒྱན་ལ་དགར་ཆེད་ལྷས་པའི་ཐག་པ་ལྟར་གསེར་བཙོ་མའི་གསེར་ཐག་རྣམས་བཟོ་དགོས། 23གསེར་གྱི་ཨ་ལོང་གཉིས་བཟོས་ནས་དེ་གཉིས་བྲང་རྒྱན་གྱི་ཐོད་ཀྱི་ཟུར་གཉིས་ལ་སྦྱོར་ཞིག 24གསེར་གྱི་ཐག་པ་གཉིས་ཨ་ལོང་གཉིས་ལ་བཅིངས་ཤིག 25གསེར་གྱི་ཐག་པ་དེ་རང་གི་སྣེ་མོ་གཞན་གཉིས་དེ་སྒྲོམ་གཉིས་ལ་སྦྱོར་ནས་དེ་ལྟར་བླ་གོས་ཨེ་ཕོད་ཀྱི་དཔུང་ཐག་གི་མདུན་ཕྱོགས་སུ་སྦྱོར་དགོས། 26དེ་ནས་གསེར་གྱི་ཨ་ལོང་གཉིས་བཟོས་ནས་བླ་གོས་ཨེ་ཕོད་དང་ཉེ་བར་བྲང་རྒྱན་གྱི་ཟུར་འོག་མའི་ནང་གི་མཐའ་གཉིས་ལ་སྦྱོར་དགོས། 27ད་དུང་གསེར་གྱི་ཨ་ལོང་གཉིས་བཟོས་ནས་ཨེ་ཕོད་ཀྱི་དཔུང་ཐག་གཉིས་གི་གཤམ་དང་དེའི་མདུན་དུ་ངོས་ཀྱི་ཚེམ་ཁའི་མཐུད་མཚམས་སུ་འཁེལ་བར་བྱས་ཏེ། ལེགས་པར་འཐག་པའི་སྐེ་རག་དེའི་ཐོད་དུ་སྦྱར་དགོས། 28ཐག་པ་སྔོན་པོས་ཨེ་ཕོད་ཀྱི་ཨ་ལོང་རྣམས་བྲང་རྒྱན་གྱི་ཨ་ལོང་དང་མཉམ་དུ་བསྡམས་དགོས། དེ་ལྟར་བྱེད་དགོས་དོན་ནི་བྲང་རྒྱན་སྐེ་རག་གི་ཐོད་དུ་བརྟན་པོར་གནས་ཤིང་ལྷུག་པོ་མི་ཆགས་པའི་ཕྱིར་ཡིན་ནོ། 29ཨ་རོན་གནས་དམ་པར་འཛུལ་སྐབས་ཨིསི་རཱཨེལ་གྱི་སྡེ་ཚོའི་མིང་བརྐོས་པའི་བྲང་རྒྱན་དེ་གྱོན་དགོས། དེའི་སྒོ་ནས་ང་གཙོ་བོ་དཀོན་མཆོག་གིས་ངའི་མི་མང་རྟག་ཏུ་དྲན་པར་འགྱུར་རོ། 30བྲང་རྒྱན་གྱི་ནང་དུ་ཨུ་རིམ་དང་ཐུམ་མིམ་གཉིས་བཅུག་དགོས། ཨ་རོན་ངའི་གནས་དམ་པའི་ནང་དུ་ཡོང་སྐབས་ཁོས་དེ་གཉིས་རང་དང་མཉམ་དུ་འཁྱེར་དགོས། དེ་ལྟར་ཁོས་བྲང་རྒྱན་དེ་རྒྱུན་དུ་བཏགས་པའི་སྒོ་ནས་ཨིསི་རཱཨེལ་མི་མང་གི་སྐོར་ལ་གཙོ་བོ་དཀོན་མཆོག་ངའི་བསམ་ཚུལ་གང་ཡོད་པ་དེ་ཁོས་རྟོགས་ཐུབ་པ་ཡིན་ནོ༎

བླ་མའི་ཆོས་གོས་གཞན་རྣམས།

(སྡེབ་ཐོན་ ༣༩:༢༢-༣༡)

31ཨེ་ཕོད་ཀྱི་འོག་ཏུ་གྱོན་དགོས་པའི་ན་བཟའ་དེ་ནི་བལ་སྔོ་ཀྱང་ལས་བཟོ་དགོས། 32མགོ་བཅུག་ཕྱིར་ཐོད་དུ་ཨི་ཁུང་ཞིག་དགོས་ཏེ་ཨི་ཁུང་དེ་མི་རལ་བའི་ཆེད་དུ་དེ་ལ་མཐའ་སྒྲིལ་ཞིག་གིས་བསྐོར་དགོས། 33-34དེའི་མཐའ་འཇག་འོག་མར་བལ་སྐུད་སྔོན་པོ་དང་། མུ་མན་དང་དམར་པོས་སེ་འབྲུའི་དབྱིབས་བཟོས་ཏེ་དགར་དགོས་པ་དང་། དེའི་བར་མཚམས་རེ་རེར་གསེར་གྱི་དྲིལ་ཆུང་རེའང་དགར་དགོས། 35ཨ་རོན་གྱི་བླ་མའི་ཞབས་ཞུ་བྱེད་སྐབས་བླ་མའི་གྱོན་གོས་དེ་དག་གྱོན་དགོས། ཁོ་ངའི་གནས་དམ་པའི་ནང་ངའི་མདུན་དུ་ཡོང་སྐབས་དང་དེ་ནས་ཐོན་སྐབས་ཁོའི་གྱོན་གོས་ཀྱི་དྲིལ་བུའི་སྒྲོག་བས་ཁོ་ཤི་བར་མི་འགྱུར། 36གསེར་བཙོ་མས་རྒྱན་ཆ་ཞིག་བཟོས་ནས་གཙོ་བོ་དཀོན་མཆོག་གི་དོན་དུ་བསྔོ་བ་ཡིན་ཞེས་བརྐོས་ཤིག 37དེ་ཐོད་དཀྲི་ཀྱི་མདུན་ཕྱོགས་སུ་འཐག་པ་སྔོན་པོ་ཞིག་གིས་བསྡམས་ནས། 38ཨ་རོན་གྱི་ཐོད་པར་བཏགས་དགོས། དེ་ལ་བརྟེན་ནས་ཨིསི་རཱཨེལ་པ་ཚོས་འབུལ་བ་འབུལ་སྟངས་ནོར་བ་ཡིན་ནའང་། གཙོ་བོ་དཀོན་མཆོག་གིས་འབུལ་བ་དེ་དག་ངོས་ལེན་གནང་རྒྱུ་ཡིན། 39ཨ་རོན་གྱི་སྟོད་ཐུང་ཀ་ཤི་ཀའི་རས་སྤུས་དག་གི་འཐག་དགོས་པ་དང་། དེ་བཞིན་ཐོད་དཀྲི་ཀྱང་ཀ་ཤི་ཀའི་རས་སྤུས་དག་ལས་བཟོ་དགོས་པ་དང། དཔུང་ཐག་ཀྱང་འཚེམ་འདྲུབ་གིས་བརྒྱན་དགོས། 40ཨ་རོན་གྱི་བུ་རྣམས་གཟི་བརྗིད་ཅན་དང་ཡིད་འོང་ལྡན་པའི་ཕྱིར་སྟོད་ཐུང་དང་དཔུང་ཐག་དང་དབུ་ཞ་བཅས་བཟོ་དགོས། 41ན་བཟའ་དེ་རྣམས་ཁྱོད་ཀྱི་ཨ་ཇོ་ཨ་རོན་དང་ཁོའི་བུ་རྣམས་ལ་གཡོག་ནས། ཁོང་ཚོས་ང་ལ་བླ་མའི་ཞབས་ཞུ་བྱེད་པའི་ཕྱིར་ཁོ་ཚོར་བསྔྔོ་འབུལ་གྱི་སྣུམ་བྱུགས་ནས་བསྔོ་ཞིང་བསྐོ་གཞག་བྱེད་དགོས། 42ང་ཚོའི་ངོ་ཚ་མི་མངོན་པའི་ཕྱིར་ཀ་ཤི་ཀའི་རས་ཀྱི་སྨད་གོས་སྐེ་པ་ནས་བརླ་ཤེའི་བར་དུ་སླེབས་པ་བཟོ་དགོས། 43ཨ་རོན་དང་ཁོའི་བུ་རྣམས་བླ་མའི་ཚུལ་དུ་ང་གནས་པའི་དབུ་གུར་དམ་པ་ཡང་ན་མཆོད་ཁྲིར་ཞབས་ཞུ་བྱེད་སྐབས་འཛུལ་དུས། དེར་རྟག་ཏུ་གོས་དེ་གྱོན་དགོས། གང་ལགས་ཟེར་ན། ངོ་ཚ་མངོན་པའི་རྐྱེན་གྱིས་མི་བསད་པའི་ཕྱིར་རོ། ཨ་རོན་དང་ཁོའི་རིགས་བརྒྱུད་ཚོས་ཆོས་ཁྲིམས་འདི་དག་རྟག་ཏུ་སྲུང་དགོས་པ་ཡིན་ནོ༎

སྡེབ་ཐོན 29

ཨ་རོན་དང་ཁོའི་བུ་བརྒྱུད་རྣམས་བླ་མར་ཁྲི་འདོན་བྱེད་སྐབས་ཀྱི་སློབ་སྟོན།

(ལེ་ཝི་ ༨:༡-༣༦)

1ཨ་རོན་དང་ཁོའི་བུ་ཚོ་བླ་མའི་ལེ་ཚན་ཁྲི་འདོན་བྱེད་སྐབས་ཀྱི་ལས་རིམ་འདི་ལྟར་བྱེད་དགོས། གླང་སྐྱོན་མེད་གཞོན་པ་ཞིག་དང་ལུག་ཐུག་སྐྱོན་མེད་གཉིས་དགོས། 2གྲོ་ཞིབ་སྤུས་དག་ལས་ཆི་མན་མ་བླུགས་པའི་བག་ལེབ་ཁ་ཤེས་ཁ་སྐྱུར་པོའི་སྣུམ་ནང་སྲེག་དགོས་པ་དང་། ཁ་ཤས་ཁ་སྐྱུར་པོའི་སྣུམ་མེད་པར་སྐམ་པོ་དང་། བག་ལེབ་སྲབ་པོ་ཁ་ཤས་ལ་སྣུམ་བྱུགས་ནས་སྲེག་དགོས། 3དེ་རྣམས་ཙེལ་པོ་ཞིག་གི་ནང་བླུགས་ཏེ་གླང་དང་ལུག་གཉིས་ཀྱི་དམར་མཆོད་འབུལ་སྐབས་དེ་ང་ལ་འབུལ་དགོས། 4ཨ་རོན་དང་ཁོའི་བུ་རྣམས་ང་གནས་པའི་དབུ་གུར་དམ་པའི་སྒོའི་འགྲམ་དུ་འཁྲིད་ཡོང་ནས་དེ་དག་ལ་ཆོས་ཁྲིམས་བཞིན་ཁྲུས་བྱེད་བཅུག་དགོས། 5དེ་ནས་ཨ་རོན་ལ་བླ་མའི་ཆོས་གོས་སྟོད་གོས་དང་ཨེ་ཕོད་ཀྱི་ནང་དུ་གྱོན་དགོས་པའི་ན་བཟའ་དང་། ཨེ་ཕོད་དང་བྲང་རྒྱན་སྐེ་རག་བཅས་གཡོག་དགོས། 6ཐོད་དཀྲི་གཡོག་ནས་དེའི་ཁར་གཙོ་བོ་དཀོན་མཆོག་གི་དོན་དུ་ཕུལ་བ་ཡིན་ནོ་ཞེས་བྲིས་པའི་རྟགས་མཚན་དམ་པའི་བྱང་བུ་དེ་བཏགས་དགོས། 7དེ་ནས་བསྔོ་འབུལ་གྱི་སྣུམ་དེ་མགོ་ལ་བླུགས་ནས་ཁོ་ལ་བསྔོ་འབུལ་བྱེད་དགོས། 8ཁོའི་བུ་རྣམས་འཁྲིད་ཡོང་ནས་ཁོ་ཚོར་སྟོད་གོས་དག་གཡོགས་ཤིག 9སྐེ་པར་སྐེ་རག་བཅིང་ནས་མགོ་ལ་ཞྭ་མོ་གཡོགས་ཞིང་། ཨ་རོན་དང་ཁོའི་བུ་རྣམས་དེ་ལྟར་ཁྲི་འདོན་བྱེད་དགོས། དེ་ཚོ་དང་དེ་ཚོའི་མི་བརྒྱུད་རྣམས་ནས་བླ་མའི་ཚུལ་དུ་དུས་རྟག་ཏུ་ང་ལ་ཞབས་ཕྱི་ཞུ་དགོས། 10གླང་དེ་ནི་ང་གནས་པའི་དབུ་གུར་དམ་པའི་ཟུར་ཁང་གི་མདུན་ཕྱོགས་སུ་འཁྲིད་ཡོང་ནས། ཨ་རོན་དང་བུ་ཚོའི་ལག་པ་དེའི་མགོ་ལ་བཞག་དགོས་ཅེས་སྨྲོས་ཤིག 11དབུ་གུར་དམ་པའི་གཞུང་སྒོར་གཙོ་བོ་དཀོན་མཆོག་གི་མདུན་དུ་གླང་དེ་གསོད་ཅིག 12ཁྱོད་ཀྱིས་གླང་གི་ཁྲག་གཏོགས་ཙམ་ཞིག་བླངས་ཏེ་མཛུབ་མོས་མཆོད་ཁྲིའི་རྭ་ཅོ་རྣམས་ལ་བསྐུས་ནས་ལྷག་ལུས་རྣམས་མཆོད་ཁྲིའི་ཞབས་ལ་བླུགས་ཤིག 13དེ་རྗེས་ནང་ཁྲོལ་གྱི་ཚིལ་ལུ་དང་མཆིན་པའི་ཆ་ཤས་ཡག་ཤོས་དང་ཚིལ་དང་མཉམ་དུ་མཁལ་མ་གཉིས་བཅས་ང་ལ་འབུལ་ནས་མཆོད་ཁྲིའི་ཁར་སྲེག་ཅིག 14འོན་ཀྱང་གླང་གི་ཤ་དང་པགས་པ་རྒྱུ་མ་བཅས་གྲོང་གི་ཕྱི་རོལ་དུ་སྲེག་དགོས། དེ་ནི་བླ་མ་ཚོའི་སྡིག་བཤགས་ཀྱི་འབུལ་བ་ཡིན་ནོ། 15ལུག་ཅིག་བླངས་ནས་ཨ་རོན་དང་ཁོའི་བུ་ཚོས་དེའི་མགོ་ལ་ལག་པ་ཞོག་ཅིག་ཅེས་སྨྲོས་ཤིག 16དེ་བསད་ནས་དེའི་ཁྲག་བླངས་ནས་མཆོད་ཁྲིའི་ཕྱོགས་བཞིར་བཤོས་ཤིག 17ལུག་ཐུག་དེ་དུམ་བུར་ཆོད་ལ་ནང་ཁྲོལ་དང་རྒྱབ་རྐང་གཉིས་བཀྲུས་ནས་མགོ་དང་ཤ་དུམ་བུ་གཞན་རྣམས་ཀྱི་སྟེང་དུ་ཞོག་ཅིག 18ཞལ་ཟས་ཀྱི་མཆོད་པར་ལུག་ཐུག་ཆ་ཚང་མཆོད་ཁྲིའི་ཁར་སྲེག་ཅིག མཆོད་པ་དེའི་དྲི་བཟང་གིས་ང་མགུ་བར་འགྱུར། 19ད་ལུག་ཐུག་གཞན་དེ་བླངས་ནས་ཨ་རོན་དང་ཁོའི་བུ་ཚོས་དེའི་མགོ་ལ་ལག་པ་བཞག་དགོས་ཅེས་སྨྲོས་ཤིག 20དེ་གསོད་ལ་དེའི་ཁྲག་བླངས་ནས་ཨ་རོན་དང་ཁོའི་བུ་ཚོའི་རྣ་ཤལ་གཡས་པ་དང་ལག་པ་གཡས་པའི་མཐེ་པོ་དང་། རྐང་པ་གཡས་པའི་མཐེ་པོ་ལ་བསྐུས་ནས་ཁྲག་ལྷག་མ་རྣམས་མཆོད་ཁྲིའི་ཕྱོགས་བཞི་ལ་གཏོར་ཞིག 21མཆོད་ཁྲིར་ཡོད་པའི་ཁྲག་ཕྲན་བུ་དང་བསྔོ་འབུལ་གྱི་སྣུམ་ཕྲན་བུ་བླངས་ནས་ཨ་རོན་དང་ཁོའི་གྱོན་ཆས་དང་བུ་ཚོ་དང་ཁོ་ཚོའི་གྱོན་ཆས་ཁར་གཏོར་ཞིག དེ་ནས་ཁོ་དང་ཁོའི་བུ་ཚོ་དང་དེ་ཚོའི་གྱོན་ཆས་དང་བཅས་པ་དམ་པར་འགྱུར་རོ། 22ལུག་ཐུག་གི་ཚིལ་ལུ་དང་ཚིལ་ལུ་ཡོད་པའི་མཛུག་མོ་དང་ནང་ཁྲོལ་གྱི་ཚིལ་ལུ་དང་མཆིན་པའི་ཆ་ཤས་ཡག་ཤོས་དང་ཚིལ་ལུ་ཡོད་པའི་མཁལ་མ་གཉིས་དང་བརླ་ཤ་གཡས་པ་བཅས་བཏུབ་ནས་སོ་སོར་དབྱེ་དགོས། 23ང་ལ་འབུལ་བའི་བག་ལེབ་ཀྱི་སླེ་པོ་ནས་བག་ལེབ་སྣ་རེ་རེ་དང་ཁ་སྐྱུར་པོའི་སྣམ་གྱི་བཟོས་པའི་བག་ལེབ་དང་། ཆི་མན་མེད་པའི་བག་ལེབ་ཞིག་དང་། གཞན་ཡང་བག་ལེབ་སྲབ་བོ་ཤིག་ལེན་ཏེ། 24ཁ་ཟས་དེ་ཚོ་ཨ་རོན་དང་ཁོའི་བུ་ཚོའི་ལག་པར་བཞག་ནས་ཁོ་ཚོས་ང་ལ་དམིགས་བསལ་གྱི་ཚུལ་དུ་བསྔོ་དགོས་ཤེས་སྨྲོས་ཤིག 25དེ་རྗེས་ཁ་ཟས་དེ་དག་ཁོ་ཚོའི་ལག་ནས་ལེན་ཏེ་མཆོད་ཁྲིར་སྦྱིན་སྲེག་གི་མཆོད་འབུལ་གྱི་ཚུད་དུ་སྲེག་ཅིག མཆོད་པ་དེའི་དྲི་བཟང་གིས་ང་མགུ་བར་འགྱུར། 26ལུག་ཐུག་གི་བྲང་ཁོག་དེ་ལེན་ནས་ང་ལ་དམིགས་བསལ་གྱི་མཆོད་པར་བསྔོ་དགོས། སེམས་ཅན་གྱི་ཆ་ཤས་དེ་ཁྱོད་ཚོའི་ཡིན་པར་འགྱུར། 27བླ་མ་ཞིག་བསྔོ་འབུལ་སྐབས་སུ་ལུག་ཐུག་གི་བྲང་ཁོག་དང་བརླ་ཤ་རྣམས་བསྔོ་འབུལ་གྱི་ཆེད་དུ་བེད་སྤྱོད་བྱེད་པ་དེ་ལ་དམིགས་བསལ་གྱི་འབུལ་བར་ང་ལ་འཕུལ་ནས་དེ་དག་བླ་མའི་ཆེད་དུ་ཟུར་དུ་ཞོག་ཅིག 28ངའི་མི་མང་གི་མཐུན་གྲོགས་ཀྱི་མཆོད་འབུལ་བྱེད་སྐབས་སེམས་ཅན་གྱི་བྲང་ཁོག་དང་བརླླ་ཤ་རྣམས་བླ་མར་དག་པ་ཡིན། དེ་ནི་ངའི་བསྒྱུར་བ་མེད་པའི་ཐག་གཅོད་ཡིན་ཏེ། མཆོད་འབུལ་དེ་ནི་མི་མང་གིས་ང་གཙོ་བོ་དཀོན་མཆོག་ལ་འབུལ་བ་ཡིན་ནོ། 29ཨ་རོན་ཤི་བའི་རྗེས་སུ་ཁོའི་བླ་མའི་ཆོས་གོས་དེ་ཁོའི་བུ་ཚོར་སྤྲོད་དགོས། ཁོའི་ཆོས་གོས་དེ་བུ་ཚོས་ཁྲི་འདོན་སྐབས་སུ་གྱོན་དགོས། 30ཨ་རོན་གྱི་བུ་བླ་མའི་ཤུལ་འཛིན་བྱེད་མཁན་དེ་ང་གནས་པའི་དབུ་གུར་དམ་པའི་ནང་གི་གནས་དམ་པར་ཞབས་ཞུར་འཛུལ་སྐབས་ན་བཟའ་དེ་ཉིན་བདུན་བར་དུ་གྱོན་དགོས། 31ཨ་རོན་དང་ཁོའི་བུ་ཚོར་བསྔོ་འབུལ་སྐབས་བེད་སྤྱོད་བྱེད་པའི་ལུག་ཐུག་གི་ཤ་དེ་འཁྱེར་ནས་གནས་དམ་པར་བཙོས་ཤིག 32ཁོ་ཚོས་ཤ་དེ་སླེ་པོའི་ནང་ཡོད་པའི་བག་ལེབ་ལྷག་མ་དང་མཉམ་དུ་ང་གནས་པའི་དབུ་གུར་དམ་པའི་སྒོར་ཟ་དགོས། 33ཁོ་ཚོའི་བསྔོ་འབུལ་སྐབས་སུ་སྡིག་སེལ་གྱི་ཆོ་གར་བེད་སྤྱོད་བྱེད་པའི་ཤ་དང་ཁ་ཟས་དག་ཁོ་ཚོས་ཟ་དགོས། ཁ་ཟས་དེ་ཚོ་ནི་དམ་པ་ཡིན་པས་བླ་མས་མ་གཏོགས་ཟ་མི་རུང་བ་ཡིན་ནོ། 34ཤ་དང་བག་ལེབ་སོགས་ཟ་མ་ཐུབ་པར་སང་ཞོག་བར་ལུས་པ་ཡིན་ན། དེ་ནི་མེར་སྲེག་བཏང་དགོས། དེ་ཟ་མི་ཆོག་གོ། གང་ཡིན་ཟེར་ན་དེ་ནི་དམ་པ་ཡིན་པའི་ཕྱིར་རོ། 35ངས་བཀའ་བསྒོ་བ་བཞིན་ཨ་རོན་དང་ཁོའི་བུ་ཚོར་ཁྲི་འདོན་གྱི་ཆོ་ག་དེ་ཉིན་བདུན་བར་བྱེད་དགོས། 36སྡིག་བཤགས་ཀྱི་ཕྱིར་ཁྱོད་ཀྱིས་ཉིན་རེར་གླང་ཞིག་དམར་མཆོད་འབུལ་དགོས། དེའི་སྒོ་ནས་མཆོད་ཁྲི་གཙང་བར་བྱས་ཏེ། མཆོད་ཁྲིར་ཁ་སྐྱུར་པོའི་སྣུམ་བྱུགས་ནས་དམ་པར་བྱེད་དགོས། 37དེ་ལྟར་ཉིན་རེ་བཞིན་ཉིན་ཞག་བདུན་བར་དུ་བྱེད་དགོས། དེ་རྗེས་མཆོད་ཁྲི་དེ་ཡོངས་སུ་དམ་པར་འགྱུར་བ་དང་། སུས་ཀྱང་མཆོད་ཁྲི་དེ་ལ་རེག་ན་དེ་ནི་དམ་པར་འགྱུར་རོ༎

ཉིན་རེར་འབུལ་བ།

(གྲངས་ཀ་ ༢༨:༡-༨)

38ཉིན་རེ་བཞིན་ལོ་གཅིག་ལོན་པའི་ལུ་གུ་གཉིས་རེར་མཆོད་ཁྲིར་དུས་རྟག་ཏུ་དམར་མཆོད་འབུལ་དགོས། 39ལུག་གུ་གཅིག་སྔ་དྲོ་དང་གཅིག་ཕྱི་དྲོའི་དུས་སུ་དམར་མཆོད་འབུལ་དགོས། 40ལུག་གུ་དང་པོ་དེ་མཉམ་དུ་གྲོ་ཞིབ་སྤུས་དག་ཀི་ལོ་གཅིག་དང་ཁ་སྐྱུར་པོའི་སྣུམ་ལི་ཊར་གཅིག་དང་བསྲེས་ནས་འབུལ་ཞིག རྒུན་ཆང་ལི་ཊར་གང་མཆོད་པར་བཤོས་དགོས། 41ལུག་གུ་གཉིས་པ་དེ་ཕྱི་དྲོར་གྲོ་ཞིབ་དང་ཁསྐྱུར་པོའི་་སྣུམ་དང་རྒུན་ཆང་བཅས་མང་ཉུང་སྔ་དྲོ་ལྟར་འབུལ་དགོས། དེ་ནི་གཙོ་བོ་དཀོན་མཆོག་ལ་ཞལ་ཟས་ཀྱི་མཆོད་པ་འབུལ་བ་ཡིན་པས་དེའི་དྲ་བཟང་གིས་ང་མགུ་བར་འགྱུར། 42མ་འོངས་པར་དུས་རྟག་ཏུ་སྦྱིན་སྲེག་གི་མཆོད་པ་དེ་ང་གནས་པའི་དབུ་གུར་དམ་པའི་སྒོར་ངའི་མདུན་དུ་འབུལ་དགོས། ས་གནས་དེ་ནི་ངས་མི་དམངས་འཕྲད་ཕྱིར་ས་གནས་དང་ཁྱོད་དང་གཏམ་གླེང་བྱེད་ས་དེ་ཡིན། 43དེར་ངས་ཨིསི་རཱཨེལ་གྱི་མི་མང་དང་འཕྲད་པ་དང་། ངའི་གཟི་བརྗིད་བཀྲག་ཆེན་གྱི་ས་གནས་དེ་དམ་པར་འགྱུར་རོ། 44ངས་དབུ་གུར་དམ་པ་དེ་དང་མཆོད་ཁྲི་དམ་པར་བཟོས་ཏེ་ཨ་རོན་དང་ཁོའི་བུ་ཚོ་བླ་མའི་ཚུལ་དུ་ང་ལ་ཞབས་ཕྱི་ཞུ་ཕྱིར་ལོགས་སུ་བྱེད་རྒྱུ་ཡིན། 45ང་ཨིསི་རཱཨེལ་མི་དམངས་ཀྱི་ཁྲོད་དུ་གནས་ཏེ་ཁོ་ཚོའི་དཀོན་མཆོག་ཏུ་འགྱུར་ཞིང་། 46ང་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་དེ་ཚོ་དང་མཉམ་དུ་གནས་པའི་ཕྱིར་ངས་ཁོ་ཚོ་ཨི་ཇིབ་ནས་འདོན་པ་དེ་ཁོ་ཚོས་ཤེས་པར་འགྱུར་རོ། ང་ནི་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་ཡིན་ནོ༎

སྡེབ་ཐོན 30

སྤོས་བདུག་སའི་མཆོད་ཁྲི།

(སྡེབ་ཐོན་ ༣༧:༢༥-༢༨)

1སྤོས་བདུག་ཕྱིར་ཤིང་ཏིམ་ཤིང་གི་མཆོད་ཁྲི་ཞིག་བཟོ་དགོས། 2དེའི་དབྱིབས་ནི་གྲུ་བཞི་དང་། རིང་ཐུང་སན་ཊི་མི་ཊར་བཞི་བཅུ་ཞེ་ལྔ་དང་ཞེང་ཁ་སན་ཊི་མི་ཊར་བཞི་བཅུ་ཞེ་ལྔ་དང་། མཐོ་ཚད་སན་ཊི་མི་ཊར་དགུ་བཅུ་བྱས་པ་ཞིག་བཟོ་དགོས། དེའི་ཟུར་བཞིའི་རྭ་ཅོ་རྣམས་ནི་མཆོད་ཁྲི་དེ་དང་དུམ་བུ་གཅིག་རང་ལས་བྱས་པ་དགོས། 3དེའི་ཐོད་དང་ཟུར་བཞི་དང་གཞན་ཡང་རྭ་ཅོ་རྣམས་གསེར་བཙོ་མ་ལས་འགེབས་དགོས། དེའི་མཐའ་འཁོར་ལ་གསེར་གྱི་མཐའ་རྒྱན་བཟོ་དགོས། 4དེར་གསེར་གྱི་ཨ་ལོང་གཉིས་བཟོ་དགོས་པ་དང་། དེ་ཕྱོགས་གཉིས་ཀྱི་མཐའ་རྒྱན་གྱི་འོག་ཏུ་དགོས། དེ་འཁྱེར་བྱེད་རྒྱུག་པ་རྣམས་བཟུང་བའི་ཕྱིར་ཡིན་ནོ། 5རྒྱུག་པ་རྣམས་ཤིང་ཏིམ་ཤིང་གི་བཟོས་ནས་དེ་ལ་གསེར་གཡོག་དགོས། 6མཆོད་ཁྲི་དེ་དམ་བཅའི་སྒྲོམ་གྱི་མདུན་དུ་ཡོལ་བའི་ཕྱི་ལོགས་སུ་ཞོག་ཅིག དེ་ནི་ངས་ཁྱོད་ཚོ་དང་འཕྲད་པའི་ས་གནས་ཡིན་ནོ། 7ཞོགས་པ་རྟག་ཏུ་ཨ་རོན་མར་མེ་གྲ་སྒྲིགས་བྱེད་པར་ཡོང་སྐབས་དེའི་སྟེང་དུ་དྲི་ཞིམ་གྱི་སྤོས་བདུག་དགོས། 8ཁོས་ཕྱི་དྲོ་མར་མེ་སྤར་སྐབས་ཀྱང་དེ་བཞིན་བྱེད་དགོས། སྤོས་བདུག་པའི་མཆོད་འབུལ་དེ་ནི་དུས་རྒྱུན་དུ་བར་མ་ཆད་པར་བྱེད་དགོས། 9ཁྱོད་ཚོས་མཆོད་ཁྲི་དེའི་སྟེང་དུ་འབུལ་མ་རུང་བའི་སྤོས་དང་། སེམས་ཅན་གྱི་དམར་མཆོད་དང་འབྲུའི་རིགས་ཀྱི་མཆོད་པ་འབུལ་མི་ཆོག དེའི་སྟེང་དུ་རྒུན་ཆང་གི་མཆོད་པ་ཡང་བཤོས་མི་ཆོག 10ལོ་རེར་ཐེངས་གཅིག་ཨ་རོན་གྱི་སྡིག་བཤགས་ཀྱི་དམར་མཆོད་དེ་ཕུལ་ནས་དེའི་ཁྲག་དེ་མཆོད་ཁྲིའི་ར་ཅོ་བཞིར་བྱུགས་ཏེ་མཆོད་ཁྲི་དེ་གཙང་སྦྲའི་ཆོ་ག་བྱེད་དགོས། དེ་ནི་ལོ་རེར་ཐེངས་རེ་བྱེད་དགོས། དེ་ནི་ང་གཙོ་བོ་དཀོན་མཆོག་གི་དོན་དུ་བསྔོ་བའི་མཆོད་ཁྲི་དེ་ཡོངས་སུ་དམ་པ་ཡིན་དགོས་སོ༎

གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ཕྱིར་དུ་ཁྲལ།

11གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། 12ཨིསི་རཱཨེལ་མི་མང་གི་གྲངས་གཤེར་སྐབས་མི་རེ་རེས་རང་གི་སྲོག་རིན་དེ་ང་ལ་འབུལ་དགོས། དེ་ནི་མི་མང་གི་གྲངས་གཤེར་བྱེད་སྐབས་རྐྱེན་ངན་མི་བྱུང་བའི་ཕྱིར་ཡིན་ནོ། 13གྲངས་གཤེར་ཁོངས་སུ་ཚུད་པ་ཚང་མས་འབུལ་འོས་པའི་དངུལ་ཁྲལ་འཇལ་དགོས་སོ། དངུལ་དེ་ནི་གཞུང་གི་ཁྲིམས་སྲོལ་ལྟར་བཏན་འབེབས་བྱས་པའི་ཚད་ལྟར་འཇལ་དགོས། ཆང་མས་དེ་ནི་ང་ལ་འབུལ་བའི་ཚུལ་དུ་འབུལ་དགོས། 14གྲངས་གཤེར་ཁོངས་སུ་ཚུད་པའི་མི་ལོ་ཉི་ཤུ་དང་དེ་ཡན་ཆད་ཀྱིས་རིན་དེ་ང་ལ་འབུལ་དགོས། 15མི་ཚོས་རང་གི་སྲོག་རིན་འཇལ་སྐབས་མི་ཕྱུག་པོས་མང་བ་དང་དབུལ་པོས་ཉུང་བ་འབུལ་མི་དགོས། 16དངུལ་དེ་ཨིསི་རཱཨེལ་གྱི་མི་མང་ནས་བསྡུ་དགོས་ཏེ། དེ་ནས་ང་གནས་པའི་དབུ་གུར་དམ་པའིི་བལྟ་རྟོགས་བྱེད་པའི་འགྲོ་སོང་གཏོང་དགོས། མཆོད་ཁྲལ་དེ་མིའི་སྲོག་རིན་དུ་འབུལ་བ་ཡིན་པས། ངས་ཁོ་ཚོར་སྲུང་སྐྱོབ་བྱ་རྒྱུ་དྲན་གསོ་བྱེད་ཡོང་༎

ལིའི་གཞོང་པ།

17གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། 18གཞོང་པ་དང་ཞབས་ར་གཉིས་ཀ་ལི་ལས་བྱས་པ་ཞིག་བཟོས་ཏེ། དེའི་ནང་ཆུ་བླུགས་ཏེ་དབུ་གུར་དམ་པ་དང་མཆོད་ཁྲིའི་བར་ལ་བཞག་དགོས། 19ཨ་རོན་དང་ཁོའི་བུ་ཕྲུག་ཚོའི་རྐང་ལག་འཁྲུ་སྐབས་ཆུ་དེ་བེད་སྤྱོད་བྱེད་དགོས། 20དབུ་གུར་དམ་པ་ནང་དུ་འཛུལ་ནས་མཆོད་ཁྲིར་ཞལ་ཟས་འབུལ་བར་འགྲོ་བའི་སྔོན་དུ་ཁོ་ཚོས་ཁྲུས་དེ་བྱེད་དགོས། དེ་ལྟར་བྱས་པའི་སྒོ་ནས་ཁོ་ཚོ་གསོད་པར་མི་འགྱུར། 21ཁོ་ཚོར་སྲོག་སྐྱོན་མ་བྱུང་བའི་ཕྱིར་ངེས་པར་དུ་རྐང་ལག་འཁྲུ་དགོས། ཆོས་ཁྲིམས་འདི་ཁོ་ཚོ་དང་ཁོ་ཚོའི་རིགས་བརྒྱུད་དང་བཅས་པས་རྒྱུན་དུ་སྲུང་དགོས་པ་ཡིན་ནོ༎

བསྔོ་འབུལ་གྱི་སྣུམ།

22གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། 23སྨན་རྫས་སྤུས་ཁ་ལེགས་ཤོས་ཀྱི་ཁོངས་ནས། གུ་གུལ་གྱི་སྣུམ་ཀི་ལོ་དྲུག་དང་། དྲི་ཞིམ་ལྡན་པའི་ཤིང་མངར་ཀི་ལོ་གསུམ་དང་དྲི་ཞིམ་ལྡན་པའི་སྦ་ཤིང་ཀི་ལོ་གསུམ་དང། 24དྲི་ཞིམ་ལྡན་པའི་ཤིང་གི་ལོ་མ་ཀི་ལོ་དྲུག་སླངས་ཤིག (གོང་གསལ་ལྗིད་ཚད་རྣམས་གཞུང་གི་ཁྲིམས་སྲོལ་ལྟར་འདེགས་དགོས།) དེ་ཚོ་མཉམ་དུ་ཁ་སྐྱུར་པོའི་སྣུམ་ལི་ཀྲར་བཞི་བསྲེས་དགོས་པ་དང་། 25དྲི་ཞིམ་ལྡན་པའི་བསྔོ་འབུལ་གྱི་སྣུམ་དམ་པ་བཟོ་དགོས། 26སྣུམ་དམ་པ་དེ་ང་གནས་པའི་དབུ་གུར་དམ་པ་དང་དམ་བཅའི་སྒྲོམ་བསྔོ་འབུལ་བྱེད་ཕྱིར་བེད་སྤྱོད་བྱེད་དགོས། 27རྒྱ་ལྕོག་དང་དེའི་ཡོ་བྱད་དང་། སྒྲོན་མེའི་ཞབས་སྟེགས་དང་དེའི་ཡོ་བྱད། གཞན་ཡང་སྤོས་བདུག་པའི་མཆོད་ཁྲི་དང་། 28འབུལ་བ་སྲེག་པའི་མཆོད་ཁྲི་དང་དེའི་ཡོ་བྱད་ཆ་ཚང་དང་ཁྲུས་གཞོང་དང་དེའི་ཞབས་ར་བཅས་པར། 29དངོས་པོ་དེ་རྣམས་གོང་བཞིན་བསྔོ་བའི་སྒོ་ནས་དེ་དག་ཡོངས་སུ་དམ་པར་འགྱུར་བས། སུ་ཞིག་གིས་དེ་ལ་རེག་པ་ཡིན་ན་དེའི་དམ་པའི་མཐུས་མི་དེ་ལ་གནོད་འཚེ་ཕོག་པར་འགྱུར་རོ། 30དེ་ནས་ཨ་རོན་དང་ཁོའི་བུ་ཚོར་བསྔོ་འབུལ་གྱི་སྣུམ་དམ་པ་བྱུགས་ནས་བླ་མའི་ཚུལ་དུ་ངའི་ཞབས་ཞུར་བསྔོ་འབུལ་བྱོས་ཤིག 31ཨིསི་རཱཨེལ་གྱི་མི་དམངས་ལ་སྨྲོས་ཤིག བསྔོ་འབུལ་གྱི་སྣུམ་དམ་པ་འདི་ངའི་ཞབས་ཞུར་དུས་རྟག་ཏུ་བེད་སྤྱོད་བྱེད་དགོས་ཅེས་། 32དེ་ནི་མི་སྐྱུ་མ་ཞིག་གི་ཐོག་ཏུ་བླུགས་མི་ཆོག བྱུག་སྣུམ་དམ་པའི་སྨན་རྫས་དེ་དག་སྨན་རྫས་དེ་རང་བེད་སྤྱོད་བྱས་ནས་སྣུམ་གཞན་དག་བཟོ་མི་ཆོག དེ་ནི་དམ་པ་ཡིན་པས་དམ་པ་བཞིན་དུ་རྩིས་དགོས་སོ། 33སུ་ཞིག་གིས་བྱུག་སྣུམ་དེ་འདྲ་བཟོ་བ་དང་། ཡང་ན་བླ་མ་མིན་པ་ཞིག་ལ་བེད་སྤྱོད་བྱས་པ་ཡིན་ན། དེ་ནས་བཟུང་མི་དེ་ངའི་མི་སེར་ཁོངས་ནས་རྩིས་མེད་བྱེད་རྒྱུ་ཡིན༎

བདུག་སྤོས།

34གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། གཤམ་གསལ་དྲི་ཞིམ་ལྡན་པའི་སྨན་རྫས་རེ་རེ་ནས་མང་ཉུང་གཅིག་པ་བྱས་ནས་ལེན་དགོས་ཏེ། དེ་རྣམས་ནི་གན་དྷ་ར་ས་དང་། དབང་ལག་དང་། གུ་གུལ་དང་། སྤོས་དཀར་སྤུས་དག་དག་ཡིན་ནོ། 35བདུག་སྤོས་བཟོ་སྐབས་གོང་གསལ་སྨན་རྫས་རྣམས་ལ་དྲི་བཟང་བསྲེས་དགོས། དེ་དག་ལ་གཙང་མ་དང་དམ་པར་བཟོ་བའི་ཕྱིར་ཚྭའང་བསྲེས་དགོས། 36དེའི་ཆ་ཤས་ཤིག་ཕྱེ་མ་ཞིབ་པར་བཟོས་ནས་ང་གནས་པའི་དབུ་གུར་དམ་པའི་ནང་འཁྱེར་ནས་དམ་བཅའི་སྒྲོམ་གྱི་མདུན་དུ་གཏོར་ཤིག བདུག་སྤོས་དེ་ནི་ཡོངས་སུ་དམ་པར་ངོས་འཛིན་བྱེད་དགོས། 37རང་གི་བེད་སྤྱོད་ཆེད་དུ་བདུག་སྤོས་བཟོ་སྐབས་གོང་གསལ་སྨན་རྫས་དེ་རང་ལག་ལེན་བྱེད་མི་ཆོག བདུག་སྤོས་དེ་དག་ངའི་དོན་དུ་བསྔོ་བ་ཡིན་པས་དམ་པར་ངོས་འཛིན་དགོས། 38སུ་ཞིག་གིས་བསྔོ་འབུལ་གྱི་ཆེད་དུ་མ་བཟོས་པར་རང་གི་ཆེད་དུ་བཟོས་པ་ཡིན་ན་མི་དེ་ངའི་མི་སེར་ཁོངས་སུ་རྩིས་བར་མི་བྱའོ༎

སྡེབ་ཐོན 31

གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་བཟོ་མཁན་ལག་ཤེས་པ་རྣམས།

(སྡེབ་ཐོན་ ༣༥:༣༠—༣༦:༡)

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། 2ངས་ཡ་ཧུ་དཱའི་སྡེ་རིགས་ནས་ཨུ་རིའི་བུའམ་ཧུར་གྱི་ཚ་བོ་བྷེ་ཛ་ལེལ་ལ་འདེམས་བསྐོས་བྱས་ཡོད། 3ཁོ་ལ་ངའི་ཐུགས་གཉིད་ཀྱི་བཀང་ཡོད། ཁོ་ལ་དྲན་དབང་དང་ལག་ཤེས་དང་མི་འདྲ་བའི་རིག་རྩལ་ཚང་མའི་འཇོན་ཐང་སྤྲད་ཡོད། 4གཞན་ཡང་བཟོ་རྟའི་འཆར་གཞི་བཀོད་ཆོག་སྐོར་དང་། བཟོ་རྟ་དེ་གསེར་དངུལ་དང་ལིའི་ཐོག་ཏུ་རྐོད་བརྒྱབ་པ་དང་། 5ཕྲ་རྒྱན་སྒྲིགས་པའི་ཕྱིར་བཅད་པ་དང་། ཤིང་ལ་རྐོས་བརྒྱབ་པ་དང་། གཞནཡང་ལག་ཤེས་མི་འདྲ་བ་ཚང་མའི་རིག་ཙལ་སྤྲད་ཡོད། 6ཁོ་མཉམ་དུ་ལས་བྱེད་པའི་ཕྱིར་ངས་དཱན་གྱི་སྡེ་རིགས་ནས་ཨ་ཧི་ས་མག་གི་བུ་ཨོ་ཧོ་ལི་ཨབ་ལ་འདམས་ཡོད། ངས་ཇི་ལྟར་བཀའ་འགོད་པ་བཞིན་བཟོ་བསྐྲུན་ཐུབ་ཕྱིར་ངས་རིག་རྩལ་ལྡན་པའི་བཟོ་པ་ཚང་མར་འབྱོན་སྟངས་ཆེན་པོ་སྤྲད་ཡོད། 7ཁོ་ཚོས་བཟོ་བསྐྲུན་བྱེད་དགོས་པའི་དངོས་པོ་རྣམས་ནི། ང་གནས་པའི་དབུ་གུར་དམ་དང་། དམ་བཅའི་སྒྲོམ་དང་དེའི་ཁེབས་དང་དབུ་གུར་དམ་པའི་དངོས་པོ་རྣམས་དང་། 8རྒྱ་ལྕོག་དང་དེའི་ཡོ་བྱད་རྣམས་དང་གསེར་བཙོ་མས་བཟོས་པའི་སྒྲོན་མེའི་བཏེགས་དང་། དེའི་ཡོ་བྱད་དང་། སྤོས་བདུག་པའི་མཆོད་ཁྲི་དང་། 9སྦྱིན་སྲེག་གི་འབུལ་བའི་མཆོད་ཁྲི་དང་དེའི་མཁོ་བྱད་རྣམས་དང་། གཞན་ཡང་ཁྲུས་གཞོང་དང་དེའི་ཞབས་ར་དང་། 10བླ་མའི་ཞབས་ཞུ་སྐབས་ཨ་རོན་དང་ཁོའི་བུ་ཚོས་གྱོན་དགོས་པའི་བླ་མའི་ཆོས་གོས་གཟི་བརྗིད་ཅན་དང་། 11བསྔོ་འབུལ་གྱི་སྣུམ་དང་གནས་དམ་པའི་ཕྱིར་བདུག་སྤོས་དྲི་ཞིམ་བཅས་སོ། དངོས་རིགས་དེ་རྣམས་བཟོ་སྐབས་ངས་ཁྱོད་ལ་ཇི་ལྟར་སྨྲས་པ་བཞིན་ཁོ་ཚོས་དེ་ལྟར་བྱས་དགོས་སོ༎

ངལ་གསོ་བའི་ཞག།

12གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། 13ཨིསི་རཱཨེལ་གྱི་མི་དམངས་རྣམས་ལ་སྨྲོས་ཤིག། ངའི་ངལ་གསོ་བའི་ཞག་དེ་སྲུང་རྩི་བྱེད་དགོས། གང་ཡིན་ཟེར་ན། དེ་ང་དང་ཁྱོད་རྣམས་ཀྱི་བར་དུས་རྟག་ཏུ་གནས་པའི་མངོན་རྟགས་མཚོན་བྱེད་ཅིག་ཡིན་པས། དེའི་སྒོ་ནས་ང་གཙོ་བོ་དཀོན་མཆོག་གིས་ཁྱོད་རྣམས་ངའི་མི་དམངས་ཀྱི་ཁོངས་སུ་གཏོགས་པར་བྱེད་པ་དེ་ཤེས་རྟོགས་བྱེད་ཐུབ་པའི་ཕྱིར་རོ། 14ཁྱོད་ཚོས་ངལ་གསོའི་ཉི་མ་དེ་ངེས་པར་དུ་སྲུང་རྩི་བྱེད་དགོས། གང་ཡིན་ཟེར་ན། ཉིན་མོ་དེ་ནི་དམ་པ་ཡིན་ནོ། མི་སུ་ཞིག་གིས་དེ་སྲུང་རྩི་མ་བྱས་པར་དེ་ཉིན་ལས་ཀ་བྱས་པ་ཡིན་ན། དེར་ཉེས་ཆད་སྲོག་ཐོག་གཏོང་རྒྱུ་དང་། 15ཁྱོད་ཚོས་ལས་བྱེད་པའི་ཕྱིར་ཉིན་ཞག་དྲུག་ཡོད་པ་དང་། ཉིན་བདུན་པ་དེ་ནི་ངལ་གསོའི་ཉི་མ་ཡིན་པས། དེ་ནི་ངའི་ཉིན་ཞག་དམ་པའོ། སུ་ཞིག་གིས་དེ་ཉིན་ལས་ཀ་བྱས་པ་ཡིན་ན་དེ་ལ་ཉེས་པ་སྲོག་ཐོག་ཏུ་གཏོང་དགོས། 16ཨིསི་རཱཨེལ་གྱི་མི་དམངས་ཚོས་ཉིན་ཞག་དེ་ནི་དམ་བཅའི་མངོན་རྟགས་སུ་སྲུང་རྩི་བྱེད་དགོས། 17དེ་ནི་ཨིསི་རཱཨེལ་གྱི་མི་མང་དང་ངའི་བར་ལ་གཏན་དུ་གནས་པའི་མངོན་རྟགས་ཞིག་ཡིན། གང་ཡིན་ཟེར་ན། ང་གཙོ་བོ་དཀོན་མཆོག་གིས་ནམ་མཁའ་དང་ས་གཞི་ཉིན་ཞག་དྲུག་གི་ནང་དུ་བཟོས་ཏེ། ཉིན་ཞག་བདུན་པར་ངས་ལས་ཀ་བར་མཚམས་བཞག་ནས་ངལ་གསོ་བ་ཡིན་ནོ། 18རི་བོ་སི་ནཨེའི་སྒང་དུ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་མོལ་གནང་གྲུབ་རྗེས་དཀོན་མཆོག་རང་ཉིད་ཀྱིས་བྲིས་གནང་མཛད་པའི་བཀའ་ཁྲིམས་ཀྱི་རྡོ་ལེབ་གཉིས་ཁོ་ལ་གནང་ངོ་༎

སྡེབ་ཐོན 32

གསེར་གྱི་བེའུ།

(བཀའ་ཁྲིམས་སྐྱར་བཤད་ ༩:༦-༢༩)

1མོ་ཤེ་རི་ནས་མར་མ་ཡོང་བར་རྒྱུན་རིང་འགོར་བས། མི་མང་ཚོས་ཨ་རོན་ལ་མཐའ་བསྐོར་ནས་སྨྲས་པ། ང་ཚོ་ཨི་ཇིབ་ནས་འཁྲིད་ཡོང་མཁན་མོ་ཤེ་ཟེར་བའི་མི་དེ་ལ་གང་བྱུང་བ་ཡིན་ནམ་ང་ཚོས་མི་ཤེས་པས། ང་ཚོར་དབུ་འཁྲིད་བྱེད་མཁན་ལྷ་ཞིག་བཟོ་རོགས་གནང་། 2ཨ་རོན་གྱིས་སྨྲས་པ། ཁྱོད་ཚོའི་སྐྱེས་དམན་དང་བུ་དང་བུ་མོས་བཏགས་པའི་གསེར་གྱི་རྣ་ལོང་རྣམས་བཀྲོལ་ནས་ངའི་རྩར་འཁྱེར་ཤོག 3མི་མང་ནས་གསེར་གྱི་རྣ་ལོང་རྣམས་བཀྲོལ་ནས་ཨ་རོན་གྱི་རྩར་འཁྱེར་ཕྱིན་ནོ། 4ཁོས་དེ་དག་ལེན་ནས་མེ་ལ་བཞུས་ཏེ་ལུག་རྒྱབ་ནས་གསེར་གྱི་བེའུ་ཞིག་བཟོས་སོ། དེ་ནས་མི་མང་གིས་སྨྲས་པ། ཀྱེ་ཨིསི་རཱཨེལ་པ་ཚོ་འདི་ནི་ང་ཚོ་ཨི་ཇིབ་ནས་འཁྲིད་ཡོང་མཁན་ལྷ་དེ་ཡིན་ནོ། 5དེ་ནས་ཨ་རོན་གྱིས་གསེར་གྱི་བེའུའི་མདུན་དུ་མཆོད་ཁྲི་ཞིག་བཞེངས་ནས། སང་ཉིན་གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་ཞུས་པའི་དུས་སྟོན་ཞིག་ཡིན་ནོ་ཞེས་སྨྲས་སོ། 6སང་ཞོག་སྔ་པོ་དེ་ཚོས་སེམས་ཅན་ཁ་ཤས་སྦྱིན་སྲེག་གི་མཆོད་པར་འབུལ་བ་དང་། ཁ་ཤས་མཐུན་གྲོགས་ཀྱི་མཆོད་པར་དམིགས་ནས་ཟ་བའི་ཕྱིར་འཁྲིད་ཡོང་ངོ་། དེ་ནས་མི་མང་རྣམས་དུས་སྟོན་ལ་བཟའ་འཐུང་བྱས་ནས་བསྡད་པ་དང་། རྗེས་སུ་དུས་སྟོན་དེ་ནི་ཆང་རག་འཐུང་བ་དང་ཆགས་པ་སྤྱོད་པའི་རྐྱེན་ཞིག་ཏུ་འགྱུར་རོ། 7གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། ཁྱོད་ད་ལྟ་ཉིད་དུ་མར་ལོག་དགོས། གང་ལག་ཟེར་ན། ཁྱོད་ཀྱི་ཨི་ཇིབ་ནས་འཁྲིད་ཡོང་བའི་ཁྱོད་ཀྱི་མི་མང་ཚོས་སྡིག་པར་ལྷུང་ཞིང་ང་ལ་སྤངས་ཡོད་པ་དང་། 8ངས་བཀའ་བཀོད་བྱས་པ་ཚང་མ་འདོར་ཏེ། དེ་ཚོས་གསེར་བཞུས་ནས་བེའུ་བཟོས་པ་དང་། དེ་ལ་གསོལ་བ་འདེབས་ཤིང་དམར་མཆོད་སོགས་འཕུལ་ལོ། དེ་ནི་ཁོ་ཚོ་ཨི་ཇིབ་ནས་འདོན་མཁན་དཀོན་མཆོག་ཡིན་ཞེས་སྨྲ་བཞིན་འདུག་གོ 9མི་དེ་ཚོ་སེམས་གཤིས་གྱོང་པོ་ཇི་ལྟར་ཡིན་མིན་དེ་ངས་ཤེས་ཀྱི་ཡོད། 10ད་ངའི་ཁྲོ་བ་དེ་ཁོ་ཚོའི་ཐོག་ཏུ་འབར་ཡོད་པས། ངས་ཁོ་ཚོ་མེད་པར་བཟོ་རྒྱུ་ཡིན་པས་ངར་མ་བཀག་ཅིག འོན་ཀྱང་ངས་ཁྱོད་དང་ཁྱོད་ཀྱི་རིགས་བརྒྱུད་རྣམས་མི་རིགས་ཆེན་པོ་ཞིག་ཏུ་བཟོ་རྒྱུ་ཡིན། 11མོ་ཤེས་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་ཞུ་བ་འབུལ་བ། ཀྱེ་གཙོ་བོ་དཀོན་མཆོག་མི་མང་འདི་རྣམས་ཁྱེད་ཀྱི་མཐུ་སྟོབས་དང་ནུས་པ་ཆེན་པོས་ཨི་ཇིབ་ནས་སྐྱབས་ཏེ་འཁྲིད་ཕེབས་པ་ཡིན་ཏེ། ད་ཁོ་ཚོའི་ཐོག་ཏུ་ཐུགས་ཁྲོ་ཆེན་པོ་འདི་འདྲ་ཅི་ལ་བཞེས། 12ཁྱེད་ཀྱིས་མི་མང་དེ་ཚོ་ཚང་མ་རིའི་ཁར་གསོད་ཐབས་བྱེད་ཕྱིར་ཨི་ཇིབ་ནས་ཕྱི་རོལ་དུ་འཁྲིད་དོ། ཞེས་ཨི་ཇིབ་པ་ཚོས་བཤད་ཉེན་ཡོད་པས། ཁོ་ཚོས་དེ་ལྟར་ཤོད་རྒྱུའི་གོ་སྐབས་གནང་རྒྱུ་ཡིན་ནམ། དེ་བས་ན་ཁྱེད་ཀྱི་ཐུགས་ཁྲོ་ཞི་བར་མཛད་དེ་ཁྱེད་ཀྱི་མི་དམངས་ལ་རྐེན་ངན་མི་ཡོང་བའི་ཕྱིར་ཐུགས་དགོངས་འགྱུར་གནང་བར་མཛོད། 13ཁྱེད་ཀྱི་ཞབས་ཕྱི་ཨབ་ར་ཧམ་དང་ཨི་སཱག་དང་། ཡ་ཀོབ་བཅས་ཐུགས་དྲན་གསོས་པར་མཛོད། ཁྱེད་ཀྱི་ཁོ་ཚོའི་བུ་བརྒྱུད་ནམ་མཁའི་སྐར་ཚོགས་བཞིན་ཁྱབ་སྤེལ་གནང་རྒྱུ་དང་། ཁོང་ཚོར་གཏོགས་པའི་ས་ཆ་རྣམས་དུས་རྟག་ཏུ་ཁོ་ཚོའི་བུ་བརྒྱུད་ཚོའི་བདག་དབང་དུ་གནངརྒྱུའི་དམ་བཅའ་དེ་ཐུགས་དྲན་གསོས་པར་མཛོད། 14དེ་ནས་གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་ཐུགས་དགོངས་འགྱུར་བ་གནང་ནས། སྔར་མི་མང་ལ་གནོད་འཚེ་གཏོང་བ་གནང་གི་ཡིན་ཞེས་བཀའ་གནང་བ་དེ་བཞིན་ཕྱིར་འཐེན་གནང་བ་རེད། 15མོ་ཤེས་བཀའ་ཁྲིམས་རྣམས་རྒྱབ་མདུན་གཉིས་ཀར་བྲིས་ཡོད་པའི་རྡོ་ལེབ་གཉིས་པོ་དེ་འཁྱེར་ནས་རི་ནས་མར་བབས་སོ། 16དཀོན་མཆོག་རང་ཉིད་ཀྱིས་རྡོ་ལེབ་དེ་དག་བཟོས་པ་གནང་ཞིང་། དེའི་བཀའ་ཁྲིམས་རྣམས་བརྐོས་པ་གནང་ཡོད། 17ཡོ་ཤུ་ཨས་མི་མང་གི་སྐད་ཅོར་ཐོས་ནས་མོ་ཤེ་ལ་སྨྲས་པ། ངས་སྒར་སའི་ནང་དུ་དམག་གི་འུར་སྒྲ་ཞིག་གོ་གི་འདུག 18མོ་ཤེས་སྐད་དེ་ནི་རྒྱལ་ཁ་ཐོབ་པའི་སྐད་འདྲ་པོའམ་ཕམ་པའི་ངུ་སྐད་འདྲ་པོ་ཡང་མི་འདུག དེ་ནི་གླུ་དབྱངས་ལེན་པའི་སྒྲཞིག་རེད་ཅེས་སྨྲས་སོ། 19དེ་ནས་མོ་ཤེ་སྒར་གྱི་ཐག་ཉེ་བར་སླེབས་ནས་བེའུ་དེའི་མདུན་དུ་མི་མང་རྣམས་ཞབས་བྲོ་རྒྱབ་བཞིན་པ་མཐོང་བས་ཁོང་ཁྲོ་ཆེན་པོ་ལངས་ཤིང་། ཁོས་འཁྱེར་ཡོང་བའི་རྡོ་ལེབ་གཉིས་པོ་དེ་རི་བོའི་རྩ་བར་རྡབ་ནས་དེ་གཉིས་བཅག་གོ 20དེ་རྗེས་ཁོས་དེ་དག་གིས་བཟོས་པའི་བེའུ་དེ་བླངས་ནས་མེར་བཞུར་ཞིང་། ཕྱེ་མ་ཞིབ་པར་བཟོས་ནས་ཆུ་དང་མཉམ་་དུ་འདྲེས་ཏེ། ཨིསི་རཱཨེལ་གྱི་མི་མང་ཚོར་དེ་འཐུང་བཅུག་གོ 21དེ་ནས་ཁོས་ཨ་རོན་ལ་སྨྲས་པ། ཁྱོད་ཀྱིས་འདི་ཚོར་འདི་ལྟ་བུའི་སྡིག་པ་ཚབ་ཆེ་བསགས་བཅུག་པ་དེ་མི་དམངས་ཚོས་ཁྱོད་ལ་ག་རེ་བྱེད་པ་ཡིན་ནམ། 22དེའི་ལན་དུ་ཨ་རོན་གྱིས་སྨྲས་པ། ང་ལ་ཐུགས་ཁྲོ་མ་གནང་ཞིག། མི་མང་འདི་ཚོས་སྔོན་ནས་ལས་ངན་བྱེད་རྒྱུར་བློ་ཐག་བཅད་ཡོད་པ་དེ་ནི་ཁྱེད་ཀྱིས་མཁྱེན་གསལ་རེད། 23ཁོ་ཚོས་ང་ལ་བརྗོད་གསལ། ངེད་རྣམས་ཨི་ཇིབ་ནས་ཕྱིར་འདོན་གནང་མཁན་མོ་ཤེ་ཟེར་བའི་མི་དེ་ལ་ག་རེ་བྱུང་བ་ང་ཚོས་མི་ཤེས་པས། ད་ང་ཚོར་ལམ་སྣ་འདྲེན་མཁན་ལྷ་ཞིག་བཟོ་དགོས། 24དེ་ནས་ངས་ཁོ་ཚོར་གསེར་གྱི་རྒྱན་ཆ་ཡོད་པ་རྣམས་འཁྱེར་ཤོག་ཅེས་སྨྲས་པས། རྒྱན་ཆ་ཡོད་པ་ཚོས་དེ་བཀྲོལ་ནས་ང་ལ་སྤྲད་པ་དང་། ངས་དེ་དག་མེ་ལ་བླུགས་པས་དེ་ལས་བེའུ་འདི་ཐོན་ནོ། 25ཨ་རོན་གྱིས་མི་དམངས་རྣམས་རང་འདོད་བཞིན་བྱེད་བཅུག་ནས། ཁོ་ཚོ་དགྲ་བོའི་མདུན་དུ་དམའ་འབེབས་ཀྱི་རྒྱུ་རུ་ཕྱིན་པ་དེ་མོ་ཤེས་མཐོང་ངོ་། 26དེ་ནས་ཁོ་སྒར་གྱི་རྒྱལ་སྒོར་བསྡད་ནས་སྐད་ཤུགས་ཆེན་པོས་བརྒྱབས་སོ། གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་ཡོད་པ་རྣམས་འདི་ཕྱོགས་སུ་ཤོག ལེ་ཝི་པ་ཚང་མ་ཁོའི་མཐའ་འཁོར་དུ་བསྡུས་སོ། 27དེ་ནས་མོ་ཤེས་དེ་ཚོར་སྨྲས་པ། ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་བཀའ་གནང་གསལ། ཁྱོད་ཚོ་མི་རེ་རེས་རང་རང་སོ་སོའི་རལ་གྲི་བཏགས་ཏེ་སྒར་གྱི་རྒྱལ་སྒོ་འདི་ནས་ཕར་ཕྱོགས་བར་སོང་ལ། རང་རང་སོ་སོའི་སྤུན་དང་ཉེ་གྲོགས་དང་ཁྱིམ་མཚེས་བཅས་གསོད་ཅིག 28ལེ་ཝི་པ་ཚོས་བཀའ་དེ་ཉན་ནས་དེ་ཉིན་མི་གྲངས་སུམ་སྟོང་ཙམ་བསད་དོ། 29མོ་ཤེས་ལེ་ཝི་པ་ཚོར་སྨྲས་པ། རང་གི་བུ་རྣམས་དང་སྤུན་རྣམས་ལ་གསད་ནས་དེ་རིང་རང་ལ་གཙོ་བོ་དཀོན་མཆོག་གི་ཞབས་ཞུ་ཕྱིར་བླ་མའི་ཚུལ་དུ་བསྔོ་འབུལ་བྱེད་ཡོད། དེའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་བྱིན་རླབས་གནང་ཡོད་དོ། 30དེའི་སང་ཉིན་མོ་ཤེས་མི་དམངས་ལ་སྨྲས་པ། ཁྱོད་ཚོས་ཤིན་ཏུ་ཉེན་འཚབ་ཆེ་བའི་སྡིག་པ་བསགས་ཡོད་དོ། འོན་ཀྱང་ད་ལྟ་ང་ཡང་ཀྱར་རི་བོའི་སྟེང་དུ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་བཅར་ནས་ཁྱོད་ཚོའི་ཆེད་དུ་སྡིག་བཤགས་ཞུ་ཐབས་བྱེད་རྒྱུ་ཡིན། 31དེ་ནས་མོ་ཤེས་གཙོ་བོ་དཀོན་མཆོག་གི་དྲུང་དུ་ཕྱིར་ལོག་ནས། མི་མང་འདི་ཚོས་གསེར་ལས་ལྷ་ཞིག་བཟོས་ནས་དེ་ལ་བསྙེན་བཀུར་ཞུས་ཏེ་ཧ་ཅང་ཉེན་འཚབ་ཆེ་བའི་སྡིག་པ་ཞིག་བསགས་ཡོད། 32དེ་དག་གི་སྡིག་པར་བཟོད་གསོལ་གནང་རོགས་གནང་། གལ་སྲིད་ཁྱེད་ཀྱིས་དེ་བཞིན་མ་གནང་ན་ཁྱེད་ཀྱིས་མི་རྣམས་ཀྱི་མིང་བྲིས་ཡོད་པའི་དེབ་ཀྱི་ནང་ནས་ངའི་མིང་དེ་སུབ་པ་གནང་རོགས་གནང། 33དེའི་ལན་དུ་གཙོ་བོ་དཀོན་མཆོག་གིས། ངའི་བཀའ་ལ་མ་རྩིས་བར་སྡིག་པ་བྱེད་མཁན་ཚོའི་མིང་རྣམས་ངའི་དེབ་ནས་སུབ་རྒྱུ་ཡིན་པས། 34ད་ཁྱོད་སོང་ལ་ངས་ཁྱོད་ལ་སྨྲས་པའི་གནས་དེར་མི་མང་རྣམས་ལ་འགོ་འཁྲིད་བྱེད་ནས་འཁྲིད་ཅིག་དང་། ངའི་ཕོ་ཉ་ཁྱོད་ཀྱི་སྔོན་དུ་འགྲོ་རྒྱུ་ཡིན་ནོ། ཡིན་ན་ཡང་དེ་ཚོ་ལ་ཉེས་ཆད་བཏང་བའི་དུས་ཚོད་རན་པའི་རྗེས་སུ་ངས་དེ་ཚོའི་སྡིག་པར་ཉེས་ཆད་གཏོང་རྒྱུ་ཡིན་ཞེས་གསུངས་སོ། 35དེ་ནས་གཙོ་བོ་དཀོན་མཆོག་གིས་མི་མང་ཚོར་ནད་ཡམས་ཤིག་གཏོང་བ་གནང་ངོ་། གང་ལ་ཟེར་ན། ཁོང་ཚོས་ཨ་རོན་ལ་གསེར་གྱི་བེའུ་དེ་བཟོ་བཅུག་པའི་ཕྱིར་རོ༎

སྡེབ་ཐོན 33

གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་རི་བོ་སི་ནཨེའི་ནས་ཐོན་དགོས་པའི་བཀའ་གནང་བ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། ཡུལ་འདི་ནས་ཁྱོད་་དང་ཁྱོད་རང་ཀྱིས་ཨི་ཇིབ་ནས་འཁྲིད་ཡོང་བའི་མི་མང་རྣམས་ངས་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་དང་། ཁོ་ཚོའ་རིགས་བརྒྱུད་རྣམས་ལ་དམ་བཅའ་བྱས་པའི་གནས་དེར་སོང་ཞིག 2ངས་ཁྱོད་ཚོ་ལ་ལམ་སྟོན་བྱེད་ཕྱིར་ཕོ་ཉ་ཞིག་བཏང་ཞིང་། ཀ་ནན་པ་དང་། ཨ་མོར་པ། ཧི་ཏི་པ། པེ་རི་ཛི་པ། ཧི་ཝི་པ་དང་། ཡ་བུ་སི་པ་རྣམས་ཐར་སྐྲོད་གཏོང་རྒྱུ་ཡིན། 3ཁྱོད་ཚོ་ཕྱུག་པོ་དང་ས་ལུད་འཛོམས་པའི་ཡུལ་ཞིག་ཏུ་འགྲོ་བཞིན་ཡོད། འོན་ཀྱང་ང་ནི་ཁོ་ཚོ་དང་མཉམ་དུ་འགྲོ་སྐྱོད་མི་བྱའོ། གང་ལ་ཟེར་ན། ཁོ་ཚོའི་སེམས་གཤིས་གྱོང་པོ་ཡིན་པས། ངས་ཁོ་ཚོ་ལམ་དུ་འཇིགས་པར་བྱེད་སྲིད་དོ། 4མི་མང་གིས་འདི་ཐོས་ནས་མྱ་ངན་ཆེན་པོས་སུས་ཀྱང་རྒྱན་ཆ་རྣམས་མ་བཏགས་སོ། 5གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། ཁྱོད་ཚོ་མི་མང་རྣམས་སེམས་གཤིས་གྱོང་པོ་ཡིན་པས། ང་དུས་ཡུན་ཐུང་ངུ་ཞིག་ཙམ་ཁྱོད་ཚོ་དང་མཉམ་དུ་འགྲོ་དགོས་བྱུང་ན་ངས་ཁྱོད་ཚོ་མེད་པར་བཟོ་ཉེན་ཡོད་པས། ད་ཁྱོད་ཚོའི་རྒྱན་ཆ་རྣམས་ཕུད་ཅིག། དེ་རྗེས་ངས་ཁྱོད་ཚོ་ལ་གང་བྱེད་དགོས་སྐོར་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་ཨི་སི་རཨེལ་པ་ཚོ་ལ་སྨྲོས་ཤིག 6རི་བོ་སི་ནཨེ་ནས་ཐོན་པའི་རྗེས་སུ་ཨིསི་རཱཨེལ་གྱི་མི་མང་ཚོས་རྒྱན་ཆ་བཏགས་རྒྱུ་སྤངས་སོ༎ 7ཨིསི་རཱཨེལ་གྱི་མི་མང་ཚོས་སྒར་རྒྱབ་སྐབས་མོ་ཤེ་སྒར་གྱི་ཕྱིར་རུ་འརྒྱང་རིང་ཙམ་ལ་དབུ་གུར་དམ་པ་དེ་ཕུབ་ཅིང་། དེ་ལ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་ཅེས་བརྗོད་ཀྱི་ཡོད་དོ། སུ་ཞིག་གིས་གཙོ་བོ་དཀོན་མཆོག་དང་བཀའ་བསྡུར་ཞུ་དགོས་བྱུང་ན་དེར་འགྲོ་དགོས་པ་ཡིན་ནོ། 8མོ་ཤེ་དེར་འགྲོ་སྐབས་མི་མང་ཚོ་རང་རང་གི་གུར་གྱི་ཕྱི་རུ་ལངས་བསྡད་པ་དང་། མོ་ཤེ་དེར་མ་འཛུལ་བར་དུ་ཁོ་ཚོས་བལྟ་ཞིང་བསྡད་ཀྱི་ཡོད་དོ། 9མོ་ཤེ་ནང་དུ་འཛུལ་བའི་རྗེས་སུ་སྤྲིན་གྱི་ཀ་བ་ཞིག་མར་བབས་ཏེ་དབུ་གུར་དམ་པའི་སྒོར་གནས་པ་དང་སྤྲིན་དེའི་ནང་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུང་གླེང་མཛད་ཀྱི་ཡོད་པ་ཡིན་ནོ། 10མི་མང་ནས་སྤྲིན་གྱི་ཀ་བ་དེ་དབུ་གུར་དམ་པའིི་སྒོར་མཐོང་མ་ཐག་ཏུ་ཁོ་ཚོས་གུས་ཞབས་ཆེན་པོས་མགོ་ས་ལ་བཏུད་དོ། 11མི་ཞིག་གིས་རང་གི་གྲོགས་པོར་གཏམ་བྱེད་པ་ལྟར་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་ཐད་ཀར་གསུང་གླེང་གནང་ངོ་། དེ་ནས་མོ་ཤེ་སྒར་དུ་ཕྱིར་ལོག་བྱེད་སྐབས་མོ་ཤེའི་ལས་རོགས་མིང་ལ་ནུན་ཞེས་པ་དེའི་བུ་ན་གཞོན་ཡོ་ཤུ་ཨ་དབུ་གུར་དམ་པ་དེའི་ནང་དུ་བསྡད་ཀྱི་ཡོད་དོ༎

གཙོ་བོ་དཀོན་མཆོག་མི་མང་དང་མཉམ་དུ་བཞུགས་རྒྱུའི་ཞལ་བཞེས་གནང་བ།

12མོ་ཤེས་གཙོ་བོ་དཀོན་མཆོག་ལ་ཞུས་པ། ཁྱེད་ཀྱིས་ང་ལ་མི་མང་རྣམས་ཡུལ་དེར་འཁྲིད་དགོས་ཅེས་བཀའ་གནང་བ་དེ་ནི་བདེན་མོད། འོན་ཀྱང་ཁྱེད་ཀྱི་ང་དང་མཉམ་དུ་སུ་ཞིག་གཏོང་གནང་རྒྱུ་ཡིན་པ་དེ་གསུངས་མ་བྱུང་། ཡང་ཁྱེད་ཀྱིས་ངའི་སྐོར་ཞིབ་པར་མཁྱེན་ཞིང་། ང་ལ་ཐུགས་མཉེས་པོ་གནང་གི་ཡོད་ཅེས་གསུངས་ཡོད་དོ། 13ད་དེ་ལྟར་ཡིན་ན་ཁྱེད་ཐུགས་མཉེས་པའི་ཞབས་ཞུ་མུ་མཐུད་ནས་ཞུ་ཐུབ་པའི་ཕྱིར་ཁྱེད་ཀྱི་མཛད་པའི་འཚར་གཞི་དེ་ང་ལ་སྟོན་དུ་གསོལ། མི་རིགས་འདི་ནི་ཁྱེད་ཀྱི་ཉིད་ཀྱི་དོན་དུ་འདམས་གནང་བ་དེ་ཐུགས་དྲན་གསོ་བར་མཛོད་ཅིག 14དེ་ནས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ང་ཁྱོད་དང་མཉམ་དུ་འགྲོ་ཞིང་ཁྱོད་ལ་རྒྱལ་ཁ་སྤྲོད་རྒྱུ་ཡིན། 15དེའི་ལན་དུ་མོ་ཤེས། ཁྱེད་ང་ཚོ་དང་མཉམ་དུ་ཕེབས་ན་ང་ཚོ་ས་ཁུལ་འདི་ནས་འགྲོ་མ་དགོས་པ་ཞིག་གནང་བར་མཛོད། 16ཁྱེད་ང་ཚོ་དང་མཉམ་དུ་མ་ཕེབས་ན་ཁྱེད་ཀྱིས་མི་མང་དང་ང་ལ་མཉེས་པོ་གནང་གི་ཡོད་མིན་གཞན་གྱི་ཇི་ལྟར་ཤེས་ཐུབ། ཁྱེད་ང་ཚོ་དང་མཉམ་དུ་ཡོད་པ་ཙམ་གྱིས་ང་ཚོ་དང་འཇིག་རྟེན་པའི་མི་གཞན་ཚོའི་བར་ལ་ཁྱད་པར་ཡོད་པ་དེ་གསལ་པོ་བསྟན་གྱི་ཡོད་ཅེས་ཞུས་སོ། 17གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། ཁྱོད་ཀྱིས་གང་ལབ་པ་བཞིན་ངས་དེ་ལྟར་བྱེད་རྒྱུ་ཡིན། གང་ལ་ཟེར་ན། ངས་ཁྱོད་ཀྱི་སྐོར་ལ་ཞིབ་པར་ཤེས་ཤིང་ང་ཁྱོད་ལ་དགའ་པོ་ཡོད། 18དེ་ནས་མོཤེས་གཙོ་བོ་དཀོན་མཆོག་ལ། ཁྱེད་ཀྱི་འོད་དང་ལྡན་པའི་གཟི་བརྗིད་ཆེན་པོ་དེ་ང་ལ་སྟོན་དུ་གསོལ་ཞེས་ཞུས་སོ། 19གཙོ་བོ་དཀོན་མཆོག་གིས་བཀའ་ལན་དུ། ངའི་གཟི་བརྗིད་ཡོངས་སུ་རྫོགས་པ་ཁྱོད་ཀྱི་མདུན་ནས་བསྐྱོད་ཅིང་ཁྱོད་ལ་སྟོན་པ་དང་ངའི་མིང་དམ་པ་དེ་ཁྱོད་ལ་བརྗོད་རྒྱུ་ཡིན། ང་ནི་གཙོ་བོ་དཀོན་མཆོག་ཡིན་པས་སུ་ཞིག་ལ་ངས་སྙིང་རྗེ་བྱེད་འདོད་ན་དེ་ལ་ངས་སྙིང་རྗེ་བྱེད་རྒྱུ་ཡིན་པ་དང་། སུ་ཞིག་ལ་ངས་བྱམས་པ་བསྟན་འདོད་ན་དེ་ལ་ངས་བྱམས་པ་བྱེད་རྒྱུ་ཡིན། 20ངའི་ངོ་གདོང་དེ་ཁྱོད་ལ་མཐོང་དུ་མི་འཇུག། གང་ལ་ཟེར་ན། ང་མཐོང་བའི་མི་དེ་གསོན་པོར་གནས་མི་ཐུབ། 21འོན་ཀྱང་ངའི་ཉེ་འགྲམ་དུ་ཡོད་པའི་བྲག་དེའི་སྟེང་དུ་ཁྱོད་ལོངས་ལ། 22ངའི་གཟི་བརྗིད་དེ་ཁྱོད་དང་ཉེ་བར་བསྐྱོད་དེ་ཕར་མ་ཕྱིན་པར་ངས་ཁྱོད་བྲག་དེའི་གསེབ་ཏུ་བཞག་ནས་ངའི་ལག་པས་ཁྱོད་ལ་འགེབས་རྒྱུ་ཡིན། 23དེ་ནས་ངས་ལག་པ་ཚུར་འཐེན་པ་དང་ཁྱོད་ཀྱིས་ངའི་རྒྱབ་མཐོང་བ་ལས་ངའི་ངོ་གདོང་མི་མཐོང་ངོ་ཞེས་གསུངས་སོ༎

སྡེབ་ཐོན 34

བཀའ་ཁྲིམས་ཀྱི་རྡོ་ལེབ་གསར་པ་གཉིས།

(བཀའ་ཁྲིམས་སྐྱར་བཤད་ ༡༠:༡-༥)

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། སྔོན་གྱི་རྡོ་ལེབ་དེ་དང་འདྲ་བ་གཉིས་བཅད་དེ། སྔར་ཁྱོད་ཀྱིས་བཅག་པའི་རྡོ་ལེབ་དེར་བྲིས་ཡོད་པའི་ཚིག་འབྲུ་དེ་དང་མཚུངས་པ་ཞིག་ངས་རྡོ་ལེབ་དེ་གཉིས་ཁར་བྲིས་རྒྱུ་ཡིན། 2སང་ཉིན་ཞོག་པར་ཁྱོད་གྲ་སྒྲིག་བྱས་ནས་ང་དང་འཕྲད་ཕྱིར་རི་བོ་སི་ནཨེའི་རྩེ་མོར་ཡོང་དགོས། 3མི་སུའང་ཁྱོད་དང་མཉམ་དུ་ཡོང་མི་ཆོག རི་བོའི་ཆ་ཤས་གང་དུའང་མི་སུ་ཞིག་མཐོང་མི་རུང་ངོ་། རི་བོའི་རྩ་བར་ལུག་དང་བ་ཕྱུགས་ཚོ་འཚོ་མི་རུང་ངོ་། 4དེ་ནས་མོ་ཤེས་རྡོ་ལེབ་གཉིས་བཅད་པ་དང་། གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་སང་ཞོག་སྔ་པོ་ནས་རི་བོ་སི་ནཨེའི་རྩེ་མོར་འཁྱེར་ཕྱིན་ནོ། 5དེ་ནས་གཙོ་བོ་དཀོན་མཆོག་སྤྲིན་པ་ཞིག་གི་ནང་དུ་མར་མེ་ཕེབས་ནས་མོ་ཤེ་དང་མཉམ་དུ་ལངས་ཤིང་། ཁོང་གིས་ཉིད་ཀྱི་མཚན་དམ་པ་གཙོ་བོ་དཀོན་མཆོག་ཅེས་གསལ་བསྒྲགས་གནང་ངོ་། 6དེ་ནས་གཙོ་བོ་དཀོན་མཆོག་ཁོའི་མདུན་དུ་ཕེབས་ཤིང་བཀའ་གནང་བ། ང་གཙོ་བོ་དཀོན་མཆོག་ནི་བརྩེ་སེམས་ཆེན་པོ་དང་སྙིང་རྗེ་ཅན་གྱི་དཀོན་མཆོག་ཡིན་པ་དང་། མྱུར་དུ་མི་ཁྲོ་བ་དང་། བརྩེ་གདུང་ཆེ་ཞིང་དམ་ཚིག་ཅན་ཞིག་ཡིན་ནོ། 7ངའི་དམ་བཅའ་དེ་མི་རབས་་སྟོང་ཕྲག་མང་པོའི་དོན་དུ་ཡིན་ཞིང་། ངས་དེ་ཚོའི་ཉེས་སྡིག་རྣམས་སེལ་རྒྱུ་ཡིན། འོན་ཀྱང་ཕ་མས་བྱས་པའི་སྡིག་པའི་དོན་དུ་ཁོ་ཚོའི་ཕྲུ་གུ་དང་ཚ་བོ་བཅས་པས་མི་རབས་གསུམ་བཞི་བར་དུ་ཉེས་ཆད་ངེས་པར་གཏོང་རྒྱུ་ཡིན། 8དེ་ནས་མོ་ཤེས་དེ་མ་ཐག་ཏུ་ལུས་ས་ལ་སྒུར་ནས་གསོལ་འདེབས་ཞུས་སོ། 9ཀྱེ་གཅོ་བོ་དཀོན་མཆོག་ཁྱེད་དོན་དམ་དུ་ང་ལ་ཐུགས་མཉེས་ཀྱི་ཡོད་ན་ཁྱེད་ང་ཚོ་དང་མཉམ་དུ་ཕེབས་རོགས་གནང་ཞེས་ཞུ་རྒྱུ་ཡིན། མི་མང་འདི་ཚོའི་སེམས་གཤིས་གྱོང་པོ་ཡིན་ནའང་། ཁྱེད་ཀྱི་ང་ཚོའི་ངན་ལས་དང་ཉེས་སྡིག་རྣམས་ལ་བཤགས་པ་གནང་ནས། ང་ཚོ་ཁྱེད་རང་གི་མི་མང་ལ་ངོས་འཛིན་གནང་རོགས་གནང༎

སྔར་གྱི་དམ་བཅའ་སྐྱར་གསོ་གནང་བ།

(སྡེབ་ཐོན་ ༢༣:༡༤-༡༩; བཀའ་ཁྲིམས་སྐྱར་བཤད་ ༧:༡-༥; ༡༦:༡-༡༧)

10གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། ངས་ཨིསི་རཱཨེལ་གྱི་མི་མང་དང་མཉམ་དུ་དམབཅའ་ཞིག་བྱེད་རྒྱུ་ཡིན། འཇིག་རྟེན་གྱི་མི་རིགས་གཞན་སུ་ཞིག་གི་མདུན་དུ་མ་བྱས་པའི་བྱ་བ་ཆེན་པོ་ཞིག་ཁོ་ཚོའི་མདུན་དུ་བྱེད་རྒྱུ་ཡིན། ང་གཙོ་བོ་དཀོན་མཆོག་གིས་བྱ་བ་རླབས་ཆེན་ཇི་འདྲ་བྱེད་ཐུབ་པ་དེ་མི་ཚང་མས་མཐོང་རྒྱུ་ཡིན། གང་ལ་ཟེར་ན། ངས་ཁྱོད་ཚོའི་དོན་དུ་བྱ་བ་ངོ་མཚར་ཅན་ཞིག་བྱེད་རྒྱུ་ཡིན། 11དེ་རིང་ངས་ཁྱོད་ཚོར་བཀའ་ཁྲིམས་རྣམས་སྤྲོད་ཀྱི་ཡོད། དེ་ཁྱོད་ཚོས་སྲུང་དགོས། ཁྱོད་ཚོ་ཐོན་སྐབས་ངས་ཨ་མོར་པ་དང་། ཀ་ནན་པ། ཧི་ཏི་པ། པེ་རི་ཛི་པ། ཧི་ཝི་པ་དང་། ཡ་བུ་སི་པ་རྣམས་ཐར་སྐྲོད་བྱེད་རྒྱུ་ཡིན། 12ཁྱོད་ཚོ་འགྲོ་བཞིན་པའི་ཡུལ་དེའི་ཡུལ་མི་དང་འཆིང་སྒྲིག་བྱེད་མི་རུང་། གང་ཡིན་ཟེར་ན་དེ་ནི་ཁྱོད་ཚོ་འཇིགས་པར་བྱེད་པའི་རྙི་ལྟ་བུ་ཞིག་ཏུ་འགྱུར་སྲིད་དོ། 13ཁྱོད་ཚོས་དེ་ཚོའི་མཆོད་ཁྲི་དང་དེ་ཚོའི་དམ་པའི་ཀ་བ་རྣམས་གཏོར་བཤིགས་བཏང་བ་དང་། དེ་ཚོའི་ལྷ་མོ་ཨ་ཤེ་རཱའི་རྟགས་མཚན་དང་བཅས་པ་མེད་པར་བྱེད་དགོས། 14ཁྱོད་ཚོས་ལྷ་རྟེན་གཞན་ལ་བསྙེན་བཀུར་བྱེད་མི་རུང་། གང་ཡིན་ཟེར་ན་ང་གཙོ་བོ་དཀོན་མཆོག་དང་འགྲན་མཁན་རྣམས་ལ་ངས་བཟོད་བསྒོམ་བྱེད་མི་ཐུབ། 15ཡུལ་མི་དེ་ཚོ་དང་ཆིངས་ཡིག་གང་ཡང་མ་བྱེད་ཅིག གང་ལ་ཟེར་ན་ཁོ་ཚོའི་ལྷ་རྟེན་ལ་བསྙེན་བཀུར་དང་དམར་མཆོད་འབུལ་སྐབས་ཁྱོད་ཚོའང་མགྲོན་དུ་འབོད་དེ་ཁོ་ཚོའི་ལྷ་རྟེན་སོགས་ལ་ཕུལ་བའི་ཁ་ཟས་སོགས་ཟ་འདོད་བར་འགྱུར། 16ཁྱོད་ཚོའི་བུ་ཚོས་དེ་ཚོའི་བུད་མེད་དང་མཉམ་དུ་ཆང་ས་རྒྱབ་སྲིད་པ་དང་། བུད་མད་དེ་ལྟ་བུའི་སྒོ་ནས་ཁྱོད་ཚོས་ང་ལ་དད་པ་ཉམས་ཤིང་དེ་ཚོའི་ལྷ་རྟེན་སོགས་ལ་བསྙེན་བཀུར་བྱེད་ཉེན་ཡོད། 17ཁྱོད་ཚོས་སྐུ་འདྲ་ལུག་མ་རྣམས་བཟོས་མི་རུང་། དེ་དག་ལ་བསྙེན་བཀུར་ཡང་མ་བྱེད་ཅིག 18ངས་སྨྲས་པ་བཞིན་ཆི་མན་མེད་པའི་བག་ལེབ་ཀྱི་དུས་ཆེན་དེ་སྲུང་དགོས། ཨ་བིབ་ཀྱི་ཟླ་བ་ལ་ཆི་མན་་མེད་པའི་བག་ལེབ་ཉིན་ཞག་བདུན་བར་ཟ་དགོས། གང་ཡིན་ཟེར་ན་ཟླ་བ་དེ་ལ་ཁྱོད་ཚོ་ཨི་ཇིབ་ནས་ཐོན་པ་ཡིན་པའི་ཕྱིར་རོ། 19ཁྱོད་ཚོའི་བུ་སྔོན་སྐྱེས་དང་སྒོ་ཕྱུགས་སྔོན་སྐྱེས་ཕོ་རྣམས་ང་ལ་བདག་པ་ཡིན། 20བོང་བུ་སྔོན་སྐྱེས་རྣམས་ཀྱི་ཚབ་ཏུ་ལུག་ཕུལ་ནས་བོང་བུ་ཚུར་བསླུ་དགོས། གལ་ཏེ་ཚུར་བསླུ་འདོད་མེད་ན་དེ་ཚོའི་མཇིང་ཚིག་བཅག་དགོས། སྔོན་སྐྱེས་བུ་རྣམས་ཀྱི་ཕྱིར་བསླུ་རིན་འབུལ་དགོས་ཏེ། འབུལ་བའི་རྟེན་སོགས་མེད་པར་སུའང་ངའི་མདུན་དུ་ཡོང་མི་ཆོག 21ཁྱོད་ཚོས་ཞག་དྲུག་བར་དུ་ལས་ཀ་བྱས་ཆོག་མོད། འོན་ཀྱང་ཞག་བདུན་པར་ལས་གང་ཡང་མ་བྱེད་ཅིག ཞིང་རྨོ་བ་དང་རྔ་བའི་དུས་སྐབས་འཁེལ་བ་ཡིན་ན་འང་དེ་ཉིན་ལས་ཀ་རྩ་བ་ནས་བྱེད་མི་ཆོག 22གྲོའི་སྟོན་ཐོག་དང་པོ་དེ་རྔ་སྐབས་སྟོན་ཐོག་གི་དུས་སྟོན་སྲུང་དགོས། སྟོན་ཀར་ཤིང་འབྲས་བསྡུ་བའི་སྐབས་སུ་རྩ་གཡབ་རྩ་གཡབ: རྩ་བའི་བརྡ་སྒྱུར་ལྟར་ཤིང་འབྲས་ཀྱི་དུས་སྟོན་ཞེས་གསལ་ཡོད།། ཀྱི་དུས་ཆེན་དེ་སྲུང་དགོས། 23ང་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུ་བར་ཁྱོད་ཚོའི་སྐྱེས་པ་ཚང་མ་ལོ་གཅིག་ལ་ཐེངས་གསུམ་ཡོང་དགོས་ཤིང་། 24ངས་ཁྱོད་ཚོའི་མདུན་ནས་མི་རིགས་གཞན་རྣམས་ཕྱིར་འབུད་བྱས་ཏེ། ཁྱོད་ཚོའི་ས་མཚམས་རྒྱ་ཆེར་བྱས་པའི་རྗེས་སུ་དུས་སྟོན་གསུམ་གྱི་རིང་ལ་སུས་ཀྱང་ཁྱོད་ཚོའི་ཡུལ་དེ་བཙན་དབང་བྱེད་མི་ཡོང་། 25ཁྱོད་ཚོས་ང་ལ་དམར་མཚོད་འབུལ་སྐབས་དེ་དང་མཉམ་དུ་ཆི་མན་ཡོད་པའི་བག་ལེབ་འབུལ་མི་རུང་། ཐར་གྲོལ་གྱི་དུས་སྟོན་སྐབས་སུ་བསད་པའི་སེམས་ཅན་གྱི་ཤ་དེ་སང་ཞོག་བར་བཞག་མི་རུང་།་ 26ལོ་རེ་བཞིན་ཁྱོད་ཚོས་སྟོན་ཐོག་གི་ཕུད་དེ་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་འབུལ་དགོས། ལུག་གུའམ་ར་ཕྲུག་ཞིག་དེའི་ཨ་མའི་འོ་མ་དང་མཉམ་དུ་བཙོས་མི་ཆོག 27གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། ཚིག་འདི་རྣམས་ཡི་གེར་བཀོད་ཅིག། གང་ལ་ཟེར་ན། ཚིག་འདི་རྣམས་ལ་གཞི་བཞག་ནས་ཁྱོད་དང་ཨིསི་རཱཨེལ་གྱི་མི་མང་རྣམས་དང་མཉམ་དུ་དམ་བཅའ་ཞིག་བྱེད་རྒྱུ་ཡིན། 28མོ་ཤེ་གཙོ་བོ་དཀོན་མཆོག་དང་མཉམ་དུ་ཉིན་མཚན་བཞི་བཅུ་གནས་ཤིང་། དེའི་རིང་ལ་བཟའ་འཐུང་སོགས་གང་ཡང་མ་བྱས་སོ། དེ་ནས་ཁོས་རྡོ་ལེབ་གཉིས་ཀྱི་ཐོག་ལ་དམ་བཅའི་ཚིག་འབྲུ་བཀའ་ཁྲིམས་བཅུ་ཞེས་པ་དེ་བཀོད་དོ༎

མོ་ཤེ་རི་བོ་སི་ནཨེའི་ནས་མར་བབས་པ།

29མོ་ཤེ་རི་བོ་སི་ནཨེའི་ནས་བཀའ་ཁྲིམས་བཅུ་འཁྱེར་ནས་མར་ཡོང་སྐབས་ཁོའི་གདོང་ནས་འོད་ཟེར་འཕྲོ་གི་ཡོད་དོ། གང་ལ་ཟེར་ན། ཁོས་གཙོ་བོ་དཀོན་མཆོག་དང་ལྷན་དུ་བཀའ་མོལ་ཞུ་བའི་ཕྱིར་ཡིན་མོད། འོན་ཀྱང་ཁོས་དེ་ཤེས་ཀྱི་མེད་དོ། 30ཨ་རོན་དང་མི་ཚང་མས་མོ་ཤེ་ལ་བལྟ་བའི་སྐབས་སུ་ཁོའི་གདོང་ནས་འོད་ཟེར་འཕྲོ་བཞིན་ཡོད་པ་མཐོང་བས། དེ་ཚོ་འཇིགས་སྣང་གིས་ཁོའི་ཉེ་འགྲམ་དུ་འགྲོ་མ་ནུས་སོ། 31འོན་ཀྱང་མོ་ཤེས་དེ་ཚོར་འབོད་པ་དང་། ཨ་རོན་དང་མི་སྡེའི་འགོ་འཛིན་རྣམས་ཁོའི་རྩར་ཕྱིན་པ་དང་། མོ་ཤེས་ཁོ་ཚོར་གཏམ་བྱས་སོ། 32དེ་རྗེས་ཨིསི་རཱཨེལ་གྱི་མི་མང་ཚང་མ་ཁོའི་མཐའ་འཁོར་དུ་བསྡད་པ་དང་། རི་བོ་སི་ནཨེའི་སྒང་དུ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གནང་བའི་བཀའ་ཁྲིམས་ཚང་མ་མོ་ཤེས་ཁོ་ཚོ་ལ་སྤྲད་དོ། 33མོ་ཤེས་གཏམ་བྱས་ཚར་བ་དང་ཁོས་རང་གི་གདོང་ལ་ཁེབས་ཤིག་གིས་བཀབ་བོ། 34མོ་ཤེ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ནང་གཙོ་བོ་དཀོན་མཆོག་དང་ལྷན་དུ་བཀའ་མོལ་ཞུ་བར་བཅར་སྐབས་རས་ཁེབས་དེ་ཕྱེས་ཀྱི་ཡོད་དོ། ཁོང་ཕྱིར་དོན་ནས་ཨིསི་རཱཨེལ་གྱི་མི་མང་ལ་བཀའ་ཇི་ལྟར་ཕེབས་པ་ཆ་ཚང་བཤད་དོ། 35ཁོ་ཚོས་མོ་ཤེའི་གདོང་ནས་འོད་ཟེར་འཕྲོ་བ་དེ་མཐོང་ངོ་། མོ་ཤེས་སླར་གཙོ་བོ་དཀོན་མཆོག་དང་ལྷན་དུ་བཀའ་མོལ་ཞུ་བར་མ་ཕེབས་བར་དུ་རས་ཁེབས་དེ་སྐྱར་དུ་བཀབ་ཀྱི་ཡོད་དོ༎

སྡེབ་ཐོན 35

ངལ་གསོ་བའི་ཞག་གི་ཁྲིམས།

1མོ་ཤེས་ཨིསི་རཱཨེལ་མི་མང་ཡོངས་རྫོགས་བཀོང་ནས་སྨྲས་པ། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་གང་སྤྱིའི་ལས་ཀ་བྱེད་ཆོག་སྐོར་ལ་འདི་ལྟར་བཀའ་གནང་ངོ། 2ཁྱོད་ཚོས་ཉིན་དྲུག་བར་ལས་ཀ་བྱས་ཏེ། ཉིན་བདུན་པ་དེ་ནི་ངལ་གསོའི་ཉི་མ་དམ་པ་ཡིན་པས། དེ་ནི་ང་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱེད་པའི་ཉིན་ཁྱད་པར་ཅན་ཞིག་ཏུ་རྩིས་དགོས། མི་སུས་ཀྱང་ཉིན་དེར་ལས་ཀ་ཇི་འདྲ་ཞིག་བྱས་པ་ཡིན་ན་མི་དེ་གསོད་དགོས། 3ངལ་གསོ་བའི་ཞག་ལ་ཁྱིམ་དུ་མེ་ཡང་སྤར་མི་ཆོག།

(སྡེབ་ཐོན་ ༢༥:༡-༩)

4མོ་ཤེས་ཨིསི་རཱཨེལ་གྱི་མི་མང་ཡོངས་རྫོགས་བཀོང་ནས་སྨྲས་པ། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་འདི་ལྟར་བཀའ་གནང་ངོ་། 5གཙོ་བོ་དཀོན་མཆོག་ལ་འབུལ་བ་ཞིག་འབུལ་དགོས་ཤིང་། དེ་ལྟར་འབུལ་འདོད་ཡོད་པ་ཚོས་འབུལ་བ་གསེར་དངུལ་དང་ལི་བཅས་དང་། 6གཞན་ཡང་ཀ་ཤི་ཀའི་རས་སྤུས་ལེགས་དང་བལ་སྔོན་པོ་དང་མུ་མན་དང་དམར་པོ་དང་། ར་སྤུའི་བཟོས་པའི་གོས་དང་། 7ལུག་ཐུག་གི་པགས་པ་ཚོས་དམར་པོ་རྒྱབ་པ་དང་། ཀོ་བ་སྤུས་ལེགས་དང་། ཤིང་ཏིམ་ཤིང་དང་། 8བཞུ་མེ་ཆེད་དུ་སྣུམ་དང་། བསྔོ་འབུལ་གྱི་སྣུམ་དང་། བདུག་སྤོས་ལ་མཁོ་བའི་སྨན་རྫས་དྲི་ཞིམ་ཅན་དང་། 9བླ་ཆེན་གྱི་ཨེ་ཕོད་དང་བྲང་རྒྱན་ལ་སྦྱར་བའི་མཆོང་ལ་སོགས་པའི་ནོར་བུའི་རིགས་བཅས་འཁྱེར་ཡོང་དགོས༎

གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པར་མཁོ་བའི་དངོས་རིགས་རྣམས།

(སྡེབ་ཐོན་ ༣༩:༣༢-༤༣)

10ཁྱོད་ཚོའི་ནང་ནས་ལག་ཤེས་མཁས་པ་རྣམས་ནས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་འཛིན་ཆས་རྣམས་བཟོ་དགོས། 11དེ་དག་ནི་དབུ་གུར་དམ་པ་དང་དེའི་ཡོལ་བ་དང་ཁེབས་དང་། དེའི་ལྕགས་ཀྱུ་རྣམས་དང་སྒྲོམ་རྣམས་དང་། དེའི་རྒྱབ་ལག་རྣམས་དང་ཀ་བ་རྣམས་དང་ཞབས་སྟེགས་རྣམས་དང་། 12དམ་བཅའི་སྒྲོམ་དང་། དེའི་རྒྱུག་པ་རྣམས་དང་ཁེབས་དང་། འགེབས་བྱེད་ཡོལ་བ་དང་། 13གསོལ་ལྕོག་དང་དེའི་རྒྱུག་པ་རྣམས་དང་། དེའི་ཡོ་བྱད་ཆ་ཚང་དང་། དཀོན་མཆོག་ལ་འབུལ་བའི་བག་ལེབ་དང་། 14མར་མེ་ཆེད་དུ་སྟེགས་བུ་དང་དེའི་ཡོ་བྱད་དང་། སྣུམ་ཡོད་པའི་མར་མེ་རྣམས་དང་། 15སྤོས་བདུག་པའི་མཆོད་ཁྲི་དང་དེའི་རྒྱུག་པ་རྣམས་དང་། བསྔོ་འབུལ་གྱི་སྣུམ་དང་། དྲི་ཞིམ་སྤོས་དང་། དབུ་གུར་དམ་པའི་སྒོ་ཡོལ་དང་། 16སྦྱིན་སྲེག་གི་མཆོད་ཁྲི་དང་དེར་ལིའི་དྲ་བ་རང་སྒྲིགས་བྱས་པ་ཞིག་དང་། དེའི་རྒྱུག་པ་རྣམས་དང་ཡོ་བྱད་ཆ་ཚང་དང་འཁྲུ་གཞོང་དང་དེའི་ཞབས་སྟེགས་དང་། 17ར་བའི་ཡོལ་བ་རྣམས་དང་། དེའི་ཀ་བ་རྣམས་དང་ཀ་སྟེགས་རྣམས་དང་ར་བའི་གཞུང་སྒོའི་ཡོལ་བ་དང་། 18དབུ་གུར་དམ་པ་དང་ར་བའི་ཆེད་དུ་ཕུར་པ་རྣམས་དང་ཐག་པ་རྣམས་དང་། 19དམ་པའི་གནས་མཆོག་གི་ནང་དུ་ཞབས་ཞུ་བྱེད་སྐབས་གྱོན་དགོས་པའི་བླ་མའི་ན་བཟའ་གཟི་བརྗིད་ཅན་དང་། བླ་མ་ཨ་རོན་དང་ཁོའི་བུ་རྣམས་ཀྱི་ཆེད་དུ་ན་བཟའ་དམ་པ་བཅས་སོ༎

མི་མང་ནས་འབུལ་བ།

20ཨིསི་རཱཨེལ་གྱི་མི་མང་ཚང་མ་ཕྱིན་ནོ། 21དེ་ལྟར་འབུལ་འདོད་ཡོད་པ་ཚོས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་བཞེངས་པའི་ཆེད་དུ་དེ་ཚོས་འབུལ་བ་འཁྱེར་ཡོང་ངོ་། དེ་ཚོས་མཆོད་པའི་ཡོ་བྱད་དང་བླ་མའི་ན་བཟའ་བཟོ་བའི་མཁོ་བྱད་ཡོངས་རྫོགས་འཁྱེར་ཡོང་ངོ་། 22འདོད་མོས་བཞིན་སྐྱེ་ཕོ་མོ་གཉིས་ཀས་རྒྱན་ཆ་སྣ་ཚོགས་དེ་ཚོ་ནི་པིང་ཁབ་དང་། ཨ་ལོང། ཚིག་གོག། སྐེ་བཏག་དང་གསེར་གྱི་རྒྱན་ཆ་སྣ་ཚོགས་འཁྱེར་ཡོང་ནས་དེ་དག་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱེད་སོ། 23སུ་ཞིག་ལ་ཀ་ཤི་ཀའི་རས་སྤུས་ལེགས་དང་། བལ་སྔོན་པོ་དང་མུ་མན་དང་དམར་པོ་དང་ར་སྤུས་བཟོས་པའི་གྱོན་གོས་དང་ལུག་ཐུག་གི་པགས་པ་ཚོས་དམར་པོ་རྒྱབ་པ་དང་། ཀོ་བ་སྤུས་ལེགས་ཡོད་པ་ཚོས་དེ་དག་འཁྱེར་ཡོང་ངོ། 24གསེར་དང་ལིའི་འབུལ་བ་འབུལ་ནུས་པ་ཚོས་གཙོ་བོ་དཀོན་མཆོག་གི་ཆེད་དུ་འབུལ་བ་དེ་དག་འཁྱེར་ཡོང་བ་དང་། བེད་སྤྱོད་ཇི་འདྲ་ཞིག་ལ་མཁོ་བའི་ཤིང་ཏིམ་ཤིང་ཡོད་པ་ཚོས་དེ་ལྟར་འཁྱེར་ཡོང་ངོ་། 25བུད་མེད་ལག་རྩལ་མཁས་པ་ཚོས་ཀ་ཤི་ཀའི་སྐུད་པ་སྤུས་དག་དང་། བལ་སྐུད་ཚོན་མདོག་སྔོན་པོ་དང་མུ་མན་དང་དམར་པོ་སོགས་འཁལ་ནས་འཁྱེར་ཡོང་ངོ་། 26ཁོ་ཚོས་ར་སྤུས་སྐུད་པ་ཡང་འཁལ་བ་དང་། 27འགོ་འཛིན་ཚོས་ཀྱངཨེ་ཕོད་དང་བྲང་རྒྱན་ལ་རྒྱན་བྱེད་མཆོང་ལ་སོགས་པའི་ཕྲའི་རིགས་སྣ་ཚོགས་འཁྱེར་ཡོང་ངོ་། 28མར་མེ་དང་བསྔོ་འབུལ་གྱི་སྣུམ་དང་དྲི་ཞིམ་ལྡན་པའི་བདུག་སྤོས་ཀྱི་ཆེད་དུ་སྨན་རྫས་དང་སྣུམ་བཅས་འཁྱེར་ཡོང་ངོ་། 29གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བསྐུལ་གནང་བའི་ལས་ཀ་དེའི་ཆེད་དུ་ཨིསི་རཱཨེལ་མི་མང་རྣམས་ནས་རང་གི་འདོད་མོས་བཞིན་གཙོ་བོ་དཀོན་མཆོག་ལ་འབུལ་བ་འཁྱེར་ཡོང་ངོ་༎

གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་བཞེངས་པའི་ཆེད་དུ་ལག་ཤེས་པ་རྣམས།

(སྡེབ་ཐོན་ ༣༡:༡-༡༡)

30མོ་ཤེས་ཨིསི་རཱཨེལ་པ་རྣམས་ལ་སྨྲས་པ། གཙོ་བོ་དཀོན་མཆོག་གིས་ཡ་ཧུ་དཱའི་སྡེ་རིགས་ནས་ཧུར་གྱི་ཚ་བོ་ཨུ་རིའི་བུ་བྷེ་ཛ་ལེལ་བྱ་བ་དེ་འདམས་གནང་ཡོད་དོ། 31དཀོན་མཚོག་གི་ཁོ་ལ་ཉིད་ཀྱི་ཐུགས་གཉིད་ཀྱི་བཀང་ཡོད། ཁོ་ལ་རིག་རྩལ་དང་སྦྱོན་ཏང་དང་བློ་གྲོས་ཀྱི་རིགས་མི་འདྲ་བའི་ཚང་མའི་སྐོར་ལ་ལག་ཤེས་གནང་ཡོད། 32གཞན་ཡང་བཟོ་ལྟའི་འཆར་གཞི་བཀོད་ཆོག་སྐོར་དང་། བཟོ་ལྟ་དེ་ནི་གསེར་དངུལ་དང་ལིའི་ཐོག་ཏུ་རྐོད་བརྒྱབ་རྒྱུ་དང་། 33ཕྲ་རྒྱན་སྒྲིགས་པའི་ཕྱིར་བཅད་པ་དང་། ཤིང་ལ་རྐོས་བརྒྱབ་པ་དང་། གཞན་ཡང་ལག་ཤེས་མི་འདྲ་བ་ཚང་མའི་རིག་ཙལ་གནང་ཡོད། 34གཙོ་བོ་དཀོན་མཆོག་གིས་ཁོ་དང་དཱན་གྱི་མི་བརྒྱུད་ནས་ཨ་ཧི་ས་མག་གི་བུ་ཨོ་ཧོ་ལི་ཨབ་ལ་ལག་ཤེས་ཀྱི་རིག་གནས་ལ་གཞན་ལ་སློབ་སྟོན་བྱེད་ཐུབ་པའི་འབྱོན་སྟངས་གནང་ཡོད་ཅིང་། 35ཁོང་གིས་དེ་དག་ལ་རྡོ་བཟོ་དང་བཟོ་དབྱིབས་འཆར་གཞི་བཀོད་རྒྱུ་དང་། ཀ་ཤི་ཀའི་རས་སྤུས་དག་དང་བལ་སྔོན་པོ་དང་མུ་མན་དང་དམར་པོ་དང་གཞན་ཡང་རས་སྣ་ཚོགས་ཀྱི་འཐག་ལས་ཀྱི་རིག་གནས་ཡོངས་དང་ལྡན་པའི་ནུས་པ་གནང་ཡོད་པས། ཁོ་ཚོས་བཟོ་ལས་ཀྱི་རིགས་ཚང་མ་བྱེད་ཐུབ་ཅིང་། རིགས་ཙལ་ལྡན་པའི་བཟོ་དབྱིབས་མཁས་པ་རྣམས་ཡིན་ནོ༎

སྡེབ་ཐོན 36

1གཙོ་བོ་དཀོན་མཆོག་གིས་རྩལ་དང་དྲན་དབང་གནང་བའི་བྷེ་ཛ་ལེལ་དང་ཨོ་ཧོ་ལི་ཨབ་གཉིས་ཀྱི་གཙོས་པའི་གཞན་ཡང་ལག་ཤེས་མཁས་པ་ཚོས་དབུ་གུར་དམ་པ་བཞེངས་སྐབས་མཁོ་བའི་ཡོ་བྱད་རྣམས་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་བཟོ་དགོས་པ་ཡིན་ནོ༎

མི་དམངས་ནས་འབུལ་བ་མང་པོ་འཁྱེར་ཡོང་བ།

2མོ་ཤེས་བྷེ་ཛ་ལེལ་དང་ཨོ་ཧོ་ལི་ཨབ་གཉིས་ཀྱི་གཙོས་པའི་གཙོ་བོ་དཀོན་མཆོག་གིས་རིག་རྩ་ལགནང་བའི་ལག་བཟོ་མཁས་པ་རྣམས་དང་གཞན་ཡང་ཞབས་ཕྱི་ཞུ་འདོད་ཡོད་པ་རྣམས་ལ་འབོད་ནས་ལས་ཀ་འགོ་འཛུག་དགོས་ཅེས་སྨྲས་པ་དང་། 3ཁོ་ཚོས་མོ་ཤེའི་བརྒྱུད་ནས་ཨིསི་རཱཨེལ་པ་ཚོས་དབུ་གུར་དམ་པ་བཟོ་བའི་ཕྱིར་འཁྱེར་ཡོང་བའི་འབུལ་བ་རྣམས་རྩིས་ལེན་པ་རེད། ཨིསི་རཱཨེལ་པ་ཚོས་ཞོགས་ལྟར་རེ་བཞིན་འབུལ་བ་འཁྱེར་ནས་མོ་ཤེ་སར་ཡོང་ངོ་། 4ལས་བྱེད་པ་རིག་རྩལ་ལྡན་པའི་མི་རྣམས་རང་རང་གི་ལས་ཀ་བཞག་ནས་མོ་ཤེའི་རྩར་ཡོང་ངོ་། 5མོ་ཤེ་ལ། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བའི་ལས་ཀའི་དོན་དུ་དགོས་མཁོ་ལས་ལྷག་པའི་འབུལ་བ་མི་དམངས་ཚོས་འཁྱེར་ཡོང་གི་འདུག་ཅེས་ཞུས་སོ། 6དེ་ནས་མོ་ཤེས་སྨྲས་པ། དབུ་གུར་དམ་པ་བཞེངས་པའི་ཆེད་དུ་སུས་ཀྱང་འབུལ་བ་འཁྱེར་ཡོང་མི་དགོས་ཅེས་སྒར་ཡོང་རྫོགས་ལ་བཀའ་བཏང་བས་མི་མང་ནས་སྐྱར་དུ་འབུལ་བ་འཁྱེར་མ་ཡོང་ངོ་། 7སྔོན་ནས་འཁྱེར་ཡོང་བའི་འབུལ་བ་དེ་རང་གི་ལྡང་བ་ཙམ་མ་ཟད། དགོས་མཁོ་ལས་ལྷག་པར་བྱུང་ཡོད་པ་རེད༎

གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་བཞེངས་པ།

(སྡེབ་ཐོན་ ༢༦:༡-༣༧)

8བཟོ་པ་མཁས་ཤོས་ཚོས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པབཞེངས་སྐབས། ཁོ་ཚོས་བལ་སྔོན་པོ་དང་མུ་མན་དང་དམར་པོ་དང་བཅས་མཉམ་དུ་འཐག་པའི་ཀ་ཤི་ཀའི་རས་སྤུས་དག་དུམ་བུ་བཅུ་ལས་བཟོས་ཤིང་། དེར་ཀེ་རུབ་རྣམས་ཀྱི་འཚེམ་འདྲུག་རྒྱབ་པ་དང་། 9རས་ཀྱི་དུམ་བུ་དེ་རྣམས་རིང་ཚད་མི་ཊར་བཅུ་གཉིས་དང་ཞེང་ཚད་མི་ཊར་གཉིས་བཅས་ཚང་མ་ཆེ་ཆུང་གཅིག་པ་ཡིན་པ་དང་། 10ཁོ་ཚོས་རས་ཀྱི་དུམ་བུ་ལྔ་ཕྱོགས་གཅིག་ཏུ་འཚེམ་ཞིང་། དེ་འཕྲོས་དུམ་བུ་ལྔའང་དེ་བཞིན་བྱས་སོ། 11ཁོ་ཚོས་གུར་གྱི་ཕྱི་ཁེབས་ཀྱི་མཐའ་གཉིས་སུ་རས་སྔོན་པོས་སྒྲོག་ཐག་བཟོས་ཏེ། 12སྒྲོག་ཐག་ལྔ་བཅུ་གུར་གྱི་གཞོགས་གཅིག་གི་དུམ་བུ་དང་པོར་འཚེམ་པ་དང་། དེ་བཞིན་སྒྲོག་ཐག་ལྔ་བཅུ་གཞོགས་གཉིས་པའི་དུམ་བུ་མཐའ་མར་ཕན་ཚུན་ཐད་ཀར་སྒྲིགས་ནས་འཚེམ་པ་དང་། 13ཁོ་ཚོས་རས་དུམ་བུ་དང་པོ་དང་གཉིས་པོ་དེ་ཕྱོགས་གཅིག་ཏུ་འབྲེལ་བའི་ཆེད་དུ་གསེར་གྱི་ལྕགས་ཀྱུ་ལྔ་བཅུ་བཟོས་སོ། 14དེ་ནས་ཁོ་ཚོས་ར་སྤུས་བཟོས་པའི་གོས་དུམ་བུ་བཅུ་གཉིས་ལས་དབུ་གུར་དམ་པའི་ཕྱི་ཁེབས་ཤིག་བཟོས་ཤིང་། 15དེ་ཚོའི་རིང་ཚད་མི་ཊར་བཅུ་གསུམ་དང་ཞེང་ཚད་མི་ཊར་གཉིས་བཅས་ཆེ་ཆུང་ཚང་མ་གཅིག་པ་ཡིན་པས། 16དུམ་བུ་ལྔ་ཕྱོགས་གཅིག་ཏུ་འཚེམ་པ་དང་འཕྲོས་དུམ་བུ་དྲུག་ཕྱོགས་གཞན་དུ་འཚེམ་པ་རེད། 17ཁོ་ཚོས་གཞོགས་གཅིག་གི་དུམ་བུ་མཐའ་མའི་མཐའ་འཁོར་ལ་སྒྲོག་ཐག་ལྔ་བཅུ་དང་དེ་བཞིན་གཞོགས་གཞན་དེའི་མཐའ་ལའང་སྒྲོག་ཐག་ལྔ་བཅུ་འཚེམ་པ་རེད། 18ཁོ་ཚོས་ཕྱི་ཁེབས་ཆ་ཚང་གཅིག་ཡོང་བའི་ཆེད་དུ་དུམ་བུ་ཆེན་པོ་གཉིས་པོ་དེ་ཕྱོགས་གཅིག་ཏུ་འབྲེལ་ཕྱིར་ལིའི་ལྕགས་ཀྱུ་ལྔ་བཅུ་བཟོས་ཤིང་། 19ཕྱི་ཁེབས་གཞན་ཀྱི་ལས་ཀའི་ཆེད་དུ་ལུག་ཐུག་གི་པགས་པ་རྒྱ་ཚོས་དམར་པོ་རྒྱབ་པ་ཞིག་དང་གཞན་ཡང་ཀོ་བ་སྤུས་དག་གཅིག་ལས་ཁེབས་གཉིས་པ་དེ་བཟོས་སོ། 20ཁོ་ཚོས་དབུ་གུར་དམ་པའི་ཆེད་དུ་ཤིང་ཏིམ་ཤིང་ལས་སྒྲོམ་ལག་བཟོས་ཤིང་། 21སྒྲོམ་རེ་རེའི་མཐོ་ཚད་མི་ཊར་བཞི་དང་ཞེང་ཚད་སན་ཊི་མི་ཊར་དྲུག་ཅུ་རེ་དྲུག་བཅས་ཡོད་དོ། 22སྒྲོམ་གཉིས་རེ་ལྷུ་སྒྲིགས་པའི་ཕྱིར་སྒྲོམ་ཚང་མར་ཁོག་གཟེར་གཉིས་རེ་བཟོས་ཡོད་པ་ཡིན་ནོ། 23ཁོ་ཚོས་ལྷོ་ངོས་སུ་སྒྲོམ་ཉི་ཤུ་བཟོས་པ་དང་། 24སྒྲོམ་རེ་རེའི་འོག་ཏུ་ཞབས་གདན་གཉིས་རེ་ཁོག་གཟེར་གཉིས་ཟིན་པའི་ཕྱིར་དངུལ་གྱི་ཞབས་གདན་ བཞི་བཅུ་བཟོས་སོ། 25དེ་བཞིན་བྱང་ངོས་སུའང་དངུལ་གྱི་སྒྲོམ་ཉི་ཤུ་བཟོས་སོ། 26སྒྲོམ་རེར་ཞབས་གདན་གཉིས་རེ་བྱས་པའི་དངུལ་གི་ཞབས་གདན་བཞི་བཅུ་བཟོས་སོ། 27ནུབ་ངོས་སུ་དབུ་གུར་དམ་པའི་རྒྱབ་ལ་སྒྲོམ་དྲུག་བཟོས་པ་དང་། 28ཟུར་རེར་སྒྲོམ་གཉིས་རེ་བཟོས་སོ། 29སྒྲོམ་དེ་དག་ནི་མཐིལ་དུ་མཐུད་ཡོད་པ་དང་། རྩེ་མོ་བར་དུ་ཆང་མ་འབྲེལ་ཡོད་དོ། ཟུར་གཉིས་སུ་ཡོད་པའི་སྒྲོམ་གཉིས་པོ་དེའང་དེ་ལྟར་བཟོས་ཡོད་པ་རེད། 30དེ་བཞིན་སྒྲོམ་བརྒྱད་དང་དངུལ་གྱི་ཞབས་གདན་བཅུ་དྲུག་བཅས་སྒྲོམ་རེ་རེའི་འོག་ཏུ་ཞབས་གདན་གཉིས་རེ་ཡོད་དོ། 31ཁོ་ཚོས་ཤིང་ཏིམ་ཤིང་ལས་སྒྲོམ་རྣམས་ཀྱི་རྒྱ་གྲམ་བཅོ་ལྔ་བཟོས་ཏེ། དབུ་གུར་དམ་པའི་ཕྱོགས་གཅིག་གི་སྒྲོམ་ལ་ལྔ་དང་། 32ཕྱོགས་གཞན་གྱི་སྒྲོམ་གྱི་ཆེད་དུ་ལྔ་དང་། དེ་བཞིན་རྒྱབ་ཏུ་ནུབ་ངོས་ཀྱི་སྒྲོམ་ལ་ལྔ་ཡོད་པ་ཡིན་ནོ། 33སྒྲོམ་རྣམས་ཀྱི་དཀྱིལ་དུ་ཡོད་པའི་རྒྱ་གྲམ་་དེ་བཞིན་དབུ་གུར་དམ་པའིི་མཐའ་གཅིག་ནས་གཞན་བར་ཁྱབ་ཡོད་ཅིང་། 34སྒྲོམ་རྣམས་ལ་གསེར་གཡོག་པ་དང་། རྒྱ་གྲམ་་འཛིན་པའི་ཆེད་དུ་གསེར་གྱི་ཨ་ལོང་རྣམས་དགར་ཞིང། རྒྱ་གྲམ་་ལའང་དེ་བཞིན་གསེར་གཡོག་ཡོད་པ་རེད། 35ཁོ་ཚོས་བལ་སྔོན་པོ་དང་མུ་མན་དང་དམར་པོ་བཅས་ལས་བཏགས་པའི་ཀ་ཤི་ཀའི་རས་སྤུས་ལེགས་ཤོས་གིས་ཡོལ་བ་བཟོས་ཏེ། དེར་ཀེ་རུབ་ཀྱི་འཚེམ་འདྲུག་རྒྱབ་ཡོད་དོ། 36ཡོལ་བ་འཛིན་པའི་ཕྱིར་ཤིང་ཏིམ་ཤིང་གི་ཀ་བ་བཞི་བཟོས་ནས་དེར་གསེར་གཡོག་ཡོད་པ་དང་། དེར་གསེར་གྱི་ལྕགས་ཀྱུའང་དགར་རོ། ཀ་བ་དེ་དག་འཛིན་པའི་ཆེད་དུ་དངུལ་གྱི་ཞབས་གདན་བཞི་བཟོས་ཡོད་དོ། 37དབུ་གུར་དམ་པའི་སྒོ་ལ་བལ་སྔོན་པོ་དང་མུ་མན་དང་དམར་པོ་བཅས་ལས་བཏགས་པའི་ཀ་ཤི་ཀའི་རས་སྤུས་དག་གི་ཡོལ་བ་བཟོས་ཏེ། དེར་འཚེམ་འདྲུབ་ཀྱིས་བརྒྱན་ཡོད་དོ་། 38ཡོལ་བ་དེར་ལྕགས་ཀྱུ་ལྡན་པའི་ཀ་བ་ལྔ་བཟོས་ཤིང་། དེ་ཚོས་ཀ་བའི་རྩེ་དང་དེའི་སྒྲོག་ཐག་ལ་གསེར་གྱི་གཡོགས་པ་དང་། དེའི་ཞབས་གདན་ལྔ་ལིའི་བཟོས་སོ༎

སྡེབ་ཐོན 37

(སྡེབ་ཐོན་ ༢༥:༡༠-༢༢)

1བྷེ་ཛ་ལེལ་གྱིས་ཤིང་ཏིམ་ཤིང་ལས་དམ་བཅའི་སྒྲོམ་རིང་ཚད་སན་ཊི་མི་ཊར་ ༡༡༠ དང་ཞེང་ཚད་སན་ཊ་མི་ཊར་དྲུག་ཅུ་རེ་དྲུག་དང་མཐོ་ཚད་སན་ཊི་མི་ཊར་དྲུག་ཅུ་རེ་དྲུག་བྱས་པ་ཞིག་བཟོས་སོ། 2དེའི་ཕྱི་ནང་གཉིས་ལ་གསེར་བཙོ་མས་གཡོགས་ཤིང་མཐའ་སྐོར་དུ་གསེར་གྱི་མཐའ་རྒྱན་བཟོས་སོ། 3དེ་འཁུར་བྱེད་གསེར་གྱི་ཨ་ལོང་བཞི་བཟོས་ཏེ་སྒྲོམ་གྱི་ཨ་ལོང་བཞི་ལ་སྦྱར་ནས་ཕྱོགས་རེར་ཨ་ལོང་གཉིས་རེ་དགར་རོ། 4ཤིང་ཏིམ་ཤིང་ལས་སྒྲོམ་བཏེགས་བྱེད་རྒྱུག་པ་རྣམས་བཟོས་ནས་གསེར་གཡོགས་ཤིང་། 5དེ་རྣམས་སྒྲོམ་གྱི་ཕྱོགས་རེ་རེའི་ཨ་ལོང་ནང་དུ་བཅུག་གོ 6གསེར་བཙོ་མས་ཁེབས་རིང་ཚད་སན་ཊི་མི་ཊར་ ༡༠༠ དང་ཞེང་ཚད་སན་ཊི་མི་ཊར་དྲུག་ཅུ་རེ་དྲུག་བྱས་པ་ཞིག་བཟོས་སོ། 7ཁོང་གིས་གསེར་ལྗང་རྡུང་གིས་ཀེ་རུབ་གཉིས་བཟོས་ནས། 8ཁེབས་ཀྱི་མཐའ་རེར་བཞག་གོ། ཁོང་གིས་དེ་རྣམས་དང་ཁེབས་གསེར་དུམ་བུ་དེ་རང་ལས་བཟོས་སོ། 9ཁེབས་ཀྱི་སྟེང་དུ་ཡོད་པའི་ཀེ་རུབ་དེ་ཚོ་གཅིག་གིས་གཅིག་ལ་ཕན་ཚུན་བལྟ་བཞིན་ཡོད་པ་དང་། དེ་ཚོའི་ཤོག་པ་བརྐྱངས་ནས་ཡོད་པ་དེས་ཁེབས་ཡོངས་སུ་བཀབ་ཡོད་པ་རེད༎

དཀོན་མཆོག་ལ་བག་ལེབ་འབུལ་བའི་གསོལ་ལྕོག།

(སྡེབ་ཐོན་ ༢༥:༢༣-༣༠)

10ཁོས་ཤིང་ཏིམ་ཤིང་ལས་གསོལ་ལྕོག་རིང་ཚད་སན་ཊི་མི་ཊར་བརྒྱད་ཅུ་གྱ་བརྒྱད་དང་ཞེང་ཚད་སན་ཊི་མི་ཊར་བཞི་ཅུ་ཞེ་བཞི་དང་མཐོ་ཚད་སན་ཊི་མི་ཊར་དྲུག་ཅུ་རེ་དྲུག་བྱས་པ་ཞིག་བཟོས་སོ། 11དེར་གསེར་བཙོ་མས་གཡོག་ནས་མཐའ་བསྐོར་ལ་གསེར་གྱི་མཐའ་རྒྱན་རྒྱབ་བོ། 12ཁོས་ཤེན་གྱི་ཞེང་ཚད་མི་ལི་མི་ཊར་བདུན་ཅུ་དོན་ལྔ་བྱས་པ་བཟོས་ནས་དེས་མཐའ་རུ་གསེར་གྱི་མཐའ་རྒྱན་བརྒྱབ་བོ། 13དེ་འཁྱེར་བྱེད་གསེར་གྱི་ཨ་ལོང་བཞི་བཟོས་ནས་གསོལ་ལྕོག་གི་རྐང་པ་ཡོད་སའི་ཟུར་བཞི་ལ་དགར་རོ། 14གསོལ་ལྕོག་འཁྱེར་བྱེད་རྒྱུག་པ་རྣམས་འཛིན་པའི་ཨ་ལོང་རྣམས་ཁ་སྒྲིལ་དང་ཉེ་བར་བཟོས་ཤིང་། 15རྒྱུག་པ་རྣམས་ཤིང་ཏིམ་ཤིང་ལས་བཟོས་ཏེ་དེ་རྣམས་ལ་གསེར་གཡོག་པ་དང་། 16ཁོས་གསོལ་ལྕོག་གི་ཆེད་དུ་དངོས་རིགས་རྣམས་ནི་སྡེར་མ་རྣམས་དང་ཕོར་པ་རྣམས་དང་གཞོང་པ་རྣམས་དང་། རྒུན་ཆང་འབུལ་བའི་བེད་སྤྱོད་ཀྱི་ཆེད་དུ་བུམ་པ་རྣམས་གསེར་བཙོ་མས་བཟོས་སོ༎

(སྡེབ་ཐོན་ ༢༥:༣༡-༤༠)

17ཁོས་མར་མེའི་སྟེགས་བུ་དེ་གསེར་བཙོ་མ་དང་། དེའི་ཞབས་ར་དང་ཡུ་བ་བཅས་གསེར་ལྗང་རྡུང་ལས་བཟོས་ཏེ། དེའི་མཛེས་རྒྱན་གྱི་མེ་ཏོག་དང་། དེའི་ཐེའུ་དང་འདབ་མ་བཅས་གསེར་དུམ་བུ་གཅིག་རང་ལས་བཟོས་སོ། 18དེའི་གཞོགས་གཉིས་ནས་ཡལ་ག་གསུམ་རེ་བཅས་བསྡོམས་ཡལ་ག་དྲུག་ཐོན་ཞིང་། 19ཡལ་ག་རེ་རེའི་ཐོག་ཏུ་སྟར་ཀའི་མཛེས་རྒྱན་གྱི་མེ་ཏོག་གི་དབྱིབས་བཞིན་ཐེའུ་དང་འདབ་མ་བཅས་ཡོད་དོ། 20དེ་བཞིན་མར་མེའི་སྟེགས་བུའི་ཡུ་བའང་སྟར་ཀའི་མེ་ཏོག་གི་དབྱིབས་བཞིན་མེ་ཏོག་དང་ཐེའུ་འདབ་མ་བཅས་བཞི་ཡོད་པ་ཡིན། 21ཡལ་ག་ཆ་གསུམ་གྱི་འོག་ཏུ་ཐེའུ་རེ་ཡོད་པ་དང་། 22ཐེའུ་ཡལ་ག་དང་མར་མེའི་སྟེགས་བུ་རྣམས་གསེར་ལྗང་རྡུང་དུམ་བུ་གཅིག་རང་ལས་བཟོས་སོ། 23ཁོང་གིས་ཞུ་མར་གྱི་སྟེགས་བུའི་ཆེད་དུ་ཞུ་མར་བདུན་བཟོས་པ་དང་། དེའི་ཀམ་པ་རྣམས་དང་། ཤིང་ཁྲོལ་རྣམས་གསེར་བཙོ་མ་ལས་བཟོས་སོ། 24མར་མེའི་སྟེགས་བུ་དང་དེའི་ཡོ་བྱད་རྣམས་གསེར་བཙོ་མ་ཀི་ལོ་གྷ་རམ་གསུམ་བཅུ་སོ་ལྔ་ལས་བཟོས་པ་ཡིན་ནོ༎

སྤོས་བདུག་པའི་མཆོད་ཁྲི།

(སྡེབ་ཐོན་ ༣༠:༡-༥)

25ཁོས་སྤོས་བདུག་པའི་མཆོད་ཁྲི་ཞིག་ཤིང་ཏིམ་ཤིང་ལས་བཟོས་ཏེ། དེའི་རིང་ཚད་སན་ཊི་མི་ཊར་ བཞི་ཅུ་ཞེ་ལྔ་དང་ཞེང་ཚད་སན་ཊི་མི་ཊར་བཞི་ཅུ་ཞེ་ལྔ་དང་མཐོ་ཚད་སན་ཊི་མི་ཊར་དགུ་བཅུ་བྱས་པ་མཆོད་ཁྲི་གྲུ་བཞི་ཞིག་ཡིན་པ་དང་། དེའི་ཟུར་བཞི་ལ་ཡོད་པའི་ར་ཅོ་བཞི་པོ་དེ་དག་་དུམ་བུ་གཅིག་རང་ལས་ཡིན་ནོ། 26དེའི་ཐོད་སྤང་དང་ངོས་བཞི་དང་དེའི་རྭ་ཅོ་བཅས་ལ་གསེར་བཙོ་མས་གཡོག་པ་དང་། དེའི་མཐའ་འཁོར་ལ་གསེར་གྱི་མཐའ་རྒྱན་ཞིག་གིས་བསྐོར་རོ། 27དེ་འཁྱེར་བྱེད་གསེར་གྱི་ཨ་ལོང་གཉིས་བཟོས་ཏེ། དེ་དག་ཕྱོགས་གཉིས་སུ་མཐའ་རྒྱན་གྱི་གཤམ་དུ་སྦྱར་ཡོད་པ་དེ་ནི་མཆོད་ཁྲི་འཁྱེར་སྐབས་རྒྱུག་པ་རྣམས་འཛིན་པའི་ཆེད་དུ་ཡིན་ཞིང་། 28ཁོས་རྒྱུག་པ་དེ་དག་ཏིམ་ཤིང་ལས་བཟོས་ཏེ་གསེར་གཡོག་པ་ཡིན་ནོ༎

བསྔོ་འབུལ་གྱི་སྣུམ་དང་སྤོས།

(སྡེབ་ཐོན་ ༣༠:༢༢-༣༨)

29ཁོས་བསྔོ་འབུལ་གྱི་སྣུམ་དམ་པ་དང་དྲི་ཞིམ་ལྡན་པའི་སྤོས་རྣམས་སྨན་རྫས་སྲེས་ནས་བཟོས་སོ༎

སྡེབ་ཐོན 38

སྦྱིན་སྲེག་འབུལ་ཕྱིར་མཆོད་ཁྲི།

(སྡེབ་ཐོན་ ༢༧:༡-༨)

1ཁོས་ཤིང་ཏིམ་ཤིང་ལས་སྦྱིན་སྲེག་གི་མཆོད་པ་སྲེག་ཕྱིར་མཆོད་ཁྲི་ཞིག་བཟོས་ཏེ། དེ་ནི་གྲུ་བཞི་ཡིན་པ་དང་། རིང་ཚད་མི་ཊར་ ༢.༢ ལྷག་ཙམ་དང་། ཞེང་ཚད་མི་ཊར་ ༢.༢ ལྷག་ཙམ་དང་། དེ་བཞིན་མཐོ་ཚད་མི་ཊར་ ༡.༣ ལྷག་ཙམ་ཡོད་དོ། 2ཁོང་གིས་དེའི་ཟུར་བཞིའི་སྟེང་དུ་རྭ་ཅོ་རྣམས་དང་མཆོད་ཁྲི་ཤིང་དུམ་བུ་གཅིག་རང་ལས་བཟོས་ཏེ། དེ་དག་ལིས་ཡོངས་སུ་གཡོགས་སོ། 3ཁོས་མཆོད་ཁྲིའི་ཡོ་བྱད་ནི་སླ་ང་རྣམས་དང་མེ་ཁྱིམ་རྣམས་དང་མེ་གཞོང་རྣམས་དང་ལྕགས་ཀྱུ་རྣམས་དང་མེ་ཕོར་རྣམས་ལིས་བཟོས་སོ། 4ཁོས་ལིའི་དྲབ་ཞིག་བཟོས་ནས་དེ་མཆོད་ཁྲིའི་ཁ་སྒྲིལ་འོག་ཏུ་བཞག་པས། དྲ་བ་དེས་མཆོད་ཁྲིའི་ཕྱེད་ཙམ་སླེབས་སོོ། 5ཁོས་ཨ་ལོང་བཞི་བཟོས་ནས་ཟུར་བཞི་ལ་བཞག་གོ 6ཁོས་མཆོད་ཁྲི་འཁྱེར་བྱེད་རྒྱུག་པ་རྣམས་ཏིམ་ཤིང་ལས་བཟོས་ནས་ལིས་གཡོགས་སོ། 7མཆོད་ཁྲིའི་ཕྱོགས་རེར་ཡོད་པའི་ཨ་ལོང་ནང་དུ་བཅུག་གོ མཆོད་ཁྲི་དེ་ནི་པང་ལེབ་ལས་བཟོས་པ་ཡིན་པས། དེ་ནི་ཁོག་སྟོང་ཞིག་ཡོད་པ་ཡིན་ནོ༎

(སྡེབ་ཐོན་ ༣༠:༡༨)

8ཁོས་ལི་འི་གཞོང་པ་དང་དེའི་ཞབས་ར་བཅས་གཙོ་བོ་དཀོན་མཆོག་གནས་པའིི་དབུ་གུར་དམ་པའི་གཟིམ་སྒོར་ཞབས་ཏོག་ཞུ་མཁན་བུད་མེད་ཚོའི་ཤེལ་ཀོ་ལས་བཟོས་པ་ཡིན་ནོ༎

(སྡེབ་ཐོན་ ༢༧:༩-༡༩)

9ཁོས་ཀ་ཤི་ཀའི་རས་སྤུས་ལེགས་ཀྱི་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ལྷོ་ཕྱོགས་ཀྱི་ར་བ་བཟོས་ཏེ། ཡོལ་བའི་རིང་ཚད་ནི་མི་ཊར་བཞི་ཅུ་ཞེ་བཞི་ཡོད་དོ། 10དེ་ནི་ཞབས་གདན་ཡོད་པའི་ལིའི་ཀ་བ་ཉི་ཤུས་ཡར་སྟེགས་ཡོད་ཅིང་། ཀ་བ་དེ་དག་ལ་དངུལ་གྱི་ལྕགས་ཀྱུ་དང་ལྕགས་མདས་དགར་ཡོད་པ་ཡིན་ནོ། 11དེ་བཞིན་བྱང་ངོས་ཀྱི་ར་བ་དེའང་གོང་བཞིན་ཡོད་པ་ཡིན་ནོ། 12ནུབ་ཕྱོགས་ཀྱི་ཡོལ་བའི་རིང་ཚད་མི་ཊར་ཉི་ཤུ་རྩ་གཉིས་ཡོད་པ་དང་། དེར་ཞབས་གདན་ཡོད་པའི་ཀ་བ་བཅུ་ཡོད་ཅིང་། དེ་དག་ལ་དངུལ་གྱི་ལྕགས་ཀྱུ་དང་ལྕགས་མདའ་བཅས་དགར་ཡོད་པ་ཡིན་ནོ། 13ཤར་སྒོའི་ར་བའི་ཞེང་ཚད་ནི་མི་ཊར་ཉི་ཤུ་རྩ་གཉིས་ཡོད། 14-15ནང་དུ་འཛུལ་སའི་སྒོའི་ཕྱོགས་དེར་ཡོལ་བ་མི་ཊར་ ༦.༦ དང་ཀ་བ་གསུམ་དང་ཞབས་གདན་གསུམ་ཡོད་དོ། 16ར་བའི་མཐའ་འཁོར་གྱི་ཡོལ་བ་རྣམས་ཀ་ཤི་ཀའི་རས་སྤུས་ལེགས་ཀྱི་བཟོས་ཡོད་ཅིང་། 17ཀ་བའི་ཞབས་གདན་རྣམས་ལི་གི་བཟོས་ཡོད་པ་དང་། ཀ་བའི་ལྕགས་ཀྱུ་དང་མདའ་དང་ཏོག་ཚང་མ་དངུལ་གྱི་བཟོས་ཡོད་པ་དང་། ར་བའི་མཐའ་འཁོར་གྱི་ཀ་བ་རྣམས་དངུལ་གྱི་སྒྲོག་ཐག་གི་ཕན་ཚུན་འབྲེལ་ཡོད་པ་ཡིན། 18ར་བའི་ནང་དུ་འཛུལ་སའི་སྒོ་ཡོལ་དེ་ནི་བལ་སྔོན་པོ་དང་མུ་མན་དང་དམར་པོ་བཅས་ཀྱིས་འཐག་པའི་ཀ་ཤི་ཀའི་རས་སྤུས་ལེགས་ལས་བཟོས་ཤིང་དེར་འཚེམ་འདྲུབ་ཀྱིས་རྒྱན་ཡོད་པ་དང་། དེའི་རིང་ཚད་མི་ཊར་དགུ་དང་མཐོ་ཚད་མི་ཊར་གཉིས་བཅས་ར་བའི་སྒོ་ཡོལ་དེ་དང་མཚུངས་པ་ཞིག་ཡིན་ནོ། 19ཡོལ་བ་དེ་ནི་ལིའི་ཞབས་གདན་ཡོད་པའི་ཀ་བ་བཞིས་བཏེགས་ཡོད་ཅིང་། དེས་ལྕགས་སྐྱུ་རྣམས་དང་ཏོག་རྣམས་དང་ལྕགས་མདའ་རྣམས་དངུལ་གི་བཟོས་པ་ཡིན་ནོ། 20དབུ་གུར་དམ་པ་དང་མཐའ་འཁོར་གྱི་ར་བའི་ཕུར་པ་རྣམས་ལི་ལས་བཟོས་ཡོད་པ་ཡིན་ནོ༎

གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་བཞེངས་སྐབས་བེད་སྤྱད་བྱེད་པའི་དངོས་རིགས་རྣམས།

21བཀའ་ཁྲིམས་བཅུ་བྲིས་ཡོད་པའི་རྡོ་ལེབ་གཉིས་བཞག་སའི་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པར་བེད་སྤྱོད་བྱས་པའི་དངོས་རིགས་ཀྱི་ཐོ་ཡིག་དེ་ནི་མོ་ཤེའི་འདོད་པ་བཞིན་བླ་མ་ཨ་རོན་གྱི་བུ་ཨི་ཐ་མར་གྱི་སློབ་སྟོན་གནང་བ་ལྟར་ལེ་ཝི་པ་ཚོས་བཟོས་པ་ཡིན་ནོ། 22ཡ་ཧུ་དཱའི་སྡེ་རིགས་ནས་ཡིན་པ་ཧུར་གྱི་ཚ་བོའམ་ཨུ་རིའི་བུ་བྷེ་ཛ་ལེལ་གྱིས་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་ཚང་མ་བཟོས་སོ། 23ཁོའི་ལས་རོགས་དཱན་གྱི་སྡེ་རིགས་ནས་ཡིན་པ་ཨ་ཧི་ས་མག་གི་བུ་ཨོ་ཧོ་ལི་ཨབ་ནི་བརྐོས་རྒྱབ་མཁན་དང་། བཟོ་དབྱིབས་སྟོན་མཁན་དང་། བལ་སྔོན་པོ་དང་མུ་མན་དང་དམར་པོ་བཅས་ལས་འཐག་པའི་ཀ་ཤི་ཀའི་རས་སྤུས་ལེགས་བཟོ་མཁན་བཅས་ཡིན་ནོ། 24དབུ་གུར་དམ་པའི་ཆེད་དུ་གཙོ་བོ་དཀོན་མཆོག་ལ་བསྔོས་པའི་གསེར་གྱི་ལྗིད་ཚད་ནི་ཀི་ལོ་ ༡༠༠༠ ཡོད་དེ། དེ་ནི་གཞུང་གི་ཁྲིམས་སྲོལ་ལྟར་ལྗིད་ཚད་ཆ་ཚང་ཞིག་བཀྱག་ཡོད་པ་ཡིན་ནོ། 25མི་སྡེའི་གྲངས་འབོར་བཞིན་ཐོབ་པའི་དངུལ་གཞུང་གི་ཁྲིམས་སྲོལ་ལྟར་ལྗིད་ཚད་ཀི་ལོ་གྷ་རམ་ ༣,༤༣༠ ཡོད་དོ། 26དེ་ནི་མི་མང་གྲངས་གཤེར་གྱི་མིང་ཐོར་འཁོད་པའི་མི་རྣམས་ཀྱི་འབུལ་བའི་འབོར་དང་མཚུངས་ཤིང་། དེ་ནི་གཞུང་གི་ཁྲིམས་སྲོལ་ལྟར་ལྗིད་ཚད་དང་མཐུན་པ་ཞིག་ཕུལ་ལོ། མི་མང་གྲངས་གཤེར་གྱི་མིང་ཐོར་འཁོད་པ་རྣམས་ལོ་ཉི་ཤུ་ལོན་པའམ་དེ་ལས་རྒན་པ་བཅས་མི་གྲངས་ ༦༠༣༥༥༠ ཡོད་པ་ཡིན། 27དབུ་གུར་དམ་པའི་ཞབས་གདན་གྲངས་ ༡༠༠ དང་ཡོལ་བའི་ཆེད་དུ་དངུལ་ཀི་ལོ ༣༤༠༠ བེད་སྤྱོད་བྱས་ཤིང་། ཞབས་གདན་རེར་ཀི་ལོ་གསུམ་བཅུ་སོ་བཞི་རེ་བེད་སྤྱོད་བྱས་པ་ཡིན་ནོ། 28དངུལ་ལྷག་འཕྲོས་ཀི་ལོ་གསུམ་བཅུ་ནས་བྷེ་ཛ་ལེལ་གྱིས་ལྕགས་མདའ་རྣམས་དང་ཀ་བའི་ཆེད་དུ་ལྕགས་ཀྱུ་རྣམས་དང་དེའི་ཏོག་བཅས་བཟོས་སོ། 29གཙོ་བོ་དཀོན་མཆོག་གི་དོན་དུ་བསྔོས་པའི་རག་གི་ལྗིད་ཚད་ནི་ཀི་ལོ་ ༢༤༢༥ བཅས་ཡོད་ཅིང་། 30ལི་དེ་ལས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་གཟིམ་སྒོའི་ཞབས་གདན་རྣམས་དང་ལི་གི་མཆོད་ཁྲི་དང་དེ་མཉམ་དུ་ཡོད་པའི་ལིའི་དྲ་བ་དང་གཞན་ཡང་མཆོད་ཁྲིའི་ཡོ་བྱད་བཅས་ཁོས་བཟོས་སོ། 31མཐའ་འཁོར་གྱི་ར་བའི་ཞབས་གདན་དང་དེ་བཞིན་ར་བའི་གཟིམ་སྒོ་དང་དབུ་གུར་དམ་པ་དང་མཐའ་འཁོར་གྱི་ར་བའི་ཕུར་པ་བཅས་བཟོས་པ་ཡིན་ནོ༎

སྡེབ་ཐོན 39

བླ་མའི་ན་བཟའ།

(སྡེབ་ཐོན་ ༢༨:༡-༡༤)

1བླ་མ་ཚོས་གནས་མཆོག་དམ་པར་ཞབས་ཞུའི་སྐབས་སུ་གྱོན་པའི་ན་བཟའ་གཟི་བརྗིད་ཅན་དེ་ཁོ་ཚོས་བལ་སྔོན་པོ་དང་མུ་མན་དང་དམར་པོས་བཟོས་པ་དང་། གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་བཞིན་ཁོ་ཚོས་ཨ་རོན་གྱི་ཆེད་དུ་བླ་མ་གྱི་ན་བཟའ་བཟོས་སོ། 2ཁོ་ཚོས་བལ་སྔོན་པོ་དང་མུ་མན་་དང་དམར་པོ་བཅས་ལས་བཏགས་པའི་ཀ་ཤི་ཀའི་རས་སྤུས་ལེགས་དང་། གསེར་སྐུད་སོགས་ལས་ཨེ་ཕོད་བཟོས་པ་དང་། 3དེ་བཞིན་གསེར་བརྡུང་ནས་དེ་དག་སྲབ་མོར་བཟོས་ཏེ་བྲེགས་ཏེ་གསེར་སྐུད་བཟོས་ཤིང་བལ་སྔོན་པོ་མུ་མན་དང་དམར་པོ་བཅས་ལས་བཏགས་པའི་ཀ་ཤི་ཀའི་རས་སྤུས་ལེགས་དང་མཉམ་དུ་བསྲེས་ནས་བཟོས་སོ། 4ཁོ་ཚོས་ཨེ་ཕོད་དེ་ཡར་དམ་པོར་གནས་པའི་ཕྱིར་དཔུང་ཐག་གཉིས་བཟོས་ནས་དེའི་ཕྱོགས་གཉིས་ལ་དགར་རོ། 5གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་ལྟར་གོང་བཞིན་འཐག་སྤུས་དག་གི་སྐེ་རག་དང་རྒྱུ་གཅིག་པ་བྱས་པ་ལས་ཨེ་ཕོད་མཉམ་དུ་སྒྲོག་གོ 6མཆོང་ལ་བཟོ་བཏོན་ཏེ་གསེར་གྱི་ཁྲ་ཁུང་ནང་བཅུག་པ་དང་། ཁྲ་དེའི་སྒང་ལ་ཡ་ཀོབ་ཀྱི་བུ་བཅུ་གཉིས་ཀྱི་མིང་རྣམས་ལག་རྩལ་ཆེན་པོས་བརྐོས་ཡོད་དོ། 7གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་ཇི་ལྟར་བཀའ་གནང་བ་ལྟར་དེ་ཚོས་ཨིསི་རཱཨེལ་གྱི་སྡེ་རིགས་བཅུ་གཉིས་མཚོན་བྱེད་དུ་ཨེ་ཕོད་ཀྱི་སྒང་ལ་དེ་བཞག་གོ།

(སྡེབ་ཐོན་ ༢༨:༡༥-༣༠)

8དེ་ཚོས་ཨེ་ཕོད་ཀྱི་རྒྱུ་དང་འཚེམ་འདྲུག་གཅིག་པ་བྱས་པའི་བྲང་རྒྱན་ཞིག་བཟོས་ཤིང་། 9དེའི་དབྱིབས་ནི་གྲུ་བཞི་ཡིན་པ་ལ་ཁེབས་ཉིས་ལྡབ་བྱས་པའི་རིང་ཚད་སན་ཊི་མི་ཊར་ཉི་ཤུ་རྩ་གཉིས་དང་ཞེང་ཚད་སན་ཊི་མི་ཊར་ཉི་ཤུ་རྩ་གཉིས་བཅས་ཡོད་པ་ཡིན་ནོ། 10དེའི་སྟེང་དུ་ཁོ་ཚོས་རྡོ་རིན་ཆེན་ཁག་གྲལ་རིམ་བཞི་ལ་སྒྲིགས་ཤིང་། གྲལ་དང་པོར་པད་མ་ར་ཀ་ཞིག་དང་། ཊོ་པཛི་ཞེས་པ་རྡོ་རིན་ཆེན་གྱི་རིགས་ཀྱི་རྡོ་སེར་པོ་དང་། ཡང་གྷར་ནེཊེ་ཞེས་པའི་ནོར་བུའི་རིགས་ཀྱི་རྡོ་དམར་པོ་ཞིག་དང་། 11གྲལ་གཉིས་པར་ནོར་བུ་མརྒད་དང་། ཨིན་དྲ་ནི་ལ་ཞིག་དང་རྡོ་རྗེ་ཕ་ལམ་ཞིག 12གྲལ་གསུམ་པར་གཡུ་དང་མ་ནེ་ཧོར་དང་། མུན་ཤེལ་ཞེས་པ་ནོར་བུའི་རིགས་ཀྱི་རྡོ་མུ་མན་བྱས་པ་ཞིག་དང་། 13དེ་བཞིན་གྲལ་རིམ་བཞི་པར་སྤུཤ་ཀ་ར་ཞེས་པའི་ནོར་བུའི་རིགས་ཤིག་དང་། མཆོང་དང་གཡང་ཊི་བཅས་སྒྲིགས་སོ། དེ་དག་གསེར་གྱི་ཕྲ་ཁུང་ནང་སྦྱར་རོ། 14གོང་གསལ་རྡོ་བཅུ་གཉིས་ཀྱི་སྒང་ལ་ཨིསི་རཱཨེལ་གྱི་སྡེ་རིགས་བཅུ་གཉིས་སྟོན་པའི་ཕྱིར་ཡ་ཀོབ་ཀྱི་བུ་རེ་རེ་བཞིན་གྱི་མིང་བརྐོས་ཡོད་པ་ཡིན་ནོ། 15བྲང་རྒྱན་དེའི་ཆེད་དུ་གསེར་བཙོ་མས་སྐུད་པ་སྒྲིམ་པ་ལྟ་བུ་གསེར་ཐག་རྣམས་བཟོས་སོ། 16གསེར་གྱི་ཕྲ་ཁུང་གཉིས་དང་ཨ་ལོང་གཉིས་བཟོས་ནས་ཨ་ལོང་དེ་དག་བྲང་རྒྱན་གྱི་ཐོད་ཀྱི་ཟུར་གཉིས་ལ་སྦྱོར་རོ། 17གསེར་ཐག་གཉིས་པོ་དེ་ཨ་ལོང་གཉིས་ལ་བསྡམས་པ་དང་། 18གསེར་ཐག་གི་མཐའ་གཉིས་པོ་དེ་ཕྲ་ཁུང་གཉིས་ལ་བསྡམས་ནས་ཨེ་ཕོད་ཀྱི་དཔུང་ཐག་གི་མདུན་དུ་སྦྱར་རོ། 19དེ་ཚོས་གསེར་གྱི་ཨ་ལོང་གཉིས་བཟོས་ནས་བྲང་རྒྱན་གྱི་གཞོག་ནང་མའི་མཐའ་མཚམས་སུ་འོག་གི་ཟུར་གཉིས་མཉམ་དུ་ཨེ་ཕོད་དང་ཉེ་བར་སྦྱར་རོ། 20ད་དུང་གསེར་གྱི་ཨ་ལོང་གཉིས་བཟོས་ནས་ཨེ་ཕོད་ཀྱི་དཔུང་ཐག་གཉིས་གི་གཤམ་དང་དེའི་མདུན་དུ་ངོས་ཀྱི་ཚེམ་ཁའི་མཐུད་མཚམས་སུ་འཁེལ་བར་བྱས་ཏེ། ལེགས་པར་འཐག་པའི་སྐེ་རག་དེའི་ཐོད་དུ་སྒྲགས་སོ། 21གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་ཇི་ལྟར་བཀའ་གནང་བ་བཞིན་བྲང་རྒྱན་དེ་མར་ལྷུག་ཏུ་མ་ཕྱིན་པར་སྐེ་རག་གི་སྟེང་དུ་བརྟན་པོར་གནས་པའི་ཕྱིར་དེ་ཚོས་བྲང་རྒྱན་གྱི་ཨ་ལོང་རྣམས་དང་ཨེ་ཕོད་ཀྱི་ཨ་ལོང་རྣམས་ཐག་པ་སྔོན་པོ་ཞིག་གི་བསྡམས་སོ༎

བླ་མའི་ན་བཟའ་གཞན་རྣམས་བཟོ་བ།

(སྡེབ་ཐོན་ ༢༨:༣༡-༤༣)

22ཨེ་ཕོད་ཀྱི་ནང་དུ་གྱོན་པའི་ཆོས་གོས་དེ་ནི་བལ་སྔོན་ཀྱང་ལས་བཟོས་པ་ཞིག་ཡིན་ནོ། 23མགོ་བཅུག་ཕྱིར་ཐོད་དུ་ཨི་ཁུང་ཞིག་བཟོས་ཡོད་པ་དེ་མི་རལ་བའི་ཆེད་དུ་དེ་ལ་མཐའ་སྒྲིལ་ཞིག་གིས་བསྐོར་ཡོད་པ་ཡིན་ནོ། 24-26གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་བཞིན་དེའི་མཐའ་ལྕགས་འོག་མར་ཀ་ཤི་ཀའི་རས་སྤུས་ལེགས་དང་བལ་སྔོན་པོ་དང་མུ་མན་དང་དམར་པོས་སེ་འབྲུའི་དབྱིབས་བཟོས་ཏེ་དགར་ཡོད་པ་དང་། དེའི་བར་མཚམས་རེ་རེར་གསེར་བཙོ་མས་བཟོས་པའི་དྲིལ་ཆུང་རེའང་དགར་ཡོད་པ་ཡིན་ནོ། 27དེ་ཚོས་ཨ་རོན་དང་ཁོང་གི་བུ་ཚོའི་ཆེད་དུ་སྟོད་གོས་དང་། 28ཐོད་དཀྲི་དང་ཞ་མོ་དང་གཞན་ཡང་ཀ་ཤི་ཀའི་སྨད་གོས་དང་། 29ཀ་ཤི་ཀའི་རས་སྤུས་ལེགས་དང་བལ་སྔོན་པོ་དང་མུ་མན་དང་དམར་པོའི་དཔུང་ཐག་འཚེམ་འདྲུབ་ཀྱི་རྒྱན་པ་བཅས་བཟོས་པ་དང་། དེ་རྣམས་གཙོ་བོ་དཀོན་མཆོག་གི་མོ་ཤེས་ལ་བཀའ་གནང་བ་བཞིན་བཟོས་སོ། 30གསེར་བཙོ་མས་དབུ་རྒྱན་དམ་པ་ཞིག་བཟོས་ཏེ། དེའི་སྟེང་དུ་གཙོ་བོ་དཀོན་མཆོག་གི་དོན་དུ་ཕུལ་བ་ཡིན་ཞེས་ཡི་གེར་བརྐོས་ནས། 31གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་བཞིན་དེ་ལ་ཐོད་དཀྲི་ཀྱི་མདུན་ཕྱོགས་སུ་ཐག་པ་སྔོན་པོས་བསྡམས་སོ༎

ལས་བསྡོམས་འཇུག་སྒྲིལ།

(སྡེབ་ཐོན་ ༣༥:༡༠-༡༩)

32གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་བཞེངས་པའི་ལས་དོན་ཚང་མ་འཇུག་བསྡོམས་ཟིན་ཞིང་། གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་དབུ་གུར་དམ་པ་བཞེངས་ཕྱོགས་སྐོར་ཇི་ལྟར་བཀའ་གནང་བ་ལྟར་ཨིསི་རཱཨེལ་པ་ཚོས་དེ་བཞིན་བཞེངས་སོ། 33དེ་རྗེས་ཁོ་ཚོས་མོ་ཤེའི་སར་གཤམ་གསལ་མཁོ་བྱད་རྣམས་འཁྱེར་ཡོང་ངོ་། དབུ་གུར་དམ་པ་དང་དེའི་ལྕགས་ཀྱུ་རྣམས་དང་། དེའི་མཐའ་སྒྲོམ་རྣམས་དང་དེའི་རྒྱབ་ལག་རྣམས་དང་། དེའི་ཀ་བ་རྣམས་དང་དེའི་ཞབས་སྟེགས་བཅས་དང་། 34ལུག་ཐུག་གི་པགས་པས་ཚོས་དམར་པོ་རྒྱབ་པའི་ཕྱི་ཁེབས་དང་། ཀོ་བ་སྤུས་ལེགས་ཀྱི་ཕྱི་ཁེབས་དང་ཡོལ་བ། 35རྡོ་ལེབ་གཉིས་བཞག་ཡོད་པའི་དམ་བཅའི་སྒྲོམ་དང་དེའི་འཁྱེར་ཆེད་རྒྱུག་པ་རྣམས་དང་དེའི་ཁེབས་དང་། 36གསོལ་ལྕོག་དང་དེའི་ཡོ་བྱད་ཁག་དང་དཀོན་མཆོག་ལ་ཕུལ་བའི་བག་ལེབ་དང་། 37གསེར་བཙོ་མ་ལས་བཟོས་པའི་མར་མེའི་སྟེགས་བུ་དང་མཆོད་ཀོང་དང་། དེའི་ཡོ་བྱད་རྣམས་དང་མཆོད་ཀོང་གི་ཆེད་དུ་སྣུམ། 38གསེར་གྱི་མཆོད་ཁྲི་དང་བསྔོ་འབུལ་གྱི་སྣུམ་དང་དྲི་ཞིམ་ལྡན་པའི་སྤོས་དང་དབུ་གུར་དམ་པའི་གཟིམ་སྒོའི་ཡོལ་བ་དང་། 39ལིའི་དྲ་བ་ཡོད་པའི་ལིའི་མཆོད་ཁྲི་དང་། དེ་འཁྱེར་བྱེད་རྒྱུག་པ་རྣམས་དང་ཡོ་བྱད་ཆ་ཚང་དང་། ཁྲུས་གཞོང་དང་དེའི་ཞབས་གདན་དང། 40ར་བའི་ཡོལ་བ་རྣམས་དང་དེའི་ཀ་བ་རྣམས་དང་ཞབས་གདན་རྣམས་དང་། ར་བའི་སྒོ་ཡོལ་དང་དེའི་ཐག་པ་རྣམས་དང། དབུ་གུར་དམ་པའི་ཕུར་པ་རྣམས་དང་། དབུ་གུར་དམ་པ་ལ་མཁོ་བའི་ཡོ་བྱད་གཞན་རྣམས་དང་། 41གནས་མཆོག་དམ་པར་ཞབས་ཞུ་བྱེད་སྐབས་གྱོན་དགོས་པའི་བླ་མའི་ན་བཟའ་གཟི་བརྗིད་ཅན་རྣམས་ནི། བླ་མ་ཨ་རོན་དང་ཁོང་གི་བུ་རྣམས་ཀྱི་ན་བཟའ་དམ་པ་བཅས་སོ། 42གཅོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་ཨིསི་རཱཨེལ་པ་ཚོས་ལས་ཀ་ཚང་མ་བྱས་ཟིན་ནོ། 43མོ་ཤེས་ལས་ཀ་ཚང་མ་རྟགས་དཔྱད་ནན་ཏན་གནང་ཞིང་། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིར་བཟུང་དེ་ཚོས་བྱས་ཡོད་པ་འཕྲད་དོ། མོ་ཤེས་དེ་དག་ལ་བྱིན་རླབས་གནང་བ་རེད༎

སྡེབ་ཐོན 40

དབུ་གུར་དམ་པ་དེ་ཕུབ་ནས་བསྔོ་འབུལ་བྱེད་པ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2ཟླ་བ་དང་པོའི་ཚེས་གཅིག་ལ་དབུ་གུར་དམ་པ་དེ་ཕུབ་དགོས་ཏེ། 3དེའི་ནང་བཀའ་ཁྲིམས་བཅུ་ཡོད་པའི་དམ་བཅའི་སྒྲོམ་དེ་བཞག་ནས་དེའི་མདུན་དུ་ཡོལ་བས་འགེབས་དགོས། 4དེ་བཞིན་གསོལ་ལྕོག་འཁྱེར་ཡོང་ནས་དེའི་སྟེང་དུ་མཆོད་པའི་ཡོ་བྱད་རྣམས་སྒྲིགས་དགོས་པ་དང་། མར་མེའི་སྟེགས་བུ་རྣམས་ནང་དུ་འཁྱེར་ཡོང་ནས་མར་མེ་སྤར་དགོས། 5སྤོས་འབུལ་བའི་གསེར་གྱི་མཆོད་ཁྲི་དེ་དམ་བཅའི་སྒྲོམ་གྱི་མདུན་དུ་བཞག་ནས་དབུ་གུར་དམ་པའི་གཟིམ་སྒོར་ཡོལ་བ་བརྒྱབ་དགོས། 6དབུ་གུར་དམ་པའི་མདུན་དུ་འབུལ་བ་སྲེག་པའི་མཆོད་ཁྲི་དེ་བཞག་དགོས། 7དབུ་གུར་དམ་པ་དང་མཆོད་ཁྲིའི་བར་ལ་ཁྲུས་གཞོང་དེ་བཞག་ནས་དེ་ཆུས་བཀང་དགོས། 8མཐའ་འཁོར་གྱི་ར་བ་སླངས་ཏེ་དེའི་སྒོ་ལ་ཡོལ་བ་གཏོང་དགོས། 9དེ་རྗེས་དབུ་གུར་དམ་པ་དང་དེའི་ཡོ་བྱད་རྣམས་ལ་བསྔོ་འབུལ་གྱི་སྣུམ་དམ་པ་བྱུགས་ནས་བསྔོ་འབུལ་བྱེད་དགོས། དེ་ནས་འདི་དམ་པར་འགྱུར་ཡོང་། 10དེ་རྗེས་མཆོད་ཁྲི་དང་དེའི་ཡོ་བྱད་ཚང་མར་བསྔོ་འབུལ་གྱི་སྣུམ་བྱུགས་ནས་བསྔོ་འབུལ་བྱེད་དགོས་པ་དང་། འདི་དམ་པར་འགྱུར་ཡོང་། 11ཁྲུས་གཞོང་དང་དེའི་ཞབས་ར་ཀྱང་དེ་བཞིན་བསྔོ་འབུལ་བྱེད་དགོས། 12ཨ་རོན་དང་ཁོའི་བུ་རྣམས་དབུ་གུར་དམ་པའི་གཟིམ་སྒོར་འཁྲིད་ཡོང་ནས་ཁོ་ཚོར་ཆོ་གའི་སྲོལ་ལྟར་ཁྲུས་བྱེད་དགོས། 13དེ་ནས་ཨ་རོན་ལ་བླ་མའི་ན་བཟའ་གཡོག་ནས་བསྔོ་འབུལ་གྱི་སྣུམ་བྱུགས་ཏེ། ཁོ་ལ་བསྔོ་འབུལ་བྱེད་ནས་ཁོས་ང་ལ་བླ་མའི་ཞབས་ཞུ་བྱེད་དགོས་པ་ཡིན་ནོ། 14དེ་བཞིན་ཁོའི་བུ་རྣམས་ཀྱང་འཁྲིད་ཡོང་ནས་ཁོ་ཚོར་སྟོད་གོས་གཡོགས་ཤིང་། 15ཁོ་ཚོའི་ཕ་ལ་བསྔོ་འབུལ་གྱི་སྣུམ་བྱུགས་པ་ལྟར་ཁོ་ཚོ་ལའང་དེ་བཞིན་བྱེད་དགོས། དེ་ལྟར་བྱས་པའི་སྒོ་ནས་ཁོ་ཚོས་ཀྱང་བླ་མའི་ཞབས་ཞུ་བྱེད་ཆོག་པའི་ཕྱིར་རོ། དེ་ཚོར་བསྔོ་འབུལ་གྱི་སྣུམ་བྱུགས་ནས་བསྔོ་འབུལ་བྱས་པའི་སྒོ་ནས་ཁོ་ཚོ་དུས་རྟག་ཏུ་བླ་མའི་གོ་གནས་སུ་འཁོད་པ་ཡིན་ནོ། 16གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་མོ་ཤེས་ལས་ཀ་ཚང་མ་དེ་བཞིན་བྱས་སོ། 17ཨི་ཇིབ་ནས་ཐོན་ཏེ་ལོ་གཉིས་འཁོར་བའི་ཟླ་བ་དང་པོའི་ཚེས་དང་པོར་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དེ་སྒྲོན་ཞིང་། 18མོ་ཤེས་དེའི་ཞབས་གདན་རྣམས་བཏིང་ནས་ཡོལ་བའི་མཐའ་སྒྲོམ་དང་རྒྱབ་ལག་རྣམས་སྒྲིགས་ནས་ཀ་བ་རྣམས་ཡར་སླངས་སོ། 19གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་དབུ་གུར་དམ་པ་ལ་ཁེབས་ཤིག་གཡོག་ནས་དེའི་སྟེང་དུ་ཕྱི་ཁེབས་ཤིག་ཀྱང་སྒྲོན་པ་རེད། 20དེ་ནས་ཁོང་གིས་བཀའ་ཁྲིམས་ཀྱི་རྡོ་ལེབ་གཉིས་པོ་དེ་དམ་བཅའི་སྒྲོམ་གྱི་ནང་དུ་བཞག་ཅིང་། སྒྲོམ་བཏེགས་བྱེད་རྒྱུག་པ་རྣམས་ཨ་ལོང་ནང་དུ་བཅུག་སྟེ། དེའི་སྟེང་དུ་ཁེབས་བརྒྱབ་བོ། 21དེ་ནས་ཁོང་གི་དམ་བཅའི་སྒྲོམ་དེ་དབུ་གུར་དམ་པའི་ནང་དུ་བཞག་ནས་ཡོལ་བ་བཏང་ངོ། སྔར་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་ཁོང་གི་དམ་བཅའི་སྒྲོམ་ལ་སྲུང་སྐྱོབ་གང་ཟབ་ཞུས་སོ། 22ཁོས་དབུ་གུར་དམ་པའི་ནང་དུ་ཡོལ་བའི་ཕྱི་ལོག་བྱང་ངོས་སུ་སོལ་ལྕོག་བཞག་གོ 23གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་ཁོང་ལ་ཕུལ་བའི་ཞེས་བག་སོལ་ལྕོག་དེའི་སྟེང་དུ་བཞག་གོ 24ཁོང་གི་དབུ་གུར་དམ་པའི་ནང་གསོལ་ལྕོག་གི་ཁ་སྤྲོད་ལྷོ་ཕྱོགས་སུ་མར་མེའེ་རྟེགས་བུ་བཞག་གོ 25དེ་ནས་སྔར་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་གཙོ་བོ་དཀོན་མཆོག་གི་དྲུང་དུ་མར་མེ་རྣམས་སྤར་རོ། 26ཁོང་གི་གསེར་གྱི་མཆོད་ཁྲི་དེ་དབུ་གུར་དམ་པའི་ནང་གི་ཡོལ་བའི་མདུན་དུ་བཞག་ཅིང་། 27གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་དེར་དྲི་བཟང་ལྡན་པའི་སྤོས་བདུག་གོ 28ཁོང་གི་དབུ་གུར་དམ་པའི་གཟིམ་སྒོར་ཡོལ་བ་བཏང་ཞིང་། 29ཡོལ་བའི་མདུན་དུ་འབུལ་བ་སྲེག་པའི་མཆོད་ཁྲི་དེ་བཞག་ནས། གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་དེའི་སྟེང་དུ་སྦྱིན་སྲེག་གི་མཆོད་པ་དང་འབྲུ་རིགས་ཀྱི་འབུལ་བ་དག་འབུལ་ལོ། 30ཁོང་གི་ཁྲུས་གཞོང་དེ་དབུ་གུར་དམ་པ་དང་མཆོད་ཁྲིའི་བར་ལ་བཞག་ནས་དེར་ཆུས་བཀང་ཞིང་། 31དེར་མོ་ཤེ་དང་ཨ་རོན་དང་ཁོའི་བུ་ཚོས་རྐང་ལག་ཁྲུས་ཀྱི་ཡོད་དོ། 32དེ་ནི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་དབུ་གུར་དམ་པའམ་མཆོད་ཁྲིའི་མདུན་དུ་བཅར་སྐབས་དེ་ལྟར་བྱེད་དགོས་པ་ཡིན་ནོ། 33མོ་ཤེས་ར་བ་དེ་དབུ་གུར་དམ་པ་དང་མཆོད་ཁྲིའི་མཐའ་བསྐོར་ལ་སྒྲོན་ཏེ། ར་བའི་སྒོ་ལ་ཡོལ་བ་བཏང་ངོ་། དེ་ལྟར་མོ་ཤེས་ལས་ཀ་ཡོངས་རྫོགས་བྱས་ཟིན་ནོ༎

དབུ་གུར་དམ་པའི་སྟེང་དུ་སྤྲིན་པ།

(གྲངས་ཀ་ ༩:༡༥-༢༣)

34དེ་ནས་དབུ་གུར་དམ་པ་དེ་སྤྲིན་པས་བཀབ་པ་དང་། གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ཆེན་པོའི་འོད་ཟེར་གྱིས་དབུ་གུར་དམ་པ་དེ་ཡོངས་སུ་ཁེངས་སོ། 35དེའི་རྐྱེན་མོ་ཤེ་དབུ་གུར་དམ་པའི་ནང་དུ་འཛུལ་མ་ཐུབ་བོ། 36དབུ་གུར་དམ་པའི་ཐོད་ནས་སྤྲིན་པ་དེ་ཡར་བཀྱགས་དུས་མ་གཏོགས་ཨིསི་རཱཨེལ་པ་རྣམས་སྒར་ས་གཞན་དུ་གནས་སྤོས་བྱེད་ཀྱི་མེད་དོ། 37སྤྲིན་པ་དེ་དབུ་གུར་དམ་པའི་ཐོད་དུ་གནས་ཡུན་རིང་ལ་ཁོ་ཚོས་སྒར་ས་གཞན་དུ་མ་སྤོས་སོ། 38ཁོ་ཚོ་འགྲུལ་སྐྱོད་བྱས་ཡུན་རིང་ལ་དབུ་གུར་དམ་པའི་ཐོད་དུ་ཉིན་མོར་གཙོ་བོ་དཀོན་མཆོག་གི་སྤྲིན་པ་དང་མཚན་མོར་མེ་འབར་བ་མཐོང་ངོ་༎

ལེ་ཝི 1

དམར་མཆོད་ཆ་ཚང་སྲེག་པ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་དབུ་གུར་དམ་པའི་ནང་ནས་བོས་ཏེ། 2ཨིསི་རཱཨེལ་པ་ཚོས་དམར་མཆོད་འབུལ་དུས་སྲུང་དགོས་པའི་གཤམ་གསལ་བཀའ་ཁྲིམས་རྣམས་ཁོང་ལ་གནང་ངོ་། སུ་ཞིག་གིས་དམར་མཆོད་ཀྱི་ཆེད་དུ་དུད་འགྲོ་རྣམས་འབུལ་བར་ཕུལ་བ་ཡིན་ན། གླང་ངམ་ལུག་གམ་ར་གང་རུང་ཞིག་འབུལ་དགོས་པ་དང་། 3དེ་བཞིན་སྦྱིན་སྲེག་གི་མཆོད་པར་གླང་ཞིག་འབུལ་འདོད་ན། གླང་སྐྱོན་མེད་ཞིག་འབུལ་དགོས། གླང་དེ་བཞིན་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་གཟིམས་སྒོའི་མདུན་དུ་འཁྲིད་ཡོང་ནས་ཕུལ་བ་ཡིན་ན་ཁོང་གིས་འབུལ་བ་དེ་བཞེས་པར་འགྱུར། 4མི་དེས་གླང་གི་མགོར་ལག་པ་བཞག་པ་ཡིན་ན། དེ་ནི་ཁོའི་སྡིག་སེལ་གྱི་མཆོད་འབུལ་གྱི་ཚུལ་དུ་ངོས་ལེན་བྱེད་རྒྱུ་ཡིན་ནོ། 5ཁོས་གླང་དེ་ས་གནས་དེ་རང་ལ་བསད་དགོས། ཨ་རོན་གྱི་རིགས་བརྒྱུད་ཀྱི་བླ་མ་ཚོས་གཙོ་བོ་དཀོན་མཆོག་ལ་ཁྲག་དེ་འབུལ་དགོས་པ་དང་། དབུ་གུར་དམ་པའི་གཟིམས་སྒོའི་རྩར་ཡོད་པའི་མཆོད་ཁྲིའི་ཕྱོགས་བཞི་ལ་གཏོར་དགོས། 6དེ་རྗེས་ཁོས་གླང་གི་པགས་པ་བཤུས་ཏེ་ཤ་དེ་དུམ་བུར་བཏུབ་དགོས། 7བླ་མ་ཚོས་མཆོད་ཁྲིའི་སྟེང་དུ་ཤིང་སྒྲིག་ནས་མེ་སྤར་དགོས། 8དེ་རྗེས་ཁོ་ཚོས་མགོ་དང་ཚིལ་ལུ་བཅད་པའི་དུམ་བུ་རྣམས་མེའི་སྟེང་དུ་བཞག་དགོས། 9མི་དེས་དུད་འགྲོ་དེའི་ནང་ཁྲོལ་དང་རྐང་པ་རྣམས་ཆུས་འཁྲུ་དགོས་པ་དང་། དེར་ཞབས་ཏོག་བྱེད་མཁན་བླ་མས་འབུལ་བ་ཡོངས་རྫོགསམཆོད་ཁྲིའི་སྟེང་དུ་མེར་སྲེག་གཏོང་དགོས། ཁ་ཟས་ཀྱི་དྲི་ཞིམ་དེས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 10གལ་ཏེ་མི་དེས་རང་གི་ལུག་གམ་རའི་ཁོངས་ནས་དུད་འགྲོ་གཅིག་འབུལ་བར་ཕུལ་བ་ཡིན་ན། དེ་ནི་ཕོ་ལུག་གཅིག་གམ་ར་ཕོ་སྐྱོན་མེད་པ་ཞིག་ཡིན་པར་དགོས། 11ཁོས་དུད་འགྲོ་དེ་མཆོད་ཁྲིའི་བྱང་ཕྱོགས་སུ་བསད་དགོས་པ་དང་། བླ་མ་ཚོས་ཁྲག་དེ་མཆོད་ཁྲིའི་ཕྱོགས་བཞི་ལ་གཏོར་དགོས། 12དུད་འགྲོ་དེ་དུམ་བུར་བཏུབ་པའི་རྗེས་སུ། བླ་མས་དེའི་མགོ་དང་ཚིལ་ལུ་བཅས་ཆ་ཚང་མེའི་སྟེང་དུ་བཞག་དགོས། 13མི་དེས་དུད་འགྲོ་དེའི་ནང་ཁྲོལ་དང་རྐང་པ་བཅས་འཁྲུ་དགོས། བླ་མས་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་པ་ཕུལ་སྟེ། དེ་དག་ཡོངས་རྫོགས་མཆོད་ཁྲིའི་ཁར་མེར་སྲེག་གཏོང་དགོས། ཁ་ཟས་ཀྱི་འབུལ་བ་དེའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 14དེ་བཞིན་མི་སུ་ཞིག་གིས་སྦྱིན་སྲེག་གི་ཆེད་དུ་འདབ་ཆགས་ཀྱི་འབུལ་བ་ཞིག་འབུལ་བར་འདོད་ན། དེ་ནི་ཕུག་རོན་ནམ་འང་གུ་ཞིག་ཡིན་པ་དགོས། 15བླ་མས་དེ་མཆོད་ཁྲིའི་ཁར་འབུལ་དགོས་ཏེ། བྱ་དེའི་སྐེ་གཅུས་རིལ་བརྒྱབ་ནས་མགོ་དེ་མཆོད་ཁྲིའི་ཁར་མེར་སྲེག་གཏོང་དགོས་པ་དང་། དེའི་ཁྲག་དེ་མཆོད་ཁྲིའི་གཞོག་གཅིག་ཏུ་བཙིར་དགོས། 16དེའི་ཨོག་གསོག་དང་དེའི་ནང་ཡོད་པའི་ནང་ཁྲོལ་ཆང་མར་བཏོན་ནས་མཆོད་ཁྲིའི་ཤར་ཕྱོགས་སུ་གོག་ཐལ་བཞག་སར་དབྱུགས་དགོས། 17དེའི་ཤོག་པ་མཇུས་ཏེ་གཟུགས་པོའི་དཀྱིལ་ནས་གཤག་དགོས། འོན་ཀྱང་ཤོག་པ་མ་བཅད་པར་བྱས་ནས་གཟུགས་པོ་ཆ་ཚང་མཆོད་ཁྲིའི་ཁར་མེར་སྲེག་གཏོང་དགོས། ཁ་ཟས་ཀྱི་འབུལ་བའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར༎

ལེ་ཝི 2

འབྲུ་སྣའི་མཆོད་འབུལ།

1སུ་ཞིག་གིས་གཙོ་བོ་དཀོན་མཆོག་ལ་འབྲུའི་མཆོད་པ་འབུལ་འདོད་ན། ཐོག་མར་འབྲུ་དེ་འཐག་ནས་གྲོ་ཞིབ་བཟོས་ཏེ། དེའི་ཐོག་ཁ་སྐྱུར་པོའི་སྣུམ་དང་སྤོས་བླུགས་ནས། 2ཨ་རོན་རིགས་བརྒྱུད་ཀྱི་བླ་མའི་རྩར་སྐྱེལ་དགོས། དེ་ནས་བླ་མས་གྲོ་ཞིབ་དང་སྣུམ་ལག་མཐིལ་གང་བླངས་ནས་བདུག་སྤོས་དང་བཅས་གཙོ་བོ་དཀོན་མཆོག་ལ་མཆོད་པ་འབུལ་བའི་ཚུལ་དུ་མཆོད་ཁྲིའི་ཁར་མེར་སྲེག་གཏོང་དགོས། ཁ་ཟས་ཀྱི་འབུལ་བའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 3འབྲུ་སྣའི་མཆོད་འབུལ་གྱི་ལྷག་འཕྲོས་དེ་ནི་བླ་མ་རྣམས་ཀྱི་ཐོབ་སྐལ་ཡིན་ནོ། དེ་ནི་གཙོ་བོ་དཀོན་མཆོག་ལ་ཕུལ་བའི་ཁ་ཟས་ཀྱི་འབུལ་བའི་ཁོངས་ནས་བླངས་པ་ཡིན་པས་དེ་ནི་ཧ་ཅང་དམ་པར་རྩིས་དགོས་སོ། 4དེ་བཞིན་མེར་སྲེག་པའི་བག་ལེབ་འབུལ་བར་ཕུལ་བ་ཡིན་ན། དེར་ཆི་མན་བསྲེས་མི་རུང་ཞིང་། གྲོ་ཞིབ་དང་ཁ་སྐྱུར་པོའི་སྣུམ་བསྲེས་ནས་བཟོས་པའི་བག་ལེབ་མཐུག་པོ་ཡིན་དགོས་པ་དང་། ཡང་ན་ཁ་སྐྱུར་པོའི་སྣུམ་བྱུགས་པའི་བག་ལེབ་སྲབ་པོ་ཡིན་པར་དགོས། 5ཚལ་སླང་ནང་སྲེག་པའི་བག་ལེབ་འབུལ་འདོད་ན། དེར་ཆི་མན་མ་བསྲེས་པར་གྲོ་ཞིབ་ནང་ཁ་སྐྱུར་པོའི་སྣུམ་བླུགས་ནས་རྫིས་ཏེ་བཟོ་དགོས་སོ། 6དེ་ལྟ་བུའི་འབྲུའི་འབུལ་བ་ཕུལ་སྐབས། བག་ལེབ་དེ་དུམ་བུར་བཟོས་ནས་དེ་ལ་སྣུམ་བླུགས་དགོས། 7སླ་ངའི་ནང་བཟོས་པའི་བག་ལེབ་འབུལ་བར་འདོད་ན། གྲོ་ཞིབ་ནང་དུ་ཁ་སྐྱུར་པོའི་སྣུམ་བླུགས་ནས་བཟོ་དགོས། 8དེ་ནི་འབྲུ་སྣའི་མཆོད་འབུལ་གྱི་ཚུལ་དུ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་འཁྱེར་ནས་བླ་མ་ལ་འབུལ་དགོས། དེ་རྗེས་བླ་མས་འབུལ་བ་དེ་མཆོད་ཁྲིའི་ཁར་འབུལ་དགོས། 9འབྲུ་སྣའི་མཆོད་འབུལ་གྱི་རྫས་ཚང་མ་གཙོ་བོ་དཀོན་མཆོག་ལ་ཕུལ་བའི་མཚོན་རྟགས་སུ། བླ་མས་དེ་ལས་ཆ་ཤས་ཤིག་བླངས་ནས་མཆོད་ཁྲིའི་སྟེང་དུ་སྲེག་དགོས། ཁ་ཟས་ཀྱི་འབུལ་བའི་དྲི་ཞིམ་དེས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 10འབྲུ་སྣའི་མཆོད་འབུལ་གྱི་རྫས་ལྷག་འཕྲོ་རྣམས་བླ་མ་ཚོའི་ཐོབ་སྐལ་ཡིན་ཞིང། དེ་ནི་གཙོ་བོ་དཀོན་མཆོག་ལ་ཕུལ་བའི་འབྲུ་སྣའི་འབུལ་བའི་ཁོངས་ནས་བླངས་པ་ཡིན་པས་དེ་ནི་ཧ་ཅང་དམ་པར་རྩིས་དགོས་སོ། 11ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་འབྲུ་སྣའི་མཆོད་འབུལ་གང་འདྲཞིག་འབུལ་རུང་དེ་ལ་ཆི་མན་ཡོད་པ་མི་རུང་ཞིང་། གཙོ་བོ་དཀོན་མཆོག་ལ་འབུལ་རྒྱུའི་འབྲུ་སྣའི་མཆོད་པའི་རྫས་ཀྱི་ནང་དུ་ཁྱོད་ཚོས་ནམ་ཡང་ཆི་མན་འམ་སྦྲང་རྩི་བེད་སྤྱོད་བྱེད་མི་རུང་། 12ལོ་ལྟར་རེ་བཞིན་སྟོན་ཐོག་གི་ཕུད་དེ་གཙོ་བོ་དཀོན་མཆོག་གི་དྲུང་དུ་འཁྱེར་ཡོང་དགོས། འོན་ཀྱང་དེ་ནི་མཆོད་ཁྲིའི་ཁར་མེར་སྲེག་གཏོང་མི་དགོས་སོ། 13འབྲུ་སྣའི་མཆོད་རྫས་ཚང་མར་ཚྭ་འདེབས་དགོས། གང་ལ་ཟེར་ན། ཚྭ་དེས་ཁྱོད་ཚོ་དང་གཙོ་བོ་དཀོན་མཆོག་གི་བར་ལ་ཡོད་པའི་དམ་བཅའ་དེ་བསྟན་པ་ཡིན་ནོ། དེ་བས་ན་ཁྱོད་ཚོས་རང་གི་འབུལ་བའི་རྫས་ཚང་མར་ཚྭ་ངེས་པར་བླུགས་དགོས། 14ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་དྲུང་དུ་རང་གི་སྟོན་ཐོག་གི་ཕུད་དེ་འཁྱེར་ཡོང་སྐབས། འབྲུ་བརྔོས་པའང་འཐག་ནས་གྲོ་ཞིབ་བཟོས་པ་དེ་འབུལ་དགོས། 15དེའི་ཁར་ཁ་སྐྱུར་པོའི་སྣུམ་དང་སྤོས་བླུགས་དགོས། 16དེ་རྗེས་བླ་མས་འབྲུ་དང་སྣུམ་གྱི་ཟུར་ཆ་གཅིག་དང་། དེ་བཞིན་བདུག་སྤོས་ཡོངས་རྫོགས་ཁ་ཟས་ཀྱི་མཆོད་འབུལ་གྱི་ཚུལ་དུ་མེར་སྲེག་བཏང་སྟེ་གཙོ་བོ་དཀོན་མཆོག་ལ་འབུལ་དགོས་སོ༎

ལེ་ཝི 3

མཐུན་འབྲེལ་གྱི་མཆོད་པ།

1གལ་ཏེ་སུ་ཞིག་གིས་རང་གི་ཕྱུགས་ཟོག་ལས་མཐུན་འབྲེལ་མཆོད་པ་འབུལ་འདོད་ན། མཆོད་པའི་སེམས་ཅན་དེ་ནི་སྐྱོན་གང་ཡང་མེད་པའི་ཕོ་གླང་ངམ་བ་ཕྱུགས་ཤིག་ཡིན་པར་དགོས། 2མི་དེས་དུད་འགྲོའི་མགོ་ལ་ལག་པ་བཞག་ནས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་གཟིམས་སྒོའི་འགྲམ་དུ་བསད་དགོས་ཏེ། ཨ་རོན་རིགས་བརྒྱུད་ཀྱི་བླ་མ་ཚོས་དེའི་ཁྲག་ནི་མཆོད་ཁྲིའི་ཕྱོགས་བཞིར་གཏོར་དགོས་པ་དང་། 3གཤམ་གསལ་སེམས་ཅན་གྱི་ཆ་ཤས་དེ་གཙོ་བོ་དཀོན་མཆོག་ལ་ཁ་ཟས་ཀྱི་འབུལ་བར་འབུལ་དགོས། དེའི་ནང་ཁྲོལ་གྱི་ཚིལ་ལུ་དང་། 4ཚིལ་ལུ་ལྡན་པའི་མཁལ་མ་དང་མཆིན་པ་ཡག་ཤོས་ཀྱི་ཆ་ཤས་བཅས་འབུལ་དགོས། 5བླ་མ་རྣམས་ཀྱིས་སྦྱིན་སྲེག་གི་མཆོད་པ་དང་ཆབས་གཅིག་གོང་གསལ་རྫས་ཐམས་ཅད་མཆོད་ཁྲིའི་ཁར་མེར་སྲེག་གཏོང་དགོས། ཁ་ཟས་ཀྱི་མཆོད་པའི་དྲི་བཟང་གིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 6སུ་ཞིག་གིས་མཐུན་འབྲེལ་གྱི་མཆོད་པར་ལུག་གམ་ར་ཞིག་འབུལ་འདོད་ན། དེ་ནི་ར་ལུག་ཕོ་མོ་གང་རུང་ལ་ཁྱད་པར་མེད་དོ། འོན་ཀྱང་དེ་ནི་སྐྱོན་གང་ཡང་མེད་པ་ཞིག་དགོས། 7སུ་ཞིག་གིས་ལུག་གཅིག་འབུལ་འདོད་ན། 8ཁོས་རང་གི་ལག་པ་ལུག་དེའི་མགོ་ལ་བཞག་ནས་དབུ་གུར་དམ་པའི་མདུན་དུ་བསད་དགོས་པ་དང་། དེ་རྗེས་བླ་མ་ཚོས་སེམས་ཅན་གྱི་ཁྲག་དེ་མཆོད་ཁྲིའི་ཕྱོགས་བཞིར་གཏོར་ཞིང་། 9ཚིལ་ལུ་དང་རྒལ་ཚིག་གི་མཚམས་ནས་བཅད་པའི་ཚིལ་ལུ་ལྡན་པའི་མཇུག་མ་ཆ་ཚང་དང་། ནང་ཁྲོལ་ཁར་ཡོད་པའི་ཚིལ་ལུ་ཡོངས་རྫོགས་དང་། 10དེ་བཞིན་ཚིལ་ལུ་ཡོད་པའི་མཁལ་མ་དང་མཆིན་པ་བཅས་གཙོ་བོ་དཀོན་མཆོག་ལ་མཆོད་པར་འབུལ་དགོས། 11དེ་ནས་བླ་མས་མཆོད་པའི་རྫས་དེ་ཚོ་ཚང་མ་མཆོད་ཁྲིའི་ཁར་མེར་སྲེག་བཏང་སྟེ། གཙོ་བོ་དཀོན་མཆོག་ལ་ཁ་ཟས་ཀྱི་མཆོད་པ་འབུལ་དགོས། 12སུ་ཞིག་གིས་མཆོད་པར་ར་ཞིག་འབུལ་འདོད་ན། 13ཁོས་རང་གི་ལག་པ་རའི་མགོ་ལ་བཞག་ནས། དབུ་གུར་དམ་པའི་མདུན་དུ་དེ་བསད་དགོས། དེ་རྗེས་བླ་མ་རྣམས་ཀྱིས་ཁྲག་དེ་མཆོད་ཁྲིའི་ཕྱོགས་བཞིར་གཏོར་ཏེ། 14དེའི་ནང་ཁྲོལ་གྱི་ཚིལ་ལུ་དང་། 15ཚིལ་ལུ་ལྡན་པའི་མཁལ་མ་དང་མཆིན་པ་བཅས་གཙོ་བོ་དཀོན་མཆོག་ལ་ཁ་ཟས་ཀྱི་མཆོད་པར་འབུལ་དགོས། 16བླ་མས་དེ་དག་ཚང་མ་མཆོད་ཁྲིའི་ཁར་སྲེག་ནས། གཙོ་བོ་དཀོན་མཆོག་ཐུགས་མཉེས་པའི་ཁ་ཟས་ཀྱི་མཆོད་པ་འབུལ་དགོས། ཚིལ་ལུ་ཡོངས་རྫོགས་ནི་གཙོ་བོ་དཀོན་མཆོག་ལ་བདག་པ་ཡིན། 17ཨིསི་རཱཨེལ་པ་སུ་ཞིག་གིས་ཀྱང་ཚིལ་ལུ་ཟ་བའང་ཁྲག་སོགས་འཐུང་མི་ཉན། ཨིསི་རཱཨེལ་པ་ཡོངས་རྫོགས་ས་ཕྱོགས་གང་དུ་གནས་ཀྱང་བཀའ་ཁྲིམས་འདི་དུས་རྒྱུན་དུ་རྩིས་སྲུང་བྱེད་དགོས་སོ༎

ལེ་ཝི 4

མ་ཤེས་པར་བྱས་པའི་སྡིག་པའི་མཆོད་པ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2ཨིསི་རཱཨེལ་པ་ཚོས་རང་ཉིད་ཀྱི་མ་ཤེས་པར་སྡིག་པ་བྱས་པ་དང་གཙོ་བོ་དཀོན་མཆོག་གི་བཀའ་དང་འགལ་བ་ཡིན་ན། དེ་ཚོས་གཤམ་གསལ་བཀའ་ཁྲིམས་རྣམས་བརྩི་སྲུང་བྱེད་དགོས་ཅེས་སྨྲོས་ཤིག 3གལ་ཏེ་བླ་ཆེན་གྱིས་སྡིག་པ་ཞིག་བྱས་ཏེ་མི་སྡེའི་ཐོག་ཏུ་ནག་ཉེས་ཞིག་བྱུང་བ་ཡིན་ན། ཁོས་ཕོ་གླང་གཞོན་སྐྱོན་མེད་ཞིག་འཁྲིད་ཡོང་ནས་རང་གི་སྡིག་བཤགས་སུ་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་དགོས། 4ཁོས་གླང་དེ་དབུ་གུར་དམ་པའི་གཟིམ་སྒོའི་རྩར་འཁྲིད་ཡོང་ནས་དེའི་མགོ་ལ་ལག་པ་བཞག་སྟེ། གཙོ་བོ་དཀོན་མཆོག་གི་དྲུང་དུ་དེ་གསོད་དགོས། 5དེ་རྗེས་བླ་ཆེན་གྱིས་གླང་གི་ཁྲག་དེ་ནས་ཏོག་ཙམ་ཞིག་བླངས་ནས་དབུ་གུར་དམ་པའི་ནང་དུ་འཁྱེར་དགོས། 6ཁྲག་གི་ནང་རང་གི་མཛུབ་མོ་བཅུག་ནས་ཡོལ་བ་དམ་པའི་མདུན་དུ་ལན་བདུན་གཏོར་དགོས། 7ཡང་ཁྲག་ཏོག་ཙམ་ཞིག་བླངས་ནས་དབུ་གུར་དམ་པའི་ནང་དུ་ཡོད་པའི་བདུག་སྤོས་ཀྱི་མཆོད་ཁྲིའི་སྟེང་གི་རྭ་ཅོ་འདྲ་བའི་ཟུར་ཏོག་བཞིའི་ཁར་བླུགས་དགོས། དེ་རྗེས་ཁྲག་ལྷག་འཕྲོས་དེ་དབུ་གུར་དམ་པའི་གཟིམ་སྒོའི་ཟུར་ཡོད་པའི་སྦྱིན་སྲེག་གི་མཆོད་ཁྲིའི་གཤམ་དུ་བླུགས་དགོས། 8གླང་གི་ཚིལ་ལུ་ཡོངས་རྫོགས་དང་ནང་ཁྲོལ་གྱི་ཚིལ་ལུ་དང་། 9དེ་བཞིན་མཁལ་མ་རྣམས་དང་དེའི་ཚིལ་ལུ་ཡོངས་རྫོགས་དང་མཆིན་པ་ལེགས་ཤོས་བཅས་ཁོས་འཁྱེར་བར་འགྱུར། 10དེ་ནས་བླ་མས་ཚིལ་ལུ་དེ་འཁྱེར་ནས་མཐུན་འབྲེལ་གྱི་འབུལ་བར་ཕུལ་བའི་དུད་འགྲོའི་ཚིལ་དང་འདྲ་བར་ཚིལ་ལུ་དེའང་སྦྱིན་སྲེག་གི་མཆོད་ཁྲིའི་སྟེང་དུ་མེར་སྲེག་གཏོང་དགོས། 11འོན་ཀྱང་སེམས་ཅན་དེའི་པགས་པ་དང་། ཤ། མགོ། རྐང་པ་དང་ནང་ཁྲོལ་རྒྱུ་མ་རྣམས། 12སྒར་སའི་ཕྱི་རུ་ལུགས་སྲོལ་བཞིན་དག་འབྱངས་བྱས་པའི་ཐལ་བ་དབྱུགས་སའི་གནས་དེར་འཁྱེར་ནས་ཤིང་གི་མེའི་ནང་སྲེག་དགོས། 13གལ་ཏེ་ཨིསི་རཱཨེལ་པ་ཡོངས་རྫོགས་ཀྱིས་མ་ཤེས་པར་སྡིག་པ་བྱས་ནས་གཙོ་བོ་དཀོན་མཆོག་གི་བཀའ་དང་འགལ་བའི་ནག་ཉེས་ཞིག་བྱུང་བ་ཡིན་ན། 14ཉེས་དམིགས་དེ་མངོན་མ་ཐག་ཏུ་མི་སྡེ་ཡོངས་ཀྱི་སྡིག་སེལ་གྱི་མཆོད་འབུལ་ཆེད་དུ་གླང་གཞོན་པ་ཞིག་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པར་འཁྲིད་ཡོང་དགོས། 15ཨིསི་རཱཨེལ་གྱི་མི་སྡེའི་འགོ་དཔོན་ཚོས་དེའི་མགོ་ལ་ལག་པ་བཞག་ནས་གླང་དེ་གསོད་དགོས། 16བླ་ཆེན་གྱིས་གླང་གི་ཁྲག་ཏོག་ཙམ་ཞིག་འཁྱེར་ནས་དབུ་གུར་དམ་པའི་ནང་འཛུལ་ཏེ། 17ཁྲག་གི་ནང་འཛུབ་མོ་བཅུག་ནས་ཡོལ་བའི་ཁར་ལན་བདུན་གཏོར་དགོས། 18ཁོས་ཁྲག་ཏོག་ཙམ་ཞིག་བླངས་ནས་དབུ་གུར་དམ་པའི་ནང་དུ་ཡོད་པའི་བདུག་སྤོས་ཀྱི་མཆོད་ཁྲིའི་རྭ་ཅོ་འདྲ་བ་ཟུར་ཏོག་བཞིའི་ཁར་བླུགས་དགོས། དེ་རྗེས་ཁྲག་ལྷག་འཕྲོས་དེ་དབུ་གུར་དམ་པའི་གཟིམ་སྒོའི་རྩར་བཞག་ཡོད་པའི་སྦྱིན་སྲེག་གི་མཆོད་ཁྲིའི་གཤམ་དུ་བླུགས་དགོས། 19དེ་ནས་ཚིལ་ལུ་ཡོངས་རྫོགས་མཆོད་ཁྲིའི་ཁར་མེར་སྲེག་གཏོང་དགོས། 20ཁོས་སྡིག་སེལ་གྱི་མཆོད་པར་ཕུལ་བའི་གླང་དེ་ལ་གང་བྱས་པ་བཞིན་གླང་འདི་ལའང་དེ་བཞིན་བྱེད་དགོས། དེ་བཞིན་མི་སྡེའི་སྡིག་སེལ་གྱི་མཆོད་འབུལ་བྱས་ན། དེ་ཚོར་སྡིག་སེལ་ཐོབ་པར་འགྱུར། 21དེ་རྗེས་གླང་དེ་སྒར་སའི་ཕྱི་རུ་འཁྱེར་ནས། ཁོས་རང་གི་སྡིག་སེལ་གྱི་མཆོད་པར་འབུལ་བའི་ཕོ་གླང་དེ་མེར་སྲེག་བཏང་བ་ལྟར། གླང་འདི་འང་དེ་བཞིན་མེར་སྲེག་གཏོང་དགོས། མཆོད་འབུལ་དེས་མི་སྡེ་ཡོངས་ཀྱི་སྡིག་པ་སེལ་བར་འགྱུར། 22གལ་ཏེ་དཔོན་པོ་ཞིག་གིས་མ་ཤེས་པར་གཙོ་བོ་དཀོན་མཆོག་གི་བཀའ་དང་འགལ་བའི་སྡིག་པ་བྱས་པ་དང་། 23སྡིག་པ་དེའི་སྐོར་ཁོ་ལ་བཤད་མ་ཐག་ཏུ། ཁོས་ར་ཕོ་སྐྱོན་མེད་པ་ཞིག་མཆོད་འབུལ་བྱེད་ཕྱིར་འཁྲིད་ཡོང་སྟེ། 24རང་གི་ལག་པ་ར་ཕོའི་མགོ་ལ་བཞག་སྟེ། མཆོད་ཁྲིའི་བྱང་ངོས་སུ་ཡོད་པའི་སྦྱིན་སྲེག་གི་མཆོད་འབུལ་དོན་དུ་དུད་འགྲོ་རྣམས་གསོད་སའི་གནས་དེར་ར་དེ་བསད་དགོས། འདི་ནི་སྡིག་སེལ་གྱི་མཆོད་འབུལ་ཡིན་ནོ། 25བླ་མས་ར་ཕོའི་ཁྲག་གི་ནང་རང་གི་མཛུབ་མོ་བཅུག་ནས་མཆོད་ཁྲི་སྟེང་གི་ར་ཅོ་འདྲ་བའི་ཟུར་ཏོག་བཞིའི་ཁར་བྱུགས་དགོས་པ་དང་། ཁྲག་ལྷག་འཕྲོས་དེ་མཆོད་ཁྲིའི་གཤམ་དུ་བླུགས་དགོས། 26དེ་རྗེས་ཚིལ་ཡོངས་རྫོགས་མཐུན་འབྲེལ་གྱི་མཆོད་འབུལ་སྐབས་སུ་དུད་འགྲོའི་ཚིལ་སྲེག་པ་བཞིན་མཆོད་ཁྲིའི་ཁར་དེ་དག་སྲེག་དགོས། དེ་བཞིན་བླ་མས་དཔོན་པོའི་ཆེད་དུ་སྡིག་སེལ་གྱི་མཆོད་འབུལ་བྱས་པས་ཁོའི་སྡིག་པ་སེལ་བར་འགྱུར། 27གལ་ཏེ་མི་དཀྱུས་མ་ཞིག་གིས་མ་ཤེས་པར་གཙོ་བོ་དཀོན་མཆོག་གི་བཀའ་དང་འགལ་བའི་ཉེས་མིག་ཞིག་བྱེད་ཡོད་པ་ཡིན་ན། 28སྡིག་པ་དེའི་སྐོར་ཁོ་ལ་བཤད་མ་ཐག་ཏུ། ཁོས་ར་མོ་སྐྱོན་མེད་པ་ཞིག་མཆོད་འབུལ་བྱེད་ཕྱིར་འཁྲིད་ཡོང་སྟེ། 29དེའི་མགོ་ལ་རང་གི་ལག་པ་བཞག་ནས་མཆོད་ཁྲིའི་བྱང་ངོས་སུ་ཡོད་པའི་སྦྱིན་སྲེག་གི་མཆོད་པའི་དོན་དུ་དུད་འགྲོ་བསད་པའི་གནས་དེར་ར་མོ་དེ་གསོད་དགོས། 30དེ་རྗེས་བླ་མས་དེའི་ཁྲག་ནང་རང་གི་མཛུབ་མོ་བཅུག་ནས་མཆོད་ཁྲིའི་སྟེང་གི་རྭ་ཅོ་འདྲ་བའི་ཟུར་ཏོག་བཞིའི་ཁར་ཁྲག་དེ་བླུགས་དགོས་པ་དང་། ཁྲག་ལྷག་འཕྲོས་དེ་མཆོད་ཁྲིའི་གཤམ་དུ་བླུགས་དགོས། 31དེ་རྗེས་ཚིལ་ལུ་ཡོངས་རྫོགས་མཐུན་འབྲེལ་གྱི་མཆོད་པར་ཕུལ་བའི་དུད་འགྲོའི་ཚིལ་ལུ་བླངས་པ་བཞིན། བླངས་ཏེ་མཆོད་ཁྲིའི་ཁར་མེར་སྲེག་གཏོང་དགོས། དེའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། དེ་བཞིན་བླ་མ་གྱིས་མི་སྡེའི་སྡིག་སེལ་གྱི་ཆེད་དུ་མཆོད་འབུལ་བྱས་པས་ཁོའི་སྡིག་པ་སེལ་བར་འགྱུར། 32མི་སུ་ཞིག་གིས་སྡིག་སེལ་གྱི་མཆོད་འབུལ་བྱེད་ཕྱིར་ལུག་ཞིག་འབུལ་བར་འདོད་ན། དེ་ནི་མོ་ལུག་སྐྱོན་མེད་ཞིག་ཡིན་པར་དགོས། 33ཁོས་དེའི་མགོ་ལ་རང་གི་ལག་པ་བཞག་ནས་མཆོད་ཁྲིའི་བྱང་ངོས་སུ་ཡོད་པའི་སྦྱིན་སྲེག་གི་མཆོད་པའི་དོན་དུ་སེམས་ཅན་བསད་ས་དེ་རང་དུ་ལུག་དེ་བསད་དགོས། 34དེ་རྗེས་བླ་མས་ལུག་མོ་དེའི་ཁྲག་གི་ནང་རང་གི་མཛུབ་མོ་བཅུག་ནས་མཆོད་ཁྲིའི་སྟེང་གི་ར་ཅོ་འདྲ་བའི་ཟུར་ཏོག་བཞིའི་ཁར་བྱུགས་ཤིང་། ཁྲག་ལྷག་འཕྲོས་དེ་མཆོད་ཁྲིའི་གཤམ་དུ་བླུགས་དགོས། 35དེ་ནས་མཐུན་འབྲེལ་གྱི་མཆོད་པར་འབུལ་བའི་དུད་འགྲོའི་ཚིལ་ལུ་བླངས་པ་བཞིན་ལུག་མོའི་ཚིལ་ལུ་ཡོངས་རྫོགས་བླངས་ནས། གཙོ་བོ་དཀོན་མཆོག་ལ་འབུལ་བའི་འབྲུ་སྣའི་མཆོད་འབུལ་གྱི་རྫས་དང་མཉམ་དུ་མཅོད་ཁྲིའི་ཁར་སྲེག་དགོས། དེ་བཞིན་བླ་མས་མི་དེའི་ཆེད་དུ་སྡིག་སེལ་གྱི་མཆོད་འབུལ་བྱས་པས། ཁོའི་སྡིག་པ་སེལ་བར་འགྱུར༎

ལེ་ཝི 5

སྡིག་པའི་མཆོད་འབུལ་རྣམས།

1གཤམ་གསལ་ཁ་མཆུ་ཁག་ལ་སྡིག་སེལ་གྱི་མཆོད་འབུལ་བྱེད་དགོས། གལ་ཏེ་སུ་ཞིག་ལ་དཔང་པོ་བྱེད་ཕྱིར་ཁྲིམས་ཁང་དུ་ཡོང་དགོས་ཤེས་བོས་ཡོད་པ་ཡིན་ན། ཁོས་རང་གི་གང་མཐོང་བའམ་ཐོས་པའི་སྐོར་ལ་གང་ཡང་མ་བཤད་ན། ཁོས་དེའི་ཉེས་ལན་ངེས་པར་ཐོབ་དགོས། 2གལ་ཏེ་སུ་ཞིག་གིས་མ་ཤེས་པར་དུད་འགྲོའི་རོ་ལ་སོགས་པ་སྲོལ་བཞིན་དག་འབྱངས་མ་བྱས་པའི་རྫས་མི་གཙང་བ་དག་ལ་ལག་པ་འཆང་བ་ཡིན་ན། མི་དེ་མི་གཙང་བར་འགྱུར་རྒྱུ་དང་། ཁོས་དེའི་སྐོར་ལ་ཧ་གོ་མ་ཐག་ཏུ་ཁོ་ཉེས་ཅན་དུ་རྩིས་དགོས་པ་ཡིན། 3གལ་ཏེ་སུ་ཞིག་གིས་མིའི་ལུས་ལས་ཐོན་པའི་རྫས་མི་གཙང་བ་ཞིག་ལ་མ་ཤེས་པར་ལག་པ་འཆང་སྟེ། དེའི་སྐོར་ལ་ཛོས་ཧ་གོ་མ་ཐག་ཏུ་ཁོ་ཉེས་ཅན་དུ་རྩིས་དགོས་པ་ཡིན། 4གལ་ཏེ་མི་ཞིག་གིས་དོན་གནད་གང་རུང་ཞིག་གི་སྐོར་ལ་བསམ་བློ་གང་ཡང་མ་བཏང་བར་དམ་བཅའ་བྱས་པ་དང་། སོ་སོས་གང་བྱས་པ་དེའི་སྐོར་ལ་རྗེས་སུ་ཤེས་རྟོགས་བྱུང་མ་ཐག་ཏུ་མི་དེ་ཉེས་ཅན་དུ་རྩིས་དགོས་པ་ཡིན། 5དེ་བཞིན་མི་སུ་ཞིག་ཉེས་ཅན་ཡིན་པར་ར་འཕྲོད་བྱུང་བ་ཡིན་ན། ཁོས་རང་གི་སྡིག་པར་ངོས་ལེན་བྱེད་དགོས་པ་དང་། 6ཁོས་རང་གི་སྡིག་པའི་ཉེས་ཚབ་ཏུ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་མོ་ལུག་ཞིག་གམ་ར་མོ་ཞིག་མཆོད་འབུལ་བྱེད་ཕྱིར་འཁྲིད་ཡོང་དགོས་ཏེ། བླ་མས་མི་དེའི་སྡིག་སེལ་གྱི་ཕྱིར་དུ་སེམས་ཅན་དེ་དམར་མཆོད་དུ་འབུལ་དགོས། 7གལ་སྲིད་མི་དེས་མོ་ལུག་གམ་ར་མོ་ཞིག་འབུལ་མ་ཐུབ་ན། གཙོ་བོ་དཀོན་མཆོག་གི་དྲུང་དུ་རང་གི་སྡིག་བཤགས་སུ་ཕུག་རོན་ནམ་འང་གུ་ཆ་གཅིག་འཁྱེར་ཡོང་དགོས། དེ་གཉིས་ལས་གཅིག་ནི་སྡིག་པའི་མཆོད་འབུལ་དང་། གཞན་དེ་སྦྱིན་སྲེག་གི་མཆོད་པར་འབུལ་དགོས། 8ཁོས་བྱ་དེ་དག་བླ་མའི་རྩར་འཁྱེར་ཡོང་དགོས་པ་དང་། བླ་མས་ཐོག་མར་སྡིག་སེལ་གྱི་མཆོད་འབུལ་དུ་དེ་འབུལ་དགོས། བླ་མས་བྱ་དེའི་མཇིང་ཚིགས་བཅག་པ་མ་གཏོགས་དེའི་མགོ་བཅད་མི་ཆོག 9དེའི་ཁྲག་ཏོག་ཙམ་ཞིག་བླངས་ནས་མཆོད་ཁྲིའི་གཞོག་གཅིག་ལ་གཏོར་དགོས་པ་དང་། ཁྲག་ལྷག་འཕྲོས་དེ་མཆོད་ཁྲིའི་གཤམ་དུ་འཛག་བཅུག་དགོས། དེ་ནི་སྡིག་སེལ་གྱི་མཆོད་འབུལ་ཡིན་ནོ། 10དེ་རྗེས་ཁོས་བྱ་གཞན་དེ་ཁྲིམས་སྲོལ་བཞིན་དུ་སྦྱིན་སྲེག་གི་མཆོད་པར་འབུལ་དགོས། དེ་བཞིན་བླ་མས་མི་དེའི་སྡིག་པའི་ཆེད་དུ་དམར་མཆོད་འབུལ་བའི་རྗེས་སུ་མི་དེ་ལ་བཤགས་པ་ཐོབ་པར་འགྱུར། 11གལ་སྲིད་མི་དེས་ཕུག་རོན་ཆ་གཅིག་གམ་འང་གུ་ཞིག་ཀྱང་འཁྱེར་ཡོང་མ་ཐུབ་པ་ཡིན་ན། ཁོས་གྲོ་ཞིབ་ཀི་ལོ་གང་སྡིག་སེལ་གྱི་མཆོད་པའི་ཕྱིར་འཁྱེར་ཡོང་དགོས། འོན་ཀྱང་དེའི་ཁར་ཁ་སྐྱུར་པོའི་སྣུམ་མམ་བདུག་སྤོས་སོགས་འཇོག་མི་ཉན། གང་ལ་ཟེར་ན། དེ་ནི་སྡིག་སེལ་གྱི་མཆོད་འབུལ་ཡིན་པ་ལས་འབྲུ་སྣའི་མཆོད་འབུལ་མ་ཡིན་པའི་ཕྱིར་རོ། 12ཁོས་གྲོ་ཞིབ་དེ་བླ་མའི་རྩར་འཁྱེར་ཡོང་དགོས། བླ་མའི་གྲོ་ཞིབ་ཚང་མ་གཙོ་བོ་དཀོན་མཆོག་ལ་མཆོད་པར་ཕུལ་ཟིན་པའི་རྟགས་མཚན་དུ་གྲོ་ཞིབ་དེ་ལས་སྦར་ར་གང་བླངས་ཏེ། མཆོད་ཁྲིའི་སྟེང་དུ་འབྲུ་སྣའི་མཆོད་འབུལ་དུ་མེར་སྲེག་གཏོང་དགོས། དེ་ནི་སྡིག་སེལ་གྱི་མཆོད་པར་ངོས་འཛིན་བྱེད་དགོས། 13དེ་བཞིན་བླ་མས་མི་དེའི་སྡིག་སེལ་གྱི་མཆོད་འབུལ་བྱས་ཏེ། མི་དེ་ལ་སྡིག་སེལ་ཐོབ་པར་འགྱུར། འབྲུ་སྣའི་མཆོད་འབུལ་དང་འདྲ་བར་གྲོབ་ཞིབ་ལྷག་འཕྲོས་དེ་དག་ཀྱང་བླ་མའིི་ཐོབ་སྐལ་ཡིན་ནོ། 14གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་ཁྲིམས་གནང་གསལ། 15གལ་ཏེ་སུ་ཞིག་གིས་གཙོ་བོ་དཀོན་མཆོག་ལ་འབུལ་དགོས་པའི་འབུལ་བ་དམ་པ་རྣམས་འབུལ་རྒྱུ་བརྗེད་ནས་མ་ཤེས་པར་སྡིག་པ་བྱས་པ་ཡིན་ན། ཁོས་ཕོ་ལུག་གམ་ར་ཕོ་སྐྱོན་མེད་པ་ཞིག་གཙོ་བོ་དཀོན་མཆོག་གི་དྲུང་དུ་གུན་འཚབ་ཀྱི་མཆོད་པའི་ཚུལ་དུ་འཁྲིད་ཡོང་དགོས། དུད་འགྲོ་དེའི་གོང་ཚད་ནི་གཞུང་གི་ཁྲིམས་སྲོལ་ལྟར་གཏན་འབེབས་བྱས་པ་ལྟར་ཡིན་དགོས། 16ཡང་ད་བར་ཕུལ་མ་ཐུབ་པའི་འབུལ་བ་དེའི་ཁར་བརྒྱ་ཆ་ཉི་ཤུ་བླ་མ་ལ་རྩིས་འབུལ་ཞུ་དགོས། བླ་མས་དུད་འགྲོ་དེ་མིའི་སྡིག་བཤགས་ཀྱི་མཆོད་པར་འབུལ་བའི་སྒོ་ནས་མི་དེའི་སྡིག་པ་དག་པར་འགྱུར། 17སུ་ཞིག་གིས་མ་ཤེས་པར་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་དང་འགལ་བའི་སྡིག་པ་བྱས་པ་ཡིན་ན། ཁོ་ཉེས་ཅན་དུ་རྩིས་དགོས་པ་མ་ཟད་ཁོས་དེའི་ཉེས་འཚབ་འཇལ་དགོས། 18ཁོས་བླ་མའི་རྩར་ཕོ་ལུག་གཅིག་གམ་ར་ཕོ་སྐྱོན་མེད་གཅིག་ཉེས་ཆད་ཀྱི་མཆོད་པའི་ཚུལ་དུ་འཁྲིད་ཡོང་དགོས། དུད་འགྲོ་དེའི་གོང་ཚད་ནི་གཞུང་གི་ཁྲིམས་སྲོལ་ལྟར་གཏན་འབེབས་བྱས་པ་ལྟར་ཡིན་དགོས། བླ་མའི་དུད་འགྲོ་དེ་མི་དེའི་སྡིག་བཤགས་ཀྱི་མཆོད་པར་འབུལ་བའི་སྒོ་ནས་ཁོའི་སྡིག་པ་སེལ་བར་འགྱུར། 19འདི་ནི་ཁོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བྱས་པའི་ཉེས་ལན་དུ་འབུལ་དགོས་པའི་ཉེས་ཆད་ཀྱི་འབུལ་བ་ཡིན་ནོ༎

ལེ་ཝི 6

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གཤམ་གསལ་ལྟར་བཀའ་ཁྲིམས་རྣམས་གནང་བ། 2གལ་ཏེ་མི་ཞིག་གིས་རང་རིགས་གཅིག་པ་ཨིསི་རཱཨེལ་པ་ཞིག་གིས་བཅོལ་བའི་རྒྱུ་དངོས་ཤིག་ཕྱིར་སློག་མ་བྱེད་པའམ། ཡང་ན་དེ་ལས་རྒྱུ་དངོས་ཤིག་བརྐུས་པའམ། དེ་ལ་མགོ་བསྐོར་གཏོང་བ་སོགས་དང་། 3ཡང་རླག་སྟོར་ཕྱིན་པའི་དངོས་པོ་ཞིག་རྙེད་ཀྱང་། དེ་རྙེད་མ་བྱུང་ཟེར་ནས་མནའ་སྐྱེལ་ཞིང་རྫུན་སྨྲས་ཏེ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བྱས་པ་ཡིན་ན། མི་དེས་ཉེས་ཆད་སེལ་བའི་མཆོད་པ་འབུལ་དགོས། 4-5དེ་ལྟ་བུའི་ཉེས་པ་བྱས་པ་ཡིན་ན། མི་དེས་གཞན་ལ་མགོ་བསྐོར་བཏང་བའི་སྒོ་ནས་འཕྲོག་བཅོམ་བྱས་པའི་དངོས་པོ་རྣམས་ཕྱིར་སློག་འཇལ་དགོས། མི་དེ་ཉེས་ཅན་ཡིན་པའི་ཁུངས་སྐྱེལ་ར་འཕྲོད་བྱུང་བའི་ཉིན། ཁོས་དོ་བདག་ལ་དངོས་པོ་ཆ་ཚང་དང་དེའི་ཁར་འཕར་སྣོན་བརྒྱ་ཆ་ཉི་ཤུ་ཐམ་པ་སྤྲོད་དགོས། 6ཁོས་བླ་མའི་རྩར་ཕོ་ལུག་ཞིག་གམ་ར་ཕོ་སྐྱོན་མེད་ཞིག་གུན་འཚབ་སེལ་བའི་མཆོད་པའི་ཚུལ་དུ་འཁྲིད་ཡོང་དགོས། དུད་འགྲོ་དེའི་གོང་ཚད་ནི་གཞུང་གི་ཁྲིམས་སྲོལ་ལྟར་གཏན་འབེབས་བྱས་ཟིན་པ་ལྟར་ཡིན་དགོས། 7བླ་མས་མི་དེའི་སྡིག་སེལ་གྱི་མཆོད་འབུལ་བྱས་ཏེ་ཁོའི་སྡིག་པ་སེལ་བར་འགྱུར༎

སྦྱིན་སྲེག་ཆ་ཚང་སྲེག་པ།

8གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་ནི། 9ཨ་རོན་དང་ཁོའི་བུ་རྣམས་ལ་སྦྱིན་སྲེག་གི་ཆེད་དུ་བཀའ་ཁྲིམས་གནང་བ་རྣམས་འདི་ལྟར་ཡིན། སྦྱིན་སྲེག་གི་མཆོད་པ་དེ་མཚན་གང་མཆོད་ཁྲིའི་སྟེང་དུ་གནས་དགོས་པ་དང་། མེ་དེའང་ཕྱད་མེད་དུ་འབར་བཞིན་པར་གནས་དགོས་པ་ཡིན་ནོ། 10དེ་ནས་བླ་མས་རས་ཀྱི་སྟོད་གོས་དང་སྨད་གོས་དེ་གྱོན་ནས་མཆོད་ཁྲིའི་སྟེང་དུ་ཡོད་པའི་ཞག་རྩི་འདྲེས་པའི་གོག་ཐལ་དེ་སྟོན་ནས་མཆོད་ཁྲིའི་ཟུར་གཅིག་ཏུ་བཞག་དགོས། 11དེ་རྗེས་ཁོ་ཚོས་གོས་བརྗེ་ནས་གོག་ཐལ་དེ་སྒར་གྱི་ཕྱི་རོལ་དུ་སྲོལ་བཞིན་དག་འབྱངས་བྱས་པའི་གནས་སུ་འཁྱེར་དགོས། 12མཆོད་ཁྲིའི་མེ་དེ་ཤི་མ་འཇུག་པར་ཕྱད་མེད་དུ་འབར་བཞིན་པ་དགོས་རྒྱུ་དང་། བླ་མས་ཞོག་ལྟར་རེ་བཞིན་མཆོད་ཁྲིའི་ཁར་མེ་ཤིང་བཞག་དགོས་པ་དང་། སྦྱིན་སྲེག་གི་མཆོད་པ་སྒྲིག་དགོས་པ་དང་། དེ་བཞིན་མཐུན་འབྲེལ་གྱི་མཆོད་པའི་ཚིལ་དེ་དག་མེར་སྲེག་གཏོང་དགོས། 13མཆོད་ཁྲིའི་མེ་དེ་རྒྱུན་དུ་འབར་བཞིན་པར་གནས་དགོས་པ་ལས། དེ་ནི་ནམ་ཡང་ཤི་འཇུག་པར་མི་ཉན་ནོ༎ 14འབྲུ་སྣའི་མཆོད་འབུལ་གྱི་ཁྲིམས་ནི་གཤམ་གསལ་ལྟར་ཡིན་ནོ། ཨ་རོན་རིགས་བརྒྱུད་ཀྱི་བླ་མས་ཞིག་གིས་མཆོད་ཁྲིའི་མདུན་དུ་གཙོ་བོ་དཀོན་མཆོག་ལ་འབྲུ་སྣའི་མཆོད་འབུལ་འབུལ་དགོས། 15བླ་མས་གྲོ་ཞིབ་ལག་མཐིལ་གང་དང་སྣུམ་འཁྱེར་ནས་དེའི་སྟེང་དུ་སྤོས་བཞག་སྟེ་གཙོ་བོ་དཀོན་མཆོག་ལ་འབུལ་བའི་ཚུལ་དུ་དེ་དག་མཆོད་ཁྲིའི་ཁར་མེར་སྲེག་གཏོང་དགོས། དེ་བཞིན་མཆོད་འབུལ་བྱས་པའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 16-17མཆོད་རྫས་ལྷག་འཕྲོས་ཚང་མ་བླ་མ་ཚོས་ཟ་དགོས་ཏེ། དེ་ནི་ཆི་མན་མ་བསྲེས་པའི་བག་ལེབ་བཟོས་ནས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ཁྱམས་རའི་གནས་དམ་པ་དེར་ཟ་དགོས་པ་ཡིན་ནོ། དེ་ནི་གཙོ་བོ་དཀོན་མཆོག་གིས་འབྲུ་སྣའི་མཆོད་འབུལ་ལས་བླ་མ་ཚོའི་ཐོབ་སྐལ་དུ་གནང་བ་ཞིག་ཡིན་ཏེ། འབྲུ་སྣའི་མཆོད་འབུལ་དེའང་སྡིག་སེལ་གྱི་མཆོད་འབུལ་དང་གུན་འཚབ་སེལ་བའི་མཆོད་འབུལ་དང་འདྲ་བ་ཧ་ཅང་དམ་པ་ཞིག་ཡིན་ནོ། 18ད་ཕྱིན་ག་དུས་ཡིན་རུང་ཨ་རོན་རིགས་བརྒྱུད་ཀྱི་སྐྱེས་པ་གང་ཞིག་གིས་གོང་གསལ་མཆོད་རྫས་ལྷག་འཕྲོས་དེ་ཟ་ཆོག་གོ དེ་ནི་གཙོ་བོ་དཀོན་མཆོག་ལ་ཕུལ་བའི་ཞལ་ཟས་ལས་རྒྱུན་དུ་ཁྱོད་ཚོས་ཐོབ་འོས་པའི་སྐལ་བ་དེ་ཡིན་པ་དང་། སུ་ཞིག་གིས་འབྲུའི་མཆོད་པར་ལག་པས་རེག་པ་ཡིན་ན་དེའི་དམ་པའི་ནུས་མཐུས་མི་དེ་ལ་གནོད་འཚེ་ཡོང་ངེས་སོ། 19-20ཨ་རོན་རིགས་བརྒྱུད་ཀྱི་བླ་མ་ཞིག་ལ་བསྔོ་འབུལ་གྱི་ཕྱིར་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གཤམ་གསལ་ལྟར་བཀའ་ཁྲིམས་གནང་བ། བསྔོ་འབུལ་བྱེད་པའི་ཉིན་ མོར་ཁོས་གཙོ་བོ་དཀོན་མཆོག་ལ་ཉིན་ལྟར་གྲོ་ཞིབ་ཀི་ལོ་རེར་འབུལ་དགོས་པའི་འབྲུའི་མཆོད་པའི་ཚད་དང་འདྲ་བར་སྔ་དགོང་གཉིས་ལ་ཀི་ལོ་ཕྱད་ཀ་རེ་བྱེད་ནས་འབུལ་དགོས། 21གྲོ་ཞིབ་དེ་ནི་སྣུམ་ནང་བརྫིས་ནས་སླ་ངར་སྲེག་སྟེ་དུམ་བུར་བཟོས་ནས་གཙོ་བོ་དཀོན་མཆོག་ལ་འབྲུའི་མཆོད་པ་དང་འདྲ་བར་འབུལ་དགོས། གྲོ་ཞིབ་དེའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 22མ་འོངས་པའི་དུས་ཀུན་ཏུ་བླ་ཆེན་གྱི་ཞབས་ཏོག་ཞུ་མཁན་ཨ་རོན་གྱི་རིགས་བརྒྱུད་རེ་རེས་མཆོད་པ་འདི་འབུལ་དགོས། དེ་ནི་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་བའི་ཚུལ་དུ་ཆ་ཚང་མེར་སྲེག་གཏོང་དགོས། 23མི་སུས་ཀྱང་བླ་མས་ཕུལ་བའི་འབྲུའི་མཆོད་པ་ལས་གང་ཡང་ཟ་མི་ཆོག དེ་དག་ཡོངས་སུ་མེར་སྲེག་གཏོང་དགོས་ཡིན་ནོ༎

སྡིག་པའི་མཆོད་འབུལ།

24གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། 25སྡིག་སེལ་གྱི་མཆོད་འབུལ་སྐོར་ཨ་རོན་དང་ཁོའི་བུ་རྣམས་ལ་གཤམ་གསལ་བཀའ་ཁྲིམས་རྣམས་སྤྲོད་ཅིག མཆོད་ཁྲིའི་བྱང་ཕྱོགས་སུ་སྦྱིན་སྲེག་གི་མཆོད་པའི་དོན་དུ་དུད་འགྲོ་གསོད་སའི་གནས་དེ་ག་རང་སྡིག་སེལ་གྱི་མཆོད་པའི་དུད་འགྲོ་དེའང་དེར་གསོད་དགོས། མཆོད་འབུལ་དེ་ནི་ཧ་ཅང་དམ་པ་ཞིག་ཡིན་ནོ། 26དམར་མཆོད་འབུལ་མཁན་བླ་མས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ཁྱམས་རའི་གནས་དམ་པར་དེ་ཟ་ཆོག་གོ 27མིའང་དངོས་རིགས་གང་རུང་ཞིག་གིས་དུད་འགྲོའི་ཤ་དེ་ལ་རེག་པ་ཡིན་ན། མཆོད་པ་དམ་པའི་ནུས་མཐུས་དེ་ལ་གནོད་འཚེ་ཡོང་རྒྱུ་ཡིན། གྱོན་གོས་ཤིག་ལ་དུད་འགྲོའི་ཁྲག་དེ་འགོས་པ་ཡིན་ན། གནས་དམ་པ་ཞིག་ཏུ་འཁྱེར་ནས་འཁྲུ་དགོས། 28ཤ་བཙོས་པའི་རྫ་མ་དེའང་བཅག་དགོས་སོ། ཟངས་ཀྱི་བཟོས་པའི་སྣོད་ཆས་དེ་བེད་སྤྱོད་བྱས་པ་ཡིན་ན། དེ་དག་གཡའ་ཕྱིས་བྱས་ཏེ་ཆུས་གཙང་བཤལ་བྱེད་དགོས། 29བླ་མའི་ནང་མིའི་ཁོངས་ཀྱི་སྐྱེས་པ་ཚོས་ཤ་དེ་ཟ་ཆོག དེ་ནི་ཧ་ཅང་དམ་པ་ཡིན་ནོ། 30འོན་ཀྱང་དུད་འགྲོའི་ཁྲག་དེ་སྡིག་སེལ་གྱི་མཆོད་འབུལ་དུ་བེད་སྤྱོད་བྱེད་ཕྱིར་དབུ་གུར་དམ་པའི་ནང་དུ་འཁྱེར་ཡོང་བ་ཡིན་ན། དུད་འགྲོའི་ཤ་དེ་ཟ་མི་ཆོག་དེ་ལ་མེར་སྲེག་གཏོང་དགོས་པ་ཡིན་ནོ༎

ལེ་ཝི 7

ཉེས་ཆད་ཀྱྱི་མཆོད་འབུལ།

1ཉེས་ཆད་ཀྱི་མཆོད་འབུལ་གྱི་ཁྲིམས་ནི་གཤམ་གསལ་ལྟར་ཡིན་ཞིང་། དེ་ནི་ཧ་ཅང་དམ་པར་རྩིས་དགོས་པ་ཡིན་ནོ། 2མཆོད་པར་འབུལ་རྒྱུའི་དུད་འགྲོ་དེ་མཆོད་ཁྲིའི་བྱང་ཕྱོགས་སུ་སྦྱིན་སྲེག་གི་དུད་འགྲོ་གསོད་སའི་གནས་དེར་གསོད་དགོས་ཤིང་། ཁྲག་དེ་ནི་མཆོད་ཁྲིའི་ཕྱོགས་བཞིར་གཏོར་དགོས། 3ཚིལ་ལུ་ཡོངས་རྫོགས་བཏོན་ནས་མཆོད་ཁྲིའི་ཁར་འབུལ་དགོས་པ་དང་། ཚིལ་ལུ་ལྡན་པའི་རྔ་མ་དང་དེ་བཞིན་ནང་ཁྲོལ་དབང་པོ་བཀབ་མཁན་ཆིལ་ལུ་དང་། 4ཚིལ་དང་ལྡན་པའི་མཁལ་མ་དང་དེ་བཞིན་མཆིན་པའི་ཆ་ཤས་ཡག་ཤོས་བཅས་མཆོད་པར་འབུལ་དགོས། 5བླ་མས་ཚིལ་ཡོངས་རྫོགས་མཆོད་ཁྲིའི་སྟེང་དུ་གཙོ་བོ་དཀོན་མཆོག་ལ་ཁ་ཟས་ཀྱི་མཆོད་པའི་ཚུལ་དུ་མེར་སྲེག་གཏོང་དགོས། དེ་ནི་ཉེས་ཆད་ཀྱི་མཆོད་འབུལ་ཡིན་ནོ། 6དེ་ནི་བླ་མས་ནང་མིའི་ཁོངས་ནས་སྐྱེས་པ་ཚོས་ཟ་དགོས། འོན་ཀྱང་དེ་ནི་གནས་དམ་པར་ཟ་དགོས་པ་ཡིན་ནོ། གང་ལ་ཟེར་ན། རྫས་དེ་ནི་ཧ་ཅང་དམ་པ་ཡིན་པའི་ཕྱིར་རོ། 7སྡིག་པའི་མཆོད་པ་དང་ཉེས་པའི་མཆོད་པ་གཉིས་ཀར་ཁྲིམས་གཅིག་རང་གི་ཉམས་ལེན་སྤྱེད་ཆོག་པ་ཡིན། མཆོད་པའི་ཤ་དེ་ནི་མཆོད་འབུལ་བྱེད་མཁན་བླ་མ་རང་ལ་བདག་རྒྱུ་ཡིན། 8དེ་བཞིན་སྦྱིན་སྲེག་ཏུ་འབུལ་བའི་དུད་འགྲོའི་པགས་པ་དེའང་མཆོད་འབུལ་བྱེད་མཁན་བླ་མ་རང་ལ་བདག་རྒྱུ་ཡིན། 9ཐབ་ལ་སྲེག་པའམ་སྣོད་དམ་ཚལ་སླང་ནང་དུ་བཙོས་པ་དང་བརྔོས་པའི་འབྲུའི་མཆོད་པ་ཚང་མ་དཀོན་མཆོག་གི་དྲུང་དུ་མཆོད་འབུལ་བྱེད་མཁན་བླ་མའི་ཐོབ་སྐལ་ཡིན་ནོ། 10འོན་ཀྱང་མ་བཙོས་པའི་བྲུ་སྣའི་མཆོད་འབུལ་གྱི་རྫས་སྣུམ་ནང་བརྫིས་པའམ་སྐམ་པོ་བཅས་པ་ཚང་མ་ཨ་རོན་རིགས་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཐོབ་སྐལ་ཡིན་པས། དེ་དག་ཆ་སྙོམ་གྱི་བགོ་ཤ་རྒྱབ་དགོས་པ་ཡིན་ནོ༎ 11གཙོ་བོ་དཀོན་མཆོག་ལ་ཕུལ་བའི་མཐུན་འབྲེལ་གྱི་མཆོད་འབུལ་བྱེད་ཆོག་སྐོར་གྱི་བཀའ་ཁྲིམས་ནི་གཤམ་གསལ་ལྟར་ཡིན་ནོ། 12གལ་ཏེ་མི་ཞིག་གིས་མཆོད་འབུལ་དེ་བཞིན་དཀོན་མཆོག་ལ་ཐུགས་རྗེ་ལེགས་འབུལ་གྱི་མཆོད་པར་འབུལ་བ་ཡིན་ན། དམར་མཆོད་དུ་འབུལ་དགོས་པའི་དུད་འགྲོ་དང་མཉམ་དུ་ཆི་མན་མེད་པའི་བག་ལེབ་འབུལ་དགོས། དེ་ནི་ཁ་སྐྱུར་པོའི་སྣུམ་བསྲེས་པའི་གྲོ་ཞིབ་ལས་བཟོས་པའི་བག་ལེབ་མཐུག་པོའམ་ཁ་སྐྱུར་པོའི་སྣུམ་བྱུགས་པའི་བག་ལེབ་སྲབ་པོ་ཡང་ན་ ་ཁ་སྐྱུར་པོའི་སྣུམ་བསྲེས་པའི་གྲོ་ཞིབ་ལས་བཟོས་པའི་བག་ལེབ་ཆུང་ཆུང་ཞིག་ཡིན་པར་དགོས། 13དེ་ཙམ་མ་ཟད་ཆི་མན་ཡོད་པའི་བག་ལེབ་ཀྱང་འབུལ་དགོས་ཤིང་། 14གོང་གསལ་བག་ལེབ་སྣ་རེ་རེ་ལས་ཆ་ཤས་ཤིག་བླངས་ཏེ་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་གཙོ་བོ་དཀོན་མཆོག་ལ་འབུལ་དགོས། དེ་ནི་དུད་འགྲོའི་ཁྲག་འཁྱེར་ནས་མཆོད་ཁྲིའི་ཁར་གཏོར་མཁན་གྱི་བླ་མ་ལ་ཐོབ་རྒྱུ་ཡིན་ནོ། 15དུད་འགྲོའི་ཤ་དེ་ནི་དམར་མཆོད་བྱེད་པའི་ཉིན་མོ་དེ་རང་ལ་ཟ་དགོས་པ་ལས། སང་ཞོག་བར་ལྷག་འཕྲོས་གཅིག་ཀྱང་བཞག་མི་རུང་། 16གལ་ཏེ་སུ་ཞིག་གིས་དམ་བཅའ་སྒྲུབ་པའི་ཕྱིར་རམ། རང་མོས་ཀྱིས་འབུལ་བའི་ཚུལ་དུ་མཐུན་འབྲེལ་གྱི་མཆོད་འབུལ་ཞིག་བྱས་པ་ཡིན་ན། མཆོད་འབུལ་བྱས་པའི་ཉིན་མོ་དེ་རང་ལ་མཆོད་པའི་རྫས་ཚང་མ་ཟ་མི་དགོས་ཤིང་། འོན་ཀྱང་ལྷག་འཕྲོས་ལུས་པ་དེ་སང་ཉིན་ཟ་ནའང་ཆོག 17འོན་ཀྱང་ཉིན་ཞག་གསུམ་བར་དུ་ལྷག་འཕྲོས་ལུས་པའི་ཤ་གང་རུང་མེར་སྲེག་གཏོང་དགོས། 18གལ་ཏེ་ཉིན་གསུམ་པར་ཤ་དེ་ཟ་བ་ཡིན་ན། གཙོ་བོ་དཀོན་མཆོག་གིས་མི་དེའི་འབུལ་བར་ངོས་ལེན་མི་གནང་ངོ་། འབུལ་བ་དེ་ནི་ཕན་ཐོག་ལྡན་པའི་མཆོད་འབུལ་ཞིག་ཏུ་མི་རྩི་བར་མི་གཙང་བའི་རྒྱུ་ཞིག་ཏུ་རྩིས་རྒྱུ་ཡིན་པས། སུ་ཞིག་གིས་དེ་ལས་ཟ་བ་ཡིན་ན་ཁོ་ལ་ཉེས་པ་འཕོག་རྒྱུ་ཡིན་ནོ། 19ཤ་དེ་ནི་དག་འབྱངས་མ་བྱས་པའི་རྫས་མི་གཙང་བ་ཞིག་དང་འབྲེལ་ལྷད་བྱུང་བ་ཡིན་ན་དེ་ནི་ཟ་མི་རུང་བ་དང་། མེར་སྲེག་གཏོང་དགོས་པ་ཡིན་ནོ། ཆོས་ཁྲིམས་ལྟར་དག་འབྱངས་བྱས་པའི་མི་ཞིག་གིས་ཤ་དེ་ཟ་ནའང་ཆོག་པ་ཡིན་ནོ། 20འོན་ཀྱང་སྐྱེ་བོ་མི་གཙང་བ་ཞིག་གིས་ཤ་དེ་ཟ་བ་ཡིན་ན། མི་དེ་དཀོན་མཆོག་གི་མི་ཁོངས་སུ་རྩི་བར་མི་འགྱུར། 21དེ་བཞིན་སུས་ཀྱང་མིའམ་དུད་འགྲོ་མི་གཙང་བ་ཞིག་ལ་རེག་པའི་རྗེས་སུ་མི་དེས་མཆོད་པའི་ཤ་དེ་ཟ་བ་ཡིན་ན། དེའང་དཀོན་མཆོག་གི་འབངས་སུ་རྩི་བར་མི་འགྱུར། 22ཨིས་རཱཨེལ་པ་རྣམས་ཀྱི་ཆེད་དུ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གཤམ་གསལ་བཀའ་ཁྲིམས་དག་གནང་བ། 23ཕྱུགས་ཟོག་གླང་དང་ར་ལུག་སོགས་ཀྱི་ཚིལ་ལུ་ཟ་མི་རུང་། 24རང་བཞིན་གྱི་ཤི་བའམ་ནགས་ཀྱི་གཅན་གཟན་གྱིས་བསད་པའི་དུད་འགྲོའི་ཚིལ་ལུའང་ཟ་མི་ཉན། འོན་ཀྱང་དེ་ནི་ལས་དོན་གཞན་ལ་བེད་སྤྱོད་བྱེད་ཆོག 25སུ་ཞིག་གིས་གཙོ་བོ་དཀོན་མཆོག་ལ་མཆོད་པར་འབུལ་བའི་དུད་འགྲོའི་ཚིལ་དེ་ལས་ཟ་བ་ཡིན་ན། དེ་ནི་དཀོན་མཆོག་གི་མི་ཁོངས་སུ་རྩིས་བར་མི་འགྱུར། 26ཨིསི་རཱཨེལ་པ་རྣམས་ས་གནས་གང་དུ་བསྡད་རུང་། དེ་ཚོས་དུད་འགྲོ་དང་འདབ་ཆགས་གང་རུང་གི་ཁྲག་བཟའ་མི་ཉན། 27སུ་་ཞིག་གིས་བཀའ་ཁྲིམས་འདི་དག་བཅག་པ་ཡིན་ན་དེ་ཚོ་དཀོན་མཆོག་གི་མི་ཁོངས་སུ་རྩིས་བར་མི་འགྱུར། 28གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། 29ཨིསི་རཱཨེལ་པ་རྣམས་ཀྱི་ཆེད་དུ་གཤམ་གསལ་ལྟར་བཀའ་ཁྲིམས་དག་གནང་བ་ནི། སུ་ཞིག་གིས་མཐུན་འབྲེལ་གྱི་མཆོད་པ་འབུལ་བར་འདོད་ན། ཁོས་མཆོད་པའི་ཆ་ཤས་ཤིག་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་འབུལ་དགོས། 30འབུལ་བ་དེ་ནི་ཁོ་རང་གི་ལག་པས་འཁྱེར་ཡོང་སྟེ། ཞལ་ཟས་ཀྱི་མཆོད་པའི་ཚུལ་དུ་འབུལ་དགོས་སོ། ཚིལ་དང་བཅས་པའི་དུད་འགྲོའི་བྲང་ཤ་དེ་འཁྱེར་ཡོང་ནས་གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་མཆོད་པར་འབུལ་དགོས། 31དེ་རྗེས་བླ་མས་ཚིལ་དེ་མཆོད་ཁྲིའི་ཁར་མེར་སྲེག་གཏོང་དགོས། འོན་ཀྱང་བྲང་ཤ་དེ་ནི་བླ་མ་ཚོའི་ཐོབ་སྐལ་ཡིན་ནོ། 32-33མཐུན་འབྲེལ་གྱི་མཆོད་པར་ཁྲག་དང་ཚིལ་ལུ་མཆོད་འབུལ་བྱེད་མཁན་བླ་མ་དེ་ལ་དུད་འགྲོའི་རྒྱབ་རྐང་གཡས་པ་དེ་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་སྤྲོད་དགོས། 34དུད་འགྲོའི་བྲང་ཤ་དེ་དམིགས་བསལ་གྱི་གནང་སྦྱིན་དང་དེ་བཞིན་རྐང་པ་གཡས་པ་དེ་ནི་བླ་མ་རྣམས་ཀྱི་དམིགས་བསལ་གྱི་ཞལ་འདེབས་སུ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་མི་དམངས་རྣམས་ནས་བཞེས་ཏེ་བླ་མ་རྣམས་ལ་གནང་བ་ཡིན་པས། ཨིས་རཱཨེལ་མི་མང་རྣམས་ནས་གོང་གསལ་འབུལ་བ་དེ་དུས་རྟག་ཏུ་བླ་མ་རྣམས་ལ་འབུལ་དགོས་པ་ཡིན་ནོ། 35དེ་ནི་གཙོ་བོ་དཀོན་མཆོག་ལ་ཕུལ་བའི་ཞལ་ཟས་ཀྱི་མཆོད་པའི་ཆ་ཤས་ཤིག་ཡིན་པ་དང་། དེ་ལས་ཨ་རོན་དང་ཁོའི་བུ་རྣམས་བླ་མའི་གོ་གནས་སུ་བསྔོ་འབུལ་བྱེད་པའི་ཉིན་མོར་དེ་དག་ལ་གནང་བ་ཡིན་ནོ། 36ཉིན་དེ་ལ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་མི་མང་ཡོངས་ལ་འབུལ་བའི་ཆ་ཤས་དེ་དག་ལ་སྤྲོད་དགོས་པའི་བཀའ་གནང་བ་ཡིན་པས། ཨིསི་རཱཨེལ་པ་ཚོས་དུས་རྟག་ཏུ་བཀའ་ཁྲིམས་དེ་སྲུང་དགོས་པ་ཡིན་ནོ། 37གོང་གསལ་བཀའ་ཁྲིམས་རྣམས་ནི་སྦྱིན་སྲེག་གི་མཆོད་པ་དང་། འབྲུ་སྣའི་མཆོད་པ་དང་། སྡིག་སེལ་གྱི་མཆོད་པ་དང་། ཉེས་ཆད་ཀྱི་མཆོད་པ་དང་། དེ་བཞིན་ཁྲི་འདོན་གྱི་མཆོད་པ་དང་མཐུན་འབྲེལ་གྱི་མཆོད་འབུལ་བྱེད་ཆོག་སྐོར་ཡིན་ནོ། 38བཀའ་ཁྲིམས་འདི་དག་ནི་གཙོ་བོ་དཀོན་མཆོག་གིས་འབྲོག་སྟོང་དུ་རི་བོ་སི་ནཨེའི་སྟེང་ནས་མོ་ཤེ་ལ་གནང་བ་ཡིན་པ་དང་། དེ་ཉིན་མོ་ཤེས་ཨིསི་རཱཨེལ་མི་དམངས་རྣམས་ལ་མཆོད་འབུལ་བྱེད་དགོས་པའི་བཀའ་གནང་བ་ཡིན་ནོ༎

ལེ་ཝི 8

ཨ་རོན་དང་ཁོའི་བུ་རྣམས་ལ་ཁྲི་འདོན་བྱེད་པ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2ཨ་རོན་དང་ཁོའི་བུ་རྣམས་ངའི་དབུ་གུར་དམ་པའི་སྒོར་འཁྲིད་དེ། བླ་མའི་གོས་དང་། བསྔོ་འབུལ་གྱི་སྣུམ་དང་། སྡིག་སེལ་གྱི་མཆོད་པའི་ཆེད་དུ་གླང་གཞོན་པ་གཅིག་དང་། དེ་བཞིན་ཕོ་ལུག་གཉིས་དང་ཆི་མན་མེད་པའི་བག་ལེབ་ཙེལ་པོ་གང་བཅས་འཁྱེར་ཡོང་དགོས། 3དེ་རྗེས་མི་སྡེ་ཡོངས་རྫོགས་དེར་བཀོང་དགོས་པ་ཡིན་ནོ། 4ཨིསི་རཱཨེལ་མི་དམངས་ཚང་མ་འཛོམས་ཚར་བའི་རྗེས་སུ། མོ་ཤེས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ལྟར་སྒྲུབ་ནས། 5དེ་ཚོར་སྨྲས་པ་ངས་གང་བྱེད་གྲབ་ཡིན་པ་དེ་ནི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་ཡིན་ནོ། 6མོ་ཤེས་ཨ་རོན་དང་ཁོའི་བུ་རྣམས་མདུན་དུ་འཁྲིད་ཡོང་ནས་དག་འབྱངས་བྱེད་ཕྱིར་དེ་དག་ལ་འཁྲུད་རྒྱབ་དགོས་ཅེས་སྨྲས་པ་དང་། 7ཁོང་གིས་ཨ་རོན་ལ་སྟོད་ཐུང་དང་ཆོས་གོས་གཡོག་ནས། རྐེད་པར་རྐེད་དཀྲིས་བསྡམས་ཤིང་ཆོས་གོས་ཨེ་ཕོད་བསྐོན་ཏེ། ལེགས་པར་འཐག་པའི་ལུང་ཐག་ཞིག་གིས་ཨེ་ཕོད་རྐེད་པར་བཏགས་སོ། 8དེ་རྗེས་མོ་ཤེས་ཁོང་ལ་བྲང་རྒྱན་ཞིག་ཀྱང་བཏགས་པ་གནང་ཞིང་། དེར་ཨུ་རིམ་དང་ཐུམ་མིམ་བཞག་པ་དང་། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན། 9མགོ་ལ་ཐོད་རས་དཀྲིས་ཏེ་མདུན་ངོས་སུ་བསྔོ་འབུལ་བྱེད་པའི་དམ་པའི་རྟགས་མཚན་དུ་གསེར་གྱི་བྱང་བུ་ཞིག་ཀྱང་བཏགས་སོ། 10དེ་ནས་མོ་ཤེས་བསྔོ་འབུལ་གྱི་སྣུམ་དེ་བླངས་ནས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དང་། དེའི་ནང་ཡོད་པའི་དངོས་པོ་ཚང་མར་བྱུགས་ནས་དེ་དག་ཚང་མ་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱས་སོ། 11ཁོང་གིས་སྣུམ་དེ་ལས་ཏོག་ཙམ་ཞིག་བླངས་ནས་མཆོད་ཁྲི་དང་དེའི་ཡོ་བྱད་ཁག་དང་། ཆུའི་གཞོང་པ་དང་དེའི་ཞབས་ར་བཅས་ལ་ལན་བདུན་གཏོར་ནས་དེ་དག་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱས་སོ། 12ཁོང་གིས་ཨ་རོན་གྱི་མགོ་ལ་བསྔོ་འབུལ་གྱི་སྣུམ་དེ་བྱུགས་ནས་བསྔོ་འབུལ་བྱས་ཤིང། 13དེ་རྗས་མོ་ཤེས་ཨ་རོན་གྱི་བུ་རྣམས་ཀྱང་མདུན་དུ་འཁྲིད་ཡོང་ནས། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ལྟར་དེ་དག་ལ་སྟོད་གོས་གཡོག་སྟེ་རྐེད་པར་རྐེད་རྒྱན་བཅིངས་ཤིང་། མགོ་ལ་ཞ་མོ་གཡོགས་སོ། 14དེ་ནས་མོ་ཤེས་སྡིག་སེལ་གྱི་མཆོད་པའི་ཕྱིར་དུ་ཕོ་གླང་གཞོན་པ་དེ་འཁྲིད་ཡོང་ནས། ཨ་རོན་དང་ཁོའི་བུ་ཚོས་དེའི་མགོ་ལ་ལག་པ་བཞག་གོ 15མཆོད་ཁྲི་བསྔོ་འབུལ་བྱེད་ཕྱིར་མོ་ཤེས་གླང་དེ་བསད་ནས་ཁྲག་ཏོག་ཙམ་ཞིག་བླངས་ནས་མཛུབ་མོས་མཆོད་ཁྲིའི་ཟུར་བཞིར་ཡོད་པའི་རྭ་ཅོ་ཁག་ལ་བྱུགས་སོ། དེ་རྗེས་ཁྲག་ལྷག་འཕྲོས་དེའང་མཆོད་ཁྲིའི་ཞབས་རར་བླུགས་ཏེ། མཆོད་ཁྲི་དེ་བཞིན་བསྔོ་འབུལ་བྱས་ནས་དག་འབྱངས་བྱས་སོ། 16དེ་ནས་མོ་ཤེས་ནང་ཁྲོལ་གྱི་དབང་པོ་ཡོད་པའི་ཚིལ་ལུ་ཡོངས་རྫོགས་དང་། དེ་བཞིན་མཚིན་པའི་ཆ་ཤེས་ལེགས་ཤོས་དང་མཁལ་མའི་ཚིལ་དང་བཅས་པ་ཚང་མ་བླངས་ནས་མཆོད་ཁྲིའི་ཁར་མེར་བསྲེག་སོ། 17ཤ་ལྷག་འཕྲོས་དང་པགས་པ་དང་རྒྱུ་མ་བཅས་འཁྱེར་ནས། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ལྟར་སྒར་སའི་ཕྱི་རོལ་དུ་མེར་སྲེག་བཏང་ངོ་། 18དེ་རྗེས་མོ་ཤེས་སྦྱིན་སྲེག་གི་དོན་དུ་ཕོ་ལུག་གཅིག་འཁྲིད་ཡོང་ནས། ཨ་རོན་དང་ཁོའི་བུ་ཚོས་དེའི་མགོ་ལ་ལག་པ་བཞག་གོ 19མོ་ཤེས་དེ་བསད་ནས་དེའི་ཁྲག་དེ་མཆོད་ཁྲིའི་ཕྱོགས་བཞིར་གཏོར་རོ། 20-21དེ་རྗེས་ཕོ་ལུག་གི་ཤ་དེ་དུམ་བུར་བཏུབ་སྟེ། དེའི་ནང་ཁྲོལ་དང་རྐང་པ་དེ་ཚོ་ཆུས་འཁྲུད་ནས། མགོ་དང་ཚིལ་ལུ་དང་ལུག་ཤ་ལྷག་འཕྲོས་ལུས་པ་རྣམས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་མཆོད་ཁྲིའི་ཁར་མེར་སྲེག་བཏང་སྟེ། སྦྱིན་སྲེག་གི་མཆོད་པ་དེ་ནི་ཞལ་ཟས་ཀྱི་མཆོད་པའི་ཚུལ་དུ་ཕུལ་བ་ཡིན་པས། དེའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར་རོ། 22དེ་ནས་མོ་ཤེས་བླ་མ་རྣམས་ལ་བསྔོ་འབུལ་གྱི་ཕྱིར་དུ་བཞག་ཡོད་པའི་ལུག་གཉིས་པ་དེ་འཁྲིད་ཡོང་ནས། ཨ་རོན་དང་ཁོའི་བུ་རྣམས་ཀྱིས་དེའི་མགོ་ལ་ལག་པ་བཞག་གོ་། 23མོ་ཤེས་དེ་བསད་ནས་དེའི་ཁྲག་ཏོག་ཙམ་ཞིག་བླངས་ཏེ། ཨ་རོན་གྱི་རྣ་བ་གཡས་པའི་རྣ་ཤལ་དང་ལག་པ་གཡས་པའི་མཐེ་བོང་དང་རྐང་པ་གཡས་པའི་མཐེ་བོང་ལ་བྱུགས་སོ། 24དེ་རྗེས་ཁོང་གིས་ཨ་རོན་གྱི་བུ་རྣམས་མདུན་དུ་འཁྲིད་ཡོང་ནས། དེ་ཚོའི་རྣ་བ་གཡས་པའི་རྣ་ཤལ་དང་ལག་པ་གཡས་པའི་མཐེ་བོང་དང་རྐང་པ་གཡས་པའི་མཐེ་བོང་སོ་སོར་ཁྲག་དེ་བྱུགས་སོ། མོ་ཤེས་ཁྲག་ལྷག་འཕྲོས་དེ་མཆོད་ཁྲིའི་ཕྱོགས་བཞི་ལ་གཏོར་རོ། 25དེ་བཞིན་ཁོས་ཚིལ་ལུ་དང་། ཚིལ་དང་ལྡན་པའི་མཇུག་མ་དང་། ནང་ཁྲོལ་གྱི་ཚིལ་ལུ་ཡོངས་རྫོགས་དང་། མཚིན་པའི་ཆ་ཤས་ལེགས་ཤོས་དང་ཚིལ་དང་ལྡན་པའི་མཁལ་མ་གཉིས་ཅ་དང་རྒྱབ་རྐང་པ་གཡས་པ་བཅས་བླངས་ཏེ། 26ཆི་མན་མེད་པའི་བག་ལེབ་ཀྱི་ཙེལ་པོ་ནས་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱས་པའི་བག་ལེབ་གཅིག་དང་། སྣུམ་ལ་སྲེག་པའི་བག་ལེབ་གཅིག་དང་། བག་ལེབ་སྲབ་པོ་ཞིག་བླངས་ཏེ་ཚིལ་ལུ་དང་རྒྱབ་རྐང་གཡས་པའི་སྟེང་དུ་བཞག་གོ 27ཁོང་གིས་ཁ་ཟས་ཚང་མ་ཨ་རོན་དང་ཁོའི་བུ་རྣམས་ཀྱི་ལག་པར་གནང་ནས། ཁོ་ཚོས་དེ་ནི་གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་འབུལ་བར་ཕུལ་ལོ། 28དེ་ནས་མོ་ཤེས་ཁ་ཟས་དེ་དག་ཁོ་ཚོའི་ལག་ནས་བླངས་ཏེ། མཆོད་ཁྲིའི་སྟེང་དུ་ཡོད་པའི་སྦྱིན་སྲེག་གི་མཆོད་པའི་ཁར་བཞག་ནས་བསྔོ་འབུལ་གྱི་མཆོད་པའི་ཚུལ་དུ་མེར་སྲེག་བཏང་ངོ་། དེ་ནི་ཁ་ཟས་ཀྱི་མཆོད་པ་ཡིན་པས་དེའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར་རོ། 29དེ་ནས་མོ་ཤེས་བྲང་ཤ་དེ་བླངས་ནས་གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་འབུལ་བ་ཕུལ་ལོ། བསྔོ་འབུལ་གྱི་མཆོད་པར་ཕུལ་བའི་ཕོ་ལུག་དེ་ནི་མོ་ཤེ་ཐོབ་སྐལ་ཡིན་ནོ། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་མོ་ཤེས་བྱས་སོ། 30མོ་ཤེས་བསྡོ་འབུལ་གྱི་སྣུམ་དང་མཆོད་ཁྲིའི་ཁར་ཡོད་པའི་ཁྲག་དེ་ལས་ཏོག་ཙམ་ཞིག་བླངས་ནས། ཨ་རོན་དང་ཁོའི་བུ་རྣམས་དང་དེ་ཚོའི་གྱོན་གོས་ཁར་གཏོར་ནས། ཁོ་ཚོ་དང་ཁོ་ཚོའི་གོས་རྣམས་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱས་སོ། 31མོ་ཤེས་ཨ་རོན་དང་ཁོའི་བུ་རྣམས་ལ་སྨྲས་པ། ཤ་དེ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་གཟིམ་སྒོར་འཁྱེར་ནས། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་དེར་བཙོས་ནས། བསྔོ་འབུལ་གྱི་འབུལ་བ་བཞག་ཡོད་པའི་ཙེལ་པོ་ནངགི་བག་ལེབ་དེ་དང་མཉམ་དུ་ཟ་དགོས། 32ཤ་དང་བག་ལེབ་ལྷག་འཕྲོས་གང་ཡོད་ཚང་མ་མེར་སྲེག་གཏོང་དགོས། 33བསྔོ་འབུལ་གྱི་ཆོ་ག་ཚང་མ་ཚར་བར་ཉིན་ཞག་བདུན་བར་དུ་ཁྱོད་ཚོས་དབུ་གུར་དམ་པའི་གཟིམ་སྒོ་དེ་སྤངས་མི་ཆོག 34ཁྱོད་ཚོའི་སྡིག་པ་སེལ་བའི་ཕྱིར་དུ་དེ་རིང་ང་ཚོས་གང་བྱས་པ་དེ་ནི་གཙོ་བོ་དཀོན་མཆོག་གིས་བཀའ་དགོངས་བཞིན་དུ་ཡིན་པས། 35ཁྱོད་ཚོས་དབུ་གུར་དམ་པའི་གཟིམ་སྒོའི་རྩར་ཉིན་མཚན་བདུན་བར་བསྡད་དེ། གཙོ་བོ་དཀོན་མཆོག་གིས་བཀའ་གང་གནང་བ་བཞིན་བྱེད་དགོས། དེ་མིན་ཁྱོད་ཚོ་ཤི་ངེས་པ་ཡིན་ཞེས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ཡིན་ནོ། 36དེ་བས་ན་ཨ་རོན་དང་ཁོའི་བུ་ཚོས་མོ་ཤེའི་བརྒྱུད་ནས་གཙོ་བོ་དཀོན་མཆོག་གི་བཀའ་གང་གནང་བ་ཚང་མ་བྱས་སོ༎

ལེ་ཝི 9

ཨ་རོན་གྱིས་དམར་མཆོད་འབུལ་བ།

1བསྔོ་འབུལ་གྱི་མཆོད་པ་ཆ་ཚང་སྒྲུབ་པའི་ཕྱི་ཉིན་དེ། མོ་ཤེས་ཨ་རོན་དང་ཁོའི་བུ་རྣམས་དང་དེ་བཞིན་ཨིསི་རཱཨེལ་གྱི་འགོ་བྱེད་རྣམས་བོས་ཏེ། 2ཁོང་གིས་ཨ་རོན་ལ་སྨྲས་པ། གླང་གཞོན་པ་ཞིག་དང་ཕོ་ལུག་སྐྱོན་མེད་པ་དེ་འཁྲིད་ཡོང་ཞིང་། གླང་དེ་སྡིག་སེལ་གྱི་མཆོད་པ་དང་ཕོ་ལུག་དེ་སྦྱིན་སྲེག་གི་མཆོད་པའི་ཚུལ་དུ་གཅོ་བོ་དཀོན་མཆོག་ལ་འབུལ་དགོས། 3དེ་རྗེས་ཨིསི་རཱཨེལ་མི་དམངས་རྣམས་ལ་སྨྲོས་ཤིག སྡིག་སེལ་གྱི་མཆོད་པའི་དོན་དུ་ར་ཕོ་གཅིག་དང་། སྦྱིན་སྲེག་གི་མཆོད་པའི་དོན་དུ་སྐྱོན་མེད་པ་བེའུ་ལོ་གཅིག་ལོན་པ་ཞིག་དང་། སྐྱོན་མེད་པ་ལུག་ཐུག་ལོ་གཅིག་ལོན་པ་རེ་འཁྱེར་ཡོང་དགོས། 4དེ་བཞིན་མཐུན་འབྲེལ་གྱི་མཆོད་པའི་དོན་དུ་གླང་ཞིག་དང་ཕོ་ལུག་རེ་འཁྲིད་ཡོང་དགོས། དེ་ཚོས་སེམས་ཅན་དེ་དག་སྣུམ་བསྲེས་པའི་འབྲུའི་མཆོད་པ་དང་མཉམ་དུ་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་དགོས། གང་ལ་ཟེར་ན། དེ་རིང་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་མངོན་པར་མཛད་རྒྱུ་ཡིན་པའི་ཕྱིར་རོ། 5དེ་ཚོས་མོ་ཤེས་གང་སྨྲས་པ་ཐམས་ཅད་དབུ་གུར་དམ་པའི་མདུན་དུ་འཁྱེར་ཡོང་ཞིང་། ཨིསི་རཱཨེལ་མི་མང་ཚང་མ་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་བྱེད་ཕྱིར་དེར་འཛོམས་སོ། 6དེ་ནས་མོ་ཤེས་སྨྲས་པ། ཁོང་བཞུགས་ཡོད་པའི་བཀྲག་མདངས་ཀྱི་འོད་དེ་ཁྱོད་ཚོའི་ཙར་མངོན་པར་འགྱུར་བའི་ཆེད་དུ་གཙོ་བོ་དཀོན་མཆོག་གི་ཁྱོད་ཚོར་དེ་ཚོ་ཆང་མ་བྱེད་ཕྱིར་བཀའ་གནང་བ་ཡིན་ནོ། 7དེ་ནས་ཁོང་གིས་ཨ་རོན་ལ། མཆོད་ཁྲིའི་རྩར་ཕྱིན་ནས་ཁྱོད་ཀྱི་སྡིག་པ་དང་མི་མང་གི་སྡིག་པ་སེལ་བའིི་ཆེད་དུ་སྡིག་སེལ་གྱི་མཆོད་པ་དང་སྦྱིན་སྲེག་གི་མཆོད་པ་འབུལ་དགོས། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་མི་དམངས་ཀྱི་སྡིག་པ་སེལ་བའི་ཕྱིར་དུ་གོང་གསལ་མཆོད་པ་དེ་འབུལ་དགོས་ཅེས་སྨྲས་སོ། 8དེ་རྗེས་ཨ་རོན་མཆོད་ཁྲིའི་རྩར་ཕྱིན་ནས་རང་གི་སྡིག་སེལ་གྱི་དོན་དུ་ཕོ་གླང་གཞོན་པ་དེ་བསད་དོ། 9ཁོའི་བུ་རྣམས་ཀྱིས་ཁྲག་དེ་འཁྱེར་ཡོང་བ་དང་། ཁོས་དེའི་ནང་རང་གི་མཛུབ་མོ་བཅུག་སྟེ། མཆོད་ཁྲིའི་རྭ་ཅོ་སོ་སོར་གཏོར་བ་དང་། ཁྲག་ལྷག་མ་དེ་མཆོད་ཁྲིའི་ཞབས་རར་བླུགས་སོ། 10གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་བཞིན་ཁོས་ཚིལ་ལུ་དང་མཁལ་མ་རྣམས་དང་། མཆིན་པའི་ཆ་ཤས་ལེགས་ཤོས་བཅས་པ་མཆོད་ཁྲིའི་སྟེང་དུ་མེར་སྲེག་བཏང་ངོ་། 11འོན་ཀྱང་ཤ་དང་པགས་པ་ནི་སྒར་གྱི་ཕྱི་རོལ་དུ་མེར་སྲེག་བཏང་ངོ་། 12ཁོས་རང་གི་སྦྱིན་སྲེག་གི་ཆེད་དུ་དུད་འགྲོ་དེ་བསད་པ་དང་། ཁོའི་བུ་རྣམས་ཀྱིས་ཁྲག་དེ་འཁྱེར་ཡོང་ཞིང་། ཁོས་ཁྲག་དེ་མཆོད་ཁྲིའི་ཕྱོགས་བཞིར་གཏོར་རོ། 13དེ་རྗེས་ཁོ་ཚོས་དུད་འགྲོའི་མགོ་དང་ཆ་ཤས་གཞན་རྣམས་ཁོ་ལ་རྩིས་སྤྲད་ནས། ཁོས་དེ་དག་མཆོད་ཁྲིའི་སྟེང་དུ་མེར་སྲེག་བཏང་ངོ་། 14ནང་ཁྲོལ་དང་རྐང་པ་རྣམས་འཁྲུད་ནས་མཆོད་ཁྲིའི་ཁར་མཆོད་རྫས་གཞན་རྣམས་ཀྱི་སྟེང་དུ་བཞག་ནས་སྲེགས་སོ། 15དེ་རྗེས་ཨ་རོན་གྱིས་མི་མང་གི་འབུལ་བ་རྣམས་ཕུལ་བ་དང་། མི་མང་གི་སྡིག་སེལ་གྱི་དོན་དུ་འབུལ་དགོས་པའི་ར་དེ་འཁྲིད་ཡོང་ནས་དེ་བསད་ཅིང་རང་གི་སྡིག་སེལ་གྱི་མཆོད་པ་འབུལ་བ་ལྟར་ཕུལ་ལོ། 16དེ་བཞིན་ཁོས་སྦྱིན་སྲེག་གི་དོན་དུ་འབུལ་དགོས་པའི་སེམས་ཅན་དེ་འཁྲིད་ཡོང་སྟེ། ཁྲིམས་སྲོལ་ལྟར་དེའང་མཆོད་པར་ཕུལ་ལོ། 17ཁོས་འབྲུ་སྣའི་མཆོད་འབུལ་བྱས་ཏེ། གྲོ་ཞིབ་སྦར་ར་གང་བླངས་ནས་མཆོད་ཁྲིའི་ཁར་མེར་སྲེག་བཏང་ཞིང་། དེ་ནི་དུས་རྒྱུན་དུ་འབུལ་དགོས་པའི་སྦྱིན་སྲེག་གི་འབུལ་བའི་ཁར་འབུལ་བ་འཕར་མ་ཞིག་ཡིན་པ་དང་། 18ཁོས་མི་མང་གི་དོན་དུ་མཐུན་འབྲེལ་གྱི་མཆོད་པར་གླང་ཞིག་དང་ཕོ་ལུག་ཞིག་ཀྱང་བསད་དེ། ཁོའི་བུ་རྣམས་ཀྱིས་སེམས་ཅན་གྱི་ཁྲག་དེ་འཁྱེར་ཡོང་བ་དང་། ཁོས་ཁྲག་དེ་མཆོད་ཁྲིའི་ཕྱོགས་བཞིར་གཏོར་རོ། 19དེ་རྗེས་ཨ་རོན་གྱིས་གླང་དང་ལུག་གི་ཚིལ་རྣམས། 20བྲང་ཤའི་སྟེང་དུ་བཞག་སྟེ། མཆོད་ཁྲིའི་རྩར་འཁྱེར་ཞིང་ཚིལ་ལུ་དེ་དག་མཆོད་ཁྲིའི་ཁར་མེར་སྲེག་བཏང་ངོ་། 21མོ་ཤེས་བཀའ་གནང་བ་བཞིན་བྲང་ཤ་དང་རྒྱབ་རྐང་པ་གཡས་པ་རྣམས་བླ་མ་ཚོའི་དོན་དུ་གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་འབུལ་བར་ཕུལ་ལོ། 22དེ་ནས་ཨ་རོན་གྱིས་དམར་མཆོད་ཚང་མ་ཕུལ་ཚར་བའི་རྗེས་སུ། རང་གི་ལག་པ་མི་དམངས་ཀྱི་ཕྱོགས་སུ་ཡར་བརྐྱངས་ནས་དེ་དག་ལ་བྱིན་རླབས་གནང་ཞིང་མར་བབས་སོ། 23དེ་ནས་མོ་ཤེ་དང་ཨ་རོན་གཉིས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ནང་དུ་འཛུལ་ནས་ཕྱིར་ཐོན་ཏེ་མི་མང་ལ་བྱིན་གྱིས་རླབས་པ་དང་། གཙོ་བོ་དཀོན་མཆོག་བཞུགས་ཡོད་པའི་བཀྲག་མདངས་ཀྱི་འོད་ཟེར་དེ་མི་མང་ཚང་མས་མདུན་མངོན་ནོོ། 24དེ་ནས་བློ་བུར་དུ་གཙོ་བོ་དཀོན་མཆོག་གིས་མེ་ཞིག་གཏོང་བ་གནང་ཞིང་། དེས་སྦྱིན་སྲེག་གི་མཆོད་པ་དང་མཆོད་ཁྲིའི་ཁར་ཡོད་པའི་ཚིལ་རྣམས་ཡོངས་སུ་འཚིགས་སོ། དེ་མཐོང་ནས་མི་རྣམས་ཀྱིས་སྐད་ཅོར་ཆེན་པོ་རྒྱབ་ཅིང་ལུས་ས་ལ་བརྡབས་ཏེ་ཕྱག་འཚལ་ཞུས་སོ༎

ལེ་ཝི 10

ན་དྷབ་དང་ཨ་བྷི་ཧུའི་ཉེས་སྡིག།

1ཨ་རོན་གྱི་བུ་ན་དྷབ་དང་ཨ་བྷི་ཧུ་གཉིས་ཀྱིས་རང་རང་སོ་སོའི་མེ་ཕོར་ནང་མེ་འཁྱེར་ནས་དེའི་ནང་བསང་བླུགས་ཏེ་གཙོ་བོ་དཀོན་མཆོག་ལ་བདུག་སྤོས་ཕུལ་ལོ། འོན་ཀྱང་མེ་དེ་ནི་དམ་པ་མ་ཡིན་ནོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་དེ་དག་ལ་དེ་འབུལ་དགོས་ཅེས་བཀའ་གནང་མེད་པས་ཕྱིར་རོ། 2དེ་ནས་བློ་བུར་དུ་གཙོ་བོ་དཀོན་མཆོག་གི་མེ་ཞིག་གཏོང་བ་གནང་ཞིང་། དེས་མི་དེ་གཉིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་འཚིགས་ཏེ་གནས་དེ་ག་རང་དུ་ཤིའོ། 3དེ་ནས་མོ་ཤེས་ཨ་རོན་ལ་སྨྲས་པ། གཙོ་བོ་དཀོན་མཆོག་གིས་གསུངས་པའི་བཀའ་ནི་འདི་ལྟར་ཡིན། ང་ལ་ཞབས་ཏོག་བྱེད་མི་ཚོས་ང་དམ་པ་ཡིན་པ་དེ་ལ་གུས་ཞབས་བྱེད་དགོས། ངས་ཀྱང་རང་གི་མི་འབངས་ལ་ངའི་གཟི་བརྗིད་མངོན་པར་བྱེད་རྒྱུ་ཡིན་ཞེས་གསུངས་སོ། འོན་ཀྱང་ཨ་རོན་གྱིས་གང་ཡང་མ་སྨྲས་པར་ཁ་རོག་བསྡད་དོ། 4དེ་ནས་མོ་ཤེས་མི་ཤ་ཨེལ་དང་ཨེལ་ཛ་ཕན་གཉིས་ལ་བོས་ནས་སྨྲས་པ། ཁྱོད་ཚོས་རང་གི་སྤུན་གྱི་རོ་དེ་དག་དབུ་གུར་དམ་པའི་ནང་ནས་འཁྱེར་ཏེ་སྒར་གྱི་ཕྱི་རུ་སྐྱོལ་ཞིག དེ་གཉིས་ནི་ཨ་རོན་གྱི་ཨ་ཁུ་ཨུ་ཛི་ཨེལ་གྱི་བུ་རྣམས་ཡིན་ནོ། 5ཁོ་ཚོ་ཡོང་ནས་རོ་གོས་ཀྱི་སྣེ་ནས་བཟུང་སྟེ། མོ་ཤེས་སྨྲས་པ་བཞིན་རོ་དེ་ཚོ་སྒར་གྱི་ཕྱི་རོལ་དུ་སྐྱེལ་ལོ། 6དེ་ནས་མོ་ཤེས་ཨ་རོན་དང་ཁོའི་བུ་ཨེ་ལི་ཛར་དང་ཨི་ཐ་མར་གཉིས་ལ་སྨྲས་པ། ཁྱོད་ཚོས་ང་ཚོ་མྱ་ངན་ནང་ཡོད་ཟེར་བསྟན་ནས་རང་གི་སྐྲ་ཤད་མ་རྒྱབ་པར་མ་སྡོད་ཅིག རང་གི་གྱོན་གོས་མ་ཧྲལ་ཅིག། དེ་ལྟར་བྱས་པ་ཡིན་ན་ཁྱོད་ཚོ་ཤི་དགོས་སོ། ཨིསི་རཱཨེལ་མི་མང་ཡོངས་ལ་གཙོ་བོ་དཀོན་མཆོག་ཐུགས་ཁྲོ་བར་འགྱུར་རོ། འོན་ཀྱང་གཙོ་བོ་དཀོན་མཆོག་གིས་གཏོང་གནང་བའི་མེ་དེས་ཤི་སྐྱོན་བྱུང་བའི་སྐོར་ལ་ཨིསི་རཱཨེལ་མི་མང་བྱིངས་ནས་མྱ་ངན་བྱེད་ཆོག་པ་ཡིན་ནོ། 7ཁྱོད་ཚོ་དབུ་གུར་དམ་པའི་གཟིམ་སྒོ་སྤངས་ནས་འགྲོ་མི་ཆོག དེ་མིན་ཁྱོད་ཚོ་ཤི་ངེས་པ་ཡིན་ནོ། གང་ལ་ཟེར་ན། ཁྱོད་ཚོ་གཙོ་བོ་དཀོན་མཆོག་གི་བསྔོ་འབུལ་གྱི་སྣུམ་བྱུགས་པའི་སྒོ་ནས་དམ་པ་བྱས་ཟིན་པའི་ཕྱིར་རོ། དེ་བས་ན་ཁོ་ཚོས་མོ་ཤེས་གང་སྨྲས་པ་ལྟར་བྱས་སོ༎

བླ་མ་རྣམས་ཀྱིས་སྲུང་དགོས་པའི་བཀའ་ཁྲིམས།

8གཙོ་བོ་དཀོན་མཆོག་གིས་ཨ་རོན་ལ་གསུངས་པ། 9ཁྱོད་དང་ཁྱོད་ཀྱི་བུ་ཚོས་ཆང་རག་སོགས་འཐུང་ནས་ངའི་དབུ་གུར་དམ་པའི་ནང་དུ་འཛུལ་མི་ཆོག གལ་ཏེ་འཛུལ་བ་ཡིན་ན་ཁྱོད་ཚོ་ཤི་ངེས་པ་ཡིན་ནོ། བཀའ་ཁྲིམས་འདི་ནི་ཁྱོད་ཚོའི་མི་བརྒྱུད་ཚང་མས་སྲུང་དགོས། 10དཀོན་མཆོག་གི་དངོས་རྫས་དང་སྤྱིར་བཏང་བེད་སྤྱོད་བྱེད་པའི་དངོས་རྫས་རྣམས་ཀྱི་བར་ལ་ཁྱོད་ཀྱི་དབྱེ་བ་བྱེད་དགོས་པ་དང་། གཞན་ཡང་དངོས་རྫས་གང་རུང་སྲོལ་བཞིན་དག་འབྱངས་བྱེད་ཡོད་མེད་ཀྱང་དབྱེ་བ་བྱེད་ཐུབ་པ་དགོས། 11ངས་མོ་ཤེའི་བརྒྱུད་ནས་སྤྲད་པའི་བཀའ་ཁྲིམས་ཚང་མ་ཁྱོད་ཀྱིས་ཨིསི་རཱཨེལ་པ་རྣམས་ལ་སློབ་སྟོན་བྱེད་དགོས། 12མོ་ཤེས་ཨ་རོན་དང་གསོན་པོར་ལུས་པའི་ཁོའི་བུ་ཨེ་ལི་ཛར་དང་ཨི་ཐ་མར་གཉིས་ལ་སྨྲས་པ། གཙོ་བོ་དཀོན་མཆོག་ལ་ཕུལ་བའི་ཞལ་ཟས་ཀྱི་འབུལ་བ་ལྷག་འཕྲོས་ལུས་པའི་འབྲུ་སྣའི་འབུལ་བའི་རྫས་རྣམས་བླངས་ནས། དེ་ལས་ཆི་མན་མེད་པའི་བག་ལེབ་བཟོས་ཏེ་མཆོད་ཁྲིའི་འགྲམ་དུ་ཟ་དགོས། གང་ལ་ཟེར་ན། མཆོད་པ་དེ་ནི་ཧ་ཅང་དམ་པ་ཡིན་པས་ཕྱིར་རོ། 13དེ་ནི་གནས་དམ་པ་རུ་ཟ་དགོས་ཤིང་། དེ་ནི་གཙོ་བོ་དཀོན་མཆོག་ལ་ཕུལ་བའི་ཞལ་ཟས་ཀྱི་འབུལ་བ་ལས་ཁྱོད་དང་ཁྱོད་ཀྱི་བུ་རྣམས་ལ་ཐོབ་པའི་སྐལ་བ་ཡིན་ནོ་ཞེས་གཙོ་བོ་དཀོན་མཆོག་གིས་ང་ལ་གནང་བ་ཡིན་ནོ། 14འོན་ཀྱང་བླ་མའི་ཆེད་དུ་གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་ཕུལ་བའི་དུད་འགྲོའི་བྲང་ཤ་དང་རྒྱབ་རྐང་བཅས་ཁྱོད་དང་ཁྱོད་ཀྱི་ནང་མི་ཚོས་ཟ་ཆོག དེ་ནི་ཁྱོད་ཀྱི་སྲོལ་བཞིན་དག་འབྱངས་བྱས་པའི་གནས་གཙང་མ་གང་རུང་ཞིག་ཏུ་ཟ་ཆོག འབུལ་བ་དེ་ཚོ་ནི་ཨིསི་རཱཨེལ་མི་མང་ཚོས་ཕུལ་བའི་མཐུན་འབྲེལ་གྱི་འབུལ་བ་ལས་ཁྱོད་དང་ཁྱོད་ཀྱི་བུ་ཕྲུག་རྣམས་ལ་ཐོབ་འོས་པའི་སྐལ་བ་ཡིན་ནོ། 15གཙོ་བོ་དཀོན་མཆོག་ལ་ཞལ་ཟས་ཀྱི་འབུལ་བར་ཚིལ་དེ་འབུལ་བའི་སྐབས་སུ། དེ་ཚོས་བྲང་དང་རྒྱབ་རྐང་རྣམས་འཁྱེར་ཡོང་དགོས་ཤིང་། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་འབུལ་བ་དེ་དག་ནི་ཁྱོད་དང་ཁྱོད་ཀྱི་བུ་རྒྱུད་རྣམས་ཀྱི་ཆེད་དུ་དུས་རྒྱུན་དུ་ཐོབ་འོས་པའི་སྐལ་བ་ཡིན་ནོ། 16མོ་ཤེས་སྡིག་སེལ་གྱི་མཆོད་པར་འབུལ་དགོས་པའི་ར་ཕོའི་སྐོར་ལ་འདྲི་རྩད་བྱས་པས། དེ་སྔོན་ནས་མེར་སྲེག་བཏང་ཟིན་པའི་སྐོར་ཤེས་པ་དང་། ཁོས་ཨེ་ལི་ཛར་དང་ཨི་ཐ་མར་གཉིས་ལ་ཁྲོས་ཤིང་སྨྲས་པ། 17ཁྱོད་ཚོས་སྡིག་སེལ་གྱི་མཆོད་པ་དེ་གནས་དམ་པ་ཞིག་ཏུ་མ་ཟ་བ་དེ་གང་ཡིན་ནམ། དེ་ནི་ཤིན་ཏུ་དམ་པ་ཡིན་ནོ། གཙོ་བོ་དཀོན་མཆོག་གིས་མི་སྡེ་ཚང་མའི་སྡིག་སེལ་གྱི་དོན་དུ་ཁྱོད་ཚོར་གནང་བ་ཡིན་ནོ། 18དེའི་ཁྲག་དེ་གནས་དམ་པའི་ནང་དུ་འཁྱེར་མ་ཡོང་བ་ཡིན་པས། དམར་མཆོད་དེ་ནི་ངས་སྨྲས་པ་བཞིན་ཁྱོད་ཚོས་གནས་དེ་རང་དུ་ཟ་དགོས་པ་ཡིན་ནོ། 19དེ་ནས་ཨ་རོན་གྱིས་ལན་དུ། ངས་སྡིག་སེལ་གྱི་མཆོད་པ་དེ་ལས་དེ་རིང་ཟས་པ་ཡིན་ན། དེས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར་རམ། མི་མང་གིས་གཙོ་བོ་དཀོན་མཆོག་ལ་སྡིག་སེལ་གྱི་མཆོད་པ་དེ་དེ་རིང་ཕུལ་བ་དང་། དེ་ཚོས་སྦྱིན་སྲེག་གི་མཆོད་པ་དེའང་འཁྱེར་ཡོད་དོ། འོན་ཀྱང་ངའི་ཐོག་ལ་དེ་ལྟ་བུའི་དཀའ་ངལ་དག་བྱུང་སོང་ཞེས་སྨྲས་སོ། 20མོ་ཤེས་གཏམ་དེ་ཐོས་ནས་བློ་ཁ་ཚིམས་པར་འགྱུར་རོ༎

ལེ་ཝི 11

ཟ་ཆོག་པའི་སེམས་ཅན་རྣམས།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ་ཨིསི་རཱཨེལ་པའི་མི་མང་གི་ཆེད་དུ་གཤམ་གསལ་བཀའ་ཁྲིམས་རྣམས་གནང་ངོ་། 2ཁོ་ཚོས་ས་གཞིའི་སྟེང་དུ་ཡོད་པའི་དུད་འགྲོའི་ནང་ནས་། 3རྨིག་པ་ཁ་བྲལ་ཞིང་ལྡད་རྒྱབ་མཁན་རྣམས་ཟ་རུང་ངོ་། 4-6འོན་ཀྱང་རྔ་མོང་ངམ་བྲག་གི་གྲུམ་པ་དང་རི་བོང་སོགས་ཟ་མི་རུང་། དེ་དག་ནི་མི་གཙང་བར་རྩིས་དགོས། གང་ལ་ཟེར་ན། དེ་དག་གིས་སྐྱུག་ལྡད་བྱེད་ནའང་དེ་ཚོའི་རྨིག་པ་ཁ་བྲལ་མེད་པ་ཡིན་ནོ། 7ཕག་པ་ཟ་མི་རུང་། དེ་ནི་མི་གཙང་བར་རྩིས་དགོས་པ་ཡིན། དེ་དག་གི་རྨིག་པ་ཁ་བྲལ་ཡོད་ནའང་སྐྱུག་ལྡད་མི་བྱེད་དོ། 8ཁྱོད་ཚོས་སེམས་ཅན་དེ་དག་ཟ་མི་རུང་བ་དང་། དེ་ཚོའི་རོ་ལ་འཆང་མི་ཉན། གང་ལ་ཟེར་ན། དེ་ཚོ་ནི་མི་གཙང་བ་ཡིན་པས་ཕྱིར་རོ། 9ཉའི་རིགས་ལས་ཤོག་པ་དང་པགས་རིས་ཡོད་པའི་ཉ་རྣམས་ཁྱོད་ཚོས་ཟ་ཆོག་གོ 10འོན་ཀྱང་ཤོག་པ་དང་པགས་རིས་མེད་པའི་ཆུའི་ནང་གི་སྲོག་ཆགས་གང་འདྲ་ཞིག་ཡིན་རུང་དེ་ནི་ཟ་མི་ཆོག 11དེ་ལྟ་བུའི་སྲོག་ཆགས་ནི་མི་གཙང་བ་ཡིན་པས་ཟ་མི་རུང་ངོ་། དེ་ཚོའི་རོ་ལའང་འཆང་མི་རུང་བ་ཡིན་ནོ། 12ཆུའི་ནང་གི་སྲོག་ཆགས་ཤོག་པ་དང་པགས་རིས་མེད་པ་སོགས་ཀྱང་ཟ་མི་ཆོག 13-19གཤམ་གསལ་འདབ་ཆགས་ཀྱི་རིགས་རྣམས་ཟ་མི་རུང་། བྱ་གླག་དང། འུག་པ། ཁྲ་གང་རུང་ཞིག། གོ་བོ། བྱ་རྒོད། ཕོ་རོག། བྱ་ཆེན་ཨོསེ་ཊིརིཆི། མཚོའི་བྱ། ཁྲུང་ཁྲུང། དེ་བཞིན་ཆུ་བྱའི་རིགས་སྣ་ཚོགས་དང་། ཕུ་ཤུད་དང་། ཙི་ཙི་ལྒང་པོ་བཅས་སོ།། 20-21འཕག་ཚག་རྒྱབ་མཁན་མ་གཏོགས་འབུ་སྲིན་ཤོག་པ་ལྡན་པ་ཚང་མ་མི་གཙང་བ་ཡིན་པ་དང་། 22ཆ་ག་འབུའི་རིགས་སོགས་ནི་ཟ་ཆོག་པ་ཡིན་ནོ། 23འོན་ཀྱང་འབུ་སྲིན་ཆུང་ཁག་ཤོག་པ་ཡོད་པ་ལ་ས་ཁར་འགྲུལ་མཁན་རྣམས་མི་གཙང་བར་རྩི་དགོས་པ་ཡིན་ནོ། 24-28སུ་ཞིག་གིས་གཤམ་གསལ་དུད་འགྲོ་རྣམས་ཀྱི་རོ་ལ་འཆང་བ་ཡིན་ན་དགོང་དྲོ་བར་མི་གཙང་བར་གནས་དགོས། འོན་ཀྱང་རྨིག་པ་ཁ་བྲལ་ཞིང་སྐྱུག་ལྡད་མ་བྱེད་མཁན་སེམས་ཅན་མ་གཏོགས། དེ་བཞིན་སྦར་མོ་ལྡན་པའི་གཅན་གཟན་རྐང་བཞི་པ་ཚང་མ་མི་གཙང་བར་རྩིས་དགོས་སོ། སུ་ཞིག་གིས་དེ་ཚོའི་རོ་འཁྱེར་བ་ཡིན་ན་དེས་རང་གི་གོས་འཁྲུ་ནས་དགོང་དྲོ་བར་དུ་མི་གཙང་བར་གནས་དགོས་སོ། 29-30བྱི་ལོང་དང་བྱི་བ་ཆེ་ཆུང་དང་ཙང་པ་རྒལ་རས་སོགས་མི་གཙང་བ་ཡིན་ཏེ། 31སུ་ཞིག་གིས་དེ་ཚོའམ་དེ་ཚོའི་རོ་ལ་འཆང་བ་ཡིན་ན་དགོངས་དྲོ་བར་དུ་མི་གཙང་བར་གནས་དགོས། 32དེ་ཚོའི་རོ་རྣམས་དངོས་པོ་གང་རུང་ཞིག་དང་རེག་པ་ཡིན་ན་དངོས་པོ་དེའང་མི་གཙང་བར་འགྱུར་རྒྱུ་ཡིན། དངོས་རིགས་དེ་དག་ནི་ཤིང་དང་། གོས་དང་། ཀོ་བའི་ཡོ་བྱད་སོགས་དང་ཕད་གོག་བཅས་མི་གཙང་བ་ཡིན་ཞིང་། དེ་དག་ཆུའི་ནང་འབང་བཞག་དགོས་སོ། འོན་ཀྱང་དེ་དག་ནི་དགོངས་དྲོ་བར་དུ་མི་གཙང་བར་རྩིས་དགོས། 33རོ་དེ་རྫ་སྣོད་གཅིག་གི་ནང་ལྷུང་བ་ཡིན་ན། དེའི་ནང་ཡོད་པའི་རྫས་ཚང་མ་མི་གཙང་བར་འགྱུར་རྒྱུ་ཡིན། རྫ་སྣོད་དེའང་བཅག་དགོས་སོ། 34སྣོད་དེ་ལྟ་བུའི་ནང་ཡོད་པའི་ཆུ་ལས་ཟ་རུང་བའི་ཁ་ཟས་སོགས་ཀྱི་ཁར་འཐོར་བ་ཡིན་ན། ཟས་དེ་དག་དང་སྣོད་དེ་ལྟ་བུའི་ནང་ཡོད་པའི་བཏུང་ཆས་སོགས་མི་གཙང་བར་འགྱུར་རྒྱ་ཡིན། 35རོ་དེ་དངོས་པོ་གང་རུང་ཞིག་དང་རེག་པ་ཡིན་ན་དངོས་པོ་དེ་མི་གཙང་བར་འགྱུར་རྒྱུ་ཡིན་ཞིང་། སའི་ཐབ་འམ་མེ་ཐབ་སོགས་བཅག་དགོས་སོ། 36འོན་ཀྱང་ཆུ་མིག་གམ་ཆུ་ཡོད་པའི་དོང་མ་གཏོགས་དངོས་པོ་གངརུང་ཞིག་རོ་དང་རེག་པ་ཡིན་ན་དེ་དག་མི་གཙང་བར་འགྱུར་རྒྱུ་ཡིན། 37གལ་ཏེ་རོ་ཞིག་ས་བོན་ཞིག་དང་རེག་པ་ཡིན་ན་ས་བོན་དེ་ནི་གཙང་མར་རྩིས་དགོས། 38འོན་ཀྱང་རོ་དང་རེག་པའི་ས་བོན་དེ་ཆུའི་ནང་སྦང་ཟིན་པ་ཞིག་ཡིན་ན་དེ་ནི་མི་གཙང་བར་རྩིས་དགོས་པ་ཡིན་ནོ། 39ཟ་རུང་བའི་དུད་འགྲོ་ཞིག་ཤི་སྟེ། སུས་དེ་ལ་འཆང་བ་ཡིན་ན་དགོངས་དྲོ་བར་མི་དེ་མི་གཙང་བར་གནས་དགོས་སོ། 40སུ་ཞིག་གིས་དེའི་ཤ་ལས་ཟས་པ་ཡིན་ན། དེས་རང་གི་གྱོན་གོས་འཁྲུ་དགོས་སོ། འོན་ཀྱང་མི་དེ་དགོང་དྲོ་བར་དུ་མི་གཙང་བར་གནས་དགོས། དེ་བཞིན་རོ་འཁྱེར་བའི་མི་དེས་ཀྱང་རང་གི་གོས་འཁྲུ་དགོས། འོན་ཀྱང་དེའང་དགོངས་དྲོ་བར་དུ་མི་གཙང་བར་གནས་དགོས་རྒྱུ་ཡིན་ནོ། 41-42ས་ཁར་ལྟོ་འགྲུལ་བྱེད་མཁན་སེམས་ཅན་ཆུང་ཁག་དང་དུད་འགྲོ་རྐང་བཞི་པའམ་རྐང་ལག་མང་པོ་ཡོད་པའི་སེམས་ཅན་རྣམས་ཁྱོད་ཚོས་ཟ་མི་རུང་། 43དེ་ལྟ་བུའི་སེམས་ཅན་རྣམས་ཟས་ནས་ཁྱོད་ཚོས་རང་ལ་མི་གཙང་བར་མ་བྱེད་ཅིག 44ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན་པས། ཁྱོད་ཚོས་རང་ལ་དམ་པར་བཞག་དགོས། གང་ལ་ཟེར་ན། ང་ནི་དམ་པ་ཡིན་པས་ཕྱིར་རོ། 45ང་ནི་ཁྱོད་ཚོའི་དཀོན་མཆོག་ཏུ་འགྱུར་ཕྱིར་ཨི་ཇིབ་ནས་བཏོན་ནས་འཁྲིད་ཡོང་མཁན་གཙོ་བོ་དཀོན་མཆོག་ཡིན། ཁྱོད་ཚོ་རང་ཉིད་ལ་དམ་པར་བཞག་དགོས། གང་ལ་ཟེར་ན། ང་ནི་དམ་པ་ཡིན་པས་ཕྱིར་རོ། 46གོང་གསལ་བཀའ་ཁྲིམས་དེ་ནི་དུད་འགྲོ་སེམས་ཅན་དང་འདབ་ཆགས་དང་། དེ་བཞིན་ཆུའི་ནང་གནས་པའི་སྲོག་ཆགས་དང་ས་ཁར་ལྟོ་འགྲུལ་བྱེད་པའི་སེམས་ཅན་རྣམས་ཀྱི་སྐོར་ལ་ཡིན་ནོ། 47ཁྲིམས་སྲོལ་ལྟར་གཙང་བ་ཡིན་མིན་དབྱེ་བ་བྱེད་ཆོག་སྐོར་དང་། དེ་བཞིན་སེམས་ཅན་ཟ་རུང་མིན་དབྱེ་བ་བྱེད་ཆོག་སྐོར་ལ་ཁྱོད་ཚོས་དྭོགས་ཟོན་ཡག་པོ་བྱེད་དགོས་སོ༎

ལེ་ཝི 12

ཕྲུ་གུ་སྐྱེས་ཚར་བའི་བུད་མེད་ལ་དག་འབྱངས་བྱེད་པ།

1-2གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ཀྱི་ཆེད་དུ་མོ་ཤེ་ལ་བཀའ་ཁྲིམས་གནང་གསལ། བུད་མེད་གཅིག་ལ་བུ་ཞིག་སྐྱེས་པའི་རྗེས་སུ། མཆོད་ཁྲིམས་ལྟར་མོ་ནི་ཉིན་ཞག་བདུན་བར་དུ་མི་གཙང་བར་གནས་དགོས། ཇི་ལྟར་མོ་ནི་ཟླ་མཚན་བབས་དུས་མི་གཙང་བར་བྱུང་བ་དང་། 3ཉིན་ཞག་བརྒྱད་པར་བུ་དེ་ནི་མདུན་ལྤགས་གཅོད་དགོས། 4དེ་རྗེས་ཉིན་ཞག་སུམ་ཅུ་སོ་གསུམ་ཚང་བའི་རྗེས་སུ་བུད་མེད་དེའི་རང་གི་ཁྲག་བབས་པའི་གནས་སྟངས་ལས་སྲོལ་བཞིན་གཙང་མར་འགྱུར་རྒྱུ་ཡིན་པ་དང་། རང་ཉིད་སྲོལ་བཞིན་དག་འབྱངས་མ་བྱུང་བར་དུ་བུད་མེད་དེས་དངོས་པོ་དམ་པ་རྣམས་ལ་འཆང་བའམ་དབུ་གུར་དམ་པའི་ནང་དུ་འཛུལ་མི་རུང་། 5བུད་མེད་ཞིག་ལ་བུ་མོ་ཞིག་སྐྱེས་པ་ཡིན་ན་ཉིན་ཞག་བཅུ་བཞི་བར་དུ་མོ་ནི་མཆོད་ཁྲིམས་ལྟར་མི་གཙང་བར་གནས་དགོས། ཇི་ལྟར་མོ་ནི་ཟླ་མཚན་བབས་དུས་མི་གཙང་བར་བྱུང་བ་དང་། ཉིན་ཞག་དྲུག་ཅུ་རེ་དྲུག་གི་རྗེས་སུ་བུད་མེད་དེ་ཁྲག་བབས་པའི་གནས་སྟངས་དེ་ལས་སྲོལ་ལྟར་གཙང་མར་འགྱུར་རྒྱུ་ཡིན། 6བུད་མེད་ཞིག་ལ་བུའམ་བུ་མོ་གང་རུང་ཞིག་སྐྱེས་ཏེ། རང་ཉིད་སྲོལ་བཞིན་གཙང་མར་འགྱུར་བའི་ཞག་དུས་ཚང་བའི་རྗེས་སུ་བུད་མེད་དེས་སྦྱིན་སྲེག་གི་འབུལ་བའི་ཆེད་ལོ་གཅིག་ལོན་པའི་ལུ་གུ་གཅིག་དང་། སྡིག་སེལ་གྱི་མཆོད་པའི་ཆེད་དུ་དི་དི་གུ་གུའམ་ཕུག་རོན་གཅིག་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་གཟིམ་སྒོར་བླ་མའི་རྩར་འཁྱེར་ཡོང་དགོས། 7དེ་རྗེས་བླ་མས་མོའི་འབུལ་བ་དེ་དག་གཙོ་བོ་དཀོན་མཆོག་ལ་ཕུལ་ཏེ། དག་འབྱངས་ཀྱི་འབུལ་བ་བྱས་པ་ཡིན་ན་བུད་མེད་དེ་སྲོལ་བཞིན་གཙང་བར་འགྱུར་རྒྱུ་ཡིན། ཕྲུ་གུ་སྐྱེས་པའི་རྗེས་སུ་བུད་མེད་ཚོ་ལྟ་བུ་བྱེད་དགོས་པ་ཡིན་ནོ། 8གལ་ཏེ་བུད་མེད་དེས་ལུག་གུ་ཞིག་འབུལ་མ་ཐུབ་པ་ཡིན་ན། འང་གུའམ་ཕུག་རོན་གཉིས་རེ་འཁྱེར་ཡོང་དགོས། དེ་ནི་སྦྱིན་སྲེག་གི་འབུལ་བའི་ཆེད་དུ་གཅིག་དང་། སྡིག་སེལ་གྱི་འབུལ་བའི་ཆེད་དུ་གཅིག་ཡིན་ནོ། བླ་མས་དག་འབྱངས་བྱེད་པའི་འབུལ་བ་དེ་དག་བྱས་ཟིན་པའི་རྗེས་སུ་བུད་མེད་དེ་སྲོལ་བཞིན་གཙང་བར་འགྱུར་རྒྱུ་ཡིན་ནོ༎

ལེ་ཝི 13

པགས་པའི་ནད་རིགས་ཀྱི་ཁྲིམས།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་གཉིས་ལ་བཀའ་ཁྲིམས་འདི་དག་གནང་བ། 2གལ་ཏེ་སུ་ཞིག་གིས་པགས་པར་རྨ་དང་སྐྲང་ནད་ཡང་ན་གཉན་འབུར་གྱི་ནད་སོགས་བྱུང་བ་དང་། རྨ་དེ་དག་རྗེས་སུ་པགས་ནད་དྲག་པོ་ཞིག་ཏུ་འགྱུར་སྲིད་པས། ནད་པ་དེ་ཨ་རོན་རིགས་བརྒྱུད་ཀྱི་བླ་མའི་རྩར་འཁྲིད་དགོས། 3དེ་རྗེས་བླ་མས་རྨ་དེ་ལ་རྟགས་དཔྱད་བྱེད་སྐབས། རྨའི་ཁར་ཡོད་པའི་བ་སྤུ་དེ་ཚོ་དཀར་པོ་ཆགས་ཡོད་པ་དང་། རྨའི་མཐའ་བསྐོར་གྱི་པགས་པ་ལས་རྨ་དེ་གཏིང་རིང་བ་ཡོད་པ་ཡིན་ན། དེ་ནི་པགས་ནད་དྲག་པོ་ཞིག་ཡིན་པས། བླ་མས་མི་དེ་མི་གཙང་བ་ཡིན་ཞེས་ཟེར་ནས་ཁྱབ་བསྒྲགས་བྱེད་དགོས། 4འོན་ཀྱང་རྨ་དེ་དཀར་པོ་ཡིན་པ་དང་། མཐའ་བསྐོར་གྱི་པགས་པ་ལས་གཏིང་རིང་པོ་མེད་པ་དང་། དེའི་བ་སྤུ་རྣམས་ཀྱང་དཀར་པོ་ཆགས་མེད་པ་ཡིན་ན། བླ་མས་མི་དེ་ལ་ཉིན་བདུན་བར་དུ་ལོགས་སུ་བཞག་དགོས། 5དེ་རྗེས་ཉིན་ཞག་བདུན་པར་བླ་མས་སླར་ཡང་བརྟག་དཔྱད་བྱེད་དགོས། ཁོང་གི་བསམ་ཚུལ་ལྟར་རྨ་དེ་ཆེ་རུ་མ་ཕྱིན་པར་སྔར་གྱི་གནས་སྟངས་དེ་རང་ལ་ཡོད་པ་ཡིན་ན། ཁོས་མི་དེ་ལ་སླར་ཡང་ཉིན་ཞག་བདུན་བར་དུ་ལོགས་སུ་བཞག་དགོས། 6དེ་རྗེས་ཉིན་ཞག་བདུན་པའི་ཉིན་བླ་མས་མི་དེ་ལ་སླར་ཡང་རྟགས་དཔྱད་བྱེད་དེ། རྨ་དེ་སྐམ་ཞིང་ཆེ་རུ་སོང་མེད་པ་ཡིན་ན་། ཁོས་མི་དེར་སྲོལ་བཞིན་གཙང་མ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། དེ་ནི་རྨ་ཕལ་པ་ཡིན་པས། མི་དེས་རང་གི་གྱོན་གོས་འཁྲུ་ནས་སྲོལ་བཞིན་གཙང་བར་འགྱུར་རྒྱུ་ཡིན། 7འོན་ཀྱང་བླ་མས་ཁོ་ལ་རྟགས་དཔྱད་བྱས་ཏེ་གཙང་མ་ཡིན་པའི་ཁྱབ་བསྒྲགས་བྱས་ཟིན་པའི་རྗེས་སུ་ཁོའི་རྨ་དེ་འཕེལ་བ་ཡིན་ན། ཁོས་ཡང་སྐྱར་བླ་མའི་རྩར་རང་ཉིད་བསྟན་དགོས། 8བླ་མས་སྐྱར་དུ་ཁོ་ལ་རྟགས་དཔྱད་བྱས་ཏེ། རྨ་དེ་འཕེལ་ཡོད་པ་ཡིན་ན། ཁོས་མི་དེ་མི་གཙང་བ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། དེ་ནི་པགས་ནད་དྲག་པོ་ཞིག་ཡིན་ནོ། 9སུ་ཞིག་ལ་པགས་ནད་དྲག་པོ་ཞིག་འཕོག་ཡོད་པ་ཡིན་ན། མི་དེ་བླ་མའི་རྩར་འཁྲིད་ཡོང་དགོས། 10བླ་མས་དེ་ལ་རྟགས་དཔྱད་བྱེད་སྐབས། གལ་ཏེ་ཁོའི་པགས་པ་དཀར་པོར་འགྱུར་ཡོད་པ་དང་། སྤུ་རྣམས་ཀྱང་དཀར་པོར་འགྱུར་ཞིང་། རྨ་དེ་རྣག་གི་གང་ཡོད་པ་ཡིན་ན། 11དེ་ནི་པགས་ནད་རྙིང་པ་ཞིག་ཡིན་པས། བླ་མས་ཁོ་ནི་མི་གཙང་བ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། ཁོ་ནི་ཚང་མས་ཤེས་གསལ་དུ་མི་གཙང་བར་ཆགས་ཡོད་པ་ཡིན་པས། དེ་ལ་ལོགས་སུ་བཞག་དགོས་དོན་གང་ཡང་མེད། 12གལ་ཏེ་པགས་པའི་ནད་དེ་འཕེལ་ནས་མི་དེའི་མགོ་ནས་རྐང་པའི་བར་དུ་ཁྱབ་ཡོད་པ་ཡིན་ན། 13བླ་མས་སྐྱར་དུ་བརྟག་དཔྱད་བྱེད་དགོས། པགས་ནད་དེས་གཟུགས་པོ་ཚང་མ་གང་ཡོད་པ་ཡིན་ན། བླ་མས་མི་དེ་སྲོལ་བཞིན་གཙང་མ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། གལ་ཏེ་ཁོའི་པགས་པ་ཡོངས་རྫོགས་དཀར་པོར་འགྱུར་ཡོད་པ་ཡིན་ན། ཁོ་ནི་སྲོལ་བཞིན་གཙང་མ་ཡིན། 14འོན་ཀྱང་ཁོའི་རྨ་ཁ་བརྡོལ་མ་ཐག་ཏུ་མི་དེ་མི་གཙང་བར་རྩིས་དགོས་པ་ཡིན། 15བླ་མས་སྐྱར་དུ་བརྟག་དཔྱད་བྱས་ཏེ། རྨདེ་བརྡོལ་ཡོད་པ་མཐོང་བ་ཡིན་ན་མི་དེ་མི་གཙང་བ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། རྨ་དེ་བརྡོལ་ཡོད་པ་ཡིན་ན།་ དེ་ནི་པགས་ནད་དྲག་པོ་ཞིག་ཡིན་པས་མི་གཙང་བར་རྩིས་དགོས་སོ། 16འོན་ཀྱང་རྨ་དེ་དྲག་ནས་དཀར་པོ་ཆགས་ཡོད་པ་ཡིན་ན། མི་དེ་བླ་མའི་རྩར་འགྲོ་དགོས་ཤིང་། 17བླ་མས་སླར་ཡང་བརྟག་དཔྱད་བྱེད་སྐབས། རྨ་དེ་དཀར་པོ་ཆགས་ཡོད་པ་ཡིན་ན་མི་དེ་སྲོལ་བཞིན་གཙང་མ་ཡིན་པས། བླ་མས་མི་དེ་གཙང་མ་ཡིན་པའི་ཁྱབ་བསྒྲགས་བྱེད་དགོས། 18གལ་ཏེ་མི་ཞིག་ལ་གཉན་འབུར་ཐོན་ནས་དྲག་གསོ་བ་ཡིན་ནའང་། 19སྔར་གཉན་འབུར་ཐོན་པའི་པགས་པ་དེ་དཀར་པོ་ཆགས་ཏེ་སྐྲངས་པ་དང་། ཡང་ན་དེར་རྨ་ཤུལ་དམར་སྐྱ་ཞིག་མཐོང་བ་ཡིན་ན། མི་དེ་བླ་མའི་རྩར་འགྲོ་དགོས། 20བླ་མས་དེ་ལ་རྟགས་དཔྱད་བྱེད་དེ་རྨ་ཤུལ་དེ་དག་མཐའ་བསྐོར་གྱི་པགས་པ་ལས་གཏིང་རིང་པོ་ཞིག་ཡོད་པ་དང་། དེའི་བ་སྤུ་རྣམས་ཀྱང་དཀར་པོ་ཆགས་ཡོད་པ་ཡིན་ན། མི་དེ་མི་གཙང་བ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། ནད་གཞི་དེ་ནི་གཉན་འབུར་ནས་འགོ་ཚུགས་པའི་པགས་ནད་དྲག་པོ་ཞིག་ཡིན་ནོ། 21འོན་ཀྱང་བླ་མས་བརྟག་དཔྱད་བྱེད་སྐབས་དེའི་བ་སྤུ་རྣམས་དཀར་པོ་ཆགས་མེད་ཅིང་། རྨཤུལ་དེ་ནི་མཐའ་བསྐོར་གྱི་པགས་པ་ལས་གཏིང་རིང་པོ་མེད་པ་ཡིན་ན། རྨ་ཤུལ་གྱི་མདོག་དེ་སྐྱ་ཤུལ་ཤུལ་ཞིག་ཡོད་པ་ཡིན་ན། བླ་མས་མི་དེ་ལ་ལོགས་སུ་དབྱེད་ནས་ཉིན་ཞག་བདུན་བར་དུ་བཞག་དགོས། 22གལ་ཏེ་རྨ་ཤུལ་དེ་འཕེལ་བ་ཡིན་ན། ཁོ་ལ་པགས་ནད་དྲག་པོ་འཕོག་ཡོད་པ་ཡིན་པས། བླ་མས་ཁོ་ནི་མི་གཙང་བ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། 23རྨ་ཤུལ་དེ་མ་འཕེལ་བར་སྔར་བཞིན་གནས་ཡོད་པ་ཡིན་ན། དེ་ནི་གཉན་འབུར་གྱི་ཤུལ་ཙམ་ཡིན་པས། བླ་མས་མི་དེ་གཙང་མ་ཡིན་པའི་ཁྱབ་བསྒྲགས་བྱེད་དགོས། 24མི་ཞིག་མེས་ཚིགས་ཤིང་། མེས་འཚིགས་པའི་རྨ་དེ་དཀར་པོའམ་དམར་སྐྱར་འགྱུར་ཡོད་པ་ཡིན་ན། 25བླ་མས་དེ་ལ་བརྟག་དཔྱད་བྱེད་དགོས། མེས་ཚིགས་པའི་རྨ་ཤུལ་སྟེང་གི་སྤུ་རྣམས་དཀར་པོ་ཆགས་ཡོད་པ་དང་། རྨའི་མཐའ་བསྐོར་གྱི་པགས་པ་ལས་རྨ་ཤུལ་དེ་གཏིང་རིང་བ་ཡོད་པ་ཡིན་ན། མེས་འཆིགས་པའི་རྨ་དེ་ལས་པགས་ནད་དྲག་པོ་ཞིག་འགོ་ཚུགས་པ་ཡིན་པས། བླ་མས་མི་དེ་མི་གཙང་བ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། 26འོན་ཀྱང་རྨ་ཤུལ་སྟེང་གི་བ་སྤུ་རྣམས་དཀར་པོ་ཆགས་མེད་པ་དང་། མཐའ་བསྐོར་གྱི་པགས་པ་ལས་རྨ་ཤུལ་དེ་གཏིང་རིང་པོ་མེད་པ་དང་། འོན་ཀྱང་རྨ་ཤུལ་གྱི་མདོག་དེ་སྐྱ་ཤིབ་ཤིབ་ཡོད་པ་ཡིན་ན། བླ་མས་ཁོ་ལ་ཉིན་ཞག་བདུན་བར་དུ་ལོགས་སུ་དབྱེ་ནས་བཞག་དགོས། 27དེ་རྗེས་བླ་མས་སླར་ཡང་ཉིན་ཞག་བདུན་པའི་ཐོག་ཏུ་བརྟག་དཔྱད་བྱེད་དགོས་པ་དང་། སྐབས་དེར་རྨ་དེ་ཡང་འཕེལ་ཡོད་པ་ཡིན་ན་དེ་ནི་པགས་ནད་དྲག་པོ་ཞིག་ཡིན་པས་བླ་མས་མི་དེ་མི་གཙང་བ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། 28འོན་ཀྱང་རྨ་ཤུལ་དེ་མ་འཕེལ་བར་སྔར་བཞིན་གནས་ཡོད་པ་དང་། དེའི་མདོག་སྐྱ་ཤིབ་ཤིབ་ཡིན་ན། དེ་ནི་པགས་ནད་དྲག་པོ་ཞིག་ཡིན་པས། བླ་མས་མི་དེ་ནི་སྲོལ་ལྟར་གཙང་མ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། གང་ལ་ཟེར་ན། དེ་ནི་མེས་འཚིག་པའི་རྨ་ཤུལ་ཙམ་ཞིག་ཡིན་ནོ། 29གལ་ཏེ་སྐྱེས་པའམ་བུད་མེད་ཞིག་ལ་མགོའམ་ཨོག་མའི་ཁར་རྨ་ཐོན་པ་ཡིན་ན། 30བླ་མས་དེ་ལ་བརྟག་དཔྱད་བྱེད་དགོས། གལ་ཏེ་རྨ་ཤུལ་དེ་མཐའ་བཁོར་གྱི་པགས་པ་ལས་གཏིང་རིང་བ་དང་དེའི་ཁར་ཡོད་པའི་བ་སྤུ་རྣམས་ཀྱང་སེར་པོ་དང་སྲབ་མོ་ཆགས་ཡོད་པ་ཡིན་ན། དེ་ནི་པགས་ནད་དྲག་པོ་ཞིག་ཡིན་པས། བླ་མས་དེ་ནི་མི་གཙང་བ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། 31གལ་ཏེ་བླ་མས་བརྟག་དཔྱད་བྱེད་སྐབས་རྨ་ཤུལ་དེ་མཐའ་བསྐོར་གྱི་པགས་པ་ལས་གཏིང་རིང་པོ་མེད་པ་དང་། བ་སྤུ་རྣམས་ཀྱང་ཡག་པོ་སྐྱེས་མེད་པ་ཡིན་ན། བླ་མས་མི་དེ་ཉིན་ཞག་བདུན་བར་དུ་ལོགས་སུ་བཞག་དགོས། 32ཉིན་ཞག་བདུན་པར་བླ་མས་སླར་ཡང་བརྟག་དཔྱད་བྱེད་དགོས། སྐབས་དེར་རྨ་དེ་འཕེལ་མེད་པ་དང་། དེའི་ཁར་བ་སྤུ་སེར་པོ་མེད་པ་དང་། རྨ་ཤུལ་དེ་ནི་མཐའ་བསྐོར་གྱི་པགས་པ་ལས་གཏིང་རིང་པོ་ཞིག་མེད་པ་ཡིན་ན། 33མི་དེས་རང་གི་རྨའི་མཐའ་བསྐོར་གྱི་བ་སྤུ་རྣམས་གཞར་དགོས་པ་དང་། བླ་མས་སླར་ཡང་མི་དེ་ཉིན་ཞག་བདུན་བར་དུ་ལོགས་སུ་བཞག་དགོས། 34ཉིན་ཞག་བདུན་པའི་ཐོག་ཏུ་བླ་མས་སླར་ཡང་རྨ་དེ་བརྟག་དཔྱད་བྱེད་དགོས། སྐབས་དེར་རྨདེ་འཕེལ་མེད་པ་དང་མཐའ་བསྐོར་གྱི་པགས་པ་ལས་གཏིང་རིང་པོ་མེད་ན། བླ་མས་མི་དེ་སྲོལ་བཞིན་གཙང་མ་ཡིན་པའི་ཁྱབ་བསྒྲགས་བྱེད་དགོས། དེ་རྗེས་མི་དེས་རང་གི་གྱོན་གོས་འཁྲུ་ནས་རང་ཉིད་གཙང་བར་འགྱུར་རྒྱུ་ཡིན། 35འོན་ཀྱང་མི་དེ་གཙང་མ་ཡིན་པའི་ཁྱབ་བསྒྲགས་བྱས་ཟིན་པའི་རྗེས་སུའང་ཁོའི་རྨ་དེ་འཕེལ་བ་ཡིན་ན། 36བླ་མས་སླར་ཡང་མི་དེ་ལ་བརྟག་དཔྱད་བྱེད་དགོས། གལ་ཏེ་རྨ་དེ་འཕེལ་ཡོད་པ་ཡིན་ན། བ་སྤུ་སེར་པོ་ཆགས་ཡོད་མེད་ལྟ་མི་དགོས། གང་ལ་ཟེར་ན། མི་དེ་མི་གཙང་བ་ཡིན་པ་མངོན་གསལ་དུ་ཤེས་ཐུབ་བོ། 37འོན་ཀྱང་བླ་མས་བསམ་ཚུལ་ལྟར་རྨདེ་འཕེལ་མེད་པ་དང་བ་སྤུའང་སྐྱེས་ཡོད་པ་ཡིན་ན། རྨདེ་དྲག་པ་ཡིན་པས། བླ་མས་མི་དེ་སྲོལ་བཞིན་གཙང་མ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། 38སྐྱེས་པའམ་བུད་མེད་ཞིག་གི་པགས་པར་ཤ་ཐིག་སེར་དསྐྱ་བྱུང་བ་ཡིན་ན། 39བླ་མས་དེ་ལ་བརྟག་དཔྱད་བྱེད་དགོས། ཤ་ཐིག་དེ་སེར་སྐྱ་ཆགས་ཡོད་པ་ཡིན་ན། ཤ་ཐིག་དེ་ནི་པགས་ནད་ཕལ་པ་ཞིག་ཡིན་པས། མི་དེ་ནི་སྲོལ་བཞིན་གཙང་མར་རྩིས་དགོས་སོ། 40-41གལ་ཏེ་མི་ཞིག་གི་མགོའི་རྒྱབ་ཕྱོགས་སམ་མདུན་ཕྱོགས་ཀྱི་སྐྲ་དེ་རང་བཞིན་གྱི་གཟགས་སྟེ་མགོ་དམར་པོར་སོང་བ་ཡིན་ན། མི་དེ་མི་གཙང་བར་འགྱུར་མི་ཡོང་། 42འོན་ཀྱང་མགོ་དམར་གྱི་སྒང་ལ་རྨའི་མདོག་དམར་སྐྱ་ཞིག་ཐོན་པ་ཡིན་ན། དེ་ནི་པགས་ནད་དྲག་པོ་ཞིག་ཡིན་པས། 43བླ་མས་དེ་ལ་བརྟག་དཔྱད་བྱེད་དགོས། དེ་ལྟ་བུའི་རྨ་མདོག་དམར་སྐྱ་ཞིག་ཐོན་ཡོད་པ་ཡིན་ན། 44བླ་མས་མི་དེ་མི་གཙང་བ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། གང་ལ་ཟེར་ན། མི་དེའི་མགོ་ལ་པགས་ནད་དྲག་པོ་ཞིག་འཐེབས་ཡོད་པས་ཕྱིར་རོ། 45སུ་ཞིག་ལ་པགས་ནད་དྲག་པོ་ཞིག་ཡོད་པ་ཡིན་ན། དེས་ཧྲལ་བའི་གོས་གྱོན་དགོས། མགོ་ལ་སྐྲ་ཤད་རྒྱབ་མི་ཆོག་པ་དང་། རང་གི་མདོང་པའི་ཞོགས་འོག་མ་བཀབ་ནས། མི་གཙང་བ་ཡིན་ཞེས་སྐད་རྒྱབ་དགོས། 46ནད་དེ་ལས་མ་ཐར་བར་དུ་མི་དེ་མི་གཙང་བར་གནས་དགོས་སོ། མི་གཞན་དང་འབྲེལ་བ་མེད་པར་སྒར་སའི་ཕྱི་རོལ་དུ་ཐག་རིང་གནས་དགོས༎

ཧམ་འབུའི་སྐོར་གྱི་ཁྲིམས།

47སྣམ་བུའམ་རས་ཀྱི་གྱོན་གོས་སོགས་ལ་ཧམ་འབུ་བརྒྱབ་པའམ། 48དེ་འདྲ་བའི་གོས་ཀྱི་གོས་ཧྲུག་གམ་ཀོ་བའམ་ཀོ་བའི་རྒྱུ་ལས་བཟོས་པའི་དངོས་རིགས་སོགས་ལ། 49ཧམ་འབུ་རྒྱབ་སྟེ། ཧམ་འབུའི་མདོག་དེ་ལྗང་གུའམ་དམར་སྐྱ་ཞིག་ཡོད་པ་ཡིན་ན། དེ་ནི་འཕེལ་འགྲོ་བའི་ཧམ་བུ་ཞིག་ཡིན་པས། དེ་ནི་བླ་མ་ལ་བསྟན་དགོས། 50བླ་མས་དེ་ལ་བརྟག་དཔྱད་བྱེད་དེ་དངོས་རིགས་དེ་དག་ཉིན་ཞག་བདུན་བར་དུ་ལོགས་སུ་བཞག་དགོས། 51ཉིན་ཞག་བདུན་པར་ཡང་བཀྱར་བརྟག་དཔྱད་བྱེད་དེ། ཧམ་བུ་དེ་འཕེལ་ཡོད་པ་ཡིན་ན། དངོས་རིགས་དེ་ནི་མི་གཙང་བར་རྩིས་དགོས་སོ། 52བླ་མས་དངོས་རིགས་དེ་མེར་སྲེག་གཏོང་དགོས། གང་ལ་ཟེར་ན། དེ་ནི་འཕེལ་འགྲོ་བའི་ཧམ་བུ་ཞིག་ཡིན་པས། དེ་མེར་སྲེག་བཏང་ནས་མེད་པར་བྱེད་དགོས་སོ། 53འོན་ཀྱང་བླ་མས་བརྟག་དཔྱད་བྱེད་སྐབས། དངོས་པོ་དེའི་ཁར་ཧམ་བུ་འཕེལ་མེད་པ་ཡིན་ན། 54ཁོས་དངོས་པོ་དེ་འཁྲུ་བཅུག་ནས་སླར་ཡང་ཉིན་ཞག་བདུན་བར་དུ་ལོགས་སུ་བཞག་དགོས། 55དེ་རྗེས་ཁོས་བསྐྱར་དུ་བརྟག་དཔྱད་བྱེད་སྐབས། ཧམ་བུ་དེ་འཕེལ་མེད་པ་དང་། འོན་ཀྱང་དེའི་ཁ་མདོག་བསྒྱུར་མེད་པ་ཡིན་ན། དེ་ནི་ད་དུང་མི་གཙང་བར་རྩིས་དགོས། དངོས་པོའི་རྒྱབ་མདུན་གང་ཞིག་གི་ཕྱོགས་སུ་རུལ་ཡོད་པ་ཡིན་ན། དེ་ནི་ཁྱོད་ཚོས་མེར་སྲེག་གཏོང་དགོས། 56འོན་ཀྱང་བླ་མས་སྐྱར་དུ་བརྟག་དཔྱད་བྱེད་སྐབས། ཧམ་བུ་དེ་ཡལ་ཡོད་པ་ཡིན་ན། གོས་སམ་ཀོ་བའི་དངོས་རིགས་ཁར་ཧམ་བུ་རྒྱབ་ཡོད་པའི་ཆ་ཤས་དེ་བཞིན་ཧྲལ་ནས་དབྱུགས་དགོས། 57དེ་རྗེས་སླར་ཡང་ཧམ་འབུ་མཐོང་བ་ཡིན་ན། དེ་ནི་ཡང་སྐྱར་འཕེལ་འགྲོ་གི་ཡོད་པས། དངོས་པོའི་བདག་པོས་དངོས་པོ་དེ་མེར་སྲེག་གཏོང་དགོས། 58གལ་ཏེ་དངོས་པོ་དེ་ཆུ་ལ་འཁྲུ་སྐབས་ཧམ་འབུ་རྒྱབ་པའི་རྟགས་དེ་ཆུས་དག་པ་ཡིན་ན། དེ་ནི་སྐྱར་དུ་འཁྲུ་ནས་སྲོལ་བཞིན་གཙང་བར་འགྱུར་རྒྱུ་ཡིན་ནོ། 59རས་དང་བལ་གྱི་གྱོན་ཆས་སམ། རས་དང་བལ་གྱི་གོས་གང་རུང་ངམ། ཀོ་བའི་དངོས་རིགས་སོགས་ལ་ཧམ་འབུ་རྒྱབ་དུས་གཙང་མ་དང་མི་གཙང་བ་རྩིས་རྒྱུར་སྲུང་དགོས་པའི་བཀའ་ཁྲིམས་ནི་གོང་གསལ་ལྟར་ཡིན་ནོ༎

ལེ་ཝི 14

པགས་ནད་འཕོག་པའི་རྗེས་སུ་དག་འབྱངས་བྱེད་པ།

1-2པགས་ནད་དྲག་པོ་འཕོག་པའི་ནད་པ་ཞིག་དྲག་གསོ་བའི་རྗེས་སུ། དེ་ལ་སྲོལ་བཞིན་དག་འབྱངས་བྱེད་ཆོག་སྐོར་གྱི་གཤམ་གསལ་བཀའ་ཁྲིམས་རྣམས་ནི་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གནང་བ་ཡིན་ནོ། མི་དེ་གཙང་མ་ཡིན་ཞེས་ཁྱབ་བསྒྲགས་བྱེད་པའི་ཉིན་མོ་དེ་ལ་ཁོ་བླ་མའི་རྩར་འཁྲིད་ཡོང་དགོས། 3བླ་མས་མི་དེ་སྒར་གྱི་ཕྱི་རོལ་དུ་འཁྲིད་ནས་བརྟག་དཔྱད་བྱེད་དགོས་པ་དང་། ནད་གཞི་དེ་དྲག་གསོ་བ་ཡིན་ན། 4སྲོལ་བཞིན་དག་འབྱངས་བྱེད་པའི་བྱ་ཆ་གཅིག་དང་མཉམ་དུ་ཤུག་ཤིང་དུམ་བུ་གཅིག། དེ་བཞིན་སྐུད་པ་དམར་པོ་ཞིག་དང་ཧི་སོབ་ཤིང་གི་ལོ་མ་དང་བཅས་པའི་ཡལ་ག་ཞིག་འཁྱེར་ཡོང་དགོས་ཞེས་བླ་མས་བཀའ་གནང་དགོས། 5དེ་ནས་ཆུ་མིག་ནས་ཏོན་པའི་ཆུ་གཙང་མ་བླུགས་ཡོད་པའི་རྫ་སྣོད་གཅིག་གི་སྟེང་དུ་བྱ་དེ་གཉིས་ལས་གཅིག་གསོད་བཅུག་དགོས། 6དེ་རྗེས་བླ་མས་བྱ་གཞན་དེ་འཁྱེར་ཡོང་ནས། ཤུག་ཤིང་དང་སྐུད་པ་དམར་པོ་དང་ཧི་སོབ་བཅས་བསད་ཟིན་པའི་བྱ་དེའི་ཁྲག་གི་ནང་དུ་བཅུག་དགོས་སོ། 7དེ་ནས་བླ་མས་པགས་ནད་ལས་དྲག་གསོ་བའི་དག་འབྱངས་བྱེད་དགོས། མི་དེའི་ཐོག་ཏུ་ཁྲག་དེ་ལན་བདུན་གཏོར་ནས་མི་འདི་གཙང་མ་ཡིན་ཞེས་ཁྱབ་བསྒྲགས་བྱེད་དགོས། དེ་རྗས་ཁོས་བྱ་གསོན་པོ་དེ་ཐང་ཁར་སློད་དགོས། 8མི་དེས་རང་གི་གྱོན་གོས་འཁྲུ་ནས་སྐྲ་གཞར་ནས་གཟུགས་པོ་འཁྲུ་དགོས། དེ་རྗས་ཁོ་སྲོལ་བཞིན་གཙང་བར་འགྱུར་རྒྱུ་ཡིན་པ་དང་། མི་དེ་སྒར་གྱི་ནང་དུ་འཛུལ་ཆོག་གོ། འོན་ཀྱང་ཉིན་ཞག་བདུན་བར་དུ་རང་གི་གུར་གྱི་ཕྱི་རུ་བསྡད་དགོས་སོ། 9ཉིན་ཞག་བདུན་པའི་ཐོག་ཁོས་རང་གི་སྐྲ་དང་རྒྱ་དང་དེ་བཞིན་མིག་སྤུ་དང་། གཟུགས་པོའི་སྤུ་ཚང་མ་གཞར་ནས་རང་གི་གོས་འཁྲུ་སྟེ། དེ་བཞིན་གཟུགས་པོ་ཚང་མ་འཁྲུ་དགོས། དེ་རྗེས་ཁོ་སྲོལ་ལྟར་གཙང་མར་འགྱུར་རྒྱུ་ཡིན་ནོ།། 10ཉིན་ཞག་བརྒྱད་པའི་ཐོག་ཁོས་སྐྱོན་མེད་པའི་ལུག་གུ་ཕོ་གཉིས་དང་ལོ་གཅིག་ལོན་པའི་ལུག་གུ་མོ་དེ་འཁྲིད་ཡོང་ནས། དེ་དང་མཉམ་དུ་ཁ་སྐྱུར་པོའི་སྣུམ་ནང་བརྫིས་པའི་གྲོ་ཞིབ་ཀི་ལོ་གསུམ་དང་། ཁ་སྐྱུར་པོའི་སྣུམ་ཀི་ལོ་གང་ཁག་གསུམ་གྱི་གསུམ་ཆ་གཅིག་འཁྱེར་ཡོང་དགོས། 11དེ་ནས་བླ་མས་མི་དེ་འཁྲིད་དེ་ཁོའི་འབུལ་བའི་རྫས་རྣམས་བླངས་ནས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་གཟིམ་སྒོར་འཁྱེར་ཡོང་དགོས། 12དེ་རྗེས་བླ་མས་ལུག་གུ་ཕོ་གཅིག་དང་ཁ་སྐྱུར་པོའི་སྣུམ་ལི་ཊར་གང་གསུམ་ལ་བགོས་པའི་གསུམ་ཆ་གཅིག་བླངས་ནས་ཉེས་ཆད་ཀྱི་འབུལ་བར་མཆོད་འབུལ་བྱེད་དགོས། ཁོས་དེ་རྣམས་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་གཙོ་བོ་དཀོན་མཆོག་ལ་བླ་མའི་ཆེད་དུ་འབུལ་དགོས། 13སྡིག་སེལ་དང་སྦྱིན་སྲེག་གི་མཆོད་པར་འབུལ་བའི་དུད་འགྲོ་རྣམས་བསད་པའི་གནས་དེ་རང་དུ་ཁོས་ལུག་དེའང་གསོད་དགོས། ཁོས་དེ་ལྟར་བྱེད་དགོས་དོན་ནི། སྡིག་སེལ་གྱི་མཆོད་འབུལ་དང་འདྲ་བར་ཉེས་ཆད་སེལ་བའི་མཆོད་པ་དེའང་བླ་མའི་ཐོབ་སྐལ་ཡིན་པ་དང་། འབུལ་བ་དེ་ནི་ཧ་ཅང་དམ་པ་ཡིན་ནོ། 14བླ་མས་ལུག་གུའི་ཁྲག་དེ་ལས་ཏོག་ཙམ་ཞིག་བླངས་ནས། དག་འབྱངས་བྱེད་དགོས་པའི་མི་དེའི་རྣ་བ་གཡས་པའི་རྣ་ཤལ་དང་། ལག་པ་གཡས་པའི་མཐེ་བོང་དང་། དེ་བཞིན་རྐང་པ་གཡས་པའི་མཐེ་བོང་ལ་བྱུགས་དགོས། 15བླ་མས་ཁ་སྐྱུར་པོའི་སྣུམ་དེ་ཏོག་ཙམ་ཞིག་བླངས་ཏེ་རང་གི་ལག་པ་གཡོན་པའི་ལག་མཐིལ་དུ་བླུགས་དགོས། 16ལག་པ་གཡས་པའི་མཛུབ་མོ་ཞིག་སྣུམ་ནང་བཅུག་ནས་ཐེངས་བདུན་བར་དུ་གཙོ་བོ་དཀོན་མཆོག་གི་མདུན་དུ་གཏོར་དགོས། 17རང་གི་ལག་མཐིལ་ནང་གི་སྣུམ་དེ་ལས་ཏོག་ཙམ་ཞིག་དང་ལུག་གུའི་ཁྲག་དེ་ལས་ཏོག་ཙམ་ཞིག་བླངས་ནས། དག་འབྱངས་བྱེད་དགོས་པའི་མི་དེའི་རྣ་བ་གཡས་པའི་རྣ་ཤལ་དང་། ལག་པ་གཡས་པའི་མཐེ་བོང་དང་། དེ་བཞིན་རྐང་པ་གཡས་པའི་མཐེ་པོར་བྱུགས་དགོས། 18དེ་ནས་ལག་མཐིལ་ནང་གི་སྣུམ་ལྷག་འཕྲོས་ལུས་པ་དེ་མི་དེའི་མགོ་ལ་བྱུགས་ནས། བླ་མས་དག་འབྱངས་ཀྱི་ཆོ་ག་ཆ་ཚང་བྱེད་དགོས་སོ། 19དེ་རྗེས་བླ་མས་སྡིག་སེལ་གྱི་མཆོད་པ་དེ་འབུལ་ནས་དག་འབྱངས་ཀྱི་ཆོ་ག་དེ་ཆ་ཚང་བྱེད་དགོས། སྦྱིན་སྲེག་གི་འབུལ་བའི་དོན་དུ་དམིགས་པའི་དུད་འགྲོ་དེ་བསད་དེ། 20འབྲུ་སྣའི་མཆོད་པ་དང་མཉམ་དུ་མཚོད་ཁྲིའི་ཁར་འབུལ་དགོས། བླ་མས་གོང་གསལ་ལྟར་དག་འབྱངས་ཀྱི་ཆོ་ག་བཤམས་པའི་རྗེས་སུ། མི་དེ་སྲོལ་བཞིན་གཙང་བར་འགྱུར་རྒྱུ་ཡིན། 21འོན་ཀྱང་མི་དེ་དབུལ་ཞིང་མཆོད་པའི་རྫས་ཆ་ཚང་སྒྲུབ་མ་ཐུབ་པ་ཞིག་ཡིན་ན། ཁོས་རང་གི་དག་འབྱངས་ཀྱི་མཆོད་པར་ལུག་གུ་ཕོ་ཞིག་རང་གི་ཉེས་པའི་མཆོད་པའི་ཚུལ་དུ་འཁྱེར་ཡོང་དགོས། དེ་ནི་བླ་མའི་ཆེད་དུ་གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་མཆོད་པའི་ཚུལ་དུ་འབུལ་དགོས། དེ་བཞིན་འབྲུ་སྣའི་མཆོད་པའི་དོན་དུ་ཁ་སྐྱུར་པོའི་སྣུམ་ནང་བརྫིས་པའི་གྲོ་ཞིབ་ཀི་ལོ་གང་དང་། ཁ་སྐྱུར་པོའི་སྣུམ་ལི་ཊར་གང་ཆ་གསུམ་ལ་བགོས་པའི་གསུམ་ཆ་གཅིག་འཁྱེར་ཡོང་དགོས། 22ཁོས་ཕུག་རོན་ནམ་འང་གུ་གཉིས་རེ་འཁྱེར་ཡོང་དགོས། གཅིག་ནི་སྡིག་སེལ་གྱི་འབུལ་བ་དང་གཞན་དེ་སྦྱིན་སྲེག་གི་ཆེད་དུ་ཡིན་ནོ། 23དག་འབྱངས་ཀྱི་ཉིན་ཞག་བརྒྱད་པར་ཁོས་གོང་གསལ་ལྟར་འབུལ་བའི་རྫས་དེ་དག་དབུ་གུར་དམ་པའི་གཟིམ་སྒོར་བླ་མའི་རྩར་འཁྱེར་ཡོང་དགོས། 24བླ་མས་ལུག་གུ་དེ་དང་ཁ་སྐྱུར་པོའི་སྣུམ་དེ་བླངས་ནས། གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་འབུལ་བར་ཕུལ་དགོས། འབུལ་བ་དེ་དག་ནི་བླ་མའིི་ཐོབ་སྐལ་དུ་རྩིས་དགོས་སོ། 25ཁོས་ལུག་གུ་དེ་བསད་ནས་ཁྲག་ཏོག་ཙམ་ཞིག་བླངས་ཏེ། མི་དེའི་རྣ་བ་གཡས་པའི་རྣ་ཤལ་དང་ལག་པ་གཡས་པ་དང་རྐང་པ་གཡས་པའི་མཐེ་བོང་ལ་བྱུགས་དགོས། 26བླ་མས་སྣུམ་ཏོག་ཙམ་ཞིག་བླངས་ནས་རང་གི་ལག་པ་གཡོན་པའི་ལག་མཐིལ་ནང་བླུགས་ནས། 27ལག་པ་གཡས་པའི་མཛུབ་མོ་དེའི་ནང་བཅུག་སྟེ་གཙོ་བོ་དཀོན་མཆོག་གི་མདུན་དུ་སྣུམ་དེ་ཐེངས་བདུན་གཏོར་དགོས། 28མི་དེའི་གཟུགས་པོར་ཁྲག་གང་དུ་བྱུགས་ཡོད་སར་ཁ་སྐྱུར་པོའི་སྣུམ་དེ་ལས་ཏོག་ཙམ་ཞིག་བླངས་ཏེ། མི་དེའི་རྣ་བ་གཡས་པའི་རྣ་ཤལ་དང་། ལག་པ་གཡས་པའི་མཐེ་བོང་དང་། དེ་བཞིན་རྐང་པ་གཡས་པའི་མཐེ་པོ་བཅས་ལ་བྱུགས་དགོས། 29དེ་རྗེས་ལག་མཐིལ་ནང་དུ་ལྷག་འཕྲོས་ལུས་པའི་སྣུམ་དེ་མི་དེའི་མགོ་ལ་བྱུགས་ཏེ། དག་འབྱངས་ཀྱི་ཆོ་ག་དེ་བྱེད་དགོས། 30དེ་རྗས་ཁོས་ཕུག་རོན་ནམ་འང་གུ་ལས་གཅིག་བླངས་ཏེ། 31སྡིག་སེལ་གྱི་མཆོད་པར་གཅིག་དང་འབྲུ་སྣའི་མཆོད་པ་དང་མཉམ་དུ་བྱ་གཞན་དེའང་སྦྱིན་སྲེག་གི་མཆོད་པའི་ཆེད་དུ་འབུལ་དགོས། བླ་མས་དག་འབྱངས་ཀྱི་འབུལ་བ་ཆ་ཚང་བྱེད་པར་འགྱུར། 32མི་ཞིག་ལ་པགས་ནད་དྲག་པོ་ཞིག་འཕོག་སྟེ། དེས་དག་འབྱངས་ཀྱི་མཆོད་པར་མཁོ་བའི་རྫས་ཆ་ཚང་ཞིག་སྒྲུབ་མ་ཐུབ་པ་ཡིན་ན། དེ་ལྟ་བུ་སྲུང་དགོས་པའི་ཁྲིམས་སྲོལ་ནི་གོང་གསལ་ལྟར་ཡིན་ནོ༎

ཁྱིམ་དུ་ཧམ་འབུ།

33-34ཁྱིམ་སོགས་ལ་ཧམ་འབུ་རྒྱབ་ནས་འཕེལ་སྐབས་སུ་སྲུང་དགོས་པའི་གཤམ་གསལ་བཀའ་ཁྲིམས་རྣམས་ནི་གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ་གནང་བ་ཡིན་ནོ། གཙོ་བོ་དཀོན་མཆོག་གིས་དེ་ཚོར་གནང་རྒྱུ་ཡིན་པའི་ཡུལ་ཀ་ནན་དུ་སླེབས་པའི་རྗེས་སུ་ཨིསི་རཱཨེལ་པ་ཚོས་བཀའ་ཁྲིམས་དེ་དག་སྲུང་དགོས་པ་ཡིན་ནོ། 35མི་སུ་ཞིག་གིས་ཁྱིམ་དུ་ཧམ་འབུ་རྒྱབ་པ་མཐོང་བ་ཡིན་ན། ཁོས་བླ་མའི་རྩར་ཕྱིན་ནས་དེའི་སྐོར་ལ་ལབ་དགོས། 36བླ་མས་ཁྱིམ་དེར་ཧམ་བུ་བརྒྱབ་ཡོད་མེད་བརྟག་དཔྱད་མ་བྱེད་གོང་དུ། དེའི་ནང་གི་འཛིན་ཆས་དངོས་རིགས་ཚང་མ་སྤོ་དགོས་པར་བཀའ་གནང་དགོས། དེ་མིན་ཁང་པ་དེའི་ནང་གི་དངོས་ཆས་ཚང་མ་མི་གཙང་བར་རྩིས་དགོས་རྒྱུ་ཡིན། དེ་རྗེས་ཁོས་ཁྱིམ་དེའི་ནང་ཕྱིན་ནས། 37ཧམ་འབུ་དེར་བརྟག་དཔྱད་བྱེད་དགོས། གལ་ཏེ་ཧམ་འབུ་ལྗང་ཁུའམ་དམར་པོ་ཞིག་བྱུང་སྟེ ཁྱིམ་གྱི་རྩིག་པར་སྐྱོན་གཏོང་བཞིན་ཡོད་པ་མཐོང་བ་ཡིན་ན། 38ཁོས་ཁང་པ་དེ་ཉིན་ཞག་བདུན་བར་དུ་སྒོ་ལྕག་རྒྱབ་ནས་བཞག་དགོས། 39ཉིན་ཞག་བདུན་པའི་ཐོག་ཡང་སྐྱར་ཁྱིམ་དེར་བརྟག་དཔྱད་བྱེད་དགོས། སྐབས་དེར་ཧམ་འབུ་དེ་འཕེལ་ཡོད་པ་ཡིན་ན། 40ཧམ་འབུ་རྒྱབ་པའི་རྡོ་རྣམས་བཏོན་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་ས་གནས་རྩོག་པ་ཞིག་ཏུ་དབྱུགས་བཅུག་དགོས། 41དེ་རྗེས་ཁོས་ཁྱིམ་ནང་གི་རྩིག་པ་ཚང་མ་པགས་པ་བཤུས་ཏེ། ས་དང་བྱེ་མ་སོགས་གྲོང་ཁྱེར་གྱི་ཕྱི་རོལ་དུ་ས་གནས་རྩོག་པ་ཞིག་ཏུ་སྤུང་དགོས། 42དེ་རྗེས་རྡོ་བཏོན་པ་དེ་ཚོའི་ཚབ་ཏུ་རྡོ་གཞན་དག་གིས་རྩིག་པ་རྒྱབ་སྟེ། དེར་གསར་དུ་འདམ་བག་བྱུགས་དགོས། 43ཧམ་འབུ་རྒྱབ་པའི་རྡོ་བཏོན་ནས་རྩིག་པའི་པགས་པ་བཤུས་ཏེ། དེར་འདམ་བག་གསར་པ་བྱུགས་ཟིན་པའི་རྗེས་སུའང་། ཁྱིམ་དེའི་ནང་ཡང་སྐྱར་ཧམ་འབུ་རྒྱབ་པ་ཡིན་ན། 44བླ་མ་ཕྱིན་ནས་དེར་བརྟག་དཔྱད་བྱེད་དགོས། གལ་ཏེ་ཧམ་འབུ་དེ་འཕེལ་ཡོད་པ་ཡིན་ན། ཁྱིམ་དེ་མི་གཙང་བར་རྩིས་དགོས། 45དེ་རྗེས་ཁྱིམ་དེ་གཏོར་བརློག་བཏང་ནས། དེའི་རྡོ་དང་ཤིང་ཆ་དང་ས་དང་བྱེ་མ་ཚང་མ་གྲོང་ཁྱེར་གྱི་ཕྱི་རོལ་དུ་འཁྱེར་ནས་ས་གནས་རྩོག་པ་ཞིག་ཏུ་དབྱུགས་དགོས། 46ཁྱིམ་དེ་སྒོ་ལྕགས་རྒྱབ་པའི་སྐབས་སུ། སུ་ཞིག་དེའི་ནང་དུ་འཛུལ་བ་ཡིན་ན་དེ་ནི་དགོང་དྲོ་བར་དུ་མི་གཙང་བར་གནས་དགོས་རྒྱུ་དང་། 47ཁྱིམ་དེའི་ནང་ཉལ་མཁན་ནམ་ཁ་ལག་ཟ་མཁན་སུ་ཡིན་རུང་། དེས་རང་གི་གྱོན་གོས་འཁྲུ་དགོས་སོ། 48གལ་ཏེ་བླ་མས་ཁྱིམ་དེར་བརྟགས་དཔྱད་བྱེད་སྐབས། འདམ་བག་གསར་དུ་བྱུགས་ཟིན་པའི་རྗེས་སུའང། སླར་ཡང་ཧམ་འབུ་རྒྱབ་མེད་པ་མཐོང་བ་ཡིན་ན། ཁོས་ཁྱིམ་དེ་སྲོལ་བཞིན་གཙང་མ་ཡིན་པའི་ཁྱབ་བསྒྲགས་བྱེད་དགོས། གང་ལ་ཟེར་ན། ཧམ་འབུ་དེ་ཆ་ཚང་ཡལ་ཟིན་པའི་ཕྱིར་རོ། 49ཁྱིམ་དེ་ནི་དག་འབྱངས་བྱེད་པའི་ཕྱིར་ཁོས་བྱ་ཆ་གཅིག་དང་། ཤུག་པའི་ཤིང་དང་སྐུད་པ་དམར་པོ་ཞིག་དང་དེ་བཞིན་ཧི་སོབ་ཀྱི་ཡལ་ག་ཞིགའཁྱེར་ཡོང་དགོས། 50བྱ་དེ་གཉིས་ལས་གཅིག་ལ་ཆུ་མིག་ནས་ཐོན་པའི་ཆུ་གཙང་མ་བླུགས་ཡོད་པའི་རྫ་སྣོད་གཅིག་གི་སྟེང་དུ་བསད་དགོས། 51དེ་རྗེས་བྱ་གསོན་པོ་དེ་དང་ཤུག་ཤིང་དང་ཧི་སོབ་དང་སྐུད་པ་དམར་པོ་བཅས་བྱ་བསད་པའི་ཁྲག་དང་ཆུ་གཙང་མ་དེའི་ནང་དུ་བཅུག་ནས་ཁྱིམ་དེར་ཐེངས་བདུན་གཏོར་དགོས། 52དེ་བཞིན་བྱས་ཏེ་ཁོས་བྱའི་ཁྲག་དང་ཆུ་གཙང་མ་དང་། བྱ་གསོན་པོ་དེ་དང་ཤུག་ཤིང་དང་། ཧི་སོབ་དང་། སྐུད་པ་དམར་པོ་བཅས་བེད་སྤྱོད་བཏང་བའི་སྒོ་ནས་ཁྱིམ་དེར་དག་འབྱངས་བྱེད་དགོས། 53དེ་རྗེས་བྱ་གསོན་པོ་དེ་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཐང་ཁར་འཕུར་བཅུག་གོ ཁྱིམ་གྱི་དག་འབྱངས་ཀྱི་ཆོ་ག་དེ་བྱས་ཚར་པའི་རྗེས་སུ། ཁྱིམ་དེ་སྲོལ་བཞིན་གཙང་བར་འགྱུར་རྒྱུ་ཡིན་ནོ། 54གོང་གསལ་བཀའ་ཁྲིམས་རྣམས་ནི་པགས་ནད་དྲག་པོ་དང་། 55-56རྨ་ཤུལ་དང་གཉན་འབུར་དང་དེ་བཞིན་རྨ་ཁ་སྐྲང་པའི་ནད་གཞིའི་སྐོར་དང་། གྱོན་གོས་དང་ཁྱིམ་སོགས་ལ་ཧམ་འབུ་རྒྱབ་པའི་སྐོར་ལ་ཡིན་ནོ། 57གོང་གསལ་བཀའ་ཁྲིམས་དེའི་སྒོ་ནས་ནད་དང་དངོས་རིགས་གང་ཞིག་གཙང་མ་ཡིན་མིན་ཤེས་རྟོགས་བྱེད་ཐུབ་པ་ཡིན་ནོ༎

ལེ་ཝི 15

ལུས་ནས་ཐོན་པའི་མི་གཙང་བའི་རྫས་རྣམས།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ། 2ཨིསི་རཱཨེལ་པ་རྣམས་ལ་གཤམ་གསལ་བཀའ་ཁྲིམས་འདི་དག་གནང་བ། གལ་ཏེ་གྲང་གཞིའི་ནད་ཀྱི་སྒོ་ནས་སྐྱེས་པ་ཞིག་ཐིག་ལེ་འཛག་པ་ཡིན་ན་དེ་ནི་མི་གཙང་བ་ཡིན་ནོ། 3ཐིག་ལེ་འཛག་པ་ཡིན་རུང་ཐིག་ལེ་དེ་ཆད་པ་ཡིན་ན། མི་དེ་ནི་མི་གཙང་བར་རྩིས་དགོས་སོ། 4ཁོ་ས་ཁར་བསྡད་པའམ་ཉལ་བའི་ཉལ་ཁྲི་དེའང་མི་གཙང་བ་ཡིན་ནོ། 5སུ་ཞིག་གིས་ཁོའི་ཉལ་ཁྲིར་ལག་པ་འཆང་བའམ། 6ཁོ་སྡོད་སར་བསྡད་པ་ཡིན་ན། མི་དེས་རང་གི་གྱོན་གོས་དང་གཟུགས་པོ་འཁྲུ་དགོས་པ་དང་། དེ་ནི་དགོང་དྲོ་བར་དུ་མི་གཙང་བར་གནས་དགོས་སོ། 7སུ་ཞིག་གིས་གྲང་གཞིའི་ནད་འཕོག་པའི་མི་ལ་རེག་པ་ཡིན་ན་དེས་རང་གི་གྱོན་གོས་དང་གཟུགས་པོ་འཁྲུ་དགོས། དེ་ནི་དགོང་དྲོ་བར་དུ་མི་གཙང་བར་གནས་དགོས། 8གྲང་གཞིའི་ནད་ཡོད་པའི་མི་དེས་མི་གཙང་མ་ཞིག་ལ་མཆིལ་མ་གཏོར་བ་ཡིན་ན། མི་དེས་རང་གི་གོས་དང་གཟུགས་པོ་འཁྲུ་དགོས། 9དེ་ནི་དགོངས་དྲོ་བར་དུ་མི་གཙང་བར་གནས་དགོས། དེ་བཞིན་གྲང་གཞིའི་ནད་ཡོད་པའི་མིས་བཞོན་པའི་རྟ་སྒའམ་རྐུབ་ཀྱག་སོགས་ཀྱང་མི་གཙང་བར་རྩིས་དགོས། 10སུ་ཞིག་གིས་མི་དེ་སྡོད་ས་གང་རུང་ཞིག་ལ་ལག་པ་འཆང་བ་ཡིན་ན། དེ་ནི་དགོང་དྲོ་བར་དུ་མི་གཙང་བར་གནས་དགོས་པ་དང་། ནད་པ་བསྡད་པའི་དངོས་ཆས་གང་རུང་ཞིག་འཁྱེར་ཡོང་བ་ཡིན་ན། དེས་རང་གི་གོས་དང་གཟུགས་པོ་འཁྲུ་སྟེ་དགོངས་དྲོ་བར་དུ་མི་གཙང་བར་གནས་དགོས། 11དེ་ལྟ་བུའི་ནད་པ་ཞིག་གིས་ལག་པ་མ་འཁྲུ་བར་མི་གཞན་ཞིག་ལ་ལག་པ་འཆང་བ་ཡིན་ན། མི་དེས་རང་གི་གོས་དང་གཟུགས་པོ་འཁྲུ་དགོས་པ་དང་། དགོང་དྲོ་བར་དུ་མི་གཙང་བར་གནས་དགོས། 12ནད་པ་དེ་ལྟ་བུས་འཆང་བའི་རྫ་སྣོད་སོགས་བཅག་དགོས་པ་དང་། ཤིང་སྣོད་སོགས་ཡིན་ན་དེ་དག་ལེགས་པར་འཁྲུ་དགོས་སོ། 13མི་དེ་གྲང་གཞིའི་ནད་ལས་དྲག་པའི་རྗེས་སུ། ཉིན་ཞག་བདུན་བར་སྒུག་ནས་དེ་རྗེས་གོས་འཁྲུ་ནས་ཆུ་མིག་གི་ཆུ་ཙང་མ་ལས་གཟུགས་པོ་འཁྲུ་བའི་རྗེས་སུ་མི་དེ་སྲོལ་བཞིན་གཙང་བར་འགྱུར་རྒྱུ་ཡིན། 14ཉིན་ཞག་བརྒྱད་པར་ཁོས་ཕུག་རོན་ནམ་འང་གུ་ཆ་གཅིག་འཁྱེར་ཡོང་ནས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་མདུན་དུ་བླ་མ་ལ་འབུལ་དགོས། 15བླ་མས་བྱ་དེ་གཉིས་ལས་གཅིག་ནི་སྡིག་སེལ་གྱི་མཆོད་པར་འབུལ་བ་དང་། གཞན་དེ་སྦྱིན་སྲེག་གི་མཆོད་པར་འབུལ་དགོས། བླ་མས་མི་དེའི་ཆེད་དུ་དག་འབྱངས་ཀྱི་མཆོད་པ་དེ་དག་གོང་གསལ་ལྟར་བཤམས་དགོས། 16མི་སུ་ཞིག་ཐིག་ལེ་འཛག་པ་ཡིན་ན། དེས་རང་གི་གཟུགས་པོ་ཡོངས་རྫོགས་འཁྲུ་དགོས་མ་ཟད། ཁོ་ནི་དགོང་དྲོ་བར་དུ་མི་གཙང་བར་གནས་དགོས། 17རས་སམ་ཀོ་བའི་རྒྱུ་ལས་བཟོས་པའི་དངོས་པོ་གང་ཞིག་གི་སྟེང་དུ་ཐིག་ལེ་འཛག་པ་ཡིན་ན་དེ་ནི་འཁྲུ་དགོས། མ་ཟད་དགོངས་དྲོ་བར་དུ་མི་གཙང་བར་གནས་དགོས། 18སྐྱེས་པ་དང་བུད་མེད་གཉིས་ཆགས་པ་བྱེད་པའི་རྗེས་སུ། དེ་གཉིས་གཟུགས་པོ་འཁྲུ་ནས་དགོངས་དྲོ་བར་མི་གཙང་བར་གནས་དགོས། 19དེ་བཞིན་བུད་མེད་ཟླ་མཚན་བབས་བཞིན་པ་ཞིག་ཡིན་ན། དེ་ནི་ཉིན་ཞག་བདུན་བར་དུ་མི་གཙང་བར་གནས་དགོས་རྒྱུ་དང་། བུད་མེད་དེ་ལ་འཆང་མཁན་མི་སུ་ཞིག་ཡིན་རུང་དེའང་དགོངས་དྲོ་བར་དུ་མི་གཙང་བར་གནས་དགོས་སོ། 20ཟླ་མཚན་གྱི་དུས་སུ་མོ་རང་བསྡད་པའི་རྐུབ་ཀྱག་གམ་མལ་ཁྲི་སོགས་གང་ཡིན་རུང་དེ་ནི་མི་གཙང་བར་རྩིས་དགོས་རྒྱུ་དང་། 21-23སུ་ཞིག་གིས་བུད་མེད་དེའི་ཉལ་ཁྲིའམ་མོ་བསྡད་པའི་དངོས་ཆས་སོགས་ལ་ལག་པ་འཆང་བ་ཡིན་ན། དེས་རང་གི་གོས་དང་གཟུགས་པོ་འཁྲུ་ནས་དགོང་དྲོ་བར་དུ་མི་གཙང་བར་གནས་དགོས། 24གལ་ཏེ་སྐྱེས་པ་ཞིག་གིས་ཟླ་མཚན་བབས་བཞིན་པའི་བུད་མེད་ཞིག་དང་ཆགས་པ་བྱེད་པ་ཡིན་ན། སྐྱེས་པ་དེའང་མི་གཙང་བ་འགྱུར་བ་ཡིན་པས། ཉིན་ཞག་བདུན་བར་དུ་མི་གཙང་བར་གནས་དགོས་པ་དང་། མི་དེའི་ཉལ་སའང་མི་གཙང་བར་རྩིས་དགོས་སོ། 25ཟླ་མཚན་བབས་པའི་དུས་ཚོད་ཡོལ་བའི་རྗེས་སུའང་། ཉིན་ཞག་མང་པོའི་བར་དུ་བུད་མེད་ཞིག་གི་ཁྲག་འཛག་པའམ། བུད་མེད་དེ་ཟླ་མཚན་འཛག་པའི་སྐབས་སུ་མི་གཙང་བར་བྱུང་བ་དང་འདྲ་བར་ཁྲག་མ་ཆད་བར་དུ་མོ་ནི་མི་གཙང་བར་གནས་དགོས་སོ། 26དུས་སྐབས་དེའི་རིང་ལ་མོའི་ཉལ་ཁྲིའམ་མོ་བསྡད་པའི་དངོས་ཆས་སོགས་མི་གཙང་བར་རྩིས་དགོས་སོ། 27དངོས་ཆས་དེའི་རིགས་ལ་ལག་པ་འཆང་མཁན་དེའང་མི་གཙང་བར་འགྱུར་རྒྱུ་ཡིན་པས། དེས་རང་གི་གོས་དང་གཟུགས་པོ་འཁྲུ་ནས་གདོང་དྲོ་བར་མི་གཙང་བར་གནས་དགོས། 28ཁྲག་ཆད་ནས་ཀྱང་ད་དུང་ཉིན་ཞག་བདུན་བར་དུ་སྒུག་དགོས། དེ་རྗེས་བུད་མེད་དེ་སྲོལ་བཞིན་གཙང་བར་འགྱུར་རྒྱུ་ཡིན། 29ཉིན་ཞག་བརྒྱད་པར་མོས་ཕུག་རོན་ནམ་འང་གུ་ཆ་གཅིག་འཁྱེར་ནས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་གཟིམ་སྒོར་བླ་མ་རྩར་འགྲོ་དགོས། 30དེ་ནས་བླ་མས་བྱ་དེ་གཉིས་ལས་གཅིག་སྡིག་སེལ་གྱི་མཆོད་པ་དང་། གཞན་དེ་སྦྱིན་སྲེག་གི་མཆོད་པར་འབུལ་དགོས། བླ་མས་བུད་མེད་དེ་དོན་དུ་དག་འབྱངས་ཀྱི་མཆོད་པ་དེ་དག་གོང་གསལ་ལྟར་བྱེད་དགོས་སོ། 31སྒར་གྱི་དབུས་སུ་ཡོད་པའི་ཁོང་གནས་པའི་དབུ་གུར་དམ་པ་དེ་ལ་ཨིསི་རཱཨེལ་པ་ཚོས་རང་གི་གྲིབ་རྩོག་སོགས་ཀྱི་མི་གཙང་བ་མ་བྱེད་པའི་ཕྱིར་དེ་དག་ལ་ཟོན་བསྐུལ་བྱེད་དགོས་ཅེས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་ངོ་། གལ་ཏེ་ཁོང་གནས་པའི་དབུ་གུར་དམ་པ་དེ་མི་གཙང་བར་བྱེད་པ་ཡིན་ན་དེ་ཚོ་ཤི་ངེས་པ་ཡིན་ནོ། 32གོང་གསལ་བཀའ་ཁྲིམས་རྣམས་ནི་གྲང་གཞི་ནད་ཀྱི་སྒོ་ནས་ཐིག་ལེ་འཛག་པའི་སྐྱེས་པ་དང། 33ཟླ་མཚན་བབས་བཞིན་པའི་བུད་མེད་དང་། དེ་བཞིན་སྲོལ་ལྟར་མི་གཙང་བའི་བུད་མེད་ཞིག་དང་མཉམ་དུ་ཆགས་པ་སྤྱོད་པའི་སྐྱེས་པ་བཅས་ཀྱིས་སྲུང་དགོས་པ་ཡིན་ནོ༎

ལེ་ཝི 16

སྡིག་བཤགས་ཀྱི་ཉིན་མོ།

1ཨ་རོན་གྱི་བུ་གཉིས་ཀྱིས་གཙོ་བོ་དཀོན་མཆོག་ལ་མི་གཙང་བའི་མེ་ཞིག་འབུལ་བའི་རྐྱེན་གྱིས་འཆི་བའི་རྗེས་སུ། གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་གསུང་གླེང་མཛད་དེ་བཀའ་གནང་བ། 2གཙོ་དཀོན་མཆོག་གི་གསུངས་པ། ཁྱོད་ཀྱིས་རང་གི་ཨ་ཇོ་ཨ་རོན་ལ། ཡོལ་བའི་རྒྱབ་ཏུ་ཡོད་པའི་ཤིན་ཏུ་གནས་མཆོག་དམ་པར་དུས་ཚོད་གཏན་འབེབས་གཅིག་པུར་ཐོག་འགྲོ་དགོས། གང་ལ་ཟེར་ན། ང་ནི་དམ་བཅའི་སྒྲོམ་གྱི་ཁེབས་ཀྱི་ཐོད་དུ་སྤྲིན་པའི་དཀྱིལ་དུ་མངོན་རྒྱུ་ཡིན། གལ་ཏེ་ཁོས་བཀའ་རྒྱ་འདི་མ་སྲུང་བ་ཡིན་ན་ཁོ་ཤི་ངེས་པ་ཡིན། 3སྡིག་སེལ་གྱི་མཆོད་པར་གླང་གཞོན་པ་ཞིག་དང་། དེ་བཞིན་སྦྱིན་སྲེག་གི་མཆོད་པར་ཕོ་ལུག་གཅིག་འཁྲིད་ཡོང་བའི་རྗེས་སུ་ཁོ་ཤིན་ཏུ་གནས་མཆོག་དམ་པའི་ནང་དུ་འཛུལ་ཆོག་ཅེས་སྨྲོས་ཤིག 4དེ་ནས་གཙོ་བོ་དཀོན་མཆོག་གིས་གཤམ་གསལ་ལྟར་བཀའ་ཁྲིམས་འདི་དག་གནང་ངོ་། ཨ་རོན་ཤིན་ཏུ་གནས་མཆོག་དམ་པའི་ནང་དུ་མ་འཛུལ་སྔོན་དུ་རང་ཉིད་གཟུགས་པོ་འཁྲུ་ནས་བླ་མའི་གོས་སོགས་གྱོན་དགོས། བླ་མའི་གྱོན་ཆས་ནི་རས་ཀྱི་ཆོས་གོས་དང་སྨད་གོས་དང་། སྐེ་རག་དང་ཐོད་དཀྲིས་བཅས་ཡིན་ནོ། 5ཨིསི་རཱཨེལ་མི་སྡེ་སྤྱི་ཡོངས་ནས་ཨ་རོན་ལ་སྡིག་སེལ་གྱི་མཆོད་པར་ར་ཕོ་ཆ་གཅིག་དང་སྦྱིན་སྲེག་གི་མཆོད་པར་ཕོ་ལུག་གཅིག་འབུལ་དགོས། 6ཁོས་རང་དང་རང་གི་ནང་མིའི་སྡིག་སེལ་གྱི་ཕྱིར་དུ་ཕོ་གླང་ཞིག་དམར་མཆོད་དུ་འབུལ་དགོས། 7དེ་རྗེས་ཁོས་ར་ཕོ་ཆ་གཅིག་དེ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་གཟིམ་སྒོར་འཁྱེར་ཡོང་སྟེ། 8དེར་ཁོས་རྡོ་གཉིས་ཀྱི་སྒོ་ནས་ཁོས་ར་ཕོ་གཉིས་ཀྱི་རྒྱན་རྒྱབ་ཅིང་། རྡོ་གཅིག་གི་ཁར་གཙོ་བོ་དཀོན་མཆོག་གི་དོན་དུ་ཞེས་དང་། གཞན་དེའི་ཁར་ཨེ་ཛ་ཛེལ་གྱི་ཆེད་དུ་ཞེས་བྲིས་ཡོད་པ་ཡིན་ནོ། 9གཙོ་བོ་དཀོན་མཆོག་གི་ཆེད་དུ་རྒྱན་ལ་བབས་པའི་ར་ཕོ་དེ་ནི་སྡིག་སེལ་གྱི་མཆོད་པར་ཨ་རོན་གྱི་འབུལ་དགོས་སོ། 10ཨ་ཛ་ཛེལ་གྱི་ཆེད་དུ་འདམས་པའི་ར་ཕོ་དེ་ནི་གཙོ་བོ་དཀོན་མཆོག་ལ་གསོན་པོར་འབུལ་བའི་རྗེས་སུ་མི་མང་གི་སྡིག་སེལ་གྱི་ཆེད་དུ་འབྲོག་སྟོང་ནས་ཨ་ཛ་ཛེལ་གྱི་རྩར་བཏང་དགོས་སོ། 11ཨ་རོན་གྱིས་རང་དང་རང་གི་ནང་མིའི་སྡིག་སེལ་གྱི་ཆེད་དུ་ཕོ་གླང་དེ་མཆོད་པར་འབུལ་སྐབས། 12ཁོས་མཆོད་ཁྲི་ལས་འབར་བཞིན་པའི་མེ་སོལ་དམར་པོ་སྤོས་ཕོར་གང་དང་། སྤོས་སྦར་ར་དོ་བླངས་ཏེ། ཤིན་ཏུ་གནས་མཆོག་དམ་པར་འཁྱེར་ཡོང་དགོས། 13དེ་རྗེས་ཁོས་གཙོ་བོ་དཀོན་མཆོག་གི་མདུན་དུ་སྤོས་དེ་མེའི་ཁར་བླུགས་ཏེ། སྤོས་ཀྱི་དུ་བས་དམ་བཅའི་སྒྲོམ་གྱི་ཁེབས་དེ་ཡོངས་སུ་ཀབ་པ་དང་། དེར་བརྟེན་ཁོས་དེ་མཐོང་ནས་ཤི་མ་དགོས་སོ། 14ཁོས་ཕོ་གླང་གི་ཁྲག་དེ་ལས་ཏོག་ཙམ་ཞིག་བླངས་ཏེ། རང་གི་མཛུག་གུས་དམ་བཅའི་སྒྲོམ་གྱི་ཁེབས་ཀྱི་མདུན་ཕྱོགས་སུ་གཏོར་དགོས། དམ་བཅའི་སྒྲོམ་གྱི་མདུན་ངོས་སུ་གོང་བཞིན་ཐེངས་བདུན་གཏོར་དགོས། 15དེ་རྗེས་ཁོས་མི་རྣམས་ཀྱི་ཆེད་དུ་སྡིག་སེལ་གྱི་ར་ཕོ་དེ་བསད་དགོས། དེའི་ཁྲག་དེ་ཤིན་ཏུ་གནས་མཆོག་དམ་པར་འཁྱེར་ཡོང་དགོས་པ་དང་། ཁྲག་དེ་ཕོ་གླང་གི་ཁྲག་གཏོར་བ་བཞིན་ཁེབས་ཀྱི་སྟེང་དང་དམ་བཅའི་སྒྲོམ་གྱི་མདུན་ངོས་སུ་གཏོར་དགོས། 16དེ་བཞིན་ཨིསི་རཱཨེལ་མི་མང་གི་གྲིབ་རྩོག་དང། དེ་ཚོའི་སྡིག་པ་ཆང་མའི་ཆེད་དུ་ཤིན་ཏུ་གནས་མཆོག་དམ་པ་དེ་ལ་དག་འབྱངས་ཀྱི་ཆོ་ག་དེ་ཆ་ཚང་བྱེད་དགོས། དེ་ནི་ཁོས་དབུ་གུར་དམ་པ་ལ་ཡང་དེ་བཞིན་བྱེད་དགོས། གང་ལ་ཟེར་ན། དེས་ཆོ་ག་གཞིར་བཟུང་ལྟར་མི་གཙང་བའི་སྒར་གྱི་ཁྲོད་དུ་ཕུབ་ཡོད་པ་ཡིན་ནོ། 17ཨ་རོན་ནི་དག་འབྱངས་ཀྱི་མཆོད་འབུལ་བྱེད་ཕྱིར་ཤིན་ཏུ་གནས་མཆོག་དམ་པའི་ནང་དུ་འཛུལ་ནས་ཕྱིར་མ་ཐོན་བར་དུ་དབུ་གུར་དམ་པའི་ནང་མི་སུ་ཞིག་ཀྱང་ཡོད་པ་མི་རུང་ངོ་། ཁོས་རང་ཉིད་དང་རང་གི་ནང་མི་དང་དེ་བཞིན་མི་མང་ཡོངས་ཀྱི་ཕྱིར་དུ་མཆོད་འབུལ་བྱས་ཟིན་པའི་རྗེས་སུ། 18ཁོ་ཕྱིར་ཐོན་ནས་སྦྱིན་སྲེག་གི་མཆོད་འབུལ་བྱེད་སའི་མཆོད་ཁྲི་དེ་ལ་དག་འབྱངས་བྱེད་དགོས། དེ་རྗེས་གླང་དང་རའི་ཁྲག་དེ་ལས་ཏོག་ཙམ་ཞིག་བླངས་ནས་མཆོད་ཁྲིའི་ཟུར་གྱི་རྭ་ཅོ་ཡོངས་སུ་བླུགས་དགོས། 19ཁོས་རང་གི་མཛུག་གུས་ཁྲག་གང་ཙམ་ཞིག་མཆོད་ཁྲིར་ལན་བདུན་གཏོར་དགོས། དེ་ལྟར་བྱས་པའི་སྒོ་ནས་ཁོས་ཨིསི་རཱཨེལ་མི་མང་གི་སྡིག་སྒྲིབ་ལས་མཆོད་ཁྲི་དེ་གཙང་ཞིང་དམ་པར་བྱེད་དགོས་སོ། 20ཨ་རོན་གྱིས་ཤིན་ཏུ་གནས་མཆོག་དམ་པ་དང་ལྷག་འཕྲོས་ལུས་པའི་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དང་། མཆོད་ཁྲི་བཅས་ལ་དག་འབྱངས་བྱས་ཟིན་པའི་རྗེས་སུ། ཁོས་ཨ་ཛ་ཛེལ་གྱི་ཆེད་དུ་འདམས་པའི་ར་ཕོ་གསོན་པོ་དེ་གཙོ་བོ་དཀོན་མཆོག་ལ་འབུལ་དགོས། 21ཁོས་རང་གི་ལག་པ་གཉིས་ར་ཕོའི་མགོ་ལ་བཞག་ནས། ཨིསི་རཱཨེལ་མི་དམངས་ཀྱིས་བྱས་པའི་སྡིག་པའི་ལས་ངན་ཁག་དང་། ཁོ་ཚོས་གཙོ་བོ་དཀོན་མཆོག་ལ་རྒོལ་སེམས་ཞུས་པའི་སྡིག་པ་ཚང་མ་ངོས་ལེན་ཞུ་པ་དང་། སྡིག་པ་དེ་དག་སེམས་ཅན་དེའི་ཐོག་ཏུ་བཀལ་དགོས། ཆེད་མངགས་བསྐོ་གཞག་བྱས་པའི་མི་ཞིག་གིས་ར་ཕོ་དེ་འབྲོག་སྟོང་ཁུལ་དུ་དེད་དགོས། 22ར་ཕོ་དེས་མི་ཚང་མའི་སྡིག་པ་འཁྱེར་ནས་མི་མེད་ལུང་སྟོང་ཞིག་ཏུ་འགྲོ་བར་འགྱུར། 23དེ་རྗེས་ཨ་རོན་དབུ་གུར་དམ་པའི་ནང་དུ་འཛུལ་ནས། ཤིན་ཏུ་གནས་མཆོག་དམ་པར་མ་བཅར་གོང་དུ་རང་གིས་གྱོན་པའི་བླ་མའི་གོས་དེ་དག་ཕུད་ནས་གནས་དེ་རང་ལ་བཞག་དགོས། 24དེ་རྗེས་ས་གནས་དམ་པ་ཞིག་ཏུ་གཟུགས་པོ་འཁྲུ་ནས་རང་གི་གོས་དེ་གྱོན་དགོས། དེ་རྗེས་ཕྱིར་ཐོན་ཏེ་ཁོས་རང་ཉིད་དང་མི་མང་གི་སྡིག་པ་སེལ་ཕྱིར་སྦྱིན་སྲེག་གི་མཆོད་པ་དེ་འབུལ་དགོས་སོ། 25ཁོས་སེམས་ཅན་གྱི་ཚིལ་དེ་མཆོད་ཁྲིའི་སྟེང་དུ་མེར་སྲེག་བཏང་ནས་སྡིག་སེལ་གྱི་མཆོད་པར་འབུལ་དགོས། 26འབྲོག་སྟོང་ནས་ཨ་ཛ་ཛེལ་གྱི་ཆེད་དུ་ར་ཕོ་དེད་མཁན་མི་དེ་སྒར་དུ་ཕྱིར་ལོག་མ་བྱེད་སྔོན་དུ་དེས་རང་གི་གོས་དང་གཟུགས་པོ་ལེགས་པར་འཁྲུ་དགོས། 27སྡིག་སེལ་གྱི་མཆོད་པར་ཕུལ་བའི་ཕོ་གླང་དང་ར་ཕོ་བཅས་ཀྱི་ཁྲག་དེ་སྡིག་སེལ་གྱི་ཆེད་དུ་ཤིན་ཏུ་གནས་མཆོག་དམ་པའི་ནང་དུ་འཁྱེར་ཡོང་ནས་སྒར་གྱི་ཕྱི་རོལ་དུ་མེར་སྲེག་གཏོང་དགོས། དེའི་པགས་པ་དང་ཤ་དང་ནང་ཁྲོལ་བཅས་པ་ཆ་ཚང་མེར་སྲེག་གཏོང་དགོས། 28དེ་དག་ཆང་མར་མེར་སྲེག་གཏོང་མཁན་མི་དེས་སྒར་སར་ཕྱིར་ལོག་མ་བྱེད་གོང་དུ་རང་གི་གོས་དང་གཟུགས་པོ་འཁྲུ་དགོས་སོ༎

སྡིག་བཤགས་ཀྱི་ཉིན།

29གཤམ་གསལ་བཀའ་ཁྲིམས་ནི་མ་འོངས་པའི་དུས་ཀུན་ཏུ་སྲུང་དགོས་པ་ནི། ཟླ་བ་བདུན་པའི་ཉིན་ཞག་ བཅུ་པར་ཨིསི་རཱཨེལ་པ་རྣམས་དང་དེ་ཚོའི་དཀྱིལ་དུ་གནས་སྡོད་བྱེད་པའི་ཕྱི་རྒྱལ་བ་རྣམས་ནས་མྱུང་གནས་སྲུང་སྟེ་ལས་གང་ཡང་བྱེད་མི་ཆོག 30དེ་ཉིན་རང་ལ་སྡིག་པ་ཚང་མ་ནས་གཙང་བར་འགྱུར་བའི་ཕྱིར་དག་འབྱངས་ཀྱི་ཆོ་ག་དེ་བཤམས་དགོས་པ་དང་། དེ་ཚོ་སྲོལ་བཞིན་གཙང་བར་འགྱུར་རྒྱུ་ཡིན། 31ཉིན་ཞག་དེ་ནི་ཧ་ཅང་དམ་པར་རྩིས་དགོས་པ་ཡིན་ནོ། དེ་ཉིན་མྱུང་གནས་སྲུང་ཞིང་ལས་གང་ཡང་བྱེད་མི་ཆོག་པ་ཡིན་ནོ། བཀའ་ཁྲིམས་འདི་དག་ནི་མ་འོངས་པའི་དུས་ཀུན་ཏུ་སྲུང་དགོས་སོ། 32ཕ་ཤི་བའི་རྗེས་སུ་ཕའི་ཚབ་ཏུ་བསྐོ་གཞག་བྱེད་ནས་བསྔོ་འབུལ་བྱེད་པའི་བླ་ཆེན་གྱིས་དག་འབྱངས་ཀྱི་ཆོ་ག་དེ་ཆ་ཚང་བྱེད་དགོས། ཁོས་བླ་མའི་གོས་གྱོན་ནས། 33ཤིན་ཏུ་གནས་མཆོག་དམ་པ་དང་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དང་། མཆོད་ཁྲི་བཅས་དང་། དེ་བཞིན་བླ་མ་རྣམས་དང་མི་མང་ཡོངས་རྫོགས་གཙང་བར་བྱེད་པའི་དག་འབྱངས་ཀྱི་ཆོ་ག་དེ་བྱེད་དགོས། 34བཀའ་ཁྲིམས་དེ་དག་ནི་མ་འོངས་པའི་དུས་ཀུན་ཏུ་སྲུང་དགོས་པ་དང་། ཨིསི་རཱཨེལ་མི་མང་རྣམས་སྡིག་པ་ཚང་མའི་གྲིབ་རྩོག་ལས་གཙང་བར་བྱེད་ཕྱིར་གོང་གསལ་ཆོ་ག་དེ་ལོ་རེ་ཐེངས་རེ་ཆ་ཚང་བྱེད་དགོས་པ་ཡིན་ནོ། དེར་བརྟེན་གཙོ་བོ་དཀོན་མཆོག་གིས་བཀའ་གང་གནང་བ་བཞིན་མོ་ཤེས་ཆ་ཚང་སྒྲུབ་བོ༎

ལེ་ཝི 17

ཁྲག་ནི་དམ་པ་ཡིན་པ།

1-2གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། གཤམ་གསལ་བཀའ་ཁྲིམས་རྣམས་ཨ་རོན་དང་ཁོའི་བུ་རྣམས་དང་ཨིསི་རཱཨེལ་མི་མང་ཡོངས་ལ་སྤྲོད་དགོས་ཅེས་བཀའ་གནང་ངོ་། 3-4ཨིསི་རཱཨེལ་པ་ཞིག་གིས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་གཟིམ་སྒོའི་རྩར་མ་གཏོགས་གནས་གཞན་ཞིག་ཏུ། བ་ཕྱུགས་སམ་ལུག་གམ་ར་ཞིག་གཙོ་བོ་དཀོན་མཆོག་ལ་དམར་མཆོད་ཀྱི་ཆེད་དུ་བསད་པ་ཡིན་ན། དེ་ནི་བཀའ་ཁྲིམས་ལས་འགལ་བ་ཡིན་ནོ། གང་ལ་ཟེར་ན། སྲོག་གཅོད་བྱས་ཏེ་ཁྲག་འཛག་བཅུག་པ་ཡིན་པས། དེ་ནི་དཀོན་མཆོག་གི་མི་འབངས་སུ་རྩིས་བར་མི་འགྱུར། 5གོང་གསལ་བཀའ་ཁྲིམས་དེའི་དོན་ནི་སྔར་ཨིསི་རཱཨེལ་ཚོས་ཐང་སྟོང་ཁུལ་དུ་བསད་སྲོལ་བྱས་པའི་དུད་འགྲོ་རྣམས་ད་ཕྱིན་གཙོ་བོ་དཀོན་མཆོག་གི་དྲུང་དུ་འཁྲིད་ཡོང་དགོས་པ་ཡིན་ནོ། ད་ཕྱིན་ཆད་དེ་ཚོས་དུད་འགྲོ་དེ་དག་གུར་མཆོག་དམ་པའི་གཟིམ་སྒོར་བླ་མའི་རྩར་འཁྲིད་ཡོང་སྟེ། མཐུན་འབྲེལ་གྱི་མཆོད་པའི་ཚུལ་དུ་བསད་དགོས། 6བླ་མས་དམར་མཆོད་ཀྱི་ཁྲག་དེ་དབུ་གུར་དམ་པའི་གཟིམ་སྒོའི་རྩར་ཡོད་པའི་མཆོད་ཁྲིའི་ཕྱོགས་བཞིར་གཏོར་དགོས་པ་དང་། ཚིལ་དེ་མེར་སྲེག་བཏང་སྟེ། དེའི་དྲི་བཟང་གིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 7ད་ཕྱིན་ཨིསི་རཱཨེལ་པ་རྣམས་ཀྱིས་རང་གི་སེམས་ཅན་རྣམས་ཐང་སྟོང་ཁུལ་དུ་བསད་ནས་རྭ་ཡི་དབྱིབས་ཡོད་པའི་འདྲེ་སོགས་ལ་དམར་མཆོད་འབུལ་སྟེ། གཙོ་བོ་དཀོན་མཆོག་ལ་དད་ལོག་བྱས་མི་རུང་། ཨིསི་རཱཨེལ་མི་མང་རྣམས་ཀྱིས་མ་འོངས་པའི་དུས་ཀུན་ཏུ་བཀའ་ཁྲིམས་འདི་དག་སྲུང་དགོས་པ་ཡིན་ནོ། 8-9གཙོ་བོ་དཀོན་མཆོག་གི་དབུ་གུར་དམ་པའི་གཟིམ་སྒོར་མ་གཏོགས་གནས་གཞན་ཞིག་ཏུ་སྦྱིན་སྲེག་གི་མཆོད་པའམ་མཆོད་པ་གཞན་ཞིག་འབུལ་མཁན་ཨིསི་རཱཨེལ་པའམ་དེ་ཚོའི་ཁྲོད་དུ་གནས་སྡོད་བྱེད་མཁན་ཕྱི་རྒྱལ་བ་ཡིན་རུང་། དེ་དག་ནི་གཙོ་བོ་དཀོན་མཆོག་གི་མི་འབངས་སུ་རྩིས་བར་མི་འགྱུར་རོ། 10ཨིསི་རཱཨེལ་སུ་ཞིག་གམ་དེ་ཚོའི་མི་ཚོགས་ཀྱི་ཁྲོད་དུ་གནས་སྡོད་བྱེད་མཁན་ཕྱི་རྒྱལ་བ་ཞིག་གིས་ཁྲག་དང་འབྲེལ་བའི་ཤ་ཟ་བ་ཡིན་ན། གཙོ་བོ་དཀོན་མཆོག་དེ་དང་ཐུགས་འགལ་ཞིང་ཁོ་ལ་ཉིད་ཀྱི་མི་འབངས་སུ་རྩིས་བར་མི་མཛད་དོ། 11གསོན་པོའི་སྲོག་ཆགས་ཚང་མའི་སྲོག་ནི་ཁྲག་གི་ནང་ཡོད་པ་ཡིན་པས། དེ་རྐྱེན་གྱི་གཙོ་བོ་དཀོན་མཆོག་གིས་མི་མང་གི་སྡིག་པ་སེལ་བའི་ཆེད་དུ་མཆོད་ཁྲིའི་ཁར་ཁྲག་ཚང་མ་བླུགས་དགོས་ཅེས་བཀའ་གནང་བ་ཡིན། ཁྲག་ནི་སྲོག་དང་ལྡན་པ་ཡིན་པས་དེས་སྡིག་པ་སེལ་བར་འགྱུར། 12དེ་བས་ན་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་། ཁྱོད་ཚོ་དང་ཁྱོད་ཚོའི་ཁྲོད་དུ་གནས་སྡོད་བྱེད་མཁན་གྱི་ཕྱི་རྒྱལ་བ་ཚོས་ཁྲག་དང་འབྲེལ་བའི་ཤ་ཟ་མི་རུང་ཞེས་བཀའ་གནང་བ་ཡིན་ནོ། 13ཨིསི་རཱཨེལ་པའམ་སུ་ཞིག་གམ་དེ་ཚོའི་མི་ཚོགས་ཀྱི་ཁྲོད་དུ་གནས་སྡོད་བྱེད་པའི་ཕྱི་རྒྱལ་བ་ཞིག་གིས་སྲོལ་བཞིན་གཙང་མ་ཡིན་པའི་དུད་འགྲོའམ་བྱ་སོགས་ཁྱི་ར་རྒྱབ་པ་ཡིན་ན། དེའི་ཁྲག་ས་ཁར་བླུགས་ཏེ་སས་བཀབ་དགོས། 14སྲོག་ཆགས་ཚང་མའི་སྲོག་ནི་ཁྲག་གི་ནང་ཡོད་པ་ཡིན་པས། དེ་རྐྱེན་གྱི་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་ཁྲག་དང་འབྲེལ་བའི་ཤ་ཟ་མི་རུང་ཞེས་གསུངས་ཡོད་པ་དང་། གལ་ཏེ་སུ་ཞིག་གིས་དེ་ལྟར་ཟས་པ་ཡིན་ན། དེ་ལ་ཁོང་གིས་ཉིད་ཀྱི་མི་འབངས་སུ་རྩིས་བར་མི་མཛད་དོ། 15ཨིསི་རཱཨེལ་པའམ་ཕྱི་རྒྱལ་བ་སུ་ཞིག་གིས་རང་བཞིན་གྱི་ཤི་བའམ་གཅན་གཟན་སོགས་ཀྱིས་བསད་པའི་དུད་འགྲོའི་ཤ་ཟས་པ་ཡིན་ན། ཁོས་རང་གི་གོས་དང་གཟུགས་པོ་འཁྲུ་དགོས། དགོང་དྲོ་རང་ཉིད་དག་འབྱངས་མ་བྱས་བར་དུ་སྒུག་དགོས། 16དེ་བཞིན་མ་བྱས་པ་ཡིན་ན་དེའི་ཉེས་ལན་དེ་ཁོའི་ཐོག་ཏུ་འཕོག་ངེས་པ་ཡིན་ནོ༎

ལེ་ཝི 18

བྱེད་མི་ཆོག་པའི་ཆགས་པ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2ཁྱོད་ཀྱིས་ཨིསི་རཱཨེལ་པ་རྣམས་ལ་བཀའ་འདི་དག་སྨྲོས་ཤིག ང་ནི་དེ་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 3སྔར་ཁྱོད་ཚོ་གནས་སྡོད་བྱས་པའི་ཨི་ཇིབ་ཀྱི་མི་དམངས་དང་། ད་ལྟ་ངས་ཁྱོད་ཚོ་འཁྲིད་བཞིན་པའི་ཀ་ནན་ཡུལ་གྱི་མི་རྣམས་ཀྱི་ལམ་སྲོལ་གྱི་རྗེས་སུ་མ་འབྲངས་ཤིག 4ངའི་བཀའ་ཁྲིམས་སྲུང་སྟེ། ངས་བཀའ་བསྒོས་གང་བྱས་པ་རྣམས་རྩིས་སྲུང་བྱོས་ཤིག ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན་ནོ། 5ངས་སློབ་སྟོན་བྱེད་པའི་ལམ་བཟང་པོའི་རྗེས་སུ་འབྲངས་ཤིང་། ངའི་བཀའ་ཁྲིམས་རྣམས་སྲུང་དགོས། དེ་ལྟར་བྱས་པ་ཡིན་ན་ཁྱོད་ཚོ་རང་གི་སྲོག་སྐྱབས་པར་འགྱུར། ང་ནི་གཙོ་བོ་དཀོན་མཆོག་ཡིན། 6གཙོ་བོ་དཀོན་མཆོག་གིས་གཤམ་གསལ་བཀའ་ཁྲིམས་ཁག་གནང་བ། རང་གི་གཉེན་མཚན་སུ་ཞིག་དང་ཆགས་པ་མ་བྱེད་ཅིག 7རང་གི་མ་དང་ཆགས་པ་བྱེད་པའི་རྐྱེན་གྱིས་རང་གི་ཕ་ལ་ངོ་ཚ་དགོས་པ་མ་བཟོ་ཞིག དེ་བཞིན་རང་གི་མ་ལའང་ངོ་ཚ་དགོས་པ་མ་བཟོ་ཞིག 8རང་གི་ཕའི་ཆུང་མ་གཞན་དང་མཉམ་དུ་ཆགས་པ་བྱས་ཏེ་ཕའི་ཞབས་འདྲེན་ཞུ་མི་རུང་། 9རང་གི་སྲིང་མོའམ་ཕ་ཡར་ཡང་ན་མ་ཡར་ནས་སྐྱེས་པའི་སྲིང་མོ་ཞིག་དང་ཆགས་པ་བྱེད་མི་རུང་། སྲིང་མོ་དེ་ནི་ཁྱོད་དང་མཉམ་དུ་ཁྱིམ་ཚང་གཅིག་རང་ལ་འཚར་བ་ཡིན་མིན་ལ་ཁྱད་པར་མེད་དོ། 10རང་གི་ཚ་མོ་མཉམ་དུ་ཆགས་པ་སྤྱོད་མི་རུང་། དེ་ནི་རང་ཉིད་ངོ་ཚ་དགོས་པའི་རྒྱུ་ཞིག་ཡིན་ནོ། 11ཕ་ཡར་ཡང་ན་མ་ཡར་ནས་སྐྱེས་པའི་སྲིང་མོ་ཞིག་དང་ཆགས་པ་མ་སྤྱོད་ཅིག གང་ལ་ཟེར་ན། མོའང་རང་གི་སྲིང་མོ་ཡིན་པས་ཕྱིར་རོ། 12-13རང་གི་ཕའི་སྲིང་མོ་ཡང་ན་མའི་སྲིང་མོ་མཉམ་དུ་ཆགས་པ་སྤྱོད་མི་རུང་། མོ་ནི་ཁྱོད་ཀྱི་ཨ་ནི་ཡང་ན་སོ་མོ་ཡིན་ནོ། 14ཁྱོད་ཀྱི་ཨ་ཁུའི་ཆུང་མ་དང་ཆགས་པ་སྤྱོད་མི་རུང་། གང་ལ་ཟེར་ན། མོ་ནི་ཁྱོད་ཀྱི་ཨ་ནེ་ཡིན་ནོ། 15རང་གི་བུའི་མནའ་མ་ལ་ཆགས་པ་སྤྱོད་མི་རུང་། 16དེ་བཞིན་རང་གི་སྤུན་གྱི་ཆུང་མ་ལ་ཆགས་པ་མ་སྤྱོད་ཅིག 17ཁྱོད་ཀྱིས་ཆགས་པ་སྤྱོད་ཟིན་པའི་བུད་མེད་ཞིག་གི་བུ་མོའམ་ཚ་མོ་ཞིག་དང་མཉམ་དུ་ཆགས་པ་སྤྱོད་མི་རུང་། དེ་ཚོ་ནི་ཁྱོད་ཀྱི་གཉེན་མཚན་དུ་འགྲོ་བ་དང་། དེ་ལྟར་ཚུལ་མིན་གྱི་ལས་ཞིག་ཏུ་རྩིས་དགོས་པ་ཡིན་ནོ། 18རང་གི་སྐྱེས་དམན་གསོན་རིང་དུ་མོའི་སྲིང་མོ་ཞིག་རང་གི་ཆུང་མར་མ་བླངས་ཤིག 19ཟླ་མཚན་འཛག་བཞིན་པའི་བུད་མེད་གཅིག་དང་ཆགས་པ་མ་སྤྱོད་ཅིག གང་ཡིན་ཟེར་ན། མོ་ནི་སྲོལ་བཞིན་མི་གཙང་བ་ཡིན་པས་ཕྱིར་རོ། 20མི་གཞན་གྱི་སྐྱེས་དམན་དང་ཆགས་པ་མ་སྤྱོད་ཅིག དེ་ལྟར་བྱས་པ་ཡིན་ན་དེས་ཁྱོད་རང་སྲོལ་བཞིན་མི་གཙང་བར་འགྱུར་རྒྱུ་ཡིན་ནོ། 21ཁྱོད་ཀྱི་ཕྲུ་གུ་སུ་ཞིག་ལྷ་མོ་ལེག་ལ་མ་འབུལ་ཞིག གང་ལ་ཟེར་ན། དེ་ལྟར་བྱས་པའི་སྒོ་ནས་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་མཚན་སྨད་པར་བྱེད་རྒྱུ་ཡིན། 22སྐྱེས་པས་སྐྱེས་པར་ཆགས་པ་བྱེད་མི་རུང་། དེས་དཀོན་མཆོག་ཞེན་ལོག་སྡང་བར་འགྱུར། 23སྐྱེས་པའམ་བུད་མེད་གཅིག་གིས་དུད་འགྲོ་དང་ཆགས་པ་སྤྱོད་མི་རུང་། ལམ་སྲོལ་ལོག་པ་དེས་ཁོ་ཚོ་སྲོལ་བཞིན་མི་གཙང་བར་འགྱུར་རྒྱུ་ཡིན། 24དེ་ལྟ་བུའི་ལས་ངན་བྱས་ཏེ་རང་ལ་མི་གཙང་བར་མ་བཟོ་ཞིག གང་ལ་ཟེར་ན། ཁྱོད་ཚོ་མ་ཡོང་གོང་ནས་ཡུལ་དེར་གནས་པའི་ཕྱི་པ་ཚོས་ལས་ངན་དེ་ལྟར་བྱས་པའི་སྒོ་ནས་རང་ལ་མི་གཙང་བར་བཟོས་པ་ཡིན་ནོ། ད་གཙོ་བོ་དཀོན་མཆོག་གིས་ཕྱི་པ་དེ་ཚོ་ཡུལ་དེ་ནས་ཕྱིར་བཏོན་མཛད་བཞིན་ཡོད། གང་ལ་ཟེར་ན། ཁྱོད་ཚོ་ཡུལ་དེར་འགྲོ་ཐུབ་པར་མཛད་པས་ཕྱིར་རོ། 25དེ་ཚོའི་ལམ་སྲོལ་ངན་པའི་སྒོ་ནས་ཡུལ་དེ་མི་གཙང་བ་བཟོས་པ་ཡིན་པས། གཙོ་བོ་དཀོན་མཆོག་གིས་ཡུལ་དེ་ལ་ཆད་པ་གཏོང་བ་གནང་ཞིང་། ཡུལ་དེ་གནས་སྡོད་བྱེད་མཁན་མི་རྣམས་ལ་སྐྱུག་པར་འགྱུར། 26-27དེ་ཚོས་ལས་ངན་ཤ་སྟག་བྱས་པའི་རྐྱེན་གྱིས་ཡུལ་དེ་མི་གཙང་བ་བཟོས་པ་ཡིན་ནོ། འོན་ཀྱང་ཁྱོད་ཚོས་དེ་ལྟར་མ་བྱེད་ཅིག། ཁྱོད་ཚོ་ཨིསི་རཱཨེལ་པའམ། ཁྱོད་ཚོའི་ཁྲོད་དུ་སྡོད་མི་ཕྱི་རྒྱལ་བ་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་རྣམས་ངེས་པར་སྲུང་དགོས། 28དེ་ལྟར་བྱས་པ་ཡིན་ན། ཁྱོད་ཚོ་མ་ཡོང་གོང་དུ་ཡུལ་དེར་གནས་སྡོད་བྱེད་པའི་ཕྱི་པ་རྣམས་ཡུལ་དེས་ཕྱིར་འབུད་གཏོང་བ་ལྟར། ཁྱོད་ཚོ་ཡུལ་དེ་ནས་ཕྱིར་འབུད་གཏོང་མི་ཡོང་། 29ཁྱོད་ཚོས་ཤེས་གསལ་ལྟར། སུ་ཞིག་གིས་ལས་ངན་དེ་འདྲ་བྱས་པ་ཡིན་ན། དེ་ནི་དཀོན་མཆོག་གི་མི་འབངས་སུ་རྩིས་བར་མི་འགྱུར་རོ། 30གཙོ་བོ་དཀོན་མཆོག་གིས་གསུངས་པ། ངས་སྨྲས་པའི་བཀའ་ཁྲིམས་སྲུང་ཞིག ཁྱོད་ཚོ་མ་ཡོང་གོང་དུ་ཡུལ་དེར་གནས་སྡོད་བྱེད་པའི་མི་རྣམས་ཀྱི་ལམ་སྲོལ་ངན་པའི་རྗེས་སུ་མ་འབྲངས་ཤིག ཁྱོད་ཚོས་ལས་ངན་དེ་དག་བྱས་པའི་སྒོ་ནས་རང་ལ་མི་གཙང་བར་མ་བཟོ། ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན་ནོ༎

ལེ་ཝི 19

དམ་པ་དང་ཁྲིམས་གཅོད་དྲང་པོའི་ཁྲིམས་རྣམས།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2ཁྱོད་ཀྱིས་ཨིསི་རཱཨེལ་གྱི་མི་སྡེ་ཡོངས་ལ་བཀའ་འདི་ལྟར་སྨྲོས་ཤིག ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་དམ་པ་ཡིན་པས། ཁྱོད་ཚོའང་དམ་པ་ཡིན་དགོས། 3ཁྱོད་ཚོ་རེ་རེས་རང་གི་ཕ་མ་གཉིས་ལ་བརྩེ་གདུང་ཞུས་དགོས་པ་དང་། ངས་བཀའ་བསྒོས་པ་བཞིན་ངལ་གསོ་བའི་ཞག་དེ་སྲུང་དགོས། ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 4ང་ལ་སྤངས་ཏེ་སྐུ་འདྲར་མ་མཆོད་ཅིག། གསེར་དངུལ་ཟངས་ལྕགས་སོགས་ལས་བཟོས་པའི་སྐུ་འདྲ་ལ་མ་མཆོད་ཅིག ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 5ཁྱོད་ཚོས་མཐུན་འབྲེལ་གྱི་མཆོད་པའི་ཆེད་དུ་དུད་འགྲོ་བསད་སྐབས། ངའི་བཀའ་ཁྲིམས་རྣམས་སྲུང་བ་ཡིན་ན་ངས་མཆོད་པ་དེ་ཁས་ལེན་བྱེད་རྒྱུ་ཡིན། 6དུད་འགྲོ་བསད་པའི་ཉིན་མོའམ་དེའི་སང་ཞོག་བར་དུ་ཤ་དེ་ཟས་ཚར་དགོས། ཉིན་ཞག་གསུམ་བར་དུ་ལྷག་འཕྲོས་ལུས་པའི་ཤ་དེ་མེར་སྲེག་གཏོང་དགོས། 7གང་ལ་ཟེར་ན། དེ་ནི་སྲོལ་བཞིན་མི་གཙང་བ་ཡིན་པས། སུ་ཞིག་གིས་དེ་ཟ་བ་ཡིན་ན་ངས་མཆོད་པ་དེ་ཁས་ལེན་མི་བྱེད་དོ། 8དེ་བཞིན་ཤ་ཟ་མཁན་དེས་ང་ལ་བསྔོ་འབུལ་བྱས་པའི་མཆོད་རྫས་དེ་དག་མི་གཙང་བར་བཟོས་པའི་ཉེས་ཆད་དེ་ཁོ་ལ་འཕོག་པར་འགྱུར། ཁོ་ནི་ངའི་མི་འབངས་སུ་བརྩི་བར་མི་འགྱུར། 9ཁྱོད་ཚོས་རང་གི་ཞིང་ཁར་སྟོན་ཐོག་བརྔ་བར་འགྲོ་སྐབས། ཞིང་གི་ཟུར་དུ་ཡོད་པའི་སྟོན་ཐོག་མ་བརྔ་ཞིག དེ་བཞིན་རྔ་འཕྲོས་ལུས་པའི་སྟོན་ཐོག་བརྔ་བར་ཞིང་ཁར་ཡང་སྐྱར་མ་འགྲོ་ཞིག 10བསྡུས་རྒྱུ་ལུས་པའམ་ས་རུ་འཛག་པའིི་རྒུན་འབྲུམ་སྒྲུག་ཕྱིར་རྒུན་ཚལ་དུ་ཡང་སྐྱར་མ་འགྲོ་ཞིག དེ་ནི་དབུལ་པོ་དང་ཕྱི་རྒྱལ་བ་ཚོའི་དོན་དུ་བཞག་དགོས། ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 11ཁྱོད་ཚོས་བརྐུ་བའམ། གཞན་ལ་མགོ་བསྐོར་གཏོང་བའམ། རྫུན་གཏམ་སོགས་མ་ཤོད་ཅིག། 12ང་མཉམ་དུ་བཞག་པའི་དམ་བཅའ་དེ་ཆ་ཚང་ཁོས་བྱེད་འདོད་མེད་ན། ངའི་མིང་བརྗོད་དེ་མནའ་མ་སྐྱེལ་ཞིག དེ་མིན་ཁོས་ངའི་མིང་དེ་སྨད་པར་བྱེད་རྒྱུ་ཡིན། ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 13མི་གཞན་ནས་མཁེ་ཕན་ལེན་པའམ་སུ་ཞིག་ལ་འཕྲོག་བཅོམ་མ་བྱེད་ཅིག གླ་མི་ཞིག་ལ་གླ་ཆ་མ་སྤྲད་པར་མཚན་གཅིག་ཡང་མ་བཞག་ཅིག 14འོན་པ་ལ་སྨོན་ལོག་མ་འདེབས་ཤིག། དེ་བཞིན་ལོང་བའི་མདུན་དུ་འཁོན་བྱད་སོགས་མ་བཞག་ཅིག དེ་མིན་ཁོ་དེ་ལ་འཁོན་ནས་འགྱེལ་ཉེན་ཡོད། ངའི་བཀའ་ལ་ཉོན་ཤིག། ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 15ཁྲིམས་གཅོད་བྱེད་སྐབས་དྲང་པོ་བྱེད་དགོས། དབུལ་པོར་ཕྱོགས་ཞེན་བྱེད་པའམ། ཕྱུག་པོར་འཇིགས་སྣང་བྱེད་མི་ཉན། 16མི་གཞན་གྱི་སྐོར་ལ་རྫུན་གཏམ་མ་སྤེལ་ཞིག གལ་ཏེ་མི་ཞིག་ཁྲིམས་སར་ཐུག་སྟེ་ཁོའི་སྲོག་ཉེན་ཁའི་ནང་དུ་ཚུད་ཡོད་པ་དང་། ཁྱོད་ཀྱི་དཔང་པོའི་སྒོ་ནས་ཁོ་ལ་ཕན་ཐོག་བྱུང་ན། ཁོ་ལ་རྒྱབ་སྐྱོར་བྱེད་དེ་དཔང་པོ་བྱོས་ཤིག ང་ནི་གཙོ་བོ་དཀོན་མཆོག་ཡིན་ནོ། 17སུ་ཞིག་ལ་གཏིང་ནད་མ་བྱེད་ཅིག། འོན་ཀྱང་མི་མཐུན་པའི་རྒྱུ་རྣམས་སྒྲིག་ཐབས་བྱས་ཤིག དེ་ལྟར་བྱས་ན་ཁོའི་རྐྱེན་གྱིས་ཁྱོད་ཀྱིས་སྡིག་པ་བྱེད་མི་དགོས་སོ། 18སུ་ཞིག་ལ་དགྲ་ལེན་འཇལ་བའམ། རྒྱུན་དུ་སྡང་སེམས་མ་བྱེད་ཅིག། འོན་ཀྱང་རང་གི་ཁྱིམ་མཚེས་ལ་རང་དང་འདྲ་བར་བྱམས་སྐྱོང་བྱོས་ཤིག ང་ནི་གཙོ་བོ་དཀོན་མཆོག་ཡིན། 19ངའི་བཀའ་རྣམས་སྲུང་ཤིག། ནང་དུ་གསོས་པའི་དུད་འགྲོའི་རིགས་མ་གཅིག་པ་རྣམས་ཕན་ཚུན་མ་བསྲེས་ཤིག ཞིང་གཅིག་ལ་ས་བོན་མི་འདྲ་བ་གཉིས་མ་འདེབས་ཤིག དེ་བཞིན་མི་འདྲ་བའི་རྒྱུ་གཉིས་ལས་འཐག་པའི་གོས་མ་གྱོན་ཤིག 20གལ་ཏེ་སུ་ཞིག་གིས་བྲན་གཡོག་མ་ཞིག་རང་གི་ཟུར་གྲོགས་མར་བཞག་ཡོད་པ་དང་། མོའི་རིན་གོང་ཡང་སྤྲད་མེད་ཅིང་། མོ་ལ་རང་དབང་ཡང་སྤྲད་མེ་དོ། དེ་ལྟ་བུའི་གནས་སྟངས་སུ་མི་གཞན་དང་མོའི་ལུས་འབྲེལ་བྱད་པ་ཡིན་ན། དེ་ཚོར་ཉེས་ཆད་གཏོང་དགོས། འོན་ཀྱང་སྲོག་གི་ཉེས་ཆད་འཁྱེར་མི་དགོས། གང་ཡིན་ཟེར་ན། མོ་ནི་དེའི་བྲན་གཡོག་ཡིན་པས་ཕྱིར་རོ། 21མི་དེས་ང་གནས་པའི་དབུ་གུར་དམ་པའི་སྒོ་ཡོད་སར་ཕོ་ལུག་གཅིག་ཉེས་པ་སེལ་བའི་མཆོད་པའི་ཚུལ་དུ་འཁྲིད་ཡོང་དགོས། 22བླ་མས་དུད་འགྲོ་དེ་བླངས་ནས་མི་དེའི་སྡིག་པ་སེལ་ཕྱིར་དག་འབྱངས་ཀྱི་མཆོད་པ་འབུལ་དགོས། དེ་རྗེས་དཀོན་མཆོག་གིས་མི་དེ་ལ་ཐུགས་བཟོད་གནང་བར་འགྱུར། 23ཁྱོད་ཚོ་ཀ་ནན་ཡུལ་དུ་སླེབས་ནས། ཤིང་འབྲས་མི་འདྲ་བ་སོགས་བཏབ་པ་ཡིན་ན། ཐོག་མའི་ལོ་གསུམ་བར་དུ་ཤིང་འབྲས་དེ་དག་སྲོལ་བཞིན་མི་གཙང་བར་བརྩིས་ཏེ། དུས་ཡུན་དེའི་རིང་ལ་ཤིང་འབྲས་དེ་དག་ཟ་མི་ཉན། 24ལོ་བཞི་པར་གཙོ་བོ་དཀོན་མཆོག་ང་ལ་ཐུགས་རྗེ་ལེགས་འབུལ་ཞུ་ཕྱིར་ཁྱོད་ཚོས་ཤིང་འབྲས་ཚང་མ་ང་ལ་བསྔོ་འབུལ་བྱེད་དགོས། 25འོན་ཀྱང་ལོ་ལྔ་པར་ཁྱོད་ཚོས་ཤིང་འབྲས་དེ་དག་ཟ་ཆོག ཁྱོད་ཚོས་གོང་གསལ་བཀའ་ཁྲིམས་དེ་དག་སྲུང་བ་ཡིན་ན་ཤིང་འབྲས་ཀྱང་གང་མང་འཕེལ་བར་འགྱུར། ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 26ཁྲག་འབྲེལ་བའི་ཤ་ཟ་མི་ཆོག། མིག་འཕྲུལ་མཁན་དང་ངན་སྔགས་སོགས་ལ་མ་རྟེན་ཞིག 27མགོའི་ཟུར་གཉིས་ཀྱི་སྐྲ་བཅད་པའམ་ཨ་རའི་རྩེ་རྣམས་མ་བཏུབས་ཤིག 28རང་གི་གཟུགས་པོ་བཅད་པའམ་ཡང་ན་རི་མོ་སོགས་བྲིས་ཏེ་གཤིན་པོའི་དོན་དུ་མྱ་ངན་མ་བྱེད་ཅིག ང་ནི་གཙོ་བོ་དཀོན་མཆོག་ཡིན། 29རང་གི་བུ་མོ་རྣམས་ལྷ་ཁང་གི་ སྨད་ཚོང་མ་བཟོས་ཏེ་དེ་དག་ངོ་ཚ་དགོས་པ་མ་བཟོ་ཞིག དེ་ལྟར་བྱེད་པ་ཡིན་ན། ཁྱོད་ཚོ་ལྷ་རྟེན་གཞན་གྱི་ཕྱོགས་སུ་བློ་བསྒྱུར་ཏེ། ཡུལ་དེ་ཚུལ་མིན་ལམ་སྲོལ་ངན་པས་གང་བར་འགྱུར། 30ངལ་གསོ་བའི་ཞག་སྲུང་བ་དང་། ང་ལ་མཆོད་འབུལ་བྱེད་སའི་གནས་དེ་ལ་གུས་བརྩི་བྱོས་ཤིག ང་ནི་གཙི་བོ་དཀོན་མཆོག་ཡིན། 31གཤིན་པོའི་གླ་བཀུག་ནས་གཏོར་བཅོས་བྱེད་མཁན་སྔགས་པ་རྣམས་ཀྱི་རྩར་གྲོས་འཆར་ལེན་པར་མ་སོང་ཞིག དེ་ལྟར་བྱེད་པ་ཡིན་ན། ཁྱོད་ཚོ་སྲོལ་བཞིན་མི་གཙང་བར་འགྱུར་རྒྱུ་ཡིན། ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 32ལོ་རྒན་པ་རྣམས་ལ་གུས་ཞབས་དང་བཀུར་སྟི་བྱོས་ཤིག ང་ལའང་འཇིགས་པའི་ངང་ནས་ངའི་བཀའ་ལ་ཉོན་ཤིག ང་ནི་གཙོ་བོ་དཀོན་མཆོག་ཡིན། 33རང་གི་ཡུལ་དུ་གནས་པའི་ཕྱི་རྒྱལ་བ་རྣམས་ལ་སྤྱོད་ངན་མ་སྟོན་ཞིག 34རང་རིགས་གཅིག་པ་ཨིསི་རཱཨེལ་པ་རྣམས་ལ་འབྲེལ་ལམ་བཟང་པོ་བསྟན་པ་བཞིན་དེ་དག་ལའང་དེ་བཞིན་བྱེད་དེ། རང་དང་འདྲ་བར་གཅེས་སྐྱོང་བྱོས་ཤིག། ཁྱོད་ཚོའང་ཨི་ཇིབ་དུ་ཕྱི་མི་ལྟར་གནས་པ་དེ་དྲན་གསོ་བྱོས་ཤིག ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 35ཐིག་ཤིང་དང་། ཉག་རྡོ་དང་། འབོ་རྫུན་མ་སོགས་བེད་སྤྱོད་བཏང་ནས་མི་གཞན་ལ་མགོ་བསྐོར་མ་བཏོང་ཞིག 36གནས་ཚད་ལྡན་པའི་ཐིག་ཤིང་དང་། ཉག་རྡོ་དང་། འབོ་དྲང་པོར་བེད་སྤྱོད་བྱེད་དགོས། ཁྱོད་ཚོ་ཨི་ཇིབ་ནས་བཏོན་མཁན་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ང་ཡིན། 37ངའི་བཀའ་ཁྲིམས་ཚང་མ་སྲུང་ཞིག། ང་ནི་གཙོ་བོ་དཀོན་མཆོག་ཡིན་ནོ༎

ལེ་ཝི 20

བཀའ་མ་སྲུང་མཁན་རྣམས་ལ་ཆད་པ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། 2ཁྱོད་ཀྱིས་ཨིསི་རཱཨེལ་རྣམས་ལ་བཀའ་འདི་ལྟར་སྨྲོས་ཤིག ཁྱོད་ཚོའམ་ཁྱོད་ཚོའི་ཁྲོད་དུ་གནས་པའི་ཕྱི་རྒྱལ་བ་སུ་ཞིག་གིས་རང་གི་བུ་ཕྲུག་རྣམས་ལྷ་མོ་ལེག་ལ་མཆོད་འབུལ་བྱེད་ཕྱིར་སྤྲད་པ་ཡིན་ན། ཁོ་ལ་ཨིསི་རཱཨེལ་མི་མང་ཚང་མས་རྡོ་རུབ་རྒྱབ་ནས་གསོད་དགོས། 3གལ་ཏེ་སུ་ཞིག་གིས་རང་གི་ཕྲུ་གུ་མོ་ལེག་ལ་མཆོད་འབུལ་བྱས་ཏེ་ངའི་དབུ་གུར་དམ་པ་དེ་མི་གཙང་བར་བྱས་པ་དང་། མ་ཟད་ངའི་མིང་དམ་པ་དེ་སྨད་པར་བྱེད་པ་ཡིན་ན། ངས་ཁོ་ལ་རྒྱབ་འགལ་བྱེད་རྒྱུ་ཡིན། ཁོ་ངའི་མི་འབངས་སུ་བརྩི་བར་མི་འགྱུར་རོ། 4མི་མང་ཚང་མས་ཁོའི་ལས་ངན་དེ་ལ་དོ་སྣང་མ་བྱེད་པར་ཁོ་ལ་ཉེས་པ་སྲོག་ཐོག་ཏུ་མ་བཏང་བ་ཡིན་ན། 5ང་ལ་དད་ལོག་སྐྱེད་དེ་མོ་ལེག་ལ་མཆོད་ཕྱིར་ཁོ་དང་ལག་འབྲེལ་བྱེད་མཁན་ཚང་མ་དང་། ཁོ་དང་ཁོའི་ནང་མི་བཅས་པར་ངས་རྒོལ་བར་བྱེད་རྒྱུ་ཡིན། མ་ཟད་དེ་ཚོ་ལ་ངའི་མི་འབངས་སུ་བརྩི་བར་མི་འགྱུར་རོ། 6གཤིན་པོའི་གླ་བཀུག་སྟེ་གཏོར་བཅོམ་བྱེད་མཁན་སྔགས་པ་རྟེན་མཁན་རྣམས་ལ་ངས་རྒྱབ་འགལ་བྱེད་རྒྱུ་ཡིན། དེ་ཚོ་ངའི་མི་འབངས་སུ་བརྩི་བར་མི་འགྱུར་རོ། 7ཁྱོད་ཚོ་རང་ཉིད་ལ་དམ་པར་ཞོག་ཅིག། གང་ལ་ཟེར་ན། ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 8ངའི་བཀའ་ཁྲིམས་རྣམས་སྲུང་ཞིག། གང་ལ་ཟེར་ན། ང་ནི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན་པས་ངས་ཁྱོད་ཚོ་དམ་པར་བཟོ་རྒྱུ་ཡིན། 9གཙོ་བོ་དཀོན་མཆོག་གིས་གཤམ་གསལ་བཀའ་ཁྲིམས་རྣམས་གནང་ངོ་། སུ་ཞིག་གིས་རང་གི་ཕའམ་མ་ལ་སྨོད་པའམ་སྨོན་ལོག་འདེབས་པ་ཡིན་ན་དེ་ནི་ངེས་པར་བསད་དགོས། ཁོའི་སྲོག་གི་ཉེས་ལན་དེ་ཁོ་རང་གི་ཐོག་ཏུ་འཕོག་རྒྱུ་ཡིན། 10མི་སུ་ཞིག་གིས་རང་རིགས་གཅིག་པ་ཨིསི་རཱཨེལ་པ་ཞིག་གི་ཆུང་མར་ལོག་གཡེམ་བྱས་པ་ཡིན་ན། མི་དེ་དང་བུད་མེད་གཉིས་ཀ་བསད་དགོས། 11རང་གི་ཕ་ཡི་སྐྱེ་དམན་ཞིག་དང་ཆགས་པ་སྤྱོད་མཁན་དེས་རང་གི་ཕ་ལ་དམའ་འབེབས་བྱས་པ་ཡིན་པས། མི་དེ་དང་བུད་མེད་གཉིས་ཀ་བསད་དགོས། ཁོ་ཚོའི་སྲོག་གི་ཉེས་ལན་དེ་ཁོ་ཚོ་རང་ཉིད་ཀྱི་ཐོག་ཏུ་འཕོག་རྒྱུ་ཡིན་ནོ། 12དེ་བཞིན་མི་ཞིག་གིས་རང་གི་བུའི་ཆུང་མ་ལ་ཆགས་པ་སྤྱོད་པ་ཡིན་ན། མི་དེ་དང་བུད་མེད་གཉིས་ཀ་བསད་དགོས་པ་དང་དེ་ཚོས་གཉེན་ཚན་དང་ཚུལ་མིན་གྱི་ལས་གྱིས་ཡོད་པས། དེ་ཚོའི་སྲོག་གི་ཉེས་ལན་དེ་ཁོ་ཚོ་རང་གི་ཐོག་ཏུ་འཕོག་པར་འགྱུར། 13གལ་ཏེ་སྐྱེས་པས་སྐྱེས་པ་ཞིག་ལ་ཆགས་པ་སྤྱོད་པ་ཡིན་ན། དེ་ནི་ངོ་ཚ་ཁྲེལ་མེད་ཀྱི་ལས་ངན་ཞིག་ཡིན་པས་དེ་ཚོ་གཉིས་ཀ་བསད་དགོས། དེ་ཚོའི་སྲོག་གི་ཉེས་ལན་དེ་ཁོ་ཚོ་རང་གི་ཐོག་ཏུ་ཕོག་རྒྱུ་ཡིན། 14མི་སུ་ཞིག་གིས་ཨ་མ་དང་བུ་མོ་གཉིས་ཀར་རང་གི་ཆུང་མར་བཞག་པ་ཡིན་ན། དེ་ཚོས་ངོ་ཚ་ཁྲེལ་མེད་ཀྱི་ལས་ངན་ཞིག་བྱས་པ་ཡིན་པས། དེ་ཚོ་གསུམ་ཆ་མེར་སྲེག་བཏང་ནས་བསད་དགོས། ཁྱོད་ཚོའི་ཁྲོད་དུ་དེ་ལྟ་བུའི་ལས་ངན་ཞིག་ཡོད་མི་རུང་ངོ་། 15མི་སུ་ཞིག་གིས་དུད་འགྲོ་དང་ཆགས་པ་སྤྱོད་པ་ཡིན་ན། མི་དང་དུད་འགྲ་གཉིས་ཀ་བསད་དགོས། 16བུད་མེད་ཞིག་གིས་དུད་འགྲོ་དང་ཆགས་པ་སྤྱོད་ཐབས་བྱེད་པ་ཡིན་ན། བུད་མེད་དེ་དང་དུད་འགྲོ་གཉིས་ཀ་བསད་དགོས། དེ་ཚོའི་སྲོག་གི་ཉེས་ལན་དེ་ཁོ་ཚོ་རང་གི་ཐོག་ཏུ་འཕོག་པར་འགྱུར། 17མི་སུ་ཞིག་གིས་རང་གི་སྲིང་མོའམ་ཕ་ཡར་ཡང་ན་མ་ཡར་ནས་སྐྱེས་པའི་སྲིང་མོ་ཞིག་དང་ཆང་ས་རྒྱབ་པ་ཡིན་ན། དེ་ཚོར་མི་ཚང་མའི་མདུན་དུ་ངོ་ཚ་དགོས་པ་བཟོས་ནས། མི་སྡེའི་ཁྲོད་ནས་ཕྱིར་ཕུད་བྱེད་དགོས། ཁོས་རང་གི་སྲིང་མོ་དང་ཆགས་པ་སྤྱོད་པ་ཡིན་པས་དེའི་ཉེས་ལན་དུ་དེ་འཁུར་དགོས། 18མི་སུ་ཞིག་གིས་ཟླ་མཚན་བབས་བཞིན་པའི་བུད་མེད་ཞིག་དང་ཆགས་པ་སྤྱོད་པ་ཡིན་ན། དེ་གཉིས་མི་མང་གི་ཁྲོད་ནས་ཕྱིར་བཏོན་བྱེད་དགོས། གང་ལ་ཟེར་ན། དེ་ཚོས་དག་འབྱངས་བྱེད་ཆོག་སྐོར་གྱི་ཆོས་ཁྲིམས་དང་འགལ་བས་ཕྱིར་རོ། 19མི་སུ་ཞིག་གིས་རང་གི་ཕའམ་མ་ཡི་སྲིང་མོ་ཞིག་དང་ཆགས་པ་སྤྱོད་པ་ཡིན་ན། གཉེན་ཚན་དང་ཚུལ་མིན་གྱི་ལས་གྱིས་པའི་ཉེས་མིག་དེ་ཁོ་ཚོས་འཁྱེར་དགོས། 20མི་ཞིག་གིས་རང་གི་ཨ་ཁུའི་ཆུང་མའམ་ཨ་ཞང་གི་ཆུང་མ་དང་ཆགས་པ་སྤྱོད་པ་ཡིན་ན། ཁོས་དེ་ཚོར་དམའ་འབེབས་བྱས་པ་ཡིན་པས། མི་དེ་དང་བུད་མེད་གཉིས་ཀས་དེའི་ཉེས་མིག་འཁྱེར་དགོས་པ་ཡིན། དེ་ཚོ་གཉིས་ཀ་རབས་ཆད་དུ་འགྱུར་རྒྱུ་ཡིན་ནོ། 21གལ་ཏེ་མི་ཞིག་གིས་རང་གི་སྤུན་གྱི་ཆུང་མ་དང་གཉེན་འབྲེལ་བྱས་པ་ཡིན་ན། དེ་གཉིས་ཀ་མ་ཤི་བར་དུ་རབས་ཆད་ཀྱི་གནས་སྟངས་སུ་གནས་དགོས། ཁོས་སྲོལ་བཞིན་མི་གཙང་བའི་ལས་ངན་ཞིག་བྱས་ཏེ། རང་གི་སྤུན་ལ་དམའ་འབེབས་བྱེད་པ་ཡིན་ནོ། 22གཙོ་བོ་དཀོན་མཆོག་གིས་གསུངས་པ། ངའི་བཀའ་ཁྲིམས་ཚང་མ་སྲུང་ཞིག། དེ་ལྟར་བྱས་པ་ཡིན་ན། ངས་ཁྱོད་ཚོ་འཁྲིད་བཞིན་པའི་ཡུལ་ཀ་ནན་གྱི་ཁྱོད་ཚོར་ཕྱིར་འབུད་གཏོང་བར་མི་འགྱུར། 23ཡུལ་དེར་གནས་པའི་མི་ཚོའི་ལམ་སྲོལ་རྣམས་ཁྱོད་ཚོས་མ་བླངས་ཤིག ཁྱོད་ཚོ་ཡུལ་དེར་འགྲོ་ཐུབ་པར་བྱེད་པའི་ཕྱིར། དེར་ཡོད་པའི་ཕྱི་པ་རྣམས་ཕྱིར་བཏོན་རྒྱུ་ཡིན། ཁོ་ཚོའི་ལམ་སྲོལ་ངན་པ་རྣམས་ལ་ངས་ཞེན་ལོག་བྱེད་ཀྱི་ཡོད། 24འོན་ཀྱང་ངས་ཕྱུག་པོ་དང་ས་ལུད་འཛོམས་པོའི་ཡུལ་དེ་ཁྱོད་ཚོའི་བདག་དབང་དུ་སྤྲོད་རྒྱུའི་སྔར་དམ་བཅའ་བྱས་པ་བཞིན་ཡུལ་དེ་ད་ལྟ་ཁྱོད་ཚོར་སྤྲོད་བཞིན་པ་ཡིན། ང་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན་པས། ངས་ཁྱོད་ཚོའི་མི་རིགས་གཞན་གྱི་དཀྱིལ་ནས་དབྱེ་སྟེ་ལོགས་སུ་བཞག་ཡོད། 25དེ་བས་ན་ཁྱོད་ཚོས་དུད་འགྲོ་དང་འདབ་ཆགས་རྣམས་སྲོལ་བཞིན་གཙང་མ་ཡིན་མིན་གྱི་དབྱེ་བ་ཡག་པོ་བྱེད་དགོས། མི་གཙང་བའི་དུད་འགྲོའམ་འདབ་ཆགས་སོགས་ཟ་མི་རུང་། ངས་དེ་དག་མི་གཙང་བའི་ཁོངས་སུ་རྩིས་ཡོད་པ་ཡིན་པས། དེ་དག་ཟ་བ་ཡིན་ན་ཁྱོད་ཚོ་མི་གཙང་བར་འགྱུར་རྒྱུ་ཡིན། 26ཁྱོད་ཚོ་དམ་པ་ཡིན་དགོས། ང་རང་གཅིག་པོའི་ཁོངས་སུ་གཏོགས་པའི་ཕྱིར་ངས་ཁྱོད་ཚོ་མི་རིགས་གཞན་གྱི་དཀྱིལ་ནས་བཏོན་ཏེ་ལོགས་སུ་དབྱེ་བ་བྱས་ཡོད་དོ། 27སྐྱེས་པའམ་བུད་མེད་ཞིག་གིས་གཤིན་པོའི་གླ་བཀུག་སྟེ་དེ་དག་ལ་གཏམ་བྱེད་པ་ཡིན་ན། དེ་ཚོར་རྡོ་རུབ་བཏང་ནས་བསད་དགོས། དེ་ཚོའི་སྲོག་གི་འགན་ནི་དེ་ཚོ་རང་ཐོག་ཏུ་འཕོག་པར་འགྱུར༎

ལེ་ཝི 21

བླ་མ་རྣམས་དམ་པར་གནས་དགོས་པ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཨ་རོན་རིགས་བརྒྱུད་ཀྱི་བླ་མ་རྣམས་ལ་སྨྲོས་ཤིག བླ་མ་ཚོས་རང་གི་གཉེན་མཚན་རྣམས་ཤི་སྐབས་དེ་ཚོའི་རོ་ལ་ཆང་ནས་རང་ཉིད་ལ་མི་གཙང་བར་བཟོ་མི་ཉན། 2རང་གི་ཕའམ་མ། བུ་དང་བུ་མོ། ཨ་ཇོ་འམ་སྤུན་ཆུང་བ། 3དེ་བཞིན་རང་གི་ནང་དུ་ཡོད་པའི་ཆང་ས་མ་རྒྱབ་པའི་སྲིང་མོ་ཆེ་བའམ་ཆུང་བ་སོགས་ཤི་བའི་སྐབས་སུ་མ་གཏོགས་དེ་ཚོའི་རོ་ལ་ཆང་ནས་ཁོས་རང་ཉིད་ལ་མི་གཙང་བར་བཟོས་མི་ཆོག 4རང་གི་ཆུང་མའི་ཕྱོགས་ཀྱི་གཉེན་མཚན་སོགས་ཤི་སྐབས་ཁོས་རང་ཉིད་ལ་མི་གཙང་བར་བྱེད་མི་རུང་། 5བླ་མ་ཚོས་རང་ཉིད་མྱ་ངན་བྱེད་ཚུལ་དུ་རང་གི་སྐྲ་གཞར་བའམ་ཨ་ར་ཐུང་ཐུང་གཅོད་པའམ་གཟུགས་པོ་སོགས་བཏུབས་མི་རུང་། 6ཁོ་ནི་དམ་པ་ཡིན་དགོས་པ་དང་། ཁོས་ངའི་མིང་དེ་སྨད་པར་བྱེད་མི་ཉན། ཁོས་ང་ལ་ཞལ་ཟས་ཀྱི་མཆོད་པ་འབུལ་གྱི་ཡོད་པ་ཡིན་པས། ཁོ་ནི་དམ་པ་ཡིན་དགོས་སོ། 7ཁོས་སྨད་ཚོང་མའམ་ཁྱོ་དང་ལུས་འབྲེལ་བྱས་ཟིན་པའི་བུད་མེད་དམ། དེ་བཞིན་ཁྱོ་སྤངས་པའི་བུད་མེད་ཞིག་དང་ཆང་ས་རྒྱབ་མི་ཉན། ཁོ་ནི་དམ་པ་ཡིན། 8མི་མང་གིས་བླ་མ་ལ་དམ་པར་རྩིས་དགོས། གང་ལ་ཟེར་ན། ཁོས་ང་ལ་ཁ་ཟས་ཀྱི་མཆོད་པ་འབུལ་གྱི་ཡོད་དོ། ང་ནི་གཙོ་བོ་དཀོན་མཆོག་ཡིན། ང་དམ་པ་ཡིན་པས་ངའི་མི་འབངས་རྣམས་ལ་དམ་པ་བཟོ་རྒྱུ་ཡིན། 9གལ་ཏེ་བླ་མའི་བུ་མོ་ཞིག་སྨད་ཚོང་མར་འགྱུར་བ་ཡིན་ན། མོས་རང་གི་ཕ་ལ་དམའ་འབེབས་བྱས་པ་ཡིན་པས། མོ་ནི་མེར་སྲེག་བཏང་ནས་བསད་དགོས། 10བླ་མ་ཆེན་པོའི་མགོ་ལ་བསྔོ་འབུལ་གྱི་སྣུམ་བྱུགས་ཏེ་བླ་མའི་ཆོས་གོས་སྐོན་ནས་བསྔོ་འབུལ་བྱས་ཟིན་པ་ཡིན་པས། རང་ཉིད་མྱ་ངན་ནང་ཡོད་ཚུལ་དུ་རང་གི་སྐྲ་མ་ཤད་པར་བསྡད་པའམ་རང་གི་གོས་ཧྲལ་བ་སོགས་བྱེད་མི་ཉན། 11-12ཁོ་ནི་ངའི་མིང་གི་ངང་བསྔོ་འབུལ་བྱས་ཟིན་པ་ཞིག་ཡིན་པས། སྲོལ་བཞིན་རང་ཉིད་མི་གཙང་བར་བཟོ་མི་རུང་། ཁོ་ནི་ངའི་དབུ་གུར་དམ་པ་ནས་འཐོན་ཏེ། ཕུང་པོ་བཞག་ཡོད་པའི་ནང་ཞིག་ཏུ་འཛུལ་ནས་ངའི་དབུ་གུར་དམ་པ་དེ་མི་གཙང་བར་བཟོ་མི་རུང་། དེ་ནི་རང་གི་ཕ་མའི་ཕུང་པོ་ཡིན་ནའང་ངའི་གུར་མཆོག་དམ་པ་ནས་འཐོན་ཏེ་དེར་ཐད་ཀར་འགྲོ་མི་ཉན། 13ཁོས་བུ་མོ་ན་ཆུང་མ་ཞིག་དང་ཆང་ས་རྒྱབ་དགོས་པ་ལས། 14ཡུགས་མོའམ་ཁྱོ་དང་བྲལ་བའི་བུད་མེད་དང་སྨད་ཚོང་མ་དང་ཆང་ས་རྒྱབ་མི་ཉན། ཁོས་རང་རིགས་གཅིག་པའི་བུ་མོ་ཞིག་ལ་ཆང་ས་བརྒྱབ་ཐུབ། 15བླ་མའི་བུ་ཕྲུག་རྣམས་དམ་པ་ཡིན་དགོས། ཡིན་ནའང་གོང་གསལ་ཁྲིམས་དང་འགལ་བ་ཡིན་ན་དེ་དག་སྲོལ་བཞིན་མི་གཙང་བར་འགྱུར་རྒྱུ་ཡིན། ང་ནི་གཙོ་བོ་དཀོན་མཆོག་ཡིན། ངས་ཁོ་ལ་བླ་མ་ཆེན་པོར་བཀོད་དེ་ལོགས་སུ་དབྱེ་བ་ཡིན་ནོ། 16གཙོ་བོ་དཀོན་མཆོག་གིས་ཨ་རོན་ལ་འདི་ལྟར་སྨྲོས་ཤིག་ཅེས་མོ་ཤེ་ལ་བཀའ་གནང་བ། 17ཁྱོད་ཀྱི་མི་བརྒྱུད་ལས་གཟུགས་པོར་སྐྱོན་ཡོད་པ་ཞིག་གིས་ང་ལ་ཞལ་ཟས་ཀྱི་མཅོད་འབུལ་བྱེད་མི་ཆོག བཀའ་ཁྲིམས་དེ་ནི་མ་འོངས་པར་དུས་ཀུན་ཏུ་སྲུང་དགོས། 18ལོང་བ་དང་རྐང་ཀྱོག་དང་བྱད་གཟུགས་མདོག་ཉེས་པོ་དང་ཡན་ལག་སྐྱོན་ཤོར་པ་དང་། དེ་བཞིན་ལུས་ལ་སྐྱོན་ཡོད་པ་ཞིག་གིས་མཆོད་པ་བྱེད་མི་ཆོག 19རྐང་ལག་སྐྱོན་ཅན་དང་། 20སྟོད་སྒུར་བའི་མིའམ། མིའུ་ཐུང་ཐུང་དང་། དེ་བཞིན་མིག་ནད་དང་པགས་ནད་ཅན་དང་། ཉུག་རུམ་པ་སོགས་ཀྱིས་མཆོད་འབུལ་བྱེད་མི་ཉན། 21བླ་མ་ཨ་རོན་གྱི་རིགས་བརྒྱུད་ལས་གཟུགས་པོར་སྐྱོན་ཡོད་པ་ཞིག་གིས་ང་ལ་ཞལ་ཟས་ཀྱི་མཆོད་པ་འབུལ་མི་རུང་། 22དེ་ལྟ་བུའི་མི་ང་ལ་ཕུལ་བའི་ཁ་ཟས་ཀྱི་མཆོད་པ་དམ་པ་དང་ཤིན་ཏུ་དམ་པའི་མཆོད་པ་གཉིས་ཀ་ལས་ཟ་ཆོག་པ་ཡིན། 23འོན་ཀྱང་གཟུགས་པོར་སྐྱོན་ཡོད་པའི་རྐྱེན་གྱིས་ཁོ་ནི་ཡོལ་བ་དམ་པ་དང་མཆོད་ཁྲིའི་དྲུང་དུ་བཅར་མི་ཆོག ཁོས་དངོས་པོ་དམ་པ་འདི་ཚོར་མི་གཙང་བར་བྱེད་མི་རུང་། གང་ལ་ཟེར་ན། དངོས་པོ་དེ་ཚོར་དམ་པར་བཟོ་མཁན་ང་གཙོ་བོ་དཀོན་མཆོག་ཡིན། 24གཏམ་འདི་ཚོ་མོ་ཤེས་ཨ་རོན་དང་ཁོའི་བུ་རྣམས་དང་ཨིསི་རཱཨེལ་པ་ཡོངས་ལ་དེ་ལྟར་སྨྲས་པ་ཡིན་ནོ༎

ལེ་ཝི 22

འབུལ་བ་དམ་པ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2ཨ་རོན་དང་ཁོའི་བུ་རྣམས་ལ་སྨྲོས་ཤིག། ཁྱོད་ཚོས་ངའི་མིང་དམ་པ་དེ་དམའ་བར་བྱེད་མི་རུང་། དེ་བས་ན་ཨིསི་རཱཨེལ་པ་ཚོས་ང་ལ་བསྔོ་འབུལ་བྱས་པའི་འབུལ་བ་དམ་པ་རྣམས་ལ་གུས་བརྩི་བྱེད་དགོས། ང་ནི་གཙོ་བོ་དཀོན་མཆོག་ཡིན། 3ཁྱོད་ཀྱི་རིགས་བརྒྱུད་སུ་ཞིག་རང་ཉིད་སྲོལ་བཞིན་མི་གཙང་བར་གནས་སྐབས། ཨིསི་རཱཨེལ་པ་ཚོས་ང་ལ་བསྔོ་འབུལ་བྱས་པའི་འབུལ་བ་དམ་པའི་ཉེ་འགྲམ་དུ་ཡོང་བ་ཡིན་ན། ཁོས་སླར་ཡང་མཆོད་ཁྲིར་ཞབས་ཏོག་ཞུ་མི་ཆོག ཁྲིམས་འདི་ནི་མ་འོངས་བར་དུ་དུས་རྒྱུན་དུ་སྲུང་དགོས། ང་ནི་གཙོ་བོ་དཀོན་མཆོག་ཡིན། 4ཨ་རོན་རིགས་བརྒྱུད་ཀྱི་བླ་མ་སུ་ཞིག་ལ་པགས་ནད་དྲག་པོ་དང་གྲང་གཞིའི་ནད་ཕོག་ཡོད་པ་ཡིན་ན། ཁོ་སྲོལ་བཞིན་གཙང་བར་མ་འགྱུར་བའི་བར་དུ་འབུལ་བ་དམ་པ་ལས་ཟ་མི་ཆོག ཕུང་པོར་རེག་ནས་མི་གཙང་བར་འགྱུར་ཡོད་པའི་དངོས་རིགས་གང་ཞིག་ལ་བླ་མས་འཆང་བའམ། ཁོ་ལ་ཐིག་ལེ་འཛག་པའི་ནད་གཞི་ཡོད་པ་ཡིན་ན། ཁོ་ནི་མི་གཙང་བར་བརྩི་་དགོས། 5ཁོས་དུད་འགྲོ་མི་གཙང་བའམ་སྐྱེ་བོ་མི་གཙང་བ་ཞིག་ལ་འཆང་བ་ཡིན་ནའང་། ཁོ་ནི་མི་གཙང་བར་བརྩི་དགོས། 6བླ་མ་ཞིག་མི་གཙང་བར་འགྱུར་བ་ཡིན་ན། དེ་ནི་དགོང་དྲོ་བར་དུ་མི་གཙང་བར་གནས་དགོས་རྒྱུ་དང་། དེ་རྗེས་འཁྲུད་མ་རྒྱབ་པའི་བར་དུ་ཁོས་འབུལ་བ་དམ་པ་དེ་ལས་ཟ་མི་ཆོག 7དགོང་དྲོ་ཉི་མ་ནུབ་པའི་རྗེས་སུ་ཁོ་གཙང་བར་འགྱུར་རྒྱུ་ཡིན། དེ་རྗེས་ཁོས་འབུལ་བ་དམ་པ་དེ་ཟ་ཆོག། གང་ལ་ཟེར་ན། དེ་ནི་ཁོའི་ཐོབ་སྐལ་གྱི་ཁ་ཟས་ཡིན་པའི་ཕྱིར་རོ། 8བླ་མས་རང་བཞིན་གྱི་ཤི་བའམ་གཅན་གཟན་སོགས་ཀྱི་བསད་པའི་དུད་འགྲོའི་ཤ་ཟ་མི་ཉན། གང་ལ་ཟེར་ན། དེས་ཁོ་རང་མི་གཙང་བར་བཟོ་རྒྱུ་ཡིན། ང་ནི་གཙོ་བོ་དཀོན་མཆོག་ཡིན། 9ངས་སྤྲད་པའི་བཀའ་ཁྲིམས་རྣམས་བླ་མ་ཚང་མས་སྲུང་དགོས། དེ་མིན་ཁོ་ཚོ་ཉེས་ཅན་དུ་བརྩི་དགོས་པ་དང་། དེ་དག་ཤི་ངེས་པ་ཡིན་ནོ། གང་ལ་ཟེར་ན། དེ་ཚོས་བཀའ་ཁྲིམས་དམ་པ་དང་འགལ་ཡོད་པ་ཡིན་ནོ། ང་ནི་དེ་ཚོ་དམ་པར་བཟོ་མཁན་གཙོ་བོ་དཀོན་མཆོག་དེ་ཡིན་ནོ། 10བླ་མའི་ནང་མི་ཞིག་གི་མ་གཏོགས་གཞན་སུས་ཀྱང་འབུལ་བ་དམ་པ་དེ་ལས་ཟ་མི་ཆོག བླ་མ་དང་མཉམ་དུ་སྡོད་མིའམ་གླ་པས་ཀྱང་དེ་ལས་ཟ་མི་རུང་། 11འོན་ཀྱང་བླ་མ་རང་ཉིད་ཀྱི་དངོས་པོས་ཉོས་པའམ་ཁོའི་ནང་དུ་སྐྱེས་པའི་བྲན་གཡོག་དང་བྲན་གཡོག་མས་བླ་མའི་ཐོབ་སྐལ་གྱི་ཁ་ཟས་དེ་ལས་ཟ་ཆོག 12བླ་མའི་བུ་མོས་བླ་མ་མིན་པའི་སྐྱེས་པ་དང་ཆང་ས་རྒྱབ་པ་ཡིན་ན། མོས་འབུལ་བ་དམ་པ་དེ་ལས་ཟ་མི་ཆོག 13འོན་ཀྱང་བླ་མའི་བུ་མོ་ཡུག་མོའམ་ཁྱོ་དང་ཁ་བྲལ་བ་དང་། མོ་ལ་བུ་ཕྲུག་མེད་པ་ཞིག་སྡོད་གནས་མེད་པར་རང་གི་ཕ་ཡི་ཁྱིམ་དུ་ཕྱིར་ལོག་ཡོང་བ་ཡིན་ན། རང་གི་བླ་མའིི་ཐོབ་སྐལ་དེ་ལས་ཟ་ཆོག་པ་ཡིན། དེ་ནི་བླ་མའི་ནང་མི་ཡིན་པ་གཅིག་པོས་དེ་ལས་ཟ་ཆོག་པ་ཡིན་ནོ། 14གལ་ཏེ་བླ་མའི་ནང་མིའི་ཁོངས་ནས་མིན་པའི་མི་ཞིག་གིས་ནོར་འཁྲུལ་གྱི་སྒོ་ནས་འབུལ་བ་དམ་པ་དེ་ལས་ཟས་པ་ཡིན་ན། འབུལ་བའི་གནས་གོང་ཙམ་མ་ཟད་དེའི་ཐོག་འཕར་སྣོན་བརྒྱ་ཆ་ཉི་ཤུ་ཐམ་པ་བླ་མ་ལ་འབུལ་དགོས། 15-16འབུལ་བ་དམ་པའི་རྫས་ཟ་མི་ཆོག་པའི་མི་ཞིག་ལ་བླ་མའི་ཁ་ཟས་དམ་པ་དེ་ལས་ཟ་བཅུག་པ་ཡིན་ན། འབུལ་བའི་རྫས་དེ་མི་གཙང་བར་འགྱུར་རྒྱུ་ཡིན་པ་དང་། མི་དེ་ནི་ཉེས་ཅན་ཡིན་པས་དེ་ལ་ཆད་པ་ཕོག་པར་འགྱུར། འབུལ་བ་དེ་ཚོར་དམ་པར་བཟོ་མཁན་ང་གཙོ་བོ་དཀོན་མཆོག་ཡིན། 17གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 18ཨ་རོན་དང་ཁོའི་བུ་དང་ཨིསི་རཱཨེལ་མི་དམངས་ཡོངས་ལ་གཤམ་གསལ་བཀའ་ཁྲིམས་རྣམས་སྤྲོད་དགོས། ཨིསི་རཱཨེལ་པའམ་ཨིསི་རཱཨེལ་ཡུལ་དུ་གནས་པའི་ཕྱི་རྒྱལ་བ་ཞིག་གིས་རང་གི་དམ་བཅའ་ཆ་ཚང་སྒྲུབ་པའི་ཕྱིར་ཡང་ན། འདོད་མོས་ཀྱི་འབུལ་བའི་ཆེད་དུ་སྦྱིན་སྲེག་འབུལ་བ་ཡིན་ན། སེམས་ཅན་དེ་ནི་སྐྱོན་མེད་པ་ཞིག་ཡིན་དགོས་སོ། 19ངོས་ལེན་ཡོང་བའི་ཕྱིར་འབུལ་བའི་དུད་འགྲོ་དེ་ནི་ཕོ་ཡིན་པ་ལ་སྐྱོན་མེད་པ་ཞིག་ཡིན་དགོས། 20སྐྱོན་ཡོད་པའི་དུད་འགྲོ་ཞིག་འབུལ་བར་ཕུལ་བ་ཡིན་ན། དེ་ནི་གཙོ་བོ་དཀོན་མཆོག་གིས་ངོས་ལེན་གནང་བར་མི་འགྱུར། 21གལ་ཏེ་སུ་ཞིག་གིས་རང་གི་དམ་བཅའ་ཆ་ཆང་སྒྲུབ་པའམ། འདོད་མོས་ཀྱི་འབུལ་བའི་ཆེད་དུ་གཙོ་བོ་དཀོན་མཆོག་ལ་མཐུན་འབྲེལ་གྱི་མཆོད་པ་ཞིག་འབུལ་བ་ཡིན་ན། ངོས་ལེན་གནང་བའི་ཆེད་དུ་དུད་འགྲོ་དེ་ནི་སྐྱོན་མེད་པ་ཞིག་ཡིན་དགོས། 22ལོང་བ་དང་། རྐང་གྱོ་དང་། ཡན་ལག་སྐྱོན་ཤོར་བ་དང་། ཁྲག་རྣག་འཛག་བཞིན་པའི་རྨ་ཡོད་པ་དང་། པགས་ནད་ཅན་དང་རྔོ་རྒྱབ་པའི་དུད་འགྲོ་སོགས་གཙོ་བོ་དཀོན་མཆོག་ལ་འབུལ་མི་ཉན། དེ་ལྟ་བུའི་དུད་འགྲོའི་ཁ་ཟས་ཀྱི་མཆོད་པའི་ཚུལ་དུ་མཆོད་ཁྲིའི་ཁར་འབུལ་མི་རུང་། 23འདོད་མོས་ཀྱི་འབུལ་བའི་ཚུལ་དུ། དུད་འགྲོ་འཚར་ལོངས་མ་ཐུབ་པའམ་གཟུགས་དབྱིབས་ལེགས་པར་མ་སྒྲུབ་པ་སོགས་འབུལ་ནའང་ཆོག འོན་ཀྱང་དེ་ལྟ་བུའི་དུད་འགྲོ་ནི་དམ་བཅའ་སྒྲུབ་པའི་འབུལ་བའི་ཚུལ་དུ་ངོས་ལེན་གནང་བར་མི་འགྱུར་རོ། 24དུད་འགྲོའི་འབྲས་བུ་བཙིར་བའམ། བཤགས་པའམ། རྨས་སྐྱོན་བྱུང་བའམ། འབྲས་བུ་བཏོན་ཟིན་པའི་དུད་འགྲོའི་རིགས་གཙོ་བོ་དཀོན་མཆོག་ལ་འབུལ་མི་རུང་། དེ་ནི་ཁྱོད་ཚོའི་ཡུལ་དུ་བྱེད་མི་ཆོག་པའི་ལས་ཤིག་ཡིན་ནོ། 25ཕྱི་རྒྱལ་བ་ཞིག་གི་ལག་ནས་བྱུང་བའི་དུད་འགྲོ་དེ་ཁ་ཟས་ཀྱི་མཆོད་པར་འབུལ་མི་ཉན། དེ་ལྟ་བུའི་དུད་འགྲོ་ནི་སྐྱོན་ཅན་དུ་བརྩི་བ་ཡིན་པས། དེ་དག་ངོས་ལེན་གནང་བར་མི་འགྱུར་རོ། 26-27བེའུ་འམ་ལུ་གུ་དང་ར་ཕྲུག་སོགས་སྐྱེས་པ་ཡིན་ན། དེ་དག་ཉིན་ཞག་བདུན་བར་དུ་དེ་ལ་ཨ་མ་དང་ཁ་བྲལ་མི་རུང་། དེ་རྗེས་དེ་དག་ཁ་ཟས་ཀྱི་མཆོད་པར་ངོས་ལེན་གནང་བར་འགྱུར། 28ཉིན་གཅིག་རང་ལ་བ་ཕྱུགས་དང་དེའི་བེའུ་ཞིག་དང་། ལུག་དང་དེའི་ལུག་གུ་དང་དེ་བཞིན་ར་མོ་དང་དེའི་ར་ཕྲུག་བཅས་དམར་མཆོད་འབུལ་མི་རུང་། 29ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་ཐུགས་རྗེ་ལེགས་གསོལ་གྱི་དམར་མཆོད་འབུལ་སྐབས་བཀའ་ཁྲིམས་གཞིར་བཟུང་ལྟར་བྱས་པ་ཡིན་ན་ཁྱོད་ཚོར་ངོས་ལེན་གནང་བར་འགྱུར། 30མཆོད་པའི་རྫས་དེ་དག་སང་ཞོག་བར་དུ་ལྷག་ལུས་མ་བཞག་པར་ཉིན་དེ་རང་ལ་ཟ་དགོས། 31གཙོ་བོ་དཀོན་མཆོག་གིས་གསུངས་པ། ངའི་བཀའ་རྣམས་སྲུང་ཞིག། ང་ནི་གཙོ་བོ་དཀོན་མཆོག་ཡིན། 32ངའི་མིང་དམ་པར་དམའ་འབེབས་མ་བྱེད་ཅིག ཨིསི་རཱཨེལ་མི་མང་ཡོངས་ཀྱིས་ང་ནི་དམ་པ་ཡིན་པར་ངོས་ལེན་བྱེད་དགོས། ང་ནི་ཁྱོད་ཚོར་དམ་པར་བཟོས་པའི་གཙོ་བོ་དཀོན་མཆོག་ཡིན། 33ང་ནི་ཁྱོད་ཚོའི་དཀོན་མཆོག་ཏུ་འགྱུར་ཕྱིར་ཁྱོད་ཚོ་ཨི་ཇིབ་ནས་བཏོན་ནས་འཁྲིད་ཡོང་བ་ཡིན། ང་ནི་གཙོ་བོ་དཀོན་མཆོག་ཡིན༎

ལེ་ཝི 23

ཆོས་ཀྱི་དུས་ཆེན་ཁག།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2ཨིསི་རཱཨེལ་པ་ཚོ་ལ་སྨྲོས་ཤིག། ཁྱོ་ཚོ་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་བྱེད་ཕྱིར་ཕྱོགས་གཅིག་ཏུ་འཛོམས་སྐབས། གཙོ་བོ་དཀོན་མཆོག་གི་གནང་བའི་གཤམ་གསལ་གྱི་ཆོས་ཀྱི་དུས་ཆེན་ཁག་རྣམས་སྲུང་དགོས་པ་ཡིན། 3ཁྱོད་ཚོར་རང་གི་ལས་བྱེད་ཕྱིར་ཉིན་ཞག་དྲུག་ཐོབ་ཡོད། འོན་ཀྱང་ཉིན་ཞག་བདུན་པ་དེ་ནི་ངལ་གསོ་བའི་ཞག་དམ་པ་ཡིན་པ་དེ་མ་བརྗེད་པར་བྱོས་ཤིག དེ་ཉིན་ཁྱོད་ཚོས་ལས་གང་ཡང་མ་བྱེད་པར་མཆོད་འབུལ་བྱེད་ཕྱིར་མཉམ་དུ་འཛོམས་དགོས། ཁྱོད་ཚོས་ཕྱོགས་གང་དུ་བསྡད་ཀྱང་ངལ་གསོ་བའི་ཞག་དམ་པ་དེ་ནི་གཙོ་བོ་དཀོན་མཆོག་གི་ཡིན་པ་དེ་མ་བརྗེད་པར་བྱོས་ཤིག 4གཏན་འབེབས་ཟིན་པའི་ནམ་དུས་ཚེས་གྲངས་སོ་སོར་དུ་ཆེན་དེ་དག་སྲུང་བརྩི་བྱེད་དགོས་ཅེས་ཁྱབ་བསྒྲགས་བྱེད་དགོས༎

ཐར་གྲོལ་དང་ཆི་མན་མེད་པའི་བག་ལེབ་ཀྱི་དུས་སྟོན།

(གྲངས་ཀ་ ༢༨:༡༦-༢༥)

5གཙོ་བོ་དཀོན་མཆོག་ལ་གུས་བཀུར་ཞུ་ཕྱིར་བཤམས་པའི་ཐར་གྲོལ་གྱི་དུས་སྟོན་དེ་ནི་ཟླ་བ་དང་པོའི་ཚེས་བཅུ་བཞིའི་དགོང་དྲོ་ཉི་མ་བཞུད་སྐབས་ནས་འགོ་ཚུགས་རྒྱུ་དང་། 6ཚེས་བཅོ་ལྔར་ཆི་མན་མེད་པའི་བག་ལེབ་ཀྱི་དུས་ཆེན་དེ་འགོ་ཚུགས་ཤིང་། ཉིན་ཞག་བདུན་བར་དུ་ཁྱོད་ཚོས་ཆི་མན་ཡོད་པའི་བག་ལེབ་ཟ་མི་རུང་། 7དུས་ཆེན་གྱི་ཞག་དང་པོའི་ཉིན་མཆོད་འབུལ་བྱེད་ཕྱིར་ཚོགས་འདུ་ཞིག་ཚོགས་དགོས་རྒྱུ་དང་། དེ་ཉིན་རང་གི་ཉིན་རེའི་ལས་སོགས་གང་ཡང་བྱེད་མི་ཆོག 8ཉིན་ཞག་བདུན་བར་དུ་གཙོ་བོ་དཀོན་མཆོག་ལ་ཁ་ཟས་ཀྱི་མཆོད་པ་འབུལ་དགོས། ཉིན་ཞག་བདུན་པའི་ཐོག་ཡང་སྐྱར་ཁྱོད་ཚོ་མཆོད་འབུལ་བྱེད་ཕྱིར་འཛོམས་དགོས་པ་ལས། དེ་ཉིན་རང་གི་ཉིན་རེའི་ལས་དོན་སོགས་གང་ཡང་བྱེད་མི་ཆོག 9-10གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་གནང་བཞིན་པའི་ཡུལ་དེར་སླེབས་ཏེ། དེར་སྟོན་ཐོག་བསྡུ་སྒྲུག་བྱེད་སྐབས་སྙེ་མའི་ཆག་པ་དང་པོ་དེ་བླ་མའི་རྩར་འཁྱེར་ཡོང་དགོས། 11བླ་མས་དེ་ནི་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་གཙོ་བོ་དཀོན་མཆོག་ལ་འབུལ་དགོས། དེ་ལྟར་བྱས་པའི་སྒོ་ནས་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་ངོས་ལེན་གནང་བར་འགྱུར། བླ་མས་འབུལ་བ་དེ་ནི་ངལ་གསོ་བའི་ཞག་དམ་པའི་སང་ཉིན་འབུལ་དགོས། 12ཁྱོད་ཚོས་འབྲུ་སྣའི་མཆོད་པ་འབུལ་བའི་ཉིན་མོར་ལོ་གཅིག་ལོན་པའི་ལུག་གུ་ཕོ་སྐྱོན་མེད་པ་ཞིག་ཀྱང་སྦྱིན་སྲེག་གི་མཆོད་པར་འབུལ་དགོས། 13དེ་དང་མཉམ་དུ་ཁ་སྐྱུར་པོའི་སྣུམ་བསྲེས་པའི་གྲོ་ཞིབ་ཀི་ལོ་དོ་ཙམ་ཁ་ཟས་ཀྱི་མཆོད་པའི་ཚུལ་དུ་འབུལ་དགོས། འབུལ་བ་དེའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། དེ་དང་མཉམ་དུ་རྒུན་ཆང་ལི་ཊར་གཅིག་ཙམ་ཞིག་ཁྱོད་ཚོས་འབུལ་བར་འབུལ་དགོས། 14འབུལ་བ་དེ་ནི་གཙོ་བོ་དཀོན་མཆོག་ལ་མ་འབུལ་བར་དུ་ཁྱོད་ཚོས་འབྲུ་གསར་པ་དེ་ལས་རྗེན་པའམ་སྲེག་པའམ། བག་ལེབ་བཟོས་ནས་མ་ཟ་ཞིག། བཀའ་ཁྲིམས་དེ་ནི་ཁྱོད་ཚོའི་རིགས་བརྒྱུད་ཚང་མས་མ་འོངས་པར་དུས་ཀུན་ཏུ་སྲུང་དགོས་སོ༎

སྙེ་མ་རྔ་བའི་དུས་ཆེན།

གྲངས་ཀ་ ༢༨:༢༦-༣༡)

15ཁྱོད་ཚོས་ངལ་གསོ་བའི་ཞག་གི་སང་ཉིན་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྙེ་མའི་ཆག་པ་འབུལ་བའི་ཉིན་མོ་ནས་བཟུང་བདུན་ཕྲག་བདུན་བར་བརྩིས་ཞིག 16ཉིན་ཞག་ལྔ་བཅུ་པའམ་ངལ་གསོ་བའི་ཞག་བདུན་པའི་སང་ཉིན་ཁྱོད་ཚོས་གསར་དུ་འབྲུའི་མཆོད་པ་ཞིག་གཙོ་བོ་དཀོན་མཆོག་ལ་འབུལ་དགོས། 17ཁྱིམ་ཚང་རེ་རེས་བག་ལེབ་གཉིས་རེ་འཁྱེར་ཡོང་ནས་གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་འབུལ་དགོས། གྲོ་ཞིབ་ཀི་ལོ་དོ་དང་བཅས་ཆི་མན་བསྲེས་ཏེ་དེ་ལས་བག་ལེབ་ཆེན་པོ་ཞིག་སྲེག་ནས་སྟོན་ཐོག་གི་ཕུད་ཀྱི་མཆོད་འབུལ་དུ་གཙོ་བོ་དཀོན་མཆོག་ལ་འབུལ་དགོས། 18བག་ལེབ་དང་མཉམ་དུ་མི་མང་སྤྱི་ཡོངས་ནས་ལོ་གཅིག་ལོན་པའི་ལུག་གུ་བདུན་དང་། གླང་གཅིག་དང་། ཕོ་ལུག་གཉིས་བཅས་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་པར་འབུལ་དགོས། དུད་འགྲོ་དེ་དག་ནི་སྐྱོན་མེད་པ་ཞིག་ཡིན་དགོས། གོང་གསལ་སྦྱིན་སྲེག་གི་མཆོད་པ་དེ་དང་མཉམ་དུ་འབྲུའི་མཆོད་པ་དང་རྒུན་ཆང་གི་མཆོད་པའང་འབུལ་དགོས། འབུལ་བ་དེའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 19ར་ཕོ་གཅིག་སྡིག་སེལ་གྱི་མཆོད་པའི་ཕྱིར་དང་། ལོ་གཅིག་ལོན་པའི་ལུག་གུ་ཕོ་ལུག་ཆ་གཅིག་མཐུན་འབྲེལ་གྱི་མཆོད་པར་འབུལ་དགོས། 20དེ་རྗེས་བླ་མས་བག་ལེབ་དེ་དང་ལོ་གཅིག་ལོན་པའི་ལུག་གུ་ཆ་གཅིག་དེ་བླ་མ་རྣམས་ཀྱི་ཆེད་དུ་གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་འབུལ་དགོས། འབུལ་བ་དེ་དག་ནི་དམ་པར་བརྩི་དགོས་པ་ཡིན་ནོ། 21དེ་ཉིན་རང་གི་དུས་རྒྱུན་གྱི་ལས་དོན་སོགས་གང་ཡང་མ་བྱེད་པར། མཆོད་འབུལ་བྱེད་ཕྱིར་ཚང་མས་ཕྱོགས་གཅིག་ཏུ་འཛོམས་དགོས། ཁྱོད་ཚོའི་བུ་བརྒྱུད་རྣམས་ས་ཕྱོགས་གང་དུ་ཡོད་རུང་། དེ་ཚོས་བཀའ་ཁྲིམས་འདི་དག་མ་འོངས་པར་དུས་རྒྱུན་དུ་སྲུང་དགོས་པ་ཡིན་ནོ། 22ཁྱོད་ཚོས་ཞིང་ནས་སྙེ་མ་བསྡུ་སྒྲུག་བྱེད་སྐབས་ཞིང་གི་མཐའ་རུ་ཡོད་པའི་སྙེ་མ་དེ་ཚོ་མ་བསྡུ་ཤིག དེ་བཞིན་བསྡུ་འཕྲོ་ལུས་པའི་སྙེ་མ་བསྡུ་བར་ཡང་སྐྱར་ཞིང་ལ་མ་འགྲོ་ཞིག དེ་དག་དབུལ་པོ་དང་ཕྱི་རྒྱལ་ཚོའི་ཆེད་དུ་བཞག་དགོས། གཙོ་བོ་དཀོན་མཆོག་ནི་ཁྱོད་ཚོའི་དཀོན་མཆོག་ཡིན་ནོ༎

ལོ་གསར་པའི་དུས་ཆེན།

(གྲངས་ཀ་ ༢༩:༡-༦)

23-24ཟླ་བ་བདུན་པའི་ཚེས་གཅིག་གི་ཉིན་མོ་དེ་ནི་དམིགས་བསལ་གྱི་ངལ་གསོའི་ཉི་མ་སྲུང་དགོས་པ་དང་། དེ་ཉིན་དུང་སྐད་ཐོས་མ་ཐག་ཏུ་མཆོད་འབུལ་བྱེད་ཕྱིར་ཚང་མ་འཛོམས་དགོས། 25གཙོ་བོ་དཀོན་མཆོག་ལ་ཁ་ཟས་ཀྱི་མཆོད་པ་འབུལ་ནས་དེ་ཉིན་ཁྱོད་ཚོའི་ཉིན་རེའི་ལས་དོན་སོགས་གང་ཡང་མ་བྱེད་ཅིག།

(གྲངས་ཀ་ ༢༩:༧-༡༡)

26-27ཟླ་བ་བདུན་པའི་ཚེས་བཅུ་ནི་ཨིསི་རཱཨེལ་མི་དམངས་ཀྱི་སྡིག་བཤགས་ཀྱི་ཆེད་དུ་སྲོལ་དེ་སྲུང་བའི་ཉིན་མོ་ཡིན། དེ་ཉིན་རང་ཉིད་ལ་ཉམ་ཆུང་བྱེད་ནས་དམ་པའི་འདུ་ཚོགས་སུ་འཛོམས་དགོས། ཡང་གཙོ་བོ་དཀོན་མཆོག་ལ་མེའི་སྒོ་ནས་མཆོད་པ་འབུལ་དགོས། 28དེ་ཉིན་ལས་ཀ་གང་ཡང་མ་བྱེད་ཅིག། གང་ལ་ཟེར་ན། དེ་ཉིན་སྡིག་བཤགས་ཀྱི་ཆོ་ག་བཤམས་པའི་ཉིན་མོ་དེ་ཡིན་པས་སོ། 29དེ་ཉིན་སུ་ཞིག་གིས་ཁ་ཟས་ཟ་བ་ཡིན་ན། དེ་ནི་དཀོན་མཆོག་གི་མི་འབངས་སུ་བརྩི་བར་མི་འགྱུར། 30དེ་ཉིན་སུ་ཞིག་གིས་ལས་ཀ་སོགས་བྱས་པ་ཡིན་ན། གཙོ་བོ་དཀོན་མཆོག་རང་ཉིད་ཀྱིས་ཁོ་ལ་གསོད་གནང་རྒྱུ་ཡིན། 31ཁྱོད་ཀྱི་རིགས་བརྒྱུད་རྣམས་ས་ཕྱོགས་གང་དུ་ཡོད་ནའང། དེ་ཚོས་བཀའ་ཁྲིམས་འདི་དག་སྲུང་དགོས། 32ཟླ་བ་དེའི་ཚེས་དགུའི་དགོང་དྲོ་ཉི་མ་བཞུད་པ་ནས་བཟུང་སང་དགོང་ཚེས་བཅུའི་དགོང་དྲོ་ཉི་མ་བཞུད་པའི་བར་དུ་ཉིན་མོ་དེ་ནི་དམིགས་བསལ་གྱི་ངལ་གསོའི་ཉིན་ཞིག་ཏུ་སྲུང་དགོས་པས། དེ་ཉིན་ཁ་ཟས་སོགས་གང་ཡང་ཟ་མི་ཆོག།

རྩ་གཡབ་ཀྱི་དུས་སྟོན།

(གྲངས་ཀ་ ༢༩:༡༢-༤༠)

33-34རྩ་གཡབ་ཀྱི་དུས་ཆེན་དེ་ནི་ཟླ་བ་བདུན་པའི་ཚེས་བཅོ་ལྔར་འགོ་ཚུགས་ཏེ་ཉིན་ཞག་བདུན་བར་དུ་སྲུང་དགོས། 35ཉིན་ཞག་དང་པོར་ཁྱོད་ཚོ་མཆོད་འབུལ་བྱེད་ཕྱིར་འཛོམས་དགོས་པ་དང་། དེ་ཉིན་ལས་སོགས་གང་ཡང་བྱེད་མི་ཆོག 36ཉིན་ཞག་བདུན་བར་དུ་ཁ་ཟས་ཀྱི་མཆོད་པ་འབུལ་དགོས། ཉིན་ཞག་བརྒྱད་པར་ཁྱོད་ཚོ་ཚང་མ་ཕྱོགས་གཅིག་ཏུ་མཆོད་འབུལ་བྱེད་ཕྱིར་འཛོམས་ནས་ཁ་ཟས་ཀྱི་མཆོད་པ་འབུལ་དགོས་རྒྱུ་དང་། ཉིན་མོ་དེ་ནི་མཆོད་འབུལ་བྱེད་པའི་ཉིན་མོ་ཡིན་པས། ལས་གང་ཡང་བྱེད་མི་རུང་ངོ་། 37དུས་ཆེན་དེ་དག་ནི་ཆོས་ཀྱི་དུས་ཆེན་རྣམས་ཡིན་པས། ཁྱོད་ཚོ་མཆོད་འབུལ་གྱི་ཆེད་དུ་ས་ཕྱོགས་གཅིག་ཏུ་འཛོམས་ནས། ཉིན་རེ་བཞིན་བྱེད་དགོས་པའི་མེའི་སྒོ་ནས་འབུལ་དགོས་པའི་འབུལ་བ་རྣམས་ནི། སྦྱིན་སྲེག་དང་། འབྲུའི་མཆོད་པ་དང་། དམར་མཆོད་ཀྱི་འབུལ་བ་དང་། རྒུན་ཆང་གི་འབུལ་བ་ཕུལ་ནས་གཙོ་བོ་དཀོན་མཆོག་ལ་གུས་བཀུར་བྱེད་པར་འགྱུར། 38རྒྱུན་དུ་སྲུང་དགོས་པའི་དམ་པའི་ངལ་གསོ་བའི་ཞག་དམ་པ་རྣམས་ཀྱི་ཁར་དུས་ཆེན་འདི་ཚོ་ཡང་སྲུང་དགོས། གཙོ་བོ་དཀོན་མཆོག་ལ་འབུལ་དགོས་པའི་འབུལ་བ་དང་། དམ་བཅའ་སྒྲུབ་པའི་མཚོན་རྟགས་སུ་འབུལ་བའི་འབུལ་བ་དང་། དེ་བཞིན་འདོད་མོས་ཀྱི་མཆོད་འབུལ་སོགས་ཀྱི་ཁར་འབུལ་དགོས་པའི་འབུལ་བ་ཡིན་ནོ། 39རང་གི་ཞིང་ཁའི་སྙེ་མ་བསྡུ་སྒྲུག་བྱས་ཚར་བའི་རྗེས་སུ། ཟླ་བ་བདུན་པའི་ཚེས་བཅོ་ལྔ་ནས་འགོ་ཚུགས་ཏེ། ཉིན་ཞག་བདུན་བར་དུ་དུས་ཆེན་དེ་སྲུང་དགོས་པ་དང་། ཉིན་ཞག་དང་པོ་དེ་ནི་དམིགས་བསལ་གྱི་ངལ་གསོ་བའི་ཞག་དམ་པ་ཞིག་ཏུ་རྩིས་དགོས། 40དེ་ཉིན་རང་གི་ཤིང་འབྲས་བཟང་ཤོས་དང་། ཁ་ཟུར་ཤིང་གི་ཡལ་ག་དང་། གཞན་ཡང་ལོ་མ་ཡོད་པའི་ཤིང་སྡོང་གི་ཡལ་ག་རྣམས་བླངས་ཏེ་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བཀུར་སྟི་ཞུ་ཕྱིར་ཆོས་ཀྱི་དུས་ཆེན་དེ་དག་སྲུང་བར་འགོ་འཛུགས་ཤིག 41ཉིན་ཞག་བདུན་བར་དུ་དུས་ཆེན་དེ་སྲུང་དགོས། ཁྱོད་ཚོའི་རིགས་བརྒྱུད་ཚང་མས་མ་འོངས་པར་དུས་རྒྱུན་དུ་བཀའ་ཁྲིམས་དེ་དག་སྲུང་དགོས་པ་ཡིན་ནོ། 42ཨིསི་རཱཨེལ་མི་དམངས་ཚང་མ་ཉིན་ཞག་བདུན་བར་དུ་རྩ་གཡབ་ཀྱི་བཟོས་པའི་ཁང་པའི་ནང་དུ་བསྡད་དགོས། 43གང་ལ་ཟེར་ན། སྔར་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་ཨི་ཇིབ་ནས་བཏོན་ཏེ་འཁྲིད་ཕེབས་སྐབས། དེ་དག་ལམ་དུ་རྩ་ཁང་ནང་དུ་སྡོད་དགོས་བྱུང་བ་དེ་ཁྱོད་ཚོའི་བུ་བརྒྱུད་ཚོས་ཤེས་ཐུབ་པས་ཕྱིར་རོ། ཁོང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 44དེ་བཞིན་མོ་ཤེས་གཅོ་བོ་དཀོན་མཆོག་ལ་བཀུར་སྟི་ཞུ་ཕྱིར་ཆོས་ཀྱི་དུས་ཆེན་རྣམས་སྲུང་ཆོག་སྐོར་གྱི་བཀའ་ཁྲིམས་རྣམས་ཨིསི་རཱཨེལ་པ་རྣམས་ལ་གནང་བ་ཡིན་ནོ༎

ལེ་ཝི 24

མར་མེ།

(སྡེབ་ཐོན་ ༢༧:༢༠-༢༡)

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2གཤམ་གསལ་བཀའ་རྒྱ་རྣམས་ཨིསི་རཱཨེལ་པ་རྣམས་ལ་སྤྲོད་ཅིག དབུ་གུར་དམ་པའི་ནང་གི་མཆོད་ཀོང་གི་ཆེད་དུ་ཁ་སྐྱུར་པོའི་སྣུམ་བཟང་ཤོས་ཤིག་འཁྱེར་ཡོང་དགོས། མར་མེ་དེ་ནི་རྒྱུན་མ་ཆད་པར་འབར་དགོས་པ་ཡིན་པས། 3དགོང་དྲོ་རེ་བཞིན་ཨ་རོན་གྱིས་མར་མེ་སྤར་དགོས། དེ་ནི་སྔ་དྲོ་བར་དུ་འབར་བཞིན་པར་གནས་དགོས། ཨ་རོན་གྱི་སྤར་དགོས་པའི་མར་མེ་ནི་ཤིན་ཏུ་གནས་དམ་པའི་ནང་གི་ཡོལ་བའི་ཕྱི་ལོགས་སུ་དམ་བཅའི་སྒྲོམ་གྱི་མདུན་དུ། གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྤར་དགོས་པ་ཡིན་ནོ། བཀའ་ཁྲིམས་དེ་ནི་མ་འོངས་པར་དུས་རྒྱུན་དུ་སྲུང་དགོས་པ་ཡིན་ནོ། 4ཨ་རོན་གྱིས་གསེར་བཙོ་མའི་སྟེགས་བུའི་ཁར་ཡོད་པའི་མཆོད་ཀོང་དེ་ལ་བལྟ་དགོས་པ་དང་། དེ་ནི་གཙོ་བོ་དཀོན་མཆོག་གི་དྲུང་དུ་རྒྱུན་ཆད་མེད་པར་འབར་ཞིང་གནས་དགོས་པ་ཡིན༎

དཀོན་མཆོག་ལ་འབུལ་བའི་བག་ལེབ།

5གྲོ་ཞིབ་ཀི་ལོ་བཅུ་གཉིས་ལས་བག་ལེབ་བཅུ་གཉིས་བཟོས་ཏེ། 6གཙོ་བོ་དཀོན་མཆོག་གི་དྲུང་དུ་ཡོད་པའི་གསེར་བཙོ་མ་ལས་བཏུམ་པའི་ལྕོག་རྩེའི་སྟེང་དུ་བག་ལེབ་དེ་དག་གྲལ་རིམ་གཉིས་བྱས་ཏེ། གྲལ་རེ་རེར་བག་ལེབ་དྲུག་རེ་སྒྲིག་ནས་བཞག་དགོས། 7བག་ལེབ་ཀྱི་གྲལ་རིམ་རེ་རེའི་ཁར་བདུག་སྤོས་སྤུས་དག་རེ་བཞག་དགོས། བདུག་སྤོས་དེ་ནི་བག་ལེབ་ཀྱི་ཚབ་ཏུ་གཙོ་བོ་དཀོན་མཆོག་ལ་ཁ་ཟས་ཀྱི་མཆོད་འབུལ་གྱི་ཚུལ་དུ་འབུལ་བའི་རྟགས་ཡིན་ནོ། 8ད་ནས་བཟུང་དུས་རྟག་ཏུ་ངལ་གསོ་བའི་ཞག་དམ་པའི་ཉིན་མོར་བག་ལེབ་དེ་དག་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་འབུལ་དགོས། དེ་ལྟར་བྱེད་རྒྱུ་ནི་ཨིསི་རཱཨེལ་པ་ཚོའི་དུས་གཏན་གྱི་ལས་འགན་ཡིན་ནོ། 9བག་ལེབ་དེ་དག་ནི་ཨ་རོན་དང་ཁོའི་རིགས་བརྒྱུད་རྣམས་ཀྱི་ཐོབ་སྐལ་ཡིན་པས། དེ་ཚོས་མཆོད་རྫས་དེ་དག་ནི་གནས་དམ་པ་ཞིག་ཏུ་འཁྱེར་ནས་ཟ་དགོས། གང་ལ་ཟེར་ན། དེ་ནི་བླ་མ་རྣམས་ཀྱི་ཆེད་དུ་གཙོ་བོ་དཀོན་མཆོག་ལ་འབུལ་བའི་ཁ་ཟས་ཀྱི་མཆོད་པ་ཧ་ཅང་དམ་པ་ཡིན་པས་ཕྱིར་རོ༎

ཉེས་པ་དྲང་པོའི་དཔེ།

10-11མི་ཞིག་ལ་ཕ་ཨི་ཇིབ་པ་དང་མ་ཨིསི་རཱཨེལ་པ་ཞིག་ཡོད་ཅིང་། ཨ་མའི་མིང་ཤེ་ལོ་མིད་ཡིན་པ་དང་། མོ་ནི་དཱན་གྱི་རིགས་བརྒྱུད་ལས་ཡིན་པ་མིང་ལ་དྷིབ་རི་ཞེས་པའི་མི་ཞིག་གི་བུ་མོ་ཡིན་ནོ། གོང་གསལ་མི་དེས་ཨིསི་རཱཨེལ་པ་ཞིག་དང་སྒར་སའི་ནང་དུ་འཁྲུགས་རྩོད་ཤོར་སྐབས་མི་དེས་གཙོ་བོ་དཀོན་མཆོག་ལ་བཀུར་བ་འདེབས་པ་ཡིན་པས། དེ་ཚོས་མི་དེ་མོ་ཤེ་རྩར་འཁྲིད་ཡོང་ཞིང་། 12སྲུང་ཆའི་འོག་ཏུ་བཞག་སྟེ། གཙོ་བོ་དཀོན་མཆོག་གིས་ཁོ་ལ་ཆད་པ་ག་རེ་གནང་ཡོང་ངམ་ཞེས་བསམ་ནས་སྒུག་བསྡད་དོ། 13དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 14མི་དེ་སྒར་སའི་ཕྱི་ལོགས་སུ་འཁྲིད་དེ། ཁོས་བཀུར་འདེབས་བྱས་པ་ཐོས་མཁན་ཚོས་མི་དེ་ཉེས་ཅན་ཡིན་པའི་མཚོན་རྟགས་སུ་ཁོའི་མགོ་ལ་རང་གི་ལག་པ་བཞག་ནས་དཔང་པོ་བྱེད་དགོས། དེ་རྗེས་མི་མང་ཡོངས་ཀྱིས་ཁོ་ལ་རྡོ་རུབ་རྒྱབ་ནས་གསོད་དགོས། 15སུ་ཞིག་གིས་དཀོན་མཆོག་ལ་བཀུར་བ་འདེབས་པ་ཡིན་ན། དེ་ལ་ཉེས་མིག་ཕོག་རྒྱུ་ཡིན་པ་མ་ཟད། 16དེ་ལ་ཉེས་པ་སྲོག་ཐོག་ཏུ་གཏོང་དགོས་ཅེས་ཨིསི་རཱཨེལ་པ་རྣམས་ལ་སྨྲོས་ཤིག ཨིསི་རཱཨེལ་པའམ་ཨིསི་རཱཨེལ་ནང་དུ་གནས་སྡོད་བྱེད་པའི་ཕྱི་རྒྱལ་བ་སུ་ཞིག་གིས་གཙོ་བོ་དཀོན་མཆོག་ལ་བཀུར་བ་འདེབས་པ་ཡིན་ན། མི་སྡེ་ཡོངས་ཀྱིས་ཁོ་ལ་རྡོ་རུབ་རྒྱབ་ནས་གསོད་དགོས། 17སུ་ཞིག་གིས་མི་བསད་པ་ཡིན་ན། ཁོ་ལའང་བསད་དགོས། 18དེ་བཞིན་མི་གཞན་གྱི་དུད་འགྲོ་བསད་པ་ཡིན་ན། དུད་འགྲོའི་ཚབ་ཏུ་དུད་འགྲོ་རང་འཇལ་དགོས། འདི་ནི་སྲོག་གི་ཚབ་ཏུ་སྲོག་ཡིན་ནོ། 19སུ་ཞིག་གིས་མི་གཞན་ལ་རྨས་སྐྱོན་བཟོས་པ་ཡིན་ན། དེ་ལའང་དེ་བཞིན་རྨས་སྐྱོན་བཏང་དགོས། 20སུ་ཞིག་གི་མི་གཞན་གྱི་རུས་པ་བཅག་པ་ཡིན་ན། ཁོའི་རུས་པའང་དེ་བཞིན་བཅག་དགོས། སུག་ཞིག་གིས་མི་གཞན་གྱི་མིག་ཡ་གཅིག་རྟོལ་བ་ཡིན་ན། ཁོའི་མིག་ཡ་གཅིག་ཀྱང་དེ་བཞིན་གཏོར་དགོས། སུ་ཞིག་གིས་མི་གཞན་གྱི་སོ་བཅག་པ་ཡིན་ན། ཁོའི་སོའང་དེ་བཞིན་བཅག་དགོས། ཁོས་མི་གཞན་ལ་རྨས་སྐྱོན་གང་བཏང་བ་དེ། ཁོ་ལའང་དེ་བཞིན་བྱེད་དགོས། 21སུ་ཞིག་གིས་མི་གཞན་གྱི་དུད་འགྲོ་བསད་པ་ཡིན་ན། དུད་འགྲོའི་ཚབ་ཏུ་དུད་འགྲོ་རང་འཇལ་དགོས། འོན་ཀྱང་མི་བསད་པ་ཡིན་ན་བསད་མཁན་དེའང་གསོད་དགོས། 22བཀའ་ཁྲིམས་འདི་ནི་ཨིསི་རཱཨེལ་པ་རྣམས་དང་ཁྱོད་ཚོའི་ཁྲོད་དུ་གནས་སྡོད་བྱེད་མཁན་ཕྱི་རྒྱལ་བ་ཚང་མས་སྲུང་དགོས། གང་ལ་ཟེར་ན། ང་ནི་ཁྱོད་ཚོའི་གཙོ་བོ་དཀོན་མཆོག་ཡིན། 23མོ་ཤེས་ཨིསི་རཱཨེལ་པ་ཚོ་ལ་དེ་བཞིན་གཏམ་གླེང་བྱས་ཟིན་པ་དང་། དེ་ཚོས་མི་དེ་སྒར་སའི་ཕྱི་རུ་འཁྲིད་དེ་རྡོ་རུབ་རྒྱབ་ནས་བསད་དོ། དེ་བཞིན་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་ཇི་ལྟར་བཀའ་གནང་བ་བཞིན་ཨིསི་རཱཨེལ་པ་ཚོས་དེ་དག་ཚང་མ་སྒྲུབ་པར་བྱས་སོ༎

ལེ་ཝི 25

ལོ་བདུན་པ།

(བཀའ་ཁྲིམས་སྐྱར་བཤད་ ༡༥:༡-༡༡)

1གཙོ་བོ་དཀོན་མཆོག་གིས་རི་བོ་སི་ནཨེ་ནས་མོ་ཤེ་ལ་གསུང་གླེང་མཛད་དེ། 2ཨིསི་རཱཨེལ་པ་རྣམས་ལ་གཤམ་གསལ་བཀའ་ཁྲིམས་དག་སྤྲོད་ཅིག གཙོ་བོ་དཀོན་མཆོག་གི་ཁྱོད་ཚོར་གནང་བཞིན་པའི་ཡུལ་དུ་ཁྱོད་ཚོ་སླེབས་པ་དང་། གཙོ་བོ་དཀོན་མཆོག་ལ་བཀུར་སྟི་ཞུ་བའི་ཚུལ་དུ་ལོ་བདུན་རེ་བཞིན་ཁྱོད་ཚོས་ཞིང་ཁར་ས་བོན་འདེབས་ལས་མ་བྱེད་ཅིག 3ལོ་དྲུག་པར་ཁྱོད་ཚོས་རང་གི་ཞིང་ཁར་ས་བོན་འདེབས་ལས་བྱེད་པ་དང་། རྒུན་ཤིང་གི་ཡལ་གཅོད་བྱེད་པ་དང་། དེ་བཞིན་སྟོན་ཐོག་སོགས་བསྡུ་སྒྲུག་བྱེད་ཆོག་གོ 4འོན་ཀྱང་ལོ་བདུན་པ་དེ་ནི་ས་གཞིའི་ཆེད་དུ་ངལ་གསོའི་ལོ་ཆ་ཚང་ཡིན་པ་དང་། གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱེད་པའི་ལོ་རུ་བརྩི་དགོས། ལོ་དེར་ཞིང་ཁར་ས་བོན་འདེབས་ལས་བྱེད་མི་ཆོག་པ་དང་རྒུན་ཤིང་གི་ཡལ་གཅོད་སོགས་བྱེད་མི་རུང་། 5འདེབས་ལས་མ་བྱེད་པར་རང་བཞིན་གྱི་སྐྱེས་པའི་སྙེ་མ་རྣམས་བསྡུ་སྒྲུག་བྱེད་མི་ཆོག ཡལ་གཅོད་མ་བྱས་པའི་རྒུན་ཤིང་ནས་རྒུན་འབྲུམ་སོགས་བསྡུ་སྒྲུག་བྱེད་མི་ཉན། ལོ་དེ་ནི་ས་གཞིའི་ཆེད་དུ་ངལ་གསོའི་ཆ་ཚང་གི་ལོ་རུ་བརྩི་དགོས། 6ལོ་དེའི་རིང་ཁྱོད་ཚོས་ཞིང་ཁར་འདེབས་ལས་མ་བྱས་པ་ཡིན་ནའང་། ཞིང་དེ་ལས་ཁྱོད་ཚོ་དང་། ཁྱོད་ཚོའི་བྲན་འཁོལ་རྣམས་དང་། ཁྱོད་ཚོའི་གླ་མི་རྣམས་དང་། ཁྱོད་ཚོའི་ཁྲོད་དུ་གནས་པའི་ཕྱི་རྒྱལ་བ་རྣམས་དང་། 7ཁྱོད་ཚོའི་ནང་དུ་གསོས་པའི་སེམས་ཅན་དང་དེ་བཞིན་ཞིང་ཁར་ཡོད་པའི་ནགས་ཀྱི་སེམས་ཅན་ཚོའི་ཆེད་དུ་ཁ་ཟས་སྒྲུབ་པར་འགྱུར། ལོ་དེར་ཞིང་དེ་ལས་སྐྱེས་པའི་འབྲུ་རིགས་ཚང་མ་ཟ་ནའང་ཆོག་པ་ཡིན། 8ལོ་བདུན་ལ་བདུན་འགྱུར་བརྩིས་པའི་ལོ་བཞི་བཅུ་ཞེ་དགུ་དང་། 9ཟླ་བ་བདུན་པའི་ཚེས་བཅུའི་ཉིན་མོའམ་སྡིག་བཤགས་ཀྱི་ཉིན་མོར་མི་ཞིག་ལ་ཡུལ་ཚང་མར་དུང་འབུད་བཅུག་ཅིག 10དེ་ལྟར་བྱས་ཏེ་ཁྱོད་ཚོས་ལོ་ལྔ་བཅུ་པ་དེ་ལོགས་སུ་དབྱེ་ནས་ཡུལ་མི་ཚང་མར་དེ་དག་རང་དབང་ཡིན་པའི་ཁྱབ་བསྒྲགས་བྱེད་དགོས། ལོ་དེའི་ནང་མི་གཞན་ལ་བཙོང་ཟིན་པའི་རྒྱུ་དངོས་རྣམས་དོ་བདག་རྙིང་པའམ་ཁོའི་བུ་བརྒྱུད་རྣམས་ལ་ཕྱིར་སློག་བྱེད་དགོས། སུ་ཞིག་བྲན་འཁོལ་དུ་བཙོང་ཟིན་པ་ཞིག་ཡིན་ན། ཁོ་ནི་རང་གི་ཁང་པར་ཕྱིར་ལོག་འགྲོ་བཅུག་དགོས། 11ཁྱོད་ཚོས་རང་གི་ཞིང་ཁར་ས་བོན་འདེབས་ལས་མ་བྱེད་ཅིག དེ་བཞིན་རང་བཞིན་གྱིས་སྐྱེས་པའི་སྙེ་མ་སོགས་བསྡུ་སྒྲུག་བྱེད་མི་ཆོག་པ་དང་། ཡལ་གཅོད་མ་བྱས་པའི་རྒུན་ཤིང་ནས་རྒུན་འགྲུམ་བསྡུ་སྒྲུག་བྱེད་མི་ཆོག 12ལོ་དེ་ནི་ཁྱོད་ཚོའི་ཆེད་དུ་དམ་པ་ཡིན་པས། ཞིང་ཁར་རང་བཞིན་གྱིས་སྐྱེས་པའི་འབྲུ་འབའ་ཞིག་ཁྱོད་ཚོས་ཟ་ཆོག་པ་ཡིན་ནོ། 13དེ་སྔ་བཙོང་ཟིན་པའི་རྒྱུ་དངོས་ཚང་མ་ལོ་དེའི་ནང་དོ་བདག་རྙིང་པར་སྤྲོད་དགོས། 14ཁྱོད་ཚོས་ཨིསི་རཱཨེལ་པ་ཞིག་དང་ས་ཞིང་ཉོ་ཚོང་བྱེད་དུས་ཁྲིམས་མེད་མ་བྱེད་ཅིག 15སྐྱར་གསོའི་ལོ་དུས་རྗེས་མ་བར་དུ་ཞིང་དེའི་ཐོན་སྐྱེད་མང་ཉུང་ལ་གཞིག་སྟེ་གོང་ཚད་རྒྱབ་དགོས། 16ལོ་དུས་ཀྱི་ཁ་གྲངས་མང་བ་ཡོད་པ་ཡིན་ན། གོང་ཚད་ཆེ་བ་དང་། ཉུང་བ་ཡོད་པ་ཡིན་ན་དེ་བཞིན་གོང་ཚད་ཆུང་བ་ཡིན་པར་དགོས། གང་ལ་ཟེར་ན། ཞིང་ཁའི་ཐོན་སྐྱེད་མང་ཉུང་ལ་གཞིག་པའི་གོང་ཚད་རྒྱབ་དགོས། 17རང་རིགས་གཅིག་པའི་ཨིསི་རཱཨེལ་པ་ཞིག་ལ་མགོ་བསྐོར་མ་གཏོང་ཞིག འོན་ཀྱང་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་འཇིགས་དགོས༎

ལོ་བདུན་པའི་དཀའ་ངལ།

18གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ཚང་མ་སྲུང་ཞིག་དང་ཁྱོད་ཚོ་རང་ཡུལ་དུ་ཉེན་མེད་སྲུང་སྐྱོབ་ཀྱི་ངང་ནས་འཚོ་བར་འགྱུར། 19ས་གཞིའི་ཐོན་སྐྱེད་འཕེལ་ཏེ་ཁྱོད་ཚོར་འདོད་མོས་བཞིན་དུ་ཁ་ཟས་འབྱོར་ཞིང་། ཉེན་མེད་སྲུང་སྐྱོབ་ཀྱི་ངང་དུ་གནས་པར་འགྱུར། 20འགའ་ཞིག་ནས་ས་ཞིང་འདེབས་ལས་དང་སྙེ་མ་བསྡུ་སྒྲུག་མ་བྱས་པར་ལོ་བདུན་པའི་ནང་ག་རེ་ཟའམ་ཞེས་དྲིས་ཡོང་། 21གཙོ་བོ་དཀོན་མཆོག་གིས་ལོ་དྲུག་པའི་ནང་ས་གཞིར་བྱིན་རླབས་མཛད་པས་ལོ་གཉིས་བར་དུ་ལྡང་བའི་སྟོན་ཐོག་སྐྱེས་པར་འགྱུར། 22ལོ་བརྒྱད་པར་ཁྱོད་ཚོས་རང་གི་ཞིང་ཁར་ས་བོན་འདེབས་ལས་བྱེད་སྐབས། ལོ་དྲུག་པར་བསྡུ་སྒྲུག་བྱས་པའི་སྟོན་ཐོག་ལས་ཟ་བཞིན་ཡོད་པ་དང་། ལོ་དེར་བཏབ་པའི་སྟོན་ཐོག་མ་བསྡུ་བར་དུ་ཁྱོད་ཚོར་སྟོན་ཐོག་རྙིང་པ་ལྡང་ངེས་བཞིན་ཡོད་པར་འགྱུར༎

རྒྱུ་དངོས་ཕྱིར་སློག་བྱེད་པ།

23ཁྱོད་ཚོས་ས་ཞིང་ཚོང་དུས་གཏན་གྱི་ཆེད་དུ་ཐག་གཅོད་བྱས་ཏེ་ཚོང་མི་ཆོག གང་ལ་ཟེར་ན། ས་གཞིའི་བདག་པོ་ངོ་མ་ཁྱོད་མ་ཡིན། དེའི་དོ་བདག་ངོ་མ་ནི་དཀོན་མཆོག་ཡིན་པས་ཕྱིར་རོ། ཁྱོད་ནི་ཕྱི་རྒྱལ་བ་ཞིག་དང་མཚུངས་ཤིང་། ས་ཞིང་བེད་སྤྱོད་བྱེད་ཆོག་པའི་དབང་ཆ་འབའ་ཞིག་ཐོབ་ཡོད་པ་ཡིན་ནོ། 24ས་ཞིང་ཚོང་དུས་རྗེས་སུ་དོ་བདག་རྙིང་པས་ས་ཞིང་དེ་སླར་ཡང་ཉོ་ཆོག་པའི་དབང་ཆ་ཡོད་པ་ཡིན་ནོ། 25གལ་ཏེ་ཨིསི་རཱཨེལ་པ་ཞིག་དབུལ་པོར་འགྱུར་ནས་རང་གི་ཞིང་ཚོང་པ་ཡིན་ན། དེའི་གཉེན་མཚན་ཉེ་བ་ཞིག་གིས་ས་ཞིང་དེ་ཚུར་ཉོ་དགོས། 26ས་ཞིང་ཕྱིར་སློག་ཉོ་བའི་ཕྱིར་རང་ལ་གཉེན་མཚན་ཉེ་བ་ཞིག་མེད་པ་ཡིན་ནའང་། རྗེས་སུ་ཁོས་རྒྱུ་དངོས་མང་པོ་བསོག་ནས་ས་ཞིང་དེ་ཉོ་ཐུབ་འང་སྲིད། 27དེ་ལྟར་བྱུང་བ་ཡིན་ན། ས་ཞིང་ཉོ་མཁན་དེ་ལ་ཁོས་སྐྱར་གསོའི་ལོ་དུས་རྗེས་མ་དེ་མ་རན་བར་གྱི་སྟོན་ཐོག་གི་རིན་གོང་དང་མཚུངས་པའི་རྒྱུ་དངོས་སྤྲད་དགོས། གང་ལྟར་ལོ་དུས་དེའི་ནང་ས་ཞིང་དེ་ཁོ་ལ་ཕྱིར་སློག་ཐོབ་རྒྱུ་ཡིན། 28འོན་ཀྱང་ཁོ་ལ་ས་ཞིང་ཕྱིར་སློག་ཉོ་བའི་རྒྱུ་དངུལ་ལྡང་ངེས་བཞིན་མེད་ན། ས་ཞིང་གི་དབང་ཆ་དེ་སྐྱར་གསོའི་ལོ་དུས་རྗེས་མ་བར་དུ་ས་ཞིང་ཉོ་མཁན་དེའི་ལག་ཏུ་ཡོད་པར་འགྱུར། འོན་ཀྱང་སྐྱར་གསོའི་ལོ་རྗེས་མའི་ནང་ས་ཞིང་དེ་དོ་བདག་རྙིང་པར་ཕྱིར་སློག་བྱེད་དགོས་སོ། 29མི་ཞིག་གིས་ལྕགས་རི་བསྐོར་བའི་གྲོང་ཁྱེར་གྱི་ནང་དུ་ཡོད་པའི་ཁང་པ་ཞིག་བཙོང་པ་ཡིན་ན། ཁང་པ་བཙོང་པའི་ལོ་དང་པོའི་ནང་ཁོངས་སུ་ཁོས་སླར་ཡང་ཁང་པ་དེ་ཕྱིར་སློག་ཉོ་ཆོག་པ་ཡིན་ནོ། 30འོན་ཀྱང་ཁོས་ལོ་དང་པོའི་ནང་ཁོངས་སུ་ཁང་པ་དེ་ཕྱིར་སློག་ཉོ་མ་ཐུབ་ན། སླར་ཡང་ཁང་པ་དེ་ཕྱིར་སློག་ཉོ་ཆོག་པའི་དབང་ཆ་ཤོར་རྒྱུ་ཡིན། ཁང་པ་དེ་ནི་དུས་གཏན་དུ་ཉོ་མཁན་དང་ཁོའི་རིགས་བརྒྱུད་ཚོའི་རྒྱུ་དངོས་སུ་གཏོགས་རྒྱུ་ཡིན་པ་དང་། དེ་ནི་སྐྱར་གསོའི་ལོ་དུས་ཀྱི་སྐབས་སུའང་ཕྱིར་སློག་བྱེད་མི་དགོས། 31འོན་ཀྱང་ལྕགས་རི་མ་བསྐོར་བའི་གྲོང་གསེབ་ཁག་ཏུ་ཡོད་པའི་ཁང་པ་དེ་ཚོ་ནི་ས་ཞིང་དང་འདྲ་བར་བརྩི་དགོས། དོ་བདག་རྙིང་པས་ཁང་པ་དེ་སྐྱར་དུ་ཉོ་ཆོག་པའི་དབང་ཆ་ཁོ་ལ་ཡོད་པས། དེ་ནི་སྐྱར་གསོའི་ལོ་དུས་སུ་ཁོ་ལ་ཕྱིར་སློག་བྱེད་དགོས། 32འོན་ཀྱང་ལེ་ཝི་པ་རྣམས་ལ་བརྩི་སྤྲོད་པའི་གྲོང་ཁྱེར་ནང་གི་ཁང་པ་དང་ས་ཞིང་སོགས་ཁོ་ཚོར་ཁོ་གནད་བྱུང་ན། དེ་དག་སླར་ཡང་ཚུར་ཉོ་ཆོག་པའི་དབང་ཆ་ཡོད་པ་ཡིན་ནོ། 33ལེ་ཝི་པ་ཞིག་གིས་གྲོང་ཁྱེར་དེ་ལྟ་བུའི་ནང་ནས་ཁང་པ་ཞིག་བཙོང་སྟེ། ཕྱིར་སློག་བླངས་མེད་པ་ཡིན་ན། ཁང་པ་དེ་སྐྱར་གསོའི་ལོ་དུས་སྐབས་སུ་དེ་ལ་ཕྱིར་སློག་བྱེད་དགོས། གང་ལ་ཟེར་ན། ལེ་ཝི་པ་ཚོའི་གྲོང་ཁྱེར་ནང་དུ་ཡོད་པའི་ཁང་པ་དེ་དག་ནི་ཨིསི་རཱཨེལ་པ་རྣམས་ཀྱི་ཁྲོད་དུ་དེ་ཚོའི་དུས་རྒྱུན་གྱི་ནོར་སྐལ་ཡིན་པས་ཕྱིར་རོ། 34འོན་ཀྱང་ལེ་ཝི་པ་རྣམས་ཀྱི་གྲོང་ཁྱེར་གྱི་མཐའ་བསྐོར་དུ་ཡོད་པའི་སེམས་ཅན་འཚོ་བའི་རྩྭ་ཁ་དེ་དག་ནི་ནམ་ཡང་ཚོང་མི་ཉན། དེ་ནི་དུས་གཏན་གྱི་ཕྱིར་དུ་དེ་ཚོའི་ཐོབ་སྐལ་ཡིན་པས་ཕྱིར་རོ༎

དབུལ་པོར་བུ་ལོན་སྤྲད་པ།

35རང་གི་ཉེ་འགྲམ་དུ་གནས་སྡོད་བྱེད་མཁན་ཁྱིམ་མཚེས་ཨིསི་རཱཨེལ་པ་ཞིག་དབུལ་པོར་འགྱུར་ཏེ། རང་ཉིད་འཚོ་སྐྱོང་བྱེད་མ་ཐུབ་པ་ཡིན་ན། གླ་མི་ཞིག་མཁོ་བྱད་སྤྲད་ནས་ལྟ་སྐྱོང་བྱེད་པ་བཞིན། ཁྱོད་ཚོས་ཁྱིམ་མཚེས་པ་དེ་ལའང་ལྟ་སྐྱོང་བྱེད་དགོས། དེ་ལྟར་བྱས་ན་མི་དེ་ཁྱོད་ཚོའི་ཉེ་འགྲམ་དུ་གནས་སྡོད་བྱེད་ཐུབ་པར་འགྱུར། 36ཁོའི་ལག་ནས་སྐྱེད་ཁ་སོགས་ལེན་མི་ཆོག། འོན་ཀྱང་དཀོན་མཆོག་ལ་འཇིགས་དགོས། དེ་ལྟར་བྱས་པ་ཡིན་ན། ཁྱོད་ཀྱི་ཁྱིམ་མཚེས་ཨིསི་རཱཨེལ་པ་དེ་ཁྱོད་ཀྱི་ཉེ་འགྲམ་དུ་གནས་ཐུབ་པར་འགྱུར། 37ཁྱོད་ཚོས་ཁོ་ལ་དངུལམ་བཟའ་བཅའི་ཚུལ་དུ་བུ་ལོན་བཏང་བ་དེ་ལ་སྐྱེད་ཁ་སོགས་གང་ཡང་མ་བླངས་ཤིག 38དེ་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་བཀའ་རྒྱ་ཡིན་ཞིང་། ཁོང་གིས་ཀ་ནན་ཡུལ་དེ་ཁྱོད་ཚོར་གནང་བའི་ཕྱིར་དང་། ཁོང་རང་ཉིད་ཁྱོད་ཚོའི་དཀོན་མཆོག་ཏུ་འགྱུར་ཕྱིར་ཁོང་གིས་ཁྱོད་ཚོ་ཨི་ཇིབ་ནས་བཏོན་གནང་ངོ་༎

བྲན་གཡོག་རྣམས་གློད་བཀྲོལ་བཏང་བ།

39གལ་ཏེ་ཁྱོད་ཚོའི་ཉེ་འགྲམ་གྱི་ཁྱིམ་མཚེས་ཨིིསི་རཱཨེལ་པ་ཞིག་ཧ་ཅང་དབུལ་ཞིང་། རང་ཉིད་ཁྱོད་ཀྱི་བྲན་གཡོག་བྱེད་ཕྱིར་བཙོང་པ་ཡིན་ན། ཁོ་ལ་བྲན་གཡོག་འདྲ་བའི་གཡོག་མ་བསྐུལ་ཞིག 40ཁོ་ནོ་ཁྱོད་ཚོ་དང་མཉམ་དུ་གླ་མི་ཞིག་དང་འདྲ་བར་སྐྱར་གསོའི་ལོ་དུས་ཀྱི་བར་དུ་ཁྱོད་ཚོའི་ཞབས་ཕྱི་ཞུ་ནས་བསྡད་དགོས། 41དེ་དུས་ཁོ་དང་ཁོའི་བུ་ཕྲུག་ཚོས་ཁྱོད་ཚོ་སྤངས་སྟེ། རང་གི་ནང་མི་དང་མེས་པོའི་ནོར་སྐལ་ཡོད་སར་ཕྱིར་ལོག་བྱེད་རྒྱུ་ཡིན། 42ཨིསི་རཱཨེལ་པ་རྣམས་གཙོ་བོ་དཀོན་མཆོག་གི་བྲན་གཡོག་ཡིན་པས། ཁོང་གིས་དེ་ཚོ་ཨི་ཇིབ་ནས་བཏོན་གནང་བ་ཡིན། དེ་ཚོ་བྲན་འཁོལ་དུ་བཙོང་མི་རུང་། 43དེ་ཚོར་རྩུབ་པོ་བྱེད་མི་ཉན། འོན་ཀྱང་རང་གི་དཀོན་མཆོག་ལ་འཇིགས་དགོས། 44ཁྱོད་ཚོར་བྲན་གཡོག་དགོས་པ་ཡིན་ན། མཐའ་འཁོར་དུ་ཡོད་པའི་མི་རིགས་ཚོའི་ཁོངས་ནས་ཉོས་ཤིག 45ཁྱོད་ཚོའི་ཁྲོད་དུ་གནས་པའི་ཕྱིར་རྒྱལ་བ་ཚོའི་བུ་ཕྲུག་རྣམས་ཁྱོད་ཚོས་ཉོ་ཆོག ཁྱོད་ཚོའི་ཡུལ་དུ་སྐྱེས་པའི་དེ་ལྟ་བུའི་ཕྲུ་གུ་རྣམས་ནི་ཁྱོད་ཚོའི་རྒྱུ་ནོར་ལྟ་བུ་འགྱུར་སྲིད། 46ཕྲུ་གུ་དེ་ཚོ་ནི་ཁྱོད་ཚོའི་བུ་བརྒྱུད་རྣམས་ལ་ནོར་སྐལ་གྱི་ཚུལ་དུ་རྩིས་སྤྲོད་བྱེད་ཆོག དེ་ཚོས་ཚེ་གང་ཁྱོད་ཀྱི་བུ་བརྒྱུད་རྣམས་ཀྱི་ཞབས་ཕྱི་ཞུ་དགོས། འོན་ཀྱང་ཁྱོད་ཚོས་རང་རིགས་གཅིག་པའི་ཨིསི་རཱཨེལ་པ་ཞིག་ལ་རྩུབ་པོ་བྱེད་མི་ཉན། 47གལ་ཏེ་ཁྱོད་ཚོའི་ཁྲོད་དུ་གནས་པའི་ཕྱི་རྒྱལ་བ་ཞིག་ཕྱུག་པོ་ཆགས་ཤིང་། ཨིསི་རཱཨེལ་པ་ཞིག་དབུལ་པོར་གྱུར་ནས་ཕྱི་རྒྱལ་བའམ། ཁོའི་ནང་མི་ཞིག་གི་ལག་ཏུ་རང་ཉིད་བྲན་འཁོལ་གྱི་ཚུལ་དུ་ཚོང་བ་ཡིན་ན། 48རང་ཉིས་ཚོང་ཟིན་པའི་རྗེས་སུའང་ཚུར་བླུ་ཐུབ་པའི་དབང་ཆ་ཁོ་ལ་ཡོད། ཁོའི་བུ་སྤུན་ཞིག་གམ། 49ཨ་ཞང་ངམ་ཨ་ཁུའམ། རང་གི་ཕ་མ་སྤུན་གྱི་བུ་ཕྲུག་གམ། དེ་བཞིན་གཉེན་མཚན་ཉེ་པོ་སོགས་ཀྱིས་ཁོ་ལ་ཚུར་ཉོས་ན་བླུ་ཐུབ་ཡོང་། ཡང་ན་སོ་སོ་རང་གི་རྒྱུ་དངོས་གསོག་ནས་སོ་སོའི་བླུ་རིན་འཛལ་ཏེ་རང་དབང་ཉོ་ཐུབ་པ་ཡིན་ནོ། 50ཁོས་རང་ལ་བླུ་མཁན་དེ་དང་མཉམ་དུ་གྲོས་བྱས་ཏེ་རང་ཉིད་ཚོང་བའི་ཉིན་མོ་ནས་སྐྱར་གསོའི་ལོ་དུས་རྗེས་མའི་བར་དུ་བརྩིས་རྒྱབ་ནས། གླ་མིའི་གླ་ཆ་གཞིར་བཟུང་ལྟར་ཁོ་ཐར་བའི་བླུ་རིན་དེ་གཏན་འབེབས་བྱེད་དགོས། 51-53ད་དུང་ལོ་གྲངས་ལྷག་འཕྲོས་ལུས་པ་དེའི་ཆེད་དུ་ལོ་དེར་གླ་ཆ་སྤྲད་དེ་གླ་མི་བཞག་པ་དང་འདྲ་བ་བརྩིས་རྒྱབ་ནས། རང་ཉིད་ཉོ་བའི་རིན་གོང་དེའི་ཟུར་ཆ་ཞིག་ཕྱིར་སློག་བྱེད་དགོས། ཁོའི་སྦྱིན་བདག་དེས་ཁོ་ལ་ངན་སྤྱོད་བྱེད་མི་ཆོག 54གོང་གསལ་ཐབས་ལམ་དེ་ཚོའི་སྒོ་ནས་ཁོ་རང་བྲན་འཁོལ་ལས་མ་ཐར་བ་ཡིན་ན། སྐྱར་གསོའི་ལོ་དུས་རྗེས་མར་ཁོ་དང་ཁོའི་བུ་ཕྲུག་བཅས་པ་ཚང་མ་ཐར་བར་བྱེད་དགོས། 55ཨིསི་རཱཨེལ་པ་ཞིག་དུས་གཏན་གྱི་ཕྱིར་བྲན་གཡོག་ཏུ་བཞག་མི་ཐུབ། གང་ལ་ཟེར་ན། ཨིསི་རཱཨེལ་པ་རྣམས་ནི་གཙོ་བོ་དཀོན་མཆོག་གི་བྲན་གཡོག་ཡིན་པས། ཁོང་གིས་དེ་ཚོ་ཨི་ཇིབ་ནས་བཏོན་གནང་བ་ཡིན་པ་དང་། ཁོང་ནི་དེ་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན་ནོ༎

ལེ་ཝི 26

བཀའ་སྲུང་བར་བྱིན་རླབས།

(བཀའ་ཁྲིམས་སྐྱར་བཤད་ ༧:༡༢-༢༤; ༢༨:༡-༡༤)

1གཙོ་བོ་དཀོན་མཆོག་གིས་གསུངས་པ། མཆོད་འབུལ་བྱེད་ཕྱིར་བརྐོས་བརྒྱབ་པའི་གཟུགས་བརྙན་ནམ་སྐུའམ། རྡོ་རིང་ངམ་བརྐོས་རྒྱབ་པའི་རྡོ་སོགས་ལ་རྟེན་མི་རུང་། ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 2ཆོས་ཀྱི་དུས་ཆེན་རྣམས་སྲུང་དགོས་པ་དང་། ང་ལ་བསྙེན་བཀུར་བྱེད་སའི་གནས་དམ་པ་ལ་གུས་བཀུར་བྱོས་ཤིག ང་ནི་གཙོ་བོ་དཀོན་མཆོག་ཡིན། 3ཁྱོད་ཚོས་ངའི་བཀའ་ཁྲིམས་ལྟར་མི་ཚེ་སྐྱེལ་ནས་ངའི་བཀའ་ཁྲིམས་རྣམས་སྲུང་བ་ཡིན་ན། 4ངས་ཆར་ཆུ་དུས་སུ་བཏང་སྟེ། ཁྱོད་ཚོའི་ས་ཞིང་གི་ཐོན་སྐྱེད་འཕེལ་བ་དང་། ལྗོན་ཤིང་རྣམས་ལས་ཤིང་འབྲས་བྱུང་བར་འགྱུར། 5རྒུན་འབྲུམ་བསྡུ་སྒྲུག་བྱེད་པའི་དུས་སུའང་ཁྱོད་ཚོས་སྟོན་ཐོག་གི་བཙས་མ་བརྔ་བཞིན་པ་ཡོང་རྒྱུ་དང་། སྟོན་ཐོག་འདེབས་ལས་བྱེད་སྐབས་ཀྱང་རྒུན་འབྲུམ་བསྡུ་སྒྲུག་བྱེད་བཞིན་པ་དང་། ཁྱོད་ཚོས་རང་འདོད་བཞིན་གྱི་ཁ་ཟས་ལ་ལོངས་སྤྱོད་བྱེད་རྒྱུ་ཐོབ་པ་དང་། རང་ཡུལ་དུའང་སྲུང་སྐྱོབ་ནང་གནས་པར་འགྱུར། 6ངས་ཁྱོད་ཚོའི་ཡུལ་དུ་ཞི་བདེ་བཏང་ཞིང་། སུ་ཞིག་དང་མ་འཇིགས་པར་ལྷོད་ཡངས་བྱས་ཏེ་ཉལ་ཆོག་རྒྱུ་དང་། ཁྱོད་ཚོའི་ཡུལ་ནས་འཇིགས་སུ་རུང་བའི་གཅན་གཟན་རྣམས་ཐར་སྐྲོད་གཏོང་རྒྱུ་དང་། ཡུལ་དེ་དམག་འཁྲུགས་སོགས་ཀྱི་ཉེན་ཁ་ཡོང་བར་མི་འགྱུར། 7ཁྱོད་ཚོས་རང་གི་དགྲ་བོ་རྣམས་ལས་རྒྱལ་ཁ་ཐོབ་རྒྱུ་ཡིན་ནོ། 8ཁྱོད་ཚོ་མི་ལྔས་མི་བརྒྱ་ཐམ་པར་འཕམ་པར་བྱེད་ཐུབ་རྒྱུ་དང་། དེ་བཞིན་མི་བརྒྱ་ཐམ་པས་ཁྲི་ཁྲག་གཅིག་ལ་རྒྱལ་ཁ་ཐོབ་པར་འགྱུར། 9ཁྱོད་ཚོར་བྱིན་གྱིས་རླབས་ཏེ་བུ་ཕྲུག་མང་པོ་སྤྲོད་རྒྱུ་ཡིན། ངས་ཁྱོད་ཚོ་དང་མཉམ་དུ་བཞག་པའི་དམ་བཅའ་དེ་ངའི་ཕྱོགས་ནས་ཆ་ཚང་སྒྲུབ་རྒྱུ་ཡིན། 10ཁྱོད་ཚོའི་སྟོན་འབྲས་རྒྱས་པར་འཕེལ་བ་དང་། ལོ་གཅིག་གི་རིང་ལ་ཟ་རྒྱུ་ལྡང་ངེས་བཞིན་ཡོང་རྒྱུ་དང་། སྟོན་ཐོག་གསར་པ་བཞག་ས་མེད་པས་ལྷག་འཕྲོས་ལུས་པའི་འབྲུ་རྙིང་པ་དེ་ཚོ་དབྱུགས་དགོས་པ་བྱུང་ཡོང་། 11ང་ནི་ཁྱོད་ཚོའི་ཁྲོད་དུ་རང་གི་གུར་མཆོག་དམ་པའི་ནང་དུ་གནས་ཤིང་། ངས་ཁྱོད་ཚོ་ནམ་ཡང་སྤངས་བར་མི་འགྱུར། 12ང་ནི་ཁྱོད་ཚོའི་ཁྲོད་དུ་གནས་ཤིང་ཁྱོད་ཚོའི་དཀོན་མཆོག་ཏུ་འགྱུར་བ་དང་ཁྱོད་ཚོའང་ངའི་མི་འབངས་ཡིན་པར་འགྱུར་རོ། 13ང་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་བྲན་འཁོལ་གྱི་གནས་སྟངས་སུ་སྡོད་མི་དགོས་པའི་ཕྱིར་ཁྱོད་ཚོ་ཨི་ཇིབ་ནས་བཏོན་ཏེ་འཁྲིད་ཡོང་བ་དང་། ཁྱོད་ཚོ་མགོ་སྒུར་ནས་བྲན་འཁོལ་བཟོས་པའི་ནུས་ཤུགས་དེ་ངས་བཅག་ཟིན་པ་ཡིན་པས། ད་ཁྱོད་ཚོ་ཡར་སྒྲེང་ནས་འགྲོ་ཐུབ་པར་བྱས་ཡོད་པ་ཡིན་ནོ༎

བཀའ་རྒྱ་མ་སྲུང་མཁན་ཚོར་ཉེས་ཆད་ཐོབ་པ།

(བཀའ་ཁྲིམས་སྐྱར་བཤད་ ༢༨:༡༥-༦༨)

14གཙོ་བོ་དཀོན་མཆོག་གིས་གསུངས་པ། ཁྱོད་ཚོས་ངའི་བཀའ་མ་སྲུང་བ་ཡིན་ན། ཁྱོད་ཚོར་ཉེས་པ་ཕོག་རྒྱུ་ཡིན། 15ཁྱོད་ཚོས་ངའི་བཀའ་ཁྲིམས་དང་བཀའ་རྒྱ་ལ་བརྩི་མེད་བྱེད་པ་དང་། ངས་ཁྱོད་ཚོ་དང་མཉམ་དུ་དམ་བཅའ་བཞག་པ་དེ་ལས་འགལ་བ་ཡིན་ན། 16ངས་ཁྱོད་ཚོར་ཉེས་ཆད་གཏོང་རྒྱུ་ཡིན། ངས་ཁྱོད་ཚོའི་ཐོག་ཏུ་འཇིགས་སྐྱོན་ཆེན་པོ་འཁྱེར་ཡོང་རྒྱུ་ཡིན། ཁྱོད་ཚོའི་ལུས་གཟུགས་སྐམ་ཞིང་། མིག་ཞར་བ་དང་དྲག་གསོ་བར་མི་ཐུབ་པའི་ཚད་ནད་ལ་སོགས་པའི་ནད་གཞི་དྲག་པོ་བཅས་འཁྱེར་ཡོང་རྒྱུ་ཡིན། ཁྱོད་ཚོས་སྟོན་ཐོག་བཏབ་ཀྱང་། དེས་ཁྱོད་ཚོར་ཕན་ཐོག་གང་ཡང་མི་ཡོང་ངོ་། གང་ལགས་ཟེར་ན། དགྲ་བོས་ཁྱོད་ཚོའི་ཐོག་ཏུ་དབང་བསྒྱུར་བྱས་ནས་སྟོན་ཐོག་ཚང་མ་ཟ་བར་འགྱུར། 17ངས་ཁྱོད་ཚོར་རྒྱབ་འགལ་དུ་ལངས་པས་ཁྱོད་ཚོ་ཕམ་པར་འགྱུར། ཁྱོད་ཚོར་ཞེན་ལོག་བྱེད་མཁན་ཚོས་ཁྱོད་ཚོའི་ཐོག་ཏུ་དབང་བསྒྱུར་བྱེད་རྒྱུ་དང་། ཁྱོད་ཚོ་ཧ་ཅང་འཇིགས་པའི་རྐྱེན་གྱིས་རྗེས་དེད་བྱེད་མཁན་མེད་པར་ཁྱོད་ཚོ་བྲོས་དགོས་པར་འགྱུར། 18དེ་འདྲ་བྱུང་ཚར་བའི་རྗེས་སུའང་ཁྱོད་ཚོས་ངའི་བཀའ་ཁྲིམས་ལ་བརྩི་མེད་བྱས་པ་ཡིན་ན། ངས་ཁྱོད་ཚོའི་ཉེས་ཆད་དེ་བདུན་ལྡབ་བཏང་རྒྱུ་ཡིན། 19ཁྱོད་ཚོའི་ང་རྒྱལ་བཅག་པར་འགྱུར། ཆར་ཆུ་མ་འབབ་པར་ཁྱོད་ཚོའི་ས་ཞིང་སྐམ་སྟེ་ལྕགས་དང་འདྲ་བར་མཁྲེགས་པོར་འགྱུར་རྒྱུ་དང་། 20ཁྱོད་ཚོས་ངལ་རྩོལ་གང་མང་བྱས་ཀྱང་དེས་ཕན་ཐོག་མ་བྱུང་བར་འགྱུར། གང་ལ་ཟེར་ན། ཁྱོད་ཚོའི་ཞིང་ཁར་སྟོན་ཐོག་མི་སྐྱེས་ཤིང་། ལྗོན་ཤིང་རྣམས་ལའང་འབྲས་བུ་སྨིན་པར་མི་འགྱུར་རོ། 21ཁྱོད་ཚོས་ད་དུང་རྒོལ་སེམས་བྱེད་དེ་ངའི་བཀའ་མ་སྲུང་བ་ཡིན་ན། ངས་ཁྱོད་ཚོའི་ཉེས་ཆད་དེ་སླར་ཡང་བདུན་ལྡབ་གཅིག་སྤར་རྒྱུ་ཡིན། 22ངས་ཁྱོད་ཚོའི་ཁྲོད་དུ་འཇིགས་སུ་རུང་བའི་གཅན་གཟན་རྣམས་བཏང་ཞིང་། དེ་དག་གིས་ཁྱོད་ཚོའི་བུ་ཕྲུག་རྣམས་བསད་པ་དང་། ཁྱོད་ཚོའི་ཕྱུགས་ཟོག་རྣམས་ཀྱང་མེད་པར་བྱེད་རྒྱུ་ཡིན། ཁྱོད་ཚོའི་མི་གྲངས་ཉུང་དུ་སོང་བའི་རྐྱེན་གྱིས་འགྲུལ་ལམ་རྣམས་ཀྱང་སྟོངས་པར་འགྱུར་རྒྱུ་ཡིན། 23ཉེས་ཆད་དེ་ལྟར་ཕོག་པའི་རྗེས་སུའང་ཁྱོད་ཚོས་ད་དུང་ངའི་བཀའ་ལ་མ་ཉན་པར་རྒོལ་སེམས་བྱས་པ་ཡིན་ན། 24ང་ནི་ཁྱོད་ཚོའི་རྒྱབ་རྒལ་དུ་ལངས་ཤིང་། སྔར་ལས་ལྷག་པའི་ཉེས་ཆད་བདུན་ལྡབ་སྤྲོད་རྒྱུ་ཡིན། 25ང་ཚོའི་ཁྲོད་ཀྱི་དམ་བཅའ་དང་འགལ་བ་ཡིན་པས། ངས་ཁྱོད་ཚོར་ཉེས་ཆད་གཏོང་ཕྱིར་དམག་འཁྲུགས་སོགས་གཏོང་རྒྱུ་ཡིན། ཁྱོད་ཚོ་སྲུང་སྐྱོབ་ཀྱི་ཆེད་དུ་རང་གི་གྲོང་ཁྱེར་ཁག་ཏུ་འཛོམས་པ་ཡིན་ན། ངས་ཁྱོད་ཚོའི་ཁྲོད་དུ་དྲག་དཀའ་བའི་རིམས་ནད་སོགས་གཏོང་རྒྱུ་ཡིན་པས། ཁྱོད་ཚོ་རང་གི་དགྲ་བོའི་མདུན་དུ་མགོ་སྒུར་དགོས་པ་བྱུང་ཡོང་། 26ངས་ཁྱོད་ཚོའི་ཁ་ཟས་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། བུད་མེད་བཅུས་བག་ལེབ་བཞོ་བའི་ཕྱིར་ཐབ་གཅིག་རང་གིས་སྒྲིག་རྒྱུ་ཡིན་པ་དང་། དེ་ཚོས་ཁ་ལག་ཚོད་བྱས་ཏེ་ཉུང་ཉུང་བགོས་ཤིང་། ཁ་ལག་ཟས་ཚར་བའི་རྗེས་སུའང་ཁྱོད་ཚོ་ལྟོགས་པར་འགྱུར་ཡོང་། 27རྐྱེན་ངན་དེ་དག་བྱུང་ཚར་བའི་རྗེས་སུའང་ཁྱོད་ཚོས་ང་ལ་མུ་མཐུད་ཀྱིས་རྒོལ་སེམས་བྱས་ཏེ་ངའི་བཀའ་རྣམས་མ་སྲུང་བ་ཡིན་ན། 28ང་ནི་ཁྲོ་བོའི་ངང་དུ་ཁྱོད་ཚོའི་རྒྱབ་འགལ་བྱེད་དེ་འཐབ་རྒྱུ་ཡིན། ཁྱོད་ཚོའི་ཉེས་ཆད་དེ་སྔར་ལས་ལྷག་པའི་བདུན་ལྡབ་གཏོང་རྒྱུ་ཡིན། 29ཁྱོད་ཚོ་ཧ་ཅང་ལྟོགས་དྲག་པའི་རྐྱེན་གྱིས་རང་གི་བུ་ཕྲུག་རྣམས་ཀྱང་ཟ་བར་འགྱུར། 30རི་ཁར་ཁྱོད་ཚོས་མཆོད་འབུལ་བྱེད་པའི་གནས་དེ་ཚོ་མེད་པར་བྱེད་རྒྱུ་དང་། སྤོས་བདུག་སའི་མཆོད་ཁྲི་རྣམས་གཏོར་རློག་གཏོང་ཞིང་། ས་ཁར་གྱེལ་བའི་སྐུ་འདྲ་རྣམས་ཀྱི་སྟེང་དུ་ཁྱོད་ཚོའི་རོ་རྣམས་དབྱུགས་རྒྱུ་ཡིན། 31ངས་ཁྱོད་ཚོའི་གྲོང་ཁྱེར་དང་མཆོད་འབུལ་བྱེད་སའི་གནས་རྣམས་མེད་པར་བྱས་ཏེ། ཁྱོད་ཚོའི་འབུལ་བ་དེ་ཚོའང་ངོས་ལེན་བྱེད་པར་མི་འགྱུར། 32ངས་ཁྱོད་ཚོའི་ཡུལ་དེ་ཡོངས་སུ་འཇིགས་པར་བྱེད་རྒྱུ་ཡིན་པ་དང་། དེ་མཐོང་ནས་ཡུལ་དེ་དབང་བསྒྱུར་བྱེད་མཁན་དགྲ་བོ་རྣམས་ཀྱང་ཧ་ལས་དགོས་པར་འགྱུར། 33ངས་ཁྱོད་ཚོའི་ཁྲོད་དུ་དམག་འཁྲུགས་གཏོང་ཞིང་། ཁྱོད་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁ་འཐོར་ནས་འགྲོ་དགོས་རྒྱུ་ཡིན་པ་དང་། ཁྱོད་ཚོའི་ཡུལ་དེ་འབྲོག་སྟོང་དུ་འགྱུར་ཞིང་། གྲོང་ཁྱེར་རྣམས་རྩ་མེད་དུ་འགྲོ་བར་འགྱུར། 34-35ཡུལ་དེ་ཡོངས་སུ་སྟོངས་ཤིང་། ཁྱོད་ཚོ་དགྲ་བོའི་ཡུལ་དུ་བཙོན་པ་བྱེད་ནས་གནས་ཡུན་རིང་ལ། ཁྱོད་ཚོའི་ཡུལ་གྱི་ས་ཞིང་ཁག་ལ་ལོ་མང་པོ་ངལ་གསོ་ལེགས་པར་ཐེབས་རྒྱུ་ཡིན། དེ་མིན་ཁྱོད་ཚོས་རང་གི་ཡུལ་གྱི་ས་ཞིང་སོགས་ལ་ངལ་གསོ་སྤྲད་མེད་དོོ། 36ངས་ཁྱོད་ཚོ་བཙོན་པའི་གནས་སྟངས་སུ་ཡོད་པ་རྣམས་ལ་ཧ་ཅང་འཇིགས་དགོས་པར་བཟོས་པའི་རྐྱེན་གྱིས། ལོ་མ་ལྷག་པས་འཁྱེར་བའི་སྒྲ་ཐོས་པ་ཙམ་གྱིས་ཁྱོད་ཚོ་བྲོས་པར་འགྱུར། དམག་འཁྲུགས་སྐབས་སུ་དགྲ་བོའི་དེད་པ་བཞིན་ཁྱོད་ཚོ་བྲོས་དགོས་རྒྱུ་ཡིན་པ་དང་། དགྲ་བོ་འགྲམ་དུ་མེད་ནའང་ཁྱོད་ཚོ་ས་ཁར་འགྱེལ་བར་འགྱུར། 37སུས་ཀྱང་དེད་མཁན་མེད་པར་ཁྱོད་ཚོ་ཕན་ཚུན་འཁོན་ཐོག་བྱས་ཏེ། གཅིག་གི་སྟེང་དུ་གཅིག་འགྱེལ་བ་དང་། རང་གི་དགྲ་བོའི་སྟེང་དུ་འཐབ་རྒོལ་བྱེད་མ་ནུས་སོ། 38ཁྱོད་ཚོ་བྱེས་པའི་ཡུལ་དུ་ཤི་དགོས་ཤིང་། ཁྱོད་ཚོའི་དགྲ་བོའི་ཡུལ་དུ་ཁྱོད་ཚོར་མིད་པར་འགྱུར། 39ཁྱོད་ཚོའི་ནང་ནས་མི་ཉུང་ངུ་ཞིག་དགྲ་བོའི་ཡུལ་དུ་གསོན་པོར་ལུས་ན་ཡང་། དེ་ཚོ་རང་ཉིད་དང་རང་གི་མེས་པོ་རྣམས་ཀྱི་སྡིག་པའི་རྐྱེན་གྱིས་དེ་དག་འཕུང་བར་འགྱུར། 40འོན་ཀྱང་ཁྱོད་ཚོའི་བུ་བརྒྱུད་ཚོས་རང་གི་སྡིག་པ་དང་། སྔར་ང་ལ་ངོ་རྒོལ་བྱེད་མཁན་རང་གི་ཕ་མེས་རྣམས་ཀྱི་སྡིག་པ་ངོས་ལེན་བྱེད་པར་འགྱུར། 41དེ་ཚོའི་ཕ་མེས་རྣམས་ཀྱིས་ང་ལ་དེ་ཚོའི་ཁར་རྒོལ་བཅུག་སྟེ། དེ་ཚོ་དགྲ་བོའི་ཡུལ་དུ་བཙོན་པའི་གནས་སྟངས་སུ་བསྡད་ཕྱིར་ངས་དེད་དགོས་བྱུང་བ་དང་། མཐར་ཁྱོད་ཚོའི་བུ་བརྒྱུད་རྣམས་སེམས་དུལ་ཏེ་རང་གི་ཉེས་སྡིག་དང་རྒོལ་སེམས་ཀྱི་ཉེས་ཆད་ཐོབ་ཟིན་པའི་རྗེས་སུ། 42ངས་ཡ་ཀོབ་དང་ཨི་སཱག། ཨབ་ར་ཧམ་དང་མཉམ་དུ་དམ་བཅའ་བཞག་པ་དྲན་གསོ་བྱེད་དེ། རང་གི་མི་འབངས་ལ་ཡུལ་སྤྲོད་རྒྱུའི་དམ་བཅའ་དེ་སྐྱར་གསོ་བྱེད་རྒྱུ་ཡིན། 43འོན་ཀྱང་དེའི་སྔོན་དུ་མི་རྣམས་ཡུལ་དེ་ནས་ཕྱིར་བཏོན་དགོས་རྒྱུ་དང་། ཡུལ་དེའི་ས་ཞིང་སོགས་ལ་ངལ་གསོ་ལེགས་པར་སྤྲོད་དགོས་པ་མ་ཟད། མི་ཚོས་ངའི་བཀའ་ཁྲིམས་མ་སྲུང་བའི་ཉེས་ཆད་དེ་ངེས་པར་འཕོག་དགོས། 44འོན་ཀྱང་དེ་ཚོ་དགྲ་བོའི་ཡུལ་དུ་གནས་སྡོད་བྱེད་སྐབས་སུའང་ངས་དེ་ཚོ་ཡོངས་སུ་སྤངས་རྒྱུ་དང་ཚར་གཅོད་བྱེད་རྒྱུ་སོགས་བྱེད་མི་ཡོང་། གང་ལ་ཟེར་ན། གལ་སྲིད་ངས་དེ་ལྟར་བྱས་པ་ཡིན་ན། ངས་དེ་ཚོ་དང་མཉམ་དུ་བཞག་པའི་དམ་བཅའ་དེ་བརྩི་མེད་འགྲོ་བར་འགྱུར། ང་ནི་དེ་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། 45ངས་རང་གི་མི་འབངས་རྣམས་ཨི་ཇིབ་ནས་བཏོན་ཏེ་འཁྲིད་ཡོང་བ་དེའི་སྒོ་ནས། ངའི་མཐུ་སྟོབས་དེ་མི་རིགས་གཞན་གྱི་ཁྲོད་དུ་མངོན་པ་ཡིན། དེ་ལྟར་བྱེད་དགོས་དོན་ནི་ང་ནི་དེ་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཏུ་འགྱུར་བས་ཕྱིར་རོ། སྐབས་དེར་ངས་དེ་ཚོའི་མེས་པོ་དང་མཉམ་དུ་བཞག་པའི་དམ་བཅའ་དེ་སླར་ཡང་སྐྱར་གསོ་བྱེད་རྒྱུ་ཡིན་ནོ། 46བཀའ་ཁྲིམས་དེ་རྣམས་ཨིསི་རཱཨེལ་པ་ཚོའི་ཆེད་དུ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་རི་བོ་སི་ནཨེ་ནས་གནང་བ་ཡིན་ནོ༎

ལེ་ཝི 27

གཙོ་བོ་དཀོན་མཆོག་ལ་ཕུལ་བའི་འབུལ་བའི་སྐོར་གྱི་ཁྲིམས།

1-2གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཨིསི་རཱཨེལ་པ་ཚོ་ལ་སྨྲོས་ཤིག། གཙོ་བོ་དཀོན་མཆོག་ལ་ཕུལ་བའི་དམིགས་བསལ་གྱི་དམ་བཅའ་སྒྲུབ་པའི་ཆེད་དུ། ཁོང་ལ་མི་ཞིག་བསྔོ་འབུལ་བྱེད་པ་ཡིན་ན། གཤམ་གསལ་གོང་ཚད་བཞིན་དུ་བླུ་རིན་འཇལ་ནས་མི་དེ་རང་དབང་དུ་འགྱུར་ཡོང་། 3-7བླུ་རིན་དེ་ནི་གཞུང་གི་ཁྲིམས་སྲོལ་ལྟར་གཏན་འབེབས་བྱས་པ་ཞིག་དགོས། - རང་ལོ་ཉི་ཤུ་ནས་དྲུག་ཅུ་བར་གྱི་སྐྱེས་པ་ཞིག་གི་ཆེད་དུ་དངུལ་དུམ་བུ་ལྔ་བཅུ་དང་། - ལོ་ན་ལོན་པའི་བུད་མེད་གཅིག་གི་ཆེད་དུ་དངུལ་དུམ་བུ་སུམ་ཅུ་དང་། - རང་ལོ་ལྔ་ནས་ཉི་ཤུ་བར་གྱི་ལོ་གཞོན་པ་ཞིག་གི་ཆེད་དུ་དངུལ་དུམ་བུ་ཉི་ཤུ། - བུ་མོ་ན་གཞོན་མ་ཞིག་གི་ཆེད་དུ་དངུལ་དུམ་བུ་བཅུ། - རང་ལོ་ལྔ་མ་ལོན་པའི་བུ་ཞིག་གི་ཆེད་དུ་དངུལ་དུམ་བུ་ལྔ། - ལོ་ལྔ་ལས་ཆུང་བ་བུ་མོ་ཞིག་ལ་དངུལ་དུམ་བུ་གསུམ། - རང་ལོ་དྲུག་ཅུ་ལས་ལྷག་པའི་སྐྱེས་པ་ཞིག་གི་ཆེད་དུ་དངུལ་དུམ་བུ་བཅོ་ལྔ། - རང་ལོ་དྲུག་ཅུ་ལས་ལྷག་པའི་བུད་མེད་གཅིག་གི་ཆེད་དུ་དངུལ་དུམ་བུ་བཅུ། 8གལ་ཏེ་དམ་བཅའ་བྱེད་མཁན་མི་དེ་དབུལ་པོ་ཞིག་ཡིན་པས། གཏན་འབེབས་བྱེད་པའི་བླུ་རིན་དེ་འཇལ་མ་ཐུབ་པ་ཡིན་ན། ཁོས་མི་དེ་བླ་མའི་རྩར་འཁྲིད་ཡོང་དགོས། བླ་མས་མི་དེའི་གནས་སྟངས་ལ་གཞིགས་ཏེ་བླུ་རིན་ཆག་ཡང་བྱེད་པར་འགྱུར། 9གལ་ཏེ་དུད་འགྲོ་ཞིག་འབུལ་རྒྱུའི་དམ་བཅའ་བྱེད་ཡོད་རུང་། དུད་འགྲོ་དེ་གཙོ་བོ་དཀོན་མཆོག་ལ་འབུལ་འོས་པ་ཞིག་ཡིན་ན། འབུལ་བ་ཚང་མ་དམ་པར་བརྩི་དགོས་རྒྱུ་དང་། 10དམ་བཅའ་བྱེད་མཁན་མི་དེས་དུད་འགྲོ་ཞིག་འབུལ་རྒྱུའི་ཐག་གཅོད་བྱས་ཟིན་པ་ཡིན་ན། དུད་འགྲོ་དེའི་ཚབ་ཏུ་དུད་འགྲོ་གཞན་ཞིག་འབུལ་མི་ཆོག དེ་འདྲ་བྱས་པ་ཡིན་ན་དུད་འགྲོ་གཉིས་ཀ་གཙོ་བོ་དཀོན་མཆོག་ལ་བདག་པ་ཡིན་ནོ། 11གལ་ཏེ་དམ་བཅའ་བྱེད་པའི་དུད་འགྲོ་དེ་སྲོལ་བཞིན་མི་གཙང་བར་ཡོད་པ་ཡིན་ན། འབུལ་བ་དེ་གཙོ་བོ་དཀོན་མཆོག་ལ་འབུལ་འོས་པ་ཞིག་མེད་པ་ཡིན་ན། ཁོས་དུད་འགྲོ་དེ་བླ་མའི་རྩར་འཁྲིད་ཡོང་དགོས། 12བླ་མས་དུད་འགྲོ་དེ་ཡག་ཉེས་ལ་གཞིགས་ནས་དེའི་རིན་གོང་གཏན་འབེབས་བྱེད་དགོས། དེ་ལྟར་གཏན་འབེབས་བྱས་ཟིན་པའི་གོང་ཚད་དེ་ལ་གོང་བཅག་རྒྱུ་མེད་པ་ཡིན་ནོ། 13མི་དེས་དུད་འགྲོ་དེ་ཕྱིར་སློག་ཉོ་འདོད་བྱེད་ན། དུད་འགྲོའི་རིན་གོང་གི་ཁར་བརྒྱ་ཆ་ཉི་ཤུ་ཙམ་འཕར་སྣོན་འབུལ་དགོས། 14སུ་ཞིག་གིས་རང་གི་ཁྱིམ་དེ་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱེད་པར་འདོད་སྐབས། བླ་མས་ཁང་པ་དེའི་གནས་སྟངས་བཟང་ངན་ལ་གཞིགས་ནས་དེའི་གོང་ཚད་གཏན་འབེབས་བྱེད་དགོས། གོང་ཚད་གཏན་འབེབས་བྱས་ཟིན་པ་དེར་གོང་བཅག་རྒྱུ་མེད་པ་ཡིན་ནོ། 15ཁང་པ་བསྔོ་འབུལ་བྱེད་མཁན་དེས་སླར་ཡང་ཁང་པ་དེ་ཕྱིར་སློག་ཉོས་འདོད་བྱེད་པ་ཡིན་ན། ཁོས་ཁང་པའི་གོང་ཚད་ཀྱི་ཁར་བརྒྱ་ཆ་ཉི་ཤུ་ཙམ་འཕར་སྣོན་འབུལ་དགོས། 16སུ་ཞིག་གིས་རང་གི་ས་ཞིང་གི་ཆ་ཤས་ཤིག་གཙོ་བོ་དཀོན་མཆོག་ལ་འབུལ་བ་ཡིན་ན། དེའི་རིན་གོང་ནི་ཞིང་དེར་ས་བོན་མང་ཉུང་ཇི་ཙམ་འགྲོ་བའི་འབོར་ཚད་ལ་གཞིགས་ཏེ། འབྲུ་ཀི་ལོ་ཉི་ཤུ་རེར་དངུལ་དུམ་བུ་བཅུ་རེ་བྱེད་དེ་བརྩི་དགོས་ཤིང་། 17ཁོས་རང་གི་ཞིང་དེ་སྐྱར་གསོའི་ལོ་དུས་ཡོལ་མ་ཐག་ཏུ་བསྔོ་འབུལ་བྱེད་པ་ཡིན་ན། དེའི་རིན་གོང་ཆ་ཚང་འབུལ་དགོས། 18དེའི་རྗེས་སུ་ས་ཞིང་དེ་བསྔོ་འབུལ་བྱེད་པ་ཡིན་ན། སྐྱར་གསོའི་ལོ་དུས་རྗེས་མ་དེ་མ་རན་པར་དུས་ཚོད་མང་ཉུང་ཇི་ཡོད་ལ་གཞིགས་ཏེ། བླ་མས་དེ་བཞིན་རྩིས་བརྒྱབ་ནས་ཞིང་གི་གོང་ཚད་བཅག་ནས་གཏན་འབེབས་བྱེད་དགོས། 19ས་ཞིང་བསྔོ་འབུལ་བྱེད་མཁན་དེས་སྐྱར་དུ་ཞིང་དེ་ཕྱིར་སློག་ཉོ་བར་འདོད་ན། ཁོས་ཞིང་གི་རིན་གོང་ཇི་ཡོད་ཁར་བརྒྱ་ཆ་ཉི་ཤུ་འཕར་སྣོན་འབུལ་དགོས། 20གལ་ཏེ་ཁོས་གཙོ་བོ་དཀོན་མཆོག་ལ་ཞིང་གི་རིན་གོང་མ་འབུལ་བར་མི་གཞན་ཞིག་ལ་བཙོང་པ་ཡིན་ན། ཁོས་ཞིང་དེ་སྐྱར་དུ་ཕྱིར་སློག་ཉོས་ཆོག་པའི་དབང་ཆ་དོར་དགོས་རྒྱུ་ཡིན། 21དེ་རྗེས་སྐྱར་གསོའི་ལོ་དུས་རྗེས་མ་ནས་བཟུང་ས་ཞིང་དེ་དུས་གཏན་གྱི་ཆེད་དུ་གཙོ་བོ་དཀོན་མཆོག་གི་དངོས་རྫས་སུ་རྟོགས་ཤིང་། དེ་ནི་བླ་མ་རྣམས་ལ་ཐོབ་པར་འགྱུར། 22སུ་ཞིག་གིས་སོ་སོས་ཉོས་པའི་ཞིང་དེ་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱེད་པར་འདོད་ན། 23བླ་མས་སྐྱར་གསོའི་ལོ་དུས་མ་རན་བར་ལོ་གྲངས་ཇི་ཡོད་ལ་གཞིགས་ཏེ། དེའི་རིན་གོང་གཏན་འབེབས་བྱེད་དགོས། མི་དེས་ཞིང་གི་རིན་གོང་དེ་ཉིན་རང་ལ་ཆ་ཚང་འབུལ་དགོས། དངུལ་དེ་ནི་གཙོ་བོ་དཀོན་མཆོག་གི་ཡིན་པར་འགྱུར། 24སྐྱར་གསོའི་ལོ་དུས་ཀྱི་སྐབས་སུ་ས་ཞིང་དེ་བདག་པོ་ངོ་མའམ་དེའི་བུ་བརྒྱུད་རྣམས་ལ་ཕྱིར་སློག་སྤྲོད་དགོས་པ་ཡིན་ནོ། 25གཞུང་གི་ཁྲིམས་སྲོལ་ལྟར་གཏན་འབེབས་བྱས་པའི་གོང་ཚད་དང་བསྟུན་ཏེ་རིན་གོང་རྒྱབ་དགོས། 26དུད་འགྲོའི་ནང་ནས་སྔོན་སྐྱེས་དེ་གཙོ་བོ་དཀོན་མཆོག་གི་ཡིན་བཞིན་དུ། སུས་ཀྱང་དེ་ནི་འདོད་མོས་ཀྱི་འབུལ་བའི་ཚུལ་དུ་ཁོང་ལ་འབུལ་མི་ཆོག བེའུ་དང་ལུག་གུའམ་ར་ཕྲུག་བཅས་གཙོ་བོ་དཀོན་མཆོག་གི་ཡིན་ནོ། 27འོན་ཀྱང་མི་གཙང་བའི་དུད་འགྲོ་སྔོན་སྐྱེས་གཏན་འབེབས་བྱས་པའི་གོང་ཚད་ཀྱི་ཁར་བརྒྱ་ཆ་ཉི་ཤུ་འཕར་སྣོན་འབུལ་ཏེ་ཉོ་དགོས། གལ་སྲིད་དེ་ཕྱིར་སློག་མ་ཉོས་ན། མི་གཞན་ཞིག་ལ་གཏན་འབེསབ་བྱས་པའི་གོང་ཚད་ལ་ཚོང་ཆོག་པ་ཡིན་ནོ། 28གཙོ་བོ་དཀོན་མཆོག་ལ་ཆ་རྐྱེན་མེད་པར་མིའམ་དུད་འགྲོའམ་ས་ཞིང་སོགས་བསྔོ་འབུལ་བྱས་པ་ཡིན་ན། དེ་ནི་སླར་ཡང་ཉོ་ཚོང་བྱེད་མི་ཆོག། དེ་ནི་དུས་གཏན་གྱི་ཆེད་དུ་གཙོ་བོ་དཀོན་མཆོག་གི་ཡིན་པར་འགྱུར། 29ཆ་རྐྱེན་མེད་པར་བསྔོ་འབུལ་བྱས་པའི་མི་ཞིག་ལ་ཡང་ཕྱིར་སློག་ཉོས་ཏེ་བླུ་མི་ཆོག་གོ ཁོ་ནི་ངེས་པར་དུ་གསོད་དགོས་པ་ཡིན་ནོ། 30ས་ཞིང་ཐོན་སྐྱེད་ཀྱི་འབྲུའམ་ཤིང་འབྲས་གང་རུང་གི་བཅུ་ཆ་དེ་ནི་གཙོ་བོ་དཀོན་མཆོག་གི་ཡིན་ནོ། 31གལ་ཏེ་སུ་ཞིག་གིས་བཅུ་ཆའི་འབུལ་བ་དེ་ལས་ཉོ་བར་འདོད་ན། ཁྲིམས་སྲོལ་བཞིན་གཏན་འབེསབས་བྱས་པའི་གོང་ཚད་ཀྱི་ཐོག་ཏུ་བརྒྱ་ཆ་ཉི་ཤུ་འཕར་སྣོན་འབུལ་དགོས། 32རང་གི་ཁང་པར་གསོས་པའི་དུད་འགྲོ་བཅུའི་ནང་ནས་གཅིག་ནི་གཙོ་བོ་དཀོན་མཆོག་གི་ཡིན། དུད་འགྲོའི་གྲངས་ཁ་བརྒྱབ་དུས་བཅུ་ཆ་དེ་གཙོ་བོ་དཀོན་མཆོག་གི་ཡིན་ནོ། 33དུད་འགྲོའི་བདག་པོས་གཙོ་བོ་དཀོན་མཆོག་ལ་འབུལ་བའི་ཕྱིར་དུད་འགྲོ་ཤ་སྐམ་པོ་རྣམས་སྒྲིག་ནས་བཞག་པའམ། ཡག་ཉེས་དབྱེ་བ་ཕྱེ་བའམ་བརྗེ་ལེན་སོགས་བྱེད་མི་ཆོག གལ་ཏེ་དུད་འགྲོ་བརྗེ་ལེན་བྱས་པ་ཡིན་ན། དུད་འགྲོ་ཡག་ཉེས་གཉིས་ཀ་གཙོ་བོ་དཀོན་མཆོག་གི་ཡིན་པར་འགྱུར། དེ་དག་བླུ་རིན་འབུལ་ནས་སླར་ཕྱིར་སློག་ཉོ་མི་ཆོག་པ་ཡིན་ནོ། 34གོང་གསལ་བཀའ་རྒྱ་དེ་རྣམས་ནི་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་རི་བོ་སི་ནཨེ་སྒང་ནས་ཨིསི་རཱཨེལ་མི་མང་རྣམས་ཀྱི་ཆེད་དུ་གནང་བ་ཡིན་ནོ༎

གྲངས་ཀ 1

ཨིསི་རཱཨེལ་དུ་ཐོག་མར་མི་འབོར་གྲངས་རྩིས་བྱས་པ།

1ཨིསི་རཱཨེལ་པ་ཚོ་ཨི་ཇིབ་ནས་ཐོན་པའི་ལོ་གཉིས་པའི་ཟླ་བ་གཉིས་པའི་ཉིན་ཞག་དང་པོར། སི་ནཨེ་འབྲོག་སྟོང་དུ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ནང་དུ་ཁོང་གིས་མོ་ཤེ་ལ་གསུང་གླེང་གནང་ཞིང་འདི་སྐད་དུ། 2ཁྱོད་དང་ཨ་རོན་གཉིས་ཀྱིས་རིགས་རུས་དང་ཁྱིམ་ཚང་གཞིར་བཟུང་གིས་ཨིསི་རཱཨེལ་ཡོངས་ཀྱི་མི་འབོར་གྲངས་རྩིས་ཤིག་ལེན་དགོས་སོ། 3ལོ་ཉི་ཤུ་དང་དེ་ལས་ཆེ་བའི་སྐྱེས་པ་དམག་སར་གོ་ཆོད་པ་ཚང་མའི་མིང་ཐོ་ཞིག་བཟོ་དགོས། 4ཁྱོད་ལ་རོགས་བྱེད་པའི་ཕྱིར་སྡེ་རིགས་རེ་རེ་ལས་རིགས་རུས་སོ་སོར་འགོ་དཔོན་རེ་འདེམས་སྒྲུག་བྱོས་ཤིག 5-16ལས་དོན་དེའི་སྐོར་མི་སྡེ་ཀྱི་དཀྱིལ་ནས་འདེམས་སྒུག་བྱས་པའི་སྡེ་རིགས་སོ་སོའི་སྐྱེས་པ་དང་འགོ་བྱེད་རྣམས་གཤམ་གསལ་ལྟར་རོ། སྡེ་རིགས རིགས་རུས་འགོ་དཔོན། རུ་བྷེན ཤེ་དྷུར་གྱི་བུ་ཨེ་ལི་ཛུར། སིམ་ཨོན ཛུ་རི་ཤད་དྷེའི་བུ་ཤེ་ལུ་མི་ཨེལ། ཡ་ཧུ་དཱ ཨམ་མི་ན་དྷབ་ཀྱི་བུ་ནཱ་ཤོན། ཨི་ས་ཀར ཛུ་ཨར་གྱི་བུ་ནེ་ཐ་ནེལ། ཛེ་བུ་ལུན ཧེ་ལོན་གྱི་བུ་ཨེ་ལི་ཨབ། ཨེཕ་ར་ཡིམ ཨམ་མི་ཧུད་ཀྱི་བུ་ཨེ་ལི་ཤ་མ། མ་ནསེ་སཱེ པེ་དཱ་ཛུར་གྱི་བུ་གྷ་མ་ལི་ཨེལ། བྷེན་ཡ་མིན གྷིད་ཨོ་ནིའི་བུ་ཨ་བྷི་དན། དཱན ཨམ་མི་ཤ་དྷེའི་བུ་ཨ་ཧི་ཨེ་ཛར། ཨ་ཤེར ཨོཀ་རན་གྱི་བུ་པ་གྷི་ཨེལ། གྷཌ ཌུ་ཨེལ་གྱི་བུ་ཨེལ་ཡ་སཱཕ། ནཕ་ཏ་ལི ཨེ་ནན་གྱི་བུ་ཨ་ཧི་ར། 17གོང་གསལ་མི་བཅུ་གཉིས་ཀྱིས་རོགས་བྱས་ཏེ་མོ་ཤེ་དང་ཨ་རོན་གཉིས་ཀྱིས། 18ཟླ་བ་གཉིས་པའི་ཉིན་ཞག་དང་པོར་མི་སྡེ་ཡོངས་རྫོགས་བཀོང་སྟེ། རང་རང་སོ་སོའི་རིགས་རུས་དང་ཁྱིམ་ཚང་གཞིར་བཟུང་ལྟར་མིང་ཐོར་བཀོད་པ་ཡིན་ནོ། ལོ་ངོ་ཉི་ཤུ་དང་དེ་ལས་ཆེ་བའི་སྐྱེས་པ་ཚང་མའི་མིང་དང་གྲངས་ཐོ་ཞིག་བཀོད་དོ། 19གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་མོ་ཤེས་མི་མང་གི་མིང་ཐོ་དེ་སི་ནཨེ་འབྲོག་སྟོང་དུ་ཡོད་སྐབས་བྲིས་པ་ཡིན་ནོ། 20-46ལོ་ཉི་ཤུ་དང་དེ་ལས་ཆེ་བའི་སྐྱེས་པ་དམག་སར་གོ་ཆོད་པ་རྣམས་ཀྱི་མིང་ཐོ་དེ་ཁོ་ཚོའི་རིགས་རུས་དང་ཁྱིམ་ཚང་གཞིར་བཟུང་ལྟར་བྲིས་ཤིང་། མིང་ཐོ་དེ་ནི་ཡ་ཀོབ་ཀྱི་བུ་རྒན་པ་རུ་བྷེན་གྱི་སྡེ་རིགས་ལས་འགོ་བཙུགས་ནས་བྲིས་པ་དང་། མིང་ཐོའི་གྲངས་འབོར་བསྡོམས་ནི་གཤམ་གསལ་ལྟར་ཡིན་ནོ། སྡེ་རིགས། གྲངས་འབོར རུ་བྷེན། ༤༦,༥༠༠ སིམ་ཨོན། ༥༩,༣༠༠ གྷཌ། ༤༥,༦༥༠ ཡ་ཧུ་དཱ། ༧༤,༦༠༠ ཨི་ས་ཀར། ༥༤,༤༠༠ ཛེ་བུ་ལུན། ༥༧,༤༠༠ ཨེཕ་ར་ཡིམ། ༤༠,༥༠༠ མ་ནསེ་སཱེ། ༣༢,༢༠༠ བྷེན་ཡ་མིན། ༣༥,༤༠༠ དཱན། ༦༢,༧༠༠ ཨ་ཤེར། ༤༡,༥༠༠ ནཕ་ཏ་ལི། ༥༣,༤༠༠ བསྡོམས: ༦༠༣,༥༥༠ 47ལེ་ཝི་པ་རྣམས་ནི་སྡེ་རིགས་གཞན་གྱི་ཁོངས་སུ་མིང་ཐོར་བཀོད་མེད་པ་ཡིན་ནོ། 48གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་ཡོད་དོ། 49ཁྱོད་ཚོས་དམག་སར་གོ་ཆོད་པའི་མི་རྣམས་ཀྱི་མིང་ཐོ་བཀོད་སྐབས་ལེ་ཝིའི་སྡེ་རིགས་ནས་ཡིན་པ་རྣམས་མིང་ཐོར་མ་བྲིས་ཤིག 50དེ་ཚབ་ཏུ་དེ་དག་ང་གནས་པའི་དབུ་གུར་དམ་པ་དང་དེའི་མཁོ་ཆས་རྣམས་ཀྱི་དོ་དམ་པར་བསྐོ་གཞག་བྱེད་དགོས། དེ་ཚོས་དེ་དང་དེའི་མཁོ་ཆས་རྣམས་འོར་འདྲེན་བྱེད་དེ་ཁོ་ཚོས་དེའི་ནང་དུ་སྲི་ཞུ་ཞུ་ཞིང་། དེའི་མཐའ་འཁོར་དུ་རང་གི་གུར་ཕུབ་ནས་བསྡད་དགོས་སོ། 51ཁྱོད་ཚོས་སྒར་ས་སྤོས་ནས་འགྲོ་དུས་ལེ་ཝི་པ་ཚོས་ངའི་དབུ་གུར་དམ་པ་དེ་མར་འབེབས་དགོས་པ་དང་། དེ་བཞིན་ས་གནས་གཞན་དུ་སྒར་ས་རྒྱབ་སྐབས་ཀྱང་དེ་ཚོས་དབུ་གུར་དམ་པ་དེ་ཕུབ་དགོས་པ་ཡིན་ནོ། སུའང་དབུ་གུར་དམ་པའི་ཉེ་འགྲམ་དུ་ཡོང་བ་དེ་ནི་བསད་དགོས་པ་ངེས་ཅན་ཡིན་ནོ། 52ལྷག་ཕྲོས་ཨིསི་རཱཨེལ་པ་རྣམས་ཀྱི་རུ་ཁག་སོ་སོའི་སྒར་བརྒྱབ་དགོས་པ་དང། མི་རེ་རེ་རང་གི་མི་ཚོགས་མཉམ་དུ་དར་ཆའི་འོག་ཏུ་གནས་དགོས་ཤིང་། 53འོན་ཀྱང་ལེ་ཝི་པ་རྣམས་ནི་དབུ་གུར་དམ་པའི་མཐའ་འཁོར་དུ་བསྡད་ནས་དེ་ལ་སྲུང་དགོས། དེ་ལྟར་བྱས་པའི་རྐྱེན་གྱིས་སུའང་ཉེ་བར་ཡོང་མ་བཅུག་པས་ངའི་ཁྲོ་བ་དེ་ཨིསི་རཱཨེལ་མི་སྡེའི་ཐོག་ཏུ་མ་འཕོག་པས་ཕྱིར་རོ། 54གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་ཇི་ལྟར་བཀའ་གནང་བ་བཞིན་ཨིསི་རཱཨེལ་མི་མང་རྣམས་ཀྱིས་དེ་བཞིན་ཆ་ཚང་བྱས་སོ༎

གྲངས་ཀ 2

སྒར་གྱི་ནང་དུ་སྡེ་རིགས་སོ་སོའི་སྒར་བརྒྱབ་ཕྱིར་གོ་སྒྲིགས་བྱས་པ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་གཉིས་ལ་གཤམ་གསལ་ལྟར་བཀའ་བསྒོས་གནང་བ་ནི། 2ཨིསི་རཱཨེལ་པ་ཚོས་སྒར་རྒྱབ་སྐབས། མི་ཚང་མས་རང་རང་སོ་སོའི་རུ་ཁག་དང་རིགས་རུས་སོ་སོའི་དར་ཆའི་འོག་ཏུ་གནས་སྡོད་བྱེད་དགོས། དེ་བཞིན་དེ་ཚོས་རང་གི་སྒར་ཡང་དབུ་གུར་དམ་པའི་མཐའ་བསྐོར་དུ་རྒྱབ་དགོས་སོ། 3-9ཤར་ཕྱོགས་སུ་ཡ་ཧུ་དཱའི་རུ་ཁག་གི་དར་ཆའི་འོག་ཏུ་གཤམ་གསལ་ལྟར་རང་རང་སོ་སོའི་རུ་དཔོན་གྱི་མངའ་ཁོངས་སུ་སྒར་རྒྱབ་ནས་བསྡད་དགོས་སོ། སྡེ་རིགས། འགོ་དཔོན། གྲངས་འབོར། ཡ་ཧུ་དཱ། ཨམ་མི་ན་དྷབ་ཀྱི་བུ་ནཱ་ཤོན། ༧༤,༦༠༠ ཨི་ས་ཀར། ཛུ་ཨར་གྱི་བུ་ནེ་ཐ་ནེལ། ༥༤,༤༠༠ ཛེ་བུ་ལུན། ཧེ་ལོན་གྱི་བུ་ཨེ་ལི་ཨབ། ༥༧,༤༠༠ བསྡོམས: ༡༨༦,༤༠༠ ཡ་ཧུ་དཱའི་རུ་ཁག་ནི་དང་པོ་འགྲོ་དགོས། 10-16ལྷོ་ཕྱོགས་སུ་རུ་བྷེན་གྱི་རུ་ཁག་གི་དར་ཆའི་འོག་ཏུ་གཤམ་གསལ་ལྟར་རང་རང་སོ་སོ་སོའི་རུ་དཔོན་གྱི་མངའ་ཁོངས་སུ་སྒར་རྒྱབ་ནས་བསྡད་དགོས་སོ། རུ་བྷེན། ཤེ་དྷུར་གྱི་བུ་ཨེ་ལི་ཛུར། ༤༦,༥༠༠ སིམ་ཨོན། ཛུ་རི་ཤད་དྷེའི་བུ་ཤེ་ལུ་མི་ཨེལ། ༥༩,༣༠༠ གྷཌ། ཌུ་ཨེལ་གྱི་བུ་ཨེལ་ཡ་སཱཕ། ༤༥,༦༥༠ བསྡོམས: ༡༥༡,༤༥༠ རུ་བྷེན་གྱི་རུ་ཁག་ནི་གཉིས་པར་འགྲོ་དགོས། 17མདུན་དུ་འགྲོ་བའི་རུ་ཁག་གཉིས་དང་རྒྱབ་ཏུ་ཡོང་བའི་རུ་ཁག་གཉིས་ཀྱི་བར་ལ་ལེ་ཝི་པ་ཚོས་དབུ་གུར་དམ་པ་དེ་འཁྱེར་ནས་འགྲོ་དགོས་ཤིང་། རུ་ཁག་སོ་སོའི་སྒར་གྱི་ནང་དུ་བསྡད་པ་བཞིན་གྲལ་རིམ་སྒྲིག་ནས་རང་གི་དར་ཆའི་འོག་ཏུ་འགྲོ་དགོས་སོ། 18-24ནུབ་ཕྱོགས་སུ་ཨེཕ་ར་ཡིམ་གྱི་རུ་ཁག་གི་དར་ཆའི་འོག་ཏུ་གཤམ་གསལ་ལྟར་རང་རང་སོ་སོའི་རུ་དཔོན་གྱི་མངའ་ཁོངས་སུ་སྒར་རྒྱབ་ནས་བསྡད་དགོས་སོ། ཨེཕ་ར་ཡིམ། ཨམ་མི་ཧུད་ཀྱི་བུ་ཨེ་ལི་ཤ་མ། ༤༠,༥༠༠ མ་ནསེ་སཱེ། པེ་དཱ་ཛུར་གྱི་བུ་གྷ་མ་ལི་ཨེལ། ༣༢,༢༠༠ བྷེན་ཡ་མིན། གྷིད་ཨོ་ནིའི་བུ་ཨ་བྷི་དན། ༣༥,༤༠༠ བསྡོམས: ༡༠༨,༡༠༠ ཨེཕ་ར་ཡིམ་གྱི་རུ་ཁག་ནི་གསུམ་པར་འགྲོ་དགོས། 25-31བྱང་ཕྱོགས་སུ་དཱན་གྱི་རུ་ཁག་གི་དར་ཆའི་འོག་ཏུ་གཤམ་གསལ་ལྟར་རང་རང་སོ་སོའི་རུ་དཔོན་གྱི་མངའ་ཁོངས་སུ་སྒར་རྒྱབ་ནས་བསྡད་དགོས་སོ། དཱན། ཨམ་མི་ཤ་དྷེའི་བུ་ཨ་ཧི་ཨེ་ཛར། ༦༢,༧༠༠ ཨ་ཤེར། ཨོག་རན་གྱི་བུ་པ་གྷི་ཨེལ། ༤༡,༥༠༠ ནཕ་ཏ་ལི། ཨེ་ནན་གྱི་བུ་ཨ་ཧི་ར། ༥༣,༤༠༠ བསྡོམས: ༡༥༧,༦༠༠ དཱན་གྱི་རུ་ཁག་ནི་མཐའ་མར་འགྲོ་དགོས་པ་ཡིན་ནོ། 32རུ་ཁག་སོ་སོར་བྱས་ཏེ་མིང་ཐོར་བཀོད་པའི་ཨིསི་རཱཨེལ་པ་ཚོའི་སྡོམ་གྲངས་འབོར་ནི། ༦༠༣,༥༥༠ ཡོད་པ་དང་། 33གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་བསྒོས་གནང་བ་བཞིན་ལེ་ཝི་པ་རྣམས་ཀྱི་མིང་ནི་ཨིསི་རཱཨེལ་པ་བྱིངས་དང་མཉམ་དུ་མིང་ཐོར་བཀོད་མེད་པ་ཡིན་ནོ། 34དེ་ལྟར་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་བསྒོས་ཇི་ལྟར་གནང་བ་བཞིན་ཨིསི་རཱཨེལ་པ་ཚོས་དེ་བཞིན་ཚང་མ་བྱས་སོ། རང་རང་སོ་སོའི་དར་ཆའི་འོག་ཏུ་སྒར་ས་རྒྱབ་ནས་བསྡད་ཀྱི་ཡོད་དོ། ཕྱོགས་ཐོན་བྱེད་སྐབས་ཀྱང་རང་རང་སོ་སོའི་རིགས་རུས་ཀྱི་ཁོངས་སུ་འགྲོ་བསྐྱོད་བྱེད་ཀྱི་ཡོད་དོ༎

གྲངས་ཀ 3

ཨ་རོན་གྱི་བུ་རྣམས།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་མཉམ་དུ་སི་ནཨེ་རི་བོར་གསུང་གླེང་གནང་སྐབས། ཨ་རོན་དང་མོ་ཤེའི་ནང་མི་ནི་གཤམ་གསལ་ལྟར་ཡིན་ནོ། 2ཨ་རོན་ལ་བུ་བཞི་ཡོད་པ་ནས། རྒན་ཤོས་ན་དྷབ་དང་། དེ་རྗེས་ཨ་བྷི་ཧུ། ཨེ་ལི་ཛར་དང་ཨི་ཐ་མར་བཅས་ཡིན་པ་དང་། 3དེ་དག་ནི་བླ་མའི་གོ་གནས་སུ་བསྔོ་འབུལ་གྱིས་བསྐོ་གཞག་བྱས་ཡོད་པ་ཡིན་ནོ། 4འོན་ཀྱང་སི་ནཨེ་འབྲོག་སྟོང་དུ་གཙོ་བོ་དཀོན་མཆོག་ལ་མེ་མི་གཙང་བ་ཞིག་ཕུལ་བའི་རྐྱེན་གྱིས་ན་དྷབ་དང་ཨ་བྷི་ཧུ་གཉིས་ལ་སྲོག་སྐྱོན་བྱུང་བ་ཡིན་ནོ། དེ་ཚོར་བུ་ཕྲུག་མ་བྱུང་བ་ཡིན་པས། ཨ་རོན་འཚོ་ཡུན་རིང་དུ་ཨེ་ལི་ཛར་དང་ཨི་ཐ་མར་གཉིས་ནས་བླ་མའི་གོ་གནས་སུ་སྲི་ཞུ་ཞུ་གནས་པ་ཡིན་ནོ༎

ལེ་ཝི་པ་རྣམས་བསྐོ་གཞག་བྱས་པ།

5གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 6ལེ་ཝིའི་སྡེ་རིགས་རྣམས་འཁྲིད་ནས་དེ་ཚོ་བླ་མ་ཨ་རོན་གྱི་ཞབས་ཏོག་པར་བསྐོ་གཞག་བྱོས་ཤིག 7དེ་དག་གིས་ང་གནས་པའི་དབུ་གུར་དམ་པའི་ལས་བྱེད་དགོས་པ་དང་། དེ་བཞིན་བླ་མ་རྣམས་དང་ཨིསི་རཱཨེལ་མི་སྡེ་ཡོངས་ལའང་དེ་བཞིན་ཞབས་ཏོག་ཞུ་དགོས་སོ། 8དེ་ཚོས་དབུ་གུར་དམ་པའི་མཁོ་ཆས་རྣམས་ཀྱི་འགན་ལེན་དགོས་པ་དང་། ཨིསི་རཱཨེལ་མི་མང་བྱིངས་ལའང་དེ་བཞིན་ཞབས་ཏོག་ཞུ་དགོས་པ་ཡིན་ནོ། 9ལེ་ཝི་པ་ཚོའི་ལས་འགན་ནི་ཨ་རོན་དང་ཁོའི་བུ་རྣམས་ལ་ཞབས་ཏོག་ཞུ་དགོས་པ་ཡིན་ནོ། 10ཁྱོད་ཀྱི་ཨ་རོན་དང་ཁོའི་བུ་རྣམས་བླ་མའི་ལས་འགན་དུ་བཀོད་བཞག་བྱེད་དགོས་སོ། དེ་མིན་གཞན་སུས་ཀྱང་ལས་ཀ་དེ་བྱེད་པར་ཐབས་ཤེས་བྱས་པ་ཡིན་ན་དེ་ནི་ངེས་པར་དུ་ཤི་དགོས་སོ། 11གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 12-13ད་ལེ་ཝི་པ་རྣམས་ངའི་ཁོངས་སུ་གཏོགས་པ་ཡིན། སྔར་ངས་ཨི་ཇིབ་པའི་བུ་སྔོན་སྐྱེས་ཚང་མ་བསད་པའི་སྐབས་སུ། ཨིསི་རཱཨེལ་ནང་མི་རེ་རེའི་བུ་རྒན་ཤོས་རེ་དང་སེམས་ཅན་གྱི་སྔོན་སྐྱེས་ཚང་མ་ངའི་དོན་དུ་དམ་པར་བཟོས་པ་ཡིན། ད་ཨིསི་རཱཨེལ་གྱི་བུ་སྔོན་སྐྱེས་རྣམས་ཀྱི་ཚབ་ཏུ་ལེ་ཝི་པ་རྣམས་ངའི་ཡིན། དེ་ཚོ་ངའི་ཡིན་པར་འགྱུར། ང་ནི་གཙོ་བོ་དཀོན་མཆོག་ཡིན༎

ལེ་ཝི་པ་ཚོའི་མི་འབོར་གྲངས་རྩིས།

14སི་ནཨེ་འབྲོག་སྟོང་དུ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། 15ཟླ་བ་གཅིག་གམ་དེ་ལས་ཆེ་བའི་ལེ་ཝིའི་སྐྱེ་པ་ཕོ་རྣམས་རང་རང་སོ་སོའི་ཁྱིམ་ཚང་དང་རིགས་རུས་ལྟར་གྲངས་རྩིས་རྒྱབ་ནས་མིང་ཐོར་བྲིས་དགོས་སོ། 16མོ་ཤེས་དེ་ལྟར་བྱས་སོ། 17-20ལེ་ཝི་ལ་བུ་གསུམ་ཡོད་པ་ནི། གྷེར་ཤོན་དང་། ཀོ་ཧད་དང་མེ་ར་རི་བཅས་ཡིན་པ་དང་། དེ་དག་ནི་སོ་སོའི་རིགས་རུས་ཀྱི་མིང་འཁྱེར་བའི་མེས་པོར་འགྱུར་བ་ཡིན་ནོ། གྷེར་ཤོན་ལ་བུ་གཉིས་ཡོད་པ་ནི་ལིབ་ནི་དང་ཤིམ་ཨི་བཅས་དང། ཀོ་ཧད་ལ་བུ་བཞི་ཡོད་པ་ནི། ཨམ་རམ། ཨིཛ་ཧར། ཧེབ་རོན་དང་ཨུ་ཛི་ཨེལ་བཅས་ཡིན་པ་དང་། དེ་བཞིན་མེ་ར་རི་ལ་བུ་གཉིས་ཡོད་ཅིང་། དེ་དག་ནི་མཱ་ལི་དང་མུ་ཤི་བཅས་ཡིན་ནོ། དེ་དག་ནི་རང་རང་སོ་སོའི་མིང་འཁྱེར་བའི་ཁྱིམ་ཚང་གི་ཕ་མེས་སུ་འགྱུར་བ་ཡིན་ནོ། 21གྷེར་ཤོན་རིགས་རུས་ཀྱི་ཁོངས་སུ་ལིབ་ནི་དང་ཤིམ་ཨི་ནང་མི་རྣམས་ཡོད་ཅིང་། 22དེབ་ཐོར་འཁོད་པའི་ཟླ་བ་གཅིག་གམ་དེ་ལས་ཆེ་བའི་སྐྱེས་པ་ཕོ་རྣམས་ཀྱི་གྲངས་འབོར་ནི་ ༧,༥༠༠ ཡོད་པ་དང་། 23རིགས་རུས་འདི་ནི་དབུ་གུར་དམ་པའི་རྒྱབ་ངོས་ནུབ་ཕྱོགས་སུ་སྒར་རྒྱབ་ནས་བསྡད་དགོས་པ་ཡིན་ཏེ། 24རིགས་རུས་འདིའི་གཙོ་བོ་ནི་ལ་ཨེལ་གྱི་བུ་ཨེལ་ཡ་སཱཕ་ཡིན་ཅིང་། 25དེ་ཚོ་ནི་དབུ་གུར་དམ་པ་དང་། དེའི་ནང་ཤ་དང་ཕྱི་ཁེབས་དང། སྒོའི་ཡོལ་བ་དང་། 26དབུ་གུར་དམ་པ་དང་མཆོད་ཁྲིའི་མཐའ་འཁོར་གྱི་ཁྱམས་རའི་ཡོལ་བ་རྣམས་དང་། ཁྱམས་རའི་སྒོ་ཡོལ་བཅས་ཀྱི་དོ་དམ་པ་ཡིན་པས། ཁོ་ཚོས་ཡོ་ཆས་འདི་དག་དང་འབྲེལ་བ་ཡོད་པའི་ཞབས་ཏོག་ཚང་མ་ཞུ་དགོས་པ་ཡིན་ནོ། 27ཀོ་ཧད་རིགས་རུས་ཀྱི་ཁོངས་སུ་ཨམ་རམ། ཨིཛ་ཧར། ཧེབ་རོན་དང་ཨུ་ཛི་ཨེལ་གྱི་ནང་མི་བཅས་ཡོད་པ་དང་། 28དེབ་ཐོར་འཁོད་པའི་ཟླ་བ་གཅིག་གམ་དེ་ལས་ཆེ་བའི་སྐྱེ་པ་ཕོ་རྣམས་ཀྱི་གྲངས་འབོར་ནི་ ༨,༦༠༠ ཡོད་པ་དང་། 29དེ་དག་ནི་དབུ་གུར་དམ་པའི་ལྷོ་ཕྱོགས་སུ་སྒར་རྒྱབ་ནས་སྡོད་དགོས་པ་ཡིནནོ། 30དེ་ཚོའི་རིགས་རུས་ཀྱི་གཙོ་བོ་ནི་ཨུ་ཛི་ཨེལ་གྱི་བུ་ཨེ་ལི་ཛ་ཕན་ཡིན་ནོ། 31དེ་ཚོའི་ལས་འགན་ནི་དམ་བཅའི་སྒྲོམ་དང་ལྕོག་རྩེ་དང་མར་མེའི་སྟེགས་བུ་དང་མཆོད་ཁྲི་དང་། བླ་མ་ཚོས་གནས་མཆོག་དམ་པའི་ནང་དུ་བེད་སྤྱོད་བྱེད་པའི་སྣོད་ཆས་སོགས་དང། དེ་བཞིན་ཤིན་ཏུ་གནས་མཆོག་དམ་པའི་སྒོའི་ཡོལ་བ་བཅས་ལ་བདག་འཛིན་བྱེད་རྒྱུ་ཡིན་པ་དང་། དེ་ཚོས་མཁོ་ཆས་འདི་རྣམས་དང་འབྲེལ་བ་ཡོད་པའི་ཞབས་ཏོག་ཚང་མ་ཞུ་དགོས་པ་ཡིན་ནོ། 32ལེ་ཝི་པ་རྣམས་ཀྱི་གཙོ་བོ་ནི་བླ་མ་ཨ་རོན་གྱི་བུ་ཨེ་ལི་ཛར་ཡིན་ཞིང་། དེ་ནི་གནས་དམ་པའི་ནང་དུ་ཞབས་ཏོག་ཞུ་མཁན་རྣམས་ཀྱི་གཙོ་བོ་དེ་ཡིན་ནོ། 33མེ་ར་རིའི་རིགས་རུས་ཀྱི་ཁོངས་སུ་མཱ་ལི་དང་མུ་ཤིའི་ནང་མི་རྣམས་ཡོད་པ་ཡིན་ནོ། 34དེབ་ཐོར་འཁོད་པའི་ཟླ་བ་གཅིག་གམ་དེ་ལས་ཆེ་བའི་སྐྱེ་པ་ཕོ་རྣམས་ཀྱི་གྲངས་འབོར་ནི་ ༦,༢༠༠ ཡོད་པ་དང་། 35རིགས་རུས་འདི་ནི་དབུ་གུར་དམ་པའི་བྱང་ཕྱོགས་སུ་སྒར་རྒྱབ་ནས་བསྡད་དགོས་པ་ཡིན། རིགས་རུས་དེའི་འགོ་དཔོན་ནི་ཨ་བྷི་ཧེལ་གྱི་བུ་ཛུ་རི་ཨེལ་ཡིན་ནོ། 36དབུ་གུར་དམ་པའི་གུར་སྒྲོམ་དང་། དེའི་རྒྱུག་པ་དང་ཀ་བ་དང་ཞབས་འདན་ལ་སོགས་པའི་མཁོ་བྱད་ཚང་མའི་འགན་འཁུར་དེ་ཚོ་ལ་སྤྲད་ཡོད་དོ། མཁོ་བྱད་དེ་དག་དང་འབྲེལ་ཡོད་ཀྱི་སྲི་ཞུ་ཚང་མ་ཁོ་ཚོས་བྱེད་དགོས་ཤིང་། 37ཕྱིའི་ཁྱམས་རའི་ཀ་བ་རྣམས་དང་ཞབས་འདན་རྣམས་དང་ཕུར་པ་རྣམས་དང་ཐག་པ་བཅས་ཀྱི་ལས་འགན་ཡང་ཁོ་ཚོའི་ཐོག་ཏུ་ཡོད་པ་ཡིན་ནོ། 38མོ་ཤེ་དང་ཨ་རོན་དང་ཁོའིི་བུ་རྣམས་ནི་ཤར་ངོས་སུ་དབུ་གུར་དམ་པའི་མདུན་དུ་སྒར་རྒྱབ་ནས་བསྡད་དགོས་ཤིང་། ཨིསི་རཱཨེལ་མི་མང་གི་དོན་དུ་དམ་པའི་གནས་སུ་བྱེད་དགོས་པའི་སྲི་ཞུའི་ལས་འགན་ཚང་མ་ཁོ་ཚོའི་ཐོག་ཏུ་འཁེལ་ཡོད་པ་ལས། དེ་ནི་གཞན་སུ་ཞིག་གིས་ལས་དེ་དག་བྱས་པ་ཡིན་ན་དེ་ནི་ངེས་པར་དུ་ཤི་དགོས་པ་ཡིན་ནོ། 39གཙོ་བོ་དཀོན་མཆོག་གིས་བཀའ་བཞིན་མོ་ཤེས་རིགས་རུས་སོ་སོའི་ཁོངས་སུ་ཟླ་བ་གཅིག་གམ་དེ་ལས་ཆེ་བའི་ལེ་ཝིའི་སྐྱེས་པ་ཕོ་རྣམས་ཀྱི་མིང་ཐོ་བྲིས་པའི་བསྡོམས་གྲངས་ནི་ ༢༢,༠༠༠ ཡོད་པ་ཡིན་ནོ༎

ལེ་ཝི་པ་ཚོ་ལ་བུ་སྔོན་སྐྱེས་རྣམས་ཀྱི་ཚབ་ཏུ་ངོས་འཛིན་བྱས་པ།

40-41གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཨིསི་རཱཨེལ་ཡོངས་ཀྱི་བུ་སྔོན་སྐྱེས་ཚང་མ་ངའི་ཡིན། དེ་བས་ན་ཨིསི་རཱཨེལ་པའི་བུ་སྔོན་སྐྱེས་ཟླ་བ་གཅིག་ལོན་པ་དང་དེ་ལས་ཆེ་བ་ཚང་མའི་མིང་ཐོ་བྲིས་དགོས། འོན་ཀྱང་དེ་ཚོའི་ཚབ་ཏུ་ངས་ལེ་ཝི་པ་ཚང་མ་བདག་ཉར་བྱེད་རྒྱུ་ཡིན། ང་ནི་གཙོ་བོ་དཀོན་མཆོག་ཡིན། དེ་བཞིན་ཕྱུགས་ཟོག་སྔོན་སྐྱེས་ཚང་མའི་ཚབ་ཏུའང་ངས་ལེ་ཝི་པ་ཚོའི་ཕྱུགས་ཟོག་རྣམས་བདག་ཉར་བྱེད་རྒྱུ་ཡིན། 42དེ་ནས་མོ་ཤེས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན། 43བུ་སྔོན་སྐྱེས་ཟླ་བ་གཅིག་གམ་དེ་ལས་ཆེ་བ་རྣམས་ཀྱི་མིང་ཐོ་བྲིས་པ་དང་། དེའི་བསྡོམས་གྲངས་ནི་ ༢༢,༢༧༣ བྱུང་བ་ཡིན་ནོ། 44གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 45ད་ཨིསི་རཱཨེལ་པའི་བུ་སྔོན་སྐྱེས་རྣམས་ཀྱི་ཚབ་ཏུ་ལེ་ཝི་པ་རྣམས་བསྔོ་འབུལ་བྱེད་དགོས་པ་དང་། ལེ་ཝི་པ་རྣམས་ངའི་ཡིན། ང་ནི་གཙོ་བོ་དཀོན་མཆོག་ཡིན། དེ་བཞིན་ཨིསི་རཱཨེལ་པའི་ཕྱུགས་ཟོག་སྔོན་སྐྱེས་རྣམས་ཀྱི་ཚབ་ཏུ་ལེ་ཝི་པ་ཚོའི་ཕྱུགས་ཟོག་རྣམས་བསྔོ་འབུལ་བྱེད་དགོས་སོ། 46ཨིསི་རཱཨེལ་པའི་བུ་སྔོན་སྐྱེས་རྣམས་ཀྱི་ཁ་གྲངས་ནི་ལེ་ཝི་པ་ཚོའི་ཁ་གྲངས་ལས་ ༢༧༣ མང་བ་ཡོད་པ་ཡིན་པས། བུ་ཐོལ་པ་རྣམས་ནི་བླུ་རིན་སྤྲད་ནས་ཕྱིར་བླུ་དགོས། 47བླུ་རིན་གྱི་ཚད་ནི་བུ་རེར་གཞུང་གི་ཁྲིམས་སྲོལ་ལྟར་ཚད་ལྡན་པའི་དངུལ་ཊམ་ལྔརེ་འཇལ་དགོས། 48དངུལ་དེ་ནི་ཨ་རོན་དང་ཁོའི་བུ་རྣམས་ལ་སྤྲོད་དགོས་པ་ཡིན་ནོ། 49དེ་ནས་མོ་ཤེས་གཙོ་བོ་དཀོན་མཆོག་གི་བཀའ་གནང་བ་ལྟར་བྱས་སོ། 50དངུལ་ཊམ་ ༡,༣༦༥ འཁྱེར་ནས། 51ཨ་རོན་དང་ཁོའི་བུ་རྣམས་ལ་སྤྲད་དོ༎

གྲངས་ཀ 4

ཀོ་ཧད་རིགས་རུས་ཀྱི་ལེ་ཝི་པ་རྣམས་ཀྱི་ལས་འགན།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ་གསུངས་པ། 2ཁྱོད་ཚོས་ཀོ་ཧད་གི་རིགས་རུས་ལས་སྡེ་ཁག་དང་ཁྱིམ་ཚང་གཞིར་བཟུང་ལྟར་ལེ་ཝི་པའི་གྲངས་འབོར་བརྩིས་ཏེ། 3སྐྱེས་པ་ལོ་གསུམ་བཅུ་ནས་ལྔ་བཅུ་ལོན་པ་རྣམས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ནང་དུ་ཞབས་ཏོག་ཞུ་འོས་པའི་སྐྱེས་པ་ཚང་མའི་མིང་ཐོ་ལེན་དགོས། 4དེ་ཚོས་ཤིན་ཏུ་དམ་པའི་དངོས་རྗེས་དང་འབྲེལ་ཡོད་ཀྱི་ཞབས་ཏོག་ཞུ་དགོས་པ་ཡིན་ནོ། 5གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གཤམ་གསལ་ལྟར་བཀའ་གནང་བ། སྒར་ས་བསྡུས་སྐབས་ཨ་རོན་དང་ཁོའི་བུ་རྣམས་དབུ་གུར་དམ་པའི་ནང་དུ་ཕྱིན་ནས། དམ་བཅའི་སྒྲོམ་གྱི་མདུན་དུ་ཡོད་པའི་ཡོལ་བ་དེ་མར་ཕབ་སྟེ་ཡོལ་བ་དེས་སྒྲོམ་དེ་བཀབ་དགོས། 6དེའི་སྟེང་དུ་ལྤགས་པ་བཟང་པོའི་ཁེབས་ཤིག་རྒྱབ་དགོས་པ་དང་། དེའི་ཁར་རས་སྔོན་པོ་ཞིག་བཀབ་སྟེ། འཁྱེར་བྱེད་རྒྱུགས་པ་རྣམས་ཨ་ལོང་ནང་དུ་བཅུག་དགོས། 7དེ་ཚོས་གཙོ་བོ་དཀོན་མཆོག་ལ་ཕུལ་བའི་བག་ལེབ་འཇོག་བྱེད་ལྕོག་རྩེའི་སྟེང་དུ་རས་སྔོན་པོ་ཞིག་བཏིང་ནས། དེའི་ཁར་སྡེར་མ་རྣམས་དང་། སྤོས་ཕོར་རྣམས་དང། མཆོད་ཕོར་རྣམས་དང་། རྒུན་ཆང་འབུལ་བྱེད་བུམ་པ་རྣམས་འཇོག་དགོས། ལྕོག་རྩེའི་སྟེང་དུ་བག་ལེབ་རྒྱུན་དུ་ཡོད་པར་དགོས་སོ། 8དེ་ཚོའི་སྟེང་དུ་དེ་དག་གིས་རས་ཁེབས་དམར་པོ་ཞིག་བཏིང་ནས། དེ་ལ་ལྤགས་པ་བཟང་པོ་ཞིག་གིས་ཁེབས་རྒྱབ་སྟེ་འཁྱེར་བྱེད་རྒྱུགས་པ་རྣམས་ཨ་ལོང་ནང་དུ་བཅུག་དགོས། 9དེ་ཚོས་རས་སྔོན་པོ་ཞིག་བླངས་ཏེ། དེས་སྒྲོན་མེའི་སྟེགས་བུ་དང་སྒྲོན་མེ་དང་སྐམ་པ་དང་ཤིང་ཁྲོལ་དང་ཁ་སྐྱུར་པོའི་སྣུམ་གྱི་སྣོད་སོགས་འགེབས་དགོས། 10དེ་ཙམ་མ་ཟད་པགས་པ་བཟང་པོའི་ཁེབས་ཤིག་གིས་རྟེགས་བུ་དང་དེའི་ཡོ་བྱད་དེ་དག་དང་བཅས་པ་སྒྲིལ་ནས་འཁྱེར་བྱེད་སྒྲོམ་གྱི་སྟེང་དུ་བཞག་དགོས། 11དེ་རྗེས་དེ་དག་གིས་གསེར་གྱི་མཆོད་ཁྲིའི་སྟེང་དུ་རས་ཁེབས་སྔོན་པོ་ཞིག་བཏིང་ནས། དེ་ལ་པགས་པ་བཟང་པོའི་ཁེབས་ཤིག་གི་བཀབ་ནས་འཁྱེར་བྱེད་རྒྱུགས་པ་རྣམས་ཨ་ལོང་གི་ནང་དུ་བཅུག་དགོས། 12དེ་བཞིན་གནས་མཆོག་དམ་པར་མཁོ་བའི་ཡོད་ཆས་རྣམས་ཀྱང་རས་སྔོན་པོ་ཞིག་གི་ནང་སྒྲིལ་ནས་དེའི་ཁར་པགས་པ་བཟང་པོའི་ཁེབས་ཤིག་རྒྱབ་ནས་འཁྱེར་བྱེད་སྒྲོམ་གྱི་སྟེང་དུ་བཞག་དགོས། 13མཆོད་ཁྲིའི་སྒང་ནས་ཚིལ་ལུ་འདྲེས་པའི་གོ་ཐལ་ཕྱག་ནས་དེའི་སྟེང་དུ་རས་མུ་མན་གཅིག་བཏིང་ནས། 14དེའི་སྟེང་དུ་མཚོད་ཁྲིར་མཁོ་བའི་ཡོ་བྱད་མེ་ཕོར་རྣམས་དང་། ལྕགས་ཀྱུ་རྣམས་དང་མེ་ཁྱེམ་རྣམས་དང་ཆུ་གཞོང་རྣམས་བཞག་སྟེ། དེའི་ཁར་པགས་པ་བཟང་པོའི་ཁེབས་ཤིག་གིས་བཀབ་ནས་འཁྱེར་བྱེད་རྒྱུགས་པ་རྣམས་ཨ་ལོང་གི་ནང་དུ་བཅུག་དགོས། 15སྒར་བསྡུས་པའི་སྐབས་སུ་ཨ་རོན་དང་ཁོའི་བུ་རྣམས་ཀྱིས་ཡོ་བྱད་དམ་པ་ཚང་མ་བཀབ་ཚར་བའི་རྗེས་སུ་ཀོ་ཧདའི་རིགས་རུས་ཀྱི་མི་རྣམས་དེ་དག་འཁྱེར་བའི་ཕྱིར་ཡོང་དགོས་པ་ལས། དེ་ཚོས་ཡོ་བྱད་དམ་པ་དེ་དག་ལ་རེག་མི་ཆོག དེ་མིན་དེ་ཚོ་ཤི་ངེས་པ་ཡིན་ནོ། དབུ་གུར་དམ་པ་དེ་བསྡུས་པའི་སྐབས་སུ་ཀོ་ཧད་རིགས་རུས་ཀྱིས་སྒྲུབ་དགོས་པའི་ལས་འགན་ནི་དེ་དག་ཡིན་ནོ། 16བླ་མ་ཨ་རོན་གྱི་བུ་ཨེ་ལི་ཛར་གྱིས་དབུ་གུར་དམ་པ་ཆ་ཚང་དང་། མཆོད་སྣུམ་དང་། བདུག་སྤོས་དང་། འབྲུའི་མཆོད་པ་རྣམས་དང་། བསྔོ་འབུལ་གྱི་སྣུམ་དང་། དེ་བཞིན་གཙོ་བོ་དཀོན་མཆོག་ལ་ཕུལ་བའི་དབུ་གུར་དམ་པའི་ནང་གི་ཡོ་བྱད་ཚང་མའི་འགན་འཁུར་དགོས། 17གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ་གསུངས་པ། 18-19ཀོ་ཧད་གི་རིགས་རུས་ལ་ཤིན་ཏུ་དམ་པའི་ཡོ་བྱད་དེ་ཚོའི་ཉེ་འགྲམ་དུ་ཡོང་ནས་མེད་པར་ཆག་མ་བཅུག་ཅིག དེ་ལྟར་མ་བྱུང་བའི་ཕྱིར་ཨ་རོན་དང་ཁོའི་བུ་རྣམས་ནང་དུ་ཕྱིན་ནས། མི་རེ་རེ་ལས་འགན་རེ་རེ་སྤྲོད་ཏེ། ཁོས་གང་འཁྱེར་དགོས་པ་དེ་ཁོ་ལ་ལབ་དགོས། 20འོན་ཀྱང་ཀོ་ཧད་པ་རྣམས་དབུ་གུར་དམ་པའི་ནང་དུ་འཛུལ་ཏེ། བླ་མ་ཚོས་དམ་པའི་ཡོ་བྱད་རྣམས་ཕྱོགས་གཞན་དུ་སྤོ་བའི་གྲ་སྒྲིགས་བྱེད་བཞིན་པ་མཐོང་བ་ཡིན་ནའང། དེ་དག་ཤི་བར་འགྱུར༎

གྷེར་ཤོན་རིགས་རུས་ཀྱི་ལེ་ཝི་པ་ཚོའི་ལས་འགན་རྣམས།

21གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 22ལེ་ཝི་པའི་སྡེ་རིགས་ཀྱི་གྷེར་ཤོན་པ་ཚོ་ལ་རིགས་རུས་དང་ཁྱིམ་ཚང་གཞིར་བཟུང་ལྟར་མིའི་གྲངས་འབོར་ཞིག་ལེན་དགོས། 23གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ནང་དུ་ཞབས་ཏོག་ཞུ་འོས་པའི་སྐྱེས་པ་ལོ་གསུམ་བཅུ་ནས་ལྔ་བཅུ་ལོན་པ་ཚང་མའི་མིང་ཐོ་བྲིས་དགོས་ཏེ། 24དེ་ཚོའི་ལས་འགན་ནི་གཤམ་གསལ་ཡོ་བྱད་དག་འཁྱེར་དགོས་པ་ཡིན་ནོ། 25དབུ་གུར་དམ་པ་དང་། དེའི་ཕྱི་ནང་གི་ཁེབས་དང་། དེའི་སྟེང་དུ་པགས་པ་བཟང་པོའི་ཕྱི་ཁེབས་དང་། སྒོ་ཡོལ། 26དབུ་གུར་དམ་པ་དང་མཆོད་ཁྲིའི་མཐའ་འཁོར་གྱི་ཁྱམས་རའི་ཡོལ་བ་རྣམས་དང་ཐག་པ་རྣམས་དང་། དེ་བཞིན་ཁྱམས་རའི་སྒོ་ཡོལ་རྣམས་དང་། དེ་དག་ཡར་འགྲེང་བར་མཁོ་བའི་ཡོ་བྱད་ཚང་མའི་ལས་རྣམས་དེ་ཚོས་བྱེད་དགོས་སོ། 27ཨ་རོན་དང་ཁོའི་བུ་རྣམས་ཀྱིས་བསྐུལ་བའི་ལས་འགན་ཚང་མ་དང་འཁུར་བྱེད་དེ་ཚོ་གྷེར་ཤོན་པ་ཚོས་བྱེད་ཀྱི་ཡོད་མེད་སྐོར་ལ་མོ་ཤེ་དང་ཨ་རོན་གྱིས་བལྟ་རྟོགས་བྱེད་དགོས། 28དབུ་གུར་དམ་པའི་ནང་གི་སྲི་ཞུའི་ལས་འགན་དག་གྷེར་ཤོན་རིགས་རུས་ཀྱི་ལེན་དགོས་ཤིང་། དེ་ནི་བླ་མ་ཨ་རོན་གྱི་བུ་ཨི་ཐ་མར་གྱིས་བཀོད་བྱུས་བྱེད་པ་ལྟར་དེ་ཚོས་བྱེད་དགོས་པ་ཡིན་ནོ༎

མེ་རཱ་རིའི་རིགས་རུས་ཀྱི་ལེ་ཝི་པ་རྣམས་ཀྱི་ལས་འགན་རྣམས།

29གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ལེ་ཝི་པའི་སྡེ་རིགས་ཀྱི་མེ་ར་རི་པ་ཚོ་ལ་རིགས་རུས་དང་ཁྱིམ་ཚང་གཞིར་བཟུང་ལྟར་མིའི་གྲངས་འབོར་ཞིག་ལེན་དགོས། 30གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ནང་དུ་ཞབས་ཏོག་ཞུ་འོས་པའི་སྐྱེས་པ་ལོ་གསུམ་བཅུ་ནས་ལྔ་བཅུ་ལོན་པ་ཚང་མའི་མིང་ཐོ་བྲིས་དགོས་ཏེ། 31དབུ་གུར་དམ་པའི་གུར་སྒྲོམ་རྣམས་དང་། དེའི་རྒྱུག་པ་རྣམས་དང་། དེའི་ཀ་བ་རྣམས་དང་ཞབས་འདན་བཅས་དང། 32དེ་བཞིན་དབུ་གུར་དམ་པའི་ཁྱམས་རའི་མཐའ་འཁོར་གྱི་ཀ་བ་རྣམས་དང་ཞབས་འདན་རྣམས་དང་། ཕུར་པ་རྣམས་དང་ཐག་པ་རྣམས་དང་། དེ་དག་ཡར་འགྲེང་ཕྱིར་མཁོ་བའི་ཡོ་བྱད་རྣམས་འཁྱེར་བའི་ལས་འགན་ནི་སྐྱེས་པ་རེ་རེའི་ཡིན་ནོ། 33དེ་དག་ནི་དབུ་གུར་དམ་པའི་ནང་གི་ཞབས་ཏོག་གི་ལས་འགན་རྣམས་ནི་མེ་ར་རིའི་རིགས་རུས་ལ་འཁེལ་བ་ཡིན་པས། དེ་ནི་བླ་མ་ཨ་རོན་གྱི་བུ་ཨི་ཐ་མར་གྱིས་བཀོད་བྱུས་བྱས་པ་བཞིན་ཁོ་ཚོས་བྱེད་དགོས་པ་ཡིན་ནོ༎

ལེ་ཝི་པ་རྣམས་ཀྱི་མི་འབོར་གྲངས་རྩིས།

34-48གཙོ་བོ་དཀོན་མཆོག་གིས་བཀའ་དགོངས་བཞིན། མོ་ཤེ་དང་ཨ་རོན་དང་། ཨིསི་རཱེཨལ་གྱི་མི་སྡེའི་འགོ་དཔོན་རྣམས་ཀྱིས་ལེ་ཝི་པའི་སྡེ་རིགས་ཀྱི་ཀོ་ཧད་དང་། གྷེར་ཤོན་དང་། མེ་ར་རིའི་རིགས་རུས་རྣམས་ཀྱི་མི་འབོར་གྲངས་རྩིས་རྒྱབ་བོ། དེ་ནི་རིགས་རུས་དང་ཁྱིམ་ཚང་གཞིར་བཟུང་ལྟར་གྲངས་ཐོར་བཀོད་དེ། རང་ལོ་གསུམ་བཅུ་ནས་ལྔ་བཅུ་བར་ལོན་པ་རྣམས། གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ནང་དུ་ཞབས་ཏོག་འོས་པའི་སྐྱེས་པ་ཚང་མའི་གྲངས་མཐོ་ནི་གཤམ་གསལ་ལྟར་ཡིན་ནོ། རིགས་རུས། གྲངས་འབོར། ཀོ་ཧད། ༢,༧༥༠ གྷེར་ཤོན། ༢,༦༣༠ མེ་རཱ་རི། ༣,༢༠༠ བསྡོམས: ༨,༥༨༠ 49གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་བཞིན། མི་རེ་རེའི་མིང་ཐོ་བྲིས་སོ། མོ་ཤེའི་བརྒྱུད་ནས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན། མི་རེ་རེར་ཞབས་ཏོག་ཞུ་རྒྱུ་ཡང་ན་ཡོ་བྱད་སོགས་འཁྱེར་རྒྱུ་ལས་འགན་རྣམས་སྤྲད་དོ༎

གྲངས་ཀ 5

སྐྱེ་བོ་མི་གཙང་བ་རྣམས།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2པགས་ནད་སྡུག་པ་ཅན་ཕོག་པ་དང་། ཟླ་མཚན་ནམ་ཐིག་ལེ་ཤོར་བའི་ནད་གཞི་ཕོག་པའམ། མི་རོར་འཆང་སྟེ་རང་ཉིད་མི་གཙང་བར་འགྱུར་བ་རྣམས་སྒར་ནས་ཕྱིར་བཏོན་བྱེད་དགོས་ཅེས་ཨིསི་རཱཨེལ་པ་རྣམས་ལ་བཀའ་བསྒོས་བྱོས་ཤིག 3དེ་ལྟ་བུའི་གྲིབ་ཅན་དུ་འགྱུར་བའི་མི་ཚང་མ་ང་གནས་པའི་ངའི་མི་འབངས་ཀྱི་སྒར་སའི་ཁྲོད་ནས་ཕྱིར་སྐྲོད་བྱེད་དགོས། གང་ལ་ཟེར་ན། དེ་ཚོས་སྒར་ས་མི་གཙང་བར་མི་བྱེད་པས་ཕྱིར་རོ། 4ཨིསི་རཱཨེལ་པ་ཚོས་བཀའ་འདི་སྲུང་ནས་དེ་དག་ཚང་མ་སྒར་ནས་ཕྱིར་སྐྲོད་བྱས་སོོ༎

ཉེས་དམིགས་བྱས་པར་གུན་གསབ་འཇལ་བ།

5གཙོ་བོ་དཀོན་མཆོག་གིས་མོ་ཤེའི་བརྒྱུད་ནས་ཨིསི་རཱཨེལ་པ་རྣམས་ལ། 6གཤམ་གསལ་ལྟར་བཀའ་གནང་བ། གལ་ཏེ་སུ་ཞིག་གིས་གཙོ་བོ་དཀོན་མཆོག་ལ་དད་ལོག་ཞུས་ཏེ། མི་གཞན་ལ་མི་དྲང་བའི་ལས་ཤིག་བྱས་པ་ཡིན་ན། 7ཁོས་རང་གི་སྡིག་པ་ངོས་ལེན་བྱས་ནས་གུན་གསབ་ཆ་ཚང་སྒྲུབ་དགོས། དེའི་ཁར་མི་དེ་ལ་བརྒྱ་ཆ་ཉི་ཤུ་འཇལ་དགོས། 8འོན་ཀྱང་མི་དེ་འདས་ཟིན་པ་དང་གུན་གསབ་སྒྲུབ་ཕྱིར་ཁོའི་གཉེན་མཚན་རྣམས་ཀྱང་མེད་པ་ཡིན་ན། དེ་དག་གཙོ་བོ་དཀོན་མཆོག་ལ་བླ་མའི་དོན་དུ་སྤྲོད་དགོས། གུན་གསབ་དེ་ནི་མི་ནག་ཅན་དེའིི་ཉེས་གྲིབ་སེལ་ཕྱིར་འབུལ་དགོས་པའི་ལུག་ཐུག་གི་འབུལ་བ་དེའི་ཁར་འཕར་མ་དེ་ཡིན། 9ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་གི་ཆེད་དུ་འབུལ་བའི་དམིགས་བསལ་གྱི་འབུལ་བ་ཚང་མ་བླ་མ་སུ་ཞིག་གི་ངོས་ལེན་བྱས་པའི་འབུལ་བ་དེ་ཁོ་རང་རང་གི་ཡིན་ནོ། 10བླ་མ་རེ་རེས་ངོས་ལེན་བྱས་པའི་འབུལ་བ་རྣམས་ཁོ་རང་གིས་བདག་ཉར་བྱེད་ཐུབ་བོ༎

ལོག་གཡེམ་གྱི་དྭོགས་སེམས་བྱས་པའི་ཆུང་མ་རྣམས་ཀྱི་བལྟག་དཔྱད།

11-14གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཁྱོད་ཀྱིས་ཨིསི་རཱཨེལ་པ་རྣམས་ལ་གཤམ་གསལ་ལྟར་བཀའ་བསྒོས་རྣམས་སྤྲོད་ཅིག ཁྱོ་ག་ཞིག་གི་སེམས་ལ་རང་གི་ཆུང་མ་དེ་དམ་ཚིག་མི་གཙང་བར་བརྒྱུར་ནས་སྐྱེས་པ་གཞན་ཞིག་དང་མཉམ་དུ་ལུས་འབྲེལ་བྱས་ཏེ་མི་གཙང་བར་འགྱུར་ཡོད་པའི་དོགས་པ་བྱེད་སྲིད་དོ། འོན་ཀྱང་བུད་མེད་དེས་གསང་བར་བཞག་པའམ། མོས་ལོག་གཡེམ་བྱེད་བཞིན་པར་ལག་ཏུ་མ་ཐེབས་པའམ། ཡང་ན་སྐབས་དེར་དཔང་པོ་མེད་པའི་རྐྱེན་གྱིས་ཁྱོ་ག་དེས་གནས་ཚུལ་དེ་བདེན་པ་ཡིན་མིན་རྟོགས་མ་ཐུབ་པའང་ཡོང་སྲིད་པ་དང་། བུད་མེད་དེ་དམ་ཚིག་གཙང་མ་ཡིན་བཞིན་དུ་ཁྱོ་གས་དོན་མེད་དུ་དོགས་པ་བྱེད་པའང་ཡོང་སྲིད། 15གནས་ཚུལ་གང་ལྟར་ཡིན་རུང་སྐྱེས་པ་དེས་རང་གི་ཆུང་མ་ལ་བླ་མའི་རྩར་འཁྲིད་དགོས། མཆོད་འབུལ་དུ་ནས་ཀྱི་གྲོ་ཞིབ་ཀི་ལོ་གང་ཙམ་འཁྱེར་དགོས་ཤིང་། འོན་ཀྱང་དེའི་ཁར་སྣུམ་མམ། བདུག་སྤོས་སོགས་བསྲེས་མི་ཆོག གང་ལ་ཟེར་ན། དེ་ནི་ཁྱོ་དྭོགས་སེམས་ཅན་ཞིག་གིས་དྭོགས་པ་སེལ་བའི་ཕྱིར་ཕུལ་བའི་འབུལ་བ་ཡིན་པས་སོ། 16བླ་མས་བུད་མེད་དེ་འཁྲིད་དེ་མཆོད་ཁྲིའི་མདུན་དུ་ལངས་བཅུག་དགོས། 17དེ་རྗེས་ཁོས་ཁྲུས་ཆུ་གཙང་མ་ཞིག་རྫ་ཕོར་ཅིག་གི་ནང་བླུགས་ནས། གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ས་མཐིལ་སྒང་ནས་ས་ཏོག་ཙམ་ཞིག་བླངས་ཏེ་ཆུ་དེའི་ནང་བླུགས་ཏེ་ཁག་ཏིག་བཟོས་དགོས། 18དེ་ནས་ཁོས་བུད་མེད་དེའི་སྐྲ་བཀྲོལ་ཏེ། གྲོ་ཞིབ་ཀྱི་འབུལ་བ་དེ་མོའི་ལག་ཏུ་སྤྲོད་དགོས། དེ་རྗེས་དམོད་པ་བོར་བའི་ཆུ་ཁག་ཏིག་ཅན་གྱི་ཕོར་པ་དེ་བླ་མས་རང་གི་ལག་པར་བླངས་ཤིང་། 19བླ་མས་བརྗོད་པའི་མནའ་འདིའི་ཚིག་བརྗོད་དེར་བུད་མེད་དེས་ཁས་ལེན་བྱེད་དགོས། གལ་ཏེ་ཁྱོད་ཀྱིས་ལོག་གཡེམ་བྱས་མེད་པ་ཡིན་ན། ཆུ་འདིའི་ནང་ནས་ཡོང་བའི་དམོད་པས་ཁྱོད་ལ་གནོད་འཚེ་གང་ཡང་མི་བྱེད་དོ། 20འོན་ཀྱང་ཁྱོད་ཀྱི་ལོག་གཡེམ་བྱས་ཡོད་པ་ཡིན་ན། 21གཙོ་བོ་དཀོན་མཆོག་གིས་ཁྱོད་ཀྱི་མིང་དེ་ཁྱོད་ཀྱི་མི་དམངས་ཀྱི་ཁྲོད་དུ་དམོད་པ་ཅན་དུ་བཅོས་པར་འགྱུར། ཁོང་གི་ཁྱོད་ཀྱི་མངལ་དེ་དང་ཁྱོད་ཀྱི་ཁོག་པ་སྐྲང་བར་འཛད་པར་འགྱུར། 22ཆུ་འདི་ཁྱོད་ཀྱི་ཁོག་པའི་ནང་དུ་ཕྱིན་ནས་དེས་ཁྱོད་ཀྱི་ཁོག་པ་སྐྲང་ཞིང་མངལ་ཡང་སྟོང་པར་འགྱུར་ཞེས་གསུངས་པར། བུད་མེད་དེས། དེ་ལྟར་ཁས་ལེན་བྱེད་དགོས། གཙོ་བོ་དཀོན་མཆོག་གིས་དེ་ལྟར་གནང་བར་ཤོག་ཅེས་བརྗོད་དགོས། 23དེ་ནས་བླ་མས་དམོད་པའི་ཚིག་བརྗོད་དེ་བྲིས་ནས། ཆུ་ཁག་ཏིག་ཡོད་པའི་ཕོར་པའི་ནང་དུ་ཡི་གེ་དེ་ཆུ་བཤལ་གཏོང་དགོས། 24བུད་མེད་དེ་ལ་ཆུ་དེ་འཐུང་བཅུག་དགོས། གལ་ཏེ་ཉེས་སྐྱོན་བྱུང་ཡོད་པ་ཡིན་ན། མོའི་སྟེང་དུ་དམོད་པ་དང་ནད་ཟུག་དྲག་པོ་འཁྱེར་ཡོང་བར་འགྱུར། 25དེ་ནས་བླ་མས་གྲོ་ཞིབ་ཀྱི་འབུལ་བ་དེ་མོའི་ལག་ནས་བླངས་ཏེ། གཙོ་བོ་དཀོན་མཆོག་ལ་འབུལ་ཕྱིར་ཡར་བཀྱགས་ནས་མཆོད་ཁྲིའི་སྟེང་དུ་འབུལ་བར་འགྱུར། 26དེ་ནས་བླ་མས་ནས་དེ་སྦར་བ་གང་བླངས་ཏེ་མཆོད་པའི་ཚུལ་དུ་མཆོད་ཁྲིའི་ཁར་མེར་སྲེག་གཏོང་བ་དང་། ཁོས་ཆུ་ཁག་ཏིག་དེ་བུད་མེད་དེ་ལ་འཐུང་བཅུག་པར་འགྱུར། 27གལ་ཏེ་མོས་ལོག་གཡེམ་བྱས་ཡོད་པ་ཡིན་ན། ཆུ་དེ་འཐུང་བའི་སྒོ་ནས་མོའི་ཁོག་པར་ནད་ཟུག་དྲག་པོ་ཞིག་ལངས་ཏེ། ཁོག་པ་སྐྲང་ཞིང་མངལ་ཡང་སྟོང་པར་འགྱུར། རང་གི་མི་སྡེའི་ཁྲོད་དུ་མོའི་མིང་དེ་དམོད་པ་ཅན་དུ་བརྩིས་པར་འགྱུར། 28འོན་ཀྱང་མོ་ལ་ནག་ཉེས་གང་ཡང་མེད་པ་ཡིན་ན། མོ་ལ་གནོད་འཚེ་གང་ཡང་མི་འབྱུང་བར་མོ་ནི་མངལ་དང་ལྡན་པར་འགྱུར་ཐུབ་བོ། 29-30སྐྱེས་པ་ཞིག་མིག་སེར་ལངས་ཏེ། རང་གི་བུད་མེད་ཀྱིས་ལོག་གཡེམ་བྱས་པའི་དྭོགས་སེམས་སྐྱེད་པ་ཡིན་ན། དེའི་སྐོར་གྱི་ཁྲིམས་ནི་གོང་གསལ་ལྟར་ཡིན་ནོ། བུད་མེད་མཆོད་ཁྲིའི་མདུན་དུ་ལངས་བཅུག་སྟེ་བླ་མས་ཆོ་ག་དེ་དག་བཤམས་དགོས། 31ཁྱོ་དེ་ལ་ནག་ཉེས་གང་ཡང་མི་འབྱུང་ངོ་། འོན་ཀྱང་བུད་མེད་དེ་ནག་ཅན་ཡིན་པར་ར་འཕྲོད་པ་ཡིན་ན། དེའི་འབྲས་བུ་དེ་མོའི་མྱང་དགོས་པ་ཡིན་ནོ༎

གྲངས་ཀ 6

ནཛ་རི་པ་ཚོས་སྲུང་དགོས་པའི་ཁྲིམས་རྣམས།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། 2གཤམ་གསལ་སློབ་སྟོན་རྣམས་ཨིསི་རཱཨེལ་མི་དམངས་རྣམས་ལ་ཤོད་ཅིག་ཅེས་བཀའ་བསྒོས་གནང་ངོ་། ནཛ་རི་པ་འགྱུར་ཕྱིར་དམིགས་བསལ་གྱི་དམ་བཅའ་ཕུལ་ཏེ། རང་ཉིད་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱས་པའི་སྐྱེ་ཕོ་མོ་གང་རུང་ཞིག་གིས། 3ཆང་རག་སོགས་འཐུང་མི་ཆོག་པ་དང་། རྒུན་འབྲུམ་ལས་བཟོས་པའི་བཏུང་བ་སོགས་དང་། རྒུན་འབྲུམ་དང་རྒུན་འབྲུམ་སྐམ་པོ་གཉིས་ཀ་ཟ་མི་ཆོག་པ་ཡིན་ནོ། 4དེ་བཞིན་ནཛ་རི་པ་འགྱུར་ཡུན་རིང་དུ་ཁོས་རྒུན་ཚལ་ལས་ཐོབ་པའི་ཟས་རིགས་གང་རུང་དང། དེའི་ས་བོན་ནམ་དང་པགས་པ་དང་བཅས་པ་གང་ཡང་ཟ་མི་རུང་བ་ཡིན་ནོ། 5ནཛ་རི་པའི་དམ་བཅའ་སྲུང་བའི་ཡུན་རིང་དུ་ཁོས་རང་གི་སྐྲ་བཅད་པའམ་བཞར་མི་ཆོག རང་ཉིད་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱས་པའི་དུས་ཡུན་རིང་དུ། ནཛ་རིའི་དམ་བཅའ་ཚུལ་བཞིན་སྲུང་སྟེ། དེ་ཚོའི་རང་གི་སྐྲ་སྐེ་བཅུག་དགོས། 6-7ཁོའི་སྐྲ་དེ་ནི་རང་ཉིད་དཀོན་མཆོག་ལ་བསྔོ་འབུལ་བྱས་ཟིན་པའི་རྟགས་མཚན་ཡིན་པས། ཁོས་རོའི་ཉེ་འགྲམ་དུ་ཕྱིན་ནས་རང་ལ་མི་གཙང་བ་བཟོ་མི་ཆོག ཡང་ཕུང་པོ་དེ་ནི་ཕ་མའམ། སྤུན་དང་སྲིང་མོ་སུ་འདྲ་ཞིག་གི་ཡིན་རུང་དེའི་ཉེ་འགྲམ་དུ་འགྲོ་མི་ཆོག་པ་དང་། 8ནཛ་རི་པ་བྱུང་ཡུན་རིང་དུ་ཁོ་རང་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱེད་ཟིན་པ་ཞིག་ཏུ་རྩིས་དགོས་པ་ཡིན་ནོ། 9ཁོ་མི་ཞིག་གི་འགྲམ་དུ་བསྡད་ཡོད་སྐབས། བློ་བུར་དུ་མི་དེ་ཤི་བའི་རྐྱེན་གྱིས་བསྔོ་འབུལ་ཟིན་པའི་ནཛ་རི པའི་སྐྲ་དེ་གྲིབ་ཅན་དུ་གྱུར་པ་ཡིན་ན། ཁོས་ཉིན་ཞག་བདུན་བར་དུ་སྒུག་དགོས། རྗེས་སུ་རང་གི་སྐྲ་བཞར་དགོས། དེ་བཞིན་དག་འབྱངས་བྱེད་པའི་སྒོ་ནས་ཁོ་གཙང་བར་འགྱུར་རྒྱུ་ཡིན། 10ཉིན་ཞག་བརྒྱད་པར་ཁོས་ཕུག་རོན་ནམ་འང་གུ་ཆ་གཅིག་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་སྒོའི་རྩར་འཁྱེར་ཡོང་སྟེ་བླ་མ་ལ་འབུལ་དགོས་ཤིང་། 11བླ་མས་བྱ་གཅིག་དེ་སྡིག་སེལ་གྱི་མཆོད་པ་དང་གཞན་དེ་སྦྱིན་སྲེག་གི་མཆོད་པར་ཕུལ་ཏེ། ཁྱོད་ཀྱི་ཆེད་དུ་དག་འབྱངས་ཀྱི་ཆོ་ག་ཞིག་བཤམས་དགོས། གང་ལགས་ཟེར་ན། ཁོས་ཕུང་པོར་འཆང་པས་ཕྱིར་རོ། ཉིན་མོ་དེ་རང་ལ་ཁོས་རང་གི་སྐྲ་དེ་སྐྱར་དུ་བསྔོ་འབུལ་བྱས་ཏེ། 12གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ནཛ་རི་པ་འགྱུར་ཡུན་རིང་དེ་སྐྱར་དུ་བསྔོ་འབུལ་བྱེད་དགོས། དེ་སྔོན་གྱི་དུས་ཡུན་དེ་ནི་རྩིས་མེད་དུ་འགྱུར་ཟིན་པ་ཡིན་ནོ། གང་ལགས་ཟེར་ན། དེ་སྔ་བསྔོ་འབུལ་ཟིན་པའི་ཁོའི་སྐྲ་དེ་མི་གཙང་བར་འགྱུར་བས་ཕྱིར་རོ། ཁོས་ལུག་གུ་ལོ་གཅིག་ལོན་པ་ཞིག་གུན་ཚབ་འཇལ་བའི་མཆོད་པར་འབུལ་དགོས། 13ནཛ་རི་པ་ཞིག་གིས་རང་གི་དམ་བཅའ་ཆ་ཚང་སྒྲུབ་ཟིན་པའི་རྗེས་སུ་བྱེད་དགོས་པའི་ཆོ་ག་ནི། གཙོ་བོ་དཀོན་མཆོག་གི་དབུ་གུར་དམ་པའི་གཟིམས་སྒོའི་རྩར་བཅར་ཏེ། 14གཙོ་བོ་དཀོན་མཆོག་ལ་སྐྱོན་མེད་པའི་སེམས་ཅན་གསུམ་མཆོད་པར་འབུལ་དགོས་པ་ནི། སྦྱིན་སྲེག་གི་ཆེད་དུ་ལོ་གཅིག་ལོན་པའི་ལུ་གུ་ཕོ་ཞིག་དང་། སྡིག་སེལ་གྱི་མཆོད་འབུལ་ཕྱིར་དུ་ལོ་གཅིག་ལོན་པའི་ལུ་གུ་མོ་ཞིག་དང་། དེ་བཞིན་མཐུན་འབྲེལ་གྱི་མཆོད་འབུལ་བྱེད་ཕྱིར་ལུག་གཅིག་བཅས་ཡིན་ནོ། 15ཁོས་ཆི་མན་མེད་པའི་བག་ལེབ་ཙེལ་པོ་གང་དེ། ཁ་སྐྱུར་པོའི་སྣུམ་བསྲེས་ནས་བཟོས་པའི་བག་ལེབ་མཐུག་པོ་དག་དང་ཁ་སྐྱུར་པོའི་སྣུམ་བྱུགས་པའི་བག་ལེབ་སྲབ་མོ་བཅས་འབུལ་དགོས་ཤིང་། ཡང་དེའི་ཁར་གཏན་འབེབས་ཟིན་པའི་འབྲུ་དང་རྒུན་ཆང་གི་མཆོད་པ་ཡང་ཁོས་འབུལ་དགོས། 16བླ་མས་འདི་དག་ཚང་མ་གཙོ་བོ་དཀོན་མཆོག་གི་དྲུང་དུ་འབུལ་ནས་སྡིག་སེལ་དང་སྦྱིན་སྲེག་གི་མཆོད་པ་བཅས་འབུལ་དགོས། 17དེ་བཞིན་ཕོ་ལུག་ནི་མཐུན་འབྲེལ་གྱི་མཆོད་པར་གཙོ་བོ་དཀོན་མཆོག་ལ་འབུལ་དགོས་པ་དང་། ཙེལ་པོ་དེ་ནང་ཡོད་པའི་བག་ལེབ་དེ་དང་ཆབས་ཅིག་འབུལ་དགོས། འབྲུ་དང་རྒུན་ཆང་གི་མཆོད་པ་བཅས་ཀྱང་འབུལ་དགོས། 18དབུ་གུར་དམ་པའི་གཟིམ་སྒོའི་རྩར་ནཛ་རི་པས་རང་གི་སྐྲ་བཞར་ནས་མཐུན་འབྲེལ་གྱི་མཆོད་པ་འབར་བཞིན་པའི་མེའི་ནང་དུ་སྐྲ་དེ་བླུགས་དགོས། 19དེ་རྗེས་ལུག་ཐུག་གི་དཔུང་པ་ཆུའི་ནང་དུ་འཁོལ་ཚར་བའི་ཞུགས་ལ་བླ་མ་གྱིས་དེ་ཕྱིར་བཏོན་ཏེ། ཙེལ་པོའི་ནང་ནས་བག་ལེབ་མཐུག་པོ་ཞིག་དང་། ཡང་བག་ལེབ་སྲབ་མོ་ཞིག་ཀྱང་བླངས་ཏེ་དེ་དག་ཚང་མ་ནཛ་རི་པའི་ལག་ཏུ་སྤྲོད་དགོས། 20དེ་ནས་བླ་མས་དེ་དག་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་གཙོ་བོ་དཀོན་མཆོག་ལ་འབུལ་དགོས། དེ་ནི་བླ་མའི་ཆེད་དུ་དམ་པའི་འབུལ་བ་ཡིན། དེའི་ཁར་ཁྲིམས་སྲོལ་བཞིན་དུ་ལུག་ཐུག་གི་བྲང་ཤ་དང་རྐང་ཤ་བཅས་བླ་མའི་ཐོབ་སྐལ་ཡིན་ཏེ། དེ་རྗེས་ནཛ་རི་པས་རྒུན་ཆང་སོགས་འཐུང་ཆོག་པ་ཡིན་ནོ། 21ཁྲིམས་དེ་ཚོ་ནི་ནཛ་རི་པ་རྣམས་ཀྱི་ཆེད་དུ་ཡིན། གལ་ཏེ་ནཛ་རི་པ་ཞིག་གིས་དམ་བཅའ་བྱས་པ་ལས་ལྷག་པའི་འབུལ་བ་ཞིག་འབུལ་རྒྱུའི་ཁས་ལེན་བྱས་ཡོད་པ་ཡིན་ན། ཁོས་དེ་བཞིན་ཆ་ཚང་སྒྲུབ་དགོས་སོ༎

བླ་མ་ཚོས་སྤྲོད་དགོས་པའི་སྦྱིན་རླབས།

22གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། 23ཨ་རོན་དང་ཁོའི་བུ་ཚོས་ཨིསི་རཱཨེལ་པ་རྣམས་ལ་བྱིན་གྱིས་རླབས་སྐབས། གཤམ་གསལ་ལྟར་ཚིག་འདི་རྣམས་བརྗོད་དགོས་ཅེས་བཀའ་གནང་ངོ་། 24གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་བྱིན་གྱིས་རླབས་ཤིང་གཅེས་སྐྱོང་མཛད་པར་ཤོག 25གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཐུགས་རྗེ་དང་བཀའ་དྲིན་གནང་བར་མཛོད། 26གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཐུགས་རྗེས་གཟིགས་ཤིང་ཞི་བདེ་གནང་བར་ཤོག 27དེ་ནས་གཙོ་བོ་དཀོན་མཆོག་གིས་གསུངས་པ། གལ་ཏེ་དེ་ཚོས་ངའི་མིང་བརྗོད་དེ་ཨིསི་རཱཨེལ་པ་རྣམས་ལ་བྱིན་རླབས་སྤྲད་པ་ཡིན་ན་ངས་ཁོ་ཚོར་བྱིན་གྱིས་རླབས་རྒྱུ་ཡིན་ནོ༎

གྲངས་ཀ 7

འགོ་འཛིན་རྣམས་ཀྱི་འབུལ་བ་རྣམས།

1མོ་ཤེས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དེ་བཞེངས་ཟིན་པའི་ཉིན་མོར། དབུ་གུར་དམ་པ་དང་དེའི་ཡོ་བྱད་དང་། དེ་བཞིན་མཆོད་ཁྲི་དང་དེའི་ཡོ་བྱད་ཚང་མར་བྱུགས་ཏེ་བསྔོ་འབུལ་མཛད་དོ། 2དེ་རྗེས་མི་འབོར་གྲངས་རྩིས་ལས་འགུལ་གྱི་ལས་འགན་ཐོབ་པའི་ཨིསི་རཱཨེལ་གྱི་སྡེ་རིགས་བཅུ་གཉིས་ཀྱི་འགོ་དཔོན་རྣམས་ཀྱིས། 3གཙོ་བོ་དཀོན་མཆོག་གི་སྤྱན་སྔར་རང་རང་གི་འབུལ་བ་རྣམས་ཕུལ་བ་ནི། འགོ་དཔོན་གཉིས་རེས་གླང་འབྲུད་འཁོར་ལོ་གཅིག་དང་། འགོ་དཔོན་རེ་རེས་གླང་རེས་རྩིས་པས། ཁྱོན་བསྡོམས་གླང་བཅུ་གཉིས་དང་གླང་འབྲུད་འཁོར་ལོ་དྲུག་བཅས་ཡིན་ནོ། 4གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 5འབུལ་བ་འདི་དག་དབུ་གུར་དམ་པར་བེད་སྤྱོད་བྱེད་ཕྱིར་བླངས་ཏེ། དེ་ཚོས་བྱེད་དགོས་པའི་ལས་འགན་དང་བསྟུན་ནས་དེ་དག་ལེ་ཝི་ཚོར་སྤྲོད་ཅིག 6དེར་བརྟེན་མོ་ཤེས་གླང་འབྲུད་འཁོར་ལོ་གླང་དང་བཅས་པ་རྣམས་ལེ་ཝི་པ་རྣམས་ལ་སྤྲད་དོ། 7ཁོས་གླང་འབྲུད་འཁོར་ལོ་གཉིས་དང་གླང་བཞི་གྷེར་ཤོན་པ་རྣམས་ལ་སྤྲད་པ་དང་། 8ཡང་གླང་འབྲུད་འཁོར་ལོ་བཞི་དང་གླང་བརྒྱད་མེ་རཱ་རི་པ་རྣམས་ལ་སྤྲད་དོ། ཨ་རོན་གྱི་བུ་ཨི་ཐ་མར་གྱིས་ཇི་ལྟར་བཀོད་བྱུས་བྱས་པ་བཞིན་དེ་ཚོས་ལས་དོན་ཚང་མ་སྒྲུབ་དགོས་པ་ཡིན་ནོ། 9འོན་ཀྱང་མོ་ཤེས་ཀོ་ཧཱཐ་པ་རྣམས་ལ་གླང་འབྲུད་འཁོར་ལོའམ་གླང་སོགས་གང་ཡང་མ་སྤྲད་པ་ཡིན་ནོ། གང་ལགས་ཟེར་ན། དེ་ཚོས་ལས་འགན་དུ་ཡོད་པའི་དངོས་རྫས་དམ་པ་རྣམས་ནི་རང་གི་དཔུང་པར་འཁྱེར་དགོས་ཀྱི་ཡོད་པས་ཕྱིར་རོ། 10མཆོད་ཁྲིའི་རབ་གནས་ཀྱི་ཆེད་དུ་འགོ་དཔོན་རྣམས་ཀྱིས་ཀྱང་འབུལ་བ་ཁག་འཁྱེར་ཡོངས་ཏེ། དེ་ཚོས་འབུལ་བ་དེ་དག་མཆོད་ཁྲིར་འབུལ་རན་སྐབས། 11གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། འགོ་དཔོན་དེ་ཚོའི་ཁོངས་ནས་གཅིག་གིས་ཉིན་ཞག་བཅུ་གཉིས་བར་དུ་ཉིན་རེ་བཞིན་མཆོད་ཁྲིའི་རབ་གནས་བྱེད་ཕྱིར་རང་གི་འབུལ་བ་རྣམས་འབུལ་དགོས་ཅེས་སྨྲོས་ཤིག 12-83དེ་ཚོས་གཤམ་གསལ་གོ་རིམ་ལྟར་རང་རང་སོ་སོའི་འབུལ་བ་རྣམས་ཕུལ་བ་ཡིན་ནོ། ཉིན་ཞག སྡེ་རིགས འགོ་དཔོན དང་པོ ཡ་ཧུ་དཱ ཨམ་མི་ན་དྷབ་ཀྱི་བུ་ནཱ་ཤོན གཉིས་པ ཡི་ས་ཀར ཛུ་ཨར་གྱི་བུ་ནེ་ཐ་ནེལ གསུམ་པ ཛེ་བུ་ལུན ཧེ་ལོན་གྱི་བུ་ཨེ་ལི་ཨབ བཞི་པ རུ་བྷེན ཤེ་དྷུར་གྱི་བུ་ཨེ་ལི་ཛུར ལྔ་པ སིམ་ཨོན ཛུ་རི་ཤད་དྷེའི་བུ་ཤེ་ལུ་མི་ཨེལ དྲུག་པ གྷཌ ཌུ་ཨེལ་གྱི་བུ་ཨེལ་ཡ་སཱཕ བདུན་པ ཨེཕ་ར་ཡིམ ཨམ་མི་ཧུད་ཀྱི་བུ་ཨེ་ལི་ཤ་མ བརྒྱད་པ མ་ནསེ་སཱེ པེ་དཱ་ཛུར་གྱི་བུ་གྷ་མ་ལི་ཨེལ དགུ་པ བྷེན་ཡ་མིན གྷིད་ཨོ་ནིའི་བུ་ཨ་བྷི་དན བཅུ་པ དཱན ཨམ་མི་ཤ་དྷེའི་བུ་ཨ་ཧི་ཨེ་ཛར བཅུ་གཅིག་པ ཨ་ཤེར ཨོག་རན་གྱི་བུ་པ་གྷི་ཨེལ བཅུ་གཉིས་པ ནཕ་ཏ་ལི ཨེ་ནན་གྱི་བུ་ཨ་ཧི་ར། འགོ་དཔོན་སོ་སོའི་འཁྱེར་ཡོང་བའི་འབུལ་བ་དེ་ཚོ་ཚང་མ་གཅིག་དང་འདྲ་བ་ཞིག་ཡོད་པ་ནི་གཤམ་གསལ་ལྟར་རོ། གཞུང་གི་ཁྲིམས་སྲོལ་ལྟར་གཏན་འབེབས་བྱས་པའི་ལྗིད་ཚད་གཞིར་བཟུང་ལྟར་ཀི་ལོ་གྷ་རཱམ་གཅིག་དང་ཕྱེད་བྱས་པའི་དངུལ་ཕོར་གཅིག་དང་། དེ་བཞིན་གྷ་རཱམ་ ༨༠༠ བྱས་པའི་དངུལ་གྱི་སྣོད་གཅིག་བཅས། གོང་གསལ་སྣོད་གཉིས་ཀའི་ནང་དུ་འབྲུ་སྣའི་མཆོད་འབུལ་གྱི་ཆེད་དུ་སྣུམ་དང་བཅས་རྫིས་པའི་གྲོ་ཞིབ་ཀྱིས་གང་བར་བྱེད་དགོས། བདུག་སྤོས་ཀྱིས་གང་བའི་གསེར་གྱི་སྡེར་གཞོང་ལྗིད་ཚད་གྷ་རཱམ་ ༡༡༠ བྱས་པ་གཅིག་དང་། དེ་བཞིན་སྦྱིན་སྲེག་གི་ཆེད་དུ་བེའུ་ཕོ་ཞིག་དང་། ལུག་ཐུག་གཅིག་དང་། ལོ་གཅིག་ལོན་པའི་ལུག་གུ་གཅིག། སྡིག་སེལ་གྱི་མཆོད་འབུལ་ཕྱིར་དུ་ར་གཅིག་དང་། དེ་བཞིན་མཐུན་འབྲེལ་གྱི་མཆོད་པའི་ཕྱིར་དུ་གླང་གཉིས་དང་། ལུག་ལྔ་དང། ར་ལྔ་དང་ལོ་གཅིག་ལོན་པའི་ལུག་གུ་ལྔ་བཅས་སོ། 84-88མཆོད་ཁྲིའི་རབ་གནས་ཀྱི་ཆེད་དུ་འགོ་དཔོན་བཅུ་གཉིས་ཀྱིས་འཁྱེར་ཡོང་བའི་འབུལ་བའི་བསྡོམས་ནི་གཤམ་གསལ་ལྟར་ཡིན་ནོ། - དངུལ་ཕོར་བཅུ་གཉིས་དང་དེ་བཞིན་དངུལ་གྱི་སྣོད་བཅུ་གཉིས་བཅས་པ་བསྡོམས་ལྗིད་ཚད་ཀི་ལོ་གཉེར་བདུན་དང་གྷ་རམ་ ༦༠༠ ཡོད་པ་དང་། - བདུག་སྤོས་ཀྱིས་གང་བའི་གསེར་གྱི་སྡེར་མ་བཅུ་གཉིས་ལ། ལྗིད་ཚད་ཀི་ལོ་གཅིག་དང་གྷ་རམ་ ༣༢༠ དང་། - སྦྱིན་སྲེག་གི་ཕྱིར་དུ་གླང་བཅུ་གཉིས་དང་། ལུག་བཅུ་གཉིས་དང་། ལོ་གཅིག་ལོན་པའི་ལུ་གུ་བཅུ་གཉིས་དང་། དེ་དང་མཉམ་དུ་འབུལ་དགོས་པའི་འབྲུའི་མཆོད་འབུལ་བཅས་དང་། - སྡིག་སེལ་གྱི་མཆོད་འབུལ་ཆེད་དུ་ར་བཅུ་གཉིས་དང་། - མཐུན་འབྲེལ་གྱི་མཆོད་འབུལ་དུ་གླང་བཅུ་བཞི་དང་། ལུག་ཐུག་དྲུག་བཅུ་ཐམ་པ། དེ་བཞིན་ལོ་གཅིག་ལོན་པའི་ལུ་གུ་དྲུག་བཅུ་ཐམས་པ་བཅས་ཡིན་ནོ། 89མོ་ཤེས་དབུ་གུར་དམ་པའི་ནང་དུ་གཙོ་བོ་དཀོན་མཆོག་དང་གསུང་མོལ་ཞུ་ཕྱིར་བཅར་སྐབས། དམ་བཅའི་སྒྲོམ་གྱི་ཁེབས་གཅོད་ཀྱི་སྟེང་དུ་ཡོད་པའི་ཀེ་རུབ་གཉིས་ཀྱི་དཀྱིལ་ནས་གཙོ་བོ་དཀོན་མཆོག་གིས་གསུང་མོལ་གནང་བ་དེ་མོ་ཤེས་ཐོས་ཀྱི་ཡོད་དོ༎

གྲངས་ཀ 8

མར་མེ་སྒྲིག་པ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2མར་མེ་བདུན་པོ་དེ་སྟེགས་བུའི་སྟེང་དུ་བཞག་སྐབས་མར་མེའི་འོད་དེ་མདུན་ཕྱོགས་སུ་འཕྲོ་བར་བྱེད་དེ་སྒྲིག་དགོས་ཤེས་ཨ་རོན་ལ་སྨྲོས་ཤིག 3ཨ་རོན་གྱིས་དེ་བཞིན་བྱས་ཏེ་མར་མེ་རྣམས་མདུན་ཕྱོགས་སུ་ལྟ་བར་སྒྲིགས་སོ། 4སྔར་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བསྟན་གནང་མཛད་པའི་དཔེ་བཞིན་མཆོད་བཀོང་དེ་དག་ནི་མགོ་ནས་གཞུག་པར་གསེར་ལྗང་རྡུང་གིས་བཟོས་ཡོད་པ་ཡིན་ནོ༎

ལེ་ཝི་པ་རྣམས་ལ་དག་འབྱངས་དང་རབས་གནས།

5གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 6ལེ་ཝི་པ་རྣམས་ལ་ཨིསི་རཱཨེལ་མི་དམངས་བྱིངས་ནས་ལོགས་སུ་དབྱེ་ནས། 7གཤམ་གསལ་ལྟར་དག་འབྱངས་བྱེད་དགོས། དག་འབྱངས་བྱེད་པའི་ཁྲུས་ཆུ་དེ་དེ་ཚོའི་སྟེང་དུ་གཏོར་ཏེ། ལུས་ཀྱི་བ་སྤུ་ཚང་མ་བཞར་ཞིང་། གྱོན་གོས་རྣམས་འཁྲུ་བཅུག་པའི་རྗེས་སུ་དེ་དག་ཆོ་ག་ལྟར་གཙང་བར་འགྱུར་རྒྱུ་ཡིན། 8དེ་རྗེས་དེ་ཚོས་བེའུ་ཕོ་ཞིག་དང་ཁ་སྐྱུར་པོའི་སྣུམ་གྱི་ནང་རྫིས་པའི་གྲོ་ཞིབ་དང་བཅས་འབྲུའི་མཆོད་འབུལ་བྱེད་དགོས་པ་དང། ཁྱོད་ཀྱིས་སྡིག་སེལ་གྱི་མཆོད་པའི་ཕྱིར་དུ་གླང་གཞན་ཞིག་འཁྲིད་ཡོང་དགོས། 9དེ་རྗེས་ཨིསི་རཱཨེལ་གྱི་མི་སྡེ་ཡོངས་རྫོགས་འདུ་འཛོམས་བྱས་ཏེ། ལེ་ཝི་པ་རྣམས་ལ་ང་གནས་པའི་དབུ་གུར་དམ་པའི་མདུན་དུ་ལངས་བཅུག་དགོས། 10དེ་ནས་ཨིསི་རཱཨེལ་མི་དམངས་རྣམས་ཀྱིས་ལེ་ཝི་པ་ཚོའི་མགོའི་སྟེང་དུ་ལག་པ་བཞག་ཅིང་། 11ཨིསི་རཱཨེལ་མི་མང་གི་ཕྱོགས་ནས་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་ལེ་ཝི་པ་རྣམས་ཨ་རོན་གྱིས་ང་ལ་འབུལ་བའི་ཆེད་དུ་དེ་ཚོར་རབ་གནས་བྱེད་དགོས། དེ་བས་ན་དེ་ཚོས་ངའི་ཞབས་ཏོག་ཞུ་ཡོང། 12དེ་ནས་ལེ་ཝི་པ་རྣམས་ཀྱིས་གླང་གཉིས་ཀྱི་མགོའི་སྟེང་དུ་ལག་པ་བཞག་དགོས་ཤིང་། གླང་གཅིག་ནི་སྡིག་སེལ་གྱི་མཆོད་འབུལ་དང་། གཞན་དེ་སྦྱིན་སྲེག་གི་མཆོད་པར་འབུལ་དགོས་པར་ཡིན་ཏེ། གོང་གསལ་མཆོད་འབུལ་དེ་དག་ནི་ལེ་ཝི་པ་རྣམས་ཀྱི་དག་འབྱངས་ཀྱི་ཆོ་ག་སྒྲུབ་པའི་ཆེད་དུ་འབུལ་དགོས་པ་ཡིན་ནོ། 13ལེ་ཝི་རྣམས་ལ་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་ང་ལ་རབ་གནས་བྱེད་དགོས་ཤིང་། ཨ་རོན་དང་ཁོའི་བུ་རྣམས་དེ་ཚོའི་འགོ་བྱེད་དུ་བསྐོ་གཞག་བྱེད་དགོས། 14དེ་བཞིན་ལེ་ཝི་པ་རྣམས་ཨིསི་རཱ་ཨེལ་པ་བྱིངས་ལས་ལོགས་སུ་དབྱེ་དགོས་པ་ནི་དེ་དག་ངའི་ཁོངས་སུ་གཏོགས་པར་འགྱུར་བས་ཕྱིར་རོ། 15ཁྱོད་ཀྱིས་ལེ་ཝི་པ་རྣམས་ལ་དག་འབྱངས་དང་རབ་གནས་བྱས་པའི་རྗེས་སུ་དེ་དག་དབུ་གུར་དམ་པའི་ནང་དུ་ཞབས་ཏོག་ཞུ་འོས་པར་འགྱུར་རྒྱུ་ཡིན་པ་དང་། 16ངས་དེ་དག་ལ་ཨིསི་རཱཨེལ་པའི་བུ་སྔོན་སྐྱེས་རྣམས་ཀྱི་ཚབ་ཏུ་བླངས་པ་ཡིན་པས་དེ་དག་ནི་ང་རང་འབའ་ཞིག་གི་ཁོངས་སུ་གཏོགས་དགོས་པ་ཡིན། 17སྔར་ངས་ཨི་ཇིབ་པའི་བུ་སྔོན་སྐྱེས་དང་སེམས་ཅན་སྔོན་སྐྱེས་རྣམས་བསད་སྐབས། ཨིསི་རཱཨེལ་པའི་ནང་མི་རེ་རེའི་བུ་སྔོན་སྐྱེས་དང་སེམས་ཅན་སྔོན་སྐྱེས་ཚང་མ་ངས་རང་གི་དོན་དུ་རབ་གནས་བྱས་པ་ཡིན་མོད། 18ཨིསི་རཱཨེལ་པའི་བུ་སྔོན་སྐྱེས་ཚང་མའི་ཚབ་ཏུ་ད་ངས་ལེ་ཝི་པ་རྣམས་བླངས་ཤིང་ཡོད། 19ཨིསི་རཱཨེལ་མི་མང་གི་ཕྱོགས་ནས་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་ཕུལ་བའི་ལེ་ཝི་པ་དེ་དག་ངས་ཨ་རོན་དང་དེའི་བུ་རྣམས་ལ་རྩིས་སྤྲོད་བྱེད་རྒྱུ་དང་། དེ་དག་གིས་ཨིསི་རཱཨེལ་མི་དམངས་ཀྱི་ཕྱིར་དུ་དབུ་གུར་དམ་པའི་ནང་དུ་ཞབས་ཏོག་ཞུ་རྒྱུ་དང་། ས་གནས་དམ་པའི་ཉེ་འགྲམ་དུ་ཡོང་བའི་ཉེས་ཆེད་དུ་ཨིསི་རཱཨེལ་པ་ཚོར་རྐྱེན་ངན་སོགས་ལས་སྐྱབས་པར་འགྱུར། 20དེར་བརྟེན་མོ་ཤེ་དང་། ཨ་རོན་དང་ཨིསི་རཱཨེལ་མི་མང་ཚང་མས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་བསྒོས་གནང་བ་བཞིན། ལེ་ཝི་པ་རྣམས་ལ་རབ་གནས་བྱས་སོ། 21ལེ་ཝི་པ་ཚོས་རང་ཉིད་དག་འབྱངས་བྱས་ཏེ་གྱོན་གོས་རྣམས་འཁྲུ་བའི་རྗེས་སུ་ཨ་རོན་གྱིས་དེ་དག་ལ་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་རབ་གནས་བྱས་པ་དང་། ཨ་རོན་གྱིས་དེ་ཚོ་ཆེད་དུ་དག་བྱངས་ཀྱི་ཆོ་ག་ཡང་སྒྲུབ་སོ། 22ལེ་ཝི་པ་རྣམས་ཀྱི་སྐོར་ལ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་བསྒོས་གང་གནང་བ་བཞིན། ཨིསི་རཱཨེལ་པ་ཚོས་དེ་བཞིན་ཆ་ཚང་སྒྲུབ་པ་ཡིན་ནོ། དེར་བརྟེན་ཨ་རོན་དང་ཁོའི་བུ་རྣམས་ཀྱི་འགོ་འཁྲིད་འོག་ཏུ་ལེ་ཝི་པ་རྣམས་དབུ་གུར་དམ་པའི་ནང་དུ་ཞབས་ཏོག་ཞུ་འོས་པར་འགྱུར་བ་ཡིན་ནོ། 23གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 24རང་ལོ་གཉེར་ལྔ་ལོན་སྐབས་སུ་ལེ་ཝི་པ་རེ་རེས་ང་གནས་པའི་དབུ་གུར་དམ་པའི་ནང་དུ་ཞབས་ཏོག་ཞུ་དགོས་ཤིང་། 25རང་ལོ་ལྔ་བཅུ་ལོན་པ་དང་ཁོས་ཞབས་ཏོག་ཞུ་བའི་ལས་འགན་དེ་ལས་དགོངས་པ་ཞུ་དགོས། 26དེ་རྗེས་ཁོས་ལེ་ཝི་རོག་པ་རྣམས་ལ་དབུ་གུར་དམ་པའི་ནང་གི་ཞབས་ཏོག་ཞུ་ཆོག་སྐོར་ལ་རོགས་རམ་བྱེད་ཆོག འོན་ཀྱང་ཁོ་རང་གི་ཞབས་ཏོག་གང་ཡང་ཞུ་མི་ཆོག་པ་ཡིན་ནོ། གོང་གསལ་ལྟར་ཁྱོད་ཀྱིས་ལེ་ཝི་པ་རྣམས་ལ་ལས་འགན་ཆ་བགོས་ཀྱི་གོ་སྒྲིགས་བྱེད་དགོས་སོ༎

གྲངས་ཀ 9

ཐར་གྲོལ་གྱི་དུས་སྟོན་གཉིས་པ།

1ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་ཐོན་ཏེ་ལོ་གཉིས་འཁོར་བའི་ཟླ་བ་དང་པོར་གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་མཉམ་དུ་སི་ནཨེ་འབྲོག་སྟོང་དུ་གསུང་གླེང་གནང་བ། 2-3ཁོང་གིས་གསུངས་པ། ཟླ་བ་འདིའི་ཚེས་བཅུ་བཞིའི་དགོང་དྲོ་ཉི་མ་བཞུས་མཚམས་ནས་ཨིསི་རཱཨེལ་པ་རྣམས་ཀྱི་ཐར་གྲོལ་གྱི་དུས་སྟོན་དེ་ཁྲིམས་བཞིན་བརྩི་སྲུང་བྱེད་དགོས། 4དེ་བས་ན་མོ་ཤེས་མི་མང་རྣམས་ལ་ཐར་གྲོལ་གྱི་དུས་སྟོན་དེ་སྲུང་བཅུག་གོ 5ཟླ་བ་དང་པོའི་ཚེས་བཅུ་བཞིའི་དགོངས་དྲོ་སི་ནཨེ་འབྲོག་སྟོང་དུ་དེ་ཚོས་དུས་སྟོན་དེ་སྲུང་བརྩི་བྱས་ཤིང་། གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་ཇི་ལྟར་བཀའ་བསྒོས་གནང་བ་བཞིན་དེ་ཚོས་དེ་ལྟར་ཆ་ཚང་བྱས་པ་ཡིན་ནོ། 6འོན་ཀྱང་དེའི་ཁོངས་ནས་མི་འགའ་ཤས་ཀྱིས་རོ་ལ་ལག་པ་འཆང་བའི་རྐྱེན་གྱིས་རང་ཉིད་མི་གཙང་བར་འགྱུར་ཡོད་པས། དེ་ཉིན་ཐར་གྲོལ་གྱི་དུས་སྟོན་དེ་སྲུང་བརྩི་ཞུ་མ་ཐུབ་པར་མོ་ཤེས་དང་ཨ་རོན་གྱི་རྩར་ཕྱིན་ནས། 7ང་ཚོས་རོ་ལ་འཆང་བའི་རྐྱེན་གྱིས་མི་གཙང་བར་འགྱུར་ཡོད་པ་ཡིན་ནའང་ཅིའི་ཕྱིར་ང་ཚོས་ཨིསི་རཱཨེལ་མི་མང་གཞན་དང་མཉམ་དུ་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་བྱེད་མི་ཆོག་གམ་ཞེས་ཞུས་པའི་ལན་དུ། 8མོ་ཤེས་སྨྲས་པ། དེའི་སྐོར་གཙོ་བོ་དཀོན་མཆོག་ནས་ང་ལ་བཀའ་གསལ་མ་བྱུང་བར་དུ་ཁྱོད་ཚོ་སྒུག་དགོས། 9གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 10ཁྱོད་ཀྱིས་ཨིསི་རཱཨེལ་མི་དམངས་རྣམས་ལ་འདི་ལྟར་སྨྲོས་ཤིག ཁྱོད་ཚོའམ་ཁྱོད་ཚོའི་རིགས་བརྒྱུད་སུ་ཞིག་གིས་རོ་ལ་འཆང་ནས་རང་ཉིད་མི་གཙང་བར་འགྱུར་ཡོད་པའམ། དེ་བཞིན་ཐག་རིང་བྱེས་སུ་སོང་ཡོད་པ་ཞིག་གིས། ཐར་གྲོལ་གྱི་དུས་སྟོན་དེ་སྲུང་འདོད་བྱས་པ་ཡིན་ན། 11ཟླ་བ་གཅིག་གིས་རྗེས་སུ་དུས་སྟོན་དེ་སྲུང་བརྩི་བྱེད་ཆོག་པ་ཡིན་ནོ། ཟླ་བ་གཉིས་པའི་ཚེས་བཅུ་བཞིའི་གོང་དྲོར་དུས་སྟོན་དེ་སྲུང་སྐབས་ཆི་མན་མེད་པའི་བག་ལེབ་དང་ལོ་མ་ཁག་ཏིག་ཅན་རྣམས་ཟས་ནས་སྲུང་དགོས་པ་ཡིན་ནོ། 12ཁ་ཟས་ཀྱི་ལྷག་འཕྲོ་དེ་ནི་སང་ཞོག་བར་དུ་བཞག་མི་ཆོག་པ་མ་ཟད། སེམས་ཅན་གྱི་རུས་པ་གཅིག་ཀྱང་བཅག་མི་ཆོག དེ་བཞིན་ཐར་གྲོལ་གྱི་དུས་སྟོན་དེ་ཁྲིམས་སྲོལ་བཞིན་དུ་སྲུང་དགོས་པ་ཡིན་ནོ། 13འོན་ཀྱང་སུ་ཞིག་ཆོ་ག་ལྟར་གཙང་མར་གནས་ཡོད་པའམ། བྱེས་སུ་ས་ཐག་རིང་པོར་ཡང་མ་ཕྱིན་པར་ཐར་གྲོལ་སྲུང་བརྩི་མ་བྱས་པ་ཡིན་ན། དེ་ནི་ངའི་འབངས་ཀྱི་ཁོངས་སུ་མི་གཏོགས་པ་ཡིན་ནོ། གང་ལགས་ཟེར་ན། ཁོས་གཏན་འབེབས་བྱས་པའི་དུས་བཟང་གི་ཉིན་མོར་ང་ལ་མཆོད་འབུལ་མ་བྱས་པ་ཡིན་པས། དེའི་ཉེས་དམིགས་དེ་ཁོར་ཕོག་ངེས་པ་ཡིན་ནོ། 14ཁྱོད་ཚོའི་ཁྲོད་དུ་གནས་སྡོད་བྱེད་མི་ཕྱི་རྒྱལ་བ་ཞིག་གིས་ཐར་གྲོལ་དེ་སྲུང་འདོད་བྱེད་ན། ཁོས་ཁྲིམས་སྲོལ་བཞིན་དུ་དེ་ལ་སྲུང་བརྩི་བྱེད་དགོས། ཁྲིམས་སྲོལ་དེ་ནི་ཡུལ་མི་དང་ཕྱི་རྒྱལ་བ་ཚང་མའི་དོན་དུ་གཅིག་པ་བྱེད་དགོས་པ་ཡིན་ནོ༎

མེ་དང་མཚུངས་པའི་སྤྲིན་པ།

(སྡེབ་ཐོན་ ༤༠:༣༤-༣༨)

15-16གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དེ་སྒྲོན་པའི་ཉིན་མོར་སྤྲིན་པ་ཞིག་འཁོར་ནས་དེའི་སྟེང་དུ་ཡོངས་སུ་ཁྱབ་པ་དང་། སྤྲིན་པ་དེ་ནི་མཚན་མོ་མེ་དང་འདྲ་བ་ཞིག་མཐོང་གི་ཡོད་པ་ཡིན་ནོ། 17སྤྲིན་པ་དེ་ཡར་འགྲོ་སྐབས་ཨིསི་རཱཨེལ་པ་ཚོས་སྒར་བསྡུས་པ་དང་། དེ་བཞིན་སྤྲིན་པ་དེ་སླར་ཡང་གནས་གང་དུ་མར་བབ་ས་དེར་ཁོ་ཚོས་སྒར་ས་བརྒྱབ་ཀྱི་ཡོད་པ་ཡིན་ནོ། 18མི་མང་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་བསྒོས་གནང་བ་བཞིན་སྒར་བསྡུས་པ་དང་བརྒྱབ་པ་སོགས་བྱེད་ཀྱི་ཡོད་པ་དང་། སྤྲིན་པ་དེ་གུར་མཆོག་དམ་པའི་སྟེང་དུ་གནས་ཡུན་རིང་ལ་དེ་ཚོ་གནས་དེ་རང་དུ་སྒར་བརྒྱབ་ནས་སྡོད་ཀྱི་ཡོད་པ་ཡིན་ནོ། 19སྤྲིན་པ་དེ་དབུ་གུར་དམ་པའི་སྟེང་དུ་རྒྱུན་རིང་བར་དུ་གནས་པ་ཡིན་ན། དེ་ཚོའང་གཙོ་བོ་དཀོན་མཆོག་གི་བཀའ་དགོངས་བཞིན་སྤོས་ཀྱི་མེད་པ་ཡིན་ནོ། 20མཚམས་རེ་སྤྲིན་པ་དེ་ཉིན་ཤས་རིང་མ་གཏོགས་དབུ་གུར་དམ་པའི་སྟེང་དུ་གནས་ཀྱི་མེད་པ་དང་། ཇི་ལྟར་ཡིན་རུང་། གཙོ་བོ་དཀོན་མཆོག་གིས་བཀའ་དགོངས་བཞིན་དེ་ཚོ་གནས་སྡོད་བྱེད་པའམ། འགྲུལ་བསྐྱོད་བྱེད་ཀྱི་ཡོད་དོ། 21མཚམས་རེར་སྤྲིན་དེ་དགོང་དྲོ་ནས་སྔ་དྲོ་བར་དུ་མ་གཏོགས་གནས་ཀྱི་ཡོད་པ་དང། སྤྲིན་དེ་འགྲོ་མ་ཐག་ཏུ་དེ་ཚོ་འགྲུལ་སྐྱོད་བྱེད་ཀྱི་ཡོད་དོ། འོན་ཀྱང་སྤྲིན་དེ་ཉིན་མཚན་གང་རུང་ཡར་འགྲོ་མ་ཐག་ཏུ་དེ་ཚོ་འགྲུལ་སྐྱོད་བྱེད་ཀྱི་ཡོད་པ་ཡིན་ནོ། 22སྤྲིན་པ་དེ་དབུ་གུར་དམ་པའི་སྟེང་དུ་ཉི་མ་གཉིས་སམ་ཟླ་བ་གཅིག་གམ། ལོ་གཅིག་གམ་ཡང་ན་དེ་ལས་རྒྱུན་རིང་བར་གནས་པ་ཡིན་ན། དེ་ཡུན་རིང་ལ་དེ་ཚོ་འགྲུལ་སྐྱོད་མི་བྱེད་ཅིང་། འོན་ཀྱང་སྤྲིན་པ་དེ་ཡར་འགྲོ་བ་དང་དེ་ཚོ་ཡང་འགྲུལ་སྐྱོད་བྱེད་ཀྱི་ཡོད་པ་ཡིན་ནོ། 23གཙོ་བོ་དཀོན་མཆོག་གིས་མོ་ཤེ་བརྒྱུད་ནས་བཀའ་གནང་བ་བཞིན། དེ་ཚོས་སྒར་བརྒྱབ་པའམ་བསྡུ་བ་སོགས་བྱེད་ཀྱི་ཡོད་པ་ཡིན་ནོ༎

གྲངས་ཀ 10

དངུལ་གྱི་དུང་ཆེན་རྣམས།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2མི་མང་བཀོང་བ་དང་སྒར་ས་བསྡུ་བའི་བརྡ་གཏོང་ཕྱིར་དངུལ་ལྗང་རྡུང་གི་དུང་ཆེན་ཆ་གཅིག་བཟོ་དགོས། 3དུང་ཆེན་དེ་གཉིས་སྐད་རིང་པོར་འབུད་སྐབས་ཨིསི་རཱཨེལ་པ་རྣམས་ང་གནས་པའི་དབུ་གུར་དམ་པའི་སྒོའི་རྩར་འཛོམས་དགོས། 4འོན་ཀྱང་དུང་གཅིག་རང་འབུད་སྐབས་རིགས་རུས་ཀྱི་འགོ་དཔོན་རྣམས་ཁྱོད་ཀྱི་མཐའ་བསྐོར་དུ་འཛོམས་དགོས་ཤིང་། 5དུང་སྐད་ཐུང་ངུ་འབུད་སྐབས། ཤར་ངོས་སུ་སྒར་བརྒྱབ་ནས་བསྡད་པའི་སྡེ་རིགས་རྣམས་འགྲོ་སྐྱོད་བྱེད་དགོས། 6དུང་སྐད་ཐུང་ཐུང་ཐེངས་གཉིས་པ་དེ་འབུད་སྐབས་ལྷོ་ངོས་སུ་ཡོད་པའི་སྡེ་རིགས་རྣམས་འགྲུལ་སྐྱོད་བྱེད་དགོས། དེར་བརྟེན་དུང་སྐད་ཐུང་ཐུང་འབུད་པ་དེ་ནི་སྒར་ས་བསྡུ་དགོས་པའི་བརྡ་དོན་ལ་གོ་དགོས་མོད། 7འོན་ཀྱང་མི་སྡེ་ཚང་མ་གནས་གཅིག་ཏུ་འདུ་འཛོམས་བྱེད་ཕྱིར་བརྡ་གཏོང་སྐབས་དུང་སྐད་རིང་པོ་ཞིག་འབུད་དགོས་ཤིང་། 8དུང་འབུད་རྒྱུ་དེ་ནི་ཨ་རོན་གྱི་བུ་བླ་མ་རྣམས་ཀྱི་ལས་འགན་ཡིན་ནོ། གཤམ་གསལ་ཁྲིམས་དེ་ནི་མ་འོངས་པའི་དུས་ཀུན་ཏུ་སྲུང་དགོས་བ་ཡིན་ནོ། 9དགྲ་བོས་ཁྱོད་ཚོའི་ཐོག་ཏུ་དབང་གནོན་བྱེད་སྐབས་ཁྱོད་ཚོས་དེའི་གདོང་ལེན་བྱེད་དེ། རང་གི་ཡུལ་དུ་དགྲ་བོར་འཐབ་རྒོལ་བྱེད་ཅིང་། དམག་གི་ཟོན་བརྡ་གཏོང་ཕྱིར་དུང་དེ་དག་འབུད་དགོས། ང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་རོགས་མགོན་བྱེད་པ་དང། ཁྱོད་ཚོར་དགྲ་བོ་ནས་སྐྱབས་རྒྱུ་ཡིན། 10དགའ་སྟོན་བྱེད་སྐབས་དང་གནམ་གང་གི་དུས་སྟོན་དང་གཞན་ཡང་ཆོས་ཀྱི་དུས་ཆེན་སྐབས་སུ། ཁྱོད་ཚོས་སྦྱིན་སྲེག་དང་མཐུན་འབྲེལ་གྱི་མཆོད་འབུལ་བྱེད་སྐབས་དུང་དེ་འབུད་དགོས། དེ་ནས་ངས་ཁྱོད་ཚོར་སྐྱབས་རོགས་བྱེད་རྒྱུ་ཡིན། ང་གཙོ་བོ་དཀོན་མཆོག་ནི་ཁྱོད་ཚོའི་དཀོན་མཆོག་ཡིན་ནོ༎

ཨིསི་རཱཨེལ་པ་ཚོས་སྒར་བསྡུས་པ།

11ཨིསི་རཱཨེལ་པ་ཚོ་ཨི་ཇིབ་ནས་ཐོན་པའི་ལོ་གཉིས་པའི་ཟླ་བ་གཉིས་པའི་ཚེས་ཉི་ཤུའི་ཉིན་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་སྟེང་ནས་སྤྲིན་དེ་ཡར་འགྲོ་པ་དང་། 12ཨིསི་རཱ་ཨེེལ་པ་རྣམས་སི་ནཱཨེ་འབྲོག་སྟོང་ནས་ཐོན་ཏེ་འགྲོ་རྒྱུ་འགོ་འཚུགས་ཤིང་། པ་རན་ཞེས་པའི་འབྲོག་སྟོང་དུ་སྤྲིན་པ་དེ་མར་བབས་ཏེ་གནས་སོ། 13གཙོ་བོ་དཀོན་མཆོག་གིས་མོ་ཤེ་བརྒྱུད་ནས་བཀའ་གནང་བ་བཞིན་དེ་ཚོ་འགྲུལ་སྐྱོད་བྱེད་རྒྱུ་འགོ་འཚུགས་ཤིང་། 14དེ་ཚོ་འགྲུལ་སྐྱོད་བྱེད་པའི་དུས་ཚོད་ག་དུས་ཡིན་རུང་གོ་རིམ་གཅིག་པ་བྱས་ནས་འགྲོ་གི་ཡོད་པ་ཡིན་ནོ། ཐོག་མར་ཡ་ཧུ་དཱའི་སྡེ་རིགས་ཀྱི་དར་ཆའི་མངའ་འོག་གི་སྡེ་མཚན་དེ་སྔོན་དུ་འགྲོ་སྐྱོད་བྱེད་པ་མ་ཟད། ཨམ་མི་ན་དྷབ་ཀྱི་བུ་ནཱ་ཤོན་གྱི་འགོ་ཁྲིད་འོག་ཏུ་དེ་ཚོ་རུ་ཁག་སྒྲིག་ནས་འགྲོ་གི་ཡོད་པ་ཡིན་ནོ། 15དེ་བཞིན་ཨི་ས་ཀར་གྱི་སྡེ་རིགས་དེ་ནི་ཛུ་ཨར་གྱི་བུ་ནེ་ཐ་ནེལ་གྱི་འགོ་ཁྲིད་འོག་ཏུ་འགྲོ་བ་དང་། 16ཛེ་བུ་ལུན་གྱི་སྡེ་རིགས་དེ་ནི་ཧེ་ལོན་གྱི་བུ་ཨེ་ལི་ཨབ་ཀྱི་འགོ་ཁྲིད་འོག་ཏུ་འགྲོ་གི་ཡོད་པ་ཡིན་ནོ། 17དེ་ནས་དབུ་གུར་དམ་པ་དེ་བསྡུས་ཏེ་གྷེར་ཤོན་དང་མེ་ར་རིའི་རིགས་རུས་ཚོས་དེ་འཁྱེར་ནས་འགྲོ་དགོས་ཤིང་། 18དེ་རྗེས་རུ་བྷེན་སྡེ་རིགས་ཀྱི་དར་ཆའི་མངའ་འོག་གི་སྡེ་མཚན་དེ་འགྲོ་དགོས་པ་དང་། དེ་ཚོ་ནི་ཤེ་དྷུར་གྱི་བུ་ཨེ་ལི་ཛུར་གྱི་འགོ་ཁྲིད་འོག་ཏུ་རུ་ཁག་སྒྲིག་ནས་འགྲོ་གི་ཡོད་པ་ཡིན་ནོ། 19སིམ་ཨོན་སྡེ་རིགས་ཀྱི་འགོ་ཁྲིད་ནི་ཛུ་རི་ཤད་དྷེའི་བུ་ཤེ་ལུ་མི་ཨེལ་ཡིན་པ་དང་། 20གྷཌ་སྡེ་རིགས་ཀྱི་འགོ་ཁྲིད་ནི་ཌུ་ཨེལ་གྱི་བུ་ཨེལ་ཡ་སཱཕ་ཡིན་ནོ། 21དེ་རྗེས་ལེ་ཝི་པའི་ལས་ཀོ་ཧཱད་ཀྱི་རིགས་རུས་ཀྱི་མི་རྣམས་ནས་ཡོ་ཆས་དམ་པ་རྣམས་འཁྱེར་ནས་འགྲོ་དགོས་པ་དང་། དེ་ཚོ་སྒར་སར་པར་སླེབས་སྐབས་དམ་པའི་དབུ་གུར་དམ་པ་དེ་ཕུབ་ཚར་གྱི་ཡོད་པ་ཡིན་ནོ། 22དེ་རྗེས་ཨེཕ་ར་ཡིམ་སྡེ་རིགས་ཀྱི་དར་ཆའི་མངའ་འོག་གི་སྡེ་མཚན་དེ་ཐོན་དགོས་ཤིང་། ཨམ་མི་ཧུད་ཀྱི་བུ་ཨེ་ལི་ཤ་མའི་འོག་ཏུ་དེ་ཚོ་རུ་ཁག་སྒྲིག་ནས་འགྲོ་གི་ཡོད་པ་ཡིན་ནོ། 23མ་ནསེ་སཱེའི་སྡེ་རིགས་ཀྱི་འགོ་དཔོན་ནི་པེ་དཱ་ཛུར་གྱི་བུ་གྷ་མ་ལི་ཨེལ་ཡིན་པ་དང་། 24བྷེན་ཡ་མིན་སྡེ་རིགས་ཀྱི་འགོ་དཔོན་ནི་གྷིད་ཨོ་ནིའི་བུ་ཨ་བྷི་དན་ཡིན་ནོ། 25མཐའ་མར་དཱན་སྡེ་རིགས་ཀྱིས་འགོ་ཁྲིད་བྱེད་པའི་དར་ཆའི་མངའ་འོག་གི་སྡེ་མཚན་དེ་གྲལ་གཞུག་གི་སྲུང་སྐྱོབ་པའི་ཚུལ་དུ་འགྲོ་དགོས་ཤིང་། ཨམ་མི་ཤ་དྷེའི་བུ་ཨ་ཧི་ཨེ་ཛར་གྱི་འགོ་ཁྲིད་འོག་ཏུ་དེ་ཚོ་རུ་ཁག་སྒྲིག་ནས་འགྲོ་གི་ཡོད་པ་ཡིན་ནོ། 26ཨ་ཤེར་གྱི་སྡེ་རིགས་ཀྱི་འགོ་དཔོན་ནི་ཨོག་རན་གྱི་བུ་པ་གྷི་ཨེལ་ཡིན་པ་དང་། 27དེ་བཞིན་ནཕ་ཏ་ལིའི་སྡེ་རིགས་ཀྱི་འགོ་ཁྲིད་ནི་ཨེ་ནན་གྱི་བུ་ཨ་ཧི་ར་ཡིན་ནོ། 28ཨིསི་རཱཨེལ་པ་ཚོས་སྒར་ས་བསྡུས་ནས་ཕྱོགས་གཞན་དུ་སྒར་ས་བརྒྱབ་པར་འགྲོ་དུས། རུ་སྒྲིག་གི་གོ་རིམ་ནི་གོང་གསལ་ལྟར་ཡིན་ནོ། 29མོ་ཤེས་མིད་ཡན་པ་ཡི་ཐོརོའི་བུའམ་རང་གི་སྐྱེས་དམན་གྱི་གཅེན་པོ་ཧོ་བྷབ་ལ་སྨྲས་པ། སྔར་གཙོ་བོ་དཀོན་མཆོག་གིས་ང་ཚོ་ལ་གནང་གི་ཡིན་ཞེས་གསུངས་པའི་ཡུལ་དེར་ང་ཚོ་འགྲོ་རན་ཡོད་དོ། གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་བྱིན་རླབས་གནང་རྒྱུའི་ཞལ་བཞེས་གནང་ཡོད་པས། ཁྱེད་རང་ཡང་ང་ཚོ་དང་མཉམ་དུ་ཡོང་ན་ང་ཚོས་རང་གི་བྱིན་རླབས་དེ་ཁྱེད་རང་ལ་མཉམ་བགོས་བྱེད་རྒྱུ་ཡིན། 30དེའི་ལན་དུ་ཧོ་བྷབ་ཀྱིས་སྨྲས་པ། མིན། ང་ནི་རང་གི་ཡུལ་དུ་ལོག་ནས་འགྲོ་གི་ཡིན། 31མོ་ཤེས་སྨྲས་པ། ང་ཚོར་མ་སྤངས་རོགས་གནང་། འབྲོག་སྟོང་འདིའི་ནང་དུ་ང་ཚོས་ས་གནས་གང་དུ་གུར་ཕུབ་དགོས་པ་དེ་ཁྱེད་ལ་རྒྱུས་ཡོད་པས། ཁྱེད་ནི་ང་ཚོའི་ལམ་རྒྱུས་བྱེད་མཁན་སྣེ་ཤན་པ་ཞིག་ཏུ་འོས་པ་ཡིན་ནོ། 32ཁྱེད་ང་ཚོ་དང་མཉམ་དུ་ཡོང་བ་ཡིན་ན། གཙོ་བོ་དཀོན་མཆོག་གིས་ང་ཚོ་ལ་བྱིན་རླབས་གང་གནང་བ་དེ་ལས་ཁྱེད་རང་དང་མཉམ་བགོས་བྱེད་རྒྱུ་ཡིན༎

མི་མང་རྣམས་འགྲུལ་སྐྱོད་བྱེད་རྒྱུ་འགོ་འཚུགས་པ།

33ཨིསི་རཱཨེལ་པ་རྣམས་རི་བོ་དམ་པ་སི་ནཱཨེ་ནས་ཐོན་ཏེ་ཉིན་ཞག་གསུམ་བར་དུ་འགྲུལ་སྐྱོད་བྱས་སོ། གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ནི་སྒར་ས་བརྒྱབ་པའི་ས་གནས་འཚོལ་ཕྱིར་དུས་རྒྱུན་དུ་དེ་ཚོའི་སྔོན་དུ་འཁྱེར་འགྲོ་གི་ཡོད་པ་ཡིན་ནོ། 34དེ་ཚོས་སྒར་ས་སྤོས་ནས་ཕྱོགས་ལ་ཐོན་རིང་བཞིན་དུ། གཙོ་བོ་དཀོན་མཆོག་གི་སྤྲིན་པ་དེ་ཉིན་མོའི་དུས་སུ་དེ་ཚོའི་སྟེང་དུ་འཁོར་ཞིང་གནས་ཀྱི་ཡོད་པ་ཡིན་ནོ། 35མི་ཚོས་དམ་བཅའི་སྒྲོམ་དེ་འཁྱེར་ནས་འགྲོ་སྐབས་མོ་ཤེས་རྒྱུན་དུ་སྨྲས་པ། ཀྱེ་གཙོ་བོ་དཀོན་མཆོག་ཡར་སྐུ་བཞེངས་གནང་བར་མཛོད། ཉིད་ཀྱི་དགྲ་བོ་རྣམས་ཁ་གཏོར་བ་གནང་དགོས། ཉིད་ལ་སྡང་་དགྲ་ཞུ་མཁན་རྣམས་ལ་ཕྱིར་འདེད་གནང་བར་མཛོད། 36དམ་བཅའི་སྒྲོམ་དེ་མར་བཞག་དུས། ཀྱེ་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་པའི་ནང་མི་སྟོང་ཕྲག་མང་པོའི་དབུས་སུ་ཁྱེད་ཕྱིར་ལོག་ཕེབས་པར་མཛོད་ཅེས་ཁོས་སྨྲ་བཞིན་ཡོད་དོ༎

གྲངས་ཀ 11

ཏ་བྷེ་རཱ་ཟེར་བའི་ས་གནས།

1མི་རྣམས་ཀྱིས་རང་གི་དཀའ་ངལ་གྱི་སྐོར་ལ་གཙོ་བོ་དཀོན་མཆོག་ལ་རྙོག་གྲ་ཞུས་འགོ་ཚུགས་སོ། གཙོ་བོ་དཀོན་མཆོག་གིས་དེ་གསན་ནས་ཐུགས་ཁྲོས་ཏེ་དེ་ཚོའི་ཐོག་ཏུ་མེ་བཏང་བ་གནང་ཞིང་། དེ་ཚོའི་དཀྱིལ་དུ་མེ་འབར་ཏེ་སྒར་གྱི་མཐའ་གཅིག་མེས་ཡོངས་སུ་འཇིག་སྐྱོན་བཏང་ངོ། 2མི་རྣམས་སྐད་ཅོར་བརྒྱབ་བཞིན་མོ་ཤེའི་རྩར་སྐྱབས་ཞུ་བར་ཡོངས་སྐབས། མོ་ཤེས་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཞུས་པས་མེ་དེ་མར་འཇོམས་སོ། 3དེ་བཞིན་ས་གནས་དེའི་མིང་ལ་ཏ་བྷེ་རཱ་ཞེས་ཐོགས་སོ། གང་ལགས་ཟེར་ན་དེར་གཙོ་བོ་དཀོན་མཆོག་གི་མེ་དེ་དེ་ཚོའི་དཀྱིལ་དུ་འབར་བས་ཕྱིར་རོ༎

མོ་ཤེས་འགོ་དཔོན་བདུན་བཅུ་འདམས་པ།

4ཨིསི་རཱཨེལ་པ་རྣམས་དང་མཉམ་དུ་ཕྱི་རྒྱལ་བ་ཚོའང་ཕྱོགས་ཐོན་བྱེད་ཀྱི་ཡོད་པ་དང་། དེ་ཚོར་ཤ་ཟ་འདོད་ཆེན་པོ་ལངས་པ་མ་ཟད། ཨིསི་རཱཨེལ་པ་ཚོས་ཀྱང་རྙོག་གྲ་བཤད་དེ་སྨྲས་པ། ང་ཚོར་ཤ་ཟ་རྒྱུ་བྱུང་ན་ཅི་མ་རུང་། 5སྔར་ང་ཚོ་ཨི་ཇིབ་དུ་ཡོད་སྐབས་ཉ་ཤ་འདོད་པ་གང་ཡོད་ཟ་རྒྱུ་ཡོད་པ་མ་ཟད། དེར་རིན་པའང་སྤྲོད་མི་དགོས་ཤིང་། དེར་ང་ཚོས་ཟས་པའི་ཁ་ཟས་ཀྱི་རིགས་ནི་ཆུ་འབྲས་ཀག་རཱ་དང་ཁར་བུ་ཇཱ་ཀག་རཱ་དང་ཁར་བུ་ཇཱ་ ཀག་རཱ་དང་ཁར་བུ་ཇཱ་ཞེས་པ་ནི་རྒྱ་གར་གྱི་སྐད་དུ་ཆུ་འབྲས་དག་གི་མིང་ཡིན་ཏེ། བོད་སྐད་དུ་དེའི་མིང་ཡོངས་གྲགས་ཤིག་ཕལ་ཆེར་མེད་པ་ཡིན་ནོ། དང་། རམ་པ་དང་། ཙོང་སྒོག་སོགས་ཡིན་པས། དེ་དག་དྲན་གསོས་ཀྱི་འདུག་གམ། 6ད་ང་ཚོར་ཟ་རྒྱུ་གང་ཡང་མེད་པས། ང་ཚོའི་ལུས་སྟོབས་ཀྱང་ཉམས་ཚར་བཞག། ཟ་ནའང་མ་ཟ་ནའང་ཉིན་ལྟར་རེ་བཞིན་མན་ནཱ་འདི་མ་གཏོགས་གཞན་གང་ཡང་ཟ་རྒྱུ་མི་འདུག 7(མན་ནཱ་དེ་ནི་ཁ་མདོག་སེར་སྐྱ་ཡིན་པ་ལ་ས་བོན་གྱི་འབྲུ་ཆུང་ཆུང་དང་འདྲ་བ་ཞིག་ཡོད་པ་ཡིན་ཏེ། 8-9དེ་ནི་སྒར་གྱི་སྟེང་དུ་མཚན་མོར་བ་མོ་དང་མཉམ་དུ་བབས་ཀྱི་ཡོད་པ་དང་། མི་རྣམས་ཞོག་པ་སྔ་པོར་ཕྱིན་ནས་དེ་བསྡུ་སྒྲུག་བྱེད་དེ། འཐག་པའམ་རྡུང་ནས་ཙམ་པ་ལྟར་བཟོས་ཏེ་ཆུའི་ནང་བཙོས་པའམ་བག་ལེབ་བཟོས་ཀྱི་ཡོད་དོ། དེའི་བྲོ་བ་ནི་ཁ་སྐྱུར་པོའི་སྣུམ་ནང་བསྲེག་པའི་བག་ལེབ་དང་འདྲ་པོ་ཡོད་པ་ཡིན་ནོ།) 10མི་རྣམས་རང་རང་གི་གུར་གྱི་སྒོ་འགྲམ་དུ་ཁག་སོ་སོར་འཛོམས་ནས་ལངས་ཤིང་རྙོག་གཏམ་བརྗོད་པ་དེ་མོ་ཤེས་ཐོས་པ་དང་། ཁོ་ལ་བློ་ཕམ་ཆེན་པོ་བྱུང་ངོ་། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་ནི་དེ་ཚོ་དང་མཉམ་དུ་ཐུགས་དགོངས་འཚོངས་ཡོད་དོ། 11ཁོས་གཙོ་བོ་དཀོན་མཆོག་ལ་ཞུས་པ། ཁྱེད་ཀྱིས་ང་ལ་འདི་ལྟ་བུའི་ངན་པ་གནང་དགོས་པ་དེ་གང་ཡིན་ནམ། ཅིའི་ཕྱིར་ང་དང་ཐུགས་ཁྲོ་གནང་བ་ཡིན་ནམ། ཅིའི་ཕྱིར་མི་འདི་ཚོའི་འགན་དེ་ང་ལ་གནང་བ་ཡིན་ནམ། 12ངས་ནི་དེ་ཚོ་ལ་བཟོ་བཀོད་བྱེད་རྒྱུ་མ་བྱུང་བ་མ་ཟད། དེ་ཚོ་ང་ལས་སྐྱེས་པའང་མ་ཡིན། དེ་བས་ན་ཅིའི་ཕྱིར་ཁྱེད་ཀྱིས་ང་ལ་དེ་ཚོའི་མ་ཚབ་ལྟ་བུས་དེ་ཆོར་གཅེས་སྐྱོང་བྱེད་དུ་བཅུག་པ་གནང་ཞིང་། ངས་དེ་ཆོ་ཕྲུ་གུ་བཞིན་དུ་པང་པར་འཁྱེར་ནས། ཁྱེད་ཀྱིས་དེ་ཚོའི་ཕ་མེས་རྣམས་ལ་ཞལ་ཆད་གནང་བའི་ཡུལ་དེར་སྐྱེལ་བཅུག་པ་ཡིན་ནམ། 13མི་དེ་ཚོ་ཚང་མར་ལྡང་བའི་ཤ་ཞིག་ངས་ག་ནས་ཐོབ་བམ། དེ་ཚོས་ཤའི་དོན་དུ་སྐད་ཅོར་བརྒྱབ་བཞིན་བསྡད་འདུག 14ང་རང་མི་གཅིག་པུས་མི་འདི་ཚོའི་འགན་འཁྱེར་ཐུབ་པ་མི་འདུག ལས་འགན་དེ་ནི་ཧ་ཅང་ལྗིད་པོ་ཞིག་འདུག 15གལ་ཏེ་ཁྱེད་ཀྱིས་ང་ལ་ད་དུང་འདི་ལྟ་བུའི་སྤྱོད་པ་གནང་རྒྱུ་ཡིན་ན། ཐུགས་རྗེ་གཟིགས་ནས་ང་ལ་གསོད་པ་གནང་རོགས་གནང་། ད་ནས་བཟུང་ངས་ཁྱེད་ཀྱི་སྡུག་ཙུབ་ཅན་གྱི་མཛད་སྤྱོད་དེ་བཟོད་མི་དགོས་པར་ཤོག། 16གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། མི་མང་གི་འགོ་དཔོན་དུ་ངོས་འཛིན་བྱུང་བའི་མི་གཙོ་གྲགས་བདུན་བཅུ་ཐམ་པ་འདུ་བཀོང་བྱས་ཏེ། ང་གནས་པའི་དབུ་གུར་དམ་པར་ངའི་མདུན་དུ་འཁྲིད་ཡོང་ནས་ཁྱོད་དང་མཉམ་དུ་ལངས་ཆུག་ཅིག 17ང་དེར་ཡོང་ནས་ཁྱོད་ལ་གཏམ་གླེང་བྱེད་རྒྱུ་ཡིན། ངས་ཁྱོད་ལ་སྤྲད་པའི་སེམས་ཉིད་ནས་ཕྲན་བུ་ཞིག་བཏོན་ཏེ་དེ་ཚོར་སྤྲོད་རྒྱུ་ཡིན། དེ་རྗེས་ཁོ་ཚོས་མི་དེ་ཚོའི་འགན་འཁུར་བའི་རོགས་བྱེད་ཅིང་། ཁྱོད་རང་གཅིག་པུས་འགན་དེ་འཁུར་མི་དགོས་པ་ཡིན་ནོ། 18ད་ཁྱོད་ཀྱིས་མི་ཚོགས་ལ་འདི་ལྟར་སྨྲོས་ཤིག སང་ཉིན་གྱི་དོན་དུ་ཁྱོད་ཚོ་རང་ཉིད་དག་འབྱངས་བྱེད་དགོས། ཁྱོད་ཚོས་ཤ་ཟ་རྒྱུ་ཐོབ་པ་ཡོད། ཁྱོད་ཚོས་ཤ་ཟ་འདོད་བྱས་པ་དང་། སྔར་ཁྱོད་ཚོ་ཨི་ཇིབ་དུ་ཡོད་སྐབས་ཁྱོད་ཚོའི་གནས་སྟངས་ཡག་པོ་ཡོད་ལུགས་སྐོར་ལ་ཁྱོད་ཚོས་རྙོག་གཏམ་བརྗོད་པ་དེ་གཙོ་བོ་དཀོན་མཆོག་གིས་གསན་ཡོད་པས། ད་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་ཤ་གནང་རྒྱུ་ཡིན་པས། དེ་ནི་ཁྱོད་ཚོས་ཟ་དགོས། 19དེ་ནི་ཉིན་གཅིག་གཉིས་མ་ཡིན་པར་ཉིན་ལྔའམ་བཅུའམ་ཉི་ཤུ་ཙམ་ཡང་མ་ཡིན་མོད། 20འོན་ཀྱང་ཟླ་བ་གཅིག་བར་དུ་ཤ་དེ་རྣ་བ་ནས་མ་དོན་བར་དང་ཞེ་མེར་མ་ལངས་བར་བཟའ་དགོས་རྒྱུ་དང་། དེ་འདྲ་བྱུང་དགོས་དོན་ནི། ཁྱོད་ཚོས་རང་གི་ཁྲོད་དུ་བཞུགས་ཡོད་པའི་གཙོ་བོ་དཀོན་མཆོག་ལ་སྤངས་སོ། ང་ཚོས་ཨི་ཇིབ་དེ་སྤངས་ནས་མ་ཡོང་ནའང་འགྲིགས་པ་ཡོད་ཅེས་ཁོང་ལ་རྙོག་གཏམ་བཤད་པས་རྐྱེན་གྱིས་ཡིན་ནོ། 21དེ་རྗེས་མོ་ཤེས་གཙོ་བོ་དཀོན་མཆོག་ལ་ཞུས་པ། ངས་མི་ཚོགས་ ༦༠༠,༠༠༠ གི་འགོ་ཁྲིད་བྱེད་ཀྱི་ཡོད་པས། ཁྱེད་ཀྱིས་དེ་ཚོར་ཟླ་བ་གཅིག་བར་དུ་ལྡང་བའི་ཤ་གནང་གི་ཡིན་ཞེས་གསུངས་ཡོད། 22དེ་ཚོས་འདོད་པ་ཚིམ་པར་བྱེད་ཕྱིར་གླང་དང་ལུག་ལྡང་ངེས་བཞིན་པ་ཞིག་གསོད་ཐུབ་བམ། རྒྱ་མཚོའི་ཉ་ཡོངས་རྫོགས་ཀྱིས་ཀྱང་ལྡང་ཡོང་ངམ། 23དེའི་ལན་དུ་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངའི་ནུས་པར་མཚམས་ཤིག་ཡོད་དམ། ངས་སྨྲས་པའི་གཏམ་དེ་འགྲུབ་དང་མི་འགྲུབ་ཁྱོད་ཀྱིས་རིང་མིན་མཐོང་བ་ཡོད། 24དེར་བརྟེན་མོ་ཤེས་ཕྱིར་ཐོན་ནས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་དེ་མི་དམངས་ལ་བཤད་ཅིང་། ཁོས་འགོ་དཔོན་བདུན་ཅུ་ཐམ་པ་འདུ་བཀོང་བྱས་ཏེ་དབུ་གུར་དམ་པའི་མཐའ་འཁོར་དུ་ལངས་བཅུག་གོ 25དེ་ནས་གཙོ་བོ་དཀོན་མཆོག་སྤྲིན་གྱི་ནང་དུ་ཕེབས་ནས་ཁོ་དང་གཏམ་གླེང་གནང་ཞིང་། ཁོང་གིས་མོ་ཤེ་ལ་གནང་བའི་ཐུགས་ཉིད་ནས་ཕྲན་བུ་ཞིག་བཏོན་པ་གནང་ནས་འགོ་དཔོན་བདུན་ཅུ་ཐམ་པར་གནང་ངོ་། དེ་ཚོའི་སྟེང་དུ་ཐུགས་ཉིད་བབས་པའི་རྗེས་སུ་དེ་ཚོས་ལུང་བསྟན་བཤད་ཚུལ་བྱས་མོད། འོན་ཀྱང་དེ་ནི་དུས་ཡུན་རིང་བར་དུ་མ་བྱས་སོ། 26འགོ་དཔོན་བདུན་ཅུ་ཐམ་པའི་ནང་ནས་ཨེལ་དཱད་དང་མེ་དཱད་ཞེས་པའི་འགོ་དཔོན་གཉིས་ནི་སྒར་གྱི་ནང་དུ་བསྡད་དེ། དབུ་གུར་དམ་པར་བཅར་མེད་པ་ཡིན་ཀྱང་། སྒར་སའི་ནང་དུ་དེ་ཚོའི་སྟེང་དུ་ཐུགས་ཉིས་བབས་སྐབས་དེ་དག་གིས་ཀྱང་ལུང་བསྟན་བཤད་དོ། 27ཨེལ་དཱད་དང་མེ་དཱད་གཉིས་ཀྱིས་གང་བྱས་པ་དེའི་སྐོར་མོ་ཤེ་ལ་ཞུ་བར་མི་གཞོན་པ་ཞིག་རྒྱུག་ནས་ཕྱིན་ནོ། 28ནུན་གྱི་བུ་ཡོ་ཤུ་ཨ་ནི་ན་གཞོན་སྐབས་ནས་མོ་ཤེའི་ཞབས་ཏོག་ཞུས་ནས་བསྡད་པ་དེས། སྐད་བརྒྱབ་ཅིང་མོ་ཤེ་ལ། ཀྱེ་གཙོ་བོ་ལགས། ཁོ་གཉིས་ལ་བཀག་འདོམ་གནང་རོགས་གནང་ཞེས་ཞུས་པའི། 29ལན་དུ་མོ་ཤེས། ཁྱོད་རང་ངའི་དོན་དུ་སེམས་འཁྲལ་བྱེད་ཀྱི་ཡོད་དམ། ངའི་རེ་འདོད་ལྟར་ན། གཙོ་བོ་དཀོན་མཆོག་ཉིད་ཀྱི་ཐུགས་ཉིད་དེ། སྐུ་ཉིད་ཀྱི་མི་འབངས་ཚང་མར་གནང་ཞིང་། ཚང་མས་ལུང་བསྟན་བཤད་ཐུབ་པ་བྱུང་ན་ཅི་མ་རུང་ཞེས་སྨྲས་སོ། 30དེ་ནས་མོ་ཤེ་དང་ཨིསི་རཱཨེལ་པའི་འགོ་དཔོན་བདུན་བཅུ་རྣམས་སྒར་སར་ཕྱིར་ལོག་བྱས་སོ༎

གཙོ་བོ་དཀོན་མཆོག་གིས་བྱ་སྲེག་པ་རྣམས་གཏོང་གནང་བ།

31གཙོ་བོ་དཀོན་མཆོག་གིས་བློ་བུར་དུ་རླུང་ཞིག་བཏང་བ་གནང་ཞིང་། རླུང་གིས་རྒྱ་མཚོ་ནས་བྱ་སྲེག་པ་རྣམས་འཁྱེར་ཡོང་བ་དང་། བྱ་དེ་ཚོ་སའི་སྒང་ནས་མཐོ་ཚད་མི་ཊར་གང་ཙམ་ཞིག་ལྡིང་ཞིང་། སྒར་གྱི་ཕྱོགས་གང་སར་ཀི་ལོ་མི་ཊར་མང་པོའི་རྒྱ་ཁྱོན་བར་དུ་ཁྱབ་བོ། 32དེ་ནས་ཁོ་ཚོས་དེ་ཉིན་གང་དང་། མཚན་གང་། ཡང་དེའི་སང་ཉིན་ཉིན་གང་རིང་ལ་བྱ་སྲེག་པ་རྣམས་འཇུས་པ་དང་། ཀི་ལོ་གྷ་རམ་ ༡,༠༠༠ ལས་ཉུང་བ་སུས་ཀྱང་མ་བསྡུས་སོ། དེ་ནས་ཁོ་ཚོས་བྱ་དེ་དག་སྒར་གྱི་ཕྱོགས་བཞི་རུ་བཀྲམ་ནས་སྐམ་བཞག་གོ 33དེ་ཚོས་ཤ་དེ་ཟས་མ་ཚར་གོང་དུ་གཙོ་བོ་དཀོན་མཆོག་ཁོ་ཚོ་དང་ཐུགས་ཁྲོས་ཤིང་དེ་ཚོའི་ཁྲོད་དུ་ནད་རིམས་ཤིག་གཏོང་བ་གནངོ། 34ས་གནས་དེའི་མིང་ལ་ཀི་བྷོརོཐ་ཧ་ཏ་བ་བཏགས་སོ། དེའི་དོན་ནི་འདོད་རྔམ་གྱི་དུར་ས་ཞེས་པའོ། གང་ལགས་ཟེར་ན། དེར་ཁོ་ཚོས་ཤའི་འདོད་རྔམ་བྱེད་མཁན་རྣམས་ཀྱི་རོ་སྦས་ཡོད་པ་ཡིན་ནོ། 35དེ་རྗེས་མི་མང་རྣམས་ས་ཁུལ་དེ་ནས་ཧ་ཛེ་རོཐ་ཞེས་པའི་གནས་སུ་ཕྱིན་ནས་དེར་སྒར་བརྒྱབ་ནས་བསྡད་དོ༎

གྲངས་ཀ 12

མིར་ཡམ་ལ་ཉེས་ཆད་ཕོག་པ།

1མོ་ཤེས་ཀུཤ་ཡུལ་གྱི་བུད་མེད་ཅིག་དང་ཆང་ས་བརྒྱབ་ཡོད་པ་དང་། མིར་ཡམ་དང་ཨ་རོན་གཉིས་ཀྱིས་ཁོ་ལ་སྐྱོན་བརྗོད་བྱས་སོ། 2དེ་ཚོས་སྨྲས་པ། གཙོ་བོ་དཀོན་མཆོག་གིས་མོ་ཤེ་བརྒྱུད་ནས་གཅིག་པུར་གསུང་གླེང་མཛད་པ་ཡིན་ནམ། ང་ཚོའི་བརྒྱུད་ནས་ཀྱང་གསུང་གླེང་མཛད་པ་མ་ཡིན་ནམ། ཁོ་ཚོས་གང་སྨྲས་པ་དེ་གཙོ་བོ་དཀོན་མཆོག་གིས་གསན་པ་ཡིན་ནོ། 3(མོ་ཤེ་འཛམ་གླིང་ཡོངས་སུ་མི་ཉམ་ཆུང་ཞིག་ཡིན་ནོ། ཁོ་ལས་ཉམ་ཆུང་ཞིག་ས་གཞིའི་ནང་གཞན་སུའང་མེད་པ་ཡིན་ནོ།) 4དེ་མ་ཉིད་དུ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་། ཨ་རོན་དང་མིར་ཡམ་བཅས་ལ་ཁྱོད་ཚོ་གསུམ་ཀ་ང་གནས་པའི་དབུ་གུར་དམ་པར་ཡོང་དགོས་ཅེས་གསུངས་པ་བཞིན། ཁོ་ཚོ་དེར་བཅར་ཞིང་། 5ཡང་གཙོ་བོ་དཀོན་མཆོག་ནི་སྤྲིན་གྱི་ཀ་བ་ཞིག་གི་ནང་མར་ཕེབས་ཏེ་དབུ་གུར་དམ་པའི་གཟིམས་སྒོའི་རྩར་བཞེངས་ནས། ཁོང་གིས་ཨ་རོན་མིར་ཡམ་ཞེས་བོས་པ་གནང་བ་དང་། དེ་གཉིས་མདུན་དུ་སོང་བ། 6དེ་ནས་གཙོ་བོ་དཀོན་མཆོག་གིས་གསུངས་པ། ངས་གང་བཤད་པ་དེ་ལ་ཉོན་ཅིག། ཁྱོད་ཚོའི་ཁྲོད་དུ་ལུང་སྟོན་པ་རྣམས་ཡོད་སྐབས། ངས་ཞལ་གཟིགས་ཀྱི་སྒོ་ནས་ཁོ་ཚོར་རང་ཉིད་མངོན་པར་བྱེད་ཅིང་། རྨི་ལམ་དུ་དེ་ཚོར་གཏམ་གླེང་བྱེད་མོད། 7འོན་ཀྱང་ངས་རང་གི་ཞབས་ཏོག་པ་མོ་ཤེ་དང་གཏམ་གླེང་བྱེད་སྟངས་ནི་དེ་ལྟར་མ་ཡིན་ནོ། ངས་ཁོ་ལ་ངའི་མི་འབངས་ཨིསི་རཱཨེལ་ཡོངས་ཀྱི་དོ་དམ་པར་བསྐོས་པ་ཡིན་པས། 8དེའི་ཕྱིར་ངས་ཁོ་དང་ཐད་ཀར་གཏམ་གླེང་བྱེད་པ་ཡིན། གསང་གཏམ་སོགས་མ་ཡིན། ཁོས་ངའི་དབྱིབས་ཀྱང་མཐོང་ཡོད་དོ། ཁྱོད་ཚོས་ངའི་ཞབས་ཏོག་པ་མོ་ཤེ་ལ་རྒོལ་གཏམ་ཇི་ལྟརབྱེད་ནུས་ཅེས་གསུངས་སོ། 9དེ་ནས་གཙོ་བོ་དཀོན་མཆོག་ཁོ་ཚོ་དང་མཉམ་དུ་ཐུགས་ཁྲོས་ཤིང་ཕར་གཤེགས་པ་དང་། 10དབུ་གརུ་དམ་པའི་སྟེང་ནས་སྤྲིན་དེའང་ཡར་ཕྱིན་ནོ། མིར་ཡམ་ལ་གློ་བུར་དུ་པགས་ནད་དྲག་པོ་ཞིག་ཐེབས་ནས་ཁ་བ་ལྟར་དཀར་པོར་འགྱུར་རོ། ཨ་རོན་གྱིས་མི་རི་ཡམ་ལ་པགས་ནད་དྲག་པོས་ཟིན་ཡོད་པ་དེ་མཐོང་ནས། 11ཁོས་མོ་ཤེ་ལ། ཀྱེ་གཙོ་བོ། ང་ཚོས་རྨོངས་པའི་དབང་གིས་བྱས་པའི་སྡིག་པའི་ཉེས་ཆད་དེ་ང་ཚོའི་འཁྱེར་མ་དགོས་པ་ཅིག་གནང་རོགས་གནང་། 12མོ་ནི་སྐྱེས་དུས་ནས་ཤི་བ་དང་འདྲ་བར་གཟུགས་པོ་ཕྱེད་ཀ་རུལ་བའི་གནས་སྟངས་འདིར་བཞག་པ་མ་གནང་རོགས་གནང་ཞེས་ཞུས་སོ། 13དེར་བརྟེན་མོ་ཤེས་གཙོ་བོ་དཀོན་མཆོག་ལ་ཞུ་འབོད་བྱེད་པ། ཀྱེ་དཀོན་མཆོག། མོ་ལ་དྲག་གསོ་བ་གནང་རོགས་གནང་། 14དེའི་ལན་དུ་གཙོ་བོ་དཀོན་མཆོག་གིས། གལ་ཏེ་མོའི་ཕས་མོའི་གདོང་ལ་མཚིལ་མ་གཏོར་བ་ཡིན་ན། མོ་ནི་ངོ་ཚ་དགོས་པའི་གནས་སྟངས་དེའི་ནང་དུ་ཉིན་ཞག་བདུན་བར་དུ་གནས་དགོས། དེ་བས་ན། མོ་ལ་ཉིན་ཞག་བདུན་བར་དུ་སྒར་གྱི་ཕྱི་རོལ་དུ་གནས་བཅུག་སྟེ། དེ་རྗེས་མོ་ནང་དུ་འཁྲིད་ཡོང་ནའང་ཆོག་པ་ཡིན་ནོ་ཞེས་གསུངས་པ་དང་། 15ཉིན་ཞག་བདུན་བར་དུ་མིར་ཡམ་སྒར་གྱི་ཕྱི་རུ་བཞག་ནས། མོ་ནང་དུ་འཁྲིད་མ་ཡོང་བར་དུ་མི་རྣམས་འགྲུལ་སྐྱོད་མ་བྱས་སོ། 16དེ་རྗེས་ཁོ་ཚོ་ཧ་ཛེ་རོཐ་ནས་ཐོན་ཏེ་པ་རན་གྱི་འབྲོག་སྟོང་ཁུལ་དུ་སྒར་བརྒྱབ་ནས་བསྡད་དོ༎

གྲངས་ཀ 13

སོ་ཉུལ་བ་རྣམས།

(བཀའ་ཁྲིམས་སྐྱར་བཤད་ ༡:༡༩-༣༣)

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། 2ཨིསི་རཱཨེལ་གྱི་སྡེ་རིགས་བཅུ་གཉིས་ལས་འགོ་བྱེད་རེ་རེ་འདེམས་སྒྲུག་བྱས་ནས། ཨིསི་རཱཨེལ་པ་རྣམས་ལ་སྤྲོད་རྒྱུ་ཡིན་པའི་ཡུལ་ཀ་ནན་དུ་དེ་དག་སོ་ཉུལ་བའི་ཚུལ་དུ་གཏོང་དགོས་ཅེས་གསུངས་པ་དང་། 3-15དཀོན་མཆོག་གིས་བཀའ་བསྒོས་གནང་བ་བཞིན་མོ་ཤེས་པ་རན་གྱི་འབྲོག་སྟོང་ནས་གཤམ་གསལ་འགོ་བྱེད་རྣམས་བཏང་བ་ཡིན་ནོ། སྡེ་རིགས འགོ་དཔོན རུ་བྷེན ཛ་ཀུར་གྱི་བུ་ཤམ་མུ་ཨ སིམ་ཨོན ཧོ་རིའི་བུ་ཤ་ཕཏ ཡ་ཧུ་དཱ ཡེ་ཕུ་ནཱེའི་བུ་ཀ་ལེབ ཨི་ས་ཀར ཡོ་སེབ་ཀྱི་བུ་ཨི་གྷལ ཨེཕ་ར་ཡིམ ནུན་གྱི་བུ་ཧོ་ཤེ བྷེན་ཡ་མིན ར་ཕུའི་བུ་པལ་ཏི ཛེ་བུ་ལུན སོ་དྷིའི་བུ་གྷ་དྷི་ཨེལ མ་ནསེ་སཱེ སུ་སིའི་བུ་གྷ་ཌི དཱན གྷེ་མལ་ལིའི་བུ་ཨམ་མི་ཨེལ ཨ་ཤེར མི་ཀ་ཨེལ་གྱི་བུ་སེ་ཐུར ནཕ་ཏ་ལི ཝོཕ་སིའི་བུ་ནཱ་བྷི གྷཌ མ་ཀིའི་བུ་གྷུ་ཨེལ 16ཡུལ་དེའི་གསང་བ་རྟོགས་ཕྱིར་མོ་ཤེས་བཏང་བའི་སོ་ཉུལ་བ་རྣམས་ནི་གོང་གསལ་ལྟར་ཡིན་ནོ། ཁོས་ནུན་གྱི་བུ་ཧོ་ཤེའི་མིང་དེ་བརྗེ་ནས་ཡོ་ཤུ་ཨ་ཞེས་བཏགས་སོ། 17མོ་ཤེས་མི་དེ་ཚོ་གཏོང་སྐབས་དེ་དག་ལ་སྨྲས་པ། ཁྱོད་ཚོ་འདི་ནས་བྱང་ཕྱོགས་སུ་ཕྱིན་ནས་ཀ་ནན་ཡུལ་གྱི་ལྷོ་ངོས་ནས་འཛུལ་ཏེ། རི་བརྒྱུད་ས་ཁུལ་ཁག་ཏུ་ཕྱིན་ནས། 18ཡུལ་དེ་གང་འདྲ་ཞིག་ཡོད་པ་དང་། དེར་མི་མང་ཉུང་ཇི་ཙམ་ཡོད་པ་དང་། དེ་ཚོར་སྟོབས་ཤུགས་ཆེ་ཆུང་གང་འདྲ་ཡོད་མེད་དང་། 19ས་གཞི་བཟང་ངན་གང་འདྲ་ཡོད་མེད་དང་། དེ་བཞིན་ཡུལ་དེའི་མི་རྣམས་ལྕགས་རི་མེད་པའི་གྲོང་ཁྱེར་རམ། ཡང་ན་ལྕགས་རི་བཙན་པོས་བསྐོར་བའི་གྲོང་ཁྱེར་ཁག་ཏུ་སྡོད་ཀྱི་ཡོད་དམ། 20ས་ལུད་འཛོམས་པོ་དང་། དེར་ཤིང་ནགས་སོགས་ཡོད་མེད་བཅས་བལྟ་དགོས་པ་མ་ཟད། ཡུལ་དེར་སྐྱེས་པའི་ཤིང་འབྲས་འགའ་ཤས་ངེས་པར་དུ་འཁྱེར་ཡོང་དགོས། (དེ་དུས་ནི་རྒུན་འབྲུམ་སྨིན་རན་པའི་ནམ་དུས་ཡིན་ནོ།) 21དེ་ནས་མི་དེ་ཚོ་བྱང་ཕྱོགས་སུ་ཕྱིན་ཏེ། ཡུལ་དེའི་ལྷོ་ཕྱོགས་སུ་ཡོད་པའི་ཛིན་ཞེས་པའི་འབྲོག་སྟོང་ནས་འཛུལ་ཏེ། བྱང་ཕྱོགས་སུ་ཧ་མད་ཞེས་པའི་ལ་མོའི་འགྲམ་དུ་ཡོད་པའི་ས་གནས་རེ་ཧོབ་བར་དུ་ཕྱིན་ནས། ཡུལ་དེའི་གསང་བའི་གནས་ཚུལ་རྣམས་རྟོགས་ཞིབ་བྱས་སོ། 22དེ་ཚོས་ཐོག་མར་ཡུལ་དེའི་ལྷོ་ཕྱོགས་ནས་འཛུལ་ཏེ་ཧེབ་རོན་དུ་སླེབས་ཤིང་། དེར་ཨ་ན་ཀིམ་ཞེས་པའི་མི་བོ་ཆེའི་རིགས་བརྒྱུད་ཀྱི་སྡེ་རིགས་ཨ་ཧི་མན་དང་། ཤེ་ཤའི་དང་། ཏལ་མཨེ་བཅས་གནས་སྡོད་བྱེད་ཀྱི་ཡོད་དོ། (ཨི་ཇིབ་ཀྱི་གྲོང་ཁྱེར་ཛོ་ཨན་མ་ཆགས་པའི་ལོ་བདུན་གྱི་སྔོན་ནས་ཧེབ་རོན་གྲོང་ཁྱེར་དེ་ཆགས་ཟིན་ཡོད་དོ།) 23དེ་ནས་ཁོ་ཚོ་ཨེཤ་ཀོལ་གྱི་ལུང་གཤོང་དུ་བསླེབས་ནས་དེར་རྒུན་འབྲུམ་ཆག་པ་ཡོད་པའི་རྒུན་ཤིང་གི་ཡལ་ག་ཞིག་བཅད་པ་དང་། རྒུན་འབྲུམ་གྱི་ཆག་པ་དེ་ནི་ལྗིད་དྲགས་པས་རྒྱུག་པ་གཅིག་གི་ཁར་མི་གཉིས་ཀྱིས་འཁྱེར་དགོས་བྱུང་ངོ་། ཡང་དེ་ཚོས་སེ་འབྲུ་དང་སེ་ཡབ་ཤིང་གི་འབྲས་བུའང་འཁྱེར་ཡོང་བ་ཡིན་ནོ། 24(ས་གནས་དེའི་མིང་ལ་ཨེཤ་ཀོལ་ཨེཤ་ཀོལ ཨིབ་རི་པའི་སྐད་དུ "ཨེཤ་ཀོལ" ཞེས་པའི་དོན་ནི་རྒུན་འབྲུམ་གྱི་ཆགས་པ་ལ་ཟེར། གྱི་ལུང་གཤོང་ཞེས་བཏགས་སོ། གང་ལགས་ཟེར་ན། དེར་ཨིསི་རཱཨེལ་པ་ཚོས་རྒུན་འབྲུམ་ཡོད་པའི་ཤིང་ཡལ་ག་བཅད་པས་ཕྱིར་རོ།) 25ཉིན་ཞག་བཞི་བཅུ་བར་དུ་ཡུལ་དེའི་གསང་བ་རྟོགས་ཞིབ་བྱས་ནས་སོ་ཉུལ་བ་རྣམས་ཕྱིར་ལོག་བྱས་ཏེ། པ་རན་གྱི་འབྲོག་སྟོང་དུ། 26མོ་ཤེ་དང་། ཨ་རོན་དང་ཨིསི་རཱཨེལ་པ་ཡོངས་རྫོགས་གནས་བཞིན་ཡོད་པའི་ཀ་དྷེཤི་ཟེར་བའི་གནས་དེར་བསླེབས་ཏེ། དེ་ཚོས་གང་མཐོང་བའི་སྐོར་ལ་སྙན་གསན་ཞུས་པ་དང། དེ་ཚོས་འཁྱེར་ཡོང་བའི་ཤིང་འབྲས་དེའང་བསྟན་པ་ཡིན་ནོ། 27དེ་ཚོས་མོ་ཤེ་ལ་སྨྲས་པ། ང་ཚོས་ཡུལ་དེར་ཕྱིན་ནས་རྟོགས་ཞིབ་ལེགས་པར་བྱས་པ་ཡིན། ཡུལ་དེ་ནི་ཕྱུག་པོ་དང་ས་ལུད་འཛོམས་པོ་ཞིག་འདུག ཡང་ཡུལ་དེའི་ཤིང་འབྲས་འགའ་ཤས་ང་ཚོས་འདིར་འཁྱེར་ཡོད། 28འོན་ཀྱང་དེར་གནས་སྡོད་བྱེད་མཁན་རྣམས་ནི་སྟོབས་ཤུགས་ཆེ་བ་མ་ཟད། དེ་ཚོའི་གྲོང་ཁྱེར་རྣམས་ནི་ཧ་ཅང་རྒྱ་ཆེ་བ་དང་ལྕགས་རི་བཙན་པོ་དག་གིས་བསྐོར་ནས་འདུག ང་ཚོས་དེར་མི་བོ་ཆེའི་རིགས་བརྒྱུད་རྣམས་ཀྱང་མཐོང་བྱུང་། 29ཡུལ་དེའི་ལྷོ་ཕྱོགས་སུ་ཨ་མ་ལེག་པ་རྣམས་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ཧི་ཏི་པ་དང་། ཡ་བུ་ཟི་པ། ཨ་མོར་པ་རྣམས་རི་བརྒྱུད་ཁག་ཏུ་གནས་ཤིང་། དེ་བཞིན་ཀ་ནན་པ་རྣམས་ནི་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོའི་འགྲམ་གྱི་གཙང་པོ་ཡོར་དན་གྱི་འགྲམ་དུ་གནས་སྡོད་བྱེད་ཀྱི་འདུག 30མོ་ཤེ་ལ་རྙོག་གཏམ་བཤད་མཁན་རྣམས་ལ་ཀ་ལེབ་ཀྱིས་ཁ་ཁག་སྡད་བཅུག་སྨྲས་པ། ང་ཚོས་ད་ལྟ་ཉིད་དུ་འཐབ་འཛིང་བྱས་ནས་ཡུལ་དེ་ལེན་དགོས། ཡུལ་དེ་དབང་དུ་འདུ་བའི་སྟོབས་ཤུགས་ནི་ང་ཚོ་ལ་ཡོད། 31འོན་ཀྱང་ཀ་ལེབ་དང་མཉམ་དུ་ཕྱིན་པའི་མི་གཞན་ཚོས་ཁོ་ཚོར་འཐབ་རྒོལ་བྱེད་པའི་སྟོབས་ཤུགས་ང་ཚོ་ལ་མེད། དེ་གའི་མི་རྣམས་ནི་ང་ཚོ་ལས་སྟོབས་ཤུགས་ཆེ་བ་འདུག་ཅེས་སྨྲས་སོ། 32རང་གིས་ཉམས་ཞིབ་བྱས་ནས་ཡོང་བའི་ཡུལ་དེའི་སྐོར་ལ་དེ་ཚོས་ཨིསི་རཱཨེལ་པ་རྣམས་ཀྱི་ཁྲོད་དུ་རྫུན་གཏམ་སྤེལ་ཞིང་སྨྲས་པ། ཡུལ་དེར་རང་གི་ཡུལ་མི་རྣམས་ལའང་ལྡང་ངེས་བཞིན་པའི་སྟོན་ཐོག་སྐྱེས་ཀྱི་མེད་པ་དང་། དེར་ང་ཚོས་མཐོང་བའི་མི་ཚང་མ་གཟུགས་ཚད་རིང་པོ་ཤ་སྟག་ཡོད་པ་དང་། 33དེར་ང་ཚོས་ཨ་ནག་གི་རིགས་བརྒྱུད་ནས་ཡིན་པའི་མི་བོ་ཆེ་རྣམས་མཐོང་བྱུང་། དེ་ཚོའི་མདུན་དུ་ང་ཚོ་ནི་ཚལ་འབུ་ཞིག་དང་འདྲ་བའི་འཚོར་སྣང་བྱུང་བ་མ་ཟད། ཁོ་ཚོས་བལྟ་སྣང་དུའང་ང་ཚོ་དེ་བཞིན་མཐོང་སྲིད་པ་ཡིན་ནོ༎

གྲངས་ཀ 14

མི་མང་ཚོས་རྙོག་གཏམ་བཤད་པ།

1མི་རྣམས་མཚན་གང་བཀའ་ངལ་གྱི་ངུ་འབོད་འདོན་ཞིང་། 2མོ་ཤེ་དང་ཨ་རོན་གཉིས་ལ་རྙོག་གཏམ་བཤད་དེ་སྨྲས་པ། ང་ཚོ་ཨི་ཇིབ་དུའམ་ཡང་ན་འདི་ག་འབྲོག་སྟོང་རང་དུ་ཤི་བ་ཡིན་ནའང་གང་ལེགས་ཡོང་བ་ཡོད། 3གཙོ་བོ་དཀོན་མཆོག་ང་ཚོ་ལ་ཡུལ་དེར་འཁྲིད་གནང་དགོས་པ་དེ་གང་ཡིན་ནམ། ང་ཚོ་དམག་ལ་ཤི་ཉེན་ཡོད་པ་མ་ཟད། ང་ཚོའི་སྐྱེས་དམན་བུ་ཕྲུག་རྣམས་བཙོན་བཟུང་བྱེད་ཉེན་ཡོད་པས། དེ་བས་ང་ཚོ་ཨི་ཇིབ་དུ་རང་འཇགས་ཕྱིར་ལོག་བྱེད་ན་མི་ལེགས་སམ། 4ད་ང་ཚོས་འགོ་ཁྲིད་གཞན་ཞིག་འདེམས་བསྐོས་བྱས་ཏེ་ཨི་ཇིབ་དུ་ཕྱིར་ལོག་བྱེད་དགོས་ཅེས་ཕན་ཚུན་གཏམ་གླེང་བྱས་སོ། 5མོ་ཤེ་དང་ཨ་རོན་གཉིས་མི་མང་གི་མདུན་དུ་ས་ལ་མགོ་བོ་སྒུར་ནས་བསྡད་པ་དང་། 6ནུན་གྱི་བུ་ཡོ་ཤུ་ཨ་དང་ཡེ་ཕུ་ནཱེའི་བུ་ཀ་ལེབ་དང་དེ་བཞིན་སོ་ཉུལ་པའི་ཁོངས་ནས་དེ་གཉིས་ཀྱིས་མྱ་ངན་བྱས་ཏེ་རང་གི་གྱོན་གོས་ཧྲལ་ཞིང་། 7སོ་ཉུལ་བ་དེ་གཉིས་ཀྱིས་མི་ཚོགས་ལ་སྨྲས་པ། ང་ཚོས་འཚོལ་ཞིབ་བྱས་པའི་ཡུལ་དེ་ནི་ཧ་ཅང་བཟང་པོ་འདུག 8གཙོ་བོ་དཀོན་མཆོག་ང་ཚོ་དང་ཐུགས་མཉེས་པ་ཡིན་ན། ཁོང་གིས་ང་ཚོར་ཡུལ་དེར་འཁྲིད་པ་གནང་སྟེ། ཕྱུག་པོ་དང་ས་ལུད་འཛོམས་པོའི་ཡུལ་དེ་ང་ཚོར་གནང་རྒྱུ་ཡིན་པས། 9ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་ངོ་ལོག་མ་ཞུས་ཤིག ཡུལ་དེར་གནས་སྡོད་བྱེད་མཁན་མི་རྣམས་ལའང་འཇིགས་མི་དགོས། ང་ཚོས་ལས་སླ་པོའི་སྒོ་ནས་དེ་དག་ལས་རྒྱལ་ཁ་ལེན་ཐུབ། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་ནི་ང་ཚོ་དང་མཉམ་དུ་བཞུགས་ཡོད་པས། ཁོང་གིས་དེ་ཚོར་སྐྱབས་གྲོགས་མཛད་མཁན་ལྷ་རྟེན་རྣམས་བཏུལ་བ་གནང་ཡོད། དེ་བས་ན་ཁྱོད་ཚོ་འཛིགས་དགོས་མི་འདུག 10མི་སྡེ་ཡོངས་ཀྱིས་དེ་དག་ལ་རྡོ་རུབ་བརྒྱབ་ནས་བསད་རྒྱུའི་སྡིགས་ར་བསྐུལ་མོད། འོན་ཀྱང་དེ་མ་ཐག་མི་མང་གིས་དབུ་གུར་དམ་པའི་སྟེང་དུ་གཙོ་བོ་དཀོན་མཆོག་གི་གཟི་བརྗིད་དེ་བཀྲག་མདངས་ཆེ་བའི་འོད་ཟེར་ཆེན་པོ་ཞིག་གི་ཚུལ་དུ་མཇལ་ལོ༎

མོ་ཤེས་མི་ཚོགས་ཀྱི་དོན་དུ་སྨོན་ལམ་འདེབས་པ།

11གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། མི་ཚོགས་འདིས་ག་དུས་བར་དུ་ང་ལ་ངོས་ལེན་མ་བྱས་པར་གནས་སམ། ངས་དེ་ཚོའི་ཁྲོད་དུ་རྟགས་མཚན་མང་པོ་སྟོན་ཀྱང་དེ་ཚོས་ག་དུས་བར་དུ་ང་ལ་ཡིད་བརྟན་མ་བྱེད་པར་གནས་སམ། 12ད་ངས་དེ་ཚོའི་ཐོག་ཏུ་ནད་རིམས་ཤིག་གཏོང་ནས་དེ་དག་ཚར་གཅོད་རྒྱུ་ཡིན། འོན་ཀྱང་ངས་ཁྱོད་ལ་མི་རིགས་ཤིག་གི་ཕ་སུ་བསྐོ་རྒྱུ་ཡིན། ཡང་མི་རིགས་དེ་ནི་ད་ལྟའི་མི་རིགས་འདི་ལས་མངའ་ཐང་དང་སྟོབས་ཤུགས་ཆེ་བ་ཞིག་འབྱུང་རྒྱུ་ཡིན་ནོ་ཞེས་གསུངས་སོ། 13འོན་ཀྱང་མོ་ཤེས་གཙོ་བོ་དཀོན་མཆོག་ལ་ཞུས་པ། ཁྱེད་ཀྱིས་ནུས་མཐུས་མི་རིགས་འདི་རྣམས་ཨི་ཇིབ་ནས་བཏོན་ཏེ་འཁྲིད་ཕེབས་པ་ཡིན་པ་དང་། ཁྱེད་ཀྱིས་ཉིད་ཀྱི་མི་འབངས་རྣམས་ལ་གང་གནང་བའི་སྐོར་གྱི་གནས་ཚུལ་དེ་ཨི་ཇིབ་པ་ཚོས་ཐོས་པ་ཡིན་ན། 14དེ་ཚོས་གནས་ཚུལ་དེ་ཡུལ་འདིར་གནས་སྡོད་བྱེད་མཁན་རྣམས་ལ་བཤད་ངེས་པ་མ་ཟད། གཙོ་བོ་དཀོན་མཆོག་ཁྱེད་ནི་ང་ཚོ་དང་མཉམ་དུ་བཞུགས་ཡོད་པའི་སྐོར་དང་། ཁྱེད་ཀྱི་སྤྲིན་པ་དེ་ང་ཚོའི་སྟེང་དུ་གནས་དུས་ཁྱེད་ཀྱིས་ང་ཚོར་ཞལ་གཟིགས་གནང་བའི་སྐོར་དང་། དེ་བཞིན་ཉིན་མོ་སྤྲིན་གྱི་ཀ་བ་དང་མཚན་མོ་མེའི་ཀ་བའི་ཚུལ་དུ་ཁྱེད་ང་ཚོའི་སྔོན་དུ་ཕེབས་ཀྱི་ཡོད་པའི་སྐོར་ལའང་དེ་ཚོས་ཤེས་ཀྱི་ཡོད་པ་ཡིན་པས། 15ད་ཁྱེད་ཀྱིས་ཉིད་ཀྱི་མི་འབངས་རྣམས་ཚར་གཅོད་གནང་བ་ཡིན་ན། ཁྱེད་ཀྱི་མཚན་སྙན་ཐོས་པའི་མི་ཚོས། 16སྔར་ཁྱེད་ཀྱིས་མི་རྣམས་ལ་ཞལ་བཞེས་གནང་བའི་ཡུལ་དེར་འཁྲིད་མ་ཐུབ་པར་བརྟེན་ཁྱེད་ཀྱིས་མི་རྣམས་ལ་འབྲོག་སྟོང་ཁུལ་དུ་བསད་པ་རེད་ཅེས་ལབ་ཉེན་ཡོད། 17དེ་བས་ན་ཀྱེ་གཙོ་བོ་དཀོན་མཆོག་ང་ཚོར་ཉིད་ཀྱི་ནུས་མཐུ་སྟོན་པ་གནང་སྟེ། སྔར་ཁྱེད་ཀྱི་དམ་བཅའ་མཛད་པ་དེ་དག་སྒྲུབ་པ་གནང་རོགས་གནང་། སྐབས་དེར་ཁྱེད་ཀྱིས་བཀའ་གནང་གསལ། 18གཙོ་བོ་དཀོན་མཆོག་ང་ནི་ལས་སླ་པོར་མི་ཁྲོ་ཞིང་། ངས་ཁྱོད་ཚོར་བརྩེ་བ་དང་དམ་ཚིག་ལྡན་པའི་སེམས་སྟོན་སྟེ། ཁྱོད་ཚོས་ངོ་ལོག་བྱས་པའི་ཉེས་སྡིག་ཚང་མ་སེལ་རྒྱུ་ཡིན་མོད། འོན་ཀྱང་ཕ་མེས་བྱས་པའི་སྡིག་པའི་ཚབ་ཏུ་དེ་ཚོའི་བུ་ཕྲུག་དང་ཚ་བོ་ཚ་མོ་རྣམས་དང་། དེ་བཞིན་མི་རབས་གསུམ་པའམ་བཞི་པའི་བར་དུ་ཉེས་ཆད་ངེས་པར་གཏོང་རྒྱུ་ཡིན། 19ཀྱེ་གཙོ་བོ་དཀོན་མཆོག་སྔར་ཁོ་ཚོ་ཨི་ཇིབ་ནས་ཐོན་པ་ནས་བཟུང་ཁྱེད་ཀྱིས་དེ་ཚོར་ཐུགས་བཟོད་གནང་བ་བཞིན། ཁྱེད་ཀྱི་བསྒྱུར་བ་མེད་པའི་ཐུགས་བརྩེ་ཆེན་པོས་ད་དུང་ཡང་དེ་ཚོར་ཐུགས་བཟོད་གནང་རོགས་གནང་ཞེས་ངས་ཞུ་བ་འབུལ་གྱི་ཡོད། 20དེའི་ལན་དུ་གཙོ་བོ་དཀོན་མཆོག་གིས་གསུངས་པ། ཁྱོད་ཀྱིས་ཞུ་འབུལ་གང་བྱས་པ་ལྟར་ངས་དེ་དག་ལ་བཤགས་པ་སྤྲོད་རྒྱུ་ཡིན། 21འོན་ཀྱང་ང་གསོན་པོ་ཡིན་པ་དང་། ངའི་གཟི་བརྗིད་ཀྱིས་འཇིག་རྟེན་གང་ནས་ཡོད་ཟེར་ང་རང་ཉིད་ཀྱིས་དཔང་པོ་བཞག་ནས་འརྫོད་ཀྱི་ཡོད། 22མི་དེ་ཚོའི་ནང་ནས་གཅིག་ཀྱང་ཡུལ་དེར་འཛུལ་མི་ཐུབ་བོ། དེ་ཚོས་ངའི་གཟི་བརྗིད་ཀྱིས་འོད་ཟེར་དཀྲག་མདངས་ཆེན་པོ་དེ་མཐོང་བ་དང། ངས་ཨི་ཇིབ་དང་འབྲོག་སྟོང་ཁུལ་དུ་བསྟན་པའི་ཡ་མཚན་ཆེ་བའི་ལྟས་རྣམས་ཁོ་ཚོས་མཐོང་ཡོད་དོ། འོན་ཀྱང་དེ་ཚོས་ངའི་བཟོད་སེམས་ལ་ཚོད་ལྟ་ཡང་ཡང་བྱས་ཤིང་ངའི་བཀའ་ལ་རྩིས་སྲུང་མ་བྱས་སོ། 23སྔར་ངས་དེ་ཚོའི་མེས་པོ་རྣམས་ལ་དམ་བཅའ་བྱས་པའི་ཡུལ་དེར་དེ་ཚོ་ནམ་ཡང་འཛུལ་མི་ཆོག ང་ལ་ངོས་ལེན་མི་བྱེད་མཁན་ཁོངས་ནས་སུའང་ཡུལ་དེར་ནམ་ཡང་འཛུལ་མི་ཆོག 24འོན་ཀྱང་ངའི་ཞབས་ཏོག་པ་ཀ་ལེབ་ཀྱི་བསམ་ཚུལ་ནི་གཞན་དང་མི་འདྲ་བ་ཞིག་ཡོད་པ་དང། ཁོས་ང་ལ་ཞེན་སེམས་བྱེད་ཀྱི་ཡོད་པས། ཁོས་འཚོལ་ཞིབ་བྱས་པའི་ཡུལ་དེར་ངས་ཁོ་ལ་བསྐྱེལ་ཞིང་། ཁོའི་བུ་བརྒྱུད་ཚོས་བདག་འཛིན་བྱེད་རྒྱུ་ཡིན། 25ཨ་མ་ལེག་པ་རྣམས་དང་ཀ་ནན་པ་ཚོ་ད་ལྟ་དེར་གནས་སྡོད་བྱེད་བཞིན་ཡོད་དོ། སང་ཉིན་ཕྱིར་ལོག་བྱེད་དེ་རྒྱ་མཚོ་དམར་པོའི་ཕྱོགས་སུ་འབྲོག་སྟོང་ཁུལ་དུ་སོང་ཞིག།

རྙོག་གཏམ་བཤད་མཁན་ཚོར་གཙོ་བོ་དཀོན་མཆོག་གི་ཆད་པ།

26གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་གཉིས་ལ་གསུངས་པ། 27མི་ངན་པ་འདི་ཚོས་ག་དུས་བར་དུ་ང་ལ་རྙོག་གཏམ་བཤད་དམ། ངས་དེ་ཚོའི་རྙོག་གཏམ་དེ་ལན་མང་ཐོས་བྱུང་བས། 28ད་དེ་ཚོར་ལན་འདི་སྨྲོས་ཤིག། ཇི་ལྟར་ང་གསོན་པོ་ཡིན་ཟེར་རང་ཉིད་ཀྱིས་དཔང་དུ་བཞག་ནས་མནའ་བསྐྱལ་གྱི་ཡོད། ཁྱོད་ཚོས་གང་དགོས་པ་དེ་ངས་ངེས་པར་སྒྲུབ་པར་བྱེད་རྒྱུ་ཡིན་ཞེས་གཙོ་བོ་དཀོན་མཆོག་ངས་སྨྲས་ཡོད། 29ཁྱོད་ཚོ་ཤི་རྒྱུ་ཡིན་པ་མ་ཟད་ཁྱོད་ཚོའི་རོ་རྣམས་འབྲོག་སྟོང་ཁུལ་དུ་གཏོར་བར་འགྱུར། ཁྱོད་ཚོས་ང་ལ་རྙོག་གཏམ་བཤད་པའི་རྐྱེན་གྱིས་ཁྱོད་ཚོའི་ཁོངས་ནས་རང་ལོ་ཉི་ཤུ་རྒལ་བ་གཅིག་ཀྱང་ཡུལ་དེའི་ནང་འཛུལ་མི་ཆོག 30ངས་ཁྱོད་ཚོ་ཡུལ་དེར་གནས་སྡོད་བྱེད་བཅུག་པའི་དམ་བཅའ་བྱས་ཡོད་དོ། འོན་ཀྱང་ད་ཀ་ལེབ་དང་ཡོ་ཤུ་ཨ་མ་གཏོགས་གཞན་སུའང་དེར་གནས་མི་ཆོག 31ཁྱོད་ཚོས་རང་གི་བུ་ཕྲུག་རྣམས་བཙོན་དུ་བཅུག་ཉེན་ཡོད་ཅེས་བརྗོད་མོད། འོན་ཀྱང་ངས་དེ་དག་ལ་ཁྱོད་ཚོས་ཁས་ལེན་མ་བྱས་པའི་ཡུལ་དེར་འཁྲིད་ཅིང་། དེ་ནི་ཁོ་ཚོའི་ཕ་ཡུལ་ལྟ་བུར་འགྱུར་རྒྱུ་དང་། 32ཁྱོད་ཚོ་ནི་འབྲོག་སྟོང་འདི་རང་དུ་ཤི་དགོས་རྒྱུ་ཡིན། 33ཁྱོད་ཚོའི་དམ་ཚིག་འགལ་བའི་རྐྱེན་གྱི་མི་མཐའ་མ་དེ་མ་ཤི་བར་དུ་ཁྱོད་ཚོའི་བུ་ཕྲུག་རྣམས་ལོ་བཞི་བཅུ་བར་དུ་འབྲོག་སྟོང་འདིར་ཕར་ཚུར་འགྲུལ་ཞིང་གནས་དགོས་པ་ཡིན་ནོ། 34ཡུལ་དེར་འཚོལ་ཞིབ་བྱེད་པར་ཉིན་མ་བཞི་བཅུ་འགོར་བ་ཡིན་པས། ཉིན་རེའི་ཚབ་ཏུ་ལོ་རེ་རྩིས་པས་ལོ་བཞི་བཅུ་བར་དུ་ཁྱོད་ཚོས་རང་གི་སྡིག་པའི་ཉེས་ཆད་དེ་མྱོང་དགོས། དེ་རྗེས་ང་ཁྱོད་ཚོའི་རྒྱབ་རྒལ་དུ་འགྱུར་བའི་འགྲུབ་འབྲས་གང་བྱུང་སྐོར་ཁྱོད་ཚོས་ཧ་གོ་བར་འགྱུར། 35ང་ལ་རྒོལ་ཕྱིར་འདུ་འཛོམས་བྱས་པའི་ཁྱོད་ཚོ་མི་ངན་རྣམས་ལ་ངས་དེ་ལྟར་བྱེད་རྒྱུ་ཡིན་ཞེས་ངས་དམ་བཅའ་བྱེད་བཞིན་ཡོད། ཁྱོད་ཚོ་འབྲོག་སྟོང་འདིར་རེ་རེ་བཞིན་དུ་ཤི་ངེས་སོ་ཞེས་གཙོ་བོ་དཀོན་མཆོག་ངས་སྨྲས་པ་ཡིན་ནོ། 36-37མོ་ཤེས་ཡུལ་དེར་འཚོལ་ཞིབ་བྱེད་པར་བཏང་བའི་མི་དེ་ཚོས་གནས་ཚུལ་རྫུན་མ་ཞིག་འཁྱེར་ཡོང་བ་ཡིན་ནོ། དེའི་རྐྱེན་གྱིས་མི་ཚོས་གཙོ་བོ་དཀོན་མཆོག་ལ་རྙོག་གཏམ་ཞུས་ཡོད་པས། དེའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གིས་དེ་ཚོའི་ཐོག་ཏུ་ནད་ཡམས་ཤིག་གཏོང་བ་གནང་སྟེ། དེ་ཚོ་ཚང་མ་ཤིའོ། 38སོ་ཉུལ་བ་བཅུ་གཉིས་ཀྱི་ནང་ནས་ཡོ་ཤུ་ཨ་དང་ཀ་ལེབ་གཅིག་པུར་གསོན་པོར་ལུས་སོ༎

ས་གནས་དེར་བཙན་འཛུལ་བྱེད་ཐེངས་དང་པོ།

(བཀའ་ཁྲིམས་སྐྱར་བཤད་ ༡:༤༡-༤༦)

39གཙོ་བོ་དཀོན་མཆོག་གིས་བཀའ་གང་གནང་བ་དེ་མོ་ཤེས་ཨིསི་རཱཨེལ་པ་རྣམས་ལ་སྨྲས་པས། དེ་ཚོས་ཧ་ཅང་མྱ་ངན་ཆེན་པོ་བྱས་སོ། 40སང་ཞོགས་སྔ་པོར་ཁོ་ཚོས་རི་བརྒྱུད་ཁག་ཏུ་བཙན་འཛུལ་བྱེད་པར་དེ་ལྟར་སྨྲ་བཞིན་འཐོན་ནོ། སྔར་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བའི་ཡུལ་དེར་འགྲོ་བར་ད་ང་ཚོ་གྲ་སྒྲིག་ཡོད། ང་ཚོས་ཉེས་སྡིག་བྱས་པར་ངོས་ལེན་ཞུ་གི་ཡོད། 41འོན་ཀྱང་མོ་ཤེས་སྨྲས་པ། དེ་འདྲ་ཡིན་ན་ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ད་ལྟ་རྩིས་སྲུང་མ་ཞུས་པ་དེ་གང་ཡིན་ནམ། ཁྱོད་ཚོའི་བསམ་དོན་དེ་འགྲུབ་མི་ཡོང་། 42ད་ཁྱོད་ཚོ་མ་འགྲོ་ཞིག། གཙོ་བོ་དཀོན་མཆོག་ཁྱོད་ཚོ་དང་མཉམ་དུ་འགྲོགས་མེད་པས། ཁྱོད་ཚོའི་དགྲ་བོ་རྣམས་ཀྱིས་ཁྱོད་ཚོའི་ཐོག་ཏུ་རྒྱལ་ཁ་ཐོབ་པར་འགྱུར། 43ཁྱོད་ཚོས་ཨ་མ་ལེག་པ་དང་། ཀ་ནན་པ་རྣམས་ལ་གདོང་ལེན་བྱེད་དེ་འཐབ་སྐབས་ཁྱོད་ཚོ་དམག་སར་ཤི་ངེས་པ་ཡིན་ནོ། ཁྱོད་ཚོས་གཙོ་བོ་དཀོན་མཆོག་གིས་རྗེས་སུ་འབྲངས་འདོད་མ་བྱས་པར་བརྟེན་ཁོང་ཁྱོད་ཚོ་དང་མཉམ་དུ་འགྲོགས་པ་མ་གནང་བ་ཡིན་ནོ། 44གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དང་། མོ་ཤེ་སྒར་ནས་མཐོན་མེད་པ་ཡིན་ནའང་། དེ་ཚོ་རི་བརྒྱུད་ཁག་ཏུ་ཡར་འགྲོ་རྩིས་བྱས་པས། 45རི་བརྒྱུད་ཁུལ་དུ་གནས་སྡོད་བྱེད་པའི་ཨ་མ་ལེག་པ་དང་ཀ་ན་ཨན་པ་ཚོས་དེ་ཚོར་འཐབ་རྒོལ་བྱས་ཏེ་དེ་ཚོ་འཕམ་པར་བྱས་པ་ཏེ། དེ་ཚོར་ཧོར་མཱ་བར་དུ་ཕྱིར་འདེད་བྱས་སོ༎

གྲངས་ཀ 15

དམར་མཆོད་ཀྱི་ཁྲིམས་རྣམས།

1-2གཙོ་བོ་དཀོན་མཆོག་གིས་མོ་ཤེ་སྒོ་ནས་ཨིསི་རཱཨེལ་པ་རྣམས་ལ་གཤམ་གསལ་བཀའ་ཁྲིམས་རྣམས་གནང་ཞིང་། བཀའ་ཁྲིམས་དེ་དག་ནི་རྩིས་སྲུང་བྱེད་དགོས་རྒྱུ་ཡིན་ཏེ། 3ཕོ་གླང་གཅིག་དང་། ལུག་ཐུག་གཅིག་དང་། དེ་བཞིན་རའམ་ལུག་གཅིག་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་འབུལ་ལམ། དམ་བཅའ་སྲུང་བའི་མཆོད་འབུལ་ལམ། དང་བླངས་ཀྱི་མཆོད་འབུལ་ལམ། དེ་བཞིན་ཆག་ཅན་ཆོས་ཀྱི་དུས་སྟོན་ཁག་ཏུ་འབུལ་དགོས་པའི་འབུལ་བའི་ཚུལ་དུ་འབུལ་དགོས་པ་ཡིན་ནོ། ཁ་ཟས་ཀྱི་འབུལ་བའི་དྲི་ཞིམ་གིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 4-5སུ་ཞིག་གིས་ལུག་གམ་ར་ཞིག་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྦྱིན་སྲེག་ཏུ་འབུལ་བ་ཡིན་ན། ཁོས་སེམས་ཅན་རེ་དང་མཉམ་དུ་ཁ་སྐྱུར་པོའི་སྣུམ་ལི་ཊར་གང་བསྲེས་པའི་གྲོ་ཞིབ་ཀི་ལོ་གང་བཅས་འབྲུ་སྣའི་མཆོད་འབུལ་དུ་འཁྱེར་ཡོང་སྐབས་རྒུན་ཆང་ལི་ཊར་གང་ཡང་འཁྱེར་ཡོང་དགོས། 6ཕོ་ལུག་གཅིག་མཆོད་པར་འབུལ་སྐབས། དེ་དང་ཆབས་ཅིག་ཁ་སྐྱུར་པོའི་སྣུམ་ལི་ཊར་གང་དང་ཕྱེད་ཀ་བསྲེས་པའི་གྲོ་ཞིབ་ཀི་ལོ་དོ་བཅས་འབྲུའི་མཆོད་འབུལ་འཁྱེར་ཡོང་དགོས། 7དེ་དང་ཆབས་ཅིག་རྒུན་ཆང་ལི་ཊར་གང་དང་ཕྱེད་ཀའང་འཁྱེར་ཡོང་དགོས། དམར་མཆོད་འདི་ཚོའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 8དེ་བཞིན་གཙོ་བོ་དཀོན་མཆོག་ལ་ཕོ་གླང་ཞིག་སྦྱིན་སྲེག་གི་མཆོད་འབུལ་ལམ་དམ་བཅའ་སྒྲུབ་པའི་དམར་མཆོད་འམ་མཐུན་འབྲེལ་གྱི་མཆོད་པར་འབུལ་བ་ཡིན་ན། 9དེ་དང་མཉམ་དུ་ཁ་སྐྱུར་པོའི་སྣུམ་ལི་ཊར་དོ་བསྲེས་པའི་གྲོ་ཞིབ་ཀི་ལོ་གསུམ་བཅས་འབྲུ་སྣའི་མཆོད་འབུལ་དུ་འབུལ་དགོས། 10དེ་དང་ཆབས་ཅིག་རྒུན་ཆང་ལི་ཊར་དོའང་འབུལ་དགོས། དམར་མཆོད་འདི་ཚོའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 11ཕོ་གླང་དང་ལུག་ཐུག་དང་། ལུག་གམ་ར་རེ་རེ་མཉམ་དུ་དེ་དག་འབུལ་དགོས་པ་ཡིན་ནོ། 12སེམས་ཅན་གཅིག་ལས་མང་བ་མཆོད་པར་འབུལ་བ་ཡིན་ན། དེ་རྩིས་ཀྱིས་དེ་དང་མཉམ་དུ་འབུལ་དགོས་པའི་འབུལ་བ་འཕར་ནོན་གཞན་རྣམས་འབུལ་དགོས། 13ཨིསི་རཱཨེལ་པ་ཡོངས་ཀྱིས་ཁ་ཟས་ཀྱི་མཆོད་པ་འབུལ་སྐབས་དེ་ལྟར་བྱེད་དགོས། དེའི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 14ཁྱོད་ཚོའི་དཀྱིལ་དུ་ཉིན་ཤས་སམ་དུས་གཏན་དུ་གནས་སྡོད་བྱེད་པའི་ཕྱི་རྒྱལ་བ་ཚོས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་བྱེད་པའི་ཁ་ཟས་ཀྱི་མཆོད་པ་ཞིག་འབུལ་བ་ཡིན་ན། ཁོ་ཚོས་ཀྱང་མཆོད་འབུལ་བྱེད་སྟངས་དེ་བཞིན་བྱེད་དགོས། 15ཁྱོད་ཚོ་དང་ཁྱོད་ཚོའི་དཀྱིལ་དུ་གནས་སྡོད་བྱེད་པའི་ཕྱི་རྒྱལ་བ་ཚོས་མ་འོངས་པའི་དུས་ཀུན་ཏུ་ཁྲིམས་སྲོལ་དེ་དག་ངེས་པར་བསྲུང་དགོས། གཙོ་བོ་དཀོན་མཆོག་གི་གཟིགས་སྣང་དུ་ཁྱོད་ཚོ་དང་་དེ་ཚོ་ཚང་མ་གཅིག་རང་ཡིན་པས། 16ཁྱོད་ཚོ་དང་ཁོ་ཚོའི་ཐོག་ཏུ་ཁྲིམས་སྲོལ་གཅིག་རང་སྟར་རྒྱུ་ཡིན་ནོ། 17-18གཙོ་བོ་དཀོན་མཆོག་གིས་མོ་ཤེའི་བརྒྱུད་ནས་ཨིསི་རཱཨེལ་པ་རྣམས་ལ་གཤམ་གསལ་བཀའ་ཁྲིམས་རྣམས་གནང་ཞིང་། ཁོང་གིས་དེ་ཚོར་གནང་རྒྱུ་ཡིན་པའི་ཡུལ་དུ་དེ་ཚོས་བཀའ་ཁྲིམས་དེ་དག་སྲུང་དགོས། 19ཁོ་ཚོས་ཡུལ་དེར་སྐྱེས་བའི་སྟོན་ཐོག་བཟའ་སྐབས། དེ་ལས་ཅུང་ཟད་ཅིག་ལོགས་སུ་བཞག་སྟེ་གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་འབུལ་བར་འབུལ་དགོས། 20ཁྱོད་ཚོས་སྟོན་ཐོག་གསར་པས་བཟོས་པའི་བག་ལེབ་ཀྱི་ཕུད་དེ་གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་འབུལ་དགོས། འབུལ་བ་དེ་ནི་ཁྱོད་ཚོས་སྙེ་མ་རྡུང་བའི་སྟོན་ཐོག་ལས་དམིགས་བསལ་གྱི་འབུལ་བ་འབུལ་སྟངས་གང་ཡིན་པ་དེ་བཞིན་འབུལ་དགོས། 21ད་ཕྱིན་བག་ལེབ་ཀྱི་དམིགས་བསལ་གྱི་མཆོད་འབུལ་འདི་བཞིན་ཁྱོད་ཚོས་དུས་ཀུན་ཏུ་གཙོ་བོ་དཀོན་མཆོག་ལ་འབུལ་དགོས་སོ། 22འོན་ཀྱང་སུ་ཞིག་གིས་མ་ཤེས་བཞིན་དུ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གནང་བའི་བཀའ་ཁྲིམས་འགའ་ཤས་སྲུང་མ་ཐུབ་པའམ། 23གཙོ་བོ་དཀོན་མཆོག་གིས་མོ་ཤེ་བརྒྱུད་ནས་གནང་བའི་བཀའ་རྒྱ་རྣམས་མ་འོངས་པར་མི་སྡེ་དེ་སྲུང་མ་ཐུབ་པ་ཡིན་ན། 24མི་སྡེའི་ཤེས་ཡོན་རྨོངས་པའི་དབང་གིས་ནོར་འཁྲུལ་དེ་བྱུང་བ་ཡིན་ན། དེ་ཚོས་འབྲུ་དང་རྒུན་ཆང་གི་མཆོད་འབུལ་དང་བཅས་ཕོ་གླང་ཞིག་སྦྱིན་སྲེག་ཏུ་འབུལ་དགོས། དེ་དག་གི་དྲི་ཞིམ་གྱིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། དེའི་ཁར་དེ་ཚོས་ར་ཕོ་གཅིག་སྡིག་སེལ་གྱི་མཆོད་འབུལ་དུ་འབུལ་དགོས། 25བླ་མས་མི་ཚོགས་ཀྱི་དོན་དུ་དག་འབྱངས་ཀྱི་མཆོད་འབུལ་བྱས་པའི་རྗེས་སུ་དེ་ཚོར་སྡིག་སེལ་ཐོབ་པར་འགྱུར། གང་ལགས་ཟེར་ན། དེ་ཚོས་ཤེས་བཞིན་དུ་ནོར་འཁྲུལ་བྱས་པ་མ་ཡིན་པ་དང་། དེ་ཚོས་སྡིག་སེལ་གྱི་མཆོད་པ་དེ་ཁ་ཟས་ཀྱི་མཆོད་པའི་ཚུལ་དུ་གཙོ་བོ་དཀོན་མཆོག་ལ་ཕུལ་བ་ཡིན་པས་ཕྱིར་རོ། 26ཨིསི་རཱཨེལ་པའི་མི་སྡེ་ཡོངས་དང་དེ་ཚོའི་ཁྲོད་དུ་ཡོད་པའི་ཕྱི་རྒྱལ་བ་བཅས་ལ་སྡིག་སེལ་ཐོབ་པར་འགྱུར། གང་ལགས་ཟེར་ན། ནོར་འཁྲུལ་དེའི་ལ་ཚང་མ་ཚུད་ཡོད་པའི་ཕྱིར་རོ། 27གལ་ཏེ་མི་ཞིག་གིས་མ་ཤེས་པར་སྡིག་པ་བྱས་པ་ཡིན་ན། ཁོས་ལོ་གཅིག་ལོན་པའི་ར་མོ་གཅིག་སྡིག་སེལ་གྱི་མཆོད་པར་འབུལ་དགོས། 28བླ་མས་མི་དེའི་ཆེད་དུ་མཆོད་ཁྲིའི་ཁར་དག་འབྱངས་ཀྱི་ཆོ་ག་བྱས་པའི་རྗེས་སུ་མི་དེ་ལ་སྡིག་སེལ་ཐོབ་པར་འགྱུར། 29མ་ཤེས་བཞིན་དུ་སྡིག་པ་བྱེད་མཁན་ཨིསི་རཱཨེལ་པའམ་ཡུལ་དུ་གནས་སྡོད་བྱེད་པའི་ཕྱི་རྒྱལ་བ་གང་རུང་ལ་ཁྲིམས་སྲོལ་གཅིག་རང་སྟར་རྒྱུ་ཡིན་ནོ། 30འོན་ཀྱང་ཨིསི་རཱཨེལ་པའམ་ཕྱི་རྒྱལ་བ་གང་རུང་ཞིག་གིས་ཤེས་བཞིན་དུ་སྡིག་པ་བྱས་པ་ཡིན་ན། ཁོས་གཙོ་བོ་དཀོན་མཆོག་ལ་སྣང་ཆུང་ཞུས་པའི་ཉེས་ལན་དུ་ཁོ་ངེས་པར་དུ་བསད་དགོས། 31གང་ལགས་ཟེར་ན། ཁོས་གཙོ་བོ་དཀོན་མཆོག་གི་བཀའ་ལ་རྩིས་མེད་ཞུས་ཏེ། ཤེས་བཞིན་དུ་ཁོང་གི་བཀའ་ཁྲིམས་ཤིག་བཅག་པ་ཡིན་པས། ཁོའི་སྲོག་གི་ཉེས་ལན་དེ་ཁོ་རང་གི་ཐོག་ཏུ་འཕོག་པ་ཡིན་ནོ༎

ངལ་གསོ་བའི་ཞག་མ་སྲུང་མཁན་ལ་ཉེས་ཆད།

32ཨིསི་རཱཨེལ་པ་རྣམས་འབྲོག་སྟོང་ཁུལ་དུ་ཡོད་སྐབས། མི་ཞིག་གིས་ངལ་གསོ་བའི་ཞག་ལ་མེ་ཤིང་བསྡུ་སྒྲུག་བྱེད་བཞིན་པར་འཕྲད་དེ། 33ཁོ་ལ་མོ་ཤེ་དང་ཨ་རོན་དང་མི་སྡེ་ཡོངས་ཀྱི་མདུན་དུ་སྐྱེལ་ལོ། 34དེ་རྗེས་ཁོ་ལ་གང་བྱེད་དགོས་པ་གསལ་པོར་མ་ཤེས་པས་བཙོན་དུ་བཅུག་ནས་བཞག་གོ 35དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། མི་འདི་ངེས་པར་གསོད་དགོས། མི་དེ་སྒར་གྱི་ཕྱི་རོལ་དུ་འཁྲིད་དེ་མི་སྡེ་ཡོངས་ཀྱིས་རྡོ་རུབ་བརྒྱབ་ནས་གསོད་དགོས། 36དེ་རྗེས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་མི་སྡེ་ཡོངས་ཀྱིས་མི་དེ་སྒར་གྱི་ཕྱི་རོལ་དུ་འཁྲིད་ནས་རྡོ་རུབ་བརྒྱབ་ནས་གསོད་དོ༎

གོས་ཀྱི་གཤམ་དུ་འཛར་གཏོང་ཆོག་གི་ཁྲིམས།

37གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། 38ཨིསི་རཱཨེལ་པ་རྣམས་ལ་འདི་ལྟར་སྨྲོས་ཤིག་ཅེས་བཀའ་གནང་ངོ་། རང་གི་གོས་ཀྱི་མཐའ་ལ་འཛར་གཏོང་དགོས་པ་དང། འཛར་རེ་རེར་སྐུད་པ་སྔོན་པོ་རེ་གཏོང་དགོས། ཡང་དེ་ནི་ཁྱོད་ཚོས་མ་འོངས་པའི་དུས་ཀུན་ཏུ་དེ་ལྟར་བྱེད་དགོས། 39འཛར་དེས་ངའི་བཀའི་སྐོར་ཁྱོད་ཚོར་དྲན་བསྐུལ་བྱེད་རྒྱུ་ཡིན། ཁྱོད་ཚོས་འཛར་དེ་མཐོང་རེ་བཞིན་དུ་ངའི་བཀའ་ལ་དྲན་གསོ་བྱེད་ཅིང་དེར་རྩིས་སྲུང་བྱེད་དགོས། དེ་ལྟར་བྱེད་ན་ཁྱོད་ཚོ་ང་ལས་ཐ་དད་དུ་མི་འགྲོ་བར། རང་གི་འདོད་པ་དང་ཆགས་སེམས་ཀྱི་རྗེས་སུ་འབྲངས་མི་དགོས་སོ། 40འཛར་དེ་དག་གིས་ངའི་བཀའ་རྒྱ་སྲུང་དགོས་པའི་དྲན་བསྐུལ་བྱས་པས། ཁྱོད་ཚོ་ངའི་ཁོངས་སུ་གཏོགས་པར་འགྱུར། 41ང་ནི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཡིན། ང་ནི་ཁྱོད་ཚོའི་དཀོན་མཆོག་ཏུ་འགྱུར་ཕྱིར་ངས་ཁྱོད་ཚོ་ཨི་ཇིབ་ནས་བཏོན་ཏེ་འཁྲིད་ཡོང་བ་ཡིན། ང་ནི་གཙོ་བོ་དཀོན་མཆོག་ཡིན་ནོ༎

གྲངས་ཀ 16

ཀོ་རཱ་དང་དྷ་ཐན་དང་ཨ་བྷི་རམ་གྱིས་ངོ་ལོག་བྱས་པ།

1-2ལེ་ཝི་པ་ལས་ཡིན་པ་ཀོ་ཧད་རིགས་རུས་ཀྱི་ཁོངས་ནས་ཨིཛ་ཧར་གྱི་བུ་ཀོ་རཱས་མོ་ཤེས་འགོ་ཁྲིད་བྱ་རྒྱུ་ལ་ངོ་ལོག་བྱས་སོ། རུ་བྷེན་སྡེ་རིགས་ཀྱི་ཁོངས་ནས་མི་གསུམ་ནི་ཨེ་ལི་ཨབ་ཀྱི་བུ་དྷ་ཐན་དང་། ཨ་བྷི་རམ་དང་པེ་ལེཐ་ཀྱི་བུ་ཨོན་དང་། ཡང་མི་སྡེས་འདེམས་བསྐོས་བྱས་པའི་ཡོངས་གྲགས་ཅན་གྱི་ཨིསི་རཱཨེལ་པའི་འགོ་ཁྲིད་ ༢༥༠ བཅས་ཀྱི་ཁོ་དང་ལག་འབྲེལ་བྱས་སོ། 3དེ་ཚོ་མོ་ཤེ་དང་ཨ་རོན་གཉིས་ཀྱི་མདུན་དུ་འཛོམས་ནས་སྨྲས་པ། ཁྱོད་ཚོས་ད་བར་ཚོད་མེད་བྱས་འདུག སྡེ་ཚོགས་ཀྱི་མི་ཡོངས་རྫོགས་གཙོ་བོ་དཀོན་མཆོག་གི་ཡིན་པ་དང་། དེ་བཞིན་གཙོ་བོ་དཀོན་མཆོག་ང་ཚོ་ཚང་མ་དང་མཉམ་དུ་བཞུགས་ཡོད། འོན་ཀྱང་མོ་ཤེ་ཁྱེད་རང་ནི་རང་གིས་རང་ལ་གཙོ་བོ་དཀོན་མཆོག་གི་མི་ཚོགས་ལས་ཀྱང་ཡར་མཐོ་བར་བཀྱགས་དགོས་པ་དེ་གང་ཡིན་ནམ། 4མོ་ཤེས་གཏམ་དེ་ཐོས་མ་ཐག་ཏུ་ལུས་ས་ལ་བརྡབས་ནས་སྨོན་ལམ་འདེབས་ཤིང་། 5དེ་ནས་ཁོས་ཀོོ་རཱ་དང་དེའི་རྗེས་འབྲངས་པ་རྣམས་ལ་སྨྲས་པ། གཙོ་བོ་དཀོན་མཆོག་གི་མི་འབངས་དེ་སུ་ཡིན་མིན་གྱི་སྐོར་ཁོང་གིས་སང་ཞོགས་སྔ་པོར་བསྟན་པ་གནང་ཡོང། ཁོང་གིས་འདེམས་བསྐོས་གནང་བའི་ཉིད་ཀྱི་སྐྱེ་བོ་དེ་ལ་མཆོད་ཁྲིའི་ཉེ་འགྲམ་དུ་ཁོང་གི་ཙར་ཡོང་བཅུག་གནང་ཡོང། 6-7སང་ཞོགས་སྔ་དྲོ་ཁྱོད་དང་ཁྱོད་ཀྱི་རྗེས་འབྲངས་པ་རྣམས་སྤོས་ཕོར་ནང་དུ་མེ་བླུགས་ནས་སྤོས་བདུག་ཅིང་མཆོད་ཁྲིའི་ཁར་འཁྱེར་ཤིག་དང་། དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ཚོའི་ཁོངས་ནས་སུ་ལ་འདེམས་བསྐོས་གནང་བ་དེ་ང་ཚོས་རྟོགས་ཐུབ་ཡོང་། ཀྱེ་ལེ་ཝི་པ་རྣམས་ཁྱོད་ཚོས་ཚོད་མེད་བྱས་འདུག 8མོ་ཤེས་མུ་མཐུད་དེ་ཀོ་རཱ་ལ་སྨྲས་པ། ཀྱེ་ལི་ཝི་པ་རྣམས་ཚུར་ཉོན་དང་། 9ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་མི་སྡེའི་ཁོངས་ནས་ལོགས་སུ་དབྱེ་བ་གནང་ནས། ཁོང་གི་དྲུང་དུ་བཅར་ཐུབ་པ་དང་། གཙོ་བོ་དཀོན་མཆོག་གི་དབུ་གུར་དམ་པའི་ནང་དུ་ཁོང་ལ་ཞབས་ཏོག་ཞུ་བ་དང་། མི་ཚོགས་ལ་ཆོས་དོན་སྐོར་གྱི་སྲི་ཞུ་ཞབས་ཏོག་ཞུ་ཆོག་པའི་གོ་སྐབས་གནང་བ་དེ་ལ་ཁྱོད་ཚོས་སྣང་ཆུང་བརྩིས་སམ། 10ཁྱོད་ཚོ་དང་ལེ་ཝི་པ་གཞན་རྣམས་ལ་གཙོ་བོ་དཀོན་མཆོག་གིས་ཆེས་བསྟོད་གནངཡོད་ཀྱང་། ད་དུང་ཁྱོད་ཚོས་བླ་མའི་གོ་གནས་དེ་ཡང་བླངས་འདོད་བྱེད་ཀྱི་འདུག 11ཁྱོད་ཚོས་ཨ་རོན་ལ་རྙོག་གཏམ་བཤད་ཀྱང་། དེ་ནི་ཁྱོད་ཚོ་དང་ཁྱོད་ཚོའི་རྗེས་འབྲངས་པ་ཚོས་གཙོ་བོ་དཀོན་མཆོག་ལ་ངོ་རྒོལ་ཞུས་པ་དང་ཚུངས་པ་ཡིན་ནོ། 12དེ་ནས་མོ་ཤེས་དྷ་ཐན་དང་ཨ་བྷི་རམ་གཉིས་ལ་ལན་བཏང་ནས་བོས་རུང་། ཁོ་གཉིས་ཀྱིས་སྨྲས་པ། ང་ཚོ་ཡོང་གི་མིན། 13ཁྱོད་ཀྱིས་ང་ཚོ་ས་ལུད་འཛོམས་པོ་ཨི་ཇིབ་ནས་བཏོན་ཏེ་འབྲོག་སྟོང་འདིར་བསད་པའི་ཕྱིར་འཁྲིད་ཡོང་བ་ཡིན་པས། དེས་ཁྱོད་བློ་ཁ་མ་ཚིམས་སམ། ད་དུང་ང་ཚོའི་ཐོག་ཏུ་དབང་ཡོད་བྱེད་པར་འདོད་དམ། 14ཁྱོད་ཀྱིས་ཕྱུག་པོ་དང་ས་ལུད་འཛོམས་པོའི་ཡུལ་ཞིག་ཏུ་འཁྲིད་མེད་པ་དང། ང་ཚོར་ས་ཞིང་དང་རྒུན་ཚལ་སོགས་ཀྱང་སྤྲད་མེད་པའི་ཁར། ད་དུང་ང་ཚོར་བསླུ་ཁྲིད་བྱེད་འདོད་ཡོད་པས། ང་ཚོ་ནི་ཡོང་གི་མིན། 15མོ་ཤེས་ཁྲོས་ཤིང་གཙོ་བོ་དཀོན་མཆོག་ལ་ཞུས་པ། མི་འདི་ཚོས་འབུལ་བ་ཇི་འདྲ་ཞིག་འཁྱེར་ཡོང་ནའང་མ་བཞེས་རོགས་གནང་། ངས་དེ་ཚོ་སུ་ལའང་ངན་པ་བྱས་བཞག་མེད། དེ་ཙམ་མ་ཟད་མཐའ་ན་ངས་དེ་ཚོའི་བོང་བུ་གཅིག་ཀྱང་འཁྱེར་མེད། 16མོ་ཤེས་ཀོ་རཱ་ལ། སང་ཉིན་ཁྱོད་དང་ཁྱོད་ཀྱི་རྗེས་འབྲངས་པ་ ༢༥༠ བཅས་གཙོ་བོ་དཀོན་མཆོག་གི་གནས་པའི་དབུ་གུར་དམ་པར་བཅར་དགོས། དེར་ཨ་རོན་ཡང་ཡོང་བ་ཡོད། 17ཁྱོད་ཚོས་རང་རང་སོ་སོའི་སྤོས་ཕོར་ནང་དུ་སྤོས་བདུག་ནས་མཆོད་ཁྲིར་འབུལ་དགོས་ཅེས་སྨྲས་པ་དང་། 18མི་རེ་རེས་རང་རང་སོ་སོའི་སྤོས་ཕོར་ནང་དུ་མེ་བླུགས་ནས་བདུག་སྤོས་བདུག་ཅིང་མོ་ཤེ་དང་ཨ་རོན་མཉམ་དུ་དབུ་གུར་དམ་པའི་སྒོའི་རྩར་ལངས་སོ། 19དེ་རྗེས་ཀོ་རཱས་མི་སྡེ་ཡོངས་རྫོགས་བཀོང་ནས། མོ་ཤེ་དང་ཨ་རོན་གྱི་མདུན་དུ་དབུ་གུར་དམ་པའི་སྒོའི་རྩར་ལངས་པ་དང་། བློ་བུར་དུ་གཙོ་བོ་དཀོན་མཆོག་གི་བཞུགས་ཡོད་པའི་འོད་ཟེར་དེ་མི་སྡེ་ཡོངས་ཀྱི་ཐོག་ཏུ་མངོན་ནོ། 20དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ། 21མི་འདི་ཚོའི་ཁྲོད་ནས་ལོགས་སུ་གནས་པར་བྱོས་ཤིག ངས་དེ་ཚོ་ད་ལྟ་ཉིད་དུ་ཚར་གཅོད་གཏོང་རྒྱུ་ཡིན་ཞེས་གསུངས་སོ། 22མོ་ཤེ་དང་ཨ་རོན་གཉིས་མགོ་བོ་ས་ལ་བཏུད་ནས་ཞུས་པ། ཀྱེ་དཀོན་མཆོག། ཁྱེད་ནི་ལུས་སྲོག་ཀུན་གྱི་འབྱུང་གནས་ལགས་པས། མི་གཅིག་གིས་སྡིག་པ་བྱས་པའི་རྐྱེན་གྱིས་མི་སྡེ་ཡོངས་ལ་ཁྱེད་ཐུགས་ཁྲོ་བར་མཛད་དམ། 23གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 24མི་རྣམས་ལ་ཀོ་རཱ་དང་། དྷ་ཐན་དང་ཨ་བྷི་རམ་གྱི་གུར་ནས་ཕར་སོང་ཞིག་ཅེས་སྨྲོས་ཤིག 25དེ་ནས་མོ་ཤེས་ཨིསི་རཱཨེལ་གྱི་འགོ་བྱེད་རྣམས་མཉམ་དུ་འཁྲིད་དེ་དྷ་ཐན་དང་ཨ་བྷི་རམ་གྱི་རྩར་ཕྱིན་ནས། 26མི་རྣམས་ལ། ཁྱོད་ཚོ་མི་ངན་འདི་ཚོའི་གུར་ནས་ཐག་རིང་དུ་སོང་ནས་ལངས་ཤིག དེ་ཙམ་མ་ཟད་ཁོ་ཚོའི་དངོས་རིགས་གང་ལའང་ལག་པ་མ་འཆང་ཞིག དེ་མིན་ཁོ་ཚོའི་སྡིག་པའི་རྐྱེན་གྱིས་ཁྱོད་ཆོའང་ཁོ་ཚོ་དང་མཉམ་དུ་ཡོངས་སུ་མེད་པར་འགྲོ་ཉེན་ཡོད་ཅེས་སྨྲས་སོ། 27དེར་བརྟེན་དེ་ཚོ་ཀོ་རཱ་དང་། དྷ་ཐན་དང་ཨ་བྷི་རམ་གྱི་གུར་ནས་ཕར་ཕྱིན་དེ་གནས་པ་དང་། དྷ་ཐན་དང་ཨ་བྷི་རམ་གཉིས་རང་རང་སོ་སོའི་ཆུང་མ་དང་བུ་ཕྲུག་མཉམ་དུ་སོ་སོའི་གུར་གྱི་སྒོའི་ཕྱི་ལོགས་སུ་ཐོན་ཏེ་ལངས་ནས་བསྡད་ཡོད་དོ། 28མོ་ཤེས་མི་རྣམས་ལ། གཙོ་བོ་དཀོན་མཆོག་གིས་ང་ལ་ལས་ཀ་འདི་ཚོའི་འགན་དཀྲིས་གནང་བ་ཡིན་པ་ལས། ངས་རང་གི་འདོད་མོས་བཞིན་བྱས་པ་མ་ཡིན་པ་དེ་ཁྱོད་ཚོས་ཤེས་པར་འགྱུར། 29དཀོན་མཆོག་གི་ཉེས་ཆད་མ་ཕོག་པར་མི་འདི་ཚོ་རང་བཞིན་གྱིས་ཤི་བ་ཡིན་ན། ང་ལ་གཙོ་བོ་དཀོན་མཆོག་གིས་མངགས་པ་མ་ཡིན། 30འོན་ཀྱང་དེ་སྔ་ནམ་ཡང་མ་ཐོས་པའི་མཛད་འཕྲིན་ཞིག་གཙོ་བོ་དཀོན་མཆོག་གིས་གནང་བ་དང། ས་གས་ནས་དེ་ཚོ་རང་གི་རྒྱུ་དངོས་དང་བཅས་པ་མིད་ནས་དེ་གསོན་པོར་གཤིན་ཡུལ་དུ་འགྲོ་དགོས་བྱུང་བ་ཡིན་ན། མི་འདི་ཚོས་གཙོ་བོ་དཀོན་མཆོག་ལ་ངོས་ལེན་ཞུས་མེད་པ་དེ་ཁྱོད་ཚོས་ཤེས་པར་འགྱུར་ཞེས་སྨྲས་སོ། 31དེ་བཞིན་མོ་ཤེས་གཏམ་གླེང་བྱས་ཚར་མ་ཐག་ཏུ། དྷ་ཐན་ཨ་བྷི་རམ་ལངས་ཡོད་པའི་ས་དེ་གས་པས། 32དེ་གཉིས་ནང་མི་དང་བཅས་པ་དང་དེ་བཞིན་ཀོ་རཱའི་རྗེས་འབྲངས་པ་ཚང་མ་དང། དེ་ཚོའི་རྒྱུ་དངོས་དང་བཅས་པ་སས་མིད་དོ། 33དེ་ཚོ་རང་གི་རྒྱུ་དངོས་དང་བཅས་པ་གསོན་པོར་གཤིན་ཡུལ་དུ་ལྷུང་ཞིང་། ས་གཞི་གས་པ་དེ་བཞིན་ཁ་ཟུབས་ཏེ་དེ་ཚོ་མི་སྣང་བར་འགྱུར་རོ། 34དེར་ཡོད་པའི་ཨིསི་རཱཨེལ་པ་ཚང་མས་དེ་ཚོའི་སྐད་ཅོར་ཐོས་ནས་བྲོས་ཤིང་། དེ་ཚོས་ང་ཚོའང་སས་མིད་ཉེན་འདུག་པས་འདི་ནས་བྲོས་དགོས་ཅེས་སྐད་བརྒྱབ་བོ། 35དེ་རྗེས་གཙོ་བོ་དཀོན་མཆོག་གིས་མེ་ལྕེ་ཞིག་གཏོང་བ་གནང་ནས། བདུག་སྤོས་འབུལ་བའི་མི་ ༢༥༠ ཚང་མ་མེ་དེས་ཚར་གཅོད་གཏང་གནང་ངོ་༎

སྤོས་ཕོར་རྣམས།

36དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 37བླ་མ་ཨ་རོན་གྱི་བུ་ཨི་ལི་ཛར་ལ་སྨྲོས་ཤིག མེས་ཚིག་པའི་མི་རྣམས་ཀྱི་ཁྲོད་ནས་རག་གི་སྤོས་ཕོར་རྣམས་ཟུར་དུ་བཞག་སྟེ་དེའི་ནང་གི་མེ་ཧྲུག་རྣམས་གནས་གཞན་དུ་དབྱུགས་དགོས། གང་ལགས་ཟེར་ན། སྤོས་ཕོར་དེ་དག་དམ་པ་ཡིན། 38གཙོ་བོ་དཀོན་མཆོག་གི་མཆོད་ཁྲིར་ཕུལ་བའི་སྒོ་ནས་དེ་དག་དམ་པར་འགྱུར་བ་ཡིན། དེ་བས་ན་སོ་སོའི་སྡིག་པའི་རྐྱེན་གྱིས་བསད་པའི་མི་རྣམས་ཀྱི་སྤོས་ཕོར་རྣམས་འཁྱེར་ཏེ། དེ་དག་རྡུང་ནས་ལེབ་ལེབ་བཟོས་ཏེ་མཆོད་ཁྲིའི་ཁེབས་ཤིག་བཟོ་དགོས། དེ་ནི་ཨིསི་རཱཨེལ་མི་མང་གི་དོན་དུ་ཟོན་བརྡ་ཞིག་ཏུ་འགྱུར་རྒྱུ་ཡིན་ནོ། 39དེར་བརྟེན་བླ་མ་ཨེ་ལི་ཛར་གྱིས་སྤོར་ཕོར་རྣམས་བསྡུས་ནས་དེ་དག་རྡུང་ཞིང་ལེབ་ལེབ་བཟོས་ཏེ་མཆོད་ཁྲིའི་ཁེབས་ཤིག་བཟོ་བཅུག་གོ 40དེ་ནི་ཨིསི་རཱཨེལ་པ་ཚོའི་ཕྱིར་དུ་ཟོན་བརྡ་ཞིག་ཡིན་པ་ནི། ཨ་རོན་གྱི་རིགས་བརྒྱུད་མ་གཏོགས་གཞན་སུའང་གཙོ་བོ་དཀོན་མཆོག་ལ་བདུག་སྤོས་བདུག་ཕྱིར་མཆོད་ཁྲིར་བཅར་མི་ཆོག དེ་མིན་ཀོ་རཱ་དང་ཁོའི་རྗེས་འབྲངས་པ་རྣམས་དང་འདྲ་བར་དེ་ཚོའང་འཇིག་ཉེན་ཡོད། ཡང་འདི་དག་ཚང་མ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་བརྒྱུད་ནས་ཨེ་ལི་ཛར་ལ་བཀའ་གནང་བ་བཞིན་བསྒྲུབས་པ་ཡིན་ནོ༎

ཨ་རོན་གྱིས་ཨིསི་རཱཨེལ་པ་རྣམས་བསྐྱབ་པ།

41དེའི་སང་ཉིན་མི་སྡེ་ཡོངས་རྫོགས་ཀྱིས་མོ་ཤེ་དང་ཨ་རོན་ལ་སྐྱོན་བརྗོད་བྱས་ཏེ། སྨྲས་པ། ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་སྐྱེ་བུ་འགའ་ཤས་བསད་ཡོད། 42མོ་ཤེ་དང་ཨ་རོན་གཉིས་ལ་ངོ་རྒོལ་བྱེད་ཕྱིར་དེ་ཚོ་ཚང་མ་འཛོམས་པའི་རྗེས་སུ་དེ་ཚོ་དབུ་གུར་དམ་པའི་ཕྱོགས་སུ་ཁ་ལོ་བསྒྱུར་བ་དང་། དབུ་གུར་དམ་པ་དེ་སྤྲིན་གྱིས་བཀབ་བཞིན་པ་དང་དེར་གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་ཟེར་བཀྲག་མདངས་ཆེན་པོ་ཞིག་མཐོང་ངོ་། 43དེ་ནས་མོ་ཤེ་དང་ཨ་རོན་གཉིས་དབུ་གུར་དམ་པའི་མདུན་དུ་བཅར་ནས་ལངས་པ་དང་། 44གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 45མི་འདི་ཚོ་ལས་རྒྱང་ཐག་རིང་བར་སྡོད་ཅིག ངས་དེ་ཚོ་གནས་དེ་རང་དུ་མེད་པར་བྱེད་རྒྱུ་ཡིན། ཁོ་གཉིས་མགོ་བོ་ས་ལ་བཏུད་དེ། 46མོ་ཤེས་ཨ་རོན་ལ་སྨྲས་པ། ཁྱོད་ཀྱིས་མཆོད་ཁྲི་ལས་མེ་བླངས་ནས་སྤོས་ཕོར་ནང་དུ་བླུགས་ཏེ་དེར་བདུག་སྤོས་ཏོག་ཙམ་བླུགས་དགོས། དེ་རྗེས་ཁྱོད་ཀྱིས་དེ་འཁྱེར་ནས་མི་མང་ཡོད་སར་མགྱོགས་པོར་ཕྱིན་ཏེ། དེ་ཚོའི་ཕྱིར་དུ་དག་འབྱངས་ཀྱི་ཆོ་ག་དེ་མགྱོགས་པོར་བྱེད་དགོས། གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་དེ་འབར་ཟིན་པ་ཡིན་པས། རིམས་ནད་དེའང་འགོ་འཚུགས་བཞག། 47མོ་ཤེས་གང་སྨྲས་པ་བཞིན་ཨ་རོན་གྱིས་བྱས་ཏེ། རང་གི་སྤོས་ཕོར་དེ་འཁྱེར་ནས་མི་ཚོགས་ཀྱི་དཀྱིལ་དུ་རྒྱུག་ཕྱིན་པ་དང་། རིམས་ནད་དེ་འགོ་འཚུགས་པ་མཐོང་ནས། ཁོས་སྤོས་ཕོར་ནང་དུ་བདུག་སྤོས་བླུགས་ནས་མི་དམངས་ཀྱི་ཆེད་དུ་དག་འབྱངས་ཀྱི་ཆོ་ག་དེ་བྱས་པས། 48རིམས་ནད་དེའང་སེལ་ཞིང་ཁོ་ནི་གསོན་གཤིན་གཉིས་ཀྱི་དཀྱིལ་དུ་ལངས་ནས་བསྡད་དོ། 49དེར་ཤི་མཁན་རྣམས་ཀྱི་ཁ་གྲངས་ནི། ཀོ་རཱའི་ངོ་ལོག་གི་སྐབས་སུ་ཤི་མཁན་རྣམས་ཀྱི་གྲངས་མ་རྩིས་པར། ༡༤,༧༠༠ ཡིན་པ་དང་། 50རིམ་ནད་དེ་འཇོམས་པའི་རྗེས་སུ་ཨ་རོན་མོ་ཤེའི་རྩར་དབུ་གུར་དམ་པའི་སྒོར་ཕྱིར་ལོག་བྱས་སོ༎

གྲངས་ཀ 17

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2སྡེ་རིགས་སོ་སོའི་འགོ་ཁྲིད་རེ་ནས་འཁར་རྒྱུག་རེར་བརྩིས་པས་འཁར་རྒྱུག་བཅུ་གཉིས་ཁྱོད་ལ་སྤྲོད་དགོས་ཅེས་ཨིསི་རཱཨེལ་མི་དམངས་ལ་སྨྲོས་ཤིག མི་རེ་རེས་སོ་སོའི་འཁར་རྒྱུག་གི་ཐོག་ཏུ་རང་གི་མིང་བྲིས་དགོས། 3ལེ་ཝིའི་ཁོངས་གཏོགས་ཀྱི་འཁར་རྒྱུག་ལ་ཨ་རོན་གྱི་མིང་བྲིས་དགོས། དེ་བཞིན་སྡེ་རིགས་སོ་སོའི་འགོ་འཁྲིད་རེར་འཁར་རྒྱུག་རེ་བྱུང་དགོས་པ་ཡིན། 4ང་གནས་པའི་དབུ་གུར་དམ་པར་འཁར་རྒྱུག་དེ་ཚོ་འཁྱེར་ནས་ང་གཉིས་ཐུགས་འཕྲད་བྱེད་སའི་དམ་བཅའི་སྒྲོམ་གྱི་མདུན་དུ་ཞོགས་ཅིག 5དེ་ནས་ངས་འདེམས་བསྐོ་བྱད་པའི་མི་དེའི་འཁར་རྒྱུག་ནས་ཉུ་གུ་སྐྱེས་པར་འགྱུར། དེ་ལྟར་བྱས་པའི་སྒོ་ནས་ཨིསི་རཱཨེལ་པ་ཚོས་ཁྱོད་ལ་སྐྱོན་བརྗོད་ཡང་ཡང་བྱས་པ་དེའང་ངས་བཀག་འགོག་བྱེད་རྒྱུ་ཡིན། 6དེ་ནས་མོ་ཤེས་ཨིསི་རཱཨེལ་པ་རྣམས་ལ་གཏམ་གླེང་བྱས་པ་དང་། དེ་ཚོའི་འགོ་འཁྲིད་རེ་རེས་འཁར་རྒྱུག་རེ་བརྩིས་པས་སྡེ་རིགས་བཅུ་གཉིས་ནས་འཁར་རྒྱུག་བཅུ་གཉིས་མོ་ཤེ་ལ་ཕུལ་ལོ། ཨ་རོན་གྱི་འཁར་རྒྱུག་ཡང་དེ་ཚོ་དང་མཉམ་དུ་ཡོད་དོ། 7དེ་ནས་མོ་ཤེས་འཁར་རྒྱུག་ཚང་མ་དབུ་གུར་དམ་པར་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་གྱི་མདུན་དུ་བཞག་གོ 8དེའི་སང་ཉིན་མོ་ཤེ་དབུ་གུར་དམ་པར་བཅར་བས། ལེ་ཝིའི་སྡེ་རིགས་ནས་ཨ་རོན་གྱི་འཁར་རྒྱུག་དེར་ཉུ་གུ་སྐྱེས་པ་མཐོང་ངོ། དེར་ཐེའུ་དང་མེ་ཏོག་དང་སྟར་ཀ་སྨིན་པ་སོགས་མཐོང་ངོ་། 9མོ་ཤེས་འཁར་རྒྱུག་ཚང་མ་འཁྱེར་ནས་ཨིསི་རཱཨེལ་པ་རྣམས་ལ་བསྟན་པས། དེར་གང་བྱུང་བ་དེ་དག་ཁོ་ཚོས་མཐོང་ནས། འགོ་འཁྲིད་སོ་སོས་རང་རང་གི་འཁར་རྒྱུག་རྣམས་བླངས་སོ། 10གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཨ་རོན་གྱི་འཁར་རྒྱུག་དེ་དམ་བཅའི་སྒྲོམ་གྱི་མདུན་དུ་བཞག་དགོས། ངོ་ལོག་བརྒྱབ་མཁན་ཨིསི་རཱཨེལ་པ་ཚོས་རྙོག་གཏམ་ཤོད་རྒྱུ་དེ་མཚམས་འཇོགས་མ་བྱེད་ན། དེ་ཚོ་ངེས་པར་ཤི་དགོས་རྒྱུའི་ཟོན་བརྡའི་ཚུལ་དུ་བཞག་དགོས་པ་ཡིན་ནོ། 11གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་མོ་ཤེས་ཚང་མ་བྱས་སོ། 12ཨིསི་རཱཨེལ་པ་ཚོས་མོ་ཤེས་ལ་སྨྲས་པ། དེ་ལྟར་ཡིན་ན་ང་ཚོ་མེད་པར་སོང་བཞག། 13དབུ་གུར་དམ་པའི་ཉེ་འགྲམ་དུ་ཡོང་བ་ཙམ་གྱིས་ཤི་དགོས་རྒྱུ་ཡིན་ན། ང་ཚོ་ཚང་མ་ཤི་ཚར་བ་དང་ཁྱད་མེད་པ་ཡིན་ནོ༎

གྲངས་ཀ 18

བླ་མ་དང་ལེ་ཝི་པ་རྣམས་ཀྱི་ལས་འགན།

1གཙོ་བོ་དཀོན་མཆོག་གིས་ཨ་རོན་ལ་གསུངས་པ། ང་གནས་པའི་དབུ་གུར་དམ་པའི་ནང་དུ་ཞབས་ཏོག་ཞུ་སྐབས་བྱུང་བའི་ཉེས་སྐྱོན་གྱི་འགྲུབ་འབྲས་དེ་ཁྱོད་དང་ཁྱོད་ཀྱི་བུ་རྣམས་དང་ལེ་ཝི་པ་རྣམས་ཀྱིས་འཁྱེར་དགོས། འོན་ཀྱང་བླ་མའི་ལས་དོན་གྱི་འགྲུབ་འབྲས་ནི་ཁྱོད་དང་ཁྱོད་ཀྱི་བུ་གཅིག་པུས་འཁྱེར་དགོས། 2ཁྱོད་དང་ཁྱོད་ཀྱི་བུ་ཚོས་དབུ་གུར་དམ་པའི་ནང་དུ་ཞབས་ཏོག་ཞུ་སྐབས། ཁྱོད་ཚོར་རོགས་བྱེད་པའི་ཆེད་དུ། ཁྱོད་ཚོ་མཉམ་དུ་ལས་ཀ་བྱེད་ཕྱིར་རང་གི་གཉེན་ཚན་ལེ་ཝི་པ་རྣམས་འཁྲིད་ཤོག་ཅིག 3དེ་ཚོས་ཁྱོད་ལ་རོགས་བྱེད་དགོས་པའི་ལས་འགན་དང་དབུ་གུར་དམ་པའི་ནང་དུ་ཞབས་ཏོག་ཞུ་དགོས་པའི་ལས་འགན་རྣམས་ཆ་ཚང་བསྒྲུབ་ཐབ་བྱེད་མོད། འོན་ཀྱང་གནས་མཆོག་དམ་པའི་དངོས་རྫས་དང་མཆོད་ཁྲི་བཅས་ལ་དེ་ཚོས་འཆང་མི་ཆོག དེ་མིན་ཁྱོད་དང་དེ་དག་ཚང་མ་ངེས་པར་ཤི་དགོས་པ་ཡིན་ནོ། 4དེ་ཚོས་ཁྱོད་དང་མཉམ་དུ་ལས་ཀ་བྱེད་དགོས་པ་དང། དབུ་གུར་དམ་པའི་ནང་གི་ཞབས་ཏོག་ཞུ་དགོས་པའི་ལས་འགན་རྣམས་ཆ་ཚང་སྒྲུབ་དགོས་པ་ཡིན། འོན་ཀྱང་སྐྱེ་བོ་མི་འོས་པ་ཞིག་གིས་ཁྱོད་ཚོ་དང་མཉམ་དུ་ལས་ཀ་བྱེད་མི་ཆོག་པ་ཡིན་ནོ། 5གནས་མཆོག་དམ་པ་དང་མཆོད་ཁྲིའི་སྐོར་གྱི་ལས་འགན་དེ་དག་ཁྱོད་དང་ཁྱོད་ཀྱི་བུ་ཚོ་གཅིག་པུས་བྱེད་དགོས། དེ་ལྟར་བྱེད་ན་ངས་ཁྲོ་བ་དེ་སླར་ཡང་ཨིསི་རཱཨེལ་པ་ཚོའི་ཐོག་ཏུ་འཕོག་པར་མི་འགྱུར་རོ། 6ཨིསི་རཱཨེལ་པའི་ཁྲོད་ནས་ཁྱོད་ཀྱི་གཉེན་ཚན་ལེ་ཝི་པ་རྣམས་ཁྱོད་ལ་གནང་སྦྱིན་གྱི་ཚུལ་དུ་སྤྲོད་ཕྱིར་འདེམས་བསྐོ་བྱེད་མཁན་ནི་ང་རང་ཡིན། དེ་དག་ནི་ང་ལ་རབ་གནས་བྱས་ཟིན་པ་ཡིན་པས། དེ་ཚོས་དབུ་གུར་དམ་པའི་ནང་དུ་རང་གི་ལས་འགན་དག་བྱས་ཆོག་པ་ཡིན་ནོ། 7འོན་ཀྱང་མཆོད་ཁྲི་དང་ཤིན་ཏུ་གནས་མཆོག་དམ་པའི་ནང་དུ་བླ་མའི་བྱེད་དགོས་པའི་ལས་འགན་ཚང་མ་ཁྱོད་དང་ཁྱོད་ཀྱི་བུ་ཚོ་གཅིག་པུས་བྱེད་དགོས། ངས་ཁྱོད་ཚོར་བླ་མའི་ལས་ཀ་བྱེད་པའི་གནང་སྦྱིན་སྤྲད་ཡོད་པ་ཡིན་པས། ལས་འགན་འདི་ཚོ་ཁྱོད་ཚོས་སྒྲུབ་དགོས་པ་ཡིན། དམ་པའི་དངོས་རྫས་ཀྱི་ཉེ་འགྲམ་དུ་མ་འོས་པའི་སྐྱེ་བོ་ཞིག་ཡོང་བ་ཡིན་ན་དེ་ནི་ངེས་པར་དུ་གསོད་པར་འགྱུར་རོ༎

བླ་མ་རྣམས་ཀྱི་ཐོབ་སྐལ།

8གཙོ་བོ་དཀོན་མཆོག་གིས་ཨ་རོན་ལ་གསུངས་པ། ང་ལ་ཕུལ་བའི་སྦྱིན་སྲེག་གི་མཆོད་པ་མིན་པར་དམིགས་བསལ་གྱི་འབུལ་བ་རྣམས་ངས་ཁྱོད་ལ་སྤྲད་ཀྱི་ཡོད་པ་དེ་དྲན་གསོ་བྱོས་ཤིག འབུལ་བ་དེ་ནི་ངས་ཁྱོད་དང་ཁྱོད་ཀྱི་བུ་བརྒྱུད་རྣམས་ལ་དུས་རྒྱུན་གྱི་ཐོབ་སྐལ་གྱི་ཚུལ་དུ་སྤྲད་ཀྱི་ཡོད། 9མཆོད་ཁྲིའི་ཁར་མ་སྲེག་པའི་ཤིན་ཏུ་དམ་པའི་འབུལ་བའི་ཁོངས་ནས་གཤམ་གསལ་རྣམས་ཁྱོད་ལ་ཐོབ་རྒྱུ་ཡིན། དེ་ནི་འབྲུའི་མཆོད་པ་དང་། སྡིག་སེལ་གྱི་མཆོད་པ་དང་། རྒུན་ཚབ་འཇལ་བའི་མཆོད་འབུལ་དང་། ང་ལ་ཕུལ་བའི་མཆོད་འབུལ་དམ་པ་ཇི་ཡོད་རྣམས་ཁྱོད་དང་ཁྱོད་ཀྱི་བུ་རྣམས་ལ་ཐོབ་པར་འགྱུར། 10མཆོད་འབུལ་འདི་དག་ཁྱོད་ཚོས་གནས་དམ་པ་ཞིག་ཏུ་ཟ་དགོས། དེ་དག་སྐྱེས་པ་གཅིག་པུས་ཟ་ཆོག། མཆོད་འབུལ་དེ་དག་ཚང་མ་དམ་པར་བརྩིས་དགོས་པ་ཡིན་ནོ། 11དེའི་ཁར་ཨིསི་རཱཨེལ་པ་ཚོས་ང་ལ་དམིགས་བསལ་གྱི་མཆོད་འབུལ་བྱས་པ་རྣམས་ཀྱང་ཁྱོད་ཀྱི་ཡིན་ཅིང་། དེ་ནི་ངས་ཁྱོད་དང་ཁྱོད་ཀྱི་བུ་དང་བུ་མོ་རྣམས་ལ་དུས་གཏན་དུ་སྤྲད་ཀྱི་ཡིན། དག་འབྱངས་བྱས་ཏེ་དམ་པར་འགྱུར་བའི་ཁྱོད་ཀྱི་ནང་མི་རེ་རེས་འབུལ་བ་དེ་དག་ལས་ཟ་ཆོག་པ་ཡིན་ནོ། 12ཨིསི་རཱཨེལ་པ་ཚོས་ལོ་རེ་བཞིན་རང་གི་སྟོན་ཐོག་བཟང་ཤོས་དེའི་ཕུད་དེ་ང་ལ་འབུལ་གྱི་ཡོད་པ་ནི། ཁ་སྐྱུར་པོའི་སྣུམ་དང་རྒུན་ཆང་དང་འབྲུ་བཅས་ཡིན་པས། ངས་དེ་ཚོ་ཚང་མ་ཁྱོད་ཚོར་སྤྲད་ཀྱི་ཡོད། 13དེ་ཚོ་ཚང་མ་ཁྱོད་ཀྱི་ཡིན་པས། དག་འབྱངས་བྱས་ཏེ་དམ་པར་འགྱུར་བའི་ཁྱོད་ཚོའི་ནང་མི་རེ་རེས་དེ་དག་ཟ་ཆོག་པ་ཡིན་ནོ། 14ཨིསི་རཱཨེལ་ནང་ང་ལ་ཆ་རྐྱེན་མེད་པར་བསྔོ་འབུལ་བྱེད་པའི་མཆོད་རྫས་ཚང་མ་ཁྱོད་ཚོའི་ཡིན་པར་འགྱུར། 15ཨིསི་རཱཨེལ་པ་ཚོས་ང་ལ་ཕུལ་བའི་ཕྲུག་གུའམ་སེམས་ཅན་སྔོན་སྐྱེས་རྣམས་ཀྱང་ཁྱོད་ཚོའི་ཡིན་མོན། འོན་ཀྱང་ཕྲུག་གུ་སྔོན་སྐྱེས་རེ་དང་དག་འབྱངས་མ་བྱས་པའི་སེམས་ཅན་མི་གཙང་བ་རེ་རེའི་ཚབ་ཏུ་བླུ་རིན་ངེས་པར་ལེན་དགོས། 16ཕྲུ་གུ་ཟླ་བ་གཅིག་ལོན་པའི་རྗེས་སུ་རིན་སྤྲད་ནས་བླུ་དགོས། ཡང་བླུ་རིན་དེ་ནི་གཞུང་གི་ཁྲིམས་སྲོལ་ལྟར་ཚད་གཏན་འབེབས་ཟིན་པའི་དངུལ་དུམ་བུ་ལྔ་སྤྲད་དགོས་པ་ཡིན་ནོ། 17འོན་ཀྱང་བ་ཕྱུགས་དང་། ལུག་དང་། ར་བཅས་ཀྱི་སྔོན་སྐྱེས་རྣམས་ལ་དེ་ལྟར་བླུ་རིན་སྤྲད་ནས་བླུ་མི་ཆོག དེ་དག་ཡོངས་སུ་ང་ལ་གཏོགས་པ་ཡིན་པས་དེ་དག་དམར་མཆོད་དུ་འབུལ་དགོས། དེ་ཚོའི་ཁྲག་དེ་མཆོད་ཁྲིའི་ཁར་གཏོར་ཞིང་ཚིལ་དེ་ཁ་ཟས་ཀྱི་འབུལ་བའི་ཚུལ་དུ་མེར་སྲེག་གཏོང་དགོས། དེའི་དྲི་ཞིམ་གྱིས་ངའི་སེམས་དགའ་བར་འགྱུར། 18ཤ་དེ་ནི་ཁྱོད་ཚོར་ཐོབ་རྒྱུ་ཡིན། དམིགས་བསལ་གྱི་འབུལ་བའི་སེམས་ཅན་གྱི་བྲང་ཤ་དང་རྒྱབ་རྐང་ཤ་གཡས་པ་དེ་དག་ཁྱོད་ཚོའི་ཡིན། 19ཨིསི་རཱཨེལ་པ་ཚོས་ང་ལ་དམིགས་བསལ་གྱི་འབུལ་བའི་དངོས་རྫས་རྣམས་ངས་ཁྱོད་དང་ཁྱོད་ཀྱི་བུ་དང་བུ་མོ་རྣམས་ལ་དུས་གཏན་དུ་སྤྲོད་རྒྱུ་ཡིན། འདི་ནི་ངས་ཁྱོད་དང་ཁྱོད་ཀྱི་རིགས་བརྒྱུད་དང་མཉམ་དུ་བཞག་པའི་དམ་བཅའ་དེ་ཡིན། ཡང་དམ་བཅའ་དེ་ནི་ནམ་ཡང་འགལ་རྒྱུ་མེད་པ་དེ་ཡིན་ནོ། 20གཙོ་བོ་དཀོན་མཆོག་གིས་ཨ་རོན་ལ་གསུངས་པ། ཁྱོད་ལ་རྒྱུ་དངོས་གང་འདྲ་ཞིག་ཀྱང་ས་སྐལ་དུ་ཐོབ་རྒྱུ་མེད། ཨིསི་རཱཨེལ་གྱི་ས་གཞིའི་ཟུར་ཆ་ཞིག་ཀྱང་ཁྱོད་ལ་ཐོབ་མི་ཡོང་། ཨིསི་རཱཨེལ་པ་རྣམས་ཀྱི་ཁྲོད་དུ་ང་གཙོ་བོ་དཀོན་མཆོག་ནི་ཁྱོད་ཚོར་དགོས་མཁོ་ཚང་མ་ཡིན་ནོ༎

ལེ་ཝི་པ་རྣམས་ཀྱི་ཐོབ་སྐལ།

21གཙོ་བོ་དཀོན་མཆོག་གིས་གསུངས་པ། ཨིསི་རཱཨེལ་པ་ཚོས་ང་ལ་བཅུ་ཁག་གི་འབུལ་བ་འཁྱེར་ཡོང་བ་ཚང་མ་ངས་ལེ་ཝི་པ་རྣམས་ལ་སྤྲད་ཡོད། དེ་ནི་ཁོ་ཚོས་ང་གནས་པའི་དབུ་གུར་དམ་པར་བལྟ་སྐྱོངས་བྱེད་པའི་གླ་ཆའི་ཚུལ་དུ་སྤྲད་པ་ཡིན། 22ཨིསི་རཱཨེལ་པ་བྱིངས་རྣམས་དབུ་གུར་དམ་པའི་ཉེ་འགྲམ་དུ་ཡོང་མི་ཉེན། གལ་སྲིད་ཡོང་བ་ཡིན་ན་རང་ཉིད་ཤི་དགོས་པའི་ཉེས་ཆད་འཕོག་ཉེན་ཡོད། 23ད་ནས་བཟུང་ལེ་ཝི་པ་གཅིག་པུས་དབུ་གུར་དམ་པར་བལྟ་སྐྱོངས་བྱེད་རྒྱུ་དང་། དེའི་ལས་འགན་ཆ་ཚང་སྒྲུབ་དགོས་པ་ཡིན། གཏན་འབེབས་ཟིན་པའི་བཀའ་ཁྲིམས་འདི་ནི་དུས་ཀུན་ཏུ་སྲུང་དགོས་ཤིང་། ཁྱོད་ཀྱི་རིགས་བརྒྱུད་ཚོས་ཀྱང་དེ་སྲུང་དགོས་པ་ཡིན་ནོ། ལེ་ཝི་པ་རྣམས་ལ་ཨིསི་རཱཨེལ་དུ་ནོར་སྐལ་བརྟན་འཇགས་ཤིག་ཐོབ་མི་ཡོང་། 24གང་ལགས་ཟེར་ན། ཨིསི་རཱཨེལ་པ་ཚོས་ང་ལ་དམིགས་བསལ་གྱི་བཅུ་ཁག་གི་འབུལ་བ་འཁྱེར་ཡོང་བ་དེ་དག་ངས་ཁོ་ཚོའི་ལག་ཏུ་སྤྲད་ཡོད། དེའི་ཕྱིར་དེ་དག་ལ་ཨིསི་རཱཨེལ་ནང་དུ་རྒྱུ་དངོས་བརྟན་འཇགས་ཤིག་ཐོབ་མི་ཡོང་ཞེས་ངས་སྨྲས་པ་ཡིན༎

ལེ་ཝི་པ་རྣམས་ཀྱི་བཅུ་ཁག།

25གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། 26ལེ་ཝི་པ་རྣམས་ལ་འདི་ལྟར་སྨྲས་དགོས་ཤེས་བཀའ་གནང་ངོ་། གཙོ་བོ་དཀོན་མཆོག་གིས་གནང་བའི་བཅུ་ཆའི་ཐོབ་སྐལ་དེ་ཨིསི་རཱཨེལ་པ་ཚོའི་ལག་ནས་ཁྱོད་ཚོས་ཐོབ་སྐབས། ཁྱོད་ཚོས་ཀྱང་དེ་ལས་བཅུ་ཆ་གཅིག་གཙོ་བོ་དཀོན་མཆོག་ལ་དམིག་བསལ་གྱི་འབུལ་བའི་ཚུལ་དུ་ཕུལ་དགོས་པ་ཡིན། 27དམིགས་བསལ་གྱི་འབུལ་བ་དེ་ནི་ཞིང་པས་འབྲུ་གསར་པའམ་རྒུན་ཆང་གསར་པའི་འབུལ་བ་ཕུལ་བ་དེ་དང་མཚུངས་པར་བརྩིས་དགོས་སོ། 28ཨིསི་རཱཨེལ་པ་རྣམས་ནས་ཐོབ་པའི་བཅུ་ཁག་གིས་གཙོ་བོ་དཀོན་མཆོག་ལ་འབུལ་དགོས་པའི་དམིགས་བསལ་གྱི་འབུལ་བ་དེ་ཁྱོད་ཚོས་ཀྱང་ཕུལ་བ་དང་མཚུངས་པ་ཡིན་ནོ། གཙོ་བོ་དཀོན་མཆོག་ལ་ཕུལ་དགོས་པའི་དམིགས་བསལ་གྱི་འབུལ་བ་དེ་ཁྱོད་ཚོས་བླ་མ་ཨ་རོན་ལ་ཕུལ་དགོས། 29ཁྱོད་ཚོས་ཐོབ་པའི་དངོས་ཟོག་བཟང་ཤོས་དེ་ལས་ཁྱོད་ཚོས་ཁོང་ལ་ཕུལ་དགོས། 30ཞིང་པས་འབུལ་བ་ཕུལ་ཟིན་པའི་ལྷག་འཕྲོས་དེ་བདག་ཉར་བྱེད་པ་བཞིན། ཁྱོད་ཚོས་ཀྱང་རང་གི་དངོས་ཟོག་གི་ཆ་ཤས་བཟང་ཤོས་དེ་འབུལ་བར་ཕུལ་བའི་ལྷག་འཕྲོས་དེ་རང་གི་དོན་དུ་ཉར་ནའང་ཆོག་པ་ཡིན་ནོ། 31ལྷག་འཕྲོས་དེ་ནི་ཁྱོད་དང་ཁྱོད་ཀྱི་ནང་མིས་ས་གནས་གང་དུ་ཕྱིན་ནས་ཟ་ནའང་ཆོག་པ་ཡིན། གང་ལགས་ཟེར་ན། དེ་ནི་ཁྱོད་ཚོས་དབུ་གུར་དམ་པའི་ནང་དུ་ཞབས་ཏོག་ཞུས་པའི་གླ་ཆར་སྤྲད་པ་ཡིན་པས་ཕྱིར་རོ། 32དེའི་ནང་ནས་དམིགས་སེལ་གྱི་བཟང་ཤོས་ཕུད་དེ་གཙོ་བོ་དཀོན་མཆོག་ལ་ཕུལ་བ་ཡིན་ན། ལྷག་འཕྲོས་དེ་ཁྱོད་ཚོས་ཟ་སྐབས་ཁྱོད་ཚོའི་སེམས་ནང་གནོང་འགྱོད་སྐྱེད་མི་ཡོང་། འོན་ཀྱང་གཙོ་བོ་དཀོན་མཆོག་ལ་དམ་པའི་འབུལ་བ་དེ་མ་ཕུལ་གོང་དུ་ཁྱོད་ཚོས་དེ་ལས་ཟས་ནས་འབུལ་བ་དེ་མི་གཙང་བར་བཟོོ་མི་ཉན། དེ་མིན་ཁྱོད་ཆོ་ཤི་ངེས་ཅན་ཡིན་ནོ༎

གྲངས་ཀ 19

བ་ཕྱུགས་དམར་པོའི་གོ་ཐལ།

1གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་ལ། 2གཤམ་གསལ་བཀའ་ཁྲིམས་རྣམས་ཨིསི་རཱཨེལ་པ་རྣམས་ལ་སྤྲོད་དགོས་ཅེས་གསུངས་སོ། དེ་སྔ་ནམ་ཡང་གཉའ་ཤིང་མ་བཀལ་བའི་བ་ཕྱུགས་དམར་པོ་སྐྱོན་མེད་པ་ཞིག་འཁྲིད་ཡོང་ནས། 3བླ་མ་ཨེ་ལི་ཛར་ལ་སྤྲོད་དགོས། དེ་ནི་སྒར་གྱི་ཕྱི་རོལ་དུ་འཁྲིད་ནས་ཨེ་ལི་ཛར་གྱི་མདུན་དུ་གསོད་དགོས་སོ། 4དེ་རྗེས་ཨེ་ལི་ཛར་གྱིས་ཁྲག་ཏོག་ཙམ་ཞིག་བླངས་ནས་དབུ་གུར་དམ་པའི་མདུན་ངོས་སུ་མཛུབ་མོས་ལན་བདུན་གཏོར་དགོས་པ་དང་། 5བླ་མ་གྱི་མདུན་དུ་བ་ཕྱུགས་དེའི་པགས་པ་དང་། ཤ་ཁྲག་དང་རྒྱུ་མ་དང་བཅས་པ་མེར་བསྲེག་གཏོང་དགོས། 6དེ་རྗེས་བླ་མས་འགྱམ་ཤིང་དང་། ཧི་སོབ་ཅེས་པའི་ཤིང་གི་ཡལ་ག་ཞིག་དང་སྐུད་པ་དམར་པོ་ཞིག་མེའི་དཀྱིལ་དུ་དབྱུགས་དགོས། 7དེ་རྗེས་ཁོས་རང་གི་གྱོན་གོས་ཁྲུས་ནས་སོ་སོའི་ཐོག་ཏུ་ཆུ་བླུགས་ཤིང་སྒར་གྱི་ནང་དུ་འཛུལ་ཆོག་མོད། འོན་ཀྱང་དགོང་དྲོ་བར་དུ་ཁོ་ནི་མི་གཙང་བར་རྩིས་དགོས་པ་ཡིན་ནོ། 8དེ་བཞིན་མེར་བསྲེག་གཏོང་མཁན་དེས་ཀྱང་རང་གི་གྱོན་གོས་ཁྲུས་ནས་སོ་སོའི་ཐོག་ཏུ་ཆུ་བླུགས་དགོས། འོན་ཀྱང་ཁོ་ལའང་དགོང་དྲོ་བར་དུ་མི་གཙང་བར་རྩིས་དགོས་སོ། 9དག་འབྱངས་བྱས་པའི་མི་གཙང་མ་ཞིག་གིས་བ་ཕྱུགས་སྲེག་པའི་གོ་ཐལ་དེ་བསྡུས་ནས་སྒར་གྱི་ཕྱི་རོལ་དུ་དག་འབྱངས་བྱས་པའི་གནས་གཙང་མ་ཞིག་ཏུ་བཞག་དགོས། དེ་ནི་ཨིསི་རཱཨེལ་པ་ཚོས་དག་འབྱངས་ཀྱི་མཆོད་པར་མཁོ་བའི་ཁྲུས་ཆུ་བཟོ་བར་བེད་སྤྱོད་གཏོང་རྒྱུ་ཡིན་ཅིང་། ཆོ་ག་དེ་ནི་སྡིག་པ་འབྱངས་པའི་ཆེད་དུ་བཤམས་དགོས་པ་ཡིན་ནོ། 10གོ་ཐལ་བསྡུས་མཁན་དེས་རང་གི་གྱོན་གོས་འཁྲུ་དགོས་མོད། འོན་ཀྱང་དེ་ནི་དགོང་དྲོ་བར་དུ་མི་གཙང་བར་བརྩིས་དགོས་སོ། ཁྲིམས་སྲོལ་དེ་ནི་ད་ཕྱིན་དུས་གཏན་དུ་ཨིསི་རཱཨེལ་པ་དང་དེ་ཚོའི་ཁྲོད་དུ་གནས་པའི་ཕྱི་རྒྱལ་བ་ཚོས་བརྩིས་སྲུང་བྱེད་དགོས་པ་ཡིན་ནོ༎

ཕུང་པོར་འཆང་བ།

11ཕུང་པོར་འཆང་བའི་མི་སུ་ཞིག་ཉིན་ཞག་བདུན་བར་དུ་མི་གཙང་བར་གནས་རྒྱུ་ཡིན། 12ཁོས་དག་འབྱངས་བྱེད་པའི་ཆུ་བླངས་ནས་ཉིན་ཞག་གསུམ་པ་དང་བདུན་པའི་ཐོག་ཏུ་རང་ཉིད་ཁྲུས་ཏེ་དག་འབྱངས་བྱེད་དགོས། དེ་རྗེས་ཁོ་གཙང་བར་འགྱུར་རྒྱུ་ཡིན་མོད། འོན་ཀྱང་ཁོས་ཉིན་ཞག་གསུམ་པ་དང་བདུན་པའི་ཐོག་ཏུ་རང་ཉིད་འཁྲུས་ཏེ་དག་འབྱངས་མ་བྱས་པ་ཡིན་ན་ཁོ་གཙང་བར་མི་འགྱུར་རོ། 13སུ་ཞིག་གིས་ཕུང་པོར་ལག་པ་འཆང་བའི་རྗེས་སུ་རང་ཉིད་དག་འབྱངས་མ་བྱས་ན་ཁོ་མི་གཙང་བར་བརྩིས་དགོས་རྒྱུ་ཡིན། གང་ལགས་ཟེར་ན། དེའི་སྟེང་དུ་དག་འབྱངས་བྱས་པའི་ཁྲུས་ཆུ་དེ་མ་བླུགས་པའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གི་དབུ་གུར་དམ་པ་དེ་མི་གཙང་བར་བཟོས་པ་ཡིན་པས། མི་དེ་ནི་གཙོ་བོ་དཀོན་མཆོག་གི་མི་འབངས་སུ་གཏོགས་པར་མི་འགྱུར་རོ། 14གལ་ཏེ་སུ་ཞིག་གུར་གྱི་ནང་དུ་ཤི་བ་ཡིན་ན། སྐབས་དེར་གུར་ནང་ཡོད་པའི་མི་དང་དེ་བཞིན་ཕྱི་ནས་གུར་དེའི་ནང་ཡོང་མཁན་རྣམས་ཉིན་ཞག་བདུན་བར་དུ་མི་གཙང་བར་བརྩིས་དགོས་སོ། 15གུར་དེའི་ནང་ཁབ་གཅོད་མེད་པའི་སྣོད་ཆས་ཚང་མ་མི་གཙང་བར་འགྱུར་རྒྱུ་ཡིན། 16གལ་ཏེ་ཁང་པའི་ཕྱི་རོལ་དུ་མི་བསད་པ་ཞིག་གམ་ཡང་ན་རང་བཞིན་གྱིས་ཤི་བའི་རོ་ལ་འཆང་བའམ། དེ་བཞིན་མིའི་རུས་པའམ་དུར་སོགས་ལ་འཆང་བ་ཡིན་ན། མི་དེ་ཉིན་ཞག་བདུན་བར་དུ་མི་གཙང་བར་བརྩིས་དགོས་པ་ཡིན་ནོ། 17མི་གཙང་བ་དེ་དག་པར་བྱེད་པའི་ཕྱིར་དུ་སྡིག་སེལ་གྱི་སྦྱིན་སྲེག་ཏུ་ཕུལ་བའི་བ་ཕྱུགས་དམར་པོའི་གོ་ཐལ་དེ་ནས་ཏོག་ཙམ་ཞིག་བླངས་ནས་སྣོད་ཅིག་གི་ནང་དུ་བླུགས་ཏེ། དེར་ཆུ་གཙང་མ་བླུགས་དགོས། 18དང་པོར་དག་འབྱངས་བྱེད་པའི་མི་གཙང་མ་ཞིག་གིས་ཧི་སོབ་ཞེས་པའི་ཤིང་གི་ཡལ་ག་གཅིག་ཆུའི་ནང་བཅུག་ནས། གུར་དང་དེའི་ནང་ཡོད་པའི་དངོས་རིགས་དང་མི་རྣམས་ཀྱི་ཁར་གཏོར་དགོས། གཉིས་པར་དག་འབྱངས་བྱེད་པའི་མི་གཙང་མ་དེས་མིའི་རུས་པའམ་ཕུང་པོ་དང་དུར་སར་འཆང་བའི་མི་དེའི་ཐོག་ཡང་གཏོར་དགོས། 19ཉིན་ཞག་གསུམ་པ་དང་བདུན་པའི་ཉིན་མོར་དག་འབྱངས་བྱེད་པའི་མི་གཙང་མ་དེས་མི་གཙང་བའི་མི་དེའི་ཐོག་ཏུ་གཏོར་ནས། ཉིན་ཞག་བདུན་པའི་ཐོག་ཏུ་མི་དེ་ལ་དག་འབྱངས་བྱེད་དགོས། ཁོས་རང་གི་གྱོན་གོས་འཁྲུད་དེ་སོ་སོའི་ཐོག་ཏུ་ཁྲུས་ཆུ་བླུགས་ནས་ཉི་མ་ནུབ་མཚམས་སུ་ཁོ་གཙང་བར་འགྱུར་རྒྱུ་ཡིན། 20མི་གཙང་བའི་མི་ཞིག་གིས་ཆོ་ག་ལྟར་རང་ཉིད་དག་འབྱངས་མ་བྱེད་བར་དུ་མི་གཙང་བར་གནས་དགོས། གང་ལགས་ཟེར་ན། དག་འབྱངས་བྱེད་པའི་ཁྲུས་ཆུ་དེ་ཁོའི་ཐོག་ཏུ་མ་བླུགས་པ་ཡིན་པས་ཕྱིར་རོ། ཁོས་གཙོ་བོ་དཀོན་མཆོག་གི་དབུ་གུར་དམ་པ་དེ་མི་གཙང་བར་བཟོས་པའི་རྐྱེན་གྱིས་ཁོ་ནི་དཀོན་མཆོག་གི་མི་འབངས་སུ་བརྩི་བར་མི་འགྱུར། 21ཁྲིམས་སྲོལ་དེ་ནི་ཁྱོད་ཚོས་དུས་རྒྱུན་དུ་སྲུང་དགོས་སོ། དག་འབྱངས་བྱེད་པའི་ཁྲུས་ཆུ་གཏོར་མཁན་དེས་ཀྱང་རང་གི་གྱོན་གོས་སོགས་འཁྲུ་དགོས་པ་ཡིན། དག་འབྱངས་བྱེད་པའི་ཁྲུས་ཆུ་དེར་ལག་པ་འཆང་མཁན་དེ་ནི་དགོང་དྲོ་བར་མི་གཙང་བར་གནས་རྒྱུ་ཡིན། 22སྐྱེ་བོ་མི་གཙང་བ་ཞིག་གིས་རེག་པའི་དངོས་པོ་ཚང་མ་མི་གཙང་བར་འགྱུར་རྒྱུ་ཡིན་པ་མ་ཟད། དེ་དག་ལ་འཆང་བ་ཡིན་ན། དེ་ནི་དགོང་དྲོ་བར་དུ་མི་གཙང་བར་གནས་རྒྱུ་ཡིན༎

གྲངས་ཀ 20

ཀ་དྷེཤི་ལ་བྱུང་བའི་ལོ་རྒྱུས།

(སྡེབ་ཐོན་ ༡༧:༡-༧)

1ཟླ་བ་དང་པོར་ཨིསི་རཱཨེལ་པའི་མི་སྡེ་ཡོངས་རྫོགས་ཛིན་གྱི་འབྲོག་སྟོང་ཁུལ་དུ་འབྱོར་ནས་ཀ་དྷེཤི་ལ་སྒར་ས་བརྒྱབ་པ་དང་། དེར་མིར་ཡམ་ཚེ་ལས་འདས་ནས་ས་གནས་དེ་རང་དུ་དུར་སར་སྦས་སོ། 2དེ་ཚོ་སྒར་ས་བརྒྱབ་པའི་གནས་དེར་ཆུ་མེད་པས། མི་མང་ཚོས་མོ་ཤེ་དང་ཨ་རོན་གཉིས་ལ་མཐའ་སྐོར་ནས། 3རྙོག་བརྗོད་བྱེད་གསལ། ང་ཚོའང་ཨིསི་རཱཨེལ་པ་གཞན་རྣམས་དང་མཉམ་དུ་གཙོ་བོ་དཀོན་མཆོག་གི་དབུ་གུར་དམ་པའི་མདུན་དུ་ཤི་བ་ཡིན་ན་ཅི་མ་རུང་། 4ཁྱོད་ཚོས་ག་རེའི་དོན་དུ་ང་ཚོ་ལ་འབྲོག་སྟོང་འདི་འདྲར་འཁྲིད་ཡོང་བ་ཡིན་ནམ། འདིར་ང་ཚོ་སེམས་ཅན་རྣམས་དང་མཉམ་དུ་ཤི་བཅུག་པའི་ཕྱིར་འཁྲིད་ཡོང་བ་ཡིན་ནམ། 5ཁྱོད་ཚོས་ང་ཚོ་ལ་ཨི་ཇིབ་ནས་བཏོན་ཏེ། ཐོན་སྐྱེད་སོགས་གང་ཡང་མེད་པའི་གནས་སྐྱོ་པོ་འདི་འདྲར་འཁྲིད་ཡོང་བ་དེ་གང་ཡིན་ནམ། གནས་དེར་འབྲུ་དང་སེ་ཡབ་ཤིང་གི་འབྲས་བུ་དང་རྒུན་འབྲུམ་དང་སེ་འབྲུ་སོགས་གང་ཡང་མེད་པ་མ་ཟད། འཐུང་ཆུ་ཙམ་ཡང་མི་འདུག་ཅེས་སྨྲས་པ་དང་། 6མོ་ཤེ་དང་ཨ་རོན་གཉིས་མི་ཚོགས་ཡོད་ས་ནས་ལོག་སུ་ཕྱིན་ཏེ། དབུ་གུར་དམ་པའི་སྒོར་ལངས་ཤིང་། ས་ཁར་མགོ་བོ་སྒུར་བ་དང་། གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ལྔན་པའི་འོད་ཟེར་བཀྲག་མདངས་ཆེན་པོ་དེ་ཁོ་ཚོའི་ཐོག་ཏུ་མངོན་ནོ། 7གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 8དམ་བཅའི་སྒྲོམ་གྱི་མདུན་དུ་ཡོད་པའི་འཁར་རྒྱུག་དེ་ལག་ཏུ་བླངས་ཏེ། ཨ་རོན་དང་ཁྱོད་གཉིས་ཀྱིས་ཨིསི་རཱཨེལ་པའི་མི་སྡེ་ཡོངས་རྫོགས་བཀོང་ནས་ཁོ་ཚོས་མཐོང་སར་བྲག་རི་དེ་ལ་གཏམ་གླེང་བྱོས་ཤིག་དང་། བྲག་རི་དེ་ནས་ཆུ་ཤུགས་ཆེན་པོ་ཞིག་ཐོན་པར་འགྱུར། དེ་ལྟར་ཁྱོད་ཚོ་མི་དང་སེམས་ཅན་ཚང་མའི་དོན་དུ་བྲག་རི་ནས་འཐུང་ཆུ་ཐོབ་པར་འགྱུར། 9དེ་ནས་གཙོ་བོ་དཀོན་མཆོག་གིས་བཀའ་གང་གནང་བ་བཞིན་མོ་ཤེས་འཁར་རྒྱུག་དེ་བླངས་ནས། 10ཁོ་དང་ཨ་རོན་གཉིས་ཀྱིས་མི་སྡེ་ཡོངས་རྫོགས་བྲག་རིའི་མདུན་དུ་བཀོང་ནས་མོ་ཤེས་སྨྲས་པ། ཀྱེ་ངོ་ལོག་པ་རྣམས་ཚུར་ཉོན་ཅིག ད་ང་ཚོ་བྲག་རི་འདི་ལས་ཁྱོད་ཚོའི་དོན་དུ་ཆུ་བཏོན་དགོས་སམ། 11དེ་ནས་མོ་ཤེས་འཁར་རྒྱུག་དེ་ཡར་འཕྱར་ནས་བྲག་གི་ཁར་ལན་གཉིས་ཞུས་པ་དང་། དེ་ལས་ཆུ་ཤུགས་ཆེན་པོ་ཞིག་ཐོན་ནས་མི་དང་སེམས་ཅན་ཚང་མས་དེ་ལས་འཐུང་བ་ཡིན་ནོ། 12འོན་ཀྱང་གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་གཉིས་ལ་བཀའ་བཀྱོན་གནང་ཞིང་གསུངས་པ། ངའི་ནུས་མཐུ་དམ་པ་དེ་ཁྱོད་ཚོས་མི་མང་རྣམས་ཀྱི་མདུན་དུ་ངོས་ལེན་བྱེད་པའི་དད་པ་ཆ་ཚང་མེད་པའི་རྐྱེན་གྱིས། སྔར་ངས་ཁོ་ཚོར་སྤྲོད་རྒྱུའི་དམ་བཅའ་བྱས་པའི་ཡུལ་དེར་ཁྱོད་ཚོས་དེ་དག་འཁྲིད་དེ་འགྲོ་མི་ཡོང་། 13ལོ་རྒྱུས་འདི་ནི་མེ་རི་བཱ་མེ་རི་བཱ: ཨིབ་རི་པའི་སྐད་དུ་མེ་རི་བཱ་ཞེས་པའི་དོན་ནི་རྙོག་གཏམ་ཡིན་ནོ། སྡེབ་ཐོན་ ༡༧:༧ ནང་དུའང་གསལ་ཡོད། རུ་བྱུང་བ་ཡིན་ནོ། དེར་མི་མང་ཚོས་གཙོ་བོ་དཀོན་མཆོག་ལ་རྒོལ་ཞིང་རྙོག་བརྗོད་ཞུས་པ་དང་། ཁོང་གིས་རང་ཉིད་དམ་པ་ཡིན་པའི་མངོན་རྟགས་དེ་ཚོར་བསྟན་པ་གནང་བ་ཡིན་ནོ༎

ཨེ་དྷོམ་གྱི་རྒྱལ་པོས་ཨིསི་རཱཨེལ་པ་རྣམས་ལ་རྒལ་མ་བཅུག་པ།

14མོ་ཤེས་ཀ་དྷེཤི་ནས་ཨེ་དྷོམ་གྱི་རྒྱལ་པོའི་དྲུང་དུ་བང་ཆེན་རྣམས་བཏང་ཞིང་། དེ་དག་གིས། ཨིསི་རཱཨེལ་གྱི་སྡེ་རིགས་ཀྱི་ཁོངས་ནས་ཁྱེད་ཀྱི་སྐུ་མཆེད་ཡིན་པ་རྣམས་ནས་ལོན་འདི་བསྐུར་ཡོད། ང་ཚོས་མྱང་དགོས་པའི་དཀའ་ངལ་གྱི་སྐོར་ལ་ཁྱེད་ཀྱིས་མཁྱེན་གསལ་ལྟར། 15སྔར་ང་ཚོའི་ཕ་མེས་རྣམས་ཇི་ལྟར་ཨི་ཇིབ་དུ་ཕྱིན་ནས་དེར་ང་ཚོ་ལོ་མང་བསྡད་དགོས་བྱུང་བ་དང་། དེ་བཞིན་ཨི་ཇིབ་པ་ཚོས་ང་ཚོའི་ཕ་མེས་དང་ང་ཚོར་སྡུག་སྤྱོད་བྱེད་སྐབས། 16ང་ཚོས་གཙོ་བོ་དཀོན་མཆོག་ལ་མགོན་སྐྱབས་ཀྱི་ཞུ་འབོད་བྱས་པ་ཡིན། ཁོང་གིས་ང་ཚོའི་ཞུ་བར་གསན་ནས་ཕོ་ཉ་ཞིག་གཏོང་བ་གནང་ཞིང་། དེས་ང་ཚོ་ཨི་ཇིབ་ནས་བཏོན་ཏེ་འཁྲིད་ཕེབས་ཤིང་། ད་ལྟ་ང་ཚོ་ཁྱེད་ཀྱི་ཡུལ་གྱི་ས་མཚམས་སུ་ཡོད་པའི་ས་གནས་ཀ་དྷེཤི་ཞེས་པར་འབྱོར་ཡོད། 17ང་ཚོ་ལ་ཁྱེད་ཀྱི་ཡུལ་བརྒྱུད་ནས་འགྲོ་བཅུག་རོགས་གནང་། ང་ཚོ་རང་གི་ཕྱུགས་ཟོག་དང་བཅས་པས་ཁྱེད་ཀྱི་ཡུལ་གྱི་གཞུང་ལམ་སྤངས་ནས་ཞིང་དང་རྒུན་ཚལ་ཁག་ཏུ་འཛུལ་མི་ཡོང་། ང་ཚོས་ཁྱེད་ཀྱི་ཡུལ་གྱི་ཁྲོན་པ་ཁག་ནས་ཆུ་ཡང་འཐུང་མི་ཡོང་། ཁྱེད་ཀྱི་ཡུལ་གྱི་ས་མཚམས་མ་རྒལ་བར་དུ་ང་ཚོ་གཞུང་ལམ་ཁོ་ན་བརྒྱུད་ནས་འགྲོ་རྒྱུ་ཡིན་ཞེས་སྨྲས་མོད། 18འོན་ཀྱང་དེའི་ལན་དུ་ཨེ་དྷོམ་པ་ཚོས་ཁྱོད་ཚོ་ང་ཚོའི་ཡུལ་བརྒྱུད་ནས་འགྲོ་བཅུག་གི་མིན། གལ་སྲིད་ཁྱོད་ཚོས་དེ་འདྲ་བྱེད་པ་ཡིན་ན་ང་ཚོས་ཁྱོད་ཚོའི་ཐོག་ཏུ་འཐབ་རྒོལ་བྱེད་རྒྱུ་ཡིན་ཞེས་སྨྲས་སོ། 19ཨིསི་རཱཨེལ་པ་ཚོས་སྨྲས་པ། ང་ཚོ་གཞུང་ལམ་ཁོ་ན་བརྒྱུད་ནས་འགྲོ་རྒྱུ་ཡིན་པ་དང། གལ་སྲིད་ང་ཚོ་དང་ང་ཚོའི་ཕྱུགས་ཟོག་དང་བཅས་པས་ཁྱེད་ཀྱི་ཡུལ་གྱི་ཆུ་ལས་འཐུང་བ་ཡིན་ན། ང་ཚོས་ཁྱེད་ལ་ཆུ་རིན་འབུལ་ཆོག་པ་ཞུ་རྒྱུ་ཡིན། ད་ང་ཚོ་ཁྱེད་ཀྱི་ཡུལ་བརྒྱུད་ནས་གཅིག་པོ་འགྲོ་བར་འདོད་དོ། 20ཨེ་དྷོམ་པ་ཚོས་སྐྱར་དུ། ང་ཚོས་ཁྱོད་ཚོ་འགྲོ་རུ་བཅུག་གི་མིན་ཞེས་སྨྲས་ནས། ཨིསི་རཱཨེལ་པ་རྣམས་ལ་དམག་འཐབ་བྱེད་ཕྱིར་དམག་དཔུང་སྟོབས་ཤུགས་ཆེན་པོ་ཞིག་འཁྲིད་ནས་ཐོན་ནོ། 21ཨེ་དྷོམ་པ་ཚོས་ཨིསི་རཱཨེལ་པ་རྣམས་ལ་རང་གི་ས་ཁུལ་ནས་འགྲོ་མ་བཅུག་པའི་རྐྱེན་གྱིས་ཁོ་ཚོ་ལམ་གཞན་བརྒྱུད་ནས་ཕྱིན་ནོ༎

ཨ་རོན་ཚེ་ལས་འདས་པ།

22ཨིསི་རཱཨེལ་པའི་མི་སྡེ་ཡོངས་རྫོགས་ཡུལ་ཀ་དྷེཤི་ནས་ཐོན་ཏེ། 23ཨེ་དྷོམ་གྱི་ས་མཚམས་སུ་ཡོད་པའི་ཧོར་ཞེས་པའི་རི་བོར་བསླེབས་སོ། དེར་གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་གཉིས་ལ་གསུངས་པ། 24ངས་ཨིསི་རཱཨེལ་པ་རྣམས་ལ་སྤྲོད་རྒྱུའི་དམ་བཅའ་བྱས་པའི་ཡུལ་དེར་འཛུལ་ཐུབ་མི་ཡོང་། ཁོ་ནི་ཤི་བར་འགྱུར། གང་ལགས་ཟེར་ན། མེ་རི་བཱ་རུ་ཁྱོད་གཉིས་ཀྱིས་ངའི་བཀའ་ལ་ངོ་ལོག་བྱས་པས་སོ། 25ཨ་རོན་དང་ཁོའི་བུ་ཨེ་ལི་ཟར་རི་བོ་ཧོར་དུ་འཁྲིད་དེ། 26དེར་ཨ་རོན་ལས་བླ་མའི་གོས་དེ་མར་ཕུད་དེ་ཨེ་ལི་ཛར་ལ་གཡོགས་དགོས་སོ། དེ་རྗེས་ཨ་རོན་གནས་དེར་ཤི་བར་འགྱུར། 27མོ་ཤེས་གཙོ་བོ་དཀོན་མཆོག་གིས་བཀའ་གང་གནང་བ་བཞིན་བྱས་ཏེ། ཨིསི་རཱཨེལ་པའི་མི་སྡེ་ཡོངས་རྫོགས་ཀྱིས་བལྟ་བཞིན་རི་བོ་ཧོར་དུ་ཕྱིན་ནོ། 28དེར་མོ་ཤེས་བླ་མ་ཨ་རོན་གྱི་གོས་དེ་མར་ཕུད་ནས་ཨེ་ལི་ཛར་ལ་གཡོག་སོ། དེ་རྗེས་རི་བོའི་རྩེ་རུ་ཨ་རོན་ཚེ་ལས་འདས་ཤིང་། མོ་ཤེ་དང་ཨེ་ལི་ཟར་གཉིས་མར་ཕྱིར་ལོག་བབསོ། 29ཨ་རོན་གྲོངས་པའི་སྐོར་མི་སྡེ་ཡོངས་ཀྱི་ཧ་གོ་ནས་ཉིན་ཞག་གསུམ་བཅུ་བར་དུ་མྱ་ངན་བསྲུངས་སོ༎

གྲངས་ཀ 21

ཀ་ནན་པ་ཚོའི་ཐོག་ཏུ་རྒྱལ་ཁ།

1ཀ་ནན་ཡུལ་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཨ་རད་ཀྱི་རྒྱལ་པོ་ཀ་ནན་པ་དེས་ཨིསི་རཱཨེལ་པ་རྣམས་ས་གནས་ཨ་ཐ་རིམ་གྱི་ལམ་བརྒྱུད་དེ་ཡོང་གི་ཡོད་པའི་སྐོར་ཐོས་ནས་དེ་ཚོའི་ཐོག་ཏུ་དམག་འཐབ་བྱས་ཏེ། འགའ་ཤས་འཛིན་བཟུང་བྱས་སོ། 2ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་ལ་དམ་བཅའ་ཞིག་ཕུལ་ཏེ་སྨྲས་པ། གལ་ཏེ་ཁྱེད་ཀྱིས་མི་འདི་ཚོ་ང་ཚོའི་ལག་ཏུ་གནང་བ་ཡིན་ན། ང་ཚོས་དེ་ཚོའི་གྲོང་ཁྱེར་ཆ་ཚང་རྩ་མེད་གཏོང་རྒྱུ་ཡིན། 3གཙོ་བོ་དཀོན་མཆོག་གིས་དེ་ཚོའི་ཞུ་བར་གསན་ཏེ། ཀ་ནན་པ་འཕམ་པར་བྱེད་ཕྱིར་ཁོ་ཚོར་རོགས་གནང་བས། ཨིསི་རཱཨེལ་པ་ཚོས་དེ་དག་དང་དེ་ཚོའི་གྲོང་ཁྱེར་རྣམས་ཡོངས་སུ་རྩ་མེད་བཟོས་ནས་གནས་དེའི་མིང་ལ་ཧོར་མཱ་ཞེས་བཏགས་སོ༎

ལི་ལས་བཟོས་པའི་སྦྲུལ།

4དེ་ནས་ཨིསི་རཱཨེལ་པ་རྣམས་རི་བོ་ཧོར་ནས་ཐོན་ཏེ། རྒྱ་མཚོ་དམར་པོ་འགྲོ་བའི་ལམ་བརྒྱུད་དེ་ཡུལ་ཨེ་དྷོམ་མཐའ་བསྐོར་ནས་ཕྱིན་ནོ། འོན་ཀྱང་ལམ་དུ་འགྲོ་དུས་མི་མང་རྣམས་ཡིད་ཐང་ཆད་ནས། 5དཀོན་མཆོག་དང་མོ་ཤེ་ལ་བཀུར་བ་འདེབས་ཤིང་རྙོག་བརྗོད་བྱེད་དེ་སྨྲས་པ། ཁྱེད་ཀྱིས་ང་ཚོ་ཨི་ཇིབ་ནས་བཏོན་ཏེ་བཟའ་བཏུང་སོགས་གང་ཡང་མེད་པའི་འབྲོག་སྟོང་འདིར་ང་ཚོ་ཤི་བའི་ཕྱིར་འཁྲིད་ཡོང་དགོས་པ་དེ་གང་ཡིན་ནམ། ད་ནི་ཁ་ཟས་སྐྱོ་པོ་འདི་ལ་ཞེ་ཁྲེལ་བྱུང་། 6དེ་ནས་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོའི་ཁྲོད་དུ་དུག་སྦྲུལ་གདུག་པ་ཅན་རྣམས་གཏོང་གནང་བས། སྦྲུལ་གྱི་སོ་བརྒྱབ་ནས་ཨིསི་རཱཨེལ་པ་མང་པོ་ཞིག་ཤིའོ། 7མི་དམངས་རྣམས་མོ་ཤེའི་རྩར་ཡོང་ནས། ང་ཚོས་གཙོ་བོ་དཀོན་མཆོག་དང་ཁྱེད་ལ་བཀུར་བ་འདེབས་ནས་སྡིག་པ་བྱས་པ་ཡིན། ད་སྦྲུལ་འདི་ཚོ་ཐར་སྤྲོད་གནང་རོགས་གནང་ཞེས་ཁྱེད་ཀྱིས་གཙོ་བོ་དཀོན་མཆོག་ལ་ཐུགས་སྨོན་གནང་རོགས་གནང་ཞེས་ཞུས་སོ། མོ་ཤེས་མི་རྣམས་ཀྱི་ཆེད་དུ་དེ་བཞིན་སྨོན་ལམ་འདེབས་སོ། 8དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་ལི་ལས་སྦྲུལ་ཞིག་བཟོས་ནས་ཀ་བའི་ཁར་འཕྱར་དགོས་སོ། སྦྲུལ་གྱིས་སོ་བརྒྱབ་པ་སུས་ཀྱང་ལི་གི་སྦྲུལ་དེ་ལ་བལྟ་བ་ཡིན་ན་དྲག་གསོ་བར་འགྱུར་རོ་ཞེས་གསུངས་སོ། 9དེར་བརྟེན་མོ་ཤེས་ལི་ལས་སྦྲུལ་ཞིག་བཟོས་ནས་ཀ་བར་འཕྱར་བ་དང་། སྦྲུལ་གྱིས་སོ་བརྒྱབ་པ་སུས་ཀྱང་ལིའི་སྦྲུལ་དེར་བལྟ་བ་དང་དྲག་གསོ་གི་ཡོད་པ་ཡིན་ནོ༎

རི་བོ་ཧོར་ནས་མོ་ཨབ་པའི་ལུང་གཤོང་བར།

10ཨིསི་རཱཨེལ་པ་རྣམས་མདུན་བསྐྱོད་བྱས་ཏེ་ཨོ་བྷོད་དུ་སྒར་ས་བརྒྱབ་བོ། 11དེ་རྗེས་ཁོ་ཚོ་གནས་དེ་ནས་ཐོན་ཏེ་མོ་ཨབ་པའི་ཡུལ་གྱི་ཤར་ཕྱོགས་ཀྱི་འབྲོག་སྟོང་ཁུལ་དུ་ཡོད་པའི་ཨི་ཡེ་ཨ་བྷ་རིམ་ཟེར་བར་སྒར་ས་བརྒྱབ་བོ། 12དེ་རྗེས་ཁོ་ཚོས་ཛེ་རེད་ཀྱི་ལུང་གཤོང་ཁུལ་དུ་སྒར་བརྒྱབ་བོ། 13དེ་རྗེས་ཁོ་ཚོ་ཡང་སྐྱར་ཐོན་ཏེ་ཨ་མོར་པའི་ཡུལ་བར་དུ་ཁྱབ་ཡོད་པའི་འབྲོག་སྟོང་ཁུལ་གྱི་གཙང་པོ་ཨར་ནོན་གྱི་བྱང་ཕྱོགས་སུ་སྒར་ས་བརྒྱབ་པ་ཡིན་ནོ། (ཨར་ནོན་ནི་མོ་ཨབ་པ་དང་ཨ་མོར་པ་རྣམས་ཀྱི་དབུས་ཀྱི་ས་མཚམས་འཁེལ་བ་ཡིན་པས། 14དམག་གི་ལོ་རྒྱུས་འཁོད་པའི་གཙོ་བོ་དཀོན་མཆོག་གི་དེབ་ཀྱི་ནང་དུའང་འདི་ལྟར་གསལ་ཡོད།) སུ་ཕཱའི་ས་ཁུལ་དུ་ཡོད་པའི་ཝ་ཧེབ་གྲོང་ཁྱེར་དང་ལུང་གཤོང་རྣམས་དང་། གཙང་པོ་ཨར་ནོན་དང་། 15གྲོང་ཁྱེར་ཨར་དང་མོ་ཨབ་ཡུལ་གྱི་ས་མཚམས་བར་དུ་ཁྱབ་པའི་ལུང་གཤོང་གི་ཐུར་དུ་བབ་པའི་ས་ཁུལ་ཁག་བཅས་སོ། 16དེ་རྗེས་ཁོ་ཚོ་བེ་ཨོར་ཟེར་བའི་ཁྲོན་པར་འབྱོར་བ་དང་། དེར་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། མི་རྣམས་འདིར་བཀོང་ཞིག་དང་ངས་དེ་ཚོར་ཆུ་སྟེར་བར་བྱ་ཞེས་གསུངས་པ་དང་། 17སྐབས་དེར་ཨིསི་རཱཨེལ་པ་ཚོས་གཤམ་གསལ་ལྟར་མགུར་མ་ལེན་ནོ། ཀྱེ། ཁྲོན་པ་རྣམས་རང་གི་ཆུ་ཡར་བཏོན་ཞིག། ང་ཚོས་མགུར་མ་ལེན་ནས་དེ་ལ་བསུ་བར་བྱ། 18ཁྲོན་པ་དེ་ནི་རྒྱལ་སྲས་རྣམས་ཀྱིས་བྲུས། མི་མང་གི་འགོ་བྱེད་རྣམས་ཀྱིས། ཕྱག་བེར་དང་དབྱུག་པས་བྲུས་པ་ཡིན་ནོ། ཁོ་ཚོ་འབྲོག་སྟོང་དེ་ནས་ཐོན་ཏེ་མཏ་ཏ་ནཱ་ཞེས་པའི་ས་གནས་སུ་བསླེབས་སོ། 19ཡང་དེ་ནས་ཐོན་ཏེ་ན་ཧ་ལི་ཨེལ་དུ་བསླེབས་སོ། དེ་རྗེས་བྷ་མོཐ་ནང་། 20བྷ་མོཐ་ནས་མོ་ཨབ་པའི་ཡུལ་གྱི་ལུང་གཤོང་ཁུལ་དུ་སོང་ངོ་། ལུང་གཤོང་དེ་ནི་རི་བོ་པིསི་གཱའི་ཤམ་དུ་འབྲོག་སྟོང་གི་ས་ཁུལ་ཚང་མ་མཐོང་ཐུབ་པ་ཡོད་པ་ཡིན་ནོ༎

རྒྱལ་པོ་སི་ཧོན་དང་རྒྱལ་པོ་ཨོག་གཉིས་འཕམ་པ།

(བཀའ་ཁྲིམས་སྐྱར་བཤད་ ༢:༢༦-༣༡)

21དེ་ནས་ཨིསི་རཱཨེལ་པ་ཚོས་ཨ་མོར་པའི་རྒྱལ་པོ་སི་ཧོན་གྱི་རྩར་བང་ཆེན་རྣམས་བཏང་ནས་སྨྲས་པ། 22ང་ཚོ་ལ་ཁྱེད་ཀྱི་ཡུལ་བརྒྱུད་ནས་འགྲོ་རུ་འཇུག་རོགས་གནང་། ང་ཚོ་དང་ང་ཚོའི་ཟོག་སེམས་ཅན་རྣམས་གཞུང་ལམ་འགལ་ནས་ཕར་ཚུར་ཞིང་ངམ་རྒུན་ཚལ་ཁག་ཏུ་འཛུལ་མི་ཡོང་། ཁྱེད་ཀྱི་ཁྲོན་པའི་ཆུའང་འཐུང་མི་ཡོང་། ང་ཚོ་ཁྱེད་ཀྱི་ཡུལ་ནས་མ་ཐོན་བར་དུ་ལམ་ཆེན་ཁོ་ན་བརྒྱུད་དེ་འགྲོ་གི་ཡིན་ཞེས་སྨྲས་ཀྱང་། 23སི་ཧོན་གྱིས་ཨིསི་རཱཨེལ་པ་རྣམས་རང་གི་ཡུལ་བརྒྱུད་ནས་འགྲོ་མ་བཅུག་གོ ཁོས་རང་གི་དམག་མི་རྣམས་བཀོང་ནས་འབྲོག་སྟོང་གི་ས་གནས་ཡ་ཧཱཛ་བར་དུ་ཕྱིན་ཏེ་ཨིསི་རཱཨེལ་པ་ཚོའི་སྟེང་དུ་འཐབ་རྒོལ་བྱས་སོ། 24འོན་ཀྱང་ཨིསི་རཱཨེལ་པ་ཚོས་དམག་སར་དགྲ་བོ་མང་པོ་བསད་དེ་གཙང་པོ་ཨར་ནོན་ནས་བྱང་ཕྱོགས་ཡ་བྷོག་བར་དུ་རང་གི་དབང་དུ་བསྡུས་པ་ཡིན་ནོ། དེ་བཞིན་དེ་དག་ཨམ་མོན་པ་རྣམས་ཡོད་པའི་གནས་བར་དུ་སླེབས་སོ། གང་ལ་ཟེར་ན་ཨམ་མོན་པ་རྣམས་ཀྱི་ས་མཚམས་ནི་བཙན་པོར་སྲུང་ཡོད་པ་ཡིན་ནོ། 25དེ་བཞིན་ཨིསི་རཱཨེལ་པ་ཚོས་ཨ་མོར་པའི་གྲོང་ཁྱེར་ཁག་དང་ཧེཤ་བྷོན་དང་དེའི་ཉེ་འགྲམ་གྱི་གྲོང་ཁྱེར་རྣམས་རང་གི་དབང་དུ་བསྡུས་ནས་དེར་གཞིས་ཆགས་ཤིང་གནས་སོ། 26ཨ་མོར་པའི་རྒྱལ་པོ་སི་ཧོན་གྱི་རྒྱལ་ས་ནི་ཧེཤ་བྷོན་དུ་ཡོད་ཅིང་། སི་ཧོན་གྱིས་སྔར་མོ་ཨབ་པའི་རྒྱལ་པོ་དང་དམག་འཐབ་བྱས་ནས་གཙང་པོ་ཨར་ནོན་བར་དུ་ཁྱབ་ཡོད་པའི་ཁོའི་ཡུལ་ལུང་ཚང་མ་རང་གི་དབང་དུ་བསྡུས་སོ། 27དེར་བརྟེན་པས་སྙན་ངག་མཁན་རྣམས་ཀྱིས་གཤམ་གསལ་ལྟར་གླུ་གཞས་གཏོང་གི་ཡོད་དོ། སི་ཧོན་རྒྱལ་པོའི་གྲོང་ཁྱེར་ཧེཤ་བྷོན་དུ་ཤོག་ཅིག ཡུལ་དེ་སླར་གསོ་འཛུགས་བསྐྲུན་བྱུང་བ་དེ། ང་ཚོས་མཐོང་བའི་རེ་འདོད་སེམས་ལ་བསྐྱེད། 28རེ་ཞིག་ཧེཤ་བྷོན་གྲོང་ཁྱེར་འདིའི་ནང་ནས། སི་ཧོན་དམག་མི་མེ་བཞིན་སྔོན་དུ་རྒྱུག། དེས་ནི་མོ་ཨབ་ཡུལ་གྱི་གྲོང་ཁྱེར་ཨར་ནི་འཇིག་པར་བྱས། ཨར་ནོན་སྟོད་ཀྱི་རི་ཁུལ་རྣམས་ནི་ཚར་བཅད་བཏང། 29ཀྱེ། མོ་ཨབ་ཡུལ་དུ་གནས་པའི་ཡུལ་མི་རྣམས། གཏམ་དེ་ཁྱོད་དོན་ཉེན་ཚབས་ཅི་ལྟར་ཆེའོ། ཁྱོད་ཚོ་ཀེ་མོཤ་ལ་མཆོད་མཁན་རྣམས། གཅིག་ཀྱང་མ་ལུས་ཡོངས་སུ་འཇིགས་པར་བྱས། ཁྱོད་ཚོའི་ལྷ་ཡིས་སྐྱེས་པ་རྣམས་ལ་ནི། སྐྱབས་བཅོལ་པ་ཡི་གནས་སྟངས་འགྱུར་བཅུག་གོ དེ་བཞིན་ཁྱོད་ཚོའི་བུད་མེད་རྣམས་ལ་ནི། ཨ་མོར་པ་ཡི་རྒྱལ་པོའི་བཙོན་དུ་བཅུག། 30འོན་ཀྱང་ད་ནི་ཧེཤ་བྷོན་ནས་དྷི་བྷོན་བར། དེ་བཞིན་ས་གནས་ན་ཤིམ་ཞེས་པ་ནས། མེ་དྷེ་བྷ་ཡི་ཉེ་འགྲམ་ནོ་པཱ་བར། ཁྱབ་ནས་ཡོད་པའི་དེ་ཚོའི་བུ་བརྒྱུད་རྣམས་ནི་འཇིག་ནས་ཡོད། 31དེ་བཞིན་ཨིསི་རཱཨེལ་པ་རྣམས་ཨ་མོར་པ་ཚོའི་ཡུལ་དུ་གནས་སྡོད་བྱས་སོ། 32སྐབས་དེར་མོ་ཤེ་གྲོང་ཁྱེར་ཡ་ཛེར་དུ་འཐབ་གོལ་ཇི་ལྟར་བྱེད་དགོས་པའི་ཐབས་བཟང་ཤོས་དེ་ཤེས་རྟོགས་བྱེད་པར་རང་གི་མི་རྣམས་བཏང་བས། ཨིསི་རཱཨེལ་པ་ཚོས་གྲོང་ཁྱེར་དེ་དང་དེའི་མཐའ་སྐོར་དུ་ཡོད་པའི་གྲོང་ཚོ་གཞན་རྣམས་དབང་དུ་བསྡུས་པ་དང། དེར་གནས་སྡོད་བྱས་པའི་ཨ་མོར་པ་རྣམས་ཕྱིར་འདེད་བྱས་སོ། 33དེ་རྗེས་ཨིསི་རཱཨེལ་པ་རྣམས་ལམ་བསྐོར་ནས་བྷ་ཤཱན་དུ་འགྲོ་བའི་ལམ་དེ་འཇུས་སོ། བྷ་ཤཱན་གྱི་རྒྱལ་པོ་ཨོག་གིས་རང་གི་དམག་མི་རྣམས་འཁྲིད་ནས་དེ་ཚོར་འཐབ་རྒོལ་བྱེད་ཕྱིར་ཨེད་རེ་ཨི་ཞེས་པའི་གནས་སུ་ཐོན་ནོ། 34སྐབས་དེར་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། ཁྱོད་ཁོ་ལ་འཇིག་མི་དགོས། ངས་ཁྱོད་ལ་ཁོ་དང་ཁོའི་འབངས་མི་སེར་དང་དེ་བཞིན་ཁོའི་ཡུལ་ལུང་ཚང་མའི་ཐོག་ཏུ་རྒྱལ་ཁ་སྟེར་རྒྱུ་ཡིན་པས། སྔར་ཁྱོད་ཀྱི་ཧེཤ་བྷོན་དུ་རྒྱལ་སྲིད་སྐྱོང་མཁན་ཨ་མོར་པའི་རྒྱལ་པོ་སི་ཧོན་ལ་གང་བྱས་པ་བཞིན་ཁོ་ལའང་དེ་ལྟར་བྱས་ཤིག་ཅེས་གསུངས་སོ། 35ཨིསི་རཱཨེལ་པ་ཚོས་ཨོག་དང་ཁོའི་བུ་རྣམས་དང་དེ་བཞིན་ཁོའི་མི་འབངས་ཚང་མ་བསད་དེ། དེ་ཚོའི་མི་ཤུལ་གཅིག་ཀྱང་མ་ལུས་པར་བྱས་པ་མ་ཟད། དེ་ཚོས་ཁོའི་ཡུལ་དེའང་དབང་འཛིན་བྱས་སོ༎

གྲངས་ཀ 22

མོ་ཨབ་ཀྱི་རྒྱལ་པོས་བྷ་ལམ་ལ་བོས་པ།

1ཨིསི་རཱཨེལ་པ་རྣམས་མདུན་བསྐྱོད་བྱེད་དེ་མོ་ཨབ་ཀྱི་ཤར་ཕྱོགས་ཀྱི་ཐང་དུ་སྒར་ས་བརྒྱབ་ནས་བསྡད་དོ། ཡང་ས་གནས་དེ་ནི་ཡོར་དན་གྱི་ཤར་ཕྱོགས་དང་ཡ་རི་ཀོའི་མདུན་ངོས་སུ་འཁེལ་གྱི་ཡོད་པ་ཡིན་ནོ། 2ཛིབ་པོར་གྱི་བུ། མོ་ཨབ་ཀྱི་རྒྱལ་པོ་བྷ་ལག་གིས་ཨིསི་རཱཨེལ་པ་ཚོའི་གྲངས་འབོར་ག་ཚོད་ཡོད་མེད་དང་། ཨིསི་རཱཨེལ་པ་ཚོས་ཨ་མོར་པ་རྣམས་ལ་གང་བྱས་པའི་སྐོར་ཐོས་ནས། 3ཁོ་དང་ཁོའི་མི་འབངས་ཚང་མར་ཧ་ཅང་འཇིག་སྣང་ཆེན་པོ་བྱུང་ངོ་། 4དེ་རྗེས་མོ་ཨབ་ཚོས་མིད་ཡན་པ་རྣམས་ཀྱི་འགོ་བྱེད་ཚོ་ལ། གླང་གིས་རྩ་ཁར་རྩ་ཟས་པ་བཞིན་ཨིསི་རཱཨེལ་པ་འདི་ཚོའི་མི་ཚོགས་ཀྱིས་ང་ཚོའི་མཐའ་འཁོར་ལ་ཡོད་པ་ཚང་མ་རྩ་མེད་གཏོང་ཉེན་འདུག་ཅེས་སྨྲས་པ་དང་། རྒྱལ་པོ་བྷ་ལག་གིས། 5བྷི་ཨོར་གྱི་བུ་བྷ་ལམ་ལ་འབོད་པའི་ཕྱིར་བང་ཆེན་རྣམས་བཏང་ངོ་། སྐབས་དེར་བྷ་ལམ་ནི་ཡུབ་རད་གཙང་པོའི་འགྲམ་དུ་ཡོད་པའི་ཡུལ་ཨ་མའོ་ཞེས་པའི་ས་གནས་པེ་ཐོར་ལ་ཡོད་པ་ཡིན་ཏེ། དེ་ཚོས་ཁོའི་རྩར་བྷ་ལག་ནས་བཏང་བའི་གཤམ་གསལ་ལན་དེ་བསྐྱེལ་ལོ། ངས་ཁྱེད་ལ་སྙན་གསན་ཞུ་རྒྱུར། ཨི་ཇིབ་ནས་ཨིསི་རཱཨེལ་མི་རིགས་ཡོངས་རྫོགས་ཤིག་ཕྱིར་ཐོན་བྱས་ཡོད་པས། དེ་ཚོས་ཕྱོགས་ཀུན་ཏུ་ཁྱབ་ནས་འགྲོ་གི་ཡོད་པ་དང། དེ་ཚོས་ང་ཚོའི་ཡུལ་ཡང་དབང་འཛིན་བྱེད་རྒྱུའི་སྡིག་ར་བསྐུལ་གྱི་འདུག 6དེ་ཆོའི་གྲངས་འབོར་ནི་ང་ཚོ་ལས་མང་བ་འདུག་པས། ད་ཁྱེད་ཕེབས་ནས་དེ་ཚོར་ངའི་ཕྱིར་དམོད་པ་ཞིག་གནང་བར་མཛོད། དེ་ལྟར་གནང་བ་ཡིན་ན་ང་ཚོས་དེ་དག་ལས་རྒྱལ་ཞིང་དེ་ཚོ་ཡུལ་ནས་ཕྱིར་སྐྲོད་བྱེད་ཐུབ་མི་ཡོང་ངམ། ཁྱེད་ཀྱིས་གཞན་ལ་བྱིན་རླབས་གནང་དུས་དེ་ཚོར་བྱིན་རླབས་ཐོབ་པ་དང་། དེ་བཞིན་དམོད་པ་བཏང་དུས་དེ་ཚོར་དམོད་པ་འཕོག་གི་ཡོད་པ་དེ་ངས་ཤེས་ཀྱི་ཡོད། 7དེ་ནས་མོ་ཨབ་པ་དང་མིད་ཡན་པའི་འགོ་བྱེད་ཚོས། དམོད་པའི་དོན་དུ་སྤྲོད་དགོས་པའི་དངུལ་དག་འཁྱེར་ཏེ། བྷ་ལམ་ལ་བྷ་ལག་གིས་བསྐུར་བའི་ལེན་དེ་བཤད་པ་དང་། 8བྷ་ལམ་གྱིས་དེ་དག་ལ། དོ་དགོང་ཁྱོད་ཚོ་འདི་གར་ཞག་སྡོད་བྱེད་དགོས། གཙོ་བོ་དཀོན་མཆོག་གིས་ང་ལ་གང་གསུངས་པ་དེ་ངས་ཁྱོད་ཚོར་སང་ཉིན་ལབ་ཀྱི་ཡིན་ཞེས་སྨྲས་སོ། དེར་བརྟེན་མོ་ཨབ་པའི་འགོ་བྱེད་རྣམས་བྷ་ལམ་དང་མཉམ་དུ་བསྡད་དོ། 9གཙོ་བོ་དཀོན་མཆོག་བྷ་ལམ་གྱི་རྩར་ཕེབས་ནས། ཁྱོད་དང་མཉམ་དུ་སྡོད་མཁན་མི་དེ་ཚོ་སུ་ཡིན་ནམ་ཞེས་གསུངས་པས། 10བྷ་ལམ་གྱིས། མོ་ཨབ་ཀྱི་རྒྱལ་པོ་བྷ་ལག་གིས་དེ་ཚོ་ངའི་རྩར་བཏང་བ་རེད། 11ཨི་ཇིབ་ནས་ཐོན་ཡོང་་བའི་མི་རིགས་ཤིག་ཡུལ་ཚང་མར་ཁྱབ་ཡོད་པས། ཁོང་གིས་དེ་ཚོར་དམག་འཐབ་ནས་མཐར་སྐྲོད་བྱེད་ཐུབ་པའི་ཕྱིར་ངས་དེ་ཚོར་དམོད་པ་བརྒྱབ་དགོས་ཅེས་ལེན་བསྐུར་འདུག་ཞུས་པས། 12དེ་ནས་གཙོ་བོ་དཀོན་མཆོག་གིས་བྷ་ལམ་ལ། ཁྱོད་མི་འདི་ཚོ་དང་མཉམ་དུ་མ་འགྲོ། ཨིསི་རཱཨེལ་པ་རྣམས་ལ་དམོད་པ་མ་བརྒྱབ་ཅིག གང་ལ་ཟེར་ན། ངས་དེ་ཚོར་བྱིན་གྱིས་བརླབས་ཡོད་ཅེས་གསུངས་སོ། 13སང་ཉིན་སྔ་དྲོ་བྷ་ལམ་བྷ་ལག་གི་བང་ཆེན་རྣམས་ཀྱི་རྩར་ཕྱིན་ཏེ། ད་ཁྱོད་ཚོ་རང་གི་ནང་དུ་ཕྱིར་ལོག་བྱོས་ཤིག གཙོ་བོ་དཀོན་མཆོག་གིས་ང་ལ་ཁྱོ་ཚོ་དང་མཉམ་དུ་འགྲོ་ཆོག་པའི་དགོངས་པ་གནང་མ་བྱུང་ཞེས་སྨྲས་པ་དང་། 14དེ་ཚོ་བྷ་ལག་གི་རྩར་ཕྱིར་ལོག་བྱས་ཏེ། བྷ་ལམ་ཡོང་འདོད་མ་བྱས་པའི་གནས་ཚུལ་དེ་ཁོ་ལ་བཤད་དོ། 15དེ་ནས་བྷ་ལག་གིས་སྔོན་ལས་མི་གྲངས་མང་བ་དང་འགོ་བྱེད་གལ་ཆེ་བ་རྣམས་བྷ་ལམ་གྱི་རྩར་བཏང་ཞིང་། 16དེ་ཚོ་བྷ་ལམ་གྱི་རྩར་ཕྱིན་ནས་བྷ་ལག་གིས་བཏང་བའི་ལན་དེ་བསྐྱེལ་ལོ། ཡང་ལན་དེ་ནི་འདི་ལྟ་སྟེ། ཁྱེད་ངའི་རྩར་ཡོང་བར་དོན་གནད་གང་གིས་ཀྱང་མ་བཀག་བར་ཤོག། 17ངས་ཁྱེད་ལ་བྱ་དགའ་ཆེན་པོ་ཞིག་འབུལ་རྒྱུ་ཡིན་པ་དང་། ཁྱེད་ཀྱི་གང་གསུངས་པ་ཚང་མ་སྒྲུབ་རྒྱུ་ཡིན། དེ་བས་ན་ཁྱེད་ཕེབས་ནས་མི་འདི་ཚོར་དམོད་པ་འདེབས་རོགས་གནང་། 18དེའི་ལན་དུ་བྷ་ལམ་གྱིས། བྷ་ལག་གིས་སོ་སོའི་ཕོ་བྲང་ནང་གི་གསེར་དངུལ་ཇི་ཡོད་ང་ལ་སྤྲད་ནའང་གཙོ་བོ་དཀོན་མཆོག་གི་བཀའ་ནི་དོན་ཆུང་ངུ་ཞིག་གི་ཕྱིར་དུ་བཅག་མི་ཐུབ། 19འོན་ཀྱང་སྔོན་ལ་ཡོང་མཁན་ཚོ་དང་འདྲ་བར་ཁྱོད་ཚོའང་དོ་དགོང་འདིར་སྡོད་དགོས། དེ་ལྟར་བྱས་པ་ཡིན་ན། གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གཞན་གནང་རྒྱུ་གང་ཡོད་མེད་དེ་ངས་ཤེས་ཐུབ་པས་ཕྱིར་རོ། 20མཚན་མོ་དེ་ལ་གཙོ་བོ་དཀོན་མཆོག་བྷ་ལམ་གྱི་རྩར་ཕེབས་ནས། གལ་ཏེ་མི་འདི་ཚོས་ཁྱོད་རང་འཁྲིད་འགྲོ་བའི་ཕྱིར་ཡོང་བ་ཡིན་ན། ཁྱོད་རང་འགྲོ་རྒྱུའི་གྲ་སྒྲིག་བྱོས་ཤིག། འོན་ཀྱང་ངས་ཁྱོད་ལ་གང་ལབ་པ་དེ་འབའ་ཞིག་བྱོས་ཤིག་ཅེས་གསུངས་པ་དང་། 21སང་ཉིན་སྔ་དྲོར་བྷ་ལམ་རང་གི་བོང་བུར་སྒ་བརྒྱབ་ནས་མོ་ཨབ་པའི་འགོ་འཁྲིད་རྣམས་དང་མཉམ་དུ་ཕྱིན་ནོ༎

བྷ་ལམ་དང་ཁོའི་བོང་བུ།

22བྷ་ལམ་དེ་བཞིན་འགྲོ་གིན་ཡོད་པ་གཟིགས་ནས་གཙོ་བོ་དཀོན་མཆོག་ཐུགས་ཁྲོས་ཤིང་། ཁོ་བོང་བུར་ཞོན་ནས་རང་གི་གཡོག་པོ་གཉིས་དང་མཉམ་དུ་འགྲོ་བཞིན་པའི་སྐབས་སུ་གཙོ་བོ་དཀོན་མཆོག་གིས་ཕོ་ཉ་ཞིག་ཁོའི་མདུན་དུ་ལངས་ནས་འགྲུལ་ལམ་བཀག་པ་དང་། 23ཕོ་ཉ་དེས་ལག་ཏུ་རལ་གྲི་འཁྱེར་ནས་ལམ་དཀྱིལ་དུ་ལངས་ནས་བསྡད་ཡོད་པ་བོང་བུས་དེ་མཐོང་བའི་རྗེས་སུ། བོང་བུས་ལམ་དེ་སྤངས་ནས་ཞིང་ཁའི་ཕྱོགས་སུ་ཕྱིན་ནོ། བྷ་ལམ་གྱིས་བོང་བུ་བརྡུང་ནས་ལམ་ཕྱོགས་སུ་ཕྱིར་ལོག་འཁྲིད་ཡོང་ངོ་། 24དེ་ནས་ཕོ་ཉ་དེ་རྒུན་མཚལ་གཉིས་ཀྱི་བར་ལ་ཞོག་རེ་རེ་ལ་རྡོའི་ར་བ་རྩིག་ཡོད་པའི་ལམ་དོག་པོ་དེར་ལངས་སོ། 25བོང་བུས་ཕོ་ཉ་དེ་མཐོང་སྐབས། རྩིག་པའི་ཕྱོགས་སུ་ཕྱིན་པ་དང་བྷ་ལམ་གྱི་རྐང་པ་རྩིག་པར་བཙིར་བས། བྷ་ལམ་གྱིས་ཡང་སྐྱར་བུང་བུར་བརྡུངས་སོ། 26ཕོ་ཉ་དེ་ཡང་སྐྱར་སྔོན་དུ་སོང་ནས་ལམ་ཕྲ་པོ་དོག་ས་ཞིག་ཏུ་ཕན་ཚུན་གཉིས་ནས་སུ་ཞིག་ཀྱང་འགྲོ་མ་ཐུབ་པའི་ས་དོག་པོ་ཞིག་ཏུ་ལངས་སོ། 27ད་ལན་བོང་བུས་ཕོ་ཉ་དེ་མཐོང་བ་དང་ས་ཁར་བསྡད་པས། བྷ་ལམ་ཁོང་ཁྲོ་འབར་ཞིང་རང་གི་དབྱུག་པ་དེས་བོང་བུར་བརྡུངས་སོ། 28དེ་ནས་གཙོ་བོ་དཀོན་མཆོག་གིས་བོང་བུ་ལ་སྐད་ཆ་ཤོད་ཐུབ་པའི་ནུས་པ་གནང་བ་དང་། ཁོས་བྷ་ལམ་ལ། ངས་ཁྱེད་ལ་ཅི་བྱས་བྱུང་། ང་ལ་ལན་གསུམ་ཙམ་བརྡུང་དགོས་དོན་གང་ཡིན་ནམ་ཞེས་སྨྲས་པ་དང་། 29ལན་དུ་བྷ་ལམ་གྱིས། ཁྱོད་ཀྱིས་ང་ལ་གླེན་པ་བཟོས་བྱུང་། གལ་སྲིད་ང་ལ་རལ་གྲི་ཡོད་པ་ཡིན་ན་ངས་ཁྱོད་རང་བསད་པ་ཡོད་ཅེས་སྨྲས་པ་དང་། 30ལན་དུ་བོང་བུས། ཁྱོད་ཀྱིས་མི་ཚེ་ཧྲིལ་པོར་ཞོན་པའི་བོང་བུ་དེ་ང་མ་ཡིན་ནམ། ཁྱོད་ལ་ངས་འདི་འདྲའི་སྤྱོད་ལམ་དེ་སྔ་བྱས་ཨེ་ཡོད་ཅེས་དྲིས་པའི་ལན་དུ། བྷ་ལམ་གྱིས་དེ་ལྟར་ནམ་ཡང་བྱས་མེད་ཅེས་སྨྲས་སོ། 31དེ་ནས་གཙོ་བོ་དཀོན་མཆོག་གིས་བྷ་ལམ་ལ། ལག་ཏུ་རལ་གྲི་འཁྱེར་ནས་ལངས་ཡོད་པའི་ཕོ་ཉ་དེ་བསྟན་གནང་བ་དང་། བྷ་ལམ་ལུས་ས་ལ་བརྡབ་ནས་ཕྱག་འཚལ་ལོ། 32ཕོ་ཉས། ཁྱོད་ཀྱིས་རང་གི་བོང་བུར་ཐེངས་གསུམ་ཙམ་བརྡུངས་པ་དེ་ཅི་ཡིན་ནམ། ངས་ཁྱོད་ཀྱིས་ལམ་བཀག་ཕྱིར་ཡོང་པ་ཡིན། གང་ལགས་ཟེར་ན། ཁྱོད་ཀྱིས་ས་ཕྱོགས་འདིར་མ་ཐོན་ན་དགའ་ཡོད། 33འོན་ཀྱང་ཁྱོད་ཀྱི་བོང་བུས་ང་མཐོང་ནས་ལན་ཐེངས་གསུམ་ཙམ་ལམ་གཞན་ནས་བསྐོར་ཕྱིན་པ་དང་། བོང་བུས་དེ་ལྟར་མ་བྱས་པ་ཡིན་ན་ངས་ཁྱོད་རང་བསད་ནས་བོང་བུ་དེ་ལ་སྐྱབས་པ་ཡོད་ཅེས་སྨྲས་སོ། 34ལན་དུ་བྷ་ལམ་གྱིས། ངས་སྡིག་པ་བྱས་ཡོད། ཁྱོད་རང་ངའི་ལམ་བཀག་ནས་ལངས་བསྡད་པ་དེ་ངས་ཤེས་མ་བྱུང་། ཁྱོད་ཀྱིས་ང་འགྲོ་རྒྱུ་དེ་ནོར་འཁྲུལ་ཡིན་པ་བསམ་གྱི་ཡོད་ན་ང་ནང་ལ་ལོག་འགྲོ་གི་ཡིན་ཞེས་སྨྲས་པ་དང་། 35ཕོ་ཉས། ཁྱོད་མི་འདི་ཚོ་དང་མཉམ་དུ་ཕྱིན་ནས། ངས་གང་སྨྲས་པ་དེ་ཤོད་ཅིག་ཅེས་སྨྲས་པས། བྷ་ལམ་དེ་དག་དང་མཉམ་དུ་ཕྱིན་ནོ༎

བྷ་ལག་གིས་བྷ་ལམ་ལ་དགའ་བསུ་ཞུས་པ།

36དེ་ནས་བྷ་ལག་གིས་བྷ་ལམ་ཡོང་གི་འདུག་ཟེར་བ་ཐོས་སྐབས། ཁོང་ལ་ཐུགས་འཕྲད་བྱེད་ཕྱིར་ཁོ་མོ་ཨབ་པའི་ས་མཚམས་ཨར་ནོན་གཙང་པོའི་འགྲམ་གྱི་གྲོང་ཁྱེར་ཨར་ཞེས་པའི་བར་དུ་ཕྱིན་ནོ། 37བྷ་ལག་གིས་ཁོ་ལ། ངས་ཐེངས་དང་པོར་ཁྱོད་འབོད་པར་བཏང་དུས་ཅིའི་ཕྱིར་མ་ཡོང་བ་ཡིན་ནམ། ངས་ཁྱོད་ལ་བྱ་དགའ་ལྡང་ངེས་བཞིན་པ་ཞིག་སྤྲོད་ཐུབ་ཀྱི་མ་རེད་ཅེས་བསམ་བྱུང་ངམ་ཞེས་སྨྲས་པ་དང་། 38ལན་དུ་བྷ་ལམ་གྱིས། ད་ང་བསླེབས་ཡོད། འོན་ཀྱང་ད་ལྟ་ང་ལ་དབང་ཆ་གང་ཡང་མེད། གཙོ་བོ་དཀོན་མཆོག་གིས་གང་གསུངས་པ་དེ་གཅིག་པོ་ངས་ཤོད་ཐུབ་ཅེས་སྨྲས་པ་དང་། 39དེ་ནས་བྷ་ལམ་བྷ་ལག་དང་མཉམ་དུ་ཀིར་ཡར་ཧུ་ཛོད་གྲོང་ཁྱེར་དུ་ཕྱིན་ཞིང་། 40དེར་བྷ་ལག་གིས་གླང་དང་ལུག་དག་བསད་ནས་ཤ་གང་ཙམ་ཞིག་བྷ་ལམ་དང་དེ་བཞིན་ཁོ་མཉམ་དུ་ཡོང་བའི་འགོ་བྱེད་རྣམས་ལ་སྤྲད་དོ༎

བྷ་ལམ་གྱི་ལུང་བསྟན་དང་པོ།

41སང་ཞོག་སྔ་པོར་བྷ་ལག་གིས་བྷ་ལམ་ལ་བྷ་མོཐ་བྷལ་དུ་ཁྲིད་ཅིང་། གནས་དེ་ནས་བྷ་ལམ་གྱིས་ཨིསི་རཱཨེལ་མི་མང་གི་ཆ་ཤས་ཤིག་མཐོང་ཐུབ་ཀྱི་ཡོད་པ་ཡིན་ནོ༎

གྲངས་ཀ 23

1དེ་ནས་བྷ་ལམ་གྱིས་བྷ་ལག་ལ། འདིར་ངའི་དོན་དུ་མཆོད་ཁྲི་བདུན་བཞེངས་ནས་གླང་བདུན་དང་ལུག་ཐུག་བདུན་འཁྲིད་ཡོང་དགོས་ཅེས་ཟེར་བ་དང་། 2བྷ་ལག་གིས་དེ་བཞིན་བྱས་ཏེ། ཁོ་དང་བྷ་ལམ་གྱིས་མཆོད་ཁྲི་རེ་རེའི་ཁར་གླང་རེ་དང་ལུག་ཐུག་རེར་མཆོད་པར་འབུལ་ལོ། 3ཡང་བྷ་ལམ་གྱིས་བྷ་ལག་ལ། ཁྱེད་རང་སྦྱིན་སྲེག་གི་མཆོད་ཁྲིའི་འགྲམ་དུ་ལངས་ཤིག གཙོ་བོ་དཀོན་མཆོག་ང་དང་ཐུག་འཕྲད་གནང་ཡོང་ངམ་མི་ཡོང་བལྟ་བའི་ཕྱིར་ང་འགྲོ་གི་ཡིན། ཁོང་གིས་ང་ལ་གང་མངོན་པར་མཛད་པ་དེ། ངས་ཁྱོད་ལ་ཤོད་ཀྱི་ཡིན་ཞེས་སྨྲས་ནས། བྷ་ལམ་གཅིག་པོར་རིའི་རྩེ་མོར་ཕྱིན་ནོ། 4དཀོན་མཆོག་གི་ཁོ་དང་འཕྲད་ནས། བྷ་ལམ་གྱིས། ངས་མཆོད་ཁྲི་བདུན་བཞེངས་ནས་དེ་ཚོ་རེ་རེའི་ཁར་གླང་རེ་དང་ལུག་ཐུག་རེར་འབུལ་བར་ཕུལ་ཡོད་ཅེས་ཞུས་པས། 5གཙོ་བོ་དཀོན་མཆོག་གིས་བྷ་ལམ་ལ་ཁོས་གང་སྨྲས་དགོས་པའི་སྐོར་གསུངས་ནས། བྷ་ལག་ལ་གསུང་འཕྲིན་དེ་ཤོད་ཕྱིར་ཁོ་ཕྱིར་ལོག་བཏང་གནང་ངོ་། 6དེ་ནས་ཁོ་ཕྱིར་ལོག་པ་དང་བྷ་ལག་ནི་ད་དུང་མོ་ཨབ་པའི་འགོ་བྱེད་རྣམས་དང་མཉམ་དུ་སྦྱིན་སྲེག་གི་མཆོད་པའི་འགྲམ་དུ་ལངས་ཡོད་དོ། 7བྷ་ལམ་གྱིས་ལུང་བསྟན་བརྒྱབ་པ་འདི་ལྟ་སྟེ། མོ་ཨབ་ཀྱི་རྒྱལ་པོ་བྷ་ལག་གིས། ཤར་གྱི་རི་བརྒྱུད་ཁུལ་ལམ་སི་རི་ཡ་ནས་ང་འཁྲིད་ཡོང་བ་དང་། ཁོས། ཡོང་ནས་ངའི་ཆེད་དུ་གཏམ་སྨྲོས་ཤིག། ཨིསི་རཱཨེལ་སྟེང་དུ་མོད་པ་གཏོང་ཞིག་གསུངས་སོ། 8དཀོན་མཆོག་ཁོང་གིས་དམོད་པ་མ་གནང་པའི། ང་ཡིས་ཇི་ལྟར་དམོད་པ་གཏང་བ་ནུས། ཁོང་གིས། དེ་ཚོ་འཇིག་པར་འགྱུར་བའི་དམོད་ཚིག་གཙོ་བོ་དཀོན་མཆོག་གི་མ་གསུངས་བར་ངས་ནི་དེ་ཚོར་ཇི་ལྟར་དམོད་ནུས་སམ། 9བྲག་རི་མཐོ་པོའི་སྟེང་ནས་ངས་དེ་ཚོ་མཐོང་ཐུབ་པ་དང། རི་བོའི་སྒང་ནས་ངས་དེ་ཚོར་བལྟའང་ཐུབ། དེ་ནི་རང་ཉིད་གཅིག་པུར་སྡོད་པའི་མི་རིགས་ཡིན་པས། མི་རིགས་གཞན་ལས་དེ་ཚོར་བྱིན་རླབས་མང་བ་ཡོད་པ་དེ་ཁོ་ཆོས་ཤེས་ཀྱི་ཡོད་པ་རེད། 10ཨིསི་རཱཨེལ་པའི་རིགས་བརྒྱུད་ནི་སའི་རྡུལ་དང་མཚུངས་ཤིང་། དེ་དག་ཁ་གྲངས་མང་བའི་རྐྱེན་གྱིས་གྲངས་རྩིས་བརྒྱབ་མི་ཐུབ་པ་ཡིན་ནོ། ང་ནི་ཁོང་གི་མི་འབངས་བཞིན་དུ་འགྱུར་ཏེ་རང་གི་མི་ཚེ་མཐའ་མར་འཁྱོལ་དུ་བཅུག། ཆོས་དྲང་མི་ལྟར་ང་ནི་ཞི་བདེའི་ངང་དུ་འཆི་རུ་འཇུག་རུ་འཇུག། 11དེ་ནས་བྷ་ལག་གིས་བྷ་ལམ་ལ། ཁྱོད་ཀྱིས་ང་ལ་འདི་འདྲ་གང་བྱས་པ་ཡིན་ནམ། ངས་ཁྱོད་ལ་རང་གི་དགྲ་བོར་དམོད་པ་གཏོང་ཕྱིར་འདིར་ཁྲིད་ཡོང་བ་ཡིན་མོད། འོན་ཀྱང་ཁྱོད་ཀྱིས་ནི་དེ་ཚོར་བྱིན་རླབས་ཀྱི་ཤིས་བརྗོད་ཤ་སྟག་སྨྲས་སོ་ཞེས་བརྗོད་པ་དང་། 12ལན་དུ་བྷ་ལམ་གྱིས། གཙོ་བོ་དཀོན་མཆོག་གིས་ང་ལ་གང་གསུངས་པ་དེ་རང་གཅིག་པུ་ངས་ཤོད་ཐུབ་ཅེས་སྨྲས་སོ༎

བྷ་ལམ་གྱི་ལུང་བསྟན་གཉིས་པ།

13དེ་ནས་བྷ་ལག་གི་བྷ་ལམ་ལ། ང་དང་མཉམ་དུ་ས་གནས་གཞན་ཞིག་ཏུ་འགྲོ། དེར་ཁྱོ་ཀྱིས་ཨིསི་རཱཨེལ་པ་འགའ་ཤས་མཐོང་ཡོང་། ཁྱོད་ཀྱིས་ས་གནས་དེ་ནས་ངའི་ཕྱིར་ཁོ་ཚོར་དམོད་པ་གཏོང་ཞིག་ཅེས་སྨྲས་ནས། 14ཁོས་དེ་ལ་ཛོ་ཕིམ་ཞེས་པའི་ཐང་དུ་ཡོད་པའི་རི་བོ་པིསི་གཱའི་རྩེ་མོར་འཁྲིད་དེ། དེར་ཡང་ཁོས་མཆོད་ཁྲི་བདུན་བཞེངས་ཏེ། མཆོད་ཁྲི་རེ་རེའི་སྟེང་དུ་གླང་གཅིག་དང་ལུག་ཐུག་གཅིག་འབུལ་བར་ཕུལ་ལོ། 15དེ་ནས་བྷ་ལམ་གྱིས་བྷ་ལག་ལ། ཁྱོད་འདིར་སྦྱིན་སྲེག་གི་མཆོད་པའི་འགྲམ་དུ་ལངས་ཤིག ང་ནི་གཙོ་བོ་དཀོན་མཆོག་མཇལ་དུ་ཕར་ཙམ་ཞིག་འགྲོ་གི་ཡིན་ཞེས་སྨྲས་སོ། 16གཙོ་བོ་དཀོན་མཆོག་གིས་བྷ་ལམ་དང་ཐུག་འཕྲད་གནང་ནས་ཁོ་ལ་བཀའ་གནང་དགོས་པ་དེ་གསུངས་པའི་རྗེས་སུ། བྷ་ལག་ལ་གསུང་འཕྲིན་དེ་ཤོད་ཕྱིར་ཁོ་ཕྱིར་ལོག་བཏང་གནང་ངོ་། 17དེ་ནས་ཁོ་ཕྱིར་ལོག་པ་དང་། བྷ་ལག་ནི་སྦྱིན་སྲེག་གི་མཆོད་པའི་འགྲམ་དུ་མོ་ཨབ་པའི་འགོ་བྱེད་རྣམས་དང་མཉམ་དུ་ད་དུང་ལངས་ཡོད་པ་མཐོང་ངོ་། གཙོ་བོ་དཀོན་མཆོག་གིས་བཀའ་གང་གནང་བྱུང་ཞེས་བྷ་ལག་གིས་འདྲིས་པ་དང་། 18བྷ་ལམ་གྱིས་གཤམ་གསལ་ལྟར་ལུང་བསྟན་སྨྲས་པ། ཛིབ་པོར་གྱི་བུ་བྷ་ལག་ཤོག་ལ་ངས་གང་སྨྲས་པར་ཉོན་ཞིག 19དཀོན་མཆོག་གིས་མི་དང་འདྲ་བར་རྫུན་གཏམ་མི་གསུངས་ཤིང་། ཁོང་ནི་མི་དང་འདྲ་བ་མ་ཡིན་པས། ཉིད་ཀྱི་ཐུགས་སེམས་ནམ་ཡང་བསྒྱུར་བ་གནང་མི་ཡོང་། ཁོང་གིས་དམ་བཅའ་གང་གནང་བ་ཚང་མ་འགྲུབ་པར་མཛད་དོ། ཁོང་གིས་གང་གསུངས་པ་ཐམས་ཅད་དེ་བཞིན་ཆ་ཚང་སྒྲུབ་པར་འགྱུར། 20ང་ལ་བྱིན་གྱིས་བརླབས་དགོས་བཀའ་ཕེབས་ཟིན་པ་ཡིན་པས། ཁོང་གིས་བྱིན་རླབས་གནང་ཟིན་པ་དེ་ནི་ངས་ནམ་ཡང་ཟློག་པར་བྱེད་མི་ནུས། 21མ་འོངས་པ་ན་ཨིསི་རཱཨེལ་ཐོག་ཏུ་རྐྱེན་ངན་དཀའ་སྡུག་སོགས་གང་ཡང་མི་ཡོང་བ་དེ་ནི་ངས་ད་ལྟ་ནས་མཐོང་ཐུབ་པ་མ་ཟད། གཙོ་བོ་དཀོན་མཆོག་ཁོ་ཚོའི་དཀོན་མཆོག་ནི་དེ་ཚོ་དང་མཉམ་དུ་བཞུགས་ཡོད་ཅིང་། ཁོང་ནི་དེ་ཚོའི་རྒྱལ་པོ་ཡིན་ཞེས་དེ་ཚོས་ཁྱབ་བསྒྲགས་བྱས་བཞིན་འདུག 22ཁོང་གིས་དེ་ཚོར་ཨི་ཇིབ་ནས་བཏོན་ཏེ་འཁྲིད་ཕེབས་པ་ཡིན་པས། ཁོང་ནི་དེ་ཚོའི་ཕྱོགས་གཏོགས་མཛད་དེ་གླང་རྒོད་བཞིན་དུ་འཐབ་པར་མཛད། 23ཨིསི་རཱཨེལ་མི་རིགས་སྟེང་དུ་མཐུ་དང་ངན་སྔགས་སོགས་འཕོག་རྒྱུ་མེད་དོ། མི་ཚོས་ཨིསི་རཱཨེལ་གྱི་སྐོར་ལ་འདི་ལྟར་སྨྲ་བར་འགྱུར། ལྟོས་དང་གཙོ་བོ་དཀོན་མཆོག་གི་མཛད་པ་གང་འདྲ་ཞིག་གནང་བཞག། 24ཨིསི་རཱཨེལ་མི་རིགས་ནི་སེང་གེ་སྟོབས་ཆེན་ཞིག་དང་འདྲ་ཞིང་། དེས་སེམས་ཅན་བསད་ནས་སྡེར་མོས་དབྲལ་ཏེ་ཤ་ཟ་ཞིང་ཁྲག་མ་འཐུང་བར་དུ་ངལ་གསོ་མི་བྱེད་དོ། 25དེ་ནས་བྷ་ལག་གིས་བྷ་ལམ་ལ། ཁྱོད་ཀྱིས་ཨིསི་རཱཨེལ་མི་དམངས་ལ་དམོད་པ་མི་བརྒྱབ་མོད། འོན་ཀྱང་དེ་ཚོར་བྱིན་རླབས་སྤྲོད་རྒྱུ་དེ་མཚམས་འཇོག་བྱེད་རོགས་བྱོས་ཤིག་ཞེས་པའི་ལན་དུ། 26བྷ་ལམ་གྱིས། གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གང་གནང་བ་དེ་བཞིན་ངས་བྱེད་དགོས་ཅེས་ཁྱོད་ལ་ལབ་མ་བྱུང་ངམ་ཞེས་སྨྲས་སོ༎

བྷ་ལམ་གྱི་ལུང་བསྟན་གསུམ་པ།

27བྷ་ལག་གིས། ང་དང་མཉམ་དུ་ཤོག་ཅིག། ད་ངས་ཁྱོད་ས་གནས་གཞན་ཞིག་ཏུ་འཁྲིད་ཀྱི་ཡིན། གཅིག་བྱས་ན་གནས་དེ་ནས་དཀོན་མཆོག་གིས་ཁྱོད་ལ་ངའི་དོན་དུ་མི་དེ་ཚོར་དམོད་པ་གཏོང་བཅུག་པར་ཡང་སྲིད་ཅེས་སྨྲས་སོ། 28དེ་ནས་ཁོས་བྷ་ལམ་ལ་པི་ཨོར་ཞེས་པའི་རི་བོའི་རྩེ་རུ་འཁྲིད་ཅིང་། གནས་དེ་ནས་མི་མེད་འབྲོག་སྟོང་གི་ས་ཁུལ་དེ་ཚོ་མཐོང་གི་ཡོད་དོ། 29དེ་ནས་བྷ་ལམ་གྱིས་ཁོ་ལ། འདིར་ངའི་དོན་དུ་མཆོད་ཁྲི་བདུན་བཞེངས་ནས། དེར་གླང་བདུན་དང་ལུག་ཐུག་བདུན་རེ་འཁྲིད་ཡོང་དགོས་ཅེས་སྨྲས་པ་དང་། 30བྷ་ལག་གིས་ཁོས་སྨྲས་པ་བཞིན་དུ་བྱས་ཏེ་མཆོད་ཁྲི་རེར་གླང་རེ་དང་ལུག་ཐུག་རེ་འབུལ་བར་ཕུལ་ལོ༎

གྲངས་ཀ 24

1སྐབས་དེའི་བར་དུ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་བྱིན་རླབས་གནང་འདོད་ཡོད་པ་དེ་བྷ་ལམ་གྱི་ཤེས་སོ། དེར་བརྟེན་ཁོས་སྔར་བཞིན་བརྟག་པ་བྱེད་དུ་མ་ཕྱིན་པར། འབྲོག་སྟོང་གི་ཕྱོགས་སུ་བལྟས་པས། 2ཨིསི་རཱཨེལ་པའི་སྡེ་རིགས་སོ་སོ་བགོས་ནས་སྒར་བརྒྱབ་ནས་བསྡད་ཡོད་པ་མཐོང་ངོ་། གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁོ་ལ་དབང་བསྒྱུར་ནས། 3ཁོས་འདི་ལྟར་ལུང་བསྟན་བརྒྱབ་བོ། བཀའ་འཕྲིན་འདི་ནི་བྷི་ཨོར་གྱི་བུ་བྷ་ལམ་གྱི་ཡིན་པ་དང་། གཏམ་ཚིག་འདི་ནི་གསལ་པོར་མཐོང་ཐུབ་པའི་མིའི་བཀའ་ཡིན། 4ཁོ་ཡིས་དཀོན་མཆོག་ཁོང་གི་བཀའ་ཐོས་ཐུབ་བོ། ས་རུ་འགྱལ་ནས་ཕུར་ཚུགས་སུ་བལྟ་བཞིན་ཡོད་སྐབས་། དེ་ཡིས་ཀུན་དབང་དཀོན་མཆོག་ནས་ཞལ་གཟིགས་ཤིག་མཐོང་། 5ཨིསི་རཱཨེལ་པ་ཡི་གུར་རྣམས་ཤིན་ཏུ་མཛེས། 6ཁ་ཟུར་ཤིང་གི་གྲལ་རིམ་དང་མཚུངས་ཤིང་། གཙང་པོའི་འགྲམ་གྱི་སྐྱེད་མོའི་ཚལ་དང་འདྲ། གཙོ་བོ་དཀོན་མཆོག་གིས་འཛུགས་གནང་བས། དྲི་ཤིང་ཨ་ག་རུ་དང་མཚུངས། ཆུ་འགྲམ་དུ་ཡོད་པའི་འགྱམ་ཤིང་དང་འདྲའོ། 7དེ་ཚོར་ཆར་ཆུ་འབོལ་པོ་བྱུང་སྟེ། ཆུ་འབེལ་པོ་ཡོད་པའི་ཞིང་ཁར་དེ་ཚོས་ས་བོན་འདེབས། དེ་ཚོའི་རྒྱལ་པོ་ནི་ཨ་གྷག་ལས་མངའ་ཐང་ཆེ་ཞིང་། དེའི་རྒྱལ་སྲིད་ནི་ཐག་རིང་བར་དུ་འཕེལ་བར་འགྱུར། 8དཀོན་མཆོག་གིས་དེ་ཚོ་ཨི་ཇིབ་ནས་བཏོན་ཏེ་འཁྲིད་ཕེབས་པ་ཡིན་པས། ཁོང་གིས་དེ་ཚོའི་ཕྱོགས་གཏོགས་མཛད་དེ་གླང་རྒོད་བཞིན་དུའཐབ་པར་མཛད། དེ་ཚོས་རང་གི་དགྲ་རྣམས་ཁྱུར་མིད་བཏང་། དེ་ཚོའི་རུས་པ་རྣམས་དུམ་བུར་གཅོག་པར་འགྱུར། དེ་ཚོར་རང་གི་མདའ་རྣམས་འཕང་བར་འགྱུར། 9མི་རིགས་དེ་ནི་སེང་གེ་སྟོབས་ཆེན་ཞིག་འདྲ་སྟེ། དེ་ཉལ་བའི་སྐབས་སུ་སུས་ཀྱང་གཉིད་དཀྲོག་མི་ནུས་སོ། ཨིསི་རཱཨེལ་ཡུལ་ལ་བྱིན་རླབས་ཀྱི་ཚིག་བརྗོད་སྨྲ་མཁན་རྣམས་ནི། རང་ཉིད་བྱིན་རླབས་དང་ལྡན་པར་འགྱུར་རྒྱུ་དང་། དེ་བཞིན་དེ་ལ་དམོད་མཁན་རྣམས་ནི། རང་གི་ཐོག་ཏུ་དམོད་པ་ཕོག། 10དེ་ནས་བྷ་ལག་ཁོང་ཁྲོ་ཟ་ཞིང་མུར་རྫོག་བསྡམས་ནས་བྷ་ལམ་ལ། ངས་ཁྱོད་ལ་རང་གི་དགྲ་བོར་དམོད་པ་གཏོང་ཕྱིར་འབོད་པ་ཡིན་མོད། འོན་ཀྱང་དེའི་ཚབ་ལ་ཁྱོད་ཀྱིས་དེ་ཚོར་ད་བར་ལན་ཐེངས་གསུམ་ཙམ་བྱིན་རླབས་སྤྲད་པ་ཡིན་པས། 11ད་ཁྱོད་རང་ནང་ལ་ལོག་ནའང་ཆོག། ངས་ཁྱོད་ལ་བྱ་དགའ་སྤྲོད་རྒྱུའི་དམ་བཅའ་བྱས་མོད། འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་བྱ་དགའ་དེ་ཐོབ་པར་བཀག་འདོམ་གནང་ཡོད་ཅེས་སྨྲས་སོ། 12དེའི་ལན་དུ་བྷ་ལམ་གྱིས། ཁྱོད་ཀྱིས་ང་ལ་རང་གི་ཕོ་བྲང་གི་གསེར་དངུལ་ཚང་མ་སྤྲད་ནའང་། 13ང་ནི་གཙོ་བོ་དཀོན་མཆོག་གི་བཀའ་ལ་མ་ཉན་པར། རང་གི་འདོད་མོས་བཞིན་ལས་དོན་གང་ཡང་བྱེད་མི་ཐུབ་ཅེས་ངས་ཁྱོད་ཀྱིས་བཏང་བའི་བང་ཆེན་རྣམས་ལ་སྨྲས་པ་ཡིན། གཙོ་བོ་དཀོན་མཆོག་གི་གང་ཤོད་གསུངས་པ་དེ་རང་གཅིག་པུ་ངས་ཤོད་ཀྱི་ཡིན༎

བྷ་ལམ་གྱི་མཐའ་མའི་ལུང་བསྟན།

14བྷ་ལམ་གྱིས་བྷ་ལག་ལ། ད་ང་རང་སོ་སོའི་མི་རིགས་ཡོད་སར་ལོག་འགྲོ་གི་ཡོད། འོན་ཀྱང་འགྲོ་བའི་སྔོན་ལ་ཨིསི་རཱཨེལ་གྱི་མི་ཚོས་མ་འོངས་པར། ཁྱོད་ཀྱི་མི་ཚོར་གང་བྱེད་རྒྱུ་ཡིན་པ་དེའི་སྐོར་ལ་ངས་ཁྱོད་ལ་ཟོན་བརྡའི་ཚུལ་དུ་བཤད་ཀྱི་ཡིན་ཞེས་སྨྲས་སོ། 15དེ་རྗེས་གཤམ་གསལ་ལྟར་ལུང་བསྟན་བརྒྱབ་པ། བྷི་ཨོར་གྱི་བུ་བྷ་ལམ་གྱི་འཕྲིན་ཡིན་པ་དང་། གསལ་པོར་མཐོང་བའི་མི་ཡི་བཀའ། 16དཀོན་མཆོག་གིས་གསུངས་པ་དེ་སུས་ཐོས་ཐུབ་བོ། དེས་ནི་བླ་མེད་དཀོན་མཆོག་ནས་བྱུང་བའི་ཤེས་རབ་དེ་བླངས་པར་ནུས། ངས་མིག་གཉིས་ཕུར་ཚུགས་སུ་བལྟ་བཞིན་ཡོད་སྐབས་ཐུགས་ཉིད་ཀྱི་ནང་ནས། ངས་བླ་མེད་དཀོན་མཆོག་ནས་ཞལ་གཟིགས་ཤིག་མཐོང་གསལ། 17ངས་མ་འོངས་པའི་ཕྱོགས་སུ་བལྟ་བཞིན་ཡོད་སྐབས། ཨིསི་རཱཨེལ་གྱི་མི་རིགས་རྣམས་མཐོང་ཞིང་། མི་རིགས་དེའི་ཁྲོད་ནས་བཀྲག་མདངས་ཆེ་བའི་སྐར་མ་ཞིག་དང་མཚུངས་པའི་རྒྱལ་པོ་ཞིག་ཡོང་རྒྱུ་དང་། དེ་ནི་ཨིསི་རཱཨེལ་ཡུལ་ནས་སྐར་མ་དུ་བ་མཇུག་རིང་བཞིན་དུ་ཤར་ཏེ། དེས་མོ་ཨབ་པའི་འགོ་དཔོན་རྣམས་ལ་ཉེར་བརྡུངས་བྱས་ཏེ། སེད་ཀྱི་མི་རྣམས་འཕམ་པར་བྱ། 18ཁོས་ཨེ་དྷོམ་དུ་ཡོད་པའི་དགྲ་བོ་རྣམས་འཕམ་པར་བྱེད་ཅིང་། དེ་ཚོའི་ཡུལ་དེའང་རང་གི་རྒྱུ་ནོར་གྱི་ཁོངས་སུ་གཏོགས་པར་བྱེད་རྒྱུ་ཡིན་པས། ཨིསི་རཱཨེལ་ལ་མུ་མཐུད་ཀྱིས་རྒྱལ་ཁ་ཐོབ་པར་འགྱུར། 19ཨིསི་རཱཨེལ་གྱི་དེ་དག་རྐང་བརྫིས་བཏང་ནས། གསོན་པོར་ལུས་པ་རྣམས་ཀྱང་ཡོངས་སུ་ཚར་བཅད་གཏོང་བར་འགྱུར། 20དེ་རྗེས་བྷ་ལམ་གྱིས་ཞལ་གཟིགས་ནང་དུ་ཨ་མ་ལེག་པ་རྣམས་མཐོང་ནས་གཤམ་གསལ་ལྟར་ལུང་བསྟན་བཤད་པ། ཨ་མ་ལེག་ནི་མི་རིགས་ཀུན་ལས་སྟོབས་ཆེ་ཤོས་ཤིག་ཏུ་འགྱུར་མོད། འོན་ཀྱང་མཐའ་མར་དེ་ནི་དུས་རྒྱུན་གྱི་ཆེད་དུ་འཇིག་པར་འགྱུར། 21ཁོས་ཞལ་གཟིགས་ནང་དུ་ཀེ་ནི་པ་རྣམས་མཐོང་ནས་གཤམ་གསལ་ལྟར་ལུང་བསྟན་བརྒྱབ་པ། ད་ལྟ་ཁྱོད་གནས་སྡོད་བྱེད་བཞིན་པའི་གནས་དེ་ནི། བྲག་རི་མཐོ་པོའི་ཁར་ཆགས་པའི་བྱིའུའི་ཚང་དང་འདྲ་བ་བཙན་པོ་ཡོད་པ་རེད། 22ཨ་སུར་པ་ཚོས་ཁྱོད་ཚོ་ཀེ་ནི་པ་ཚོར་འཛིན་བཟུང་བྱས་ཏེ་འཁྲིད་སྐབས། ཁྱོད་ཚོ་འཇིག་པར་འགྱུར། 23སྐབས་དེར་བྷ་ལམ་གྱིས་ལུང་བསྟན་བརྒྱབ་པ་འདི་ལྟ་སྟེ། བྱང་ཕྱོགས་ཁུལ་དུ་འཛོམས་པའི་མི་དེ་ཚོ་སུ་ཡིན་ནམ། 24བཙན་འཛུལ་བ་རྣམས་ས་ཡི་པེརེསེ་ནས་མཚོ་ཐོག་བརྒྱུད་ནས་ཡོང་བར་འགྱུར། ཨ་ཤུར་དང་ཨེ་བྷེར་གཉིས་དབང་དུ་བསྡུ་མོད། འོན་ཀྱང་དེ་ཚོ་རང་ཉིད་ནི་དུས་རྒྱུན་གྱི་ཆེད་དུ་འཇིག་པར་འགྱུར། 25དེ་རྗེས་བྷ་ལམ་གྲ་སྒྲིགས་བྱས་ཏེ་རང་གི་ཁང་པར་ལོག་གོ བྷ་ལག་ཀྱང་རང་གནས་སུ་ལོག་ཕྱིན་ནོ༎

གྲངས་ཀ 25

པི་ཨོར་དུ་ཨིསི་རཱཨེལ་པ་རྣམས།

1དེ་ནས་ཨིསི་རཱཨེལ་པ་རྣམས་ཨ་ཀ་སི་ཡའི་ལུང་གཤོང་དུ་སྒར་ས་བརྒྱབ་ནས་བསྡད་སྐབས། དེ་ཚོའི་སྐྱེས་པ་ཚོས་དེར་ཡོད་པའི་མོ་ཨབ་པའི་བུད་མེད་རྣམས་དང་མཉམ་དུ་ལུས་འབྲེལ་བྱས་ཤིང་། 2བུད་མེད་དེ་ཚོས་ཨིསི་རཱཨེལ་པའི་སྐྱེས་པ་རྣམས་མོ་ཨབ་པའི་ལྷ་རྟེན་དག་ལ་མཆོད་འབུལ་བྱེད་སར་བོས་ཀྱི་ཡོད་པ་དང་། ཨིསི་རཱཨེལ་པ་ཚོས་ཀྱང་དེར་ཁ་ཟས་ཟ་བ་མ་ཟད། 3པི་ཨོར་གྱི་བྷལ་ལ་མཆོད་འབུལ་བྱས་པའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་དེ་ཚོར་ཐུགས་ཁྲོས་ནས། 4ཁོང་གིས་མོ་ཤེ་ལ། ངའི་བཀའ་ལ་རྩིས་སྲུང་བྱས་ཏེ། ཨིསི་རཱཨེལ་པའི་འགོ་དཔོན་ཚང་མ་འཛིན་བཟུང་བྱས་ཏེ། ཉི་མའི་གུང་ལ་གསོད་ཅིག། དེ་ལྟར་བྱས་པ་ཡིན་ན་ང་དེ་ཚོ་དང་ཁྲོ་བར་མི་འགྱུར་ཞེས་གསུངས་པ་དང་། 5མོ་ཤེས་ལས་བྱེད་པ་རྣམས་ལ། ཁྱོད་ཚོ་རང་གི་མི་བརྒྱུད་ཀྱི་ནང་ནས་པི་ཨོར་གྱི་བྷལ་ལ་མཆོད་མཁན་ཡོད་ཚད་གསོད་དགོས་ཅེས་སྨྲས་སོ། 6དེ་ནས་མོ་ཤེ་དང་ཨིསི་རཱཨེལ་མི་སྡེ་ཡོངས་ཀྱིས་མཐོང་སར། ཨིསི་རཱཨེལ་པ་ཞིག་གིས་མིད་ཡན་གྱི་བུད་མེད་ཞིག་རང་གི་གུར་ནང་དུ་འཁྲིད་ཡོང་ཞིང་། སྐབས་དེར་དེ་ཚོ་ནི་གཙོ་བོ་དཀོན་མཆོག་གི་བཞུགས་གནས་གུར་མཆོག་དམ་པའི་སྒོའི་འགྲམ་དུ་མྱ་ངན་བྱས་བཞིན་བསྡད་ཡོད་དོ། 7ཨེ་ལི་ཛར་གྱི་བུའམ་བླ་མ་ཨ་རོན་གྱི་ཚ་བོ་ཕིན་ཧསི་ཀྱིས་དེ་མཐོང་ནས་མི་ཚོགས་ཀྱི་ཁྲོད་ནས་ལངས་ཏེ་ཕྱིན་པ་དང་། ཁོས་རང་གི་ལག་ཏུ་མདུང་ཞིག་འཁྱེར་ཏེ། 8སྐྱེས་པ་དེ་དང་བུད་མེད་དེའི་རྗེས་སུ་ཕྱིན་ནས། དེ་ཚོའི་གུར་ནང་འཛུལ་ཞིང་དེ་གཉིས་སྡེབས་གཅིག་ལ་མདུང་བཙུག་ནས་བསད་དོ། ཨིསི་རཱཨེལ་པ་རྣམས་འཇིག་པར་བྱེད་བཞིན་པའི་ནད་ཡམ་དྲག་པོ་དེའང་འཇོམས་ཤིང་ཆད་དོ། 9འོན་ཀྱང་དེ་བར་ནད་ཡམ་དེའི་རྐྱེན་གྱིས་མི་གྲངས་ ༢༤,༠༠༠ ཤི་ཟིན་པ་ཡིན་ནོ། 10གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 11ཕིན་ཧསི་ཀྱིས་གང་བྱས་པ་དེའི་རྐྱེན་གྱིས་ད་ནི་ང་ཨིསི་རཱཨེལ་པ་རྣམས་ལ་ཁྲོ་རྒྱུ་མིན་ནོ། ང་མ་གཏོགས་པར་ལྷ་གཞན་ལ་མཆོད་པ་དེ་ཁོས་བཟོད་སྲན་བྱེད་མ་ཐུབ་བོ། དེར་བརྟེན་པས་ངའི་ཁྲོ་བས་དེ་དག་འཇིག་པར་བྱས་མེད། 12དེ་བས་ན་ཁྱོད་ཀྱིས་ཁོ་ལ། ངས་ཁོ་དང་མཉམ་དུ་དུས་གཏན་དུ་གནས་པའི་དམ་བཅའ་ཞིག་གཏན་འབེབས་བྱེད་རྒྱུ་ཡིན་ཞེས་སྨྲོས་ཤིག 13ད་ཁོ་དང་ཁོའི་རིགས་བརྒྱུད་ནི་དུས་གཏན་དུ་བླ་མའི་གོ་གནས་སུ་འཁོད་པར་བྱེད་རྒྱུ་ཡིན། གང་ལགས་ཟེར་ན། ང་ལ་འགྲན་ཟླ་བྱེད་མཁན་སུ་ཞིག་ལའང་ཁོས་བཟོད་སྲན་མ་བྱས་པ་ཡིན། དེས་རྐྱེན་གྱིས་མི་རྣམས་ཀྱི་སྡིག་པ་སེལ་བར་བྱས་པ་ཡིན་ནོ། 14མིད་ཡན་གྱི་བུད་མེད་དང་མཉམ་དུ་བསད་པའི་སྐྱེས་པ་དེའི་མིང་ནི་ཛིམ་རི་ཡིན་པ་དང་དེ་ནི་ས་ལུའི་བུ་ཡིན་ཅིང་། སིམ་ཨོན་རིགས་བརྒྱུད་ཀྱི་ནང་མིའི་གཙོ་བོ་ཞིག་ཡིན་ནོ། 15བུད་མེད་དེའི་མིང་ལ་ཀོཛི་བྷི་ཞེས་པ་དང་། དེའི་ཕའི་མིང་ཛུར་ཞེས་ཟེར་ཞིང་། མིད་ཡན་རིགས་བརྒྱུད་ཀྱི་སྡེ་ཚོགས་ཤིག་གི་གཙོ་བོ་ཡིན་ནོ། 16གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། 17མི་དི་ཡན་པ་རྣམས་ལ་འཐབ་རྒོལ་བྱེད་ནས་དེ་ཚོ་ཚར་གཅོད་ཅིག 18གང་ལགས་ཟེར་ན། དེ་ཚོས་པི་ཨོར་དུ་ཁྱོད་ཚོར་གཡོ་ཐབས་བྱེད་རྒྱུའི་བྱུས་ངན་བརྩམས་པས་ཕྱིར་རོ། དེ་ཚོ་ཚར་གཅོད་གཏོང་དགོས་པའི་གནད་དོན་གཞན་དེ་ནི་ནད་ཡམས་བྱུང་བའི་སྐབས་སུ་བསད་པའི་ཀོཛི་བྷི་ཞེས་པའི་བུད་མེད་དེ་ཡིན་ནོ༎

གྲངས་ཀ 26

གྲངས་འབོར་རྩིས་ཐེངས་གཉིས་པ།

1ནད་ཡམ་དེའི་རྗེས་སུ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་ཨ་རོན་གྱི་བུ་ཨེ་ལི་ཛར་ལ། 2ཨིསི་རཱཨེལ་མི་སྡེ་ཡོངས་ཀྱི་ཁྱིམ་ཚང་དང་། དེར་ཡོད་པའི་ལོ་ཉི་ཤུའམ་དེ་ལས་རྒན་པ་དམག་སར་གོ་ཆོད་པའི་སྐྱེས་པ་ཚོའི་ཁ་གྲངས་རྩིས་དགོས་ཞེས་གསུངས་སོ། 3-4མོ་ཤེ་དང་ཨེ་ལི་ཛར་གྱིས་དེ་བཞིན་བཀའ་སྲུང་ནས། ལོ་ཚད་དེའི་ཁོངས་ཀྱི་སྐྱེས་པ་ཡོངས་རྫོགས་ཕྱོགས་གཅིག་ཏུ་འབོད་ནས། དེ་ནམས་ཡེ་རི་ཀོ་ནས་ཡོར་དན་གཙང་པོའི་ཕར་ཕྱོགས་སུ་ཡོད་པ་མོ་ཨབ་པའི་ཐང་དུ་འཛོམས་སོ། ཨི་ཇིབ་ནས་ཐོན་པའི་ཨིསི་རཱཨེལ་པ་རྣམས་ནི་གཤམ་གསལ་ལྟར་ཡིན་ནོ། 5ཡ་ཀོབ་ཀྱི་བུ་རྒན་པ་རུ་བྷེན་གྱི་སྡེ་རིགས་ནས་བྱུང་བའི་རིགས་རུས་རྣམས་ནི། ཧ་ནོག། པལ་ལུ། 6ཧེཛ་རོན་དང་ཀར་མི་བཅས་ཡིན་པ་དང་། 7རིགས་རུས་དེའི་སྐྱེས་པ་རྣམས་ཀྱི་གྲངས་ ༤༣,༧༣༠ ཡོད་དོ། 8པལ་ལུའི་བརྒྱུད་ནས་ཨེ་ལི་ཨབ་དང་། 9ཁོའི་བུ་རྣམས་ནེ་མུ་ཨེལ་དང་། དྷ་ཐན་དང་ཨ་བྷི་རམ་བཅས་ཡིན་ཏེ། དྷ་ཐན་དང་ཨ་བྷི་རམ་ནི་ཨིསི་རཱཨེལ་པ་ཚོས་འདམ་པའི་སྐྱེས་པ་རྣམས་ཡིན་ནོ། དེ་ཚོས་མོ་ཤེ་དང་ཨ་རོན་གཉིས་ལ་བརྩི་བཀུར་མ་བྱས་པར། ཀོ་རཱའི་རྗེས་འབྲངས་མཁན་དང་མཉམ་དུ་ཁ་མཐུན་གྱིས་གཙོ་བོ་དཀོན་མཆོག་ལ་ངོ་ལོག་ཞུས་སོ། 10ས་གས་ནས་དྷ་ཏཱན་དང་ཨ་བྷི་རམ་ས་འོག་ཏུ་མིག་གོ མེས་མི་ ༢༥༠ ཐམ་པར་འཛིག་པར་བྱེད་པའི་སྐབས་སུ། དེ་ཚོའང་ཀོ་རཱ་དང་དེའི་རྗེས་འབྲངས་པ་རྣམས་དང་ལྷན་ཅིག་ཏུ་ཤི་བ་དང་། རྐྱེན་དེ་ནི་མི་རྣམས་ཀྱི་དོན་དུ་ཟོན་བརྡའི་རྒྱུ་ཞིག་ཏུ་འགྱུར་རོ། 11འོན་ཀྱང་ཀོ་རཱའི་བུ་རྣམས་ལ་སྲོག་སྐྱོན་སོགས་གང་ཡང་མ་བྱུང་ངོ་། 12སིམ་ཨོན་གྱི་སྡེ་རིགས་ནས་བྱུང་བའི་རིགས་རུས་རྣམས་ནི། ནེ་མུ་ཨེལ། ཡ་མིན། ཡ་ཀིན། 13ཛེ་རཱ་དང་ཤ་ཨུལ་བཅས་ཡིན་པ་དང་། 14རིགས་རུས་འདི་རྣམས་ཀྱི་ཁ་གྲངས་ནི་ ༢༢,༢༠༠ བཅས་ཡིན་ནོ། 15གྷཌ་ཀྱི་སྡེ་རིགས་ནས་བྱུང་བའི་རིགས་རུས་ནི། ཛེ་ཕོན། ཧག་གི། ཤུ་ནི། 16ཨོཛ་ནི། ཨེ་རི། 17ཨ་རོད་དང་ཨ་རེ་ལི་བཅས་ཡིན་ནོ། 18རིགས་རུས་འདི་རྣམས་ཀྱི་སྐྱེས་པའི་ཁ་གྲངས་ནི་ ༤༠,༥༠༠ བཅས་ཡོད་པ་ཡིན་ནོ། 19-21ཡ་ཧུ་དཱའི་སྡེ་རིགས་ནས་བྱུང་བའི་རིགས་རུས་ནི། ཤེ་ལཱ། པེ་རེཛ། ཛེ་རཱ། ཧེཛ་རོན། དང་ཧ་མུལ་བཅས་ཡིན་ཏེ། (ཡ་ཧུ་དཱའི་བུ་གཉིས་ནི། ཨེར་དང་ཨོ་ནན་ཡིན་ཅིང་། དེ་གཉིས་ནི་ཡུལ་ཀ་ནན་དུ་ཤོར་བ་ཡིན་ནོ།) 22རིགས་རུས་འདིའི་སྐྱེས་པའི་ཁ་གྲངས་ནི་ ༧༦,༥༠༠ བཅས་ཡིན་ནོ། 23ཨི་ས་ཀར་གྱི་སྡེ་རིགས་ལས་བྱུང་བའི་རིགས་རུས་ནི། ཏོ་ལ། པུ་ཨ། 24ཡ་ཤུབ་དང་ཤིམ་རོན་བཅས་ཡིན་པ་དང་། 25རིགས་རུས་དེ་ཚོའི་སྐྱེས་པའི་ཁ་གྲངས་ནི་ ༦༤,༣༠༠ བཅས་ཡོད་པ་ཡིན་ནོ། 26ཛེ་བུ་ལུན་གྱི་སྡེ་རིགས་ནས་བྱུང་བའི་རིགས་རུས་ནི། སེ་རེད། ཨེ་ལོན་དང་ཡ་ལིལ་བཅས་ཡིན་པ་དང་། 27རིགས་རུས་དེ་ཚོའི་སྐྱེས་པའི་ཁ་གྲངས་ནི་ ༦༠,༥༠༠ བཅས་ཡོད་པ་ཡིན་ནོ། 28ཡོ་སེབ་ཀྱི་སྡེ་རིགས་ནས་ཁོའི་བུ་ནི་མ་ནསེ་སཱེ་དང་ཨེཕ་ར་ཡིམ་གཉིས་ཡིན་ནོ། 29མ་ནསེ་སཱེའི་སྡེ་རིགས་ནས་མ་ནསེ་སཱེ་བུ་མ་ཀིར་ནི་གྷིལ་ཨད་ཀྱི་ཕ་ཡིན་པ་དང་། གཤམ་གསལ་རིགས་རུས་རྣམས་ནི། གྷིལ་ཨད་ཀྱི་མི་བརྒྱུད་ལས་བྱུང་བ་ཡིན་ནོ། 30ཨི་ཨེ་ཛེར། ཧེ་ལེག། 31ཨསེ་རི་ཨེལ། ཤེ་ཀེམ། 32ཤེ་མི་དྷ་དང་ཧེ་ཕར། 33ཧེ་ཕར་གྱི་བུ་ཛེ་ལོ་ཕེ་ཧད་ལ་བུ་མེད་པ་ཡིན་ནོ། འོན་ཀྱང་བུ་མོ་ཤ་སྟག་ཡོད་པ་དང་། དེ་ཚོའི་མིང་ནི། མཱ་ལཱ། ནོ་ཨ། ཧོག་ལཱ། མིལ་ཀཱ་དང་ཏིར་ཛཱ་བཅས་ཡིན་ཏེ། 34རིགས་རུས་དེ་ཚོའི་སྐྱེས་པའི་ཁ་གྲངས་ནི་ ༥༢,༧༠༠། 35ཨེཕ་ར་ཡིམ་གྱི་སྡེ་རིགས་ལས་བྱུང་བའི་རིགས་རུས་རྣམས་ནི། ཤུ་ཐེ་ལཱ། བྷེ་ཀེར་དང་ཏ་ཧན་བཅས་ཡིན་ཏེ། 36ཨེ་རན་གྱི་རིགས་རུས་ནི་ཤུ་ཐེ་ལཱའི་མི་བརྒྱུད་ལས་འགོ་ཚུགས་པ་ཡིན་པ་དང་། 37རིགས་རུས་འདིའི་ཁ་གྲངས་ནི་ ༣༢,༥༠༠ བཅས་ཡོད་པ་ཡིན་ནོ། དེ་ཚོ་ནི་ཡོ་སེབ་ཀྱི་རིགས་བརྒྱུད་ནས་བྱུང་བའི་རིགས་རུས་རྣམས་ཡིན་ནོ། 38བྷེན་ཡ་མིན་གྱི་སྡེ་རིགས་ནས་བྱུང་བའི་རིགས་རུས་ནི། བྷེ་ལཱ། ཨཤ་བྷེལ། ཨ་ཧི་རམ། 39ཤེ་ཕུ་ཕམ་དང་ཧུ་ཕམ་བཅས་ཡིན་པ་དང་། 40ཨར་དྷ་དང་ན་མན་གྱི་རིགས་རུས་ནི་བྷེ་ལཱའི་མི་བརྒྱུད་ལས་བྱུང་བ་ཡིན་ཏེ། 41རིགས་རུས་དེ་ཚོའི་སྐྱེས་པའི་ཁ་གྲངས་ནི་ ༤༥,༦༠༠ བཅས་ཡོད་པ་ཡིན་ནོ། 42དཱན་གྱི་སྡེ་རིགས་ལས་ཤུ་ཧམ་གྱི་རིགས་རུས་བྱུང་ཞིང་། 43རིགས་རུས་དེའི་སྐྱེས་པའི་ཁ་གྲངས་ནི ༦༤,༤༠༠ བཅས་ཡོད་པ་ཡིན་ནོ། 44ཨ་ཤེར་གྱི་སྡེ་རིགས་ནས་བྱུང་བའི་རིགས་རུས་ནི། ཨིམ་ནཱ། ཨིཤ་ཝི་དང་བྷེ་རི་ཡཱ་བཅས་ཡིན་པ་དང་། 45ཧེ་བྷེར་དང་མལ་ཀི་ཨེལ་གྱི་རིགས་རུས་ནི་བྷེ་རི་ཡཱའི་མི་བརྒྱུད་ནས་བྱུང་བ་ཡིན་ནོ། 46ཡང་ཨ་ཤེར་ལ་བུ་མོ་སེ་རཱ་ཟེར་བ་ཞིག་ཡོད་པ་དང་། 47རིགས་རུས་དེ་ཚོའི་སྐྱེས་པའི་ཁ་གྲངས་ནི་ ༥༣,༤༠༠ བཅས་ཡོད་པ་ཡིན་ནོ། 48ནཕ་ཏ་ལིའི་སྡེ་རིགས་ནས་བྱུང་བའི་རིགས་རུས་ཀྱི་མིང་ནི། ཡཱ་ཛིལ། གྷུ་ནི། ཡེ་ཛེར་དང་ཤི་ལེམ་བཅས་ཡིན་ཏེ། 49-50རིགས་རུས་དེ་ཚོའི་སྐྱེས་པའི་ཁ་གྲངས་ནི་ ༤༥,༤༠༠ བཅས་ཡོད་པ་ཡིན་ནོ། 51དེ་བཞིན་ཨིསི་རཱཨེལ་གྱི་སྐྱེས་པ་རྣམས་ཀྱི་གྲངས་བསྡོམས་ནི་ ༦༠༡,༧༣༠ བཅས་ཡོད་པ་ཡིན་ནོ། 52གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། 53ད་ཁྱོད་ཀྱིས་སྡེ་རིགས་སོ་སོའི་ཁ་གྲངས་ལྟར་ཡུལ་དེ་ཆ་བགོས་བརྒྱབ་དགོས། 54-56རྒྱན་ཤོག་བརྒྱབ་ནས་ཡུལ་དེ་ཆ་བགོས་བྱེད་དགོས་པ་དང་། སྡེ་རིགས་ཆེ་བར་ས་སྐལ་ཆེ་བ་དང་། དེ་བཞིན་ཆུང་བར་ས་སྐལ་ཉུང་བར་སྤྲོད་དགོས་ཅེས་གསུངས་སོ། 57ལེ་ཝིའི་སྡེ་རིགས་ཀྱི་ཁོངས་སུ་ཡོད་པའི་རིགས་རུས་རྣམས་ནི། གྷེར་ཤོན། ཀོ་ཧད་དང་། མེ་ར་རི་བཅས་ཡོད་པ་དང་། 58དེ་ཚོའི་རིགས་བརྒྱུད་ཀྱི་ཁོངས་སུ། ལེབ་ནི། མཱ་ལི། ཧེབ་རོན། མུ་ཤི་དང་ཀོ་རཱའི་རིགས་རུས་རྣམས་ཡོད་པ་ཡིན་ནོ། ཀོ་ཧད་ནི་ཨམ་རམ་གྱི་ཕ་ཡིན་ཅིང་། 59ཨམ་རམ་གྱིས་ལེ་ཝིའི་བུ་མོ་ཡོ་ཀེ་བྷེད་ལ་ཆང་ས་བརྒྱབ་པ་ཡིན་པ་དང་། ཡོ་ཀེ་བྷེད་ནི་ཨི་ཇིབ་དུ་སྐྱེས་པ་ཡིན་ནོ། མོས་ཨམ་རཱམ་ནས་བུ་གཉིས་དང་བུ་མོ་གཅིག་སྐྱེས་ཤིང་། བུའི་མིང་ལ་ཨ་རོན་དང་མོ་ཤེ། བུ་མོའི་མིང་ལ་མིར་ཡམ་བཅས་ཡིན་ནོ། 60ཨ་རོན་ལ་བུ་བཞི་བྱུང་བ་ནི། ན་དྷབ། ཨ་བྷི་ཧུ། ཨེ་ལི་ཛར་དང་ཨི་ཐ་མར་བཅས་ཡིན་པ་དང་། 61གཙོ་བོ་དཀོན་མཆོག་ལ་འབུལ་བ་མི་གཙང་བ་ཞིག་འབུལ་བའི་རྐྱེན་གྱིས་ན་དྷབ་དང་ཨ་བྷི་ཧུ་གཉིས་ཤི་དགོས་བྱུང་ངོ་། 62ལེ་ཝིའི་སྐྱེས་པ་རྣམས་ཀྱི་ཕྲུག་གུ་བུ་ཟླ་བ་གཅིག་གམ་དེ་ལས་ཆེ་བ་རྣམས་ཀྱི་ཁ་གྲངས་ནི་ ༢༣,༠༠༠ ཡིན་པ་དང་། དེ་ཚོའི་མིང་ཐོ་ནི་ཨིསི་རཱཨེལ་པ་བྱིངས་གཞིའི་ཁོངས་སུ་མ་ཡིན་པར་ལོགས་སུ་བྲིས་ཡོད་པ་ཡིན་ཏེ། གང་ལགས་ཟེར་ན། དེ་ཚོར་ཨིའི་རཱཨེལ་ནང་དུ་རྒྱུ་ནོར་ས་སྐལ་སོགས་གང་ཡང་སྤྲད་མེད་པ་ཡིན་པས་ཕྱིར་རོ། 63མོ་ཤེ་དང་ཨེ་ལི་ཛར་གྱིས་ཡེ་རི་ཀོ་ནས་ཡོར་དན་གཙང་པོའི་ཕར་ཕྱོགས་སུ་མོ་ཨབ་ཀྱི་ཐང་དུ། ཨིསི་རཱཨེལ་པའི་གྲངས་འབོར་རྩིས་པའི་སྐབས་སུ་རིགས་རུས་དེ་ཚོའི་ཐོའང་བྲིས་པ་ཡིན་ནོ། 64མོ་ཤེ་དང་ཨ་རོན་གཉིས་ཀྱིས་སི་ནཨེ་འབྲོག་སྟོང་དུ་ཐོག་མར་མི་འབོར་གྲངས་རྩིས་ལེན་སྐབས་ཀྱི་མིང་ཐོར་འཁོད་པའི་མི་ནི་ད་ལྟ་གཅིག་ཀྱང་མེད་པ་ཡིན་ཏེ། 65སྔར་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ཚང་མ་འབྲོག་སྟོང་ནང་དུ་ཤི་བར་འགྱུར་ཞེས་གསུངས་པ་བཞིན། ཡེ་ཕུ་ནཱེའི་བུ་ཀ་ལེབ་དང་ནུན་གྱི་བུ་ཡོ་ཤུ་ཨ་མ་གཏོགས་དེ་མིན་ཚང་མ་འབྲོག་སྟོང་ནང་དུ་ཤིའོ༎

གྲངས་ཀ 27

ཛེ་ལོ་ཕེ་ཧད་ཀྱི་བུ་མོ་རྣམས།

1ཡོ་སེབ་ཀྱི་བུ་མ་ནསེ་སཱེ། མ་ནསེ་སཱེའི་བུ་མ་ཀིར་དང་ཁོའི་བུ་གྷིལ་ཨད་ཡིན། གྷི་ལི་ཨད་ཀྱི་བུ་ཧེ་ཕར་དང་ཁོའི་བུ་ཛེ་ལོ་ཕེ་ཧད་ཡིན། ཛེ་ལོ་ཕེ་ཧད་ཀྱི་བུ་མོ་རྣམས་ནི། མཱ་ལཱ། ནོ་ཨ། ཧོག་ལཱ། མིལ་ཀཱ་དང་ཏིར་ཛཱ་བཅས་ཡིན་ནོ། 2བུ་མོ་དེ་ཚོ་ཕྱིན་ནས། མོ་ཤེ་དང་། བླ་མ་ཨེ་ལི་ཛར། དེ་བཞིན་འགོ་དཔོན་རྣམས་དང་ཨིསི་རཱཨེལ་མི་སྡེ་ཡོངས་ཀྱི་མདུན་དུ་གཙོ་བོ་དཀོན་མཆོག་གི་བཞུགས་གནས་གུར་མཆོག་དམ་པའི་སྒོའི་རྩར་ལངས་ནས་སྨྲས་པ། 3ང་ཚོའི་ཕ་ནི་འབྲོག་སྟོང་དུ་འདས་ཤིང་། ཁོང་ལ་བུ་གཅིག་ཀྱང་མེད་པ་དང་། ཁོང་ནི་གཙོ་བོ་དཀོན་མཆོག་ལ་ངོ་ལོག་ཞུ་མཁན་ཀོ་རཱའི་རྗེས་འབྲངས་པ་ཚོའི་ཁོངས་སུ་མེད་པ་ཡིན། ཁོང་ནི་སོ་སོའི་སྡིག་པའི་རྐྱེན་གྱིས་འདས་གྲོངས་བྱུང་བ་ཡིན་ནོ། 4ཁོང་ལ་བུ་མེད་པ་ཙམ་གྱིས་ཨིསི་རཱཨེལ་ནས་ཁོང་གི་མིང་ཤུལ་མེད་པར་བྱེད་དགོས་སམ། དེ་བས་ན་ང་ཚོའི་ཕའི་གཉེན་མཚན་རྣམས་དང་མཉམ་དུ་ང་ཚོ་ལའང་ནོར་སྐལ་གནང་བར་མཛོད། 5དེ་ནས་མོ་ཤེས་ཁོའི་གནས་ཚུལ་དེ་གཙོ་བོ་དཀོན་མཆོག་གི་དྲུང་དུ་ཞུས་པ་དང་། 6གཙོ་བོ་དཀོན་མཆོག་གིས་ཁོ་ལ། 7ཛེ་ལོ་ཕེ་ཧད་ཀྱི་བུ་མོ་ཚོས་གང་སྨྲས་པ་དེ་བདེན་པ་ཡིན་པས། དེ་ཚོའི་ཕའི་གཉེན་མཚན་རྣམས་དང་མཉམ་དུ་དེ་དག་ལའང་ནོར་སྐལ་སྤྲོད་དགོས་པ་མ་ཟད། ཁོའི་ཐོབ་སྐལ་གང་ཡོད་པ་དེའང་བུ་མོ་ཚོར་སྤྲོད་དགོས་པ་ཡིན་ནོ། 8ཨིསི་རཱཨེལ་མི་མང་རྣམས་ལ་འདི་ལྟར་སྨྲོས་ཤིག ད་ཕྱིན་གལ་ཏེ་མི་ཞིག་བུ་མེད་པར་ཤི་བ་ཡིན་ན། དེའི་ནོར་སྐལ་ཆ་ཚང་ཁོའི་བུ་མོས་བདག་དབང་བྱེད་རྒྱུ་དང་། 9གལ་ཏེ་ཁོ་ལ་བུ་མོའང་མེད་པ་ཡིན་ན་ཁོའི་བུ་སྤུན་ལ་ནོར་སྐལ་དེ་ཐོབ་རྒྱུ་དང་། 10ཁོ་ལ་བུ་སྤུན་སོགས་མེད་པ་ཡིན་ན། ཕའི་སྤུན་ལ་ནོར་སྐལ་དེ་དག་ཐོབ་པར་འགྱུར། 11ཁོ་ལ་བུ་སྤུན་ནམ་ཨ་ཁུ་སོགས་མེད་པ་ཡིན་ན། དེའི་གཉེན་མཚན་ཉེ་ཤོས་དེ་ལ་ནོར་སྐལ་ཐོབ་རྒྱུ་དང་། དེས་ས་ཞིང་རྒྱུ་དངོས་དེ་དག་རང་བདག་གི་རྒྱུ་ནོར་ཞིག་ཏུ་རྩིས་དགོས་ཏེ། གཙོ་བོ་དཀོན་མཆོག་ངས་བཀའ་བསྒོས་གང་གནང་བ་བཞིན་ཨིསི་རཱཨེལ་མི་དམངས་རྣམས་ཀྱིས་གོང་གསལ་བཀའ་ཁྲིམས་དེ་རྣམས་ཉེར་མཁོའི་ཁྲིམས་ལུགས་ཀྱི་ཚུལ་དུ་སྲུང་དགོས་པ་ཡིན་ནོ༎

ཡོ་ཤུ་ཨ་ནི་མོ་ཤེའི་ཤུལ་འཛིན་དུ་འདེམས་བསྐོད་བྱུང་བ།

(བཀའ་ཁྲིམས་སྐྱར་བཤད་ ༣༡:༡-༨)

12གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ཁྱོད་ཨ་བྷ་རིམ་རི་བོ་རྣམས་སུ་སོང་ཞིག། ངས་ཨིསི་རཱཨེལ་པ་རྣམས་ལ་སྤྲོད་ཀྱི་ཡིན་ཟེར་བའི་ཡུལ་དེར་ལྟོས་ཤིག 13ཁྱོད་ཀྱིས་ཡུལ་དེ་མཐོང་བའི་རྗེས་སུ་རང་གི་སྤུན་ཨ་རོན་དང་འདྲ་བ་ཁྱོད་རང་ཡང་ཤི་དགོས། 14གང་ལགས་ཟེར་ན། ཛིན་ཞེས་པའི་འབྲོག་སྟོང་དུ་ཁྱོད་གཉིས་ཀྱིས་ངའི་བཀའ་ལ་ངོ་རྒོལ་བྱས་པ་དང་། མི་ཚོགས་ཡོངས་ཀྱིས་མེ་རི་བཱ་རུ་ང་ལ་སྐྱོན་བརྗོད་བྱེད་སྐབས། ཁྱོད་ཀྱིས་དེ་ཚོའི་མདུན་དུ་ངའི་དམ་པའི་མཐུ་སྟོབས་ལ་ངོས་ལེན་མ་བྱས་པར་ཡིན། (མེ་རི་བྷ་ནི་ཛིན་གྱི་འབྲོག་སྟོང་དུ་ཡོད་པའི་ས་གནས་ཀ་དྷེཤིིའི་ཆུ་མིག་ཞིག་གི་མིང་ཡིན་ནོ།) 15དེ་ནས་མོ་ཤེས་སྨོན་ལམ་འདེབས་པ། 16ཀྱེ་དཀོན་མཆོག་གཙོ་བོ་དཀོན་མཆོག། ཚེ་སྲོག་ཀུན་གྱི་འབྱུང་གནས། ཁྱེད་ཀྱིས་མི་མང་རྣམས་ལ་རྫི་བོ་མེད་པའི་ལུག་ཁྱུ་བཞིན་དུ་བོར་གནང་མཛད་པར་དེ་ཚོར་འགོ་འཁྲིད་བྱེད་མཁན་ཞིག་གམ། 17དམག་དུས་སྐབས་སུ་དེ་ཚོར་བཀའ་བཀོད་བྱེད་ཐུབ་པའི་སྐྱེ་བོ་ཞིག་བསྐོ་གཞག་གནང་བར་མཛོད། 18དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། འཇོན་སྟངས་ལྡན་པའི་སྐྱེ་བོ་ནུན་གྱི་བུ་ཡོ་ཤུ་ཨ་དེ་འཁྲིད་ནས། ཁོའི་མགོ་ལ་ལག་པ་བཞག་སྟེ། 19བླ་མ་ཨེ་ལི་ཛར་དང་མི་སྡེ་ཡོངས་ཀྱི་མདུན་དུ་སླངས་ནས། ཁོ་ཚོ་ཚང་མའི་མདུན་དུ་ཁྱོད་ཀྱིས་ཁོ་ལ་རང་གི་རྗེས་ཤུལ་འཛིན་མཁན་ཡིན་ཞེས་ཁྱབ་སྒྲགས་བྱེད་དགོས། 20ཨིསི་རཱཨེལ་མི་སྡེ་ཡོངས་ཀྱིས་ཁོ་ལ་རྩིས་སྲུང་བྱེད་ཕྱིར། ཁྱོད་ཀྱིས་རང་གི་དབང་ཆ་ཕྲན་བུ་ཞིག་ཁོ་ལ་སྤྲོད་དགོས། 21ཁོས་ལས་དོན་གང་ཅིར་བླ་མ་ཨེ་ལི་ཛར་ལ་བློས་གཏན་བྱེད་དགོས་ཤིང་། ཡང་དེ་ཨེ་ལི་ཛར་གྱིས་ཨུ་རིམ་དང་ཐུམ་མིམ་གྱི་སྒོ་ནས་ངའི་བསམ་དོན་དེ་ཤེས་པར་བྱེད་རྒྱུ་ཡིན། དེ་ལྟར་བྱས་པའི་སྒོ་ནས་ཨེ་ལེ་ཨ་ཛར་གྱིས་ཡོ་ཤུ་ཨ་དང་ཨིསི་རཱཨེལ་མི་སྡེ་ཡོངས་ཀྱི་ལས་དོན་ཚང་མར་ལམ་སྟོན་བྱེད་པར་འགྱུར་ཞེས་གསུངས་སོ། 22དེ་ནས་མོ་ཤེས་གཙོ་བོ་དཀོན་མཆོག་གི་བཀའ་གནང་བ་ལྟར་བྱས་ཏེ། ཁོས་ཡོ་ཤུ་ཨ་ལ་བླ་མ་ཨེ་ལི་ཛར་དང་མི་མང་གི་མདུན་དུ་ལངས་བཅུག་གོ 23གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་མོ་ཤེས་རང་གི་ལག་པ་ཡོ་ཤུ་ཨའི་མགོའི་ཁར་བཞག་ནས། ཁོ་ལ་རང་གི་རྗེས་འཛིན་བྱེད་པོར་ཁྱབ་སྒྲགས་བྱས་སོ༎

གྲངས་ཀ 28

ཉིན་རེར་མཆོད་འབུལ།

(སྡེབ་ཐོན་ ༢༩:༣༨-༤༦)

1-2དཀོན་མཆོག་ཐུགས་མཉེས་པར་བྱེད་པའི་ཆག་ཅན་འབུལ་རྒྱུའི་ཁ་ཟས་ཀྱི་མཆོད་པ་དེ་དག་གཏན་འབེབས་བྱས་པའི་ཞག་དུས་སོ་སོར་དཀོན་མཆོག་ལ་འབུལ་དགོས་ཅེས་ཁྱོད་ཀྱིས་ཨིསི་རཱཨེལ་པ་རྣམས་ལ་སློབ་སྟོན་བཀའ་བསྒོས་བྱེད་དགོས་ཤེས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་ངོ་། 3གཙོ་བོ་དཀོན་མཆོག་ལ་འབུལ་དགོས་པའི་ཁ་ཟས་ཀྱི་མཆོད་པ་རྣམས་གཤམ་གསལ་ལྟར་ཡིན། ཉིན་རེའི་སྦྱིན་སྲེག་གི་མཆོད་པར་ལོ་གཅིག་ལོན་པའི་ལུག་གུ་གསོ་སྐྱོན་མེད་གཉིས་དང་། 4ལུག་གུ་དང་པོ་དེ་སྔ་དྲོ་དང་གཉིས་པ་དེ་དགོང་དྲོའི་དུས་སུ་མཆོད་པར་འབུལ་དགོས། 5ལུག་གུ་རེ་དང་མཉམ་དུ་ཁ་སྐྱུ་པོའི་སྣུམ་བཟང་ཤོས་ལི་ཊར་གང་བསྲེས་པའི་གྲོ་ཞིབ་ཀི་ལོ་གང་འབྲུའི་མཆོད་པར་འབུལ་དགོས། 6དེ་ནི་དུས་རྒྱུན་དུ་འབུལ་དགོས་པའི་སྦྱིན་སྲེག་གི་མཆོད་པ་ཡིན་པས། དེ་ནི་མེས་ཡོངས་སུ་བསྲེག་དགོས་པའི་མཆོད་པ་ཡིན། དེ་ནི་ཐོག་མར་རི་བོ་སི་ནཨེའི་སྟེང་དུ་ཁ་ཟས་ཀྱི་མཆོད་པའི་ཚུལ་དུ་ཕུལ་བ་ཡིན་པ་དང་། དེའི་དྲི་བཟང་གིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར་ཡོད། 7ལུག་གུ་དང་པོ་དེ་དང་མཉམ་དུ་རྒུན་ཆང་གི་མཆོད་པ་འབུལ་ཕྱིར་མཆོད་ཁྲིའི་ཁར་རྒུན་ཆང་ལི་ཊར་གང་བླུགས་དགོས། 8སྔ་དྲོ་མཆོད་འབུལ་ཇི་བྱས་ལྟར་དགོང་དྲོར་ལུག་གུ་གཉིས་པ་དེའང་རྒུན་ཆང་གི་མཆོད་པ་དང་མཉམ་དུ་འབུལ་དགོས། མཆོད་པ་དེའང་ཁ་ཟས་ཀྱི་མཆོད་འབུལ་ཡིན་པས་དེའི་དྲི་བཟང་གིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར༎

ངལ་གསོ་བའི་ཞག་གི་མཆོད་པ།

9ངལ་གསོ་བའི་ཞག་ལ་ལོ་གཅིག་འཁོར་བའི་ལུག་གསོ་སྐྱོན་མེད་པ་གཉིས་འབུལ་དགོས་ཤིང་། ཡང་དེ་དང་མཉམ་དུ་ཁ་སྐྱུ་པོའི་སྣུམ་བསྲེས་པའི་གྲོ་ཞིབ་ཀི་ལོ་དོ་འབྲུའི་མཆོད་པ་དང་རྒུན་ཆང་གི་མཆོད་པའི་ཚུལ་དུ་འབུལ་དགོས། 10སྦྱིན་སྲེག་གི་མཆོད་པ་དེ་ནི་ངལ་གསོ་བའི་ཞག་ལ་སོ་སོར་འབུལ་དགོས་པ་དང། འདི་ནི་རྒུན་ཆང་གི་མཆོད་འབུལ་དང་མཉམ་དུ་ཉིན་རེར་འབུལ་དགོས་པའི་མཆོད་པ་མ་རྩིས་པའི་འདི་ནི་མཆོད་པ་འཕར་མ་ཞིག་ཡིན་ནོ༎

ཟླ་ཚེས་དང་པོར་འབུལ་དགོས་པའི་མཆོད་པ།

11ཟླ་རེར་ཚེས་གཅིག་གི་ཉིན་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་འབུལ་དུ། གླང་གཞོན་པ་གཉིས་དང་ཕོ་ལུག་གཅིག། ལོ་གཅིག་ལོན་པའི་ཕོ་ལུག་བདུན་འབུལ་དགོས། དེ་ཚོ་ཚང་མ་སྐྱོན་མེད་པ་ཡིན་དགོས། 12འབྲུའི་མཆོད་པའི་ཚུལ་དུ་ཁ་སྐྱུ་པོའི་སྣུམ་བསྲེས་པའི་གྲོ་ཞིབ་གཤམ་གསལ་ལྟར་འབུལ་དགོས། གླང་རེ་རེར་གྲོ་ཞིབ་ཀི་ལོ་གསུམ་དང་ཕོ་ལུག་དང་མཉམ་དུ་ཀི་ལོ་དོ། 13ལུག་གུ་རེ་དང་མཉམ་དུ་གྲོ་ཞིབ་ཀི་ལོ་རེ་རེ་བཅས་འབུལ་དགོས། སྦྱིན་སྲེག་འདི་དག་ནི་ཞལ་ཟས་ཀྱི་མཆོད་པ་ཡིན་པ་དང་། དེའི་དྲི་བཟང་གིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 14ཚུལ་དང་མཐུན་པའི་རྒུན་ཆང་གི་མཆོད་པ་དེ་ནི་གླང་རེ་དང་མཉམ་དུ་རྒུན་ཆང་ལི་ཊར་དོ་དང་། ཕོ་ལུག་རེ་དང་མཉམ་དུ་ལི་ཊར་གང་དང་ཕྱེད་ཀ། དེ་བཞིན་ལུག་གུ་རེ་དང་མཉམ་དུ་རྒུན་ཆང་ལི་ཊར་གང་རེ་བཅས་འབུལ་དགོས་པ་ཡིན། ལོ་གང་རིང་ཟླ་རེའི་ཚེས་གཅིག་གི་ཉིན་འབུལ་དགོས་པའི་སྦྱིན་སྲེག་གི་མཆོད་པའི་ཁྲིམས་སྲོལ་ནི་གོང་གསལ་ལྟར་ཡིན་ནོ། 15ཡང་ཉིན་རེའི་འབུལ་དགོས་པའི་སྦྱིན་སྲེག་གི་མཆོད་པ་དང་རྒུན་ཆང་གི་མཆོད་པ་དེ་མ་རྩིས་པར། སྡིག་སེལ་གྱི་མཆོད་པའི་ཚུལ་དུ་ར་ཕོ་ཞིག་འཕར་མ་འབུལ་དགོས་པ་ཡིན་ནོ༎

(ལེ་ཝི་ ༢༣:༥-༡༤)

16གཙོ་བོ་དཀོན་མཆོག་ལ་གུས་བཀུར་ཞུ་བའི་ཚུལ་དུ་ཐར་གྲོལ་གྱི་དུས་སྟོན་དེ་ནི་ཟླ་བ་དང་པོའི་ཚེས་བཅུ་བཞི་ཉིན་རྩིས་སྲུང་བྱེད་དགོས། 17ཉིན་ཞག་བཅོ་ལྔ་པའི་ཉིན་ཆོས་ཀྱི་དུས་ཆེན་ཞིག་འགོ་ཚུགས་ཏེ། དེ་ནི་ཉིན་ཞག་བདུན་བར་དུ་གནས་དགོས། དུས་ཡུན་དེའི་རིང་ལ་ཆི་མན་མེད་པའི་བག་ལེག་གཅིག་པོ་ཟ་དགོས། 18དུས་ཆེན་གྱི་ཞག་དང་པོའི་ཉིན་ཁྱོད་ཚོ་མཆོད་འབུལ་ཞུ་ཕྱིར་འཛོམས་དགོས་སོ། དེ་ཉིན་ཁྱོད་ཚོས་ལས་དོན་གང་ཡང་བྱེད་མི་ཆོག 19གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་པ་ཞིག་ཁ་ཟས་ཀྱི་མཆོད་པའི་ཚུལ་དུ་འབུལ་དགོསསོ། གླང་གཞོན་པ་གཉིས་དང་ཕོ་ལུག་གཅིག་དང། ལོ་གཅིག་ལོན་པའི་ཕོ་ལུག་བདུན་འབུལ་དགོས། དེ་ཚོ་ཚང་མ་སྐྱོན་མེད་པ་ཡིན་དགོས། 20ཁ་སྐྱུ་པོའི་སྣུམ་བསྲེས་པའི་གྲོ་ཞིབ་དེ་དག་ཚུལ་མཐུན་བཞིན་དུ་འབྲུའི་མཆོད་པར་གཤམ་གསལ་ལྟར་འབུལ་དགོས། གླང་རེ་རེར་གྲོ་ཞིབ་ཀི་ལོ་གསུམ་དང་ཕོ་ལུག་དང་མཉམ་དུ་ཀི་ལོ་དོ། 21ལུ་གུ་རེ་དང་མཉམ་དུ་ཀི་ལོ་གང་རེ་བཅས་འབུལ་དགོས། 22སྡིག་སེལ་གྱི་མཆོད་པར་ར་ཕོ་གཅིག་ཡང་འབུལ་ནས། མི་དམངས་ཀྱི་ཆེད་དུ་དག་འབྱངས་ཀྱི་ཆོ་ག་དེ་བཤམ་དགོས། 23གོང་གསལ་མཆོད་འབུལ་དེ་དག་ནི། སྔ་དྲོ་ཆག་ཅན་འབུལ་དགོས་པའི་སྦྱིན་སྲེག་གི་མཆོད་པ་དེ་མ་རྩིས་པར་མཆོད་པ་འཕར་མ་ཞིག་འབུལ་དགོས་པ་ཡིན་ནོ། 24ཉིན་ཞག་བདུན་པར་གཙོ་བོ་དཀོན་མཆོག་ལ་ཁ་ཟས་ཀྱི་མཆོད་པ་དེ་འབུལ་དགོས། མཆོད་པ་དེའི་དྲི་ཞིམ་གྱིས་ཁོང་ཐུགས་མཉེས་པར་འགྱུར། དེ་ནི་ཉིན་རེར་འབུལ་དགོས་པའི་སྦྱིན་སྲེག་གི་མཆོད་པ་དང་རྒུན་ཆང་གི་མཆོད་པ་མ་རྩིས་པར་མཆོད་པ་འཕར་མ་ཞིག་ཡིན་ནོ། 25ཉིན་ཞག་བདུན་པར་བསྙེན་བཀུར་གྱི་ཆེད་དུ་འཛོམས་པ་ལས་དེ་ཉིན་ལས་དོན་གང་ཡང་བྱེད་མི་ཆོག་པ་ཡིན་ནོ༎

སྙེ་མ་རྔ་བའི་དུས་ཆེན་གྱི་མཆོད་པ།

(ལེ་ཝི་ ༢༣:༡༥-༢༢)

26སྙེ་མ་རྔ་བའི་དུས་ཆེན་གྱི་ཉིན་ཞག་དང་པོར། གཙོ་བོ་དཀོན་མཆོག་ལ་འབྲུ་ཕུད་འབུལ་དུས། ཁྱོད་ཚོ་མཆོད་འབུལ་གྱི་ཆེད་དུ་འཛོམས་དགོས་པས། དེ་ཉིན་ལས་དོན་གང་ཡང་བྱེད་མི་ཆོག 27གཙོ་བོ་དཀོན་མཆོག་དྲི་ཞིམ་གྱིས་མཉེས་པའི་ཕྱིར་སྦྱིན་སྲེག་གི་མཆོད་པ་ཞིག་འབུལ་དགོས། གླང་གཞོན་པ་གཉིས་དང་ཕོ་ལུག་གཅིག་དང། ལོ་གཅིག་ལོན་པའི་ཕོ་ལུག་བདུན་འབུལ་དགོས། དེ་ཚོ་ཚང་མ་སྐྱོན་མེད་པ་ཡིན་དགོས། 28ཁ་སྐྱུར་པོའི་སྣུམ་བསྲེས་པའི་གྲོ་ཞིབ་དེ་དག་ཚུལ་མཐུན་བཞིན་དུ་འབྲུའི་མཆོད་པར་གཤམ་གསལ་ལྟར་འབུལ་དགོས། གླང་རེ་རེར་གྲོ་ཞིབ་ཀི་ལོ་གསུམ་དང་ཕོ་ལུག་དང་མཉམ་དུ་ཀི་ལོ་དོ། 29ལུག་གུ་རེ་དང་མཉམ་དུ་ཀི་ལོ་གང་རེ་བཅས་འབུལ་དགོས། 30སྡིག་སེལ་གྱི་མཆོད་པར་ར་ཕོ་གཅིག་ཡང་འབུལ་ནས། མི་མང་གི་ཆེད་དུ་དག་འབྱངས་ཀྱི་ཆོ་ག་དེ་བཤམ་དགོས། 31གོང་གསལ་མཆོད་པ་དང་རྒུན་ཆང་གི་མཆོད་པ་རྣམས་ནི་ཉིན་རེར་འབུལ་དགོས་པའི་སྦྱིན་སྲེག་གི་མཆོད་པ་དང་འབྲུའི་མཆོད་པ་རྣམས་མ་རྩིས་པར། མཆོད་པ་འཕར་མ་ཞིག་འབུལ་དགོས་པ་ཡིན་ནོ༎

གྲངས་ཀ 29

ལོ་གསར་པའི་དུས་སྟོན་སྐབས་ཀྱི་མཆོད་འབུལ་།

(ལེ་ཝི་ ༢༣:༢༣-༢༥)

1ཟླ་བ་བདུན་པའི་ཚེས་དང་པོར་ཁྱོད་ཚོ་བསྙེན་བཀུར་གྱི་དོན་དུ་འཛོམས་དགོས་ཤིང་། དེ་ཉིན་ལས་དོན་གང་ཡང་བྱེད་མི་ཆོག དེའི་ཉིན་ཁྱོད་ཚོས་དུང་རྣམས་འབུད་དགོས་སོ། 2གླང་གཞོན་པ་གཅིག་དང་ཕོ་ལུག་གཅིག། ཡང་ལོ་ཅིག་ལོན་པའི་ཕོ་ལུག་བདུན་བཅས་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་པར་འབུལ་དགོས། དེ་ཚོ་ཚང་མ་སྐྱོན་མེད་པ་ཡིན་དགོས། མཆོད་པ་དེའི་དྲི་བཟང་གིས་ཁོང་ཐུགས་མཉེས་པར་འགྱུར། 3ཁ་སྐྱུ་པོའི་སྣུམ་བསྲེས་པའི་གྲོ་ཞིབ་དེ་དག་ཚུལ་མཐུན་བཞིན་དུ་འབྲུའི་མཆོད་པར་གཤམ་གསལ་ལྟར་འབུལ་དགོས། གླང་རེ་རེར་དང་མཉམ་དུ་གྲོ་ཞིབ་ཀི་ལོ་གསུམ་དང་ཕོ་ལུག་དང་མཉམ་དུ་ཀི་ལོ་དོ། 4ལུག་གུ་རེ་དང་མཉམ་དུ་ཀི་ལོ་གང་རེ་བཅས་འབུལ་དགོས། 5སྡིག་སེལ་གྱི་མཆོད་པར་ར་ཕོ་གཅིག་ཡང་འབུལ་ནས། མི་མང་གི་ཆེད་དུ་དག་འབྱངས་ཀྱི་ཆོ་ག་དེ་བཤམ་དགོས། 6ཟླ་རེར་ཉིན་ཞག་དང་པོར་འབུལ་བྱེད་སྦྱིན་སྲེག་གི་མཆོད་པ་མཉམ་དུ་འབྲུའི་མཆོད་པ་དང་། ཉིན་རེར་འབུལ་རྒྱུའི་སྦྱིན་སྲེག་གི་མཆོད་པ་མཉམ་དུ་འབྲུ་དང་རྒུན་ཆང་གི་མཆོད་པའི་ཐོག་མཆོད་པ་འཕར་མ་དེ་དག་འབུལ་དགོས། ཁ་ཟས་ཀྱི་མཆོད་པ་དེའི་དྲི་བཟང་གིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར༎

སྡིག་བཤགས་ཀྱི་ཉིན་མོའི་མཆོད་འབུལ།

(ལེ་ཝི་ ༢༣:༢༦-༣༢)

7ཟླ་བ་བདུན་པའི་ཚེས་བཅུའི་ཉིན་ཁྱོད་ཚོ་བསྙེན་བཀུར་ཞུ་ཕྱིར་གཅིག་ཏུ་འཛོམས་དགོས། དེ་ཉིན་སྨྱུང་གནས་སྲུང་སྟེ་ལས་དོན་གང་ཡང་བྱེད་མི་ཆོག 8སྐྱོན་གང་ཡང་མེད་པའི་གླང་གཞོན་པ་གཅིག་དང་ཕོ་ལུག་གཅིག། ལོ་གཅིག་ལོན་པའི་ལུག་གུ་ཕོ་བདུན་བཅས་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་པའི་ཚུལ་དུ་འབུལ་དགོས། མཆོད་པ་དེའི་དྲི་བཟང་གིས་ཁོང་ཐུགས་མཉེས་པར་འགྱུར་རོ། 9ཁ་སྐྱུར་པོའི་སྣུམ་བསྲེས་པའི་གྲོ་ཞིབ་དེ་དག་ཚུལ་མཐུན་བཞིན་དུ་འབྲུའི་མཆོད་པར་གཤམ་གསལ་ལྟར་འབུལ་དགོས། གླང་དང་མཉམ་དུ་གྲོ་ཞིབ་ཀི་ལོ་གསུམ་དང་ཕོ་ལུག་དང་མཉམ་དུ་ཀི་ལོ་དོ། 10ལུག་གུ་རེ་དང་མཉམ་དུ་ཀི་ལོ་གང་རེ་བཅས་འབུལ་དགོས། 11མི་མང་གི་ཆེད་དུ་དག་འབྱངས་ཀྱི་མཆོད་པར་ཕུལ་བའི་ར་དེ་དང་། ཉིན་ལྟར་འབུལ་དགོས་པའི་སྦྱིན་སྲེག་གི་མཆོད་པ་མཉམ་དུ། འབྲུ་དང་རྒུན་ཆང་གི་མཆོད་པའི་ཐོག་ར་ཕོ་གཞན་ཞིག་ཀྱང་སྡིག་སེལ་གྱི་མཆོད་པར་འབུལ་དགོས༎

རྩ་གཡབ་ཀྱི་དུས་སྟོན་གྱི་མཆོད་འབུལ།

(ལེ་ཝི་ ༢༣:༣༣-༤༤)

12ཁྱོད་ཚོ་ཟླ་བ་བདུན་པའི་ཚེས་བཅོ་ལྔའི་ཉིན་བསྙེན་བཀུར་གྱི་དོན་དུ་གཅིག་ཏུ་འཛོམས་དགོས། དུས་ཆེན་དེ་ནི་ཉིན་ཞག་བདུན་བར་དུ་གཙོ་བོ་དཀོན་མཆོག་ལ་གུས་བཀུར་ཞུ་བའི་ཚུལ་དུ་སྲུང་པ་དང། དེའི་རིང་ལ་ལས་དོན་སོགས་གང་ཡང་བྱེད་མི་ཆོག 13དུས་ཆེན་གྱི་ཉིན་ཞག་དང་པོར་གཙོ་བོ་དཀོན་མཆོག་ལ་ཐུགས་མཉེས་པའི་དྲི་བཟང་གི་ཚུལ་དུ་མེའི་སྒོ་ནས་འབུལ་བའི་དམར་མཆོད་ཀྱི་ཚུལ་དུ་གླང་གཞོན་པ་བཅུ་གསུམ་དང་ཕོ་ལུག་གཉིས་དང་། ལོ་གཅིག་ལོན་པའི་ལུག་གུ་ཕོ་བཅུ་བཞི་བཅས་ཕུལ་དགོས། དེ་ཚོ་ཚང་མ་སྐྱོན་གང་ཡང་མེད་པ་ཡིན་དགོས། 14ཁ་སྐྱུར་པོའི་སྣུམ་བསྲེས་པའི་གྲོ་ཞིབ་དེ་དག་ཚུལ་མཐུན་བཞིན་དུ་འབྲུ་སྣའི་མཆོད་པར་གཤམ་གསལ་ལྟར་འབུལ་དགོས། གླང་རེ་རེར་གྲོ་ཞིབ་ཀི་ལོ་གསུམ་དང་། ཕོ་ལུག་རེ་རེར་ཀི་ལོ་དོ་དང་། 15ལུག་གུ་རེ་རེར་ཀི་ལོ་གང་རེ་བཅས་ མཉམ་དུ་རྒུན་ཆང་གི་མཆོད་པ་ཡང་འབུལ་དགོས། 16སྡིག་སེལ་གྱི་མཆོད་པར་ར་ཕོ་གཅིག་ཡང་འབུལ་དགོས། ཉིན་རེར་འབུལ་དགོས་པའི་སྦྱིན་སྲེག་གི་མཆོད་པ་མཉམ་དུ་འབྲུ་དང་རྒུན་ཆང་གི་མཆོད་པ་སོགས་མ་རྩིས་པར་མཆོད་པ་འཕར་མ་ཞིག་འབུལ་དགོས་པ་ཡིན་ནོ། 17ཉིན་ཞག་གཉིས་པར་གླང་གཞོན་པ་བཅུ་གཉིས་དང་། ཕོ་ལུག་གཉིས་དང་ལོ་གཅིག་ལོན་པའི་ཕོ་ལུག་བཅུ་བཞི་བཅས་འབུལ་དགོས། དེ་ཚོ་ཚང་མ་སྐྱོན་གང་ཡང་མེད་པ་ཡིན་དགོས། 18-19དེ་ཚོ་དང་མཉམ་དུ་ཉིན་ཞག་དང་པོར་གཏན་འབེབས་བྱས་པའི་མཆོད་པ་གཞན་རྣམས་ཀྱང་འབུལ་དགོས། 20ཉིན་ཞག་གསུམ་པར་གླང་གཞོན་པ་བཅུ་གཅིག་དང་ཕོ་ལུག་གཉིས་དང་ལོ་གཅིག་ལོན་པའི་ལུག་གུ་ཕོ་བཅུ་བཞི་བཅས་འབུལ་དགོས། དེ་ཚོ་ཚང་མ་སྐྱོན་གང་ཡང་མེད་པ་ཡིན་དགོས། 21-22དེ་ཚོ་དང་མཉམ་དུ་ཉིན་ཞག་དང་པོར་གཏན་འབེབས་བྱས་པའི་མཆོད་པ་གཞན་རྣམས་ཀྱང་འབུལ་དགོས། 23ཉིན་ཞག་བཞི་པར་གླང་གཞོན་པ་བཅུ་དང་། ཕོ་ལུག་གཉིས་དང་། དེ་བཞིན་ལོ་གཅིག་ལོན་པའི་ལུག་གུ་ཕོ་བཅུ་བཞི་བཅས་འབུལ་དགོས། དེ་ཚོ་ཚང་མ་སྐྱོན་གང་ཡང་མེད་པ་ཡིན་དགོས། 24-25དེ་ཚོ་དང་མཉམ་དུ་ཉིན་ཞག་དང་པོར་གཏན་འབེབས་བྱས་པའི་མཆོད་པ་གཞན་རྣམས་ཀྱང་འབུལ་དགོས། 26ཉིན་ཞག་ལྔ་པར་གླང་གཞོན་པ་དགུ་དང་། ཕོ་ལུག་གཉིས་དང་། ལོ་གཅིག་ལོན་པའི་ལུག་གུ་ཕོ་བཅུ་བཞི་བཅས་འབུལ་དགོས། དེ་ཚོ་ཚང་མ་སྐྱོན་གང་ཡང་མེད་པ་ཡིན་དགོས། 27-28དེ་ཚོ་དང་མཉམ་དུ་ཉིན་ཞག་དང་པོར་གཏན་འབེབས་བྱས་པའི་མཆོད་པ་གཞན་རྣམས་ཀྱང་འབུལ་དགོས། 29ཉིན་ཞག་དྲུག་པར་གླང་གཞོན་པ་བརྒྱད་དང་། ཕོ་ལུག་གཉིས་དང་ལོ་གཅིག་ལོན་པའི་ལུག་གུ་ཕོ་བཅུ་བཞི་བཅས་འབུལ་དགོས། དེ་ཚོ་ཚང་མ་སྐྱོན་གང་ཡང་མེད་པ་ཡིན་དགོས། 30-31དེ་ཚོ་དང་མཉམ་དུ་ཉིན་ཞག་དང་པོར་གཏན་འབེབས་བྱས་པའི་མཆོད་པ་གཞན་རྣམས་ཀྱང་འབུལ་དགོས། 32ཉིན་ཞག་བདུན་པར་གླང་གཞོན་པ་བདུན་དང་། ཕོ་ལུག་གཉིས་དང་། ལོ་གཅིག་ལོན་པའི་ལུག་གུ་ཕོ་བཅུ་བཞི་བཅས་འབུལ་དགོས། དེ་ཚོ་ཚང་མ་སྐྱོན་གང་ཡང་མེད་པ་ཡིན་དགོས། 33-34དེ་ཚོ་དང་མཉམ་དུ་ཉིན་ཞག་དང་པོར་གཏན་འབེབས་བྱས་པའི་མཆོད་པ་གཞན་རྣམས་ཀྱང་འབུལ་དགོས། 35ཉིན་ཞག་བརྒྱད་པར་བསྙེན་བཀུར་གྱི་ཆེད་དུ་གཅིག་ཏུ་ཛོམས་དགོས་། དེ་ཉིན་སུས་ཀྱང་ལས་དོན་གང་ཡང་བྱེད་མི་ཆོག 36གཙོ་བོ་དཀོན་མཆོག་ཐུགས་གཉེས་པའི་ཕྱིར་དྲི་ཞིམ་གྱི་ཆེད་དུ་མེའི་སྒོ་ནས་འབུལ་བའི་དམར་མཆོད་དུ་གླང་གཞོན་པ་གཅིག་དང་། ཕོ་ལུག་གཅིག་དང་ལོ་གཅིག་ལོན་པའི་ལུག་གུ་ཕོ་བདུན་རྣམས་འབུལ་ཞིག དེ་ཚོ་ཚང་མ་སྐྱོན་གང་ཡང་མེད་པ་ཡིན་དགོས། 37-38དེ་ཚོ་དང་མཉམ་དུ་ཉིན་ཞག་དང་པོར་གཏན་འབེབས་བྱས་པའི་མཆོད་པ་གཞན་རྣམས་ཀྱང་འབུལ་དགོས། 39གཏན་འབེབས་ཟིན་པའི་དུས་ཆེན་སོ་སོར་ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་འབུལ་དགོས་པའི་སྦྱིན་སྲེག་གི་མཆོད་པ་དང་། འབྲུའི་མཆོད་པ་དང་། རྒུན་ཆང་གི་མཆོད་པ་དང་། མཐུན་འབྲེལ་གྱི་མཆོད་པ་སོགས་འབུལ་རྒྱུའི་ཁྲིམས་སྲོལ་ནི་འདི་ལྟར་ཡིན་ནོ། ཁྱོད་ཚོས་དམ་བཅའ་བྱས་པའི་མཆོད་པའམ་དང་བླངས་ཀྱིས་ཕུལ་བའི་མཆོད་པའི་ཐོག། མཆོད་པ་འཕར་མ་བཅས་འབུལ་དགོས། 40གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་ཚང་མ་ཁོས་ཨིསི་རཱཨེལ་མི་དམངས་རྣམས་ལ་བཤད་དོ༎

གྲངས་ཀ 30

དམ་བཅའ་སྐོར་གྱི་བཀའ་ཁྲིམས་རྣམས།

1མོ་ཤེས་ཨིསི་རཱཨེལ་གྱི་སྡེ་རིགས་སོ་སོའི་འགོ་དཔོན་རྣམས་ལ་གཤམ་གསལ་ལྟར་སློབ་སྟོན་བྱས་སོ། 2མི་ཞིག་གིས་གཙོ་བོ་དཀོན་མཆོག་ལ་འབུལ་བ་ཞིག་འབུལ་རྒྱུའི་དམ་བཅའ་བྱེད་པའམ། ཡང་ན་སྤངས་བྱ་སོགས་བྱེད་རྒྱུའི་མནའ་སྐྱེལ་ཡོད་པ་ཡིན་ན། ཁོས་རང་གི་དམ་བཅའ་དེ་ལས་མི་འགལ་བར། རང་གིས་ཁས་ལེན་བྱེད་པའི་དོན་གནད་ཚང་མ་སྒྲུབ་དགོས་པ་ཡིན་ནོ། 3རང་གི་ཕའི་ཁྱིམ་དུ་གནས་སྡོད་བྱེད་བཞིན་པའི་བུད་མེད་ན་ཆུང་མ་ཞིག་གིས་གཙོ་བོ་དཀོན་མཆོག་ལ་འབུལ་བ་ཞིག་འབུལ་རྒྱུའི་དམ་བཅའ་བྱེད་པའམ། ཡང་ན་སྤངས་བྱ་སོགས་བྱེད་རྒྱུའི་དམ་བཅའ་བྱས་ཡོད་པ་ཡིན་ན། 4གལ་སྲིད་དེའི་སྐོར་ལ་ཕས་ཐོས་ཏེ་འགག་བྱ་མ་བྱས་བར་དུ་མོས་དམ་བཅའ་གང་བྱས་པ་ཆ་ཚང་སྒྲུབ་དགོས། 5འོན་ཀྱང་མོའི་ཕས་དེའི་སྐོར་ཐོས་ནས་མོ་ལ་དམ་བཅའ་སྒྲུབ་རྒྱུར་འགག་པ་བྱས་པ་ཡིན་ན། མོས་དམ་བཅའ་དེ་སྲུང་མི་དགོས། གཙོ་བོ་དཀོན་མཆོག་གིས་མོ་ལ་བཟོད་གསོལ་གནང་བར་འགྱུར། གང་ལགས་ཟེར་ན། ཕས་མོ་ལ་དེ་ལྟར་བྱེད་མ་བཅུག་པས་ཕྱིར་རོ། 6གལ་ཏེ་བུད་མེད་ཆང་ས་མ་བརྒྱབ་པ་ཞིག་གིས། ཤེས་བཞིན་དུའམ་ཡང་ན་སྣང་མེད་དུ་དམ་བཅའ་བྱས་པའམ། ཡང་ན་སྤངས་བྱ་སོགས་བྱེད་རྒྱུའི་ཁས་ལེན་བྱས་པའི་རྗེས་སུ་མོས་ཆང་ས་བརྒྱབ་ཅིང་། 7མོའི་ཁྱོ་གས་དེའི་སྐོར་ལ་ཐོས་ནས་འགག་བྱ་མ་བྱས་བར་དུ། མོས་རང་གི་དམ་བཅའ་བཞག་པ་རྣམས་ཆ་ཚང་སྒྲུབ་དགོས། 8འོན་ཀྱང་ཁྱོ་དེས་མོའི་དམ་བཅའི་སྐོར་ལ་ཐོས་ནས་དེ་སྒྲུབ་རྒྱུར་མོ་ལ་འགག་བྱ་བྱས་པ་ཡིན་ན། མོས་དེ་སྒྲུབ་མི་དགོས། གཙོ་བོ་དཀོན་མཆོག་གིས་མོ་ལ་བཟོད་གསོལ་གནང་བར་འགྱུར། 9ཡུགས་མོ་ཞིག་གམ་ཡང་ན་བཟའ་ཟླ་ཁ་ཕྲལ་དུ་ཕྱིན་པའི་བུད་མེད་ཅིག་གིས་དམ་བཅའ་བྱས་པའམ། ཡང་ན་སྤང་བྱ་སོགས་བྱེད་རྒྱུའི་ཁས་ལེན་གང་བྱས་པ་ཚང་མ་སྒྲུབ་དགོས་པ་ཡིན་ནོ། 10གལ་ཏེ་ཆང་ས་བརྒྱབ་ཟིན་པའི་བུད་མེད་ཞིག་གིས་དོན་གནད་གང་ཞིག་གི་སྐོར་དམ་བཅའ་བྱས་པའམ། ཡང་ན་སྤངས་བྱ་སོགས་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ་ཡིན་ཏེ། 11མོའི་བཟའ་ཟླས་དེའི་སྐོར་ཐོས་ནས་འགག་བྱ་སོགས་མ་བྱས་ན། མོས་དམ་བཅའ་སྲུང་རྒྱུའི་ཁས་ལེན་བྱས་པ་ཆ་ཚང་སྒྲུབ་དགོས་པ་ཡིན་ནོ། 12འོན་ཀྱང་ཁྱོས་དེ་ཐོས་ནས་དམ་བཅའ་དེ་དག་སྒྲུབ་རྒྱུའི་འགག་བྱ་བྱས་པ་ཡིན་ན། མོས་དམ་བཅའ་དེ་དག་སྒྲུབ་མི་དགོས་པར། གཙོ་བོ་དཀོན་མཆོག་གིས་མོ་ལ་བཟོད་གསོལ་གནང་བར་འགྱུར། གང་ལགས་ཟེར་ན། རང་གི་ཁྱོས་མོ་ལ་དམ་བཅའ་དེ་སྒྲུབ་རྒྱུར་འགག་པ་བྱེད་པས་ཕྱིར་རོ། 13མོས་ཁས་ལེན་བྱས་པའི་དམ་བཅའ་རྣམས་ལ་ངོས་ལེན་དང་རྩིས་མེད་གཏོང་རྒྱུའི་དབང་ཆ་དེ་མོའི་ཁྱོ་ལ་ཡོད་པ་ཡིན་མོད། 14འོན་ཀྱང་ཁོས་དེས་དམ་བཅའི་སྐོར་ལ་ཤེས་རྟོགས་བྱུང་བའི་ཉིན་མོ་དེ་རང་ལ་འགག་བྱ་སོགས་མ་བྱས་པ་ཡིན་ན། ཁོས་དམ་བཅའ་དེ་ལ་ངོས་ལེན་བྱས་པར་རྩིས་དགོས། 15འོན་ཀྱང་དུས་གང་ཙམ་གྱི་རྗེས་སུ་ཁོས་དམ་བཅའ་དེ་ལ་ཁས་ལེན་མ་བྱས་པ་ཡིན་ན། དམ་བཅའ་སྒྲུབ་མ་ཐུབ་པའི་ཉེས་ཆད་དེ་ཁོའི་ཐོག་ཏུ་ཕོག་པར་འགྱུར། 16རང་གི་ཕའི་ནང་དུ་གནས་སྡོད་བྱེད་པའི་བུ་མོ་ཆང་ས་མ་བརྒྱབ་པའམ། ཡང་ན་ཆང་ས་བརྒྱབ་ཟིན་པའི་བུད་མེད་རྣམས་ཀྱིས་སྲུང་དགོས་པའི་དམ་བཅའི་སྐོར་ལ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གནང་བའི་བཀའ་ཁྲིམས་ནི་གོང་གསལ་ལྟར་ཡིན་ནོ༎

གྲངས་ཀ 31

མིད་ཡན་པ་ཚོའི་ཐོག་ཏུ་རྒྱལ་ཁ།

1དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། 2མི་དི་ཡན་པ་ཚོས་ཨིསི་རཱཨེལ་པ་རྣམས་ལ་གང་བྱས་པའི་ཉེས་ལན་དུ་དེ་ཚོར་ཆད་པ་གཏོང་དགོས། ཁྱོད་ཀྱིས་དེ་ལྟར་བྱས་ཟིན་པའི་རྗེས་སུ་རང་ཉིད་འཆི་བར་འགྱུར་ཞེས་གསུངས་པ་དང་། 3མོ་ཤེས་མི་ཚོགས་ལ། ད་ཁྱོད་ཚོ་མིད་ཡན་པ་རྣམས་ལ་འཐབ་རྒོལ་བྱེད་ཕྱིར་དམག་གི་གྲ་སྒྲིགས་བྱེད་དགོས། དེ་ཚོས་གཙོ་བོ་དཀོན་མཆོག་ལ་གང་ཞུས་པ་དེར་ཉེས་ཆད་གཏོང་དགོས། 4ད་དམག་གི་ཆེད་དུ་ཨིསི་རཱཨེལ་པའི་སྡེ་རིགས་རེ་ནས་སྐྱེས་པ་རྣམས་ ༡,༠༠༠ གཏོང་དགོས་ཅེས་སྨྲས་པ་ཡིན། 5དེར་བརྟེན་སྡེ་རིགས་རེ་རེ་ནས་སྐྱེས་པ་ཆིག་སྟོང་རེ་འདེམས་བསྒྲུགས་ཀྱིས། ཁྱོན་བསྡོམས་མི་ ༡༢,༠༠༠ དམག་གི་ཆེད་དུ་གྲ་སྒྲིགས་བྱུང་ངོ་། 6མོ་ཤེས་དེ་ཚོར་བླ་མ་ཨེ་ལི་ཛར་གྱི་བུ་ཕི་ནེ་ཧསེ་ཀྱི་འགོ་ཁྲིད་འོག་ཏུ་དམག་སར་བཏང་ངོ་། ཕིན་ཧསི་ནི་དམ་པའི་དངོས་ཆས་རྣམས་དང་ཟོན་བརྡ་གཏོང་ཕྱིར་འབུད་པའི་དུང་རྣམས་ཀྱི་དོ་དམ་པར་འཁོད་པའི་བླ་མ་དེ་ཡིན་ནོ། 7གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གང་གནང་བ་བཞིན། དེ་ཚོས་མིད་ཡན་པ་རྣམས་ལ་འཐབ་རྒོལ་བྱས་ནས། དེ་ཚོའི་སྐྱེས་པ་ཚང་མ་བསད་དོ། 8དེ་ཚོས་ཨེ་ཝི་དང་། རེ་ཀེམ། ཛུར། ཧུར། རེ་བྷ་བཅས་མིད་ཡན་པའི་རྒྱལ་པོ་ལྔ་བཙས་བསད་དོ། བྷི་ཨོར་གྱི་བུ་བྷ་ལམ་ཡང་བསད་དོ། 9ཨིསི་རཱཨེལ་པ་རྣམས་ཀྱི་མིད་ཡན་པའི་བུད་མེད་དང་བུ་ཕྲུག་དང་། དེ་ཚོའི་ཟོག་སེམས་ཅན་ཚང་མར་བདག་བཟུང་བྱས་པ་དང་། དེ་ཚོའི་རྒྱུ་དངོས་ཚང་མ་བཅོམ་པས་མ་ཟད། 10དེ་ཚོའི་གྲོང་ཁྱེར་དང་སྒར་ས་ཚང་མ་མེར་སྲེག་བཏང་ནས། 11དེ་ཚོས་བཅོམ་པའི་དངོས་པོ་དང་། བཙོན་པ་དང་སེམས་ཅན་དང་བཅས་པ། 12མོ་ཤེ་དང་། ཨེ་ལི་ཛར་དང་ཨིསི་རཱཨེལ་མི་སྡེ་ཡོངས་ཀྱི་མདུན་དུ་འཁྲིད་ཡོང་ངོ་། སྐབས་དེར་དེ་ཚོ་ཡེ་རི་ཀོ་ནས་ཡོར་དན་གྱི་ཕར་ཕྱོགས་སུ་མོ་ཨབ་ཀྱི་ཐང་དུ་སྒར་ས་བརྒྱབ་ནས་བསྡད་ཡོད་དོ༎

དམག་མི་རྣམས་ཕྱིར་ལོག་བྱེད་པ།

13མོ་ཤེ། ཨེ་ལི་ཛར་དང་མི་སྡེ་ཡོངས་ཀྱི་འགོ་དཔོན་རྣམས་སྒར་ས་ནས་ཕྱིར་ཐོན་ཏེ། དམག་མི་རྣམས་དང་ཐུག་འཕྲད་བྱེད་པར་ཡོང་ངོ་། 14དམག་ས་ནས་ཕྱིར་ལོག་བྱས་པའི་བརྒྱ་དཔོན་དང་སྟོང་དཔོན་རྣམས་ལ་མོ་ཤེ་ཁྲོས་ཤིང་། 15ཁོས་དེ་ཚོར་འདྲི་རྩད་བྱས་པ། ཁྱོད་ཚོས་བུད་མེད་ཚང་མ་གསོན་པོར་བཞག་པ་དེ་ག་རེ་ཡིན་ནམ། 16བྷ་ལམ་གྱི་སློབ་སྟོན་རྗེས་སུ་འབྲངས་མཁན་དང་། པེ་ཨོར་དུ་གཅོ་བོ་དཀོན་མཆོག་ལ་དད་ལོག་ཞུ་བཅུག་མཁན་དེ་དག་བུད་མེད་རང་ཡིན་པ་དེ་དྲན་གསོ་བྱོས་ཤིག དེའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གི་མི་སྡེའི་ཁྲོད་དུ་ནད་ཡམས་ཞིག་འཕེལ་བ་ཡིན་པས། 17ཆགས་པ་བྱས་ཟིན་པའི་བུ་དང་བུད་མེད་ཚང་མ་གསོད་དགོས། 18འོན་ཀྱང་བུ་མོ་ན་གཞོན་རྣམས་དང་ད་བར་སྐྱེས་པ་དང་ལུས་འབྲེལ་བྱས་མེད་པའི་བུད་མེད་རྣམས་རང་གི་ཕྱིར་གསོན་པོར་ཞོག་ཅིག 19ད་ཁྱོད་ཚོ་སུ་ཞིག་གིས་མི་བསད་པའམ་རོ་ལ་རེགས་འཆང་བྱས་ཡོད་པ་ཡིན་ན། ཉིན་ཞག་བདུན་བར་དུ་སྒར་སའི་ཕྱི་རོལ་དུ་སྡོད་དགོས་པ་དང་། ཉིན་ཞག་གསུམ་པ་དང་བདུན་པའི་ཉིན་མོར་ཁྱོད་ཚོས་རང་ཉིད་དང་རང་གིས་འཛིན་བཟུང་བྱས་པའི་བུད་མེད་རྣམས་གཙང་མ་བྱེད་ཕྱིར་དག་འབྱངས་ཀྱི་ཆོ་ག་བཤམས་དགོས། 20གྱོན་གོས་ཀྱི་རིགས་ཚང་མ་དང་པགས་པ་དང་། ར་སྤུའམ་ཤིང་ལས་བཟོས་པའི་དངོས་རིགས་ཚང་མ་གཙང་བར་བྱེད་ཕྱིར་དག་འབྱངས་བྱེད་དགོས། 21བླ་མ་ཨེ་ལི་ཛར་གྱིས་དམག་ནས་ཕྱིར་ལོག་ཡོང་བའི་སྐྱེས་པ་རྣམས་ལ། གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གནང་བའི་བཀའ་ཁྲིམས་རྣམས་གཤམ་གསལ་ལྟར་ཡིན་ནོ། 22-23མེས་འཚིགས་མ་ཐུབ་པའི་དངོས་རིགས་གསེར་དང་། དངུལ། ལི། ལྕགས། ལྕགས་ཀྲིན་དང་ཞ་ཉེ་ལ་སོགས་པ་རྣམས་མེའི་ནང་དུ་བླུགས་ནས་དག་འབྱངས་བྱེད་དགོས་པ་དང་། དེ་མིན་དངོས་རིགས་གཞན་རྣམས་ཆུའི་ནང་བླུགས་ནས་དག་འབྱངས་བྱེད་དགོས་སོ། 24ཉིན་ཞག་བདུན་པར་ཁྱོད་ཚོས་རང་གི་གྱོན་གོས་རྣམས་འཁྲུད་པའི་རྗེས་སུ། ཁྱོ་ཚོ་སྲོལ་བཞིན་དུ་གཙང་བར་འགྱུར་ཏེ་སྒར་སའི་ནང་དུ་འཛུལ་འོས་པར་འགྱུར་བ་ཡོད་ཅེས་སྨྲོས་སོ༎

བཅོམ་ནོར་ཆ་བགོས་བྱེད་པ།

25གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། 26ཁྱོད་དང་ཨེ་ལི་ཛར་དང་མི་མང་གི་འགོ་དཔོན་རྣམས་ཀྱིས་དབང་འཛིན་བྱས་པའི་དངོས་རིགས་ཁག་དང་། བཙོན་པ་དང་སེམས་ཅན་དང་བཅས་པ་ཚང་མ་གྲངས་རྩིས་བརྒྱབ་དགོས་ཤིང་། 27དངོས་རིགས་དེ་དག་ཁག་གཉིས་སུ་འདྲ་མཉམ་གྱིས་ཆ་བགོས་བརྒྱབ་ནས། 28བཙོན་པ་ ༥༠༠ ནས་མི་རེ་རེ་ཁྲལ་གྱི་ཚུལ་དུ་གཙོ་བོ་དཀོན་མཆོག་གི་ཆེད་དུ་ལེན་དགོས། རྩིས་གཞི་དེ་དང་མཚུངས་པའི་ཕྱུག་ཟོག་དང་། བོང་བུ། ལུག་དང་ར་རྣམས་ཀྱང་འབུལ་དགོས། 29གོང་གསལ་འབུལ་བ་རྣམས་ནི་གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་འབུལ་བར་དམིགས་ཏེ་བླ་མ་ཨེ་ལི་ཛར་གྱི་ལག་ཏུ་སྤྲོད་དགོས། 30མི་མང་བྱིངས་ཀྱི་ཐོབ་སྐལ་ཁོངས་ནས། བཙོན་པ་ལྔ་བཅུ་རེ་ནས་མི་རེ་དང་། ཡང་རྩིས་གཞི་དེ་དང་མཚུངས་པའི་ཕྱུག་ཟོག་དང་། བོང་བུ། ལུག་དང་ར་རྣམས་ཀྱང་འབུལ་དགོས། གོང་གསལ་འབུལ་བ་རྣམས་ནི་གཙོ་བོ་དཀོན་མཆོག་གི་བཞུགས་གནས་གུར་མཆོག་དམ་པའི་བལྟ་རྟོགས་པ་ལེ་ཝི་པ་རྣམས་ལ་སྤྲོད་དགོས། 31མོ་ཤེ་དང་ཨེ་ལི་ཛར་གྱིས་གཙོ་བོ་དཀོན་མཆོག་གི་བཀའ་གང་གནང་བ་བཞིན་བྱས་སོ། 32-35དམག་མི་ཚོས་རང་གི་ཆེད་དུ་བདག་ཉར་བྱས་པའི་རྒྱུ་དངོས་ཁག་མ་རྩིས་པར། ཁོ་ཚོས་འཕྲོག་བཅོམ་བྱས་པ་ནི་གཤམ་གསལ་ལྟར་ཡིན་ནོ། ར་དང་ལུག་གི་ཁ་གྲངས་ནི ༦༧༥,༠༠༠ དང་ཕྱུག་ཟོག་གི་ཁ་གྲངས་ནི་ ༧༢,༠༠༠ བོང་བུ་ ༦༡,༠༠༠ དང་། བུ་མོ་ན་གཞོན་ ༣༢,༠༠༠། 36-40དམག་མིའི་ཐོབ་སྐལ་དུ་ར་ལུག་གི་ཁ་གྲངས་ནི་ ༣༣༧,༥༠༠ ཡང་དེའི་ཁོངས་ནས་ ༦༧༥ ནི་གཙོ་བོ་དཀོན་མཆོག་ལ་མཆོད་ཁྲལ་གྱི་ཚུལ་དུ་འབུལ་དགོས། དམག་མི་ཐོབ་སྐལ་དུ་ཕྱུག་ཟོག་གི་ཁ་གྲངས་ ༣༦,༠༠༠། ཡང་དེའི་ཁོངས་ནས་གཙོ་བོ་དཀོན་མཆོག་ལ་མཆོད་ཁྲལ་དུ་འབུལ་རྒྱུའི་ཁ་གྲངས་བདུན་ཅུ་དོན་གཉིས། དམག་མིའི་ཐོབ་སྐལ་དུ་བོང་བུའི་ཁ་གྲངས་ ༣༠,༥༠༠། དེའི་ཁོངས་ནས་གཙོ་བོ་དཀོན་མཆོག་ལ་མཆོད་ཁྲལ་དུ་བོང་བུ་དྲུག་ཅུ་རེ་གཅིག་འབུལ་དགོས། དམག་མིའི་ཐོབ་སྐལ་དུ་བུ་མོ་ན་གཞོན་མའི་ཁ་གྲངས་ནི་ ༡༦,༠༠༠། དེའི་ཁོངས་ནས་གཙོ་བོ་དཀོན་མཆོག་ལ་མཆོད་ཁྲལ་དུ་ གསུམ་བཅུ་སོ་གཉིས་འབུལ་དགོས་པ་ཡིན་ནོ། 41གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་མོ་ཤེས་གོང་གསལ་མཆོད་ཁྲལ་ཁག་གཙོ་བོ་དཀོན་མཆོག་ལ་དམིགས་བསལ་གྱི་འབུལ་བའི་ཚུལ་དུ་འབུལ་ཕྱིར་ཨེ་ལི་ཛར་ལ་སྤྲད་དོ། 42-46མི་ཚོགས་ཀྱི་ཐོབ་སྐལ་ནི་དམག་མི་རྣམས་ཀྱི་ཐོབ་སྐལ་དང་མཚུངས་ཤིང་། ར་ལུག་གི་ཁ་གྲངས་ནི་ ༣༣༧,༥༠༠ ཕྱུག་ཟོག་གི་ཁ་གྲངས་ ༣༦,༠༠༠ བོང་བུའི་ཁ་གྲངས་ ༣༠,༥༠༠ བུ་མོ་ན་གཞོན་མའི་ཁ་གྲངས་ ༡༦,༠༠༠ བཅས་ཡོད་པ་ཡིན་ཏེ། 47གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་མོ་ཤེས་བཙོན་པ་དང་སེམས་ཅན་ལྔ་བཅུ་རེ་ནས་རེ་རེ་བླངས་ཏེ་གཙོ་བོ་དཀོན་མཆོག་གི་གུར་མཆོག་དམ་པའི་བལྟ་རྟགས་པ་ལེ་ཝི་པ་རྣམས་ལ་སྤྲད་དོ། 48དེ་ནས་དམག་དཔོན་རྣམས་མོ་ཤེའི་རྩར་ཕྱིན་ནས། 49སྙན་གསན་ཞུས་པ། ཀྱེ་སྐུ་ཞབས་ལགས། ང་ཚོས་རང་གི་མངའ་འོག་གི་དམག་མི་རེ་རེ་བཞིན་དུ་གྲངས་རྩིས་བརྒྱབ་པ་ཡིན་པས། དེ་ཚོ་གཅིག་ཀྱང་རླག་སྟོར་ཕྱིན་མིན་འདུག 50དེ་བས་ན་ང་ཚོ་རེ་རེས་བླངས་པའི་གསེར་རྒྱན་དཔུང་གདུབ་དང་། ལག་གདུབ་དང་། ཚིགས་ཀོག། ཨ་ལོང་དང་རྐེ་རྒྱན་རྣམས་འདིར་འཁྱེར་ཡོད། དེ་ནི་ང་ཚོས་གཙོ་བོ་དཀོན་མཆོག་ལ་རང་རང་སོ་སོའི་སྲོག་གི་བླུ་རིན་དུ་འབུལ་རྒྱུ་ཡིན། གང་ལགས་ཟེར་ན། ཁོང་གིས་ང་ཚོ་ལ་སྐྱབས་གནང་མཛད་རྒྱུ་ཡིན་པས་ཕྱིར་རོ། 51མོ་ཤེ་དང་ཨེ་ལི་ཛར་གྱིས་གསེར་གྱི་རྒྱན་ཆ་རྣམས་རྩིས་བླངས་ཤིང་། 52དམག་དཔོན་ཚོས་ཕུལ་བའི་རྒྱན་ཆའི་ལྗིད་ཚད་ཀི་ལོ་ག་རཱམ་ཉིས་བརྒྱ་ཙམ་ཡོད་པ་ཡིན་ནོ། 53དམག་དཔོན་མ་ཡིན་པ་ཚོས་རང་གི་བཅོམ་པའི་རྒྱུ་ནོར་རྣམས་རང་ཉིད་དང་མཉམ་དུ་བདག་ཉར་བྱས་ཏེ་བཞག་གོ 54གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་སྲུང་སྐྱོབ་མཛད་པའི་ཕྱིར་དུ། མོ་ཤེ་དང་ཨེ་ལི་ཛར་གྱིས་གསེར་ཆས་རྣམས་གུར་མཆོག་དམ་པའི་ནང་དུ་བསྐྱེལ་ལོ༎

གྲངས་ཀ 32

ཡོར་དན་ཤར་ཕྱོགས་ཀྱི་སྡེ་རིགས་རྣམས།

1རུ་བྷེན་དང་གྷཌ་ཀྱི་སྡེ་རིགས་རྣམས་ལ་ཕྱུག་ཟོག་མང་པོ་ཡོད་པ་དང་། དེ་ཚོས་ཡ་ཛེར་དང་གྷིལ་ཨད་ཀྱི་ས་ཁུལ་དེ་རྩ་ཁ་བཟང་པོ་ཡོད་པ་མཐོང་ནས། 2མོ་ཤེ་དང་ཨེ་ལི་ཛར་དང་མི་ཚོགས་ཀྱི་འགོ་དཔོན་རྣམས་ཀྱི་རྩར་ཕྱིན་ནས་སྨྲས་པ། 3-4གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་ས་ཁུལ་འདིའི་གཤམ་གསལ་གྲོང་ཚོ་རྣམས་དབང་འཛིན་བྱེད་པར་རོགས་རམ་གནང་བ་ནི། ཨ་ཏ་རོད། དྷི་བྷོན། ཡ་ཛེར། ནིམ་རཱ། ཧེཤ་བྷོན། ཨེ་ལི་ལཱེ། སིབ་མཱ། ནེ་བྷོ། དང་བྷེ་ཨོན་བཅས་ཡིན་པ་དང་། ཡང་གྲོང་ཚོ་དེ་རྣམས་ནི་རྩ་ཁ་བཟང་པོ་ཞིག་འདུག་པས། ང་ཚོར་ཟོག་སེམས་ཅན་མང་པོ་ཡོད་པ་ཡིན་པས། 5ས་ཁུལ་དེ་དག་་ང་ཚོར་གནང་རོགས་གནང་། ང་ཚོར་གཙང་པོ་ཡོར་དན་རྒལ་ཏེ་ཕར་ཕྱོགས་སུ་གཞིས་ཆགས་བྱེད་དུ་མ་བཅུག་རོགས་གནང་། 6དེའི་ལན་དུ་མོ་ཤེས། ཨིསི་རཱཨེལ་པ་གཞན་རྣམས་དམག་ལ་འགྲོ་དུས་ཁྱོད་ཚོ་འདིར་གནས་པར་འདོད་དམ། 7ཨིསི་རཱཨེལ་པ་རྣམས་གཙང་པོ་ཡོར་དན་རྒལ་ནས་གཙོ་བོ་དཀོན་མཆོག་གིས་གནང་བའི་ཡུལ་དུ་འགྲོ་སྐབས། ཁྱོད་ཚོས་དེ་དག་གིས་སེམས་ཤུགས་ཇི་ལྟར་བཅགས་ནུས་སམ། 8སྔར་ངས་ཁྱོད་ཚོའི་ཕ་མེས་རྣམས་ལ་ཀ་དྷེཤི་བྷར་ནེ་ནས་ཡུལ་དེ་རྟོགས་ཞིབ་བྱེད་པར་བཏང་སྐབས་སུ། དེ་ཚོས་ཀྱང་དེ་ལྟར་སེམས་ཤུགས་བཅགས་ཐབས་བྱས་སོ། 9དེ་དག་ཨེཤ་ཀོལ་གྱི་ལུང་གཤོང་བར་དུ་ཕྱིན་ནས་ཡུལ་དེ་མཐོང་མོད། འོན་ཀྱང་ཕྱིར་ལོག་བྱས་པའི་རྗེས་སུ། སྔར་གཙོ་བོ་དཀོན་མཆོག་གིས་དེ་ཚོར་གནང་བའི་ཡུལ་དུ་འགྲོ་མ་བཅུག་གོ དེ་ཚོས་མི་རྣམས་ཀྱི་སེམས་ཤུགས་བཅགས་སོ། 10དེ་ཉིན་གཙོ་བོ་དཀོན་མཆོག་ཐུགས་ཁྲོས་ཏེ་དམ་བཅའ་ཞིག་མཛད་པ། 11ངས་ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་བཅས་ལ་སྤྲོད་རྒྱུའི་དམ་བཅའ་བྱས་པའི་ཡུལ་དུ། ཨི་ཇིབ་ནས་ཡོང་བའི་སྐྱེས་པ་དང་ལོ་ཉི་ཤུ་ལོན་པའམ་དེ་ལས་རྒན་པ་གཅིག་ཀྱང་དེར་འགྲོ་མི་ཐུབ། གང་ལགས་ཟེར་ན། དེ་ཚོས་ང་ལ་སེམས་ནས་རྗེས་སུ་མ་འབྲངས་པས་ཕྱིར་རོ། 12ཀ་ནི་ཛི་པ་ཡེ་ཕུ་ནཱེའི་བུ་ཀ་ལེབ་དང་ནུན་གྱི་བུ་ཡོ་ཤུ་ཨ་མ་གཏོགས་གཞན་སུའང་ཡུལ་དེར་སླེབ་མི་ཐུབ། གང་ལགས་ཟེར་ན། ཁོ་གཉིས་ནི་ང་གཙོ་བོ་དཀོན་མཆོག་དང་མཉམ་དུ་དམ་ཚིག་གཙང་མར་གནས་པས་ཕྱིར་རོ། 13གཙོ་བོ་དཀོན་མཆོག་ནི་མི་དེ་ཚོ་དང་ཐུགས་ཁྲོ་བར་མཛད་དེ། ཁོང་གི་ཐུགས་དགོངས་དཀྲུག་པའི་མི་ཡོངས་རྫོགས་མ་ཤི་བར་དུ་དེ་ཚོ་འབྲོག་སྟོང་ནང་ལོ་བཞི་ཅུ་བར་ཕར་ཚུར་འགྲུལ་བཅུག་གོ 14ད་ཁྱོད་ཚོས་རང་གི་མེས་པོའི་ཚབ་བྱས་ཏེ། སྡིག་ཅན་མི་རབས་གསར་པ་ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་དྲག་པོ་དེ་ཨིསི་རཱཨེལ་སྟེང་དུ་ཡང་སྐྱར་ཕོག་པར་བྱེད་རྒྱུའི་གྲ་སྒྲིག་བྱས་བཞག། 15གལ་ཏེ་ཁྱོད་ཚོ་རུ་བྷེན་དང་གྷཌ་ཀྱི་མི་རིགས་ཚོས་ད་ལྟ་ཁོང་གི་རྗེས་སུ་མ་འབྲངས་པ་ཡིན་ན། ཁོང་གིས་སླར་ཡང་མི་དེ་ཚོ་འབྲོག་སྟོང་ཁུལ་དུ་དོར་བར་མཛད་རྒྱུ་ཡིན་པ་དང་། ཡང་དེ་ཚོ་འཇིགས་པར་བྱས་པའི་འགན་དེ་ཁྱོད་ཚོའི་ཐོག་ཏུ་ཕོག་པར་འགྱུར་ཞེས་སྨྲས་སོ། 16དེ་ཚོ་མོ་ཤེ་རྩར་ཕྱིན་ནས་སྨྲས་པ། ཐོག་མར་ང་ཚོ་ལ་སོ་སོའི་ལུག་ཕྱུག་གི་དོན་དུ་རྡོ་རྩིག་གི་ར་བ་བསྐོར་རྒྱུ་དང་། ང་ཚོར་རེ་ལྟོས་བཅོལ་བའི་གཟའ་ཚང་དང་ཕྲུ་གུ་བཅསཀྱི་ཆེད་དུ། གྲོང་གི་མཐའ་བསྐོར་ལ་ལྕགས་རི་བཟོ་རུ་བཅུག་རོགས་གནང་། 17དེ་རྗེས་ང་ཚོ་ཨིསི་རཱཨེལ་པའི་སྤུན་ཟླ་གཞན་རྣམས་དང་མཉམ་དུ་དམག་ལ་འགྲོ་རྒྱུ་ཡིན། མཐར་དེ་ཚོ་རང་གི་ཡུལ་དེར་གཞིས་མ་ཚུགས་བར་དུ། ང་ཚོས་དམག་འཐབ་བྱེད་རྒྱུ་ཡིན། དེའི་རིང་ལ་ང་ཚོར་རེ་ལྟོས་བཅོལ་བའི་མཟའ་ཚང་དང་ཕྲུ་གུ་བཅས་ཡུལ་འདིའི་མི་རྣམས་ཀྱི་འཇིགས་པ་ལས་ཐར་ནས། ལྕགས་རི་བསྐོར་བའི་གྲོང་ཁྱེར་གྱི་ནང་དུ་གནས་ཐུབ་པ་ཡོད། 18ཨིསི་རཱཨེལ་པ་ཚང་མས་རང་རང་སོ་སོའི་ས་སྐལ་མ་ཐོབ་བར་དུ་ང་ཚོ་ནང་དུ་ཕྱིར་ལོག་བྱེད་མི་ཡོང་། 19ང་ཚོས་ཡོར་དན་ཕར་ཕྱོགས་སུ་དེ་ཚོའི་ཁྲོད་དུ་ས་སྐལ་སོགས་གང་ཡང་ལེན་མི་ཡོང་། གང་ལགས་ཟེར་ན། ཡོར་དན་ཤར་ཕྱོགས་ཀྱི་ས་ཁུལ་འདི་དག་ང་ཚོར་རང་གིས་ས་སྐལ་དུ་ཐོབ་ཟིན་པ་ཡིན་པས་ཕྱིར་རོ། 20མོ་ཤེས་ལན་དུ། ཁྱོད་ཚོས་གང་སྨྲས་པ་བཞིན་དུ་བདེན་པར་ལག་ལེན་བསྟར་རྒྱུ་ཡིན་པས། གཙོ་བོ་དཀོན་མཆོག་གི་སྤྱན་སྔར་དམག་ལ་འགྲོ་བའི་གྲ་སྒྲིག་བྱས་ཤིག 21ཁྱོད་ཚོའི་དམག་མི་རྣམས་ཡོར་དན་རྒལ་ནས་འགྲོ་དགོས་པ་དང་། གཙོ་བོ་དཀོན་མཆོག་གིས་དགྲ་བོ་རྣམས་ཡོངས་སུ་ཕམ་པར་མ་མཛད་བར་དང་། 22གཙོ་བོ་དཀོན་མཆོག་གིས་ཡུལ་དེ་དབང་འཛིན་མ་གནང་བར་དུ། གཙོ་བོ་དཀོན་མཆོག་གི་བཀའ་བསྒོས་བཞིན་ཁོ་ཚོས་དགྲ་བོར་དམག་འཐབ་བྱེད་དགོས་པ་ཡིན་ནོ། དེ་རྗེས་ཁྱོད་ཚོ་ཕྱིར་ལོག་བྱེད་ཆོག། གང་ལགས་ཟེར་ན། དེ་ལྟར་བྱེད་པའི་སྒོ་ནས་ཁྱོད་ཚོས་གཙོ་བོ་དཀོན་མཆོག་དང་ཨིསི་རཱཨེལ་པའི་སྤུན་ཟླ་རྣམས་ཀྱི་ཕྱོགས་སུ་སྒྲུབ་དགོས་པའི་ལས་འགན་དེ་འགྲུབ་པར་བྱེད་རྒྱུ་ཡིན། དེ་རྗེས་ཡོར་དན་ཤར་ཕྱོགས་ཀྱི་ས་གནས་འདི་དག་ཁྱོད་ཚོའི་ཡིན་པར་གཙོ་བོ་དཀོན་མཆོག་གིས་ཞལ་བཞེས་གནང་བར་འགྱུར། 23གལ་ཏེ་ཁྱོད་ཚོས་རང་གི་དམ་བཅའ་མ་སྲུང་བ་ཡིན་ན། ཁྱོད་ཚོ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཉེས་ཅན་དུ་རྩིས་རྒྱུ་ཡིན་པས། ཁྱོད་ཚོས་དེའི་སྐོར་ནོར་འཁྲུལ་མ་བྱེད་ཅིག ཁྱོད་ཚོའི་སྡིག་པའི་ཉེས་ལན་དེ་ཁྱོད་ཚོར་ངེས་པར་ཕོག་པར་འགྱུར་ཞེས་ངས་ཁྱོད་ཚོར་ཟོན་བརྡ་བསྐུལ་རྒྱུ་ཡིན། 24དེ་བས་ན་ཁྱོད་ཚོས་གྲོང་ཁྱེར་དང་། རང་གི་ལུག་ཁྱུའི་ཆེད་དུ་ལྕགས་རི་སོགས་བཟོ་ཤིག འོན་ཀྱང་རང་གི་དམ་བཅའ་བྱས་པ་དེ་དག་ཆ་ཚང་སྒྲུབ་དགོས། 25རུ་བྷེན་དང་གྷཌ་ཀྱི་མི་རྣམས་ཀྱི་སྨྲས་པ། ཀྱེ་སྐུ་ཞབས་ལགས། ཁྱེད་ཀྱིས་བཀའ་གང་གནང་བ་བཞིན་དུ་ང་ཚོས་བྱེད་ཀྱི་ཡིན། 26ང་ཚོའི་སྐྱེ་དམན་བུ་ཕྲུག་དང་ཕྱུག་ཟོག་ར་ལུག་དང་བཅས་པ་འདིར་གྷིལ་ཨད་གྲོང་ཁྱེར་ཁག་ཏུ་བཞག་སྟེ། 27ང་ཚོ་ཚང་མ་གཙོ་བོ་དཀོན་མཆོག་གི་བཀའ་བསྒོས་བཞིན་དུ་དམག་ལ་འགྲོ་བར་སྒྲ་སྒྲིག་ཡོད། ང་ཚོས་ཡོར་དན་རྒལ་ནས་ཁྱེད་ཀྱིས་གང་གསུངས་པ་བཞིན་དུ་དམག་བརྒྱབ་ཀྱི་ཡིན། 28དེ་ནས་མོ་ཤེས་ཨི་ལི་ཛར་དང་ཡོ་ཤུ་ཨ་དང་། ཨིསི་རཱཨེལ་གྱི་འགོ་དཔོན་གཞན་རྣམས་ལ་བཀའ་བསྒོས་གནང་གསལ། 29གལ་ཏེ་གྷཌ་དང་རུ་བྷེན་གྱི་མི་རྣམས་ཡོར་དན་རྒལ་ནས་གཙོ་བོ་དཀོན་མཆོག་གིས་བཀའ་བསྒོས་གནང་བ་བཞིན་དམག་འཐབ་བྱེད་ཕྱིར་གྲ་སྒྲིག་ཡོད་པ་དང་། ཁོ་ཚོས་རོགས་བྱས་ནས་ཁྱོད་ཚོས་ཡུལ་འདི་དབང་བསྒྱུར་བྱེད་ཐུབ་པ་ཡིན་ན། ཁྱོད་ཚོས་ཡུལ་གྷིལ་ཨད་དེ་ཁོ་ཚོའི་ས་སྐལ་དུ་སྤྲོད་དགོས། 30འོན་ཀྱང་དེ་ཚོས་ཡོར་དན་མ་རྒལ་བར་ཁྱོད་ཚོ་དང་མཉམ་དུ་དམག་ལ་མ་ཕྱིན་ན། དེ་ཚོས་ཀྱང་ཁྱོད་ཚོ་དང་འདྲ་བར་ཡུལ་ཀ་ནན་དུ་རང་གི་ས་སྐལ་དེ་ངོས་ལེན་བྱས་དགོས། 31གྷཌ་དང་རུ་བྷེན་གྱི་མི་རྣམས་ཀྱིས་སྨྲས་པ། སྐུ་ཞབས་ལགས། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་ང་ཚོས་བྱེད་ཀྱི་ཡིན། 32ཡོར་དན་ཤར་ཕྱོགས་ཀྱི་ས་ཁུལ་འདི་དག་ང་ཚོའི་ས་སྐལ་དུ་ཐོབ་པའི་ཕྱིར། ཁོང་གི་བཀའ་བསྒོས་གནང་བ་བཞིན་ང་ཚོ་ཀ་ནན་ཡུལ་དུ་དམག་འཐབ་པར་འགྲོ་གི་ཡིན། 33དེ་ནས་མོ་ཤེས་རུ་བྷེན་དང་གྷཌ་ཀྱི་སྡེ་རིགས་དང་། མ་ནསེ་སཱེའི་སྡེ་རིགས་ཕྱེ་ཀ་ལ་ཨ་མོར་པ་རྣམས་ཀྱི་རྒྱལ་པོ་སི་ཧོན་དང་བྷ་ཤཱན་གྱི་རྒྱལ་པོ་ཨོག་གི་ས་ཁུལ་ཚང་མ་དང་། དེའི་ཉེ་འགྲམ་གྱི་གྲོང་ཁྱེར་ཆེ་ཆུང་ཚང་མ་རྩིས་སྤྲོད་བྱས་སོ། 34གྷཌ་ཀྱི་སྡེ་རིགས་ཀྱི་ལྕགས་རི་བསྐོར་བའི་གྲོང་ཁྱེར། དྷེ་བྷོན། ཨ་ཏ་རོད། ཨ་རོ་ཨེར། 35ཨ་ཏ་རོད། ཤ་ཕན། ཡ་ཛེར། ཡོག་བྷེ་ཧཱ། 36བྷེད་ནིམ་རཱ། དང་བྷེད་ཧ་རན་བཅས་ཉམས་གསོ་བྱས་སོ། 37དེ་བཞིན་རུ་བྷེན་སྡེ་རིགས་ཀྱི་ཧེཤ་བྷོན། ཨེ་ལི་ལཱེ། ཀི་རི་ཡཱ་ཐེམ། 38ནེ་བྷོ། བྷལ་མི་ཨོན་ (མིང་འདི་ནི་བསྒྱུར་བཅོས་བྱས་ཡོད་པ་ཡིན་ནོ།) སིབ་མཱ་བཅས་ཉམས་གསོ་བྱས་ཏེ། ཉམས་གསོ་བྱས་པའི་གྲོང་ཁྱེར་ཁག་ལ་མིང་གསར་པ་རེ་བཏགས་སོ། 39མ་ནསེ་སཱེའི་བུ་མ་ཀིར་གྱི་རིགས་རུས་ཀྱི་ས་གནས་གྷིལ་ཨད་ཀྱི་ཡུལ་དེ་དབང་འཛིན་བྱས་ཏེ། དེར་ཡོད་པའི་ཨ་མོར་པ་རྣམས་ཕྱིར་སྤྲོད་བྱས་སོ། 40དེ་ནས་མོ་ཤེས་མ་ཀིར་གྱི་རིགས་རུས་ལ་གྷིལ་ཨད་ལ་སྤྲད་པས། དེ་ཚོ་ཡུལ་དེར་གནས་སྡོད་བྱས་སོ། 41མ་ནསེ་སཱེའི་སྡེ་རིགས་ཀྱི་ཡ་ཨིར་གྱིས་གྲོང་ཁྱེར་འགའ་ཤས་ཐོག་ཏུ་འཐབ་རྒོལ་བྱས་ནས། དེ་དག་རང་དབང་དུ་བསྡུས་པ། གྲོང་ཚོ་དེ་དག་གི་མིང་ཡང་ཡ་ཨིར་གྱི་གྲོང་ཚོ་ཞེས་བཏགས་པ་དང་། 42ནོ་བཱས་ཀེ་ནད་དང་དེའི་གྲོང་གསེབ་ཁག་ལ་འཐབ་རྒོལ་བྱས་ཏེ། དེ་དག་རང་གི་དབང་དུ་བསྡུས་ནས་ས་གནས་རང་གི་མིང་ལྟར་ནོ་བཱ་ཞེས་བཏགས་སོ༎

གྲངས་ཀ 33

ཨི་ཇིབ་ནས་མོ་ཨབ་བར་གྱི་འགྲུལ་བསྐྱོད།

1མོ་ཤེ་དང་ཨ་རོན་གྱི་འགོ་འཁྲིད་འོག་ཏུ་ཨིསི་རཱཨེལ་པ་རྣམས་རང་རང་སོ་སོའི་སྡེ་རིགས་བཞིན་དུ། ཨི་ཇིབ་ནས་ཐོན་ཏེ། ལམ་དུ་སྒར་ས་བརྒྱབ་པའི་ས་གནས་ཁག་གི་མིང་ནི་གཤམ་དུ་འཁོད་ཡོད་ཅིང་། 2གཙོ་བོ་དཀོན་མཆོག་གིས་བཀའ་བསྒོས་གནང་བ་བཞིན། མོ་ཤེས་སྒར་ས་བརྒྱབ་རེ་བཞིན་གྱི་ས་གནས་སོ་སོའི་མིང་ཐོ་ཞིག་བྲིས་སོ། 3ལོ་གསར་པའི་ཟླ་བ་དང་པོའི་ཚེས་བཅོ་ལྔའམ་ཐར་གྲོལ་གྱི་དུས་སྟོན་དང་པོའི་ཉིན་ཞག་རྗེས་མར་ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་ཐོན་ནོ། གཙོ་བོ་དཀོན་མཆོག་གི་སྐྱབས་འོག་ཏུ་དེ་ཚོ་ཨི་ཇིབ་པ་ཚོས་མཐོང་ངོར་རམ་སེསེ་གྲོང་ཁྱེར་ནས་ཐོན་ནོ། 4སྐབས་དེར་དེ་ཚོ་ནི་གཙོ་བོ་དཀོན་མཆོག་གིས་ཚར་གཅོད་གནང་བའི་དེ་ཚོའི་བུ་སྔོན་སྐྱེས་རྣམས་ཀྱི་མི་རོ་སྦས་བཞིན་ཡོད་དོ། གཙོ་བོ་དཀོན་མཆོག་གིས་མཛད་འཕྲིན་དེ་ལྟར་གནང་བའི་སྒོ་ནས་ཁོང་ནི་ཨི་ཇིབ་ཀྱི་ལྷ་རྟེན་རྣམས་ལས་མཐུ་སྟོབས་ཆེ་བ་ཡིན་པ་དེ་ཁོང་གིས་སྟོན་གནང་མཛད་དོ། 5ཨིསི་རཱཨེལ་པ་རྣམས་རམ་སེསེ་ནས་ཐོན་ཏེ། སུག་ཀོད་དུ་སྒར་ས་བརྒྱབ་བོ། 6དེ་རྗེས་ཁོ་ཚོའི་སྒར་ས་གཞན་དེ་འབྲོག་སྟོང་གི་མཐའ་ལ་ཡོད་པའི་ས་གནས་ཨེ་ཐམ་ཞེས་པ་དེ་ཡིན་ནོ། 7ས་གནས་དེ་ནས་ཁོ་ཚོ་བསྐོར་ལོག་རྒྱབ་ནས་བྷལ་ཛེ་ཕོན་གྱི་ཤར་ཕྱོགས་སུ་པི་ཧ་ཧི་རོད་དུ་སླེབས་ནས་མིག་དྷོལ་གྱི་ཉེ་འགྲམ་དུ་སྒར་བརྒྱབ་བོ། 8དེ་རྗེས་ཁོ་ཚོ་པི་ཧ་ཧི་རོད་ནས་ཐོན་ཏེ་རྒྱ་མཚོ་དམར་པོ་རྒལ་ནས་ཤུར་གྱི་འབྲོག་སྟོང་བརྒྱུད་དེ། ཉིན་ཞག་གསུམ་བར་དུ་འགྲུལ་བསྐྱོད་བྱས་པའི་རྗེས་སུ་དེ་ཚོ་མ་རཱ་ཞེས་པའི་གནས་སུ་སྒར་བརྒྱབ་པ་དང་། 9དེ་ནས་ཁོ་ཚོ་ཐོན་ཏེ་ཨེ་ལིམ་དུ་ཕྱིན་ནས་དེར་སྒར་བརྒྱབ་བོ། གང་ལགས་ཟེར་ན། དེར་ཆུ་མིག་བཅུ་གཉིས་དང་ཁ་ཟུར་གྱི་ཤིང་སྡོང་བདུན་ཅུ་ཡོད་པས་ཕྱིར་རོ། 10དེ་རྗེས་ཁོ་ཚོ་ཨེ་ལིམ་ནས་ཐོན་ཏེ། རྒྱ་མཚོ་དམར་པོའི་ཉེ་འགྲམ་དུ་སྒར་བརྒྱབ་པ་དང་། 11དེ་ཚོའི་སྒར་ས་རྗེས་མ་དེ་ནི་སིན་གྱི་འབྲོག་སྟོང་དུ་ཡིན་པ་དང་། 12དེ་རྗེས་ཁོ་ཚོ་དྷོཕ་ཀཱ་ཞེས་པའི་གནས་སུ་སྒར་བརྒྱབ་བོ། 13དེ་ནས་རིམ་བཞིན་ཨ་ལུཤི་དང་། 14དེ་རྗེས་རེ་ཕི་དྷིམ་ལ་སྒར་ས་བརྒྱབ་པ་དང་། ས་གནས་དེར་ཁོ་ཚོར་འཐུང་ཆུ་མ་ཐོབ་བོ། 15-37རེ་ཕི་དྷིམ་ནས་རི་བོ་ཧོར་བར་དུ་འགྲོ་དུས་དེ་ཚོས་གཤམ་གསལ་ས་གནས་ཁག་སོ་སོར་སྒར་ས་བརྒྱབ་བོ། སི་ནཨེ་འབྲོག་སྟོང་། ཀིབ་རོད་ཧ་ཏ་བ་ (ཡང་ན་རྒོས་པའི་དུར་ཁྲོད་) ཧ་ཛེ་རོཐ། རིཐི་མཱ། རིམ་མོན་པེ་རེཛ། ལིབ་ནཱ། རི་སཱ། ཀེ་ཧེ་ལ་ཐཱ། རི་བོ་ཤེ་ཕེར། ཧ་ར་དཱ། མ་ཁེ་ལོཐ། ཏ་ཧཐ། ཏེ་རཱ། མིད་ཀཱ། ཧཤ་མོ་ནཱ། མོ་སེ་རོཐ། བྷི་ནི་ཡཱ་ཀན། ཧོར་ཧ་གྷིད་གྷད། ཡོད་བྷ་ཐཱ། ཨབ་རོ་ནཱ། ཨེ་ཛི་ཨོན་གྷེ་བྷེར། ཛིན་གྱི་འབྲོག་སྟོང་ (ཡང་ན་ཀ་དྷེཤི།) ཡུལ་ཨེ་དྷོམ་གྱི་མཐའ་མཚམས་སུ་ཡོད་པའི་རི་བོ་ཧོར་བཅས་ཡིན་ནོ། 38-39གཙོ་བོ་དཀོན་མཆོག་གིས་བཀའ་བསྒོས་གནང་བ་བཞིན་བླ་མ་ཨ་རོན་རི་བོ་ཧོར་དུ་འཛེགས་ཤིང་། ཨིསི་རཱཨེལ་པ་ཚོ་ཨི་ཇིབ་ནས་ཐོན་པའི་ལོ་བཞི་བཅུ་ཟླ་བ་ལྔ་པའི་ཚེས་གཅིག་གི་ཉིན་མོར་ཨ་རོན་རང་ལོ་ ༡༢༣ དུ་བསླེབས་ནས་གནས་དེར་འདས་གྲོངས་ཕྱིན་ནོ། 40ཀ་ནན་ལྷོ་ཕྱོགས་སུ་ཡོད་པའི་ཨ་རད་ཀྱི་རྒྱལ་པོས་ཨིསི་རཱཨེལ་པ་རྣམས་ཡོང་གི་ཡོད་པའི་སྐོར་ཐོས་སོ། 41-49ཨིསི་རཱཨེལ་པ་ཚོས་རི་བོ་ཧོར་ནས་མོ་ཨབ་ཀྱི་ཐང་བར་དུ་གཤམ་གསལ་ས་གནས་ཁག་སོ་སོར་སྒར་བརྒྱབ་ནས་བསྡད་ཡོད་དོ། ཛལ་མོ་ནཱ། པུ་ནོན། ཨོ་བྷོད། མོ་ཨབ་ས་ཁུལ་ནང་དུ་ཡོད་པའི་ཨ་བྷ་རིམ་གྱི་གྱང་གོག་ཁག་དང་། དྷི་བྷོན་གྷཌ། ཨལ་མོན་དྷིབ་ལ་ཐེམ། རི་བོ་ནེ་བྷོའི་འགྲམ་དུ་ཡོད་པའི་རི་བོ་ཨ་བྷ་རིམ་དང་མོ་ཨབ་ཀྱི་ཐང་། ཡེ་རི་ཀོ་ནས་བྷེད་ཡེ་ཤི་མོཐ་དང་ཨ་ཀ་སི་ཡའི་ལུང་གཤོང་བར་དུ་ཁྱབ་ཡོད་པའི་གཙང་པོ་ཡོར་དན་ཕར་ཕྱོགས་ཀྱི་ས་ཁུལ་བཅས་ཡིན་ནོ༎

གཙང་པོ་ཡོར་དན་མ་རྒལ་གོང་དུ་གནང་བའི་བཀའ་བསྒོས།

50ཡོར་དན་ཕར་ཕྱོགས་སུ་ཡོད་པའི་མོ་ཨབ་ཀྱི་ཐང་ཁུལ་ས་གནས་ཡེ་རི་ཀོ་ནས་གཙོ་བོ་དཀོན་མཅོག་གིས་མོ་ཤེ་ལ། 51ཨིསི་རཱཨེལ་པ་རྣམས་ཀྱི་དོན་དུ་གཤམ་གསལ་ལྟར་བཀའ་བསྒོས་གནང་བ། ཁྱོད་ཚོ་ཡོར་དན་རྒལ་ནས་ཡུལ་ཀ་ནན་དུ་འགྲོ་སྐབས། 52དེ་གའི་ཡུལ་མི་ཚང་མ་ཕྱིར་སྐྲོད་བྱེད་དགོས་པ་མ་ཟད། དེ་ཚོའི་རྡོ་སྐུ་དང་སྐུ་འདྲ་བླུགས་མ་དང་མཆོད་འབུལ་བྱེད་སའི་གནས་ཚང་མ་རྩ་སྟོར་གཏོང་དགོས། 53ཁྱོད་ཚོས་ཡུལ་དེ་དབང་འཛིན་བྱས་ཏེ་དེར་གཞིས་ཆགས་ནས་སྡོད་དགོས། གང་ལགས་ཟེར་ན། ཡུལ་དེ་ངས་ཁྱོད་ཚོར་སྤྲོད་རྒྱུ་ཡིན་པས་ཕྱིར་རོ། 54རྒྱན་བརྒྱབ་ནས་སྡེ་རིགས་དང་རིགས་རུས་སོ་སོར་ས་ཞིང་ཆ་བགོས་བརྒྱབ་དགོས། རིགས་རུས་ཆེ་བར་ས་སྐལ་མང་བ་དང་རིགས་རུས་ཆུང་བར་ས་སྐལ་ཉུང་བར་སྤྲོད་དགོས། 55འོན་ཀྱང་ཁྱོད་ཚོས་དེ་གའི་ཡུལ་མི་རྣམས་མཐར་སྐྲོད་མ་བྱས་ན། དེར་ལྷག་མ་ལུས་པ་ཚོས་ཁྱོད་ཀྱི་མིག་ནང་ཤིང་ཚག་དང་གཟུགས་པོར་ཚེར་མ་ཟུགས་པ་ལྟ་བུའི་དཀའ་ངལ་སྤྲད་པ་མ་ཟད། དེ་ཚོས་ཁྱོད་ཚོའི་ཐོག་ཏུ་དམག་འཐབ་པར་འགྱུར། 56གལ་ཏེ་ཁྱོད་ཚོས་དེ་ཚོར་ཕྱིར་སྐྲོད་མ་བྱས་ན། ངས་དེ་ཚོ་ཚར་གཅོད་གཏོང་རྒྱུའི་འཆར་གཞི་བཏིང་བ་བཞིན་ཁྱོད་ཚོའང་དེ་བཞིན་ཚར་གཅོད་གཏོང་ངེས་པ་ཡིན་ནོ༎

གྲངས་ཀ 34

ཡུལ་གྱི་ས་མཚམས།

1ཨིསི་རཱཨེལ་པ་རྣམས་ཀྱི་ཕྱིར་དུ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གཤམ་གསལ་ལྟར་བཀའ་བསྒོས་གནང་བ། 2ངས་ཁྱོད་ཚོར་སྤྲོད་རྒྱུ་ཡིན་པའི་ཡུལ་ཀ་ནན་དུ་ཁྱོད་ཚོ་སླེབས་སྐབས། ཁྱོད་ཚོའི་ཡུལ་གྱི་ས་མཚམས་ནི་གཤམ་གསལ་ལྟར་ཡོང་རྒྱུ་ཡིན། 3ལྷོ་ཕྱོགས་ཀྱི་ས་མཚམས་ནི། ཛིན་གྱི་འབྲོག་སྟོང་ནས་ཨེ་དྷོམ་གྱི་ས་མཚམས་བར་དུ་ཁྱབ་ཅིང་། དེ་ནི་ཤར་ཕྱོགས་སུ་འཆི་བའི་རྒྱ་མཚོའི་ལྷོ་ཕྱོགས་ཀྱི་མཐའ་མཚམས་ནས་འགོ་ཚུགས་ཏེ། 4ལྷོ་ཕྱོགས་སུ་ལ་ཨག་ར་བྷིམ་གྱི་ཕྱོགས་སུ་ཕྱིན་ནས་ཛིན་བརྒྱུད་དེ་ལྷོ་ཕྱོགས་ཀྱི་མཐའ་མཚམས་ཀ་དྷེཤི་བྷར་ནེའི་བར་དུ་ཁྱབ་པ་དང་། དེ་ནས་བྱང་ནུབ་ཕྱོགས་སུ་བསྐོར་ནས་ཧ་ཛར་ཨད་དཱར་དང་། མཐར་ཨཛ་མོན་བར་དུ་འགྲོ་རྒྱུ་དང་། 5དེ་ནས་ཨི་ཇིབ་པའི་ས་མཚམས་ཀྱི་ལུང་གཤོང་ཕྱོགས་སུ་བསྐོར་ནས་མཐར་རྒྱ་མཚོ་མེ་ཌེ་ཊ་རེ་ནི་ཡན་གྱི་མཚམས་སུ་རྫོགས་པར་འགྱུར་རོ། 6ནུབ་ཕྱོགས་ཀྱི་ས་མཚམས་ནི་རྒྱ་མཚོ་མེ་ཌི་ཊ་རེ་ནི་ཡན་ཡིན་པ་དང་། 7བྱང་ཕྱོགས་ཀྱི་ས་མཚམས་ཀྱི་ས་ཐིག་ནི་རྒྱ་མཚོ་མེ་ཌི་ཊ་རེ་ནི་ཡན་ནས་རི་བོ་ཧོར་བར་དང་། 8ཧ་མད་ཀྱི་ལ་བརྒྱུད་དེ། ཛེ་དྷད་དང་། 9ཛིཕ་རོན་བར་དུ་ཕྱིན་ནས་ཧ་ཟར་ཨེ་ནན་དུ་མཐའ་རྫོགས་སོ། 10དེ་བཞིན་ཤར་ཕྱོགས་ཀྱི་ས་མཚམས་ཀྱི་ས་ཐིག་ནི། ཧ་ཟར། ཨེ་ནན་ནས་ཤེ་ཕམ་བར་འཁྱབ་བོ། 11དེ་ནས་ལྷོ་ཕྱོགས་སུ་འཁྱབ་ནས་ཨ་ཡིན་གྱི་ཤར་ཕྱོགས་སུ་ཡོད་པའི་ཧར་བྷེལ་བར་དང་། མཚོ་མོ་གྷ་ལིལ་གྱི་ཤར་ངོས་ཀྱི་མཚོ་འགྲམ་ཕྱོགས་སུ་ཡོད་པའི་རི་བརྒྱུད་ཁུལ་དུ་འགྲོ་བ་དང་། 12དེ་བཞིན་ལྷོ་ཕྱོགས་སུ་གཙང་པོ་ཡོར་དན་ནས་འཆི་བའི་རྒྱ་མཚོའི་བར་དུ་ཁྱབ་པར་འགྱུར། ཁྱོད་ཚོའི་ཡུལ་གྱི་ས་མཚམས་བཞི་ནི་གོང་གསལ་ལྟར་ཡིན་ནོ། 13དེ་ནས་མོ་ཤེས་ཨིསི་རཱཨེལ་པ་རྣམས་ལ་སྨྲས་པ། ཡུལ་འདི་ནི་ཁྱོད་ཚོས་རྒྱན་བརྒྱབ་ནས་ཐོབ་རྒྱུ་དང་། གཙོ་བོ་དཀོན་མཆོག་གིས་སྡེ་རིགས་དགུ་དང་ཕྱེད་ཀར་ཡུལ་དེ་གནང་ཡོད། 14རུ་བྷེན་དང་གྷཌ་ཀྱི་སྡེ་རིགས་དང་། ཤར་ངོས་སུ་ཡོད་པའི་མ་ནསེ་སཱེའི་སྡེ་རིགས་ཕྱེད་ཀས། 15ཡོར་དན་གྱི་ཤར་ངོས་དང་ཡེ་རི་ཀོའི་མདུན་དུ་ཡོད་པའི་ས་ཁུལ་དེ་བཞིན་རང་རང་སོ་སོའི་ཁྱིམ་ཚང་གཞིར་བཟུང་ལྟར་ས་སྐལ་ཆ་བགོས་བརྒྱབ་ཟིན་པ་ཡིན་ནོ༎

ས་ཞིང་ཆ་བགོས་བརྒྱབ་པའི་ལས་འགན་གྱི་འགོ་དཔོན་རྣམས།

16གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ། 17བླ་མ་ཨེ་ལི་ཛར་དང་ནུན་གྱི་བུ་ཡོ་ཤུ་ཨས་མི་མང་ལ་ས་ཞིང་ཆ་བགོས་བྱེད་དགོས་རྒྱུ་དང་། 18དེ་ཚོའི་ལས་རོགས་སུ་སྡེ་རིགས་རེ་ནས་འགོ་པ་རེ་གོ་སྒྲིག་བྱོས་ཤིག 19-28གཙོ་བོ་དཀོན་མཆོག་གིས་འདམས་པ་གནང་བའི་སྐྱེས་པ་རྣམས་ནི་གཤམ་གསལ་ལྟར་ཡིན་ནོ། སྡེ་རིགས འགོ་དཔོན་ ཡ་ཧུ་དཱ་ ཡེ་ཕུ་ནཱེའི་བུ་ཀ་ལེབ་ སིམ་ཨོན་ ཨམ་མི་ཧུད་ཀྱི་བུ་ཤེ་ལུ་མི་ཨེལ་ བྷེན་ཡ་མིན་ ཀིསེ་ལོན་གྱི་བུ་ཨེ་ལི་དྷད། དཱན་ ཡོག་ལིའི་བུ་བྷུག་ཀི་ མ་ནསེ་སཱེ ཨེ་བོད་ཀྱི་བུ་ཧན་ནི་ཨེལ་ ཨེཕ་ར་ཡིམ ཤིཕ་ཏན་གྱི་བུ་ཀེ་མུ་ཨེལ་ ཛེ་བུ་ལུན་ པར་ནག་གི་བུ་ཨེ་ལི་ཛ་ཕན་ ཨི་ས་ཀར་ ཨ་ཛན་གྱི་བུ་པལ་ཏི་ཨེལ་ ཨ་ཤེར་ ཤེ་ལོ་མིའི་བུ་ཨ་ཧི་ཧུད་ ནཕ་ཏ་ལི་ ཨམ་མི་ཧུད་ཀྱི་བུ་པེ་ད་ཧེལ་ 29ཀ་ནན་ཡུལ་དུ་ཨིསི་རཱཨེལ་པ་རྣམས་ལ་ས་ཞིང་ཆ་བགོས་བརྒྱབ་པའི་ཕྱིར་གཙོ་བོ་དཀོན་མཆོག་གིས་འགན་དཀྲི་བཀལ་གནང་མཛད་པའི་སྐྱེས་པ་རྣམས་ནི་གོང་གསལ་ལྟར་ཡིན་ནོ༎

གྲངས་ཀ 35

ལེ་ཝི་པ་རྣམས་ལ་སྤྲོད་པའི་གྲོང་ཁྱེར་རྣམས།

1ཡོར་དན་ཕར་ཕྱོགས་ཀྱི་མོ་ཨབ་པའི་ཐང་དུ་ཡེ་རི་ཀོ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། 2ཨིསི་རཱཨེལ་པ་ཚོས་ཐོབ་པའི་རང་གི་ས་སྐལ་གྱི་ཁོངས་ནས་ལེ་ཝི་པ་རྣམས་ལ་སྡོད་གནས་གྲོང་ཁྱེར་འགའ་ཤས་དང་དེའི་ཉེ་འཁོར་དུ་རྩ་ཁ་དག་ཀྱང་སྤྲོད་དགོས་ཅེས་དེ་ཚོར་སྨྲོས་ཤིག 3གྲོང་ཁྱེར་དེ་ཚོ་ནི་ལེ་ཝི་པ་རྣམས་ལ་བདག་རྒྱུ་ཡིན་པ་དང་། དེ་ཚོ་དེར་གནས་སྡོད་བྱེད་པར་འགྱུར། རྩ་ཁ་དེ་དག་ནི་ཁོ་ཚོའི་ཕྱུག་ཟོག་དང་ར་ལུག་དང་ཁྱིམ་དུ་གསོས་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་ཡིན་ཅིང་། 4རྩ་ཁ་དེ་དག་ནི་གྲོང་ཁྱེར་གྱི་ལྕགས་རི་ཕྱི་རོལ་གྱི་མཚམས་ནས་ཕྱོགས་རེ་རེར་མི་ཊར་ ༤༥༠ བར་དུ་ཁྱབ་ཅིང་། 5ཕྱོགས་རེ་རེར་མི་ཊར་ ༩༠༠ བྱས་པའི་ས་ཁྱོན་གྲུ་བཞི་ཡིན་པའི་དཀྱིལ་དུ་གྲོང་ཁྱེར་དེ་འཁེལ་དགོས་སོ། 6ཁྱོད་ཚོས་ལེ་ཝི་པ་རྣམས་ལ་སྐྱབས་བཅོལ་ཞུ་སའི་གྲོང་ཁྱེར་དྲུག་སྤྲོད་དགོས། དེར་ནོར་འཁྲུལ་གྱིས་མི་བསད་མཁན་ཚོ་སྐྱབས་བཅོལ་ཞུ་ཐུབ་པ་དང་། དེ་ཙམ་མ་ཟད་ཁོ་ཚོར་གྲོང་ཁྱེར་འཕར་མ་བཞི་བཅུ་ཞེ་གཉིས་བཅས། 7རྩ་ཁ་དང་ཆབས་ཅིག་ཁྱོན་བསྡོམས་གྲོང་ཁྱེར་བཞི་བཅུ་ཞེ་བརྒྱད་སྤྲོད་དགོས། 8སྡེ་རིགས་རེ་རེ་ནང་ལེ་ཝི་པ་རྣམས་ལ་སྤྲོད་དགོས་པའི་གྲོང་ཁྱེར་གྱི་ཁ་གྲངས་ནི་སྡེ་རིགས་དེའི་ས་ཁུལ་གྱི་རྒྱ་ཁྱོན་ཆེ་ཆུང་ལ་གཞིག་སྟེ་ཐག་ཆོད་བྱེད་དགོས་སོ༎

སྐྱབས་བཅོལ་སའི་གྲོང་ཁྱེར་རྣམས།

(བཀའ་ཁྲིམས་སྐྱར་བཤད་ ༡༩:༡-༡༣; ཡོ་ཤུ་ཨ་ ༢༠:༡-༩)

9-10གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་ཨིསི་རཱཨེལ་པ་ཚོར་འདི་ལྟར་སྨྲ་དགོས་ཅེས་བཀའ་གནང་བ། ཁྱོད་ཚོ་ཡོར་དན་རྒལ་ནས་ཡུལ་ཀ་ནན་དུ་སླེབས་སྐབས། 11ཁྱོད་ཚོས་སྐྱབས་བཅོལ་ཞུ་སའི་གྲོང་ཁྱེར་རྣམས་འདམས་དགོས། ནོར་འཁྲུལ་གིས་སྲོག་གཅོད་བྱེད་མཁན་རྣམས་གྲོང་ཁྱེར་དེ་དག་ལ་བྲོས་ནས་སྐྱབས་བཅོལ་ཏེ་གནས་ཐུབ། 12དེར་མི་དེ་ཚོའི་འདས་པོའི་གཉེན་མཚན་རྣམས་ཀྱིས་དགྲ་ཤ་ལེན་པའི་ཉེན་ཁ་ལས་ཐར་ཏེ་བརྟན་པོར་གནས་ཐུབ། མི་མང་སྡེབ་གསོད་བྱེད་མཁན་ཞིག་ལ་མི་ཚོགས་ཀྱི་མདུན་དུ་ཁྲིམས་གཅོད་མ་བྱེད་བར། ཁོ་ལ་ཉེས་པ་སྲོག་ཐོག་ཏུ་གཏོང་མི་ཆོག 13-14ཡོར་དན་ཤར་ཕྱོགས་སུ་གྲོང་ཁྱེར་གསུམ་དང་། ཡུལ་ཀ་ནན་དུ་གསུམ་བཅས་བསྡོམས་གྲོང་ཁྱེར་དྲུག་འདེམས་སྒྲུག་གིས་གཏན་འབེབས་བྱེད་དགོས། 15གྲོང་ཁྱེར་དེ་དག་ནི་ཨིསི་རཱཨེལ་པ་རྣམས་དང་། དེ་ཚོའི་ཁོངས་སུ་གཏན་སྡོད་བྱེད་མཁན་ནམ་ཉིན་ཤས་རིང་དུ་གནས་པའི་ཕྱི་རྒྱལ་བ་ཚོའི་དོན་དུ་སྐྱབས་བཅོལ་སའི་གནས་དག་ཡིན་ཞིང་། ནོར་འཁྲུལ་གིས་སྲོག་གཅོད་བྱས་པའི་མི་སུ་འདྲ་ཞིག་ཡིན་རུང་གྲོང་ཁྱེར་དེ་དག་ལ་བྲོས་ནས་སྐྱབས་བཅོལ་ཞུ་ཐུབ་པ་ཡིན་ནོ། 16-18འོན་ཀྱང་མི་སུ་ཞིག་གིས་ལྕགས་སམ་རྡོའམ་ཤིང་ལས་བཟོས་པའི་ལག་ཆ་གང་རུང་ཞིག་གིས་གཞུས་ནས་མི་བསད་པ་ཡིན་ན། མི་དེ་སྲོག་གཅོད་པར་རྩིས་ཏེ། ཁོ་ལ་ཉེས་པ་སྲོག་ཏོག་ཏུ་གཏོང་དགོས། 19སྲོག་གི་ཉེས་པ་གཏོང་རྒྱུའི་ལས་འགན་དེ་ནི་གཤིན་པོའི་མིའི་གཉེན་ཚན་ཉེ་ཤོས་དེ་ལ་ཡོད། ཁོས་སྲོག་གཅོད་པ་དེ་རྙེད་པ་ཡིན་ན་གསོད་དགོས་པ་ཡིན་ནོ། 20གལ་ཏེ་མི་ཞིག་གིས་གཞན་ཞིག་ལ་སྡང་དགྲ་བྱེད་ཤིང་དེ་ལ་སྦུད་རྒྱག་རྒྱབ་པའམ། ཡང་ན་དེའི་ཁར་དངོས་རིགས་གང་ཞིག་འཕང་པའམ། 21མུར་རྫོག་ཞུས་ཏེ་ཤི་བ་ཡིན་ན། དེ་ནི་སྲོག་གཅོད་ཁོངས་སུ་རྩིས་དགོས་ཏེ། ཁོ་ལ་ཉེས་པ་སྲོག་ཐོག་ཏུ་གཏོང་དགོས། སྲོག་གི་ཉེས་པ་གཏོང་རྒྱུའི་ལས་འགན་དེ་ནི་གཤིན་པོའི་མིའི་གཉེན་ཚན་ཉེ་ཤོས་དེ་ལ་ཡོད། ཁོས་སྲོག་གཅོད་པ་དེ་རྙེད་པ་ཡིན་ན་གསོད་དགོས་པ་ཡིན་ནོ། 22འོན་ཀྱང་རང་གིས་ཁོང་སྡང་དགྲ་མ་བྱེད་བའི་མི་ཞིག་ལ་ནོར་འཁྲུལ་གིས་སྦུད་རྒྱག་ཐེབས་པའམ། ཡང་ན་དངོས་རིགས་གང་ཞིག་ཕོག་ནས་སྲོག་སྐྱོན་བྱུང་བ་དང་། 23ཡང་ན་རང་གིས་གནོད་འཚེ་སྐྱེལ་འདོད་མེད་པའམ་འཁོན་སེམས་སྡང་དགྲ་གང་ཡང་མེད་པའི་མི་ཞིག་ཁྱོད་ཀྱི་ལག་ནས་ཤོར་བའི་རྡོ་ཁེལ་ནས་སྲོག་སྐྱོན་བྱུང་བ་ཡིན་ན། 24གནས་ཚུལ་དེ་འདྲའི་སྐབས་མི་ཚོགས་ཀྱི་ནོར་འཁྲུལ་དབང་གི་སྲོག་སྐྱོན་གཏོང་མཁན་མི་དེའི་ཕྱོགས་བྱས་ནས་ཁྲིམས་གཅོད་བྱེད་དགོས་སོ། གཤིན་པོའི་མིའི་དགྲ་ཤ་ལེན་མཁན་གཉེན་ཚན་རྣམས་ཀྱི་ཕྱོགས་བྱེད་མི་རུང་། 25མི་ཚོགས་ཀྱི་སྲོག་གཅོད་ཀྱི་ནག་ཉེས་ཕོག་པའི་མི་དེ་ལ་གཤིན་པོའི་མིའི་གཉེན་ཚན་རྣམས་ལས་སྲུང་སྐྱོབ་བྱེད་དེ། དེ་སྔ་ཁོས་སྐྱབས་བཅོལ་ཞུ་པའི་གྲོང་ཁྱེར་དེར་ཕྱིར་ལོག་གཏོང་དགོས། སྐབས་དེར་བླ་མ་ཆེན་པོའི་ལས་འགན་བྱེད་མཁན་མི་དེ་མ་ཤི་བར་དུ་གྲོང་ཁྱེར་དེ་རང་དུ་སྡོད་དགོས། 26གལ་ཏེ་སྲོག་གཅོད་ཀྱི་ནག་ཉེས་ཕོག་པའི་མི་དེ་སྐྱབ་བཅོལ་ཞུས་པའི་གྲོང་ཁྱེར་དེ་ནས་ཐོན་ཏེ། 27གཤིན་པོའི་མིའི་གཉེན་ཚན་དང་ཐུགས་འཕྲད་བྱུང་ནས་མི་དེ་བསད་པ་ཡིན་ན། དེ་ནི་དགྲ་ཤ་ལེན་པ་ཡིན་པས། སྲོག་གཅོད་ཀྱི་ཉེས་པར་མི་རྩིའོ། 28སྲོག་གཅོད་ཀྱི་ནག་ཉེས་ཕོག་པའི་མི་དེ་བླ་མ་ཆེན་པོ་མ་ཤི་བར་དུ། རང་གི་སྐྱབས་བཅོལ་ཞུས་པའི་གྲོང་ཁྱེར་དེ་རང་དུ་སྡོད་དགོས། བླ་མ་ཤི་བའི་རྗེས་སུ་ཁོ་རང་སོ་སོའི་ནང་དུ་ལོག་ནའང་སྒྲིག་པ་ཡིན། 29གོང་གསལ་ཁྲིམས་དེ་ནི་ཁྱོད་དང་ཁྱོད་ཀྱི་བུ་བརྒྱུད་རྣམས་ནས་ས་གནས་གང་དུ་སྡོད་རུང་སྲུང་དགོས་པ་ཡིན་ནོ། 30སྲོག་གཅོད་ཀྱི་ནག་ཉེས་ཕོག་པ་དེ་ལ་མི་གཉིས་སམ་དེ་ལས་མང་བས་དཔང་པོ་བྱས་ཏེ་ནག་ཉེས་དེ་ར་འཕྲོད་ཀྱིས་ཉེས་ཆད་སྲོག་ཐོག་ཏུ་གཏོང་དགོས། དཔང་པོ་གཅིག་གིས་སྲོག་གཅོད་ཀྱི་ནག་ཉེས་ཁུངས་བསྐྱེལ་བྱེད་མི་ཐུབ། 31སྲོག་གཅོད་པར་ཉེས་པ་སྲོག་ཐོག་རང་དུ་གཏོང་དགོས་པ་ལས། རིན་པ་སོགས་སྤྲད་ནས་ཉེས་པ་དེ་ལས་ཐར་མི་ཐུབ། 32མི་སུ་ཞིག་སྐྱབས་བཅོལ་སའི་གྲོང་ཁྱེར་དུ་བྲོས་ཟིན་པ་ཡིན་ན། བླ་མ་ཆེན་པོ་མ་ཤི་གོང་དུ་ཁོས་རིན་པ་སོགས་སྤྲད་ནས་རང་གི་ནང་དུ་འགྲོ་རུ་མ་བཅུག་ཅིག 33གལ་སྲིད་ཁྱོད་ཚོས་དེ་ལྟར་བྱས་པ་ཡིན་ན། ཁྱོད་ཚོས་རང་ཉིད་བསྡོད་པའི་ཡུལ་དེ་མི་གཙང་བར་བཟོ་རྒྱུ་ཡིན། སྲོག་གཅོད་བྱས་པའི་རྐྱེན་གྱིས་ཡུལ་མི་གཙང་བར་འགྱུར་རྒྱུ་ཡིན་པ་དང་། སྲོག་གཅོད་བྱེད་མཁན་དེ་བསད་པའི་སྒོ་ནས་མ་གཏོགས་ཡུལ་དེ་གཙང་བར་བཟོ་རྒྱུའི་དག་འབྱངས་ཀྱི་ཆོ་ག་གཞན་ཞིག་མེད་པ་ཡིན་ནོ། 34རང་ཉིད་གནས་སྡོད་བྱེད་སའི་ཡུལ་དེ་མི་གཙང་བར་བཟོ་མི་ཉན། གང་ལགས་ཟེར་ན། ང་ནི་གཙོ་བོ་དཀོན་མཆོག་ཡིན་པས། ང་ཨིསི་རཱཨེལ་མི་མང་གི་ཁྲོད་དུ་གནས་སྡོད་བྱེད་ཀྱི་ཡོད་པས་ཕྱིར་རོ༎

གྲངས་ཀ 36

ཆང་ས་རྒྱབ་པའི་བུད་མེད་རྣམས་ཀྱི་ཐོབ་སྐལ།

1ཡོ་སེབ་ཀྱི་བུ་མ་ནསེ་སཱེ། མ་ནསེ་སཱེའི་བུ་མ་ཀིར། མ་ཀིར་གྱི་བུ་གྷིལ་ཨད་ཀྱི་རིགས་རུས་ཀྱི་ཁྱིམ་ཚང་སོ་སོའི་ནང་མི་གཙོ་བོ་རྣམས་མོ་ཤེ་དང་འགོ་དཔོན་གཞན་རྣམས་ཀྱི་རྩར་ཕྱིན་ནོ། 2སྨྲས་པ། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་རྒྱན་བརྒྱབ་ནས་ཨིསི་རཱཨེལ་མི་མང་རྣམས་ལ་ས་ཞིང་ཆ་བགོ་བརྒྱབ་རྒྱུར་བཀའ་གནང་ཡོད། ང་ཚོའི་གཉེན་མཚན་ཛེ་ལོ་ཕེ་ཧད་ཀྱི་ས་ཞིང་དེ་ཁོའི་བུ་མོ་རྣམས་ལ་སྤྲོད་རྒྱུའི་བཀའ་བསྒོས་གནང་ཡོད། 3འོན་ཀྱང་དེ་ཚོས་སྡེ་རིགས་གཞན་གྱི་སྐྱེས་པ་དང་ཆང་ས་བརྒྱབ་པ་ཡིན་ན། དེ་ཚོའི་ས་ཞིང་དེ་སྡེ་རིགས་དེ་རང་ལ་ཐོབ་རྒྱུ་ཡིན་པས། ང་ཚོར་གནང་བའི་ས་ཞིང་དེ་ཉུང་དུ་འགྲོ་ངེས་པ་དང། 4སྐྱར་གསོའི་ལོ་དུས་སྐབས་སུ་ས་ཞིང་བཙོང་ཟིན་པ་རྣམས་སྔོན་གྱི་དོ་བདག་རྣམས་ལ་ཕྱིར་ལོག་བྱེད་སྐབས། ཛེ་ལོ་ཕེ་ཧད་གྱི་བུ་མོ་རྣམས་ཀྱི་ས་ཞིང་ནི་དེ་ཚོས་ཆང་ས་བརྒྱབ་པའི་སྐྱེས་པ་ཚོའི་སྡེ་རིགས་ཀྱི་ཁོངས་སུ་དུས་རྒྱུན་དུ་བདག་རྒྱུ་ཡིན་པས། དེ་ནི་ང་ཚོའི་སྡེ་རིགས་ཀྱི་ས་ཞིང་ཉུང་དུ་འགྲོ་བར་འགྱུར། 5དེར་བརྟེན་གཙོ་བོ་དཀོན་མཆོག་གིས་མོ་ཤེས་ཨིསི་རཱཨེལ་པ་རྣམས་ལ་གཤམ་གསལ་ལྟར་བཀའ་བསྒོས་གནང་བ། མ་ནསེ་སཱེའི་སྡེ་རིགས་ཀྱི་གང་བཤད་པ་དེ་བདེན་པ་ཡིན་པས། 6གཙོ་བོ་དཀོན་མཆོག་གིས་གསུངས་པ་བཞིན་ཛེ་ལོ་ཕེ་ཧད་གྱི་བུ་མོ་ཚོས་རང་་འདོད་བཞིན་གྱི་སྐྱེས་པ་དང་ཆང་ས་བརྒྱབ་ཆོག་མོད། འོན་ཀྱང་དེ་ནི་སོ་སོའི་སྡེ་རིགས་ནང་ཁོངས་ཀྱི་སྐྱེས་པ་ཞིག་ཡིན་པར་དགོས་སོ། 7ཨིསི་རཱཨེལ་པ་རེ་རའི་རང་གི་ས་ཞིང་དེ་དག་རང་གི་སྡེ་རིགས་ནང་ཁོངས་སུ་གནས་པར་དགོས། 8ཨིསི་རཱཨེལ་གྱི་སྡེ་རིགས་གང་ཞིག་ནས་རང་གི་ཕའི་ནོར་སྐལ་ཐོབ་པའི་བུད་མེད་ཚོས་སྡེ་རིགས་དེ་གའི་སྐྱེས་པ་ཞིག་དང་མཉམ་དུ་ཆང་ས་བརྒྱབ་དགོས། དེ་ལྟར་བྱས་པའི་སྒོ་ནས་ཨིསི་རཱཨེལ་པ་རེ་རེས་རང་གི་མེས་པོའི་རྒྱུ་དངོས་ཀྱི་ནོར་སྐལ་ཐོབ་རྒྱུ་ཡིན་པ་དང་། 9དེ་བཞིན་རྒྱུ་དངོས་དག་སྡེ་རིགས་གཅིག་ནས་གཞན་དུ་སྤོ་ཤུད་བྱེད་མི་དགོས་པར། སྡེ་རིགས་སོ་སོས་རང་གི་མེས་པོའི་རྒྱུ་ནོར་དེ་དག་རང་ལ་བདག་ཏུ་ཐོབ་པར་འགྱུར་རོ། 10-11དེ་བས་ན་ཛེ་ལོ་ཕེ་ཧད་ཀྱི་བུ་མོ་རྣམས་མཱ་ལཱ། ཏིར་ཛཱ། ཧོག་ལཱ། མིལ་ཀཱ་དང་ནོ་ཨས། གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་བཞིན་དེ་ཚོས་རང་གི་ཨ་ཁུའི་བུ་རྣམས་དང་མཉམ་དུ་ཆང་ས་བརྒྱབ་བོ། ཡ་ཧུ་དཱ་པ་ཡོང་རྫོགས་ནང་དེའི་སྐབས་རང་གི་མེས་པོའི་རང་གི་སྤུན་མ་ཡིན་པས། གཞན་དང་ཆང་ས་རྒྱབ་ཆོག་པའི་སྲོལ་ཡོད་པ་ཡིན་ནོ། 12དེ་ཚོས་ཡོ་སེབ་ཀྱི་བུ་མ་ནསེ་སཱེའི་སྡེ་རིགས་ནང་དུ་ཆང་ས་བརྒྱབ་པས། དེ་ཚོའི་རྒྱུ་ནོར་རང་གི་ཕའི་སྡེ་རིགས་ནང་ཁོངས་སུ་གནས་སོ། 13གཙང་པོ་ཡོར་དན་ཕར་ཕྱོགས་ཀྱི་མོ་ཨབ་པའི་ཐང་དུ་ཡེ་རི་ཀོ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་བརྒྱུ་དེ་ཨིསི་རཱཨེལ་པ་རྣམས་ལ་གནང་བའི་བཀའ་ཁྲིམས་ནི་གོང་གསལ་ལྟར་ཡིན་ནོ༎

བཀའ་ཁྲིམས་སྐྱར་བཤད 1

ངོ་སྤྲོད།

1གཙང་པོ་ཡོར་དན་གྱི་ཤར་ཕྱོགས་འབྲོག་སྟོང་ཁུལ་དུ་ཨིསི་རཱཨེལ་པ་རྣམས་ལ་མོ་ཤེས་གསུངས་པའི་བཀའ་རྣམས་དེབ་འདིའི་ནང་དུ་གསལ་ཡོད། སྐབས་དེར་དེ་ཚོ་ཡོར་དན་གྱི་ལུང་གཤོང་དུ་སུཕ་ཀྱི་ཉེ་འགྲམ་དུ་གྲོང་ཁྱེར་པ་རན་དང་། དེའི་ཕར་ཕྱོགས་སུ་གྲོང་ཁྱེར་ཏོ་ཕེལ་དང་། ལ་བན་དང་། ཧ་ཛེ་རོཐ་དང་དྷི་ཛ་ཧབ་བཅས་ཀྱི་གྲོང་ཁྱེར་གྱི་དཀྱིལ་དུ་ཡོད་པ་ཡིན་ནོ། 2ཨེ་དྷོམ་གྱི་རི་བརྒྱུད་ནས་རི་བོ་སི་ནཨེ་བརྒྱུད་དེ་ཀ་དྷེཤི་བར་ནེ་ཨར་འགྲོ་བར་ཉིན་ཞག་བཅུ་གཅིག་འགོར་གྱི་ཡོད་པ་ཡིན་ནོ། 3དེ་ཚོས་ཨི་ཇིབ་སྤངས་ནས་ལོ་བཞི་བཅུ་འཁོར་བའི་ཟླ་བ་བཅུ་གཅིག་པའི་ཉིན་ཞག་དང་པོར་གཙོ་བོ་དཀོན་མཆོག་གིས། མོ་ཤེ་ལ་བཀའ་གང་གནང་བ་བཞིན་ཁོས་ཨིསི་རཱཨེལ་པ་རྣམས་ལ་བཤད་དོ། 4ཧེཤ་བྷོན་གྲོང་ཁྱེར་དུ་སྲིད་སྐྱོང་བྱེད་མཁན་ཨ་མོར་པའི་རྒྱལ་པོ་སི་ཧོན་དང་། ཨཤ་ཏ་རོད་དང་ཨེད་རེའི་གྲོང་ཁྱེར་ཁག་ལ་སྲིད་སྐྱོང་བྱེད་མཁན་བྷ་ཤཱན་གྱི་རྒྱལ་པོ་ཨོག་གཉིས་ལ་གཙོ་བོ་དཀོན་མཆོག་གིས་བཏུལ་གནང་བའི་རྗེས་སུ་གནས་ཚུལ་དེ་དག་བྱུང་བ་ཡིན་ནོ། 5ཨིསི་རཱཨེལ་པ་ཚོ་ཡོར་དན་གྱི་ཤར་ཕྱོགས་སུ་མོ་ཨབ་ཡུལ་དུ་ཡོད་སྐབས་མོ་ཤེས་དེ་དག་ལ་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་སློབ་སྟོན་བྱས་སོ། ཁོང་གིས་གསུངས་པ། 6ང་ཚོ་སི་ནཨའི་རི་བོར་ཡོད་སྐབས་ང་ཚོའི་གཙོ་བོ་དཀོན་མཆོག་གིས་ང་ཚོ་ལ་གསུངས་པ། ཁྱོད་ཚོ་རི་བོ་འདིར་གནས་སྡོད་བྱས་ནས་རྒྱུན་རིང་སོང་བས། 7ད་ཁྱོད་ཚོས་སྒར་གྱི་ཡོ་བྱད་རྣམས་བསྡུས་ཏེ་གནས་འདི་ནས་ཐོན་ཅིག ཁྱོད་ཚོ་ཨ་མོར་པའི་རི་བརྒྱུད་ཁག་གི་ཡུལ་དང་དེའི་ཉེ་འགྲམ་གྱི་ཡུལ་གྲུ་ཁག་དང་། ཡོར་དན་གྱི་ལུང་གཤོང་དང་། དེའི་རི་བརྒྱུད་དང་ཐང་དང་། དེ་བཞིན་ལྷོ་ཕྱོགས་ཁུལ་གྱི་ས་ཁུལ་དང་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོའི་འགྲམ་བར་དུ་སོང་ཞིག ཁྱོད་ཚོ་ཀ་ནན་ཡུལ་དང་ལེ་བ་ནོན་གྱི་རི་ཁུལ་རྒལ་ནས་གཙང་པོ་ཆེན་པོ་ཡུབ་རད་ཡོད་པའི་ས་གནས་བར་དུ་སོང་ཞིག 8ཡུལ་འདི་རྣམས་ནི་སྔར་ང་གཙོ་བོ་དཀོན་མཆོག་གིས་ཁྱོད་ཆོའི་མེས་པོ་ཨབ་ར་ཧམ་དང་ཨི་སཱག་དང་། ཡ་ཀོབ་དང་དེ་ཚོའི་རིགས་བརྒྱུད་རྣམས་ལ་སྤྲོད་ཀྱི་ཡིན་ཞེས་དམ་བཅའ་བྱེད་བའི་ཡུལ་གྱི་ཁོངས་སུ་གཏོགས་པས། ད་སོང་ལ་ཡུལ་དེ་དག་དབང་དུ་སྡུད་ཅིག།

མོ་ཤེས་ཁྲིམས་དཔོན་རྣམས་བསྐོ་གཞག་བྱས་པ།

(སྡེབ་ཐོན་ ༡༨:༡༣-༢༧)

9མོ་ཤེས་མི་རྣམས་ལ་སྨྲས་པ། སྔར་ང་ཚོ་རི་བོ་སི་ནཨེ་རུ་ཡོད་སྐབས། ངས་ཁྱོད་ཚོར་སྨྲས་པ་བཞིན། ངས་ཁྱོད་ཚོའི་འགོ་འཁྲིད་བྱེད་པའི་ལས་འགན་དེ་ཧ་ཅང་ཁག་པོ་ཡིན་པས། ང་གཅིག་པུས་ལས་ཀ་དེ་བྱེད་མི་ཐུབ་ཅིང་། 10ཁྱོད་ཚོའི་གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོའི་ཁ་གྲངས་ནི་ནམ་མཁའི་སྐར་མ་བཞིན་དུ་གྲངས་ལས་འདས་པར་སྤེལ་བ་གནང་ཡོད། 11གཙོ་བོ་དཀོན་མཆོག་ཁྱོད་ཚོའི་ཕ་མེས་ཀྱི་དཀོན་མཆོག་གིས་སྔར་དམ་བཅའ་གནང་བ་ལྟར་ཁྱོད་ཚོའི་ཁ་གྲངས་སྟོང་འགྱུར་དུ་གོང་འཕེལ་གཏོང་བར་ཤོག། 12འོན་ཀྱང་ཁྱོད་ཚོའི་རྩོད་གླེང་སྒྲིག་འཇག་བྱེད་པའི་ལས་འགན་དེ་ང་གཅིག་པུས་ཇི་ལྟར་སྒྲུབ་ཐུབ་བམ། 13དེ་བས་ན་ཁྱོད་ཚོས་སྡེ་རིགས་རེ་རེ་ལས་སྐྱེ་བོ་ཤེས་རབ་ཅན་དང་བློ་གྲོས་དང་ཉམས་མྱོང་ཅན་རྣམས་འདེམས་སྒྲུག་བྱོས་ཤིག་དང་། ངས་དེ་ཚོར་ཁྱོད་ཚོའི་འགོ་བྱེད་དུ་བསྐོ་གཞག་བྱེད་རྒྱུ་ཡིན། 14དེ་འདྲ་བྱེད་རྒྱུ་དེར་ལེགས་པ་འདུག་ཟེར་ཁྱོད་ཚོས་བློ་མཐུན་བྱུང་ངོ་། 15དེར་བརྟེན་ཁྱོད་ཚོས་རང་རང་སོ་སོའི་སྡེ་རིགས་ལས་འདེམས་སྒྲུག་བྱས་པའི་མི་ཤེས་རབ་ཅན་དང་ཉམས་མྱོང་ཅན་རྣམས་ངས་ཁྱོད་ཚོའི་ཐོག་ཏུ་རྩིས་སྤྲོད་བྱས་ཏེ། ཁ་ཤས་ལ་སྟོང་དཔོན་དང་། བརྒྱ་དཔོན་དང་། ལྔ་བཅུའི་སྡེ་དཔོན་དང་། བཅུ་དཔོན་བཅས་བསྐོ་གཞག་བྱས་པ་ཡིན། ངས་སྡེ་རིགས་རེ་རེའི་ནང་དུ་ལས་བྱེད་པ་གཞན་ཡང་བསྐོ་གཞག་བྱས་པ་ཡིན། 16སྐབས་དེར་ངས་ཁྱོད་ཚོར་མི་མང་གི་ཁྲོད་དུ་བྱུང་བའི་འཁྲུགས་རྩོད་ཀྱི་རྒྱུ་རྐྱེན་རྣམས་གསལ་པོར་ཧ་གོ་བར་བྱོས་ཤིག་ཅེས་བཀའ་བསྒོས་བྱས་པ་མ་ཟད། ཁྱོད་ཚོའི་རང་གི་རིགས་རྒྱུད་གཅིག་པའམ། ཁྱོད་ཚོའི་ཁྲོད་དུ་གནས་སྡོད་བྱེད་པའི་ཕྱི་རྒྱལ་བ་ཞིག་ཡིན་ནའང་དེ་ཚོར་ཁྲིམས་གཅོད་དྲང་པོ་བྱོས་ཤིག 17ཁྲིམས་གཅོད་བྱེད་སྐབས་སུ་ལའང་ཕྱོགས་ཞེན་མ་བྱེད་པར། མི་ཆེ་ཆུང་མེད་པར་ཀུན་ལ་ཁྲིམས་གཅོད་གཅིག་པར་གཏོང་དགོས་ཤིང་། ཁྱོད་ཚོས་དེ་བཞིན་ཁྲིམས་གཅོད་དྲང་པོ་བྱས་པ་དེ་ནི་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་སྒྲུབ་རྒྱུ་ཡིན་པས། ཁྱོད་ཚོ་སུ་ལའང་ཞེད་མི་དགོས་སོ། སྒྲིག་འཇག་བྱེད་དཀའ་བའི་རྩོད་གླེང་དཀའ་རྙོག་ཆེ་བ་ཁག་བྱུང་ན་དེ་དག་ངའི་རྩར་འཁྱེར་ཤོག། ངས་དེ་དག་ཐག་ཆོད་བྱེད་རྒྱུ་ཡིན། 18དེ་དུས་ཁྱོད་ཚོས་གང་བྱེད་དགོས་པའི་ལས་དོན་ཚང་མའི་སྐོར་ལ་ངས་བཀའ་བསྒོས་བྱས་ཟིན་པ་ཡིན༎

ཀ་དྷེཤི་བར་ནེ་ཨའི་ནས་སོ་ཉུལ་པ་རྣམས་བཏང་བ།

(གྲངས་ཀ་ ༡༣:༡-༣༣)

19སྔར་ང་ཚོའི་གཙོ་བོ་དཀོན་མཆོག་གིས་བཀའ་གང་གནང་བ་ཚང་མ་ང་ཚོས་སྒྲུབ་དང་། ང་ཚོ་རི་བོ་སི་ནཨེ་ནས་ཐོན་ཏེ་འཇིགས་སུ་རུང་བའི་འབྲོག་སྟོང་རྒྱ་ཆེན་པོ་དེ་རྒྱུད་ནས་ཨ་མོར་པའི་རི་བརྒྱུད་ཁུལ་གྱི་ཡུལ་དུ་སླེབས་སོ། དེ་རྗེས་ང་ཚོ་ཀ་དྷེཤི་བར་ནེ་ཨ་རུ་སླེབས་དུས་ངས་དེ་ཚོར་སྨྲས་པ་ཡིན། 20-21ཁྱོད་ཚོ་ཨ་མོར་པའི་ཡུལ་གྱི་རི་བརྒྱུད་ཁུལ་དུ་སླེབས་ཡོད་དོ། ང་ཚོའི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ང་ཚོ་ལ་གནང་བཞིན་ཡོད་པས། ལྟོས་ཤིག། ཡུལ་དེ་འདིར་ཡོད། ད་སོང་ལ་སྔར་ཁོང་གིས་བཀའ་གང་གནང་བ་བཞིན་ཡུལ་དེ་དབང་དུ་བསྡུ་བར་འཇིགས་སྣང་དང་འཚེར་སྣང་མ་བྱེད་ཅིག་ཅེས་སྨྲས་པ་ཡིན་ནོ། 22འོན་ཀྱང་ཁྱོད་ཚོས་ངའི་རྩར་འོང་ནས་སྨྲས་པ། ཡུལ་དེར་ཚོད་བལྟ་བྱེད་ཕྱིར་སྔོན་ལ་མི་གཏོང་དགོས། གང་ལགས་ཟེར་ན། ཁོ་ཚོས་ཡུལ་དེར་བསླེབས་པའི་འགྲོ་ལམ་དེ་ལས་སླ་པོ་ཞིག་དང་གྲོང་ཁྱེར་དེ་དག་ཇི་འདྲ་ཞིག་ཡོད་པའི་སྐོར་ང་ཚོར་བཤད་ཐུབ་པའི་ཕྱིར་རོ། 23གྲོས་འཆར་དེ་ནི་ལེགས་པར་འདུག་བསམས་ནས། ངས་སྡེ་རིགས་རེ་རེ་ནས་མི་རེ་རེ་བྱས་ཏེ། བསྡོམས་མི་བཅུ་གཉིས་འདེམས་སྒྲུག་བྱས་པ་ཡིན། 24དེ་ཚོས་རི་ཁུལ་གྱི་ཡུལ་ཁག་གི་ས་གནས་ཨེཤ་ཀོལ་གྱི་ལུང་གཤོང་བར་དུ་ཕྱིན་ནས་ཚོད་བལྟ་བྱས་ཏེ། 25དེ་ཚོས་ཡུལ་དེར་ཡོད་པའི་ཤིང་འབྲས་ཁག་འཁྱེར་ཡོང་བ་མ་ཟད། ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ང་ཚོ་ལ་གནང་གི་ཡིན་ཞེས་གསུངས་པའི་ཡུལ་དེ་ནི་ཧ་ཅང་ས་ལུད་འཛོམས་པོ་ཞིག་འདུག་ཅེས་སྨྲས་སོ། 26འོན་ཀྱང་ཁྱོད་ཚོས་གཙོ་བོ་དཀོན་མཆོག་རང་གི་དཀོན་མཆོག་གི་བཀའ་དང་རྒོལ་བ་དང་ཡུལ་དེའི་ནང་དུ་མ་སོང་ངོ། 27ཁྱོད་ཚོས་ཕན་ཚུན་རྙོག་གཏམ་བརྗོད་ནས་སྨྲས་པ། གཙོ་བོ་དཀོན་མཆོག་གི་ང་ཚོར་སྡང་པོ་གནང་སྟེ། ང་ཚོ་ཨ་མོར་པའི་ལག་འོག་ཏུ་ཤི་དགོས་པའི་ཕྱིར་ཨི་ཇིབ་ནས་བཏོན་ནས་འཁྲིད་གནང་བ་ཡིན་ནོ། 28ང་ཚོ་དེར་ག་རེའི་དོན་དུ་འགྲོ་དགོས་སམ། ང་ཚོ་ཞེད་ཀྱི་འདུག། ང་ཚོས་བཏང་བའི་མི་རྣམས་ཀྱིས་གནས་ཚུལ་བརྗོད་གསལ་ལྟར་ན། དེ་གའི་མི་རྣམས་ནི་ང་ཚོ་ལས་གཟུགས་ཚད་རིང་ལ་ལུས་སྟོབས་ཀྱང་ཆེ་བ་དང། དེ་ཚོ་ནི་གནམ་ལ་ཐུག་པའི་ལྕགས་རི་མཐོ་པོས་བསྐོར་བའི་གྲོང་ཁྱེར་ནང་དུ་བསྡད་ཀྱི་ཡོད་པ་དང་། དེ་ཚོས་ས་གནས་དེར་མི་བོ་ཆེ་རྣམས་མཐོང་བ་ཡིན་ནོ། 29འོན་ཀྱང་ངས། ཁྱོད་ཚོ་མི་དེ་རྣམས་ལ་འཇིག་མི་དགོས། 30གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་དབུ་འཁྲིད་གནང་ཡོང་། ཁྱོད་ཚོས་སྔར་ཨི་ཇིབ་དང་འབྲོག་སྟོང་ཁུལ་དུ་གང་མཐོང་བ་བཞིན། སླར་ཡང་ཁོང་གིས་ཁྱོད་ཚོའི་ཕྱོགས་གཏོགས་མཛད་དེ་འཐབ་པ་གནང་ཡོང་། 31ཕས་རང་གི་བུ་འཁྱེར་བ་བཞིན་ཁོང་གིས་ཁྱོད་ཚོར་ས་གནས་འདི་བར་དུ་འཇིགས་སྐྱོན་ཀུན་ལས་སྐྱབས་ནས། འཁྲིད་ཕེབས་པ་དེ་ཁྱོད་ཚོས་མཐོང་མོད། 32འོན་ཀྱང་ངས་དེ་ལྟར་སྨྲས་ནའང་ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་བློ་གཏད་མ་ཞུས་སོ། 33གཙོ་བོ་དཀོན་མཆོག་ནི་རྒྱུན་དུ་ཁྱོད་ཚོའི་སྔོན་ལ་གུར་ཕུབ་པའི་གནས་དེ་འཚོལ་ཟིན་ཕེབས་པ་དང་། ཁྱོད་ཚོར་ལམ་སྟོན་མཛད་ཕྱིར་མཚན་མོ་མེའི་ཀ་བ་དང་ཉིན་མོ་སྤྲིན་གྱི་ཀ་བའི་ཚུལ་དུ་ཁྱོད་ཚོའི་སྔོན་ལ་ཕེབས་ཀྱང་ཁྱོད་ཚོས་ཁོང་ལ་བློས་མ་བཅོལ་ལོ༎

གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་ལ་ཉེས་ཆད་གནང་བ།

(གྲངས་ཀ་ ༡༤:༢༠-༤༥)

34ཁྱོད་ཚོའི་རྙོག་གཏམ་དེ་དག་གསན་ནས་གཙོ་བོ་དཀོན་མཆོག་ཐུགས་དགོངས་འཁྲུགས་ཏེ་ཉེན་འཚབ་ཆེན་པོའི་ངང་དུ་གསུངས་པ་ནི། 35མི་རིགས་ངན་པ་འདི་ཚོའི་ཁོངས་ནས་ཁྱོད་ཚོ་གཅིག་ཀྱང་སྔར་ངས་ཁྱོད་ཚོའི་ཕ་མེས་ལ་ཁས་ལེན་བྱས་པའི་ཡུལ་བཟང་པོ་དེར་འགྲོ་མི་ཐུབ། 36འོན་ཀྱང་ཡེ་ཕུ་ནཱེའི་བུ་ཀ་ལེབ་གཅིག་པུས་ང་ལ་ཡིད་ཆེས་བྱས་པར་བརྟེན་ཡུལ་དེར་འགྲོ་ཐུབ་ཡོང་། ཁོས་ཚོད་ལྟ་བྱེད་པའི་ཡུལ་དེ་ནི་ཁོ་དང་ཁོའི་རིགས་བརྒྱུད་རྣམས་ལ་སྤྲོད་རྒྱུ་ཡིན། 37ཁྱོད་ཚོའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་ང་ལ་ཐུགས་དགོངས་འཁྲུགས་ཏེ་གསུངས་པ། ཀྱེ་མོ་ཤེ། ཁྱོད་རང་ཡང་ཡུལ་དེར་འགྲོ་ཐུབ་མི་ཡོང་། 38འོན་ཀྱང་ཁྱོད་ཀྱི་ལས་རོགས་ནུན་གྱི་བུ་ཡོ་ཤུ་ཨ་ལ་སེམས་ཤུགས་བསྐྱེད་པའི་སློབ་གསོ་བྱོས་ཤིག་དང་། ཁོས་ཨིསི་རཱཨེལ་པ་རྣམས་ལ་ཡུལ་དེའི་དབང་འཛིན་བྱེད་ཕྱིར་འགོ་ཁྲིད་བྱེད་པར་འགྱུར་རོ། 39དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ཚོ་ཚང་མར་གསུངས་པ། བཟང་ངན་རྟོགས་མི་ཐུབ་པའི་ཁྱོད་ཚོའི་ཕྲུ་གུ་ཆུང་ཆུང་དེ་རྣམས་དགྲ་བོས་འཛིན་བཟུང་བྱས་ཡོང་ཞེས་ཁྱོད་ཚོས་བཤད་པ་རྣམས་ཡུལ་དེའི་ནང་དུ་སླེབས་ཡོང་། ངས་ཡུལ་དེ་ཁོ་ཚོར་སྤྲོད་རྒྱུ་ཡིན་པས་ཁོ་ཚོས་དེ་ལ་དབང་འཛིན་བྱེད་པར་འགྱུར། 40འོན་ཀྱང་ཁྱོད་ཚོ་ནི་རྒྱ་མཚོ་དམར་པོ་བརྒྱུད་ནས་འབྲོག་སྟོང་ཁུལ་དུ་ཕྱིར་ལོག་བྱོས་ཤིག 41ཁྱོད་ཚོས་ལན་དུ། ཀྱེ་མོ་ཤེ། ང་ཚོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བྱས་པས། གཙོ་བོ་དཀོན་མཆོག་གིས་བཀའ་གང་གནང་བ་བཞིན་དུ་ང་ཚོས་འཐབ་པར་བྱའོ་ཞེས་སྨྲས་ཏེ། རི་བརྒྱུད་ཁུལ་གྱི་ཡུལ་ཁག་རྣམས་དབང་འཛིན་བྱེད་པར་ལས་སླ་པོ་ཡོང་བསམ་ནས་ཁྱོད་ཚོ་ཚང་མ་དམག་འཐབ་པར་གྲ་སྒྲིག་བྱས་སོ། 42འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ང་ལ། དེ་ཚོའི་ཐོག་ཏུ་འཐབ་འཛིང་མ་བྱེད་ཅེས་ཟོན་བརྡ་བྱོས་ཤིག གང་ལགས་ཟེར་ན། ང་དེ་ཚོ་དང་མཉམ་དུ་མི་གནས་པའི་རྐྱེན་གྱིས་དེ་ཚོ་ཕམ་པར་ངེས་སོ་ཞེས་གསུངས་སོ༎ 43གཙོ་བོ་དཀོན་མཆོག་གིས་གསུངས་པའི་བཀའ་རྣམས་ངས་ཁྱོད་ཚོར་བཤད་ཀྱང་། ཁྱོད་ཚོས་དེ་ལ་དོ་སྣང་མ་བྱས་པར། ཁོང་ལ་ངོ་རྒོལ་ཞུས་ཏེ། རང་འདོད་བཞིན་དུ་རི་བརྒྱུད་ཁུལ་གྱི་ཡུལ་གྲུ་ཁག་ལ་དམག་འཐབ་བོ། 44དེ་རྗེས་རི་བརྒྱུད་ཁུལ་དུ་གནས་སྡོད་བྱེད་པའི་ཨ་མོར་པ་རྣམས་སྦྲང་ནོར་བུའི་ཚོགས་དང་འདྲ་བ་ཁྱོད་ཚོའི་ཐོག་ཏུ་དཔུང་རྒོལ་བྱེད་པར་སླེབས་ཏེ། དེ་ཚོས་ཁྱོད་ཚོ་ཧོར་མཱ་བར་དུ་དེད་ཅིང་ཨེ་དྷོམ་གྱི་རི་བོར་ཁྱོད་ཚོར་འཕམ་པར་བྱས་སོ། 45ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་མགོན་སྐྱབས་ཀྱི་ཕྱིར་ཞུ་འབོད་བྱས་ཀྱང་། ཁོང་གིས་ཁྱོད་ཚོའི་ཞུ་བར་གསན་འཇོག་མ་གནང་བ་མ་ཟད་དེ་ལ་ཐུགས་སྣང་ཡང་མ་མཛད་དོ། 46དེར་བརྟེན་ཁྱོད་ཚོ་ཉིན་ཞག་མང་པོའི་རིང་དུ་ཀ་དྷེཤི་ལ་གནས་སྡོད་བྱས་པ་ཡིན་ནོ༎

བཀའ་ཁྲིམས་སྐྱར་བཤད 2

1དེ་རྗེས་ང་ཚོ་གཙོ་བོ་དཀོན་མཆོག་གི་བཀའ་དགོངས་བཞིན་རྒྱ་མཚོ་དམར་པོའི་ལམ་བརྒྱུད་ནས་འབྲོག་སྟོང་ཁུལ་དུ་ཕྱིར་ལོག་བྱས་ཏེ། ཉིན་ཞག་མང་པོའི་རིང་དུ་ཨེ་དྷོམ་གྱི་རི་བརྒྱུད་ཁག་ཏུ་འགྲུལ་ཞིང་དེར་གནས་སྡོད་བྱས་པ་ཡིན་ནོ། 2དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ། 3ཁྱོད་ཚོ་རི་བརྒྱུད་དེ་ཚོའི་ཁུལ་དུ་ཕར་ཚུར་འགྲུལ་ནས་ཉིན་ཞག་མང་པོ་སོང་བས། ད་ཁྱོད་ཆོ་བྱང་ཕྱོགས་སུ་འགྲོ་དགོས་ཅེས་བཀའ་གནང་བྱུང་། 4ཁོང་གིས། ང་ལ་ཁྱོད་ཚོར་བཤད་པའི་ཕྱིར་བཀའ་རྒྱ་ཞིག་གནང་གསལ་ནི། ཁྱོད་ཚོའི་ཐག་རིང་གི་གཉེན་མཚན་ཨེ་སའོའི་རིགས་བརྒྱུད་ཀྱི་མངའ་ཁུལ་དུ་ཨེ་དྷོམ་གྱི་རི་བརྒྱུད་ཁུལ་ནས་འགྲོ་རྩིས་འདུག་པས། དེ་ཚོ་ནི་ཁྱོད་ཚོ་ལ་འཇིགས་པར་འགྱུར། 5འོན་ཀྱང་ཁྱོད་ཚོས་དེ་ཚོ་དང་འཐབ་འཛིང་མ་བྱེད་ཅིག གང་ལགས་ཟེར་ན། ངས་ཁྱོད་ཚོར་དེ་ཚོའི་ཡུལ་གྱི་ས་ནས་གང་ཡང་སྤྲད་ཀྱི་མེན། ཡུལ་ཨེ་དྷོམ་ནི་ངས་ཨེ་སའོའི་རིགས་བརྒྱུད་ལ་སྤྲད་ཚར་བ་ཡིན། 6ཁྱོད་ཚོས་དེ་ཚོའི་ལག་ནས་བཟའ་ཆས་སོགས་ཉོ་ཆོག་པ་ཡོད། 7གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་ལས་དོན་ཚང་མར་བྱིན་རླབས་གནང་ཞིང་། འབྲོག་སྟོང་རྒྱ་ཆེན་པོའི་ཁུལ་དུ་འགྲུལ་ཞིང་གནས་སྐབས་ཁྱོད་ཚོར་གང་སྤྱིའི་སྐོར་ཐུགས་རྗེས་གཟིགས་ཡོད་པ་དེ་སེམས་ལ་དྲན་པར་བྱོས་ཤིག འདས་པའི་ལོ་ངོ་བཞི་བཅུའི་རིང་ལ་ཁོང་ཁྱོད་ཚོ་དང་མཉམ་དུ་བཞུགས་ནས། ཁྱོད་ཚོའི་དགོས་མཁོ་ཚང་མ་ཁོང་གིས་སྒྲུབ་པར་མཛད་པ་གནང་ངོ་། 8དེ་ནས་ང་ཚོ་ཐོན་ཏེ་ཨེ་ལད་དང་ཨེ་ཛི་ཨོན་གྷེ་བྷེར་ནས་འཆི་པའི་རྒྱ་མཚོའི་ཕྱོགས་སུ་འགྲོ་བའི་ལམ་དེ་སྤངས་ནས་བྱང་ཤར་མཚམས་གྱི་ས་གནས་མོ་ཨབ་ཀྱི་ཕྱོགས་སུ་ཕྱིན་པ་ཡིན། 9གཙོ་བོ་དཀོན་མཆོག་གིས་ང་ལ་གསུངས་པ། ལོད་ཀྱི་རིགས་བརྒྱུད་མོ་ཨབ་ཀྱི་མི་རྣམས་ལ་ཁྱོད་ཚོས་སྡུག་བསྔལ་མ་སྤྲད་ཅིག དེ་ཚོ་དང་འཐབ་འཛིང་སོགས་མ་བྱེད་ཅིག། གྲོང་ཁྱེར་ཨར་ཞེས་པ་དེ་ནི་ངས་ཁོ་ཚོར་སྤྲད་པ་ཡིན་པས། ངས་དེ་ཚོའི་ས་ཁོངས་ལས་ས་གཅིག་ཀྱང་ཁྱོད་ཚོར་སྟེར་བར་མི་བྱའོ། 10(ཨེ་མིམ་ཟེར་བའི་མི་བོ་ཆེའི་རིགས་བརྒྱུད་ཅིག་གྲོང་ཁྱེར་ཨར་ཞེས་པ་ལ་སྡོད་ཀྱི་ཡོད་དོ། ཨ་ན་ཀིམ་ཟེར་བའི་མི་བོ་ཆེའི་རིགས་བརྒྱུད་གཞན་དང་འདྲ་བར་དེ་ཚོའང་གཟུགས་ཚད་རིང་པོ་ཡོད་དོ། 11ཨ་ན་ཀིམ་དང་འདྲ་བར་དེ་དག་ལའང་མིང་གཞན་ཞིག་ལ་རེ་ཕ་ཨིམ་ཞེས་ཟེར་གྱི་ཡོད་དོ། འོན་ཀྱང་མོ་ཨབ་པ་ཚོས་དེ་དག་ལ་ཨེ་མིམ་ཟེར་གྱི་ཡོད་དོ། 12ཨེ་དྷོམ་དུ་ཧོར་པ་རྣམས་སྡོད་ཀྱི་ཡོད་དོ། འོན་ཀྱང་ཨེ་སའོའི་བརྒྱུད་པ་ཚོས་དེ་ཚོ་དེད་ནས། དེ་ཚོའི་རིགས་བརྒྱུད་རྣམས་རྩ་མེད་བཟོས་ཏེ་ཁོ་ཚོ་རང་དེར་གནས་སྡོད་བྱས་སོ། དེ་བཞིན་རྫེས་སུ་ཨིསི་རཱཨེལ་པ་ཚོས་ཀྱང་གཙོ་བོ་དཀོན་མཆོག་གིས་དེ་དག་ལ་གནང་བའི་ཡུལ་དེ་ནས་རང་གི་དགྲ་བོ་རྣམས་མཐར་སྐྲོད་བཏང་ངོ་།) 13དེ་རྗེས་གཙོ་བོ་དཀོན་མཆོག་གིས་ང་ཚོར་གསུངས་པ་བཞིན་ང་ཚོས་གཙང་པོ་ཛེ་རེད་རྒལ་ནས་ཕྱིན་པས། 14དེ་ནི་ང་ཚོས་ཀ་དྷེཤི་བར་ནེ་ཨ་ནས་འཐོན་ཏེ་ལོ་ངོ་གསུམ་བཅུ་སོ་བརྒྱད་སོང་བའི་རྗེས་སུ་གནས་ཚུལ་དེ་བྱུང་བ་ཡིན་ནོ། སྔར་གཙོ་བོ་དཀོན་མཆོག་གིས་གསུངས་པ་ལྟར། མི་ཐོག་སྔ་མའི་འཐབ་འཛིང་བྱེད་མཁན་དཔའ་བོ་ཚང་མ་བསད་ཚར་ཡོད་དོ། 15དེ་ཚོ་ཡོངས་སུ་རྩ་མེད་དུ་མ་འགྲོ་བར་དུ་གཙོ་བོ་དཀོན་མཆོག་གི་ཕྱག་གི་དེ་ཚོའི་ཐོག་ཏུ་འཐབ་རྒོལ་དྲག་པོ་གནང་ངོ་། 16དེ་ཚོ་ཚང་མ་ཤི་ཚར་བའི་རྗེས་སུ། 17གཙོ་བོ་དཀོན་མཆོག་གིས་ང་ཚོ་ལ་གསུངས་པ། 18དེ་རིང་ཁྱོད་ཚོ་ཨར་གྱི་ལམ་བརྒྱུད་ནས་མོ་ཨབ་ཡུལ་གྱི་ས་ཚམས་རྒལ་གྱི་ཡོད་དོ། 19རྗེས་སུ་ཁྱོད་ཚོ་ལོད་ཀྱི་རིགས་བརྒྱུད་ཨམ་མོན་པ་ཚོའི་ཡུལ་གྱི་ཉེ་འགྲམ་དུ་སླེབས་ཡོང་། ཁྱོད་ཚོས་དེ་ཚོ་ལ་སྡུག་བསྔལ་མ་སྤྲད་ཅིག དེ་ཚོ་དང་འཐབ་འཛིང་སོགས་མ་བྱེད་ཅིག། གང་ལགས་ཟེར་ན། ངས་དེ་དག་ལ་སྤྲད་པའི་ས་ཞིང་ལས་ས་ཆ་གཅིག་ཀྱང་ཁྱོད་ཚོར་སྤྲད་མི་ཡོང་། 20(ཡུལ་འདི་ལ་རེ་ཕ་ཨིམ་གྱི་ཡུལ་ཡང་ཟེར་ཞིང་། དེ་གའི་ཡུལ་མི་རྣམས་ལ་ར་པཱ་ཨིམ་ཟེར་གྱི་ཡོད་པ་ཡིན་རུང་། ཨམ་མོན་པ་ཚོས་དེ་དག་ལ་ཛམ་ཛུམ་མིམ་ཟེར་གྱི་ཡོད་པ་ཡིན་ནོ། 21དེ་ཚོ་ནི་ཨ་ན་ཀིམ་གྱིི་མི་རིགས་དང་འདྲ་བར་གཟུགས་སྟོབས་ཆེ་ཞིང་། དེ་ཚོའི་གྲངས་འབོར་མང་ལ་སྟོབས་ཤུགས་དང་ལྡན་པའི་མི་རིགས་ཤིག་ཡོད་པ་ཡིན་མོད། འོན་ཀྱང་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ཚར་གཅོད་གནང་སྟེ། ཨམ་མོན་པ་ཆོས་དེ་ཚོའི་ཡུལ་དེ་དབང་འཛིན་བྱས་ནས་དེར་གནས་སྡོད་བྱས་པ་ཡིན་ནོ། 22གཙོ་བོ་དཀོན་མཆོག་གིས་ཨེ་དྷོམ་གྱི་རི་བརྒྱུད་ཁག་ཏུ་གཞིས་ཆགས་ནས་བསྡད་པའི་ཨེ་སའོའི་རིགས་བརྒྱུད་ཨེ་དྷོམ་པ་ཚོ་ལའང་དེ་བཞིན་གནང་བ་ཡིན་ནོ། ཁོང་གིས་ཧོར་པ་རྣམས་ཚར་བཅད་པ་གནང་ཞིང་། དེ་ཚོའི་ཡུལ་དེ་ཨེ་དྷོམ་པ་ཚོས་དབང་དུ་བསྡུས་ཏེ། དེར་གཞིས་ཆགས་ཤིང་། ཁོ་ཚོ་དེང་དུས་ཀྱང་ཡུལ་དེར་གནས་སྡོད་བྱེད་བཞིན་པ་ཡིན་ནོ། 23གླིང་ཕྲན་ཀ་རིཊ་ནས་ཡོང་བའི་མི་རྣམས་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོའི་འགྲམ་དུ་གཞིས་ཆགས་ནས་བསྡད་ཀྱི་ཡོད་པ་ཡིན་ནོ། དེར་སྔར་ནས་གནས་སྡོད་བྱེད་མཁན་ཨ་ཝིམ་ཞེས་པའི་མི་རིགས་རྣམས་དེ་ཚོས་ཚར་བཅད་དེ་བྱང་ཕྱོགས་གྷ་ཛ་གྲོང་ཁྱེར་དང་བཅས་པ་དེ་ཚོའི་ཡུལ་ཚང་མ་རང་དབང་དུ་བསྡུས་པ་ཡིན་ནོ།) 24ང་ཚོས་མོ་ཨབ་ཡུལ་རྒལ་ཚར་བའི་རྗེས་སུ་གཙོ་བོ་དཀོན་མཆོག་གིས་ང་ཚོ་ལ་གསུངས་པ། ད་ཁྱོད་ཚོ་ཐོན་ནས་གཙང་པོ་ཨར་ནོན་རྒལ་ནས་སོང་ཞིག་དང་། ཧེཤ་བྷོན་གྱི་ཨ་མོར་པའི་རྒྱལ་པོ་སི་ཧོན་དང་ཁོའི་ཡུལ་དང་བཅས་པ་ཚང་མ་ངས་ཁྱོད་ཚོའི་ལག་ཏུ་སྤྲོད་རྒྱུ་ཡིན་པས། ཁོ་ལ་འཐབ་འཛིང་བྱས་ཏེ་ཁོའི་ཡུལ་དེ་དབང་དུ་བསྡུས་ཤིག 25དེ་རིང་ནས་བཟུང་ངས་ས་ཕྱོགས་ཚང་མའི་མི་རྣམས་ཁྱོད་ཚོར་འཇིགས་སྣང་བསྐྱེད་དགོས་པ་ཞིག་བཟོ་རྒྱུ་ཡིན། ཁྱོད་ཚོའི་མིང་ཐོས་པ་ཙམ་གྱིས་མི་ཚང་མ་འཇིགས་ཤིང་འདར་བར་འགྱུར་རོ༎

ཨིསི་རཱཨེལ་གྱིས་སི་ཧོན་རྒྱལ་པོར་འཕམ་པ།

(གྲངས་ཀ་ ༢༡:༢༡-༣༠)

26དེ་ནས་ངས་ཀེ་དེ་མོད་ཀྱི་འབྲོག་སྟོང་ནས་ཧེཤ་བྷོན་གྱི་རྒྱལ་པོ་སི་ཧོན་གྱི་དྲུང་དུ་ཞི་བའི་བང་ཆེན་རྣམས་བཏང་སྟེ། 27ང་ཚོ་ལ་ཁྱེད་ཀྱི་ཡུལ་ནས་འགྲོ་རུ་འཇུག་རོགས་གནང་། ང་ཚོ་ལམ་གཡས་གཡོན་དུ་མ་ཕྱོགས་པར་ཐད་ཀར་འགྲོ་རྒྱུ་ཡིན། 28ང་ཚོའི་བཟའ་ཆས་དང་འཐུང་ཆུའི་རིན་པའང་འབུལ་གྱི་ཡིན། ང་ཚོ་ཁྱེད་ཀྱི་ཡུལ་རྒྱུད་ནས་འགྲོ་བར་འདོད་པས། 29གཙང་པོ་ཡོར་དན་རྒལ་ནས་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་ང་ཚོར་གནང་རྒྱུ་ཡིན་པའི་ཡུལ་དེར་འགྲོ་རྒྱུ་ཡིན་ནོ། ཨེ་དྷོམ་དུ་གནས་སྡོད་བྱ་མཁན་ཨེ་སའོའི་རིགས་རྒྱུད་དང་ཨར་གྱི་ཡུལ་དུ་གནས་སྡོད་བྱེད་མཁན་མོ་ཨབ་པ་ཚོས་ང་ཚོ་ལ་དེ་ཚོའི་ཡུལ་རྒྱུད་ནས་འགྲོར་བཅུག་གོ 30འོན་ཀྱང་སི་ཧོན་རྒྱལ་པོས་ང་ཚོ་ལ་ཁོང་གི་ཡུལ་རྒྱུད་དེ་འགྲོ་རུ་མ་བཅུག་པས། ང་ཚོས་ཁོའི་རྒྱལ་ཁམས་དབང་དུ་སྡུད་ཐུབ་པའི་ཕྱིར་དུ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁོའི་སེམས་གྱོང་པོར་མཛད་ནས། དེང་དུས་ཀྱི་བར་དུའང་ཁོའི་རྒྱལ་ཁམས་དེ་ང་ཚོའི་བདག་དབང་དུ་ཡོད་པ་ཡིན་ནོ། 31དེ་རྗེས་གཙོ་བོ་དཀོན་མཆོག་གིས་ང་ལ་གསུངས་པ། ལྟོས་ཤིག། ངས་རྒྱལ་པོ་སི་ཧོན་དང་ཁོའི་རྒྱལ་ཁམས་དང་བཅས་པ་ཁྱོད་ཀྱི་མདུན་དུ་ཐབས་བྲལ་དུ་བཟོས་ཡོད་པས། ད་རྒྱལ་ཁམས་དེ་ལེན་ཏེ་རང་དབང་དུ་སྡུད་ཅིག 32དེ་ནས་སི་ཧོན་རང་གི་དམག་མི་ཡོངས་རྫོགས་འཁྲིད་དེ་ང་ཚོར་འཐབ་པའི་ཕྱིར་གྲོང་ཁྱེར་ཡ་ཧཱཛ་ཀྱི་ཉེ་འགྲམ་དུ་སླེབས་མོད། 33འོན་ཀྱང་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་ཁོ་ནི་ང་ཚོའི་དབང་དུ་གནང་བ་ཡིན་པས། ང་ཚོས་ཁོ་དང་ཁོའི་བུ་ཕྲུག་དང་མི་མང་ཡོངས་རྫོགས་དང་བཅས་པ་བསད་པ་ཡིན། 34སྐབས་དེར་ང་ཚོས་གྲོང་ཚོ་རེ་རེ་བཞིན་དུ་དབང་དུ་སྡུད་དེ་ཚར་བཅད་པ་དང་། སྐྱེ་ཕོ་མོ་བུ་ཕྲུག་དང་བཅས་པ་བསད་དེ། མི་སུ་ཞིག་ཀྱང་གསོན་པོར་མ་བཏང་བ་ཡིན་ནོ། 35ང་ཚོས་བ་ཕྱུགས་དང་སེམས་ཅན་ཚང་མ་བདག་དབང་བྱས་ཏེ་གྲོང་ཁྱེར་རྣམས་བཅོམ་མོ། 36གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་ཨར་ནོན་ལུང་གཤོང་གི་མཐའ་མཚམས་སུ་ཡོད་པའི་ས་གནས་ཨ་རོ་ཨེར་ནས་ལུང་གཤོང་དཀྱིལ་གྱི་གྲོང་ཁྱེར་དང་བཅས་པ་གྷིལ་ཨད་བར་གྱི་གྲོང་ཁྱེར་ཚང་མ་ང་ཚོའི་ལག་ཏུ་གནང་ངོ་། གྲོང་ཁྱེར་གྱི་ལྕགས་རི་ཇི་འདྲ་བརྟེན་པོ་ཞིག་ཡོད་ཀྱང་ང་ཚོར་བཀག་མ་ཐུབ་བོ། 37གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་བཀའ་གནང་བ་བཞིན། ང་ཚོ་ཨམ་མོན་པའི་ཡུལ་གྱི་ཉེ་འགྲམ་མམ་གཙང་པོ་ཡ་བྷོག་གི་མཐའ་མཚམས་སམ། དེ་ཁུལ་རི་བརྒྱུད་ཁག་གི་གྲོང་ཁྱེར་རྣམས་ལ་མ་ཕྱིན་པ་དང་། ཁོང་གིས་བཀག་བྱ་གནང་བའི་ས་གནས་གཞན་གང་དུའང་ང་ཚོ་མ་ཕྱིན་པ་ཡིན་ནོ༎

བཀའ་ཁྲིམས་སྐྱར་བཤད 3

ཨིསི་རཱཨེལ་པ་ཚོས་རྒྱལ་པོ་ཨོག་ལ་དབང་དུ་བསྡུས་པ།

(གྲངས་ཀ་ ༢༡:༣༡-༣༥)

1དེ་ནས་ང་ཚོ་བྱང་ངོས་སུ་བྷ་ཤཱན་ཡུལ་གྱི་ཕྱོགས་སུ་ཕྱིན་པ་དང་། རྒྱལ་པོ་ཨོག་རང་གི་དམག་དཔུང་ཚང་མ་འཁྲིད་དེ་ང་ཚོར་འཐབ་པའི་ཕྱིར་གྲོང་ཁྱེར་ཨེད་རེ་ཨི་ཉེ་འགྲམ་དུ་སླེབས་མོད། 2འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ང་ལ། ཁོ་ལ་འཇིགས་མི་དགོས། ཁོ་དང་ཁོའི་མི་མང་དང་ཁོའི་ཡུལ་ཚང་མ་ངས་ཁྱོད་ལ་སྤྲོད་རྒྱུ་ཡིན་པས། ཧེཤ་བྷོན་དུ་སྲིད་སྐྱོང་བྱེད་མཁན་ཨ་མོར་པའི་རྒྱལ་པོ་སི་ཧོན་ལ་ཁྱོད་ཀྱིས་གང་བྱས་པ་ལྟར། ཁོ་ལའང་དེ་བཞིན་དུ་བྱོས་ཤིག་ཅེས་བཀའ་གནང་བྱུང་། 3དེ་བས་ན་གཙོ་བོ་དཀོན་མཆོག་གིས་རྒྱལ་པོ་ཨོག་དང་ཁོའི་མི་འབངས་བཅས་པ་ང་ཚོའི་དབང་དུ་གནང་བས། ང་ཚོས་དེ་ཚོ་ཚང་མ་ཚར་བཅད་པ་ཡིན། 4སྐབས་དེར་ང་ཚོས་ཁོའི་གྲོང་ཁྱེར་གཅིག་ཀྱང་མ་ལུས་པ་ཚང་མ་དབང་དུ་སྡུད་པ་ཡིན། ང་ཚོས་ཁྱོན་བསྡོམས་གྲོང་ཁྱེར་དྲུག་བཅུ་དབང་འཛིན་བྱས་པ་རྣམས་ནི། བྷ་ཤཱན་ཡུལ་གྱི་རྒྱལ་པོ་ཨོག་གིས་སྲིད་སྐྱོང་བྱེད་པའི་ཨར་གྷོབ་ཀྱི་ས་ཁུལ་ཡོངས་རྫོགས་བླངས་པ་ཡིན་ནོ། 5གོང་གསལ་གྲོང་ཁྱེར་རྣམས་ནི་ལྕགས་རི་མཐོ་པོས་བསྐོར་ཞིང་དེར་ཨ་ཤིང་བརྟན་པོ་ཡོད་པའི་རྒྱལ་སྒོ་སོགས་བཟོས་ཏེ་ཧ་ཅང་སྲུང་ཆ་བརྟན་པོ་ཡོད་པ་ཡིན་ནོ། ཡང་ལྕགས་རི་མེད་པའི་གྲོང་གསེབ་ཁག་ཀྱང་མང་པོ་ཡོད་དོ། 6ང་ཚོས་གྲོང་ཁྱེར་ཚང་མ་རྩ་མེད་བཟོས་ཏེ། སྔར་ང་ཚོས་ཧེཤ་བྷོན་ཡུལ་གྱི་རྒྱལ་པོ་སི་ཧོན་གྱི་གྲོང་ཁྱེར་ཁག་ཏུ་གང་བྱས་པ་བཞིན། ཡུལ་དེ་ཚོའི་སྐྱེ་ཕོ་མོ་བུ་ཕྲུག་དང་བཅས་པ་ཚང་མ་རྩ་མེད་བཟོས་པ་ཡིན། 7དེ་ཚོའི་བ་ཕྱུགས་དང་སེམས་ཅན་ཚང་མ་དབང་འཛིན་བྱས་ཏེ། གྲོང་ཁྱེར་ཡོངས་རྫོགས་འཕྲོག་བཅོམ་བྱས་པ་ཡིན་ནོ། 8སྐབས་དེར་ང་ཚོས་ཨ་མོར་པའི་རྒྱལ་པོ་གཉིས་ནས་གཙང་པོ་ཡོར་དན་གྱི་ཤར་ཕྱོགས་སུ་ཡོད་པའི་ཆུ་བོ་ཨར་ནོན་ནས་རི་བོ་ཧར་མོན་བར་གྱི་ཡུལ་གྲུ་ཚང་མ་རང་དབང་དུ་སྡུད་པ་ཡིན་ནོ། 9(རི་བོ་ཧར་མོན་ལ་སིི་དོན་པ་ཚོས་སི་རི་ཨོན་དང་ཨ་མོར་པ་ཚོས་སེ་ནིར་ཞེས་ཟེར་གྱི་ཡོད་པ་ཡིན་ནོ།) 10བྷ་ཤཱན་གྱི་རྒྱལ་པོ་ཨོག་གི་མངའ་ཁུལ་ཚང་མ་ནི། ས་མཐོ་པོའི་ཐང་ཆེན་ཁུལ་གྱི་གྲོང་ཚོ་ཁག་དང་། གྷིལ་ཨད་དང་བྷ་ཤཱན་ཡུལ་གྱི་ས་གནས་ཁག་དང་། དེ་བཞིན་ཤར་ཕྱོགས་སུ་ས་ལེ་ཀཱ་དང་ཨེད་རེ་ཨི་བར་དུ་ང་ཚོས་དབང་དུ་བསྡུས་པ་ཡིན་ནོ། 11(རྒྱལ་པོ་ཨོག་ནི་རེ་ཕ་ཨིམ་གྱི་རྒྱལ་པོ་མཐའ་མ་དེ་ཡིན་ཞིང་། ཡང་དེའི་སྤུར་སྒམ་སྤུར་སྒམ: མམ་ མལ་ཁྲི། ནི་རྡོ་ལས་བཟོས་ཡོད་པ་དང་། རྡོ འམ ལྕགས། སྤྱི་ཡོངས་ཀྱི་ཚད་གཞི་ལྟར་དེའི་རིང་ཚད་ནི་མི་ཀྲར་བཞི་དང་ཞེང་ཚད་ཕལ་ཆེར་མི་ཀྲར་གཉིས་ཡོད་ཅིང་། དེ་ནི་དེང་དུས་ཀྱང་ཨམ་མོན་པའི་གྲོང་ཁྱེར་རབ་བཱ་རུ་ཡོད་པ་ཡིན་ནོ།)

ཡོར་དན་གྱི་ཤར་ཕྱོགས་སུ་གཞིས་ཆགས་པའི་སྡེ་རིགས་རྣམས།

(གྲངས་ཀ་ ༣༢:༡-༤༢)

12ང་ཚོས་ཡུལ་དེ་དབང་འཛིན་བྱས་པའི་རྗེས་སུ། ངས་ཨར་ནོན་གཙང་པོའི་འགྲམ་གྱི་གྲོང་ཁྱེར་ཨ་རོ་ཨེར་གྱི་བྱང་ཕྱོགས་ཁུལ་གྱི་ས་གནས་ཁག་དང་། གྷིལ་ཨད་རི་བརྒྱུད་ཀྱི་ས་ཁུལ་ཁག་དང་། དེའི་གྲོང་ཁྱེར་ཡོངས་རྫོགས་རུ་བྷེན་དང་གྷཌ་ཀྱི་སྡེ་རིགས་ལ་སྤྲད་པ་ཡིན། 13གྷིལ་ཨད་ཀྱི་ས་གནས་འཕྲོས་དང་ཨོག་གི་སྲིད་སྐྱོང་བྱས་པའི་བྷ་ཤཱན་གྱི་ས་ཁུལ་ཡོངས་རྫོགས་དང་། དེ་བཞིན་ཨར་གྷོབ་ཀྱི་ས་ཁུལ་ཚང་མ་ངས་མ་ནསེ་སཱེའི་སྡེ་རིགས་ཕྱེད་ཀར་སྤྲད་པ་ཡིན་ནོ། (བྷ་ཤཱན་ལ་རེ་ཕ་ཨིམ་གྱི་ཡུལ་ཡང་ཟེར་གྱི་ཡོད་པ་ཡིན་ནོ། 14མ་ནསེ་སཱེའི་སྡེ་རིགས་ནས་ཡིན་པ་ཡ་ཨིར་གྱིས། བྷ་ཤཱན། ཨར་གྷོབ་ཀྱི་ས་ཁུལ་ཡོངས་རྫོགས་ནས་གྷེ་ཤུར་དང་མ་ཀཱའི་ས་མཚམས་བར་བླངས་ཏེ། གྲོང་ཚོ་དེ་དག་ལ་རང་གི་མིང་བཞིན་བཏགས་པས། དེང་དུས་ཀྱང་གྲོང་ཚོ་དེ་དག་ལ་ཡ་ཨིར་གྱི་གྲོང་ཁྱེར་ཞེས་འརྫོད་བཞིན་ཡོད) 15ངས་མ་ནསེ་སཱེའི་སྡེ་རིགས་ཀྱི་མ་ཀིར་ཞེས་པའི་རིགས་རུས་ལ་གྷིལ་ཨད་སྤྲད་པ་ཡིན། 16དེ་བཞིན་ངས་གྷཌ་དང་རུ་བྷེན་གྱི་སྡེ་རིགས་ལ་གྷིལ་ཨད་ནས་གཙང་པོ་ཨར་ནོན་བར་གྱི་ས་ཁུལ་དེ་སྤྲད་པ་ཡིན། དེ་ཚོའི་ལྷོ་ཕྱོགས་ཀྱི་ས་མཚམས་ནི་གཙང་པོའི་འཀྱིལ་དུ་ཁེལ་བ་དང་། དེ་བཞིན་བྱང་གི་ས་མཚམས་ཀྱང་གཙང་པོ་ཡ་བྷོག་བར་འཁེལ་ཞིང་ཡོད། ཡང་དེའི་གཞོགས་གཅིག་ནི་ཨམ་མོན་པའི་ས་མཚམས་དུ་འཁེལ་ཡོད་པ་ཡིན་ནོ། 17དེ་ཚོའི་ས་ཁུལ་ནི་ནུབ་ཕྱོགས་སུ་གཙང་པོ་ཡོར་དན་བར་དང་། བྱང་ཕྱོགས་སུ་གྷ་ལིལ་གྱི་མཚོ་ནས་ལྷོ་ཕྱོགས་སུ་འཆི་བའི་རྒྱ་མཚོའི་བར་དང་། ཤར་ཕྱོགས་སུ་རི་བོ་པིསི་གཱའི་རྩ་བའི་བར་དུ་ཁ་གྲམས་ནས་ཡོད་པ་ཡིན་ནོ། 18སྐབས་དེར་ངས་ཁོ་ཚོར་གཤམ་གསལ་ལྟར་བཀའ་བསྒོས་བྱས་ནས། གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་ཡོར་དན་གྱི་ཤར་ཕྱོགས་ས་ཁུལ་འདི་དག་ཁྱོད་ཚོའི་བདག་དབང་དུ་གནང་ཡོད་པས། ད་རང་གི་དཔའ་རྩལ་ལྡན་པའི་དམག་མི་རྣམས་ལ་གོ་མཚོན་སྤྲད་ནས་དེ་དག་ཨིསི་རཱཨེལ་གྱི་སྡེ་རིགས་གཞན་ཚོའི་མདུན་དུ་ཡོར་དན་བརྒྱུད་ནས་གཏོང་ཞིག ཁོ་ཚོས་ཡུལ་དེ་ལེན་ཐབས་བྱེད་པར་ཁྱོད་ཚོས་ཀྱང་རོགས་བྱོས་ཤིག 19ངས་ཁྱོད་ཚོར་སྤྲད་པའི་གྲོང་ཁྱེར་ཁག་ཏུ་ཁྱོད་ཚོའི་བུད་མེད་དང་ཕྲུ་གུ་དང་ཕྱུགས་ཟོག་གཅིག་པོ་གཞུགས་ལ་རྗེས་སུ་སྡོད་བཅུག་རྒྱུ་ཡིན། ཁྱོད་ཚོར་ཕྱུགས་ཟོག་མང་པོ་ཡོད་པ་དེ་ངས་ཤེས་ཀྱི་ཡོད། 20གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་ས་ཁུལ་འདི་གནང་ཟིན་པ་ཡིན། དེ་བཞིན་ཁོང་གིས་ཁྱོད་ཚོའི་ཨིསི་རཱཨེལ་སྤུན་ཟླ་རྣམས་ལའང་ཡོར་དན་ནུབ་ཕྱོགས་ཀྱི་ས་ཁུལ་དེ་གནང་རྒྱུ་ཡིན་པས། ཡུལ་དེ་ཁོ་ཚོའི་བདག་དབང་དུ་འཛིན་ནས་དེར་ཞི་བདེའི་ངང་དུ་གཞི་མ་ཆགས་བར་དུ་ཁྱོད་ཚོས་དེ་དག་ལ་རོགས་བྱོས་ཤིག དེའི་རྗེས་སུ་ངས་སྤྲད་པའི་ས་གནས་འདིར་ཁྱོད་ཚོ་ཕྱིར་ལོག་བྱེད་ཆོག་པ་ཡིན་ནོ། 21དེ་རྗེས་ངས་ཡོ་ཤུ་ཨ་ལ་བཀའ་བསྒོས་བྱས་ཏེ། ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་སྔར་རྒྱལ་པོ་སི་ཧོན་དང་ཨོག་གཉིས་ལ་གང་གནང་བ་དེ་ཁྱོད་ཀྱིས་མཐོང་ཡོད་པས། ཁྱོད་ཚོས་དབང་འཛིན་བྱས་པའི་ཡུལ་མི་རྣམས་ལའང་ཁོངགིས་དེ་བཞིན་གནང་ངེས་སོ། 22དེ་བས་ན་ཁོ་ཚོར་འཇིགས་མི་དགོས། གང་ལགས་ཟེར་ན། ཁྱོད་ཚོའི་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་ཆེད་དུ་འཐབ་པར་འགྱུར་རོ༎

མོ་ཤེ་ཀ་ནན་ཡུལ་དུ་འགྲོ་མི་ཆོག་པ།

23སྐབས་དེར་ངས་གདུང་ཤུགས་དྲག་པོས་སྨོན་ལམ་བརྒྱབ་དོན་ནི། 24ཀྱེ་བླ་ན་མེད་པའིི་གཙོ་བོ་དཀོན་མཆོག། ཁྱེད་ཀྱི་ངོ་མཚར་ཆེ་བའི་ལྟས་ཀྱི་མཛད་འཕྲིན་ཐོག་མར་དབུ་འཛུགས་གནང་བཞིན་ཡོད་པ་དེ་ངས་རྟོགས་ཐུབ་ཅིང་། ཁྱེད་ལྟ་བུའི་མཐུ་སྟོབས་ཆེ་བའི་མཛད་འཕྲིན་གནང་ཐུབ་མཁན་དཀོན་མཆོག་གཞན་ཞིག་གནམ་དང་ས་གཞི་གང་དུའང་མེད་དོ། 25ཀྱེ་གཙོ་བོ་དཀོན་མཆོག་ང་གཙང་པོ་ཡོར་དན་རྒལ་བཅུག་རོགས་གནང་། དེའི་ཕར་ཕྱོགས་སུ་ཡོད་པའི་ས་ལུད་འཛོམས་ཤིང་ཕུན་སུམ་ཚོགས་པའི་ཡུལ་དང་། མཛེས་སྡུག་ལྡན་པའི་རི་བརྒྱུད་ཀྱི་ཡུལ་དང་ལེ་བ་ནོན་གྱི་རི་བོ་རྣམས་བལྟ་རུ་བཅུག་རོགས་གནང་། 26འོན་ཀྱང་ཁྱོད་ཚོའི་རྐྱེན་ཀྱིས་གཙོ་བོ་དཀོན་མཆོག་ང་ལ་ཐུགས་ཁྲོས་ཏེ་ངའི་ཞུ་བར་མ་གསན་པ་དང། དོན་གནད་དེའི་སྐོར་ཡང་སྐྱར་སྐད་ཆ་མ་ཤོད་ཅིག་ཅེས་དང་། 27རི་བོ་པིསི་གཱའི་རྩེ་མོར་འཛེགས་ཏེ། ཤར་ལྷོ་ནུབ་བྱང་ལ་སོགས་ས་ཕྱོགས་ཀུན་ཏུ་ལེགས་པར་ལྟོས་ཤིག ཁྱོད་ཀྱིས་གང་མཐོང་བ་དེར་ཡག་པོ་བྱེད་ནས་ལྟོས་ཤིག གང་ལགས་ཟེར་ན། ཁྱོད་ཡོར་དན་ཕར་ཕྱོགས་སུ་ནམ་ཡང་འགྲོ་མི་ཐུབ། 28དེ་བས་ན་ཡོ་ཤུ་ཨ་ལ་དགོས་པའི་བསླབ་བྱ་བྱས་ཏེ། ཁོའི་སེམས་ཤུགས་ཆེ་རུ་ཐོངས་ཤིག གང་ལགས་ཟེར་ན། ཁྱོད་ཀྱིས་མཐོང་བའི་ཡོར་དན་ཕ་རོལ་གྱི་ཡུལ་དུ་ཁོས་ཨིསི་རཱཨེལ་པ་རྣམས་འགོ་འཁྲིད་བྱེད་དེ་ཡུལ་དེ་བདག་འཛིན་བྱེད་ཕྱིར་འགྲོ་རྒྱུ་ཡིན་ནོ། 29དེ་ནས་ང་ཚོ་བྷེད་པི་ཨོར་གྲོང་ཁྱེར་གྱི་མདུན་དུ་ཡོད་པའི་ལུང་གཤོང་དུ་བསྡད་པ་ཡིན་ནོ༎

བཀའ་ཁྲིམས་སྐྱར་བཤད 4

མོ་ཤེས་ཨིསི་རཱཨེལ་པ་ཚོར་བཀའ་སྲུང་དགོས་པའི་འབོད་བསྐུལ།

1དེ་ནས་མོ་ཤེས་མི་མང་རྣམས་ལ་སྨྲས་པ། ངས་སློབ་སྟོན་བྱས་པའི་བཀའ་ཁྲིམས་རྣམས་རྩིས་སྲུང་བྱས་ན་ཁྱོད་ཚོ་གསོན་པོར་གནས་ཐུབ་པ་དང་། ཁྱོད་ཚོའི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དེ་བདག་འཛིན་བྱེད་ཐུབ་རྒྱུ་ཡིན། 2ངས་སློབ་སྟོན་བྱས་པའི་བཀའ་ཁྲིམས་ལ་ཆད་ལྷག་སོགས་གང་ཡང་མ་གཏོང་ཞིག ངས་ཁྱོད་ཚོར་སློབ་སྟོན་བྱས་པའི་ཁྱོད་ཚོའི་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་རྣམས་རྩིས་སྲུང་བྱོས་ཤིག 3སྔར་གཙོ་བོ་དཀོན་མཆོག་གིས་རི་བོ་པི་ཨོར་དུ་གང་གནང་བ་དེ་ཁྱོད་ཚོ་རང་གིས་མཐོང་ཡོད། དེར་བྷལ་ལ་བསྙེན་བཀུར་བྱེད་མཁན་ཚང་མ་ཁོང་གིས་ཚར་བཅད་པ་གནང་མོད། 4འོན་ཀྱང་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་དད་པ་བརྟན་པོར་ཞུ་མཁན་ཁྱོད་ཚོ་ནི་ད་ལྟའང་གསོན་པོར་གནས་བཞིན་ཡོད་དོ། 5གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་ཁྱོད་ཚོ་ལ་བཀའ་ཁྲིམས་ཚང་མ་བསླབ་ཡོད། ད་ཁྱོད་ཚོས་དབང་འཛིན་བྱེད་གྲབ་ཡོད་པའི་ཡུལ་དེའི་ནང་དུའང་བཀའ་ཁྲིམས་དེ་དག་རྩིས་སྲུང་བྱོས་ཤིག 6བཀའ་ཁྲིམས་དེ་དག་ཚུལ་བཞིན་དུ་སྲུང་ཞིག དེ་ལྟར་བྱས་པའི་སྒོ་ནས་མི་རིགས་གཞན་གྱི་མཐོང་སྣང་དུ་ཁྱོད་ཚོ་བློ་གྲོས་ཅན་ཡིན་པ་དེ་སྟོན་པར་འགྱུར། བཀའ་ཁྲིམས་འདི་དག་ཐོས་པའི་རྗེས་སུ་དེ་ཚོས། མངའ་ཐང་ཆེ་བའི་མི་རིགས་དེ་ཚོ་ནི་ཤེས་རབ་དང་དྲན་དབང་ཅན་ཞིག་འདུག་ཅེས་སྨྲས་ཡོང་། 7དགོས་མཁོ་ཆེ་བའི་སྐབས་སུ་ཉེ་བར་ཕེབས་ཏེ་སྐྱབས་གྲོགས་མཛད་མཁན་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་དང་འདྲ་བ་གཞན་ཞིག་མི་རིགས་ཆེན་པོའི་དཀོན་མཆོག་ཞིག་གང་དུའང་མེད་དོ། ང་ཚོས་ཁོང་ལ་མགོན་སྐྱབས་ཞུ་སྐབས་ཁོང་གིས་ང་ཚོར་བཀའ་ལན་གནང་ངོ་། 8མི་རིགས་མངའ་ཐང་ཆེན་པོ་གང་འདྲ་ཞིག་ཡིན་རུང་ངས་ཁྱོད་ཚོར་སློབ་སྟོན་བྱས་པའི་བཀའ་ཁྲིམས་དང་འདྲ་བའི་ཁྲིམས་དྲང་པོ་ཞིག་མི་རིགས་སུ་ལའང་མེད་དོ། 9དེ་བས་ན་ཟོན་བྱོས་ཤིག། ཁྱོད་ཚོས་རང་གི་མིག་གིས་གང་མཐོང་བ་དེ་དག་མ་ཤི་བར་དུ་མ་བརྗེད་པར་བྱོས་ཤིག ཁྱོད་ཚོའི་བུ་ཕྲུག་དང་ཚ་བོ་ཚ་མོ་རྣམས་ལ་གཤམ་གསལ་བཀའ་འདི་རྣམས་སྨྲོས་ཞིག 10རི་བོ་སི་ནཨེ་སྒང་དུ་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་སྐུ་མདུན་དུ་ལངས་པའི་སྐོར་དང་། སྐབས་དེར་ཁོང་གིས་ང་ལ་གསུངས་པ། མི་མང་རྣམས་བཀོང་ནས། ངས་གང་བཤད་པ་དེ་ལ་ཁོ་ཚོས་ཉན་ཏེ། རང་ཉིད་གསོན་པོར་གནས་ཡུན་རིང་དུ་དེ་དག་སྲུང་ཞིང་། རང་གི་བུ་ཕྲུག་རྣམས་ལའང་བཀའ་དེའི་སྐོར་སློབ་སྟོན་བྱོས་ཤིག 11ཁྱོད་ཚོའི་ཕྲུག་གུ་རྣམས་ལ། དུ་བའི་སྤྲིན་ནག་འཁོར་ཞིང་མེ་ལྕེ་གནམ་ལ་འབར་བཞིན་པའི་རི་བོའི་རྩ་བར་ཇི་ལྟར་ཕྱིན་ཏེ་ལངས་པའི་སྐོར་ཤོད་ཅིག 12གཙོ་བོ་དཀོན་མཆོག་གིས་མེའི་དཀྱིལ་ནས་ཁྱོད་ཚོར་གསུང་གླེང་ཇི་ལྟར་གནང་བ་དང་། ཁྱོད་ཚོས་ཁོང་གི་གསུང་ཐོས་ཀྱང་ཁོང་གི་སྐུ་དབྱིབས་སོགས་གང་ཡང་མཇལ་མ་ཐུབ་པའི་སྐོར་ཁོ་ཚོར་ཤོད་ཅིག 13ཁོང་གིས་ཁྱོད་ཚོར་དམ་བཅའ་གནང་བ་དེ་ཁྱོད་ཚོས་སྲུང་ཐུབ་པའི་ཕྱིར་གང་བྱེད་དགོས་པ་དང་། ཁོང་གིས་རྡོ་ལེབ་གཉིས་ཀྱི་ཁར་བྲིས་གནང་མཛད་པའི་བཀའ་རྒྱ་བཅུ་རྣམས་ཁྱོད་ཚོས་སྲུང་དགོས། 14ཁྱོད་ཚོས་འཐབ་ནས་བདག་འཛིན་བྱེད་རྒྱུ་ཡིན་པའི་ཡུལ་དེར་སྲུང་དགོས་པའི་བཀའ་ཁྲིམས་རྣམས་སློབ་སྟོན་བྱེད་དགོས་ཅེས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་ཡོད༎

ལྷ་རྟེན་སོགས་ལ་བསྙེན་བཀུར་བྱེད་མི་ཆོག་པའི་ཟོན་བསྐུལ།

15གཙོ་བོ་དཀོན་མཆོག་གིས་རི་བོ་སི་ནཨེ་ནས་མེའི་དཀྱིལ་ནས་གསུང་གླེང་གནང་དུས། ཁྱོད་ཚོས་ཁོང་གི་སྐུ་དབྱིབས་སོགས་གང་ཡང་མཇལ་མེད་པས། ཁྱོད་ཚོས་རང་གི་ཁེ་ཕན་གྱི་དོན་དུ། 16-18སྐྱེས་པའམ་བུད་མེད། དུད་འགྲོའམ་འདབ་ཆགས། ལྟོ་འགྲོའམ་ཉའི་དབྱིབས་ཤིག་གི་རྟེན་བཟོས་ནས་ཉེས་སྡིག་མི་བྱེད་ཅེས་པའི་སེམས་ཐག་ཆོད་ཅིག 19ནམ་མཁར་མཐོང་བའི་ཉི་ཟླའམ་སྒྱུ་སྐར་སོགས་ལའང་མཆོད་འབུལ་མ་བྱེད་ཅིག དེ་དག་ནི་མི་རིགས་གཞན་གྱིས་མཆོད་ཕྱིར་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་དེ་ཚོར་གནང་བ་ཡིན་ནོ། 20འོན་ཀྱང་རབ་ཏུ་འབར་བའི་ཐབ་དང་མཚུངས་པའི་ཨི་ཇིབ་ནས་བཏོན་གནང་བའི་མི་རིགས་དེ་ནི་ཁྱོད་ཚོ་ཡིན། ཁོང་གིས་ཁྱོད་ཚོ་ལ་ཉིད་ཀྱི་མི་འབངས་སུ་བཀོད་པ་གནང་ཕྱིར་དེ་ནས་ཕྱིར་བཏོན་གནང་བ་ཡིན། ད་ལྟ་ཁྱོད་ཚོ་ཁོང་གི་མི་འབངས་སུ་འཁོད་ཡོད་པ་ཡིན། 21ཁྱོད་ཚོའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ང་དང་ཐུགས་ཁྲོས་ཏེ། ཁོང་གིས་ཁྱོད་ཚོར་གནང་གྲབ་ཡོད་པའི་ས་བཅུད་བཟང་བའི་ཡུལ་དུ་འཛུལ་མི་ཐུབ་ཅེས་པའི་བཀའ་བསྒོས་བཙན་པོ་གནང་བྱུང་། 22ང་ནི་གཙང་པོ་མ་རྒལ་བར་གནས་འདི་རང་དུ་ཤི་རྒྱུ་ཡིན་མོད། འོན་ཀྱང་ཁྱོད་ཚོ་ནི་གཙང་པོ་རྒལ་ཏེ་ཡུལ་བཟང་པོ་དེ་དབང་འཛིན་བྱེད་གྲབ་ཡོད། 23ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་དམ་བཅའ་གང་གནང་བ་དེ་ནམ་ཡང་བརྗེད་རྒྱུ་མེད་པའི་ཐག་གཅོད་བྱོས་ཤིག སྐུ་འདྲའམ་ལྷ་རྟེན་སོགས་བཟོ་མི་ཆོག་ཅེས་པའི་དཀོན་མཆོག་གི་བཀའ་རྒྱ་དེ་སྲུངས་ཤིག 24ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ནི་རབ་ཏུ་འབར་བའི་མེ་ལྕེ་དང་མཚུངས་པ་ཡིན་པས། ཁོང་ལ་ངོ་ལོག་ཞུ་མཁན་རྣམས་ལ་ཁོང་གིས་ཐུགས་བཟོད་གནང་མི་ཡོང་། 25ཡུལ་དེར་ལོ་མང་གནས་སྡོད་བྱས་ཏེ། ཁྱོད་ཚོར་ཕྲུ་གུ་དང་ཚ་བོ་ཚ་མོ་བཅས་བྱུང་བའི་དུས་སུའང་སྐུ་འདྲའམ་ལྷ་རྟེན་སོགས་ཀྱི་བཟོ་དབྱིབས་བཟོས་ནས་སྡིག་པ་མ་བྱེད་ཅིག དེ་ལྟར་བྱེད་རྒྱུ་དེ་ནི་གཙོ་བོ་དཀོན་མཆོག་གི་གཟིགས་སྣང་དུ་ངན་པ་ཡིན་པས། དེས་ཁོང་གི་ཐུགས་དགོངས་དཀྲུག་པར་འགྱུར། 26དེ་རིང་ངས་གནམ་དང་ས་གཞི་དཔང་དུ་འཛུགས་ཏེ་ཁྱོད་ཚོར་བརྗོད་དོན་ནི། ངས་གང་སྨྲས་པ་དེ་ལ་ཁྱོད་ཚོས་མ་ཉན་ན། ཁྱོད་ཚོ་ཡུལ་འདི་ནས་མེད་པར་འགྱུར་ཏེ། ཁྱོད་ཚོས་དབང་འཛིན་བྱེད་གྲབ་ཡོད་པའི་ཡོར་དན་ཕར་ཕྱོགས་ཀྱི་ཡུལ་དེར་ཁྱོད་ཚོ་ཡུན་རིང་པོར་གནས་མི་ཐུབ་པ་དང་། ཁྱོད་ཚོ་ཡོངས་སུ་འཇིག་པར་འགྱུར་རོ། 27གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་མི་རིགས་གཞན་གྱི་དཀྱིལ་དུ་ཁ་སྟོར་བ་གནང་ཞིང་། དེར་ཁྱོད་ཚོ་གྲངས་ཉུང་མི་རིགས་ཀྱི་ཚུལ་དུ་འཚོ་བར་འགྱུར། 28དེར་ཁྱོད་ཚོས་མིའི་ལག་པས་བཟོས་པའི་ཤིང་དང་རྡོའི་འདྲ་སྐུ་དང་། མཐོང་ཐོས་བྱེད་མི་ཐུབ་པ་དང་། དེ་བཞིན་བཟའ་བཏུང་དང་དྲི་འཚོར་སོགས་གང་ཡང་བྱེད་མི་ཐུབ་པའི་ལྷ་རྟེན་རྣམས་ལ་མཆོད་པར་འགྱུར་རོ། 29དེར་ཁྱོད་ཚོས་གཙོ་བོ་དཀོན་མཆོག་རང་གི་དཀོན་མཆོག་ལ་འཚོལ་བར་འགྱུར། ཁྱོད་ཚོས་ཁ་ཞེས་གཉིས་མེད་ཀྱིས་ཁོང་ལ་འཚོལ་བ་ཡིན་ན་ཁོང་དང་ངོ་འཕྲོད་པར་འགྱུར། 30ཁྱོད་ཚོ་དཀའ་ངལ་གྱི་ནང་དུ་ཚུད་དེ་མཐར་ཁྱོད་ཚོའི་ཐོག་ཏུ་གནས་ཚུལ་དེ་དག་འབྱུང་དུས་ཁྱོད་ཚོ་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་བློ་ཁ་བསྒྱུར་ཏེ་ཁོང་གི་བཀའ་ལ་རྩིས་སྲུང་བྱེད་པར་འགྱུར། 31ཁོང་ནི་ཐུགས་བརྩེ་ཆེ་བའི་དཀོན་མཆོག་ཡིན་པས། ཁོང་གིས་ཁྱོད་ཚོ་མི་སྤངས་ཤིང་ཚར་གཅོད་མི་གནང་བ་དང་། ཁྱོད་ཚོའི་ཕ་མེས་རྣམས་ལ་དམ་བཅའ་གང་གནང་བ་དེའང་ཁོང་གིས་ཐུགས་བསྙེལ་བ་གནང་མི་ཡོང་། 32ཁྱོད་ཚོ་མ་སྐྱེས་གོང་དུ་གཙོ་བོ་དཀོན་མཆོག་གིས་ཐོག་མར་མི་བཀོད་གནང་མཛད་པའི་དུས་སྐབས་དེར་བསམ་བློ་ཐོངས་དང་། དེ་བཞིན་ས་གཞི་ཡོངས་ལ་ལྟོས་དང་། འདི་ལྟ་བུའི་མཛད་འཕྲིན་རྒྱ་ཆེན་པོ་ཞིག་དེ་སྔོན་བྱུང་ཡོད་དམ། 33གཙོ་བོ་དཀོན་མཆོག་གིས་མེའི་ནང་ནས་གསུང་གནང་བ་དེ་ཐོས་པའི་རྗེས་སུའང་གསོན་པོར་གནས་ཐུབ་མཁན་ཁྱོད་ཚོ་ལྟ་བུའི་མི་རིགས་གཞན་ཞིག་སུ་ཡོད་དམ། 34ཁྱོད་ཚོ་ཨི་ཇིབ་དུ་གནས་སྐབས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གང་གནང་བ་ལྟར། ལྷ་རྟེན་གཞན་སུ་ཞིག་གིས་མི་རིགས་ཡོངས་རྫོགས་ཤིག་རྒྱལ་ཁབ་གཞན་ནས་ཕྱིར་བཏོན་ཏེ། དེ་རྣམས་རང་གི་མི་འབངས་སུ་བཀོད་མཁན་སུ་ཡོད་དམ། ཁྱོད་ཚོའི་མིག་གིས་མདུན་དུ་ཁོང་གིས་མཐུ་སྟོབས་ཆེན་པོའི་མཛད་འཕྲིན་གནང་སྟེ། ནད་ཡམས་དང་དམག་འཁྲུགས་གཏོང་གནང་བ་དང་། གཞན་ཡང་ངོ་མཚར་ཆེ་བའི་མཛད་འཕྲིན་མང་པོ་གནང་ཞིང་། འཇིགས་སུ་རུང་བའི་གནས་ཚུལ་དག་གནང་ངོ་། 35ཁོང་རང་འབའ་ཞིག་དཀོན་མཆོག་ཡིན་པ་དང་། ཁོང་དང་འདྲ་བ་གཞན་སུའང་མེད་པ་དེ་ཁྱོད་ཚོར་སྟོན་པ་གནང་ཕྱིར་དེ་དག་ཚང་མ་གནང་བ་ཡིན་ནོ། 36ཁྱོད་ཚོར་སློབ་སྟོན་གནང་ཕྱིར་ཁོང་གིས་མཐོ་རིས་ནས་ཉིད་ཀྱི་གསུང་དེ་ཁྱོད་ཚོར་ཐོས་བཅུག་པ་གནང་ཞིང་། ས་གཞིར་ཉིད་ཀྱི་ཞུགས་མེ་དམ་པ་དེ་སྟོན་གནང་མཛད་ཅིང་། དེའི་ནང་ནས་ཁྱོད་ཚོར་གསུང་མོལ་གནང་བ་ཡིན་ནོ། 37ཁོང་གིས་ཁྱོད་ཚོའི་ཕ་མེས་རྣམས་ལ་ཐུགས་བརྩེ་གནང་བའི་རྐྱེན་གྱིས་ཁྱོད་ཚོ་ལའང་ཐུགས་བརྩེ་ཆེན་པོས་འདམས་པ་གནང་སྟེ། ཉིད་ཀྱི་མཐུ་སྟོབས་ཆེན་པོས་ཁྱོད་ཚོ་ཨི་ཇིབ་ནས་བཏོན་ཏེ་འཁྲིད་ཕེབས་པ་ཡིན་ནོ། 38ཁྱོད་ཆོ་ལས་མངའ་ཐང་ཆེ་བ་དང་སྟོབས་ཤུགས་ཆེ་བའི་མི་རིགས་རྣམས་ཀྱི་ཡུལ་དུ་ཁྱོད་ཆོ་ཡོང་བཅུག་པ་དང་། དེ་ཚོའི་ཡུལ་རྣམས་ཁྱོད་ཚོར་གནང་བའི་དོན་དུ། ཁོང་གིས་མི་རིགས་དེ་དག་ཁྱོད་ཚོའི་ལམ་ནས་ཕྱིར་དེད་གནང་བ་དང་། ཡུལ་དེ་ནི་དེང་དང་གི་བར་དུའང་ཁྱོད་ཚོའི་བདག་དབང་དུ་ཡོད་དོ། 39དེ་བས་ན་དེ་རིང་གི་ཉིན་མོ་འདི་དྲན་ཞིང་ནམ་ཡང་མ་བརྗེད་པར་བྱོས་ཤིག གཙོ་བོ་དཀོན་མཆོག་ནི་གནམ་དང་ས་གཞི་གཉིས་ཀའི་དཀོན་མཆོག་ཡིན་པས། ཁོང་མ་གཏོགས་དཀོན་མཆོག་གཞན་ཞིག་སུའང་མེད་དོ། 40དེ་རིང་ངས་ཁྱོད་ཚོར་སྨྲས་པའི་ཁོང་གི་བཀའ་ཁྲིམས་ཚང་མ་སྲུང་ཞིག་དང་། ཁྱོད་ཚོ་དང་ཁྱོད་ཚོའི་རིགས་བརྒྱུད་ཚང་མ་བདེ་སྐྱིད་དང་ལྡན་ཞིང་། ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་བརྟན་དུ་གནང་བའི་ཡུལ་དེར་ཁྱོད་ཚོ་གནས་པར་འགྱུར་རོ༎

ཡོར་དན་ཤར་ཕྱོགས་ཀྱི་སྐྱབས་ཞུ་སའི་གྲོང་ཁྱེར་ཁག།

41དེ་ནས་མོ་ཤེས་གཙང་པོ་ཡོར་དན་གྱི་ཤར་ཕྱོགས་སུ་གྲོང་ཁྱེར་གསུམ་འདམས་ཤིང་། 42སུ་ཞིག་གིས་ནོར་འཁྲུལ་གྱིས་སྒོ་ནས་རང་གི་དགྲ་བོ་མིན་པའི་མི་ཞིག་བསད་པ་ཡིན་ན། ཁོ་ས་གནས་དེར་བྲོས་ཕྱིན་ཏེ་ཉེས་མེད་དུ་གནས་ཐུབ་རྒྱུ་དང་། གྲོང་ཁྱེར་དེ་ཚོའི་ནང་ནས་གང་དུའང་བྲོས་ཕྱིན་པ་ཡིན་ན་མི་དེ་སྲོག་ལས་ཐར་བར་འགྱུར་རོ། 43རུ་བྷེན་གྱི་སྡེ་རིགས་ཀྱི་ཕྱིར་དུ་འབྲོག་སྟོང་དུ་ཡོད་པའི་ས་མཐོ་པོའི་ཐང་ཆེན་ཁུལ་གྱི་གྲོང་ཁྱེར་བྷེ་ཛེར་དང་། གྷཌ་ཀྱི་སྡེ་རིགས་ཀྱི་ཕྱིར་དུ་གྷིལ་ཨད་ས་ཁུལ་གྱི་ར་མོད་དང་། དེ་བཞིན་མ་ནསེ་སཱེའི་སྡེ་རིགས་ཀྱི་ཕྱིར་དུ་བྷ་ཤཱན་ས་ཁུལ་གྱི་གྲོང་ཁྱེར་གྷོ་ལན་བཅས་ལོགས་སུ་བཞག་ཡོད་དོ༎

དཀོན་མཆོག་གིས་བཀའ་ཁྲིམས་གནང་བའི་ངོ་འཕྲོད།

44མོ་ཤེས་དཀོན་མཆོག་གི་བཀའ་ཁྲིམས་དང་བསླབ་བྱ་རྣམས་ཨིསི་རཱཨེལ་མི་མང་རྣམས་ལ་སྤྲད་པ་ཡིན་ནོ། 45-46ཁོས་བཀའ་ཁྲིམས་འདི་དག་སློབ་སྟོན་བྱེད་དུས་དེ་ཚོ་ཨི་ཇིབ་ནས་ཕྱིར་ཐོན་བྱས་ཏེ། གཙང་པོ་ཡོར་དན་གྱི་ཤར་ཕྱོགས་སུ་ཡོད་པའི་ལུང་གཤོང་དང་། བྷེད་པི་ཨོར་གྲོང་ཁྱེར་གྱི་མདུན་དུ་སླེབས་ཡོད་པ་ཡིན་ནོ། ཡང་ཧེཤ་བྷོན་དུ་སྲིད་སྐྱོང་བྱེད་མཁན་ཨ་མོར་པའི་རྒྱལ་པོ་སི་ཧོན་གྱི་ཡུལ་དུ་གནས་ཚུལ་དེ་དག་བྱུང་བ་ཡིན་ནོ། ཨི་ཇིབ་ནས་ཐོན་པའི་རྗེས་སུ་མོ་ཤེ་དང་ཨིསི་རཱཨེལ་མི་མང་ཚོས་དམག་བརྒྱབ་ནས་ཁོ་དབང་དུ་བསྡུས་ཏེ། 47ཁོའི་ཡུལ་དེའང་དབང་འཛིན་བྱས་པ་དང་། ཡོར་དན་ཤར་ཕྱོགས་སུ་གནས་སྡོད་བྱེད་མཁན་ས་གནས་བྷ་ཤཱན་གྱི་ཨོག་ཞེས་པའི་ཨ་མོར་པའི་རྒྱལ་པོ་གཞན་ཞིག་གི་ཡུལ་དེའང་དེ་ཚོས་དབང་འཛིན་བྱས་སོ། 48ཡུལ་འདི་ནི་གཙང་པོ་ཨར་ནོན་གྱི་ཉེ་འགྲམ་དུ་ཡོད་པའི་གྲོང་ཁྱེར་ཨ་རོ་ཨེར་ནས། བྱང་ཕྱོགས་སུ་རི་བོ་སི་རི་ཨོན་ཞེས་པ་རི་བོ་ཧར་མོན་བར་དུ་ཁྱབ་ཡོད་ཅིང་། 49གཙང་པོ་ཡོར་དན་གྱི་ཤར་ཕྱོགས་དང་བྱང་ཕྱོགས་སུ་འཆི་བའི་རྒྱ་མཚོའི་བར་དང་། དེ་བཞིན་ཤར་ཕྱོགས་སུ་རི་བོ་པིསི་གཱའི་རྩ་བའི་བར་དུ་ཁྱབ་ཡོད་པའི་ས་ཁུལ་ཚང་མ་ཡུལ་དེའི་ཁོངས་སུ་གཏོགས་ཡོད་པ་ཡིན་ནོ༎

བཀའ་ཁྲིམས་སྐྱར་བཤད 5

བཀའ་འཁྲིམས་བཅུ།

(སྡེབ་ཐོན་ ༢༠:༡-༡༧)

1ཨིསི་རཱཨེལ་མི་མང་ཚང་མ་བཀོང་སྟེ་མོ་ཤེས་སྨྲས་པ། ཀྱེ་ཨིསི་རཱཨེལ་པ་རྣམས། ངས་དེ་རིང་ཁྱོད་ཚོར་སྤྲད་བཞིན་པས་བཀའ་ཁྲིམས་ཚང་མ་ཉོན་ཞིག དེ་དག་བསླབ་ནས་ངེས་པར་རྩིས་སྲུང་བྱོས་ཤིག 2རི་བོ་སི་ནཨི་ཁར་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་དམ་བཅའ་ཞིག་གནང་ཡོད་ཅིང་། 3དམ་བཅའ་དེ་ནི་ང་ཚོའི་ཕ་མེས་མཉམ་དུ་གཅིག་པུར་མ་ཡིན་པར། དེང་དུས་གསོན་པོར་གནས་བཞིན་པའི་ང་ཚོའི་མི་རབས་ཡོངས་མཉམ་དུ་ཡང་གནང་བ་ཡིན་ནོ། 4རི་བོའི་སྒང་དུ་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་མདུན་དུ་མེའི་དཀྱིལ་ནས་གསུང་གླེང་མཛད་སྐབས། 5ཁོང་གིས་གང་གསུངས་པའི་བཀའ་རྣམས་ཁྱོད་ཚོར་ཤོད་ཕྱིར་ང་ནི་གཙོ་བོ་དཀོན་མཆོག་དང་ཁྱོད་ཚོའི་བར་ལ་ལངས་ནས་བསྡད་པ་ཡིན། གང་ལགས་ཟེར་ན། ཁྱོད་ཚོས་མེ་མཐོང་ནས་འཇིགས་ཏེ་རི་བོར་འཛེགས་མ་ནུས་པ་ཡིན་ནོ། གཙོ་བོ་དཀོན་མཆོག་གིས་གསུངས་པ། 6ཁྱོད་ཚོ་ཨི་ཇིབ་ཀྱི་བྲན་འཁོལ་ནས་ཕྱིར་བཏོན་བྱེད་མཁན་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་དེ་ང་ཡིན་ནོ། 7ང་མ་གཏོགས་པར་ལྷ་རྟེན་གཞན་སུ་ལའང་བསྟེན་མི་རུང་། 8ཁྱོད་ཚོས་རང་གི་ཕྱིར་དུ་གནམ་དང་ས་གཞིའམ། ས་གཞིའི་འོག་གི་ཆུའི་ནང་ཡོད་པའི་དངོས་པོ་གང་ཞིག་གི་གཟུགས་བརྙན་མ་བཟོ་ཞིག 9སྐུ་འདྲའམ་གཟུགས་བརྙན་སོགས་ལ་ཕྱག་འཚལ་བ་དང་བསྙེན་བཀུར་མ་བྱེད་ཅིག གང་ལགས་ཟེར་ན། ང་ཁྱོད་ཚོའི་དཀོནམཆོག་གཙོ་བོ་དཀོན་མཆོག་གཅིག་རང་ཡིན་པས་ང་ལ་ཁ་གཏད་བྱེད་མཁན་རྣམས་ལ་ངས་བཟོད་བསྲན་མི་བྱེད་ཅིང་། ང་ལ་སྡང་བ་བྱེད་མཁན་རྣམས་ལ་ངས་དེ་ཚོའི་མི་རབས་གསུམ་པ་དང་བཞི་པའི་བར་དུ་ཉེས་ཆད་གཏོང་རྒྱུ་ཡིན་ནོ། 10འོན་ཀྱང་ང་ལ་བརྩེ་བ་བྱེད་མཁན་དང་ངའི་བཀའ་སྲུང་མཁན་རྣམས་ལ་ངས་དེ་ཚོའི་མི་རབས་སྟོང་ཕྲག་མང་པོའི་བར་དུ་བྱམས་སྐྱོང་བྱེད་རྒྱུ་ཡིན་ནོ། 11ངའི་མིང་དེ་དམིགས་ཡུལ་ངན་པ་ཞིག་སྒྲུབ་པའི་ཕྱིར་དུ་མ་ལེན་ཅིག གང་ལགས་ཟེར་ན། ང་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་མིང་དེ་དོན་མེད་དུ་ལེན་མཁན་ཚོར་ངས་ཉེས་ཆད་གཏོང་རྒྱུ་ཡིན་ནོ། 12གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ངས་ཇི་ལྟར་བཀའ་བསྒོས་བྱས་པ་བཞིན་ངལ་གསོ་བའི་ཞག་དེ་བསྲུང་དགོས་པ་དང་དེ་ལ་དམ་པར་བརྩིས་དགོས་སོ། 13ཉིན་ཞག་དྲུག་བར་དུ་ལས་ཀ་བྱེད་ཆོག་པའི་གནང་བ་ཡོད། 14འོན་ཀྱང་ཉིན་ཞག་བདུན་པ་དེ་ནི་ངའི་ཆེད་དུ་ཟུར་དུ་དབྱེ་བའི་ངལ་གསོའི་ཉིན་མོ་ཡིན་པས། དེ་ཉིན་ཁྱོད་རང་དང་ཁྱོད་ཀྱི་བུ་ཕྲུག་དང་གཡོག་པོ་དང་། སེམས་ཅན་སོགས་དང་། དེ་བཞིན་ཁྱོད་ཚོའི་ཡུལ་དུ་གནས་པའི་ཕྱི་རྒྱལ་མི་རིགས་ཚོས་ཀྱང་ལས་ཀ་བྱེད་མི་ཆོག ཁྱོད་ཚོའི་བྲན་གཡོག་ཚོས་ཀྱང་ཁྱོད་ཚོ་ལྟར་དེ་ཉིན་ངལ་གསོ་བྱེད་དགོས་སོ། 15སྔར་ཁྱོད་ཚོ་ཨི་ཇིབ་དུ་བྲན་གཡོག་གི་གནས་སྟངས་སུ་གནས་པ་དང་། དེ་རྗེས་ང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་རང་གི་མཐུ་སྟོབས་ཀྱི་སྒོ་ནས་ཁྱོད་ཚོར་རྐྱབས་གྲོགས་ཇི་ལྟར་བྱས་པ་དེ་ལ་དྲན་གསོ་བྱོས་ཤིག དེ་བས་ན་ཁྱོད་ཚོས་ངལ་གསོ་བའི་ཞག་དམ་པ་དེ་སྲུང་དགོས་ཅེས་ངས་བཀའ་བསྒོས་བྱས་པ་ཡིན་ནོ། 16ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ངས་ཁྱོད་ཚོར་སྟེར་རྒྱུ་ཡིན་པའི་ཡུལ་གྱི་ནང་དུ་ཁྱོད་ཚོར་བདེ་སྐྱིད་ཡོང་བ་དང་། དེར་ཁྱོད་ཚོ་ཚེ་རིང་པོ་གནས་ཐུབ་ཕྱིར་རང་གི་ཕ་མ་གཉིས་ལ་གུས་ཞབས་བྱོས་ཤིག 17སྲོག་གཅོད་མ་བྱེད། 18ལོག་གཡེམ་མ་བྱེད། 19རྐུན་མ་མ་རྐུ། 20ནག་ཉེས་མེད་པར་སུ་ལའང་སྐྱོན་བརྗོད་མ་བྱེད་ཅིག 21ཁྱོད་ཀྱིས་མི་གཞན་གྱི་ཆུང་མར་འདོད་པ་མ་བྱེད་ཅིག དེའི་ཁང་པ་དང་ས་ཞིང་སོགས་དང་། དེའི་བྲན་གཡོག་དང་། དེའི་ཕྱུགས་ཟོག་དང་། དེའི་བོང་བུ་རྣམས། གཞན་ཡང་དེའི་རྒྱུ་དངོས་གང་རུང་ལ་འདོད་རྔམས་མ་བྱེད་ཅིག 22རི་ཁར་འཛོམས་པའི་སྐབས་སུ་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ཚང་མར་གནང་བའི་བཀའ་ཁྲིམས་ནི་འདི་དག་ཡིན་ཅིང་། ཁོང་གིས་མེ་དང་སྤྲིན་མཐུག་པོའི་དཀྱིལ་ནས་གསུང་སྐད་ཆེན་པོས་ཁྱོད་ཚོར་གསུང་གླེང་གནང་སྟེ། བཀའ་རྒྱ་འདི་དག་གནང་བ་མ་གཏོགས་དེ་མིན་བཀའ་རྒྱ་གཞན་ཞིག་གནང་བ་མ་ཡིན་ནོ། དེ་རྗེས་ཁོང་གིས་བཀའ་རྒྱ་དེ་དག་རྡོ་ལེབ་གཉིས་ཀྱི་ཐོག་ཏུ་བྲིས་གནང་མཛད་དེ་ང་ལ་གནང་ངོ་༎

མི་མང་རྣམས་ལ་འཇིག་སྣང་སྐྱེས་པ།

(སྡེབ་ཐོན་ ༢༠:༡༨-༢༡)

23རི་བོ་ཡོངས་སུ་མེ་འབར་བའི་ཚེ་མུན་པའི་དཀྱིལ་ནས་ཁྱོད་ཚོས་ཁོང་གི་གསུང་ཐོས་ཏེ། ཁྱོད་ཚོའི་འགོ་དཔོན་དང་སྡེ་རིགས་ཀྱི་རྒན་པོ་རྣམས་ངའི་རྩར་འོང་སྟེ་སྨྲས་པ། 24ང་ཚོས་མེའི་དཀྱིལ་ནས་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གི་གསུང་ཐོས་པ་དེའི་སྒོ་ནས། ཉིད་ཀྱི་མངའ་ཐང་དང་གཟི་བརྗིད་དེ་ང་ཚོར་མངོན་པར་མཛད་དོ། དཀོན་མཆོག་མི་དང་མཉམ་དུ་གསུང་གླེན་གནང་སྐབས་སུའང་མི་གསོན་པོར་གནས་པ་ང་ཚོས་དེ་རིང་མཐོང་བྱུང་། 25ད་ཡང་སྐྱར་ང་ཚོ་འཆི་བའི་འཇིགས་པ་དེ་ནང་ཅིའི་ཕྱིར་མྱང་དགོས་སམ། འཇིགས་སུ་རུང་བའི་མེ་དེས་ང་ཚོ་ལ་མེད་པར་བཟོ་ཉེན་ཡོད། ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་གསུང་གླེང་གནང་བ་དེ་ཡང་སྐྱར་ང་ཚོས་ཐོས་ན། ང་ཚོ་ཤི་ངེས་ཅན་ཡིན་ནོ། 26མེའི་དཀྱིས་ནས་གསོན་པོའི་དཀོན་མཆོག་གི་གསུང་དེ་ཐོས་པའི་རྗེས་སུ་མི་སུ་ཞིག་ད་བར་གསོན་པོར་གནས་ཐུབ་ཡོད་དམ། 27ཀྱེ་མོ་ཤེ་ཁྱེད་རང་ཡང་སྐྱར་ཕེབས་ནས་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་གང་གསུངས་པ་དེ་གསན་ཏེ། སླར་ཕྱིར་ལོག་ཕེབས་ཏེ་ཁོང་གིས་གང་གསུང་པ་ཐམས་ཅད་ང་ཚོར་གསུངས་ཤིག་དང་། ང་ཚོས་དེ་དག་ཉན་ཏེ་རྩིས་བསྲུང་ཞུ་གི་ཡིན་ནོ། 28གནས་ཚུལ་འདི་དག་གསན་ཏེ་གཙོ་བོ་དཀོན་མཆོག་གིས་ང་ལ་གསུངས་པ། མི་འདི་ཚོས་གང་སྨྲས་པ་རྣམས་ངས་ཐོས་བྱུང་བས། དེ་དག་འོས་ཤིང་འཚམ་པ་སྨྲས་ཡོད། 29དེ་ཚོས་རྒྱུན་དུ་དེ་བཞིན་འཚོར་སྣང་སྐྱེས་སྟེ། ང་ལ་རྩིས་གུས་བྱས་ཤིང་ངའི་བཀའ་རྒྱ་ཚང་མ་བསྲུང་པ་ཡིན་ན་ཅི་མ་རུང་། དེ་ལྟར་བྱས་པ་ཡིན་ན་དེ་ཚོ་དང་དེ་ཚོའི་མི་རྒྱུད་རྣམས་ལ་རྟག་ཏུ་བདེ་སྐྱིད་ཡོང་ངེས་སོ། 30ད་ཁྱོད་སོང་ནས་དེ་ཚོར་སོ་སོའི་གུར་གྱི་ནང་དུ་ལོག་དགོས་ཅེས་སྨྲོས་ཤིག 31འོན་ཀྱང་མོ་ཤེ་ཁྱོད་ནི་ང་དང་མཉམ་དུ་འདིར་སྡོད་ཅིག ངས་ཁྱོད་ལ་ངའི་བཀའ་ཁྲིམས་ཚང་མ་བཤད་རྒྱུ་ཡིན། ངས་སྤྲོད་རྒྱུ་ཡིན་པའི་ཡུལ་དེར་མི་མང་ཚོས་ངའི་བཀའ་ཁྲིམས་ཚང་མ་སྲུང་ཕྱིར་དེ་དག་ལ་སློབ་སྟོན་བྱོས་ཤིག 32ཀྱེ་ཨིསི་རཱཨེལ་གྱི་མི་མང་རྣམས། ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་གནང་བའི་བཀའ་རྒྱ་རྣམས་སྲུང་རྒྱུའི་བློ་ཐག་ཆོད་ཅིག ཁོང་གི་བཀའ་ཁྲིམས་གཅིག་ལའང་མ་རྩིས་པར་མ་བྱེད་ཅིག 33དེ་ཚོ་ཚང་མ་སྲུང་པ་ཡིན་ན། ཁྱོད་ཚོའི་ལས་དོན་ཚང་མ་འགྲུབ་ཅིང་། ཁྱོད་ཚོས་བདག་ཏུ་འཛིན་རྒྱུ་ཡིན་པའི་ཡུལ་དེར་ཁྱོད་ཚོ་མུ་མཐུད་ཀྱིས་གནས་སྡོད་བྱེད་པར་འགྱུར་རོ༎

བཀའ་ཁྲིམས་སྐྱར་བཤད 6

བཀའ་ཁྲིམས་རླབས་ཆེན།

1ཁྱོད་ཚོར་སློབ་སྟོན་བྱེད་ཕྱིར་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ང་ལ་བཀའ་གནང་བའི་ཁྲིམས་ཚང་མ་ནི་འདི་ཡིན་ནོ། ཁྱོད་ཚོས་དབང་འཛིན་བྱེད་ཕྱིར་འཛུལ་གྲབ་ཡོད་པའི་ཡུལ་དེའི་ནང་དུ་དེ་དག་རྩིས་སྲུང་བྱོས་ཤིག 2ཁྱོད་ཚོ་སྲོག་གནས་ཡུན་རིང་ལ་ཁྱོད་ཚོ་དང་ཁྱོད་ཚོའི་བུ་བརྒྱུད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་གུས་བཀུར་ཞུ་དགོས་པ་དང་། ངས་ཁྱོད་ཚོར་སྤྲད་པའི་ཁོང་གི་ཁྲིམས་ཡོངས་རྫོགས་སྲུང་དགོས། དེ་ལྟར་བྱས་པ་ཡིན་ན་ཁྱོད་ཚོ་ཡུལ་དེར་ལོ་མང་རིང་དུ་འཚོ་བར་འགྱུར། 3ཀྱེ་ཨིསི་རཱཨེལ་པ་རྣམས། དེ་དག་ལ་ཉན་ནས་རྩིས་སྲུང་བྱོས་ཤིག་དང་། ཁྱོད་ཚོའི་ལས་དོན་ཚང་མ་འགྲུབ་ཅིང་། ཁྱོད་ཚོ་མི་རིགས་སྟོབས་ཆེན་ཞིག་ཏུ་འགྱུར་རྒྱུ་དང་། སྔར་གཙོ་བོ་དཀོན་མཆོག་ང་ཚོའི་མེས་པོ་རྣམས་ཀྱི་ཀོན་མཆོག་གིས་དབུ་མནའ་ཞེས་གནང་བ་ལྟར། ཕྱུག་པོ་དང་ས་ལུད་འཛོམས་པོའི་ཡུལ་དེར་ཁྱོད་ཚོ་གནས་སྡོད་བྱེད་པར་འགྱུར། 4ཀྱེ་ཨིསི་རཱཨེལ་པ་རྣམས། གཙོ་བོ་དཀོན་མཆོག་གཅིག་པོ་ང་ཚོའི་དཀོན་མཆོག་ཡིན་པ་དེ་དྲན་གསོ་བྱོས་ཤིག 5ཁྱོད་ཀྱིས་རང་གི་གཙོ་བོ་དཀོན་མཆོག་ལ་སེམས་ཉིད་ཡོངས་དང་ཁྱོད་ཀྱི་སྲོག་ཆང་མ་དང་། ཁྱོད་ཀྱི་ནུས་པ་ཇི་ཡོད་ཀྱི་སྒོ་ནས་བརྩེ་བ་ཞུ་དགོས། 6ངས་དེ་རིང་ཁྱོད་ཚོར་བཤད་པའི་བཀའ་རྒྱ་འདི་དག་ནམ་ཡང་མ་བརྗེད་པར། 7དེའི་སྐོར་རང་གི་བུ་ཕྲུག་རྣམས་ལ་སློབ་སྟོན་བྱོས་ཤིག ཡང་ཁྱོད་ཚོ་ནང་དུ་གནས་སྐབས་དང་དེ་བཞིན་ཕྱི་རུ་འགྲོ་སྐབས་དང་། ངལ་གསོ་བརྒྱབ་སྐབས་ལས་ཀ་བྱེད་སྐབས་སོགས་དུས་ཚོས་གང་རུང་ལ་དེའི་སྐོར་ཡང་ཡང་གཏམ་གླེང་བྱོས་ཤིག 8དྲན་རྟེན་གྱི་ཚུལ་དུ་དེ་དག་རང་གི་དཔུང་པར་འསྡམས་ཤིང་། ཐོད་པའི་སྒང་དུ་སྒྲོགས་དགོས་པ་དང་། 9དེ་དག་རང་གི་ཁྱིམ་གྱི་སྒོའི་དང་རེ་བཞི་དང་རྒྱལ་སྒོའི་ཁར་བྲིས་དགོས་སོ༎

བཀའ་རྒྱ་བརྩི་སྲུང་མི་བྱེད་མཁན་རྣམས་ལ་ཟོན་རྡ།།

10ཁྱོད་ཚོའི་མེས་པོ་ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་ལ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་དམ་བཅའ་གནང་བ་ལྟར་ཁོང་གིས་ཁྱོད་ཚོ་རང་གིས་མ་བཟོས་པའི་གྲོང་ཁྱེར་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་དང་ལྡན་པའི་ཡུལ་ཞིག་གནང་རྒྱུ་ཡིན་པ་དང་། 11ཁང་ཁྱིམ་རྣམས་ནོར་རྫས་བཟང་པོས་གང་ཞིང་། ཁྱོད་ཚོས་བྲུ་མ་དགོས་པའི་ཁྲོན་པ་ཁག་དང་། དེ་བཞིན་འདེབས་ལས་བྱེད་མ་དགོས་པའི་རྒུན་ཚལ་དང་ཁ་སྐྱུར་འབྲས་བུའི་ལྡུམ་ར་སོགས་སྐྱེས་པར་འགྱུར། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ཡུལ་དེར་འཁྲིད་ཕེབས་དུས་ཁྱོད་ཚོར་ཁ་ཟས་འདོད་པ་གང་ཡོད་འབྱོར་ངེས་སོ། 12འོན་ཀྱང་ཁྱོད་ཚོ་ཨི་ཇིབ་དུ་བྲན་གཡོག་གི་གནས་སྟངས་ནས་འདྲེན་པ་གནང་མཁན་གཙོ་བོ་དཀོན་མཆོག་ལ་ནམ་ཡང་མ་བརྗེད་པར་བྱོས་ཤིག 13གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་གུས་བཀུར་བྱོས་ཤིག་དང། ཁོང་གཅིག་པོར་བསྙེན་བཀུར་ཞུས་ཞིག ཁོང་གི་མཚན་གཅིག་པོར་དམ་བཅའ་འབུལ་ཞིག 14ཁྱོད་ཚོའི་མཐའ་འཁོར་གྱི་མི་རིགས་ཚོས་ལྷ་རྟེན་གཞན་སོགས་ལ་བསྙེན་བཀུར་མ་བྱེད་ཅིག 15གལ་ཏེ་ཁྱོད་ཚོས་ལྷ་རྟེན་གཞན་ལ་མཆོད་པ་ཡིན་ན། གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་དྲག་པོ་དེ་ཁྱོད་ཚོའི་ཐོག་ཏུ་མེ་བཞིན་བབ་སྟེ། དེས་ཁྱོད་ཚོ་ཡོངས་སུ་འཇིག་པར་འགྱུར། གང་ལགས་ཟེར་ན། ཁྱོད་ཚོ་དང་མཉམ་དུ་བཞུགས་ཡོད་པའི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁོང་ལ་ཁ་གཏད་ཞུ་མཁན་རྣམས་ལ་ཐུགས་བཟོད་གནང་བར་མི་འགྱུར་རོ། 16ཁྱོད་ཚོས་མ་སཱ་བྱ་བའི་གནས་སུ་གང་བྱས་པ་བཞིན་གཙོ་བོ་དཀོནམཆོག་ཁྱོད་ཚོའི་དཀོན་མཆོག་ལ་ཚོད་ལྟ་མ་ཞུས་ཤིག 17ཁོང་གིས་གནང་བའི་ཁྲིམས་ཚང་མ་སྲུང་བར་བློ་ཐག་ཆོད་ཅིག 18གཙོ་བོ་དཀོན་མཆོག་གི་གཟིགས་སྣང་དུ་གང་བཟང་ཞིང་རིགས་པ་དེ་བྱོས་ཤིག་དང་། ཁྱོད་ཚོའི་ལས་དོན་ཚང་མ་འགྲུབ་པར་འགྱུར། གཙོ་བོ་དཀོན་མཆོག་གིས་སྔར་ཁྱོད་ཚོའི་མེས་པོ་རྣམས་ལ་དབུ་མནའ་བཞེས་གནང་བའི་ཡུལ་ས་ལུས་འཛོམས་པོ་དེ་ཁྱོད་ཚོས་བདག་འཛིན་བྱེད་ངེས་སོ། 19ཁོང་གིས་ཇི་ལྟར་དབུ་མནའ་བཞེས་གནང་བ་བཞིན་ཁྱོད་ཚོས་རང་གི་དགྲ་བོ་རྣམས་ཕྱིར་སྐྲོད་བྱེད་པར་འགྱུར། 20མ་འོངས་པ་ན་ཁྱོད་ཚོའི་བུ་ཕྲུག་ཚོས་ཁྱོད་ཚོ་ལ། གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་ཁྲིམས་འདི་དག་སྲུང་དགོས་ཅེས་ང་ཚོར་བཀའ་གནང་བ་དེ་གང་ཡིན་ནམ། ཞེས་འདྲི་རྩད་བྱེད་སྐབས། 21ཁྱོད་ཚོས། དེ་ཚོ་ལ་ལན་དུ་དེ་ལྟར་སྨྲ་དགོས། སྔར་ང་ཚོ་ཨི་ཇིབ་ཀྱི་རྒྱལ་པོའི་བྲན་གཡོག་ཏུ་གནས་སྐབས། གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་མཐུ་སྟོབས་ཆེན་པོས་ང་ཚོར་སྐྱབས་གནང་ངོ་། 22ཁོང་གིས་མཛད་པའི་ངོ་མཚར་ཆེ་བའི་ལྟས་རྣམས་དང་། ཨི་ཇིབ་པ་རྣམས་དང་དེ་ཚོའི་རྒྱལ་པོ་དང་། ཁོང་གི་ལས་བྱེད་པ་ཁག་གི་ཐོག་ཏུ་གནང་བའི་འཇིགས་སུ་རུང་བའི་མཛད་འཕྲིན་རྣམས་ང་ཚོའི་མིག་ངོར་མཐོང་ངོ་། 23སྔར་ཁོང་གིས་ང་ཚོའི་མེས་པོ་རྣམས་ལ་ཇི་ལྟར་དབུ་མནའ་བཞེས་གནང་བ་བཞིན། ཡུལ་འདི་ང་ཚོར་གནང་བའི་དོན་དུ་ཁོང་གིས་ང་ཚོ་ཨི་ཇིབ་ནས་ཕྱིར་བཏོན་གནང་ནས་འཁྲིད་ཕེབས་པ་ཡིན་ནོ། 24དེ་རྗེས་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་ང་ཚོ་ལ་ཁྲིམས་འདི་དག་ཚང་མ་སྲུང་སྟེ། ཁོང་ལ་གུས་ཞབས་ཞུ་དགོས་པའི་བཀའ་གནང་ཡོད། གལ་ཏེ་དེ་བཞིན་བྱས་པ་ཡིན་ན་ཁོང་གིས་ང་ཚོར་རྒྱུན་དུ་སྲུང་སྐྱོབ་གནང་ཞིང་། ང་ཚོའི་མི་རིགས་ལ་ཕུན་སུམ་ཚོགས་པ་འཛོག་གནང་བར་གྱུར། 25གལ་སྲིད་ང་ཚོའི་དམ་ཚིག་ལྡན་པའི་སྒོ་ནས་ཁོང་གིས་བཀའ་རྒྱ་ཚང་མ་གནང་བ་དེ་སྲུང་བ་ཡིན་ན། ཁོང་ཐུགས་མཉེས་པར་འགྱུར་རོ༎

བཀའ་ཁྲིམས་སྐྱར་བཤད 7

གཙོ་བོ་དཀོན་མཆོག་ཉིད་ཀྱི་མི་འབངས་རྣམས།

(སྡེབ་ཐོན་ ༣༤:༡༡-༡༦)

1གཅོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོས་དབང་འཛིན་བྱེད་རྒྱུའི་ཡུལ་དེར་འཁྲིད་ཕེབས་རྒྱུ་ཡིན་པ་དང་། ཁོང་གིས་ཡུལ་དེ་ནས་མི་རིགས་མང་པོ་ཕྱིར་སྐྲོད་མཛད་པར་འགྱུར། ཁོང་གིས་ཁྱོད་ཚོ་མདུན་བསྐྱོད་བྱེད་སྐབས་ཁྱོད་ཚོ་ལས་སྟོབས་ཤུགས་ཆེ་བའི་མི་རིགས་ཁག་བདུན་ཕྱིར་སྐྲོད་གནང་རྒྱུ་ཡིན་པ་རྣམས་ནི། ཧི་ཏི་པ་དང་། གྷིར་ག་ཤི་པ་རྣམས། ཨ་མོར་པ། ཀ་ནན་པ། པེ་རི་ཛི་པ། ཧི་ཝི་པ་དང་། ཡེ་བུསེ་པ་རྣམས་ཡིན་ནོ། 2གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་མི་རིགས་དེ་དག་ཁྱོད་ཚོའི་ལག་ཏུ་གནང་སྐབས། ཁྱོད་ཚོས་དེ་དག་འཕམ་པར་བྱེད་ཏེ། དེ་དག་ཡོངས་སུ་ཚར་གཅོད་གཏོང་དགོས། དེ་ཚོ་དང་མཉམ་དུ་འབྲེལ་ལས་དང་སྙིང་རྗེ་སོགས་གང་ཡང་མ་བྱེད་ཅིག 3དེ་དག་དང་ཆང་ས་སོགས་མ་བརྒྱབ་ཅིག་དེ་བཞིན་རང་གི་བུ་ཕྲུག་རྣམས་ལའང་དེ་ལྟར་བྱེད་དུ་མ་ཆུག་ཅིག 4གང་ལགས་ཟེར་ན། དེ་ཚོས་ཁྱོད་ཚོའི་བུ་ཕྲུག་རྣམས་ལ་ལྷ་རྟེན་གཞན་ལ་བསྙེན་བཀུར་བྱེད་རྒྱུའི་ངན་བསྐུལ་བྱེད་དེ། དེ་དག་གཙོ་བོ་དཀོན་མཆོག་ནས་ཐག་རིང་དུ་བཞག་ཉེན་ཡོད། གལ་སྲིད་དེ་འདྲ་བྱུང་བ་ཡིན་ན་གཙོ་བོ་དཀོན་མཆོག་ཐུགས་ཁྲོས་ཏེ། དེ་མ་ཐག་ཏུ་ཁྱོད་ཚོ་ཚར་གཅོད་གནང་བར་འགྱུར། 5དེ་བས་ན་ཁྱོད་ཚོས་དེ་དག་གི་མཆོད་ཁྲི་རྣམས་བཤིགས་ཏེ། རྡོའི་ཀ་བ་དམ་པ་རྣམས་དུམ་བུར་བཏང་ཞིང་། ལྷ་མོ་ཨ་ཤེ་རཱའི་སྐུ་འདྲ་རྣམས་གྲིས་གཙབ་ཅིང་། དེ་བཞིན་སྐུ་འདྲ་གཞན་རྣམས་མེར་སྲེག་གཏོང་དགོས་སོ། 6གཙོ་བོ་དཀོན་མཆོག་ཁྱོད་ཚོ་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཡིན་པས། ཁྱོད་ཚོས་དེ་ལྟར་ངེས་པར་དུ་བྱེད་དགོས་སོ། ཁོང་གི་ས་གཞིའི་མི་རིགས་ཡོངས་ཀྱི་དཀྱིལ་ནས་ཁྱོད་ཚོ་ཉིད་ཀྱི་དམིགས་གསལ་ལྡན་པའི་མི་རིགས་ཤིག་ཏུ་རྩིས་ཕྱིར་ཁྱོད་ཚོར་འདམས་པ་གནང་བ་ཡིན་ནོ། 7ཁྱོད་ཚོ་མི་རིགས་གཞན་ལས་གྲངས་འབོར་ཆེ་བའི་རྐྱེན་གྱིས་ཁོང་གིས་ཁྱོད་ཚོར་ཐུགས་བརྩེ་གནང་བ་དང་། འདམས་པ་མ་ཡིན། ཁྱོད་ཚོ་ནི་ས་སྟེང་འདིར་མི་རིགས་ཆུང་ཤོས་ཤིག་ཡིན་མོད། 8འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་ཐུགས་བརྩེ་གནང་ཞིང་། སྔར་ཁོང་གིས་ཁྱོད་ཚོའི་མེས་པོ་རྣམས་ལ་གནང་བའི་དམ་བཅའ་དེ་དག་སྒྲུབ་པར་དགོངས་ཏེ། དེའི་ཕྱིར་ཁོང་གིས་ཉིད་ཀྱི་མཐུ་སྟོབས་ཆེན་པོས་ཁྱོད་ཚོ་ལ་མགོན་སྐྱབས་གནང་ཞིང་། ཨི་ཇིབ་གྱི་རྒྱལ་པོའི་བྲན་གཡོག་ནས་ཐར་དཀྲོལ་གནང་བ་ཡིན་ནོ། 9གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གཅིག་རང་མ་གཏོགས་དེ་མིན་དཀོན་མཆོག་གཞན་ཞིག་མེད་པ་དང་། ཁོང་ནི་དམ་ཚིག་ཅན་ཡིན་པ་དེ་དྲན་པར་བྱོས་ཤིག ཁོང་གིས་ཉིད་ཀྱི་དམ་བཅའ་འསྲུང་བར་མཛད་ཅིང་། ཁོང་ལ་བརྩེ་བ་ཞུ་མཁན་དང་ཁོང་གི་བཀའ་རྒྱ་སྲུང་མཁན་གྱི་མི་རབས་སྟོང་ཕྲག་བར་དུ་ཁོང་གིས་རྒྱུན་དུ་བྱམས་སྐྱོང་གནང་ངེས་སོ། 10འོན་ཀྱང་ཁོང་ལ་སྡང་དགྲ་ཞུ་མཁན་རྣམས་ལ་ཁོང་གིས་ཐེ་ཚོམ་མེད་པར་ཉེས་ཆད་གཏོང་བ་གནང་རྒྱུ་ཡིན་པས། 11ད་ཁྱོད་ཚོ་ལ་སློབ་སྟོན་གང་བྱས་ཡོད་པ་དེ་ལ་ཉོན་ཅིག དེ་རིང་ངས་ཁྱོད་ཚོར་བཤད་པའི་ཁྲིམས་ཡོངས་རྫོགས་བརྩི་སྲུང་བྱོས་ཤིག།

བཀའ་རྒྱ་སྲུང་བའི་བྱིན་རླབས།

(བཀའ་ཁྲིམས་སྐྱར་བཤད་ ༢༨:༡-༡༤)

12གལ་ཏེ་ཁྱོད་ཚོས་བཀའ་རྒྱ་འདི་དག་ཉན་ནས་དད་གུས་ཆེན་པོས་སྲུང་ན། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཉིད་ཀྱི་དམ་བཅའ་དེ་དག་ཁྱོད་ཚོ་དང་མཉམ་དུ་འཛོགས་གནང་ཞིང་། ཁྱོད་ཚོའི་མེས་པོ་རྣམས་དང་ཇི་ལྟར་དབུ་མནའ་བཞེས་བ་བཞིན་ཁྱོད་ཚོ་ལའང་དེ་བཞིན་རྒྱུན་ཆད་མེད་པར་ཁོང་གིས་བྱམས་སྐྱོང་གནང་རྒྱུ་ཡིན་ནོ། 13ཁོང་གིས་ཁྱོད་ཚོར་ཐུགས་བརྩེ་ཆེན་པོས་བྱིན་རླབས་གནང་སྟེ། ཁྱོད་ཚོར་བུ་ཕྲུག་མང་པོ་བྱུང་ཞིང་། ཁྱོད་ཚོའི་མི་འབོར་འཕེལ་བར་འགྱུར། དེ་བཞིན་ཁོང་གིས་ཁྱོད་ཚོའི་ས་ཞིང་རྣམས་ལ་བྱིན་གྱིས་བརླབས་ཏེ། ཁྱོད་ཚོར་འབྲུ་དང་། རྒུན་ཆང་དང་། ཁ་སྐྱུར་པོའི་སྣུམ་སོགས་འབྱོར་རྒྱུ་དང་། ཁྱོད་ཚོའི་ཕྱུགས་ཟོག་དང་ལུག་ཁྱུ་སོགས་འཕེལ་རྒྱས་ཡོང་བའི་བྱིན་རླབས་གནང་བར་འགྱུར། སྔར་ཁོང་གིས་ཁྱོད་ཚོའི་ཕ་མེས་རྣམས་ལ་གནང་གི་ཡིན་ཞེས་དབུ་མནའ་བཞེས་བའི་ཡུལ་དེའི་ནང་དུ་བྱིན་རླབས་དེ་དག་ཁྱོད་ཚོར་ཐོབ་པར་འགྱུར། 14ས་སྟེང་འདིར་ཁྱོད་ཚོས་ཐོབ་པའི་བྱིན་རླབས་ལས་ལྷག་པ་ཞིག་མི་རིགས་གཞན་སུ་ཞིག་ལའང་ཐོབ་པར་མི་འགྱུར་རོ། ཁྱོད་ཚོ་སུ་ཞིག་ཀྱང་རབས་ཆད་དུ་མི་འགྱུར། ཁྱོད་ཚོའི་སྒོ་ཕྱུགས་ཚོ་ཡང་མངལ་སྟོང་པར་མི་འགྱུར་རོ། 15གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ནད་རིགས་ཀུན་ལས་སྐྱབས་པ་གནང་ཞིང་། སྔར་ཁྱོད་ཚོས་ཨི་ཇིབ་དུ་མཐོང་བའི་ནད་རིགས་རྣམས་ཁོང་གིས་ཁྱོད་ཚོའི་ཐོག་ཏུ་འཕོགས་མ་བཅུག་པར། འོན་ཀྱང་ཁྱོད་ཚོའི་དགྲ་བོ་རྣམས་ཀྱི་ཐོག་ཏུ་འཕོགས་བཅུག་པ་གནང་ངོ་། 16གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོའི་དབང་དུ་གནང་བའི་མི་རིགས་ཚང་མ་ཚར་གཅོད་གཏོང་དགོས། དེ་དག་ལ་སྙིང་རྗེ་མ་བྱེད་ཅིག། དེ་ཚོའི་ལྷ་རྟེན་རྣམས་ལ་མཆོད་འབུལ་མ་བྱེད་ཅིག གལ་སྲིད་དེ་ལྟར་བྱས་པ་ཡིན་ན་ཁྱོད་ཚོ་རྙི་ནང་ཚུལ་བར་འགྱུར། 17མི་རིགས་དེ་ཚོ་ནི་ང་ཚོ་ལས་གྲངས་འབོར་ཆེ་བས་ང་ཚོས་དེ་དག་ཕྱིར་སྐྲོད་བྱེད་མི་ཐུབ་ཅེས་མ་ལབ་ཅིག 18དེ་ཚོ་ལ་འཇིགས་མི་དགོས། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་སྔར་ཨི་ཇིབ་ཀྱི་རྒྱལ་པོ་དང་དེའི་འབངས་རྣམས་ལ་གང་གནང་བ་དེ་དྲན་པར་གྱིས་ཤིག 19ཁྱོད་ཚོའི་མིག་ངོར་མཐོང་བའི་ནད་ཡམས་དྲག་པོ་རྣམས་དང་། ངོ་མཚར་ཆེ་བའི་མཛད་འཕྲིན་ཁག་དང་། གཞན་ཡང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་མཐུ་སྟོབས་ཆེན་པོས་ཁྱོད་ཚོར་ཐར་དཀྲོལ་གནང་བའི་སྐོར་དྲན་གསོ་བྱོས་ཤིག སྔར་ཁོང་གིས་ཨི་ཇིབ་པ་རྣམས་ཚར་གཅོད་གནང་བ་བཞིན། ཁྱོད་ཚོས་འཇིགས་སྣང་བྱེད་པའི་མི་རིགས་འདི་དག་ཀྱང་ཁོང་གིས་ཚར་གཅོད་གནང་བར་འགྱུར། 20ཁོང་གིས་དེ་ཚོའི་དཀྱིལ་དུ་དངངས་སྐྲག་བསྐུལ་བ་གནང་ཞིང་། ཡང་བྲོས་ཏེ་གབ་མཁན་རྣམས་ལ་ཁོང་གིས་ཚར་གཅོད་གནང་ངོ། 21ཁྱོད་ཚོ་མི་རིགས་དེ་དག་ལ་འཇིགས་མི་དགོས། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ནི་ཁྱོད་ཚོ་དང་མཉམ་དུ་འགྲོགས་ཡོད། ཁོང་ནི་མངའ་ཐང་ཆེ་བའི་དཀོན་མཆོག་ཡིན་པས་ཁོང་ལ་འཇིགས་དགོས། 22ཁྱོད་ཚོར་མདུན་སྐྱོད་བྱེད་སྐབས་ཁོང་གིས་མི་རིགས་འདི་དག་རིམ་བཞིན་ཕྱིར་སྐྲོད་གནང་བར་འགྱུར། ཁྱོད་ཚོས་དེ་དག་ལ་སྡེབ་གསོད་བྱེད་མི་ཐུབ། གང་ལགས་ཟེར་ན། དེ་ལྟར་བྱས་པ་ཡིན་ན་ནགས་གྱི་གཅན་གཟན་གྱི་གྲངས་འབོར་འཕེལ་རྒྱས་བྱུང་སྟེ། ཁྱོད་ཚོར་ཉེན་ཁ་ཆེན་པོ་འབྱུང་ཉེན་ཡོད། 23གཙོ་བོ་དཀོན་མཆོག་གིས་དགྲ་བོ་རྣམས་ཁྱོད་ཚོའི་དབང་དུ་གནང་ཞིང་། དེ་དག་མ་འཇིག་བར་དུ་དངངས་སྐྲག་ངང་དུ་གནས་བཅུག་པར་འགྱུར། 24དེ་ཚོའི་རྒྱལ་པོ་རྣམས་ཁོང་གིས་ཁྱོད་ཚོའི་དབང་དུ་གནང་ཞིང་། ཁྱོད་ཚོས་དེ་དག་བསད་དེ་དེ་ཚོའི་མིང་ཤུལ་ཙམ་ཡང་གནས་པར་མི་འགྱུར་རོ། སུས་ཀྱང་ཁྱོད་ཚོར་བཀག་འགོག་བྱེད་མི་ཐུབ་པ་དང་། ཁྱོད་ཚོས་དེ་དག་ཡོངས་སུ་ཚར་གཅོད་པར་འགྱུར། 25དེ་ཚོའི་སྐུ་འདྲ་རྣམས་མེར་སྲེག་གཏོང་ཞིག དེའི་སྟེང་དུ་ཡོད་པའི་གསེར་དང་དངུལ་ལ་འདོད་སེམས་མ་བྱེད་ཅིག དེ་དག་རང་གི་དོན་དུ་མ་འཁྱེར་ཞིག དེ་ལྟར་བྱས་པ་ཡིན་ན་ཁྱོད་ཚོ་རྙི་ནང་ཚུད་པར་འགྱུར་རོ། གང་ལགས་ཟེར་ན། སྐུ་འདྲར་མཆོད་པ་དེ་ལ་གཙོ་བོ་དཀོན་མཆོག་གི་སྡང་བ་གནང་ངོ་། 26ཁྱོད་ཚོའི་ནང་དུ་འདྲ་སྐུ་གང་འདྲ་ཞིག་ཀྱང་འཁྱེར་མི་རུང་། དེ་མིན་དེ་ཚོའི་ཐོག་ཏུ་ཡོད་པའི་དམོད་པ་རྣམས་ཁྱོད་ཚོའི་ཐོག་ཏུ་ཕོག་ཉེན་ཡོད། ཁྱོད་ཚོས་སྐུ་འདྲ་འདི་དག་ལ་སྡང་སེམས་བྱེད་དགོས། གང་ལགས་ཟེར་ན། དེ་ཚོའི་ཐོག་ཏུ་གཙོ་བོ་དཀོན་མཆོག་གིས་དམོད་པ་གནང་ཡོད་པ་ཡིན་ནོ༎

བཀའ་ཁྲིམས་སྐྱར་བཤད 8

གཙོ་བོ་དཀོན་མཆོག་ལ་མ་བརྗེད་ཅིག།

1དེ་རིང་ངས་ཁྱོད་ཚོར་སློབ་སྟོན་བྱས་པའི་ཁྲིམས་ཡོངས་རྫོགས་འདི་དག་དམ་ཚིག་གཙང་མའི་སྒོ་ནས་རྩིས་སྲུང་གྱིས་ཤིག་དང་། ཁྱོད་ཚོ་གསོན་པོར་གནས་ཤིང་། གྲངས་འབོར་འཕེལ་རྒྱས་བྱུང་སྟེ། སྔར་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་མེས་པོ་རྣམས་ལ་དབུ་མནའ་བཞེས་པའི་ཡུལ་དེ་ཁྱོད་ཚོས་བདག་འཛིན་བྱེད་པར་འགྱུར། 2འདས་པའི་ལོ་བཞི་བཅུའི་རིང་ལ་འབྲོག་སྟོང་བརྒྱུད་ཀྱི་ལམ་ཐག་རིང་པོ་དེར་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཇི་ལྟར་དབུ་འཁྲིད་གནང་བ་དེ་དག་ལ་དྲན་གསོ་བྱོས་ཤིག ཁྱོད་ཚོས་ཁོང་གི་བཀའ་ལ་རྩིས་སྲུང་ཞུ་མིན་ཚོད་ལྟ་གནང་བ་དང་། ཁྱོད་ཚོའི་བསམ་བློར་ཤེས་རྟོགས་གནང་ཕྱིར་ཁོང་གིས་ཁྱོད་ཚོ་དཀའ་ངལ་གྱི་ནང་དུའང་ཚུད་བཅུག་པ་གནང་བ་ཡིན་ནོ། 3ཁོང་གིས་ཁྱོད་ཚོ་ལྟོགས་བཅུག་པ་གནང་བ་དང་། དེ་རྗེས་ཟས་སུ་མན་ན་གནང་ཞིང་། ཡང་ཁ་ཟས་དེ་ནི་ཁྱོད་ཚོ་དང་ཁྱོད་ཚོའི་མེས་པོ་རྣམས་ཀྱིས་དེ་སྔ་ནམ་ཡང་བཟའ་མ་མྱོང་བ་ཞིག་ཡིན་པ་དང་། མི་གསོན་པོར་གནས་ཕྱིར་བག་ལེབ་གཅིག་པོར་བློ་བཅོལ་ན་མི་འགྲིགས་ཤིང་། འོན་ཀྱང་གཙོ་བོ་དཀོན་མཆོག་གི་ཞལ་ནས་ཐོན་པའི་བཀའ་རྒྱ་རེ་རེ་སྒོ་ནས་གསོན་པའི་ཆེད་དུ་སློབ་སྟོན་གནང་ཕྱིར་དེ་ལྟར་མཛད་པ་ཡིན་ནོ། 4ལོ་ངོ་བཞི་བཅུའི་རིང་དུ་ཁྱོད་ཚོའི་གྱོན་གོས་རྣམས་མ་རལ་བ་མ་ཟད་རྐང་པ་ཡང་མ་བསྐྲངས་སོ། 5ཇི་ལྟར་ཕས་རང་གི་བུ་ཕྲུག་རྣམས་བཅུན་པ་ལྟར། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཀྱང་ཁྱོད་ཚོ་ལ་བཅུན་ཞིང་ཉེས་ཆད་གནང་ཡོད་པ་དེར་དྲན་གསོ་བྱོས་ཤིག 6དེ་བས་ན་གཙོ་བོ་དཀོན་མཆོག་གིས་གནང་བའི་བཀའ་རྒྱ་དེ་དག་སྲུང་ཞིང་། ཁོང་ལ་འཇིགས་ཤིག། ཁོང་གི་ཁྲིམས་བཞིན་དུ་མི་ཚེ་སྐྱོལ་ཞིག་དང་། 7གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོ་ས་ལུད་འཛོམས་པའི་ཡུལ་ཞིག་ཏུ་འཁྲིད་ཕེབས་རྒྱུ་ཡིན་པ་དང་། ཡང་ཡུལ་དེར་གཙང་པོ་དང་ཆུ་མིག་དང་། ས་འོག་གི་རྒྱུག་ཆུ་སོགས་ཐོན་ཏེ། ལུང་གཤོང་དང་རི་བརྒྱུད་ཁུལ་དུ་འབབ་པར་འགྱུར་རོ། 8ཡུལ་དེའི་ཐོན་སྐྱེད་ནི་གྲོ་དང་། ནས་དང་རྒུན་འབྲུམ། སེ་ཡབ། སེ་འབྲུ་དང་། ཁ་སྐྱུར་པོའི་ཙི་ཤིང་དངསྦྲང་རྩི་བཅས་ཡིན་ནོ། 9དེར་ཁྱོད་ཚོ་ནམ་ཡང་མི་ལྟོགས་པ་དང་། ཁྱོད་ཚོར་དགོས་མཁོའི་དཀའ་ངལ་ཞིག་ནམ་ཡང་བྱུང་མི་ཡོང་། ཡུལ་དེའི་བྲག་རི་ཁག་ཏུ་ལྕགས་ཀྱི་གཏེར་ཁ་ཡོད་པ་དང་དེའི་རི་བརྒྱུད་ཁག་ནས་ཟངས་ཀྱི་གཏེར་ཁ་བཏོན་པར་འགྱུར། 10ཁྱོད་ཚོར་རང་གི་འདོད་མོས་བཞིན་གྱི་ཁ་ཟས་འབྱོར་ཞིང་། ཁོང་གིས་གནང་བའི་ས་ལུད་འཛོམས་པོའི་ཡུལ་དེའི་ཆེད་དུ་ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་བར་འགྱུར༎

གཙོ་བོ་དཀོན་མཆོག་ལ་མ་བརྗེད་པའི་ཆེད་དུ་ཟོན་བསྐུལ།

11ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་ནམ་ཡང་མ་བརྗེད་པར་གྱིས་ཤིག དེ་རིང་ངས་སློབ་སྟོན་བྱས་པའི་ཁོང་གི་ཁྲིམས་གཅིག་ཀྱང་མ་ལུས་པར་སྲུང་ཞིག 12ཁྱོད་ཚོར་འདོད་མོས་བཞིན་གྱི་ཁ་ཟས་འགྲུབ་ཅིང་། སྡོད་གནས་ཁང་ཁྱིམ་སོགས་གསར་རྒྱག་བྱས་ཏེ། 13ཁྱོད་ཚོའི་ཕྱུགས་ཟོག་དང་། ལུག་ཁྱུག་དང་། གསེར་དང་དངུལ་ལ་སོགས་པའི་རྒྱུ་དངོས་ཚང་མ་གོང་འཕེལ་དུ་འགྲོ་སྐབས། 14ཁྱོད་ཚོ་ང་རྒྱལ་མ་སྐྱེས་པར་སྔར་ཁྱོད་ཚོ་ཨི་ཇིབ་དུ་བྲན་གཡོག་གི་གནས་སྟངས་ནས་སྐྱབས་པ་གནང་མཁན་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་མ་བརྗེད་པར་བྱོས་ཤིག 15ཁོང་གིས་ཁྱོད་ཚོ་ལ་དུག་སྦྲུལ་གདུག་པ་ཅན་དང་སྡིག་པ་ར་རྩ་ཡོད་བའི་འབྲོག་སྟོང་རྒྱ་ཆེ་ཞིང་འཇིགས་རུང་དྲག་པོའི་གནས་དེ་ནས་འཁྲིད་ཕེབས་པ་དང་། ཆུ་མེད་པའི་ཡུལ་དེར་ཁོང་གིས་ཁྱོད་ཚོའི་ཆེད་དུ་བྲག་རིའི་ནང་ནས་ཆུ་བཏོན་པ་གནང་ངོ་། 16འབྲོག་སྟོང་དུ་ཁོང་གིས་ཁྱོད་ཚོར་ཟས་སུ་མན་ན་གནང་ཞིང་། ཡང་དེ་ལྟ་བུའི་ཁ་ཟས་ནི་ཁྱོད་ཚོའི་ཕ་མེས་ཚོས་ཀྱང་དེ་སྔ་ནམ་ཡང་ཟ་མ་མྱོང་བ་ཡིན་ནོ། ཁྱོད་ཚོར་ཚོད་ལྟ་གནང་ཕྱིར་ཁོང་གིས་ཁྱོད་ཚོར་དཀའ་ངལ་ནང་ཚུད་བཅུག་གནང་བ་དང། མཐར་དངོས་པོ་བཟང་པོ་གནང་ནས་ཁྱོད་ཚོར་བྱིན་རླབས་གནང་ཐུབ་པའིཕྱིར་རོ། 17དེར་བརྟེན་རང་གི་སྟོབས་དང་ནུས་པས་རྒྱུ་དངོས་གསོག་འཇོག་བྱས་པ་ཡིན་ཞེས་ནམ་ཡང་མ་བསམ་ཞིག 18ཕྱུག་པོར་འགྱུར་བའི་ནུས་པ་གནང་མཁན་དེ་ནི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཁོང་རང་ཉིད་ཡིན་པ་དེ་དྲན་གསོ་བྱོས་ཤིག ཁོང་གིས་དེ་ལྟར་གནང་དགོས་དོན་ནི། སྔར་ཁོང་གིས་ཁྱོད་ཚོའི་མེས་པོ་རྣམས་དང་དམ་བཅའ་གནང་བ་དེར་ཁོང་ད་དུང་ཡང་དམ་ཚིག་ཅན་ཡོད་པའི་རྐྱེན་གྱིས་ཡིན་ནོ། 19གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་བརྗེད་དེ། ལྷ་རྟེན་གཞན་ལ་བསྙེན་བཀུར་དང་སྲི་ཞུ་མ་ཞུས་ཤིག གལ་ཏེ་དེ་ལྟར་བྱས་པ་ཡིན་ན། ཁྱོད་ཚོ་ངེས་པར་དུ་འཇིག་པར་འགྱུར་ཉེན་ཡོད་ཅེས་ངས་དེ་རིང་ཟོན་བསྐུལ་བྱེད་ཀྱི་ཡོད། 20གལ་ཏེ་ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་རྒྱ་ལ་མ་ཉན་པ་ཡིན་ན། ཁྱོད་ཚོ་མདུན་སྐྱོད་བྱེད་སྐབས་གཙོ་བོ་དཀོན་མཆོག་གིས་མི་རིགས་གཞན་རྣམས་ཚར་གཅོད་གཏོང་བ་གནང་བ་ལྟར། ཁོང་གིས་ཁྱོད་ཚོ་ལའང་དེ་བཞིན་ཚར་གཅོད་གཏོང་བ་གནང་རྒྱུ་ཡིན་པར་ངེས་སོ༎

བཀའ་ཁྲིམས་སྐྱར་བཤད 9

མི་མང་གིས་བཀའ་ལ་སྲུང་རྩི་མ་ཞུས་པ།

(སྡེབ་ཐོན་ ༣༢:༡-༣༥)

1ཀྱེ་ཨིསི་རཱཨེལ་པ་རྣམས། ཚུར་ཉོན་ཅིག། དེ་རིང་ཁྱོད་ཚོ་གཙང་པོ་ཡོར་དན་རྒལ་ནས་འགྲོ་རན་ཡོད་པ་དང་། ཁྱོད་ཚོ་ལས་སྟོབས་ཤུགས་དང་མངའ་ཐང་ཆེ་བའི་མི་རིགས་ཤིག་གི་ཡུལ་དེ་ཁྱོད་ཚོས་བདག་བཟུང་བྱེད་གྲབ་ཡོད་པ་དང་། དེ་ཚོའི་གྲོང་ཁྱེར་ཁག་ནི་རྒྱ་ཆེ་ཞིང་། དེ་ཚོའི་ལྕགས་རིའི་མཐོ་ཚད་ནི་ཕལ་ཆེར་གནམ་ལ་ཐུག་པ་ལྟ་བུའི་མཐོ་བ་ཡོད། 2དེ་གའི་ཡུལ་མི་རྣམས་ཀྱང་གཟུགས་སྟོབས་ཆེ་ལ་རིང་ཞིང་། དེ་དག་ནི་མི་བོ་ཆེ་ཡིན་པ་དང་། དེ་ཚོའི་མདུན་དུ་སུའང་གནས་མི་ཐུབ་པའི་སྐོར་ལ་ཁྱོད་ཚོས་ཐོས་ཡོད་པ་ཡིན། 3འོན་ཀྱང་ད་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ནི་ཁྱོད་ཚོའི་མདུན་དུ་འབར་བཞིན་པའི་མེའི་ལྟར་ཕེབས་ཀྱི་ཡོད་པ་དེ་ཁྱོད་ཚོས་མཐོང་ཡོང་། ཁྱོད་ཚོ་མདུན་བསྐྱོད་བྱེད་སྐབས་ཁོང་གིས་དེ་ཚོ་འཕམ་བཅུག་པ་གནང་ཞིང་། ཁོང་གིས་ཞལ་བཞེས་གནང་བ་བཞིན། ཁྱོད་ཚོས་དེ་དག་ཕྱིར་སྐྲོད་བྱས་ཏེ་མྱུར་དུ་ཚར་གཅོད་པར་འགྱུར་རོ། 4ཁྱོད་ཚོའི་དོན་དུ་གཙོ་བོ་དཀོན་མཆོག་གིས་དེ་དག་ཕྱིར་སྐྲོད་གནང་བའི་རྗེས་སུ། ཁྱོད་ཚོའི་འོས་བབ་ལ་བརྟེན་ནས་ཁོང་གིས་ཁྱོད་ཚོ་ལ་ཡུལ་འདི་བདག་འཛིན་བྱེད་ཕྱིར་འཁྲིད་ཕེབས་པ་རེད་ཅེས་ཕན་ཚུན་གཅིག་གིས་གཅིག་ལ་མ་ཤོད་ཅིག དེ་ལྟར་མ་ཡིན་གྱི་མི་རིགས་དེ་ཚོ་ངན་པ་ཡིན་པའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གིས་དེ་དག་ཕྱིར་སྐྲོད་གནང་རྒྱུ་ཡིན་པ་དང་། 5ཁྱོད་ཚོ་བཟང་པོ་དང་དྲང་པོ་གྱིས་རྐྱེན་གྱི་གཙོ་བོ་དཀོན་མཆོག་གི་ཁྱོད་ཚོར་ཡུལ་དེ་བདག་འཛིན་བྱེད་ཕྱིར་གནང་བ་མ་ཡིན་ནོ། འོན་ཀྱང་ཁོ་ཚོ་ངན་པ་ཡིན་པས་ཁོང་གིས་དེ་ཚོ་ཕྱིར་སྐྲོད་གནང་རྒྱུ་ཡིན་པ་དང་། སྔར་ཁོང་གིས་ཁྱོད་ཚོའི་མེས་པོ་ཨབ་ར་ཧམ་དང་། ཨི་སཱག་དང་ཡ་ཀོབ་དང་མཉམ་དུ་དམ་བཅའ་གནང་བ་དེ་ཚ་ཚང་སྒྲུབ་པའི་ཆེད་དུ། དེ་ཚོ་ལ་ཕྱིར་སྐྲོད་གནང་བར་འགྱུར། 6ཁྱོད་ཚོའི་འོས་བབ་ལ་བརྟེན་ནས་གཙོ་བོ་དཀོན་མཆོག་གིས་ས་ལུད་འཛོམས་པོ་ཡུལ་འདི་ཁྱོད་ཚོར་གནང་བ་མ་ཡིན་གྱིས། ཁྱོད་ཚོ་ནི་སེམས་རྒྱུད་གྱོང་པོ་ཡིན་པའི་མི་རིགས་ཤིག་ཡིན་ནོ། 7ཁྱོད་ཚོས་འབྲོག་སྟོང་དུ་ཇི་ལྟར་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་ཐུགས་དགོངས་དཀྲུགས་པ་དེ་ནམ་ཡང་མ་བརྗེད་ཅིག ཁྱོད་ཚོས་ཨི་ཇིབ་ནས་ཐོན་ཏེ་འདིར་སླེབས་པའི་ཉིན་མོའི་བར་དུ་ཁྱོད་ཚོས་ཁོང་ལ་ངོ་ལོག་ཞུས་སོ། 8རི་བོ་སི་ནཨེ་སྒང་དུའང་ཁྱོད་ཚོས་ཁོང་གི་ཐུགས་དགོངས་དཀྲུགས་པས། ཁོང་ཧ་ཅང་ཐུགས་ཁྲོ་ཞིང་ཁྱོད་ཚོར་ཚར་གཅོད་གནང་བར་དགོངས་སོ། 9གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་དང་དམ་བཅའ་གང་གནང་བ་དེ་བྲིས་ཡོད་པའི་རྡོ་ལེབ་དེ་དག་ལེན་པའི་ཕྱིར་ང་རི་བོའི་རྩེ་མོར་ཕྱིན་ཏེ། དེར་ཉིན་མཚན་བཞི་བཅུ་བར་སྡོད་རིང་དུ་ངས་བཟའ་བཏུང་སོགས་གང་ཡང་མ་བྱས་པ་ཡིན། 10དེ་ནས་སྔར་ཁྱོད་ཚོ་རིའི་ཁར་འཛོམས་པའི་ཉིན་མོར་གཙོ་བོ་དཀོན་མཆོག་གིས་མེའི་ནང་ནས་ཁྱོད་ཚོར་གསུང་གླེང་གང་གནང་བ་དེ་དག་ཁོང་རང་ཉིད་ཀྱི་ཕྱག་གིས་རྡོ་ལེབ་གཉིས་ཀྱི་ཁར་བྲིས་གནང་མཛད་ཅིང་། ཁོང་གིས་རྡོ་ལེབ་གཉིས་དེ་ང་ལ་གནང་ངོ་། 11ཉིན་མཚན་བཞི་བཅུའི་རྗེས་སུ་གཙོ་བོ་དཀོན་མཆོག་གིས་དམ་བཅའ་བྲིས་ཡོད་པའི་རྡོ་ལེབ་གཉིས་པོ་དེ་ང་ལ་གནང་བྱུང་། 12དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་གསུངས་པ། ཁྱོད་ཕྲལ་དུ་རི་ནས་མར་བོབས་ཤིག ཁྱོད་ཀྱིས་ཨི་ཇིབ་ནས་འཁྲིད་ཡོང་བའི་མི་དེ་ཚོས་བསམ་བློ་མ་རུང་བ་བཏང་སྟེ། ལས་ངན་བྱེད་བཞིན་པ་དང་། ངས་ཁོ་ཚོར་བཀའ་བསྒོས་གང་བྱས་པ་དེ་ལ་རྩིས་མེད་བྱས་ཏེ། སོ་སོའི་དོན་དུ་སྐུ་འདྲ་ཞིག་བཟོས་འདུག། 13གཙོ་བོ་དཀོན་མཆོག་གིས་ང་ལ་གསུངས་པ། མི་འདི་ཚོ་ཧ་ཅང་གི་སེམས་གཤིས་གྱོང་པོ་ཡིན་པ་དེ་ངས་ཤེས་བྱུང་བས། 14ད་ང་ལ་བཀག་ཐབས་མ་བྱས་ཤིག། ངས་ཁོ་ཚོ་ཚར་གཅོད་གཏོང་བར་འདོད་པས། སུས་ཀྱང་དེ་ཚོ་དྲན་པར་མི་འགྱུར་རོ། དེ་རྗེས་ངས་ཁྱོད་ལ་དེ་ཚོ་ལས་སྟོབས་ཤུགས་དང་མངའ་ཐང་ཆེ་བའི་མི་རིགས་ཤིག་གི་ཕ་རུ་བསྐོ་རྒྱུ་ཡིན་ནོ། 15དེ་ནས་ཞལ་ཆད་བྲིས་ཡོད་པའི་རྡོ་ལེབ་གཉིས་པོ་དེ་འཁྱེར་ཏེ་རི་ནས་མར་བབས་པ་དང་། སྐབས་དེར་རི་བོ་ནས་མེ་ལྕེ་འབར་བཞིན་ཡོད་པ་ཡིན་ནོ། 16ཁྱོད་ཚོས་རང་གི་གཙོ་བོ་དཀོན་མཆོག་གིས་གནང་བའི་བཀའ་རྒྱ་དེ་དག་སྤངས་ནས་བེའུ་ཞིག་གི་དབྱིབས་སུ་བླུགས་བརྒྱབ་པའི་སྐུ་འདྲ་ཞིག་བཟོས་ཏེ། ཁོང་ལ་རྒོལ་ཞིང་སྡིག་པ་བྱས་པ་དེ་ངས་མཐོང་བྱུང་། 17དེར་བརྟེན་ངས་ཁྱོད་ཚོའི་མདུན་དུ་རྡོ་ལེབ་གཉིས་པོ་དེ་མར་དབྱུགས་ནས་དུམ་བུར་བཟོས་པ་ཡིན། 18དེ་རྗེས་ཡང་སྐྱར་ང་ཉིན་མཚན་བཞི་བཅུ་བར་དུ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་མགོ་བོ་སྒུར་ཏེ་བཟའ་ལྟུང་སོགས་གང་ཡང་མ་བྱས་པར་བསྡད་པ་ཡིན། ངས་དེ་ལྟར་བྱས་པ་ཡིན། གང་ལ་ཟེར་ན་ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ནས་ཁོང་ལ་ཐུགས་ཁྲོ་ཞུས་ཚར་བ་ཡིན་ནོ། 19གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་དྲག་པོ་དེ་མཐོང་ནས་ང་ཞེད་བྱུང་། གང་ལགས་ཟེར་ན། ཁོང་གི་ཐུགས་ཁྲོ་དྲག་པོས་ཁྱོད་ཚོ་ཚར་གཅོད་གནང་རན་མོད་ འོན་ཀྱང་སླར་ཡང་གཙོ་བོ་དཀོན་མཆོག་གིས་ངའི་ཞུ་བར་ལེན་གཅིག་གསན་པ་གནང་སོང་། 20གཙོ་བོ་དཀོན་མཆོག་གིས་ཨ་རོན་ལའང་ཐུགས་དགོངས་འཚོང་སྟེེ། ཁོ་ལ་ཚར་གཅོད་གནང་བར་དགོངས་ཀྱང་། སྐབས་དེར་ངས་ཨ་རོན་གྱི་ཆེད་དུའང་ཞུ་བ་འབུལ་བ་ཡིན། 21ཁྱོད་ཚོས་བླུགས་བརྒྱབ་ནས་བཟོས་པའི་བེའུའི་འདྲ་སྐུ་དེ་ངས་མེའི་ནང་དུ་འཕང་ཞིང་། དུམ་བུར་བཅག་སྟེ། ཞིབ་མོར་བཏག་ནས་དེའི་རྡུལ་རྣམས་རི་ནས་བབ་པའི་རྒྱུག་ཆུའི་ནང་དུ་འཕང་པ་ཡིན་ནོ། 22ཁྱོད་ཚོས་རང་གི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་ཏ་བྷེ་རཱ་དང་། མ་སཱ་དང་། ཀིབ་རོད་ཧ་ཐ་བ་རུའང་ཐུགས་དགོངས་དཀྲུག་གོ 23ཡང་ཁོང་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དེ་བདག་འཛིན་བྱེད་ཕྱིར་ཁོང་གིས་ཁྱོད་ཚོ་ཀ་དྷེཤི་བར་ནེ་ཨ་ནས་གཏོང་བ་གནང་སྐབས། ཁྱོད་ཚོས་ཁོང་ལ་ངོ་ལོག་ཞུས་ཤིང་། ཡིད་ཆེས་མ་ཞུས་པར་ཁོང་གི་བཀའ་ལ་རྩིས་སྲུང་མ་བྱས་སོ། 24ངས་ཁྱོད་ཚོར་ངོ་ཤེས་ནས་བཟུང་། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་ངོ་ལོག་ཞུ་བཞིན་པ་ཡིན་ནོ། 25དེ་བས་ན་ངས་ཉིན་མཚན་བཞི་བཅུའི་རིང་ལ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་མགོ་བོ་སྒུར་ནས་བསྡད་པ་ཡིན། གང་ལགས་ཟེར་ན། ཁོང་གིས་ཁྱོད་ཚོ་ཚར་གཅོད་གནང་ངེས་ཏན་ཡིན་པ་དེ་ཤེས་བྱུང་། 26དེ་རྗེས་ངས་སྨོན་ལམ་འདེབས་ཤིང་ཁོང་ལ། ཀྱེ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག། ཁྱེད་ཀྱིས་མཐུ་སྟོབས་ཆེན་པོས་ཨི་ཇིབ་ནས་སྐྱབས་གནང་མཛད་དེ་འཁྲིད་ཕེབས་པའི་ཉིད་ཀྱི་མི་འབངས་རྣམས་ཚར་གཅོད་པ་མ་གནང་རོགས་གནང་། 27ཉིད་ཀྱི་ཞབས་ཏོག་པ་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་ལ་ཐུགས་དྲན་གསོ་བར་མཛོད་ཅིག མི་རིགས་དེ་ཚོའི་སེམས་གཤིས་གྱོང་པོ་དང་། ངན་སེམས་དང་དེ་ཚོའི་སྡིག་པར་མ་གཟིགས་རོགས་གནང་། 28དེ་མིན་ཨི་ཇིབ་པ་ཚོས། ཁྱེད་ཀྱིས་ཉིད་ཀྱི་འབངས་རྣམས་ལ་སྔར་ཁྱེད་ཀྱིས་ཞལ་བཞེས་གནང་བའི་ཡུལ་དེར་འཁྲིད་མ་ཐུབ་པ་དང་། ཁྱེད་ཀྱིས་མི་མང་དེ་ཚོ་བསད་ཕྱིར་འབྲོག་སྟོང་དུ་འཁྲིད་ཕེབས་པ་ཡིན་ནོ། གང་ལགས་ཟེར་ན། ཁྱེད་ཀྱིས་དེ་ཚོར་སྡང་བ་གནང་ངོ་ཞེས་ཤོད་ཉེན་ཡོད། 29གང་ལྟར་ཡིན་རུང་། མི་རིགས་འདི་ཚོ་ནི་སྔར་ཁྱེད་ཀྱིས་ཉིད་ཀྱི་མི་འབངས་སུ་བཀོད་ཕྱིར་འདམས་པ་གནང་སྟེ། ཉིད་ཀྱི་མཐུ་སྟོབས་ཆེན་པོས་དེ་དག་ཨི་ཇིབ་ནས་བཏོན་ཏེ་འཁྲིད་ཕེབས་པ་ཡིན་ནོ་ཞེས་ཞུས་པ་ཡིན་ནོ༎

བཀའ་ཁྲིམས་སྐྱར་བཤད 10

མོ་ཤེས་ལ་བཀའ་ཁྲིམས་བཅུ་སྐྱར་དུ་ཐོབ་པ།

(སྡེབ་ཐོན་ ༣༤:༡-༡༠)

1དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ། སྔོན་གྱི་རྡོ་ལེབ་དང་འདྲ་བ་རྡོ་ལེབ་གཉིས་བཅད་དེ། དེ་བཞག་པའི་ཕྱིར་ཤིང་སྒྲོམ་ཞིག་བཟོས་ཏེ། རི་རྩེར་ངའི་རྩར་ཤོག་ཅིག། 2སྔར་ཁྱོད་ཀྱི་བཅག་པའི་རྡོ་ལེབ་དེར་སྔར་གང་བྲིས་ཡོད་པ་བཞིན། ངས་རྡོ་ལེབ་དེ་གཉིས་ཀྱི་ཁར་སྐྱར་དུ་བྲིས་རྒྱུ་ཡིན། དེ་རྗེས་ཁྱོད་ཀྱིས་རྡོ་ལེབ་དེ་གཉིས་སྒྲོམ་དེའི་ནང་དུ་བཞག་དགོས་ཅེས་གསུངས་སོ། 3དེ་རྗེས་ངས་ཤིང་ཏིམ་ཤིང་ལས་སྒྲོམ་ཞིག་བཟོས་ནས་སྔར་བཞིན་རྡོ་ལེབ་གཉིས་གཤག་སྟེ་རི་རྩེར་འཁྱེར་ནས་ཕྱིན་པ་ཡིན། 4དེ་ནས་གཙོ་བོ་དཀོན་མཆོག་གིས་སྔར་གང་བྲིས་གནང་བའི་བཀའ་དེ་རང་ཁོང་གིས་རྡོ་ལེབ་དེ་གཉིས་ཁར་བྲིས་པ་གནང་ཞིང་། ཡང་ཁོང་གིས་གནང་བའི་བཀའ་ཁྲིམས་བཅུ་ནི་སྔར་ཁྱོད་ཚོ་རི་བོའི་འགྲམ་དུ་འཛོམ་སྐབས། ཁོང་གིས་མེའི་དཀྱིལ་ནས་གསུངས་གླེང་གནང་དུས་སྩལ་བའི་བཀའ་རྒྱ་དེ་དག་ཡིན་ནོ། དེ་རྗེས་གཙོ་བོ་དཀོན་མཆོག་གིས་རྡོ་ལེབ་དེ་གཉིས་ང་ལ་གནང་བ་དང་། 5ང་རི་རྩེ་ནས་མར་བབས་ཏེ། གཙོ་བོ་དཀོན་མཆོག་གིས་གསུངས་པ་བཞིན་རྡོ་ལེབ་དེ་གཉིས་ངས་བཟོས་པའི་སྒྲོམ་དེའི་ནང་བཞག་པ་ཡིན་པས། དུས་དེ་ནས་བཟུང་རྒྱུན་དུ་དེར་ཡོད་པ་ཡིན་ནོ། 6(ཡཱ་ཀན་རིགས་བརྒྱུད་ཀྱི་ཁྲོན་པ་ཡོད་སའི་ས་གནས་ནས་ཨིསི་རཱཨེལ་པ་ཚོ་ཐོན་སྟེ་མོ་སེ་རཱ་བྱ་བའི་གནས་སུ་སླེབས་ཤིང་། དེར་ཨ་རོན་གྲོངས་ནས་སྦས་པ་དང་། ཁོང་གི་བུ་ཨེ་ལི་ཛར་ཁོང་གི་ཚབ་ཏུ་བླ་མའི་ལས་མཚན་དུ་བསྐོས་སོ། 7དེ་ནས་ཁོ་ཚོ་གྷུད་གོ་དཱ་རུ་ཕྱིན་ནས། ཆུ་མང་པོ་ཡོད་པའི་ས་གནས་ཡོད་བྷ་ཐཱ་རུ་བསླེབས་སོ། 8རི་བོའི་ཁར་གཙོ་བོ་དཀོན་མཆོག་གིས་ལེ་ཝི་སྡེ་རིགས་ཀྱི་སྐྱེས་པ་རྣམས་ལ་སྒྲོམ་དེ་རྩིས་སྤྲོད་གནང་ཞིང་། ཁོ་ཚོས་བླ་མ་བྱས་ནས་ཁོང་གིས་ཞབས་ཕྱི་ཞུ་དགོས་པ་དང་། ཁོང་གི་མཚན་བརྗོད་དེ་གཞན་ལ་བྱིན་རླབས་སྤྲོད་དགོས་པའི་ལས་འགན་དེ་གནང་བ་ཡིན་ནོ། དེང་དུས་ཀྱང་གོང་གསལ་ལས་འགན་རྣམས་ཁོ་ཚོས་བྱེད་བཞིན་པ་ཡིན་ནོ། 9དེར་བརྟེན་པས་ལེ་ཝིའི་སྡེ་རིགས་ཚོར་སྡེ་རིགས་གཞན་དང་འདྲ་བའི་ས་སྐལ་མ་ཐོབ་མོད། འོན་ཀྱང་ཁོ་ཚོར་གང་ཐོབ་པ་དེ་ནི་སྔར་ཁྱོད་ཚོའི་གཙོ་བོ་དཀོན་མཆོག་གིས་དམ་བཅའ་གནང་བ་ལྟར་དེ་ཚོ་བླ་མའི་གོ་གནས་སུ་འཁོད་པའི་དམིགས་བསལ་གྱི་ཐོབ་ཐང་ཐོབ་པ་ཡིན་ནོ།) 10དེ་རྗེས་སྔར་བཞིན་ང་རི་རྩེར་ཉིན་མཚན་བཞི་བཅུ་བར་དུ་བསྡད་པས། གཙོ་བོ་དཀོན་མཆོག་གིས་སླར་ཡང་ངའི་ཞུ་བར་ལན་གཅིག་གསན་ཏེ་ཁྱོད་ཚོར་ཚར་གཅོད་མི་གནང་བའི་མོས་མཐུན་གནང་ངོ་། 11དེ་ནས་ཁོང་གིས་ཁྱོད་ཚོའི་མེས་པོ་རྣམས་ལ་གནང་གི་ཡིན་ཞེས་དམ་བཅའ་གནང་བའི་ཡུལ་དེ་ཁྱོད་ཚོས་དབང་འཛིན་བྱེད་ཕྱིར་ངས་ཁྱོད་ཚོར་འགོ་འཁྲིད་བྱེད་དགོས་པའི་བཀའ་གནང་བྱུང་༎

གཙོ་བོ་དཀོན་མཆོག་གི་དགོས་འདོད་དེ་ག་རེ་ཡིན་པ།

12ཀྱེ་ཨིསི་རཱཨེལ་གྱི་མི་མང་རྣམས། ཁྱོད་ཚོའི་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ནས་དགོས་འདོད་གང་གནང་གི་ཡོད་པ་དེར་ཉོན་ཅིག གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུས་ཤིང་། ཁོང་གི་བཀའ་ཚང་མར་རྩིས་སྲུང་ཞུ་དགོས་པ་དང་། ཁོང་ལ་བྱམས་བརྩེ་དང་སེམས་ཀྱི་གཏིང་ནས་སྲི་ཞུ་ཞུ་དགོས། 13ཁྱོད་ཚོར་ཕན་ཐོག་ཡོང་ཕྱིར་དེ་རིང་ངས་སློབ་སྟོན་བྱེད་བཞིན་པའི་ཁོང་གི་བཀའ་ཁྲིམས་ཡོངས་རྫོགས་སྲུང་ཞིག 14ནམ་མཁའི་གནས་ཚད་མཐོ་ཤོས་དེ་ནི་གཙོ་བོ་དཀོན་མཆོག་གི་ཡིན་པ་དང་། དེ་བཞིན་ས་གཞི་དང་དེའི་ནང་དུ་ཡོད་པའི་དངོས་པོ་ཚང་མ་ཁོང་གི་ཡིན་ནོ། 15འོན་ཀྱང་ཁྱོད་ཚོའི་མེས་པོ་རྣམས་ལ་གཙོ་བོ་དཀོན་མཆོག་གིས་ཧ་ཅང་ཐུགས་བརྩེ་ཆེན་པོ་གནང་བའི་རྐྱེན་གྱིས་མི་རིགས་གཞན་གྱི་ཚབ་ཏུ་ཁྱོད་ཚོར་འདམས་པ་གནང་ཞིང་། དེ་རིང་གི་བར་དུའང་ཁྱོད་ཚོ་ཁོང་གི་མི་འབངས་སུ་འཁོད་ཡོད་པ་ཡིན་ནོ། 16དེ་བས་ན་ད་ནས་བཟུང་ཁྱོད་ཚོ་གཙོ་བོ་དཀོན་མཆོག་གིས་བཀའ་ལ་ཉན་ཏེ་སེམས་གཤིས་གྱོང་པོ་མ་བྱས་ཤིག 17ཁྱོད་ཚོའི་གཙོ་བོ་དཀོན་མཆོག་ནི་ལྷ་རྟེན་ཀུན་དང་མཐུ་སྟོབས་ཀུན་ལས་མཆོག་ཡིན་པ་དང་། ཁོང་ནི་མངའ་ཐང་ཆེ་ཞིང་མཐུ་དང་ལྡན་པས། ཁོང་ལ་འཛིགས་དགོས་སོ། ཁོང་ནི་ཉེ་རིང་ཀུན་དང་བྲལ་ཞིང་། ལྐོག་རྔན་ནོར་སོགས་མི་བཞེས་སོ། 18ད་ཕྲུག་དང་ཡུག་མོ་རྣམས་ལ་ཁོང་གིས་དྲང་བདེན་གྱི་ཁྲིམས་སྤྱོད་གནང་བཅུག་གོ ང་ཚོའི་མི་མང་གི་ཁྲོད་དུ་ཡོད་པའི་ཕྱི་རྒྱལ་མི་རིགས་རྣམས་ལ་ཁོང་གིས་བྱམས་སྐྱོང་གནང་སྟེ། དེ་དག་ལ་ཟས་གོས་སོགས་སྦྱོར་བར་མཛད་པར་འགྱུར། 19དེ་བས་ན་ཁྱོད་ཚོས་ཕྱི་རྒྱལ་བ་དེ་ཚོ་ལ་བྱམས་སེམས་བྱོས་ཤིག གང་ལགས་ཟེར་ན། སྔར་ཁྱོད་ཚོའང་ཨི་ཇིབ་དུ་ཕྱི་རྒྱལ་བའི་ཚུལ་དུ་གནས་པ་ཡིན་ནོ། 20གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་འབའ་ཞིག་གི་བཀའ་སྲུང་བ་དང་བསྙེན་བཀུར་ཞུས་ཞིག དམ་ཚིག་གཙང་མ་ཞུས་ཤིང་། ཁྱོད་ཚོའི་དམ་བཅའ་རྣམས་ཁོང་གཅིག་པོའི་མཚན་ལ་ཞུས་ཤིག 21ཁོང་ལ་བསྟོད་སྔགས་འབུལ་ཞིག། ཁོང་ནི་ཁྱོད་ཚོའི་དཀོན་མཆོག་ཡིན་པ་དང་། ཁོང་གིས་ཁྱོད་ཚོའི་ཕྱིར་གནང་བའི་མངའ་ཐང་ཆེ་ཞིང་ངོ་མཚར་ལྡན་པའི་ལྟས་རྣམས་ཁྱོད་ཚོའི་རང་གི་མིག་ངོར་མཐོང་བ་ཡིན་ནོ། 22ཁྱོད་ཚོའི་ཕ་མེས་རྣམས་ཨི་ཇིབ་དུ་སླེབས་སྐབས་མི་གྲངས་བདུན་ཅུ་ལས་མེད་མོད། འོན་ཀྱང་ད་ལྟ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོ་ནམ་མཁའི་སྐར་ཚོགས་བཞིན་དུ་གྲངས་ལས་འདས་པར་འཕེལ་རྒྱས་གནང་ཡོད་པ་ཡིན་ནོ༎

བཀའ་ཁྲིམས་སྐྱར་བཤད 11

གཙོ་བོ་དཀོན་མཆོག་གི་མངའ་ཐང།

1ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བརྩེབ་ཞུས་ཏེ། ཁོང་གི་ཁྲིམས་རྣམས་རྒྱུན་དུ་སྲུངས་ཤིག 2ཁྱོད་ཚོས་རང་གི་ཉམས་མྱོང་གི་ཐོག་ནས་གཙོ་བོ་དཀོན་མཆོག་གི་སྐོར་ལ་གང་ཤེས་རྟོགས་བྱུང་བ་དེ་དག་དེ་རིང་དྲན་གསོ་བྱོས་ཤིག ཁྱོད་ཚོའི་བུ་ཕྲུག་ཚོས་ཉམས་མྱོང་འདི་དག་བྱས་པ་མ་ཡིན་ཏེ། འོན་ཀྱང་ཁྱོད་ཚོ་རང་གིས་བྱས་པ་ཡིན་ནོ། ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་མངའ་ཐང་དང་མཐུ་སྟོབས་དང་། 3ངོ་མཚར་ཆེ་བའི་མཛད་འཕྲིན་དག་མཐོང་ཡོད་པ་དང་། ཁོང་གིས་ཨི་ཇིབ་ཀྱི་རྒྱལ་པོ་དང་། ཁོའི་རྒྱལ་ཁམས་ཡོངས་ལ་གང་གནང་བ་དེ་དག་ཁྱོད་ཚོས་མཐོང་ཡོད་པ་དང་། 4ཨི་ཇིབ་ཀྱི་དམག་མི་ཚོས་ཁྱོད་ཚོ་དེད་ནས་ཡོང་སྐབས། ཁོང་གིས་ཇི་ལྟར་དེ་ཚོའི་ཤིང་རྟ་དང་བཅས་པ་རྒྱ་མཚོ་དམར་པོར་སྐྱུར་ཏེ། ཡོངས་སུ་ཚར་གཅོད་གནང་བ་དེའང་ཁྱོད་ཚོས་མཐོང་ཡོད། 5ཁྱོད་ཚོ་འདིར་མ་སླེབས་པའི་སྔོན་ལ་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་ཕྱིར་འབྲོག་སྟོང་ནང་དུ་ག་རེ་གནང་བ་དེ་དག་ཁྱོད་ཚོས་ཤེས་གསལ་ཡིན་ནོ། 6རུ་བྷེན་གྱི་སྡེ་རིགས་ནས་ཡིན་པ་ཨེ་ལི་ཨབ་ཀྱི་བུ་དྷ་ཐན་དང་། ཨ་བྷི་རམ་གཉིས་ལ་ཁོང་གིས་ག་རེ་གནང་བ་དེ་ཁྱོད་ཚོས་དྲན་གསོ་བྱོས་དང་། ཚང་མས་མཐོང་སར་ས་གཞི་ཁ་ཕྱེ་ནས་དེ་དག་ནང་མི་དང་། གུར་དང་དེ་ཚོའི་འཁོར་གཡོག་རྣམས་དང་ཟོག་སེམས་ཅན་དང་བཅས་པ་ཚང་མ་ས་འོག་ཏུ་ཚུད་པ་ཡིན་ནོ། 7གཙོ་བོ་དཀོན་མཆོག་གིས་མཛད་པའི་ངོ་མཚར་ཆེ་བའི་ལྟས་འདི་དག་མཐོང་མཁན་ནི་ཁྱོད་ཚོ་རང་ཡིན་ནོ༎

ཞལ་བཞེས་གནང་བའི་ཡུལ་དུ་བྱིན་རླབས་གནང་བ།

8དེ་རིང་ངས་ཁྱོད་ཚོར་སྤྲད་པའི་ཁྲིམས་ཚང་མ་སྲུངས་ཤིག དེ་ལྟར་བྱས་པ་ཡིན་ན་ཁྱོད་ཚོ་གཙང་པོ་རྒལ་ནས་སླེབས་རན་པའི་ཡུལ་དེ་ནི་བདག་འཛིན་བྱེད་རྒྱུ་ཡིན་ནོ། 9སྔར་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་མེས་པོ་རྣམས་དང་། དེ་ཚོའི་རིགས་བརྒྱུད་ཚོར་ཞལ་བཞེས་གནང་བའི་ཡུལ་ཕྱུག་པོ་དང་ས་ལུད་འཛོམས་པོ་དེར་ཁྱོད་ཚོ་ལོ་མང་རིང་གནས་སྡོད་བྱེད་པར་འགྱུར། 10ཁྱོད་ཆོས་བདག་འཛིན་བྱེད་རན་པའི་ཡུལ་དེ་ནི་སྔར་ཁྱོད་ཚོ་གནས་སྡོད་བྱེད་པའི་ཡུལ་ཨི་ཇིབ་དང་མི་འདྲ་སྟེ། ཨི་ཇིབ་ཏུ་ཁྱོད་ཚོས་ས་བོན་བཏབ་པའི་རྗེས་སུ་དཀའ་ངལ་ཆེན་པོས་ཞིང་ཆུ་འདྲེན་དགོས་པ་ཡིན་ནོ། 11འོན་ཀྱང་ཁྱོད་ཚོ་སླེབས་རན་པའི་ཡུལ་དེ་ནི་རི་དང་ལུང་གཤོང་ལྡན་པའི་ཡུལ་ཞིག་ཡིན་པས། དེའི་ས་ཞིང་ཚང་མར་ཆར་ཆུ་འབང་ཞིང་། 12གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཡུལ་དེར་ཐུགས་ཅག་གནང་སྟེ། ལོ་འཁོར་རིང་གཟིགས་སྐྱོང་གནང་ངོ་། 13དེ་བས་ན་དེ་རིང་ངས་ཁྱོད་ཚོར་སློབ་སྟོན་བྱེད་པའི་བཀའ་རྣམས་སྲུང་ཞིང་། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་བརྩེ་བ་ཞུས་ཏེ། བློ་སེམས་རྩེ་གཅིག་གི་སྒོ་ནས་ཁོང་ལ་ཞབས་ཏོག་ཞུ་དགོས། 14ཁྱོད་ཚོས་དེ་བཞིན་བྱས་པ་ཡིན་ན། ཁོང་གིས་ཁྱོད་ཚོའི་ཡུལ་དུ་དགོས་པའི་དུས་སུ་སྟོན་ཀ་དང་། དཔྱིད་ཀའི་དུས་སུའང་ཆར་ཆུ་བཏང་བ་གནང་ཞིང་། ཁྱོད་ཚོར་འབྲུ་དང་རྒུན་ཆང་དང་ཁ་སྐྱུར་པོའི་སྣུམ་དང་། 15གཞན་ཡང་ཁྱོད་ཚོའི་ཟོག་སེམས་ཅན་རྣམས་ལ་རྩ་ཁ་ཐོབ་རྒྱུ་ཡིན་པ་དང་། ཁྱོད་ཚོར་མཁོ་བའི་ཁ་ཟས་ཀྱི་རིགས་ཚང་མ་འབྱོར་བར་འགྱུར། 16དེ་བས་ན་ཁྱོད་ཚོས་ལྷ་རྟེན་གཞན་ལ་མཆོད་ཅིང་། དེ་དག་ལ་ཞབས་ཕྱི་ཞུས་ཞིང་། རང་གི་གཙོ་བོ་དཀོན་མཆོག་ནས་ཐག་རིང་དུ་མ་འགྲོ་ཞིག 17གལ་སྲིད་དེ་ལྟར་བྱས་པ་ཡིན་ན་གཙོ་བོ་དཀོན་མཆོག་ཁྱོད་ཚོ་ལ་ཐུགས་དགོངས་འཁྲུགས་ཏེ། ཁོང་གིས་ཆར་ཆུ་བཀག་པ་གནང་བས། ཁྱོད་ཚོའི་ས་ཞིང་ཡོངས་སུ་སྐམ་ནས་ལོ་ཏོག་མི་སྐྱེས་ཞིང་། ཁོང་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དེ་བཟང་པོ་ཇི་ལྟར་ཡིན་རུང་། ཁྱོད་ཚོ་ཡུལ་དེར་རིང་མིན་འཆི་བར་འགྱུར། 18བཀའ་རྒྱ་འདི་དག་དྲན་གསོ་བྱས་ནས་ཡིད་ལ་ཆོངས་ཤིག་དང་། དྲན་རྟེན་གྱི་ཚུལ་དུ་དེ་དག་རང་གི་ལག་ངར་དང་ཐོད་པར་བཏགས་ཤིག 19རང་གི་བུ་ཕྲུག་ཚོ་ལའང་དེ་བཞིན་བྱེད་དགོས་པའི་སློབ་སྟོན་བྱོས་ཤིག ནང་ལ་བསྡད་སྐབས་དང་ཕྱོགས་སུ་ཐོན་སྐབས། དེ་བཞིན་ངལ་གསོའི་སྐབས་དང་ལས་ཀ་བྱེད་སྐབས་གང་རུང་ལ་ཁྱོད་ཚོས་དེའི་སྐོར་གཏམ་གླེང་བྱེད་དགོས། 20ཁྱོད་ཚོའི་སྒོའི་རེ་བཞི་དང་གཞུང་སྒོའི་ཐོད་ཁག་ཏུ་དེ་དག་བྲིས་ཤིག 21དེ་ནས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོའི་ཕ་མེས་རྣམས་ལ་ཞལ་བཞེས་གནང་བའི་ཡུལ་དེར་ཁྱོད་ཚོ་རང་གི་བུ་ཕྲུག་དང་བཅས་པ་ཡུན་རིང་འཚོ་ཞིང་གནས་པར་འགྱུར། ས་གཞིའི་ཐོད་དུ་ནམ་མཁའ་ཇི་ལྟར་གནས་པ་ལྟར་ཁྱོད་ཚོ་ཡང་གནས་བར་འགྱུར། 22ངས་སློབ་སྟོན་བྱས་པའི་ཁྲིམས་རྣམས་ཚུལ་བཞིན་སྲུངས་ཤིག རང་གི་གཙོ་བོ་དཀོན་མཆོག་ལ་བརྩེ་ཞུ་ཞིང་། ཁོང་གི་བཀའ་ཚང་མ་སྲུངས་ཏེ། ཁོང་དང་དམ་ཚིག་མི་འགལ་བར་བྱོས་ཤིག 23དེ་ལྟར་བྱས་ན་ཁོང་གིས་ཁྱོད་ཚོ་མདུན་བསྐྱོད་བྱེད་སྐབས་མི་རིགས་དེ་ཚོ་ཚང་མ་ཕྱིར་སྐྲོད་གནང་ཞིང་། ཁྱོད་ཚོ་ལས་ལུས་སྟོབས་དང་མངའ་ཐང་ཆེ་བའི་མི་རིགས་དེ་ཚོའི་ཡུལ་དེ་ཁྱོད་ཚོས་བདག་འཛིན་བྱེད་པར་འགྱུར། 24ཁྱོད་ཆོས་གོམ་སྤོས་གང་དུ་བྱས་པའི་ས་གཞི་ཚང་མ་ཁྱོད་ཚོར་ཐོབ་རྒྱུ་ཡིན་པ་དང་། ཁྱོད་ཚོའི་ཡུལ་གྱི་ས་མཚམས་ནི་ལྷོ་ཕྱོགས་ཀྱི་འབྲོག་སྟོང་ནས་བྱང་ཕྱོགས་སུ་ལེ་བ་ནོན་གྱི་རི་ཁུལ་བར་དང་། དེ་བཞིན་ཤར་ཕྱོགས་ཀྱི་གཙང་པོ་ཡུབ་རད་ནས་ནུབ་ཕྱོགས་སུ་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོ་བར་དུ་ཁྱབ་པར་འགྱུར། 25དཁྱོད་ཚོ་ཡུལ་གང་དུ་ཕྱིན་རུང་སྔར་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཞལ་བཞེས་གནང་བ་བཞིན་མི་རིགས་གཞན་ཚོས་ཁྱོད་ཚོ་མཐོང་ནས་ཞེད་དགོས་པ་ཞིག་བཟོས་གནང་བ་དང་། སུས་ཀྱང་ཁྱོད་ཚོར་བཀག་འགོག་བྱེད་མི་ཐུབ་བོ། 26དེ་རིང་ངས་ཁྱོད་ཚོར་བྱིན་རླབས་དང་དམོད་པ་གཉིས་ལས་གཅིག་འདམས་ཀ་བྱེད་པའི་གོ་སྐབས་སྤྲད་ཀྱི་ཡོད། 27དེ་རིང་ངས་ཁྱོད་ཚོར་སློབ་སྟོན་བྱེད་བཞིན་ཡོད་པའི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་བཀའ་རྒྱ་རྣམས་ལ་སྲུང་པ་ཡིན་ན་ཁྱོ་ཚོ་ལ་བྱིན་རླབས་ཐོབ་རྒྱུ་དང་། 28འོན་ཀྱང་བཀའ་རྒྱ་འདི་དག་མ་ཉན་པར་དེ་སྔ་ནམ་ཡང་མ་མཆོད་པའི་ལྷ་རྟེན་གཞན་ལ་མཆོད་པ་ཡིན་ན་ཁྱོད་ཚོར་དམོད་པ་འཕོག་ངེས་སོ། 29ཁྱོད་ཚོས་བདག་འཛིན་བྱེད་རྒྱུའི་ཡུལ་དེར་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་འཁྲིད་ཕེབས་སྐབས། ཁྱོད་ཚོས་རི་བོ་གྷེ་རི་ཛིམ་ནས་བྱིན་རླབས་ཀྱི་སྨོན་ཚིག་དང་། རི་བོ་ཨེ་བལ་ནས་དམོད་པའི་གསལ་བསྒྲག་བྱེད་དགོས། 30(རི་བོ་འདི་གཉིས་ནི་གཙང་པོ་ཡོར་དན་གྱི་ནུབ་ཕྱོགས་སུ་ཡོར་དན་ལུང་གཤོང་ཁུལ་དུ་གནས་སྡོད་བྱེད་མཁན་ཀ་ནན་པ་ཚོའི་ས་ཁུལ་དུ་འཁེལ་ཡོད་ཅིང་། རི་བོ་དེ་ཚོ་ནི་ནུབ་ཕྱོགས་སུ་གྲོང་ཚོ་གྷིལ་གཱལ་གྱི་ཉེ་འགྲམ་དུ་ཡོད་པའི་ས་གནས་མོ་རཱེའི་ཤིང་སྡོང་དམ་པ་དེ་ཚོའི་ཉེ་ལྡབས་སུ་ཡོད་པ་ཡིན་ནོ།) 31ཁྱོད་ཚོས་གཙང་པོ་ཡོར་དན་རྒལ་ཏེ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དེ་བདག་འཛིན་བྱེད་རན་པས། ད་ཁྱོད་ཚོས་ཡུལ་དེ་དབང་འཛིན་བྱས་ཏེ་དེར་གཞིས་ཆགས་ནས་བསྡད་སྐབས། 32དེ་རིང་ངས་ཁྱོད་ཚོར་སློབ་སྟོན་བྱེད་བཞིན་པའི་ཁྲིམས་རྣམས་ཁྱོད་ཚོས་ཡོངས་སུ་རྩིས་སྲུང་ཞུ་རྒྱུའི་བློ་ཐག་ཆོད་ཅིག།

བཀའ་ཁྲིམས་སྐྱར་བཤད 12

མཆོད་འབུལ་གྱི་ས་གནས་གཅིག་རང་།

1ཁྱོད་ཚོའི་མེས་པོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་གནང་རྒྱུ་ཡིན་པའི་ཡུལ་དེར་གནས་ཡུན་རིང་ལ། ཁྱོད་ཚོས་རྩིས་སྲུང་ཞུ་དགོས་པའི་ཁྲིམས་འདི་དག་ལ་ཉོན་ཅིག 2ཁྱོད་ཚོས་བདག་འཛིན་བྱེད་རྒྱུ་ཡིན་པའི་ཡུལ་དེར་རི་མཐོ་པོ་རྣམས་དང་། རི་བརྒྱུད་ཁག་དང་། ཤིང་སྡོང་ལྗང་ཁུའི་འོག་ཏུ་ཡོད་པའི་དེ་ཚོའི་ལྷ་རྟེན་རྣམས་ལ་མཆོད་ཕྱིར་གཞན་གྱིས་བཟོས་པའི་ས་གནས་དེ་ཚོ་ཚང་མ་ཁྱོད་ཚོས་སྟོར་ཤིག་གཏོང་དགོས་པ་དང་། 3དེ་ཚོའི་མཆོད་ཁྲི་རྣམས་སྟོར་ཤིག་བཏང་ནས་དབྱུགས་དགོས། རྡོའི་ཀ་བ་རྩ་ཆེན་རྣམས་དུམ་བུར་བཅག་སྟེ་སྟོར་དགོས། ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་རྣམས་མེར་སྲེག་གཏོང་དགོས། འདྲ་སྐུ་གཞན་རྣམས་ཀྱང་བཏུབ་ནས་དབྱུགས་དགོས། གང་ལགས་ཟེར་ན། ཕྱིས་སུ་ས་ཁུལ་དེ་ཚོར་སླར་ཡང་ལྷ་རྟེན་དེ་དག་ལ་མཆོད་འབུལ་བྱེད་མི་ཐུབ་པའི་ཕྱིར་རོ། 4མི་རིགས་འདི་ཚོས་རང་གི་ལྷ་རྟེན་དག་ལ་མཆོད་པ་བཞིན་ཁྱོད་ཚོས་རང་གི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་དེ་བཞིན་མ་མཆོད་ཅིག 5ཁྱོད་ཚོའི་སྡེ་རིགས་ཚང་མའི་ས་ཁོངས་ནས་གཙོ་བོ་དཀོན་མཆོག་གིས་ས་གནས་གཅིག་རང་འདམས་པ་གནང་ཞིང་། དེར་མི་རྣམས་ཁོང་གི་སྤྱན་སྔར་བཅར་ཏེ། ཁོང་ལ་བསྙེན་བཀུར་ཞུ་བར་འགྱུར། 6དེར་ཁྱོད་ཚོས་རང་གི་དམར་མཆོད་ཀྱི་སྦྱིན་སྲེག་དང་དམར་མཆོད་གཞན་རྣམས་དང་། ཁྱོད་ཚོའི་འབུལ་བའི་བཅུ་ཁག་དང་འབུལ་བ་སོགས་དང་། གཙོ་བོ་དཀོན་མཆོག་ལ་དམ་བཅའ་ཞུས་པའི་འབུལ་བ་རྣམས་དང་། དང་བླངས་ཀྱི་འབུལ་བ་རྣམས་དང་། རང་གི་སྒོ་ཕྱུགས་ཀྱི་སྔོན་སྐྱེས་ཀྱི་འབུལ་བ་སོགས་འབུལ་ཞིང་། 7དེར་ཁྱོད་ཚོ་ལ་བྱིན་རླབས་གནང་མཁན་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཚོ་དང་ཁྱོད་ཚོ་རང་གི་ནང་མི་དང་བཅས་པས་རང་གིས་འབད་བརྩོན་བྱས་པའི་འགྲུབ་འབྲས་བཟང་པོ་བཟའ་ཞིང་ལོངས་སུ་སྤྱོད་པར་འགྱུར། 8དུས་དེ་རན་སྐབས། ཁྱོད་ཚོས་ད་བར་བྱེད་སྟངས་གང་བྱས་པ་བཞིན་ད་ཕྱིན་ཆད་མ་བྱེད་ཅིག ད་བར་ཁྱོད་ཚོས་རང་གི་འདོད་མོས་བཞིན་དུ་མཆོད་འབུལ་བྱས་ཡོད་པ་ཡིན་ནོ། 9གང་ལགས་ཟེར་ན། ཁྱོད་ཚོ་ཞི་བདེའི་ངང་དུ་གནས་ཐུབ་པའི་ཕྱིར་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་གནང་རྒྱུ་ཡིན་པའི་ཡུལ་དེར་འཛུལ་མེད་པ་ཡིན་ནོ། 10ཁྱོད་ཚོས་གཙང་པོ་ཡོར་དན་རྒལ་བའི་རྗེས་སུ་གཙོ་བོ་དཀོན་མཆོག་གིས་ཡུལ་དེ་ཁྱོད་ཚོའི་བདག་དབང་དུ་གནང་ཞིང་དེར་ཁྱོད་ཚོ་གནས་སྡོད་བྱ་རྒྱུ་དང་། དེར་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་དགྲ་བོའི་འཇིགས་པ་ཀུན་ལས་སྐྱབས་པ་གནང་ཞིང་། ཁྱོད་ཚོ་ཞི་བདེའི་ངང་དུ་གནས་པར་འགྱུར། 11གཙོ་བོ་དཀོན་མཆོག་གིས་ཁོང་ལ་བསྙེན་བཀུར་ཞུ་བའི་ས་གནས་གཞན་དང་མི་འདྲ་བ་ཞིག་ཁོང་གིས་འདམས་གནང་ཞིང་། ངས་སྨྲས་པ་བཞིན་ཁྱོད་ཚོས་དེར་རང་གི་དམར་མཆོད་ཀྱི་སྦྱིན་སྲེག་དང་དམར་མཆོད་གཞན་རྣམས་དང་། ཁྱོད་ཚོའི་འབུལ་བའི་བཅུ་ཁག་དང་འབུལ་བ་སོགས་དང་། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་དམ་བཅའ་ཞུས་པའི་དམིགས་བསལ་གྱི་འབུལ་བ་རྣམས་འཁྱེར་ཡོང་དགོས། 12ཁྱོད་ཚོ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་རང་གི་བུ་ཕྲུག་དང་། འཁོར་གཡོག་དང་། དེ་བཞིན་ཁྱོད་ཚོའི་གྲོང་ཁྱེར་དུ་གནས་སྡོད་བྱེད་པའི་ལེ་ཝི་པ་དང་བཅས་པ་ཚང་མ་དགའ་མགུར་སྤྱོད་ཅིང་། ལེ་ཝི་པ་རྣམས་ལ་རང་གི་ས་སྐལ་མེད་པ་དེ་དྲན་པར་གྱིས་ཤིག 13ཁྱོད་ཚོས་འདོད་མོས་བཞིན་ས་གནས་གང་རུང་དུ་རང་གི་དམར་མཆོད་མ་འབུལ་ཞིག 14གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་སྡེ་རིགས་ཁོངས་ནས་འདེམས་སྒྲུག་གནང་བའི་ས་གནས་དེ་རང་གཅིག་པོར་རང་གི་འབུལ་བ་རྣམས་འབུལ་དགོས་པ་དང་། ས་གནས་དེ་རང་གཅིག་པོར་ཁྱོད་ཚོས་རང་གི་སྦྱིན་སྲེག་གི་མཆོད་འབུལ་དང་། ངས་སྨྲས་པའི་དོན་གནད་གཞན་རྣམས་བྱེད་ཆོག་པ་ཡིན་ནོ། 15འོན་ཀྱང་ཁྱོད་ཚོ་གང་དུ་གནས་སྡོད་བྱེད་པའི་ས་གནས་དེ་རང་དུ་རང་གི་འདོད་མོས་བཞིན་སེམས་ཅན་བསད་ནས་ཟ་ཆོག་པ་དང་། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་གནང་བའི་སེམས་ཅན་མང་ཉུང་ཇི་ཙམ་ཡང་ཟ་ཆོག ཁྱོད་ཚོ་ཆོས་ཁྲིམས་བཞིན་དུ་གཙང་བའམ་མི་གཙང་བ་བྱུང་ཡོད་ན་ཡང་རི་དགས་ཤ་བའམ་ཤ་མོའི་ཤ་ཟ་བ་བཞིན་དེ་ཡང་ཟ་ཆོག་གོ 16ཁྱོད་ཚོས་དེ་ཚོའི་ཁྲག་ཟ་མི་ཆོག། འོན་ཀྱང་ཆུ་གཤོ་བ་བཞིན་ཁྲག་དེའང་སའི་ཁར་གཤོས་ཤིག 17ཁྱོད་ཚོས་རང་གི་ལོ་ཐོག་དང་རྒུན་ཆང་དང་། དེ་བཞིན་ཁ་སྐྱུར་པོའི་སྣུམ་བཅས་ཀྱི་བཅུ་ཁག་དང་། ཁྱོད་ཚོའི་ལུག་ལ་སོགས་པའི་ཟོག་སེམས་ཅན་རྣམས་ཀྱི་སྔོན་སྐྱེས་དང་། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་དམ་བཅའ་ཕུལ་བའི་འབུལ་བ་ཁག་དང་། དང་བླངས་ཀྱི་འབུལ་བ་ཁག་དང་དེ་བཞིན་འབུལ་བ་གཞན་རྣམས་གཙོ་བོ་དཀོན་མཆོག་ལ་ཕུལ་བའི་རྗེས་སུ། ཁྱོད་ཚོས་འབུལ་བ་དེ་རྣམས་རང་གི་སྡོད་གནས་རང་དུ་ཟ་མི་རུང་། 18འབུལ་བ་དེ་རྣམས་ཁྱོད་ཚོ་དང་ཁྱོད་ཚོའི་བུ་ཕྲུག་རྣམས་དང་། ཁྱོད་ཚོའི་འཁོར་གཡོག་རྣམས་དང་། དེ་བཞིན་ཁྱོད་ཚོའི་གྲོང་ཁྱེར་ཁག་ཏུ་གནས་སྡོད་བྱེད་པའི་ལེ་ཝི་པ་རྣམས་དང་མཉམ་དུ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་འདེམས་སྒྲུག་གནང་བའི་མཆོད་འབུལ་བྱེད་སའི་ས་གནས་གཅིག་པོར་ཁོང་གི་སྤྱན་སྔར་ཟ་དགོས་པ་མ་ཟད། དེར་ཁྱོད་ཚོས་གང་བྱས་པའི་ལས་དོན་ཚང་མར་དགའ་སྤྲོ་སྐྱེས་དགོས། 19ཁྱོད་ཚོ་རང་ཡུལ་དུ་གནས་ཡུན་རིང་དུ་ལེ་ཝི་པ་རྣམས་ལ་ལྟ་སྐྱོང་བྱེད་རྒྱུའི་སེམས་འཁུར་བྱོས་ཤིག 20གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་གི་ཞལ་བཞེས་གནང་བ་བཞིན་ཁོང་གིས་ཁྱོད་ཚོའི་ཡུལ་གྱི་ས་མཚམས་རྒྱ་ཆེ་རུ་གཏོང་བ་གནང་སྐབས། ཁྱོད་ཚོས་རང་གི་འདོད་མོས་བཞིན་ག་དུས་ཡིན་རུང་ཤ་ཟ་ཆོག་པ་ཡིན་ནོ། 21མཆོད་འབུལ་བྱེད་སའི་གནས་དེ་ས་ཐག་རིང་པོར་ཡོད་པ་ཡིན་ན། ཁྱོད་ཚོས་ག་དུས་ཡིན་རུང་རང་གི་འདོད་མོས་བཞིན་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་གནང་བའི་བ་ཕྱུགས་སམ་ལུག་དག་བསད་ནས་ངས་སྨྲས་པ་བཞིན་སོ་སོའི་ནང་དུ་ཤ་དེ་ཟ་ཆོག 22ཆོས་ཁྲིམས་གཞིར་བཟུང་ཁྱོད་ཚོ་སུ་ཞིག་དག་སྦྱང་བྱུང་ཡོད་མིན་ཁྱོད་ཚོས་རི་དྭགས་ཤ་བ་ཕོ་མོའི་ཤ་ཟ་བ་བཞིན་ཤ་དེའང་དེ་བཞིན་ཟ་ཆོག་མོད། 23འོན་ཀྱང་ད་དུང་ཁྲག་འབྲེལ་ཡོད་པ་ཡིན་ན་ཤ་དེ་ཟ་མི་རུང་། གང་ལགས་ཟེར་ན། ཁྲག་གི་ནང་སྲོག་ཡོད་པས་ཁྱོད་ཚོས་ཤ་དང་མཉམ་དུ་སྲོག་དེ་ཟ་མི་རུང་བ་ཡིན་ནོ། 24ཁྲག་ནི་ཟས་སུ་ལོངས་མ་སྤྱད་པར། ཆུ་གཤོ་བ་བཞིན་ཁྲག་དེ་སའི་ཁར་གཤོས་ཤིག་དང་། 25ཁྱོད་ཚོས་བཀའ་ཁྲིམས་འདི་དག་བརྩིས་སྲུང་ཞུས་ན་གཙོ་བོ་དཀོན་མཆོག་ཐུགས་མཉེས་ཤིང་། ཁྱོད་ཚོ་དང་ཁྱོད་ཚོའི་རིགས་བརྒྱུད་དང་བཅས་པར་བྱ་བ་ལམ་འགྲོ་ཡོང་རྒྱུ་ཡིན་ནོ། 26ཁྱོད་ཚོས་རང་གི་འབུལ་བ་ཁག་དང་། གཙོ་བོ་དཀོན་མཆོག་ལ་དམ་བཅའ་ཕུལ་བའི་དམིགས་བསལ་གྱི་འབུལ་བའི་འབུལ་བ་རྣམས་མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་འཁྱེར་ཡོང་དགོས། 27གཙོ་བོ་དཀོན་མཆོག་གི་མཆོད་ཁྲིའི་སྟེང་དུ་ཡོངས་སུ་མེར་སྲེག་གཏོང་དགོས་པའི་དམར་མཆོད་རྣམས་གནས་དེར་འབུལ་དགོས། འབུལ་བའི་ཤ་དེ་ཟས་ནས་ཁྲག་དེ་མཆོད་ཁྲིའི་ཁར་གཏོར་དགོས་པའི་མཆོད་པ་དེའང་ས་གནས་དེ་རང་དུ་བྱོས་ཤིག་དང་། 28ངས་གང་སྨྲས་པ་ཚང་མ་ཁྱོད་ཚོས་ཚུལ་བཞིན་སྲུང་བ་ཡིན་ན། ཁྱོད་ཚོ་རང་གི་མི་བརྒྱུད་དང་བཅས་པར་ལས་དོན་གང་སྤྱིར་ལམ་འགྲོ་ཡོང་ངེས་སོ། གང་ལགས་ཟེར་ན། དེ་ལྟར་བྱས་པའི་སྒོ་ནས་ཁྱོད་ཚོས་གང་བཟང་ཞིང་རིགས་པ་ཡིན་པ་དང་། ཁྱོད་ཀྱི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཐུགས་མཉེས་པའི་ལས་བྱེད་དོོ༎

ལྷ་སྐུར་བརྟེན་མི་རུང་བའི་ཟོན་བསྐུལ།

29ཁྱོད་ཚོས་དབང་འཛིན་བྱས་པའི་ཡུལ་གྱི་མི་རིགས་རྣམས་ལ་གཅོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཚར་གཅོད་གནང་ཞིང་། དེར་ཁྱོད་ཚོ་གཞིས་ཆགས་རྒྱུ་ཡིན་པ་དང་། 30ཡང་གཙོ་བོ་དཀོན་མཆོག་གིས་མི་རིགས་དེ་ཚོ་ཚར་གཅོད་གནང་བའི་རྗེས་སུ། ཁྱོད་ཚོས་དེ་དག་གི་ཆོས་ལུགས་ཀྱི་རྗེས་སུ་མ་འབྲངས་ཤིག དེ་མིན་ཁྱོད་ཚོ་རྙི་ནང་ཚུད་བར་འགྱུར། དེ་ཚོས་མཆོད་ལྟངས་ཇི་ལྟར་ཡིན་ནམ་ཞེས་ཤེས་འདོད་ཙམ་ཡང་མ་བྱེད་ཅིག དེ་མིན་ཁྱོད་ཚོས་ཀྱང་དེ་བཞིན་བྱེད་ཉེན་ཡོད། 31དེ་ཚོས་རང་གི་ལྷ་རྟེན་སོགས་ལ་མཆོད་འབུལ་བྱེད་སྐབས། གཙོ་བོ་དཀོན་མཆོག་གི་སྡང་བ་དང་ལས་ངན་སྐྱོག་བྲོ་པོ་དག་བྱེད་སྲོལ་ཡོད་པས། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་དེ་བཞིན་མཆོད་འབུལ་མ་བྱེད་ཅིག དེ་ཚོས་རང་གི་ཕྲུ་གུའང་མེའི་མཆོད་ཁྲིའི་ཁར་དམར་མཆོད་འབུལ་གྱི་ཡོད། 32ངས་སློབ་སྟོན་བྱས་པའི་བཀའ་རྒྱ་ཚང་མ་སྒྲུབ་དགོས་པ་དང་། དེའི་ཁར་ཚིག་གཅིག་ཀྱང་འཕར་གནོན་བརྒྱབ་པའམ་དེ་ལས་ཚིག་གཅིག་ཀྱང་འཐེན་པ་སོགས་བྱེད་མི་རུང་ངོ་༎

བཀའ་ཁྲིམས་སྐྱར་བཤད 13

1-2ཁྱོད་ཚོས་དེ་སྔ་ནམ་ཡང་མཆོད་མ་མྱོང་བའི་ལྷ་རྟེན་རྣམས་ལ་མཆོད་འབུལ་དང་བསྙེན་བཀུར་བྱེད་བཅུག་པའི་ཕྱིར་ལུང་སྟོན་པའམ་རྨི་ལམ་གྱི་དོན་བཤད་ཐུབ་མཁན་ཞིག་གིས་ཁྱོད་ཚོ་ལ་ལྟས་དང་རྫུ་འཕྲུལ་སོགས་བསྟན་པ་དང་། དེ་ཚོས་གང་བཤད་པ་རྣམས་ལ་བདེན་པར་མངོན་རུང་། 3དེ་ལ་དོ་སྣང་མ་བྱེད་ཅིག། ཁྱོད་ཚོས་བློ་སེམས་རྩེ་གཅིག་གི་སྒོ་ནས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་བརྩེ་བ་ཡོད་མེད་ཚོད་བལྟ་ལེན་པའི་ཕྱིར་གཙོ་བོ་དཀོན་མཆོག་གིས་མི་དེ་ལ་བེད་སྤྱོད་གནང་བ་ཡིན་པས། 4གཙོ་བོ་དཀོན་མཆོག་གི་རྗེས་སུ་འབྲངས་ཏེ་ཁོང་ལ་གུས་བཀུར་ཞུས་ཤིག ཁོང་གི་བཀའ་ཁྲིམས་རྣམས་སྲུང་སྟེ། ཁོང་ལ་མཆོད་ཅིང་དམ་ཚིག་བརྟན་པོར་གནས་ཤིག 5འོན་ཀྱང་ལུང་སྟོན་པའམ་རྨི་ལམ་གྱི་དོན་བཤད་མཁན་སུས་ཀྱང་ཁྱོད་ཚོ་ལ་ཨི་ཇིབ་གྱི་བྲན་འཁོལ་ནས་སྐྱབས་པ་གནང་མཁན་གཙོ་བོ་དཀོན་མཆོག་ལ་རྒོལ་འཇུག་པ་ཡིན་ན། དེ་ལ་གསོད་ཅིག་དང་། དེ་ནི་མི་ངན་ཞིག་ཡིན་ནོ། གཙོ་བོ་དཀོན་མཆོག་གི་བཀའ་བཞིན་དུ་ཁྱོད་ཚོས་ཇི་ལྟར་བསྐྱལ་དགོས་པའི་མི་ཚེ་ནས་ཁྱོད་ཚོ་ལ་ཐག་རིང་འཁྱེར་འགྲོ་བའི་ཐབས་ཤེས་བྱེད་བཞིན་ཡོད། ངན་པ་འདི་ཚོ་ལས་རང་ཉིད་ལ་སྐྱབས་ཕྱིར་མི་དེ་ཚོ་ལ་གསོད་དགོས་སོ། 6ཁྱོད་ཚོའི་སྤུན་ནམ་བུ་དང་བུ་མོ། དེ་བཞིན་རང་གིས་གཅེས་པའི་ཆུང་མའམ་གྲོགས་པོ་ཚོས་ད་ཕན་ཁྱོད་ཚོ་དང་ཁྱོད་ཚོའི་མེས་པོ་རྣམས་ཀྱི་ནམ་ཡང་མཆོད་མ་མྱོང་བའི་ལྷ་རྟེན་རྣམས་ལ་མཆོད་པའི་ཕྱིར་གསང་བའི་ཐོག་ནས་ཁྱོད་ཚོར་ངན་བསྐུལ་བྱེད་ཉེན་ཡོད་དོ། 7དེ་ཚོའི་ནང་ནས་གཅིག་གིས་ཁྱོད་ཚོ་ལ་ཉེ་རྒྱང་གང་རུང་དུ་གནས་སྡོད་བྱེད་མཁན་གྱི་མི་ཚོའི་ལྷ་རྟེན་རྣམས་ལ་མཆོད་པའི་ཕྱིར་ངན་བསྐུལ་བྱེད་ཉེན་ཡོད། 8དེ་བས་ན་དེའི་སླུ་འཁྲིད་ནང་མ་ཚུད་པར། དེས་གང་བཤད་པ་དེ་ལ་མ་ཉོན་ཅིག། དེ་ལ་སྙིང་རྗེ་དང་། སྲུང་སྐྱོབ་སོགས་གང་ཡང་མ་བྱེད་ཅིག 9དེ་ལ་གསོད་ཅིག། དེ་ལ་ཐོག་མར་ཁྱོད་ཀྱི་རྡོ་བརྒྱབ་ནས། དེ་རྗེས་ཚང་མས་ཁོ་ལ་རྡོ་རུབ་བརྒྱབ་ནས་གསོད་དགོས་སོ། 10གང་ལགས་ཟེར་ན། ཁོས་སྔར་ཁྱོད་ཚོ་ཨི་ཇིབ་ཀྱི་བྲན་འཁོལ་ནས་ཕྱིར་བཏོན་མཛད་དེ་འཁྲིད་ཕེབས་མཁན་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ནས་ཁྱོད་ཚོར་ཐག་རིང་འཁྲིད་ཐབས་བྱས་པའི་ཕྱིར་རོ། 11དེ་ནས་ཨིསི་རཱཨེལ་མི་མང་ཚང་མས་གནས་ཚུལ་དེ་ཐོས་ནས་འཇིག་སྣང་སྐྱེས་ཤིང་། སླད་ཕྱིན་ལས་ངན་དེ་འདྲ་སུས་ཀྱང་བྱེད་མི་ནུས་སོ། 12གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་བའི་གྲོང་ཁྱེར་ཁག་ཏུ་གནད་སྡོད་བྱེད་སྐབས། 13ཁྱོད་ཚོའི་མི་རིགས་ཀྱི་ཁོངས་ནས་ཕན་མེད་མི་འགའ་ཤས་ཀྱིས་གྲོང་ཚོ་དེ་གའི་མི་རྣམས་ལ། དེ་སྔ་ཁྱོད་ཚོས་ནམ་ཡང་མཆོད་མ་མྱོང་བའི་ལྷ་རྟེན་དག་ལ་མཆོད་པའི་ངན་བསྐུལ་ལམ་ལོག་ཏུ་འཁྲིད་པའི་སྐོར་ཐོས་ཉེན་ཡོད། 14ཁྱོད་ཚོས་དེ་ལྟ་བུའི་དཀྲོག་གཏམ་ཐོས་པ་ཡིན་ན། དེ་ལ་བརྟག་དཔྱད་ཞིབ་པར་བྱེད་དགོས། གལ་ཏེ་དོན་དམ་དུ་རྐྱེན་ངན་དེ་འདྲ་ཞིག་བྱུང་ཡོད་པ་ཡིན་ན། 15གྲོང་ཚོ་དེའི་མི་དང་ཕྱུགས་ཟོགས་དང་བཅས་པ་ཚང་མ་བསད་དེ། གྲོང་ཁྱེར་དེའང་ཡོངས་སུ་སྟོར་ཤིག་གཏོང་དགོས། 16དེ་གའི་ཡུལ་མི་རྣམས་ཀྱི་རྒྱུ་ནོར་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ནས་ཁྲོམ་རའི་དཀྱིལ་དུ་སྤུངས་ཏེ། དེ་རྗེས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་མཆོད་འབུལ་གྱི་ཚུལ་དུ་གྲོང་ཁྱེར་དེ་དང་། དེའི་ནང་ཇི་ཡོད་པ་ཚང་མ་མེར་སྲེག་གཏོང་དགོས། དེ་རྗེས་གྲོང་ཁྱེར་དེ་ནི་རྟག་ཏུ་གྱང་གོག་གི་གནས་སྟངས་སུ་བཞག་དགོས་པ་ལས། དེར་ནམ་ཡང་གཞིག་གསོས་བྱེད་པར་མི་འགྱུར་རོ། 17རྩ་སྟོར་གཏོང་རྒྱུའི་དངོས་རིགས་ཀྱི་ཁོངས་ནས་སོ་སོའི་དོན་དུ་གང་ཡང་བདག་ཉར་མ་བྱེད་ཅིག དེ་རྗེས་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་དྲག་པོ་དེ་ཡོངས་སུ་ཞི་ཞིང་། ཁྱོད་ཚོར་སྙིང་རྗེ་གནང་རྒྱུ་དང་། སྔར་ཁོང་གིས་ཁྱོད་ཚོའི་མེས་པོ་རྣམས་ལ་ཞལ་བཞེས་གནང་བ་བཞིན། ཁྱོད་ཚོའི་མི་འབོར་ཡང་གྲངས་ལས་འདས་པར་འཕེལ་རྒྱས་ཡོང་ངེས་སོ། 18ངས་དེ་རིང་ཁྱོད་ཚོར་སྤྲད་པའི་བཀའ་ཁྲིམས་རྣམས་ཁྱོད་ཚོས་སྲུང་ཞིང་། ཁོང་གི་ཐུགས་དགོངས་བཞིན་དུ་བྱེད་པ་ཡིན་ན། ཁོང་གིས་ཁྱོད་ཚོར་དེ་བཞིན་གནང་ངེས་སོ༎

བཀའ་ཁྲིམས་སྐྱར་བཤད 14

མྱ་ངན་བྱེད་སྲོལ་ངན་པ།

1ཁྱོད་ཚོ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་མི་འབངས་ཡིན་པས། གཤིན་པོའི་མྱ་ངན་བྱེད་སྐབས་མི་རིགས་གཞན་དང་འདྲ་བར་རང་གིས་རང་ལ་གཤག་གཅོད་བྱེད་པའམ་མགོའི་མདུན་ཕྱོགས་ཀྱི་སྐྲ་མ་བཞར་ཅིག 2གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་མི་འབངས་ཡིན་པ་དང་། ཁོང་གིས་ས་གཞིའི་མི་རིགས་ཀུན་གྱི་ནང་ནས་ཁྱོད་ཚོ་ཉིད་ཀྱི་མི་འབངས་སུ་བཀོད་པ་གནང་ཕྱིར་འདམས་གནང་བ་ཡིན་ནོ༎

གཙང་བ་དང་མི་གཙང་བའི་སེམས་ཅན་རྣམས།

(ལེ་ཝི་ ༡༡:༡-༤༧)

3གཙོ་བོ་དཀོན་མཆོག་གིས་མི་གཙང་བར་ཡིན་ཟེར་ཁྱབ་བསྒྲགས་གནང་བའི་རིགས་ཤིག་མ་ཟ་ཞིག 4ཁྱོད་ཚོས་ཟ་རུང་བའི་སེམས་ཅན་རྣམས་ནི། བ་གླང་དང་། ལུག་དང་། ར་དང་། 5ཤ་བ། གནའ་བ། ཁ་ཤ། གཙོད་དང་། 6གཞན་ཡང་རྨིག་པ་ཁ་བྲལ་ཞིང་ལྡད་བརྒྱབ་མཁན་སེམས་ཅན་རྣམས་ཡིན་ནོ། 7རྨིག་པ་ཁ་བྲལ་ཞིང་ལྡད་བརྒྱབ་མཁན་སེམས་ཅན་མ་གཏོགས་དེ་མིན་སེམས་ཅན་གཞན་རྣམས་ཟ་མི་རུང་། རྔ་མོང་ངམ། རི་བོང་ངམ། བྲག་གི་གྲུམ་པ་སོགས་ཟ་མི་རུང་། དེ་དག་མི་གཙང་བར་རྩིས་དགོས་སོ། གང་ལགས་ཟེར་ན། དེ་ཚོས་ལྡད་བརྒྱབ་རུང་རྨིག་པ་ཁ་བྲལ་མེད་པས་ཕྱིར་རོ། 8ཡང་ཕག་པ་ཟ་མི་རུང་། དེ་ནི་མི་གཙང་བ་ཡིན་ནོ། དེའི་རྨིག་པ་ཁ་བྲལ་ཡོད་རུང་། དེས་ལྡད་མི་བརྒྱབ་པས་ཕྱིར་རོ། དེའི་ཤ་ཟ་བའམ་རོ་ལ་འཆང་ཡང་མི་རུང་ངོ་། 9ཉའི་རིགས་ལས་ཤོག་པ་དང་ལྤགས་རིས་ལྡན་པའི་ཉ་རྣམས་ཟ་ཆོག་མོད། 10འོན་ཀྱང་ཤོག་པ་དང་ལྤགས་རིས་མེད་པའི་ཆུའི་ནང་གི་སེམས་ཅན་གང་འདྲ་ཞིག་ཡིན་རུང་དེ་ནི་མི་གཙང་བ་ཡིན་པས་ཟ་མི་རུང་ངོ་། 11འདབ་ཆགས་གཙང་བ་རྣམས་ཟ་རུང་མོད། 12-18འོན་ཀྱང་བྱ་གླག་དང་། འུག་པ། ཁྲ། གོ་བོ། བྱ་རྒོད། ཕོ་རོག། བྱ་ཆེན་ཨོསི་ཊི་རི་ཆི། མཚོའི་འདབ་ཆགས། ངང་པ་དང་། ཁྲུང་ཁྲུང་། ཆུ་བྱའི་རིགས་སྣ་ཚོགས་དང་། ཕ་ཝང་དང་། ཙི་ཙི་ལྒང་པོ་བཅས་ཟ་མི་རུང་བ་ཡིན་ནོ། 19འབུ་སྲིན་ཤོག་པ་ལྡན་པ་ཚང་མ་མི་གཙང་བ་ཡིན་པས། དེ་དག་ཟ་མི་རུང་། 20འབུ་སྲིན་གཙང་མ་རྣམས་ཟ་རུང་བ་ཡིན་ནོ། 21རང་བཞིན་གྱིས་ཤི་བའི་སྲོག་ཆགས་གང་ཡང་ཟ་མི་རུང་སྟེ། དེ་དག་ཁྱོད་ཚོའི་ཁྲོད་དུ་ཡོད་པའི་ཕྱི་རྒྱལ་བ་རྣམས་ལ་ཟ་རུ་བཅུག་པའམ། ཕྱི་རྒྱལ་བ་གཞན་ལ་འཚོང་བར་རུང་ངོ་། འོན་ཀྱང་ཁྱོད་ཚོ་ནི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་མི་འབངས་ཡིན་ནོ། ལུག་གུའམ་ར་ཕྲུག་ཞིག་གི་ཤ་ནི་དེའི་ཨ་མའི་འོ་མའི་ནང་དུ་བཙོས་པར་མི་རུང་ངོ་༎

བཅུ་ཁག་གིི་ཁྲིམས།

22ལོ་རེར་ས་ཞིང་གི་ཐོན་སྐྱེད་གང་ཡོང་ནས་བཅུ་ཆ་ཞིག་ཟུར་དུ་དབྱེ་སྟེ། 23གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་འདམས་པ་གནང་བའི་མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་ཕྱིན་ནས། དེར་ཁོང་གི་སྤྱན་སྔར་རང་གི་འབྲུ་དང་། རྒུན་ཆང་དང་། ཁ་སྐྱུར་པོའི་སྣུམ་སོགས་ཀྱི་བཅུ་ཁག་དང་། དེ་བཞིན་རང་གི་ཕྱུགས་ཟོག་ར་ལུག་སོགས་ཀྱི་སྔོན་སྐྱེས་ཀྱི་མཆོད་འབུལ་ལས་ཟ་དགོས། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་རྒྱུན་དུ་མོས་གུས་ཞུ་སྟངས་ཤེས་ཕྱིར་དེ་ལྟར་བྱེད་དགོས་པ་ཡིན་ནོ། 24གལ་ཏེ་མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེ་ཁྱོད་ཚོའི་སྡོད་ཁང་ནས་ཐག་རིང་པོར་ཡོད་པ་ཡིན་ན། རང་གི་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་བྱིན་རླབས་གནང་བའི་ཐོན་སྐྱེད་ཀྱི་བཅུ་ཁག་དེ་འཁྱེར་བར་དཀའ་ངལ་ཡོད་ཚེ་ཁྱོད་ཚོས་དེ་ལྟར་བྱོས་ཤིག 25ཐོན་སྐྱེད་ཀྱི་རིགས་རྣམས་འཚོང་ནས། དེའི་དངུལ་དེ་མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་འཁྱེར་ནས། 26རང་གི་འདོད་མོས་བཞིན་གླང་ཤའམ་ལུ་གུའི་ཤ། རྒུན་ཆང་དང་ཆང་གཞན་སོགས་ཉོས་ཏེ། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཚོ་ནང་མི་དང་བཅས་པས་ཟས་ནས་དགའ་སྤྲོ་བྱོས་ཤིག 27ཁྱོད་ཚོའི་གྲོང་ཁྱེར་དུ་གནས་སྡོད་བྱེད་པའི་ལེ་ཝི་པ་རྣམས་ལ་རང་བདག་གི་རྒྱུ་དངོས་མེད་པས། དེ་ཚོར་ལྟ་སྐྱོངས་བྱེད་རྒྱུ་མ་བརྗེད་ཅིག 28ལོ་གསུམ་རེའི་ལོ་མཇུག་ཏུ་སྟོན་ཐོག་ཚང་མའི་བཅུ་ཁག་བསྡུ་བསྒྲུགས་བྱས་ཏེ་ཁྱོད་ཚོའི་གྲོང་ཁྱེར་ནང་དུ་གསོག་འཇོག་བྱེད་དགོས། 29ཁ་ཟས་དེ་དག་ནི་རང་བདག་གི་རྒྱུ་དངོས་མེད་པའི་ལེ་ཝི་པ་རྣམས་དང་། ཁྱོད་ཚོའི་གྲོང་ཁྱེར་དུ་གནས་པའི་ཕྱི་རྒྱལ་བ་རྣམས་དང་ད་ཕྲུག་དང་། དེ་བཞིན་ཡུག་མོ་རྣམས་ཀྱི་ཆེད་དུ་ཡིན། དེ་ཚོས་རང་ལ་གང་དགོས་པ་བཞིན་དེ་ནས་འཁྱེར་བཅུག་དགོས། དེ་ལྟར་བྱས་པ་ཡིན་ན་རང་གི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོའི་ལས་དོན་ཚང་མར་བྱིན་རླབས་གནང་རྒྱུ་ཡིན་ནོ༎

བཀའ་ཁྲིམས་སྐྱར་བཤད 15

(ལེ་ཝི་ ༢༥:༡-༧)

1ལོ་བདུན་རེའི་ལོ་མཇུག་ཏུ་ཁྱོད་ཚོས་མི་གཞན་གྱི་བུ་ལོན་རྣམས་སེལ་དགོས། 2དེ་ལྟར་བྱེད་དགོས། སུ་ཞིག་གིས་ཨིསི་རཱཨེལ་པ་ནང་ཁོངས་ལ་བུ་ལོན་སྤྲད་ཡོད་པ་ཡིན་ན། དེས་བུ་ལོན་དེ་སེལ་དགོས། བུ་ལོན་གྱི་དངུལ་དེ་ཚུར་བསྡུ་ཐབས་མ་བྱེད་ཅིག གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་རང་ཉིད་ཀྱིས་ཁོ་ཚོའི་བུ་ལོན་སེལ་ཡོད་ཞེས་ཁྱབ་བསྒྲགས་གནང་ཟིན་ནོ། 3ཕྱི་རྒྱལ་བ་ཞིག་གིས་ལེན་པའི་བུ་ལོན་དེ་འདེད་ཆོག་མོད། འོན་ཀྱང་ཁྱོད་ཚོའི་རང་རིགས་གཅིག་པའི་མི་རྣམས་ཀྱིས་ལེན་པའི་བུ་ལོན་དེ་འདེད་མི་ཆོག་གོ 4གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དེར་ཁྱོད་ཚོ་ལ་བྱིན་རླབས་གནང་རྒྱུ་ཡིན་པ་དང་། 5གལ་ཏེ་ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ཞིང་། དེ་རིང་ངས་གང་སྨྲས་པ་དེ་ལ་ནན་ཏན་ཆེན་པོས་རྩིས་སྲུང་བྱེད་ན། ཁྱོད་ཚོའི་ནང་ནས་སུའང་དབུལ་བར་མི་འགྱུར། 6གཙོ་བོ་དཀོན་མཆོག་གིས་སྔར་དམ་བཅའ་གནང་བ་བཞིན། ཁོང་གིས་ཁྱོད་ཚོར་བྱིན་རླབས་གནང་ཞིང་། ཁྱོད་ཚོས་མི་རིགས་མང་པོར་བུ་ལོན་བཏང་མོད། འོན་ཀྱང་ཁྱོད་ཚོས་གཞན་སུ་ཞིག་ནས་ཀྱང་བུ་ལོན་གཡར་མི་དགོས་སོ། ཁྱོད་ཚོས་མི་རིགས་མང་པོ་ཞིག་རང་དབང་དུ་བསྡུ་རྒྱུ་ཡིན་པ་ལས། མི་རིགས་སུས་ཀྱང་ཁྱོད་ཚོ་ལ་རང་དབང་དུ་བསྡུ་ཐུབ་མི་ཡོང་ངོ་། 7གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་གྱི་གྲོང་ཁྱེར་གང་རུང་དུ་ཨིསི་རཱཨེལ་པ་ཞིག་དགོས་མཁོའིི་ནང་དུ་ཡོད་པ་ཡིན་ན། རང་དོན་ཁོ་ནར་མ་བསམ་པར། དེ་ལ་རོགས་བྱེད་ཀྱི་མིན་ཞེས་མ་ཟེར་ཞིག 8དེ་ལྟར་མ་ཡིན་པར་གཏོང་སེམས་ཆེན་པོས་ཁོ་ལ་གང་དགོས་པའི་བུ་ལོན་སྤྲོད་ཅིག 9བུ་ལོན་སེལ་ནས་འཇལ་མི་དགོས་པའི་ལོ་དུས་ཉེ་བར་རན་པ་ཡིན་ཟེར་དེ་ལ་བུ་ལོན་མ་སྤྲད་པ་མ་བྱེད་ཅིག དེ་ལྟ་བུའི་བསམ་སྦྱོར་ངན་པ་ཁྱོད་ཚོའི་སེམས་ནང་འཁོར་དུ་མ་བཅུག་ཅིག ཁྱོད་ཚོས་བུ་ལོན་མ་བཏང་བ་ཡིན་ན། མི་དེས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཚོའི་ཐོག་ཏུ་ཞུ་འབུལ་བྱེད་སྐབས་ཁྱོད་ཚོ་སྐྱོན་ཅན་དུ་བརྩི་བར་འགྱུར། 10དེ་བས་ན་རང་གི་ཁེ་ཕན་ལ་མ་ལྟོས་པར་གཏོང་སེམས་ཆེན་པོས་གཞན་ལ་སྤྲོད་ཅིག་དང་གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོའི་ལས་དོན་གང་སྤྱིར་བྱིན་རླབས་གནང་བར་འགྱུར། 11ཨིསི་རཱཨེལ་པའི་ཁོངས་ནས་ག་དུས་ཡིན་རུང་མི་དབུལ་པོ་དང་དགོས་མཁོའི་ནང་ཚུད་པ་བྱུང་བ་དང་། དེ་ཚོར་གཏོང་སེམས་ཆེན་པོས་རོགས་བྱེད་དགོས་ཅེས་ངས་ཁྱོད་ཚོར་བཀའ་བསྒོས་བྱེད་ཀྱིས་ཡིན༎

བྲན་གཡོག་རྣམས་ལ་རང་དབང་དུ་བཏང་བ།

(སྡེབ་ཐོན་ ༢༡:༡-༡༡)

12གལ་ཏེ་ཨིསི་རཱཨེལ་པ་སྐྱེ་ཕོ་མོ་གང་རུང་ཞིག་གིས་རང་ལ་བྲན་གཡོག་གི་ཚུལ་དུ་ཁྱོད་ཚོའི་ལག་ཏུ་བཙོང་པ་ཡིན་ན། ལོ་དྲུག་རིང་བྲན་གཡོག་རྒྱུག་པའི་རྗེས་སུ་ཁྱོད་ཚོས་དེ་ལ་སློད་དཀྲོལ་གཏོང་དགོས་ཏེ། ལོ་བདུན་པའི་སྐབས་སུ་དེ་ཐར་བར་བྱེད་དགོས། 13དེ་ལ་སློད་དཀྲོལ་བྱེད་སྐབས་ལག་པ་སྟོང་པར་མ་གཏོང་ཞིག 14གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་བྱིན་རླབས་གནང་བའི་དངོས་ཟོག་གི་ཁོངས་ནས། ལུག་དང་། འབྲུ་སྣ། རྒུན་ཆང་བཅས་དེ་ལ་གཏོང་སེམས་ཆེན་པོས་སྤྲོད་ཅིག 15ཁྱོད་ཚོ་སྔར་ཨི་ཇིབ་ཀྱི་བྲན་འཁོལ་ནས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་རང་དབང་དུ་བཏང་བ་དེ་དྲན་གསོ་བྱོས་ཤིག དེ་བས་ན་ངས་ད་ལྟ་ཁྱོད་ཚོ་ལ་བཀའ་བསྒོས་འདི་ལྟར་བྱེད་བཞིན་ཡོད། 16འོན་ཀྱང་ཁྱོད་ཀྱི་བྲན་གཡོག་དེ་འགྲོ་འདོད་མ་བྱེད་པར། ཁྱོད་དང་ཁྱོད་ཀྱི་ནང་མིར་བརྩེ་བ་དང་ཆགས་སེམས་བྱས་ཏེ་ཁྱོད་ཚོ་དང་མཉམ་དུ་གནས་པར་འདོད་ན། 17སྒོའི་རྩར་འཁྲིད་དེ། དེའི་ཨ་མཆོག་གཉིས་ལ་ཨི་ཁུང་འབིགས་ཤིང་། ཁོ་ཚེ་གང་ཁྱོད་ཀྱི་བྲན་གཡོག་ཏུ་གནས་དགོས་རྒྱུ་དང་། བྲན་མོ་ལའང་གོང་བཞིན་བྱེད་དགོས། 18བྲན་གཡོག་ཞིག་སློད་དཀྲོལ་བྱེད་སྐབས་འགྱོད་སེམས་མ་བྱེད་ཅིག གང་ལྟར་དེས་གླ་རིན་ཕྱེད་ཀ་མ་གཏོགས་མ་ལེན་པར་ལོ་ངོ་དྲུག་བར་ཁྱོད་ཀྱི་ཞབས་ཕྱི་ཞུས་པ་ཡིན་པས། བློ་སེམས་དགའ་པོའི་སྒོ་ནས་སློད་ཅིག དེ་ལྟར་བྱེད་ན། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོའི་ལས་དོན་ཀུན་ལ་བྱིན་རླབས་གནང་རྒྱུ་ཡིན་ནོ༎

སྔོན་དུ་སྐྱེས་པའི་སེམས་ཅན།

19ཁྱོད་ཚོའི་ཕྱུགས་ཟོག་དང་ལུག་ཁྱུའི་སྔོན་སྐྱེས་བེའུ་དང་ལུ་གུ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་ཆེད་དུ་ཟུར་དུ་དབྱེ་ནས་བཞག་དགོས་པ་དང་། ཕྱུགས་ཟོག་དེ་དག་ལ་ལས་ཀ་བསྐུལ་མི་རུང་བ་དང་། དེ་ལྟ་བུའི་ལུག་གི་བལ་ཀྱང་འབྲེག་མི་རུང་བ་ཡིན་ནོ། 20མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཚོ་ནང་མི་དང་བཅས་པས་དེ་དག་གི་ཤ་དེ་ལོ་ལྟར་རེ་བཞིན་ཟ་དགོས། 21འོན་ཀྱང་སེམས་ཅན་དེ་ཚོ་རྐང་ཀྱོག་དང་ལོང་བ་དང་དེ་བཞིན་སྐྱོན་ཆག་ཆེན་པོ་ཡོད་པ་ཡིན་ན། དེ་དག་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་དམར་མཆོད་འབུལ་མི་རུང་ངོ། 22སེམས་ཅན་དེ་འདྲ་ནི་ཁྱོད་ཚོས་རང་གི་ཁྱིམ་དུ་ཟ་ནའང་ཆོག ཁྱོད་ཚོ་ཆོས་ཁྲིམས་བཞིན་དུ་དག་འབྱངས་བྱུང་ཡོད་པའམ་མེད་པ་ཚང་མས་ཤ་བ་དང་གཙོད་ཀྱི་ཤ་ཟ་བ་ལྟར་དེ་དག་ཟ་ཆོག་པ་ཡིན་ནོ། 23འོན་ཀྱང་དེའི་ཁྲག་དེ་ཟ་མི་རུང་། ཆུ་གཤོ་བ་བཞིན་ཁྲག་དེ་སའི་ཁར་གཤོས་ཤིག།

བཀའ་ཁྲིམས་སྐྱར་བཤད 16

(སྡེབ་ཐོན་ ༡༢:༡-༢༠)

1ཨ་བིབ་ཟེར་བའི་ཟླ་བའི་དུས་སུ་ཐར་གྲོལ་གྱི་དུས་སྟོན་དེ་སྲུང་བའི་སྒོ་ནས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་གུས་བཀུར་ཞུ་དགོས། ཟླ་དུས་དེའི་མཚན་མོ་ཞིག་ལ་ཁོང་གིས་ཁྱོད་ཚོ་ཨི་ཇིབ་ནས་སྐྱབས་གྲོགས་མཛད་པ་ཡིན་ནོ། 2མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་ཕྱིན་ནས་ཐར་གྲོལ་གྱི་དུས་སྟོན་གྱི་ཁ་ཟས་སུ་རང་གི་གླང་གཅིག་གམ་ལུག་གཅིག་བསད་དེ་རང་གི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་གུས་བཀུར་ཞུས་ཤིག 3ཁྱོད་ཚོས་ཁ་ཟས་དེ་ཟ་དུས་ཆི་མན་ཡོད་པའི་བག་ལེབ་མ་ཟ་ཞིག སྔར་ཁྱོད་ཚོ་ཨི་ཇིབ་ནས་བྲེལ་ཟིངས་བྱས་ཏེ་ཐོན་སྐབས་གང་བྱས་པ་བཞིན། ད་ལྟའང་ཉིན་ཞག་བདུན་བར་དུ་ཆི་མན་མེད་པའི་བག་ལེབ་དེ་ཟ་དགོས་སོ། བག་ལེབ་དེའི་མིང་ནི་སྡུག་བསྔལ་གྱི་བག་ལེབ་ཅེས་ཟེར་བར་འགྱུར། དེ་ཟ་དུས་སྔར་ཁྱོད་ཚོ་དཀའ་ངལ་གྱི་ཡུལ་ཨི་ཇིབ་ནས་ཐོན་པའི་ཉིན་མོ་དེ་ཁྱོད་ཚོ་གསོན་པོར་གནས་ཡུན་རིང་དེ་དྲན་གསོ་བར་འགྱུར། 4ཉིན་ཞག་བདུན་བར་དུ་ཁྱོད་ཚོའི་ཡུལ་ནང་སུས་ཀྱང་རང་གི་ཁྱིམ་དུ་ཆི་མན་བཞག་མི་ཆོག ཉིན་ཞག་དང་པོའི་དགོང་མོར་བསད་པའི་སེམས་ཅན་གྱི་ཤ་དེ་ནི་མཚན་མོ་དེ་རང་ལ་ཟ་དགོས་སོ། 5-6ཐར་གྲོལ་གྱི་དུས་སྟོན་གྱི་ཆེད་དུ་དམིགས་པའི་སེམས་ཅན་རྣམས་མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་བསད་དགོས་པ་ལས། དེ་མིན་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་གྱི་ས་ཕྱོགས་གཞན་ཞིག་ཏུ་བསད་མི་ཆོག དགོང་མོ་ཉི་མ་ནུབ་སྐབས་སམ་སྔར་ཁྱོད་ཚོ་ཨི་ཇིབ་ནས་ཐོན་པའི་དུས་ཚོད་དེ་རང་ལ་སེམས་ཅན་དེ་བསད་དགོས། 7ཤ་དེ་ཆུ་ལ་བཙོས་ཏེ་མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེ་རང་དུ་ཟ་ཤིང་། དེའི་སང་ཞོགས་སྔ་པོར་ནང་དུ་ཕྱིར་ལོག་བྱེད་དགོས་སོ། 8དེ་རྗེས་ཉིན་ཞག་དྲུག་གི་བར་དུ་སྐྱུར་རྩི་མེད་པའི་བག་ལེབ་ཟ་དགོས་པ་དང་། ཡང་ཉིན་ཞག་བདུན་པར་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་མཆོད་ཕྱིར་འདུ་འཛོམས་བྱེད་དགོས་པ་དང་། དེ་ཉིན་ཁྱོད་ཚོས་ལས་ཀ་གང་ཡང་བྱེད་མི་ཆོག་པ་ཡིན་ནོ༎

སྟོན་ཐོག་རྔ་བའི་དུས་ཆེན།

(སྡེབ་ཐོན་ ༣༤:༢༢; ལེ་ཝི་ ༢༣:༡༥-༢༡)

9སྙེ་མ་རྔ་རྒྱུ་འགོ་ཚུགས་ནས་བདུན་ཕྲག་བདུན་གྱི་ཞུགས་ལ། 10གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་གུས་བཀུར་ཞུ་བའི་ཕྱིར་སྙེ་མ་རྔ་བའི་དུས་ཆེན་དེ་སྲུང་བརྩི་ཞུ་དགོས། སྐབས་དེར་ཁོང་གིས་ཁྱོད་ཚོ་ལ་གནང་བའི་བྱིན་རླབས་བཞིན། ཁོང་གི་སྤྱན་སྔར་དང་བླངས་ཀྱི་མཆོད་འབུལ་ཁག་འབུལ་དགོས། 11ཁྱོད་ཚོ་རང་གི་བུ་ཕྲུག་དང་འཁོར་གཡོག་དང་ཁྱོད་ཚོའི་གྲོང་ཁྱེར་དུ་གནས་སྡོད་བྱེད་པའི་ལེ་ཝི་པ་དང་། ཕྱི་རྒྱལ་བ་དང་། དེ་བཞིན་ད་ཕྲུག་དང་། ཡུག་མོ་རྣམས་དང་བཅས་པས་མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་དགའ་སྤྲོ་བྱོས་ཤིག 12ཁྱོད་ཚོས་བཀའ་ཁྲིམས་འདི་དག་ནི་ངེས་པར་དུ་སྲུང་དགོས་པ་དང་། སྔར་ཁྱོད་ཚོ་ཨི་ཇིབ་དུ་བྲན་འཁོལ་གྱི་གནས་སྟངས་སུ་གནས་པ་དེ་མ་བརྗེད་པར་བྱོས་ཤིག།

རྩ་གཡབ་ཀྱི་དུས་ཆེན།

(ལེ་ཝི་ ༢༣:༣༣-༤༣)

13ཁྱོད་ཚོས་ལོ་ཐོག་ཚང་མ་བསྡུ་སྒྲུག་བྱས་ཚར་བའི་རྗེས་སུ། རྒུན་འབྲུམ་ཚང་མ་བརྩིར་ཟིན་པའི་རྗེས་སུ་རྩ་གཡབ་ཀྱིི་དུས་ཆེན་དེ་ཉིན་ཞག་བདུན་བར་དུ་སྲུང་བརྩི་བྱོས་ཤིག 14ཁྱོད་ཚོའི་བུ་ཕྲུག་དང་། བྲན་གཡོག་དང་། ལེ་ཝི་པ་རྣམས་དང་། ཁྱོད་ཚོའི་གྲོང་ཁྱེར་དུ་གནས་སྡོད་བྱེད་མི་ཕྱི་རྒྱལ་བ་རྣམས་དང་། ད་ཕྲུག་རྣམས་དང་། ཡུག་མོ་རྣམས་དང་མཉམ་དུ་དུས་ཆེན་གྱི་རིང་དུ་དགའ་སྤྲོ་བྱོས་ཤིག 15མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་ཉིན་ཞག་བདུན་བར་དུ་དུས་ཆེན་དེ་སྲུང་བརྩི་བྱས་ནས། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་གུས་བཀུར་ཞུས་ཤིག གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་སྟོན་ཐོག་དང་། ལས་དོན་གང་སྤྱིར་བྱིན་རླབས་གནང་ཡོད་པས། ཁྱོད་ཚོ་དགའ་མགུར་ལོངས་སུ་སྤྱོད་ཅིག། 16ཁྱོད་ཚོའི་མི་རིགས་ཀྱི་སྐྱེས་པ་ཚང་མ་ཐར་གྲོལ་གྱི་དུས་སྟོན་དང་། སྟོན་ཐོག་རྔ་བའི་དུས་ཆེན་དང་། རྩ་གཡབ་ཀྱི་དུས་ཆེན་སོ་སོའི་སྐབས་སུ། མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་གཙོ་བོ་དཀོན་མཆོག་ལ་མཆོད་ཕྱིར་ལོ་རེར་ཐེངས་གསུམ་རེ་བཅར་དགོས། 17མི་རེ་རེས་རང་གི་ཅི་ནུས་ལྟར། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་གནང་བའི་བྱིན་རླབས་གཞིར་བཟུང་ལྟར་འབུལ་བ་རེ་འཁྱེར་ནས་འོངས་དགོས་སོ༎

ཁྲིམས་གཅོད་བཏང་བའི་ལས།

18གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་གནང་བའི་གྲོང་ཁྱེར་རེ་རེར་ཁྲིམས་དཔོན་དང་ལས་བྱེད་པ་གཞན་རྣམས་བསྐོ་གཞག་བྱེད་དགོས། ཡང་དེ་ཚོས་ཉེ་རིང་མེད་པར་ཁྲིམས་དྲང་པོ་བྱེད་དགོས་པ་དང་། 19དེ་ཚོས་ཁྲིམས་མི་དྲང་བར་གཅོད་པའམ། ཁྲིམས་གཅོད་སྐས་སུ་ཉེ་རིང་བྱེད་མི་ཆོག་པ་དང་། ལྐོག་རྔན་སོགས་ལེན་མི་ཆོག་གོ། གང་ལགས་ཟེར་ན། ལྐོག་རྔན་ལེན་པའི་རྐྱེན་གྱིས་མི་མཁས་ཤིང་དྲང་པོ་ཇི་འདྲ་ཞིག་ཡིན་རུང་། དེའི་མིག་ལོང་བར་ལྟ་བུར་འགྱུར་ཏེ་ཁྲིམས་ལོག་པར་གཅོད་ཉེན་ཡོད་པས། 20རྒྱུན་དུ་ཁྲིམས་གཅོད་དྲང་པོ་བྱོས་ཤིག་དང་། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་གནང་རྒྱུ་ཡིན་པའི་ཡུལ་དེ་ཁྱོད་ཚོས་དབང་འཛིན་བྱས་ཏེ། དེར་ཁྱོད་ཚོ་རྒྱུན་དུ་གནས་པར་འགྱུར། 21ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་མཆོད་ཁྲི་བཞེངས་སྐབས་དེའི་ཉེ་འགྲམ་དུ་ལྷ་མོ་ཨ་ཤེ་རཱའི་ཤིང་ལས་བཟོས་པའི་འདྲ་སྐུ་སོགས་བཞག་མི་རུང་ངོ་། 22སྐུ་འདྲར་མཆོད་པའི་ཕྱིར་རྡོའི་ཀ་བ་རྣམས་ཀྱང་མ་སྒྲེང་ཞིག གཙོ་བོ་དཀོན་མཆོག་ནི་དེ་ལྟ་བུ་དག་ལ་སྡང་བ་གནང་ངོ་༎

བཀའ་ཁྲིམས་སྐྱར་བཤད 17

1སྐྱོན་དང་ལྡན་པའི་ཕྱུགས་ཟོག་གམ་ལུག་ཞིག་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་དམར་མཆོད་དུ་མ་འབུལ་ཞིག དེ་ལ་གཙོ་བོ་དཀོན་མཆོག་སྡང་བ་གནང་ངོ་། 2-3གལ་ཏེ་ཁྱོད་ཚོའི་གྲོང་ཁྱེར་ཞིག་ཏུ་སྐྱེས་པའམ་བུད་མེད་ཤིག་གིས། གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བྱས་ཤིང་། ཁོང་དང་འཇོག་པའི་དམ་བཅའ་དང་འགལ་ཏེ། ལྷ་རྟེན་གཞན་ནམ་ཉི་ཟླའམ་རྒྱུ་སྐར་སོགས་ལ་བརྟེན་ཅིང་མཆོད་འབུལ་དང་ཞབས་ཏོག་བྱས་པ་ཡིན་ན། གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལ་རྒྱབ་འགལ་ཞུས་པའི་སྐོར་ལ། 4ཁྱོད་ཚོས་ཐོས་ནས། དེར་བརྟགས་བཅད་ཞིབ་པར་བྱས་ཏེ། ཨིསི་རཱཨེལ་གྱི་ནང་དུ་དེ་ལྟ་བུའི་རྐྱེན་ངན་ཞིག་བྱུང་ཡོད་པ་ངེས་ཏན་ཡིན་ན། 5མི་དེ་ལ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་འཁྲིད་དེ་རྡོ་རུབ་བརྒྱབ་ནས་གསོད་དགོས། 6འོན་ཀྱང་མི་གཉིས་སམ་དེ་ལས་མང་བས་དཔང་པོ་མ་བྱས་བར་དུ་མི་དེ་མ་གསོད་ཅིག དཔང་པོ་བྱེད་མཁན་གཅིག་མ་གཏོགས་མེད་ན་མི་དེ་བསད་མི་ཆོག 7དཔང་པོ་བྱེད་མཁན་ཚོས་མི་དེ་ལ་ཐོག་མར་རྡོ་བརྒྱབ་དགོས་ཤིག དེ་རྗེས་མི་མང་བྱིངས་ནས་རྡོ་རུབ་བརྒྱབ་སྟེ། དེ་ལྟར་ཁྱོད་ཚོས་ངན་པ་དེ་དག་ཚར་གཅོད་དགོས། 8ས་གནས་ཀྱི་ཁྲིམས་དཔོན་རྣམས་ཀྱིས་ཐག་གཅོད་དཀའ་བའི་རྩོད་རྙོག་དག་ཀྱང་ཡོང་སྲིད་པ་ནི། དཔེར་ན་ས་ཞིང་རྒྱུ་དངོས་སོགས་ཀྱི་རྩོད་རྙོག་དང་། ཉེས་རྡུང་རྨས་སྐྱོན་བྱེད་པ་དང་། མི་བསད་པའི་རྩོད་པ་སོགས་ཐག་གཅོད་བྱེད་དཀའ་བ་ཁག་བྱུང་བ་ཡིན་ན། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་འདམས་པ་གནང་བའི་མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་ཕྱིན་ནས། 9ལེ་ཝིའི་བླ་མ་རྣམས་དང་སྐབས་དེའི་ཁྲིམས་དཔོན་ཚོའི་མདུན་དུ་རྩོད་རྙོག་དེ་དག་བཞག་སྟེ། ཁོ་ཚོས་དེའི་སྐོར་ཐག་གཅོད་བྱེད་དགོས། 10ཁོ་ཚོས་ཐག་གཅོད་གང་བྱས་པ་དེར་ཁྱོད་ཚོས་ངོས་ལེན་གྱིས་དེ་བཞིན་ལག་ལེན་སྟར་དགོས། 11ཁོ་ཚོས་ཁྲིམས་གཅོད་གང་བྱས་པ་དེ་ཁྱོད་ཚོས་ངོས་ལེན་བྱེད་དགོས་པ་དང་། དེ་དག་ཞིབ་པར་ལག་ལེན་དུ་སྟར་དགོས། 12ཁྲིམས་དཔོན་དང་བླ་མ་རྣམས་ཀྱི་བཀའ་ལ་མ་རྩིས་མཁན་སུ་ཡིན་རུང་དེ་དག་གསོད་དགོས་པ་ཡིན་ནོ། དེ་ལྟར་བྱས་པའི་སྒོ་ནས་ཁྱོད་ཚོས་ཨིསི་རཱཨེལ་གྱི་ནང་ནས་ངན་པ་དེ་དག་ཕྱིར་དཀྲོད་བྱེད་པར་འགྱུར། 13དེ་རྗེས་ཚང་མས་གནས་ཚུལ་དེའི་སྐོར་ཐོས་ཏེ་སེམས་ལ་འཇིགས་སྣང་སྐྱེས་ཤིང་། སླད་ཕྱིན་སུས་ཀྱང་ལས་ངན་དེ་འདྲ་བྱེད་མི་ནུས་སོ༎

རྒྱལ་པོའི་སྐོར་ལ་བཀའ་བསྒོ་བ།

14གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་གནང་རྒྱུ་ཡིན་པའི་ཡུལ་དེ་ཁྱོད་ཚོས་བདག་འཛིན་བྱས་ཏེ་དེར་གཞིས་ཆགས་པའི་རྗེས་སུ། རང་གི་ཕྱོགས་བཞིར་ཡོད་པའི་མི་རིགས་ཚོ་དང་འདྲ་བར་ཁྱོད་ཚོ་ལའང་རྒྱལ་པོ་ཞིག་དགོས་པ་འདུག་ཅེས་ཁྱོད་ཚོས་ཐག་གཅོད་བྱེད་ཡོང་། 15ཁྱོད་ཚོས་རྒྱལ་པོར་འདེམས་བསྐོས་བྱས་པའི་མི་དེ་ལ་གཙོ་བོ་དཀོན་མཆོག་གིས་ཀྱང་འདེམས་བསྐོས་གནང་བ་ཡིན་མིན་ཁྱོད་ཚོས་ངེས་གཏན་བྱེད་དགོས། མི་དེ་ནི་ཁྱོད་ཚོའི་རིགས་བརྒྱུད་ཀྱི་ཁོངས་ནས་ཡིན་དགོས་ཤིང་། ཕྱི་རྒྱལ་བ་ཞིག་ལ་རང་གི་རྒྱལ་པོར་བསྐོ་མི་ཉེན། 16རྒྱལ་པོས་རྟ་དམག་མང་པོ་བཞག་མི་ཆོག་པ་དང་། རྟ་ཉོ་བའི་ཕྱིར་ཨི་ཇིབ་དུ་རང་གི་མི་བཏང་མི་ཆོག གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གིས་ངའི་མི་འབངས་རྣམས་ཡུལ་དེར་ནམ་ཡང་ཕྱིར་ལོག་བྱེད་མི་ཡོང་ཞེས་གསུངས་ཡོད། 17རྒྱལ་པོས་ཆུང་མ་མང་པོ་བཞག་མི་རུང་། གང་ལགས་ཟེར་ན། དེའི་རྐྱེན་གྱིས་ཁོ་གཙོ་བོ་དཀོན་མཆོག་ནས་ཁ་འགྱུར་ཉེན་ཡོད། ཡང་ཁོས་གསེར་དངུལ་མང་པོ་བདག་ཉར་བྱས་ཏེ་རང་ཉིད་ཕྱུགས་པོར་བཟོ་མི་ཉེན། 18མི་ཞིག་རྒྱལ་པོར་འཁོད་པའི་རྗེས་སུ། ཁོས་ལེ་ཝིའི་བླ་མ་རྣམས་ཀྱི་རྩར་ཡོད་པའི་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་དང་བཀའ་སློབ་ཀྱི་མ་དེབ་ངོ་མ་ནས་ཤུས་པའི་དཔེ་དེབ་ཆ་ཚང་ཞིག་རང་དང་མཉམ་དུ་བདག་ཉར་བྱེད་དགོས། 19ཁོས་གཙོ་བོ་དཀོན་མཆོག་ལ་གུས་བཀུར་ཞུ་བ་དང་། དེར་གསལ་ཡོད་པའི་ཁོང་གི་བཀའ་ཁྲིམས་ཡོངས་རྫོགས་ཚུལ་བཞིན་རྩིས་སྲུང་ཞུ་ཐུབ་པའི་ཕྱིར། ཁྲིམས་དེབ་དེ་བཞིན་རང་དང་མཉམ་དུ་བདག་ཉར་གྱིས་ཤིག རང་ཉིད་མ་ཤི་བར་དུ་དེ་ལས་རྒྱུན་སྒྲོགས་བྱེད་དགོས་པ་ཡིན་ནོ། 20དེ་ལྟར་བྱས་པའི་རྐྱེན་གྱིས་ཁོས་རང་ལ་ཨིསི་རཱཨེལ་པ་བྱིངས་ལས་བཟང་བ་ཡིན་ཞེས་པའི་བསམ་བློ་གཏོང་རྒྱུ་དང་། གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་དང་འགལ་བའི་ལས་བྱེད་མཁན་ལས་འགོག་རྒྱུ་ཡིན་ནོ། དེ་ནས་ཁོས་ལོ་མང་བར་དུ་རྒྱལ་སྲིད་སྐྱོང་རྒྱུ་ཡིན་པ་དང་། ཁོའི་བུ་རྒྱུད་ཚོས་ཀྱང་ཨིསི་རཱཨེལ་དུ་མི་རབས་ནས་མི་རབས་བར་དུ་སྲིད་སྐྱོང་བྱེད་པར་འགྱུར་རོ༎

བཀའ་ཁྲིམས་སྐྱར་བཤད 18

1ལེ་ཝིའི་སྡེ་རིགས་ཀྱི་བླ་མ་རྣམས་ལ་ཨིསི་རཱཨེལ་དུ་ས་སྐལ་གང་ཡང་མི་ཐོབ་མོད། འོན་ཀྱང་གཙོ་བོ་དཀོན་མཆོག་ལ་འཕུལ་བའི་འབུལ་བ་དང་མཆོད་པའི་དམར་མཆོད་གཞན་རྣམས་ཀྱིས་ཁོ་ཚོའི་འཚོ་བ་བསྐྱེལ་དགོས་པ་ཡིན། 2སྡེ་རིགས་གཞན་དང་འདྲ་བ་དེ་ཚོས་ས་ཞིང་བདག་ཉར་བྱེད་མི་ཆོག འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ཞལ་བཞེས་གནང་བ་ལྟར་གཙོ་བོ་དཀོན་མཆོག་གི་བླ་མ་བྱེད་རྒྱུ་དེ་ནི་ཁོ་ཚོའི་ཆེད་དུ་དམིགས་བསལ་གྱི་ཐོབ་སྐལ་ཡིན་ནོ། 3ལུག་དང་ཕྱུགས་ཟོག་གང་ཞིག་དམར་མཆོད་འབུལ་སྐབས་དེའི་དཔུང་པ་དང་། འགྲམ་ཤ་དང་གྲོད་པ་བཅས་བླ་མ་རྣམས་ལ་འབུལ་དགོས། 4དེ་བཞིན་འབྲུ་དང་རྒུན་ཆང་དང་ཁ་སྐྱུར་པོའི་སྣུམ་དང་བལ་སོགས་ཀྱི་ཕུད་དེ་ཁོ་ཚོར་ཐོབ་པར་འགྱུར། 5ཁྱོད་ཚོའི་སྡེ་རིགས་ཡོངས་ཀྱི་ནང་ནས་ལེ་ཝིའི་སྡེ་རིགས་དེ་ནི་གཙོ་བོ་དཀོན་མཆོག་ལ་རྒུན་དུ་བཀུར་སྟི་ཞུ་ཕྱིར་ཁོང་གིས་དེ་དག་བླ་མའི་ཚུལ་དུ་འདམས་པ་གནང་བ་ཡིན་ནོ། 6ཨིསི་རཱཨེལ་གྱི་གྲོང་ཚོ་གང་རུང་ནས་ལེ་ཝི་པ་སུ་འདྲ་ཞིག་ཀྱང་རང་གི་འདོད་མོས་བཞིན་མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་འོངས་ནས། 7དེར་བསྙེན་བཀུར་བྱེད་མཁན་ལེ་ཝི་པ་གཞན་དང་འདྲ་བར་བླ་མ་བྱས་ཏེ་གཙོ་བོ་དཀོན་མཆོག་ལ་སྲི་ཞུ་ཞུས་ཆོག་པ་ཡིན་ནོ། 8བླ་མ་གཞན་དང་འདྲ་བར་ཁོ་ལའང་ཁ་ཟས་ཀྱི་ཐོབ་སྐལ་འདྲ་མཉམ་ཐོབ་རྒྱུ་ཡིན་པ་དང་། ཁོའི་ནང་མིས་བཏང་བའི་དངོས་རྫས་ཚང་མ་རང་གིས་བཞག་ཆོག་པ་ཡིན་ནོ༎

ཕྱི་པའི་ལུགས་སྲོལ་རྗེས་སུ་མི་འབྲངས་པའི་ཟོན་བསྐུལ།

9ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དེར་ཁྱོད་ཚོ་བསླེབས་པ་དང་། ཡུལ་དེའི་མི་རིགས་དེ་ཚོའི་ཞན་ལོག་ཅན་གྱི་ལུགས་སྲོལ་གི་རྗེས་སུ་མ་འབྲངས་ཤིག 10ཁྱོད་ཚོས་རང་གི་བུ་ཕྲུག་རྣམས་མཆོད་ཁྲིའི་ཁར་དམར་མཆོད་འབུལ་ནས་མེར་སྲེག་མ་གཏོང་ཞིག དེ་བཞིན་མི་མང་རྣམས་ལ་མོ་དང་བརྟག་པ་བརྒྱབ་པ་དང་། མཐུ་བརྒྱབ་པ་དང་། 11ངན་སྔགས་བྱེད་པ་དང་། གཞན་ཡང་གཤིན་པོའི་རྣམ་ཤེས་བཀུག་སྟེ་གྲོས་གླེང་སོགས་བྱེད་དུ་མ་ཆུག་ཅིག 12ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་དེ་ལྟ་བུའི་ཞན་ལོག་གི་ལས་བྱེད་མི་རྣམས་ལ་སྡང་བ་གནང་ངོ་། དེའི་རྐྱེན་གྱི་ཁྱོད་ཚོ་མདུན་བསྐྱོད་བྱེད་སྐབས་དེ་ལྟ་བུའི་མི་རིགས་རྣམས་ལ་ཁོང་གི་ཡུལ་དེ་ནས་ཕྱིར་སྐྲོད་གནང་བ་ཡིན་ནོ། 13གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་བློ་སེམས་རྩེ་གཅིག་གི་སྒོ་ནས་དམ་ཚིག་ནང་གནས་ཤིག།

ལུང་སྟོན་པ་ཞིག་གཏོང་རྒྱུའི་ཞལ་བཞེས།

14དེ་ནས་མོ་ཤེས་སྨྲས་པ། ཁྱོད་ཚོས་དབང་འཛིན་བྱེད་གྲབ་ཡོད་པའི་ཡུལ་དེར་བསླེབས་པ་དང་། མི་ཚོས་མོ་པ་དང་བརྟག་པ་བྱེད་མཁན་དག་ལ་བརྟེན་ཐབས་བྱེད་མོད། འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་དེ་འདྲ་བྱེད་བཅུག་མི་གནང་ངོ་། 15ཁོང་གིས་ཁྱོད་ཚོའི་དཀྱིལ་ནས་ང་དང་འདྲ་བའི་ལུང་སྟོན་པ་ཞིག་གཏོང་བ་གནང་རྒྱུ་ཡིན་པས། ཁྱོད་ཚོས་དེའི་བཀའ་ལ་ཉན་དགོས་སོ། 16སྔར་ཁྱོད་ཚོ་རི་བོ་སི་ནཨེ་རུ་འཛོམས་པའི་ཉིན་མོར་ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་གསུང་དེ་སྐྱར་དུ་ཐོས་མ་དགོས་པ་དང་། མེ་དང་འདྲ་བའི་ཁོང་གི་གཟི་བརྗིད་དེ་ཡང་སྐྱར་མཇལ་མི་དགོས་པའི་སྨོན་འདུན་བྱས་པ་ཡིན་ནོ། གང་ལགས་ཟེར་ན། ཁྱོད་ཚོ་འཆི་བར་འཇིགས་པས་ཕྱིར་རོ། 17དེ་རྗེས་གཙོ་བོ་དཀོན་མཆོག་གིས་ང་ལ། དེ་ཚོས་ཤེས་རབ་ལྡན་པའི་ཞུ་བ་འབུལ་བ་ཡིན་པས། 18ངས་དེ་ཚོའི་མི་ཁོངས་ནས་ཁྱོད་དང་འདྲ་བའི་ལུང་སྟོན་པ་ཞིག་གཏོང་རྒྱུ་ཡིན་པ་དང་། ཁོས་གང་བརྗོད་དགོས་པ་དེ་ངས་ཁོ་ལ་བཤད་རྒྱུ་ཡིན་པ་དང་། ངས་བཀའ་བསྒོས་གང་བྱས་པ་ཚང་མ་ཁོས་མི་མང་ལ་ཤོད་ཡོང་། 19ཁོས་ངའི་མིང་གི་ངང་དུ་བཤད་ཡོང་། ཁོས་སྨྲས་པ་ལ་སུ་ཞིག་གི་རྩིས་སྲུང་མ་བྱེད་ན་ངས་ཉེས་ཆད་གཏོང་རྒྱུ་ཡིན། 20འོན་ཀྱང་ངས་བཀའ་བསྒོས་མ་བྱས་པར་ལུང་སྟོན་པ་ཞིག་གིས་ངའི་མིང་གི་ངང་ནས་ལུང་བསྟན་བཤད་པ་དང་། དེ་བཞིན་ལྷ་རྟེན་གཞན་གྱི་མིང་གི་ངང་ནས་ལུང་བསྟན་བཤད་མཁན་རྣམས་ངེས་པར་དུ་ཤི་དགོས་པ་ཡིན་ནོ། 21ལུང་སྟོན་པས་ལུང་བསྟན་གང་བཤད་པ་དེ་གཙོ་བོ་དཀོན་མཆོག་གི་ཕྱོགས་ནས་ཡིན་མིན་དེ་ཇི་ལྟར་ཤེས་ཐུབ་བམ་ཞེས་རང་གི་སེམས་ནང་བྲིས་བ་བྱེད་སྲིད་མོད། 22འོན་ཀྱང་ལུང་སྟོན་པས་གཙོ་བོ་དཀོན་མཆོག་གི་མཚན་གྱི་ངང་ནས་ལུང་བསྟན་བཤད་པ་ཡིན་ན། དེ་དག་མ་འགྲུབ་པ་ཡིན་ན་ལུང་བསྟན་དེ་ནི་གཙོ་བོ་དཀོན་མཆོག་གི་ཕྱོགས་ནས་མ་ཡིན་པར། ལུང་སྟོན་པ་དེས་རང་གི་བསམ་ཚུལ་བཞིན་དུ་ལུང་བསྟན་བརྒྱབ་པ་ཡིན་པས། དེ་ལ་ཁྱོད་ཚོ་འཇིགས་མི་དགོས་སོ༎

བཀའ་ཁྲིམས་སྐྱར་བཤད 19

སྐྱབས་བཅོལ་སའི་གྲོང་ཁྱེར་ཁག།

(གྲངས་ཀ་ ༣༥:༩-༣༤; ཡོ་ཤུ་ཨ་ ༢༠:༡-༩)

1གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དེའི་མི་རྣམས་ཁོང་གིས་ཚར་གཅོད་གནང་བའི་རྗེས་སུ། ཁྱོད་ཚོས་དེ་དག་གི་གྲོང་ཁྱེར་དང་སྡོད་ཁང་སོགས་རྩིས་ལེན་བྱས་ཏེ་དེར་གཞིས་ཆགས་སྐབས། 2-3ཡུལ་དེ་ཁག་གསུམ་དུ་ཆ་བགོས་བྱས་ཏེ། ས་གནས་ཁག་རེ་རེའི་དཀྱིལ་དུ་ཕྱོགས་གང་ས་ནས་ལས་སླ་པོར་སླེབས་ཐུབ་པའི་གྲོང་ཁྱེར་རེ་དགོས་པ་དང་། ཡང་སྲོག་གཅོད་མཁན་སུ་ཞིག་ཡིན་རུང་གྲོང་ཁྱེར་དེར་བྲོས་ཕྱིན་ཏེ། སྲུང་སྐྱོབས་བྱེད་ཐུབ་མོད། 4གལ་ཏེ་སུ་ཞིག་གིས་འཁོན་སེམས་མེད་པར་ནོར་འཁྲུལ་གྱི་སྒོ་ནས་མི་ཞིག་བསད་པ་ཡིན་ན། མི་དེ་གྲོང་ཁྱེར་དེ་ཚོའི་ནང་ནས་གང་རུང་ཞིག་ཏུ་ཕྱིན་ཏེ་ཉེན་ཁ་མེད་པར་གནས་ཐུབ། 5དཔེར་ན་མི་གཉིས་ཤིང་གཅོད་པར་ནགས་ཚལ་དུ་འགྲོ་བ་དང། གཅིག་གི་ཤིང་བཅད་བཞིན་པའི་སྐབས་སུ་སྟ་རེ་ཡུ་བ་ནས་མགོ་ཕུད་དེ་གཞན་དེ་ལ་ཕོག་ནས་ཤི་བ་ཡིན་ན། མི་དེ་གྲོང་ཁྱེར་གསུམ་གྱི་ནང་ནས་གང་རུང་དུ་བྲོས་ཕྱིན་ཏེ། དེར་ཉེན་ཁ་མེད་པར་གནས་ཐུབ་པ་ཡིན་ནོ། 6གལ་ཏེ་གྲོང་ཁྱེར་གཅིག་མ་གཏོགས་མེད་པ་ཡིན་ན་དེ་ནི་འགྱངས་རིང་བས། དགྲ་ཤ་ལེན་དགོས་པའི་གཉེན་ཚན་དེས་ཁོང་ཁྲོའི་ངང་མི་ནག་ཉེས་མེད་པ་དེ་ལ་འཛིན་བཟུང་བྱས་ཏེ་བསད་ཐུབ་ཡོང་། གང་ལྟར་ཡིན་རུང་ཁས་དགྲ་བོ་མ་ཡིན་པར་ནོར་འཁྲུལ་གྱི་སྒོ་ནས་མི་ཞིག་བསད་ཡོད་དོ། 7དེ་བས་ན་ངས་ཁྱོད་ཚོ་ལ་གྲོང་ཁྱེར་གསུམ་སོ་སོར་བྱེད་ནས་བཞག་དགོས་ཅེས་བཀའ་གཏོངགི་ཡོད། 8སྔར་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོའི་ཕ་མེས་རྣམས་ལ་གསུངས་པ་བཞིན། ཁོང་གིས་ཁྱོད་ཚོའི་ཡུལ་གྱི་ས་མཚམས་དེ་རྒྱ་ཆེ་རུ་གཏོང་བ་གནང་བ་དང་། ཉིད་ཀྱི་ཞལ་བཞེས་གནང་བ་ལྟར་ཡུལ་དེ་ཆ་ཚང་ཁྱོད་ཚོར་གནང་སྐབས། 9ཁྱོད་ཚོས་ད་དུང་གྲོང་ཁྱེར་འཕར་མ་གསུམ་འདམས་དགོས། (དེ་རིང་ངས་སློབ་སྟོན་བྱེད་པའི་བཀའ་རྒྱ་ཚང་མ་ཁྱོད་ཚོས་སྲུང་ཞིང་། རང་གི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་བརྩེ་གུས་ཞུས་ཏེ། ཁོང་གི་ཐུགས་དགོངས་བཞིན་དུ་མི་ཚེ་སྐྱེལ་བ་ཡིན་ན། ཁོང་གིས་ཡུལ་དེ་ཁྱོད་ཚོར་གནང་བར་འགྱུར།) 10མི་ནག་ཉེས་མེད་པ་རྣམས་དོན་མེད་དུ་བསད་མ་དགོས་པ་དང་། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དུ་ཁྱོད་ཚོར་སྲོག་བཅད་པའི་ནག་ཉེས་མ་ཕོག་པའི་ཕྱིར་དེ་བཞིན་བྱེད་དགོས་སོ། 11གལ་ཏེ་སུ་ཞིག་གིས་ཆེད་མངགས་རང་གི་དགྲ་བོ་བསད་དེ། གྲོང་ཁྱེར་དེ་ཚོའི་ནང་ནས་གཅིག་ཏུ་སྐྱབས་བཅོལ་བར་བྲོས་ཕྱིན་པ་ཡིན་ན། 12མི་དེའི་གྲོང་ཁྱེར་གྱི་འགོ་དཔོན་ཚོས། ཁོ་འཁྲིད་ཡོང་བཅུག་ནས་གྲ་ཤ་ལེན་པའི་ནང་མི་ཚོའི་ལག་ཏུ་བསད་པའི་ཕྱིར་ཁོ་ལ་རྩིས་སྤྲོད་བྱེད་དགོས་སོ། 13དེ་ལ་སྙིང་རྗེ་མ་བྱེད་པར་ཨིསི་རཱཨེལ་ཡུལ་ནས་སྲོག་གཅོད་པ་དེ་བཞིན་ཚར་གཅོད་གཏོང་ཞིག་དང་། ཁྱོད་ཚོར་ལས་དོན་གང་སྤྱིར་འགྲུབ་འབྲས་བཟང་པོ་ཡོང་ངེས་སོ༎

ས་མཚམས་རྙིང་པ།

14གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་གནང་རྒྱུ་ཡིན་པའི་ཡུལ་དེར་སྔོན་ནས་གཏན་འབེབས་བྱས་པའི་ཁྱོད་ཚོའི་ཁྱིམ་མཚེས་ཀྱི་ས་མཚམས་རྣམས་སྤོ་བར་མི་རུང་ངོ་༎

དཔང་པོ་རྣམས།

15མི་སུ་ཞིག་ལ་ནག་ཉེས་ཁུངས་སྐྱེལ་བྱེད་ཕྱིར་དཔང་པོ་གཅིག་གིས་མི་འགྲིག་ཅིང་། ཉུང་ཤོས་ལ་དཔང་པོ་གཉིས་དགོས་པ་ཡིན་ནོ། 16གལ་ཏེ་སུ་ཞིག་གིས་ནག་ཉེས་མེད་པའི་མི་ཞིག་ལ་རྫུན་གྱི་སྐྱོན་བརྗོད་བྱས་པ་ཡིན་ན། 17མི་དེ་གཉིས་མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་ཕྱིན་སྟེ། སྐབས་དེའི་བླ་མ་དང་ཁྲིམས་དཔོན་ཚོས་དེ་གཉིས་ལ་བརྟག་དཔྱད་བྱེད་དགོས། 18ཁྲིམས་དཔོན་ཚོས་དེའི་སྐོར་བརྟག་དཔྱད་ནན་ཏན་བྱས་ཏེ། མི་དེས་རང་གི་ཨིསི་རཱཨེལ་པ་གྲོགས་པོ་གཞན་དེ་ལ་རྫུན་གྱི་སྐྱོན་བརྗོད་བྱས་ཡོད་པ་ཡིན་ན། 19ཉེས་སྐྱོན་བྱས་པའི་མི་དེ་ཐོབ་འོས་པའི་ཉེས་ཆད་དེ། འཛུན་གྱི་སྐྱོན་བརྫོད་འཇུག་མཁན་དེ་ལ་ཐོབ་དགོས། དེ་ལྟར་བྱས་པའི་སྒོ་ནས་ཁྱོད་ཚོས་ལམ་སྲོལ་ངན་པ་དེ་བཞིན་མེད་པར་འགྲོ་ཡོང་། 20དེ་ནས་ཚང་མས་གནས་ཚུལ་དེ་ཐོས་ནས་འཇིགས་ཤིང་། སླད་ཕྱིན་སུས་ཀྱང་ལས་ངན་དེ་འདྲ་ཞིག་ནམ་ཡང་བྱེད་མི་ནུས་སོ། 21གནས་ཚུལ་དེ་འདྲའི་སྐབས་སུ་ཁྱོད་ཚོས་སྙིང་རྗེ་མ་བྱས་པར། ཉེས་པ་གཏོང་སྟངས་ནི་སྲོག་གི་ཚབ་ཏུ་སྲོག་ལན་དང་། མིག་གི་ཚབ་ཏུ་མིག་ལན། སོའི་ཚབ་ཏུ་སོ་ལན། ལག་པའི་ཚབ་ཏུ་ལག་པ་དང་། དེ་བཞིན་རྐང་པའི་ཚབ་ཏུ་རྐང་ལན་འཇལ་དགོས་པ་ཡིན་ནོ༎

བཀའ་ཁྲིམས་སྐྱར་བཤད 20

དམག་གི་སྐོར།

1ཁྱོད་ཚོས་རང་གི་དགྲ་བོ་རྣམས་ལ་དམག་བརྒྱབ་པར་འགྲོ་དུས་ཤིང་རྟའི་ཚོགས་དང་རྟ་དམག་རྣམས་དང་། དེ་བཞིན་རང་ལས་གྲངས་འབོར་ཆེ་བའི་དམག་མི་རྣམས་མཐོང་ནས་མ་འཇིགས་ཤིག ཁྱོད་ཚོར་ཨི་ཇིབ་ནས་སྐྱབས་པ་གནང་མཁན་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་དེ་ཁྱོད་ཚོ་དང་མཉམ་དུ་འགྲོགས་ཡོད་པ་ཡིན་ནོ། 2དམག་འཁྲུགས་འགོ་མ་ཚུགས་པའི་སྔོན་དུ་བླ་མ་ཞིག་མདུན་དུ་འོངས་ཏེ་དམག་མི་རྣམས་ལ་ལབ་དགོས། 3ཀྱེ་ཨིསི་རཱཨེལ་གྱི་མི་རྣམས་ཉོན་ཅིག། དེ་རིང་ཁྱོད་ཚོ་དམག་ལ་འགྲོ་གིན་ཡོད་པ་ཡིན་པས། ཁྱོད་ཚོ་རང་གི་དགྲ་བོ་རྣམས་ལ་འཇིགས་ཏེ། སེམས་ཤུགས་ཉམས་ཤིང་དངངས་སྐྲག་མ་སྐྱེད་ཅིག 4ཁྱོད་ཚོའི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཁྱོད་ཚོ་དང་མཉམ་དུ་ཕེབས་ཏེ་ཁྱོད་ཚོར་རྒྱལ་ཁ་གནང་ངེས་སོ། 5དམག་དཔོན་ཚོས་དམག་མི་རྣམས་ལ་འདི་བཞིན་སྨྲོས་ཤིག ཁྱོད་ཚོའི་ཁོངས་ནས་ཉེ་ཆར་ཁང་པ་བརྒྱབ་ཏེ་རབ་གནས་བྱེད་ལོངས་མེད་པའི་མི་དེ་འདྲ་ཡོད་དམ། གལ་སྲིད་དེ་ལྟར་ཡོད་ན་ཁོ་སོ་སོའི་ནང་དུ་ཕྱིར་ལོག་དགོས། དེ་མིན་ཁོ་དམག་ལ་ཤི་བ་ཡིན་ན་མི་གཞན་ཞིག་གིས་ཁོའི་ཁང་པ་དེར་རབ་གནས་བྱེད་ཉེན་ཡོད། 6སུ་ཞིག་གིས་རྒུན་ཚལ་བཙུགས་ནས་ད་བར་རྒུན་འབྲས་བསྡུ་སྒྲུག་བྱེད་ལོངས་མེད་པའི་མི་ཞིག་ཡོད་ན། མི་དེ་སོ་སོའི་ནང་དུ་ལོག་དགོས། དེ་མིན་ཁོ་དམག་སར་སྲོག་སྐྱོན་བྱུང་བ་ཡིན་ན། མི་གཞན་ཞིག་གིས་རྒུན་ཆང་ལ་ལོངས་སྤྱོད་ཉེན་ཡོད། 7སློང་ཆང་བྱས་ཏེ་ད་བར་ཆང་ས་མ་བརྒྱབ་པའི་མི་ཞིག་ཡོད་དམ། དེ་ལྟར་ཡོད་ཚེ་ཁོ་རང་གི་ནང་དུ་ལོག་དགོས། དེ་མིན་ཁོ་དམག་ལ་ཤི་བ་ཡིན་ན་མི་གཞན་ཞིག་གིས་ཁོ་དང་མཉམ་དུ་སློང་ཆང་ཟིན་པའིི་བུ་མེད་དེ་དང་ཆང་ས་བརྒྱབ་ཉེན་ཡོད་དོ། 8དམག་དཔོན་ཚོས་དམག་མི་རྣམས་ལ་འདི་ལྟར་སྨྲོས་ཤིག ཁྱོད་ཚོའི་ཁོངས་སུ་བློ་ཁོག་མེད་པའི་མི་སུ་ཞིག་ཡོད་དམ། དེ་ལྟར་ཡོད་ཚེ་ཁོ་སོ་སོའི་ནང་དུ་ལོག་དགོས། དེ་མིན་ཁོས་མི་གཞན་ལའང་སེམས་ཤུགས་ཉམས་བཅུག་ཉེན་ཡོད། 9དམག་དཔོན་ཚོས་དམག་མི་རྣམས་དང་གཏམ་གླེང་བྱས་པའི་རྗེས་སུ་རུ་ཁག་རེ་རེའི་ཆེད་དུ་འགོ་དཔོན་རེ་འདེམས་སྒྲུག་བྱེད་དགོས་སོ། 10ཁྱོད་ཚོས་གྲོང་ཁྱེར་ཞིག་ཏུ་འཐབ་འཛིང་བྱེད་སྐབས། ཐོག་མར་ཁོ་ཚོར་མགོ་སྒུར་བའི་དུས་སྐབས་སྤྲོད་དགོས་ཤིང་། 11དེ་ཚོས་གྲོང་ཁྱེར་གྱི་རྒྱལ་སྒོ་ཕྱེས་ཏེ་མགོ་སྒུར་བ་ཡིན་ན། དེ་དག་ནི་ཁྱོད་ཚོའི་བྲན་གཡོག་ཏུ་འགྱུར་བ་དང་། ཁྱོད་ཚོའི་ཆེད་དུ་ངལ་རྩོལ་གི་ལས་བྱེད་པར་འགྱུར། 12འོན་ཀྱང་གྲོང་ཁྱེར་དེའི་ཡུལ་མི་ཚོས་མགོ་མ་སྒུར་བར་དམག་བརྒྱབ་རྩིས་བྱས་པ་ཡིན་ན། ཁྱོད་ཚོའི་རང་གི་དམག་མིས་གྲོང་ཁྱེར་དེའི་མཐའ་བསྐོར་དགོས་པ་དང་། 13དེ་ནས་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་གྲོང་ཁྱེར་དེ་ཁྱོད་ཚོའི་ལག་ཏུ་གནང་སྐབས། ཁྱོད་ཚོས་གྲོང་ཁྱེར་དེའི་སྐྱེས་པ་ཡོངས་སུ་གསོད་དགོས། 14འོན་ཀྱང་བུད་མེད་དང་། ཕྲུག་གུ་དང་། ཟོག་སེམས་ཅན་རྣམས་དང་། གཞན་ཡང་དངོས་པོ་ཚང་མ་སོ་སོའི་ཆེད་དུ་བདག་ཉར་བྱེད་ཆོག་པ་དང་། དགྲ་བོའི་དངོས་པོ་ཚང་མ་ཁྱོད་ཚོས་ལོངས་སུ་སྤྱོད་ཐུབ་བོ། དེ་ཚང་མ་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་གནང་བ་ཡིན་ནོ། 15ཁྱོད་ཚོ་གནས་སྡོད་བྱེད་པའི་ཡུལ་དེ་ནས་ཐག་རིང་དུ་ཆགས་པའི་གྲོང་ཁྱེར་ཚོ་ལའང་ཁྱོད་ཚོས་དེ་བཞིན་བྱེད་དགོས་སོ། 16འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་བའི་ཡུལ་དེའི་གྲོང་ཁྱེར་རྣམས་ཁྱོད་ཚོས་དབང་འཛིན་བྱེད་སྐབས། དེའི་ནང་གི་མི་ཚང་མ་གསོད་དགོས། 17གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན། ཧི་ཏི་པ་དང་། ཨ་མོར་པ། ཀ་ནན་པ། པེ་རི་ཛི་པ། ཧི་ཝི་པ་དང་། ཡེ་བུསེ་པ་བཅས་པའི་མི་རིགས་ཚང་མ་གསོད་ཅིག། 18དེ་ཚོས་རང་གི་ལྷ་རྟེན་རྣམས་ལ་མཆོད་སྐབས་ཞན་ལོག་གི་ལས་ངན་དག་བྱེད་སྲོལ་ཡོད་པ་རྣམས་ཁྱོད་ཚོར་བསླབ་ཏེ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཚོས་སྡིག་པ་བྱེད་མ་དགོས་པའི་ཕྱིར་དེ་དག་གསོད་ཅིག 19ཁྱོད་ཚོས་གྲོང་ཁྱེར་ཞིག་དབང་འཛིན་བྱེད་སྐབས། ཉིན་ཞག་མང་པོའི་བར་དུ་གྲོང་ཁྱེར་དེའི་མཐའ་བསྐོར་ནས་སྡོད་དགོས་བྱུང་ནའང་། དེར་ཡོད་པའི་ཤིང་འབྲས་ལྡན་པའི་སྡོང་པོ་རྣམས་མ་བཅོད་ཅིག དེའི་འབྲས་བུ་རྣམས་ཟ་ཆོག་མོད། ཤིང་སྡོང་རྣམས་ནི་ཁྱོད་ཚོའི་དགྲ་བོ་མ་ཡིན་པས། དེ་དག་མེད་པར་བཟོ་མི་རུང་ངོ་། 20གྲོང་ཁྱེར་དེ་དབང་འཛིན་མ་བྱེད་བར་དུ་ཤིང་སྡོང་གཞན་རྣམས་བཅད་དེ་སྤེའུ་བཟོ་བར་བེད་སྤྱོད་བྱེད་ཆོག་པ་ཡིན་ནོ༎

བཀའ་ཁྲིམས་སྐྱར་བཤད 21

ཐག་མ་ཆོད་པའི་སྲོག་གཅོད།

1གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དེར་མི་ཞིག་བསད་ཡོད་པའི་ཕུང་པོ་དེ་ཁྱོད་ཚོས་ཐང་ཀར་མཐོང་བ་དང་། མི་བསད་མཁན་དེ་སུ་ཡིན་པ་ཁྱོད་ཚོས་མ་ཤེས་ན། 2ཁྱོད་ཚོའི་འགོ་བྱེད་དང་ཁྲིམས་དཔོན་རྣམས་དེར་ཕྱིན་ནས། མི་བསད་སའི་ས་གནས་དེ་ནས་རྩིས་པའི་ཉེ་འཁོར་གྱི་གྲོང་ཁྱེར་ཁག་གི་རྒྱང་ཚད་འཇལ་དགོས་ཤིང་། 3མི་བསད་ཡོད་པའི་གྲོང་ཁྱེར་ཐག་ཉེ་ཤོས་དེའི་འགོ་དཔོན་རྣམས་ཀྱིས་ད་བར་ལས་མ་བསྐུལ་བའི་བ་ཕྱུགས་གཞོན་མ་ཞིག་འདམས་ཤིང་། 4ནམ་ཡང་མི་སྐམ་པའི་རྒྱུག་ཆུ་ཞིག་གི་ཉེ་འགྲམ་དུ་ཡོད་པའི་ས་ཞིང་ད་བར་རྨོས་མ་བརྒྱབ་པའམ་ས་བོན་འདེབས་ལས་སོགས་གང་ཡང་མ་བྱས་པའི་གནས་ཤིག་ཏུ་འཁྲིད་དེ། དེའི་འཇིང་ཚིག་བཅག་དགོས། 5ལེ་ཝིའི་བླ་མ་རྣམས་ཀྱང་དེར་འགྲོ་དགོས། གང་ལགས་ཟེར་ན། དྲག་ལས་ཚུད་པའི་ཁྲིམས་མཐུན་པའི་ཁམ་མཆུ་ཚང་མ་དེ་ཚོས་ཐག་གཅོད་བྱེད་དགོས་པ་ཡིན་ནོ། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་ཞབས་ཏོག་ཞུ་བ་དང་། ཁོང་གི་མཚན་གྱི་ངང་ནས་བྱིན་རླབས་ཀྱི་སྨོན་ཚིག་སྒྲོག་པའི་ཕྱིར་དེ་ཚོར་ཁོང་གིས་འདམས་པ་གནང་བ་ཡིན་ནོ། 6དེ་རྗེས་མི་བསད་ས་དེ་ནས་ཐག་ཉེ་ཤོས་སུ་ཡོད་པའི་གྲོང་ཁྱེར་གྱི་འགོ་བྱེད་ཚོས་བ་ཕྱུགས་དེའི་སྟེང་དུ་སོ་སོའི་ལག་པ་ཁྲུས་ཏེ། 7ང་ཚོས་མི་དེ་བསད་རྒྱུ་མ་བྱུང་། དེ་ཙམ་མ་ཟད་སུས་བསད་པ་ཡིན་པ་དེའང་ང་ཚོས་མི་ཤེས་པས། 8ཀྱེ་གཙོ་བོ་དཀོན་མཆོག་ཉིད་ཀྱིས་ཨི་ཇིབ་ནས་འཁྲིད་ཕེབས་པའི་ཨིསི་རཱཨེལ་པ་རྣམས་ལ་བཟོད་གསོལ་གནང་རོགས་གནང་། ང་ཚོར་ཐུགས་བཟོད་བཞེས་ཏེ་མི་གནོང་མེད་དེའི་སྲོག་གི་ཉེས་ཆད་ང་ཚོར་མ་གནང་རོགས་གནང་ཞེས་ཞུ་དགོས། 9དེ་ལྟར་གཙོ་བོ་དཀོན་མཆོག་གིས་བཀའ་གང་གནང་བ་བཞིན་དུ་ཁྱོད་ཚོས་སྒྲུབ་པ་ཡིན་ན། ཁྱོད་ཚོར་སྲོག་བཅད་པའི་ཉེས་ཆད་འཕོགས་པར་མི་འགྱུར་རོ༎

དམག་འཁྲུགས་སྐབས་སུ་འཛིན་བཟུང་བྱེད་པའི་བུད་མེད།

10གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་དམག་ལས་རྒྱལ་ཁ་གནང་སྟེ། ཁྱོད་ཚོས་བཙོན་པ་རྣམས་འཁྲིད་ཡོང་སྐབས། 11དེ་ཚོའི་ཁྲོད་དུ་ཁྱོད་ཚོས་བུད་མེད་མཛེས་མ་ཞིག་མཐོང་ནས་དེ་ལ་སེམས་ཤོར་ཏེ། མོ་དང་ཆང་ས་བརྒྱབ་པར་འདོད་ན། 12མོ་ནི་ཁྱོད་ཀྱི་ནང་དུ་འཁྲིད་དེ་མོའི་སྐྲ་བཞར་ཞིང་། སེན་མོ་སོགས་འབྲེག་སྟེ། 13གྱོན་གོས་གསར་པ་གཡོག་དགོས། མོ་ཁྱོད་རང་གི་ནང་དུ་གནས་སྡོད་བྱས་ཏེ། ཟླ་བ་གཅིག་ཙམ་རིང་རང་གི་ཕ་མའི་དོན་དུ་མྱ་ངན་བྱེད་དགོས་སོ། དེ་རྗེས་མོ་དང་ཆང་ས་རྒྱབ་ཆོག། 14རྗེས་སུ་ཁྱོད་ཀྱིས་མོ་ལ་མ་འདོད་པ་ཡིན་ན། མོ་ལ་རང་ དབང་དུ་འགྲོར་བཅུག་དགོས། དེ་དང་དབང་ཡོད་ཀྱི་སྒོ་ནས་ལུས་འབྲེལ་བྱས་པའི་རྐྱེན་གྱིས་མོ་ལ་བྲན་པོའི་ཆུལ་དུ་སྤྱོད་པའམ་འཚོང་བ་སོགས་བྱེད་མི་ཆོག་གོ

བུ་སྔོན་སྐྱེས་ཀྱི་ཐོབ་ཐང་།

15མི་ཞིག་ལ་སྐྱེས་དམན་གཉིས་ཡོད་པ་དང་དེ་གཉིས་ལས་བུ་རྣམས་སྐྱེས་མོད། འོན་ཀྱང་བུ་རྒན་པ་དེ་ནི་ཁོས་དགའ་མོས་བྱེད་པའི་སྐྱེས་དམན་ནས་སྐྱེས་པ་མ་ཡིན་ན། 16རྗེས་སུ་མི་དེས་རང་གི་རྒྱུ་ནོར་རྣམས་ཕྲུག་གུ་ཚོར་ཆ་བགོས་བྱེད་སྐབས། ཁོས་ཕྱོགས་ཞེན་བྱེད་དེ་རང་གིས་དགའ་མོས་བྱས་པའི་སྐྱེས་དམན་གྱི་བུ་དེ་ལ་བུ་རྒན་པའི་ཐོབ་སྐལ་དེ་སྤྲད་མི་ཆོག 17དེ་བཞིན་བུ་རྒན་པ་དེ་རང་གིས་དགའ་མོས་བྱས་པའི་སྐྱེས་དམན་གྱི་བུ་མ་ཡིན་ནའང་ཁོས་བུ་དེ་ལ་ནོར་སྐལ་ལྡབ་སྤྲད་དགོས། མི་སུ་ཞིག་ཡིན་ནའང་རང་གི་བུ་རྒན་པའི་ཐོབ་ཐང་ལ་ངོས་ལེན་བྱེད་དགོས་པ་དང་། ཁྲིམས་མཐུན་བཞིན་དུ་ཁོའི་ཐོབ་སྐལ་གང་ཡིན་པ་དེ་ཁོ་ལ་སྤྲད་དགོས་སོ༎

ཁ་ལ་མི་ཉན་པའི་བུའི་ཁྲིམས།

18གལ་ཏེ་མི་ཞིག་ལ་བུ་སེམས་གཤིས་གྱོང་ཞིང་ངོ་ལོག་བྱེད་མཁན་དང་། ཕ་མས་སྒྲིག་བཅུན་ཇི་ལྟར་བྱས་ཀྱང་ཁ་ལ་མ་ཉན་པ་ཞིག་ཡོད་པ་ཡིན་ན། 19ཕ་མས་རང་གི་གྲོང་ཁྱེར་གྱི་འགོ་དཔོན་ཚོའི་མདུན་དུ་ཁོ་འཁྲིད་ནས་དེ་ལ་ཁྲིམས་གཅོད་བྱེད་བཅུག་དགོས། 20དེ་ཚོས། ང་ཚོའི་བུ་དེ་ནི་སེམས་གཤིས་གྱོང་ཞིང་ངོ་ལོག་བྱེད་མཁན་ཞིག་ཡིན་པས་ང་ཚོའི་ཁ་ལ་མི་ཉན་པར། རྒྱུ་དངུལ་ཚང་མ་ཆུ་ཟོས་སུ་གཏོང་གི་ཡོད་པ་དང་ཆང་རག་སོགས་འཐུང་གི་འདུག་ཅེས་ཞུ་དགོས། 21དེ་ནས་གྲོང་ཁྱེར་གྱི་སྐྱེ་པ་ཚོས་ཁོ་ལ་རྡོ་རུབ་བརྒྱབ་ནས་བསད་དེ། ཁྱོད་ཚོའི་ཁྲོད་ནས་ལམ་སྲོལ་ངན་པ་དེ་དག་མེད་པར་བྱེད་དགོས། ཨིསི་རཱཨེལ་པ་ཚང་མས་གནས་ཚུལ་དེ་ཐོས་ནས་འཇིགས་སྣང་སྐྱེད་པར་འགྱུར་རོ༎

ཁྲིམས་སྣ་ཚོགས།

22གལ་ཏེ་མི་ཞིག་ལ་སྲོག་ཐོག་གི་ཉེས་ཆད་ཕོག་སྟེ། ཁོའི་རོ་དེ་ཤིང་སྡོང་ཁར་འཕྱར་ཡོད་པ་ཡིན་ན། 23རོ་དེ་མཚན་གང་དེར་བཞག་མི་ཉེན་པར། ཉིན་དེ་རང་ལ་སྦས་དགོས། གང་ལགས་ཟེར་ན། རོ་དེ་ཤིང་ལ་འཕྱར་བའི་རྐྱེན་གྱིས་ཡུལ་དེར་དཀོན་མཆོག་གི་དམོད་པ་ཕོག་ཉེན་ཡོད། དེ་བས་ན། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དེ་གྲིབ་ཅན་དུ་མ་འགྱུར་བའི་ཕྱིར་དེ་ངེས་པར་དུ་ས་སྦས་གཏོང་དགོས་སོ༎

བཀའ་ཁྲིམས་སྐྱར་བཤད 22

1གལ་ཏེ་ཨིསི་རཱཨེལ་པ་ཁྱིམ་མཚེས་ཤིག་གི་གླང་ངམ་ལུག་ཅིག་ཕར་ཚུར་རྒྱུག་བཞིན་པ་ཁྱོད་ཚོས་མཐོང་ན། དེ་མ་མཐོང་བ་བཞིན་དུ་མ་བྱེད་པར། སེམས་ཅན་དེ་ཁོའི་རྩར་བསྐྱེལ་དགོས་མོད། 2འོན་ཀྱང་དེའི་བདག་པོ་དེ་ཐག་རིང་པོར་ཡོད་པའམ། དོ་བདག་ངོ་མ་ཤེས་པ་སོགས་བྱུང་ཚེ་སེམས་ཅན་དེ་སོ་སོའི་ནང་དུ་འཁྱེར་ཡོང་དགོས། ཡང་བདག་པོས་བཙལ་བར་འོངས་ན་དེ་ལ་ཕྱིར་སྤྲོད་བྱེད་དགོས་སོ། 3དེ་བཞིན་ཨིསི་རཱཨེལ་པ་ཁྱིམ་མཚེས་ཤིག་གིས་བརླག་གཏོར་ཤོར་བའི་བོང་བུའམ་གྱོན་གོས་སམ། གཞན་ཡང་དངོས་པོ་ཇི་འདྲ་ཞིག་ཁྱོད་ཚོར་རྙེད་པ་ཡིན་ན་གོང་བཞིན་ཕྱིར་སློག་བྱེད་དགོས་སོ། 4ཨིསི་རཱཨེལ་པ་ཁྱིམ་མཚེས་ཤིག་གི་བ་ཕྱུགས་སམ་བོང་བུ་ཞིག་འགྱེལ་ཡོད་པ་མཐོང་བ་ཡིན་ན་དེ་ལ་ཁྱོད་ཚོས་མ་མཐོང་བ་བཞིན་དུ་མ་བྱེད་པར། སེམས་ཅན་དེ་ཡར་སླང་ཐབས་བྱེད་དགོས། 5བུད་མེད་ཚོས་སྐྱེས་པའི་ཆས་གོས་གྱོན་མི་རུང་། སྐྱེས་པ་ཚོས་ཀྱང་བུད་མེད་ཀྱི་གོས་གྱོན་མི་རུང་། དེ་བཞིན་གྱོན་མཁན་རྣམས་ལ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་སྡང་པོ་གནང་ངོ་། 6གལ་ཏེ་ཁྱོད་ཚོས་ཤིང་སྡོང་ངམ་སའི་ཁར་བྱིའུའི་ཚང་ཞིག་རྙེད་ཅིང་། དེའི་ནང་སྒོ་ངའམ་བྱ་ཕྲུག་གི་སྟེང་དུ་བྱ་མོ་བསྡད་ཡོད་པ་ཞིག་མཐོང་ན། ཁྱོད་ཚོས་བྱ་མོ་དེ་འཁྱེར་མི་ཉེན་ནོ། 7ཁྱོད་ཚོས་བྱ་ཕྲུག་ཚོ་འཁྱེར་ཆོག་མོད། འོན་ཀྱང་བྱ་མོ་དེ་གློད་དཀྲོལ་བྱེད་དགོས་སོ། དེ་ལྟར་བྱེད་ཚེ་ཁྱོད་ཚོ་ཚེ་རིང་ཞིང་ཡར་རྒྱས་ཕུན་སུམ་ཚོགས་པར་འགྱུར་རོ། 8ཁྱོད་ཚོས་ཁང་པ་གསར་རྒྱག་བྱེད་དུས་ཐོག་གི་ཕྱོགས་བཞིར་ར་བས་བསྐོར་དགོས། དེ་རྗེས་ཁང་པའི་ཐོག་ནས་སུ་ཞིག་ལྷུང་ནས་ཤི་བ་ཡིན་ནའང་ཁྱོད་ཚོར་ནག་ཉེས་གང་ཡང་འཕོག་མི་ཡོང་། 9རྒུན་ཚལ་ནང་དུ་སྟོན་ཐོག་གཞན་ཞིག་མ་བཏབ་ཅིག དེ་འདྲ་བྱས་པ་ཡིན་ན་རྒུན་བྲུམ་རྣམས་ཡང་ན་སྟོན་ཐོག་གཞན་གྱི་ལོ་ཏོག་བེད་སྤྱོད་བྱེད་མི་ཆོག 10རྨོན་པ་བརྒྱབ་དུས་གླང་དང་བོང་བུ་མཉམ་དུ་རྨོ་བར་མི་རུང་ངོ་། 11བལ་དང་རས་ཆའི་མཉམ་དུ་བཏགས་པའི་གོས་ཤིག་གྱོན་མི་རུང་། 12ཁྱོད་ཚོའི་གྱོན་གོས་ཀྱི་ཟུར་བཞི་རུ་ཁ་ཚར་གཏོང་དགོས༎

ཆང་སའི་ཁྲིམས་དང་འགལ་བ།

13གལ་ཏེ་མི་ཞིག་གིས་བུད་མེད་ཞིག་དང་ཆང་ས་བརྒྱབ་སྟེ། རྗེས་སུ་མོ་ལ་མ་དགའ་བར་སྤངས་འདོད་བྱས་ཏེ། 14བུད་མེད་དེ་དང་ཆང་ས་བརྒྱབ་དུས་མོ་ནི་མོ་གསར་མིན་ཚུལ་གྱི་རྗུན་གྱི་སྐྱོན་བརྗོད་བྱས་པ་ཡིན་ན། 15བུད་མེད་དེའི་ཕ་མས་མོ་ནི་ན་ཆུང་མོ་གསར་ཡིན་པའི་ཁུངས་སྐྱེལ་དུ་ཆང་སའི་དགོང་མོར་བེད་སྤྱོད་བྱས་ཏེ། ཁྲག་ཐིག་འགོས་པའི་ཉལ་ཁེབས་དེ་ཁྲིམས་ཁང་དུ་འཁྱེར་ནས་གྲོང་ཁྱེར་གྱི་འགོ་དཔོན་རྣམས་ལ་བསྟན་དགོས་པ་དང་། 16བུད་མེད་དེའི་ཕས་དེ་དག་ལ། ངས་རང་གི་བུ་མོ་མི་འདི་དང་མཉམ་དུ་ཆང་ས་བརྒྱབ་པ་ཡིན་ཀྱང་། ད་ལྟ་ཁོ་ལ་བུ་མོ་མི་དགོས་པ་དང་། 17ཆང་ས་བརྒྱབ་དུས་མོ་གསར་མིན་ཚུལ་གྱི་རྫུན་གྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། དེ་དུས་ངའི་བུ་མོ་ན་ཆུང་མོ་གསར་ཡིན་པའི་ཁུངས་སྐྱེལ་གསལ་པོ་འདི་རུ་ཡོད། ཆང་སའི་དགོང་མོར་ཁྲག་ཐིག་འགོས་པའི་ཉལ་ཁེབས་འདིར་གཟིགས་ཤིག་ཅེས་ཞུས་དགོས། 18དེ་ནས་གྲོང་ཁྱེར་གྱི་འགོ་དཔོན་རྣམས་ཀྱི་ཁྱོ་ག་དེ་ལ་འཁྲིད་དེ་ཉེས་རྡུང་བཏང་དགོས། 19དངུལ་དུམ་བུ་ ༡༠༠ ཐམ་པའི་ཉེས་ཆད་བཀལ་ནས་བུད་མེད་དེའི་ཕ་ལ་སྤྲད་དགོས། གང་ལགས་ཟེར་ན། མི་དེས་ཨིསི་རཱཨེལ་པའི་བུད་མེད་ཞིག་ལ་མིང་རྗེས་ངན་པ་བྱས་པས་ཕྱིར་རོ། དེ་རྗེས་ཁོས་བུད་མེད་དེ་རང་གི་བཟའ་ཟླར་ཉར་དགོས་པ་དང་། ཚེ་གང་མོ་ལ་སྤངས་མི་ཆོག་པ་ཡིན་ནོ། 20འོན་ཀྱང་བུ་མོ་མོ་གསར་མིན་པའི་ར་ཕྲོད་པ་ཡིན་ན། 21དེ་དག་གིས་བུ་མོ་དེ་རང་གི་ཕའི་སྒོའི་རྩར་འཁྲིད་ནས་དེར་གྲོང་ཁྱེར་གྱི་མི་ཚོས་རྡོ་རུབ་རྒྱབ་ནས་བསད་དགོས། ཆང་ས་མ་བརྒྱབ་པའི་སྔོན་ལ་རང་གི་ཕའི་ནང་དུ་སྡོད་སྐབས་མོས་གཞན་དང་ལུས་འབྲེལ་བྱས་ཏེ། ང་ཚོའི་མི་རིགས་ཀྱི་དཀྱིལ་དུ་ངོ་ཚ་དགོས་པའི་ལས་ངན་ཞིག་བྱས་པ་ཡིན་ནོ། དེ་བཞིན་ཁྱོད་ཆོས་ལས་ངན་དེ་རྣམས་རྩ་མེད་དུ་གཏོང་དགོས་སོ། 22མི་ཞིག་གཞན་གྱི་ཆུང་མ་དང་ལུས་འབྲེལ་བྱེད་བཞིན་པར་ལག་པར་འཐེབ་པ་ཡིན་ན། དེ་གཉིས་མཉམ་དུ་གསོད་དགོས། དེ་ལྟར་བྱས་ཏེ་ཁྱོད་ཚོས་ལམ་སྲོལ་ངན་པ་དེ་མེད་པར་བྱེད་དགོས་སོ། 23གལ་ཏེ་གྲོང་ཁྱེར་ཞིག་ཏུ་སྐྱེས་པ་ཞིག་གི་སློང་ཆང་ཟིན་པའི་བུད་མེད་ཞིག་དང་ལུས་འབྲེལ་བྱེད་བཞིན་པ་ལག་པར་འཐེབ་པ་ཡིན་ན། 24དེ་གཉིས་ཀར་གྲོང་ཁྱེར་ནས་ཕྱིར་བཏོན་ཏེ་རྡོ་རུབ་བརྒྱབ་ནས་གསོད་དགོས། བུད་མེད་དེ་བསད་དགོས་དོན་ནི། མོ་གྲོང་ཁྱེར་ནང་དུ་ཡོད་པས། མོ་ལ་སྐྱབས་གྲོགས་བྱེད་དགོས་ཅེས་སྐད་འབོད་བརྒྱབ་པ་ཡིན་ན། གཞན་གྱི་ཐོས་ཐུབ་མོད། འོན་ཀྱང་མོས་དེ་བཞིན་མ་བྱས་པས་ཕྱིར་རོ། མི་དེ་གསོད་དགོས་དོན་ནི། ཁོས་གཞན་གྱི་སློང་ཆང་ཟིན་པའི་བུད་མེད་ཞིག་དང་ལུས་འབྲེལ་བྱས་པ་ཡིན་པས་ཕྱིར་རོ། དེ་ལྟར་བྱས་ཏེ་ཁྱོད་ཚོས་ལམ་སྲོལ་ངན་པ་འདི་དག་མེད་པར་བྱེད་དགོས་སོ། 25གལ་ཏེ་མི་ཞིག་གིས་སློང་ཆང་ཟིན་པའི་བུད་མེད་ཞིག་ལ་མི་མེད་ལུང་སྟོང་ཞིག་ཏུ་དབང་ཡོད་ཀྱིས་ལུས་འབྲེལ་བྱས་པ་ཡིན་ན། མི་དེ་གཅིག་པོ་གསོད་དགོས་ཏེ། 26བུད་མེད་དེ་ལ་གང་ཡང་བྱེད་མི་ཆོག། གང་ལགས་ཟེར་ན། མོ་གསོད་དགོས་པའི་ཉེས་མིག་ཚབས་ཆེ་ཞིག་མོས་བྱས་མེད་པས་ཕྱིར་རོ། གནས་ཚུལ་དེ་ནི་མི་ཞིག་གིས་འཇབ་རྒོལ་བྱས་ཏེ་མི་གཞན་ཞིག་བསད་པ་དང་མཚུངས་པ་ཡིན་ནོ། 27མི་དེས་མི་མེད་ལུང་སྟོང་ཞིག་ཏུ་སློང་ཆང་ཟིན་པའི་བུད་མེད་དེ་ལ་དབང་ཡོད་ཀྱིས་ལུས་འབྲེལ་བྱེད་སྐབས་མོས་སྐྱབས་གྲོགས་ཞུས་ཏེ་སྐད་འབོད་བརྒྱབ་རུང་། སུས་ཀྱང་མོ་ལ་རོགས་མ་བྱས་པ་ཡིན་ནོ། 28གལ་ཏེ་མི་ཞིག་གིས་སློང་ཆང་མ་བྱས་པའི་བུད་མེད་ཞིག་ལ་དབང་ཡོད་ཀྱིས་ལུས་འབྲེལ་བྱེད་བཞིན་པ་ཞིག་རྙེད་པ་ཡིན་ན། 29མི་དེས་མོའི་ཕ་ལ་དངུལ་དུམ་བུ་ལྔ་བཅུ་ཐམ་པ་སློང་ཆང་གི་ཚུལ་དུ་འཇལ་དགོས་པ་དང་། མོ་ལ་རང་གི་བཟའ་ཟླར་བླངས་དགོས། གང་ལགས་ཟེར་ན། ཁོས་མོ་ལ་དབང་ཡོད་ཀྱིས་ལུས་འབྲེལ་བྱས་པས་ཕྱིར་རོ། ཁོས་མོ་ལ་ཚེ་གང་སྤངས་མི་ཆོག་པ་ཡིན་ནོ། 30སུས་ཀྱང་རང་གི་ཕའི་བཟའ་ཟླ་སུ་ཞིག་དང་མཉམ་དུ་ཆགས་པ་བྱེད་ནས་རང་གི་ཕ་ལ་དམའ་འབེབས་བྱེད་མི་རུང་ངོ་༎

བཀའ་ཁྲིམས་སྐྱར་བཤད 23

གཙོ་བོ་དཀོན་མཆོག་གི་མི་མང་གི་ཁོངས་ནས་བཏོན་པ།

1ཉུག་རུམ་བཟོས་པའམ་ཕོ་མཚན་གྱི་འབྲས་བུ་བཅད་པའི་མི་ནི་གཙོ་བོ་དཀོན་མཆོག་གི་མི་འབངས་ཀྱི་ཁོངས་སུ་མི་ཚུད་པ་ཡིན་ནོ། 2ལོག་གཡེམ་གྱི་སྒོ་ནས་སྐྱེས་པའི་མིའམ། དེ་ལྟ་བུའི་མིའི་རིགས་རྒྱུད་ལས་མི་རབས་བཅུ་བར་དུ་སུའང་གཙོ་བོ་དཀོན་མཆོག་གི་མི་འབངས་སུ་ཚུད་པར་མི་འགྱུར་རོ། 3ཨམ་མོན་པའམ་མོ་ཨབ་པའམ་དེ་དག་གི་རིགས་རྒྱུད་མི་རབས་བཅུ་བར་དུ་སུའང་གཙོ་བོ་དཀོན་མཆོག་གི་མི་ཁོངས་སུ་ཚུད་པར་མི་འགྱུར། 4ཁྱོད་ཚོ་ཨི་ཇིབ་ནས་ཐོན་ཡོང་བའི་ལམ་དུ་དེ་ཚོས་ཁྱོད་ཚོ་ལ་ཆུ་དང་ཁ་ཟས་མ་སྤྲད་པ་དང་། མེ་སོ་པོ་ཊ་མི་ཡའི་གྲོང་ཁྱེར་པེ་ཐོར་ནས་བྷི་ཨོར་གྱི་བུ་བིལ་ཨམ་ལ་དངུལ་སྤྲད་ནས་ཁྱོད་ཚོར་དམོད་པ་འདེབས་པའི་ལས་བྱས་བཅུགོ། 5འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་བྷ་ལམ་གྱི་ཞུ་བར་མ་གསན་པར། དམོད་པ་དེ་ནི་བྱིན་རླབས་སུ་བསྒྱུར་བར་གནང་ངོ་། གང་ལགས་ཟེར་ན། ཁོང་གིས་ཁྱོད་ཚོར་ཐུགས་བརྩེ་གནང་གི་ཡོད་པ་ཡིན་ནོ། 6ཁྱོད་ཚོའི་མི་རིགས་ནམ་འཚོའི་བར་དུ་མི་རིགས་དེ་དག་ལ་རོགས་མ་བྱེད་ཅིག དེ་ཚོར་ལམ་འགྲོ་ཡོང་བའི་ལས་ཤིག་ནམ་ཡང་མ་བྱེད་ཅིག 7ཨེ་དྷོམ་པ་རྣམས་ལ་སྣང་ཆུང་མ་བྱེད་ཅིག དེ་དག་ཁྱོད་ཚོའི་གཉེན་ཚན་ཡིན་པ་དང་། དེ་བཞིན་ཨི་ཇིབ་པ་རྣམས་ལའང་མཐོང་ཆུང་མ་བྱེད་ཅིག གང་ལགས་ཟེར་ན། སྔོན་དུ་ཁྱོད་ཚོ་དེ་དག་གི་ཡུལ་དུ་གནས་སྡོད་བྱས་པ་ཡིན་པས་ཕྱིར་རོ། 8མི་རབས་གསུམ་ནས་དེ་ཚོའི་རིགས་རྒྱུད་རྣམས་ཀྱང་གཙོ་བོ་དཀོན་མཆོག་གི་མི་འབངས་སུ་ཚུད་ཆོག་པ་ཡིན་ནོ༎

དམག་སྒར་གཙང་མར་བཞག་དགོས་པའི་ཁྲིམས།

9དམག་དུས་སུ་ཁྱོད་ཚོ་དམག་སྒར་ནང་སྡོད་སྐབས་ཆོ་ག་བཞིན་དུ་མི་གཙང་བར་བཟོས་མཁན་ཀུན་ལས་ལོག་སུ་སྡོད་ཅིག 10མཚན་མོ་གཉིད་ལམ་ནང་ཆགས་སྤྱོད་བྱས་ཏེ་མི་སུ་ཞིག་མི་གཙང་བ་བྱུང་ཡོད་པ་ཡིན་ན་དེ་ནི་སྒར་གྱི་ཕྱི་རུ་བསྡད་དགོས། 11དགོང་དྲོར་གཟུགས་པོ་ཁྲུས་ཏེ་ཉི་མ་ནུབ་སྐབས་མི་དེ་སྒར་ནང་ཕྱིར་ལོག་བྱེད་ཆོག་པ་ཡིན་ནོ། 12སྒར་གྱི་ཕྱི་རུ་ཁྱོད་ཚོས་གསང་སྤྱོད་ཅིག་བཟོ་དགོས། 13མཁོ་ཆས་ཀྱི་ཚུལ་དུ་རྒྱུག་པ་ཞིག་འཁྱེར་ཏེ། བཙོག་པ་བཏང་སྐབས་དེས་ས་བྲུས་ནས་བཀབ་དགོས། 14རང་གི་སྒར་ནི་ཆོ་ག་བཞིན་དུ་གཙང་བར་བཞག་དགོས། གང་ལགས་ཟེར་ན། ཁྱོད་ཚོར་སྲུང་སྐྱོབས་གནང་མཁན་དང་དགྲ་བོ་རྣམས་ལས་རྒྱལ་ཁ་གནང་མཁན། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཁྱོད་ཚོ་དང་མཉམ་དུ་སྒར་གྱི་དབུས་སུ་བཞུགས་ཡོད། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་སྤངས་བ་མ་གནང་བའི་ཕྱིར། ཁྱོད་ཚོས་བཙོག་པའི་ལས་ངན་མི་གཙང་བ་ཞིག་མ་བྱེད་ཅིག། 15བྲན་གཡོག་ཞིག་རང་གི་སྦྱིན་བདག་ནས་བྲོས་ཏེ། སྐྱབས་ཞུ་བར་ཁྱོད་ཚོའི་རྩར་ཡོང་བ་ཡིན་ན་དེ་ལ་ཕྱིར་ལོག་གཏོང་མི་ཉེན། 16མི་དེ་ཁྱོད་ཚོའི་གྲོང་ཁྱེར་གང་རུང་ཞིག་ཏུ་གནས་སྡོད་བྱེད་ཆོག་པ་དང་། ཁྱོད་ཚོས་དེ་ལ་སྡུག་རྩུབ་བྱེད་མི་ཆོག 17ཨིསི་རཱཨེལ་གྱི་སྐྱེས་པའམ་བུད་མེད་སུ་ཞིག་ལྷ་ཁང་དུ་སྨད་འཚོང་མའི་ལས་བྱེད་མི་རུང་། 18སྨད་འཚོང་མའི་ལས་བྱས་ནས་བསགས་པའི་རྒྱུ་དངུལ་གྱིས་དམ་བཅའ་སྒྲུབ་པའི་ཕྱིར་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་མཆོད་ཁང་དུ་འཁྱེར་མ་ཡོང་། ལྷ་ཁང་གི་སྨད་འཚོང་མ་རྣམས་ལ་གཙོ་བོ་དཀོན་མཆོག་གི་སྡང་པོ་གནང་ངོ་། 19རང་རིགས་གཅིག་པའི་ཨིསི་རཱཨེལ་པ་ཞིག་ལ་རྒྱུ་དངུལ་ལམ་ཁ་ཟས་སམ་གཞན་སོགས་བུ་ལོན་དུ་སྤྲད་པ་ཡིན་ན་དེ་ལ་སྐྱེད་ཁ་ལེན་མི་ཆོག 20ཕྱི་རྒྱལ་བ་ཞིག་ལ་བུ་ལོན་སྤྲད་པ་ཡིན་ན་དེ་ལས་སྐྱེད་ཁ་ལེན་ཆོག་མོད། འོན་ཀྱང་ཨིསི་རཱཨེལ་པ་ཞིག་ལས་སྐྱེད་ཁ་ལེན་མི་ཆོག ཁྱོད་ཚོས་བཀའ་ཁྲིམས་འདི་བསྲུང་པ་ཡིན་ན། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དུ་ཁྱོད་ཚོས་ལས་དོན་གང་འདྲ་ཞིག་བྱས་རུང་དེ་ལ་ཁོང་གིས་བྱིན་རླབས་གནང་བར་འགྱུར། 21ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་དམ་བཅའ་ཞིག་ཕུལ་ཡོད་པ་ཡིན་ན། དེ་དག་རིང་མིན་སྒྲུབ་པར་བྱོས་ཤིག ཁྱོད་ཚོས་དམ་བཅའ་ཚང་མ་སྒྲུབ་པར་གཙོ་བོ་དཀོན་མཆོག་ཐུགས་མཉེས་པ་དང་། དམ་བཅའ་སྒྲུབ་མ་ཐུབ་པ་དེ་ནི་སྡིག་པའི་རྒྱུ་ཞིག་ཡིན་ནོ། 22གཙོ་བོ་དཀོན་མཆོག་ལ་དམ་བཅའ་མ་འབུལ་བ་དེ་ནི་སྡིག་པ་མ་ཡིན་མོད། 23འོན་ཀྱང་དང་བླངས་ཀྱི་སྒོ་ནས་དམ་བཅའ་ཞིག་འབུལ་ཡོད་པ་ཡིན་ན་དེ་ངེས་པར་དུ་སྒྲུབ་པར་བྱོས་ཤིག 24ཁྱོད་རང་མི་ཞིག་གི་རྒུན་ཚལ་གྱི་དཀྱིལ་ནས་འགྲོ་སྐབས། རྒུན་འབྲུམ་རང་འདོད་བཞིན་དུ་ཟ་ཆོག་ཀྱང་སྣོད་ནང་དུ་འཁྱེར་ནས་འགྲོ་མི་ཆོག 25མི་ཞིག་གི་འབྲུ་ཞིང་རྒྱུད་ནས་འགྲོ་སྐབས་རང་གི་ལག་པས་སྒྲུག་པ་དེ་ཟ་ཆོག་མོད། འོན་ཀྱང་འབྲུ་ལ་ཟོ་རས་རྔ་མི་ཆོག་གོ།

བཀའ་ཁྲིམས་སྐྱར་བཤད 24

བཟའ་མི་ཁ་བྲལ་བ་དང་སྐྱར་དུ་ཆང་ས་བརྒྱབ་པ།

1མི་ཞིག་གིས་བུད་མེད་ཅིག་དང་ཆང་ས་བརྒྱབས་ཏེ། རྗེས་སུ་ཁོས་མོའི་སྐོར་ལ་གནས་ཚུལ་མ་འདོད་པ་ཞིག་ཧ་གོ་ཞིང། མོ་ལ་སྤངས་རྩིས་བྱེད་པ་ཡིན་ན། བྲལ་ཡིག་ཅིག་བྲིས་ཏེ་དེ་མོ་ལ་སྤྲད་དེ་རང་གི་ནང་ནས་བཏོན་ཐུབ་ཡོང་། 2དེ་རྗེས་བུད་མེད་དེས་མི་གཞན་ཞིག་དང་མཉམ་དུ་ཆང་ས་བརྒྱབ་སྟེ། 3ཁྱོ་ག་དེས་ཀྱང་མོ་ལ་མ་འདོད་པར་བྲལ་ཡིག་ཅིག་བྲིས་ཏེ་མོ་ལ་ནང་ནས་བཏོན་པའམ། ཡང་ན་ཁྱོ་གཉིས་པ་དེ་ཤི་བ་ཡིན་ན། 4གང་ལྟར་ཡིན་རུང་ཁྱོ་དང་པོ་དེས་མོ་ལ་ཡང་སྐྱར་ཆང་ས་བརྒྱབ་མི་ཆོག་ཅིང་། མོ་ནི་མི་གཙང་བར་རྩིས་དགོས་པ་ཡིན་ནོ། གལ་ཏེ་མི་དེས་མོ་ལ་ཡང་སྐྱར་ཆང་ས་བརྒྱབ་པ་ཡིན་ན། དེ་ནི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་གཟིགས་སྣང་དུ་མི་གཙང་བའི་རྒྱུ་ཞིག་ཡིན་པས། ཁོང་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དེར། དེ་ལྟ་བུའི་སྡིག་པ་ཉེན་འཚབ་ཆེ་བ་ཞིག་ནམ་ཡང་མ་བྱེད་ཅིག། 5ཉེ་འཆར་ཆང་ས་བརྒྱབ་པའི་མི་ཞིག་དམག་ལ་བཏང་བའམ་མི་མང་གི་ལས་དོན་གང་འདྲ་ཞིག་ཀྱང་བསྐུལ་མི་རུང་སྟེ། ལོ་གཅིག་གི་རིང་ཁོ་ལ་ལས་འགན་ཀུན་ལས་གུ་ཡང་སྤྲད་དེ། རང་གི་ནང་དུ་བཟའ་ཟླ་དང་མཉམ་དུ་གནས་ཏེ་མོ་ལ་དགའ་མགུར་བྱེད་བཅུག་དགོས། 6སུ་ཞིག་ལ་བུ་ལོན་སྤྲད་སྐབས། ཁོའི་འབྲུ་འཐག་པའི་རང་འཐག་དེ་གཏའ་མར་མ་ལེན་ཞིག དེ་ལྟར་བྱས་པ་ཡིན་ན་ནང་མི་དེ་ཁོ་ཚོའི་འཚོ་བའི་ཐབས་ཤེས་དེ་འཕྲོག་གི་ཡོད་པ་ཡིན་ནོ། 7སུ་ཞིག་གིས་རང་རིགས་གཅིག་པའི་ཨིསི་རཱཨེལ་པ་ཞིག་བཙན་འཁྲིད་བྱས་ཏེ་བྲན་གཡོག་ཏུ་བསྐུལ་བའམ་བཙོངས་པ་ཡིན་ན། དེ་ལྟར་བྱེད་མཁན་མི་དེ་གསོད་དགོས་སོ། དེ་ལྟར་བྱས་ཏེ་ཁྱོད་ཚོས་སྲོལ་ངན་པ་དེ་རྣམས་མེད་པར་བྱེད་དགོས་སོ། 8ཁྱོད་ཚོ་ལ་ལྤགས་ནད་དྲག་པོ་ཞིག་ཕོག་ཡོད་པ་ཡིན་ན། ལེ་ཝིའི་བླ་མ་རྣམས་ཀྱིས་གང་སྨྲས་པ་ལྟར་བྱོས་ཤིག ངས་ཁོ་ཚོར་སློབ་སྟོན་གང་བྱས་པ་ཚང་མ་ཁྱོད་ཚོས་ཉོན་ཅིག 9སྔར་ཁྱོད་ཚོ་ཨི་ཇིབ་ནས་ཐོན་ཡོང་སྐབས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་མིར་ཡམ་ལ་གང་གནང་བ་དེ་དྲན་གསོ་བྱོས་ཤིག 10ཁྱིམ་མཚེ་ཞིག་ལ་བུ་ལོན་སྤྲད་པ་ཡིན་ན། དེའི་གཏའ་མར་ཁོའི་གྱོན་གོས་ཤིག་ལེན་པར་ཁྱིམ་ནང་དུ་མ་འགྲོ་ཞིག 11ཁང་པའི་ཕྱི་རུ་སྒུག་སྡོད་བྱེད་དེ། ཁོ་རང་གིས་གོས་དེ་འཁྱེར་འོངས་ཏེ་ཁྱོད་ལ་སྤྲད་དགོས། 12གལ་ཏེ་མི་དེ་དབུལ་པོ་ཞིག་ཡིན་ན། དེའི་གོས་དེ་ཁྱོད་ཚོས་མཚན་མོའི་རིང་དུ་མ་བཞག་པར། 13གོས་དེ་དགོང་མོ་རེ་བཞིན་ཁོས་བེད་སྤྱོད་བྱས་ཏེ་ཉལ་ཐུབ་པའི་ཕྱིར་ཁོ་ལ་ཕྱིར་ལོག་བྱེད་དགོས། དེ་ལྟར་བྱས་ན་ཁོས་བཀའ་དྲིན་རྗེས་དྲན་ཞུ་བ་དང་། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཁྱོད་ལ་ཐུགས་མཉེས་པར་འགྱུར། 14རང་རིགས་གཅིག་པའི་ཨིསི་རཱཨེལ་པའམ་ཁྱོད་ཚོའི་གྲོང་ཁྱེར་ཞིག་ཏུ་གནས་སྡོད་བྱེད་པའི་ཕྱི་རྒྱལ་བའི་གླ་པ་ཉམ་ཐག་ཅིང་དབུལ་པོ་དང་ཉམས་ཆུང་ཡིན་ན་ཁོ་ལ་མགོ་སྐོར་མ་གཏོང་ཞིག 15ཉིན་ལྟར་ཉི་མ་མ་ནུབ་གོང་དུ་མི་དེ་ལ་ཉིན་རེའི་གླ་ཆ་སྤྲོད་དགོས། གང་ལགས་ཟེར་ན། ཁོ་ལ་དངུལ་དེ་མཁོ་གནད་ཆེ་བས་ཁོས་དེ་ལ་རེ་འདོད་ཆེན་པོ་བྱེད་ནས་སྡོད་ཀྱི་ཡོད། ཁོ་ལ་ཁྱོད་ཀྱི་གླ་ཆ་དེ་མ་སྤྲད་པ་ཡིན་ན། ཁྱོད་ཀྱི་ཐོག་ཏུ་ཁོས་གཙོ་བོ་དཀོན་མཆོག་ལ་སུས་འབོད་བྱེད་ཡོང་། སྡིག་པའི་ཉེས་དམིགས་དེ་ཁྱོད་ཀྱི་ཐོག་ཏུ་ཕོག་པར་འགྱུར། 16ཕྲུ་གུས་བྱས་པའི་ཉེས་དམིགས་སུ་ཕ་མ་བསད་མི་རུང་། དེ་བཞིན་ཕ་མས་བྱས་པའི་ཉེས་དམིགས་ཀྱིས་ཕྲུ་གུ་ཚོ་ལ་བསད་མི་རུང་ངོ་། སོ་སོས་བྱས་པའི་ཉེས་དམིགས་སུ་མི་དེ་རང་གསོད་དགོས་པ་ཡིན་ནོ། 17ཕྱི་རྒྱལ་བའམ་ད་ཕྲུག་ཚོའི་ཐོབ་ཐང་མ་འཕྲོག་ཅིག དེ་བཞིན་ཡུག་མོ་ཞིག་ལ་བུ་ལོན་སྤྲད་སྐབས་མོའི་གྱོན་གོས་སོགས་གཏའ་མར་ལེན་མི་རུང་། 18ངས་ཁྱོད་ཚོ་བཀའ་བསྒོས་དེ་བཞིན་བྱེད་དགོས་དོན་ནི། སྔར་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོ་ཨི་ཇིབ་ཀྱི་བྲན་འཁོལ་ནས་སྐྱབས་པ་གནང་བ་དེ་ཁྱོད་ཚོས་དྲན་གསོ་བྱེད་ཐུབ་པའི་ཕྱིར་རོ། 19ཁྱོད་ཚོས་སྟོན་ཐོག་བསྡུ་སྒྲུག་བྱེད་སྐབས། ཞིང་ཁར་སྟོན་ཐོག་བསྡུ་འཕྲོ་ལུས་པ་ཡིན་ན་དེ་ལེན་ཕྱིར་ཞིང་ཁར་མ་འགྲོ་ཞིག དེ་ནི་ཕྱི་རྒྱལ་བ་དང་ད་ཕྲུག་དང་དེ་བཞིན་ཡུགས་ས་མ་ཚོའི་དོན་དུ་བཞག་དགོས། དེ་ལྟར་བྱས་པ་ཡིན་ན་ཁྱོད་ཀྱི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཀྱི་ལས་དོན་ཚང་མར་བྱིན་རླབས་གནང་བར་འགྱུར། 20དེ་བཞིན་ཁྱོད་ཚོས་ཁ་སྐྱུར་པོའི་ ཤིང་འབྲས་བསྡུ་སྒྲུག་བྱས་ཟིན་པའི་རྗེས་སུ་བསྡུ་འཕྲོ་ལུས་པ་རྣམས་སྐྱར་དུ་ལེན་པར་མ་འགྲོ་ཞིག། དེ་ནི་ཕྱི་རྒྱལ་བ་དང་ད་ཕྲུག་དང་ཡུགས་ས་མ་ཚོའི་དོན་དུ་སྤངས་བཞག་དགོས། 21རྒུན་འབྲུམ་བསྡུ་སྒྲུག་བྱེད་སྐབས་ཀྱང་བསྡུ་ཐེངས་གཅིག་རང་དུ་གང་བསྡུ་ཐུབ་པ་ལས། སྐྱར་དུ་རྒུན་ཚལ་དུ་རྒུན་འབྲུམ་བསྡུ་བར་མ་འགྲོ་ཞིག། བསྡུ་འཕྲོ་ལུས་པ་དེ་ཕྱི་རྒྱལ་བ་དང་། དྭ་ཕྲུག་དང་། ཡུག་མོ་ཚོའི་དོན་དུ་བཞག་དགོས་པ་ཡིན་ནོ། 22ངས་ཁྱོད་ཚོར་འདི་བཞིན་བཀའ་བསྒོས་བྱེད་དགོས་དོན་ནི། སྔར་ཁྱོད་ཚོ་ཨི་ཇིབ་ཀྱི་བྲན་འཁོལ་དུ་གནས་པ་དེ་ནམ་ཡང་མ་བརྗེད་པར་བྱེད་པའི་ཕྱིར་རོ༎

བཀའ་ཁྲིམས་སྐྱར་བཤད 25

1གལ་ཏེ་ཨིསི་རཱཨེལ་པ་གཉིས་འཐབ་རྩོད་བྱུང་སྟེ་ཁྲིམས་ཁང་དུ་ཁྲིད་ནས་གཅིག་དེ་ནོངས་མེད་དང་གཞན་དེ་ཉེས་ཅན་དུ་རྩིས་པ་དང་། 2ཉེས་ཅན་དེ་ལ་རྡུང་དགོས་པའི་ཁྲིམས་ཕོག་པ་ཡིན་ན། ཁྲིམས་དཔོན་གྱིས་ཁོ་ལ་མར་ཁ་འབུབ་ཏུ་སྙལ་ནས་རྟ་ལྕག་གཏོང་དགོས། རྟ་ལྕག་མང་ཉུང་ཇི་ཙམ་གཏོང་དགོས་པ་དེ་ཁོའི་ནག་ཉེས་ཆེ་ཆུང་ལ་ལྟས་ནས་ཐག་གཅོད་བྱེད་དགོས། 3དེ་ལ་རྟ་ལྕག་བཞི་བཅུ་ལས་གཏོང་མི་ཆོག དེ་ལས་མང་བ་རྟ་ལྕག་བཏང་བ་ཡིན་ན། ཀུན་གྱིས་མཐོང་སར་ཁོ་ལ་མིང་རྗེས་ངན་པ་ཞིག་ཡོང་ཉེན་ཡོད། 4ཕྱུགས་ཆགས་བསྐོར་སྐབས་གླང་གི་ཁ་མ་སྡམ་ཞིག།

འདས་གྲོངས་ཟིན་པའི་སྤུན་གྱི་ཆེད་དུ་བྱེད་དགོས་པའི་ལས་འགན།

5ཁྱིམ་ཚང་གཅིག་གི་ནང་དུ་སྤུན་གཉིས་ཡོད་པ་ལས་གཅིག་ལ་བུ་མེད་པར་ཤི་བ་ཡིན་ན། ཁོའི་སྐྱེ་དམན་དེས་ཕྱི་མིའི་ཁྱིམ་ཚང་གཞན་གྱི་སྐྱེས་པ་དང་ཆང་ས་བརྒྱབ་མི་ཆོག འོན་ཀྱང་འདས་གྲོངས་ཟིན་པའི་མི་དེའི་སྤུན་གྱིས་མོ་ལ་ཆང་ས་བརྒྱབ་དགོས། དེ་ནི་ཁོའི་ལས་འགན་ཞིག་ཡིན་ནོ། 6དེ་གཉིས་ལས་སྐྱེས་པའི་བུ་སྔོན་སྐྱེས་དེ་ནི་སྤུན་འདས་གྲོངས་ཕྱིན་པ་དེའི་བུའི་ཚུལ་དུ་ངོས་འཛིན་བྱས་ཏེ། སྤུན་འདས་པའི་རིགས་རྒྱུད་དེ་ཡིན་ཟེར་ཨིསི་རཱཨེལ་ནང་དུ་གནས་པར་བྱེད་རྒྱུ་ཡིན། 7འདས་པའི་མིའི་སྤུན་དེས་མོ་ལ་ཆང་ས་བརྒྱབ་འདོད་མ་བྱས་ན། བུད་མེད་དེས་གྲོང་ཁྱེར་གྱི་འགོ་བྱེད་ཚོའི་མདུན་དུ་ཕྱིན་ནས། ངའི་ཁྱོ་གའི་སྤུན་དེས་རང་གི་ལས་འགན་མ་སྒྲུབ་པར། ཨིསི་རཱཨེལ་པ་རྣམས་ཀྱི་དཀྱིལ་དུ་རང་གི་སྤུན་གྱི་རིགས་རྒྱུད་སྤེལ་འདོད་བྱེད་ཀྱི་མི་འདུག་ཅེས་བརྗོད་དགོས། 8དེ་ནས་གྲོང་ཁྱེར་གྱི་འགོ་བྱེད་ཚོས་མི་དེ་ལ་བོས་ཏེ་བསླབ་བྱ་བྱེད་དགོས། དེ་ལྟར་བྱས་ཏེ་མ་ཉན་པ་ཡིན་ན། 9ཡུག་མོ་དེས་གྲོང་ཁྱེར་གྱི་འགོ་བྱེད་ཚོས་མཐོང་སར་སྐྱེས་པ་དེའི་ལྷམ་ཡ་གཅིག་ཕུད་དེ་མི་དེའི་གདོང་ལ་མཐུ་ལུད་བརྒྱབ་ཅིང་འདི་ལྟར་སྨྲས་དགོས། རང་གི་སྤུན་གྱི་རིགས་རྒྱུད་སྤེལ་འདོད་མི་བྱེད་མཁན་དེ་ལ་གནས་ཚུལ་ཐབས་སྡུག་འདི་འདྲ་ཡོང་ངེས་སོ། 10ཁྱིམ་ཚང་དེའི་མིང་ལ་ལྷམ་ཕུད་པའི་མིའི་ཁྱིམ་ཚང་ཞེས་ཨིསི་རཱཨེལ་ཡོངས་སུ་གྲགས་པར་འགྱུར༎

ཁྲིམས་གཞན་རྣམས།

11མི་གཉིས་འཐབ་འཛིང་བྱེད་སྐབས་མི་གཅིག་གི་ཆུང་མས་རང་གི་ཁྱོ་གའི་ཕྱོགས་བྱས་ཏེ། སྐྱེས་པ་གཞན་དེའི་ཕོ་མཚན་བཙིར་ཐབས་བྱས་པ་ཡིན་ན། 12བུད་མེད་དེ་ལ་སྙིང་རྗེ་མ་བྱེད་པར་དེའི་ལག་པ་གཅོད་དགོས་སོ། 13-14ཐིག་ཚད་དང་ལྗིད་ཚད་བེད་སྤྱོད་བྱེད་སྐབས་གཞན་ལ་མགོ་སྐོར་མ་གཏོང་ཞིག 15ཁྱོད་ཚོས་ཁྲིམས་དང་མཐུན་པའི་ལྡན་པའི་ལྗིད་ཆད་དང་ཚད་སོགས་བེད་སྤྱོད་བྱས་པ་ཡིན་ན། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོ་ལ་གནང་རྒྱུ་ཡིན་པའི་ཡུལ་དེར་ཁྱོད་ཚོ་ཚེ་རིང་པོར་གནས་པར་འགྱུར། 16མགོ་སྐོར་གཏོང་མཁན་རྣམས་ལ་གཙོ་བོ་དཀོན་མཆོག་སྡང་བ་གནང་ངོ་༎

ཨ་མ་ལེག་པ་རྣམས་གསོད་དགོས་པའི་བཀའ།

17ཁྱོད་ཚོ་ཨི་ཇིབ་ནས་ཐོན་ཡོང་སྐབས། ཨ་མ་ལེག་པ་ཚོས་ཁྱོད་ཚོར་གང་བྱས་པ་དེ་དྲན་གསོ་བྱོས་ཤིག 18དེ་ཚོས་དཀོན་མཆོག་ལ་མ་འཇིགས་པར། ཁྱོད་ཚོ་ངལ་ཞིང་ཐང་ཆད་པའི་སྐབས་སུ། དེ་ཆོས་ཁྱོད་ཚོའི་རྒྱབ་ནས་འཐབ་འཛིང་བྱས་ཏེ། མི་ཚོགས་ཀྱི་མཇུག་ཏུ་ལུས་པ་ཚང་མ་བསད་པ་ཡིན་པས། 19དེར་བརྟེན་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཡུལ་དེ་ཁྱོད་ཚོར་གནང་དུས། ཁྱོད་ཚོའི་མཐའ་འཁོར་ལ་ཡོད་པའི་དགྲ་བོའི་ལས་བརྟན་པོ་མཛོག་སྐབས། ཁྱོད་ཚོས་ཨ་མ་ལེག་པ་ཚང་མ་ངེས་པར་གསོད་དགོས། དེ་ཚོའི་མིང་ཤུལ་ཙམ་ཡང་སུ་ཞིག་གི་ནམ་ཡང་མི་དྲན་པར་བྱེད་དགོས་པ་དང། དེ་མ་བརྗེད་ཅིག།

བཀའ་ཁྲིམས་སྐྱར་བཤད 26

ལོ་ཐོག་གི་འབུལ་བ།

1གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཆོར་གནང་རྒྱུ་ཡིན་པའི་ཡུལ་དེ་ཁྱོད་ཚོས་བདག་འཛིན་བྱས་ཏེ་དེར་གཞིས་ཆགས་པའི་རྗེས་སུ། 2ཁྱོད་ཚོ་ཚང་མས་སྟོན་ཐོག་གི་ཕུད་དེ་ཙེལ་པོའི་ནང་དུ་བླུགས་ནས་མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་འཁྱེར་དགོས། 3སྐབས་དེའི་བླ་མའི་རྩར་ཕྱིན་ནས་འདི་ལྟར་སྨྲས་དགོས། སྔར་གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་གིས་ང་ཚོའི་ཕ་མེས་རྣམས་ལ་ཞལ་བཞེས་གནང་བའི་ཡུལ་དེར་ང་བསླེབས་ཡོད་ཅེས་ངས་ངོས་ལེན་ཞུ་གི་ཡོད། 4བླ་མས་ཁྱོད་ཀྱི་ལག་ནས་ཙེལ་པོ་དེ་བླངས་ནས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་མཆོད་ཁྲིའི་ཁར་བཞག་དགོས། 5དེ་རྗེས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཚོས། ངའི་ཕ་མེས་ནི་གནས་ངེས་མེད་ཁག་ཏུ་འཁྱམ་འཁན་ཨ་རམ་པ་ཞིག་ཡིན་ནོ། རང་གི་ནང་མི་འཁྲིད་དེ་ཨི་ཇིབ་དུ་གཞིས་ཆགས་པར་ཕྱིན་ནོ། ཁོ་ཚོ་དེར་བསླེབས་དུས་མི་འབོར་གྲངས་ཉུང་ཞིག་ལས་མེད་རུང་། རྗེས་སུ་དེ་ཚོ་མི་རིགས་ཆེན་པོ་དང་སྟོབས་ཆེན་ཞིག་ཏུ་འགྱུར་བ་དང་། 6ཨི་ཇིབ་པ་ཚོས་ང་ཚོ་ལ་གདུག་རྩུབ་དྲག་པོས་བྲན་འཁོལ་བཞིན་ལས་བསྐུལ་སྐབས། 7རང་གི་མེས་པོའི་གཙོ་བོ་དཀོན་མཆོག་ལ་ང་ཚོས་སྐྱབས་གྲོགས་མཛད་རོགས་གནང་ཞེས་སྨྲེ་ངག་འདོན་པས། ཁོང་གིས་ང་ཚོའི་ཞུ་བར་གསན་ཏེ། ང་ཚོའི་སྡུག་བསྔལ་དང་དཀའ་འཚེ་དང་མྱ་ངན་རྣམས་གཟིགས་ནས། 8ཁོང་གི་མཐུ་སྟོབས་ཆེན་པོས་ང་ཚོ་ཨི་ཇིབ་ནས་སྐྱབས་པ་གནང་ངོ་། ཁོང་གི་ལྟས་དང་མཛད་འཕྲིན་ངོ་མཚར་ཆེན་པོ་རྣམས་བསྟན་པ་གནང་སྟེ། འཇིགས་རུང་ཆེ་བའི་གནས་ཚུལ་སོགས་འབྱུང་དུ་བཅུག་པ་ཡིན་ནོ། 9ཁོང་གིས་ང་ཚོ་འདིར་འཁྲིད་ཕེབས་ཏེ་ཕྱུག་པོ་དང་ས་ལུད་འཛོམས་པའི་ཡུལ་དེ་ནི་ང་ཚོ་ལ་གནང་བྱུང་བས། 10ད་ངས་ཁོང་གི་གནང་བའི་ལོ་ཐོག་གི་ཕུད་དེ་གཙོ་བོ་དཀོན་མཆོག་གི་དྲུང་དུ་འབུལ་བར་བཅར་ཡོད་ཅེས་བརྗོད་དགོས་སོ། དེ་རྗེས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཙེལ་པོ་དེ་མར་བཞག་ནས་ཁོང་ལ་མཆོད་འབུལ་བྱེད་དགོས། 11གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོ་ནང་མི་དང་བཅས་པར་གནང་བའི་དངོས་པོ་བཟང་པོ་རྣམས་ཀྱི་ཕྱིར་དུ་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་། ཁྱོད་ཚོའི་ཁྲོད་དུ་སྡོད་པའི་ལེ་ཝི་པ་དང་ཕྱི་རྒྱལ་པ་ཚོས་ཀྱང་དགའ་སྟོན་དེ་ལ་སྐལ་བ་ལེན་དགོས་སོ། 12ལོ་གསུམ་རེར་སྟོན་ཐོག་གི་བཅུ་ཁག་དེ་ལེ་ཝི་པ་དང་ཕྱི་རྒྱལ་བ་དང་། ད་ཕྲུག་དང་ཡུགས་ས་མ་རྣམས་ལ་སྤྲོད་དགོས་སོ། གང་ལགས་ཟེར་ན། མི་མང་གི་སྡེ་ཚོགས་ཇི་འདྲ་ཞིག་ལའང་བཟའ་བཅའི་རིགས་ལྡང་ངེས་བཞིན་ཡོང་བས་ཕྱིར་རོ། དེ་ལྟར་བྱས་ཟིན་པའི་རྗེས་སུ། 13ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་མདུན་དུ་འདི་ལྟར་བརྫོད་དགོས། དམ་པའི་བཅུ་ཁག་གི་ཟུར་ཆ་ཅིག་ཀྱང་ངའི་ནང་དུ་ལུས་མེད་ཅིང་། ཁྱེད་ཀྱིས་ང་ལ་བཀའ་བསྒོས་གནང་བ་བཞིན་ངས་ལེ་ཝི་པ་དང་། ཕྱི་རྒྱལ་བ་དང་། ད་ཕྲུག་རྣམས་དང་། ཡུགས་ས་མ་རྣམས་ལ་སྤྲད་དོ། བཅུ་ཁག་གི་འབུལ་བའི་སྐོར་གྱི་བཀའ་རྣམས་ངས་གཅིག་ཀྱང་འགལ་བའམ་བརྗེད་པ་སོགས་བྱས་མེད། 14མྱ་ངན་གྱི་སྐབས་སུ་བཅུ་ཁག་གི་འབུལ་བའི་ཁོངས་ནས་ངས་གང་ཡང་ཟས་མེད་པ་མ་ཟད། ཆོ་ག་ལྟར་ང་མི་གཙང་བའི་གནས་སྟངས་སུ་ཡོད་སྐབས་དེ་ལས་གང་ཡང་ངའི་ནང་ནས་བཏོན་རྒྱུ་མ་བྱུང་། དེའི་ཁོངས་ནས་གཤིན་པོའི་འབུལ་བའི་ཕྱིར་དུ་གང་ཡང་བེད་སྤྱོད་བྱས་མེད། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་བཅུ་ཁག་གི་འབུལ་བའི་སྐོར་ལ་བཀའ་གང་གནང་བ་ཚང་མ་ངས་སྲུང་ཡོད་པས། 15མཐོ་རིས་ཀྱི་ཁྱེད་ཀྱི་ཞུགས་གནས་དམ་པ་ནས་མར་གཟིགས་ཏེ་རང་གི་མི་འབངས་ཨིསི་རཱཨེལ་པ་ལ་བྱིན་རླབས་གནང་བར་མཛོད། སྔར་ང་ཚོའི་མེས་པོ་རྣམས་ལ་ཞལ་བཞེས་གནང་བའི་ཡུལ་ཕྱུག་པོ་དང་ས་ལུད་འཛོམས་པོ་དེ་ལའང་བྱིན་རླབས་གནང་བར་མཛོད༎

གཙོ་བོ་དཀོན་མཆོག་གི་ཉིད་ཀྱི་མི་འབངས།

16དེ་རིང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་ཉིད་ཀྱིས་བཀའ་ཁྲིམས་ཚང་མ་སྲུང་དགོས་ཅེས་བཀའ་གནང་ཡོད་པས། ཁྱོད་ཚོས་ཁོང་དང་དམ་ཚིག་མ་འགལ་བར་སེམས་རྩེ་གཅིག་གི་སྒོ་ནས་བཀའ་དེ་དག་སྲུང་དགོས། 17དེ་རིང་ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་རང་གི་དཀོན་མཆོག་ཡིན་པར་ངོས་ལེན་ཞུས་ཤིང་། ཁོང་གི་བཀའ་དང་བཀའ་ཁྲིམས་ཡོངས་རྫོགས་སྲུང་ཞིང་། ཁོང་གི་བཀའ་དགོངས་བཞིན་དུ་འགྲུལ་རྒྱུའི་དམ་བཅའ་ཕུལ་ཡོད་དོ། 18སྔར་གཅོ་བོ་དཀོན་མཆོག་གིས་ཞལ་བཞེས་གནང་བ་བཞིན། དེ་རིང་ཁོང་གིས་ཁྱོད་ཚོར་ཉིད་ཀྱི་མི་འབངས་སུ་ངོས་ལེན་གནང་ཡོད་པ་ཡིན་པས། ཁོང་གིས་ཁྱོད་ཚོར་ཉིད་ཀྱི་བཀའ་ཁྲིམས་ཚང་མ་སྲུང་དགོས་པའི་བཀའ་གནང་ཡོད། 19ཁོང་གིས་བཀོད་གནང་མཛད་པའི་མི་རིགས་ཀུན་གྱི་ནང་ནས་ཁྱོད་ཚོ་ནི་མངའ་ཐང་ཆེ་བའི་མི་རིགས་ཤིག་ཏུ་བཀོད་པ་གནང་རྒྱུ་ཡིན་པས། ཁྱོད་ཚོས་ཁོང་གི་མཚན་ལ་བསྟོད་བསྔགས་དངགུས་བཀུར་ཞུས་དགོས། ཁོང་གིས་ཞལ་བཞེས་གནང་བ་ལྟར་ཁྱོད་ཚོ་ཁོང་རང་ཉིད་ཀྱི་མི་འབངས་སུ་བྱུང་བར་འགྱུར་རོ༎

བཀའ་ཁྲིམས་སྐྱར་བཤད 27

རྡོ་ལེབ་ཁར་བྲིས་པའི་དཀོན་མཆོག་གི་ཁྲིམས་རྣམས།

1དེ་ནས་མོ་ཤེས་ཨིསི་རཱཨེལ་གྱི་འགོ་བྱེད་རྣམས་དང་བཅས་མི་མང་ལ་སྨྲས་པ། དེ་རིང་ངས་ཁྱོད་ཚོར་སློབ་སྟོན་བྱེད་པའི་བཀའ་རྣམས་སྲུངས་ཤིག 2ཁྱོད་ཚོས་གཙང་པོ་ཡོར་དན་རྒལ་ནས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་རྒྱུ་ཡིན་པའི་ཡུལ་དེར་འཛུལ་བའི་ཉིན་མོར་ཁྱོད་ཚོས་རྡོ་རིང་ཆེན་པོ་རྣམས་ཡར་སྒྲེང་སྟེ། དེར་རྩི་བྱུགས་ཏེ། 3དེའི་ཁར་ཁྲིམས་དང་བཀའ་སློབ་རྣམས་བྲིས་དགོས། ཁྱོད་ཚོའི་མེས་པོའི་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་ཞལ་བཞེས་གནང་བའི་ཕྱུག་པོ་དང་ས་ལུད་འཛོམས་པའི་ཡུལ་དེར་ཁྱོད་ཚོ་འཛུལ་བའི་རྗེས་སུ། 4ཡོར་དན་ཕར་ཕྱོགས་སུ་འབྱོར་སྐབས། ངས་དེ་རིང་ཁྱོད་ཚོར་སྨྲས་པ་བཞིན། རྡོ་རིང་འདི་དག་རི་བོ་ཨེ་བལ་གྱི་སྟེང་དུ་སླངས་ཤིང་དེར་རྩི་བྱུགས་དགོས། 5ལྕགས་ཀྱི་ལག་ཆ་བེད་སྤྱོད་མ་བཏང་བའི་རྡོ་ལས་མཆོད་ཁྲི་ཞིག་བཞེངས་དགོས། 6གང་ལགས་ཟེར་ན། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་ཕྱིར་དུ་མཆོད་ཁྲི་བཞེངས་སྐབས་ལག་ཆས་མ་གཤག་པའི་རྡོ་ལས་བཞེངས་ཏེ། དེར་སྲེག་དགོས་པའི་དམར་མཆོད་རྣམས་འབུལ་དགོས། 7མཐུན་འབྲེལ་གྱི་འབུལ་བ་སོགས་ཕུལ་ནས་རང་གིས་ཟ་དགོས་པ་དང་། གཙོ་བོ་དཀོན་མཆོག་གི་སྤྱན་སྔར་བཀའ་དྲིན་ཞུ་དགོས། 8རྩི་བྱུགས་པའི་རྡོ་རིང་དེ་ཚོའི་ཁར་གཙོ་བོ་དཀོན་མཆོག་གི་ཁྲིམས་ཀྱི་ཚིག་འབྲུ་རེ་རེ་བཞིན་གསལ་པོར་བྲིས་དགོས་སོ། 9དེ་ནས་མོ་ཤེས་ལེ་ཝིའི་བླ་མ་རྣམས་དང་མཉམ་དུ་ཨིསི་རཱཨེལ་གྱི་མི་དམངས་རྣམས་ལ་སྨྲས་པ། ཀྱེ་ཨིསི་རཱཨེལ་མི་མང་རྣམས། ངའི་ཕྱོགས་སུ་ཚུར་ཉོན་དང་། དེ་རིང་ཁྱོད་ཚོ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་འབངས་སུ་འགྱུར་ཡོད་དོ། 10ཁྱོད་ཚོས་ཁོང་གི་བཀའ་ལ་ཉན་ཏེ་ངས་དེ་རིང་ཁྱོད་ཚོར་སློབ་སྟོན་བྱས་པའི་ཁོང་གི་ཁྲིམས་ཚང་མ་སྲུང་དགོས་སོ༎

བཀའ་རྒྱ་མ་སྲུང་མཁན་རྣམས་ལ་དམོད་པ་རྣམས།

11དེ་རྗེས་མོ་ཤེས་ཨིསི་རཱཨེལ་མི་རྣམས་ལ་སྨྲས་པ། 12ཁྱོད་ཚོ་ཡོར་དན་རྒལ་བའི་རྗེས་སུ་མི་རྣམས་ལ་བྱིན་རླབས་ཀྱི་སྨོན་ཚིག་འབོད་སྒྲོག་བྱེད་སྐབས། སིམ་ཨོན་དང་། ལེ་ཝི། ཡ་ཧུ་དཱ། ཨི་ས་ཀར། ཡོ་སེབ་དང་། བྷེན་ཡ་མིན་གྱི་སྡེ་རིགས་རྣམས་རི་བོ་གྷེ་རི་ཛིམ་དུ་ལངས་ནས་སྡོད་དགོས་ཏེ། 13དེ་བཞིན་དམོད་པའི་ཚིག་ངན་འབོད་སྒྲོག་བྱེད་སྐབས། རུ་བྷེན་དང་། གྷཌ། ཨ་ཤེར། ཛེ་བུ་ལུན། དཱན་དང་ནཕ་ཏ་ལིའི་སྡེ་རིགས་རྣམས་རི་བོ་ཨེ་བྷལ་གྱི་སྟེང་དུ་སྡོད་དགོས། 14དེ་རྗེས་ལེ་ཝི་པ་ཚོས་གཤམ་གསལ་ཚིག་རྣམས་སྐད་ཤུགས་ཆེན་པོས་འབོད་དགོས་སོ། 15སུ་ཞིག་གིས་རྡོའམ། ཤིང་དང་ལྕགས་རིགས་སོགས་ལས་སྐུ་འདྲ་བཟོས་ཏེ། དེ་ལ་གསང་བའི་ཐོག་ཏུ་མཆོད་པ་ཡིན་ན། དེ་ལ་དཀོན་མཆོག་གི་དམོད་པ་ཕོག་ངེས་ཤིང་། གཙོ་བོ་དཀོན་མཆོག་གིས་སྐུ་འདྲའི་མཆོད་པར་སྡང་བ་གནང་ངོ་། དེར་མི་མང་ཚང་མས་ཨ་མེན་ཞེས་བརྗོད་དགོས། 16རང་གི་ཕ་མ་གཉིས་ལ་གུས་ཞབས་མ་བྱེད་མཁན་གྱི་ཐོག་དཀོན་མཆོག་གིས་དམོད་པ་ཕོག་པར་ཤོག། ཡང་དེར་མི་ཚང་མས་ཨ་མེན་ཞེས་བརྗོད་དགོས། 17ཁྱིམ་མཚེས་ཀྱི་ས་མཚམས་སྤོ་ཤུགས་བྱེད་མཁན་ལ་དཀོན་མཆོག་གི་དམོད་པ་ཕོག་པར་ཤོག། 18མི་ལོང་བ་ཞིག་ལམ་ནོར་དུ་འཁྲིད་མཁན་དེ་ལ་དཀོན་མཆོག་གི་དམོད་པ་ཕོག་པར་ཤོག། 19ཕྱི་རྒྱལ་བ་དང་། དྭ་ཕྲུག་དང་། ཡུག་མོའི་ཐོབ་ཐང་འཕྲོག་མཁན་ཚོ་ལ་དཀོན་མཆོག་གི་དམོད་པ་ཕོག་པར་ཤོག། 20རང་གི་ཕའི་ཆུང་མ་སུ་ཞིག་དང་ཆགས་པ་བྱས་ཏེ། རང་གི་ཕ་ལ་དམའ་འབེབས་བྱེད་མཁན་ལ་དཀོན་མཆོག་གི་དམོད་པ་ཕོག་པར་ཤོག། 21དེ་བཞིན་དུད་འགྲོ་དང་ཆགས་པ་བྱེད་མཁན་ཞིག་ལ་དཀོན་མཆོག་གི་དམོད་པ་ཕོག་པར་ཤོག། 22རང་གི་སྲིང་མོ་དང་ཕ་ཡའམ་མ་ཡའི་བུ་མོ་ཞིག་དང་ཆགས་པ་བྱེད་མཁན། དེའི་ཁར་དཀོན་མཆོག་གི་དམོད་པ་ཕོག་པར་ཤོག། 23རང་གི་གྱོ་མོ་དང་ཆགས་པ་བྱེད་མཁན་དེ་ལ་དཀོན་མཆོག་གི་དམོད་པ་ཕོག་པར་ཤོག། 24གསང་བའི་སྒོ་ནས་སྲོག་གཅོད་བྱེད་མཁན་ལ་དཀོན་མཆོག་གི་དམོད་པ་ཕོག་པར་ཤོག། 25མི་ཉེས་མེད་ཅིག་བསད་པའི་ཕྱིར་ལྐོག་རྔན་ལེན་མཁན་དེ་ལ་དཀོན་མཆོག་གི་དམོད་པ་ཕོག་པར་ཤོག། ཡང་དེར་མི་ཚང་མས་ཨ་མེན་བརྗོད་དགོས། 26དཀོན་མཆོག་གི་ཁྲིམས་དང་སློབ་སྟོན་རྣམས་མ་སྲུང་མཁན་ཐོག་ཏུ་དཀོན་མཆོག་གི་དམོད་པ་ཕོག་པར་ཤོག། ཡང་དེར་མི་ཚང་མས་ཨ་མེན་ཞེས་བརྗོད་དགོས་སོ༎

བཀའ་ཁྲིམས་སྐྱར་བཤད 28

བཀའ་རྒྱ་སྲུང་མཁན་རྣམས་ལ་བྱིན་རླབས།

(ལེ་ཝི་ ༢༦:༣-༡༣; བཀའ་ཁྲིམས་སྐྱར་བཤད་ ༧:༡༢-༢༤)

1གལ་ཏེ་ཁྱོད་ཆོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་བཀའ་ལ་ཉན་པ་དང་། ངས་དེ་རིང་ཁྱོད་ཚོར་སྤྲད་པའི་ཁོང་གི་བཀའ་རྒྱ་ཚང་མ་ཚུལ་བཞིན་སྲུང་བ་ཡིན་ན། ཁོང་གི་ཁྱོད་ཚོར་འཇིག་རྟེན་དུ་མི་རིགས་གཞན་ལས་མངའ་ཐང་ཆེ་བའི་མི་རིགས་ཤིག་ཏུ་བཀོད་པ་གནང་རྒྱུ་དང་། 2གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་བཀའ་ལ་རྩིས་སྲུང་ཞུ་ཞིག་དང་། གཤམ་གསལ་བྱིན་རླབས་ཚང་མ་ཁྱོད་ཚོར་ཐོབ་པར་འགྱུར། 3གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་གྲོང་ཁྱེར་ཚོ་དང་ས་ཞིང་རྣམས་ལ་བྱིན་རླབས་གནང་རྒྱུ་ཡིན་པ་དང་། 4གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་བུ་ཕྲུག་མང་པོ་དང་། ལྡང་ངེ་བཞིན་ལོ་ཏོག་མང་པོ་དང་ཕྱུགས་ཟོག་སོགས་མང་པོ་བྱིན་རླབས་གནང་བར་འགྱུར། 5གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་འབྲུ་དང་དེ་ལས་བཟོས་པའི་ཁ་ཟས་རྣམས་ལ་བྱིན་རླབས་གནང་བར་འགྱུར། 6གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་ལས་དོན་གང་སྤྱིར་བྱིན་རླབས་གནང་བར་འགྱུར། 7དགྲ་བོས་ཁྱོད་ཚོར་འཐབ་འཛིང་བྱེད་སྐབས་གཙོ་བོ་དཀོན་མཆོག་གིས་དེ་ཚོ་འཕམ་བཅུག་པར་གནང་རྒྱུ་ཡིན་པ་། དེ་ཚོས་ཕྱོགས་གཅིག་ནས་འཐབ་འཛིང་བྱས་རུང་། ས་ཕྱོགས་ཀུན་ནས་བྲོས་དགོས་བྱུང་བར་འགྱུར། 8གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོའི་ལས་དོན་ཚང་མར་བྱིན་རླབས་གནང་ཞིང་། ཁྱོད་ཚོའི་འབྲུ་མཛོད་ཚང་མ་འབྲུ་ཡིས་བཀང་བར་མཛད་དེ། ཁོང་གིས་གནང་བའི་ཡུལ་དུ་ཁྱོད་ཚོར་བྱིན་རླབས་གནང་བར་འགྱུར། 9ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་བཀའ་ལ་ཉན་པ་དང་ཁོང་གི་བཀའ་བསྒོས་གནང་བ་ཚང་མ་སྒྲུབ་པ་ཡིན་ན། སྔར་ཁོང་གིས་ཞལ་བཞེས་གནང་བ་བཞིན་ཁོང་གིས་ཁྱོད་ཚོར་ཉིད་ཀྱི་མི་འབངས་སུ་བཀོད་པ་གནང་རྒྱུ་ཡིན་ནོ། 10དེ་ནས་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་ཉིད་ཀྱི་མི་འབངས་སུ་འདམས་པ་གནང་བ་དེ་འཇིག་རྟེན་གྱི་མི་རིགས་ཚང་མས་མཐོང་སྟེ། ཁོ་ཚོའི་སེམས་ནང་འཇིགས་སྣང་སྐྱེད་པར་འགྱུར། 11ཁྱོད་ཚོའི་ཕ་མེས་རྣམས་ལ་ཞལ་བཞེས་གནང་བའི་ཡུལ་དེར་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་ཕྲུ་གུ་མང་པོ་དང་། ཕྱུགས་ཟོག་མང་པོ་དང་ལོ་ཐོག་ཕོན་ཆེ་གནང་རྒྱུ་ཡིན་ནོ། 12ཉིད་ཀྱིས་མཐོ་རིས་ཀྱི་བང་མཛོད་ནས་ཆར་ཆུ་དུས་སུ་འབེབ་པར་མཛད་དེ། ཁྱོད་ཚོའི་ལས་དོན་ཚང་མར་བྱིན་རླབས་གནང་ཞིང་། ཁྱོད་ཚོས་མི་རིགས་མང་པོར་བུ་ལོན་བཏང་ཡོང་། འོན་ཀྱང་ཁྱོད་ཚོས་གཞན་ལས་གཡར་སྐྱིན་སོགས་བྱེད་མི་དགོས་སོ། 13གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་མི་རིགས་མང་པོའི་ཁྲོད་དུ་རྗེས་སུ་འབྲངས་མཁན་ཞིག་ཏུ་མ་ཡིན་པར་འོན་ཀྱང་འགོ་དཔོན་རྣམས་བཟོས་གནང་རྒྱུ་ཡིན་ནོ། དེ་རིང་ངས་ཁྱོད་ཚོར་སྤྲད་པའི་ཁོང་གི་བཀའ་རྒྱ་ཚང་མ་ཁྱོད་ཚོས་ཚུལ་བཞིན་སྲུང་བ་ཡིན་ན། ཁྱོད་ཚོ་རྟག་ཏུ་ཡར་རྒྱས་གོང་དུ་འཕེལ་ཞིང་། ལས་དོན་མི་འགྲུབ་པའི་བྱ་བ་གཅིག་ཀྱང་མི་ཡོང་ངོ་། 14འོན་ཀྱང་དེ་དག་ལ་རྩིས་སྲུང་མ་ཞུས་པར། ལྷ་རྟེན་གཞན་ལ་ནམ་ཡང་མཆོད་འབུལ་དང་གུས་བཀུར་མ་བྱེད་ཅིག།

བཀའ་རྒྱ་ལ་སྲུང་རྩིས་མ་ཞུས་པའི་འགྲུབ་འབྲས།

(ལེ་ཝི་ ༢༦:༡༤-༤༦)

15གལ་ཏེ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་བཀའ་ལ་མ་ཉན་བ་དང་། དེ་རིང་ངས་ཁྱོད་ཚོར་སྤྲད་པའི་ཁོང་གི་བཀའ་དང་ཁྲིམས་རྣམས་ཚུལ་བཞིན་མ་སྲུང་ན་གཤམ་གསལ་དམོད་པ་འདི་དག་ཁྱོད་ཚོའི་ཐོག་ཏུ་ཕོག་པར་འགྱུར། 16གཙོ་བོ་དཀོན་མཆོག་གིས་ཁྱོད་ཀྱི་གྲོང་ཁྱེར་ཚོ་དང་ས་ཞིང་ཁག་ལ་དམོད་པ་གཏོང་བར་འགྱུར། 17གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་འབྲུའི་ལོ་ཐོག་དང་དེ་ལས་བཟོས་པའི་ཁ་ཟས་སོགས་ལ་དམོད་པ་གཏོང་བར་འགྱུར། 18ཁྱོད་ཚོར་གཙོ་བོ་དཀོན་མཆོག་གི་དམོད་པ་ཕོག་པའི་རྐྱེན་གྱིས་ཕྱུགས་ཟོག་ར་ལུག་སོགས་དང་། བུ་ཕྲུག་དང་། དེ་བཞིན་ཞིང་གི་ཐོན་སྐྱེད་སོགས་ཀྱང་འཕེལ་བར་མི་འགྱུར་རོ། 19ཁྱོད་ཚོའི་ལས་དོན་ཀུན་ལ་གཙོ་བོ་དཀོན་མཆོག་གི་དམོད་པ་ཕོག་པར་འགྱུར། 20གལ་ཏེ་ཁྱོད་ཚོས་ལས་ངན་བྱས་པ་དང་གཙོ་བོ་དཀོན་མཆོག་ལ་སྤངས་པ་ཡིན་ན། ཁྱོད་ཚོ་རིང་མིན་ཡོངས་སུ་མ་འཇིག་པའི་བར་དུ་ཁྱོད་ཚོས་བྱས་པའི་ལས་དོན་ཚང་མར་ཁོང་གིས་རྐྱེན་ངན་དང་དུས་ཟིང་དང་དཀའ་ངལ་སོགས་གཏོང་གནང་བར་འགྱུར་རོ། 21ཁྱོད་ཚོས་བདག་འཛིན་བྱེད་རྒྱུའི་ཡུལ་དེར་ཁྱོད་ཚོ་གཅིག་ཀྱང་མ་ལུས་པར་འགྱུར་བའི་ཕྱིར། མུ་མཐུད་དེ་ཁྱོད་ཚོར་ནད་སྣ་ཚོགས་གཏོང་བ་གནང་བར་འགྱུར། 22གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་སྐྲང་འབོས་དང་ཚ་བ་ལ་སོགས་པའི་འགོས་ནད་ཀྱིས་མནར་བཅུག་པ་དང་། ཐེན་པ་དང་རླུང་ཆ་པོ་གཏོང་བ་གནང་སྟེ། ཁྱོད་ཚོའི་སྟོན་ཐོག་ཚང་མ་འཇིག་པར་མཛད་རྒྱུ་ཡིན། ཁྱོད་ཚོ་མ་ཤི་བར་དུ་རྐྱེན་ངན་དང་དཀའ་ངལ་དེ་དག་ཁྱོད་ཚོའི་ཐོག་ཏུ་གནས་རྒྱུ་ཡིན་ནོ། 23ཆར་ཆུ་མེད་པས་ཁྱོད་ཚོའི་ས་ཞིང་ཚང་མ་ལྕགས་ལྟར་མཁྲེགས་པོར་འགྱུར་རྒྱུ་དང་། 24ཁྱོད་ཚོ་མ་འཇིག་བར་དུ་གཙོ་བོ་དཀོན་མཆོག་གིས་ཆར་ཆུའི་ཚབ་ཏུ་རྡུལ་དང་བྱེ་མས་གང་བའི་རླུང་འཚུབ་དྲག་པོ་གཏོང་བར་འགྱུར། 25ཁྱོད་ཚོའི་དགྲ་བོ་རྣམས་ལ་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་ཐོག་ཏུ་རྒྱལ་ཁ་གནང་ཞིང་། ཁྱོད་ཚོས་དེ་དག་ལ་ཕྱོགས་གཅིག་ནས་འཐབ་འཛིང་བྱས་ཀྱང་། ས་ཕྱོགས་ཀུན་ནས་བྲོས་དགོས་བྱུང་བ་དང་། ཁྱོད་ཚོའི་ཐོག་ཏུ་གནས་ཚུལ་གང་བྱུང་བ་དེ་མཐོང་ནས་ས་གཞིའི་མི་རིགས་ཚང་མ་འཇིག་པར་འགྱུར། 26ཁྱོད་ཚོ་ཤི་བའི་རྗེས་སུ་བྱ་དང་ནགས་ཀྱི་གཅན་གཟན་རྣམས་ཡོང་ནས་ཁྱོད་ཚོའི་རོ་རྣམས་ཟ་བ་དང་། དེ་དག་ལ་དཀྲོག་མཁན་སུའང་ཡོང་བར་མི་འགྱུར། 27སྔར་ཨི་ཇིབ་པ་ཚོ་ལ་གནང་བ་ལྟར་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལའང་གཉན་འབུར་གྱིས་མནར་བར་མཛད་དེ། ཁྱོད་ཚོའི་གཟུགས་པོར་རྨ་དང་ཤུ་བས་གང་ཞིང་། ཁྱོད་ཚོའི་ལུས་པོར་རྔོ་ནད་ཀྱིས་ཡོངས་སུ་ཁྱབ་སྟེ། ཟ་འཕྲུག་ལངས་མོད། འོན་ཀྱང་ནད་གཞི་དེ་ལས་དྲག་གསོ་བའི་སྨན་ཐབས་གཅིག་ཀྱང་མི་ཐོབ་པ་དང་། 28གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་སྨྱོ་རུ་བཅུག་པར་མཛད་ཅིང་། མིག་ལོང་བར་མཛད་དེ། སེམས་འཚབ་ཆེན་པོ་སྐྱེད་བཅུག་པར་མཛད་རྒྱུ་དང་། 29ལོང་བ་བཞིན་དུ་ཁྱོད་ཚོ་ཉིན་མོར་སྦར་ཡུལ་བརྒྱབ་སྟེ་འགྲུལ་ནའང་། ཁྱོད་ཚོས་རང་གི་འགྲུལ་ལམ་ཐོབ་མི་ཡོང་། ཁྱོད་ཚོའི་ལས་དོན་གང་སྤྱིར་ལམ་ལྷོངས་མི་ཡོང་བ། གཞན་གྱིས་ཁྱོད་ཚོར་རྒྱུན་དུ་དབང་གནོན་དང་ཇག་བཅོམ་བྱས་ཀྱང་། ཁྱོད་ཚོར་སྐྱབས་མཁན་སུའང་མི་ཡོང་ངོ་། 30ཁྱོད་དང་བུད་མེད་ཅིག་སློང་ཆང་བྱེད་རྒྱུའི་ཐག་གཅོད་བྱས་རུང་། མི་གཞན་གྱིས་དེ་དང་ཆང་ས་བརྒྱབ་པ་དང་། ཁྱོད་ཀྱིས་ཁང་པ་རྒྱག་པ་ཡིན་རུང། དེའི་ནང་དུ་ནམ་ཡང་སྡོད་རྒྱུ་མི་ཐོབ་པ་དང་། ཁྱོད་ཀྱིས་རྒུན་ཚལ་འདེབས་ལས་བྱས་ཀྱང་འབྲས་བུར་ནམ་ཡང་ལོངས་སྤྱོད་རྒྱུ་ཐོབ་མི་ཡོང་། 31ཁྱོད་ཚོའི་སེམས་ཅན་རྣམས་ཁྱོད་ཚོའི་མིག་ངོར་བསད་ཀྱང་། ཁྱོད་ཚོས་དེའི་ཤ་དེ་ཟ་རྒྱུ་ཐོབ་མི་ཡོང་། དེ་བཞིན་ཁྱོད་ཚོས་མཐོང་སར་ཁྱོད་ཚོའི་བོང་བུ་རྣམས་གཞན་གྱིས་འཁྲིད་དེ་སླར་ཕྱིར་སློག་མི་བྱེད་དོ། ཁྱོད་ཚོའི་ལུག་ཁྱུ་དགྲ་བོར་སྤྲད་ཀྱང་། ཁྱོད་ལ་རོགས་བྱས་མཁན་སུའང་མི་རྙེད་དོ། 32ཁྱོད་ཀྱི་མིག་ངོར་ཁྱོད་ཀྱི་བུ་དང་བུ་མོ་རྣམས་ཕྱི་རྒྱལ་བའི་བྲན་འཁོལ་དུ་འཁྲིད་དེ། ཁྱོད་ཚོའི་བུ་ཕྲུག་ཚོ་ནམ་ཕྱིར་ལོག་བྱེད་ཡོང་ངམ་བསམ་ནས་ཁྱོད་ཚོས་ཉིན་ལྟར་དོན་མེད་དུ་མིག་ན་ན་ལྟས་ནས་བསྡད་དགོས་ཡོང་། 33ཁྱོད་ཚོས་འབད་བརྩོན་ཆེན་པོས་བཏབ་པའི་ལོ་ཏོག་རྣམས་ཕྱི་རྒྱལ་བ་ཚོས་འཁྱེར་ཏེ། དེའི་ཚབ་ཏུ་ཁྱོད་ཚོར་རྒྱུན་དུ་མནར་གཅོད་དང་གདུག་རྩུབ་དྲག་པོ་མྱོང་དགོས་པ་དང་། 34དཀའ་ངལ་དེ་ཚོའི་རྐྱེན་གྱིས་ཁྱོད་ཚོ་སྨྱོ་བར་འགྱུར་རོ། 35གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་རྐང་པར་དྲག་དཀའ་ཞིང་ན་གཟུགས་ལྡན་པའི་རྨས་གང་བར་མཛད་དེ། ཁྱོད་ཚོའི་སྤྱི་བོ་ནས་རྐང་མཐིལ་བར་དུ་གཉེན་འབུར་གྱིས་མནར་བར་འགྱུར། 36གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་དང་ཁྱོད་ཚོའི་རྒྱལ་པོ་ལ་ཕྱི་རྒྱལ་བའི་ཡུལ་ཞིག་ཏུ་འཁྲིད་པ་གནང་རྒྱུ་དང་། ཡུལ་དེར་ཁྱོད་ཚོའམ་ཁྱོད་ཚོའི་མེས་པོ་རྣམས་དེ་སྔ་ནམ་ཡང་བསྡད་མ་མྱོང་ཞིང་། དེར་ཁྱོད་ཚོས་ཤིང་དང་རྡོ་ལས་བཟོས་པའི་ལྷ་རྟེན་རྣམས་ལ་བཀུར་སྟི་བྱེད་པར་འགྱུར། 37གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་ཁ་སྟོར་ནས་གཏོང་བ་གནང་རྒྱུའི་ཡུལ་ཁག་སོ་སོའི་མི་རྣམས་ཀྱིས་ཁྱོད་ཚོའི་གནས་སྟངས་དེ་མཐོང་ནས་ཡ་མཚན་སྐྱེད་ཅིང་། དེ་དག་གིས་ཁྱོད་ཚོར་འཕྱ་དགད་དང་དམའ་འབེབས་བྱེད་པར་འགྱུར་རོ། 38ཁྱོད་ཚོས་ས་བོན་མང་པོ་འདེབས་མོད། འོན་ཀྱང་སྟོན་ཐོག་ཉུང་ངུ་ཞིག་བསྡུ་སྒྲུག་བྱེད་རྒྱུ་ཡིན། གང་ལགས་ཟེར་ན། ཆ་ག་འབུས་སྙེ་མ་རྣམས་ཟ་བར་འགྱུར། 39དེ་བཞིན་ཁྱོད་ཚོས་རྒུན་ཞིང་འདེབས་ལས་བྱས་ཏེ། དེར་གཡོག་བྱེད་ཡག་པོ་བྱས་མོད། འོན་ཀྱང་ཁྱོད་ཚོས་རྒུན་འབྲུམ་བསྡུ་སྒྲུག་བྱེད་མི་ཡོང་། རྒུན་ཆང་འཐུང་རྒྱུ་ཐོབ་མི་ཡོང་། གང་ལགས་ཟེར་ན། རྒུན་ཤིང་ཚང་མ་འབུས་ཟ་བར་འགྱུར་རོ། 40ཡུལ་གྱི་ས་ཕྱོགས་ཀུན་ཏུ་ཁ་སྐྱུར་པོའི་ཤིང་རྣམས་སྐྱེས་ཀྱང་། ཁ་སྐྱུར་པོའི་འབྲས་བུ་ཚང་མ་ས་ལ་གཟགས་པས། ཁྱོད་ཚོར་ཁ་སྐྱུར་པོའི་སྣུམ་ཐོབ་པར་མི་འགྱུར་རོ། 41ཁྱོད་ཚོར་བུ་དང་བུ་མོ་རྣམས་སྐྱེས་མོད། འོན་ཀྱང་དེ་དག་ནི་ཁྱོད་ལས་བཙོན་དུ་འཁྲིད་པར་འགྱུར། 42ཁྱོད་ཚོའི་ཤིང་སྡོང་དང་ལོ་ཐོག་ཚང་མ་འབུས་ཟས་ནས་ཡོངས་སུ་འཇིག་པར་འགྱུར། 43ཁྱོད་ཚོའི་ཡུལ་དུ་གནས་པའི་ཕྱི་རྒྱལ་བ་རྣམས་ཀྱི་དབང་ཆ་ཆེ་རུ་འགྲོ་རྒྱུ་དང་། ཁྱོད་ཚོའི་དབང་ཆ་རིམ་བཞིན་ཉམས་པར་འགྱུར། 44ཁྱོད་ཚོར་བུ་ལོན་སྤྲད་པའི་ཕྱིར་ཁོ་ཚོ་ལ་དངུལ་ཡོད་ཀྱང་། ཁོ་ཚོར་བུ་ལོན་སྤྲད་ཕྱིར་ཁྱོད་ཚོ་ལ་རྒྱུ་དངོས་གང་ཡང་ཡོད་པར་མི་འགྱུར་རོ། མཐར་ཁོ་ཚོ་ཁྱོད་ཚོའི་དཔོན་པོར་འགྱུར་ངེས་པ་ཡིན་ནོ། 45ཁྱོད་ཚོ་འཇིག་པར་མ་འགྱུར་བའི་བར་དུ་རྐྱེན་ངན་འདི་རྣམས་ཁྱོད་ཚོའི་ཐོག་ཏུ་གནས་རྒྱུ་ཡིན། གང་ལགས་ཟེར་ན། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་གནང་བའི་ཁྲིམས་ཚང་མ་མ་སྲུང་པས་ཕྱིར་རོ། 46དེ་ཚོ་ནི་དུས་གཏན་དུ་ཁྱོད་ཚོ་དང་ཁྱོད་ཚོའི་བུ་རྒྱུད་ཚོའི་སྟེང་དུ་གཙོ་བོ་དཀོན་མཆོག་གིས་ཉེས་ཆད་ཀྱི་དཔང་པོའི་ཚུལ་དུ་གནས་རྒྱུ་ཡིན། 47གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་ཐབས་ལམ་ཀུན་ནས་བྱིན་རླབས་གནང་མོད། འོན་ཀྱང་ཁྱོད་ཚོས་བློ་སེམས་དགའ་པོའི་ངང་ནས་ཁོང་ལ་བཀུར་སྟི་མ་ཞུས་པ་ཡིན་པས། 48གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་ཐོག་ཏུ་དགྲ་བོ་རྣམས་གཏོང་བ་གནང་རྒྱུ་ཡིན་ཏེ། ཁྱོད་ཚོས་དེ་དག་གི་གཡོག་བྱེད་པར་འགྱུར། ཁྱོད་ཚོ་ནི་བཀྲེས་སྐོམ་དང་། གོས་མེད་གཅེར་བུར་གནས་དགོས་པ་དང་དགོས་མཁོ་དུ་མའི་ནང་དུ་ཚུད་དགོས་རྒྱུ་དང་། ཁྱོད་ཚོ་འཇིག་པར་མ་འགྱུར་བའི་བར་དུ་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་མནར་གཅོད་དྲག་པོ་གཏོང་བ་གནང་རྒྱུ་ཡིན། 49གཙོ་བོ་དཀོན་མཆོག་གིས་ས་གཞིའི་མཐའ་མཚམས་ཀྱི་ས་གནས་ནས་མི་རིགས་ཤིག་ཁྱོད་ཚོའི་དགྲ་རུ་བསླང་བ་གནང་རྒྱུ་དང་། མི་རིགས་དེའི་སྐད་ནི་ཁྱོད་ཚོས་ཧ་མི་གོ་ཞིང་། བྱ་གླག་ལྟར་དེ་ཚོས་ཁྱོད་ཚོའི་ཐོག་ཏུ་མཐོ་གཤོག་བརྒྱབ་པར་འགྱུར། 50དེ་དག་གདུག་རྩུབ་ཆེ་ཞིང་རྒན་གཞོན་སུ་ལ་ཡང་སྙིང་རྗེ་མི་བྱེད་དོ། 51དེ་དག་གིས་ཁྱོད་ཚོའི་ཕྱུགས་ཟོག་དང་ར་ལུག་དང་སྟོན་ཐོག་ཟས་པས། ཁྱོད་ཚོ་ལྟོགས་པར་ཤི་བར་འགྱུར། དེ་དག་གིས་ཁྱོད་ཚོའི་དོན་དུ་འབྲུ་དང་རྒུན་ཆང་དང་། ཁ་སྐྱུར་པོའི་སྣུམ་དང་། ཕྱུགས་ཟོག་དང་ལུག་ཁྱུ་སོགས་གང་ཡང་མ་བཞག་པས་ཁྱོ་ཚོ་ཤི་བར་འགྱུར། 52གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་བའི་ཡུལ་གྱི་གྲོང་ཁྱེར་ཚང་མར་དེ་ཚོས་འཐབ་འཛིང་བྱས་ཏེ། ཁྱོད་ཚོས་བློས་བཀལ་བའི་ལྕགས་རི་མཐོ་པོ་དང་བརྟན་པོ་རྣམས་ཡོངས་སུ་བཤིགས་པར་འགྱུར། 53དགྲ་བོས་ཁྱོད་ཚོའི་གྲོང་ཁྱེར་རྣམས་མཐའ་བསྐོར་ནས་ཡོང་སྐབས་ཁྱོད་ཚོས་ཁ་ཟས་ལ་རྔམས་ཤིང་འུ་ཐུག་སྟེ། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་གནང་བའི་བུ་ཕྲུག་རྣམས་ཀྱང་ཁྱོད་ཚོས་ཟ་བར་འགྱུར། 54-55ཁྱིམ་ཚང་མཐོ་རིམ་གྱི་སྐྱེ་བོ་ཚུལ་ལྡན་ཞིག་ཡིན་ཀྱང་དགྲ་བོའི་ལག་ཏུ་ཚུད་སྐབས་ཁ་ཟས་གཞན་མེད་པས་ཧ་ཅང་འུ་ཐུག་སྟེ། ཁོས་རང་གི་ཕྲུ་གུ་ཚོ་འགའ་ཤས་ཟ་བ་དང་། རང་གི་སྤུན་ནམ་རང་གི་གཅེས་པའི་ཆུང་མ་དང་ལྷག་འཕྲོས་ལུས་པའི་ཕྲུག་གུ་གཞན་རྣམས་ལའང་ཤ་དེ་ལས་སྤྲད་པར་མི་འགྱུར་ཞིང་། 56-57ཁྱིམ་ཚང་མཐོ་རིམ་དང་ཕྱུག་པོ་ཡིན་པའི་བུད་མེད་ཚུལ་ལྡན་མ་ཞིག་དེ་སྔ་ནམ་ཡང་རྐང་པས་འགྲུལ་བསྐྱོད་བྱེད་མྱོང་མེད་པ་ཞིག་གིས་ཀྱང་དེ་ལྟར་བྱེད་ཉེན་ཡོད། དགྲ་བོས་མོའི་གྲོང་ཁྱེར་བསྐོར་བཟུང་བྱེད་དུས། མོ་ལ་ཁ་ཟས་མེད་པས་འུ་ཐུག་ནས་རང་གི་ཕྲུ་གུ་གསར་དུ་སྐྱེས་པའི་ཕྲུ་གུ་དང་ཤ་མ་བཅས་པ་གསང་བའི་སྒོ་ནས་ཟའོ། མོས་རང་གིས་གཅེས་པའི་ཁྱོའམ་ཕྲུ་གུ་ཚོ་ལའང་དེ་བགོས་ནས་སྟེར་མི་ཡོང་། 58གལ་ཏེ་ཁྱོད་ཚོས་གསུང་རབ་འདིའི་ནང་བྲིས་ཡོད་པའི་དཀོན་མཆོག་གི་བསླབ་བྱ་ཚང་མ་ཁྱོད་ཚོས་ཚུལ་བཞིན་དུ་མ་སྲུང་བར། ངོ་མཚར་ཆེ་ཞིང་བག་སེམས་ཞུ་འོས་པའི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་མཚན་ལ་རྩིས་གུས་མ་ཞུས་པ་ཡིན་ན། 59ཁོང་གིས་ཁྱོད་ཚོ་དང་ཁྱོད་ཆོའི་རིགས་རྒྱུད་རྣམས་ལ་ནམ་ཡང་དྲག་མི་གསོ་བའི་ནད་གཞི་དང་བཀག་འགོག་བྱེད་མི་ཐུབ་པའི་ནད་ཡམས་དྲག་པོ་རྣམས་གཏོང་བ་གནང་རྒྱུ་ཡིན། 60སྔར་ཁྱོད་ཚོས་ཨི་ཇིབ་དུ་མྱོང་དགོས་བྱུང་བའི་ནད་རིམས་དྲག་པོ་རྣམས་སླར་ཡང་ཁོང་གིས་ཁྱོད་ཚོའི་ཐོག་ཏུ་གཏོང་བ་གནང་རྒྱུ་ཡིན་པས། ཁྱོད་ཚོ་དེ་ལས་ནམ་ཡང་དྲག་གསོ་བར་མི་འགྱུར། 61གཙོ་བོ་དཀོན་མཆོག་གི་ཁྲིམས་དང་བཀའ་སློབ་རྣམས་ཡོད་པའི་གསུང་རབ་འདིའི་ནང་དུ་བྲིས་མེད་པའི་ནད་རིགས་དང་ནད་ཡམས་གདུག་པ་ཅན་རྣམས་ཁོང་གིས་བཏང་བ་གནང་སྟེ། ཁྱོད་ཚོ་ཡོངས་སུ་འཇིག་པར་འགྱུར། 62ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་བཀའ་ལ་བརྩི་སྲུང་མ་ཞུས་པར་བརྟེན། ཁྱོད་ཚོའི་ཁ་གྲངས་ནི་ནམ་མཁའི་སྐར་ཚོགས་བཞིན་དུ་གྲངས་ལས་འདས་པ་ཞིག་ཡོད་རུང་། ཉུང་ངུ་ཞིག་ལས་གསོན་པོར་ལུས་པར་མི་འགྱུར་རོ། 63གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ཡར་རྒྱས་གོང་དུ་སྤེལ་ཞིང་། ཁྱོད་ཚོའི་གྲངས་འབོར་འཕེལ་རྒྱས་སུ་གཏོང་བ་གནང་སྐབས་ཐུགས་དགྱེས་ཆེན་པོ་གནང་བ་བཞིན། ཁྱོད་ཚོ་ལ་ཚར་གཅོད་གཏོང་བ་གནང་སྐབས་ཀྱང་། དེ་བཞིན་ཐུགས་དགྱེས་གནང་རྒྱུ་ཡིན་པ་དང་། ཁྱོད་ཚོས་བདག་འཛིན་བྱེད་རྒྱུ་ཡིན་པའི་ཡུལ་དེ་ནས་ཁོང་གིས་ཁྱོད་ཚོ་རྩ་བ་ནས་བཀོག་པ་རའགྱུར། 64གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ས་གཞིའི་མཐའ་འཚམས་གཅིག་ནས་གཞན་བར་མི་རིགས་ཚང་མའི་དཀྱིལ་དུ་ཁ་གཏོར་བ་གནང་ཞིང་། དེར་ཁྱོད་ཚོའམ་ཁྱོད་ཚོའི་ཕ་མེས་རྣམས་ཀྱིས་དེ་སྔ་ནམ་ཡང་མ་མཆོད་པའི་ཤིང་དང་རྡོ་ལས་བཟོས་པའི་ལྷ་རྟེན་རྣམས་ལ་མཆོད་པར་འགྱུར། 65ས་གནས་གང་དུ་ཕྱིན་རུང་ཁྱོད་ཚོར་ཞི་བདེ་མི་ཐོབ་ཅིང་། སོ་སོའི་ཡིན་བསམ་པའི་ས་གནས་རང་བདག་གཅིག་ཀྱང་མེད་པ་དང་། གཙོ་བོ་དཀོན་མཆོག་གིས་སེམས་ཁྲལ་དང་། རེ་ཟད་ཡིད་མུགས་སོགས་ཀྱིས་ཁྱོད་ཚོ་མནར་བར་མཛད་དོ། 66དུས་རྟག་ཏུ་ཁྱོད་ཚོའི་སྲོག་དེ་ཉེན་ཁའི་ནང་དུ་གནས་པ་དང་། ཁྱོད་ཚོ་ཉིན་མཚན་མེད་པར་དངངས་སྐྲག་ཆེན་པོའི་ངང་དུ་བསྡད་དགོས་པ་དང་། སེམས་ནང་འཆི་བའི་འཇིགས་སྣང་ཡང་ཡང་སྐྱེད་པར་འགྱུར། 67ཁྱོད་ཚོས་དངོས་པོ་ཇི་འདྲ་ཞིག་མཐོང་ཀྱང་། དེས་ཁྱོད་ཚོའི་སེམས་ནང་འཇིགས་སྣང་སྐྱེད་ཅིང་། སྔ་དྲོ་རེ་བཞིན་དགོང་དྲོ་ནམ་འོངས་བསམ་པ་དང་། དེ་བཞིན་དགོང་དྲོ་རེ་བཞིན་སྔ་དྲོ་ནམ་ཤར་ཡོང་ཞེས་བསམ་པར་འགྱུར། 68གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་སླར་ཡང་ཨི་ཇིབ་དུ་ཕྱིར་ལོག་འགྲོ་དགོས་མི་ཡོང་ཞེས་གསུངས་ཀྱང་། ཁོང་གིས་གྲུ་གཟིང་ཐོག་ཏུ་ཁྱོད་ཚོ་ཡང་སྐྱར་ཡུལ་དེར་ཕྱིར་ལོག་བརྫང་པ་གནང་ཞིང་། དེར་ཁྱོད་ཚོ་རང་གིས་རང་ལ་དགྲ་བོའི་བྲན་འཁོལ་དུ་འཚོང་ཐབས་བྱེད་མོད། འོན་ཀྱང་སུས་ཀྱང་ཁྱོད་ཚོ་ཉོ་འདོད་མི་བྱེད་དོ༎

བཀའ་ཁྲིམས་སྐྱར་བཤད 29

གཙོ་བོ་དཀོན་མཆོག་གིས་མོ་ཨབ་ཡུལ་དུ་ཨིསི་རཱཨེལ་པ་ལ་དམ་བཅའ་གནང་བ།

1མོ་ཨབ་ཡུལ་དུ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ལ་གནང་བའི་དམ་བཅའི་དོན་གནད་ཁག་ནི་འདི་ལྟ་སྟེ། འདི་ནི་སྔར་གཙོ་བོ་དཀོན་མཆོག་གིས་རི་བོ་སི་ནཨེ་ཁར་དེ་དག་ལ་གནང་བའི་དམ་བཅའ་དེའི་ཐོག་ཏུ་དམ་བཅའ་འཕར་སྣོན་ཞིག་ཡིན་ནོ། 2མོ་ཤེས་ཨིསི་རཱཨེལ་གྱི་མི་ཚང་མ་བཀོང་ནས་སྨྲས་པ། གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་ཀྱི་རྒྱལ་པོ་དང་ཁོའི་ལས་བྱེད་པ་རྣམས་དང་དེ་བཞིན་ཡུལ་གྲུ་ཚང་མར་ག་རེ་གནང་བ་དེ་ཁྱོད་ཚོས་མཐོང་ངོ་། 3ནད་ཡམས་གདུག་པ་ཅན་དང་། གཙོ་བོ་དཀོན་མཆོག་གིས་མཛད་པའི་ངོ་ཚར་ཆེ་བའི་ལྟས་རྣམས་དང་། ཡ་མཚན་ཅན་གྱི་མཛད་འཕྲིན་ཁག་ཀྱང་ཁྱོད་ཚོས་མཐོང་ཡོད། 4ཁྱོད་ཚོས་དེ་སྔ་ཉམས་མྱོང་གང་བྱས་པ་རྣམས་ཀྱི་གསང་དོན་རྣམས་ཁོང་གིས་ད་བར་ཁྱོད་ཚོ་ལ་ཤེས་འཇུག་མེད། 5ལོ་ངོ་བཞི་བཅུའི་རིང་དུ་གཙོ་བོ་དཀོན་མཆོག་གི་ཁྱོད་ཚོ་ལ་འབྲོག་སྟོང་བརྒྱུད་ནས་དབུ་འཁྲིད་གནང་སྐབས། ཁྱོད་ཚོའི་གོས་དང་ལྷམ་སོགས་ནམ་ཡང་ཟད་པའམ་རལ་བ་སོགས་མ་བྱུང་བ་དང་། 6ཁྱོད་ཚོར་ཁ་ཟས་བག་ལེབ་དང་འཐུང་རྒྱུ་རྒུན་ཆང་སོགས་མེད་པའི་སྐབས་སུ། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་དགོས་མཁོ་ཚང་མ་སྒྲུབ་པར་མཛད་དོ། དེ་ནི་ཁོང་རང་ཉིད་ཁྱོད་ཚོའི་དཀོན་མཆོག་ཡིན་པ་དེ་ཁྱོད་ཚོས་ཤེས་ཕྱིར་ཁྱོད་ཚོར་སློབ་སྟོན་མཛད་པས་ཕྱིར་རོ། 7ཡང་ང་ཚོ་ས་གནས་འདིར་འབྱོར་སྐབས་ཧེཤ་བྷོན་གྱི་རྒྱལ་པོ་སི་ཧོན་དང་བྷ་ཤཱན་གྱི་རྒྱལ་པོ་ཨོག་གཉིས་ཀྱིས་ང་ཚོར་དམག་འདྲེན་པར་སླེབས་མོད། འོན་ཀྱང་ང་ཚོས་དེ་དག་འཕམ་པར་བྱས་པ་ཡིན། 8དེ་ཚོའི་ཡུལ་དབང་འཛིན་བྱས་ཤིང་། རུ་བྷེན་དང་གྷཌ་ཀྱི་སྡེ་རིགས་དང་མ་ནསེ་སཱེའི་སྡེ་རིགས་ཕྱེད་ཀའི་ཁྲོད་དུ་ཆ་བགོས་བྱས་པ་ཡིན། 9དེ་བས་ན་ཁྱོད་ཚོས་ཞལ་ཆད་འདིའི་བཀའ་རྣམས་ཚུལ་བཞིན་བསྲུང་བ་ཡིན་ན། རང་གིས་བྱས་པའི་ལས་དོན་ཚང་མར་འགྲུབ་འབྲས་བཟང་པོ་སྨིན་ངེས་སོ། 10-11དེ་རིང་ཁྱོད་ཚོ་འགོ་བྱེད་རྣམས་དང་ལས་བྱེད་པ་དང་སྐྱེས་པ་དང་། བུད་མེད་དང་བུ་ཕྲུག་རྣམས་དང་། ཁྱོད་ཚོའི་ཁྲོད་དུ་གནས་པའི་ཤིང་སྒྲུག་མཁན་དང་ཆུ་ལེན་མཁན་དང་ཕྱི་རྒྱལ་བ་རྣམས་དང་བཅས་པ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་སྤྱན་སྔར་ལངས་ཡོད་དོ། 12དེ་རིང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོ་དང་བྱེད་བཞིན་པའི་དམ་བཅའ་དང་། དེའི་ལས་འགན་རྣམས་ངོས་ལེན་ཞུ་བར་ཁྱོད་ཚོ་དེར་སླེབས་ཡོད་པ་ཡིན་ནོ། 13གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་དང་ཁྱོད་ཚོའི་ཕ་མེས་ཨབ་ར་ཧམ་དང་། ཨི་སཱག། ཡ་ཀོབ་དང་མཉམ་དུ་དམ་བཅའ་གནང་བ་བཞིན། ཁྱོད་ཚོ་ཉིད་ཀྱི་མི་འབངས་སུ་གཏོགས་པར་མཛད་ཅིང་། ཁོང་ཉིད་ཁྱོད་ཚོའི་དཀོན་མཆོག་ཏུ་འགྱུར་བར་ངེས་བརྟན་གནང་བ་ཡིན་ནོ། 14གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ཙམ་མ་ཡིན་པར། 15དེ་རིང་འདིར་ཁོང་གིས་སྤྱན་སྔར་ལངས་ནས་སྡོད་མཁན་ང་ཚོ་ཆང་མ་དང་། དེ་བཞིན་མ་འོངས་པར་སྐྱེས་རྒྱུ་ཡིན་པའི་ང་ཚོའི་རིགས་རྒྱུད་དང་མཉམ་དུའང་ལས་འགན་དང་བཅས་པའི་དམ་བཅའ་དེ་གནང་བ་ཡིན་ནོ། 16སྔར་ཁྱོད་ཚོ་ཨི་ཇིབ་དུ་གནས་སྟངས་ཇི་འདྲ་ཞིག་གི་ནང་དུ་གནས་དགོས་བྱུང་བ་དང་། མི་རིགས་གཞན་གྱི་ས་ཁུལ་བརྒྱུད་དེ་བསྐྱོད་སྐབས་ཁྱོད་ཚོར་གང་བྱུང་བ་དེ་ཁྱོད་ཚོས་དྲན་བཞིན་ཡོད་པ་དང་། ཤིང་དང་། རྡོ་དང་། གསེར་དངུལ་བཅས་ལས་བཟོས་པའི་དེ་ཚོའི་སྐུ་འདྲ་ཞེན་ལོག་ཅན་རྣམས་ཁྱོད་ཚོས་མཐོང་ཡོད། 17-18དེ་བས་ན་དེ་རིང་འདིར་ལངས་ནས་བསྡད་ཡོད་པའི་སྐྱེས་པ་དང་བུད་མེད། ཁྱིམ་ཚང་ངམ་སྡེ་རིགས་སུ་འདྲ་ཞིག་གིས་ཀྱང་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ནས་ཕྱིར་ལོག་ཏེ། མི་རིགས་གཞན་གྱི་ལྷ་རྟེན་སོགས་ལ་མི་མཆོད་པའི་ཟོན་སེམས་ནན་ཏན་བྱེད་དགོས། དེ་མིན་དེ་ནི་རྩ་བ་བཞིན་དུ་འཕེལ་ཏེ། དྲོ་བ་ཁག་ཅིང་བཙན་དུག་ལྡན་པའི་རྩི་ཤིང་དང་འདྲ་བར་འགྱུར། 19དེ་རིང་བཀའ་བཙན་པོའི་ཞལ་ཆད་འདི་དག་ཐོས་མཁན་ཚོའི་ནང་ནས། སེམས་གཤིས་གྱོང་པོ་བྱས་ཏེ་རང་འདོད་བཞིན་དུ་གང་དགར་སྤྱོད་ནའང་རིགས་སོ་ཞེས་སྙམ་པའི་མི་གཅིག་ཀྱང་ཡོད་པར་མི་རུང་ངོ་། གཏམ་འདི་དེས་གཏན་བྱེད་དགོས། དེ་མིན་ཁྱོད་ཚོ་བཟང་བོ་དང་ངན་པ་ཚང་མ་མེད་པར་འགྱུར་རོ། 20གཙོ་བོ་དཀོན་མཆོག་གིས་དེ་ལྟ་བུའི་མི་ལ་ཐུགས་བཟོད་མི་གནང་ཞིང་། ཁོང་གི་ཐུགས་ཁྲོ་དྲག་པོའི་མེ་སྤུང་དེ་དེའི་ཁར་འབར་ཏེ། དེ་ལ་ཁོང་གིས་ཆ་ཚང་མེད་པར་མ་ཕྱིན་བར་དུ། དེབ་འདིའི་ནང་དུ་བྲིས་པའི་རྐྱེན་ངན་ཚང་མ་དེའི་ཁར་ཕོག་ཅིང་། དེ་ཡོངས་སུ་འཇིགས་པར་འགྱུར་རོ། 21གཙོ་བོ་དཀོན་མཆོག་གིས་ཁོ་ལ་ཨིསི་རཱཨེལ་གྱི་སྡེ་རིགས་ཀུན་གྱི་མདུན་དུ་དཔེ་མཚོན་ཞིག་ཏུ་བཅོས་པར་མཛད་དེ། ཁོའི་སྟེང་དུ་ཁྲིམས་ཀྱི་དེབ་འདིའི་ནང་བྲིས་པའི་དམ་བཅའ་གཞིར་བཟུང་གི་དམོད་པ་ཚང་མ་ཁོའི་སྟེང་དུ་ཕོག་པར་འགྱུར། 22མ་འོངས་པའི་མི་རབས་སུ་ཁྱོད་ཚོའི་རིགས་བརྒྱུད་དང་ཐག་རིང་ཡུལ་ནས་ཡོང་བའི་ཕྱི་རྒྱལ་བ་ཚོས་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་ཡུལ་དུ་བཏང་གནང་བའི་དཀའ་འཚེགས་དང་རྐྱེན་ངན་རྣམས་མཐོང་བར་འགྱུར། 23ཞིང་ཚང་མ་མུ་ཟི་དང་ཚས་གང་ཞིང་སྐམ་སྟེ། ཕན་མི་ཐོགས་པར་ཆགས་ཤིང་། དེར་ཐོན་སྐྱེད་གང་ཡང་མ་བྱུང་བ་དང་། རྩ་ངན་ཀྱང་སྐྱེ་བར་མི་འགྱུར་རོ། ཁྱོད་ཚོའི་ཡུལ་ནི་སྔར་གཙོ་བོ་དཀོན་མཆོག་གིས་ཐུགས་ཁྲོ་ཆེན་པོས་ཚར་བཅད་གནང་བའི་ཨད་མཱ་དང་། ཛེ་བོ་ཨིམ་གྱི་གྲོང་ཁྱེར་སོ་དྷོམ་དང་གྷོ་མོ་རཱ་དང་འདྲ་བར་འགྱུར་རྒྱུ་ཡིན་ནོ། 24དེའི་སྐབས་སུ་འཛམ་གླིང་མི་རིགས་ཚང་མས། གཙོ་བོ་དཀོན་མཆོག་གིས་དེ་དག་གི་ཡུལ་ལ་དེ་འདྲ་གནང་དགོས་དོན་དང་། ཐུགས་ཁྲོ་དེ་ལྟ་བུ་གནང་དགོས་དོན་དེ་ག་རེ་ཡིན་ནམ་ཞེས་འདྲི་བ་བྱེད་ཡོང་། 25དེའི་ལན་ནི་འདི་ལྟ་སྟེ། ཁོ་ཚོའི་མེས་པོ་རྣམས་ཀྱི་དཀོན་མཆོག་གིས་སྔར་ཁོ་ཚོ་ཨི་ཇིབ་ནས་འཁྲིད་ཕེབས་སྐབས། དེ་ཚོས་ཁོང་ལ་དམ་བཅའ་གང་འཕུལ་བ་དེ་དག་མ་སྒྲུབ་པར། ཉིད་ཀྱི་མི་འབངས་ཚོས་དམ་བཅའ་དེ་དང་འགལ་བའི་རྐྱེན་གྱིས་དེ་ལྟར་བྱུང་བ་ཡིན་ནོ། 26དེ་ཚོས་དེ་སྔ་ནམ་ཡང་མཆོད་མ་མྱོང་བའི་སྐུ་འདྲ་དག་ལ་མཆོད་པ་དང་། ལྷ་རྟེན་དེ་དག་ལ་བསྙེན་བཀུར་བྱེད་མི་ཆོག་ཅེས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་ཡོད་པ་ཡིན་ནོ། 27གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་མི་འབངས་རྣམས་ལ་ཐུགས་ཁྲོ་གནང་སྟེ། དེབ་འདིའི་ནང་དུ་བྲིས་ཡོད་པའི་རྐྱེན་ངན་ཚང་མ་དེ་ཚོའི་ཡུལ་དུ་བཏང་བ་གནང་ཞིང་། 28ཁོང་གི་ཐུགས་ཁྲོ་ཆེན་པོའི་ནང་དུ་དེ་ཚོ་རང་གི་ཡུལ་ནས་བཏོན་པ་གནང་སྟེ། ཕྱི་རྒྱལ་ཡུལ་ཞིག་ཏུ་བརྫངས་པ་གནང་ཞིང་། དེ་ཚོ་དེང་དུས་ཀྱང་དེར་གནས་ཤིང་ཡོད་དོ། 29གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་དོན་གནད་འགའ་ཞིག་གསང་བར་བཞག་གནང་མོད། འོན་ཀྱང་ཁོང་གིས་རང་གི་བཀའ་ཁྲིམས་རྣམས་མངོན་པར་མཛད་ཡོད་པས། ང་ཚོ་དང་ང་ཚོའི་རིགས་བརྒྱུད་ཚོས་དེ་དག་རྒྱུན་དུ་སྲུང་དགོས་པ་ཡིན་ནོ༎

བཀའ་ཁྲིམས་སྐྱར་བཤད 30

བྱིན་རླབས་དང་སྐྱར་གསོའི་ཆེད་དུ་ཁྲིམས་རྣམས།

1ངས་ད་ལྟ་ཁྱོད་ཚོར་བྱིན་རླབས་དང་དམོད་པ་གཉིས་ལས་གཅིག་འདམས་པའི་གོ་སྐབས་སྤྲད་ཡོད། གནས་ཚུལ་དེ་ཚོ་ཚང་མ་ཁྱོད་ཚོའི་ཐོག་ཏུ་བྱུང་ཚར་བའི་རྗེས་སུ། ཁྱོད་ཀྱི་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ཁ་སྟོར་བ་གནང་སྟེ། མི་རིགས་གཞན་དང་མཉམ་དུ་གནས་སྐབས། ངས་ཁྱོད་ཚོ་ལ་འདམས་ཀ་བྱེད་པའི་གོ་སྐབས་སྤྲད་པ་དེ་ཁྱོད་ཚོས་དྲན་ཡོང་། 2གལ་ཏེ་ཁྱོད་དང་ཁྱོད་ཚོའི་རིགས་རྒྱུད་ཚོ་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་བློ་ཁ་བསྒྱུར་ཏེ་ཁོང་གི་བཀའ་རྒྱ་རྣམས་བློ་སེམས་རྩེ་གཅིག་གི་སྒོ་ནས་སྲུང་པ་ཡིན་ན། 3གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོའི་ཐོག་ཏུ་སྙིང་རྗེ་གནང་ཞིང་། ཁྱོད་ཚོ་ཁ་འཐོར་ནས་གནས་ཡོད་པའི་ཡུལ་ཁག་སོ་སོ་ནས་བཏོན་པ་གནང་ཞིང་། ཕྱིར་ལོག་འཁྲིད་ཕེབས་རྒྱུ་ཡིན་པ་དང་། སླར་ཡང་ཁྱོད་ཚོར་ཕུན་སུམ་ཚོགས་པབཟོས་གནང་ངོ་། 4ཁྱོད་ཚོ་འཛམ་གླིང་གྱི་མཐའ་མཚམས་ཀུན་ཏུ་ཁ་འཐོར་ཡོད་པ་ཡིན་ནའང་། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་སླར་ཡང་ཕྱོགས་གཅིག་ཏུ་བསྡུས་ཏེ་ཕྱིར་ལོག་འཁྲིད་ཕེབས་ཡོང་། 5སྔར་ཁྱོད་ཚོའི་མེས་པོ་རྣམས་གནས་སྡོད་བྱས་པའི་ཡུལ་དེ་ཁྱོད་ཚོས་སླར་ཡང་བདག་འཛིན་བྱེད་རྒྱུ་དང་། ཁོང་གིས་ཁྱོད་ཚོ་ལ་ཁྱོད་ཚོའི་ཕ་མེས་རྣམས་ལས་གྲངས་འབོར་ཆེ་བ་དང་། ཕུན་སུམ་ཚོགས་པ་བཟོས་གནང་ངོ་། 6གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོ་དང་ཁྱོད་ཚོའི་རིགས་རྒྱུད་རྣམས་ལ་བཀའ་རྒྱ་སྲུང་བའི་སེམས་གནང་བ་དང་། ཁྱོད་ཚོས་ཁོང་ལ་བློ་སེམས་རྩེ་གཅིག་གིས་བརྩེ་བ་ཞུས་ཤིག་དང་། ཡུལ་དེར་ཁྱོད་ཚོ་རྒྱུན་དུ་གནས་པར་འགྱུར། 7ཁོང་གིས་དམོད་པ་དེ་ཚོ་ཚང་མ་ཁྱོད་ཚོར་སྡང་ཞིང་མནར་གཅོད་བྱེད་མཁན་དགྲ་བོའི་སྟེང་དུ་འབེབས་པར་འགྱུར། 8ཁྱོད་ཚོས་སླར་ཡང་ཁོང་གི་བཀའ་ལ་ཉན་པ་དང་དེ་རིང་ངས་ཁྱོད་ཚོར་སྤྲད་པའི་ཁོང་གི་བཀའ་རྒྱ་ཚང་མ་རྩིས་སྲུང་བྱས་པར་འགྱུར། 9དེ་རྗེས་ཁྱོད་ཚོས་བྱས་པའི་ལས་དོན་ཚང་མར་གཙོ་བོ་དཀོན་མཆོག་གིས་བྱིན་རླབས་གནང་བས། ཁྱོད་ཚོའི་བུ་ཕྲུག་དང་ཟོག་སེམས་ཅན་དང་བཅས་པ་འཕེལ་རྒྱས་བྱུང་ཞིང་། ཁྱོད་ཚོའི་ས་ཞིང་གི་ཐོན་སྐྱེད་ཀྱང་གོང་དུ་འཕེལ་བར་འགྱུར། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་མེས་པོ་རྣམས་ལ་ཡར་རྒྱས་གོང་དུ་འཕེལ་བའི་བྱིན་རླབས་གནང་དུས་ཇི་ལྟར་ཐུགས་དགྱེས་སྣང་བྱུང་བ་བཞིན། དེ་ལྟར་ཁྱོད་ཚོ་ལའང་བྱིན་རླབས་གནང་དུས་ཁོང་ཧ་ཅང་ཐུགས་མཉེས་པར་འགྱུར་མོད། 10འོན་ཀྱང་ཁྱོད་ཚོས་ཁོང་གི་བཀའ་ལ་ཉན་དགོས་པ་དང་། དེབ་འདིིའི་ནང་བྲིས་ཡོད་པའི་ཁོང་གི་བསླབ་བྱ་དང་བཀའ་རྒྱ་ཡོངས་རྫོགས་སྲུང་ཞིང་། བློ་སེམས་རྩེ་གཅིག་གི་སྒོ་ནས་ཁོང་གི་ཕྱོགས་སུ་བློ་ཁ་བསྒྱུར་དགོས། 11དེ་རིང་ངས་སྤྲད་པའི་བཀའ་དེ་དག་ཧ་ཅང་དཀའ་ཞིང་། སྒྲུབ་མ་ཐུབ་པ་ཞིག་མེད་དོ། 12དེ་ནི་གནམ་ལ་བཞག་མེད་ཅིང་། ང་ཚོས་བཀའ་དེ་ཐོས་ཏེ་དེ་ལ་རྩིས་སྲུང་ཞུ་བའི་ཕྱིར་སུས་ཡར་ཕྱིན་སྟེ། ང་ཚོའི་དོན་དུ་བཀའ་དེ་མར་འབེབས་ཡོང་ངམ་ཞེས་ཁྱོད་ཚོས་འདྲི་བ་བྱེད་མི་དགོས། 13ཡང་དེ་ནི་རྒྱ་མཚོའི་ཕ་རོལ་དུའང་མེད་དེ། ང་ཚོས་བཀའ་དེ་ཐོས་ཏེ་དེ་ལ་རྩིས་སྲུང་ཞུ་བའི་ཕྱིར་སུས་རྒྱ་མཚོའི་ཕ་རོལ་དུ་ཕྱིན་ཏེ། ང་ཚོའི་དོན་དུ་བཀའ་དེ་འཁྱེར་འོང་ངམ་ཞེས་ཁྱོད་ཚོས་འདྲི་བ་བྱེད་མི་དགོས་སོ། 14དེ་ནི་ཁྱོད་ཚོ་དང་མཉམ་དུ་ཡོད་ཅིང་། ཁྱོད་ཚོས་དེ་ཤེས་པ་དང་། ཁྱོད་ཚོས་ཁས་ཀྱང་ཤོད་ཐུབ་བོ། དེ་བས་ན་ད་དེ་ལ་སྲུང་རྩིས་ཞུས་ཞིག 15དེ་རིང་ངས་ཁྱོད་ཚོར་བཟང་པོ་དང་ངན་པའམ། དེ་བཞིན་གསོན་པོ་དང་འཆི་བ་གཉིས་ལས་གཅིག་འདམས་ཀ་བྱེད་པའི་གོ་སྐབས་ཤིག་སྤྲད་ཀྱི་ཡོད། 16དེ་རིང་ངས་ཁྱོད་ཚོར་སྤྲད་པའི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་བཀའ་རྒྱ་རྣམས་ཁྱོད་ཚོས་སྲུང་ཞིང་། ཁོང་ལ་བརྩེ་བ་དང་རྩིས་སྲུང་ཞུས་ཏེ། ཁོང་གི་ཁྲིམས་ཚང་མ་སྲུང་བ་ཡིན་ན་ཁྱོད་ཚོ་ཕུན་སུམ་ཚོགས་ཞིང་། གྲངས་འབོར་ཆེ་བའི་མི་རིགས་ཞིག་ཏུ་འགྱུར་རོ། ཁྱོད་ཚོས་བདག་འཛིན་བྱེད་གྲབ་ཡོད་པའི་ཡུལ་དེར་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོ་ལ་བྱིན་རླབས་གནང་བར་འགྱུར། 17འོན་ཀྱང་ཁྱོད་ཚོས་དེ་མ་ཉན་པར། ཁོང་ལ་ལོག་ལྟ་ཞུས་ཏེ། ལྷ་རྟེན་གཞན་ལ་མཆོད་པ་ཡིན་ན། 18ཁྱོད་ཚོ་འཇིག་པར་ངེས་སོ་ཞེས་ངས་ད་ལྟ་ནས་ཁྱོད་ཚོ་ལ་ཟོན་བསྐུལ་བྱེད་ཀྱི་ཡོད། ཁྱོད་ཚོས་བདག་འཛིན་བྱེད་གྲབ་ཡོད་པའི་ཡོར་དན་ཕ་རོལ་གྱི་ཡུལ་དུ་ཁྱོད་ཚོ་ཚེ་རིང་པོར་གནས་པར་མི་འགྱུར་རོ། 19ངས་དེ་རིང་ཁྱོད་ཚོ་ལ་གསོན་པ་ཉིད་དང་འཆི་བའམ། དེ་བཞིན་དཀོན་མཆོག་གི་བྱིན་རླབས་དང་དམོད་པ་གཉིས་ལས་གཅིག་འདམས་པའི་གོ་སྐབས་སྤྲོད་བཞིན་ཡོད་པས། ད་ངས་མཐོ་རིས་དང་ས་གཞི་འབོད་དེ་ཁྱོད་ཚོས་འདམས་ཀ་ཇི་བྱེད་ལ་དཔང་པོར་འཛུག་རྒྱུ་ཡིན། དེ་བས་ན་གསོན་པ་ཉིད་དེ་འདམས་ཤིག 20གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་བརྩེ་བ་ཞུ་ཞིང་ཁོང་གི་བཀའ་ལ་ཉན་ཏེ། ཁོང་དང་དམ་ཚིག་ཅན་དུ་འགྱུར་བ་ཡིན་ན་ཁོང་གིས་ཁྱོད་ཚོའི་ཕ་མེས་ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་ལ་ཞལ་བཞེས་གནང་བའི་ཡུལ་དེར་ཁྱོད་ཚོ་དང་ཁྱོད་ཚོའི་རིགས་རྒྱུད་ལོ་མང་རིང་དུ་གནས་པར་འགྱུར་རོ༎

བཀའ་ཁྲིམས་སྐྱར་བཤད 31

ཡོ་ཤུ་ཨས་མོ་ཤེའི་ཤུལ་འཛིན་བྱེད་པ།

(གྲངས་ཀ་ ༢༧:༡༢-༢༣)

1མོ་ཤེས་ཨིསི་རཱཨེལ་མི་མང་རྣམས་ལ་མུ་འཐུད་ནས་སྨྲས་པ། 2ང་ནི་ལོ་ ༡༢༠ ལོན་པས། ད་ངས་ཁྱོད་ཚོའི་འགོ་འཁྲིད་བྱེད་ཐུབ་པ་མི་འདུག གཙོ་བོ་དཀོན་མཆོག་གིས་ང་ལ་ཁྱོད་ཡོར་དན་རྒལ་ནས་ཕར་འགྲོ་མི་ཆོག་ཅེས་གསུངས་ཡོད། 3དེ་བས་ན་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་རང་ཉིད་ཁྱོད་ཚོའི་སྔོན་དུ་ཕེབས་ནས་དེར་གནས་པའི་མི་རིགས་རྣམས་ཚར་གཅོད་གནང་སྟེ། ཁྱོད་ཚོས་དེ་དག་གི་ཡུལ་དེ་བདག་འཛིན་བྱེད་པར་འགྱུར། གཙོ་བོ་དཀོན་མཆོག་གིས་གསུངས་པ་བཞིན་ཡོ་ཤུ་ཨས་ཁྱོད་ཚོའི་འགོ་འཁྲིད་བྱེད་རྒྱུ་ཡིན་ནོ། 4ཨ་མོར་པའི་རྒྱལ་པོ་སི་ཧོན་དང་ཨོག་གཉིས་ཕམ་པར་མཛད་ནས་དེ་དག་གི་ཡུལ་དེ་འཇིག་པར་མཛད་པ་བཞིན། གཙོ་བོ་དཀོན་མཆོག་གིས་མི་རིགས་དེ་ཚོ་ལའང་དེ་བཞིན་འཇིགས་པར་མཛད་ངེས་ཤིང་། 5གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་དེ་དག་གི་ཁར་རྒྱལ་ཁ་གནང་རྒྱུ་ཡིན་པ་དང་། ཁྱོད་ཚོས་དེ་ཚོ་དང་འབྲེལ་བ་བྱེད་སྟངས་ནི་སྔར་ངས་གང་སྨྲས་པ་བཞིན་དུ་བྱེད་དགོས། 6ཁྱོད་ཚོས་སེམས་ཤུགས་སྐྱེད་ཅིང་ཡིད་བརྟན་ཆེན་པོ་བྱས་ཏེ་དེ་དག་ལ་མ་འཇིག་པར་བྱོས་ཤིག་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་རང་ཉིད་ཁྱོད་ཚོ་དང་མཉམ་དུ་གནས་པར་མཛད་ཅིང་། ཁོང་གིས་ཁྱོད་ཚོར་སླུ་བ་དང་སྤོང་བ་སོགས་གནང་མི་ཡོང་ཞེས་སྨྲས་སོ། 7དེ་ནས་མོ་ཤེས་ཨིསི་རཱཨེལ་མི་དམངས་ཀྱི་མདུན་དུ་ཡོ་ཤུ་ཨ་ལ་བོས་ནས་སྨྲས་པ། སེམས་ཤུགས་སྐྱེད་ཅིང་ཡིད་བརྟན་ཆེན་པོ་བྱོས་ཤིག སྔར་གཙོ་བོ་དཀོན་མཆོག་གིས་མི་མང་འདི་ཚོའི་མེས་པོ་རྣམས་ལ་ཞལ་བཞེས་གནང་བའི་ཡུལ་དེ་བདག་འཛིན་བྱེད་པའི་ཕྱིར་ཁྱོད་ཀྱིས་དེ་ཚོར་འགོ་འཁྲིད་བྱེད་དགོས། 8གཙོ་བོ་དཀོན་མཆོག་རང་ཉིད་ཁྱོད་དང་མཉམ་དུ་འགྲོགས་ཤིང་ཁྱོད་ལ་དབུ་འཁྲིད་མཛད་རྒྱུ་ཡིན་པས། ཁོང་གིས་ཁྱོད་ལ་སླུ་བ་དང་སྤོང་བ་སོགས་གནང་མི་ཡོང་ངོ་། དེར་བརྟེན་སེམས་ཤུགས་མ་ཆགས་པ་དང་འཇིག་མི་དགོས༎

ལོ་འཁོར་བདུན་རེར་ཁྲིམས་དེ་ཀློག་དགོས་པ།

9དེ་རྗེས་མོ་ཤེས་དཀོན་མཆོག་གི་ཁྲིམས་དེ་བྲིས་ནས། གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་གྱི་དོ་དམ་པ་ལེ་ཝིའི་བླ་མ་རྣམས་དང་ཨིསི་རཱཨེལ་གྱི་འགོ་བྱེད་རྣམས་ལ་སྤྲད་དེ། 10ཁོས་དེ་དག་ལ་བཀའ་བསྒོས་བྱས་ཏེ་སྨྲས་པ། ལོ་བདུན་རེའི་ལོ་མཇུག་ཏུ་བུ་ལོན་འཇལ་མི་དགོས་པར་བུན་ཐོ་སུབ་པའི་དུས་རན་སྐབས། རྩ་གཡབ་གི་དུས་ཆེན་ཐོག་ཏུ་བཀའ་ཁྲིམས་འདི་དག་སྐད་ཤུགས་ཆེན་པོས་ཀློག་དགོས། 11མཆོད་འབུལ་བྱེད་སའི་ས་གནས་གཅིག་པོ་དེར་ཨིསི་རཱཨེལ་པ་རྣམས་ཁྱོད་ཀྱི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་མཆོད་འབུལ་བྱེད་ཕྱིར་ཡོང་སྐབས་དེ་ཚོའི་མདུན་དུ་བཀའ་ཁྲིམས་འདི་སྒྲོག་སྦྱང་བྱེད་དགོས། 12སྐྱེས་པ་དང་བུད་མེད་དང་། བུ་ཕྲུག་དང་། དེ་བཞིན་ཁྱོད་ཚོའི་གྲོང་ཁྱེར་ནང་གནས་པའི་ཕྱི་རྒྱལ་བ་རྣམས་དང་བཅས་པ་ཚང་མ་ཕྱོགས་གཅིག་ཏུ་བོས་ནས། ཀུན་གྱིས་བཀའ་ཁྲིམས་དེ་ཐོས་ཏེ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་དད་གུས་ཞུས་ཤིང་། ཁོང་གི་བཀའ་སློབ་རྣམས་རྩིས་སྲུང་ཞུ་བར་སློབ་སྟོན་བྱེད་དགོས། 13དེ་ལྟར་བྱས་པས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་ཁྲིམས་ནམ་ཡང་ཐོས་མ་མྱོང་བའི་ཁྱོད་ཚོའི་རིགས་བརྒྱུད་ཚོས་ཀྱང་དེའི་སྐོར་ལ་གོ་ཐོས་བྱས་ཏེ། ཁྱོད་ཚོས་བདག་འཛིན་བྱེད་གྲབ་ཡོད་པའི་ཡོར་དན་ཕ་རོལ་གྱི་ཡུལ་དུ་གནས་སྡོད་བྱེད་སྐབས་དེ་ཚོས་བཀའ་ལ་སྲུང་ཞུ་བའི་བསླབ་བྱ་ཐོབ་པར་འགྱུར་རོ༎

གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་མཐའ་མའི་བཀའ་སློབ་གནང་བ།

14དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ད་ཁྱོད་ཡུན་རིང་པོར་གསོན་མི་ཡོང་། དེ་བས་ན་ཡོ་ཤུ་ཨ་ལ་བོས་ཏེ་དབུ་གུར་དམ་པའི་ནང་དུ་འཁྲིད་ཤོག། ངས་ཁོ་ལ་བསླབ་བྱ་བྱེད་རྒྱུ་ཡིན། དེ་ནས་མོ་ཤེ་དང་ཡོ་ཤུ་ཨ་གཉིས་དབུ་གུར་དམ་པའི་ནང་དུ་བཅར་བ་དང་། 15དབུ་གུར་དམ་པའི་གཟིམས་སྒོའི་འགྲམ་དུ་གཙོ་བོ་དཀོན་མཆོག་གིས་དེ་དག་ལ་སྤྲིན་གྱི་ཀ་བའི་ཚུལ་དུ་ཉིད་ཀྱི་ཞལ་གཟིགས་ཤིག་གནང་བ་དང་། 16གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། ད་ཁྱོད་རིང་མིན་འཆི་བར་ངེས་ཤིང་། ཁྱོད་འཆི་བའི་རྗེས་སུ་མི་རྣམས་ང་དང་དམ་ཚིག་འགལ་ཏེ། ངས་དེ་ཚོ་དང་མཉམ་དུ་བཞག་པའི་དམ་བཅའ་དེའང་དེ་ཚོས་འགལ་ལོ། ང་ལ་སྤངས་རྒྱུ་ཡིན་པ་དང་། དེ་ཚོ་སླེབས་རན་པའི་ཡུལ་གྱི་ལྷ་རྟེན་གཞན་ལ་མཆོད་པར་འགྱུར། 17ཡང་དེ་དུས་ང་དེ་ཚོ་དང་ཁྲོ་ཞིང་། ངས་དེ་ཚོ་ལ་སྤངས་ནས་དེ་ཚོ་འཇིག་རྒྱུ་ཡིན་པ་དང་། དེ་ཚོའི་ཐོག་ཏུ་རྐྱེན་ངན་དྲག་པོ་མང་པོ་བྱུང་བ་དང་། ང་དེ་ཚོའི་དཀོན་མཆོག་ཁོ་ཚོ་དང་མཉམ་དུ་འགྲོགས་མེད་པར་བརྟེན་པས་རྐྱེན་ངན་འདི་ཚོ་ཚང་མ་བྱུང་བ་ཡིན་པར་དེ་ཚོས་ཤེས་རྟོགས་བྱེད་རྒྱུ་ཡིན། 18དེ་ཚོས་ལས་ངན་ཁོ་ན་བྱས་ཏེ་ལྷ་རྟེན་གཞན་ལ་མཆོད་པའི་རྐྱེན་གྱིས་ངས་དེ་ཚོར་སྐྱབས་གྲོགས་བྱེད་པར་མི་འགྱུར་རོ། 19ད་མགུར་མ་འདི་བྲིས་ནས་ཨིསི་རཱཨེལ་པ་རྣམས་ལ་སློབས་ཤིག་དང། དེ་ནི་དེ་ཚོའི་རྒྱབ་རྒལ་དུ་དཔང་པོའི་ཚུལ་བཞིན་གནས་པར་འགྱུར། 20ངས་དེ་ཚོའི་ཕ་མེས་རྣམས་ལ་དམ་བཅའ་བྱས་པ་བཞིན། དེ་ཚོ་ཕྱུག་པོ་དང་ས་ལུད་འཛོམས་པོའི་ཡུལ་དེར་འཁྲིད་འགྲོ་རྒྱུ་ཡིན་པ་དང་། དེར་ཁོ་ཚོར་རང་འདོད་བཞིན་དུ་ཁ་ཟས་འབྱོར་ཏེ། བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་དུ་སྡོད་རྒྱུ་བྱུང་ནའང་། དེ་ཚོའི་བློ་ཁ་བསྒྱུར་ཏེ་ལྷ་རྟེན་གཞན་ལ་མཆོད་ཅིང་། ང་ལ་ཁས་ལེན་མ་བྱས་པ་དང་ངའི་དམ་བཅའ་དང་འགལ་རྒྱུ་ཡིན་པས། 21འཇིགས་རུང་ཆེ་བའི་རྐྱེན་ངན་མང་པོ་ཞིག་དེ་ཚོའི་ཐོག་ཏུ་ཡོང་ངེས་སོ། འོན་ཀྱང་མགུར་དབྱངས་འདི་ནི་ད་དུང་ལེན་དགོས་སོ། ཡང་དེ་ནི་དེ་ཚོའི་རྒྱབ་རྒལ་དུ་དཔང་པོའི་ཚུལ་དུ་གནས་པར་འགྱུར། ངས་ཁྱོད་ཚོར་དམ་བཅའ་བྱས་པའི་ཡུལ་དུ་ཁོ་ཚོ་མ་འཁྲིད་གོང་དུ་ཁོ་ཚོས་སེམས་ནང་ག་རེ་དྲན་གྱི་ཡོད་པ་དེ་ངས་ད་ལྟ་ནས་ཤེས་ཀྱི་ཡོད། 22ཉིན་མོ་དེ་རང་ལ་མོ་ཤེས་མགུར་མ་དེ་བྲིས་ཏེ་ཨིསི་རཱཨེལ་མི་མང་རྣམས་ལ་བསླབས་སོ། 23དེ་རྗེས་གཙོ་བོ་དཀོན་མཆོག་གིས་ནུན་གྱི་བུ་ཡོ་ཤུ་ཨ་ལ་གསུང་གླེང་མཛད་ཅིང་བཀའ་གནང་གསལ། སེམས་ཤུགས་སྐྱེད་ཅིང་ཡིད་བརྟན་ཆེན་པོ་བྱོས་ཤིག ཁྱོད་ཀྱིས་ཨིསི་རཱཨེལ་པ་རྣམས་ལ་འགོ་འཁྲིད་བྱས་ཏེ། ངས་དམ་བཅའ་བྱས་པའི་ཡུལ་དུ་འཁྲིད་རྒྱུ་ཡིན་པས། ང་ཁྱོད་དང་མཉམ་དུ་གནས་པར་ངེས་ལགས་སོ། 24མོ་ཤེས་ཟབ་ཟབ་བྱས་ཏེ་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་དེ་ཆད་ལྷག་མེད་པར་དེབ་ཞིག་གི་ནང་དུ་བྲིས་སོ། 25དེ་བྲིས་ཟིན་པའི་རྗེས་སུ་ཁོས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་གྱི་དོ་དམ་པ་ལེ་ཝིའི་བླ་མ་རྣམས་ལ་སྨྲས་པ། 26དཀོན་མཆོག་གི་ཁྲིམས་ཀྱི་དེབ་འདི་འཁྱེར་ནས། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་དམ་བཅའི་སྒྲོམ་གྱི་ཉེ་འགྲམ་དུ་ཞོག་ཅིག གླེགས་བམ་དེ་ནི་དེ་ཚོའི་རྒྱབ་རྒལ་དུ་དཔང་པོའི་ཚུལ་བཞིན་གནས་རྒྱུ་ཡིན་ནོ། 27དེ་ཚོ་ནི་སེམས་གཤིས་གྱོང་ཞིང་ངོ་ལོག་བྱེད་མཁན་ཡིན་པ་དེ་ངས་ཤེས་ཀྱི་ཡོད། ང་གསོན་རིང་དུ་དེ་ཚོས་གཙོ་བོ་དཀོན་མཆོག་ལ་ངོ་ལོག་ཞུས་པ་ཡིན་ན། ད་ང་ཤི་བའི་རྗེས་སུ་དེ་ཚོས་སྔར་ལས་མང་བ་ངོ་ལོག་བྱེད་ཉེན་ཡོད། 28ཁྱོད་ཚོའི་སྡེ་རིགས་སོ་སོའི་འགོ་བྱེད་དང་ལས་བྱེད་པ་ཚང་མ་ངའི་མདུན་དུ་བཀོང་ཞིག་དང་། ངས་དེ་ཚོ་ལ་གཏམ་གླེང་འདི་ཚོ་བྱེད་རྒྱུ་ཡིན། དེ་ཚོའི་རྒྱབ་རྒལ་འདིའི་ཆད་དུ་ངས་མཐོ་རིས་དང་ས་གཞི་ནི་ངའི་བར་དཔང་དུ་འཛུག་རྒྱུ་ཡིན། 29ང་ཤི་བའི་རྗེས་སུ་མི་རྣམས་ངན་པར་བསྒྱུར་རྒྱུ་ཡིན་པ་དེ་ངས་ཤེས་ཀྱི་ཡོད་པས། ངས་སློབ་སྟོན་གང་བྱས་པ་རྣམས་སྤངས་ཤིང་། ཕྱིས་སུ་དེ་ཚོའི་ཁར་རྐྱེན་ངན་རྣམས་འོངས་བར་འགྱུར། གང་ལགས་ཟེར་ན། དེ་ཚོས་གཙོ་བོ་དཀོན་མཆོག་གིས་བཀག་བྱ་གནང་བའི་ལས་རྣམས་བྱས་ཏེ། ཁོང་གི་ཐུགས་དགོངས་དཀྲུགས་པར་འགྱུར་རོ༎ 30དེ་ནས་མོ་ཤེས་མགུར་མ་འདི་ཆ་ཚང་སྒྲོགས་པ་དང་། ཨིསི་རཱཨེལ་པ་ཚང་མས་ཐོས་སོ༎

བཀའ་ཁྲིམས་སྐྱར་བཤད 32

1ཀྱེ་གནམ་དང་ས་གཞི་ང་ཡི་བཀའ་ཉོན། ང་ཡི་གཏམ་ལ་ལེགས་པར་ཉོན། 2ང་ཡི་བསླབ་བྱ་ཆར་ཐིག་བཞིན་དུ་འཛག། ས་གཞིར་ཟིལ་པ་བཞིན་དུ་ཆགས། རྩི་ཤིང་གསར་སྐྱེས་སྟེང་དུ་ངའི་བཀའ། གསར་དུ་སྐྱེས་པའི་རྩའི་སྟེང་དུ། ཡང་པོའི་ཆར་ཆུ་འབེབས་པ་ལྟར། 3ང་ནི་གཙོ་བོ་དཀོན་མཆོག་མཚན་ལ་བསྟོད། ཁོང་གི་མི་འབངས་རྣམས་ཀྱིས་ནི། ཉིད་ཀྱི་མངའ་ཐང་ཆེན་པོའི་སྐོར། ཡོངས་སུ་ཁྱབ་སྒྲགས་བྱེད་པར་འགྱུར། 4གཙོ་བོ་དཀོན་མཆོག་ཁྱོད་ཀྱི་བྲག་ལགས་ཤིང་། ཁོང་གི་སྤྱོད་ལམ་རྣམ་དག་དང་ཁྲིམས་དྲང་ལགས། ཁྱོད་ཀྱི་དཀོན་མཆོག་ཚུལ་དམ་ཚིག་ཅན་དང་མཐུན་དྲང་པོ་ལགས། ཉིད་ཀྱི་མཇད་འཕྲིན་ཀུན་ནི་དྲང་བདེན་ལགས། 5འོན་ཀྱང་ཁྱོད་ཚོ་དམ་ཚིག་མི་མཐུན་ཞིང་། ཁོང་གི་འབངས་སུ་ཚུད་པར་མི་འོས་ཤིང་། ཁྱོད་ཆོ་སྡིག་ཅན་གཡོ་སྒྱུའི་མི་རིགས་ཡིན། 6ཀྱེ་བློ་གྲོས་ཉམས་པའི་མི་རིགས་གླུན་པོ་ཁྱོད། ཁྱོད་ཚོས་རང་གི་གཙོ་བོ་དཀོན་མཆོག་ལ། སྤྱོད་ཚུལ་ཞུ་སྟངས་དེ་ལྟར་རང་ཡིན་ནམ། ཁོང་ནི་ཁྱོད་ཚོའི་ཡབ་དང་། བཀོད་པ་པོའང་ཡིན། ཁོང་གིས་ཁྱོད་ཚོར་མི་རིགས་གཅིག་ཏུ་བཀོད། 7འདས་པའི་ལོ་མང་སྔོན་གྱི་དུས་ལ་དྲན། སྐབས་དེར་གང་བྱུང་ཁྱོད་ཚོའི་ཕ་ལ་དྲིས། གནའ་བོའི་དུས་ཀྱི་སྐོར་ལ་མི་རྒན་རྣམས་ལ་འདྲི། 8བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། མི་རིགས་སོ་སོར་དེ་ཚོའི་ཡུལ་གནང་སྐབས། དཀོན་མཆོག་ཁོང་གི་ཕོ་ཉའི་གྲངས་བཞིན་དུ། མི་རྣམས་གང་དུ་སྡོད་དམ་ཟེར་ནས་ཁོང་གིས་དེ་ཚོར་བསྐོས། 9འོན་ཀྱང་ཡ་ཀོབ་རིགས་རྒྱུད་ནི། ཉིད་ཀྱི་མི་འབངས་ཁོངས་སུ་འདམས་པར་མཛད། 10ཁོ་ཚོ་འབྲོག་སྟོང་རྒྱུད་དེ་འགྲུལ་བའི་སྐབས། མི་མེད་རླུང་འཚུབ་ལྡན་པའི་འབྲོག་སྟོང་ནང་། ཁོང་གིས་དེ་ཚོར་སྐྱབས་དང་གསོ་སྐྱོང་མཛད། རང་ལ་སྐྱབས་བཞིན་ཁོ་ཚོར་སྐྱབས་གྲོགས་མཛད། 11བྱ་ཆེན་གླག་གིས་རང་གི་བྱ་ཕྲུག་ལ། ཤོག་པར་འཁྱེར་ཏེ་འཕུར་སྟངས་བསླབ་པ་བཞིན། གཙོ་བོ་དཀོན་མཆོག་གིས་ནི་ཨིསི་རཱཨེལ་ལ། ལྷུང་བའི་ཉེན་ལས་ཡོངས་སུ་སྐྱབས་པར་མཛད། 12ཕྱི་རྒྱལ་ལྷ་རྟེན་སུས་ཀྱང་རོགས་མེད་པར། དཀོན་མཆོག་གཅིག་པོས་ཉིད་འབངས་དབུ་འཁྲིད་མཛད། 13ཁོང་གིས་དེ་ཚོར་རི་བརྒྱུད་ས་ཁུལ་དུ། རྒྱལ་སྲིད་སྐྱོང་བའི་དབང་ཆ་གནང་བར་མཛད། ཞིང་དུ་སྐྱེས་པའི་སྟོན་ཐོག་ཁོ་ཚོས་ཟས། བྲག་རིའི་གསེབ་ཏུ་ནགས་ཀྱི་སྦྲང་རྩི་རྙེད། རྡོ་ཧྲུག་ལྡན་པའི་ས་ཞིང་ཁུལ་དུའང་། དེ་ཚོའི་ཁ་སྐྱུར་པོའི་ཤིང་སྡོང་རྒྱས་ཤིང་འཕེལ། 14དེ་ཚོའི་བ་དང་ར་མོའི་འོ་མ་མང་། ཕྱུགས་ཟོག་ར་ལུག་བཟང་ཤོས་ཁོ་ཚོར་ཡོད། ལེགས་ཤོས་གྲོ་དང་ཤིན་ཏུ་བཟང་བའི་རྒུན་ཆང་དེ་ཚོར་ཡོད། 15གཙོ་བོ་དཀོན་མཆོག་ཉིད་ཀྱི་མི་འབངས་ནི། ལོངས་སྤྱོད་རྒྱས་པས་ངོ་ལོག་མཁན་དུ་འགྱུར། ལུས་སྟོབས་རྒྱས་ཤིང་ཁ་ཟས་མང་བའི་རྐྱེན། རང་གི་བཀོད་པ་དཀོན་མཆོག་ལའང་སྤངས། རང་གི་མངའ་ཐང་ཆེ་བའི་སྐྱབས་མགོན་དེའང་སྤངས། 16དེ་ཚོས་སྐུ་འདྲར་མཆོད་པས་ཁོང་ལ་ཞེ་སྡང་བཟོས། དེ་ཚོས་ལས་ངན་གྱིས་ནི་ཁོང་ལ་ཐུགས་ཁྲོ་བཟོས། 17མེས་པོས་དེ་སྔ་ནམ་ཡང་ངོ་མ་ཤེས་པས། ཨིསི་རཱཨེལ་པ་ཡི་རྩིས་སྲུང་མ་ཞུས་པའི། རྫུན་གྱི་ལྷ་རྟེན་རྣམས་ལ་དམར་མཆོད་འབུལ། 18རང་གི་མངའ་ཐང་ཆེ་བའི་སྐྱབས་མགོན་དཀོན་མཆོག་ལ། རང་ལ་ཚེ་སྲོག་གནང་མཁན་ཁོང་ལ་ནི། དེ་ཚོས་བརྗེད་པར་བྱས། 19གཙོ་བོ་དཀོན་མཆོག་གིས་ནི་གཟིགས་པ་དང་། ཐུགས་ཁྲོ་བཞེས་ཤིང་ཉིད་ཀྱི་བུ་ཕྲུག་སྤངས། 20སེམས་གཤིས་གྱོང་ཞིང་དམ་འགལ་མི་རིགས་ལ། ད་ཕྱིན་ངས་ནི་སྐྱབས་གྲོགས་མི་བྱ་བར། དེ་ཚོར་ཅི་འབྱུང་ང་ཡིས་ལྟ་བར་བྱ་ཞེས་གསུངས། 21སྐུ་འདྲའི་སྒོ་ནས་དེ་ཚོས་ང་ལ་ཁྲོ་བ་བསླངས། དཀོན་མཆོག་ཟེར་བའི་ལྷ་རྣམས་དཀོན་མཆོག་མིན། དེ་ཚོའི་སྒོ་ནས་ང་ལ་ཞེ་སྡང་བསླངས། ཕན་མེད་མི་རིགས་སྒོ་ནས་དེ་ཚོར་ཁོང་ཁྲོ་བསླངས་རྒྱུ་ཡིན། བླུན་པོའི་མི་རིགས་སྒོ་ནས་དེ་ཚོར་ཞེ་སྡང་བསླངས་རྒྱུ་ཡིན། 22ང་ཡི་ཁྲོ་བ་མེ་ལྟར་འབར་བ་དང་། ས་གཞིའི་དངོས་པོ་ཇི་ཡོད་འཚིག་པར་འགྱུར། དེ་ནི་ས་འོག་གླིང་དུ་སླེབས་པ་དང། རི་བོའི་མང་གཞི་རྣམས་ཀྱང་འཚིག་པར་འགྱུར། 23ང་ནི་ནམ་ཡང་དེ་ཚོ་ཡི་ཐོག་ཏུ། རྒྱུན་ཆད་མེད་པའི་རྐྱེན་ངན་འཁྱེར་ཡོང་ཤིང་། དེ་ཚོའི་ཐོག་ཏུ་ང་ཡི་མདའ་རྣམས་འཕང་རྒྱུ་ཡིན། 24དེ་ཚོ་ལྟོགས་ཤིང་ཚ་བས་ཤི་རྒྱུ་དང་། ནད་གཞི་དྲག་པོས་ཡོངས་སུ་ཤི་བར་འགྱུར། ཁོ་ཚོར་རྒོལ་ཕྱིར་ནགས་ཀྱི་གཅན་གཟན་རྣམས་ནི་གཏོང་རྒྱུ་དང་། ཁོ་ཚོར་སོ་ནི་བརྒྱབ་ཕྱིར་སྦྲུལ་རྣམས་གཏོང་བར་བྱ། 25སྲང་ལམ་ཁུལ་དུ་དམག་གི་འཆི་བ་འདྲེན། ཁང་ཁྱིམ་རེ་རེར་དངངས་སྐྲག་ཆེན་པོས་ཁྱབ། ཕོ་མོ་ན་གཞོན་རྣམས་ཀྱང་ཤི་ངེས་ཤིང་། མི་རྒན་བྱིས་པ་རྣམས་ཀྱང་མི་ཐར་རོ། 26ངས་ནི་དེ་དག་ཡོངས་སུ་ཚར་བཅད་དེ། སུས་ཀྱང་དེ་དག་དྲན་གསོ་མི་བྱེད་དོ། 27རང་གི་འབངས་ལ་འཕམ་རྒུད་བཟོ་མཁན་དེ། ང་རང་ཡིན་པས་དེ་ཚོའི་དགྲ་བོ་ལ། ང་ཚོ་རྒྱལ་བྱུང་ཟེར་བའི་ང་རྒྱལ་ཇི་ལྟར་སྤྲད་ཐུབ་ཡོང་། 28ཨིསི་རཱཨེལ་པ་ནི་མི་རིགས་རྨོངས་པ་དང་། དེ་ཚོར་བློ་དང་ཤེས་རབ་གཅིག་ཀྱང་མེད། 29དེ་ཚོར་འཕམ་རྒུད་བྱུང་བའི་རྐྱེན་དེ་ནི། གང་ཡིན་དེ་ཚོས་མི་ཤེས་སོ། དེ་ཚོས་ཐོག་ཏུ་གནས་ཚུལ་གང་བྱུང་མི་རྟོགས་སོ། 30གཅིག་གིས་སྟོང་ལ་ཅི་ལྟར་འཕམ་པར་བྱེད། གཉིས་ཀྱིས་འབུམ་གཅིག་ལ་ཅི་ལྟར་འཕམ་པར་བྱེད། གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་གིས། དེ་དག་ཡོངས་སུ་སྤངས་གནང་ཡོད། དེ་ཚོའི་མངའ་ཐང་ཆེ་བའི་དཀོན་མཆོག་གིས། དེ་དག་ཡོངས་སུ་སློད་པའི་རྐྱེན་གྱིས་སོ། 31དེ་ཚོའི་དགྲ་བོ་རྣམས་ཀྱི་ལྷ་རྟེན་དག། དབང་དང་ནུས་པ་མེད་པར་ཁོ་ཚོས་ཤེས། ཨིསི་རཱཨེལ་པ་ཡི་དཀོན་མཆོག་ཏ་བུའི་མངའ་ཐང་མེད། 32སོ་དྷོམ་གྷོ་མོ་རཱ་དང་དཔེ་མཚུངས་བཞིན། དེ་ཚོའི་དགྲ་རྣམས་ཚུལ་མིན་ལོག་ཏུ་སྤྱོད། དྲོ་ཁག་བཙན་དུག་ལྡན་པའི་རྒུན་འབྲུམ་སྐྱེས་པའི་ལྗོན་ཤིང་འདྲ། 33སྦྲུལ་གྱི་དུག་ལས་བཟོས་པའི་རྒུན་ཆང་མཚུངས། 34དེ་ཚོའི་དགྲ་བོས་ཇི་བྱས་རྣམས། གཙོ་བོ་དཀོན་མཆོག་གིས་ནི་དྲན་གསོ་གནང་། ཁོང་གིས་དེ་ཚོར་ཉེས་ཆད་གནང་བའི་ཕྱིར། གོ་སྐབས་བཟང་པོ་འཚོལ་ནས་བཞུགས་ཤིང་ཡོད། 35དཀོན་མཆོག་གིས་ནི་དགྲ་ལེན་འཇལ་གནང་སྟེ། དེ་ཚོར་ཉེས་ཆད་ངེས་པར་གནང་བར་འགྱུར། དེ་ཚོ་འགྱེལ་ཞིང་ལྷུང་བའི་དུས་སྐབས་དང་། ཡོངས་སུ་འཇིག་པའི་དུས་དེ་ཉེ་བར་རན། 36གཙོ་བོ་དཀོན་མཆོག་གིས་ནི་ཉིད་ཀྱི་མི་འབངས་ཀྱི། ནུས་སྟོབས་ཉམས་པའི་གནས་སྟངས་དེར་གཟིགས་ཏེ། དེ་ཚོར་མགོན་སྐྱབས་མཛད་པར་འགྱུར། ཐབས་ཤེས་བྲལ་བའི་ཉིད་ཀྱི་ཞབས་ཏོག་པར། ཉིད་ཀྱི་སྙིང་རྗེ་ཆེན་པོས་གཟིགས་པར་འགྱུར། 37དེ་ནས་གཙོ་བོ་དཀོན་མཆོག་ཉིད་ཀྱི་མི་འབངས་ལ། ཁྱོད་ཚོས་ད་ཕན་བློ་གདེངས་བྱས་པ་དང་། མངའ་ཐང་ཆེ་ཚུལ་ཡིན་པའི་ལྷ་རྟེན་རྣམས། གང་དུ་ཡོད་ཅེས་བཀའ་འདྲི་གནང་བར་འགྱུར། 38ཁྱོད་ཚོས་དེ་ཚོར་ཚིལ་གྱི་དམར་མཆོད་སྤྲད། འཐུང་ཕྱིར་དེ་ཚོར་རྒུན་ཆང་ཕུལ། ད་ནི་དེ་ཚོས་ཡོང་ནས་ཁྱོད་ཚོར་དགོན་སྐྱབས་བྱེད་པར་ཤོག། ཁྱོད་ཚོར་སྐྱབས་ཕྱིར་དེ་ཚོ་འགྱུགས་ནས་ཡོང་བར་ཤོག། 39ང་རང་འབའ་ཞིག་གཙོ་བོ་དཀོན་མཆོག་ཡིན། བདེན་པའི་དཀོན་མཆོག་གཞན་ནི་སུའང་མེད། ངས་ནི་བསད་དེ་སྲོག་ཀྱང་སྦྱིན་པར་ནུས། དེ་བཞིན་རྨས་ཀྱང་གསོ་ཐབས་བྱེད་པར་ནུས། ང་ཡིས་བྱས་པའི་བྱ་བར་སུས་ཀྱང་རྒོལ་མི་ཐུབ། 40ང་ནི་གསོན་པོའི་དཀོན་མཆོག་ཡིན་ངེས་པས། རང་གི་ལག་པ་བརྐྱངས་ཏེ་དམ་བཅའ་ངེས་པར་བྱེད། 41འོད་མདང་འཁྱུག་པའི་རལ་གྲིའི་རྣོ་བཏོན་ཏེ། དོན་གནད་ཀུན་ལ་ཁྲིམས་གཅོད་དྲང་པོ་བྱེད། ང་ཡི་དགྲ་བོར་དགྲ་ལེན་འཇལ་རྒྱུ་དང་། ང་ལ་སྡང་མཁན་རྣམས་ལ་ཉེས་ཆད་གཏོང་རྒྱུ་ཡིན། 42དེ་ཚོའི་ཁྲག་ཐིག་ང་ཡི་མདའ་ལས་འཛག། ང་ལ་རྒོལ་མཁན་ང་ཡི་རལ་གྲིས་བསད། འཐབ་རྒོལ་བྱེད་མཁན་གཅིག་ཀྱང་མི་ཐར་ཞིང་། རྨས་སྐྱོན་རྣམས་དང་བཙོན་པའང་ཤི་བར་འགྱུར། 43གཙོ་བོ་དཀོན་མཆོག་ཉིད་ཀྱི་མི་འབངས་ལ། མི་རིགས་ཁྱོད་ཚོས་བསྟོད་བསྔགས་བྱེད་དགོས་ཤིང་། དེ་ཚོ་གསོད་མཁན་རྣམས་ལ་ཁོང་གིས་ནི། ཉེས་ཆད་དྲག་པོ་གཏོང་བར་གནང་ངེས་སོ། ཉིད་ཀྱིས་དགྲ་བོར་དགྲ་ལེན་འཇལ་གནང་ཞིང་། ཉིད་ཀྱི་འབངས་ལ་སྡིག་པ་སྡིག་སེལ་གནང་བར་མཛད། 44ཨིསི་རཱཨེལ་པ་ཚང་མས་ཐོས་ཐུབ་པའི་ཕྱིར། མོ་ཤེ་དང་ནུན་གྱི་བུ་ཡོ་ཤུ་ཨ་གཉིས་ཀྱིས་མགུར་མ་འདི་སྒྲོག་སྦྱང་བྱས་སོ༎

མོ་ཤེའི་མཐའ་མའི་སློབ་སྟོན།

45མོ་ཤེས་གཙོ་བོ་དཀོན་མཆོག་གི་བཀའ་སློབ་རྣམས་མི་མང་ལ་བཤད་ཟིན་པའི་རྗེས་སུ། 46ཁོས། དེ་རིང་ངས་ཁྱོད་ཚོར་བཤད་པའི་བཀའ་རྒྱ་འདི་དག་ཡོངས་སུ་སྲུང་དགོས་པ་དང་། རྗེས་སུ་ཁྱོད་ཚོའི་བུ་ཕྲུག་རྣམས་ཀྱིས་ཀྱང་དཀོན་མཆོག་གི་བཀའ་རྒྱ་འདི་དག་ཚུལ་བཞིན་སྲུང་བའི་ཕྱིར། ཁྱོད་ཚོས་དེའི་སྐོར་ཡང་ནས་ཡང་དུ་དེ་དག་སློབ་སྟོན་བྱེད་དགོས་སོ། 47བསླབ་བྱ་འདི་དག་ནི་སྙིང་པོ་མེད་པའི་སྟོང་གཏམ་ཞིག་མ་ཡིན་གྱི། དེ་ནི་ཁྱོད་ཚོའི་སྲོག་ཡིན་ཏེ། དེར་ཉམས་ལེན་བྱས་ན། ཁྱོད་ཚོས་བདག་འཛིན་བྱེད་གྲབ་ཡོད་པའི་ཡུལ་ཡོར་དན་ཕ་རོལ་དུ་དེར་ཁྱོད་ཚོ་ཚེ་རིང་པོར་གནས་པར་འགྱུར་ཞེས་སྨྲས་སོ། 48ཉིན་མོ་དེ་རང་ལ་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ། 49མོ་ཨབ་ཡུལ་གྱི་གྲོང་ཁྱེར་ཡེ་རི་ཀོའི་ཐང་དུ་ཡོད་པའི་ཨ་བྷ་རིམ་གྱི་རི་བརྒྱུད་ཁུལ་དུ་ཕྱིན་ནས་རི་བོ་ནེ་བོའི་རྩེ་ལ་འཛེགས་ཏེ། ངས་ཨིསི་རཱཨེལ་པ་རྣམས་ལ་སྤྲོད་རྒྱུའི་ཡུལ་ཀ་ནན་ལ་སྟོས་ཤིག 50ཧོར་ཞེས་པའི་རི་བོར་ཁྱོད་ཀྱི་གཅེན་པོ་ཨ་རོན་ཤི་བ་བཞིན། ཁྱོད་ཀྱང་རི་བོ་འདིར་ཤི་རྒྱུ་ཡིན། 51གང་ལགས་ཟེར་ན། ཁྱོད་གཉིས་ཀྱིས་ཨིསི་རཱཨེལ་མི་རྣམས་ཀྱི་མཐོང་སར་ང་ལ་རྩིས་མེད་བྱས་པ་ཡིན། ཁྱོད་ཚོ་ཀ་དྷེཤི་གྲོང་ཁྱེར་གྱི་འགྲམ་དུ་ཛིན་བྱ་བའི་འབྲོག་སྟོང་ནང་མེ་རི་བཱའི་ཆུ་མིག་གི་ཉེ་འགྲམ་དུ་ཡོད་སྐབས། མི་མང་གི་མདུན་དུ་ཁྱོད་གཉིས་ཀྱིས་ང་ལ་རྩིས་མེད་བྱས་པ་ཡིན་པས། 52ཁྱོད་ཀྱིས་ཡུལ་དེ་ལ་ཐག་རིང་ནས་ལྟ་ཆོག་མོད། འོན་ཀྱང་ངས་ཨིསི་རཱཨེལ་པ་རྣམས་ལ་སྤྲོད་རྒྱུའི་ཡུལ་དེར་ཁྱོད་འགྲོ་མི་ཆོག་ཞེས་གསུངས་སོ༎

བཀའ་ཁྲིམས་སྐྱར་བཤད 33

ཨིསི་རཱཨེལ་གྱི་སྡེ་རིགས་རྣམས་ལ་མོ་ཤེས་བྱིན་རླབས།

1དཀོན་མཆོག་གི་སྐྱེ་བོ་མོ་ཤེ་མ་གྲོངས་པའི་སྔོན་དུ་ཨིསི་རཱཨེལ་པ་རྣམས་ལ་བྱིན་རླབས་ཀྱི་སྨོན་ཚིག་གཤམ་གསལ་ལྟར་ཁྱབ་སྒྲགས་བྱས་པ་ནི། 2རི་བོ་སི་ནཨེ་རྩེ་ནས་གཙོ་བོ་དཀོན་མཆོག་ཕེབས། ཨེ་དྷོམ་ཁ་རུ་ཉི་མ་བཞིན་དུ་ཤར། པ་རན་རི་ནས་ཉིད་ཀྱི་འབངས་ཁར་འོད་ཟེར་འཕྲོས། ཕོ་ཉ་སྟོང་ཕྲག་བཅུ་རྣམས་ཁོང་མཉམ་ཡོད། ཁོང་གི་ཕྱག་གཡས་འབར་བའི་མེ་ལྕེ་ཡོད། 3གཙོ་བོ་དཀོན་མཆོག་རང་གི་འབངས་ལ་བྱམས། ཉིད་ཀྱི་ཁོངས་སུ་གཏོགས་པར་སྲུང་སྐྱབས་མཛད། དེས་ན་ང་ཚོས་ཁོང་གི་ཞབས་ལ་ཕྱག་འཚལ་ལོ། ཁོང་གི་བཀའ་ལ་བརྩི་སྲུང་ཞུ་བར་བྱ། 4ང་ཚོའི་མི་རིགས་ཡོངས་ཀྱི་ཚང་མ་ལས། ཤིན་ཏུ་རིན་ཐང་ཆེ་བའི་རྒྱུ་དངོས་བཞིན། མོ་ཤེས་གནང་བའི་ཁྲིམས་ནི་ང་ཚོས་སྲུང། 5ཨིསི་རཱཨེལ་པ་ཡི་སྡེ་རིགས་ཐམས་ཅད་དང་། འགོ་བྱེད་དང་བཅས་པ་གནས་གཅིག་ཏུ་འཛོམས་པའི་སྐབས། གཙོ་བོ་དཀོན་མཆོག་ཉིད་ཀྱི་མི་འབངས་ཨིསི་རཱཨེལ་གྱི་རྒྱལ་པོ་འགྱུར། 6རུ་བྷེན་སྡེ་རིགས་སྐོར་ལ་མོ་ཤེས་གསུངས། དེ་ཚོའི་མི་རིགས་གྲངས་ཉུང་ཡིན་ནའང་། རུ་བྷེན་ནམ་ཡང་ཤི་བར་མ་འགྱུར་ཤོག། 7ཡ་ཧུ་དཱའི་སྡེ་རིགས་སྐོར་ལ་ཁོང་གིས་གསུངས། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་ནི། དེ་ཚོས་མགོན་སྐྱབས་ཞུ་བར་གསན་པར་མཛོད། དེ་ཚོ་སྡེ་རིགས་གཞན་དང་གཅིག་འགྱུར་མཛོད། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་དེ་ཚོའི་ཆེད་དུ་འཐབ་པར་མཛོད། དགྲ་བོར་རྒོལ་ཕྱིར་དེ་ཚོར་སྐྱབས་གྲོགས་མཛོད། 8ལེ་ཝིའི་སྡེ་རིགས་སྐོར་ལ་ཁོང་གིས་གསུངས། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་རང་ཉིད་ནས། ཨུ་རིམ་དང་ནི་ཐུམ་མིམ་བརྒྱུད་ནས། ཁྱེད་ཀྱི་ཐུགས་དགོངས་གསལ་པོར་མངོན་པར་མཛོད། དམ་ཚིག་ལྡན་པའི་ལེ་ཝིའི་པས་སྒོ་ནས། ཞབས་ཏོག་པ་རྣམས་བརྒྱུད་དེ་དེ་ལྟར་མཛོད། ཁྱེད་ཀྱིས་དེ་ཚོ་མ་སཱ་བྱ་བ་རུ། ཚོད་བལྟ་མཛད་དེ་མེ་རི་བཱ་བྱ་བའི། ཆུ་ཡི་འགྲམ་དུ་དེ་ཚོར་དྲང་བདེན་དང་། ཚུལ་མཐུན་ཡིན་པའི་དཔང་པོ་མཛད་པར་གནང་། 9དེ་ཚོས་ཕ་མ་སྤུན་དང་བུ་ཕྲུག་ལས། ལྷག་པར་ཁྱེད་ལ་མོས་ཤིང་ཤ་ཞེན་ཞུས། དེ་ཚོས་ཁྱེད་ཀྱི་བཀའ་རྣམས་སྲུང་བ་དང་། ཁྱེད་ཀྱི་དམ་བཅར་དམ་ཚིག་བརྟེན་པོར་གནས། 10དེ་ཚོས་ཁྱེད་ཀྱི་མི་འབངས་རྣམས་ལ་ནི། ཁྱེད་ཀྱི་བཀའ་ཁྲིམས་སྲུང་བར་སློབ་སྟོན་དང་། ཁྱེད་ཀྱི་མཆོད་ཁྲིའི་སྟེང་དུ་དེ་ཚོས་དམར་མཆོད་འབུལ། 11ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ནི། དེ་ཚོའི་སྡེ་རིགས་སྟོབས་ཆེན་བཟོས་བར་གྲོགས་གནང་བར་མཛོད། དེ་ཚོས་ཅི་བྱས་ལས་ལ་མཉེས་པར་མཛོད། དེ་ཚོའི་དགྲ་བོར་ཚར་གཅོད་གནང་བར་མཛོད། དེ་དག་སླར་ཡང་ལངས་རྒྱུ་མེད་པར་མཛད། 12བྷེན་ཡ་མིན་གྱི་སྡེ་རིགས་སྐོར་ཁོང་གིས་གསུངས། སྡེ་རིགས་འདི་ལ་གཙོ་བོ་དཀོན་མཆོག་གིས། བྱམས་སྐྱོང་དང་ནི་སྲུང་སྐྱོབ་གནང་བར་མཛོད། ཁོང་གིས་དེ་ཚོར་ཉིན་གང་སྲུང་སྐྱོབ་གནང་། དེ་ཚོའི་ཁྲོད་དུ་ཁོང་ནི་བཞུགས་པར་མཛད། 13ཡོ་སེབ་སྡེ་རིགས་སྐོར་ལ་ཁོང་གིས་གསུངས། གཙོ་བོ་དཀོན་མཆོག་ཁོང་གི་མནམ་གི་ཆར་ཆུ་དང་། ས་གཞིའི་འོག་གི་ཆུ་རྣམས་གནང་བས་རྐྱེན། དེ་ཚོའི་ཡུལ་ལ་བྱིན་གྱིས་བརླབས་པར་ཤོག། 14ཉི་མས་ཡོངས་སུ་སྨིན་པའི་ཤིང་ཐོག་དང་། ནམ་དུས་སོ་སོའི་ཤིང་འབྲས་བཟང་ཤོས་ཀྱིས། དེ་ཚོའི་ཡུལ་དེ་བྱིན་གྱིས་བརླབས་པར་ཤོག། 15དེ་ཚོའི་གནའ་བོའི་རི་བརྒྱུད་ས་ཁུལ་དུ། ཤིང་འབྲས་བཟང་ཤོས་དག་གིས་གང་བར་ཤོག། 16མེ་ལྕེ་འབར་བཞིན་ཡོད་པའི་ཚེར་ཤིང་ནས། གསུང་གླེང་མཛད་མཁན་གཙོ་བོ་དཀོན་མཆོག་གི། ཐུགས་རྗེ་དང་ནི་བྱིན་རླབས་བཟང་པོ་ཡིས། དངོས་པོ་བཟང་པོས་ཡུལ་དེ་གང་བར་ཤོག། བྱིན་རླབས་འདི་རྣམས་ཡོ་སེབ་ལ་ཐོབ་ཤོག། གང་ལ་ཟེར་ན་རང་གི་སྤུན་དཀྱིལ་ནས། ཁོང་ནི་འགོ་དཔོན་ཡིན་པའི་རྐྱེན་གྱིས་སོ། 17ཡོ་སེབ་རྒྱུད་ལ་ཡོད་པའི་ནུས་ཤུགས་དེ། བོ་གླང་ཞིག་གི་སྟོབས་དང་འདྲ། ནགས་ཀྱི་གླང་གི་ར་ཅོའི་ཤུགས་དང་མཚུངས། ཁོ་ཡི་ནུས་ཤུགས་ལྡན་པའི་ར་ཅོ་ནི། མ་ནསེ་སཱེ་ཡི་སྐྱེས་པ་སྟོང་མང་པོ་དང་། ཨེཕ་ར་ཡིམ་གྱི་སྐྱེས་པ་ཁྲི་ཕྲག་ཡིན། ཁོ་ཡིས་དེ་ཚོའི་ནུས་ཤུགས་ལ་བརྟེན་ནས། མི་རིགས་གཞན་རྣམས་བརྡུངས་ནས་ས་མཐར་སྐྱེལ། 18ཛེ་བུ་ལུན་དང་ཨི་ས་ཀར་གྱི་ནི། སྡེ་རིགས་རྣམས་ཀྱི་སྐོར་ལ་ཁོང་གིས་གསུངས། ཛེ་བུ་ལུན་གྱི་རྒྱ་མཚོའི་ཚོང་དོན་རྣམས། འཕེལ་ཞིང་རྒྱས་པའི་བྱིན་རླབས་ལྡན་པར་ཤོག། ཨི་ས་ཀར་གྱི་ནང་གི་རྒྱུ་དངོས་རྣམས། ཁོང་གི་ཁྱིམ་གོང་དུ་འཕེལ་བར་ཤོག། 19དེ་ཚོས་ཕྱི་རྒྱལ་བ་རྣམས་མགྲོན་འབོད་ཀྱིས། རང་གི་རི་བོར་མཆོད་འབུལ་བྱེད་པར་བྱ། དེ་ཚོས་མཚོ་དང་མཚོ་འགྲམ་བྱེ་མ་ལས། རྒྱུ་ནོར་ལོངས་སྤྱོད་མང་པོ་ཐོབ་པར་བྱ། 20གྷཌ་ཀྱི་སྡེ་རིགས་སྐོར་ལ་ཁོང་གིས་གསུངས། དེ་ཚོའི་ས་མཚམས་རྒྱ་ཆེར་གཏོང་གནང་བའི། གཙོ་བོ་དཀོན་མཆོག་དེ་ལ་བསྟོད་བསྔགས་འབུལ། སེང་གེས་ལག་དང་མགོ་པགས་ཧྲལ་བ་བཞིན། དེ་བཞིན་གྷད་ཀྱང་སྒུག་ནས་བསྡད། 21དེ་ཚོས་ས་ཞིང་བཟང་ཤོས་བདག་ཉར་བྱས། དེ་ཚོར་སྡེ་དཔོན་ཞིག་གི་ཐོབ་སྐལ་སྤྲད། ཨིསི་རཱཨེལ་པ་ཡི་སྡེ་དཔོན་རྣམས་ཀྱི་ཚོགས། ས་གནས་གཅིག་ཏུ་འདུ་འཛོམས་བྱས་པའི་སྐབས། དེ་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་སྲུང་། 22དཱན་གྱི་སྡེ་རིགས་སྐོར་ལ་ཁོང་གིས་གསུངས། དཱན་ནི་སེང་གེ་ན་གཞོན་ཞིག་ཡིན། ཁོ་ནི་བྷ་ཤཱན་ཡུལ་ནས་འཚོངས་ཤིང་འོངས། 23ནབ་ཏ་ལི་ཡི་སྡེ་རིགས་སྐོར་ལ་ཁོང་གིས་གསུངས། གཙོ་བོ་དཀོན་མཆོག་གི་ནི་ཐུགས་རྗེ་གྱིས། ནཕ་ཏ་ལི་ལ་བྱིན་རླབས་མང་པོ་ཐོབ། དེ་ཚོའི་ཡུལ་ནི་རྒྱ་མཚོ་གྷ་ལིལ་གྱི། ལྷོ་ཕྱོགས་བར་དུ་ཁྱབ་ནས་ཡོད་པ་ཡིན། 24ཨ་ཤེར་སྡེ་རིགས་སྐོར་ལ་ཁོང་གིས་གསུངས། སྡེ་རིགས་གཞན་ལས་ལྷག་པར་ཨ་ཤེར་ལ་ནི་བྱིན་རླབས་ཐོབ། བུ་སྤུན་རྣམས་ཀྱི་སྤྱན་གསལ་དུ་འགྱུར་ཞིང་། དེ་ཡི་ཡུལ་དུ་ཁ་སྐྱུར་པོའི་ཤིང་སྡོང་རྣམས། ཤིན་ཏུ་འཕེལ་རྒྱས་ཡོང་བར་ཤོག། 25ཁོ་ཡི་གྲོང་རྣམས་ལྕགས་ཀྱི་རྒྱལ་སྒོ་ཡིས། རྒྱུན་དུ་སྲུང་སྐྱོབས་བརྟན་པོར་བྱས་པས་རྐྱེན། དེ་ནི་རྒྱུན་དུ་བཙན་སར་གནས་པར་ཤོག། 26ཀྱེ་ཨིསི་རཱཨེལ་པ་ཡིས་མི་མང་རྣམས། ལྷ་རྟེན་སུ་ཞིག་ཁྱོད་ཀྱི་དཀོན་མཆོག་འདྲ་མཚུངས་མེད། ཁོང་ནི་གཟི་བརྗིད་མངའ་ཐང་ཆེན་པོའི་ངང་། མཁའ་དབྱིངས་བརྒྱུད་དེ་སྤྲིན་ལ་ཆིབས་མཛད་ནས། ཁྱོད་ལ་སྐྱབས་པའི་ཕྱིར་དུ་ཕེབས་པར་འགྱུར། 27དཀོན་མཆོག་ཁོང་གི་རྒྱུན་དུ་ཁྱོད་ལ་སྲུང་སྐྱོབ་མཛད། ཁོང་གི་མཐའ་མའི་ཕྱག་དེ་ཁྱོད་ཀྱི་མཛའ་གྲོགས་ཡིན། ཁྱོད་ཚོ་མདུན་དུ་བསྐྱོད་སྐབས་ཁོང་ཉིད་ཀྱིས། ཁྱོད་ཚོའི་དགྲ་རྣམས་མཐར་སྐྲོད་གནང་བར་མཛད། དེ་དག་ཡོངས་སུ་ཚར་གཅོད་བྱེད་དགོས་ཁྱོད་ལ་གསུངས། 28དེར་བརྟེན་ཡ་ཀོབ་རིགས་བརྒྱུད་རྣམས་ནི། འབྲུ་དང་རྒུན་ཆང་མང་བའི་སྲུང་ཅ་བཙེན་པོའི་ཡུལ། གནམ་གྱི་ཟིལ་པས་སྦང་བའི་ས་གནས་དེར། ཞི་བདེའི་ངང་དུ་འཚོ་ཞིང་གནས་པར་འགྱུར། 29ཀྱེ་ཨིསི་རཱཨེལ་ཁྱོད་ནི་བདེ་ཞིང་སྐྱིད། ཁྱོད་དང་འདྲ་བའི་གཞན་ཞིག་མེད། ཁྱོད་ནི་གཙོ་བོ་དཀོན་མཆོག་གིས་སྐྱབས་པའི་མི་རིགས་ཡིན ཁྱོད་ལ་སྐྱབས་དང་རྒྱལ་ཁ་གནང་བའི་ཕྱིར། གཙོ་བོ་དཀོན་མཆོག་ཁྱོད་ཀྱི་ཕུབ་དང་རལ་གྲི་བཞིན་དུ་འགྱུར། ཁྱོད་ཀྱི་དགྲ་རྣམས་མགོ་བོ་སྒུར་ཞིང་ཡོང་བའི་སྐབས། ཁྱོད་ཀྱིས་དེ་ཚོར་རྡོག་བརྫིས་གཏོང་བར་བྱ༎

བཀའ་ཁྲིམས་སྐྱར་བཤད 34

མོ་ཤེ་གྲོངས་པ།

1དེ་ནས་མོ་ཤེས་མོ་ཨབ་ཀྱི་ཐང་ནས་ནེ་བྷོ་རིའི་ཁར། ཡེ་རི་ཀོའི་ཤར་ཕྱོགས་སུ་ཡོད་པའི་པིསི་གཱ་རི་རྩེར་འཛེགས་ཏེ། དེར་གཙོ་བོ་དཀོན་མཆོག་གིས་ཁོ་ལ་ས་གཞི་ཚང་མ་བསྟན་པ་གནང་ཞིང་། དེ་ནི་གྷིལ་ཨད་ཀྱི་བྱང་ཕྱོགས་སུ་དཱན་གྱི་གྲོང་ཁྱེར་བར་དུ་ཁྱབ་ཡོད་དོ། 2ནཕ་ཏ་ལི་དང་། ཨེཕ་ར་ཡིམ་དང་མ་ནསེ་སཱེའི་ཡུལ་གྲུ་ཀུན་དང་། ནུབ་ཕྱོགས་སུ་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོ་བར་དུ་ཁྱབ་ཡོད་པའི་ཡ་ཧུ་དཱའི་ཡུལ་དང་། 3ཡ་ཧུ་དཱའི་ལྷོ་ཕྱོགས་ཁུལ་གྱི་ས་གནས་ཁག་དང་། ཛོ་ཨར་ནས་ཁ་ཟུར་གྱི་ཤིང་སྡོང་ཡོད་པའི་ཡེ་རི་ཀོའི་གྲོང་ཁྱེར་བར་དུ་ཁྱབ་ཡོད་པའི་ཐང་ཆེན་པོ་དེ་དག་ཡིན་ནོ། 4དེ་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་གསུངས་པ། འདི་ནི་ངས་ཨབ་ར་ཧམ་དང་ཨི་སཱག་དང་། ཡ་ཀོབ་དང་ཁོའི་རིགས་བརྒྱུད་རྣམས་ལ་སྤྲོད་རྒྱུའི་དམ་བཅའ་བྱས་པའི་ཡུལ་དེ་ཡིན་ཞིང་། འདི་ནི་ངས་ཁྱོད་ལ་བལྟ་རུ་བཅུག་པ་ཙམ་ལས། ཁྱོད་དེར་འགྲོ་རུ་མི་བཅུག་གོ། 5དེར་བརྟེན་སྔར་གཙོ་བོ་དཀོན་མཆོག་གིས་གསུངས་པ་བཞིན། ཁོང་གི་ཞབས་ཏོག་པ་མོ་ཤེ་ནི་མོ་ཨབ་ཡུལ་དུ་ཚེ་ལས་འདས་སོ། 6གཙོ་བོ་དཀོན་མཆོག་གིས་ཁོ་ལ་མོ་ཨབ་ཡུལ་དུ་གྲོང་ཁྱེར་བྷེད་པི་ཨོར་གྱི་ཐང་དུ་ལུང་གཤོང་ཞིག་ཏུ་དུར་དུ་བཅུག་པ་གནང་མོད། འོན་ཀྱང་དུར་དེ་ནི་གནས་གང་དུ་ཡིན་པ་སུས་ཀྱང་ད་བར་མི་ཤེས་སོ། 7མོ་ཤེ་ཚེ་ལས་འདས་སྐབས་ལོ་ ༡༢༠ སླེབས་ཡོད་རུང་། དེའི་བར་ལུས་ཀྱི་སྟོབས་ཤུགས་ཉམས་མེད་ཅིང་མིག་ཀྱང་གསལ་པོར་ཡོད་པ་ཡིན་ནོ། 8ཨིསི་རཱཨེལ་པ་རྣམས་ཀྱིས་མོ་ཤེའི་དོན་དུ་མོ་ཨབ་ཀྱི་ཐང་དུ་ཉིན་ཞག་གསུམ་བཅུ་བར་དུ་མྱ་ངན་བྱས་སོ། 9མོ་ཤེས་ནུན་གྱི་བུ་ཡོ་ཤུ་ཨ་རང་གི་ཤུལ་འཛིན་དུ་བཀོད་པས། ཁོ་ནི་བློ་གྲོས་དང་ལྡན་ཞིང་། ཨིསི་རཱཨེལ་པ་ཚོས་ཡོ་ཤུ་ཨའི་བཀའ་ལ་ཉན་སྟེ། གཙོ་བོ་དཀོན་མཆོག་གིས་མོ་ཤེའི་བརྒྱུད་ནས་གནང་བའི་བཀའ་རྒྱ་རྣམས་བརྩི་སྲུང་ཞུས་པ་ཡིན་ནོ། 10མོ་ཤེ་དང་འདྲ་བའི་ལུང་སྟོན་པ་ཞིག་ཨིསི་རཱཨེལ་དུ་དེ་སྔ་ནམ་ཡང་བྱུང་མེད་ཅིང་། གཙོ་བོ་དཀོན་མཆོག་གིས་མོ་ཤེ་དང་མཉམ་དུ་དངོས་སུ་གསུང་གླེང་གནང་གི་ཡོད་པ་ཡིན་ནོ། 11གཙོ་བོ་དཀོན་མཆོག་གིས་བཏང་བ་གནང་བའི་ལུང་སྟོན་པ་མོ་ཤེས་ཨི་ཇིབ་ཀྱི་རྒྱལ་པོ་དང་དེའི་ལས་བྱེད་པ་རྣམས་དང་དེ་ཚོའི་ཡུལ་ཚང་མར་ངོ་མཚར་ཆེ་བའི་ལྟས་རྣམས་བསྟན་པ་བཞིན། ལུང་སྟོན་པ་གཞན་སུས་ཀྱང་དེ་ལྟ་བུའི་ལྟས་བསྟན་མེད་དོ། 12ཨིསི་རཱཨེལ་པ་རྣམས་ཀྱི་མཐོང་སར་མོ་ཤེས་མངའ་ཐང་ཆེ་ཞིང་འཇིག་སུ་རུང་བའི་ལྟས་བསྟན་པ་བཞིན། ལུང་སྟོན་པ་གཞན་སུས་ཀྱང་དེ་བཞིན་བྱས་མེད་པ་ཡིན་ནོ༎

ཡོ་ཤུ་ཨ 1

གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ་ཀ་ནན་དབང་དུ་བསྡུ་དགོས་ཅེས་བཀའ་གནང་བ།

1གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་མོ་ཤེ་གྲོངས་པའི་རྗེས་ལ་ནུན་གྱི་བུ། མོ་ཤེའི་ལས་རོགས་ཡོ་ཤུ་ཨ་ལ་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། 2ངའི་ཞབས་ཏོག་པ་མོ་ཤེ་གྲོངས་པས། ད་ཁྱོད་དང་ཨིསི་རཱཨེལ་གྱི་མི་མང་ཚང་མ་གཙང་པོ་ཡོར་དན་རྒལ་ནས་སྔར་ངས་ཁྱོད་ཚོར་སྟེར་གྱི་ཡིན་ཞེས་པའི་ཡུལ་དེར་འགྲོ་བར་གྲ་སྒྲིག་བྱོས་ཤིག 3སྔར་ངས་མོ་ཤེ་ལ་སྨྲས་པ་བཞིན་ཁྱོད་ཚོས་གོམ་པ་སྤོས་པའི་ཡུལ་གྲུ་ཚང་མ་ངས་ཁྱོད་དང་ཁྱོད་ཀྱི་མི་མང་རྣམས་ལ་སྟེར་ཡོད། 4ཁྱོད་ཀྱི་ཡུལ་གྱི་ས་མཚམས་ནི་ལྷོ་ཕྱོགས་ཀྱི་འབྲོག་སྟོང་ནས་བྱང་ཕྱོགས་ལེ་བ་ནོན་གྱི་རི་ཁུལ་བར་དང་། དེ་བཞིན་ཤར་ཕྱོགས་སུ་ཡུབ་རད་ཞེས་པའི་གཙང་པོ་ཆེན་པོ་ནས་ཧི་ཏི་པཔའི་ཡུལ་བརྒྱུད་དེ་ནུབ་ཕྱོགས་སུ་རྒྱ་མཚོ་མེ་ཌི་ཊ་རེ་ནི་ཡན་བར་དུ་ཡིན་པར་འགྱུར་རོ། 5ཀྱེ་ཡོ་ཤུ་ཨ། ཁྱོད་གསོན་པོར་གནས་ཡུན་རིང་ལ་མི་སུས་ཀྱང་ཁྱོད་ཀྱི་ཐོག་ཏུ་རྒྱལ་ཁ་ཐོབ་མི་ཡོང་། སྔར་ང་མོ་ཤེ་དང་མཉམ་དུ་གནས་པ་བཞིན་ཁྱོད་དང་མཉམ་དུའང་དུས་རྒྱུན་དུ་གནས་རྒྱུ་དང་། ངས་ཁྱོད་ལ་ནམ་ཡང་སྤངས་མི་ཡོང་། 6བློ་ཐག་ཆོད་པོ་དང་བློ་གདེང་བྱོས་ཞིག། གང་ལགས་ཟེར་ན། ངས་ཁོ་ཚོའི་མེས་པོ་རྣམས་ལ་དམ་བཅའ་བྱས་པའི་ཡུལ་དེ་ཁོ་ཚོས་བདག་དབང་བྱེད་སྐབས་ཁྱོད་ནི་དེ་ཚོའི་འགོ་ཁྲིད་དུ་འགྱུར་ཡོང་། 7བློ་ཐག་ཆོད་པོ་དང་བློ་གདེང་བྱོས་ཤིག། ངའི་ཞབས་ཏོག་པ་མོ་ཤེའི་བརྒྱུད་ནས་ཁྱོད་ཚོར་སྟེར་བའི་ཁྲིམས་ཚང་མ་སྲུང་རྒྱུའི་ངེས་པར་བྱོས་ཞིག བཀའ་ཁྲིམས་ཀྱི་ཟུར་ཆ་ཞིག་ཀྱང་སྣང་མེད་མ་བྱེད་པར། དེ་དག་ཡོངས་སུ་སྲུང་ན་ཁྱོད་གང་དུ་ཕྱིན་རུང་དོན་འགྲུབ་པར་འགྱུར་རོ། 8དཀོན་མཆོག་ལ་མཆོད་སྐབས་བཀའ་ཁྲིམས་ཀྱི་དེབ་འདི་རྒྱུན་དུ་ཀློག་དགོས་པ་དེ་མ་བརྗེད་ཅིག ཡང་དེར་ཉིན་མཚན་མེད་པར་སློབ་སྦྱོང་བྱས་ཏེ། དེའི་ནང་གང་བྲིས་ཡོད་པ་ཚང་མ་སྲུང་དགོས་པ་དེའང་མ་བརྗེད་ཅིག དེ་བཞིན་བྱས་ན་ཁྱོད་ཀྱི་ལས་དོན་ཚང་མ་འགྲུབ་སྟེ་ཁྱོད་ལ་ཕུན་སུམ་ཚོགས་པ་ཞིག་ཡོང་ངེས་པ་ཡིན་ནོ། 9དྲན་ཞིག་དང། ངའི་ཁྱོད་ལ་བློ་ཐག་ཆོད་པོ་དང་བློ་གདེང་སྐྱེད་དགོས་པའི་བཀའ་སྤྲད་ཡོད། ཁྱོད་འཇིགས་པ་དང་སེམས་ཤུགས་མ་ཆགས་ཤིག གང་ལགས་ཟེར་ན། ཁྱོད་གང་དུ་ཕྱིན་རུང་ང་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་ཁྱོད་དང་མཉམ་དུ་ཡོད༎

ཡོ་ཤུ་ཨས་མི་མང་ལ་བཀའ་བཀོད་བྱེད་པ།

10དེ་ནས་ཡོ་ཤུ་ཨས་མི་མང་གི་འགོ་བྱེད་རྣམས་ལ་བཀའ་བཀོད་གནང་བ། 11ཁྱོད་ཚོ་སྒར་བརྒྱུད་ནས་ཕྱིན་ཏེ། མི་མང་རྣམས་ལ་ཉིན་ཞག་གསུམ་གྱི་གཞུག་ལ་ཁྱོད་ཚོ་གཙང་པོ་ཡོར་དན་རྒལ་ནས་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་ཞལ་བཞེས་གནང་བའི་ཡུལ་དེ་བདག་དབང་བྱེད་ཕྱིར་འགྲོ་དགོས་པས། དེའི་ཕྱིར་དུ་ཁ་ཟས་སྒྲིག་དགོས་སྨྲོས་ཤིག་ཅེས་སྨྲས་སོ། 12ཡོ་ཤུ་ཨས་རུ་བྷེན་དང་གྷཌ་ཀྱི་སྡེ་རིགས་དང་གཞན་ཡང་མ་ནསེ་སཱེའི་སྡེ་རིགས་ཕྱེད་ཀར་སྨྲས་པ། 13གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་གཙང་པོ་ཡོར་དན་གྱི་ཤར་ཕྱོགས་སུ་ཡོད་པའི་ཡུལ་དེ་ཁྱོད་ཚོར་རང་ཡུལ་གྱི་ཚུལ་དུ་གནང་གི་ཡིན་ཞེས་གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་མོ་ཤེས་ལ་གསུངས་པ་དེ་དྲན་གསོ་བྱོས་ཤིག 14ཁྱོད་ཚོའི་བུད་མེད་དང་བུ་ཕྲུག་རྣམས་དང་གཞན་ཡང་ཁྱོད་ཚོའི་དུད་འགྲོ་སེམས་ཅན་ཚང་མ་ས་ཁུལ་འདི་ག་རང་དུ་བསྡད་ནའང་ཆོག་མོད། འོན་ཀྱང་ཁྱོད་ཚོ་གོ་མཚོན་ལྡན་པའི་དམག་མི་རྣམས་ནི་ཨིསི་རཱཨེལ་པ་གྲོགས་པོ་ཚོ་ལ་རོགས་བྱེད་ཕྱིར་དེ་ཚོའི་སྔོན་དུ་འགྲོ་དགོས་པས། 15གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁོ་ཚོར་གནང་བའི་ཡོར་དན་གྱི་ནུབ་ཕྱོགས་སུ་ཡོད་པའི་ཡུལ་དེ་ཁོ་ཚོས་བདག་དབང་དུ་མ་ལེན་བར་དུ་ཁྱོད་ཚོ་ས་ཆ་དེ་ག་རང་ལ་བསྡད་དགོས། གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་སྡེ་རིགས་ཚང་མ་ཉེན་ཁ་ཡོངས་ལས་སྐྱབས་གནང་བའི་རྗེས་སུ་ཁྱོད་ཚོ་ཕྱིར་ལོག་བྱེད་དེ་སྔར་གཙོ་བོའི་ཞབས་ཏོག་པ་མོ་ཤེས་ཁྱོད་ཚོར་གནང་བའི་ཡུལ་ཡོར་དན་གྱི་ཤར་ཕྱོགས་སུ་ཡོད་པའི་ས་ཁུལ་དེར་གཞིས་ཆགས་ནས་བསྡད་ཆོག་གོ 16དེའི་ལན་དུ་ཁོ་ཚོས་ཡོ་ཤུ་ཨ་ལ། ཁྱེད་ཀྱིས་གང་གསུངས་པ་ཚང་མ་ང་ཚོས་བརྩི་སྲུང་ཞུས་རྒྱུ་དང་། ཁྱེད་ཀྱིས་ང་ཚོ་གང་དུ་བཏང་རུང་ང་ཚོ་དེ་གར་འགྲོ་གི་ཡིན། 17དེ་སྔ་ང་ཚོས་མོ་ཤེའི་བཀའ་ལ་བརྩི་བ་བཞིན་ཁྱེད་ལའང་དེ་བཞིན་བརྩི་གུས་ཞུ་རྒྱུ་ཡིན། སྔར་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་མོ་ཤེ་དང་མཉམ་དུ་གནས་པ་བཞིན་ཁྱེད་དང་མཉམ་དུའང་དེ་བཞིན་གནས་པར་ཤོག། 18སུས་ཀྱང་ཁྱེད་ལ་ངོ་ལོག་ཞུས་ཏེ་ཁྱེད་ཀྱི་བཀའ་ལ་བརྩི་གུས་མ་ཞུ་མཁན་རྣམས་ལ་ཉེས་པ་སྲོག་ཐོག་ཏུ་གཏོང་དགོས། དེ་བས་ན་ཁྱེད་བློ་ཐག་ཆོད་པོ་དང་བློ་གདེང་མ་ཉམས་པར་བྱོས་ཤིག།

ཡོ་ཤུ་ཨ 2

ཡོ་ཤུ་ཨས་ཡེ་རི་ཀོ་རུ་སོ་ཉུལ་བ་རྣམས་བཏང་བ།

1དེ་རྗེས་ཡོ་ཤུ་ཨས་ཨ་ཀ་སི་ཡ་ནས་སོ་པ་གཉིས་བཏང་ནས་ཀ་ནན་ཡུལ་དང་ཁྱད་པར་དུ་གྲོང་ཁྱེར་ཡེ་རི་ཀོའི་གནས་སྟངས་གསང་བའི་ཐོག་ནས་རྟོགས་ཞིབ་བྱོས་ཤིག་ཅེས་སྨྲས་པ་དང་། ཁོ་གཉིས་ཕྱིན་ནས་གྲོང་ཁྱེར་དུ་སླེབས་པའི་མཚན་མོ་དེར་སྨད་འཚོང་མ་ར་ཧབ་ཅེས་པའི་ཁང་པར་ཉལོ། 2འོན་ཀྱང་ཡེ་རི་ཀོའི་རྒྱལ་པོས་མཚན་མོ་དེར་ཨིསི་རཱཨེལ་པ་འགའ་ཤས་ཡུལ་དུ་གསང་ཉུལ་བྱེད་ཕྱིར་བསླེབ་པའི་གནས་ཚུལ་ཐོས་ནས། 3རྒྱལ་པོས་ར་ཧབ་ལ། ཁྱོད་ཀྱི་ཁང་པའི་ནང་དུ་ཡོད་པའི་མི་རྣམས་ནི་ང་ཚོའི་ཡུལ་ཚང་མར་གསང་ཉུལ་བྱེད་ཕྱིར་ཡོང་བ་ཡིན་པས། དེ་ཚོ་ཕྱིར་འདོན་དགོས་ཅེས་ལོན་བཏང་ངོ་། 4-6མོས་ལན་དུ། མི་འགའ་ཤས་ངའི་ནང་དུ་བསླེབས་བྱུང་། འོན་ཀྱང་ཁོ་ཚོ་ག་ནས་ཡོང་བ་ཡིན་པ་ངས་ཤེས་མ་བྱུང་། ས་རུབ་མཚམས་སུ་གྲོང་ཁྱེར་རྒྱལ་སྒོ་མ་བརྒྱབ་གོང་དུ་དེ་ཚོ་འདི་ནས་ཐོན་སོང་བས། གང་དུ་ཕྱིན་པ་ཆ་མ་ངེས་སོ། འོན་ཀྱང་ད་ལྟ་མགྱོགས་པོ་བྱེད་ནས་དེ་ཚོའི་རྗེས་སུ་དེད་ཕྱིན་ན་ངེས་པར་དུ་རྗེས་ཟིན་པ་ཡོད་ཅེས་སྨྲས་སོ། (འོན་ཀྱང་ར་ཧབ་ཀྱིས་སོ་ཉུལ་བ་གཉིས་ལ་སྟེང་ཐོག་ཏུ་འཁྲིད་དེ། ཐོག་ཁར་བཏིང་ཡོད་པའི་སོ་མ་ར་ཙའི་གསེབ་ཏུ་སྦས་བཞག་ཡོད་དོ།) 7རྒྱལ་པོའི་མི་རྣམས་ཁོ་ཚོའི་རྗེས་སུ་དེད་ཕྱིར་གྲོང་ཁྱེར་ནས་ཐོན་མ་ཐག་ཏུ། གྲོང་ཁྱེར་གྱི་རྒྱལ་སྒོ་དེའང་བརྒྱབ་བོ། དེ་ཚོས་ཨིསི་རཱཨེལ་པའི་སོ་ཉུལ་བ་རྣམས་འཚོལ་བར་ཡོར་དན་གྱི་ལམ་བརྒྱུད་དེ་ཆུ་འགྲམ་གྱི་ས་ཁུལ་བར་ཕྱིན་ནོ། 8སོ་ཉུལ་བ་རྣམས་མ་ཉལ་གོང་དུ་ར་ཧབ་ཐོག་ཁར་འཛེགས་ཏེ། 9ཁོ་གཉིས་ལ། གཙོ་བོ་དཀོན་མཆོག་གིས་ཡུལ་འདི་ཁྱོད་ཚོར་གནང་ཡོད་པ་དེ་ངས་ཤེས་བྱུང་། ང་ཚོའི་ཡུལ་མི་ཚང་མ་ཁྱོད་རང་ཚོ་ལ་ཞེད་ནས་བསྡད་ཡོད། 10གང་ལགས་ཟེར་ན། ཁྱོད་ཚོ་ཨི་ཇིབ་ནས་ཐོན་སྐབས་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་མཐོང་སར་རྒྱ་མཚོ་དམར་པོའི་ཆུ་དེ་ཇི་ལྟར་སྐམ་བཅུག་པའི་སྐོར་དང་། གཞན་ཡང་ཡོར་དན་གྱི་ཤར་ཕྱོགས་སུ་ཨ་མོར་པའི་རྒྱལ་པོ་སི་ཧོན་དང་ཨོག་གཉིས་ཇི་ལྟར་བསད་པའི་སྐོར་ལའང་ང་ཚོས་ཐོས་བྱུང་། 11གནས་ཚུལ་དེ་དག་ཐོས་པ་ཙམ་གྱིས་ང་ཚོ་ཁྱོད་ཚོ་ལ་ཞེད་ཅིང་སེམས་ཤུགས་ཆགས་ནས་བསྡད་ཡོད། གང་ལགས་ཟེར་ན། གཅོ་བོ་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་སྟེང་གི་མཐོ་རིས་དང་འོག་གི་ས་གཞིའི་དཀོན་མཆོག་དེ་ཡིན་པས་ཕྱིར་རོ། 12ད་ངས་ཁྱེད་གཉིས་ལ་བཟང་པོ་བྱས་པ་བཞིན་དུ་ཁྱེད་ཚོས་ཀྱང་ངའི་ནང་མི་རྣམས་ལ་བཟང་ལན་འཇལ་གྱི་ཡིན་ཞེས་དམ་བཅའ་བྱེད་དགོས། དེ་ཙམ་མ་ཟད་ངས་ཁྱེད་རྣམས་ལ་བློ་གཏད་བྱེད་ཕྱིར་ཁྱེད་ཚོས་ང་ལ་རྟགས་ཤིག་སྤྲད་དགོས། 13ཁྱེད་ཚོས་ངའི་ཕ་མ་གཉིས་ཀྱིས་གཙོས་པས་ངའི་མིང་སྲིང་དང་དེ་ཚོའི་ནང་མི་ཚང་མའི་སྲོག་བསྐྱབ་ཀྱི་ཡིན་ཞེས་པའི་དམ་བཅའ་བྱེད་དགོས་པ་དང་། མི་གཞན་གྱིས་ངེད་རྣམས་བསད་དུ་མ་འཇུག་པའི་ཁས་ལེན་ཡང་བྱེད་དགོས་ཅེས་སྨྲས་པ་རེད། 14དེའི་ལན་དུ་མི་གཉིས་ཀྱིས་མོ་ལ། གལ་སྲིད་དམ་བཅའ་བྱས་པ་བཞིན་ང་ཚོས་མ་བྱེད་ན་དཀོན་མཅོག་གིས་ང་ཚོའི་སྲོག་བཅད་པར་ཤོག། ང་ཚོས་གང་བྱས་པའི་སྐོར་ཁྱོད་ཀྱིས་མི་གཞན་སུ་ཞིག་ལའང་མ་ལབ་ན། རྗེས་སུ་གཙོ་བོ་དཀོན་མཆོག་གིས་ཡུལ་འདི་ང་ཚོའི་བདག་དབང་དུ་གནང་སྐབས་ང་ཚོས་ཁྱོད་ལ་ངེས་པར་བཟང་ལན་འཇལ་རྒྱུའི་དམ་བཅའ་བྱེད་ཀྱི་ཡིན་ཞེས་སྨྲས་སོ། 15ར་ཧབ་ཀྱི་ཁང་པ་ནི་གྲོང་ཁྱེར་གྱི་ལྕགས་རིའི་སྟེང་དུ་ཡོད་པས། མོས་སྒེ་ཁུང་ནས་ཐག་པ་ཞིག་བཏང་ནས་མི་དེ་གཉིས་མར་ཕབ་སྟེ། 16དེ་གཉིས་ལ། ད་ཁྱེད་གཉིས་རི་ཁུལ་ཁག་ཏུ་སོང་ཞིག། དེ་མིན་རྒྱལ་པོའི་མི་རྣམས་ཀྱིས་འཛིན་བཟུང་བྱེད་ཉེན་ཡོད། ས་ཁུལ་དེར་ཉིན་ཞག་གསུམ་རིང་གབ་ནས་སྡོད་ཅིག དེ་རྗེས་ཁོ་ཚོ་ཕྱིར་ལོག་བྱས་པའི་གཞུག་ལ་ཁྱེད་གཉིས་རང་གི་ལམ་དུ་ཕྱིན་ནའང་ཆོག་ཅེས་སྨྲས་སོ། 17མི་དེ་གཉིས་ཀྱིས་མོ་ལ། ཁྱོད་ཀྱིས་ང་གཉིས་ལ་དམ་བཅའ་བྱེད་བཅུག་པ་དེ་ལ་ང་ཆོས་ཁས་ལེན་བྱེད་རྒྱུ་ཡིན། 18རྗེས་སུ་ང་ཚོས་ཡུལ་འདིའི་ནང་དམག་འཐབ་བྱེད་སྐབས་ང་གཉིས་མར་ཕབ་པའི་སྒེ་ཁུང་དེའི་ཁར་ཐག་པ་དམར་པོ་འདི་འདོགས་དགོས་པ་མ་ཟད། ཁྱོད་ཀྱི་ཕ་མ་གཉིས་ཀྱིས་གཙོས་པས་ཁྱོད་ཀྱི་མིང་སྲིང་དང་ཁྱོད་ཀྱི་ཕའི་ནང་མི་ཚང་མ་ཁྱོད་ཀྱི་ཁང་པའི་ནང་དུ་བཀོང་ནས་བཞག་དགོས། 19ཡང་སྐབས་དེར་ཁང་པའི་ནང་དུ་མ་བསྡད་པར་མི་སུ་ཞིག་ཕྱི་ལོགས་ལ་ཐོན་ནས་ཤི་བ་ཡིན་ན། དེ་ནི་ཤི་མཁན་ཁོ་རང་གི་ནོར་འཁྲུལ་ཡིན་པ་ལས། དེའི་སྲོག་གི་ཉེས་ལན་ང་ཚོའི་ཐོག་ཏུ་མེད་དོ། འོན་ཀྱང་ཁྱོད་དང་མཉམ་དུ་ཁང་པའི་ནང་དུ་གནས་པའི་མི་སུ་ཞིག་ལ་རྨས་སྐྱོན་བྱུང་བ་ཡིན་ན། དེའི་འགན་ལེན་ང་ཚོའི་ཐོག་ཏུ་ཡོད། 20ཡང་གལ་སྲིད་ཁྱོད་ཀྱིས་ང་ཚོའི་ལས་དོན་སྐོར་མི་གཞན་ལ་བཤད་པ་ཡིན་ན། ང་ཚོས་བྱས་པའི་དམ་བཅའ་རྣམས་སྲུང་མ་དགོས་པར་དེ་ལས་ང་ཚོ་ཐར་བ་ཡིན་ཞེས་སྨྲས་པ་དང་། 21མོས་དེ་བཞིན་ཁས་ལེན་བྱས་ནས་མི་དེ་གཉིས་བཏང་བ་དང་། དེ་རྗེས་མོས་ཐག་པ་དམར་པོ་ཞིག་སྒེ་ཁུང་དེའི་ཁར་བཏགས་སོ། 22སོ་ཉུལ་བ་རྣམས་རི་ཁུལ་ཁག་ཏུ་གབ་ནས་བསྡད་པས། རྒྱལ་པོའི་མི་རྣམས་ཀྱིས་ཡུལ་གྱི་གྲོང་སྡེ་ཚང་མར་ཕྱིན་ནས་དེ་གཉིས་ལ་ཉིན་ཞག་གསུམ་རིང་དུ་བཙལ་ཀྱང་མ་རྙེད་པས། མཐར་ཁོ་ཆོ་ཡེ་རི་ཀོ་ལ་ཕྱིར་ལོག་བྱས་སོ། 23དེ་ནས་སོ་ཉུལ་བ་གཉིས་རི་ཁུལ་ཁག་ནས་མར་བབས་ཤིང་གཙང་པོ་རྒལ་ཏེ་ཡོ་ཤུ་ཨའི་རྩར་ཕྱིན་ནས་གནས་ཚུལ་གང་བྱུང་བའི་སྐོར་ཚང་མ་ཞིབ་པར་བཤོད་དོ། 24ཡུལ་དེའི་མི་མང་ཚང་མ་ང་ཚོ་ལ་ཞེད་ནས་བསྡད་འདུག་པས། གཙོ་བོ་དཀོན་མཆོག་གིས་ཡུལ་དེ་ཆ་ཚང་ང་ཚོའི་བདག་དབང་དུ་གནང་ཡོད་པ་དེ་ང་ཚོས་ངེས་གཏན་ཆེན་པོས་ཤེས་བྱུང་ཞེས་སྨྲས་སོ༎

ཡོ་ཤུ་ཨ 3

ཨིསི་རཱཨེལ་མི་མང་རྣམས་ཡོར་དན་རྒལ་བ།

1ཡོ་ཤུ་ཨ་ཐོ་རངས་སྔ་པོ་ལངས་ཏེ་ཨ་ཀ་སི་ཡ་ནས་ཐོན་ཞིང་། ཁོ་རང་དང་ཨིསི་རཱཨེལ་མི་མང་རྣམས་གཙང་པོ་ཡོར་དན་གྱི་འགྲམ་དུ་ཕྱིན་ནས་གཙང་པོ་དེ་མ་རྒལ་བར་དུ་ས་ཁུལ་དེ་ག་རང་དུ་སྒར་བརྒྱབ་ནས་བསྡད་དོ། 2ཉིན་ཞག་གསུམ་གྱི་རྗེས་སུ་འགོ་བྱེད་རྣམས་སྒར་གྱི་དཀྱིལ་དུ་ཕྱིན་ནས། 3མི་མང་རྣམས་ལ། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་བླ་མ་ཚོས་འཁྱེར་བཞིན་པ་མཐོང་ན། ཁྱོད་ཚོ་བསྡད་པའི་གནས་དེ་སྤངས་ནས་ཁོ་ཚོའི་རྗེས་སུ་འབྲངས་དགོས། 4ཁྱོད་ཚོ་ས་ཁུལ་འདིར་དེ་སྔ་ནམ་ཡང་བསླེབ་མ་མྱོང་བ་ཡིན་པས། དེ་ཚོས་ཁྱོད་ཚོར་ལམ་སྟོན་བྱེད་ཡོང་། འོན་ཀྱང་དམ་བཅའི་སྒྲོམ་དང་ཉེ་བར་མ་འགྲོ་ཞིག ཀི་ལོ་མི་ཊར་གཅིག་ཙམ་གྱི་གཞུག་ལ་འགྲོ་དགོས་ཅེས་སྨས་སོ། 5ཡོ་ཤུ་ཨས་མི་མང་རྣམས་ལ། སང་ཉིན་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་དཀྱིལ་དུ་འཕྲིན་ལས་ངོ་མཚར་ཆེན་པོ་ཞིག་བསྟན་པ་གནང་རྒྱུ་ཡིན་པས། ཁྱོད་ཚོ་རང་ཉིད་ལ་གཙང་མ་བྱས་ཏེ་བསྡད་དགོས་ཅེས་སྨྲས་སོ། 6དེ་བཞིན་བླ་མ་ཚོ་ལ་ཡང་དམ་བཅའི་སྒྲོམ་དེ་འཁྱེར་ནས་མི་མང་གི་མདུན་དུ་འགྲོ་དགོས་ཅེས་སྨྲས་པ་དང་། ཁོ་ཚོས་ཀྱང་དེ་བཞིན་བྱས་སོ། 7གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ། དེ་རིང་ངས་གང་བྱེད་པ་དེའི་སྒོ་ནས་ཨིསི་རཱཨེལ་མི་མང་ཚང་མས་ཁྱོད་ལ་སྐྱེ་བོ་མངའ་ཐང་ཆེན་པོ་ཞིག་ཏུ་བརྩི་གུས་བྱས་པ་དང། སྔར་ང་མོ་ཤེ་དང་མཉམ་དུ་གནས་པ་བཞིན་ད་ལྟ་ཁྱོད་དང་མཉམ་དུ་གནས་བཞིན་ཡོད་པ་དེའང་ཁོ་ཚོས་ཤེས་རྟོགས་བྱེད་ཐུབ་ཡོང་། 8དམ་བཅའི་སྒྲོམ་འཁྱེར་མཁན་བླ་མ་རྣམས་ལ། ཁྱོད་ཚོ་གཙང་པོ་ཡོར་དན་གྱི་འགྲམ་དུ་བསླེབས་སྐབས། གཙང་པོའི་ཟུར་དུ་ལངས་ནས་སྡོད་དགོས་ཅེས་སྨྲོས་ཤིག་ཞེས་བཀའ་གནང་ངོ་། 9དེ་ནས་ཡོ་ཤུ་ཨས་མི་མང་རྣམས་ལ། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་བཀའ་ཉན་པར་ཚུར་ཤོག་ཅིག 10ཁྱོད་ཚོ་ལམ་དུ་འགྲོ་སྐབས་གཙོ་བོ་དཀོན་མཆོག་གིས་ཀ་ནན་པ་དང་། ཧི་ཏི་པ། ཧི་ཝི་པ། པེ་རི་ཛི་པ། གྷིར་ག་ཤི་པ་རྣམས། ཨ་མོར་པ་དང་། གཞན་ཡང་ཡེ་བུ་སི་པ་རྣམས་ཁྱོད་ཚོའི་མདུན་ནས་ཕྱིར་སྐྲོད་གནང་ངེས་པ་ཡིན་ནོ། 11ས་གཞི་ཡོངས་ཀྱི་གཙོ་བོ་དཀོན་མཆོག་དེ་ཉིད་ཀྱི་དམ་བཅའི་སྒྲོམ་དེ་ཁྱོད་ཚོའི་མདུན་དུ་གཙང་པོ་ཡོར་དན་རྒལ་ནས་འཁྱེར་འགྲོ་སྐབས། ཁྱོད་ཚོའི་ཁྲོད་དུ་གཙོ་བོ་དཀོན་མཆོག་སྐུ་གསོན་པོར་བཞུག་ཡོད་པ་དེ་ཁྱོད་ཚོས་ཤེས་ཡོང་། 12ད་ཨིསི་རཱཨེལ་གྱི་སྡེ་རིགས་རེ་ནས་མི་སྐྱེ་པ་བཅུ་གཉིས་འདེམས་བསྐོ་བྱོས་ཤིག 13ས་གཞི་ཡོངས་ཀྱི་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་འཁྱེར་བའི་བླ་མ་རྣམས་ཀྱི་རྐང་པ་ཡོར་དན་གཙང་པོའི་ནང་དུ་བཅུག་མ་ཐག་ཏུ། གཙང་ཆུ་མ་རྒྱུག་པར་ཕྱོགས་གཅིག་ཏུ་སྤུངས་ཡོང་ཞེས་སྨྲས་སོ། 14-15སྐབས་དེར་སྟོན་ཐོག་རྔ་བའི་དུས་རན་ཞིང་གཙང་ཆུ་རྒྱས་ཏེ་ཆུ་ལོག་རྒྱུག་བཞིན་ཡོད་པ་དང་། མི་མང་རྣམས་སྒར་ས་བཞག་ནས་ཡོར་དན་རྒལ་ཕྱིར་ཐོན་སྐབས། བླ་མ་རྣམས་དམ་བཅའི་སྒྲོམ་དེ་འཁྱེར་ནས་མི་མང་གི་མདུན་དུ་ཕྱིན་ནོ། དེ་ཚོའི་རྐང་པ་གཙང་ཆུའི་ནང་དུ་བཅུག་མ་ཐག་ཏུ། 16གཙང་ཆུ་མ་རྒྱུག་པར་རྒྱང་རིང་དུ་ཟར་ཐན་གྱི་མཐའ་ལ་ཡོད་པའི་གྲོང་ཁྱེར་ཨ་དམ་དང་ཉེ་བར་ཕྱོགས་གཅིག་ཏུ་སྤུངས་སོ། གཙང་ཆུ་ཆད་མཚམས་ནས་འཆི་བའི་རྒྱ་མཚོ་བར་དུ་ཆུ་རྣམས་ཡོངས་སུ་བསྐམས་ཏེ། མི་མང་རྣམས་དེ་ནས་རྒལ་ཏེ་ཡེ་རི་ཀོ་དང་ཉེ་བར་ཕྱིན་ནོ། 17མི་མང་ཚང་མ་སྐམ་ས་བརྒྱུད་ནས་ཕྱིན་ཏེ་ཕར་ཕྱོགས་སུ་མ་སླེབས་བར་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་འཁྱེར་བའི་བླ་མ་རྣམས་ཡོར་དན་གཙང་པོའི་དཀྱིལ་དུ་ལང་ནས་བསྡད་དོ༎

ཡོ་ཤུ་ཨ 4

རྡོའི་དྲན་རྟེན་བཙུག་པ།

1མི་མང་ཡོངས་རྫོགས་གཙང་པོ་ཡོར་དན་རྒལ་ནས་ཕར་ཕྱོགས་སུ་བསླེབས་པ་དང་། གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ་གསུངས་པ། 2སྡེ་རིགས་བཅུ་གཉིས་ནས་མི་རེ་རེ་འདེམས་བསྐོ་བྱས་ནས། 3ཁྱོད་ཀྱིས་དེ་ཚོར་བླ་མ་རྣམས་ཡོར་དན་དཀྱིལ་དུ་ལངས་ནས་བསྡད་པའི་ས་གནས་དེ་ག་རང་ནས་རྡོ་བཅུ་གཉིས་འཁྱེར་ཏེ་དོ་དགོང་ཁྱོད་ཚོས་སྒར་ས་བརྒྱབ་པའི་ས་གནས་དེར་རྡོ་དེ་དག་སྤུངས་དགོས་ཅེས་སྨྲོས་ཤིག 4དེ་ནས་ཡོ་ཤུ་ཨས་འདེམས་བསྐོས་བྱས་པའི་མི་བཅུ་གཉིས་དེ་ཚོ་བོས་ནས། 5ཁྱོད་ཚོས་ཡོར་དན་གྱི་དབུས་སུ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་དམ་བཅའི་སྒྲོམ་གྱི་མདུན་དུ་ཕྱིན་ནས། ཨིསི་རཱཨེལ་གྱི་སྡེ་རིགས་མི་རེ་རེས་རང་གི་དཔུང་པར་རྡོ་རེ་འཁྱེར་དགོས། 6རྡོ་དེ་རྣམས་ནི་གཙོ་བོ་དཀོན་མཆོག་གིས་གང་མཛད་པའི་སྐོར་ལ་ཁྱོད་ཚོར་དྲན་བསྐུལ་བྱེད་ཅིང་། མ་འོངས་པ་ན་ཁྱོད་ཚོའི་བུ་ཕྲུག་ཚོས་རྡོ་རྟེན་འདིའི་སྐོར་ལ་འདྲི་རྩད་བྱེད་ན། 7ཁྱོད་ཚོས་དེ་རྣམས་ལ། སྔར་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་གཙང་པོ་ཡོར་དན་བརྒྱུད་ནས་གདན་དྲངས་སྐབས་ཡོར་དན་གྱི་གཙང་ཆུ་བསྐམས་པ་ཡིན་པས། ས་གནས་འདིར་དེ་སྔ་གང་བྱུང་བའི་སྐོར་ལ་རྡོ་རྟེན་འདིས་ཨིསི་རཱཨེལ་མི་མང་རྣམས་ལ་རྒྱུན་དུ་དྲན་བསྐུལ་བྱེད་ཀྱི་ཡོད་པ་ཡིན་ཞེས་སྨྲ་དགོས་སོ། 8གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ་བཀའ་གང་གནང་བ་བཞིན། ཡོ་ཤུ་ཨས་མི་དེ་ཚོ་ལ་སྨྲས་པས། དེ་ཚོས་ཡོ་ཤུ་ཨས་གང་སྨྲས་པ་དེ་ལ་བརྩི་བཀུར་ཞུས་ཏེ། ཨིསི་རཱཨེལ་གྱི་སྡེ་རིགས་རེ་རེ་མཚོན་ཆེད་དུ་ཡོར་དན་གྱི་དབུས་ནས་རྡོ་བཅུ་གཉིས་ བསྒྲུགས་ཏེ་སྒར་སར་སྤུངས་སོ། 9གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་འཁྱེར་མཁན་བླ་མ་ཚོ་ཡོར་དན་གཙང་པོའི་དབུས་སུ་ལངས་བསྡད་པའི་ས་གནས་དེར་ཡོ་ཤུ་ཨས་ཀྱང་རྡོ་བཅུ་གཉིས་བརྩིགས་ནས་བཞག་པ་རེད། (རྡོ་དེ་དག་དེང་སང་ཡང་དེ་གར་ཡོད་པ་ཡིན་ནོ།) 10གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ་མངགས་བྱ་གང་བྱས་དགོས་པ་མི་མང་ཚོར་ཤོད་དགོས་ཟེར་བཀའ་གནང་ཡོད་པ་ཡིན་ནོ། དེ་བཞིན་ཆ་ཚང་བྱེད་མ་ཚར་བར་དུ་བླ་མ་རྣམས་ཡོར་དན་གྱི་དབུས་སུ་ལངས་ནས་བསྡད་དོ། མོ་ཤེས་ཡོ་ཤུ་ཨ་ལ་དེ་བཞིན་བཀའ་གནང་ཡོད་པ་ཡིན་ནོ། མི་མང་ཚོའི་བྲལ་འཚབ་ངང་གཙང་པོ་རྒལ་ལོ། 11དེ་ཚོ་ཚང་མ་ཕར་ཕྱོགས་སུ་ཐོན་ཟིན་པ་དང་དམ་བཅའི་སྒྲོམ་དང་བཅས་པར་བླ་མ་རྣམས་མི་མང་གི་མདུན་ནས་ཕྱིན་ནོ། 12སྔར་མོ་ཤེས་སྨྲས་པ་བཞིན་དུ་རུ་བྷེན་དང་གྷཌ་ཀྱི་སྡེ་རིགས་ཀྱི་མི་རྣམས་དང། གཞན་ཡང་མ་ནསེ་སཱེའི་སྡེ་རིགས་ཕྱེད་ཀ་བཅས་དམག་ལ་གྲ་སྒྲིག་ཡོད་པ་རྣམས་མི་མང་གི་མདུན་དུ་ཕྱིན་པ་རེད། 13གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྐྱེས་པ་མི་ ༤༠,༠༠༠ ཙམ་དམག་གྲ་སྒྲིགས་ནས་ཡེ་རི་ཀོའི་ཉེ་འགྲམ་གྱི་ཐང་དུ་ཕྱིན་ནོ། 14དེ་ཉིན་གཙོ་བོ་དཀོན་མཆོག་གིས་གང་མཛད་པ་དེའི་སྒོ་ནས་ཨིསི་རཱཨེལ་མི་མང་རྣམས་ཀྱིས་སྔར་མོ་ཤེ་ལ་བརྩི་གུས་ཞུས་པ་ལྟར། ཡོ་ཤུ་ཨ་ལའང་ཁོ་རང་མ་ཤི་བར་དུ་སྐྱེ་བོ་མངའ་ཐང་ཆེན་པོ་ཞིག་ཏུ་བརྩི་གུས་ཞུས་པ་ཡིན་ནོ། 15དེ་ནས་གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ། 16དམ་བཅའི་སྒྲོམ་འཁྱེར་མཁན་བླ་མ་རྣམས་ཡོར་དན་ནས་ཕྱིར་ཐོན་ཤོག་ཅེས་སྨྲོས་ཤིག་གསུངས་པ་ལྟར། 17ཡོ་ཤུ་ཨས་དེ་བཞིན་བྱས་སོ། 18བླ་མ་རྣམས་གཙང་པོའི་མཐའ་ལ་བསླེབས་མ་ཐག་ཏུ་གཙང་ཆུ་སྔར་བཞིན་རྒྱུག་པ་མ་ཟད། ཆུ་ལོག་རྒྱས་ཏེ་གཙང་པོའི་འགྲམ་ཐམས་ཅད་ཆུས་ཡོངས་སུ་ནུབ་པ་ཡིན་ནོ། 19མི་མང་རྣམས་ཟླ་བ་དང་པོའི་ཚེས་བཅུའི་ཉིན་ཡོར་དན་རྒལ་ཏེ་ཡེ་རི་ཀོའི་ཤར་ཕྱོགས་སུ་གྷིལ་གཱལ་ཞེས་པའི་གྲོང་ཁྱེར་དུ་སྒར་ས་བརྒྱབ་ནས་བསྡད་པ་དང་། 20དེ་ནས་ཡོ་ཤུ་ཨས་ཡོར་དན་ནས་འཁྱེར་ཡོང་བའི་རྡོ་བཅུ་གཉིས་རྣམས་དེར་བརྩིགས་སོ། 21ཨིསི་རཱཨེལ་མི་མང་རྣམས་ལ། མ་འོངས་པ་ན་ཁྱོད་ཚོའི་བུ་ཕྲུག་ཚོས་རྡོ་འདི་ཚོའི་དོན་གནད་སྐོར་ལ་འདྲི་རྩད་བྱེད་ན། 22ཁྱོད་ཚོས་དེ་རྣམས་ལ། ཨིསི་རཱཨེལ་པ་རྣམས་ཡོར་དན་ནང་ས་སྐམ་པོའི་ཐོག་ཏུ་རྒལ་བའི་སྐོར་དང་། 23སྔར་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་གིས་རྒྱ་མཚོ་དམར་པོ་བསྐམས་པར་མཛད་པ་བཞིན། ཨིསི་རཱཨེལ་པ་ཚང་མ་ཡོར་དན་རྒལ་ནས་ཕྱིན་མ་ཚར་བར་དུ་གཙོ་བོ་དཀོན་མཆོག་གིས་ཡོར་དན་གྱི་གཙང་ཆུ་བསྐམས་པར་མཛད་པས། 24གཙོ་བོ་དཀོན་མཆོག་ནི་ཧ་ཅང་མཐུ་སྟོབས་ཅན་ཡིན་པ་དེ་ས་གཞིའི་མི་བརྒྱུད་ཀུན་གྱིས་ཤེས་རྟོགས་བྱས་པ་ལྟར། ཁྱེད་ཚོས་ཀྱང་དུས་ཀུན་ཏུ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་བརྩི་བཀུར་ཞུ་དགོས་ཅེས་སློབ་སྟོན་བྱེད་དགོས་སོ༎

ཡོ་ཤུ་ཨ 5

1གཙང་པོ་ཡོར་དན་གྱི་ནུབ་ཕྱོགས་སུ་གནས་པའི་ཨ་མོར་པའི་རྒྱལ་པོ་ཀུན་དང་། མེ་ཌི་ཊེ་རི་ནི་ཡན་རྒྱ་མཚོའི་འགྲམ་དུ་གནས་པའི་ཀ་ན་ཨན་པའི་རྒྱལ་པོ་ཚང་མས། ཨིསི་རཱཨེལ་མི་མང་ཚང་མ་གཙང་པོ་ཡོར་དན་རྒལ་ནས་ཕྱིན་མ་ཚར་བར་དུ་གཙོ་བོ་དཀོན་མཆོག་གིས་གཙང་ཆུ་བསྐམས་པར་མཛད་པའི་སྐོར་ལ་ཐོས་ནས། ཨིསི་རཱཨེལ་པ་རྣམས་ལ་ཞེད་སྣང་སྐྱེས་ཏེ་སེམས་ཤུགས་ཉམས་ནས་བསྡད་པ་དང་༎

གྷིལ་གཱལ་དུ་མདུན་ལྤགས་བཅད་པ།

2དེ་ནས་གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ་གསུངས་པ། རྡོ་ལས་གྲི་རྣོན་པོ་རྣམས་བཟོས་ནས་ཨིསི་རཱཨེལ་པ་ཚོའི་མདུན་ལྤགས་ཆོད་ཅིག 3དེར་བརྟེན་ཡོ་ཤུ་ཨས་གཙོ་བོ་དཀོན་མཆོག་གི་བཀའ་གནང་བ་བཞིན་མདུན་ལྤགས་བཅད་པའི་རི་ཟེར་བའི་གནས་དེར་ཨིསི་རཱཨེལ་པ་ཚོའི་མདུན་ལྤགས་བཅད་དོ། 4-6སྔར་ཨི་ཇིབ་ནས་ཐོན་པའི་ཨིསི་རཱཨེལ་པའི་སྐྱེས་པ་ཚང་མའི་མདུན་ལྤགས་བཅད་ཡོད་ཀྱང་། ལོ་བཞི་བཅུའི་རིང་དུ་འབྲོག་སྟོང་བརྒྱུད་ནས་ཡོངས་སྐབས་ལམ་དུ་སྐྱེས་པའི་བུ་ཚང་མའི་མདུན་ལྤགས་བཅད་མེདཅིང་། ཡང་སྔར་ཨི་ཇིབ་ནས་ཐོན་སྐབས་དམག་ལ་གོ་ཆོད་པའི་སྐྱེས་པ་ལོ་གཞོན་ཚང་མ་ལོ་བཞི་བཅུ་རྫོགས་མཚམས་སུ་ཤི་ཚར་ཡོད་པ་ཡིན་ནོ། གང་ལགས་ཟེར་ན། དེ་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ལ་བརྩི་བཀུར་མ་ཞུས་པའི་ཕྱིར་ཡིན་ནོ། དེ་ནི་སྔར་དཀོན་མཆོག་གིས་ཁོ་ཚོའི་མེས་པོ་རྣམས་ལ་ཕྱུག་པོ་དང་ས་ལུད་འཛོམས་པོའི་ཡུལ་དེ་གནང་གི་ཡིན་ཞེས་ཞལ་བཞེས་གནང་མོད། འོན་ཀྱང་ཁོ་ཚོས་ཡུལ་དེ་མཐོང་ཐུབ་མི་ཡོང་ཞེས་གསུངས་པའི་བཀའ་དེ་བསྒྲུབས་པ་ཡིན་ནོ། 7མི་དེ་ཚོའི་བུ་རྣམས་ནི་ད་བར་མདུན་ལྤགས་བཅད་མེད་པས། ཡོ་ཤུ་ཨས་མདུན་ལྤགས་བཅད་པའི་མི་རྣམས་ནི་མི་རབས་གསར་པ་དེ་རྣམས་ཡིན་ནོ། 8མདུན་ལྤགས་བཅད་པའི་རྗེས་སུ་མི་མང་ཡོངས་རྫོགས་རྨ་ཁ་མ་གསོས་བར་དུ་སྒར་ས་རང་ལ་བསྡད་དོ། 9ཡང་གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ། སྔར་ཁྱོད་ཚོ་ཨི་ཇིབ་དུ་བྲན་གཡོག་བྱས་ནས་བསྡད་དགོས་བྱུང་བའི་མིང་རྗེས་ངན་པ་དེ་ངས་དེ་རིང་ཡོངས་སུ་སེལ་ཡོད་ཅེས་གསུངས་པ་ཡིན་པས། གནས་དེའི་མིང་ལའང་གྷིལ་གཱལ་གྷིལ་གཱལ: གྷིལ་གཱལ་ཞེས་པ་ནི་ཨིབ་རི་པའི་སྐད་དུ་སུབ་པའམ་སེལ་བའི་དོན་དང་མཚུངས་པ་ཡིན་ནོ། ཞེས་བཏགས་ཤིང་། དེང་དུས་ཀྱང་མིང་དེ་རང་ཡོངས་སུ་གྲགས་ཡོད་པ་ཡིན་ནོ། 10ཨིསི་རཱཨེལ་པ་རྣམས་ཡེ་རི་ཀོ་ཉེ་འགྲམ་གྱི་ཐང་དུ་ས་གནས་གྷིལ་གཱལ་ཞེས་པར་སྒར་རྒྱབ་ནས་བསྡད་པའི་ཚེ། ཁོ་ཚོས་ཚེས་བཅུ་བཞིའི་དགོང་མོར་ཐར་གྲོལ་གྱི་དུས་སྟོན་དེ་བཤམས་པ་དང་། 11དེའི་སང་ཉིན་ཁོ་ཚོས་ཡོས་བརྔོས་པ་དང་ཆི་མན་མེད་པའི་བག་ལེབ་སོགས་ཟས་པ་ཡིན་པས། དེ་ནི་ཁོ་ཚོས་ཀ་ནན་ཡུལ་གྱི་སྟོན་ཐོག་ཟས་པའི་ཐོག་མ་དེ་ཡིན་ནོ། 12དུས་དེ་ནས་བཟུངས་ཏེ་གནམ་ནས་མན་ན་འབབ་རྒྱུ་ཆད་དེ་ཨིསི་རཱཨེལ་པ་རྣམས་ལ་མན་ན་མ་འབྱོར་བས། དེ་ཚོས་ཀ་ནན་ཡུལ་གྱི་སྟོན་ཐོག་ལས་བཟས་པ་ཡིན་ནོ།།

ཡོ་ཤུ་ཨ་དང་རལ་གྲི་བཏགས་པའི་མི་ཞིག

13ཡེ་རི་ཀོའི་ཉེ་འགྲམ་དུ་ཡོ་ཤུ་ཨས་རང་གི་མདུན་དུ་མི་ཞིག་རལ་གྲི་འཁྱེར་ནས་ལང་ནས་བསྡད་པ་ཞིག་མཐོང་བས། དེའི་རྩར་ཕྱིན་ནས་ཡོ་ཤུ་ཨས། ཁྱེད་རང་ང་ཚོའི་དམག་མིའི་ཁོངས་ནས་གཅིག་ཡིན་ནམ། ཡང་ན་དགྲ་བོའི་ཁོངས་ནས་ཡིན་ཞེས་འདྲི་བའི་ལན་དུ། 14མི་དེས། ང་ནི་དེ་གཉིས་གང་གི་ཁོངས་སུའང་མ་ཡིན་ཏེ། གཙོ་བོ་དཀོན་མཆོག་གི་དཔུང་དམག་གི་དམག་སྤྱི་ཞིག་གི་ཚུལ་དུ་ཡོང་བ་ཡིན་ཞེས་སྨྲས་སོ། ཡོ་ཤུ་ཨས་ལུས་ས་ལ་འདབས་ནས་གུས་བཏུད་ཞུས་ཏེ་ཁོང་ལ། ང་ནི་ཁྱེད་ཀྱི་ཞབས་ཏོག་པ་ཡིན་པས། ངས་ཞབས་ཕྱི་ཞུ་འོས་པ་གང་ཡོད་ནའང་ང་ལ་བཀའ་གནང་རོགས་གནང་ཞེས་ཞུས་སོ། 15གཙོ་བོ་དཀོན་མཆོག་གི་དཔུང་དམག་གི་དམག་སྤྱི་དེས་ཁོ་ལ། ཁྱོད་ཀྱི་ལྷམ་དེ་ཕུད་ཅིག། གང་ལགས་ཟེར་ན། ཁྱོད་ལངས་ནས་བསྡད་པའི་ས་གནས་དེ་དམ་པ་ཡིན་ཞེས་གསུངས་པ་བཞིན། ཡོ་ཤུ་ཨས་དེ་བཞིན་བྱས་སོ༎

ཡོ་ཤུ་ཨ 6

གྲོང་ཁྱེར་ཡེ་རི་ཀོ་ཤོར་བ།

1ཨིསི་རཱཨེལ་པ་རྣམས་ནང་དུ་འཛུལ་ཡོང་བསམ་ནས་ཡེ་རི་ཀོའི་གཞུང་སྒོ་རྣམས་དམ་པོར་བརྒྱབ་སྟེ། དམག་མི་སྲུང་ཆ་བཞག་ཡོད་པས། སུའང་གྲོང་ཁྱེར་ནང་དུ་འཛུལ་བའམ་ཕྱིར་ཐོན་པ་སོགས་བྱེད་མ་ཐུབ་བོ། 2དེ་ནས་གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ། ངས་ཡེ་རི་ཀོ་དང་དེའི་རྒྱལ་པོ་དང་དམག་མི་སྙིང་སྟོབས་ཅན་ཚང་མ་ཁྱོད་ཀྱི་ལག་ཏུ་སྤྲད་ཀྱི་ཡོད་པས། 3ད་ཁྱོད་དང་ཁྱོད་ཀྱི་དམག་མི་ཚོས་ཉིན་ཞག་དྲུག་གི་རིང་དུ་གྲོང་ཁྱེར་གྱི་མཐའ་བསྐོར་དུ་ཉིན་རེར་ཐེངས་རེ་བསྐོར་བ་བརྒྱབ་དགོས། 4བླ་མ་བདུན་གྱིས་ལུག་ཐུག་གི་རྭ་དུང་རེ་རེ་འཁྱེར་ནས་དམ་བཅའི་སྒྲོམ་གྱི་སྔོན་དུ་འགྲོ་དགོས། ཉིན་ཞག་བདུན་པའི་ཐོག་ལ་བླ་མ་ཚོས་རྭ་དུང་འབུད་སྐབས་ཁྱོད་དང་ཁྱོད་ཀྱི་དམག་མི་རྣམས་གྲོང་ཁྱེར་དེ་ལ་ཐེངས་བདུན་བསྐོར་བ་བརྒྱབ་དགོས། 5དེ་རྗེས་དེ་ཚོས་དུང་ཡུན་རིང་ཞིག་འབུད་དགོས་ཏེ། དུང་སྐད་རིང་པོ་དེ་ཐོས་མ་ཐག་ཏུ་ཁྱོད་ཚོ་མི་མང་ཚང་མས་སྐད་ཤུགས་དྲག་པོ་ཞིག་བརྒྱབ་དགོས། དེ་རྗེས་གྲོང་ཁྱེར་གྱི་ལྕགས་རི་དེ་རྡིབས་ཤིང་དམག་མི་ཡོངས་རྫོགས་གྲོང་ཁྱེར་ནང་དུ་ཐད་ཀར་འཛུལ་ཐུབ་ཡོང་ཞེས་བཀའ་གནང་ངོ་། 6དེ་ནས་ཡོ་ཤུ་ཨས་བླ་མ་རྣམས་བོས་ནས་དེ་ཚོ་ལ། ཁྱོད་ཚོས་ཁ་ཤས་ཀྱིས་དམ་བཅའི་སྒྲོམ་དེ་ཁྱེར་ཞིག ཁྱོད་ཚོའི་ནང་ནས་མི་བདུན་གྱིས་རྭ་དུང་འཁྱེར་ནས་དམ་བཅའི་སྒྲོམ་གྱི་སྔོན་དུ་འགྲོ་དགོས་ཅེས་བཀའ་བསྒོས་སོ། 7དེ་རྗེས་ཁོས་རང་གི་མི་རྣམས་ལ་གྲོང་ཁྱེར་གྱི་མཐའ་སྐོར་ལ་བསྐོར་བ་བརྒྱབ་དགོས་པ་དང་། སྲུང་དམག་རྣམས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་གྱི་སྔོན་དུ་འགྲོ་དགོས་པའི་བཀའ་བསྒོས་སོ། 8-9དེར་བརྟེན་ཡོ་ཤུ་ཨས་ཇི་ལྟར་བཀའ་བསྒོས་པ་བཞིན། རྭ་དུང་འབུད་བཞིན་པའི་བླ་མ་རྣམས་ཀྱི་མདུན་དུ་སྲུང་དམག་རྣམས་ཕྱིན་ཞིང་། དེའི་རྗེས་སུ་དམ་བཅའི་སྒྲོམ་འཁྱེར་བའི་བླ་མ་རྣམས་དང་། དེའི་གཞུག་ལ་སྲུང་དམག་ཁག་གཞན་ཞིག་ཀྱང་ཕྱིན་པ་དང་། དེ་ཤུལ་རིང་ལ་བླ་མ་རྣམས་ཀྱིས་མུ་མཐུད་ནས་རྭ་དུང་འབུད་ཅིང་བསྡད་མོད། 10འོན་ཀྱང་ཡོ་ཤུ་ཨས་རང་གི་མི་རྣམས་ལ་སྐད་བརྒྱབ་མི་ཆོག་ཅེས་བཀའ་བསྒོས་པ་དང་། བཀའ་འཁྲོལ་མ་བྱུང་བར་དུ་ཚིག་གཅིག་ཀྱང་འདོན་མི་ཆོག་ཅེས་སྨྲས་པ་དང་། 11དེ་ནས་ཁོང་གིས་བླ་མ་རྣམས་ལ། དམ་བཅའི་སྒྲོམ་དེ་འཁྱེར་ནས་གྲོང་ཁྱེར་གྱི་མཐའ་སྐོར་ལ་བསྐོར་བ་ཐེངས་གཅིག་བརྒྱབ་དགོས་ཅེས་སྨྲས་སོ། དེ་རྗེས་ཁོ་ཚོ་སྒར་དུ་ཕྱིར་ལོག་བྱས་ནས་དེ་ག་རང་དུ་ཞག་པོར་བསྡད་དོ། 12-13ཡོ་ཤུ་ཨ་ཐོ་རངས་སྔ་པོ་ལངས་ཤིང་། བླ་མ་དང་དམག་མི་རྣམས་ཀྱིས་སྔར་བཞིན་གྲོང་ཁྱེར་གྱི་མཐའ་སྐོར་དུ་སླར་ཡང་བསྐོར་བ་ཐེངས་གཅིག་བརྒྱབ་དགོས་པའི་གོ་རིམ་ནི། ཐོག་མར་སྲུང་དམག་གི་སྡེ་ཁག་ཅིག་དང་། དེ་རྗེས་ར་དུང་འབུད་པའི་བླ་མ་བདུན་དང་། དེ་རྗེས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་འཁྱེར་བའི་བླ་མ་རྣམས་དང་། མཐར་སླར་ཡང་སྲུང་དམག་གི་སྡེ་ཁག་གཅིག་བཅས་ཡོད་པ་ཡིན་ནོ། དེ་ཤུལ་རིང་ལ་བླ་མ་རྣམས་ཀྱིས་མུ་མཐུད་ནས་རྭ་དུང་འབུད་ཅིང་བསྡད་པ་རེད། 14དེ་བཞིན་ཞག་གཉིས་པ་ལའང་གྲོང་ཁྱེར་གྱི་མཐའ་སྐོར་ལ་བསྐོར་བ་ལན་གཅིག་བརྒྱབ་ནས་སྒར་དུ་ཕྱིར་ལོག་བྱས་སོ། ཁོ་ཚོས་ཉིན་ཞག་དྲུག་གི་བར་དུ་དེ་བཞིན་མུ་མཐུད་དེ་བྱས་སོ། 15ཁོ་ཚོ་ཉིན་ཞག་བདུན་པའི་ནམ་ལངས་སྐབས་སུ་ཡར་ལངས་ཏེ། གྲོང་ཁྱེར་གྱི་མཐའ་སྐོར་ལ་བསྐོར་བ་ལན་བདུན་བརྒྱབ་པ་དང་། དེ་བཞིན་གྲོང་ཁྱེར་གྱི་མཐའ་སྐོར་ལ་བསྐོར་བ་ལན་བདུན་བརྒྱབ་པ་དེ་ནི་དེ་ཉིན་གཅིག་པུ་ཡིན་པ་དང་། 16བསྐོར་ཐེངས་བདུན་པའི་ཐོག་ཏུ་བླ་མ་རྣམས་ཀྱིས་རྭ་དུང་འབུད་རན་སྐབས་ཡོ་ཤུ་ཨས་རང་གི་མི་རྣམས་ལ་སྐད་ཅོར་ཆེན་པོ་བརྒྱབ་དགོས་པའི་བཀའ་བསྒོ་ཞིང་སྨྲས་པ། གཙོ་བོ་དཀོན་མཆོག་གིས་གྲོང་ཁྱེར་དེ་ཁྱོད་ཚོར་གནང་ཡོད་པས། 17གྲོང་ཁྱེར་དང་དེའི་ནང་དུ་ཇི་ཡོད་པ་ཚང་མ་གཙོ་བོ་དཀོན་མཆོག་གི་ཆེད་དུ་འབུལ་བའི་ཚུལ་དུ་ཡོངས་སུ་འཇིགས་པར་བྱེད་དགོས། སྨད་ཚོང་མ་ར་ཧབ་དང་མོའི་ནང་མི་གཅིག་པོ་གསོན་པོར་བཞག་དགོས། གང་ལགས་ཟེར་ན། མོས་ང་ཚོའི་སོ་ཉུལ་བ་རྣམས་སྦས་པའི་ཕྱིར་རོ། 18འོན་ཀྱང་འཇིག་པར་བྱེད་དགོས་པའི་དངོས་རིགས་ཀྱི་ནང་ནས་དངོས་པོ་གཅིག་ཀྱང་ཁྱོད་ཚོས་བདག་ཉར་བྱེད་མི་ཆོག གལ་སྲིད་དེ་ལྟར་བྱས་པ་ཡིན་ན་ཨིསི་རཱཨེལ་པའི་སྒར་གྱི་ཐོག་ཏུ་དཀའ་ངལ་དང་འཇིག་པ་ཆེན་པོ་ཡོང་ཉེན་ཡོད། 19གསེར་དངུལ་དང་ལི་དང་ལྕགས་ལས་བཟོས་པའི་དངོས་རིགས་ཇི་ཡོད་གཙོ་བོ་དཀོན་མཆོག་གི་ཕྱིར་ཟུར་དུ་དབྱེ་དགོས། དེ་དག་གཙོ་བོ་དཀོན་མཆོག་གི་བང་མཛོད་དུ་བཞག་དགོས་སོ། 20དེ་ནས་བླ་མ་ཚོས་རྭ་དུང་འབུད་པ་དང་། དུང་གི་སྐད་དེ་ཐོས་མ་ཐག་ཏུ་མི་རྣམས་ཀྱིས་སྐད་ཅོར་ཆེན་པོ་ཞིག་བརྒྱབ་པས་ལྕགས་རི་རྣམས་ཡོངས་སུ་རྡིབས་ཤིང་། དམག་མི་རྣམས་ཐད་ཀར་གྲོང་ཁྱེར་ནང་དུ་འཛུལ་ནས་གྲོང་ཁྱེར་དེ་རང་དབང་དུ་ལེན་ནོ། 21གྲོང་ཁྱེར་གྱི་ནང་ན་ཡོད་པའི་སྐྱེས་པ་དང་བུད་མེད་རྒན་བྱིས་གཉིས་དང་། གླང་དང་ལུག་དང་བོང་བུ་བཅས་རལ་གྲིས་ཡོངས་སུ་ཚར་བཅད་དོ། 22ཡོ་ཤུ་ཨས་སོ་ཉུལ་བ་གཉིས་ལ། ད་ཁྱོད་གཉིས་སྨད་ཚོང་མ་དེའི་ཁང་པའི་ནང་དུ་ཕྱིན་ནས། སྔར་ཁྱོད་ཚོས་དམ་བཅའ་བྱས་པ་བཞིན་མོ་དང་མོའི་ནང་མི་བཅས་འདིར་འཁྲིད་ཤོག་ཅེས་སྨྲས་སོ། 23དེར་བརྟན་ཁོ་གཉིས་ཕྱིན་ནས་ར་ཧབ་དང་མོའི་ཕ་མ་གཉིས་དང་བུ་སྤུན་རྣམས་དང་དེ་བཞིན་མོའི་ནང་མི་ཆ་ཚང་དང་མོའི་བྲན་གཡོག་བཅས་པ་ཕྱི་ལོགས་ལ་འཁྲིད་ཡོང་ནས་ཨིསི་རཱཨེལ་པའི་སྒར་གྱི་ཉེ་འགྲམ་དུ་ས་གནས་བཙན་ས་ཞིག་ཏུ་བཞག་པ་དང་། 24དེ་རྗེས་ཁོ་ཚོས་གྲོང་ཁྱེར་དེ་དང་དེའི་ནང་དུ་ཇི་ཡོད་པ་ཚང་མ་མེར་བསྲེག་བཏང་མོད། འོན་ཀྱང་གསེར་དངུལ་དང་རག་དང་ལྕགས་ལས་བཟོས་པའི་དངོས་རིགས་རྣམས་འཁྱེར་ནས་གཙོ་བོ་དཀོན་མཆོག་གི་བང་མཛོད་ནང་དུ་བཞག་གོ 25འོན་ཀྱང་ཡོ་ཤུ་ཨས་སྨད་ཚོང་མ་ར་ཧབ་དང་མོའི་གཉེན་ཚན་ཚང་མའི་སྲོག་སྐྱབས་སོ། གང་ལགས་ཟེར་ན། སྔར་ཡེ་རི་ཀོ་ལ་བཏང་བའི་གསང་ཉུལ་གཉིས་ལ་མོས་སྦས་པའི་ཕྱིར་རོ། (མོའི་རིགས་བརྒྱུད་རྣམས་དེང་དུས་ཀྱང་ཨིསི་རཱཨེལ་ཡུལ་དུ་ཡོད་པ་ཡིན་ནོ།) 26སྐབས་དེར་ཡོ་ཤུ་ཨས་ཧ་ཅང་ཉེན་ཚབས་ཆེ་བའི་ཟོན་བརྡ་བསྐུལ་ནས་སྨྲས་པ། མི་སུ་ཞིག་གིས་ཡེ་རི་ཀོའི་གྲོང་ཁྱེར་དེ་ཉམས་གསོ་བྱས་པ་ཡིན་ན་དེའི་ཁར་གཙོ་བོ་དཀོན་མཆོག་གི་དམོད་པ་ཕོག་རྒྱུ་ཡིན། སུ་ཞིག་གིས་དེའི་རྨངས་གཞི་འདིངས་པ་ཡིན་ན་ཁོའི་བུ་རྒན་ཤོས་དེ་ཤི་ངེས་ཤིང་། སུ་ཞིག་གིས་དེའི་གཞུང་སྒོ་རྣམས་བཟོས་པ་ཡིན་ན་ཁོའི་བུ་ཆུང་ཤོས་དེ་ཤི་ངེས་ཅན་ཡིན་ནོ། 27དེ་བཞིན་གཙོ་བོ་དཀོན་མཆོག་ཡོ་ཤུ་ཨ་དང་མཉམ་དུ་འགྲོགས་པས། ཡུལ་ཀུན་ཏུ་ཁོའི་སྙན་གྲགས་དར་རོ༎

ཡོ་ཤུ་ཨ 7

ཨ་ཀན་གྱི་སྡིག་པ།

1གྲོང་ཁྱེར་ཡེ་རི་ཀོའི་ནང་གི་དངོས་པོ་ཇི་ཡོད་འཇིག་པར་བྱེད་དགོས་པ་ལས། དངོས་པོ་གཅིག་ཀྱང་འཁྱེར་མི་ཆོག་ཅེས་སྔར་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་གནང་བའི་བཀའ་དེ་ཁོ་ཚོས་བརྩི་སྲུང་མ་ཞུས་པ་རེད། ཨ་ཀན་ཞེས་པའི་མི་ཞིག་གིས་བཀའ་དེ་བཅག་པས། གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་ཧ་ཅང་ཐུགས་ཁྲོས་པ་གནང་ནས། (ཨ་ཀན་ནི་ཀར་མིའི་བུའམ་ཛབ་དཱིའི་ཚ་བོ་ཡིན་ཞིང་། ཛེ་རཱའི་རིགས་རུས་དང་ཡ་ཧུ་དཱའི་སྡེ་རིགས་ནས་ཡིན་ནོ།) 2ཡོ་ཤུ་ཨས་ཡེ་རི་ཀོ་ནས་བྷེ་ཐེལ་གྱི་ཤར་ཕྱོགས་སུ་བྷེ་ཐ་བེན་དང་ཉེ་བའི་གནས་ཨེ་ཞེས་པར་མི་འགའ་ཤས་ཚོད་བལྟ་བྱེད་ཕྱིར་བཏང་ཞིང་། མི་དེ་ཚོ་དེར་ཕྱིན་ནས་ཕྱིར་ལོག་བྱས་ཏེ། 3ཡོ་ཤུ་ཨ་ལ། གྲོང་ཁྱེར་ཨེ་ལེན་པའི་ཕྱིར་དམག་མི་ཡོངས་རྫོགས་ཕྱིན་ནས་དམག་བརྒྱབ་དགོས་དོན་ཞིག་རྩ་བ་ནས་མི་འདུག དེ་ནི་གྲོང་ཁྱེར་ཆུང་ཆུང་ཞིག་ཡིན་པས། དམག་མི་ཁ་གྲངས་ཉིས་སྟོང་ངམ་གསུམ་སྟོང་ཙམ་ཞིག་བཏང་ནའང་ཆོག་པ་འདུག་ཅེས་སྨྲས་སོ། 4ཨིསི་རཱཨེལ་པ་གསུམ་སྟོང་ཙམ་ཞིག་ཕྱིན་པས། དེ་ཚོ་བྲོས་ནས་ཡོང་དགོས་བྱུང་ངོ་། 5ཨེའི་ཡུལ་མི་རྣམས་ཀྱིས་དེ་ཚོ་གྲོང་ཁྱེར་གྱི་གཞུང་སྒོ་ནས་ཤེ་བ་རིམ་གྱི་ཐུར་ལམ་བར་དུ་དེད་ནས་ཕལ་ཆེར་མི་གྲངས་སུམ་ཅུ་སོ་དྲུག་ཙམ་བསད་པས། ཨིསི་རཱཨེལ་པ་རྣམས་སེམས་ཤུགས་ཉམས་ནས་ཧ་ཅང་ཞེད་དགོས་བྱུང་བ་ཡིན་ནོ། 6ཡོ་ཤུ་ཨ་དང་ཨིསི་རཱཨེལ་གྱི་འགོ་བྱེད་རྣམས་མྱ་ངན་གྱི་ཚུལ་དུ་རང་རང་སོ་སོའི་གོས་ཧྲལ་ནས་དགོང་མོའི་བར་དུ་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་གྱི་མདུན་དུ་ལུས་ས་ལ་བརྡབས་ཏེ། མྱ་ངན་འཁུར་བའི་རྟགས་སུ་རང་གི་མགོ་བོར་ཐལ་བ་བྱུགས་ནས་བསྡད་དོ། 7དེ་ནས་ཡོ་ཤུ་ཨས། ཀྱེ་བླ་མེད་གཙོ་བོ་དཀོན་མཆོག། ཁྱེད་ཀྱིས་ང་ཚོ་གཙང་པོ་ཡོར་དན་རྒལ་ནས་གནས་འདིར་ག་རེའི་དོན་དུ་འཁྲིད་ཕེབས་པ་ཡིན་ནམ། ང་ཚོ་ཨ་མོར་པ་རྣམས་ཀྱི་ལག་ཏུ་རྩིས་སྤྲོད་གནང་བའི་ཕྱིར་ཡིན་ནམ། ང་ཚོ་མེད་པར་བཟོས་པའི་ཕྱིར་ཡིན་ནམ། ང་ཚོ་གཙང་པོ་ཡོར་དན་ཕར་ཕྱོགས་རང་ལ་བསྡད་ནའང་སྒྲིག་པ་ཡོད། 8ཀྱེ་གཙོ་བོ་དཀོན་མཆོག། ཨིསི་རཱཨེལ་པ་རྣམས་དགྲ་བོའི་མདུན་ནས་བྲོས་པ་ཡིན་པས། ད་ངས་ཁྱེད་ལ་གང་ཞུ་བར་བྱ། 9ཀ་ནན་པ་དང་ཡུལ་ན་གནས་པའི་མི་ཐམས་ཅད་ཀྱིས་གནས་ཚུལ་དེ་ཐོས་ནས། ང་ཚོ་ཚང་མར་མཐའ་བསྐོར་ཏེ་བསད་ཉེན་ཆེ་བ་འདུག་ན། ཁྱེད་ཀྱི་མཚན་སྙན་ལ་དམའ་འབེབས་མི་ཡོང་བའི་ཐབས་ཤིག་ཁྱེད་ཀྱི་ག་རེ་གནང་གི་ཡིན་ནམ། 10གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ་གསུངས་པ། ཁྱོད་ཡར་ལོངས་ཤིག། ག་རེའི་དོན་དུ་ཁྱོད་ས་ལ་ཉལ་ནས་བསྡད་ཡོད་དམ། 11ཨིསི་རཱཨེལ་པ་ཚོས་ང་དང་མཉམ་དུ་བཞག་པའི་དམ་བཅའ་དེ་ལས་འགལ་ནས་སྡིག་པ་བྱས་ཡོད། འཇིག་པར་བྱེད་དགོས་པའི་དངོས་རིགས་ཀྱི་ཁོངས་ནས་དངོས་པོ་ཁ་ཤས་དེ་ཚོས་འཁྱེར་ཡོད་ཅིང་། ཁོ་ཚོས་དངོས་པོ་དེ་དག་བརྐུས་པས་མ་ཚད་དེའི་སྐོར་ལ་བརྫུན་བཤད་དེ། རང་གི་དངོས་པོའི་ཁོངས་སུ་བཞག་ཡོད། 12དེར་བརྟེན་པས་ཨིསི་རཱཨེལ་པ་རྣམས་དགྲ་བོའི་མདུན་དུ་གདོང་ལེན་བྱེད་མ་ཐུབ་པ་ཡིན། ཁོ་རང་ཚོ་རང་ཉིད་འཇིག་དགོས་པའི་དམོད་པ་ཕོག་ཡོད་པའི་རྐྱེན་གྱིས་དགྲ་བོའི་མདུན་ནས་བྲོས་དགོས་བྱུང་བ་ཡིན་ནོ། ཁྱོད་ཚོས་བདག་ཉར་བྱེད་མི་ཆོག་ཅེས་བཀག་ཆ་བྱས་པའི་དངོས་རིགས་རྣམས་ཁྱོད་ཚོའི་ཁྲོད་ནས་རྩ་མེད་མ་བཏང་བར་དུ་ད་ཕྱིན་ང་ཁྱོད་ཚོའི་དཀྱིལ་དུ་གནས་ཐབས་མེད་དོ། 13ད་ཡར་ལོངས་ཤིག། སང་ཉིན་བར་མི་མང་རྣམས་ལ་དག་འབྱངས་བྱེད་ནས་ངའི་མདུན་དུ་ཡོང་ཕྱིར་གྲ་སྒྲིག་བྱེད་དགོས་ཅེས་སྨྲོས་ཤིག གང་ལགས་ཟེར་ན། ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་ངས་གཏམ་གླེང་འདི་བྱ་རྒྱུ་ཡིན། ཀྱེ་ཨིསི་རཱཨེལ་པ་རྣམས། ངས་རྩ་མེད་བཏང་དགོས་ཅེས་སྨྲས་པའི་དངོས་རིགས་དག་ཁྱོད་ཚོས་བདག་ཉར་བྱས་འདུག་པས། ཁྱོད་ཚོས་དངོས་པོ་དེ་དག་མ་སྤངས་བར་དུ་དགྲ་བོའི་གདོང་ལེན་བྱེད་མི་ཐུབ། 14དེར་བརྟེན་སང་ཞོག་སྔ་པོ་ཁྱོད་ཚོ་རང་རང་སོ་སོའི་སྡེ་རིགས་བཞིན་མདུན་དུ་ཐོན་དགོས་པ་དང་། སྡེ་རིགས་གང་ཞིག་ངས་འདམས་པའི་དེ་ནི་རིགས་རུས་ལྟར་མདུན་དུ་འཐོན་དགོས་ཤིང་། དེ་ནི་ངས་འདམས་པའི་ཁྱིམ་ཚང་ལྟར་མདུན་དུ་ཡོང་བར་འགྱུར། ངས་འདམས་པའི་ཁྱིམ་ཚང་རྣམས་ནས་མི་རེ་རེ་བཞིན་དུ་མདུན་དུ་ཡོང་བར་འགྱུར། 15འཇིག་པར་བྱེད་དགོས་པའི་དངོས་རྫས་བདག་ཉར་བྱས་པའི་མི་དེ་ལ་བསྟན་སྐབས། མི་དེ་དང་དེའི་ནང་མི་དང་དེའི་རྒྱུ་དངོས་དང་བཅས་པ་མེར་བསྲེག་བཏང་དགོས། གང་ལགས་ཟེར་ན། ཁོས་ངའི་དམ་བཅའ་དང་འགལ་ཞིང་། ཁོས་ཨིསི་རཱཨེལ་གྱི་ཐོག་ཏུ་མིང་རྗེས་ངན་པ་ཞིག་བཟོས་ཡོད་པས་ཕྱིར་རོ་ཞེས་གསུངས་སོ། 16སང་ཞོག་སྔ་པོ་ཡོ་ཤུ་ཨས་ཨིསི་རཱཨེལ་པ་རྣམས་ལ་རང་རང་སོ་སོའི་སྡེ་རིགས་བཞིན་མདུན་དུ་བོས་པ་དང་། ཡ་ཧུ་དཱའི་སྡེ་རིགས་དེ་ལོག་སུ་དབྱེས་སོ། 17དེ་བཞིན་ཡ་ཧུ་དཱའི་སྡེ་རིགས་དེ་རིགས་རུས་ལྟར་མདུན་དུ་འཁྲིད་ཡོང་བ་དང་། དེ་ནས་ཛེ་རཱའི་རིགས་རུས་ལོགས་སུ་དབྱེའོ། དེ་ནས་ཛེ་རཱའི་རིགས་རུས་ཀྱི་ཁྱིམ་ཚང་ལྟར་མདུན་དུ་ཁྲིད་ཡོང་བ་དང་། དེ་ལས་ཛབ་དཱིའི་ཁྱིམ་ཚང་ལོགས་སུ་དབྱེའོ། 18དེ་ནས་ཛབ་དཱིའི་ཁྱིམ་ཚང་དེའི་ནང་མི་རེ་རེ་བཞིན་མདུན་དུ་འཁྲིད་ཡོང་བ་དང། དེའི་ནང་ནས་ཀར་མིའི་བུའམ་ཛབ་དཱིའི་ཚ་བོ་ཨ་ཀན་ཞེས་པ་དེ་དབྱེ་བ་བྱེད་དོ། 19ཡོ་ཤུ་ཨས་ཨ་ཀན་ལ། ཀྱེ་ངའི་བུ། ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཀྱིས་ཉེས་པ་ཇི་བྱས་སྐོར་ལ་ངོས་ལེན་བྱོས་ཤིག དེའི་སྐོར་ང་ལའང་སྦེད་གསང་མེད་པར་གསལ་པོར་ཤོད་ཅིག་ཅེས་སྨྲས་སོ། 20དེའི་ལན་དུ་ཨ་ཀན་གྱིས། ངས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བྱས་པ་དེ་ངོས་ལེན་ཞུ་གི་ཡོད། ངས་བྱས་པའི་སྡིག་པ་ནི་འདི་ལྟར་ཡིན། 21ང་ཚོས་བཅོམ་པའི་ནོར་གྱི་ཁོངས་ནས་བྷེ་བྷི་ལོན་པའི་གོས་མཛེས་པོ་ཞིག་དང་། དངུལ་ཀི་ལོ་གཉིས་ཙམ་དང་། གཞན་ཡང་གསེར་ཀི་ལོ་ཕྱེད་ཀ་ལས་ལྷག་པ་གསེར་གྱི་རྒྱུག་པ་ཞིག དེ་དག་ཉར་འདོད་ཆེན་པོ་བྱུང་སྟེ་ངས་འཁྱེར་བ་ཡིན། དངོས་པོ་དེ་དག་ངའི་གུར་གྱི་ས་འོག་ཏུ་སྦས་བཞག་ཡོད། ཡང་དངུལ་དེ་ནི་ས་མཐིལ་དུ་བཞག་ཡོད་ཅེས་སྨྲས་སོ། 22དེར་བརྟེན་ཡོ་ཤུ་ཨས་མི་འགའ་ཤས་བཏང་ཞིང་དེ་ཚོ་གུར་དུ་མགྱོགས་པོར་ཕྱིན་ནས་བསྟས་པས། ས་མཐིལ་དུ་དངུལ་དང་འཇིགས་པར་བྱེད་དགོས་པའི་དངོས་པོ་དེ་དག་ས་ཆ་དེར་སྦས་བཞག་ཡོད་པ་རྙེད་དོ། 23དེ་ཚོས་དངོས་པོ་དེ་དག་གུར་ནས་ཕྱིར་བཏོན་ཏེ། ཡོ་ཤུ་ཨ་དང་ཨིསི་རཱཨེལ་མི་མང་ཡོངས་ཀྱི་མདུན་དུ་འཁྱེར་ཡོང་ཞིང་། དེ་ཚོས་དངོས་པོ་དེ་དག་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་བཞག་གོ 24དེ་ནས་ཡོ་ཤུ་ཨ་དང་ཨིསི་རཱཨེལ་མི་མང་ཚང་མས་ཨ་ཀན་ལ་འཛིན་བཟུང་བྱས་ནས། ཁོའི་དངུལ་དང་། མལ་གོས་དང་། གསེར་དང་། ཁོའི་བུ་དང་བུ་མོ་རྣམས་དང་། ཁོའི་ཕྱུགས་སོགས་དང་བོང་བུ་དང་། ལུག་དང་། ཁོའི་གུར་དང་། གཞན་ཡང་ཁོས་དབང་བའི་རྒྱུ་དངོས་ཚང་མ་ཕྲོག་ནས་དཀའ་ངལ་གྱི་ལུང་གཤོང་ཞེས་པའི་གནས་དེར་འཁྱེར་ཡོང་ངོ་། 25དེ་ནས་ཡོ་ཤུ་ཨས། ཁྱོད་ཀྱིས་ང་ཚོའི་ཐོག་ཏུ་དཀའ་ངལ་འདི་འདྲ་འཁྱེར་ཡོང་བ་གང་ཡིན་ནམ། ད་གཙོ་བོ་དཀོན་མཆོག་གིས་ཁྱོད་རང་གི་ཐོག་ལ་དཀའ་ངལ་གཏོང་བ་གནང་གི་རེད་ཅེས་སྨྲས་པ་དང་། མི་ཚང་མས་ཨ་ཀན་དང་ཁོའི་ནང་མི་ཚང་མ་རྡོ་རུབ་བརྒྱབ་ནས་བསད་དེ། དེ་ཚོའི་རྒྱུ་དངོས་དང་བཅས་པ་མེར་བསྲེགས་བཏང་ངོ་། 26དེ་ཚོས་ཁོའི་ཕུང་པོའི་སྟེང་དུ་རྡོ་ཕུང་ཆེན་པོ་ཞིག་བརྩིགས་སོ། དེ་ནི་དེང་དུས་ཀྱང་ཉམས་མེད་དུ་གནས་ཡོད་པས། ས་གནས་དེའི་མིང་ལ་དེང་དུས་ཀྱང་དཀའ་ངལ་གྱི་ལུང་གཤོང་ཞེས་གྲགས་པ་ཡིན་ནོ། དེ་རྗེས་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་དེ་ཞི་བར་འགྱུར་བ་ཡིན་ནོ༎

ཡོ་ཤུ་ཨ 8

ཨེའི་དབང་དུ་བསྡུས་པ་དང་འཇིག་པར་བྱེད་པ།

1གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ། དམག་མི་ཡོངས་རྫོགས་འཁྲིད་ནས་ཡུལ་ཨའི་ཐོག་ཏུ་འཐབ་ཅིག ཁྱོད་འཇིགས་སྣང་མ་བྱེད་པར་སེམས་ཤུགས་ཆེན་པོ་བྱོས་ཤིག ངས་ཁྱོད་ལ་ཨེའི་ཡུལ་གྱི་རྒྱལ་པོ་དང་། དེའི་མི་མང་དང་། ཡུལ་དེའི་གྲོང་ཁྱེར་ཚང་མའི་ཐོག་ཏུ་རྒྱལ་ཁ་སྟེར་རྒྱུ་ཡིན་ནོ། 2ཁྱོད་ཀྱིས་གྲོང་ཁྱེར་ཡེ་རི་ཀོ་དང་དེའི་རྒྱལ་པོར་གང་བྱས་པ་བཞིན། ཨེ་དང་དེའི་ཡུལ་རྒྱལ་པོ་ལའང་དེ་བཞིན་བྱེད་དགོས་སོ། འོན་ཀྱང་ད་ལན་ཁྱོད་ཚོས་ཡུལ་དེའི་རྒྱུ་དངོས་དང་དུད་འགྲོ་ཚང་མ་བདག་ཉར་བྱེད་ནའང་ཆོག་པ་ཡོད། དེ་བས་ན་གྲོང་ཁྱེར་གྱི་རྒྱབ་ངོས་ནས་བློ་བུར་དུ་དམག་འདྲེན་པར་གྲ་སྒྲིག་བྱོས་ཤིག་ཅེས་བཀའ་གནང་ངོ། 3ཡོ་ཤུ་ཨ་རང་གི་དམག་མི་ཡོངས་རྫོགས་འཁྲིད་ནས་ཡུལ་ཨེ་ཕྱོགས་སུ་འགྲོ་བར་གྲ་སྒྲིག་བྱས་སོ། ཡོ་ཤུ་ཨས་དམག་མི་ཡག་ཤོས་ ༣༠,༠༠༠ འདེམས་སྒྲུག་བྱས་ནས་མཚན་མོར་བཏང་ཞིང་། 4དེ་ཚོར། ཁྱོད་ཚོ་གྲོང་ཁྱེར་གྱི་ཕར་ཕྱོགས་སུ་ཕྱིན་ཏེ་གབ་ནས་སྡོད་ཅིག ཧ་ཅང་ཐག་རིང་པོར་མ་ཕྱིན་པར་དམག་བརྒྱབ་པར་གྲ་སྒྲིག་བྱས་ནས་སྡོད་ཅིག 5ང་དང་ངའི་མི་ཚོགས་གྲོང་ཁྱེར་དང་ཉེ་བར་སླེབས་སྐབས། ཨེའི་མི་རྣམས་ང་ཚོར་འཐབ་པའི་ཕྱིར་ཡོང་ཞིང་། དེ་དུས་སྔར་བྲོས་པ་བཞིན་ང་ཚོ་ཕྱིར་ལོག་རྒྱབ་ནས་བྲོས་དགོས། 6ང་ཚོ་གྲོང་ཁྱེར་གྱི་མཐའ་ལ་མ་སླེབས་བར་དུ་ཁོ་ཚོས་ང་ཚོར་དེད་ཡོང་། སྔར་བཞིན་ཁོ་ཚོའི་སེམས་ལ་ང་ཚོ་བྲོས་འགྲོ་གི་འདུག་བསམ་ཡོང་། 7དེ་ནས་ཁྱོད་ཚོ་རང་གི་གབ་ས་ནས་ཕྱིར་འཐོན་ཏེ་གྲོང་ཁྱེར་དབང་དུ་བསྡུ་དགོས། དེ་ནི་གཙོ་བོ་དཀོན་མཆོག་ཁྱོད་ཚོའིི་དཀོན་མཆོག་གིས་ཁྱོད་ཚོར་གནང་ངེས་པ་ཡིན་ནོ། 8གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་ཁྱོད་ཚོས་གྲོང་ཁྱེར་དེ་དབང་དུ་བསྡུས་བའི་གཞུག་ལ་དེར་མེ་བརྒྱབ་དགོས་སོ། ཁྱོད་ཚོ་ལ་བཀའ་རྒྱ་འདི་རང་ཡོད། 9དེ་ནས་ཡོ་ཤུ་ཨས་མི་དེ་ཚོ་བཏང་བས། དེ་ཚོ་ཨེའི་ནུབ་ཕྱོགས་སུ་ཨེ་དང་བེད་ཐེལ་གཉིས་ཀྱི་བར་ལ་ཡོད་པའི་ས་གནས་ཤིག་ཏུ་གབ་ཅིང་སྒུག་ནས་བསྡད་པ་དང་མཚན་དེར་ཡོ་ཤུ་ཨ་ནི་སྒར་གྱི་ནང་དུ་བསྡད་དོ། 10སང་ཞོག་སྔ་པོ་ཡོ་ཤུ་ཨ་ཡར་ལངས་ཏེ་དམག་མི་རྣམས་ཕྱོགས་གཅིག་ཏུ་བཀུག་ཅིང་། ཡོ་ཤུ་ཨ་དང་ཨིསི་རཱཨེལ་པའི་འགོ་བྱེད་ཚོས་དེ་དག་ལ་ཡུལ་ཨེ་ཕྱོགས་སུ་འཁྲིད་དོ། 11ཡོ་ཤུ་ཨ་དང་་མཉམ་དུ་ཡོད་པའི་དམག་མི་རྣམས་ནི་གྲོང་ཁྱེར་གྱི་གཞུང་སྒོ་ལྟེ་བའི་ཕྱོགས་སུ་ཕྱིན་ཏེ། བྱང་ཕྱོགས་སུ་ཁོ་ཚོ་ཡོད་པའི་ས་གནས་དང་གྲོང་ཁྱེར་ཨེའི་བར་ལ་ཡོད་པའི་ལུང་གཤོང་ཞིག་ཏུ་སྒར་བརྒྱབ་ནས་བསྡད་དོ། 12ཡོ་ཤུ་ཨས་མི་ལྔ་སྟོང་ཙམ་འཁྲིད་ནས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཨེ་དང་བེད་ཐེལ་གྱི་བར་ན་ཡོད་པའི་གབ་གནས་ཤིག་ཏུ་བཞག་གོ 13དམག་མི་རྣམས་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཡོད་པའི་སྒར་ས་ལྟེ་བར་དམག་གྲ་སྒྲིག་ནས་སྡད་པ་དང་། དེ་བྱིངས་མི་ཚོགས་གཞན་རྣམས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་གནས་ཤིང་། ཡང་ཡོ་ཤུ་ཨ་ནི་མཚན་མོ་རེར་ལུང་གཤོང་དུ་བསྡད་དོ། 14གྲོང་ཁྱེར་ཨེའི་རྒྱལ་པོས་ཡོ་ཤུ་ཨའི་མི་རྣམས་མཐོང་མ་ཐག་ཏུ་རྒྱ་པོ་དང་ཁོའི་དམག་མི་རྣམས་སྔར་དམག་རྒྱབ་སའི་ཡོར་དན་ལུང་གཤོང་དེ་རང་དུ་ཨིསི་རཱཨེལ་པ་རྣམས་དང་དམག་རྒྱབ་པར་ཕྱིན་མོད། འོན་ཀྱང་ཁོ་ཚོའི་རྒྱབ་ནས་དམག་འདྲེན་གྱི་ཡོད་པ་དེ་ཁོ་ཚོས་མ་ཤེས་སོ། 15ཡོ་ཤུ་ཨ་དང་ཁོའི་དམག་མི་རྣམས་ཕྱི་ནུར་རྒྱབ་ཅིང་འབྲོག་སྟོང་དུ་བྲོས་ཚུལ་བྱས་པ་དང་། 16ཁོ་ཚོའི་རྗེས་སུ་དེད་པའི་ཕྱིར་གྲོང་ཁྱེར་གྱི་མི་ཚང་མ་སྐད་བཏང་ཡོད་པས། དེ་ཚོས་ཡོ་ཤུ་ཨའི་རྗེས་སུ་དེད་ཅིང་གྲོང་ཁྱེར་ནས་ཐག་རིང་པོར་ཕྱིན་པ་དང་། 17གྲོང་ཁྱེར་ཨེའི་ཡུལ་མི་ཚང་མ་ཨིསི་རཱཨེལ་པ་རྣམས་ཀྱི་རྗེས་སུ་དེད་ནས་ཕྱིན་པས། གྲོང་ཁྱེར་སྲུང་སྐྱོབ་བྱེད་མཁན་མི་གཅིག་ཀྱང་མ་ལུས་སོ། 18དེ་ནས་གཙོ་བོ་དཀོན་མཆོག་གི་ཡེ་ཤུ་ཨ་ལ། ཁྱོད་ཀྱི་ལག་པར་ཡོད་པའི་མདུང་དེ་ཨེའི་ཕྱོགས་སུ་རྐྱོངས་ཤིག་དང་། གྲོང་ཁྱེར་དེ་ངས་ཁྱོད་ལ་སྤྲོད་ཀྱི་ཡིན་ཞེས་གསུངས་པ་བཞིན་ཡོ་ཤུ་ཨས་དེ་བཞིན་བྱས་སོ། 19ཁོས་ལག་པ་ཡར་བརྐྱང་མ་ཐག་ཏུ་གབ་ནས་བསྡད་ཡོད་པའི་མི་རྣམས་མགྱོགས་པོར་ཡར་ཐོན་ཏེ་གྲོང་ཁྱེར་གྱི་ཕྱོགས་སུ་རྒྱུགས་ནས་དེ་དབང་དུ་བསྡུས་ཤིང་། ཁོ་ཚོས་གྲོང་ཁྱེར་དེར་ལམ་སང་མེ་རྒྱབ་པ་དང་། 20ཨེའི་ཡུལ་མི་རྣམས་ཀྱི་ཕྱི་བལྟས་ལོག་ནས་ལྟ་སྐབས་གྲོང་ཁྱེར་ནས་དུ་བ་ཆེན་པོ་ཞིག་གནམ་ལ་ཐོན་བཞིན་པ་མཐོང་བས། ཕར་ཚུར་བྲོས་ཐབས་མ་རྙེད་དོ། གང་ལགས་ཟེར་ན། སྔར་འབྲོག་སྟོང་གི་ཕྱོགས་སུ་བྲོས་ཚུལ་བྱེད་བཞིན་པའི་ཨིསི་རཱཨེལ་པ་རྣམས་ནི་ཁ་ཚུར་བསྒྱུར་ནས་ཁོ་ཚོར་དམག་རྒྱབ་ཙིས་བྱས་སོ། 21དེ་ནས་དམག་མིའི་སྡེ་ཁག་གཞན་ཚོས་གྲོང་ཁྱེར་དབང་དུ་བསྡུས་ཟིན་པ་དང་། དེར་མེ་རྒྱབ་པ་དེ་ཡོ་ཤུ་ཨ་དང་ཁོའི་དམག་མི་ཚོས་མཐོང་ནས་ཁོ་ཚོས་ཨེའི་ཡུལ་གྱི་མི་རྣམས་གསོད་འགོ་ཚུགས་སོ། 22གྲོང་ཁྱེར་ནང་དུ་ཡོད་པའི་ཨིསི་རཱཨེལ་པ་ཚོས་དམག་རྒྱབ་པར་ཚུར་ཡོང་ངོ་། ཨིསི་རཱཨེལ་པ་ཚོས་ཨེའི་མི་རྣམས་ཡོངས་སུ་མཐའ་བསྐོར་ནས་གཅིག་ཀྱང་མ་ལུས་པར་ཚང་མ་བསད་དེ། 23ཨེའི་རྒྱལ་པོ་དེ་འཛིན་བཟུང་བྱས་ནས་ཡོ་ཤུ་ཨའི་ཙར་འཁྲིད་ཕྱིན་པ་དང་། 24ཨིསི་རཱཨེལ་པ་ཚོས་སྔར་འབྲོག་སྟོང་ནང་དུ་དེད་ཡོང་བའི་དགྲ་བོའི་དམག་མི་ཚང་མ་བསད་དེ། ཁོ་ཚོ་གྲོང་ཁྱེར་ཨེའི་ནང་དུ་ཕྱིན་ནས་དེར་ཡོད་པའི་མི་ཚང་མ་བསད་དོ། 25-26གྲོང་ཁྱེར་ཨེའི་ནང་དུ་ཡོད་པའི་མི་ཚང་མ་བསད་མ་ཚར་བར་དུ་ཡོ་ཤུ་ཨས་རང་གི་ལག་པར་ཡོད་པའི་མདུང་དེ་གྲོང་ཁྱེར་གྱི་ཕྱོགས་སུ་བརྐྱངས་ནས་བསྡད་དོ། དེས་སྐྱེས་པ་ཕོ་མོ་རྩིས་པའི་ཨེའི་མི་འབོར་ ༡༢,༠༠༠ ཙམ་བསད་དོ། 27སྔར་གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ་གསུངས་པ་བཞིན། ཨིསི་རཱཨེལ་པ་ཚོས་གྲོང་ཁྱེར་དེའི་ནང་དུ་ལག་པར་འཐེབས་པའི་དུད་འགྲོ་རྣམས་དང་། དངོས་རིགས་ཚང་མ་བདག་ཉར་བྱས་སོ། 28དེ་ནས་ཡོ་ཤུ་ཨས་གྲོང་ཁྱེར་ཨེའི་མེར་བསྲེགས་བཏང་ནས་ཡོངས་སུ་འཇིགས་པར་བྱས་ཤིང་། དེའི་གཞིག་ཤུལ་ནི་དེང་དུས་ཀྱང་ཡོད་པ་ཡིན་ནོ། 29ཁོས་ཨའི་རྒྱལ་པོ་དེ་ཤིང་སྡོང་ཞིག་ལ་དགོང་མོའི་བར་དུ་དཔྱངས་ཤིང་། ཡོ་ཤུ་ཨས་བཀའ་བཞིན་ཉི་་མ་ནུབ་མཚམས་སུ་ཁོས་དེ་མར་ཕབ་ནས་གྲོང་ཁྱེར་གྱི་གཞུང་སྒོར་འཛུལ་སའི་ལམ་དུ་དབྱུགས་ཏེ། དེར་རྡོ་ཕུང་ཆེན་པོ་ཞིག་བརྩིགས་ཡོད་པ་དེ་དེང་དུས་ཀྱང་ཡོད་པ་ཡིན་ནོ༎

རི་བོ་ཨེ་བྷལ་ལ་བཀའ་ཁྲིམས་ཀློག་བ།

30ཡོ་ཤུ་ཨས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཆེད་དུ་རི་བོ་ཨེ་བྷལ་ཞེས་པའི་ཁར་མཆོད་ཁྲི་ཞིག་བཞེངས་ཤིང་། 31མཆོད་ཁྲི་དེ་ནི་སྔར་གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་མོ་ཤེས་ཨིསི་རཱཨེལ་པ་རྣམས་ལ་བཀའ་གནང་བ་བཞིན་བཞེངས་ཏེ། མོ་ཤེའི་བཀའ་ཁྲིམས་ནང་ལྕགས་ཀྱི་ལག་ཆ་མ་ཕོག་པའི་རྡོ་ལས་མཆོད་ཁྲི་བཞེངས་དགོས་ཅེས་གསལ་ཡོད་པ་ཡིན་ནོ། དེའི་སྟེང་དུ་ཁོ་ཚོས་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་པ་དང་། མཐུན་འབྲེལ་གྱི་མཆོད་པ་སོགས་འབུལོ། 32ཨིསི་རཱཨེལ་པ་ཚོས་མཐོང་སར་ཡོ་ཤུ་ཨས་རྡོ་ལེབ་ཀྱི་ཁར་སྔར་མོ་ཤེས་བྲིས་པའི་བཀའ་ཁྲིམས་ཀྱི་འདྲ་དཔེ་ཞིག་བཤུས་པ་དང་། 33ཨིསི་རཱཨེལ་པ་རྣམས་དང་། ཁོ་ཚོའི་འགོ་བྱེད་རྣམས་དང་། དཔོན་པོ་རྣམས་དང་། ཁྲིམས་དཔོན་རྣམས་དང་། གཞན་ཡང་ཁོ་ཚོའི་ཁྲོད་དུ་ཡོད་པའི་ཕྱི་རྒྱལ་བ་དང་བཅས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་འཁུར་མཁན་ལེ་ཝིའི་བླ་མ་རྣམས་ཀྱི་ཕྱོགས་སུ་ཁ་བསྒྱུར་ཞིང་། སྒྲོམ་དེའི་ཕྱོགས་གཡས་གཡོན་གཉིས་སུ་ལངས་ནས་བསྡད་དོ། སྔར་གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་མོ་ཤེས། དཀོན་མཆོག་ནས་བྱིན་རླབས་ཞུ་སྐབས་མི་མང་ཚོས་གང་བྱེད་དགོས་པའི་སྐོར་བཀའ་གནང་བ་བཞིན། མི་སྡེ་ཕྱེད་ཀས་རི་བོ་གྷེ་རི་ཛིམ་ལ་རྒྱབ་སྒྱུར་ཞིང་། དེ་འཕྲོས་མི་སྡེ་ཕྱེད་ཀས་རི་བོ་ཨེ་བལ་གྱི་ཕྱོགས་སུ་རྒྱབ་སྒྱུར་ཞིང་ལངས་ནས་བསྡད་པ་དང་། 34ཡོ་ཤུ་ཨས་བཀའ་ཁྲིམས་ཀྱི་མདོའི་ནང་གསལ་བྱིན་རླབས་དང་དམོད་པའི་སྐོར་གང་བྲིས་ཡོད་པ་དེ་དག་ཆ་ཚང་སྐད་ཤུགས་ཆེན་པོས་བཀླགས་སོ། 35བུད་མེད་དང་ཕྲུ་གུ་དང་གཞན་ཡང་མི་མང་གི་ཁྲོད་དུ་ཡོད་པའི་ཕྱི་རྒྱལ་བ་རྣམས་དང་བཅས་མི་ཚོགས་ཡོངས་ཀྱི་མདུན་དུ་ཡོ་ཤུ་ཨས་མོ་ཤེའི་བཀའ་ཁྲིམས་དེའི་ཚིག་དོན་གཅིག་ཀྱང་མ་ལུས་པར་ཆ་ཚང་བཀླགས་སོ༎

ཡོ་ཤུ་ཨ 9

གྷི་བི་ཨོན་པ་ཚོས་ཡོ་ཤུ་ཨ་ལ་སླུ་བ།

1ཡོར་དན་ནུབ་ཕྱོགས་ཀྱི་རི་བརྒྱུད་རྣམས་དང་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོའི་ཉེ་འགྲམ་གྱི་ཐང་ཁུལ་ཚང་མ་བྱང་ཕྱོགས་སུ་ལེ་བ་ནོན་བར་གྱི་རྒྱལ་པོ་ཚང་མས་ཨིསི་རཱཨེལ་གྱི་རྒྱལ་ཁའི་སྐོར་ཧ་གོ་སོང། རྒྱལ་པོ་དེ་ཚོ་ནི་ཧི་ཏི་པ། ཨ་མོར་པ། ཀ་ནན་པ། པེ་རི་ཛི་པ། ཧི་ཝི་པ་དང་ཡེ་བུ་སི་པ་བཅས་ཡིན་ནོ། 2དེ་ཚོ་ཚང་མ་གཅིག་ཏུ་བསྡུས་ནས་ཡོ་ཤུ་ཨ་དང་ཨིསི་རཱཨེལ་གྱི་ཐོག་ལ་དམག་འདྲེན་པར་ཁ་མཐུན་བྱས་སོ། 3འོན་ཀྱང་གྷི་བི་ཨོན་གྱི་ཡུལ་མི་ཚོས་སྔར་ཡོ་ཤུ་ཨས་ཡེ་རི་ཀོ་དང་གྲོང་ཁྱེར་ཨེའི་ལ་གང་བྱས་པའི་སྐོར་ཐོས་ཡོད་དོ། 4དེ་ཚོས་ཡོ་ཤུ་ཨ་ལ་བསླུ་རྩི་བྱས་ཏེ། ཁ་ཟས་བླུགས་པའི་ཕད་གོག་རྙིང་པ་དང་། རྒུན་ཆང་བླུགས་པའི་རྐྱལ་པ་རྙིང་པ་ལྷན་པ་ཡོད་པ་སོགས་བོང་བུར་བཀལ་ཞིང་། 5ལུས་ལ་གོས་ཧྲལ་རྙིང་པ་དང་རྐང་པར་ལྷམ་རལ་པ་སོགས་གྱོན་ཏེ། ལམ་ཟས་བག་ལེབ་རྣམས་ཀྱང་སྐམ་ཞིང་ཧམ་དྲི་བརྒྱབ་ཡོད་པ་སོགས་འཁྱེར་ཏེ། 6ཁོ་ཆོས་གནས་གྷིལ་གཱལ་དུ་ཡོད་པའི་སྒར་སར་ཕྱིན་ནས་ཡོ་ཤུ་ཨ་དང་ཨིསི་རཱཨེལ་བ་རྣམས་ལ། ང་ཚོ་ནི་ཡུལ་ཐག་རིང་ཞིག་ནས་ཡོང་བ་ཡིན་པས་ཁྱེད་ཚོས་ང་ཚོ་དང་མཐུན་ལམ་གྱི་འཆིང་འགྲིགས་ཤིག་བཞག་པ་གནང་རོགས་གནང་ཞེས་སྨྲས་སོ། 7དེའི་ལན་དུ་ཨིསི་རཱཨེལ་པ་ཚོས། ང་ཚོས་ཁྱོད་ཚོ་དང་མཉམ་དུ་མཐུན་ལམ་གྱི་འཆིང་འགྲིགས་བཞག་དགོས་པ་དེ་གང་ཡིན་ནམ། གཅིག་བྱས་ན་ཁྱོད་ཚོ་ང་ཚོའི་ཉེ་འགྲམ་དུ་གནས་སྡོད་བྱེད་སྲིད་ཀྱི་རེད་ཅེས་སྨྲས་པ་དང་། 8ཁོ་ཚོས་ཡོ་ཤུ་ཨ་ལ། ང་ཚོ་ཁྱེད་རང་ཚོའི་གཡོག་པོའི་ཚུལ་དུ་བསྡད་བཅུག་རོགས་གནང་ཞེས་སྨྲས་སོ། ཡོ་ཤུ་ཨས་ཁོ་ཚོ་ལ། ཁྱོད་ཚོ་སུ་ཡིན་ནམ། ག་ནས་ཡོང་བ་ཡིན་ཞེས་སྐད་ཆ་འདྲི་བའི་ལན་དུ། 9ཁོ་ཚོས་ཡོ་ཤུ་ཨ་ལ། ང་ཚོས་ཁྱེད་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་སྙན་གྲགས་ཆེན་པོའི་སྐོར་དང་། སྔར་ཁོང་གིས་ཨི་ཇིབ་དུ་མཛད་པ་གང་གནང་བའི་སྐོར་ལའང་ཞིབ་པར་ཐོས་བྱུང་། 10ཡང་ཁོང་གིས་ཡོར་དན་གྱི་ཤར་ཕྱོགས་སུ་ཧེཤ་བྷོན་ཡུལ་གྱི་རྒྱལ་པོ་སི་ཧོན་དང་། ཨཤ་ཏ་རོད་ལ་གནས་པའི་བྷ་ཤཱན་ཡུལ་གྱི་རྒྱལ་པོ་ཨོག་བཅས་ཨ་མོར་པའི་རྒྱལ་པོ་དེ་གཉིས་ལ་གང་མཛད་པའི་སྐོར་ལའང་གོ་ཐོས་བྱུང་ནས་ངེད་རྣམས་ཡུལ་ཐག་རིང་ཞིག་ནས་ཡོང་བ་ཡིན། 11ང་ཚོའི་ཡུལ་གྱི་འགོ་བྱེད་དང་མི་མང་ཚོས་ང་ཚོ་ལ། ལམ་ཟས་འཁྱེར་ནས་ཁྱེད་རང་ཚོ་དང་ཐུགས་འཕྲད་བྱེད་དགོས་ཅེས་བསྐུལ་ཞིང་། ངེད་རྣམས་ཁྱེད་རང་ཚོའི་གཡོག་པོའི་ཚུལ་དུ་གནས་སྡོད་བྱས་ཏེ། ཁྱེད་རང་ཚོས་ངེད་རྣམས་ལ་མཐུན་ལམ་གྱི་འཆིང་འགྲིགས་ཤིག་བཞག་རོགས་གནང་ཞེས་ཞུ་པར་མངགས་སོ། 12ང་ཚོའི་ལམ་ཟས་བག་ལེབ་འདི་ལ་གཟིགས་དང་། ཁྱེད་རྣམས་དང་ཐུགས་འཕྲད་བྱེད་ཕྱིར་ཐོག་མར་ང་ཚོ་ནང་ནས་འཐོན་སྐབས་བག་ལེབ་འདི་ཚོ་གསོས་པ་ཡིན་ཏེ། ད་འདི་ཚོ་སྐམ་ནས་ཧམ་དྲི་བརྒྱབ་ཚར་འདུག 13ཐོག་མར་རྐྱལ་པ་འདི་ཚོའི་ནང་རྒུན་ཆང་བླུགས་ནས་འཁྱེར་ཡོང་དུས་འདི་ཚོ་གསར་ཀྱང་ཡིན་པས། ད་གཟིགས་དང་། དེ་ཚོ་ཚང་མ་རལ་ཚར་འདུག། འགྲུལ་ལམ་ས་ཐག་རིང་བའི་རྐྱེན་གྱིས་ང་ཚོའི་གོས་དང་ལྷམ་ཡང་རྩབ་རལ་ཕྱིན་འདུག་ཅེས་སྨྲས་པ་དང་། 14དེ་ནས་ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་ལ་བཀའ་ཁྲོལ་མ་ཞུས་པར་ཁོ་ཚོའི་ལམ་ཟས་དེ་ནས་ལེན་ཞིང་། 15ཡོ་ཤུ་ཨས་གྷི་བི་ཨོན་པ་ཡུལ་མི་ཚོ་དང་མཐུན་ལམ་གྱི་འཆིང་འགྲིགས་བཞག་སྟེ་དེ་ཚོ་གསོན་པོར་གནས་བཅུག་ཅིང་། ཨིསི་རཱཨེལ་གྱི་འགོ་དཔོན་ཚོས་ཀྱང་འཆིང་ཡིག་དེ་ལ་རྩིས་བསྲུང་བྱེད་རྒྱུའི་དམ་བཅའ་བྱས་སོ། 16འཆིང་ཡིག་བཞག་པའི་ཉིན་ཞག་གསུམ་གྱི་རྗེས་ལ་མི་དེ་ཚོ་ཉེ་འགྲམ་དུ་གནས་སྡོད་བྱས་པའི་སྐོར་ལ་ཨིསི་རཱཨེལ་པ་ཚོས་ཧ་གོ་ནས། 17ཨིསི་རཱཨེལ་པ་ཚོ་ཉིན་ཞག་གསུམ་གྱི་ལམ་དུ་ཕྱིན་ཏེ། གྷི་བི་ཨོན་དང་། ཀེ་ཕི་རཱ་དང་། བྷི་རོད་དང་། ཀིར་ཡད་ཡ་རིམ་བཅས་ཀྱི་མི་རིགས་རྣམས་གནས་སྡོད་བྱེད་པའི་གྲོང་ཁྱེར་ཁག་ཏུ་བསླེབས་སོ། 18འོན་ཀྱང་ཨིསི་རཱཨེལ་གྱི་འགོ་བྱེད་ཚོས་གཙོ་བོ་དཀོན་མཆོག་གི་མཚན་གྱི་ངང་ལ་ཁོ་ཚོར་དམ་བཅའ་བཙན་པོ་ཞིག་བཞག་པའི་རྐྱེན་གྱིས་ཨིསི་རཱཨེལ་པ་ཚོས་ཁོ་ཚོ་བསད་མ་ཐུབ་པ་དང་། དེའི་སྐོར་ལ་མི་མང་ཚང་མས་འགོ་བྱེད་ཚོ་ལ་སྐྱོན་བརྗོད་བྱས་པའི་ལན་དུ། 19དེ་ཚོས། ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་གྱི་མཚན་གྱི་ངང་ལ་ང་ཚོས་དམ་བཅའ་བཙན་པོ་ཞིག་བྱས་ཡོད་པས་ད་ང་ཚོས་ཁོ་ཚོ་ལ་གནོད་འཚེ་གང་ཡང་བྱེད་ཆོག་གི་མ་རེད། 20ང་ཚོས་དམ་བཅའ་བྱས་པ་གཞིར་བཟུང་ཁོ་ཚོ་གསོན་པོར་གནས་བཅུག་ན་མ་གཏོགས་དཀོན་མཆོག་གིས་ང་ཚོར་ཆད་པ་གཏོང་བ་གནང་གི་རེད། 21ད་ཁོ་ཚོ་གསོན་པོར་གནས་ཆུག་ཅིག། འོན་ཀྱང་ཁོ་ཚོས་ང་ཚོའི་དོན་དུ་ཤིང་དང་ཆུ་སོགས་དབོར་འདྲེན་བྱེད་དགོས་ཅེས་སྨྲས་པ་དང་། 22དེ་ནས་ཡོ་ཤུ་ཨས་གྷི་བི་ཨོན་གྱི་མི་རྣམས་བོས་ནས། ཁྱོད་ཚོ་ཐག་ཉེ་པོ་འདི་འདྲར་བསྡད་བཞིན་དུ་ཡུལ་ཐག་རིང་ནས་ཡོང་བ་ཡིན་ཞེས་ང་ཚོར་མགོ་བསྐོར་བཏང་བ་དེ་གང་ཡིན་ནམ། 23ཁྱོད་ཚོས་མགོ་སྐོར་འདི་འདྲ་བཏང་བ་ཡིན་པས། ད་ཁྱོད་ཆོར་དཀོན་མཆོག་གིས་དམོད་པ་ཕོག་ཡོད། ཁྱོད་ཚོས་ངའི་དཀོན་མཆོག་གི་མཆོད་ཁང་དུ་ཤིང་དང་ཆུ་སོགས་དབོར་འདྲེན་བྱེད་ཅིང་དུས་རྒྱུན་དུ་བྲན་གཡོག་གི་ཚུལ་དུ་བསྡད་དགོས་ཅེས་སྨྲས་པ་དང་། 24ཁོ་ཚོས་ལན་དུ། སྐུ་ཞབས་ལགས། ང་ཚོའི་འདི་ལྟར་བྱེད་པ་ཡིན་གང་ལགས་ཟེར་ན་གཙོ་བོ་དཀོན་མཆོག་ཁྱེད་ཚོའི་དཀོན་མཆོག་གིས་ཉིད་ཀྱི་ཞབས་ཏོག་པ་མོ་ཤེ་ལ། ཁྱོད་ཚོ་མདུན་སྐྱོད་བྱས་ནས་ཡོང་དུས་ཡུལ་ཡོངས་ཛོགས་ཁྱེད་ཚོར་སྟེར་ཞིང་དེའི་ནང་ཡོད་པའི་མི་ཚང་མ་བསད་དགོས་ཞེས་གསུངས་པ་དེ་ནི་བདེན་པ་ཡིན་པར་ང་ཚོས་ཤེས་བྱུང་། ང་ཚོ་ཁྱེད་དང་མཉམ་དུ་འཇིགས་པ་དང་། ང་ཚོའི་སྲོག་གི་འཇིགས་པའི་རྐྱེན་གྱི་ང་ཚོའི་དེ་ལྟར་བྱས་པ་ཡིན། 25ད་ང་ཚོ་ཁྱེད་རང་གི་ཕྱག་ལ་ཡོད་པས། ཁྱེད་རང་གི་ཐུགས་ལ་གང་ཡག་ག་ཡིན་པ་དེ་ག་རང་གནང་རོགས་གནང་ཞེས་ཞུས་སོ། 26དེར་བརྟེན་ཡོ་ཤུ་ཨས་ཨིསི་རཱཨེལ་པ་རྣམས་ལ། ཁྱོད་ཚོས་མི་དེ་རྣམས་བསད་མི་ཆོག་ཅེས་སྨྲས་ནས་དེ་ཚོར་སྲུང་སྐྱོབ་བྱས་མོད། 27འོན་ཀྱང་ཡོ་ཤུ་ཨས་མི་དེ་ཚོ་ལ་གཙོ་བོ་དཀོན་མཆོག་གི་མཆོད་ཁྲི་དང་ཨིསི་རཱཨེལ་མི་མང་གི་ཆེད་དུ་ཆུ་དང་ཤིང་སོགས་དབོར་འདྲེན་བྱེད་པའི་བྲན་གཡོག་གི་ཚུལ་དུ་བཞག་ཅིང་། མི་རིགས་དེ་རྣམས་དེང་དུས་ཀྱང་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ཁག་ཏུ་ལས་ཀ་དེ་བཞིན་མུ་མཐུད་ནས་བྱེད་བཞིན་པ་ཡིན་ནོ༎

ཡོ་ཤུ་ཨ 10

ཨ་མོར་པ་རྣམས་འཕམ་པ།

1ཡོ་ཤུ་ཨས་སྔར་ཡེ་རི་ཀོ་དང་དེའི་རྒྱལ་པོར་གང་བྱས་པ་བཞིན་ཨེའི་གྲོང་ཁྱེར་དབང་དུ་བསྡུས་ནས་རྩ་མེད་དུ་བཏང་ཞིང་། དེའི་རྒྱལ་པོར་བསད་པའི་སྐོར་ཡེ་རུ་ཤ་ལེམ་གྱི་རྒྱལ་པོ་ཨ་དྷོ་ནི་ཛེ་དེག་གིས་ཐོས་སོ། གྷི་བི་ཨོན་གྱི་ཡུལ་མི་ཚོས་ཨིསི་རཱཨེལ་པ་རྣམས་དང་འཆིང་སྒྲིག་བྱས་ནས་དེ་ཚོའི་ཁྲོད་དུ་བསྡད་ཡོད་པའི་སྐོར་ཡང་ཁོང་གི་ཐོས་སོ། 2ཡེ་རུ་ཤ་ལེམ་གྱི་མི་རྣམས་ཧ་ཅང་འཇིག་སྣང་ཆེན་པོ་སྐྱེས་སོ། གང་ལགས་ཟེར་ན། གྷི་བི་ཨོོན་ནི་རྒྱལ་པོ་ཡོད་པའི་གྲོང་ཁྱེར་ཚོ་དང་འདྲ་བ་ཧ་ཅང་ཆེ་ཞིང་། ཨེའི་གྲོང་ཁྱེར་ལས་ཆེ་བ་མ་ཟད། དེའི་ཡུལ་མི་ཚང་མ་དཔའ་རྩལ་དང་ལྡན་པ་ཡོད་པ་ཡིན་ནོ། 3དེར་བརྟེན་ཡེ་རུ་ཤ་ལེམ་གྱི་རྒྱལ་པོ་ཨ་དྷོ་ནི་ཛེ་དེག་གིས་གནས་ཚུལ་དེ་ཐོས་ནས་ཧེབ་རོན་གྱི་རྒྱལ་པོ་ཧོ་ཧམ་དང་ཡར་མུད་ཀྱི་རྒྱལ་པོ་པི་རམ་ལ་ཀིཤི་ཀྱི་རྒྱལ་པོ་ཡ་ཕི་ཨ་དང་། ཨེག་ལོན་གྱི་རྒྱལ་པོ་དྷེ་བིར་བཅས་ལ་འདི་ལྟར་ལོན་བཏང་ངོ་། 4གྲོང་ཁྱེར་གྷི་བི་ཨོན་ལ་དམག་བརྒྱབ་པའི་ཕྱིར་ཁྱེད་རྣམས་ངའི་རྩར་ཡོང་ནས་ང་ལ་རོགས་གནང་དགོས་སོ། གང་ཡིན་ཟེར་ན། ཁོ་ཚོས་ཡོ་ཤུ་ཨས་གཙོས་པས་ཨིསི་རཱཨེལ་པ་རྣམས་དང་འཆིང་སྒྲིག་བྱས་འདུག་ཅེས་སྨྲས་སོ། 5ཡེ་རུ་ཤ་ལེམ་དང་། ཧེབ་རོན། ཡར་མུད། ལ་ཀིཤི་དང་། ཨེག་ལོན་བཅས་ཨ་མོར་པའི་རྒྱལ་པོ་ལྔས་རང་རང་སོ་སོའི་དམག་མི་རྣམས་འཁྲིད་ཡོང་སྟེ། གྷི་བི་ཨོན་ལ་མཐའ་བསྐོར་ནས་དམག་བརྒྱབ་བོ། 6དེ་ནས་གྷི་བི་ཨོན་གྱི་ཡུལ་མི་ཚོས་གྷིལ་གཱལ་གྱི་དམག་སྒར་དུ་ཡོ་ཤུ་ཨའི་རྩར་ལོན་བཏང་ཞིང་། ཁྱེད་རང་མགྱོགས་པོ་ཕེབས་ནས་ང་ཚོ་ལ་སྐྱབས་རོགས་གནང་། ང་ཚོ་ཁྱེད་ཀྱི་བྲན་གཡོག་ལ་མ་སྤངས་རོགས་གནང་། གང་ཡིན་ཟེར་ན་རི་རྒྱུད་ཁུལ་དུ་གནས་པའི་ཨ་མོར་པའི་རྒྱལ་པོ་ཚང་མས་ཕྱོགས་གཅིག་ཏུ་འདུས་ནས་ང་ཚོའི་ཐོག་ཏུ་འཐབ་རྒོལ་བྱས་སོ། 7དེ་ནས་ཡོ་ཤུ་ཨས་རང་གི་དམག་མི་དཔའ་རྩལ་ལྡན་པའི་ཚོགས་ཆེན་པོ་ཞིག་འཁྲིད་དེ་གྷིལ་གཱལ་ནས་འཐོན་ནོ། 8གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ། ཁྱོད་ཁོང་ཚོ་ལ་འཇིག་མི་དགོས། གང་ཡིན་ཟེར་ན་ངས་ཁོང་ཚོ་ཚང་མ་ཁྱོད་ཀྱི་ལག་ཏུ་རྩིས་སྤྲད་ཡོད། ཁོང་ཚོའི་ནང་ནས་གཅིག་གིས་ཀྱང་ཁྱོད་ལ་གདོང་ལེན་བྱེད་ཐུབ་མི་ཡོང་ཞེས་གསུངས་པས། 9ཡོ་ཤུ་ཨ་དང་ཁོའི་དམག་མི་རྣམས་མཚན་གང་གྷིལ་གཱལ་ནས་འགྲུལ་པ་དང་གྷི་བི་ཨོན་དུ་སླེབས་ནས་ཧང་སངས་བའི་ཨ་མོར་པ་ཚོའི་ཐོག་ཏུ་དམག་བརྒྱབ་བོ། 10གཙོ་བོ་དཀོན་མཆོག་གིས་ཨ་མོར་པ་ཚོ་ལ་ཨིསི་རཱཨེལ་གྱི་དམག་མིའི་མདུན་དུ་དངང་སྐྲག་སྐྱེས་བཅུག་གོ གྷི་བི་ཨོན་དུ་ཨིསི་རཱཨེལ་པ་ཚོས་ཁོ་ཚོ་སྡེབ་གསོད་བྱས་པ་དང་། བྷེད་ཧོ་རོན་དུ་རི་རྒྱུད་གྱི་ལམ་ཐུར་རུ་དེད་ནས་ལྷོ་ཕྱོགས་སུ་ཨ་ཛི་ཀཱ་དང་། མ་ཀེ་དཱ་མ་སླེབས་བར་དུ་དེ་དག་ལ་འཐབ་བོ། 11ཁོ་ཚོ་ཨིསི་རཱཨེལ་པ་ཚོའི་མདུན་ནས་བྷེཐ་རོན་གྱི་ཐུར་ལམ་བརྒྱུད་དེ་བྲོས་ཤིང་། ཨ་ཛི་ཀཱ་བར་དུ་གཙོ་བོ་དཀོན་མཆོག་གིས་ཁོང་ཚོའི་ཐོག་ཏུ་སེར་བ་དྲག་པོ་ཞིག་ཕབ་ནས་ཁོང་ཚོ་ཤི་བས། ཨིསི་རཱཨེལ་པ་ཚོའི་རལ་གྲིས་བསད་པ་ལས་སེར་བས་བརྡུངས་ནས་ཤི་བའི་མིའི་ཁ་གྲངས་མང་བ་བྱུང་ངོ་། 12གཙོ་བོ་དཀོན་མཆོག་གིས་ཨ་མོར་པ་རྣམས་ཨིསི་རཱཨེལ་པ་ཚོའི་ལག་ཏུ་རྩིས་སྤྲོད་བྱས་པའི་ཉིན་མོར་ཡོ་ཤུ་ཨས་ཨིསི་རཱཨེལ་པ་ཚོའི་མདུན་དུ་གཙོ་བོ་དཀོན་མཆོག་ལ། ཀྱེ། ཉི་མ་གྷི་བི་ཨོན་གྱི་ཐོད་དུ་གཡོ་འགུལ་མེད་པར་གནས་ཤིག ཀྱེ། ཟླ་བ་ཨེ་ཡ་ལོན་གྱི་ལུང་གཤོང་ཐོད་དུ་བཀག་ཤིག་ཅེས་ཞུས་སོ། 13དགྲ་བོའི་མི་རིགས་རྣམས་མ་འཕམ་བར་དུ་ཉི་མ་གཡོ་འགུལ་མེད་པར་གནས་པ་དང་ཟླ་བ་ནི་འགགས་སོོ། ལོ་རྒྱུས་དེའི་སྐོར་མདོ་ཡ་ཤར་ནང་དུ་ཇི་གསལ་ལྟར། ཉི་མ་ནམ་མཁའི་དཀྱིལ་དུ་གཡོ་འགུལ་མེད་པར་ཉིན་གང་མ་ནུབ་པར་བསྡད་དོ། 14གཙོ་བོ་དཀོན་མཆོག་གིས་མི་ཞིག་གི་ཞུ་བ་གསན་པས། ཉིན་མོ་དེ་འདྲ་བ་སྔ་ཕྱི་ནམ་ཡང་མ་བྱུང་བ་ཡིན་ནོ། གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་ཕྱོགས་མཛད་དེ་དམག་འཐབ་པ་གནང་བ་ཡིན་ནོ། 15དེ་རྗེས་ཡོ་ཤུ་ཨ་དང་ཁོང་གི་དམག་མི་ཚང་མ་གིལ་གཱལ་གྱི་དམག་སྒར་དུ་ཕྱིར་ལོག་བྱས་སོ༎

ཡོ་ཤུ་ཨས་ཨ་མོར་པའི་རྒྱལ་པོ་ལྔ་འཛིན་བཟུང་བྱས་པ།

16ཨ་མོར་པའི་རྒྱལ་པོ་ལྔ་བྲོས་ཏེ་མ་ཀེ་དའི་བྲག་ཕུག་ཏུ་གབ་བོ། 17དེ་ཚོར་མི་ཞིག་གི་རྙེད་པ་དང་དེ་ཚོ་གབ་པའི་ས་གནས་དེ་ཡོ་ཤུ་ཨ་ལ་བཤད་དོ། 18ཡོ་ཤུ་ཨས། བྲག་ཕུག་གི་ཁར་རྡོ་ཆེན་པོ་རྣམས་སྒྲིལ་ནས་དེར་སྲུང་མཁན་དམག་མི་རྣམས་ཞོག་ཅིག 19འོན་ཀྱང་ཁྱོད་ཚོ་རང་ཉིད་དེར་མ་བསྡད་ཅིག དགྲ་བོའི་ཞུག་ལ་དེད་ཅིང་། དེ་ཚོར་རྒྱབ་ཕྱོགས་ནས་འཐབ་ཅིག། དེ་ཚོའི་གྲོང་ཁྱེར་ཚོའི་ནང་དུ་སླེབས་མ་བཅུག་ཅིག གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་དེ་ཚོའི་ཐོག་ཏུ་ཁྱོད་ཚོར་རྒྱལ་ཁ་གནང་ཡོད་དོ། 20ཡོ་ཤུ་ཨ་དང་ཨིསི་རཱཨེལ་གྱི་མི་ཚོས་སྡེབ་གསོད་བྱས་ཏེ། འགའ་ཤས་གྲོང་ཁྱེར་གྱི་ལྕགས་རི་ནང་དུ་སྲུང་སྐྱོབ་ཐོབ་པའི་རྐྱེན་གྱི་མ་བསད་དོ། 21དེ་ནས་ཡོ་ཤུ་ཨའི་མི་ཚང་མ་མ་ཀེ་དཱའི་སྒར་དུ་ཁོང་རྩར་ཁམས་བཟང་ཐོག་ཕྱིར་ལོག་བྱས་ཤིང་། ཨིསི་རཱཨེལ་པ་རྣམས་ལ་སུས་ཀྱང་སྐྱོན་བརྗོད་བྱེད་མ་ནུས་སོ། 22དེ་ནས་ཡོ་ཤུ་ཨས་སྨྲས་པ། བྲག་ཕུག་གི་སྒོ་ཕྱེས་ནས་རྒྱལ་པོ་ལྔ་པོ་དེ་དག་ཕྱིར་བཏོན་ཏེ་ངའི་རྩར་འཁྲིད་ཤོག། 23དེར་བརྟེན་བྲག་ཕུག་ཁ་ཕྱེ་པ་དང། ཡེ་རུ་ཤ་ལེམ་གྱི་རྒྱལ་པོ་དང་། ཧེབ་རོན་གྱི་རྒྱལ་པོ། ཡར་མུད་ཀྱི་རྒྱལ་པོ། ལ་ཀིཤིའི་རྒྱལ་པོ་དང་། ཨེག་ལོན་གྱི་རྒྱལ་པོ་རྣམས་ལ་ཕྱིར་བཏོན་པ་དང་། 24ཡོ་ཤུ་ཨའི་རྩར་འཁྲིད་དོ། དེ་ནས་ཡོ་ཤུ་ཨས་ཨིསི་རཱཨེལ་གྱི་མི་རྣམས་ལ་ཁོང་གི་རྩར་འབོད་ནས། ཁོང་དང་མཉམ་དུ་ཕྱིན་པའི་དམག་དཔོན་རྣམས་ལ་རྒྱལ་པོ་དེ་ཚོའི་འཇིང་པའི་ཁར་ཁྱོད་ཚོའི་རྐང་པ་ཞོག་ཅིག་ཅེས་བཀའ་གནང་བ་དང། དེ་ཚོའི་དེ་བཞིན་བྱས་སོ། 25དེ་ནས་ཡོ་ཤུ་ཨས་དམག་དཔོན་དེ་དག་ལ། མ་འཇིགས་པ་དང་སེམས་ཤུགས་མ་ཆགས་ཤིག ཡིད་ཆེས་དང་བློ་སྟོབས་སྐྱེད་ཅིག། གང་ཡིན་ཟེར་ན། ཁྱོད་ཚོའི་དགྲ་བོ་ཚང་མར་གཙོ་བོ་དཀོན་མཆོག་གིས་དེ་བཞིན་དུ་གནང་རྒྱུ་ཡིན་ནོ། 26དེ་རྗེས་ཡོ་ཤུ་ཨས་རྒྱལ་པོ་དེ་ཚོར་བསད་དེ། ཤིང་སྡོང་ལྔ་ལ་འཕྱར་ནས་དགོང་མོའི་བར་བཞག་གོ 27ཉི་མ་ནུབ་མཚམས་སུ་ཡོ་ཤུ་ཨས་བཀའ་གནང་བ་བཞིན། དེ་དག་མར་ཕབ་སྟེ། སྔར་ཁོ་ཚོ་གབ་ནས་བསྡད་པའི་བྲག་ཕུག་གི་ནང་དུ་རོ་རྣམས་དབྱུག་ནས་བྲག་ཕུག་གི་ཁར་རྡོ་ཆེན་པོ་རྣམས་བཞག་ཡོད་པ་དེ་དག་དེང་དུས་ཀྱང་ཉམས་མེད་དུ་གནས་ཡོད་པ་ཡིན་ནོ༎

ཡོ་ཤུ་ཨས་སྔར་ལས་ལྷག་པའི་ཨ་མོར་པའི་ས་ཁུལ་དབང་དུ་བསྡུས་པ།

28ཉིན་མོ་དེ་རང་ལ་ཡོ་ཤུ་ཨས་གྲོང་ཁྱེར་མ་ཀེ་དཱ་དང་དེའི་རྒྱལ་པོ་བཅས་ལ་འཛིན་ཟུང་བྱས་སོ། གྲོང་ཁྱེར་དུ་ཡོད་པའི་ཚང་མ་ཁོང་གི་བསད་པ་དང་མི་གཅིག་ཀྱང་གསོན་པོ་མ་བཞག་གོ ཁོང་གིས་སྔར་ཡེ་རི་ཀོའི་རྒྱལ་པོ་ལ་གང་བྱས་པ་ནང་བཞིན་མ་ཀེ་དཱའི་རྒྱལ་པོ་ལའང་དེ་བཞིན་བྱས་སོ། 29དེ་རྗེས་ཡོ་ཤུ་ཨ་ཨིསི་རཱཨེལ་པ་རྣམས་དང་མཉམ་དུ་མ་ཀེ་དྷ་ནས་ལིབ་ནཱ་རུ་ཕྱིན་ནས་དེར་དམག་བརྒྱབོ། 30གཙོ་བོ་དཀོན་མཆོག་གིས་ཡུལ་དེ་དང་དེའི་རྒྱལ་པོ་དང་བཅས་པའི་ཐོག་ཏུ་ཨིསི་རཱཨེལ་པ་ཚོར་རྒྱལ་ཁ་གནང་ངོ། དེ་ཚོས་སུ་ཞིག་ལའང་ཐར་མ་བཅུག་པ་དང་དེར་ཡོད་པ་ཚང་མ་བསད་དོ། སྔར་ཡེ་རི་ཀོའི་རྒྱལ་པོ་ལ་གང་བྱས་པ་བཞིན་ཡུལ་དེའི་རྒྱལ་པོ་ལའང་དེ་བཞིན་བྱས་སོ། 31དེ་རྗེས་ཡོ་ཤུ་ཨ་ཨིསི་རཱཨེལ་པ་ཚོ་དང་མཉམ་དུ་ལིབ་ནཱ་ནས་འཐོན་ཏེ་ལ་ཀིཤི་དུ་འབྱོར་བ་དང་། ཡུལ་དེར་མཐའ་བསྐོར་ནས་དམག་དྲངས་སོ། 32གཙོ་བོ་དཀོན་མཆོག་གིས་ཉིན་ཞག་གཉིས་པར་ཨིསི་རཱཨེལ་པ་ཚོར་ལ་ཀིཤི་ཐོག་ཏུ་རྒྱལ་ཁ་གནང་ངོ་། ཁོ་ཚོས་སྔར་བཞིན་ལིབ་ནཱ་རུ་གང་བྱས་པ་བཞིན་གྲོང་ཁྱེར་དེའི་མི་མང་གཅིག་ཀྱང་མ་བཞག་པར་ཡོངས་རྫོགས་ཚར་བཅད་དོ། 33གྷེ་ཛེར་གྱི་རྒྱལ་པོ་ཧོ་རམ་གྱིས་ལ་ཀིཤི་ལ་རོགས་བྱེད་པའི་ཕྱིར་ཡོང་མོད། འོན་ཀྱང་ཡོ་ཤུ་ཨས་དེ་ཚོ་ལའང་ཐར་དུ་མ་འཇུག་པར། དེའི་རྒྱལ་པོ་དང་དམག་མི་ཚང་མ་བཟུང་ནས་བསད་དོ། 34དེ་རྗེས་ཡོ་ཤུ་ཨ་དང་ཁོང་གི་དམག་མི་ལ་ཀིཤི་ནས་འཐོན་ཏེ་ཨེག་ལོན་དུ་བསླེབས་པ་དང་། ཁོང་ཚོས་དེར་མཐའ་བསྐོར་ནས་དམག་དྲངས་ཤིང་། 35ཁོང་ཚོས་ཉིན་མོ་དེ་རང་ལ་ཡུལ་དེའང་དབང་དུ་བསྡུས་ནས། སྔར་ལ་ཀིཤི་ལ་གང་བྱས་པ་ནང་བཞིན་དེར་ཡོད་པའི་མི་མང་ཡོངས་རྫོགས་ཚར་བཅད་དོ། 36དེ་རྗེས་ཡོ་ཤུ་ཨ་དང་ཁོང་གི་དམག་མི་དང་མཉམ་དུ་ཨེག་ལོན་ནས་ཐོད་ཀྱི་རི་རྒྱུད་ཕྱོགས་སུ་འཐོན་ཏེ་ཧེབ་རོན་དུ་བསླེབས་པ་དང་། ཁོང་ཚོས་ཡུལ་དེར་དམག་དྲངས་ཤིང་། 37ཁོང་ཚོས་དེ་ཡང་དབང་དུ་བསྡུས་ནས་དེའི་རྒྱལ་པོ་དང་གྲོང་ཁྱེར་གྱི་མི་ཐམས་ཅད་གཞན་ཡང་ཉེ་འཁོར་གྱི་གྲོང་ཁྱེར་གྱི་མི་རྣམས་ལ་ཡང་ཚར་བཅད་དོ། ཁོང་གིས་ཨེག་ལོན་ལ་གང་བྱས་པ་བཞིན་བྱས་ནས། སུ་ཞིག་ལའང་གསོན་པོར་མ་བཞག་པར་གྲོང་ཁྱེར་དེ་ཆ་ཚང་ཚར་བཅད་དོ། 38དེ་ནས་ཡོ་ཤུ་ཨ་དང་ཁོང་གི་དམག་མི་དྷེ་བིར་རུ་ཕྱིར་ལོག་ནས་དེར་དམག་དྲངས་སོ། 39ཡུལ་དེ་དང་དེའི་རྒྱལ་པོ་དང་ཉེ་འཁོར་གྱི་གྲོང་ཁྱེར་ཚང་མ་དབང་དུ་བསྡུས་ཤིང་། དེའི་ནང་ཡོད་པའི་མི་ཚང་མ་ཚར་བཅད་ནས། ཧེབ་རོན་དང་ལིབ་ནཱ་དང་དེ་ཚོའི་རྒྱལ་པོ་རྣམས་ལ་གང་བྱས་པ་ལྟར་དྷེ་བིར་དང་དེའི་རྒྱལ་པོ་ལའང་དེ་བཞིན་བྱས་སོ། 40ཡོ་ཤུ་ཨས་ཡུལ་ཡོངས་རྫོགས་དབང་དུ་བསྡུས་ཤིང་། རི་ཁུལ་གྱི་ཡུལ་དང་། ཤར་ངོས་ཀྱི་ཐུར་དང་། དེ་བཞིན་ནུབ་ངོས་ཀྱི་རི་ཁུལ་གྱི་རྩ་བར་ཡོད་པ་དང་། གཞན་ཡང་ལྷོ་ཕྱོགས་ཁུལ་གྱི་ས་གནས་སྐམ་པོའིི་རྒྱལ་པོ་རྣམས་ཀྱི་ཐོག་ཏུ་རྒྱལ་ཁ་ཐབ་བོ། ཁོང་གི་སུ་ཞིག་ལ་ཡང་ཐར་མ་བཅུག་པ་དང་ཡོངས་རྫོགས་ཚར་བཅད་དོ། གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་འདི་ལྟར་བཀའ་གནང་ཡོད་པ་ཡིན་ནོ། 41ཡོ་ཤུ་ཨས། ཀ་དྷེཤི་བྷར་ནེ་ནས་གྷ་ཛ་བར་དང་གྷོ་ཤེན་གྱི་ས་ཁུལ་ཚང་མ་ནས་གྷི་བི་ཨོན་བར་དུ་དབང་དུ་འསྡུུས་སོ། 42ཡོ་ཤུ་ཨས་རྒྱལ་པོ་དེ་དག་དང་དེ་ཚོའི་ཡུལ་ཚང་མར་དུས་སྐབས་གཅིག་རང་དུ་དམག་འཐབ་བྱས་ཏེ་དབང་དུ་བསྡུས་པ་ཡིན་ནོ། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ཁོ་ཚོའི་ཕྱོགས་མཛད་དེ་དམག་འཐབ་གནང་བས་ཕྱིར་རོ། 43དེ་རྗེས་ཡོ་ཤུ་ཨ་དང་ཁོང་གི་དམག་མི་ཡོངས་རྫོགས་གྷིལ་གཱལ་སྒར་དུ་ཕྱིར་ལོག་བྱས་སོ༎

ཡོ་ཤུ་ཨ 11

ཡོ་ཤུ་ཨས་ཡ་བྷིན་དང་ཁོའི་མཐུན་ཕྱོགས་ཀྱི་རྒྱལ་པོ་རྣམས་འཕམ་པ།

1ཨིསི་རཱཨེལ་པ་ཚོའི་རྒྱལ་ཁའི་གནས་ཚུལ་དེ་ཧ་ཛོར་གྱི་རྒྱལ་པོ་ཡ་བྷིན་གྱིས་ཐོས་ནས། མ་དྷོན་གྱི་རྒྱལ་པོ་ཡོ་བྷབ་དང་། ཤིམ་རོན་གྱི་རྒྱལ་པོ་དང། ཨག་ཤབ་ཀྱི་རྒྱལ་པོ་རྣམས་དང་། 2བྱང་ཕྱོགས་རི་བརྒྱུད་ཡུལ་གྱི་རྒྱལ་པོ་རྣམས་དང་། གྷ་ལིལ་མཚོའི་ལྷོ་ཕྱོགས་སུ་ཡོར་དན་གྱི་ལུང་གཤོང་དང་རི་བོའི་གཤམ་དང་ཌོརའི་ཉེ་འགྲམ་གྱི་མཚོ་བར་དུ་ཡོད་པའི་ཡུལ་རྫོངས་ཀྱི་རྒྱལ་པོ་རྣམས་ལ་ལོན་འདི་བཏང་ངོ་། 3ཁོང་གི་ཡོར་དན་གྱི་ཕྱོགས་གཉིས་སུ་གནས་སྡོད་བྱེད་མཁན་ཀ་ནན་པ་དང་། ཨ་མོར་པ། ཧི་ཏི་པ། པེ་རི་ཛི་པ། རི་བརྒྱུད་ཁུལ་དུ་གནས་པའི་ཡ་བྷུ་སི་པ་རྣམས་དང་། མིཛ་པཱ་ཡུལ་གྱི་ཧར་མོན་རིའི་གཤམ་དུ་གནས་སྡོད་བྱེད་པའི་ཧི་ཝི་པ་རྣམས་ལའང་ལོན་བཏང་ངོ་། 4ཁོང་ཚོ་རང་གི་དམག་དཔུང་ཆེན་པོ་ཞིག་རྒྱ་མཚོའི་མཐའི་བྱེ་མ་དང་མཚུངས་པའི་རྟ་དང་ཤིང་རྟ་འཁོར་ལོ་ཚོགས་དང་བཅས་པ་འཐོན་ནས་ཡོང་ངོ་། 5རྒྱལ་པོ་ཚང་མ་ཕྱོགས་གཅིག་ཏུ་འཛོམས་ནས། ཨིསི་རཱཨེལ་པ་ཚོ་དང་མཉམ་དུ་དམག་འཐབ་པའི་ཕྱིར་མེ་རོམ་ཟེར་བའི་རྒྱུགས་ཆུར་སྒར་བརྒྱབ་ནས་བསྡད་དོ། 6དེ་ནས་གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ་གསུངས་པ། ཁོ་ཚོ་ལ་མ་འཇིགས་ཤིག། གང་ཡིན་ཟེར་ན། སང་ཉིན་དུས་ཚོད་འདི་རང་ལ་ངས་ཁོ་ཚོ་ཚང་མ་བསད་ནས་ཨིསི་རཱཨེལ་གྱི་ཆེད་དུ་དེ་ཚོ་ཚང་མ་ཚར་གཅོད་ཟིན་པ་ཡོད། ཁྱོད་ཚོས་ཁོ་ཚོའི་རྟ་རྣམས་རྐང་པ་ཀྱོག་ཀྱོག་བཟོས་ཏེ། ཤིང་རྟ་རྣམས་མེར་བསྲེགས་བཏང་དགོས། 7དེར་བརྟེན་ཡོ་ཤུ་ཨ་དང་ཁོང་གི་དམག་མི་རྣམས་ཀྱིས་དེ་མ་ཐག་ཏུ་མེ་རོམ་ཟེར་བའི་རྒྱུག་ཆུར་ཁོང་ཚོའི་ཐོག་ཏུ་དམག་དྲངས་སོ། 8གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོ་ལ་དེ་ཚོའི་ཐོག་ཏུ་རྒྱལ་ཁ་གནང་ངོ་། ཁོ་ཚོས་དེ་ཚོར་དམག་འཐབ་བྱས་ནས་བྱང་ཕྱོགས་སུ་མིསེ་རེ་ཕོད་མ་ཨིམ་དང་སི་དོན་བར་དང་། ཤར་ཕྱོགས་སུ་མིཛ་པཱའི་ལུང་གཤོང་བར་དུ་དེད་ནས། དགྲ་བོ་ཚང་མ་མ་ཤི་བར་དུ་དམག་འཐབ་བོ། 9ཡོ་ཤུ་ཨས་དེ་ཚོ་མཉམ་དུ་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ལྟར་བྱས་སོ། ཁོ་ཚོའི་རྟ་རྣམས་རྐང་ཀྱོག་བཟོས་པ་དང་། ཤིང་རྟ་རྣམས་མེར་བསྲེགས་བཏང་ངོ་། 10དེ་ནས་ཡོ་ཤུ་ཨ་ཕྱིར་ལོག་བྱས་ནས་ཧ་ཛོར་དབང་དུ་བསྡུས་ནས་དེའི་རྒྱལ་པོའང་ཚར་བཅད་དོ། དེ་སྐབས་སུ་ཧ་ཛོར་ནི་རྒྱལ་ཁབ་དེ་ཚོའི་ནང་ནས་སྟོབས་ཤུགས་ཅན་ཡིན་ནོ། 11དེར་ཡོད་པ་ཚང་མ་དེ་ཚོས་བསད་དེ་སུ་ཞིག་ལའང་གསོན་པོ་མ་བཞག་པ་དང། གྲོང་ཁྱེར་དེའང་མེར་བསྲེགས་བཏང་ངོ་། 12ཡོ་ཤུ་ཨས་གྲོང་ཁྱེར་དེ་ཚོ་ཚང་མ་དང་དེ་ཚོའི་རྒྱལ་སྲིད་ཆ་ཚང་དབང་བཟུང་བྱེད་པ་དང་། གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་མོ་ཤེས་བཀའ་གནང་བ་ལྟར་དེ་ཚོ་ཚང་མ་བསད་དོ། 13ཡིན་ན་ཡང་ཡོ་ཤུ་ཨས་མེར་བསྲེགས་བཏང་བའི་ཧ་ཛོར་མ་གཏོགས་རི་བརྒྱུད་ཁུལ་དུ་བཟོས་པའི་གྲོང་ཁྱེར་གཞན་གཅིག་ཀྱང་ཨིསི་རཱཨེལ་པ་ཚོས་མེར་བསྲེག་མ་བཏང་ངོ་། 14གྲོང་ཁྱེར་དེ་ཚོའི་རིན་ཐང་ཆེ་བའི་རྒྱུ་ནོར་ཚང་མ་དང་ཕྱུགས་སོགས་ཨིསི་རཱཨེལ་པ་ཚོས་རང་གི་ཆེད་དུ་བཞག་གོ འོན་ཀྱང་མི་ཡོད་ཚད་ཚང་མ་དེ་ཚོས་ཚར་བཅད་དེ། སུ་ཞིག་ལའང་གསོན་པོ་མ་བཞག་གོ 15གཙོ་བོ་དཀོན་མཆོག་གིས་རང་གི་བཀའ་རྒྱ་རང་གི་ཞབས་ཏོག་པ་མོ་ཤེས་ལ་གནང་བ་དང། མོ་ཤེས་བཀའ་རྒྱ་དེ་ཡོ་ཤུ་ཨ་ལ་སྤྲད་པ་དང། ཡོ་ཤུ་ཨས་བཀའ་རྒྱ་དེ་རྩི་སྲུང་ཞུས་སོ། གཙོ་བོ་དཀོན་མཆོག་གིས་མོ་ཤེས་ལ་བཀའ་རྒྱ་གང་གནང་བ་ཚང་མ་ཡོ་ཤུ་ཨས་སྒྲུབས་སོ༎

ཡོ་ཤུ་ཨས་འཛིན་ཟུང་བྱས་པའི་ཡུལ་རྣམས།

16ཡོ་ཤུ་ཨས་འཛིན་ཟུང་བྱས་པའི་ཡུལ་ཚང་མ་ནི་རི་བརྒྱུད་ཁག་གི་ལུང་པ་དང་དེའི་གཤམ་དུ་ཡོད་པའི་ས་གནས་རྣམས་དང་། བྱང་དང་ལྷོ་ཕྱོགས་གཉིས་ཀ་དང་། གྷོ་ཤེན་གྱི་ཡུལ་ཀུན་དང་། དེའི་ལྷོ་ཕྱོགས་སུ་ཡོད་པའི་ས་སྐམ་དང་། ཡོར་དན་གྱི་ལུང་གཤོང་བཅས་ཡིན་ནོ། 17-18སེ་ཨིར་གྱི་གྱེན་དུ་ཡོད་པའི་ཧ་ལག་པའི་རི་བོ་ནས་ཧར་མོན་ཞེས་པའི་རི་བོའི་གཤམ་དུ་ཡོད་པའི་ལེ་བ་ནོན་གྱི་ལུང་གཤོང་བྷལ་གཌ་བར་གྱི་ས་ཁུལ་ཡོངས་རྗོགས་དབང་དུ་བསྡུས་ཏེ། ཡུལ་དེ་ཚོའི་རྒྱལ་པོ་རྣམས་འཛིན་བཟུང་བྱས་ནས་བསད་དོ། 19ཡོ་ཤུ་ཨས་ཉིན་ཞག་མང་པོའི་བར་དུ་རྒྱལ་པོ་དེ་ཚོ་ལ་དམག་བརྒྱབ་པ་དང་། གྷི་བི་ཨོན་དུ་གནས་པའི་ཧི་ཝི་པ་ཚོས་མ་གཏོགས་གྲོང་ཁྱེར་གཞན་ཚོས་ཨིསི་རཱཨེལ་པ་རྣམས་དང་འཆིང་འགྲིགས་མ་བྱས་པས། ཁོ་ཚོས་དེ་དག་དམག་འཐབ་སྟེ་དབང་དུ་བསྡུས་སོ། 20དེ་ཚོའི་ཐོག་ཏུ་ཆ་ཚང་འཇིག་པར་འགྱུར་བའི་ཉེས་པ་འཕོག་པ་དང་། དེ་ཚོ་སྙིང་རྗེ་མ་ཐོབ་པར་ཤི་བར་ཤོག་ཟེར་གཙོ་བོ་དཀོན་མཆོག་གིས་དེ་ཚོའི་སེམས་ནང་ཨིསི་རཱཨེལ་པ་རྣམས་དང་འཐབ་པའི་འདོད་པ་བཀང་བ་གནང་ངོ་། སྔར་མོ་ཤེ་ལ་འདི་ལྟར་བཀའ་རྒྱ་གནང་ཡོད་པ་ཡིན་ནོ། 21དེའི་ཚེ་ཡོ་ཤུ་ཨ་རི་བརྒྱུད་ཁག་ཏུ་སོང་ནས། ཧེབ་རོན་དང་། དྷེ་བིར། ཨ་ནབ། ཡ་ཧུ་དཱ་དང་། ཨིསི་རཱཨེལ་གྱི་རི་བརྒྱུད་ཡོངས་སུ་གནས་པའི་ཨ་ན་ཀིམ་པ་ཐམས་ཅད་ཚར་བཅད་དོ། ཡོ་ཤུ་ཨས་ཁོ་ཚོ་དང་ཁོ་ཚོའི་གྲོང་ཁྱེར་དང་བཅས་པ་ཆ་ཚང་ཚར་བཅད་དོ། 22ཨིསི་རཱཨེལ་ཡུལ་དུ་ཨ་ན་ཀིམ་པ་རྣམས་གཅིག་ཀྱང་མ་ལུས་ཤིང་། གྷ་ཛ། གྷད་དང་། ཨཤ་དྷོད་བཅས་ལ་ཁ་ཤས་ལུས་སོ། 23གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་བཞིན་ཡོ་ཤུ་ཨས་ཡུལ་ཚང་མ་དབང་དུ་བསྡུས་སོ། ཁོང་གིས་སྡེ་རིགས་རེ་རེ་རུས་ཁག་བཞིན་ཨིསི་རཱཨེལ་པ་ཚོ་ལ་ཐོབ་སྐྐལ་གྱི་ཚུལ་དུ་བགོས་སོ། དེ་རྗེས་མི་ཚོས་དམག་ནས་ངལ་གསོ་བརྒྱབས་སོ༎

ཡོ་ཤུ་ཨ 12

མོ་ཤེས་འཕམ་པར་བྱས་པའི་རྒྱལ་པོ་རྣམས།

1ཨིསི་རཱཨེལ་པ་ཚོས་ཡོར་དན་གྱི་ཤར་ཕྱོགས་ས་ཁུལ་ཨར་ནོན་གྱི་ལུང་གཤོང་ཡོར་དན་ལུང་གཤོང་གི་བྱང་ཕྱོགས་སུ་ཡོད་པའི་རི་བོ་ཧར་མོན་བར་དབང་དུ་བསྡུས་ཡོད་པ་དང་། དེ་ཚོས་རྒྱལ་པོ་གཉིས་ལ་འཕམ་པར་བྱས་སོ། 2གཅིག་ནི་ཧེཤ་བྷོན་དུ་སྲིད་སྐྱོང་བྱེད་པའི་ཨ་མོར་པའི་རྒྱལ་པོ་སི་ཧོན་ཞེས་པ་དེ་ཡིན་ཅིང་། ཁོའི་རྒྱལ་སྲིད་ནི་གྷིལ་ཨད་ཀྱི་ཡུལ་ཕྱེད་ཀ་ཡིན་ཏེ། ཨར་ནོན་ལུང་གཤོང་གི་མཐའ་མཚམས་སུ་ཆགས་པའི་ས་གནས་ཨ་རོ་ཨེར་ནས། ཨམ་མོན་གྱི་ས་མཚམས་སུ་ཡོད་པའི་གཙང་པོ་ཡ་བྷོག་བར་དང་ལུང་གཤོང་དེའི་དབུས་སུ་ཆགས་པའི་གྲོང་ཁྱེར་བར་དུ་ཁྱབ་ཡོད་པ་དང་། 3ཡོར་དན་ལུང་གཤོང་དང་། ལྷོ་ཕྱོགས་སུ་གྷ་ལིལ་གྱི་མཚོ་ནས། འཆི་བའི་རྒྱ་མཚོའི་ཤར་ཕྱོགས་སུ་ཡོད་པའི་བྷེད་ཡེ་ཤི་མོཐ་བར་དང་། རི་བོ་པིསི་གཱའི་གཤམ་བར་དུ་ཁྱབ་ཡོད་པ་ཡིན་ནོ། 4རེ་ཕ་ཨིམ་རིགས་བརྒྱུད་ཀྱི་རྒྱལ་རིགས་མཐའ་མའི་ཁོངས་ནས་བྷ་ཤཱན་ཡུལ་གྱི་རྒྱལ་པོ་ཨོག་ལའང་ཁོ་ཚོས་དབང་དུ་བསྡུས་ཤིང་། ཁོས་ཨཤ་ཏ་རོད་དང་། ཨེད་རེ་ཨི་སྲིད་སྐྱོང་བྱེད་ཀྱི་ཡོད་དོ། 5ཁོང་གིས་རྒྱལ་ཁབ་ནང་ཧར་མོན་རི་བོ་དང་། ས་ལེ་ཀཱ་དང་། བྷ་ཤཱན་ཡོངས་རྫོགས་དང་གྷེ་ཤུར་དང་མ་ཀཱ་ཚོའི་ས་མཚམས་བར་དང་། གྷིལ་ཨད་ཀྱི་ཡུལ་ཕྱེད་ཀ་ནས་ཧེཤ་བྷོན་གྱི་རྒྱལ་པོ་སི་ཧོན་གྱི་ས་འཚམས་བར་འཁལ་གྱི་ཡོད་དོ། 6རྒྱལ་པོ་དེ་གཉིས་ལ་མོ་ཤེ་དང་ཨིསི་རཱཨེལ་པ་ཚོས་འཕམ་པར་བྱེད་དོ། གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་མོ་ཤེས་དེ་ཚོའི་ཡུལ་དེ་རུ་བྷེན་དང་། གྷད་དང་། དེ་བཞིན་མ་ན་ཤེའི་སྡེ་རིགས་ཕྱེད་ཀ་ལ་རང་གི་བདག་དབང་དུ་སྤྲད་དོ༎

ཡོ་ཤུ་ཨས་འཕམ་པར་བྱས་པའི་རྒྱལ་པོ་རྣམས།

7ནུབ་ཕྱོགས་ཡོར་དན་གཙང་པོའི་ཚུ་རོལ་དུ་ལེ་བ་ནོན་གྱི་ལུང་གཤོང་བྷལ་གཌ་ནས་སེ་ཨེར་གྱི་གྱེན་དུ་ཡོད་པའི་རི་བོ་ཧ་ལག་ཁུལ་གྱི་ཡུལ་སོ་སོའི་རྒྱལ་པོ་རྣམས་ལ་ཡོ་ཤུ་ཨ་དང་ཨིསི་རཱཨེལ་པ་ཚོས་བསད་པ་དང་། ཡོ་ཤུ་ཨས་དེ་ཚོའི་ཡུལ་དེ་ཨིསི་རཱཨེལ་པ་ཚོའི་སྡེ་རིགས་སོ་སོར་ས་སྐལ་དུ་སྟེར་བ་ནི་གཤམ་གསལ་ལྟར་ཡིན་ནོ། 8རི་བརྒྱུད་ཁག་གི་ཡུལ་དང་། ནུབ་ཕྱོགས་ཀྱི་རི་གཤམ་དང་ཨ་ར་བྷ་དང་། རི་ཐུར་དང་འབྲོག་སྟོང་ཁག་དང་། ནེ་གེབ་ཡུལ་དུ་གནས་པའི་ཧི་ཏི་པ་དང་། ཨ་མོར་པ། ཀ་ནན་པ། པེ་རི་ཛི་པ། ཧི་ཝི་པ་དང་ཡེ་བྷུ་སི་པ་རྣམས། 9ཨིསི་རཱཨེལ་པ་ཚོས་གཤམ་གསལ་གྲོང་ཁྱེར་སོ་སོའི་རྒྱལ་པོ་རྣམས་བསད་པ་ནི། ཡེ་རི་ཀོ་དང་། བྷེ་ཐེལ་ཉེ་འགྲམ་གྱི་གྲོང་ཁྱེར་ཨེ་དང་། 10ཡེ་རུ་ཤ་ལེམ་དང་། ཧེབ་རོན་དང་། 11ཡར་མུད་དང་། ལ་ཀིཤི་དང་། 12ཨེག་ལོན་དང་། གྷེ་ཟེར་དང་། 13དྷེ་བིར་དང་། གྷེ་དྷེར་དང་། 14ཧོར་མཱ་དང་། ཨ་རད་དང་། 15ལིབ་ནཱ་དང་། ཨ་དུལ་ལམ་དང་། 16མ་ཀེ་དྷ་དང་། བྷེ་ཐེལ་དང་། 17ཏ་པུ་ཨ་དང་། ཧེ་ཕར་དང་། 18ཨ་ཕེག་དང་། ལ་ཤ་རོན་དང་། 19མ་དྷོན་དང་། ཧ་ཛོར་དང་། 20ཤིམ་རོན་མེ་རོན་དང་། ཨག་ཤབ་དང་། 21ཏ་ནག་དང་། མེ་གི་དྷོ་དང་། 22ཀེ་དྷེཤི་དང་། ཀར་མེལ་ཁོངས་སུ་གཏོགས་པའི་ཡོག་ནིམ་དང་། 23མཚོ་འགྲམ་དུ་ཡོད་པའི་ཌོར་དང་། དེ་བཞིན་གྷ་ལིལ་གྱི་གྷོ་ཡིམ་དང་། 24ཏིར་ཛཱ་དང་བཅས་རྒྱལ་པོ་གསུམ་བཅུ་སོ་གཅིག་ཡོད་པ་ཡིན་ནོ༎

ཡོ་ཤུ་ཨ 13

ད་དུང་དབང་དུ་བསྡུས་དགོས་པའི་ཡུལ་གྲུ་ཁག།

1ད་ཡོ་ཤུ་ཨ་ལོ་ན་ཧ་ཅང་རྒས་པ་དང་། གཙོ་བོ་དཀོན་མཆོག་གིས་ཁོ་ལ། ད་ཁྱོད་རང་ཧ་ཅང་རྒས་འདུག། འོན་ཀྱང་ད་དུང་དབང་དུ་བསྡུས་དགོས་པའི་ཡུལ་གྲུ་ཁག་མང་པོ་ཡོད་པའི་ནང་ནས། 2ཕེ་ལེ་ཤེད་དང་གྷེ་ཤུར་ཡུལ་འཁོར་ཐམས་ཅད་དང་། 3ལྷོ་ཕྱོགས་སུ་ཨབ་བིམ་གྱི་ཡུལ་འཁོར་ཁོངས་སུ་གཏོགས་པ་ཨི་ཇིབ་ཀྱི་ས་མཚམས་སུ་ཡོད་པའི་ཆུ་ཕྲན་ཤི་ཧོར་ནས་བྱང་ཕྱོགས་སུ་ཨེག་རོན་གྱི་ས་མཚམས་བར་གྱི་ས་ཁུལ་དང་། ཡང་ས་ཁུལ་དེ་རྣམས་ནི་ཀ་ནན་པའི་ས་ཁུལ་དུ་གཏོགས་ཤིང་། ཕེ་ལེ་ཤེད་པའི་རྒྱལ་པོ་རྣམས་ནི། གྷ་ཛ་དང་། ཨཤ་དྷོད་དང་། ཨཤ་ཀེ་ལོན་དང་། གྷད་དང་། ཨེག་རོན་བཅས་གནས་སྡོད་བྱེད་ཀྱི་ཡོད་པ་དང་། 4དེ་ཙམ་མ་ཟད་ཀ་ནན་པའི་ཡུལ་གྲུ་ཀུན་དང་། སི་དྷོན་པའི་ཁོངས་སུ་གཏོགས་པའི་ཡུལ་མི་རཱ་དང་། ཨ་མོར་པའི་ས་མཚམས་སུ་ཡོད་པའི་ཡུལ་ཨ་ཕེག་དང་། 5ཡང་གྷེ་བཱ་ལི་པའི་ཡུལ་དང་། ཤར་ཕྱོགས་སུ་ཡོད་པའི་ལེ་བ་ནོན་གྱི་ཡུལ་གྲུ་ཀུན་དང་། རི་བོ་ཧར་མོན་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཡུལ་བྷལ་གཌ་ནས་ལ་ཧ་མད་དང་། 6ལེ་བ་ནོན་གྱི་རི་ཁུལ་དང་མི་སི་རེ་ཕོད་མ་ཨིམ་གྱི་བར་གྱི་རི་ཁུལ་དུ་གནས་པའི་སི་དྷོན་པ་རྣམས་ཀྱི་ས་ཁུལ་བཅས་ཡིན་ནོ། ངས་མི་རིགས་འདི་ཚོ་ཚང་མ་ཨིསི་རཱཨེལ་པ་ཚོའི་མདུན་ནས་མཐར་སྐྲོད་བྱེད་རྒྱུ་ཡིན། ངས་བཀའ་བསྒོས་པ་བཞིན་ཁྱོད་ཚོས་ས་ཆ་དེ་དག་ཨིསི་རཱཨེལ་པ་ཚོར་ཆ་བགོས་རྒྱབ་དགོས་སོ། 7ད་ཡུལ་གྲུ་དེ་དག་སྡེ་རིགས་དགུའི་ནང་ཁོངས་དང་། མ་ན་ཤེའི་སྡེ་རིགས་ཕྱེད་ཀར་རང་རང་སོ་སོའི་བདག་དབང་བྱེད་ཕྱིར་བགོ་བཤའ་རྒྱབ་དགོས་ཅེས་བཀའ་གནང་ངོ་༎

ཡོར་དན་གྱི་ཤར་ཕྱོགས་སུ་ཡོད་པའི་ཡུལ་གྲུ་རྣམས་བགོ་བཤའ་རྒྱབ་པ།

8རུ་བྷེན་དང་གྷཌ་ཀྱི་སྡེ་རིགས་དང་མ་ནསེ་སཱེ་སྡེ་རིགས་ཕྱེ་ཀས་སྔར་གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་མོ་ཤེས་སྟེར་ཟིན་པའི་གཙང་པོ་ཡོར་དན་གྱི་ཤར་ཕྱོགས་ཁུལ་དུ་ཡོད་པའི་ཡུལ་གྲུ་དེ་དག་ཁོ་ཚོར་ཐོབ་ཟིན་ནོ། 9དེ་ཚོའི་ཡུལ་གྱི་རྒྱ་ཁྱོན་ནི་ཨར་ནོན་ལུང་གཤོང་གི་མཐའ་མཚམས་སུ་ཡོད་པའི་ཨ་རོ་ཨེར་དང་། ལུང་གཤོང་དེའི་དབུས་སུ་ཡོད་པའི་གྲོང་ཁྱེར་དང་། མེ་དྷེ་བྷ་ནས་དྷི་བྷོན་བར་གྱི་ཐང་ཀ་དང་། 10ཨ་མོར་པའི་རྒྱལ་པོ་སི་ཧོན་གྱི་ཧེཤ་བྷོན་ལ་དབང་བྱས་པའི་གྲོང་ཁྱེར་ཐམས་ཅད་དང་ཨམ་མོན་གྱི་ས་མཚམས་བར་དུ་ཡིན་པ་དང་། 11གྷིལ་ཨད་དང་གྷེ་ཤུར་གྱི་ས་ཁུལ་ཐམས་ཅད་དང་། མ་ཀཱ་དང་རི་བོ་ཧར་མོན་གྱི་ས་ཁུལ་ཐམས་ཅད་དང་། བྷ་ཤཱན་ཡོངས་རྫོགས་གྱི་ས་གནས་ས་ལེ་ཀཱ་བར་དང་། 12ཨཤ་ཏ་རོད་དང་། ཨེད་རེ་ཨི་ཞེས་པའི་ཡུལ་དུ་སྲིད་དབང་བྱས་པའི་རེ་ཕ་ཨིམ་གྱི་རིགས་བརྒྱུད་ཀྱི་མཐའ་མ་ལས་ཡིན་པ་མིང་ཨོག་ཅེས་པའི་རྒྱལ་པོའི་རྒྱལ་ཁམས་ཐམས་ཅད་ཀྱང་ཡིན་ཅིང་། མོ་ཤེས་མི་རིགས་དེ་ཚོ་དབང་དུ་བསྡུས་ཏེ་མཐར་སྐྲོད་བྱས་ཟིན་པ་ཡིན་ནོ། 13འོན་ཀྱང་ཨིསི་རཱཨེལ་པ་ཚོས་གྷེ་ཤུར་དང་མ་ཀཱའི་མི་མང་ལ་མཐར་སྐྲོད་མ་བྱས་པ་དང་། དེ་ཚོ་དེང་དུས་ཀྱང་ཨིསི་རཱཨེལ་ཡུལ་དུ་གནས་སྡོད་བྱེད་བཞིན་ཡིན་ནོ། 14མོ་ཤེས་ལེ་ཝིའི་སྡེ་རིགས་ལ་ས་སྐལ་སྟེར་མེད་པ་ཡིན་ཏེ། དེའི་དོན་ནི་སྔར་གཙོ་བོ་དཀོན་མཆོག་གིས་མོ་ཤེས་ལ་བཀའ་གནང་བ་བཞིན་ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་ལ་ཕུལ་བའི་སྦྱིན་སྲེག་གི་མཆོད་པའི་ཆ་ཤས་ཤིག་ཁོ་ཚོར་ཐོབ་ཀྱི་ཡོད་པས་ཕྱིར་རོ༎

རུ་བྷེན་ལ་ས་སྐལ་སྟེར་བ།

15མོ་ཤེས་རུ་བྷེན་གྱི་སྡེ་རིགས་ལས་ཡིན་པའི་ནང་མི་ཚོ་ལ་ས་སྐལ་སྟེར་ཞིང་། 16ཡང་དེ་ཚོའི་ཡུལ་གྱི་རྒྱ་ཁྱོན་ནི་ཨར་ནོན་ལུང་གཤོང་གི་མཐའ་མཚམས་སུ་ཡོད་པའི་ཨ་རོ་ཨེར་དང་། ལུང་གཤོང་དེའི་དབུས་སུ་ཡོད་པའི་གྲོང་ཁྱེར་ཁག་དང་། མེ་དྷེ་བྷའི་ཐང་ཀ་དང་། 17གཞན་ཡང་ཧེཤ་བྷོན་དང་། རི་ཁའི་ཐང་ཀ་ཁག་ལ་ཆགས་པའི་གྲོང་ཁྱེར་དྷི་བྷོན་དང་། བྷ་མོཐ་བྷལ། བྷེད་བྷལ་མི་ཨོན། 18ཡ་ཧཱཛ། ཀེ་དེ་མོད། མེ་ཕད། 19ཀི་རི་ཡཱ་ཐེམ། སིབ་མཱ། ལུང་གཤོང་གི་རི་བོར་ཡོད་པའི་ཛེ་རེད་ཤ་ཧར། 20གཞན་ཡང་བྷེད་པི་ཨོར། རི་བོ་པིསི་གཱའི་ཐུར་གྱི་ས་ཁུལ་ཁག་དང་། བྷེད་ཡེ་ཤི་མོཐ་དང་། 21རི་ཁའི་ཐང་ཀ་རི་ཁའི་ཐང་ཀ: ས་ཁ་མཐོ་སར་ཆགས་པའི་ཐང་ལ་ཟེར། ཁུལ་དུ་ཆགས་པའི་གྲོང་ཁྱེར་ཐམས་ཅད་དང་། ཨ་མོར་པའི་རྒྱལ་པོ་སི་ཧོན་གྱིས་ཧེཤ་བྷོན་ལ་སྲིད་སྐྱོང་བྱས་པའི་རྒྱལ་ཁམས་ཐམས་ཅད་ཡིན་ནོ། ཡང་རྒྱལ་པོ་དེ་དང་། མིད་ཡན་ཡུལ་གྱི་སྡེ་དཔོན་ཨེ་ཝི་དང་། རེ་ཀེམ་དང་། ཛུར་དང་། ཧུར་དང་། རེ་བྷ་བཅས་ལ་མོ་ཤེས་བཏུལ་བ་ཡིན་ཅིང་། གོང་གསལ་སྡེ་དཔོན་ཚང་མས་རྒྱལ་པོ་སི་ཧོན་གྱི་མངའ་འོག་ཏུ་སྲིད་སྐྱོང་བྱས་པ་ཡིན་ནོ། 22ཨིསི་རཱཨེལ་པ་ཚོས་བསད་པའི་མི་ཁོངས་སུ་མོ་བརྒྱབ་མཁན་བྷི་ཨོར་གྱི་བུ་བྷ་ལམ་ཞེས་པ་དེའང་ཡོད་པ་ཡིན་ནོ། 23རུ་བྷེན་སྡེ་རིགས་ཀྱི་ནུབ་ཕྱོགས་ཀྱི་ས་མཚམས་ནི་ཡོར་དན་ཡིན་པ་དང་། རུ་བྷེན་སྡེ་རིགས་ལས་ཡིན་པའི་ནང་མི་ཚོའི་བདག་དབང་དུ་སྟེར་བའི་ས་སྐལ་ནི་གོང་གསལ་གྲོང་ཁྱེར་རྣམས་ཡིན་ནོ༎

གྷཌ་རིགས་བརྒྱུད་ལ་ས་སྐལ་སྟེར་བ།

24མོ་ཤེས་ཡུལ་གྱི་ཆ་ཤས་ཤིག་གྷཌ་ཀྱི་སྡེ་རིགས་ལས་ཡིན་པའི་ནང་མི་ཚོའི་བདག་དབང་དུ་སྟེར་ཡོད་པ་ཡིན་ནོ། 25དེ་ཚོའི་ཡུལ་གྱི་རྒྱ་ཁྱོན་ནི། ཡ་ཛེར་དང་། གྷིལ་ཨད་ཀྱི་གྲོང་ཁྱེར་ཐམས་ཅད་དང་། རབ་བཱའི་ཤར་ཕྱོགས་སུ་ཡོད་པའི་ཨ་རོ་ཨེར་བར་དུ་ཁྱབ་པའི་ཨམ་མོན་པ་རྣམས་ཀྱི་ཡུལ་ཕྱེད་ཀ་བཅས་ཡིན་ནོ། 26དེ་ཚོའི་ཡུལ་གྱི་ས་མཚམས་ནི་ཧེཤ་བྷོན་ནས་ར་མཱཐི་མིཛ་པཱེ་དང་། བྷེ་ཏོ་ནེམ་བར་དང་། དེ་བཞིན་མ་ཧ་ནེམ་ནས་ལོ་དྷི་བར་གྱི་ས་མཚམས་བར་དང་། 27ཡོར་དན་ལུང་གཤོང་ནང་དུ་ཁེལ་བའི་ས་མཚམས་ཁག་ནི། བྷེད་ཧ་རམ་དང་། བྷེད་ནིམ་རཱ་དང་། སུག་ཀོད་དང་། ཛ་ཕོན་དང་། དེ་བཞིན་ཧེཤ་བྷོན་གྱི་རྒྱལ་པོ་སི་ཧོན་གྱི་རྒྱལ་ཁམས་ལྷག་འཕྲོས་དང་། དེ་ཚོའི་ནུབ་ཕྱོགས་ཀྱི་ས་མཚམས་ནི་གཙང་པོ་ཡོར་དན་ནས་རྩིས་པའི་བྱང་ཕྱོགས་སུ་གྷ་ལིལ་གྱི་མཚོའི་བར་དུ་ཡིན་ནོ། 28གྷད་ཀྱི་སྡེ་རིགས་ལས་ཡིན་པའི་ནང་མི་ཆོའི་བདག་དབང་དུ་སྟེར་བའི་ས་སྐལ་ནི་གོང་གསལ་གྲོང་ཁྱེར་རྣམས་ཡིན་ནོ༎

ཤར་ཕྱོགས་མ་ནསེ་སཱེ་པ་རྣམས་ལ་ས་སྐལ་སྟེར་བ།

29མ་ནསེ་སཱེའི་སྡེ་རིགས་ཕྱེད་ཀའི་ནང་མི་རྣམས་ལ་མོ་ཤེས་ཡུལ་གྱི་ཆ་ཤས་ཤིག་སྟེར་ཡོད་པ་ཡིན་པས། 30དེ་ཚོའི་ཡུལ་གྱི་རྒྱ་ཁྱོན་ནི། མ་ཧ་ནེམ་དང་། བྷ་ཤཱན་གྱི་ཡུལ་ཐམས་ཅད་དང་། ཡང་བྷ་ཤཱན་གྱི་རྒྱལ་པོ་ཨོག་གི་རྒྱལ་ཁམས་ཀུན་དང་། ཡང་བྷ་ཤཱན་ཡུལ་གྱི་གྲོང་ཁྱེར་ཡ་ཨིར་ཁོངས་སུ་གཏོགས་པའི་གྲོང་ཚོ་དྲུག་ཅུ་དང་། 31གཞན་ཡང་གྷིལ་ཨད་ཀྱི་ཡུལ་ལྗོངས་ཕྱེད་ཀ་དང་། བྷ་ཤཱན་ཡུལ་གྱི་རྒྱལ་པོ་ཨོག་གི་རྒྱལ་ས་ཨཤ་ཏ་རོད་དང་། ཨེད་རེ་ཨི་བཅས་ཡིན་ཏེ། མ་ནསེ་སཱེའི་བུ་མ་ཀིར་གྱི་རིགས་བརྒྱུད་ལས་ཡིན་པའི་ནང་མིའི་གྲངས་འབོར་ཕྱེད་ཀ་ལ་གོང་གསལ་ཡུལ་གྲུ་དེ་དག་སྟེར་བ་ཡིན་ནོ། 32སྔར་མོ་ཤེ་མོ་ཨབ་ཡུལ་གྱི་ཐང་ཀ་ཁུལ་དུ་གནས་སྡོད་བྱེད་སྐབས་ཡེ་རི་ཀོའི་ཤར་ཕྱོགས་ཁུལ་གྱི་ཡུལ་དང་ཡོར་དན་ཁུལ་གྱི་ཡུལ་ཁག་རྣམས་གོང་བཞིན་བགོ་བཤའ་བརྒྱབ་པ་དང་། 33འོན་ཀྱང་མོ་ཤེས་ལེ་ཝིའི་སྡེ་རིགས་ལ་ས་སྐལ་གང་ཡང་སྟེར་མེད་པ་ཡིན་ཅིང་། དེ་གང་ལགས་ཟེར་ན། སྔར་མོ་ཤེས་ཁོ་ཚོ་ལ་སྨྲས་པ་བཞིན། ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་བྱས་པའི་འབུལ་བའི་ཆ་ཤས་དེ་དག་ཁོ་ཚོའི་ཐོབ་སྐལ་དུ་ཐོབ་པའི་ཕྱིར་རོ༎

ཡོ་ཤུ་ཨ 14

ཡོར་དན་ནུབ་ཕྱོགས་ཀྱི་ས་ཁུལ་དེ་བགོ་བཤའ་བརྒྱབ་པ།

1བླ་མ་ཨེ་ལི་ཛར་དང་ནུན་གྱི་བུ་ཡོ་ཤུ་ཨ་དང་ཨིསི་རཱཨེལ་སྡེ་རིགས་གྱི་ཁྱིམ་ཚང་གི་འགོ་དཔོན་ཚོས་ཁོང་ཚོ་ལ་ས་སྐལ་བགོས་སོ། ཨིསི་རཱཨེལ་གྱི་མི་མང་རྣམས་ལ་ཀ་ནན་ཡུལ་དེ་རང་གི་ས་སྐལ་དུ་ཐོབ་པ་རྣམས་ནི་གཤམ་གསལ་ལྟར་ཡིན་ནོ། 2གཙོ་བོ་དཀོན་མཆོག་གིས་མོ་ཤེ་བརྒྱུད་ནས་བཀའ་གནང་བ་བཞིན་ཁོ་ཚོས་སྡེ་རིགས་དགུ་དང་ཕྱེད་ཀར་རྒྱན་ཤོག་བླུགས་ནས་ས་སྐལ་བགོས་སོ། 3-4སྡེ་རིགས་གཉིས་དང་ཕྱེད་ཀར་མོ་ཤེས་ཡོར་དན་གྱི་ཤར་ཕྱོགས་སུ་ས་སྐལ་བསྒོས་ཟིན་པ་ཡིན་ནོ། ཡོ་སེབ་ཀྱི་རིགས་བརྒྱུད་རྣམས་ནི་མ་ནསེ་སཱེ་དང་ཨེཕ་ར་ཡིམ་གྱི་སྡེ་རིགས་གཉིས་སུ་གཏོགས་ཤིང་། ཡིན་ན་ཡང་མོ་ཤེས་ལེ་ཝི་པ་རྣམས་ལ་ས་སྐལ་གཅིག་ཀྱང་སྟེར་མེད་པ་ཡིན་ནོ། དེའི་ཚབ་ཏུ་དེ་ཚོ་ལ་གནས་ས་གྲོང་ཁྱེར་རྣམས་དང་དེ་ཚོའི་ལུག་ཕྱུགས་འཚོ་བའི་ཕྱིར་རྩ་ཁ་རྣམས་སྤྲད་དོ། 5གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གང་གནང་བ་བཞིན་ཨིསི་རཱཨེལ་བ་ཚོས་ཡུལ་རྣམས་བགོ་བཤའ་བརྒྱབ་བོ༎

ཀ་ལེབ་ལ་ཧེབ་རོན་སྟེར་བ།

6ཡ་ཧུ་དཱའི་སྡེ་རིགས་ནས་ཡིན་པའི་མི་འགའ་ཤས་གྷིལ་གཱལ་དུ་ཡོ་ཤུ་ཨའི་རྩར་བསླེབས་པ་དང་། ཀེ་ནི་ཛི་པ་ཡེ་ཕུ་ནཱེའིི་བུ་ཀ་ལེབ་ཀྱིས་ཡོ་ཤུ་ཨ་ལ་སྨྲས་པ། སྔར་ཀ་དྷེཤི་བྷར་ནེ་རུ་གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་སྐྱེས་བུ་མོ་ཤེ་ལ་ཁྱེད་དང་ང་གཉིས་ཀྱི་སྐོར་གང་གསུངས་པའི་བཀའ་དེ་ནི་ཁྱེད་ཀྱི་མཁྱེན་གསལ་ལྟར། 7གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་མོ་ཤེས་ཀ་དྷེཤི་བྷར་ནེ་ནས་ང་ལ་ཡུལ་དེའི་སྐོར་གསོ་ཉུལ་བྱེད་དུ་བཏང་སྐབས་ང་ལོ་བཞི་བཅུ་ལོན་ཡོད་ཅིང་། ངས་དེའི་སྐོར་གྱི་གནས་ཚུལ་དངོས་ཡོད་ཅིག་ཁོང་ལ་ཕུལ་མོད། 8འོན་ཀྱང་ང་དང་མཉམ་དུ་འགྲོ་མཁན་མི་ཚོས་ང་ཚོའི་མི་རྣམས་ཞེད་དགོས་པ་བཟོས་སོ། གང་ལྟར་ངས་ནི་སེམས་པ་རྣམ་དག་གི་སྒོ་ནས་ངའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་བཀའ་ལ་རྩིས་སྲུང་ཞུས་པ་ཡིན། 9ངས་དེ་ལྟར་བྱེད་པའི་རྐྱེན་གྱི་མོ་ཤེས་ང་ལ་དམ་བཅའ་བྱས་ཏེ་སྨྲས་པ། ཁྱོད་ཀྱིས་རྐང་པ་བཞག་པའི་ཡུལ་དེ་ཁྱོད་དང་ཁྱོད་ཀྱི་རིགས་བརྒྱུད་ཀྱི་ནོར་རྐྱལ་གྱི་ཚུལ་དུ་ཐོབ་རྒྱུ་ཡིན། 10ད་གཟིགས་དང་། ཨིསི་རཱཨེལ་པ་ཚོ་འབྲོག་སྟོང་ཁུལ་དུ་ཕར་ཚུར་འགྲོ་བསྐྱོད་བྱེད་སྐབས་གཙོ་བོ་དཀོན་མཆོག་་གིས་མོ་ཤེ་ལ་བཀའ་འདི་གནང་བ་ནས་བཟུང་ད་བར་ལོ་བཞི་བཅུ་ཞེ་ལྔ་ཕྱིན་སོང། གཙོ་བོ་དཀོན་མཆོག་གིས་ཞལ་བཞེས་གནང་བ་བཞིན་ང་ལ་ད་བར་ཁོང་གིས་གསོན་པོར་བཞག་གནང་ཡོད། ང་ལ་གཟིགས་ཤིག། ང་རང་ལོ་ངོ་བརྒད་བཅུ་གྱ་ལྔ་སླེབ་ཡོད་དོ། 11སྔར་མོ་ཤེས་ང་ལ་གཏོང་སྐབས་ང་ལ་སྟོབས་ཤུགས་ཇི་ཡོད་པ་བཞིན་ད་ལྟའང་དེ་བཞིན་ཉམས་མེད་དུ་གནས་ཡོད། དེ་བཞིན་དམག་བརྒྱབ་པའི་ཕྱིར་དང་། དམག་གི་ཆེད་དུ་ཕྱིར་རུ་འགྲོ་ཐུབ་པའི་སྟོབས་ཤུགས་སྔར་གང་ཡོད་པ་བཞིན་ད་ལྟའང་དེ་བཞིན་ཡོད་དོ། 12སྔར་ང་དང་ངའི་མི་ཚོས་གནས་ཚུལ་ཞུ་སྐབས་གཙོ་བོ་དཀོན་མཆོག་གིས་ང་ཚོར་གནང་གི་ཡིན་ཞེས་ཞལ་བཞེས་གནང་བའི་རི་རྒྱུད་ཀྱི་ཡུལ་དེ་ད་ང་ལ་གནང་དུ་གསོལ། སྐབས་དེར་ང་ཚོས་ཁྱེད་ལ་ལྕགས་རི་མཐོ་པོའི་ནང་གི་ཡུལ་དེར་ཨ་ན་ཀིམ་པ་ཞེས་པའི་མི་བོ་ཆེའི་མི་རིགས་རྣམས་གནས་བཞིན་འདུག གཅིག་བྱས་ན་གཙོ་བོ་དཀོན་མཆོག་ང་དང་མཉམ་དུ་བཞུགས་པ་ཡིན་ན་ཁོང་གི་བཀའ་རྒྱ་བཞིན་ངས་དེ་དག་ཕྱིར་སྐྲོད་བྱེད་ཐུབ་ཅེས་སྨྲས་སོ། 13ཡོ་ཤུ་ཨས་ཡ་ཕུ་ནཱེའི་བུ་ཀ་ལེབ་ལ་བྱིན་རླབས་གནང་ནས། གྲོང་ཁྱེར་ཧེབ་རོན་དེ་ཁོའི་རྒྱུ་ནོར་གྱི་ཚུལ་དུ་སྤྲད་དོ། 14དེ་བས་ན་ཧེབ་རོན་ཡུལ་དེ་ནི་དེང་དུས་ཀྱང་ཀེ་ནི་ཛི་པ་ཡེ་ཕུ་ནཱེའི་བུ་ཀ་ལེབ་ཀྱི་རིགས་བརྒྱུད་ཚོའི་བདག་དབང་དུ་ཡོད་པ་ཡིན་ནོ། གང་ལགས་ཟེར་ན། ཁོང་ནི་སེམས་པ་རྣམ་དག་གིས་ཨིསི་རཱཨེལ་པ་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་རྣམས་སྲུང་རྩིས་ཞུས་པ་ཡིན་ནོ། 15དེ་སྔོན་ཧེབ་རོན་གྱི་མིང་ནི་ཨར་བྷའི་གྲོང་ཁྱེར་ཟེར་རོ། ཨར་བྷ་ནི་ཨ་ན་ཀིམ་པ་ཚོའི་ནང་ནས་མི་མངའ་ཐང་ཆེན་པོ་ཞིག་ཡིན་ནོ། དེ་རྗེས་ཡུལ་དུ་ཞི་བདེ་བྱུང་ངོ་༎

ཡོ་ཤུ་ཨ 15

ཡ་ཧུ་དཱ་ལ་ས་སྐལ་སྟེར་བ།

1ཡ་ཧུ་དཱའི་སྡེ་རིགས་ཀྱི་ཁྱིམ་ཚང་གཞིར་བཟུང་རྒྱན་ཤོག་བརྒྱབ་སྐབས་ཁོང་ཚོར་ཐོབ་པའི་ས་སྐལ་ནི། ས་ཁུལ་དེ་ནི་ཨེ་དྷོན་གྱི་ས་མཚམས་དུ་ཡོད་པའི་ཛིན་གྱི་འབྲོག་སྟོང་ལྷོ་ཕྱོགས་ཀྱི་རྫོགས་འཚམས་སུ་སླེབས་ཀྱི་ཡོད་དོ། 2དེའི་ལྷོ་ཕྱོགས་ཀྱི་ས་མཚམས་ནི་འཆི་བའི་རྒྱ་མཚོའི་ལྷོ་ཕྱོགས་ཀྱི་རྫོགས་འཚམས་ནས་འགོ་ཚུགས་སོ། 3ལྷོ་ངོས་སུ་ལ་མོ་ཨག་ར་བྷིམ་བརྒྱུད་དེ་ཛིན་བར་དང་། དེ་ནི་ཀ་དྷེཤི་བྷར་ནེའི་ལྷོ་ཕྱོགས་ནས་ཧེཛ་རོན་བརྒྱུད་དེ་ཨད་དཱར་བར་དུ་གྱེན་དུ་ཕྱིན་ནས། དེར་སླེབས་ནས་ཀར་ཀའི་ཕྱོགས་སུ་བསྐོར་རོ། 4ཨཛ་མོན་སླེབས་ཀྱི་ཡོད་པ་དང་དེ་ནས་ཨི་ཇིབ་ཀྱི་གྲོག་ཆུའི་ས་མཚམས་རྒྱུད་ནས་མེ་ཌི་ཊ་རེ་ནི་ཡན་སླེབས་ཀྱི་ཡོད་པ་དང་། དེའི་ས་མཚམས་ནི་དེ་རང་དུ་རྫོགས་ཀྱི་ཡོད་དོ། དེ་ནི་ཡ་ཧུ་དཱའི་ལྷོ་ཕྱོགས་ཀྱི་ས་མཚམས་ཡིན་ནོ། 5ཤར་ཕྱོགས་ཀྱི་ས་མཚམས་ནི་འཆི་བའི་རྒྱ་མཚོ་ཡོར་དན་གྱི་མཐའ་མའི་ས་མཚམས་བར་ཡིན་ཏེ། བྱང་ཕྱོགས་ཀྱི་ས་མཚམས་ནི་ས་གནས་དེ་རང་ནས་མགོ་ཚུགས་སོ། 6དེ་བྷེད་ཧོག་ལཱ་རྒྱུད་ནས་ཡོར་དན་ལུང་གཤོང་གི་ཐོད་ཀྱི་རི་བོའི་བྱང་ཕྱོགས་རྒྱུད་ནས་འགྲོ་གི་ཡོད་དོ། རི་བོ་དེ་ནས་ཡོར་དན་གྱི་ལུང་གཤོང་མཐོང་གི་ཡོད་པ་དང་། དེ་ནས་དེ་བྷོ་ཧན་གྱི་རྡོ་བར་དུ་བསླེབས་ཀྱི་ཡོད་དོ། (བྷོ་ཧན་རུ་བྷེན་གྱི་བུ་ཡིན་ནོ།) 7ས་མཚམས་དེ་ཨ་ཀོར་ཞེས་པའི་ལུང་གཤོང་ནས་དྷེ་བིར་བར་དུ་ཁྱབ་སྟེ། བྱང་ཕྱོགས་ཀྱི་ས་མཚམས་ནི་གཙང་པོའི་ལྷོ་ངོས་སུ་ཡོད་པའི་ཨ་དུམ་མིམ་གྱི་ལ་མོ་གྷིལ་གཱལ་གྱི་ཕྱོགས་སུ་ཕྱིན་ནས། ཨེན་ཤེ་མེཤི་ཟེར་བའི་མཚོ་འགྲམ་རྒྱུད་ནས་ཨེན་རོ་གྷེལ་དུ་ཐོན་ཅིང་། 8ས་མཚམས་དེ་ཧིན་ནོམ་གྱི་ལུང་གཤོང་བརྒྱུད་དེ་ཡ་རུ་ཤ་ལེམ་གྱི་ལྷོ་ཕྱོགས་ནས་ཡར་ཡེ་བྷུསེ་པའི་གྲོང་ཁྱེར་བར་དུ་བསླེབས་ཡོད། དེ་བཞིན་ས་མཚམས་དེ་ནི་ཧིན་ནོམ་རིགས་བརྒྱུད་ཀྱི་ལུང་གཤོང་གི་ཐད་ཀར་ནུབ་ཕྱོགས་སུ་ཡོད་པའི་རེ་ཕ་ཨིམ་གྱི་ལུང་གཤོང་ཕ་རོལ་ཏུ་བྱང་ངོས་ཀྱི་རི་རྩེ་བར་དུ་བསླེབས་ཡོད། 9དེ་ནས་ས་མཚམས་དེ་རི་རྩེ་དེ་དག་བརྒྱུད་དེ་ནེབ་ཏོ་ཞེས་པའི་ཆུ་མིག་ཏུ་བསླེབས་ཨེཕ་རོན་རི་བོའི་གྲོང་ཁྱེར་ཁག་བར་དུ་ཕྱིན་ཡོད། དེ་ནས་ས་མཚམས་དེ་བྷ་ལཱའམ་ཀིར་ཡད་ཡ་རིམ་བར་དུ་བསླེབས་ཡོད། 10བྷ་ལཱ་ནས་ས་མཚམས་དེ་སེར་གྱི་རི་བརྒྱུད་ནས་ནུབ་ཕྱོགས་སུ་འཁོར་ནས་རི་བོ་ཡ་རིམ(ཡང་ན་ཀེ་སཱ་ལོན་ཡང་ཟེར་བའི)བྱང་ཕྱོགས་མཐའ་མཚམས་བརྒྱུད་དེ་བྷེད་ཤེ་མེཤི་བར་དུ་མར་ཕྱིན་ཏེ་ཏིམ་ནཱ་བར་དུ་བསླབས་ཡོད་དོ། 11ས་མཚམས་དེ་ནི་ཨེག་རོན་གྱི་བྱང་ཕྱོགས་སུ་བསླེབས་ཡོད་པ་དང་། ཤི་ཀ་རོན་ལ་བསླེབས་ཏེ་བྷ་ལཱ་རི་བརྒྱུད་རྒལ་ནས་ཡབ་ནེལ་དུ་ཐོན་ཞིང་། མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོའི་མཐའ་མཚམས་བར་དུ་བསླེབས་ཡོད་པ་དང་། 12དེ་བཞིན་ནུབ་ཕྱོགས་ཀྱི་ས་མཚམས་ནི་རྒྱ་མཚོ་ཆེན་པོའི་མཐའ་མཚམས་བར་དུ་ཡིན་ཏེ། ས་མཚམས་དེ་ཚོའི་ཁྲོད་དུ་ཡ་ཧུ་དཱའི་ཁྱིམ་ཚང་རྣམས་གནས་སྡོད་བྱེད་ཀྱི་ཡོད་དོ།

ཀ་ལེབ་ཀྱིས་ཧེབ་རོན་དང་དྷེ་བིར་དབང་དུ་བསྡུས་པ།

(ཁྲིམས་དཔོན་ ༡:༡༡-༡༥)

13ཡོ་ཤུ་ཨ་ལ་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་དུ་ཁོང་གིས་ཡ་ཧུ་དཱའི་སྡེ་རིགས་ལས་ཡིན་པ་ཡེ་ཕུ་ནཱེའི་བུ་ཀ་ལེབ་ལ་ཡ་ཧུ་དཱའི་ཡུལ་གྱི་ཆ་ཤས་ཤིག་ས་སྐལ་དུ་གནང་ངོ་། ཨ་ནག་གི་ཕ་ཨར་བྷའི་གྲོང་ཁྱེར་ཧེབ་རོན་དེ་ཁོས་ཐོབ་བོ། 14ཀ་ལེབ་ཀྱིས་ཨ་ནག་གི་བུ་ཤེ་ཤའི་དང་། ཨ་ཧི་མན་དང་། ཏལ་མཨེ་དང་བཅས་ཨ་ན་ཀའི་རིགས་བརྒྱུད་རྣམས་ཕྱིར་སྐྲོད་བྱས་སོ། 15དེ་ནས་ཁོང་དྷེ་བིར་གྱི་ཡུལ་མི་ཚོའི་ཐོག་ཏུ་དམག་འཐབ་པའི་ཕྱིར་ཕྱིན་ནོ། སྔོན་དུས་དྷེ་བིར་གྱི་མིང་ཀིར་ཡད་སེ་ཕར་ཡང་ཟེར་གྱི་ཡོད་པ་ཡིན་ནོ། 16ཀ་ལེབ་ཀྱིས་སྨྲས་པ་ཀིར་ཡད་སེ་ཕར་དབང་དུ་བསྡུས་མཁན་སུ་ཞིག་ཡིན་རུང་དེ་ལ་ངས་རང་གི་བུ་མོ་ཨག་སཱ་ཆང་ས་བརྒྱབ་རྒྱུ་ཡིན། 17ཀ་ལེབ་ཀྱི་སྤུན་ཀ་ནཛའི་བུ་ཨོཐ་ནི་ཨེལ་གྱིས་གྲོང་ཁྱེར་དེ་དབང་དུ་བསྡུས་པས། ཀ་ལེབ་ཀྱིས་རང་གི་བུ་མོ་ཨག་སཱ་ཁོ་དང་མཉམ་དུ་ཆང་ས་བརྒྱབ་བཅུག་གོ 18ཆང་སའི་ཉིན་མོ་དེར་ཨོཐ་ནི་ཨེལ་གྱིས་མོ་ལ་རང་གི་ཕ་ལ་གཞིང་ཁ་ཞིག་སློང་དགོས་ཤེས་བསྐུལ་མ་བྱས་པས། ཨག་སཱ་རང་གི་བོང་བུ་ནས་མར་བབ་པ་དང་། ཀ་ལེབ་ཀྱིས་མོ་ལ། ཁྱོད་ལ་ག་རེ་དགོས་ཀྱི་འདུག་ཅེས་དྲི་བ་འདྲི་སྐབས། 19དེའི་ལན་དུ་མོས། ང་ལ་ཆུ་མིག་འགའ་ཤས་དགོས་ཀྱི་འདུག གང་ལགས་ཟེར་ན། ཁྱེད་ཀྱི་ང་ལ་གནང་བའི་ས་ཆ་དེ་ནི་ལུང་པ་སྐམ་པོའི་ནང་ཡོད་ཞེས་ཞུས་པས། ཀ་ལེབ་ཀྱི་མོ་ལ་སྟེང་ཤོད་གཉིས་ཀའི་ཆུ་མིག་དེ་དག་ཐོབ་སྐལ་དུ་སྟེར་རོ༎

ཡ་ཧུ་དཱའི་གྲོང་ཁྱེར་ཁག།

20ཡ་ཧུ་དཱའི་སྡེ་རིགས་ཀྱི་ཁྱིམ་ཚང་ཚོར་ཐོབ་པའི་ས་སྐལ་ནི་གཤམ་གསལ་ལྟར་ཡིན་ནོ། 21ཁོ་ཚོའི་བདག་དབང་དུ་གཏོགས་པའི་ལྷོ་ཕྱོགས་མཐའ་མཚམས་ཀྱི་ས་ཁུལ་ཨེ་དྷོམ་གྱི་ས་མཚམས་ནི་འདི་ལྟར་ཡིན། ཀབ་ཛིལ་དང་། ཨེ་དྷེར། ཡ་གྷུར། 22ཀི་ནཱ། དྷི་མོ་ནཱ། ཨ་དྷ་དཱ། 23ཀེ་དྷེཤི། ཧ་ཛོར། ཨིཐ་ནན། 24ཛིཕ། ཏེ་ལེམ། བྷི་ལོད། 25ཧ་ཛོར་ཧ་དྷ་ཏ། ཀི་རི་ཨོད། ཧེཛ་རོན། ཧ་ཛོར་ཡང་ཟེར། 26ཨ་མམ། ཤེ་མ། མོ་ལ་དཱ། 27འ་ཟར། གད་དྷ། ཧེཤ་མོན། བྷེད་པེ་ལེད། 28ཧ་ཛར་ཤུ་ཨུལ། བྷིར་ཤེ་བྷ། བྷི་ཛི་ཨོ་ཐི་ཡཱ། 29བྷ་ལཱ། ཨིམ། ཨེ་ཛེམ། 30ཨེལ་ཏོ་ལཱད། ཀེ་སིལ། ཧོར་མཱ། 31ཛིག་ལག། མཱད་མན་ནཱ། སན་སན་ནཱ། 32ལེ་བྷ་ཨོད། ཤི་ལིམ། ཨ་ཡིན་དང། རིམ་མོན་བཅས་བསྡོམས་གྲོང་ཁྱེར་གཉིས་ཞུ་རྩ་དགུ་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 33རི་བོའི་གཤམ་དུ་ཡོད་པའི་གྲོང་ཁྱེར་རྣམས་ནི། ཨེཤ་ཏ་ཨོལ། ཛོ་རཱ། ཨཤ་ནཱ། 34ཛ་ནོ་ཨ། ཨེན་གྷ་ནིམ། ཏ་པུ་ཨ། ཨེ་ནམ། 35ཡར་མུད། ཨ་དུལ་ལམ། སོ་ཀཱོ། ཨ་ཛི་ཀཱ། 36ཤཱ་རེམ། ཨ་དྷི་ཐེམ། གྷེ་དེ་རཱ་དང་། གྷེ་དེ་རོ་ཐེམ་བཅས་སྡོམས་གྲོང་ཁྱེར་བཅུ་བཞི་དང་། དེ་མཉམ་དུ་མཐའ་འཁོར་གྱིི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 37དེ་ཙམ་མ་ཟད། ཛེ་ནན། ཧ་དྷ་ཤཱ། མིག་དྷལ་གྷད། 38དྷི་ལིན། མིཛ་པཱ། ཡོག་ཐིལ། 39ལ་ཀིཤི། བྷོཛ་ཀཱད། ཨེག་ལོན། 40ཀབ་བོན། ལཱ་མམ། ཀིཊ་ལིཤི། 41གྷེ་དེ་རོད། བྷེད་དྷ་གྷོན། ན་མཱ་དང་། མ་ཀེ་དྷ་བཅས་སྡོམས་གྲོང་ཁྱེར་བཅུ་དྲུག་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 42དེ་བཞིན་ལིབ་ནཱ། ཨེ་ཐེར། ཨ་ཤཱན། 43ཨིཕ་ཏཱ། ཨཤ་ནཱ། ནེ་ཛིབ། 44ཀི་ལཱ། ཨཀེ་ཛིབ་དང་། མ་རེ་ཤ་བཅས་བསྡོམས་གྲོང་ཁྱེར་དགུ་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 45ཨེག་རོན་མཉམ་དུ་དེའི་གྲོང་ཁྱེར་དང་གྲོང་སེབ་བཅས་ཡོད་དོ། 46ཨཤ་དྷོད་ཉེ་འཁོར་རམ་ཨེག་རོན་ནས་རྒྱ་མཚོ་མེ་ཌི་ཊ་རེ་ནི་ཡན་བར་ལ་ཆགས་ཡོད་པའི་གྲོང་ཁྱེར་དང་གྲོང་སེབ་བཅས་ཡིན་ནོ། 47ཨཤ་དྷོད་དང་གྷ་ཛ་དང་དེའི་གྲོང་ཁྱེར་དང་གྲོང་སེབ་བཅས་དང་། དེ་ནི་ཨི་ཇིབ་ཀྱི་ས་མཚམས་སུ་ཡོད་པའི་རྒྱུག་ཆུ་དང་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོའིི་ཉེ་འགྲམ་བར་དུ་སླེབས་ཡོད་དོ། 48རི་རྒྱུད་ཁུལ་གྱི་གྲོང་ཁྱེར་རྣམས་ནི། ཤ་མིར་དང་། ཡ་ཏིར། སོ་ཀཱོ། 49དྷན་ནཱ། ཀིར་ཡད་སེ་ཕར། (དེ་ལ་དྷེ་བིར་ཡང་ཟེར) 50ཨ་ནཱབ། ཨེཤ་ཏེ་མོ། ཨ་ནིམ། 51གྷོ་ཤེན། ཧོ་ལོན་དང་གྷི་ལཱོ་བསྡོམས་གྲོང་ཁྱེར་བཅུ་གཅིག་དང་། དེ་དང་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 52ཨ་རབ་དང་། དྷུ་མཱ། ཨེ་ཤཱན། 53ཡ་ནིམ། བྷེད་ཏ་པུ་ཨ། ཨ་ཕེ་ཀཱ། 54ཧུམ་ཏཱ། ཧེབ་རོན་དང་ཛི་ཨོར་བཅས་བསྡོམས་གྲོང་ཁྱེར་དགུ་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 55མ་ཨོན་དང་། ཀར་མེལ། ཛིཕ། ཡུ་ཏཱ། 56ཡེཛ་རིལ། ཡོག་དྷིམ། ཛ་ནོ་ཨ། 57ཀེན། གྷི་བི་ཨཱ་དང་ཏིམ་ནཱ་བཅས་བསྡོམས་གྲོང་ཁྱེར་བཅུ་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 58ཧལ་ཧུལ་དང་། བྷེད་ཛུར། གྷེ་དྷོར། 59མ་རད། བྷེད་ཨ་ནོད་དང་ཨེལ་ཏེ་ཀོན་བཅས་བསྡོམས་གྲོང་ཁྱེར་དྲུག་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 60ཀིར་ཡད་བྷལ། (དེ་ལ་ཀིར་ཡད་ཡ་རིམ་ཡང་ཟེར)རབ་བཱ་བཅས་བསྡོམས་གྲོང་ཁྱེར་གཉིས་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 61འབྲོག་སྟོང་ཁུལ་དུ་བྷེད་ཨ་ར་བཱ་དང་། མིད་དྷིན། སེ་ཀ་ཀཱ། 62ནིབ་ཤཱན། ཚའི་གྲོང་ཁྱེར་དང་ཨེན་གྷེ་ཌི་བཅས་བསྡོམས་གྲོང་ཁྱེར་དྲུག་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 63འོན་ཀྱང་ཡ་ཧུ་དཱའི་ཡུལ་མི་རྣམས་ཀྱིས་ཡ་རུ་ཤ་ལེམ་དུ་གནས་སྡོད་བྱས་པའི་ཡ་བྷུ་སེ་པ་རྣམས་ཡུལ་ནས་ཕྱིར་སྐྲོད་བྱས་མ་ཐུབ་པས། དེ་ཚོ་དེང་དུས་ཀྱང་ཡ་ཧུ་དཱ་པ་རྣམས་དང་མཉམ་འགྲོག་གིས་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་བཞིན་ཡོད་པ་ཡིན་ནོ༎

ཡོ་ཤུ་ཨ 16

ཨེཕ་ར་ཡིམ་དང་ནུབ་མ་ནསེ་སཱེ་ལ་ས་སྐལ།

1ཡོ་སེབ་ཀྱི་རིགས་བརྒྱུད་ལ་སྟེར་བའི་ཡུལ་གྱི་ལྷོ་ཕྱོགས་ཁུལ་གྱི་ས་མཚམས་ནི། ཡེ་རི་ཀོའི་ཉེ་འགྲམ་གྱི་གཙང་པོ་ཡོར་དན་ནས་རྩིས་པས་ཡེ་རི་ཀོའི་ཆུ་མིག་གི་ཤར་ངོས་ཀྱི་ས་ཁུལ་དང་། ཡེ་རི་ཀོ་ནས་ཡར་རྩིས་པའི་བྷེ་ཐེལ་བར་གྱི་རི་ཁུལ་གྱི་ས་གནས་ཁག་དང་། 2བྷེ་ཐེལ་ནས་ཨར་ཀི་པ་རྣམས་གནས་པའི་ས་གནས་ཨ་ཏ་རོད་ཨད་དར་བརྒྱུད་དེ་ས་གནས་ལུཛ་བར་དང་། 3དེ་རྗེས་ནུབ་ཕྱོགས་སུ་ཡཕ་ལེད་པ་རྣམས་ཀྱི་ས་ཁུལ་ནས་སྨད་དུ་བྷེད་ཧོ་རོན་གྱྱི་ས་ཁུལ་བར་དང་། དེ་ནས་གྷེ་ཛེར་བར་དུ་བསླེབས་ཏེ། མཐར་རྒྱ་མཚོ་མེ་ཌི་ཊ་རེ་ནི་ཡན་བར་དུ་ཁྱབ་ཡོད་པ་ཡིན་ནོ། 4ཡོ་སེབ་ཀྱི་རིགས་བརྒྱུད་ལས་ཡིན་པ་ཨེ་ཕ་རཱ་ཨིམ་དང་ནུབ་མ་ན་ཤེའི་སྡེ་རིགས་རྣམས་ལ་གོང་གསལ་ཡུལ་དེ་ཁོ་ཚོའི་བདག་དབང་དུ་ཐོབ་པ་ཡིན་ནོ༎

ཨེཕ་ར་ཡིམ།

5ཨེཕ་ར་ཡིམ་གྱི་ཁྱིམ་ཚང་ཁག་གི་ས་མཚམས་ནི། ཤར་ཕྱོགས་སུ་ཨ་ཏ་རོད་ཨད་དར་ནས་སྟོད་བྷེད་ཧོ་རོན་དང་། 6དེ་ནས་རྒྱ་མཚོ་མེ་ཌི་ཊ་རེ་ནི་ཡན་བར་དུ་ཁྱབ་ཡོད་ཅིང་། མིག་མེ་ཐད་ནི་ཁོ་ཚོའི་ཡུལ་གྱི་བྱང་ཕྱོགས་སུ་ཡོད་པ་དང་། ཤར་ངོས་ཀྱི་ས་མཚམས་ནི་ཏན་ནད་ཤི་ལཱོའི་བར་དུ་འཁོར་ཏེ། ཡུལ་དེ་བརྒྱུད་ནས་ཤར་ཕྱོགས་སུ་ཡ་ནོ་ཨ་བར་དུ་བསླེབས་ཤིང་། 7ཡ་ནོ་ཨ་ནས་ཨ་ཏ་རོད་དང་ནཱ་རཱ་བརྒྱུད་དེ་མཐར་ཡེ་རི་ཀོ་དང་ཡོར་དན་བར་དུ་བསླེབས་ཡོད་པ་ཡིན། 8ནུབ་ཕྱོགས་ཀྱི་ས་མཚམས་ནི། ཏ་པུ་ཨ་ནས་ཀ་ནཱའི་གྲོག་ཆུ་བརྒྱུད་དེ་རྒྱ་མཚོ་མེ་ཌི་ཊ་རེ་ནི་ཡན་བར་དུ་ཁྱབ་ཡོད་པ་ཡིན་ཅིང་། ཡུལ་དེ་ནི་ཨེཕ་ར་ཡིམ་གྱིས་སྡེ་རིགས་ལས་ཡིན་པའི་ཁྱིམ་ཚང་ཁག་ལ་སྟེར་ཡོད་པ་ཡིན། 9མ་ནསེ་སཱེའི་ས་མཚམས་ཀྱི་ནང་དུ་ཡོད་པའི་གྲོང་ཁྱེར་དང་གྲོང་སེབ་རྣམས་ཀྱང་། ཨེཕ་ར་ཡིམ་པ་རྣམས་ལ་སྟེར་བ་ཡིན་ནོ། 10འོན་ཀྱང་ཁོ་ཚོས་གྷེ་ཟེར་དུ་གནས་སྡོད་བྱེད་པའི་ཀ་ནན་པ་རྣམས་ལ་ཕྱིར་སྐྲོད་མ་བྱས་པས། དེ་ཚོ་དེང་དུས་ཀྱང་ཨེཕ་ར་ཡིམ་པ་རྣམས་དང་མཉམ་སྡོད་བྱས་ཏེ་དེ་ཚོའི་བྲན་གཡོག་ཏུ་གནས་བཞིན་པ་ཡིན་ནོ༎

ཡོ་ཤུ་ཨ 17

ནུབ་མ་ནསེ་སཱེ།

1ཡོར་དན་གྱི་ནུབ་ཕྱོགས་སུ་འཁེལ་བའི་ཡུལ་གྱི་ཆ་ཤས་ཤིག་ཡོ་སེབ་ཀྱི་བུ་རྒན་པ་མ་ནསེ་སཱེའི་རིགས་བརྒྱུད་ལས་ཡིན་པའི་ཁྱིམ་ཚང་འགའ་ཤས་ལ་སྟེར་ཡོད་ཅིང་། མ་ཀིར་མ་ནསེ་སཱེའི་བུ་རྒན་ཤོས་དེ་ནི་གྷིལ་ཨད་ཀྱི་ཕ་ཡིན་ནོ། ཁོ་ནི་དམག་དཔོན་དཔའ་རྩལ་ལྡན་པ་ཞིག་ཡིན་པས་ཡོར་དན་ཤར་ཕྱོགས་ཀྱི་ས་ཁུལ་གྷིལ་ཨད་དང་བྷ་ཤཱན་གཉིས་ཁོའི་ས་སྐལ་དུ་ཐོབ་པ་ཡིན་ནོ། 2ཡོར་དན་ནུབ་ཕྱོགས་ཀྱི་ས་ཁུལ་ནི་མ་ནསེ་སཱེའི་ཁྱིམ་ཚང་ལྷག་འཕྲོས་རྣམས་ལ་སྟེར་བ་ཡིན་པས། དེ་ཚོའི་མིང་ནི་ཨ་བྷི་ཨེ་ཛར་དང་། ཧེ་ལེག། ཨསེ་རི་ཨེལ། ཤེ་ཀེམ། ཧེ་ཕར་དང་། ཤེ་མི་དྷ་བཅས་ཡིན་ནོ། དེ་དག་ནི་ཡོ་སེབ་ཀྱི་བུ་མ་ནསེ་སཱེ་ནས་ཆད་པའི་ནང་མི་གཙོ་བོ་ཤ་སྟག་ཡིན་ནོ། 3མ་ནསེ་སཱེའི་བུ་མ་ཀིར་དང་། དེའི་བུ་གྷིལ་ཨད་དང་། དེའི་བུ་ཧེ་ཕར་དང་། དེའི་བུ་ཛེ་ལོ་ཕེ་ཧད་བཅས་ལ་བུ་མོ་མ་གཏོགས་བུ་གཅིག་ཀྱང་མ་བྱུང་ཞིང་། བུ་མོ་དེ་ཚོའི་མིང་ནི། མཱ་ལཱ་དང་། ནོ་ཨ། ཧོག་ལཱ། མིབ་ཀཱ་དང་། ཏིར་ཛཱ་བཅས་ཡིན་ནོ། 4དེ་ཚོ་བླ་མ་ཨེ་ལི་ཛར་དང་ནུན་གྱི་བུ་ཡོ་ཤུ་ཨ་དང་མི་མང་གི་སྡེ་དཔོན་རྣམས་ཀྱི་རྩར་ཕྱིན་ནས་དེ་ཚོ་ལ། སྔར་གཙོ་བོ་དཀོན་མཆོག་གིས་ང་ཚོ་དང་ང་ཚོའི་ཁྱིམ་ཚང་གི་མི་སྐྱེས་པ་རྣམས་ལའང་ཡུལ་གྱི་ཆ་ཤས་དེ་ནས་ང་ཚོའི་བདག་དབང་དུ་སྟེར་དགོས་ཤེས་མོ་ཤེ་ལ་བཀའ་བསྒོས་ཡོད་ཅེས་སྨྲས་པས། དེར་བརྟེན་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་དུ་ཁོ་ཚོའི་གཉེན་ཚན་སྐྱེས་པ་རྣམས་དང་མཉམ་དུ་ཁོ་ཚོ་ལའང་ས་སྐལ་སྟེརོ། 5དེ་བས་ན་ཡོར་དན་གྱི་ཤར་ཕྱོགས་སུ་ཡོད་པའི་ས་གནས་གྷིལ་ཨད་དང་བྷ་ཤཱན་གཉིས་ཀྱི་ཁར་མ་ནསེ་སཱེ་ལ་ས་སྐལ་ཕར་མ་བཅུ་ཐོབ་པ་ཡིན་ནོ། 6གང་ལགས་ཟེར་ན། ཁོའི་རིགས་བརྒྱུད་ནས་ཡིན་པའི་སྐྱེས་ཕོ་མོ་གཉིས་ཀ་ལ་ས་སྐལ་ཐོབ་པའི་ཕྱིར་རོ། གྷིལ་ཨད་ཀྱི་ས་ཁུལ་དེ་ནི་མ་ནསེ་སཱེའི་རིགས་བརྒྱུད་གཞན་རྣམས་ལ་སྟེར་བ་ཡིན་ནོ། 7མ་ནསེ་སཱེའི་ཡུལ་གྱི་རྒྱ་ཁྱོན་ནི་ཨ་ཤེར་ནས་ཤེ་ཀེམ་གྱི་ཤར་ཕྱོགས་སུ་མིག་མེ་ཐད་བར་དང་། ཡུལ་གྱི་ས་མཚམས་ནི་ལྷོ་ཕྱོགས་སུ་ཨེན་ཏ་པུ་ཨ་པ་རྣམས་ཀྱི་ཡུལ་བར་དུ་བསླེབས་ཡོད་པ་ཡིན། 8ཏ་པུ་ཨ་ཞེས་པའི་གྲོང་ཁྱེར་གྱི་ཉེ་འཁོར་གྱི་ས་ཁུལ་ཁག་མ་ནསེ་སཱེ་ལ་ཐོབ་མོད། འོན་ཀྱང་ས་མཚམས་སུ་ཡོད་པའི་གྲོང་ཁྱེར་ཏ་པུ་ཨ་ནི་ཨེཕ་ར་ཡིམ་གྱི་རིགས་བརྒྱུད་ལ་ཐོབ་པ་ཡིན་ནོ། 9དེ་ནས་ཡུལ་གྱི་ས་མཚམས་ནི་ད་དུང་མར་ཕྱིན་ཏེ་ཀ་ནཱའི་གྲོག་ཆུ་བར་དུ་བསླེབས་ཤིང་། གྲོག་ཆུའི་ལྷོ་ཕྱོགས་སུ་ཡོད་པའི་གྲོང་ཁྱེར་དག་ནི་མ་ནསེ་སཱེའི་ས་ཁོངས་སུ་ཚུད་ཀྱང་དེ་དག་ཨེཕ་ར་ཡིམ་ལ་ཐོབ་པ་ཡིན་ནོ། དེ་བཞིན་མ་ནསེ་སཱེའི་ས་མཚམས་ནི་གྲོག་ཆུའི་བྱང་ཕྱོགས་ས་ཁུལ་ནས་རྩིས་ཏེ་རྒྱ་མཚོ་མེ་ཌི་ཊ་རེ་ནི་ཡན་བར་དུ་ཁྱབ་ཡོད་དོ། 10ལྷོ་ཕྱོགས་སུ་ཨེཕ་ར་ཡིམ་དང་། བྱང་ཕྱོགས་སུ་མ་ནསེ་སཱེ་དང་། ནུབ་ཕྱོགས་སུ་རྒྱ་མཚོ་མེ་ཌི་ཊ་རེ་ནི་ཡན་དང་། ཡང་ནུབ་བྱང་མཚམས་སུ་ཨ་ཤེར་དང་། བྱང་ཤར་མཚམས་སུ་ཨི་ས་ཀར་བཅས་འཁེལ་གྱི་ཡོད་དོ། 11ཨི་ས་ཀར་དང་ཨ་ཤེར་གྱི་ས་ཁོངས་སུ་ཚུད་པའི་ས་གནས་བྷེད་ཤཱན་དང་། ཨིབ་ལཱིམ་དང་དེའི་ཉེ་འཁོར་གྱི་གྲོང་སྡེ་ཁག་དང་། གཞན་ཡང་རྒྱ་མཚོའི་མཐའ་མཚམས་སུ་ཆགས་པའི་ཌོར་དང་ཨེན་ཌོར་དང་། ཏ་ནག་དང་། མེ་གི་དྷོ་དང་། དེའི་ཉེ་འཁོར་གྱི་གྲོང་སྡེ་ཁག་བཅས་མ་ནསེ་སཱེ་ལ་ཐོབ་པ་ཡིན་ནོ། 12འོན་ཀྱང་མ་ནསེ་སཱེ་པ་རྣམས་ཀྱིས་གྲོང་ཁྱེར་དེ་ཚོའི་ནང་གནས་སྡོད་བྱས་པའི་ཡུལ་མི་རྣམས་མཐར་སྐྲོད་བཏང་མ་ཐུབ་པས། ཀ་ནན་པ་རྣམས་ཡུལ་དེར་མུ་མཐུད་ནས་གནས་སྡོད་བྱས་བཞིན་ཡོད་དོ། 13རྗེས་སུ་ཨིསི་རཱཨེལ་པ་རྣམས་མངའ་ཐང་ཆེ་བའི་སྐབས་སུའང་ཁོ་ཚོས་ཀ་ནན་པ་ཡོངས་རྫོགས་ཕྱིར་སྐྲོད་མ་བྱས་པར་བྲན་འཁོལ་གྱི་ཚུལ་དུ་བཞག་པའོ༎

ཨེཕ་ར་ཡིམ་དང་ནུབ་མ་ནསེ་སཱེ་པ་ཚོས་ས་ཆ་ཕར་མ་དགོས་ཅེས་ཞུ་བ་ཕུལ་བ།

14ཡོ་སེབ་ཀྱི་བུ་བརྒྱུད་ཚོས་ཡོ་ཤུ་ཨ་ལ། གཙོ་བོ་དཀོན་མཆོག་གི་ཐུགས་རྫེས་ང་ཚོའི་མི་གྲངས་འཕེལ་རྒྱས་ཕྱིན་ཡོད་རུང་། ཁྱེད་ཀྱིས་ང་ཚོའི་ས་སྐལ་དུ་ཡུལ་གྱི་དུམ་བུ་གཅིག་མ་གཏོགས་མ་གནང་བ་དེ་གང་ཡིན་ནམ་ཞེས་ཞུས་པ་དང་། 15ཡོ་ཤུ་ཨས་ལན་དུ། ཁྱོད་ཚོ་མི་གྲངས་མང་པོ་ཡོད་པས། ཨེཕ་ར་ཡིམ་གྱི་རི་ཁུལ་དེ་ཁྱོད་ཚོར་ཆུང་དྲགས་འདུག་ན་ཁྱོད་ཚོ་པེ་རི་ཛི་པ་དང་རེ་ཕ་ཨིམ་པའི་ཡུལ་གྱི་ཤིང་ནགས་སུ་ཕྱིན་ཏེ། ཤིང་བཅད་ཅིང་ས་གཤོང་རྒྱབས་ཤིག་ཅེས་སྨྲས་སོ། 16ལན་དུ་ཁོ་ཚོས། རི་ཁུལ་གྱི་ཡུལ་དེ་ང་ཚོའི་ཆེད་དུ་ཆུང་དྲགས་མོད། འོན་ཀྱང་ཐང་བྷེད་ཤཱན་དང་། དེའི་ཉེ་འཁོར་གྱི་གྲོང་ཁྱེར་ཁག་དང་། ཡེཛ་རིལ་ལུང་གཤོང་ཁུལ་དུ་གནས་སྡོད་བྱས་པའི་ཀ་ནན་པ་རྣམས་ལ་ལྕགས་ཀྱི་ཤིང་རྟ་ཡོད་པ་ཡིན་ཞེས་སྨྲས་སོ། 17ཡོ་ཤུ་ཨས་ཨེཕ་ར་ཡིམ་དང་ནུབ་མ་ནསེ་སཱེའི་སྡེ་རིགས་རྣམས་ལ། ཁྱོད་ཚོ་དངོས་གནས་མི་འབོར་ཆེན་པོ་ཞིག་ཡིན་ལ་མངའ་ཐང་ཡང་ཆེ་བ་ཡིན་པས། ཁྱོད་ཚོར་ས་སྐལ་གཅིག་ལས་མང་བ་ངེས་པར་ཐོབ་དགོས་སོ། 18དེས་ན་རི་ཁུལ་གྱི་ཡུལ་རྣམས་ཁྱོད་ཚོར་སྟེར་བ་ཡིན། ས་ཁུལ་དེ་ནི་ཤིང་ནགས་ཡིན་ཀྱང་དེ་དག་བཅད་དེ་ས་གཤོང་བརྒྱབ་ནས་ས་ཁུལ་ཡོངས་རྫོགས་ཁྱོད་ཚོའི་བདག་དབང་དུ་བྱོས་ཤིག་ཡང་ཀ་ནན་པ་རྣམས་སྟོབས་ཆེ་ཞིང་དེ་ཚོར་ལྕགས་ཀྱི་ཤིང་རྟ་སོགས་ཡོད་རུང་ཁྱོད་ཚོས་དེ་དག་ཡུལ་ནས་མཐར་སྐྲོད་བྱེད་རྒྱུ་ཡིན་ནོ༎

ཡོ་ཤུ་ཨ 18

ཡུལ་གྱི་ས་ཆ་ལྷག་འཕྲོས་རྣམས་བགོ་བཤའ་བརྒྱབ་པ།

1ཁོ་ཚོས་ཡུལ་དེ་དབང་དུ་བསྡུས་པའི་རྗེས་སུ་ཨིསི་རཱཨེལ་གྱི་མི་སྡེ་ཡོངས་རྫོགས་ཤི་ལཱོ་རུ་འཛོམས་ནས། དེར་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དེ་བཞེངས་སོ། 2ཨིསི་རཱཨེལ་པ་ཚོའི་ནང་ནས་སྡེ་རིགས་བདུན་ལ་ད་དུང་ས་སྐལ་ཐོབ་མེད་པས། 3དེར་བརྟེན་ཡོ་ཤུ་ཨས་ཨིསི་རཱཨེལ་པ་རྣམས་ལ། ཁྱོད་ཚོའི་མེས་པོའི་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་གནང་བའི་ཡུལ་དེ་བདག་འཛིན་བྱེད་པར་ག་དུས་བར་ཕར་འགྱང་བྱེད་ཀྱི་ཡིན་ནམ། 4ད་སྡེ་རིགས་རེ་རེ་ནས་མི་གསུམ་རེ་འདེམས་བསྐོ་བྱོས་ཤིག ངས་དེ་ཚོ་ས་སྐལ་ཐོབ་པའི་ཡུལ་ཚང་མར་བཏང་རྒྱུ་ཡིན་ནོ། དེ་ཚོ་ཕྱིན་ནས་ཡུལ་དེར་བསྐོར་བ་བརྒྱབ་སྟེ་སོ་སོའི་ས་སྐལ་གྱི་ཚད་བྲིས་ནས་ངའི་རྩར་ཡོང་དགོས་སོ། 5དེ་ཚོས་ཡུལ་དེ་ཁག་བདུན་ལ་བགོ་བཤའ་བརྒྱབ་ཏེ། ཡ་ཧུ་དཱའི་ལྷོ་ཕྱོགས་སུ་རང་གི་ས་མཚམས་ཁོངས་སུ་གནས་སྡོད་བྱེད་རྒྱུ་དང་། དེ་བཞིན་ཡོ་སེབ་ཀྱི་ཁྱིམ་ཚང་རྣམས་བྱང་ཕྱོགས་སུ་སོ་སོའི་ས་མཚམས་ནང་དུ་གནས་སྡོད་བྱེད་རྒྱུ་ཡིན་ནོ། 6ད་ཁྱོད་ཚོས་ཡུལ་དེ་ཁག་བདུན་ལ་བགོས་པའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཞིག་བྲིས་ནས་ངའི་རྩར་འཁྱེར་ཡོང་དགོས། དེ་ནས་ངས་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གི་སྤྱན་སྔར་ཁྱོད་རང་ཚོའི་ཆེད་དུ་རྒྱན་ཤོག་བླུག་གི་ཡིན། 7འོན་ཀྱང་ལེ་ཝི་པ་ཚོར་ཁྱོད་ཚོ་ནང་བཞིན་ས་སྐལ་ཐོབ་མི་ཡོང་། གང་ལགས་ཟེར་ན། ཁོ་ཚོའི་ཐོབ་སྐལ་ནི་བླ་མའི་ཚུལ་དུ་གཙོ་བོ་དཀོན་མཆོག་གི་ཞབས་ཏོག་ཞུ་རྒྱུ་དེ་ཡིན་ནོ། གྷཌ་དང་། རུ་བྷེན་དང་ཤར་མ་ནསེ་སཱེའི་ཕྱེད་ཀའི་སྡེ་རིགས་རྣམས་སྔར་གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་མོ་ཤེས་གནང་བ་བཞིན། ཡོར་དན་ཤར་ཕྱོགས་ཀྱི་ས་ཁུལ་དེ་ཁོ་ཚོར་ཐོབ་པ་ཡིན་ནོ། 8ཡོ་ཤུ་ཨས་ཡུལ་དེར་བརྟག་ཞིབ་བྱེད་པར་འགྲོ་བའི་མི་རྣམས་ལ། ད་ཁྱོད་ཚོ་ཡུལ་དེར་བལྟ་བསྐོར་དང་ཞིབ་དཔྱོད་བྱས་ཏེ་དེའི་སྐོར་གནས་ཚུལ་བྲིས་ནས་ངའི་རྩར་ཕྱིར་ལོག་བྱོས་ཤིག་དང་། ངས་ཤི་ལཱོ་རུ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཚོའི་ཆེད་དུ་རྒྱན་ཤོག་བླུག་གི་ཡིན་ཞེས་སྨྲས་པ་དང་། དེ་ཚོ་དེ་ནས་ཕྱིན་ནོ། 9དེ་ལྟར་མི་མང་རྣམས་ཕྱིན་ནས་ཡུལ་ཡོངས་སུ་བསྐོར་བ་བརྒྱབ་སྟེ་བལྟས་པ་དང་། ཡུལ་དེ་ཇི་ལྟར་ཚོ་ཁག་བདུན་དུ་བགོས་ན་ལེགས་ཟེར་ཡིག་ཐོག་ཏུ་བྲིས་ནས། གྲོང་ཁྱེར་ཡོངས་ཀྱི་ཐོ་ཞིག་བཟོས་ནས་ཤི་ལཱོའི་དམག་སྒར་དུ་ཡོ་ཤུ་ཨའི་རྩར་ཕྱིར་ལོག་བྱས་སོ། 10ཡོ་ཤུ་ཨས་དེ་ཚོའི་ཆེད་དུ་རྒྱན་ཤོག་བླུག་ནས་གཙོ་བོ་དཀོན་མཆོག་གི་ཐུགས་དགོངས་ཤེས་ནས་ལྷག་འཕྲོས་ལུས་པའི་སྡེ་རིགས་རེ་རེར་ས་ཁུལ་རེ་རེ་ས་སྐལ་དུ་བགོསོ༎

བྷེན་ཡ་མིན་ལ་ས་སྐལ།

11བྷེན་ཡ་མིན་སྡེ་རིགས་ཀྱི་ཁྱིམ་ཚང་ཚོར་རྒྱན་ཤོག་བབས་པ་ལྟར་ས་སྐལ་བགོས་ཤིང་། དེ་ཚོའི་ཐོབ་སྐལ་གྱི་ས་སྐལ་ནི་ཡ་ཧུ་དཱ་དང་ཡོ་སེབ་ཀྱི་སྡེ་རིགས་ཚོའི་བར་ལ་འཁེལ་བ་ཡིན་ནོ། 12དེ་ཚོའི་བྱང་ཕྱོགས་ཀྱི་ས་མཚམས་ནི་ཡོར་དན་ནས་མགོ་ཚུགས་ཏེ་ཡེ་རི་ཀོའི་ཉེ་འགྲམ་ནས་བྱང་ངོས་ནས་ཕྱིན་ཞིང་། ནུབ་ཕྱོགས་རི་བརྒྱུད་ཁག་གི་ཡུལ་དང་བཅས་བྷེ་ཐ་བེན་གྱི་འབྲོག་སྟོང་བར་དུ་བསླེབས་ཡོད་དོ། 13དེ་ནས་ལུཛ་ (དེ་ལ་བྷེ་ཐེལ་ཡང་ཟེར་བ་ཡིན་ནོ།) བར་གྱི་ལྷོ་ཕྱོགས་ས་མཚམས་ནས་མར་བབས་ཏེ། བྷེད་ཧོ་རོན་གྱི་ལྷོ་ཕྱོགས་རི་བརྒྱུད་ཁག་ནས་ཨ་ཏ་རོད་ཨད་དར་བར་དུ་བསླེབས་ཡོད་པ་དང་། 14དེ་ནས་ས་མཚམས་གཞན་ཕྱོགས་སུ་ཕྱིན་ནས། རི་བོ་དེའི་ནུབ་ཕྱོགས་ནས་ལྷོ་ཕྱོགས་སུ་བསྐོར་རོ། དེ་ནི་ཡ་ཧུ་དཱའི་སྡེ་རིགས་ཀྱི་བདག་དབང་དུ་ཡོད་པའི་ཀིར་ཡད་བྷལ་ (དེ་ལ་ཀིར་ཡད་ཡ་རིམ་ཡང་ཟེར) བར་དུ་བསླེབས་ཀྱི་ཡོད་དོ། ནུབ་ཕྱོགས་ཀྱི་ས་མཚམས་ནི་དེ་རང་ཡིན་ནོ། 15ལྷོ་ཕྱོགས་ཀྱི་ས་མཚམས་ནི་ཀིར་ཡད་ཡ་རིམ་གྱི་མཐའ་ནས་འགོ་ཚུགས་ནས། ནེབ་ཏོའི་ཆུ་མིག་བར་དུ་བསླེབས་ཀྱི་ཡོད་དོ། 16ས་མཚམས་དེ་ནི་རི་གཤམ་དུ་ཕྱིན་ནས་རེ་ཕ་ཨིམ་ལུང་གཤོང་གི་བྱང་ཕྱོགས་སུ་ཧིན་ནོམ་ལུང་གཤོང་མཐོང་གི་ཡོད་དོ། མདུན་དུ་ཡོད་པའི་རི་བརྒྱུད་མཐའ་མ་ཚམས་རྒལ་ནས་ཡ་བྷུསེ་པའི་ལྷོ་ཕྱོགས་སུ་ཡོད་པའི་ཧིན་ནོམ་གྱི་ལུང་གཤོང་ནས་མར་ཨེན་རོ་གྷེལ་དུ་བབས་ཡོད་པ་དང་། 17བྱང་ཕྱོགས་སུ་ཨེན་ཤེ་མེཤི་ཕྱོགས་སུ་ཕྱིན་ནས་ལ་མོ་ཨ་དུམ་མིམ་གྱི་མདུན་དུ་ཡོད་པའི་གྷེ་ལི་ལོད་ལ་ཐོན་ཏེ་རུ་བྷེན་གྱི་བུ་བྷོ་ཧན་གྱི་རྡོའི་ཕྱོགས་སུ་བབས་སོ། 18དེ་ནས་མུ་མཐུད་ནས་བྷེད་ཨ་རཱ་བའི་བྱང་ཕྱོགས་ཀྱི་ཐུར་རུ་ཕྱིན་ནས་གཤམ་དུ་ཨ་རཱ་བྷ་བར་དུ་བབས་ཀྱི་ཡོད་དོ། 19ས་མཚམས་དེ་བྷེད་ཧོག་ལཱའི་བྱང་ཕྱོགས་མཐའ་མཚམས་རྒལ་ནས་ཡོར་དན་གྱི་ལྷོ་ངོས་སུ་ཡོད་པའི་འཆི་བའི་རྒྱ་མཚོའི་བྱང་ཕྱོགས་ཀྱི་མཚོ་ཁུག་ཏུ་མཇུག་བསྡུས་ཤིང་། ཡུལ་དེའི་ལྷོ་ཕྱོགས་ཀྱི་ས་མཚམས་ནི་གོང་གསལ་ལྟར་ཡིན་ནོ། 20དེའི་ཤར་ཕྱོགས་ཀྱི་ས་མཚམས་ནི་ཡོར་དན་ཡིན་པ་དང་། བྷེན་ཡ་མིན་སྡེ་རིགས་ཀྱི་ཐོབ་སྐལ་དུ་དབང་བས་ཡུལ་གྱི་ས་མཚམས་ནི་གོང་གསལ་ལྟར་ཡིན་ནོ། 21བྷེན་ཡ་མིན་སྡེ་རིགས་ཀྱི་ཁྱིམ་ཚང་ཚོས་བདག་འཛིན་བྱས་པའི་གྲོང་ཁྱེར་རྣམས་ནི། ཡེ་རི་ཀོ་དང་། བྷེད་ཧོག་ལཱ། ཨེ་མེགཀི་རྫིསི། 22བྷེད་ཨ་ར་བཱ། ཛེ་མ་རེམ། བྷེ་ཐེལ། 23ཨབ་བཱིམ། པ་རཱ། ཨོཕ་རཱ། 24ཀེ་ཕ་རམ་མོ་ནི། ཨོཕ་ནི། གྷེ་བཱ་བཅས་བསྡོམས་གྲོང་ཁྱེར་བཅུ་གཉིས་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 25དེ་བཞིན་གྷི་བི་ཨོན་དང་། ར་མཱ། བྷི་རོད། 26མིཛ་པཱ། ཀེ་ཕི་རཱ། མོ་ཛཱ། 27རེ་ཀེམ། ཨིར་པཱིལ། ཏ་ར་ལཱ། 28ཛེ་ལ། ཧེ་ལེཕ། ཡེ་བྷུསིའམ། (ཡ་རུ་ཤ་ལེམ) གྷི་བི་ཨཱ་དང་ཀིར་ཡད་ཡ་རིམ་བཅས་བསྡོམས་གྲོང་ཁྱེར་བཅུ་བཞི་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། བྷེན་ཡ་མི་སྡེ་རིགས་ཀྱི་ཁྱིམ་ཚང་ཚོས་ས་སྐལ་དུ་དབང་བའི་ཡུལ་ནི་གོང་བཞིན་ཡིན་ནོ༎

ཡོ་ཤུ་ཨ 19

སིམ་ཨོན་ལ་ས་སྐལ་བ།

1ས་སྐལ་བགོས་པའི་རྒྱན་ཤོག་གཉིས་པ་ནི་སིམ་ཨོན་གྱི་སྡེ་རིགས་ཀྱི་ཁྱིམ་ཚང་རྣམས་ལ་བབས་ཤིང་། དེ་ཚོའི་ས་མཚམས་ནི་ཡ་ཧུ་དཱའི་སྡེ་རིགས་ལ་ཐོབ་པའི་ཡུལ་བར་དུ་ཁྱབ་ཡོད་པ་ཡིན་ནོ། 2ཁོང་ཚོའི་ས་སྐལ་དུ་ཐོབ་པའི་ཡུལ་ནི་གཤམ་གསལ་ལྟར་རོ། བྷེར་ཤེ་བ། ཤེ་བྷ། མོ་ལ་དཱ། 3ཧ་ཛར་ཤུ་ཨལ། བྷ་ལཱ། ཨེ་ཛེམ། 4ཨེལ་ཏོ་ལཱད། བྷ་ཐུལ། ཧོར་མཱ། 5ཛིག་ལག། བྷེད་མར་ཀ་བྷོད། ཧ་ཛར་སུ་སཱ། 6བྷེད་ལེ་བྷ་ཨོད། ཤ་རུ་ཧེན་དང་བཅས་བསྡོམས་གྲོང་ཁྱེར་བཅུ་གསུམ་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 7གཞན་ཡང་ཨ་ཡིན་དང་། རིམ་མོན། ཨེ་ཏེར་དང་ཨ་ཤཱན་བཅས་བསྡོམས་གྲོང་ཁྱེར་བཞི་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 8དེ་ནང་གྲོང་ཁྱེར་དེ་མཐའ་འཁོར་གྱི་གྲོང་སེབ་རྣམས། ལྷོ་ཕྱོགས་སུ་བྷ་ལད་བྷིརམ་ར་མཱ་བར་དུ་འཁེལ་ལོ། སིམ་ཨོན་གྱི་སྡེ་རིགས་ལ་གཏོགས་པའི་ཡུལ་ནི་དེ་ལྟར་ཡིན་ནོ། 9ཡ་ཧུ་དཱ་ལ་དགོས་མཁོ་ལས་ལྷག་པའི་ས་སྐལ་ཆེན་པོ་ཐོབ་ཡོད་པས། དེ་ཚོའི་ས་ཁོངས་ནས་ཡུལ་གྱི་ཆ་ཤས་ཤིག་ཤི་མོན་གྱི་སྡེ་རིགས་ལ་སྟེར་བ་ཡིན་ནོ༎

ཛེ་བུ་ལུན་ལ་ས་སྐལ།

10ས་སྐལ་བགོས་པའི་རྒྱན་ཤོག་གསུམ་པ་དེ་ཛེ་བུ་ལུན་གྱི་སྡེ་རིགས་ཀྱི་ཁྱིམ་ཚང་ཚོར་ཐོབ་བོ། དེ་ཚོར་ས་སྐལ་དུ་ཐོབ་པའི་ཡུལ་གྱི་ས་མཚམས་ནི་ས་རིད་བར་དུ་བསླེབས་ཡོད་དོ། 11དེ་ནས་ནུབ་ཕྱོགས་སུ་མ་རི་ཨལ་བར་དུ་ཕྱིན་ནས་དྷབ་བྷེ་ཤེད་དང་ཡོག་ནིམ་གྱི་ཤར་ངོས་སུ་ཡོད་པའི་ཆུ་མིག་བར་དུ་བསླེབས་ཡོད་པ་ཡིན་ནོ། 12ས་རིད་ནས་ཤར་ཕྱོགས་སུ་ཀི་སི་ལོཐ་ཏ་བྷོར་གྱི་ས་མཚམས་བར་དང་། དེ་ནས་དྷ་བེ་རཱཐ་དང་། ཡ་ཕི་ཨ་བར་དུ་ཡང་བསླེབས་ཡོད། 13དེ་ནས་ཡང་མུ་མཐུད་དེ་ཤར་ཕྱོགས་སུ་གྷད་ཧེ་ཕར་དང་ཨེཐ་ཀ་ཛིན་བར་དུ་བསླེབས་ནས་རིམ་མོན་གྱི་ལམ་དུ་ཡོད་པའི་ནེ་ཨ་ཞེས་པའི་ས་གནས་ལ་འགྲོ་བའི་ཕྱོགས་སུ་ཕྱིན་ཡོད། 14བྱང་ངོས་སུ་ས་མཚམས་དེ་ཧ་ན་ཐོན་གྱི་ཕྱོགས་སུ་འཁོར་ཏེ་ཨེཕ་ཏ་ཧེལ་གྱི་ལུང་གཤོང་དུ་མཐའ་རྫོགས་སོ། 15གཞན་ཡང་ཀད་ཏཱད་དང་། ནཱ་ཧ་ལཱལ། ཤིམ་རོན། ཨི་དྷ་ལཱ་དང་བྷེད་ལེ་ཧེམ་བཅས་བསྡོམས་གྲོང་ཁྱེར་བཅུ་གཉིས་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 16ཛ་བྷུ་ལོན་གྱི་སྡེ་རིགས་ཚོས་ས་སྐལ་དུ་བདག་འཛིན་བྱས་པའི་གྲོང་ཁྱེར་དང་གྲོང་སེབ་རྣམས་ནི་གོང་གསལ་ལྟར་ཡིན་ནོ༎

ཨི་ས་ཀར་ལ་ས་སྐལ།

17ས་སྐལ་བགོས་པའི་རྒྱན་ཤོག་བཞི་པ་དེ་ནི་ཨི་ས་ཀར་གྱི་སྡེ་རིགས་ཚོའི་ཁྱིམ་ཚང་གྱི་མིང་ལ་ཐོབ་བོ། 18དེ་ཚོའི་ས་མཚམས་ནི་ཡེཛ་རིལ་དང་། ཀེ་སུ་ལོད། ཤུ་ནེམ། 19ཧ་ཕ་རེམ། ཤི་ཨོན། ཨ་ནཱ་ཧ་རད། 20རབ་བིད། ཀི་ཤི་ཨོན། ཨེ་བྷེཛ། 21རེ་མེད། ཨེན་གྷ་ནིམ། ཨེན་ཧ་དཱ་དང་། བྷེད་པ་སེ་སེ་བཅས་སོ། 22ཡང་ས་མཚམས་དེ་ཏ་བྷོར་དང་། ཤ་ཧ་ཛ་མཱ། བྷེད་ཤེ་མེཤི་བར་དུ་བསླེབས་ནས་མཐར་ཡོར་དན་དུ་མཇུག་བསྡུས་ཀྱི་ཡོད་པ་དང་། དེ་བཞིན་ཡུལ་དེ་ཚོའི་ནང་གྲོང་ཁྱེར་བཅུ་དྲུག་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 23དེ་དག་ནི་ཨི་སཱ་ཀར་གྱི་སྡེ་རིགས་ཀྱི་ཁྱིམ་ཚང་ཚོས་རང་གི་རྒྱུ་ནོར་གྱི་ཚུལ་དུ་ཐོབ་པའི་ཡུལ་ནང་དུ་འཁེལ་ལོ༎

ཨ་ཤེར་ལ་ས་སྐལ།

24ས་སྐལ་བགོས་པའི་རྒྱན་ཤོག་ལྔ་པ་དེ་ནི་ཨ་ཤེར་གྱི་སྡེ་རིགས་ཀྱི་ཁྱིམ་ཚང་གི་མིང་ལ་ཐོབ་བོ། 25དེ་ཚོའི་ས་མཚམས་ནི་ཧེལ་ཀད་དང་། ཧ་ལི། བྷེ་ཏེན། ཨག་ཤབ། 26ཨེལ་ལཱམ་མེ་ལེག་ཨ་མད་དང་། མི་ཤཱལ་བཅས་ཡིན་པ་དང་། ནུབ་ཕྱོགས་ཀར་མེལ་དང་ཤི་ཧོར་ལིབ་ནད་བར་དུ་བསླེབས་ཡོད་དོ། 27དེ་ནས་ས་མཚམས་དེ་ཤར་ཕྱོགས་སུ་འཁྱོགས་ནས་བྷེད་དྷ་གྷོན་གྱི་ཕྱོགས་སུ་ཕྱིན་ཞིང་ཛེ་བུ་ལུན་དང་ཡིཕ་ཏ་ཧེལ་གྱི་ལུང་གཤོང་བར་དུ་བསླེབས་ཡོད་པ་དང་། ལུང་གཤོང་དེ་ནི་བྷེ་ཐེ་མེག་དང་ནི་ཨེལ་གྱི་བྱང་ཕྱོགས་སུ་ཡོད་པ་ཡིན་ནོ། དེ་ནས་ས་མཚམས་དེའི་གཡོན་ཕྱོགས་སུ་ཀ་བྷུལ་དུ་འཐོན་ཏེ། 28ཨེབ་རོན་དང་། རེ་ཧོབ། ཧམ་མོན་དང་ཀ་ནཱ་བརྒྱུད་ནས་སི་དོན་བར་འགྲོའོ། 29དེ་ནས་ས་མཚམས་ར་མཱ་ཕྱོགས་སུ་འཁོར་ནས་ལྕགས་རི་ལྡན་པའི་གྲོང་ཁྱེར་ཊ་ཡར་བར་དུ་བསླེབས་ཤིང་། དེ་ནས་ཧོ་སཱའི་ཕྱོགས་སུ་འཁོར་ནས་མཐར་མེ་ཌི་ཊ་རེ་ནི་ཡན་གྱི་རྒྱ་མཚོ་རུ་མཇུག་བསྡུས་སོ་ཡོད་པ་རེད། དེ་ནང་མ་ཧ་ལབ་དང་ཨཀེ་ཛིབ་དང། 30ཨུམ་མཱ་དང་། ཨ་ཕེག། ར་ཧོབ་དང་བཅས་བསྡོམས་གྲོང་ཁྱེར་གཉིས་ཞུ་རྩ་གཉིས་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 31གྲོང་ཁྱེར་འདི་དག་དང་གྲོང་སེབ་རྣམས་ཨ་ཤེར་སྡེ་རིགས་ཀྱི་ཁྱིམ་ཚང་ཚོས་རྒྱུ་ནོར་གྱི་ཚུལ་དུ་ཐོབ་པའི་ཡུལ་ནང་ཡོོད་དོ༎

ནཕ་ཏ་ལི་ལ་ས་སྐལ།

32ས་སྐལ་བགོས་པའི་རྒྱན་ཤོག་དྲུག་པ་དེ་ནི་ནཕ་ཏ་ལིའི་སྡེ་རིགས་ཀྱི་ཁྱིམ་ཚང་ཚོར་སྤྲད་ཕྱིར་བསྒོས་སོ། 33དེ་ཚོའི་ས་མཚམས་ནི་ཧེ་ལེཕ་དང་ཛ་ནན་ནིམ་དུ་ཡོད་པའི་བེ་ཤིང་དང་། ཨ་དྷ་མི་ནེ་ཀེབ་དང་ཡབ་ནེལ་ནས་ལ་ཀུམ་བརྒྱུད་དེ་ཡོར་དན་དུ་མཇུག་བསྡུས་པ་དང་། 34ས་མཚམས་དེ་ནུབ་ངོས་སུ་ཨཇ་ནོཐ་ཏ་བྷོར་གྱི་ཕྱོགས་སུ་འཁོར་ཏེ་ཧུ་ཀོག་ཏུ་འཐོན་ཞིང་། ལྷོ་ཕྱོགས་སུ་ཛེ་བུ་ལུན་བར་དང་ནུབ་ཕྱོགས་སུ་ཨ་ཤེར་བར་དང་དེ་བཞིན་ཤར་ཕྱོགས་སུ་ཡོར་དན་བར་དུ་བསླེབས་ཀྱི་ཡོད་དོ། 35ལྕགས་རི་ལྡན་པའི་གྲོང་ཁྱེར་དག་ནི། ཛིད་དིམ། ཛེར། ཧམ་མད། རག་ཀད། ཀིིན་ནེ་རེད། 36ཨ་ད་མཱ། ར་མཱ། ཧ་ཛོར། 37ཀེ་དྷེཤི། ཨེད་རེ་ཨི། ཨེན་ཧ་ཛོར། 38ཡི་རོན། མིག་དྷ་ལེལ། ཧོ་རེམ། བྷེ་ཐ་ནད་དང་། བྷེད་ཤེ་མེཤི་བཅས་བསྡོམས་གྲོང་ཁྱེར་བཅུ་དགུ་དང་། དེ་མཉམ་དུ་མཐའ་འཁོར་གྱི་གྲོང་སེབ་རྣམས་ཀྱང་ཡིན་ནོ། 39ནབ་ཏ་ལིའི་སྡེ་རིགས་ཀྱི་ཁྱིམ་ཚང་ཚོས་རང་གི་རྒྱུ་ནོར་གྱི་ཚུལ་དུ་ཐོབ་པའི་གྲོང་ཁྱེར་དང་གྲོང་སེབ་རྣམས་གོང་གསལ་ལྟར་ཡིན་ནོ༎

དཱན་ལ་ས་སྐལ།

40ས་སྐལ་བགོས་པའི་རྒྱན་ཤོག་བདུན་པ་ནི། དཱན་གྱི་སྡེ་རིགས་ཀྱི་ཁྱིམ་ཚང་ཚོའི་མིང་ཐོག་ཏུ་འཐོན་ཞིང་། 41དེ་ཚོས་དབང་འཛིན་བྱས་པའི་ས་མཚམས་ནི། ཛོ་རཱ། ཨེཤ་ཏ་ཨོལ། ཨིར་ཤེ་མཱེཤ། 42ཤལ་བྷིན། ཨེ་ཡ་ལོན། ཨིཐ་ལཱ། 43ཨེ་ལོན། ཏིམ་ནཱ། ཨེག་རོན། 44ཨེལ་ཏེ་ཀཱེ། གྷི་བེ་ཐོན། བྷ་ལད། 45ཡེ་ཧུད། བྷེ་ནེ་བྷེ་རཀ། གྷད་རི་མོན། 46མེ་ཡར་ཀོན། རག་ཀོན་དང་། ཡོ་པའི་ཉེ་འཁོར་གྱི་ས་མཚམས་བཅས་ཡིན་ནོ། 47དཱན་གྱི་མི་མང་ཚོའི་རང་གི་ཐོབ་སྐལ་གྱི་ས་གནས་ཤོར་བའི་རྗེས་སུ། དེ་ཚོ་ལེཤེ་དུ་ཕྱིན་ནས་དེར་དམག་བརྒྱབ་སྟེ་ཡུལ་མི་རྣམས་ཚར་བཅད་ཅིང་ཡུལ་དེ་རང་དབང་དུ་བསྡུས་པ་དང་། དེར་དེ་ཚོ་གཞི་ཆགས་ནས་ལེཤེ་གྱི་མིང་འགྱུར་ནས་རང་གི་ཕ་མེས་ཀྱི་མིང་བཞིན་དཱན་ཞེས་བཏགས་སོ། 48དཱན་གྱི་སྡེ་རིགས་ཀྱི་ཁྱིམ་ཚང་ཚོས་རང་གི་ནོར་སྐལ་གྱི་ཚུལ་དུ་ཐོབ་པའི་གྲོང་ཁྱེར་དང་གྲོང་སེབ་རྣམས་ནི་གོང་གསལ་ལྟར་ཡིན་ནོ༎

ཡུལ་གྱི་ཆ་ཤས་མཐའ་མ་དེ་བགོས་པ།

49ཨིསི་རཱཨེལ་པ་ཚོས་ཡུལ་གྱི་ས་མཚམས་ཁག་ཁག་བྱས་ནས་ས་སྐལ་བགོས་ཟིན་པ་དང་། དེ་ཚོས་ནུན་གྱི་བུ་ཡོ་ཤུ་ཨ་ལ་ཡུལ་གྱི་ཆ་ཤས་ཤིག་ས་སྐལ་དུ་སྤྲད་དོ། 50སྔར་གཙོ་བོ་དཀོན་མཆོག་གི་བཀའ་གནང་བ་བཞིན་དེ་ཚོས་ཡོ་ཤུ་ཨའི་འདོད་པ་དང་བསྟུན་ཏེ་ཨེཕ་ར་ཡིམ་གྱི་རི་ཁུལ་དུ་ཡོད་པའི་ཏིམ་ནད་སེ་རཱ་ཞེས་པའི་གྲོང་ཁྱེར་དེ་སྤྲད་ཅིང་། ཡོ་ཤུ་ཨས་གྲོང་ཁྱེར་དེ་སྐྱར་གསོ་བྱས་ནས་དེར་གཞིས་ཆགས་ནས་གནས་སྡོད་བྱས་སོ། 51བླ་མ་ཨེ་ལི་ཛར་དང་ནུན་གྱི་བུ་ཡོ་ཤུ་ཨ་དང་ཨིསི་རཱཨེལ་པ་ཚོའི་སྡེ་རིགས་སོ་སོའི་ཁྱིམ་ཚང་གི་སྡེ་དཔོན་ཚོས་ཤི་ལཱོ་རུ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་སྒོའི་རྩར་རྒྱན་ཤོག་བརྒྱབ་ནས་ཡུལ་དེ་རང་རང་སོ་སོའི་ས་སྐལ་དུ་བགོས་སོ། དེ་བཞིན་ཡུལ་རྣམས་བགོ་བཤའ་བརྒྱབ་པའི་ལས་དེ་མཇུག་བསྡུས་སོ༎

ཡོ་ཤུ་ཨ 20

སྐྱབས་བཅོལ་ཞུ་སའི་གྲོང་ཁྱེར་ཁག།

(གྲངས་ཀ་ ༣༥:༩-༣༤)

1དེ་ནས་གཙོ་བོ་དཀོན་མཆོག་གིས་ཡོ་ཤུ་ཨ་ལ་གསུངས་པ། 2སྔར་མོ་ཤེའི་བརྒྱུད་ནས་ངས་ཁྱོད་ཚོ་ལ་སྨྲས་པ་བཞིན་ཁྱོད་ཚོས་སྐྱབས་བཅོལ་བའི་གྲོང་ཁྱེར་ཁག་འདམས་དགོས་ཅེས་སྨྲོས་ཤིག 3སུ་ཞིག་གིས་ནོར་འཕྲུལ་བྱས་ནས་མི་ཞིག་བསད་པ་ཡིན་ན། ཁོ་གྲོང་ཁྱེར་དེར་ཕྱིན་ནས་སྐྱབས་བཅོལ་ཞུ་དགོས། དེ་ལྟར་བྱེད་ན་ཁོ་དགྲ་ཤ་ལེན་མཁན་དེ་ལས་ཐར་རྒྱུ་ཡིན་ནོ། 4མི་དེ་གྲོང་ཁྱེར་དེ་ཚོའི་ཁོངས་ནས་གཅིག་གི་ནང་དུ་བྲོས་ཕྱིན་ཏེ། གྲོང་ཁྱེར་གྱི་གཞུང་སྒོའི་རྩར་ཡོད་པའི་ཁྲིམས་གཅོད་སའི་གནས་དེར་ཕྱིན་ནས། རང་གི་གནས་ཚུལ་དེ་འགོ་བྱེད་རྣམས་ལ་བཤད་དགོས། འགོ་བྱེད་ཚོས་མི་དེ་གྲོང་ཁྱེར་ནང་དུ་འཁྲིད་དེ་ཁོ་ལ་གནས་ས་ཞིག་སྤྲད་པའི་རྗེས་སུ་མི་དེ་ཁོ་ཚོ་དང་མཉམ་དུ་བསྡད་ཆོག་གོ 5གལ་སྲིད་དགྲ་ཤ་ལེན་མཁན་དེས་མི་དེའི་རྗེས་སུ་དེད་ཡོང་ནའང་དེ་ཚོས་མི་དེ་རྩིས་སྤྲོད་བྱེད་མི་ཆོག གང་ལགས་ཟེར་ན། ཁོས་ནོར་འཕྲུལ་བྱས་ནས་མི་དེ་བསད་པ་ལས། དེ་མིན་ཁོས་ཁོང་ཁྲོ་བྱས་ནས་ཆེད་མངགས་ཀྱིས་མི་དེ་བསད་པ་མ་ཡིན་པའི་ཕྱིར་རོ། 6མི་དེ་ལ་ནག་ཉེས་གང་ཡང་མེད་ཅེས་ཁྲིམས་ཁང་ནས་གསལ་སྒྲགས་མ་བྱས་བར་དུ་ཁོ་ལ་སྲུང་སྐྱོབས་བྱས་པའི་བླ་མ་དེ་མ་ཤི་བར་དུ་ཁོ་གྲོང་ཁྱེར་དེའི་ནང་དུ་བསྡད་ཆོག དེ་རྗེས་མི་དེ་སྔར་བྲོས་ནས་ཡོང་བའི་སོ་སོའི་གྲོང་ཁྱེར་དུ་འགྲོ་དགོས་སོ། 7དེས་ན་ཁོ་ཚོས་ཡོར་དན་གྱི་ནུབ་ཕྱོགས་སུ་ནཕ་ཏ་ལིའི་རི་བརྒྱུད་ཁུལ་དུ་གྷ་ལིལ་གྱི་ཀེ་དྷེཤི་དང་། ཨེཕ་ར་ཡིམ་རི་བརྒྱུད་ཁུལ་གྱི་ཡུལ་ཤེ་ཀེམ་དང་། ཡ་ཧུ་དཱའི་རི་བརྒྱུད་ཁུལ་གྱི་ཀིར་ཡ་ཨར་བྷ། (དེ་ལ་ཧེབ་རོན་ཡང་ཟེར) 8དེ་བཞིན་ཡོར་དན་ཕར་ཕྱོགས་སུ་ཡོད་པའི་ཡེ་རི་ཀོའི་ཤར་ངོས་ཀྱི་རུ་བྷེན་གྱི་འབྲོག་སྟོང་ཁུལ་དུ་ཡོད་པའི་བྷེ་ཛེར་དང་། གྷཌ་ཀྱི་ས་ཁོངས་གྷིལ་ཨད་དུ་ཡོད་པའི་ར་མོད་དང་མ་ནསེ་སཱེའི་ས་ཁོངས་ཀྱི་བྷ་ཤཱན་དུ་ཡོད་པའི་གྷོ་ལན་བཅས་འདམས་སོ། 9གོང་གསལ་གྲོང་ཁྱེར་རྣམས་ནི་ཨིསི་རཱཨེལ་པ་རྣམས་དང་ཕྱི་རྒྱལ་མི་རིགས་རྣམས་ཀྱི་དོན་དུ་སྐྱབས་བཅོལ་སའི་གྲོང་ཁྱེར་ཁག་ཏུ་ངོས་འཛིན་བྱས་པ་དང་། སུ་ཞིག་གིས་ནོར་འཕྲུལ་གྱི་སྒོ་ནས་མི་ཞིག་བསད་པ་ཡིན་ན། མི་དེ་རང་གི་དགྲ་ཤ་ལེན་མཁན་ནས་བྲོས་ཏེ་གྲོང་ཁྱེར་དེ་ཚོའི་ནང་དུ་སྐྱབས་ཞུས་ནས་བསྡད་ཆོག་ཅིང་། ཁྲིམས་ཁང་ནས་ནག་ཉེས་ཡོད་མེད་ཀྱི་གསལ་སྒྲགས་མ་བྱས་བར་དུ་སུས་ཀྱང་མི་དེ་བསད་མི་ཆོག་པ་ཡིན་ནོ༎

ཡོ་ཤུ་ཨ 21

ལེ་ཝི་པ་རྣམས་ཀྱི་གྲོང་ཁྱེར།

1ལེ་ཝི་པ་རྣམས་ཀྱི་འགོ་བྱེད་ཚོས་བླ་མ་ཨེ་ལི་ཛར་དང་ནུན་གྱི་བུ་ཡོ་ཤུ་ཨ་དང་ཨིསི་རཱཨེལ་པའི་སྡེ་རིགས་ཀྱི་ནང་མི་སོ་སོའི་འགོ་བྱེད་ཚོའི་རྩར་ཕྱིན་ནས། 2ཀ་ནན་ཡུལ་གྱི་ཤི་ལཱོ་རུ་དེ་དག་ལ་སྨྲས་པ། ང་ཚོ་ལ་སྡོད་ས་གྲོང་ཁྱེར་ཁག་དང་། ང་ཚོའི་ཕྱུགས་རྣམས་འཚོ་བའི་ཕྱིར་ཉེ་འཁོར་གྱི་ས་གནས་དག་རྩ་ཁར་སྤྲོས་དགོས་ཅེས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་བརྒྱུད་ནས་བཀའ་གནང་ཡོད། 3དེ་ནས་གཙོ་བོ་དཀོན་མཆོག་གི་བཀའ་དགོངས་བཞིན་ཨིསི་རཱཨེལ་པ་ཚོས་ལེ་ཝི་པ་རྣམས་ལ་སོ་སོའི་ས་ཁོངས་ནས་གྲོང་ཁྱེར་འགའ་ཤས་དང་རྩྭ་ཁ་རྣམས་སྤྲད་དོ། 4དེ་ནས་ཀོ་ཧད་པའི་རིགས་རུས་ཀྱི་ནང་མི་ཚོའི་མིང་ཐོག་ཏུ་རྒྱན་ཤོག་དང་པོ་བབས་པ་ལྟར། ལེ་ཝི་པའི་ནང་ནས་བླ་མ་ཨ་རོན་གྱི་རིགས་བརྒྱུད་ཚོས་ཡ་ཧུ་དཱ་དང་། སིམ་ཨོན་དང་། བྷེན་ཡ་མིན་གྱི་ས་ཁོངས་ནས་གྲོང་ཁྱེར་བཅུ་གསུམ་སོ་སོའི་ས་སྐལ་དུ་ཐོབ་བོ། 5དེ་བཞིན་ཀོ་ཧད་པའི་རིགས་རུས་ཀྱི་འཕྲོས་ཚོས་ཨེཕ་ར་ཡིམ་དང་། དཱན་དང་། ནུབ་མ་ནསེ་སཱེའི་ས་ཁོངས་ནས་གྲོང་ཁྱེར་བཅུ་སོ་སོའི་ས་སྐལ་དུ་ཐོབ་པ་ཡིན་ནོ། 6གྷེར་ཤོན་གྱི་རིགས་རུས་ཚོས་ཨི་ས་ཀར་དང་ཨ་ཤེར་དང་། ནཕ་ཏ་ལི་དང་གཞན་ཡང་བྷ་ཤཱན་དུ་ཤར་མ་ནསེ་སཱེེའི་ས་ཁོངས་ནས་གྲོང་ཁྱེར་བཅུ་གསུམ་སོ་སོའི་ས་སྐལ་དུ་ཐོབ་པ་ཡིན་ནོ། 7དེ་བཞིན་མེ་ར་རིའི་རིགས་རུས་ཚོར་རུ་བྷེན་དང་། གྷཌ་དང་། ཛེ་བུ་ལུན་གྱི་ས་ཁོངས་ནས་གྲོང་ཁྱེར་བཅུ་གཉིས་ཐོབ་པ་དང་། 8སྔར་གཙོ་བོ་དཀོན་མཆོག་གིས་མོ་ཤེའི་བརྒྱུད་ནས་བཀའ་གནང་བ་བཞིན་ཨིསི་རཱཨེལ་པ་ཚོས་རྒྱན་ཤོག་བླུགས་ནས་ལེ་ཝི་པ་རྣམས་ལ་གྲོང་ཁྱེར་དང་རྩྭ་ཁ་དེ་དག་སྤྲད་པ་ཡིན་ནོ། 9དེ་དག་གིས་ཡ་ཧུ་དཱ་དང་སིམ་ཨོན་གྱི་ས་ཁོངས་ནས་གཤམ་གསལ་གྲོང་ཁྱེར་རྣམས་སྤྲད་དོ། 10གྲོང་ཁྱེར་དེ་ཚོ་ནི་ལེ་ཝིའི་རིགས་བརྒྱུད་ལས་ཡིན་པ་ཀོ་ཧད་རིགས་རུས་ཁོངས་ནས་ཨ་རོན་གྱི་རིགས་བརྒྱུད་ཚོའི་ཕྱིར་དུ་ཡིན་ནོ། གང་ཡིན་ཟེར་ན་རྒྱན་ཤོག་དང་པོ་དེ་ཚོའི་མིང་ཐོག་ཏུ་འཐོན་པས་ཕྱིར་རོ། 11དེ་ནས་ཁོ་ཚོས་དེ་དག་ལ་ཡ་ཧུ་དཱའི་རི་བརྒྱུད་ཁུལ་གྱི་ཡུལ་ཨར་བྷའམ་དེང་དུས་ཧེབ་རོན་ཟེར་བའི་གྲོང་ཁྱེར་དང་དེའི་མཐའ་འཁོར་གྱི་རྩ་ཁ་བཅས་སྤྲད་པ་ཡིན་ནོ། (ཨར་བྷ་ནི་ཨ་ནག་གི་ཕ་ཡིན་ནོ།) 12ཡིན་ན་ཡང་དེ་ཚོས་གྲོང་ཁྱེར་དེའི་ཞིང་ཁ་དང་གྲོང་གསེབ་ཚང་མ་ནི་ཡ་ཕུ་ནཱེའི་བུ་ཀ་ལེབ་ཀྱི་ས་སྐལ་དུ་སྤྲད་པ་ཡིན་ནོ། 13བླ་མ་ཨ་རོན་གྱི་རིགས་བརྒྱུད་རྣམས་ལ་སྐྱབས་བཅོལ་ཞུ་སའི་ས་གནས་ཧེབ་རོན་གྱི་ཁར་གཤམ་གསལ་གྲོང་ཁྱེར་རྣམས་ཀྱང་སྤྲད་དོ། ལིབ་ནཱ་དང་། 14ཡ་ཏིར། ཨེཤ་ཏེ་མོ། 15ཧོ་ལོན། དྷེ་བིར། 16ཨ་ཡིན། ཡུ་ཏཱ་དང་བྷེད་ཤེ་མེཤི་དང་། ཡང་དེའི་སྤང་རིའི་རྩ་ཁ་བཅས་དང་། དེ་བཞིན་ཡ་ཧུ་དཱ་དང་སིམ་ཨོན་གྱི་སྡེ་རིགས་ཀྱི་ཁོངས་གཏོགས་ནས་གྲོང་ཁྱེར་དགུ་དང་། 17བྷེན་ཡ་མིན་གྱི་ས་ཁོངས་ནས་གྷི་བི་ཨོན་དང་། གྷེ་བཱ། 18ཨ་ན་ཐོད། ཨལ་མོན་དང་དེའི་ཉེ་འཁོར་གྱི་གྲོང་གསེབ་ཆུང་ཁག་བཅས་ཁྱོན་བསྡོམས་པས་གྲོང་ཁྱེར་བཞི་ཁོ་ཚོར་སྤྲད་དོ། 19ཨ་རོན་གྱི་རིགས་བརྒྱུད་ལས་ཡིན་པའི་བླ་མ་ཚོར་ཁྱོན་བསྡོམས་པས་གྲོང་ཁྱེར་རྣམས་ བཅུ་གསུམ་སྤྲད་ཡོད་དོ། 20ཀོ་ཧད་རིགས་རུས་ལེ་ཝི་པའི་ནང་མི་གཞན་ཚོ་ལ་ཨེཕ་ར་ཡིམ་གྱི་ས་ཁོངས་ནས་གྲོང་ཁྱེར་ཁག་ས་སྐལ་དུ་ཐོབ་པ་ཡིན་ནོ། 21ཁོ་ཚོར་ཐོབ་པའི་ས་སྐལ་ནི། ཨེཕ་ར་ཡིམ་རི་ཁུལ་དུ་ཆགས་པའི་གྲོང་ཁྱེར་ཤེ་ཀེམ་དང་དེའི་ཉེ་འཁོར་གྱི་རྩྭ་ཁ་ཁག་དང་། གྷེ་ཟེར་བཅས་དང་། (ཤེ་ཀེམ་ནི་སྐྱབས་བཅོལ་སའི་གྲོང་ཁྱེར་ཅིག་ཡིན་ནོ།) 22ཀིབ་ཛེམ་དང་བྷེད་ཧོ་རོན་དང་དེར་ཡོད་པའི་རྩྭ་ཁ་བཅས། 23ཁོ་ཚོར་དཱན་གྱི་ས་ཁོངས་ནས་གྲོང་ཁྱེར་བཞི་སྤྲད་ཡོད་པ་ནི། ཨེལ་ཏེ་ཀཱེ་དང་། གྷི་བེ་ཏོན། 24ཨེ་ཡ་ལོན་དང་། གྷད་རི་མོན་གྱི་རྩྭ་ཁ་བཅས་དང་། 25ནུབ་མ་ནསེ་སཱེའི་ས་ཁོངས་ནས་ཁོ་ཚོས་ཏ་ནག་དང་གྷད་རི་མོན་དང་དེའི་ཉེ་འཁོར་གྱི་རྩྭ་ཁ་བཅས་གྲོང་ཁྱེར་གཉིས་ཐོབ་པ་ཡིན་ནོ། 26དེ་བཞིན་ཀོ་ཧདའི་རིགས་རུས་ཀྱི་ནང་མི་ཚོས་གྲོང་ཁྱེར་བསྡོམས་བཅུ་དང་། རྩྭ་ཁ་བཅས་ཐོབ་བོ། 27ལེ་ཝིའི་ཚོགས་ཁག་གཞན་ཀྱི་གྷེར་ཤོན་གྱི་རིགས་རུས་ལ་ཤར་མ་ནསེ་སཱེའི་ས་ཁོངས་ནས་བྷ་ཤཱན་གྱི་གྷོ་ལན་དང་། (གྷོ་ལན་ནི་སྐྱབས་བཅོལ་སའི་གྲོང་ཁྱེར་ཅིག་ཡིན་ནོ།) དང་། བྷིཤི་ཏེ་རཱ་བཅས་གྲོང་ཁྱེར་གཉིས་རང་གི་ས་སྐལ་དུ་ཐོབ་ཅིང་། 28དེ་ཚོས་ཨི་ས་ཀར་གྱི་ས་ཁོངས་ནས་ཀི་ཤི་ཨོན་དང་། དྷ་བེ་རཱཐ། 29ཡར་མུད་དང་ཨེན་གྷ་ནིམ་བཅས་གྲོང་ཁྱེར་བཞི་ཐོབ་བོ། 30དེ་བཞིན་ཁོ་ཚོས་ཨ་ཤེར་གྱི་ས་ཁོངས་ནས་མི་ཤཱལ་དང་། ཨབ་དྷོན། 31ཧེལ་ཀད། རེ་ཧོབ་བཅས་གྲོང་ཁྱེར་བཞི་ཐོབ་པ་དང་། 32དེ་ཚོས་ནཕ་ཏ་ལིའི་ས་ཁོངས་ནས་གྷ་ལིལ་དུ་ཡོད་པའི་སྐྱབ་གཅོལ་སའི་གྲོང་ཁྱེར་ཀེ་དྷེཤི་དང་དེའི་རྩྭ་ཁ་བཅས་དང་། ཧམ་མོད་ཌོར། ཀར་ཏཱན་དང་དེའི་རྩྭ་ཁ་བཅས་གྲོང་ཁྱེར་གསུམ་ཐོབ་པ་ཡིན་ནོ། 33གྷེར་ཤོན་རིགས་རུས་ཀྱི་ཁྱིམ་ཚང་ཁག་སོ་སོ་བསྡོམས་པས་གྲོང་ཁྱེར་བཅུ་གསུམ་དང་། དེའི་རྩྭ་ཁ་བཅས་ཐོབ་པ་ཡིན་ནོ། 34མེ་ར་རིའི་རིགས་རུས་ཀྱི་ལེ་ཝི་པ་ལྷག་འཕྲོས་ཚོས་ཛེ་བུ་ལུན་གྱི་ས་ཁོངས་ནས་གྲོང་ཁྱེར་བཞི་ཐོབ་པ་རྣམས་ནི། ཡོག་ནིམ་དང་། ཀར་ཏཱ། 35དྷིམ་ནཱ། ནཱ་ཧ་ལཱལ་དང་དེའི་རྩྭ་ཁ་བཅས་ཡིན་ནོ། 36དེ་ཚོས་རུ་བྷེན་གྱི་ས་ཁོངས་ནས་གྲོང་ཁྱེར་བཞི་ཐོབ་པ་རྣམས་ནི། བྷེ་ཛེར་དང་། ཡ་ཧཛ། 37ཀེ་དེ་མོད། མེ་ཕད་དང་དེའི་རྩྭ་ཁ་བཅས་ཡིན་ནོ། 38གྷཌ་ཀྱི་སྡེ་རིགས་ནས་དེ་ཚོར་གྲོང་ཁྱེར་བཞི་ཐོབ་པ་ནི། གྷིལ་ཨད་དུ་ཡོད་པའི་གྲོང་ཁྱེར་ར་མོད་དང་། དེའི་རྩྭ་ཁ་བཅས་དང་། (ཡང་ར་མཱོད་ནི་སྐྱབས་བཅོལ་སའི་གྲོང་ཁྱེར་ལས་གཅིག་ཡིན་ནོ།) མ་ཧ་ནེམ་དང་། 39ཧེཤ་བྷོན། ཡ་ཛེར་དང་དེའི་རྩྭ་ཁ་བཅས་ཡིན་ནོ། 40དེ་བཞིན་མེ་ར་རིའི་རིགས་རུས་ཚོར་ཁྱོན་བསྡོམས་པས་གྲོང་ཁྱེར་བཅུ་གཉིས་ཐོབ་པ་ཡིན་ནོ། 41-42ཨིསི་རཱཨེལ་པ་ཚོས་བདག་འཛིན་བྱས་པའི་ས་ཁོངས་ནས་ལེ་ཝི་པ་ཚོར་ཁྱོན་བསྡོམས་པས་གྲོང་ཁྱེར་བཞི་བཅུ་ཞེ་བརྒྱད་དང་། དེ་ཚོའི་ཉེ་འཁོར་གྱི་རྩྭ་ཁ་བཅས་ཡིན་ནོ༎

ཨིསི་རཱཨེལ་པ་ཚོས་ཡུལ་དེ་བདག་འཛིན་བྱས་པ།

43སྔར་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པའི་མེས་པོ་རྣམས་ལ་ཡུལ་དེ་གནང་གི་ཡིན་ཞེས་དམ་བཅའ་གནང་བ་ལྟར། ཁོང་གིས་དེ་ཚོར་ཡུལ་དེ་ཆ་ཚང་གནང་ཞིང་། ཁོ་ཚོས་ཡུལ་དེ་བདག་འཛིན་བྱས་ནས་དེར་གཞིས་ཆགས་ཤིང་བསྡད་དོ། 44གཙོ་བོ་དཀོན་མཆོག་གིས་ཁོ་ཚོའི་མེས་པོ་རྣམས་ལ་དམ་བཅའ་གནང་བ་བཞིན་ཁོང་གི་ཡུལ་ཀུན་ཏུ་ཞི་བདེ་གནངངོ་། ཁོ་ཚོའི་དགྲ་བོ་རྣམས་ནས་སུས་ཀྱང་ཁོ་ཚོར་གདོང་ལེན་བྱས་མ་ཐུབ་པའོ། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གི་ཨིསི་རཱཨེལ་པ་ཚོར་ཁོ་ཚོས་དགྲ་བོ་ཡོངས་ཀྱི་ཐོག་ཏུ་རྒྱལ་ཁ་གནང་ཡོད་དོ། 45གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་དམ་བཅའ་གནང་བ་རྣམས་གཅིག་ཀྱང་མ་ལུས་པར་བསྒྲུབས་པ་གནང་ངོ་༎

ཡོ་ཤུ་ཨ 22

ཤར་ཕྱོགས་ཀྱི་སྡེ་རིགས་རྣམས་རང་ཡུལ་དུ་ལོག་པ།

1དེ་ནས་ཡོ་ཤུ་ཨས་རུ་བྷེན་དང་། གྷཌ་དང་། ཤར་ཕྱོགས་མ་ནསེ་སཱེའི་སྡེ་རིགས་རྣམས་ཕྱོགས་གཅིག་ཏུ་བོས་ནས། 2དེ་ཚོ་ལ། གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་མོ་ཤེས་བཀའ་གང་གནང་བ་ཐམས་ཅད་ཁྱོད་ཚོས་སྲུང་ཡོད་པ་དང། ངས་གང་བཤད་པ་དེ་ཚོའང་ཁྱོད་ཚོས་རྩིས་སྲུང་བྱས་སོ། 3ཁྱོད་ཚོས་རང་རིགས་ཨིསི་རཱཨེལ་པ་རྣམས་ལ་ད་བར་ཐེངས་གཅིག་ཀྱང་སྤངས་མེད་པ་དང་། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་བཀའ་རྣམས་དོ་སྣང་ཆེན་པོས་བསྲུངས་རྩིས་བྱས་ཡོད་དོ། 4ད་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཞལ་བཞེས་གནང་བ་བཞིན། ཁོང་གིས་ཁྱོད་ཚོའི་རང་རིགས་གཅིག་པའི་ཨིསི་རཱཨེལ་པ་རྣམས་ལ་ཞི་བདེ་གནང་ཡོད་དོ། དེར་བརྟེན་ད་ནང་དུ་ཕྱིར་ལོག་ནས་ཁྱོད་ཚོས་རང་གི་བདག་དབང་བྱས་པའི་གནས་སུ་གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་མོ་ཤེས་ཁྱོད་ཚོ་ལ་སྟེར་བའི་ཡོར་དན་ཤར་ཕྱོགས་ཀྱི་ཡུལ་དུ་སོང་ཞིག 5མོ་ཤེས་ཁྱོད་ཚོ་ལ་བཀའ་ཁྲིམས་དག་སྲུང་དགོས་ཅེས་སྨྲས་པ་རྣམས་ངེས་པར་དུ་བསྲུང་དགོས་སོ། བཀའ་ཁྲིམས་རྣམས་ནི། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་བརྩེ་བ་ཞུ་ཞིག ཁོང་གི་ཐུགས་དགོངས་བཞིན་དུ་བྱེད་རྒྱུ་དང་། ཁོང་གི་བཀའ་ཁྲིམས་རྣམས་བསྲུངས་ཏེ་ཁོང་ལ་དམ་ཚིག་དང་རང་གི་སྙིང་ཐག་པ་ནས་ཁོང་ལ་ཞབས་ཏོག་ཞུ་དགོས་ཅེས་སྨྲས་སོ། 6-8དེ་ནས་ཡོ་ཤུ་ཨས་དེ་ཚོར་རང་རང་སོ་སོའི་ནང་ལ་གཏོང་སྐབས་བྱིན་རླབས་འདི་ལྟར་གནང་བ། ད་ཁྱོད་ཚོ་དང་མཉམ་དུ་དུད་འགྲོ་སེམས་ཅན་གྱི་ཚོགས་ཆེན་པོ་ཞིག་དང་། དངུལ་དང་། གསེར་དང་། ལི་དང་། ལྕགས་དང་། གོས་ལ་སོགས་པའི་རྒྱུ་དངོས་མང་པོ་ཞིག་འཁྱེར་ནས་འགྲོ་རྒྱུ་ཡོད། ཁྱོད་ཚོའི་དགྲ་བོའི་ལག་ནས་བྱུང་བའི་རྒྱུ་དངོས་ཇི་ཡོད་རྣམས་རང་གི་སྡེ་རིགས་རྣམས་ཀྱི་གཉེན་གྲོགས་མཉམ་དུ་བསྒོས་ཞིག དེ་ནས་ཁོ་ཚོ་རང་ཁྱིམ་དུ་ལོག་གོ མོ་ཤེས་མ་ནསེ་སཱེའི་སྡེ་རིགས་ཕྱེད་ཀ་ལ་ཡོར་དན་ཤར་ཕྱོགས་ཀྱི་ས་ཁུལ་ཁག་སྟེར་མོད། འོན་ཀྱང་ཡོ་ཤུ་ཨས་གཞན་སྡེ་རིགས་ཕྱེད་ཀ་ལ་ཡོར་དན་ནུབ་ཕྱོགས་སུ་སྡེ་རིགས་གཞན་མཉམ་དུ་བསྡོད་གནས་ཁག་སྤྲད་ཡོད་དོ། 9དེ་ནས་རུ་བྷེན་དང་གྷཌ་དང་ཤར་མ་ནསེ་སཱེའི་སྡེ་རིགས་ཀྱི་མི་ཚོས་ཨིསི་རཱཨེལ་མི་མང་གཞན་རྣམས་ཀ་ནན་ཡུལ་གྱི་ཤི་ལོ་ཟེར་བའི་ས་གནས་སུ་ཞག་ནས། སྔར་མོ་ཤེའི་བརྒྱུད་ནས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་གཞིར་བཟུང་གྷི་ལད་ཞེས་པའི་ཡུལ་དེ་རང་གི་ས་སྐལ་དུ་ལེན་ཕྱིར་ཕྱིན་ནོ༎

ཡོར་དན་གྱི་འགྲམ་དུ་མཆོད་ཁྲི།

10རུ་བྷེན་དང་། གྷཌ་དང་། ཤར་མ་ནསེ་སཱེའི་སྡེ་རིགས་ཀྱི་མི་རྣམས་ཡོར་དན་གྱི་ནུབ་ཕྱོགས་སུ་ཡོད་པའི་གྷེ་ལི་ལོད་ཅེས་པའི་ས་གནས་དེར་བསླེབས་ཏེ། དེར་གཙང་པོ་ཡོར་དན་གྱི་འགྲམ་དུ་ཁོ་ཚོས་མཆོད་ཁྲི་ཆེན་པོ་ཞིག་བཞེངས་སོ། 11ཨིསི་རཱཨེལ་མི་མང་འཕྲོས་རྣམས་ནང་ཁོངས་སུ་ཕན་ཚུན་གཏམ་གླེང་བྱས་ཏེ་སྨྲས་པ། ལྟོས་དང་། རུ་བྷེན་དང་། གྷཌ་དང་། ཤར་མ་ནསེ་སཱེའི་སྡེ་རིགས་ཚོས་ང་ཚོའི་ས་ཁོངས་སུ་གཏོགས་པའི་གཙང་པོ་ཡོར་དན་གྱི་འགྲམ་དུ་ས་གནས་གྷེ་ལི་ལོད་ཅེས་པར་མཆོད་ཁྲི་ཞིག་བཞེངས་འདུག 12ཨིསི་རཱཨེལ་མི་མང་ཚོས་གནས་ཚུལ་དེ་ཐོས་ནས། ཤར་ཕྱོགས་ཀྱི་སྡེ་རིགས་རྣམས་དང་དམག་བརྒྱབ་པའི་ཕྱིར་མི་སྡེ་ཡོངས་རྫོགས་ཤི་ལཱོ་ཞེས་པའི་གནས་དེར་འཛོམས་སོ། 13དེ་ནས་ཨིསི་རཱཨེལ་པ་ཚོས་བླ་མ་ཨེ་ལི་ཛར་གྱི་བུ་ཕིན་ཧསི་ལ་གྷིལ་ཨད་ཡུལ་དུ། རུ་བྷེན་དང་། གྷཌ་དང་། ཤར་མ་ནསེ་སཱེའི་སྡེ་རིགས་ཀྱི་མི་རྣམས་ཡོད་སར་བཏང་ངོ། 14ཕིན་ཧསི་མཉམ་དུ་ནུབ་ཕྱོགས་ཀྱི་སྡེ་རིགས་ལས་མི་རེ་རེ་རྩིས་པས་རིགས་རུས་ནང་ནས་ཁྱིམ་ཚང་གི་འགོ་དཔོན་རེར་སྐུ་ཚབ་ཀྱི་ཚུལ་དུ་མི་གྲངས་བཅུ་ཕྱིན་ནོ། 15དེ་ནས་ཁོ་ཚོ་གྷིལ་ཨད་ཡུལ་དུ། རུ་བྷེན་དང་། གྷཌ་དང་། ཤར་མ་ནསེ་སཱེ་ཡོད་སར་བསླེབས་ཏེ། 16ཁོ་ཚོས་གཙོ་བོ་དཀོན་མཆོག་གི་མི་སྡེ་ཡོངས་རྫོགས་ཀྱི་ཚབ་ཞུས་ཏེ་དེ་ཚོ་ལ། ཁྱོད་ཚོས་ཨིསི་རཱཨེལ་གྱི་དཀོན་མཆོག་གི་ཐུགས་དགོངས་དང་འགལ་བའི་ལས་ངན་འདི་འདྲ་བྱས་པ་དེ་གང་ཡིན་ནམ། ཁྱོད་ཚོས་རང་འདོད་བཞིན་དུ་མཆོད་ཁྲི་འདི་བཞེངས་ནས་གཙོ་བོ་དཀོན་མཆོག་གི་བཀའ་དང་འགལ་ཞིང་ཁོང་ལ་ངོ་རྒོལ་ཞུས་པ་ཡིན་ནོ། 17པི་ཨོར་དུ་ང་ཚོས་ཉེས་དམིགས་བྱས་པས་གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་མི་མང་ལ་ནད་ཡམས་ཀྱི་སྒོ་ནས་ཆད་པ་གཏོང་བ་གནང་བ་དེ་དྲན་གསོ་བྱོས་དང་། ང་ཚོ་ད་དུང་ཡང་དཀའ་ངལ་དེ་ལས་ཐར་མེད་པ་དང་། ད་ཉེས་དམིགས་དེ་གས་ཆོག་ག་མི་འདུག་གམ། 18ཁྱོད་ཚོས་ད་དུང་ཡང་ཁོང་གི་བཀའ་ལ་རྩིས་སྲུང་མ་ཞུས་པར་ཁོང་ལ་ངོ་རྒོལ་ཞུས་ན། མ་འོངས་པ་ན་ཨིསི་རཱཨེལ་པ་ཚང་མའི་ཐོག་ཏུ་ཁོང་གི་ཐུགས་ཁྲོ་འཕོག་ངེས་པ་ཡིན་ནོ། 19དེ་བས་ན་ཁྱོད་ཚོའི་ཡུལ་དེ་མི་གཙང་ཞིང་མཆོད་འབུལ་བྱེད་འོས་པའི་གནས་ཤིག་མེད་པ་ཡིན་ན། གཙོ་བོ་དཀོན་མཆོག་གི་དབུ་གུར་དམ་པ་ཡོད་སའི་ཡུལ་གྱི་ནང་དུ་འཛུལ་ཏེ། ང་ཚོའི་ཁྲོད་ནས་ས་གནས་གང་ཞིག་ལེན་ནའང་ཆོག་གོ འོན་ཀྱང་གཙོ་བོ་དཀོན་མཆོག་གི་མཆོད་ཁྲི་དེའི་ཁར་མཆོད་ཁྲི་ཕར་མ་ཞིག་བཞེངས་ནས་ཁོང་ལ་ངོས་རྒོལ་མ་ཞུས་ཤིག དེ་བཞིན་ང་ཚོའང་ངོས་རྒོལ་བྱེད་མཁན་ཞིག་མ་བཟོས་ཞིག 20ཛེ་རཱའི་བུ་ཨ་ཀན་གྱིས་འཇིག་པར་བྱེད་དགོས་པའི་དངོས་རིགས་སྐོར་གྱི་བཀའ་དེ་འགལ་བས་ཨིསི་རཱཨེལ་གྱི་མི་སྡེ་ཡོངས་རྫོགས་ལ་ཉེས་ཆད་འཕོགས་པ་དེ་དྲན་གསོ་བྱོས་ཤིག་དང་། རང་གི་སྡིག་པའི་རྐྱེན་གྱིས་ཨ་ཀན་གཅིག་པོ་ཤི་བ་མ་ཡིན་ཞེས་སྨྲས་སོ། 21དེའི་ལན་དུ་རུ་བྷེན་དང་། གྷཌ་དང་། ཤར་མ་ནསེ་སཱེའི་སྡེ་རིགས་ཀྱི་མི་ཚོས་ནུབ་ངོས་ཀྱི་མི་སྡེའི་འགོ་འཛིན་རྣམས་ལ། 22ཀུན་དབང་ལྡན་པ་ཁོང་ནི་དཀོན་མཆོག་ཡིན། ཁོང་ནི་གཙོ་བོ་དཀོན་མཆོག་ཡིན། ཀུན་དབང་ལྡན་པ་ཁོང་ནི་དཀོན་མཆོག་ཡིན། ཁོང་ནི་གཙོ་བོ་དཀོན་མཆོག་ཡིན། ང་ཚོས་གང་བྱས་པ་དེའི་གནད་དོན་ནི་ཁོང་གིས་མཁྱེན་གྱི་ཡོད་པ་དང་། ང་ཚོས་འདོད་པ་ལྟར་ཁྱོད་ཚོས་ཀྱང་དེའི་སྐོར་ཤེས་པ་བྱེད་དགོས། ང་ཚོས་གཙོ་བོ་དཀོན་མཆོག་ལ་རྒོལ་ཞིང་དད་མོས་མ་ཞུས་པ་ཡིན་ན། ད་ང་ཚོར་གསོན་པོར་གནས་མི་བཚུགས་ཤིག 23གལ་ཏེ་ང་ཚོས་སྦྱིན་སྲེག་མཆོད་པ་དང་འབྲུའི་མཆོད་པ་དང་། གཞན་ཡང་མཐུན་འབྲེལ་གྱི་མཆོད་འབུལ་བྱེད་ཕྱིར་སྒེར་གྱི་མཆོད་ཁྲི་ཞིག་བཞེངས་ཏེ་གཙོ་བོ་དཀོན་མཆོག་གི་བཀའ་ཅག་པ་ཡིན་ན། ཁོང་རང་ཉིད་ཀྱིས་ང་ཚོར་ཉེས་ཆད་གནང་བར་ཤོག། 24དེ་ལྟར་མ་ཡིན། ང་ཚོས་མཆོད་ཁྲི་དེ་བཞེངས་དགོས་དོན་ནི། མ་འོངས་པ་ན་ཁྱེད་ཚོའི་རིགས་བརྒྱུད་ཚོས་ང་ཚོའི་རིགས་བརྒྱུད་རྣམས་ལ་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་དང་ཁྱོད་ཚོའི་འབྲེལ་བ་ག་རེ་ཡོད་དམ་ཞེས་སྨྲས་པའི་འཇིགས་པ་ཡོད། 25ཁོང་གིས་ང་ཚོ་དང་རུ་བྷེན་དང་གྷཌ་ཀྱི་མི་ཁྱོད་ཚོ་བར་ལ་གཙང་པོ་ཡོར་དན་དེ་ས་མཚམས་སུ་བཀོད་གནང་ཡོད། གཙོ་བོ་དཀོན་མཆོག་གི་སྐོར་ལ་ཁྱོད་ཚོར་འབྲེལ་བ་གང་ཡང་མེད་ཅེས་བརྗོད་ཉེན་ཆེ་བ་ཡོད་བ་དང་། ཁྱེད་ཚོའི་བུ་བརྒྱུད་རྣམས་ཀྱིས་ང་ཚོའི་བུ་བརྒྱུད་ཚོར་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་བྱེད་མ་བཅུག་པར་བཀག་འགོག་བྱེད་སྲིད་དོ། 26དེར་བརྟེན་ང་ཚོས་མཆོད་ཁྲི་ཞིག་བཞེངས་དགོས་བྱུང་། དེ་ཡང་སྦྱིན་སྲེག་དང་མཆོད་འབུལ་བྱེད་ཕྱིར་མ་ཡིན་པར། 27འོན་ཀྱང་ད་ལྟ་དང་མ་འོངས་པའི་དུས་སུ་ང་ཚོ་ཕན་ཚུན་གཉིས་ཀའི་མི་རབས་ཀྱིི་བར་ལ་རྟགས་ཤིག་གི་ཚུལ་དུ་བཞེངས་ཡོད། ང་ཚོས་ཀྱང་གཙོ་བོ་དཀོན་མཆོག་ལ་ཁོང་གི་དབུ་གུར་དམ་པའི་མདུན་དུ་སྦྱིན་སྲེག་དང་། དམར་མཆོད་དང་གཞན་ཡང་མཐུན་འབྲེལ་གྱི་མཆོད་འབུལ་སོགས་འབུལ་ནས་ཁོང་ལ་མཆོད་འབུལ་ཞུ་གི་ཡོད། ཅེས་པའི་རྟགས་མཚན་མཚོན་ཆེད་དུ་བཞེངས་པ་ཡིན། ཁྱེད་ཚོའི་རིགས་བརྒྱུད་ཚོས་ང་ཚོའི་རིགས་བརྒྱུད་རྣམས་ལ། གཙོ་བོ་དཀོན་མཆོག་གི་སྐོར་ལ་ཁྱོད་ཚོར་འབྲེལ་བ་གང་ཡང་མེད་ཅེས་བརྗོད་མ་ཆོག་པའི་ཕྱིར་དུའང་རྟགས་མཚན་དེ་བཞེངས་པ་ཡིན། 28རྗེས་སུ་གནས་ཚུལ་དེ་ལྟར་ཆ་ཚང་སྒྲུབ་པ་ཡིན་ན། སྐབས་དེར་ང་ཚོའི་རིགས་བརྒྱུད་ཚོས་ལྟོས་དང་ང་ཚོའི་མེས་པོ་རྣམས་ཀྱིས་གཙོ་བོ་དཀོན་མཆོག་གི་མཆོད་ཁྲིའི་འདྲ་དཔེ་ཞིག་བཞེངས་ཡོད། དེ་ནི་སྦྱིན་སྲེག་དང་དམར་མཆོད་སོགས་འབུལ་བའི་ཕྱིར་མ་ཡིན་པར་ང་ཚོའི་ཕན་ཚུན་གཉིས་ཀའི་མི་མང་གི་བར་ལ་རྟགས་མཚན་གི་ཚུལ་དུ་བཞེངས་པ་ཡིན་ཞེས་བརྗོད་ཐུབ་པའི་ཕྱིར་རོ། 29ང་ཚོས་སྦྱིན་སྲེག་དང་དམར་མཆོད་སོགས་འབུལ་བའི་ཆེད་དུ་མཆོད་ཁྲི་ཕར་མ་ཞིག་བཞེངས་ཏེ་གཙོ་བོ་དཀོན་མཆོག་ལ་ངོ་རྒོལ་དང་དད་ལོག་ཞུས་པ་མ་ཡིན། གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་མདུན་དུ་ཡོད་པའི་མཆོད་ཁྲི་དེ་ལས་ལྷག་པའི་མཆོད་ཁྲི་ཕར་མ་ཞིག་ང་ཚོས་བཞེངས་མི་ཡོང་ཞེས་བརྗོད་དོ། 30དེ་ནས་བླ་མ་ཕིན་ཧསི་དང་གཞན་ཡང་ཁོང་དང་མཉམ་དུ་ཡོད་པའི་ནུབ་ཕྱོགས་ཀྱི་རིགས་བརྒྱུད་ཀྱི་ནང་མིའི་གཙོ་བོ་རྣམས་ཀྱིས་རུ་བྷེན་དང་། གྷཌ་དང་། ཤར་མ་ནསེ་སཱེའི་སྡེ་རིགས་ཀྱི་མི་ཚོས་གང་སྨྲས་པ་དེ་ཐོས་ནས་ཁོ་ཚོ་བློ་ཁ་ཚིམས་སོ། 31བླ་མ་ཨེ་ལི་ཛར་གྱི་བུ་ཕིན་ཧསིས་དེ་ཚོ་ལ་ གཙོ་བོ་དཀོན་མཆོག་ང་ཚོའི་ཕྱོགས་གཏོགས་སུ་བཞུགས་ཡོད་པ་དེ་ད་ང་ཚོས་ཤེས་བྱུང་། ཁྱོད་ཚོས་ཁོང་ལ་ངོ་རྒོལ་ཞུས་མེད་པ་དང་དེ་ལྟར་ཁྱོད་ཚོས་ཨིསི་རཱཨེལ་མི་མང་རྣམས་ལ་གཙོ་བོ་དཀོན་མཆོག་གི་ཆད་པ་ལས་སྐྱབས་ཡོད་པ་ཡིན་ནོ་ཞེས་སྨྲས་སོ། 32དེ་རྗེས་ཕིན་ཧསི་དང་འགོ་བྱེད་རྣམས་རུ་བྷེན་དང་གྷཌ་ཀྱི་མི་མང་རྣམས་གྷིལ་ཨད་དུ་བཞག་ནས་ཀ་ནན་ཡུལ་དུ་ཕྱིར་ལོག་བྱས་ཏེ་གནས་ཚུལ་གང་བྱུང་བའི་སྐོར་ཨིསི་རཱཨེལ་མི་མང་རྣམས་ལ་སྨྲས་སོ། 33ཨིསི་རཱཨེལ་པ་རྣམས་བློ་བདེ་ཞིང་དཀོན་མཆོག་ལ་བསྟོད་བསྔགས་ཞུས་ཏེ། ད་ཕྱིན་ཁོ་ཚོས་ནམ་ཡང་རུ་བྷེན་དང་གྷཌ་ཀྱི་མི་མང་གིི་ཡུལ་དུ་དམག་བརྒྱབ་སྟེ་སྟོར་བཤིག་གཏོང་རྒྱུའི་ཐབས་མ་བྱས་སོ། 34རུ་བྷེན་དང་། གྷཌ་ཀྱི་ཡུལ་མི་ཚོས་མཆོད་ཁྲི་དེ་ནི་ང་ཚོ་ཚང་མའི་ཆེད་དུ་གཙོ་བོ་དཀོན་མཆོག་ནི་དཀོན་མཆོག་ཡིན་ཟེར་དཔང་པོའི་ཚུལ་དུ་ཡིན་ཞེས་སྨྲས་ཏེ། ཁོ་ཚོས་མཆོད་ཁྲི་དེའི་མིང་ལ་དཔང་པོ་ཞེས་བཏགས་སོ༎

ཡོ་ཤུ་ཨ 23

ཡོ་ཤུ་ཨའི་མཐའ་མའི་བཀའ་སློབ།

1དུས་ཡུན་རིང་པོའི་རྗེས་སུ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་མཐའ་འཁོར་གྱི་དགྲ་བོ་ལས་སྲུང་སྐྱོབ་གནང་བ་དང་། སྐབས་དེར་ཡོ་ཤུ་ཨ་ནི་ལོ་ན་ཧ་ཅང་རྒས་ཤིང་། 2ཁོང་གིས་ཨིསི་རཱཨེལ་པ་རྣམས་དང་། དེ་ཚོའི་རྒན་པོ་རྣམས་དང་། འགོ་བྱེད་དང་ཁྲིམས་དཔོན་དང་དེ་བཞིན་ལས་སྣེ་རྣམས་བོས་ཏེ་དེ་ཚོ་ལ། ད་ང་ནི་ལོ་ན་ཧ་ཅང་རྒས་ཡོད། 3གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱེད་ཚོའི་ཕྱིར་དུ། མི་རིགས་འདི་ཚོ་ལ་ཁོང་གིས་ག་རེ་གནང་བ་དེ་ཁྱོད་ཚོས་མཐོང་ཡོད་དོ། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོའི་ཆེད་དུ་འཐབ་བཞིན་ཡོད་དོ། 4ཤར་ཕྱོགས་ཡོར་དན་ནས་ནུབ་ཕྱོགས་རྒྱ་མཚོ་མེ་ཌི་ཊ་རེ་ནི་ཡན་བར་མི་རིགས་དེ་ཚོའི་ཡུལ་དབང་དུ་བསྡུ་བའམ་ཡང་ན་བསྡུ་རྒྱུ་ལྷག་འཕྲོས་ལུས་ཡོད་པ་དང་། དེ་དག་ཚང་མ་ངས་ཁྱོད་ཀྱི་སྡེ་རིགས་རྣམས་ལ་རྒྱུ་ནོར་གྱི་ཚུལ་དུ་བགོས་རྒྱུ་ཡིན། 5གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་དེ་དག་ལ་ཁྱོད་ཚོ་ནས་ཕྱི་ནུར་བརྒྱབ་བཅུག་པ་གནང་བ་དང་། ཁྱོད་ཚོའི་མདུན་སྐྱོད་བྱེད་སྐབས་དེ་ཚོར་ཕྱིར་སྐྲོད་གནང་ཡོང་། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་ཞལ་བཞེས་གནང་བ་བཞིན་ཁྱོད་ཚོས་དེ་དག་གི་ཡུལ་རྣམས་དབང་འཛིན་བྱེད་ཡོང་། 6དེ་བས་ན་ཟབ་ཟབ་བྱས་ནས་མོ་ཤེའི་ཁྲིམས་ཀྱི་དེབ་ནང་འབྲིས་ཡོད་པ་ཚང་མ་ཉེན་པ་དང་སྲུང་མཁན་བྱོས་ཤིག དེའི་ཆ་ཤས་གང་ཞིག་ལ་མ་སྤངས་ཤིག 7ཁྱོད་ཚོའི་ཁྲོད་དུ་ལུད་པའི་མི་རིགས་དེ་དག་དང་མཉམ་དུ་མཐུན་ལམ་མ་བྱེད་ཅིག དེ་ཚོའི་ལྷ་རྣམས་ཀྱི་མིང་ཡང་མ་ལེན་ཅིག དེ་ཚོའི་མིང་དུ་མནའ་སྐྱེལ་བའམ། ལྷ་བརྟན་དེ་ཚོར་མཚོད་པའམ་དེ་ཚོའི་མདུན་དུ་མགོ་ཡང་མ་སྒུར་ཞིག 8ད་བར་གནས་པ་བཞིན་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་དམ་ཚིག་དང་ལྡན་པར་གནས་ཤིག 9གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་མདུན་སྐྱོད་བྱེད་སྐབས་དཔའ་རྩལ་ལྡན་པའི་མི་རིགས་རྣམས་ལ་མཐར་སྐྲོད་གནང་ཞིང་། དེ་ཚོའི་ནང་ནས་སུས་ཀྱང་ཁྱོད་ཚོ་དང་གདོང་ལེན་བྱེད་མ་ཐུབ་པ་དང་། 10ཁྱོད་ཚོ་སུ་ཞིག་གིས་མི་སྟོང་ཕྲག་གཅིག་མཐར་སྐྲོད་བཏང་ཐུབ་པ་ཡོད། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གི་ཞལ་བཞེས་གནང་བ་བཞིན་ཁོང་གིས་ཁྱོད་ཚོའི་ཆེད་དུ་དམག་འཐབ་པ་གནང་བཞིན་ཡོད། 11དེ་བས་ན་ཟབ་ཟབ་བྱས་ནས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་བརྩེ་བ་ཞུས་ཤིག 12གལ་སྲིད་ཁྱོད་ཚོས་ཤ་ཤན་ཉམས་ནས་ཁྱོད་ཚོའི་ཁྲོད་དུ་ཡོད་པའི་ཕྱིའི་མི་རིགས་རྣམས་དང་འབྲེལ་ལས་ཀྱིས་དེ་དག་དང་ཆང་ས་སོགས་བྱས་པ་ཡིན་ན། 13འདི་ངེས་པར་ཤེས་པར་བྱོས་ཤིག་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོ་མདུན་སྐྱོད་བྱས་སྐབས། མི་རིགས་དེ་རྣམས་ནམ་ཡང་མཐར་སྐྲོད་མི་གནང་ངོ་། འོན་ཀྱང་དེ་དག་ཁྱོད་ཚོའི་དོན་དུ་རྙི་དང་ལམ་གྱི་ས་དོང་ལྟ་བུའི་ཉེན་ཁའི་རྒྱུ་ཞིག་དང་རྒྱབ་ལ་རྟ་ལྕགས་ཡང་ན་མིག་ལ་ཚེར་མ་ཟུག་པ་བཞིན་ངན་ཟུག་བྱུང་བར་འགྱུར། གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོ་ལ་ལ་གནང་བའི་ས་གནས་བཟང་པོ་འདི་ནས་ཁྱོད་ཚོ་ཆ་ཚང་མ་འཇིག་བར་དུ་གནས་ཚུལ་དེ་འབྱུང་བཞིན་གནས་པར་འགྱུར། 14ད་ང་ནི་འཆི་ཁར་ཐུག་ཡོད་ཅིང་། སྔར་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་ཞལ་བཞེས་གནང་བའི་གནང་སྦྱིན་བཟང་པོ་ཚང་མ་ཁྱོད་ཚོར་གནང་ཡོད་དེ། ཞལ་བཞེས་གཅིག་ཀྱང་དོན་མེད་དུ་ཕྱིན་མེད་པ་དེ་ནི་ཁྱོད་ཚོ་ཚང་མས་སྙིང་དང་སེམས་ནས་ཤེས་གསལ་ཡིན་ནོ། 15འོན་ཀྱང་ཁོང་གིས་དམ་བཅའ་གནང་བ་ཚང་མ་སྒྲུབ་པ་བཞིན་ཁོང་གིས་ཁྱོད་ཚོའི་ཐོག་ཏུ་རྐྱེན་ངན་ཚང་མ་ཡང་འཁྱེར་ཡོང་བར་འགྱུར། 16གལ་ཏེ་ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་གནང་བའི་དམ་བཅའ་དང་འགལ་ནས་ཕྱི་པའི་ལྷ་རྟེན་སོགས་ལ་བསྙེན་བཀུར་དང་མཆོད་འབུལ་སོགས་བྱས་ན། ཁོང་གིས་ཐུགས་ཁྲོ་བ་ཆེན་པོའི་ངང་དུ་ཁྱོད་ཚོར་ཉེས་ཆད་གནང་རྒྱུ་ཡིན་པ་དང། ཁྱོད་ཚོའི་ནང་ནས་སུའང་ཁོང་གིས་གནང་བའི་ཡུལ་བཟང་པོ་འདིའི་ནང་དུ་གནས་སྡོད་བྱེད་མི་ཐུབ་བོ༎

ཡོ་ཤུ་ཨ 24

ཡོ་ཤུ་ཨས་ཤེ་ཀེམ་དུ་མི་མང་ཚོ་དང་གཏམ་སྨྲས་པ།

1ཡོ་ཤུ་ཨས་ཨིསི་རཱཨེལ་པའི་སྡེ་རིགས་ཡོངས་རྫོགས་ཤེ་ཀེམ་དུ་བཀོང་བ་དང་། ཁོང་གིས་ཨིསི་རཱཨེལ་གྱི་རྒན་པོ་རྣམས་དང་འགོ་བྱེད་དང་ཁྲིམས་དཔོན་དང་ལས་སྣེ་རྣམས་དེར་བོས་ཤིང་དེ་ཚོ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་བཅར་རོ། 2དེ་ནས་ཡོ་ཤུ་ཨས་མི་དམངས་ཚང་མར་སྨྲས་པ། ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་གསུངས་པའི་བཀའ་ནི་འདི་རང་ཡིན། ལོ་མང་སྔོན་དུ་ཁྱོད་ཚོའི་མེས་པོ་རྣམས་གཙང་པོ་ཡུབ་རད་ཀྱི་ཕ་རོལ་ཏུ་གནས་ཏེ་ཕྱི་པའི་ལྷ་རྟེན་སོགས་ལ་བསྙེན་བཀུར་བྱས་མཁན་ཡིན་པ་དང་། མེས་པོ་དེ་ཚོའི་ནང་ནས་གཅིག་ནི་ཨབ་ར་ཧམ་དང་ན་ཧོར་གྱི་ཕ་ཏེ་རཱ་ཡིན་ནོ། 3དེ་ནས་ངས་ཁྱོད་ཚོའི་མེས་པོ་ཨབ་ར་ཧམ་ལ་གཙང་པོ་ཡུབ་རད་ཀྱི་ཕར་ཕྱོགས་ཀྱི་ཡུལ་ནས་འཁྲིད་ཡོང་སྟེ་ཡུལ་ཀ་ནན་ཀུན་ཏུ་འཁྲིད་ཅིང་། ངས་ཁོ་ལ་ཨི་སཱག་གིས་གཙོས་པས་རིགས་བརྒྱུད་མང་པོ་སྤྲད་པ་ཡིན། 4ངས་ཨི་སཱག་ལ་ཡ་ཀོབ་དང་ཨེ་སའོ་སྤྲད་དེ། ཨེ་དྷོམ་རི་བརྒྱུད་ཁག་གི་ཡུལ་དེ་ཨེ་སའོ་ལ་ས་སྐལ་དུ་སྤྲད་མོད། འོན་ཀྱང་ཁྱོད་ཚོའི་མེས་པོ་ཡ་ཀོབ་དང་ཁོའི་བུ་རྣམས་ཨི་ཇིབ་དུ་ཕྱིན་པ་རེད། 5དེ་རྗེས་ངས་མོ་ཤེ་དང་ཨ་རོན་གཉིས་བཏང་ནས། ཨི་ཇིབ་དུ་ངས་དཀའ་སྡུག་ཆེན་པོ་འཁྱེར་ཡོང་བ་ཡིན་པ་དང། འོན་ཀྱང་ངས་ཁྱོད་ཚོ་ཡུལ་དེ་ནས་བཏོན་ཏེ་འཁྲིད་ཡོང་བ་ཡིན། 6ངས་ཁྱོད་ཚོའི་མེས་པོ་རྣམས་ཨི་ཇིབ་ནས་ཕྱིར་བཏོན་ཏེ་འཁྲིད་ཡོང་ཡིན། ཨི་ཇིབ་པའི་ཤིང་རྟ་འཁོར་ལོ་རྣམས་དང་རྟ་དམག་ཀྱིས་རྗེས་དེད་བྱས་ཏེ། འོན་ཀྱང་ཁྱོད་ཚོའི་མེས་པོ་རྣམས་རྒྱ་མཚོ་དམར་པོ་སླེབས་སྐབས། 7དེ་ཚོས་ང་ལ་སྐྱབས་གྲོགས་ཆེད་དུ་ཞུ་བ་ཕུལ་བས། ངས་ཁོ་ཚོ་དང་ཨི་ཇིབ་པ་ཚོའི་བར་ལ་མུན་ནག་བཟོས་ཏེ། ཨི་ཇིབ་པ་རྣམས་རྒྱ་མཚོའི་རྦ་རླབས་དྲག་པོས་ཡོངས་སུ་ནུབ་བཅུག་པ་ཡིན། ངས་ཨི་ཇིབ་གྱི་ཐོག་ཏུ་གང་བྱས་པ་དེ་ཁྱོད་ཚོས་ཤེས་གསལ་ལྟར་ཡིན་ནོ། ཁྱོད་ཚོ་དུས་ཡུན་རིང་པོའི་བར་འབྲོག་སྟོང་ནང་དུ་གནས་སོ། 8ངས་ཁྱོད་ཚོ་ཡོར་དན་ཤར་ཕྱོགས་སུ་སྡོད་མི་ཨ་མོར་པ་ཚོའི་ཡུལ་དུ་འཁྲིད་ཡོང་བ་ཡིན། དེ་ཚོས་ཁྱོད་ཚོའི་ཐོག་ཏུ་དམག་འཐབ་བྱས་ཀྱང་ངས་ཁྱོད་ཚོར་རྒྱལ་ཁ་སྤྲད་པ་ཡིན། ཁྱོད་ཚོས་ཁོ་ཚོའི་ཡུལ་དེ་བདག་འཛིན་བྱས་ནས། ཁྱོད་ཚོ་འགྲུལ་སྐྱོད་བྱེད་སྐབས་ངས་ཁོ་ཚོ་ཚར་བཅད་པ་ཡིན། 9དེ་རྗེས་མོ་ཨབ་ཀྱི་རྒྱལ་པོ་ཛིབ་པོར་གྱི་བུ་བྷ་ལག་གིས་ཁྱོད་ཚོར་དམག་དྲངས་ཤིང་། ཁྱོད་ཚོར་དམོད་པ་བཏང་བའི་ཕྱིར་བྷི་ཨོར་གྱི་བུ་བྷ་ལམ་ལ་ལན་བཏང་མོད། 10འོན་ཀྱང་ངས་བྷ་ལམ་གྱི་སྐད་ཆ་མ་ཉན་པས། ཁོས་ཁྱོད་ཚོ་ལ་བྱིན་རླབས་སྤྲད་དོ། དེ་ལྟར་ངས་ཁྱོད་ཚོ་ལ་བྷ་ལག་གི་ལག་ནས་སྐྱབས་པ་ཡིན། 11དེ་རྗེས་ཁྱོད་ཚོ་ཡོར་དན་རྒལ་ནས་ཡེ་རི་ཀོ་རུ་བསླེབས་པ་དང་། ཡེ་རི་ཀོའི་ཡུལ་མི་དང་། ཨ་མོར་པ། པེ་རི་ཛི་པ་དང་། ཀ་ནན་པ། ཧི་ཏི་པ། གྷིར་ག་ཤི་པ་རྣམས། ཧི་ཝི་པ་དང་། ཡ་བྷུ་སི་པ་ཚོས་ཁྱོད་ཚོ་དང་མཉམ་དུ་དམག་འཐབ་བྱས་མོད། འོན་ཀྱང་ངས་ཁྱོད་ཚོ་ལ་དེ་ཚོ་ཚང་མའི་ཐོག་ཏུ་རྒྱལ་ཁ་སྤྲད་པ་ཡིན། 12ཁྱོད་ཚོ་ལམ་དུ་འགྲུལ་སྐྱོད་བྱེད་སྐབས་ངས་ཁོ་ཚོར་དངས་སྐྲག་ཆེན་པོ་སྐྱེད་བཅུག་ནས་ཨ་མོར་པའི་རྒྱལ་པོ་གཉིས་ཡུལ་ནས་ཕྱིར་སྐྲོད་བྱས་པ་ཡིན། དེ་ནི་ཁྱོད་ཚོའི་རལ་གྲི་དང་མདའ་གཞུའི་ནུས་པ་ལ་བརྟེན་ནས་མ་ཡིན། 13ཁྱོད་ཚོས་ད་བར་ཞིང་རྨོས་མ་རྒྱབ་པའི་ཡུལ་ཞིག་དང་། སོ་སོས་འཛུག་བསྐྲུན་མ་བྱས་པའི་གྲོང་ཁྱེར་རྣམས་ངས་ཁྱོད་ཚོ་ལ་སྤྲད་ཡོད་པས། དེར་ཁོང་ཚོ་གནས་སྡོད་བྱས་ཤིང་། ཁྱོད་ཚོས་མ་བཙུགས་པའི་རྒུན་ཚལ་དང་ཁ་སྐྱུར་པོའི་ཤིང་འབྲས་རྣམས་ལས་ཟས་སུ་ལོངས་སྤྱོད་བཞིན་ཡོད་དོ། 14དེ་བས་ན་ཡོ་ཤུ་ཨས་མུ་མཐུད་ནས་སྨྲས་པ། གཙོ་བོ་དཀོན་མཆོག་ལ་མོས་གུས་ཞུས་ཏེ། ལྷག་བསམ་རྣམ་དག་གི་སྒོ་ནས་ཁོང་ལ་སྲི་ཞུ་ཞུ་དགོས། ཁྱོད་ཚོའི་མེས་པོ་རྣམས་ཀྱིས་མེ་སོ་པོ་ཊ་མི་ཡ་དང་ཨི་ཇིབ་དུ་མཆོད་པའི་ལྷ་རྟེན་རྣམས་སྤངས་ཤིག་དང་། གཙོ་བོ་དཀོན་མཆོག་གཅིག་པུར་སྲི་ཞུ་ཞུས་ཞིག 15གལ་ཏེ་ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་སྲི་ཞུ་མ་ཞུས་ན། གཞན་སུ་ཞིག་ལ་སྲི་ཞུ་ཞུ་འདོད་ཡོད་དམ། ཁྱོད་ཚོའི་མེས་པོ་ཚོས་མེ་སོ་པོ་ཊ་མི་ཡ་རུ་མཆོད་པའི་ལྷ་རྟེན་ནམ། ད་ལྟ་ཁྱོད་ཚོ་གནས་སྡོད་བྱེད་བཞིན་པའི་ཡུལ་ཨ་མོར་པའི་སྐུ་འདྲ་ལ་མཆོད་དམ། དེའི་སྐོར་ལ་དེ་རིང་རང་ཐག་གཅོད་བྱེད་དགོས། ང་དང་ངའི་ནང་མི་རྣམས་ནི་གཙོ་བོ་དཀོན་མཆོག་རང་ལ་སྲི་ཞུ་ཞུ་རྒྱུ་ཡིན། 16མི་དམངས་ཚོས་ལན་དུ། ང་ཚོ་གཙོ་བོ་དཀོན་མཆོག་ལ་སྤངས་ནས། ལྷ་རྟེན་གཞན་ལ་ནམ་ཡང་ཞབས་ཕྱི་ཞུ་གི་མིན། 17གཙོ་བོ་དཀོན་མཆོག་གིས་ང་ཚོ་ཕ་མེས་རྣམས་དང་བཅས་པ་ཨི་ཇིབ་ཀྱི་བྲན་འཁོལ་འོག་ནས་བླུས་ཏེ་འཁྲིད་ཕེབས་པ་དང། ཁོང་གིས་གནང་བའི་ངོ་མཚར་ཆེ་བའི་མཛད་འཕྲིན་དག་ང་ཚོའི་མིག་ངོར་མཐོང་ཞིང་། ང་ཚོ་ཡུལ་ཕྱོགས་གང་དུ་ཕྱིན་རུང་མི་རིགས་ཚང་མའི་དཀྱིལ་ནས་ཁོང་གིས་ང་ཚོ་ལ་སྲུང་སྐྱོབ་གནང་བྱུང་། 18ང་ཚོ་ཡུལ་འདིར་བསླེབས་སྐབས་ཁོང་གིས་ཨ་མོར་པ་ཚང་མ་ཡུལ་དེ་ནས་ཕྱིར་སྐྲོད་གནང་བ་ཡིན་པས། ད་ང་ཚོའང་གཙོ་བོ་དཀོན་མཆོག་རང་ལ་བསྙེན་བཀུར་ཞུ་གི་ཡིན། ཁོང་ནི་ང་ཚོའི་དཀོན་མཆོག་ཡིན་ཞེས་སྨྲས་སོ། 19ཡོ་ཤུ་ཨས་མི་དམངས་ལ། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་ཞབས་ཕྱི་ཞུ་མི་ཐུབ། ཁོང་ནི་དམ་པའི་དཀོན་མཆོག་ཡིན་པ་དང་། ཁོང་ནི་ཞེ་སྡང་གནང་མཁན་དཀོན་མཆོག་ཡིན་པས། ཁོང་གིས་ཁྱོད་ཚོའི་ངོ་ལོག་དང་སྡིག་པར་བཤགས་པ་མི་གནང་ངོ། 20ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་སྤངས་ནས་ལྷ་རྟེན་གཞན་ལ་བསྙེན་བཀུར་ཞུས་པ་ཡིན་ན། ཁོང་གི་ས་ཁྱོད་ཚོར་རྒོལ་བ་དང་། ཆད་པ་གཏོང་གནང་བར་འགྱུར། སྔོན་དུ་ཁྱོད་ཚོར་ཁོང་གིས་བཟང་པོ་གནང་ཡོད་ན་ཡང་། ད་ཁྱོད་ཚོར་ཁོང་གིས་ཚར་བཅད་པར་འགྱུར་ཅེས་སྨྲས་སོ། 21མི་དམངས་ཚོས་ཡོ་ཤུ་ཨ་ལ་སྨྲས་པ། དེ་ལྟར་མ་ཡིན། ང་ཚོ་གཙོ་བོ་དཀོན་མཆོག་རང་ལ་ཞབས་ཕྱི་ཞུ་གི་ཡིན། 22དེ་ནས་ཡོ་ཤུ་ཨས་དེ་དག་ལ། ཁྱོད་ཚོས་གཙོ་བོ་དཀོན་མོཆག་ལ་བསྙེན་བཀུར་ཞུ་གི་ཡིན་ཞེས་སྨྲས་པ་དེ་ལ་ཁྱོད་ཚོ་རང་ཉིད་དཔང་པོར་འགྱུར་ཡོད་བཅས་སྨྲས་སོ། དེ་ཚོས་ལན་དུ། དེའི་དཔང་དེ་ང་ཚོ་རང་གིས་བྱེད་ཆོག་ཅེས་སྨྲས་སོ། 23ཡོ་ཤུ་ཨས། འོ་ན་ཁྱོད་ཚོའི་ཁྲོད་དུ་ཡོད་པའི་ཕྱི་པའི་ལྷ་རྟེན་རྣམས་སྤངས་ནས། ཁྱོད་ཚོའི་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་ནམ་ཡང་དད་ལོག་ཞུ་གི་མིན་ཞེས་དམ་བཅའ་འབུལ་ཞིག་ཅེས་སྨྲས་སོ། 24མི་དམངས་ཚོས་ཡོ་ཤུ་ཨ་ལ། ང་ཚོས་གཙོ་བོ་དཀོན་ནཆོག་ང་ཚོའི་དཀོན་མཆོག་རང་ལ་ཞབས་ཕྱི་ཞུས་ཏེ་ཁོང་གི་བཀའ་ལ་བརྩི་སྲུང་ཞུ་གི་ཡིན་ཞེས་སྨྲས་སོ། 25དེར་བརྟེན་ཡོ་ཤུ་ཨས་དེ་ཉིན་མི་དམངས་ཀྱི་ཚབ་ཞུས་ཏེ་གཙོ་བོ་དཀོན་མཆོག་ལ་དམ་བཅའ་ཕུལ་ཏེ། ཤེ་ཀེམ་དུ་མི་མང་ལ་ཁྲིམས་རྣམས་གནང་ངོ་། 26ཡོ་ཤུ་ཨས་ཁྲིམས་དེ་དག་གཙོ་བོ་དཀོན་མཆོག་གི་ཁྲིམས་ཀྱི་དེབ་ནང་བྲིས་ཏེ། རྡོ་ཆེན་པོ་ཞིག་འཁྱེར་ཡོང་ནས་གཙོ་བོ་དཀོན་མཆོག་གི་གནས་མཆོག་དམ་པའི་ཉེ་འགྲམ་དུ་ཡོད་པའི་བེ་ཤིང་གི་སྡོང་པོ་ཞིག་གི་འོག་ཏུ་བཞག་ཅིང་། 27ཡོ་ཤུ་ཨས་མི་དམངས་ཡོངས་ལ་སྨྲས་པ། རྡོ་འདིས་ང་ཚོའི་ཕྱིར་དཔང་པོའི་ཚུལ་དུ་བཞག་ཡོད། གཙོ་བོ་དཀོན་མཆོག་གིས་ང་ཚོ་ལ་གང་གསུངས་པ་ཚང་མ་རྡོ་འདིས་ཐོས་ཡོད་པས། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་ངོ་ལོག་མ་ཞུས་པའི་ཕྱིར་རྡོ་འདིས་ཁྱོད་ཚོར་དཔང་པོ་བྱེད་རྒྱུ་ཡིན། 28དེ་ནས་ཡོ་ཤུ་ཨས་མི་དམངས་དེ་ཚོ་ལ་བཏང་ནས། རང་རང་སོ་སོའི་ས་སྐལ་ཐོབ་པའི་གནས་སུ་ལོག་གོ།

ཡོ་ཤུ་ཨ་དང་ཨེ་ལི་ཟར་གྲོངས་པ།

29དེ་རྗེས་ནུན་གྱི་བུ་གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་ཡོ་ཤུ་ཨ་ལོ་ ༡༡༠ ལོན་ནས་གྲོངས་སོ། 30དེ་ཚོས་ཁོང་ལ་རི་བོ་གྷཤའི་བྱང་ཕྱོགས་སུ་ཨེཕ་ར་ཡིམ་རི་བརྒྱུད་ཁུལ་གྱི་ཏིམ་ནད་སེ་རཱ་ཞེས་པའི་ས་གནས་སུ་དུར་དུ་སྦས་སོ། 31ས་གནས་དེ་ནི་ཡོ་ཤུ་ཨའི་མི་ཚེའི་རིང་དང་། དེ་རྗེས་ཨིསི་རཱཨེལ་ཡུལ་དུ་གཙོ་བོ་དཀོན་མཆོག་གི་མཛད་འཕྲིན་གང་དང་གང་གནང་བ་རྣམས་རང་གི་མིག་གིས་མཐོང་མྱོང་མཁན་འགོ་བྱེད་རྣམས་གསོན་པོར་གནས་ཡུན་རིང་ལ་ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་རང་ལ་ཞབས་ཕྱི་ཞུས་པ་སོ། 32ཨིསི་རཱཨེལ་པ་ཚོས་ཨི་ཇིབ་ནས་འཁྱེར་ཡོང་བའི་ཡོ་སེབ་ཀྱི་སྐུ་ཕུང་དེ་ཤེ་ཀེམ་དུ་སྦས་སོ། སྐུ་ཕུང་སྦས་སར་ས་ཆ་དེ་ནི་སྔར་ཡ་ཀོབ་ཀྱིས་ཤེ་ཀེམ་གྱི་ཕ་ཧ་མོར་གྱི་བུ་རྣམས་ཀྱི་ལག་ནས་དངུལ་ཊམ་ ༡༠༠ ཐམ་པར་ཉོས་པའི་ས་ཞིང་དེ་ཡིན་ཏེ། ས་གནས་དེ་ནི་ཡོ་སེབ་ཀྱི་བུ་བརྒྱུད་ཚོའི་ས་སྐལ་དུ་ཐོབ་པ་ཡིན་ནོ། 33ཨ་རོན་གྱི་བུ་ཨེ་ལི་ཛར་ཡང་གྲོངས་ནས། རི་བརྒྱུད་ཁུལ་གྱི་ཡུལ་ཨེ་ཕ་ར་ཨེམ་གྱི་གྲོང་ཁྱེར་གྷི་བི་ཨཱ་ཞེས་པར་དུར་དུ་སྦས་ཤིང་། གྲོང་ཁྱེར་དེ་ནི་ཨེཕ་ར་ཡིམ་གྱི་བུ་ཕིན་ཧསི་ལ་ས་སྐལ་དུ་ཐོབ་ཡོད་བ་ཡིན་ནོ༎

ཁྲིམས་དཔོན 1

ཡ་ཧུ་དཱ་དང་སིམ་ཨོན་གྱི་སྡེ་རིགས་ཀྱིས་ཨ་དྷོ་ནི་བྷེ་ཛེག་ལ་དབང་བཟུང་བྱས་པ།

1ཡོ་ཤུ་ཨ་གྲོངས་པའི་རྗེས་སུ་ཨིསི་རཱཨེལ་གྱི་མི་མང་ཚོས་གཙོ་བོ་དཀོན་མཆོག་ལ། ང་ཚོའི་སྡེ་རིགས་ནས་ཀ་ནན་པ་རྣམས་ལ་འཐབ་པར་སུ་ཞིག་སྔོན་དུ་འགྲོ་དགོས་སམ་ཞེས་བཀའ་འདྲི་ཞུས་པ་དང་། 2ལན་དུ་གཙོ་བོ་དཀོན་མཆོག་གིས་གསུངས་པ། དང་པོར་ཡ་ཧུ་དཱའི་སྡེ་རིགས་འགྲོ་དགོས་སོ། ངས་དེ་ཚོར་ཡུལ་དེ་ལ་དབང་བསྒྱུར་བྱེད་དུ་འཇུག་རྒྱུ་ཡིན། 3ཡ་ཧུ་དཱའི་མི་མང་ཚོས། སིམ་ཨོན་གྱི་མི་མང་ལ་སྨྲས་པ། ང་ཚོ་ལ་ཐོབ་པའི་ས་ཁུལ་དུ་ང་ཚོ་དང་མཉམ་དུ་ཕྱིན་ནས་ཀ་ནན་པ་རྣམས་དང་མཉམ་དུ་འཐབ་པར་བྱའོ། དེ་ནས་ང་ཚོ་ཁྱོད་ཚོར་ཐོབ་པའི་ས་ཁུལ་དུ་ཡང་མཉམ་དུ་འགྲོ་བར་བྱ། དེར་བརྟེན་སིམ་ཨོན་དང་། 4ཡ་ཧུ་དཱའི་སྡེ་རིགས་གཉིས་དམག་འཐབ་པར་མཉམ་དུ་ཐོན་ནོ། གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ། ཀ་ནན་པ་དང་པེ་རི་ཛི་པ་ཚོའི་ཐོག་རྒྱོལ་ཁ་གནང་བ་དང་། དེ་ཚོས་བྷེ་ཛེག་ཞེས་པའི་ས་གནས་སུ་སྐྱེ་པ་ ༡༠,༠༠༠ འཕམ་པར་བྱས་སོ། 5དེ་ཚོས་ཨ་དྷོ་ནི་བྷེ་ཛེག་ལ་དེར་འཕྲད་ནས་ཁོ་དང་མཉམ་དུ་འཐབ་བོ། 6ཁོ་བྲོས་ན་ཡང་དེ་ཚོས་རྗེས་སུ་དེད་ནས་ཁོ་ལ་བཟུང་སྟེ་ཁོའི་རྐང་ལག་གཉིས་ཀྱི་མཐེ་པོ་རྣམས་བཅད་དོ། 7ཨ་དོ་ནི་བེ་ཛེག་གིས་སྨྲས་པ། རྒྱལ་པོ་བདུན་ཅུ་རྐང་ལག་གཉིས་ཀྱི་མཐེ་པོ་བཅད་པ་ཚོས་ངའི་རྒྱ་ལྕོག་འོག་ཏུ་ཁ་ལག་ཆག་དུམ་བསྒྲུགས་ནས་བཟའ་བཞིན་ཡོད་དོ། ངས་དེ་ཚོ་ལ་ཇི་ལྟར་གྱིས་པ་ལྟར་དཀོན་མཆོག་གིས་ང་དང་མཉམ་དུ་དེ་བཞིན་གནང་སོང། དེ་ནས་ཁོང་ལ་ཡེ་རུ་ཤ་ལེམ་དུ་འཁྲིད་པ་དང་ཁོང་དེར་གྲོངས་སོ༎

ཡ་ཧུ་དཱའི་སྡེ་རིགས་ཀྱིས་ཡེ་རུ་ཤ་ལེམ་དང་ཧེབ་རོན་ལ་དབང་བསྒྱུར་བ།

8ཡ་ཧུ་དཱའི་མི་ཚོས་ཡེ་རུ་ཤ་ལེམ་ལ་འཐབ་ནས་དབང་བཟུང་བྱས་པ་དང། དེ་ཚོས་དེར་ཡོད་པའི་མི་མང་རྣམས་བསད་ནས་གྲོང་ཁྱེར་དེ་མེར་བསྲེགས་སོ། 9དེའི་རྗེས་སུ་དེ་ཚོས་རི་ཁུལ་ཀྱི་ཡུལ་དང་རི་གཤམ་རྣམས་དང་། ལྷོའི་ས་གནས་སྐམ་པོ་ཁག་ཏུ་གནས་སྡོད་བྱ་མཁན་ཀ་ནན་པ་ཚོའི་ཐོག་འཐབ་པར་ཕྱིན་ནོ། 10ཧེབ་རོན་གྲོང་ཁྱེར་དུ་གནས་སྡོད་བྱ་མཁན་ཀ་ནན་པ་ཚོའི་ཐོག་དེ་ཚོས་འཐབ་བོ། དིའི་སྐབས་སུ་ཧེབ་རོན་ལ་ཀིར་ཡད་ཨར་བྷ་ཡང་ཟེར་གྱི་ཡོད། དེར་དེ་ཚོས་ཤེ་ཤ་ཨི་དང་ཨ་ཧི་མན་དང་ཏལ་མ་ཨི་བཅས་ཀྱི་རིགས་རུས་ལ་ཕམ་པར་བྱས་སོ༎

ཨོཐ་ནི་ཨེལ་གྱིས་དྷེ་བིར་གྲོང་ཁྱེར་ལ་དབང་བསྒྱུར་བྱས་པ།

(ཡོ་ཤུ་ཨ་ ༡༥:༡༣-༡༩)

11དེ་ནས་ཡ་ཧུ་དའི་མི་ཚོས་དཱེ་བྷིར་གྲོང་ཁྱེར་ཐོག་ཏུ་འཐབ་བོ། དེ་དུས་དྷེ་བིར་ལ་ཀིར་ཡད་སེ་ཕར་ཟེར་གྱི་ཡོད་དོོ། 12དེ་ཚོའི་ནང་ནས་ཀ་ལེབ་ཟེར་བ་ཞིག་གིས། ཀིར་ཡད་སེ་ཕར་དབང་བཟུང་བྱ་མཁན་དེ་ལ་ངའི་བུ་མོ་ཨག་ས་ཆང་ས་བརྒྱབ་ཕྱིར་སྤྲོད་ཀྱི་ཡིན་ཞེས་སྨྲས་སོ། 13ཀ་ལེབ་ཀྱི་གཅུང་པོ་ཆུང་བ་ཀེ་ནཛའི་བུ་ཨོཐ་ནི་ཨེལ་གྱིས་གྲོང་ཁྱེར་དབང་བཟུང་བྱས་པའི་རྐྱེན། ཀ་ལེབ་ཀྱིས་རང་གི་བུ་མོ་ཨག་ས་ཁོའི་ཆུང་མར་ཆང་ས་བརྒྱབ་ཕྱིར་སྤྲད་དོ། 14ཆང་སའི་ཉིན་མོར་དེར་ཨོཐ་ནི་ཨེལ་གྱིས་མོ་ལ། རང་གི་ཕ་ལ་ཞིང་ཀ་ཞིག་ཞུ་དགོས་པའི་འབོད་བསྐུལ་བྱས་པ་དང་། མོ་རང་གི་བོང་བུ་ནས་མར་བབས་ཞིང་། ཀ་ལེབ་ཀྱིས་མོ་ལ་ཅི་དགོས་སམ་ཞེས་དྲིས་པ་དང་། 15མོས་ལན་དུ། ང་ལ་ཆུ་རྫིང་འགའ་ཤས་གནང་རོགས་གནང་། ཁྱེད་ཀྱིས་གནང་བའི་ལུང་པ་དེ་ས་ཆ་སྐམ་པོའི་ནང་ཡོད་ཅེས་ཞུས་པ་དང་། དེ་བས་ན་ཀ་ལེབ་ཀྱིས་མོ་ལ་ཆུ་མིག་སྟེང་འོག་གཉིས་གནང་ངོ་༎

ཡ་ཧུ་དཱ་དང་བྷེན་ཡ་མིན་གྱི་སྡེ་རིགས་ཀྱིས་རྒྱལ་ཁ་ཐོབ་པ།

16མོ་ཤེའི་གྱོས་པོ་ཀེ་ནི་པའི་རིགས་བརྒྱུད་རྣམས་ཡ་ཧུ་དཱ་པའི་མི་མང་མཉམ་དུ་ཁ་ཟུར་ཤིང་གི་གྲོང་ཁྱེར་ཡེ་རི་ཀོ་ནས་ཡ་ཧུ་དཱའི་ཨ་རད་ཀྱི་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ལུང་སྟོང་དེར་ཕྱིན་ནས། དེར་དེ་ཚོ་ཨ་མ་ལེག་པ་ཚོའི་ཁྲོད་དུ་གཞིས་ཆགས་ནས་གནས་སོ། 17ཡ་ཧུ་དཱའི་མི་མང་ཚོ་སིམ་ཨོན་གྱི་མི་མང་དང་མཉམ་དུ་དེ་ཚོ་མཐུན་མོང་གི་ཕྱིན་ནས་ཛེ་ཕད་གྲོང་ཁྱེར་དུ་གནས་སྡོད་བྱེད་པའི་ཀ་ནན་པ་ཚོ་ལ་ཕམ་པར་བྱས་སོ། དེ་ཚོས་གྲོང་ཁྱེར་དེར་དམོད་པ་རྒྱབ་པ་དང་དེ་སྟོར་ནས་མིང་ཧོར་མཱ་ཞེས་བཏགས་སོ། 18-19གཙོ་བོ་དཀོན་མཆོག་གིས་ཡ་ཧུ་དཱ་པའི་མི་མང་ལ་རོགས་གནང་བ་དང་། དེ་ཆོས་རི་བརྒྱུད་ཀྱི་ཡུལ་རྣམས་དབང་བཟུང་བྱས་སོ། འོན་ཀྱང་དེ་ཚོས་གྷ་ཛ་དང་ཨཤ་ཀེ་ལོན། ཡང་ཨེག་རོན་དང་དེའི་མཐའ་འཁོར་གྱི་མངའ་ཁུལ་ཁག་དབང་བཟུང་མ་བྱས་པ་དང་། རྒྱ་མཚོའི་འགྲམ་དུ་གནས་སྡོད་བྱ་མཁན་ཚོ་དང་མཉམ་དུ་ལྕགས་ཀྱི་ཤིང་རྟ་འཁོར་ལོ་ཡོད་སྟབས་ཡ་ཧུ་དཱའི་མི་མང་ཚོས་དེ་ཚོ་ལ་ཕྱིར་འབུད་བྱེད་མ་ཐུབ་བོ། 20མོ་ཤེས་བཀའ་གནང་བ་ལྟར་ཧེབ་རོན་དེ་བཞིན་གྲོང་ཁྱེར་དེ་ནས་ཨ་ནག་གིི་མི་བརྒྱུད་ཀྱི་རིགས་རུས་གསུམ་ཕྱིར་འབུད་བྱ་མཁན་ཀ་ལེབ་ལ་གནང་ངོ་། 21འོན་ཀྱང་བྷེན་ཡ་མིན་གྱི་སྡེ་རིགས་ཚོས་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱ་མཁན་ཡེ་བུ་ཟི་པ་རྣམས་ཕྱིར་འབུད་བྱས་མེད་པ་དང་། དེ་ནས་བཟུང་ཡེ་བུ་ཟི་པའི་མི་མང་རྣམས་བྷེན་ཡ་མིན་གྱི་མི་མང་དང་མཉམ་དུ་གནས་སོ༎

ཨེཕ་ར་ཡིམ་དང་མ་ནསེ་སཱེའི་སྡེ་རིགས་ཀྱིས་བྷེ་ཐེལ་ལ་དབང་བཟུང་བྱས་པ།

22-23སྐབས་དེར་ཨེཕ་ར་ཡིམ་དང་མ་ནསེ་སཱེའི་སྡེ་རིགས་ནས་ལུཛ་ཟེར་བའི་གྲོང་ཁྱེར་བྷེ་ཐེལ་ལ་འཐབ་པར་ཕྱིན་ནོ། གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་རོགས་གནང་ནས། དེ་ཚོས་གྲོང་ཁྱེར་ལ་སོ་པ་བཏང་བ་དང་། 24དེ་ཚོས་མི་ཞིག་གྲོང་ཁྱེར་ནས་ཐོན་ནས་འགྲོ་བཞིན་ཡོད་པ་མཐོང་བ་དང་། ཁོ་ལ། ང་ཚོར་གྲོང་ཁྱེར་ནང་ཇི་ལྟར་འཛུལ་དགོས་ལབ་པ་ཡིན། ང་ཚོས་ཁྱེད་ལ་གནོད་པ་མི་བྱེད་ཅེས་སྨྲས་སོ། 25དེར་བརྟེན་ཁོས་དེ་ཚོ་ལ་བསྟན་པ་དང་། ཨེཕ་ར་ཡིམ་དང་མ་ནསེ་སཱེའི་མི་མང་ཚོས་མི་དེ་དང་དེའི་ནང་མི་མ་གཏོགས་གཞན་གྲོང་ཁྱེར་ནང་ཡོད་པ་ཚང་མ་བསད་དོ། 26རྗེས་སུ་ཁོ་ཧེ་ཏིའི་ཡུལ་དུ་ཕྱིན་པ་དང་དེར་གྲོང་ཁྱེར་ཞིག་བཟོས་ནས་མིང་ལ་ལུཛེ་ཞེས་བཏགས་པ་དང་ད་ལྟ་ཡང་མིང་དེ་རང་གནས་ཡོད་དོ༎

ཨིསི་རཱཨེལ་པ་ཚོས་ཕྱིར་འབུད་མ་བྱས་པའི་མི་མང།

27མ་ནསེ་སཱེའི་སྡེ་རིགས་ཚོས་བྷེད་ཤཱན་དང་ཏ་ནག་དང་ཌོར་དང་ཨིབ་ལཱིམ་དང་མེ་གི་དྷོ་བཅས་ཀྱི་གྲོང་ཁྱེར་དང་། ཉེ་འགྲམ་གྱི་གྲོང་ནང་སྡོད་མཁན་ཚོ་ཕྱིར་འབུད་བྱས་མེད་པ་དང་། དེར་ཀ་ནན་པ་ཚོ་མུ་མཐུད་གནས་སྡོད་བྱས་སོ། 28ཨིསི་རཱཨེལ་པ་ཚོ་སྟོབས་ཤུགས་ཆེ་རུ་འགྲོ་སྐབས་དེ་ཚོས་ཀ་ནན་པ་ཚོ་ལ་ཁོ་ཚོའི་ཆེད་དུ་ལས་ཀ་བྱེད་དུ་འཇུག་པ་དང་། ད་དུང་ཡང་དེ་ཚོ་ཚང་མ་ཕྱིར་འབུད་བྱས་མེད་དོ། 29ཨེཕ་ར་ཡིམ་གྱི་སྡེ་རིགས་ཚོས་གེ་ཟེར་གྱི་གྲོང་ཁྱེར་ནང་གནས་སྡོད་བྱ་མཁན་ཀ་ནན་པ་ཚོ་ཕྱིར་འབུད་བྱས་མེད་པར་བརྟེན། ཀ་ནན་པ་ཚོ་ཁོ་ཚོ་དང་མཉམ་དུ་མུ་མཐུད་གནས་སྡོད་བྱས་སོ། 30ཛེ་བུ་ལུམ་གྱི་སྡེ་རིགས་ཚོས་ཀིཊ་རོན་དང་ནཱ་ཧ་ལཱལ་གྲོང་ཁྱེར་ནང་གནས་སྡོད་བྱ་མཁན་ཚོར་ཕྱིར་འབུད་བྱས་མེད་པར་བརྟེན། ཀ་ནན་པ་ཚོ་ཁོ་ཚོ་དང་མཉམ་དུ་མུ་མཐུད་དེར་གནས་སྡོད་བྱས་པ་དང་། ཁོ་ཚོའི་ཆེད་དུ་བཙན་དབང་ཐོག་ལས་ཀ་བྱེད་དུ་འཇུག་གོ 31ཨ་ཤེར་གྱི་སྡེ་རིགས་ཚོས་ཨ་ཀོ་དང་སི་དོན་དང་ཨ་ལབ་དང་ཨཀེ་ཛིབ་བ་དང་ཧེལ་བཱ་དང་ཨ་ཕེག་དང་རེ་ཧོབ་བཅས་ཀྱི་གྲོང་ཁྱེར་ནང་གནས་སྡོད་བྱ་མཁན་མི་མང་ཚོ་ལ་ཕྱིར་འབུད་བྱས་མེད་དོ། 32ཨ་ཤེར་གྱི་མི་མང་ཚོ་ཡུལ་མི་ཀ་ནན་པ་ཚོ་དང་་མཉམ་དུ་གནས་སྡོད་བྱེད་བཞིན་ཡོད་དོ། གང་ལ་ཟེར་ན། དེ་ཚོས་ཁོ་ཚོ་ཕྱིར་འབུད་བྱས་མེད་དོ། 33ནཕ་ཏ་ལིའི་སྡེ་རིགས་ཚོས་བྷེད་ཤེ་མེཤི་དང་བྷེ་ཐ་ནད་གྲོང་ཁྱེར་དུ་གནང་སྡོད་བྱ་མཁན་མི་མང་ཚོ་ཕྱིར་འབུད་བྱས་མེད་དོ། ནཕ་ཏ་ལིའི་མི་མང་ཚོ་ཡུལ་མི་ཀ་ནན་པ་ཚོ་དང་མཉམ་དུ་གནས་སྡོད་བྱས་པ་དང་། དེ་ཚོ་ལ་ཁོ་ཚོའི་ཆེད་དུ་བཙན་དབང་གིས་ལས་ཀ་བྱེད་དུ་བཅུག་གོ 34ཨ་མོར་པ་ཚོས་དཱན་གྱི་སྡེ་རིགས་ཀྱི་མི་མང་རྣམས་རི་བརྒྱུད་ཀྱི་གྲོང་ཁྱེར་དུ་དེད་ནས་དེ་ཚོ་ཐང་དུ་ཡོང་མ་བཅུག་གོ 35ཨ་མོར་པ་ཚོ་མུ་མཐུད་ནས་ཨེ་ཡ་ལོན་དང་ཤལ་བིམ་དང་རི་བོ་ཧེ་རེསེ་སུ་གནས་སྡོད་བྱས་ན་ཡང་། ཨེཕ་ར་ཡིམ་དང་མ་ནསེ་སཱེའི་སྡེ་རིགས་ཚོས་དེ་ཚོ་ལ་ཁོ་ཚོའི་དབང་འོག་ཏུ་བཅུག་པ་དང་། ཁོ་ཚོའི་ཆེད་དུ་བཙན་དབང་གི་ལས་ཀ་བྱེད་དུ་བཅུག་གོ 36ཨེ་དྷོ་མི་རྣམས་ཀྱི་ས་མཚམས་ནི་བྱང་སེ་ལ་ནས་ཨག་ར་བྷིམ་གྱི་ལ་་བར་དུ་ཡོད་དོ༎

ཁྲིམས་དཔོན 2

ཕོ་ཉ་བྷོ་ཀིམ་དུ་གཙོ་བོ་དཀོན་མཆོག་གི་ཕོ་ཉ་ཕེབས་པ།

1གཙོ་བོ་དཀོན་མཆོག་གི་ཕོ་ཉ་གྷིལ་གཱལ་ནས་བྷོ་ཀིམ་དུ་ཕེབས་ནས་ཨིསི་རཱཨེལ་གྱི་མི་མང་ལ་སྨྲས་པ། ངས་ཁྱོད་ཚོས་ཨི་ཇིབ་ནས་ཕྱིར་བཏོན་ནས་ཁྱོད་ཚོའི་ཕ་མེས་ཚོ་དང་ཁས་ལེན་གྱིས་པའི་ཡུལ་དུ་འཁྲིད་པ་ཡིན། ཁྱོད་ཚོ་དང་མཉམ་དུ་དམ་བཅའ་བཞག་པ་དེ་ནམ་ཡང་འགལ་མི་ཡོང་ཞེས་ངས་སྨྲས་པ་ཡིན། 2ཁྱོད་ཚོས་ཡུལ་འདིར་གནས་སྡོད་བྱ་མཁན་མི་མང་མཉམ་དུ་དམ་བཅའ་འཇོག་མི་རུང་བ་དང་། ཁྱོད་ཚོས་དེ་ཚོའི་མཆོད་ཁྲི་རྣམས་བཤིགས་དགོས་སོ། འོན་ཀྱང་ཁྱོད་ཚོས་ངས་ཇི་ལྟར་སྨྲས་པ་བཞིན་བྱས་མེད་པ་དང་། ཁྱོད་ཚོས་དེ་དང་སྒབ་ཕྱི་བསློགས་ཡོད་དོ། 3དེར་བརྟེན་ངས་ཁྱོད་ཚོར་བརྗོད་རྒྱུ་ཡིན་ཁྱོད་ཚོ་མདུན་བསྐྱོད་བྱ་སྐབས་ངས་མི་མང་འདི་ཚོ་ཕྱིར་འབུད་བྱ་རྒྱུ་མིན། དེ་ཚོ་ཁྱོད་ཚོའི་དགྲ་བོར་འགྱུར་བ་དང་དེ་ཚོའི་ལྷ་ཚོར་མཆོད་པའི་རྙི་ནང་ཁྱོད་ཚོ་ཚུད་པར་འགྱུར། 4ཕོ་ཉས་འདི་ལྟར་གསུངས་པ་དང་། ཨིསི་རཱཨེལ་གྱི་མི་མང་ཚང་མ་ངུ་རྒྱུ་འགོ་ཚུགས་སོ། 5དེའི་རྐྱེན་གྱིས་དེ་ཚོས་ས་གནས་དེར་བྷོ་ཀིམ་ཞེས་འབོད་པ་ཡིན། དེར་དེ་ཚོས་གཙོ་བོ་དཀོན་མཆོག་ལ་དམར་མཆོད་ཕུལ་ལོ༎

ཡོ་ཤུ་ཨ་གྲོངས་པ།

6ཡོ་ཤུ་ཨས་ཨིསི་རཱཨེལ་གྱི་མི་མང་དེ་ཚོ་རང་གི་ལམ་དུ་བཏང་བ་དང་། སྐྱེ་བོ་རེ་རེས་རང་གི་ས་ཆའི་ཐོབ་སྐལ་རྣམས་བདག་བཟུང་བྱས་པར་ཕྱིན་ནོ། 7ཡོ་ཤུ་ཨ་འཚོ་བཞུགས་རིང་དུ་ཨིསི་རཱཨེལ་གྱི་མི་མང་ཚོས་གཙོ་བོ་དཀོན་མཆོག་གི་ཞབས་ཕྱི་ཞུས་པ་དང་། ཁོང་གྲོངས་པའི་རྗེས་སུ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་ཆེད་དུ་བྱ་བ་རླབས་ཆེ་མཛད་པ་རྣམས་མཐོང་མཁན་འགོ་འཁྲིད་འཚོ་བཞུགས་རིང་དེ་ཚོས་མུ་མཐུད་ནས་དེ་ལྟར་ཞབས་ཕྱི་ཞུས་སོ། 8གཙོ་བོ་དཀོན་མཆོག་གི་ཞབས་ཕྱི་ནུན་གྱི་བུ་ཡོ་ཤུ་ཨ་ལོ་ ༡༡༠ ལོན་ནས་གྲོངས་སོ། 9ཁོང་རི་བོ་གྷཤའི་བྱང་ཕྱོགས་ཨེཕ་ར་ཡིམ་གྱི་རི་བརྒྱུད་གྲོང་ཁྱེར་ཏིམ་ནད་སེ་རཱ་རུ་ཁོང་རང་གི་ས་ཆའི་ཆ་ཤས་སུ་དུར་དུ་སྦས་སོ། 10དེའི་མི་རབས་ཚང་མ་གྲོངས་བ་དང་མི་རབས་རྗེས་མ་ཚོས་གཙོ་བོ་དཀོན་མཆོག་དང་ཁོང་གིས་ཨིསི་རཱཨེལ་པ་ཚོར་ཇི་འདྲ་གནང་བ་ཚང་མ་བརྗེད་དོ༎

ཨིསི་རཱཨེལ་པ་ཚོས་དཀོན་མཆོག་ལ་མཆོད་རྒྱུ་མཚམས་འཇོག་བྱས་པ།

11དེ་ནས་ཨིསི་རཱཨེལ་གྱི་མི་མང་ཚོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་དང་། བྷལ་ལ་བསྙེན་བཀུར་ཞུ་རྒྱུ་འགོ་ཚུགས་སོ། 12གཙོ་བོ་དཀོན་མཆོག་དེ་ཚོའི་ཕ་མེས་ཚོའི་དཀོན་མཆོག་གིས་ཨི་ཇིབ་ནས་ཕྱིར་འདོན་གནང་མཁན་དཀོན་མཆོག་དེ་ལ་མཆོད་རྒྱུ་མཚམས་འཇོག་བྱས་ཏེ། དེ་ཚོའི་ཉེ་འཁོར་དུ་ཡོད་པའི་མི་མང་གི་ལྷ་གཞན་པ་ཚོར་མཆོད་རྒྱུ་འགོ་ཚུགསསོ། དེ་ཚོས་ལྷ་དེ་ཚོར་ཕྱག་འཚལ་ནས་གཙོ་བོ་དཀོན་མཆོག་དཀོན་མཆོག་ལ་ཐུགས་ཁྲོ་རུ་བཅུག་གོ 13དེ་ཚོས་གཙོ་བོ་དཀོན་མཆོག་ལ་མཆོད་རྒྱུད་མཚམས་འཇོག་བྱས་ནས། བྷལ་དང་ཨཤ་ཏོ་རེད་རྣམས་ལ་བསྙེན་བཀུར་ཞུས་སོ། 14དེར་བརྟེན་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་ལ་ཐུགས་ཧ་ཅང་ཁྲོ་ཞིང་བཙན་འཛུལ་མཁན་ཚོར་བཙན་འཛུལ་དང་ཇག་བཅོམ་བྱེད་དུ་འཇུག་གནང་ངོ་། ཁོང་གིས་དེ་ཚོའི་ཉེ་འཁོར་དུ་ཡོད་པའི་དགྲ་བོ་རྣམས་ཀྱི་དབང་འོག་ཏུ་འཇུག་གནང་བ་དང་། ཨིསི་རཱཨེལ་པ་ཚོས་རང་ཉིད་ལ་སྐྱོབ་མ་ཐུབ་བོ། 15དེ་ཚོ་དམག་འཐབ་ཏུ་ནམ་འགྲོ་སྐབས་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་མཛད་རྒྱུ་བཀའ་གནང་བ་ལྟར་ཁོང་ནི་དེ་ཚོའི་རྒྱབ་འགལ་དུ་འགྱུར་བ་དང་། དེ་ཚོ་དཀའ་སྡུག་ཆེན་པོའི་ནང་ཚུད་དོ། 16དེ་ནས་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོ་ལ་་བཙན་འཛུལ་མཁན་ཚོའི་ལག་ནསྐྱབས་མཁན་འགོ་འཁྲིད་དག་གནང་ངོ་། 17འོན་ཀྱང་ཨིསི་རཱཨེལ་པ་ཚོས་རང་གི་འགོ་འཁྲིད་ཚོར་དོ་སྣང་མ་བྱས་སོ། ཨིསི་རཱཨེལ་པས་གཙོ་བོ་དཀོན་མཆོག་ལ་དམ་ཚིག་མི་གཙང་བ་གྱིས་པ་དང་ལྷ་གཞན་ཚོར་མཆོད་དོ། དེ་ཚོའི་ཕ་མེས་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ཡོད་ན་ཡང་། མི་རབས་གསར་པ་ཚོས་དེ་ལྟར་ཞུ་རྒྱུར་མགྱོགས་པོར་མཚམས་འཇོག་བྱས་སོ། 18གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་འགོ་འཁྲིད་གཏོང་བ་གནང་སྐབས། ཁོང་གིས་དེ་ལ་རོགས་པ་གནང་བ་དང་། འགོ་འཁྲིད་དེ་ནམ་ཚོའི་རིང་དུ་མི་མང་ཚོ་ལ་རང་གི་དགྲ་བོ་ཚོ་ལས་སྐྱོབ་པར་མཛད་དོ། གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་སྙིང་རྗེ་གནང་བཞིན་ཡོད་དོ། གང་ལགས་ཟེར་ན། དེ་ཚོ་རང་གི་སྡུག་བསྔལ་དང་མནར་གཅོད་འོག་སྨྲེ་སྔགས་འདོན་བཞིན་ཡོད་དོ། 19འོན་ཀྱང་འགོ་འཁྲིད་དེ་གྲོངས་སྐབས་མི་མང་རྣམས་སྔར་གྱི་ལམ་དུ་འགྲོ་བ་དང་། སྔོན་གྱི་མི་རབས་ལས་སྤྱོད་ཚུལ་ངན་པ་བྱེད་པ་དང་། དེ་ཚོས་ལྷ་གཞན་ཚོར་བསྙེན་བཀུར་དང་མཆོད་པ་བྱེད་པ་དང་། དེ་ཚོས་ལམ་ངན་པ་ཚོ་སྤངས་རྒྱུ་ཁས་ལེན་མི་བྱེད་དོ། 20དེ་ནས་གཙོ་བོ་དཀོན་མཆོག་ནི་ཨིསི་རཱཨེལ་ལ་ཐུགས་ཤིན་ཏུ་ཁྲོས་ནས་གསུངས་པ། ངས་དེ་ཚོའི་ཕ་མེས་ཚོར་སྲུང་དགོས་པའི་དམ་བཅའ་རྣམས་མི་རིགས་འདིས་འགལ་ནས། དེ་ཚོས་ངའི་བཀའ་ལ་མ་ཉན་ནོ། 21ཡོ་ཤུ་ཨ་ཚེ་ལས་འདས་སྐབས་ཡོད་པའི་མི་རིགས་ཚོ་ནས་སུ་ཞིག་ཀྱང་ངས་ཕྱིར་འབུད་མི་བྱེད་དོ། 22ངས་དེ་ཚོ་ལ་ཕ་མེས་ཚོས་བྱས་པ་ལྟར་ངའི་ལམ་དུ་འགྲོ་གི་ཡོད་མེད་བ་རྟག་དཔྱད་བྱ་རྒྱུར་ཨིསི་རཱཨེལ་པ་ཚོའི་སྟེང་དུ་བེད་སྤྱོད་བྱེད་རྒྱུ་ཡིན་ཞེས་གསུངས་སོ། 23དེར་བརྟེན་གཙོ་བོ་དཀོན་མཆོག་གིས་མི་རིགས་དེ་ཚོ་ལ་དེར་གནས་སྡོད་བྱེད་དུ་འཇུག་གནང་བ་དང་། ཡོ་ཤུ་ཨ་ལ་ཁོ་ཚོའི་ཐོག་ཏུ་རྒྱལ་ཁ་སྤྲད་མེད་པ་དང་། ཡོ་ཤུ་ཨ་གྲོངས་མ་ཐག་ཏུ་ཡང་དེ་ཚོ་ཕྱིར་འབུད་གནང་མེད་དོ༎

ཁྲིམས་དཔོན 3

ཡུལ་དེར་ལྷག་འཕྲོས་ལུས་པའིི་མི་རིགས།

1དེ་ནས་གཙོ་བོ་དཀོན་མཆོག་གིས་ཀ་ནན་དུ་དམག་སར་མི་འགྲོ་མཁན་ཨིསི་རཱཨེལ་པ་ཚོར་བརྟག་དཔྱད་བྱེད་པར་མི་རིགས་འགའ་ཤས་ཡུལ་དེར་འཛོག་གནང་བ་དང་། 2ཁོང་གིས་ཨིསི་རཱཨེལ་གྱི་མི་རབས་སོ་སོར་དང་དམིག་གསལ་གྱི་སྔོན་དུ་དམག་འཐབ་ནམ་ཡང་བྱེད་མི་མྱོང་མཁན་ཚོར་དམག་གི་སྐོར་སློབ་སྟོན་གནང་བའི་ཕྱིར་དེ་ལྟར་མཛད་དོ། 3ཡུལ་དེར་ལྷག་འཕྲོས་ཡོད་པའི་ཕེ་ལེ་ཤེད་པའི་གྲོང་ཁྱེར་ལྔ་ནི་ཀ་ནན་པ་ཚང་མ་དང་སི་དོན་པ་དང་ལེ་བ་ནོན་གྱི་རི་བོ་ནས་རི་བོ་བྷལ་ཧར་མོན་ནས་ཧ་མད་ཀྱི་ལའི་བར་གནས་སྡོད་བྱ་མཁན་ཧི་ཝིི་པ་བཅས་ཡིན་ནོ། 4དེ་ཚོ་ཨིསི་རཱཨེལ་པ་ཚོའི་གཙོ་བོ་དཀོན་མཆོག། དེ་ཚོའི་ཕ་མེས་ལ་མོ་ཤེ་བརྒྱུད་ནས་བཀའ་གནང་བ་རྣམས་ལ་ཉན་གྱི་ཡོད་མེད་ཨིསི་རཱཨེལ་པ་ཚོར་བརྟག་དཔྱད་བྱ་མཁན་དུ་འཛོག་གནང་ངོ་། 5དེར་བརྟེན་ཨིསི་རཱཨེལ་གྱི་མི་མང་རྣམས་ཀ་ནན་པ་དང་ཧི་ཏི་པ་དང་ཨ་མོར་པ་དང་པེ་རི་ཛི་པ་དང་ཧེ་ཝི་པ་དང་ཡེ་བུ་ཟི་པ་བཅས་ཀྱི་ཁྲོད་དུ་གཞིས་ཆགས་གནས་སོ། 6ཁོ་ཚོས་དེ་ཚོ་དང་མཉམ་དུ་ནང་ཁུལ་དུ་ཆང་ས་བརྒྱབ་པ་དང་དེ་ཚོའི་ལྷ་ཚོར་ཡང་མཆོད་དོ༎

ཨོཐ་ནི་ཨེལ།

7ཨིསི་རཱཨེལ་གྱི་མི་མང་ཚོས་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་ལ་བརྗེད་པ་དང་། བྷལ་དང་ཨ་ཤེ་རཱའི་སྐུ་འདྲ་ལ་མཆོད་ནས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་སོ། 8དེར་བརྟེན་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་པ་ཚོར་ཁྲོ་བར་འགྱུར་བ་དང་མེ་སོ་པོ་ཊ་མི་ཡའི་རྒྱལ་པོ་ཀུ་ཤན་རི་ཤ་དིམ་ལ་དབང་བསྒྱུར་བྱེད་དུ་འཇུག་གནང་བ་དང་། ཁོང་གིས་དེ་ཚོར་ལོ་བརྒྱད་ཀྱི་རིང་རྒྱལ་སྲིད་བསྐྱངས་སོ། 9དེ་ནས་ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་ལ་འབོད་པ་དང་། དེ་ཚོ་ལ་རང་དབང་གཏོང་བའི་ཆེད་ཁོང་གིས་མི་ཞིག་བཏང་གནང་ངོ་། མི་དེ་ནི་ཀ་ལེབ་ཀྱི་གཅུང་པོ་ཀེ་ནཛའི་བུ་ཨོཐ་ནི་ཨེལ་ཡིན་ནོ། 10གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་ཁོང་གི་སྟེང་བབས་པས་ཁོང་ནི་ཨིསི་རཱཨེལ་གྱི་འགོ་འཁྲིད་དུ་འགྱུར་བ་དང་། ཨོཐ་ནི་ཨེལ་གྱིས་དམག་འཐབ་བྱེད་པས་གཙོ་བོ་དཀོན་མཆོག་གིས་ཁོ་ལ་མེ་སོ་པོ་ཊ་མི་ཡའི་རྒྱལ་པོའི་སྟེང་རྒྱལ་ཁ་གནང་ངོ་། 11ཡུལ་དེར་ལོ་བཞི་བཅུའི་རིང་ཞི་བདེ་བྱུང་བ་དང་དེ་ནས་ཨོད་ནི་ཨེལ་གྲོངས་སོ༎

ཨེ་ཧུད།

12སླར་ཡང་ཨིསི་རཱཨེལ་གྱི་མི་མང་ཚོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་དང་། དེའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གིས་མོ་ཨབ་ཀྱི་རྒྱལ་པོ་ཨེག་ལོན་ནི་ཨིསི་རཱཨེལ་ལས་སྟོབས་ཤུགས་ཆེ་བར་བཟོ་བར་མཛད་དོ། 13ཨེག་ལོན་གྱིས་ཨམ་མོན་པ་དང་ཨ་མ་ལེག་པ་ཚོ་དང་མཉམ་དུ་མཐུན་ནས་ཨིསི་རཱཨེལ་པ་ཚོ་ཕམ་པར་བྱས་པ་དང་། ཁ་ཟུར་ཤིང་ཚོའི་གྲོང་ཁྱེར་ཡེ་རི་ཀོ་དབང་བཟུང་བྱས་སོ། 14ཨིསི་རཱཨེལ་པ་ཚོ་ཨེག་ལོན་གྱི་དབང་འོག་ཏུ་ལོ་བཅོ་བརྒྱད་རིང་སྡོད་དགོས་བྱུང་ངོ་། 15དེ་ནས་ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་ལ་ངུ་འབོད་ཞུས་པས། ཁོང་གིས་དེ་ཚོ་ལ་རང་དབང་འདོན་གནང་མཁན་སྐྱེ་བོ་ཞིག་གཏོང་བར་མཛད་དོ། སྐྱེ་བོ་དེ་ནི་བྷེན་ཡ་མིན་གྱི་སྡེ་རིགས་ཀྱི་གྷེ་རའི་བུ་ལག་གཡོན་མ་ཨེ་ཧུད་ཞུ་བ་དེ་ཡིན་ནོ། ཨིསི་རཱཨེལ་གྱི་མི་མང་ཚོས་མོ་ཨབ་ཀྱི་རྒྱལ་པོ་ཨེག་ལོན་ལ་འབུལ་བ་ཞིག་ཕུལ་བར་ཨེ་ཧུད་ལ་བཏང་ངོ་། 16ཨེ་ཧུད་ཀྱིས་རང་གི་ཆེད་དུ་རལ་གྲི་ཁ་གཉིས་ཀར་རྣོ་ཡོད་མཁན་རིང་ཐུང་སན་ཀྲི་མི་ཀྲར་ལྔ་བཅུ་ཙམ་ཡོད་པ་ཞིག་བཟོས་ནས། ཁོས་དེ་རང་གི་ཞོག་གཡས་པའི་གོས་ཀྱི་འོག་ཏུ་བཏགས་སོ། 17དེ་ནས་མི་རྒྱགས་པ་ཨེག་ལོན་གྱིས་འབུལ་བ་དེ་འཁྱེར་ནས་སོང་ངོ་། 18ཨེ་ཧུད་ཀྱིས་འབུལ་བ་དེ་ཕུལ་བ་དང་། ཁོང་གིས་འབུལ་བ་འཁྱེར་ཡོང་མཁན་ཚོར་ཁྱིམ་དུ་ལོག་ཅེས་སྨྲས་སོ། 19ཨེ་ཧུད་ཁོང་རང་གྷིལ་གཱལ་གྱི་རྡོ་སྤྲོས་རྒྱབ་པའི་ཉེ་འགྲམ་ནས་ཁ་བསྒྱུར་ཏེ་ཨེག་ལོན་གྱི་སར་ཕྱིར་ཕེབས་ནས། མི་དབང་ཆེན་པོ་ངས་ཁྱེད་ལ་གསང་བའི་གཏམ་ཞིག་ཞུ་རྒྱུ་ཡོད། དེ་ནས་རྒྱལ་པོས་རང་གི་ཞབས་ཕྱི་ཚོར་ང་གཅིག་པོར་འཇོག་ཅིག་ཅེས་བཀའ་གནང་བས་དེ་དག་ཚང་མ་ཕྱིར་ཐོན་ནོ། 20དེ་ནས་རྒྱལ་པོ་སྐུ་རྐྱང་རྩེ་ཐོག་གི་ཁོང་གི་གཟིམ་ཁང་བསིལ་པོའི་ནང་བཞུགས་སྐབས་ཨེ་ཧུད་ཁོང་གི་དྲུང་དུ་བཅར་ནས། བདག་ལ་ཁྱེད་ཀྱི་ཆེད་དཀོན་མཆོག་གི་གསུང་འཕྲིན་ཞིག་ཡོད་ཞུས་པ་དང་། རྒྱལ་པོ་ཡར་བཞེངས་སོ། 21ཨེ་ཧུད་ཀྱིས་རང་གི་ལག་པ་གཡོན་པས་ཁོང་རང་གི་གཡས་ཕྱོགས་ནས་རལ་གྲི་བཏོན་ནས་རྒྱལ་པོའི་གསོལ་གྲོད་ནང་བཙུགས་སོ། 22རལ་གྲི་ཡུ་བ་དང་བཅས་པ་ཆ་ཚང་ནང་དུ་འཛུལ་བ་དང་ཚིལ་ལུས་དེ་བཀབ་བོ། ཨེ་ཧུད་ཀྱིས་རལ་གྲི་དེ་རྒྱལ་པོའི་གསོལ་གྲོད་ནས་ཕྱིར་མ་བཏོན་པར་དེ་རྒྱབ་ནས་འཐོན་ནོ། 23དེ་ནས་ཨེ་ཧུད་ཕྱི་ལོག་ཏུ་ཐོན་ནས། ཁོང་གིས་རྒྱབ་ནས་སྒོ་རྒྱབ་སྟེ་དེ་ལ་སྒོ་ལྕག་རྒྱབ་ནས་ཕྱིར་ཐོན་ནོ། 24ཞབས་ཕྱི་ཚོ་ཡོང་བ་དང་། སྒོ་རྒྱབ་ཡོད་པ་མཐོང་ན་ཡང་རྒྱལ་པོ་ནང་དུ་སྐུ་ངལ་གསོད་ཀྱི་ཡོད་རེད་བསམ་མོ། 25དེ་ཚོས་དུས་ཡུན་རིང་པོའི་བར་དུ་སྒུག་ན་ཡང་སྒོ་མ་ཕྱེས་སྟབས་ལྡེ་མིག་བླངས་ནས་སྒོ་ཕྱེ་བ་དང་། དེར་དེ་ཚོས་རྒྱལ་པོ་སྤང་གཅལ་སྟེང་དུ་གྲོངས་ནས་འགྱེལ་ཡོད་པ་རྙེ་དོ། 26དེ་ཚོ་སྒུག་སྡོད་རིང་ལ་ཨེ་ཧུད་ཕྱིར་ཐོན་ཟིན་ནོ། ཁོང་རྡོ་སྤྲོས་རྒྱབ་ས་ནས་ཕྱིན་ཏེ་སེ་ཨི་རཱ་རུ་བྲོས་སོ། 27ཁོང་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཀྱི་གྲོང་ཁྱེར་དུ་འབྱོར་སྐབས་དེ་ནས་ཨིསི་རཱཨེལ་གྱི་སྐྱེས་པ་ཚོ་དམག་ལ་སྐད་གཏོང་བའི་ཆེད་ཁོས་དུང་འབུད་པ་དང་། དེ་ནས་དེ་ཚོ་རི་ནས་མར་སྣེ་འཁྲིད་བྱེད་དོ། 28ཁོས་སྨྲས་པ། ངའི་རྗེས་སུ་ཤོག། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་ཁྱོད་ཚོའི་དགྲ་བོ་མོ་ཨབ་པ་ཚོ་ལས་རྒྱལ་ཁ་གནང་ཡོད། དེར་བརྟེན་དེ་ཚོ་ཨེ་ཧུད་ཀྱི་རྗེས་སུ་ཕྱིན་པ་དང་། མོ་ཨབ་པ་ཚོ་ཡོར་དན་རྒལ་ནས་འགྲོ་ཡུལ་དེ་བཞིན་དབང་བཟུང་བྱས་ནས་དེ་ཚོས་མི་གཅིག་ཀྱང་དེ་རྒལ་ནས་འགྲོ་མ་བཅུག་གོ 29ཉིན་དེར་དེ་ཚོས་མོ་ཨབ་པའི་དམག་མི་དཔའ་རྩལ་ཅན་ ༡༠,༠༠༠ ཙམ་བསད་པ་དང་དེ་ཚོ་ནས་གཅིག་ཀྱང་བྲོས་མ་ཐར་རོ། 30ཉིན་དེར་ཨིསི་རཱཨེལ་པ་ཚོས་མོ་ཨབ་པ་ཕམ་པར་བྱས་ནས། ཡུལ་དེ་ལོ་བརྒྱད་བཅུའི་རིང་ཞི་བདེར་གནས་སོ༎

ཤམ་གར།

31དེའི་རྗེས་སུ་ཨ་ནད་ཀྱི་བུ་ཤམ་གར་ཀྱིས་འགོ་འཁྲིད་བྱས་སོ། ཁོས་གླང་ལ་རྡུང་བའི་རྒྱུག་པ་ཞིག་གིས་ཕེ་ལེ་ཤེད་པ་ ༦༠༠ བསད་ནས་ཨིསི་རཱཨེལ་པ་ཚོ་ལ་སྐྱབས་པར་མཛད་དོ༎

ཁྲིམས་དཔོན 4

དྷེ་བོ་རཱ་དང་བྷ་རག།

1ཨེ་ཧུད་གྲོངས་པའི་རྗེས་ལ་ཨིསི་རཱཨེལ་པའི་མི་མང་ཚོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སླར་ཡང་སྡིག་པ་གྱིས་སོ། 2དེར་བརྟེན་གཙོ་བོ་དཀོན་མཆོག་གིས་ཧ་ཛོར་གྲོང་ཁྱེར་ལ་རྒྱལ་སྲིད་སྐྱོངས་མཁན་ཀ་ནན་པའི་རྒྱལ་པོ་ཡ་བྷིན་ལ་དེ་ཚོར་བཙན་བཟུང་བྱེད་དུ་འཇུག་གནང་ངོ་། ཁོང་གི་དམག་མིའི་དམག་དཔོན་ནི་སི་སེ་ར་བྱ་བ་ཕྱི་པ་རྣམས་ཀྱིི་ཧ་རོ་ཤེད་ལ་གནས་སྡོད་བྱ་མཁན་དེ་ཡིན་ནོ། 3ཡ་བྷིན་ལ་ལྕགས་ཀྱི་ཤིང་རྟ་འཁོར་ལོ་ ༩༠༠ ཡོད་པ་དང་། ཁོང་གིས་ཨིསི་རཱཨེལ་གྱི་མི་མང་རྣམས་ལ་ལོ་ཉི་ཤུའི་རིང་སྡུག་རྩུབ་དང་དྲག་ཤུགས་ཀྱིས་དབང་བསྒྱུར་གྱིས་སོ། དེ་ནས་ཨིསི་རཱཨེལ་གྱི་མི་མང་ཚོས་གཙོ་བོ་དཀོན་མཆོག་ལ་རོགས་མགོན་གྱི་ཆེད་དུ་འབོད་དོ། 4ད་ཆ་ལ་པི་དོཐའི་ཆུང་མ་དྷེ་བོ་རཱ་ནི་ལུང་སྟོན་མ་ཞིག་ཡིན་པ་དང་། སྐབས་དེར་མོས་ཨིསི་རཱཨེལ་པ་ཚོའི་ཆེད་དུ་ཁྲིམས་དཔོན་གྱི་ཞབས་ཞུ་བྱེད་བཞིན་ཡོད་དོ། 5མོ་ནི་ཨེཕ་ར་ཡིམ་རི་བརྒྱུད་ཀྱི་གྲོང་ཁྱེར་ར་མཱ་དང་བྷེ་ཐེལ་དབར་གྱི་ཁ་ཟུར་ཤིང་ཞིག་གི་འོག་ཏུ་གནས་བཞིན་ཡོད་པ་དང་། ཨིསི་རཱཨེལ་གྱི་མི་མང་རྣམས་མོའི་རྩར་ཁྲིམས་ཐག་ཆོད་ཡོང་བའི་ཆེད་དེར་ཡོང་བཞིན་ཡོད། 6ཉིན་ཞིག་མོས་ནཕ་ཏ་ལིའི་ཀེ་དེཤ་གྲོང་ཁྱེར་ནས་ཨ་བྷི་ནོ་ཨམ་གྱི་བུ་བྷ་རག་འབོད་པར་བཏང་བ་དང་ཁོ་པར་སྨྲས་པ། གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ཁྱོད་ལ་བཀའ་འདི་ལྟར་གནང་ཡོད། ཁྱོད་ཀྱིས་ནཕ་ཏ་ལི་དང་ཛེ་བུ་ལུན་གྱི་རིགས་བརྒྱུད་ནས་སྐྱེས་པ་ ༡༠,༠༠༠ འཁྲིད་ནས་དེ་ཚོ་རི་བོ་ཏ་བྷོར་ལ་སྣེ་འཁྲིད་བྱོས་ཤིག 7ངས་ཡ་བྷིན་གྱི་དམག་མིའི་དམག་དཔོན་སི་སེ་ར་ལ་ཁྱོད་ཚོ་མཉམ་དུ་དམག་འཐབ་བྱེད་པར་གཙང་པོ་ཀི་ཤོན་དུ་འཁྲིད་ཡོང་རྒྱུ་ཡིན། ཁོ་ལ་ཤིང་རྟ་འཁོར་ལོ་དང་དམག་དཔུང་ཡོད་རུང་ངས་ཁྱོད་ཚོར་ཁོའི་ཐོག་ཏུ་རྒྱལ་ཁ་སྤྲོད་རྒྱུ་ཡིན་ནོ། 8དེ་ནས་བྷ་རག་གིས་ལན་དུ། ཁྱེད་ང་མཉམ་དུ་ཕེབས་པ་ཡིན་ན། ང་ཡང་འགྲོ་རྒྱུ་ཡིན། ཁྱེད་ང་དང་མཉམ་དུ་མ་ཕེབས་ན་ང་ཡང་འགྲོ་གི་མིན་ཞུས་པས། 9མོས་ལན་དུ། དེ་ལྟར་ཡིན་ན་ང་ཁྱོད་དང་མཉམ་དུ་འགྲོ་བར་བྱའོ། འོན་ཀྱང་ཁྱོད་ལ་རྒྱལ་ཁའི་མིང་ཐོབ་པར་མི་འགྱུར། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གིས་སི་སེ་ར་ལ་བུད་མེད་གཅིག་གི་ལག་ཏུ་རྩིས་སྤྲོད་གནང་བར་འགྱུར་གསུངས་སོ། དེ་བས་ན་དྷེ་བོ་རཱ་བྷ་རག་མཉམ་དུ་ཀེ་དེ་ཤ་རུ་ཐོན་ནོ། 10བྷ་རག་གིས་ཛེ་བུ་ལུན་དང་ནཕ་ཏ་ལིའི་སྡེ་རིགས་ཚོ་ལ་ཀེ་དྷེཤི་དུ་བོས་པ་དང་། མི་གྲངས་ ༡༠,༠༠༠ ཐམ་པ་དེ་ཚོའི་རྗེས་སུ་ཕྱིན་ནོ། དྷེ་བོ་རཱ་ཡང་ཁོ་དང་མཉམ་དུ་ཐོན་ནོ། 11སྐབས་དེར་ཀེ་ནི་པ་ཧེ་བྷེར་གྱིས་ཛ་ན་ནིམ་དུ་བེ་ཤིང་གི་ཉེ་འགྲམ་ཀེ་དེཤིའི་ཐག་ཉེ་སར་རང་གི་གུར་ཕུབ་བོ། ཁོ་ནི་གཞན་ཀེ་ནི་པ་མོ་ཤེའི་མག་པ་ཧོ་བྷབ་ཀྱི་རིགས་བརྒྱུད་ཚོ་ལས་ཕྱིར་ཐོན་ནོ། 12སི་སེ་རས་བྷ་རག་རི་བོ་ཏ་བྷོར་དུ་ཐོན་པ་ཧ་གོ་བ་དང་། 13ཁོས་ལྕགས་ཀྱི་ཤིང་རྟ་འཁོར་ལོ་དགུ་བརྒྱ་དང་། ཁོས་མི་རྣམས་བཀའ་འགུགས་གནང་ནས་ཕྱི་པ་རྣམས་ཀྱི་སྡོད་གནས་ཧ་རོ་ཤེད་ནས་གཙང་པོ་ཀི་ཤོན་བར་བཏང་ངོ་། 14དེ་ནས་དྷེ་བོ་རཱས་བྷ་རག་ལ། ད་སོང་ཞིག་གཙོ་བོ་དཀོན་མཆོག་གིས་ཁྱོད་ཀྱི་སྣེ་འཁྲིད་གནང་བཞིན་ཡོད་པས། དེ་རིང་ཁོང་གིས་ཁྱོད་ལ་སི་སེ་རའི་ཐོག་རྒྱལ་ཁ་གནང་བར་འགྱུར་ཞེས་སྨྲས་སོ། དེར་བརྟེན་བྷ་རག་གི་དམག་མི་ ༡༠,༠༠༠ མཉམ་དུ་རི་བོ་ཏ་བྷོར་ནས་མར་ཐོན་ནོ། 15བྷ་རག་གིས་རང་གི་དམག་དཔུང་དང་བཅས་པས་དམག་འཐབ་བྱ་སྐབས་གཙོ་བོ་དཀོན་མཆོག་གིས་སི་སེ་ར་དང་དེའི་ཤིང་རྟ་འཁོར་ལོ་དང་། སྐྱེ་བོ་ཚང་མའི་མགོ་འཐོམ་དུ་འཇུག་གནང་བ་དང་། སི་སེ་ར་རང་གི་ཤིང་རྟ་འཁོར་ལོ་ནས་མར་བབས་ཏེ་རྐང་ཐང་ལ་བྲོས་སོ། 16བྷ་རག་གིས་ཤིང་རྟ་འཁོར་ལོ་དང་དམག་དཔུང་རྣམས་ཕྱི་པ་རྣམས་ཀྱི་སྡོད་གནས་ཧ་རོ་ཤེད་བར་རྗེས་དེད་བྱས་པ་དང་། སི་སེ་རའི་དམག་མི་ཚང་མ་བསད་ནས་གཅིག་ཀྱང་མ་ལུས་སོ། 17སི་སེ་ར་ནི་ཀེ་ནི་པ་ཧེ་བྷེར་གྱི་ཆུང་མ་ཡ་ཨེལ་གྱི་གུར་ནང་བྲོས་སོ། གང་ལགས་ཟེར་ན། ཧ་ཛོར་གྱི་རྒྱལ་པོ་ཡ་བྷིན་ཧེ་བྷེར་གྱི་ཁྱིམ་ཚང་མཉམ་དུ་མཐུན་ལམ་ཡོད་པ་དང་། 18ཡ་ཨེལ་གྱིས་སི་སེ་ར་བསུ་བར་ཕྱིན་པ་དང་། ཁོང་ལ། སྐུ་ཞབས་ངའི་གུར་ནང་ཕེབས་ཤིག། འཇིགས་མི་དགོས་ཤེས་ཞུས་སོ། དེ་བས་ན་ཁོང་ནང་དུ་ཕེབས་པ་དང་། མོས་ཁོང་ལ་ཡོལ་བའི་རྒྱབ་དུ་སྦས་སོ། 19ཁོས་མོ་ལ། ང་ཁ་སྐོམ་བཞིན་འདུག་པས། ང་ལ་ཆུ་སྤྲད་རོགས་སྨྲས་པ་དང་། མོས་འོ་མའི་རྐྱལ་པ་ཁ་ཕྱེས་ཏེ་ཁོ་ལ་གཏེར་བ་དང་། དེ་རྗེས་ཁོ་ལ་སླར་ཡང་སྦས་སོ། 20དེ་ནས་ཁོས་མོ་ལ། གུར་གྱི་སྒོར་ལངས་ནས། སུ་ཞིག་གིས་ཁྱོད་ལ་གུར་ནང་དུ་སུ་སླེབས་བྱུང་ངམ་ཟེར་ན། སླེབས་མ་བྱུང་ཞེས་སྨྲོས་ཤིག་ཅེས་སྨྲས་སོ། 21སི་སེ་ར་ཧ་ཅང་ཐང་ཆད་ཡོད་སྟབས་གཉིད་སྐྱིད་པོ་ཁུག་ཡོད་པ་དང་། དེ་ནས་ཡ་ཨེལ་གྱིས་ཐོ་བ་དང་གུར་གྱི་ཕུར་པ་ཞིག་འཁྱེར་ནས་ཁུ་སིམ་པོས། ཁོའི་སར་ཕྱིན་ནས་ཁོའི་མགོའི་ཟུར་ནས་ས་མ་ཐུག་བར་དུ་ཕུར་པ་རྒྱབ་ནས་ཁོ་ལ་བསད་དོ། 22བྷ་རག་གིས་སི་སེ་ར་ལ་འཚོལ་བཞིན་ཡོང་སྐབས་ཡ་ཨེལ་གྱིས་ཁོའི་སར་ཕྱིན་ནས་ཡར་ཕེབས་ཤིག ངས་ཁྱེད་ལ་ཁྱེད་ཀྱིས་འཚོལ་བཞིན་པའི་མི་དེ་སྟོན་པར་བྱ་ཞེས་སྨྲས་སོ། དེ་ནས་ཁོ་མོ་དང་མཉམ་དུ་ནང་དུ་སོང་བ་དང་། དེར་སི་སེ་ར་མགོ་ལ་ཕུར་པ་བཙུགས་ནས་ས་སྟེང་དུ་འཆི་ཡོད་པ་མཐོང་ངོ་། 23ཉིན་དེར་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་ཀ་ནན་པའི་རྒྱལ་པོ་ཡ་བྷིན་ཐོག་རྒྱལ་ཁ་གནང་ཡོད་དོ། 24དེ་ཚོས་ཁོ་ལ་མེད་པར་མ་བཟོས་བར་དུ་ཤུགས་སྣོན་ཇི་ཆེར་གྱིས་སོ༎

ཁྲིམས་དཔོན 5

དྷེ་བོ་རཱ་དང་བྷ་རག་གི་མགུར་མ་ལེན་པ།།

1ཉིན་དེར་དྷེ་བོ་རཱ་དང་ཨ་བྷི་ནོ་ཨམ་གྱི་བུ་བྷ་རག་གིས་མགུར་མ་འདི་ལེན་ནོ། 2གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་པ་ཕུལ། ཨིསི་རཱཨེལ་པ་ཚོ་དམག་འཐབ་བྱ་རྒྱུ་ལ། སེམས་ཐག་བཅད་ཅིང་མི་མང་རྣམས་ནས་ཀྱང་། དགའ་པོའི་ངང་ནས་དང་ལེན་ཞུས་ཡོད་དོ། 3རྒྱལ་པོ་ཚོ་ནི་ལེགས་པར་ཉོན་ཞིག་དང་། ཁྲིམས་དཔོན་ཚོ་ཡང་ཡིད་ཟབ་བརྟན་པོར་བྱོས། ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ། ང་ཡིས་མགུར་མ་ལེན་ནས་རོལ་མོ་དཀྲོལ། 4གཙོ་བོ་དཀོན་མཆོག་ཁྱེད་ནི་སེ་ཨིར་རི་ནས་ཐོན། ཁྱེད་ནི་ཨེ་དྷོམ་མངའ་ཁུལ་ནང་ནས་ཕྱིར། ཕེབས་སྐབས་ས་གཞི་འགུལ་ཞིང་ནམ་མཁའ་ནས། ཆར་པ་བབས་ནས་སྤྲིན་ནས་ཆུ་བབས་སོ། 5སི་ནཨའི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི། དཀོན་མཆོག་གཙོ་བོདཀོན་མཆོག་ཁོང་གི་སྤྱན་སྔ་རུ། རི་བོ་རྣམས་ཀྱང་འགུལ་ཤིང་གཡོ་བས་སོ། 6ཨ་ནད་ཀྱི་བུ་ཤམ་གར་གྱི་དུས་དང་། ཡ་ཨེལ་དུས་སུ་ས་སྟེང་བརྒྱུད་འགྲུལ་མཁན། འགྲུལ་པ་ཆོ་ནི་ལམ་ཆེན་དེའི་སྟེང་ནས། མ་ཕྱིན་པར་ཡང་ཟུར་ལམ་བེད་སྤྱོད་བྱེད། 7དྷེ་བོ་རཱ་ནི་ཨིསི་རཱཨེལ་གྲོང་ཁྱེར་ཚོར། ཨིསི་རཱཨེལ་པ་ཡི་མ་ལྟར་མ་ཡོང་བར། དེ་ཚོ་ཚང་མ་སྟོང་པར་ལུས་པས་སོ། 8དེ་ནས་ཨིསི་རཱཨེལ་པ་ཚོས་ལྷ་གསར་པ། ཚོ་ལ་འདམས་སྐབས་ཡུལ་དུ་དམག་འཁྲུགས་བྱུང་། ཨིསི་རཱཨེལ་པ་ཡི་སྐྱེས་པ་སྟོང་བཞི་བཅུས། སུ་ཞིག་གིས་ཀྱང་ཕུབ་དང་མདུང་འཁྱེར་རམ། 9ང་ཡི་སྙིང་ནི་ཨིསི་རཱཨེལ་གྱི། དམག་སྤྱི་ཚོ་དང་དགའ་པོའི་ངང་ནས་ཀྱང་། དང་ལེན་གྱིས་པའི་མི་མང་ཚོ་མཉམ་ཡོད། གཙོ་བོ་དཀོན་མཆོག་ལ་བསྟོད་པ་ཕུལ། 10ཁྱོད་ཚོ་རྟ་སྒའི་སྟེང་དུ་བསྡད་འགྱུར་ནས། ཁྱོད་ཚོ་བོང་བུ་དཀར་པོར་ཞོན་མཁན་ཚོ། གང་དུ་འགྲོ་ཡང་གོམ་པ་སྤོས་ནས་ཀྱང་། འགྲོ་མཁན་ཁྱོད་ཚོས་དེའི་སྐོར་ལ་སྨྲོས་ཤིག 11ཁྲོན་པའི་མཐའ་ལ་སྐད་ཅོར་ཅན་མི་ཚོགས། དེ་ཚོས་གཙོ་བོ་དཀོན་མཆོག་རྒྱལ་བ་དང་། ཨིསི་རཱཨེལ་གྱི་རྒྱལ་ཁའི་སྐོར་ལ་ཤོད་པར་ཉོན། དེ་ནས་གཙོ་བོ་དཀོན་མཆོག་གི་མི་མང་རྣམས། དེ་ཚོའི་གྲོང་ཁྱེར་ནང་ནས་ཐོན་པར་མཛད། 12སྣེ་འཁྲིད་བྱོས་ཤིག་དྷེ་བོ་རཱ་ཁྱོད་ཀྱིས། སྣེ་འཁྲིད་བྱོས་ཤིག་སྣེ་འཁྲིད་བྱོས་ཤིག་དང་། མགུར་མ་ལེན་ཞིང་སྣེ་འཁྲིད་བྱོས་ཤིག་དང་། ཨ་བྷི་ནོ་ཨམ་གྱི་ཡི་བུ་བྷ་རག། ཁྱོད་ནི་མདུན་དུ་འགྲོ་ཞིག་ཁྱོད་ཀྱི་ནི་བཙོན་པ་རྣམས་ཀྱི་སྣེ་འཁྲིད་བྱོས་ཤིག་དང་། 13དེ་ནས་དམ་ཚོགས་ཅན་རྣམས་ཁྱོད་རང་གི་འགོ་འཁྲིད་བྱེད་སར་དེ་ཚོ་ཡོང་ངོ། གཙོ་བོ་དཀོན་མཆོག་ཁོང་གི་མི་མང་རྣམས། དམག་འཐབ་ཆེད་དུ་ཁོང་སར་བཅར། 14དེ་ཚོ་ཨེཕ་ར་ཡིམ་ནས་ལུང་གཤོང་བར་ཡོང་ངོ་། བྷེན་ཡ་མིན་གྱི་སྡེ་རིགས་དང་དེ་ཚོའི་མི་མང་རྣམས་རྒྱབ་ནས་ཡོང་། དམག་སྤྱི་ཚོ་ནི་མ་ཀིར་ནས་ཡོང་ཞིང་། འགོ་འཛིན་ཚོ་ནི་ཛེ་བུ་ལུན་ནས་ཡོང་། 15ཨི་ས་ཀར་གྱི་འགོ་འཁྲིད་དེ་ཚོ་ནི། དྷེ་བོ་རཱ་དང་མཉམ་དུ་ཡོང་བ་ཡིན། ཨེ་ས་ཀར་དང་བྷ་རག་ཡང་ཡོང་ནས། དེ་ཚོ་ཁོ་ཡི་རྗེས་སུ་ལུང་གཤོང་ཕྱིན། འོན་ཀྱང་རུ་བྷེན་སྡེ་རིགས་མུས་མཐུན་བྱེད་མི་ཐུབ། དེ་ཚོ་ཡོང་རྒྱུར་ཐག་གཅོད་བྱེད་མ་ཐུབ། 16དེ་ཚོ་ལུག་གི་རྒྱབ་ལ་ཅི་ལ་བསྡད། ལུག་རྫིས་ལུག་ཁྱུར་འབོད་སྐབས་ཉན་ཕྱིར་རམ། རུ་བྷེན་སྡེ་རིགས་མུས་མཐུན་བྱེད་མི་ཐུབ། དེ་ཚོ་ཡོང་རྒྱུར་ཐག་གཅོད་བྱེད་མ་ཐུབ། 17གྷཌ་ཀྱི་སྡེ་རིགས་ཡོར་དན་ཤར་དུ་གནས། དཱན་གྱི་སྡེ་རིགས་གྲུ་ཡི་འགྲམ་དུ་གནས། ཨ་ཤེར་སྡེེ་རིགས་རྒྱ་མཚོའི་འགྲམ་དུ་གནས། དེ་ཚོ་རྒྱ་མཚོའི་མཐའ་འཁོར་དུ་བསྡད་དོ། 18འོན་ཀྱང་ཛེ་བུ་ལུན་དང་ནཕ་ཏ་ལི། མི་མང་རྣམས་ནས་རང་གི་སྲོག་ཉེན་ཁར། མ་རྩིས་པ་དང་དམག་སར་ཕྱིན་ནོ། 19ཏ་ནག་རུ་མེ་གི་དྷོ་ཡི་རྒྱུག་ཆུའི་ཉེ་འགྲམ་དུ། རྒྱལ་པོ་རྣམས་ནི་དམག་འཐབ་བྱེད་པར་ཡོང་། ཀ་ནན་གྱི་རྒྱལ་པོ་ཚོ་ཡིས། དམག་འཐབ་བྱེད་ཀྱང་དེ་ཚོས་དངུལ་མ་འཁྱེར། 20སྐར་མ་ཚོ་ནི་ནམ་མཁར་རྒྱུག་སྐབས་སུ། དེ་ཚོས་ནམ་མཁའི་གནས་ནས་དམག་འཐབ་བོ། དེ་ཚོས་སི་སེ་ར་ལ་དམག་འཐབ་བོ། 21ཀི་ཤོན་རྒྱུག་ཆུར་ཆུ་ལོག་རྒྱུག་པའི་སྐབས། དེ་ཚོ་ཚང་མ་འཁྱེར་བར་བྱས་པས་སོ། ང་ནི་ནུས་ཤུགས་ཐོག་ནས་མདུན་བསྐྱོད་བྱས། 22དེ་ནས་རྟ་ཚོ་རྒྱུག་བཞིན་ཡོང་བ་དང་། དེ་ཚོའི་རྨིག་པས་ས་ལ་རྡོག་བརྫིས་བཏང། 23གཙོ་བོ་དཀོན་མཆོག་ཁོང་གི་ཕོ་ཉས། མེ་རོཛ་ལ་དམོད་པ་རྒྱོབ་ཅིག་སྨྲས། དེ་རུ་སྡོད་མཁན་ཚོ་ལ་དམོད་པ་བརྒྱབ་ཅིག དེ་ཚོས་གཙོ་བོ་དཀོན་མཆོག་ཁོང་ལ་ནི། རོགས་བྱེད་པ་ཡི་དམག་མི་ཞིག་ལྟ་བུར། ཁོང་གི་ཆེད་དུ་འཐབ་པར་ཡོང་མེད་སྨྲས། 24ཀེ་ནི་པ་ཧེ་བྷེར་གྱི་ཆུང་མ་ཡ་ཨེལ་ནི། བུད་མེད་བསོད་ནམ་ཆེ་ཤོས་དེ་ཡིན་ནོ། མོ་ནི་གུར་ནང་བསྡད་མཁན་ནང་ནས་བུད་མེད་བསོད་ནམ་ཆེ་ཤོས་ཡིན། 25སི་སེ་ར་ཡིས་མོ་ལ་ཆུ་སློང་ཡང་། མོ་ཡིས་ཁོ་ལ་འོ་མ་གཏེར་བར་བྱས། མོ་ཡིས་ཕོར་པ་ཡིད་དུ་འོང་བའི་ནང་། ཁོ་ཡི་དོན་ལ་སྤྲི་ཞིག་འཁྱེར་ཡོང་ངོ་། 26མོ་ཡིས་ལག་གཅིག་གུར་གི་ཕུར་པ་བཟུང་། ལག་པ་གཞན་དེར་ལས་མིའི་ཐོ་བ་བཟུང་། དེ་ནས་མོ་ཡིས་སི་སེ་ར་ལ་རྒྱབ། ཁོ་ཡི་ཐོད་པ་ཕྱེ་མར་བཟོས་པས་སོ། མོས་ནི་ཁོ་ཡི་མགོ་ལ་ཨི་ཁུང་འབིགས། 27ཁོ་ནི་རང་གི་པུས་མོར་འགྱེལ་བ་དང་། ལྷུང་ནས་མོ་ཡི་རྐང་པའི་འགྲམ་དུ་ལུས། མོ་ཡི་རྐང་པར་ཁོ་ཡི་པུས་མོར་ཐོག། མར་ལ་ལྷུང་ནས་ས་ཡི་སྟེང་དུ་འཆི། 28སི་སེ་ར་ཡི་ཨ་མས་སྒེ་ཁུང་ནས། རྒྱབ་ཕྲའི་རྒྱབ་ནས་མིག་ཧུར་བལྟས་ནས་བསྡད། ཁོ་ཡི་ཤིང་རྟ་འཁོར་ལོ་ཅི་ལ་འགོར། རྟ་ཚོ་ལོག་རྒྱུར་ཅི་ལ་འགོར་སྨྲས་སོ། 29བུད་མེད་ཤེ་རབ་ཅན་ཚོས་མོ་ལ་ནི། ལན་འདེབས་བྱས་པར་མོས་ཡང་འདི་ལྟར་སྨྲས། 30དེ་ཚོས་དངོས་པོ་བཙན་བཟུང་བགོས་རྒྱུ་དང་། དམག་མི་རེ་རེར་བུ་མོ་གཅིག་གམ་གཉིས། སི་སེ་ར་ལ་ན་བཟའ་མཆོར་པོ་དང་། བཙུན་མོའི་མགུལ་ལ་ཕར་ཅིན་ན་བཟའ་འཚོལ། 31ཀྱེ་གཙོ་བོ་དཀོན་མཆོག། དེ་ལྟར་ཁྱེད་ཀྱི་དགྲ་བོ་ཚང་མ་འཆི་བར་ཤོག། འོན་ཀྱང་ཁྱེད་ཀྱི་གྲོགས་པོ་རྣམས་ཉི་མ་འཆར་བ་ལྟར་འཚེར་བར་ཤོག་ཅིག ཡུལ་དེར་ལོ་བཞི་བཅུའི་རིང་བཞི་བདེ་བྱུང་ངོ་༎

ཁྲིམས་དཔོན 6

གྷིད་ཨོན།

1སླར་ཡང་ཨིསི་རཱཨེལ་གྱི་མི་མང་ཚོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པར་བརྟེན། ཁོང་གིས་མིད་ཡན་གྱི་མི་མང་ཚོས་ཁོ་ཚོའི་ཐོག་ལོ་བདུན་རིང་དབང་བསྒྱུར་བྱེད་དུ་འཇུག་གནང་ངོ་། 2མིད་ཡན་པ་ཚོ་ནི་ཨིསི་རཱཨེལ་པ་ཚོ་ལས་སྟོབས་ཤུགས་ཆེ་བ་ཡོད་པ་དང་། ཨིསི་རཱཨེལ་གྱི་མི་མང་ཚོ་བྲག་ཕུག་དང་གཞན་རི་གསེབ་ཀྱི་ས་ཆ་བརྟན་ས་ཁག་ཏུ་ཡིབ་བོ། 3ཨིསི་རཱཨེལ་པ་ཚོས་ས་བོན་འདེབས་སྐབས་མིད་ཡན་པ་ཚོ་ཨ་མ་ལེག་པ་རྣམས་དང་། ཤར་ཕྱོགས་ཀྱི་རིགས་བརྒྱུད་ཀྱི་མི་ཚོ་དང་མཉམ་དུ་ཡོང་ནས་ཁོ་ཚོར་འཐབ་ཀྱི་ཡོད་དོ། 4དེ་ཚོས་ཡུལ་དུ་སྒར་བརྒྱབ་ནས་ལྷོ་ཕྱོགས་སུ་གྷ་ཛའི་མངའ་ཁུལ་བར་ལོ་ཐོག་མེད་པར་བཟོས་པ་དང་། དེ་ཚོས་ལུག་དང་བ་ཕྱུགས་དང་བོང་བུ་བཅས་ཚང་མ་འཕྲོག་གི་ཡོད་དོ། ཨིསི་རཱཨེལ་པ་ཚོར་འཚོ་བསྟེན་གང་ཡང་མེད་པར་བཞག་གོ 5དེ་ཚོ་རང་གི་བ་ཕྱུགས་དང་གུར་བཅས་ཆ་ག་འབུའི་ཚོགས་ལྟ་བུ་ཁྱོན་ཆེ་མཉམ་དུ་ཡོང་བ་དང་། དེ་ཚོ་དང་དེ་ཚོའི་རྔ་མོང་རྣམས་གྲངས་རྩིས་དཀའ་བའི་ཁྱོན་ཆེ་ཡོད་པ་དང་། དེ་ཚོ་ཡོང་ནས་ཡུལ་རྣམས་འཕྲོག་བཅོམ་བྱེད་དོ། 6དེ་ཚོའི་ཁྲོད་དུ་ཨིསི་རཱཨེལ་པ་ཚོ་ནི་སྐྱབས་གྲོགས་མེད་པ་ལྟར་འགྱུར་རོ། 7དེ་ནས་ཨིསི་རཱཨེལ་པ་ཚོས་མིད་ཡན་པ་ཚོའི་ཐོག་ལ་གཙོ་བོ་དཀོན་མཆོག་ལ་རོགས་རམ་དང་སྐྱབས་འཇུག་ཞུས་པ་དང་། 8ཁོང་གིས་དེ་ཚོའི་རྩར་ལུང་སྟོན་པ་ཞིག་བཏང་ནས། ལུང་སྟོན་པ་བརྒྱུད་དེ་ཆོ་ལ་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་འཕྲིན་འདི་ལྟར་གནང་ངོ་། ངས་ཁྱོད་ཚོ་ཨི་ཇིབ་ཀྱི་ཚེ་གཡོག་ནས་ཕྱིར་འདོན་པ་ཡིན་པ་དང་། 9ངས་ཁྱོད་ཚོ་ཨི་ཇིབ་པ་ཚོ་དང་ཡུལ་འདིར་ཁྱོད་ཚོ་དང་མཉམ་དུ་དམག་འཐབ་བྱ་མཁན་ཚོ་ལས་སྐྱབས་པ་ཡིན་ནོ། ངས་ཁྱོད་ཚོ་ལ་མདུན་བསྐྱོད་བྱ་སྐབས་ཁོ་ཚོ་ཕྱིར་ཕུད་ནས་ཁོ་ཚོའི་ཡུལ་དེ་ཁྱོད་ཚོར་སྤྲད་པ་ཡིན། 10ངས་ཁྱོད་ཚོར་ང་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན་ཞེས་སྨྲས་ཡོད་དོ། ད་ཆ་ཁྱོད་ཚོ་སྡོད་བཞིན་པའི་ཨ་མོར་པའི་ལྷ་ཚོ་ལ་ཁྱོད་ཚོས་མཆོད་མི་རུང་ཞེས་སྨྲས་ཡོད་དོ། འོན་ཀྱང་ཁྱོད་ཚོས་ངའི་བཀའ་ལ་ཉན་མེད་ཅེས་གསུངས་སོ། 11དེ་ནས་གཙོ་བོ་དཀོན་མཆོག་གི་ཕོ་ཉ་དེ་ཨོཕ་རཱའི་གྲོང་གསེབ་ཏུ་ཕེབས་པ་དང་། ཨ་བྷི་ཨེ་ཛར་གྱི་རིགས་རུས་སྐྱེ་བོ་ཡོ་ཨཱཤེ་ལ་བདག་པའི་བེ་ཤིང་ཞིག་གི་འོག་ཏུ་བཞུགས་སོ། ཁོའི་བུ་གྷིད་ཨོན་གྱིས་ཁོ་པ་མིད་ཡན་པ་ཚོས་མ་མཐོང་བར་གསང་བའི་ཐོག་རྒུན་འབྲུམ་བརྩིར་སར་གྲོ་ཕྲན་བུ་བརྡུངས་བཞིན་ཡོད་དོ། 12དེར་གཙོ་བོ་དཀོན་མཆོག་གི་ཕོ་ཉ་དེ་ཁོ་པར་མཐོང་བར་འགྱུར་ནས། བློ་ཁོག་ཅན་དང་སྟོབས་ལྡན་གྱི་སྐྱེ་བོ་ཁྱོད་དང་མཉམ་དུ་གཙོ་བོ་དཀོན་མཆོག་བཞུགས་ཡོད་ཅེས་གསུངས་སོ། 13གྷིད་ཨོན་གྱིས་ཁོ་ལ། སྐུ་ཞབས་ལགས། ངས་ཁྱེད་ལ་འདྲི་བ་ཞིག་ཞུ་རྒྱུ་ཡིན་པས། གཙོ་བོ་དཀོན་མཆོག་ང་ཚོ་དང་མཉམ་དུ་ཡོད་པ་ཡིན་ན་ང་ཚོ་ལ་དཀའ་ངལ་འདི་ལྟར་ཅི་ལ་བྱུང་བ་ཡིན་ནམ། ང་ཚོའི་ཕ་མེས་ཚོས་ང་ཚོར་སྨྲས་པའི་གཙོ་བོ་དཀོན་མཆོག་གིས། ངོ་མཚར་ཅན་གྱི་ཕྱག་ལས་མཛད་པ་དང་ཁོང་ཚོ་ཨི་ཇིབ་ནས་འདོན་གནང་བ་རྣམས་ཅི་ཡིན། གཙོ་བོ་དཀོན་མཆོག་གིས་ང་ཚོར་སྤངས་གནང་བ་དང་། ང་ཚོ་མིད་ཡན་པ་ཚོའི་མངའ་འོག་འཇོག་གནང་ཡོད་ཅེས་ཞུས་སོ། 14དེ་ནས་གཙོ་བོ་དཀོན་མཆོག་གིས་ཁོ་ལ། ཁྱོད་ཀྱི་སྟོབས་ཤུགས་ཡོངས་དང་བཅས་སོང་ནས། ཨིསི་རཱཨེལ་པ་ཚོ་མིད་ཡན་པ་ཚོ་ལས་སྐྱོབས་ཤིག ང་རང་ཉིད་ཀྱིས་ཁྱོད་གཏོང་བཞིན་ཡོད་ཅེས་བཀའ་གནང་ངོ་། 15གྷིད་ཨོན་གྱིས། ངས་ཨིསི་རཱཨེལ་པ་ཚོ་ཇི་ལྟར་སྐྱོབས་ཐུབ་བམ། ངའི་རིགས་རུས་མ་ནསེ་སཱེའི་སྡེ་རིགས་ནང་ནས་སྐྱོ་ཤོས་དེ་ཡིན་པ་དང་། ང་ནི་རང་གི་ཁྱིམ་ཚང་ནང་ནས་ཆུང་ཞིག་ཡིན་ཞེས་ལན་ཞུས་སོ། 16གཙོ་བོ་དཀོན་མཆོག་གིས། ཁྱོད་ཀྱིས་དེ་ལྟར་བྱེད་ཐུབ་བོ། གང་ལགས་ཟེར་ན། ངས་ཁྱོད་ལ་རོགས་བྱེད་དོ། ཁྱོད་ཀྱིས་མིད་ཡན་པ་དེ་ཚོ་མི་གཅིག་ལ་བྱས་པ་ལྟར་ལས་སླ་པོར་སྣུན་པར་བྱེད་ཅེས་ལན་གནང་ངོ་། 17གྷིད་ཨོན་གྱིས། ཁྱེད་ང་ལ་ཐུགས་མཉེས་པ་ཡིན་ན། ཁྱེད་གཙོ་བོ་དཀོན་མཆོག་དངོས་ཡིན་པའི་དཔང་པོའི་རྟགས་ཤིག་ང་ལ་གནང་རོགས་གནང་། 18ངས་ཁྱེད་ལ་ཁ་ཟས་ཀྱི་འབུལ་བ་ཞིག་འཁྱེར་མ་ཡོང་བར་དུ་ཁྱེད་ང་བཞག་ནས་མ་ཕེབས་རོགས་གནང་ཞེས་ཞུས་སོ། ཁོང་གིས། ཁྱོད་ཕྱིར་མ་ཡོང་བར་ང་སྡོད་པར་བྱ་ཞེས་གསུངས་སོ། 19དེར་བརྟེན་གྷིད་ཨོན་རང་གི་ཁང་པའི་ནང་དུ་ཕྱིན་ནས། ར་ཕྲུག་གཅིག་གི་ཤ་བཙོས་ནས་གྲོ་ཞིབ་ཀི་ལོ་བཅུས་ཆི་མན་མེད་པའི་བག་ལེབ་བཟོས་ཏེ། ཤ་དེ་སློ་མ་ཞིག་གི་ནང་བླུགས་པ་དང་། ཤ་ཁུ་དེ་སྣོད་གཅིག་གི་ནང་བླུགས་ནས། བེ་ཤིང་གི་འོག་ཏུ་གཙོ་བོ་དཀོན་མཆོག་གི་ཕོ་ཉ་ཡོད་སར་འཁྱེར་ཡོང་ནས་ཁོང་ལ་ཕུལ་ལོ། 20ཕོ་ཉ་དེས། ཤ་དང་བག་ལེབ་བྲག་གི་སྟེང་དུ་བཞག་ནས་དེའི་སྟེང་ཤ་ཁུ་དེ་བླུགས་ཅེས་བཀའ་གནང་བ་དང་། གྷིད་ཨོན་གྱིས་དེ་ལྟར་བྱས་སོ། 21དེ་ནས་གཙོ་བོ་དཀོན་མཆོག་གི་ཕོ་ཉ་དེས། ཁོང་དང་མཉམ་དུ་ཡོད་པའི་ཕྱག་འཁར་གྱི་རྩེ་མོས་ཤ་དང་བག་ལེབ་ལ་རེག་པར་གནང་བ་དང་། བྲག་ནས་མེ་ཐོན་ཏེ་ཤ་དང་བག་ལེབ་འཚིགས་སོ། དེ་ནས་ཕོ་ཉ་དེ་མི་མཐོང་བར་འགྱུར་རོ། 22དེར་གྷིད་ཨོན་གྱིས། གཙོ་བོ་དཀོན་མཆོག་གི་ཕོ་ཉ་མཇལ་བ་ཡིན་པ་ཤེས་ཏེ་འཇིགས་སྐྲག་ཐོག། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་ཕོ་ཉའི་ཞལ་དངོས་སུ་མཇའ་བྱུང་ཞེས་ཞུས་སོ། 23འོན་ཀྱང་གཙོ་བོ་དཀོན་མཆོག་གིས། ཁོ་ལ་བདེ་བར་སྡོད་ཅིག། མ་འཇིགས་ཤིག། ཁྱོད་འཆི་བར་མི་འགྱུར་ཞེས་བཀའ་གནང་ངོ་། 24གྷིད་ཨོན་གྱིས་གཙོ་བོ་དཀོན་མཆོག་གི་ཆེད་དུ་མཆོད་ཁྲི་ཞིག་བཞེངས་ནས་དེ་ལ། གཙོ་བོ་དཀོན་མཆོག་ཞི་བདེ་ཡིན་ཞེས་པའི་མཚན་བཏགས་སོ། དེ་ནི་དེང་སང་ཡང་ཨོཕ་རཱར་ཡོད་པ་དང་། དེ་ནི་ཨ་བྷི་ཨེ་ཛར་གྱི་རིགས་རུས་ལ་བདག་པ་ཡིན་ནོ། 25མཚན་མོ་དེར་གཙོ་བོ་དཀོན་མཆོག་གིས་གྷིད་ཨོན་ལ་བཀའ་གནང་བ། ཁྱོད་ཀྱི་ཕའི་གླང་གོག་དང་གཞན་གླང་གོག་ལོ་བདུན་ལོན་པ་འཁྲིད་ནས། ཁྱོད་ཀྱི་ཕ་ཡིས་བྷལ་ལ་བཞེངས་པའི་མཆོད་ཁྲི་དེ་བཤིགས་ལ། དེའི་ཉེ་འགྲམ་དུ་ཡོད་པའི་ལྷ་མོ་ཨ་ཤེ་རཱའི་མཚན་མ་དེ་གཅོད་ཅིག 26རི་བོ་དེའི་སྟེང་དུ་ཁྱོད་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཆེད་དུ་ལེགས་པར་བསྐྲུན་པའི་མཆོད་ཁྲི་ཞིག་བཞེངས་ཤིག དེ་ནས་ཁྱོད་ཀྱིས་བཅད་པའི་ཨ་ཤེ་རཱའི་མཚན་མ་དེ་མེ་ཤིང་གི་ཚུལ་དུ་མེ་སྤར་ཏེ། གླང་གཉིས་པོ་དེ་ཆ་ཚང་མཆོད་པར་བསྲེགས་ཤིག 27དེར་བརྟེན་གྷིད་ཨོན་གྱིས་རང་གི་གཡོག་པོ་བཅུ་འཁྲིད་ནས་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་ལྟར་གྱིས་སོ། ཁོས་རང་གི་ཁྱིམ་ཚང་དང་གྲོང་ཁྱེར་གྱི་མི་མང་ཚོར་འཇིགས་སྣང་ཡོད་པའི་རྐྱེན་གྱིས་ལས་དེ་ཉིན་མོ་མ་བྱས་པར་མཚན་མོར་བྱས་སོ། 28སང་ཤོག་སྔ་པོ་གྲོང་ཁྱེར་གྱི་མི་རྣམས་གཉིད་བསད་སྐབས། བྷལ་དང་ཨ་ཤེ་རཱའི་མཚན་མ་དེ་བཞིན་བཅད་ཡོད་པ་དང་། དེར་བཞེངས་པའི་མཆོད་ཁྲིའི་སྟེང་གླང་གོག་གཉིས་པོ་དེ་བསྲེགས་ཡོད་པ་མཐོང་ངོ་། 29དེ་ཚོ་གཅིག་གིས་གཅིག་ལ་དེ་ལྟར་སུས་བྱེད་པ་རེད་དམ་ཞེས་དྲིས་པས། དེ་ཚོས་འདྲི་རྩད་གྱིས་པས་དེ་ལྟར་ཡོ་ཨཱཤེའི་བུ་གྷིད་ཨོན་གྱི་བྱས་པ་ཧ་གོའོ། 30དེ་བས་ན་དེ་ཚོས་ཡོ་ཨཱཤེ་ལ། ཁྱོད་ཀྱི་བུ་འདིར་འཁྲིད་ཤོག། ང་ཚོས་ཁོ་ལ་གསོད་ཀྱི་ཡིན། ཁོས་བྷལ་གྱི་མཆོད་ཁྲི་བཤིགས་པ་དེའི་ཉེ་འགྲམ་དུ་ཡོད་པའི་ཨ་ཤེའི་རཱའི་མཚན་མ་དེ་བཅད་ཡོད་ཅེས་སྨྲས་སོ། 31འོན་ཀྱང་ཡོ་ཨཱཤེ་ཀྱིས། ཁོའི་མདུན་དུ་ཡོད་པ་ཚོར། ཁྱོད་ཀྱི་བྷལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་དམ། ཁྱོད་ཚོས་ཁོ་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་དམ། སྔ་དྲོའི་གོང་དུ་ཁོ་ལ་རྒྱབ་སྐྱོར་བྱ་མཁན་རྣམས་གསོད་པར་འགྱུར། བྷལ་དཀོན་མཆོག་ཡིན་ན་ཁོ་རང་རང་ཉིད་ལ་སྲུང་སྐྱོབ་བྱེད་དུ་བཅུག། བཤིགས་ཡོད་པའི་མཆོད་ཁྲིད་དེ་ཁོང་རང་གི་ཡིན་ནོ་ཞེས་སྨྲས་སོ། 32དེ་ནས་བཟུང་སྟེ་གྷིད་ཨོན་ལ་ཡེ་རུ་བྷལ་ཞེས་གྲགས་སོ། གང་ལགས་ཟེར་ན། ཡོ་ཨཱཤེ་ཀྱིས་བྷལ་རང་ཉིད་ཀྱིས་རང་ལ་སྲུང་སྐྱོབ་བྱེད་དུ་འཇུག། བཤིགས་པའི་མཆོད་ཁྲིད་དེ་ཁོ་རང་རང་ཉིད་ཀྱི་ཡིན་ནོ་ཞེས་སྨྲས་ཡོད་དོ། 33དེ་ནས་མིད་ཡན་པ་རྣམས་དང་། ཨ་མ་ལེག་པ་རྣམས་དང་བྱེ་ཐང་གི་སྡེ་རིགས་རྣམས་གཙང་པོ་ཡོར་དན་གྱི་ཁྲོད་དུ་འདུས་པ་དང་། ཡེཛ་རིལ་གྱི་ལུང་གཤོང་དུ་སྒར་བཏབ་བོ། 34གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་གྷིད་ཨོན་ལ་དབང་བསྒྱུར་གནང་བ་དང་། ཁོང་གིས་ཨ་བྷི་ཨེ་ཛར་གྱི་རིགས་རུས་རྣམས་ཁོང་གི་རྗེས་སུ་འབྲངས་བར་འབོད་པའི་ཕྱིར་དུང་འབོད་དོ། 35ཁོང་གིས་མ་ནསེ་སཱེའི་མངའ་ཁུལ་གཉིས་ཀའི་ས་ཁུལ་ཡོངས་སུ་ཁོང་གི་རྗེས་སུ་འབྲངས་དགོས་པའི་ཕྱིར་བང་ཆེན་བཏང་ངོ་། ཁོང་གིས་ཨ་ཤེར་དང་ཛེ་བུ་ལུན་དང་ནཕ་ཏ་ལིའི་སྡེ་རིགས་རྣམས་ལ་བང་ཆེན་བཏང་བ་དང་། དེ་ཚོ་ཁོང་དང་མཉམ་དུ་འདུས་བའི་ཕྱིར་སླེབས་སོ། 36དེ་ནས་གྷིད་ཨོན་གྱིས་དཀོན་མཆོག་ལ་ཞུས་པ། ཁྱེད་ཀྱིས་ཨིསི་རཱཨེལ་ལ་སྐྱོབ་པའི་ཆེད་ང་ལ་བེད་སྤྱོད་གནང་གི་ཡིན་གསུངས་ཡོད། 37དེ་བས་ན་ཕྲན་ནས་བལ་དེ་ང་ཚོས་བྲོ་བརྡུང་སའི་གཡུལ་སར་འཇོག་གི་ཡིན། ཞོག་པར་ཟིལ་པ་བལ་གཅིག་པོའི་སྟེང་བབས་པ་དང་། དེའི་ཉེ་འཁོར་གྱི་སའི་སྟེང་དུ་མ་བབས་པ་ཡིན་ན། ཁྱེད་ཀྱིས་ཨིསི་རཱཨེལ་ལ་སྐྱོབ་པར་མཛད་རྒྱུར་ང་ལ་བེད་སྤྱོད་གནང་རྒྱུ་ཡིན་པ་དེ་ང་རང་ནས་ཤེས་པར་འགྱུར་རོ་ཞེས་ཞུས་སོ། 38དེ་ལྟར་བྱུང་ངོ་། སང་ཞོག་སྔ་པོ་གྷིད་ཨོན་ཡར་ལངས་ནས་བལ་དེ་བཙིར་བ་དང་ཟིལ་པའི་ཆུ་དེ་ཕོར་པ་ཁེངས་ནས་ཐོན་པར་འགྱུར་རོ། 39དེ་ནས་གྷིད་ཨོན་གྱིས་དཀོན་མཆོག་ལ། ང་ལ་ཐུགས་མ་ཁྲོ་བར་མཛོད་ཅིག། ང་ལ་ད་དུང་ཐེངས་ཅིག་ཞུ་འབུལ་བྱེད་དུ་འཇུག་རོགས་གནང་། ང་ལ་བལ་གྱི་བརྟག་དཔྱད་ད་དུང་ཐེངས་ཅིག་བྱེད་དུ་འཇུག་རོགས་གནང་། ཐེངས་འདིར་བལ་སྐམ་པོ་དང་ཐང་རྣམས་རློན་པ་མཛད་རོགས་གནང་ཞེས་ཞུས་སོ། 40མཚན་མོ་དེར་དཀོན་མཆོག་གིས་དེ་ལྟར་མཛད་དོ། སང་ཞོག་བལ་དེ་སྐམ་པོ་དང་ཐང་རྣམས་ཟིལ་པས་རློན་པ་ཆགས་ཡོད་པ་ཡིན་ནོ༎

ཁྲིམས་དཔོན 7

གྷིད་ཨོན་གྱིས་མིད་ཡན་པ་ཚོ་ཕམ་པར་བྱས་པ།

1ཉིན་ཞིག་ཞོག་པ་སྔ་པོ་གྷིད་ཨོན་དང་ཁོང་གི་མི་རྣམས་སྔ་པོ་ལངས་ནས་ཧ་རོད་ཀྱི་ཆུ་མིག་གི་ཉེ་འགྲམ་དུ་སྒར་བཏབ་བོ། མི་དན་པ་ཚོའི་སྒར་དེ་བཞིན་དེ་ཚོའི་བྱང་ཕྱོགས་ཀྱི་ལུང་གཤོང་རི་བོ་མོ་རཱེ་ལ་ཡོད་དོ། 2གཙོ་བོ་དཀོན་མཆོག་གིས་གྷིད་ཨོན་ལ་བཀའ་གནང་བ། ཁྱོད་ལ་ཡོད་པའི་མི་རྣམས་ནི་མི་ད་ཡན་པའི་ཐོག་རྒྱལ་ཁ་སྤྲོད་རྒྱུར་གྲངས་ཧ་ཅང་མང་བས་དེ་ཚོའི་བསམ་བློར་དེ་དག་རང་ཉིད་ནས་རྒྱལ་ཁ་ཐོབ་པར་གྱིས་པ་ཡིན་བསམ་ནས་ང་ལ་ངོ་སོ་སྤྲོད་པར་མི་བྱེད་དོ། 3མི་མང་ལ་འཇིགས་སྣང་བྱེད་མཁན་ཡོད་ན་ཁྱིམ་དུ་ལོག་སོང་ལ་ང་ཚོ་རི་བོ་གྷིལ་ཨད་དུ་སྡོད་ཀྱི་ཡིན་ཞེས་གསལ་བསྒྲགས་བྱོས་ཤིག་ཅེས་བཀའ་གནང་ངོ་། དེ་བས་ན་མི་ ༢༢,༠༠༠ ཕྱིར་ལོག་པ་དང་མི་ ༡༠,༠༠༠ དེར་བསྡད་དོ། 4དེ་ནས་ཡང་གཙོ་བོ་དཀོན་མཆོག་གིས་གྷིད་ཨོན་ལ་བཀའ་གནང་བ། ད་དུང་ཁྱོད་ལ་མི་མང་པོ་འདུག། དེ་ཚོ་ཆུའི་རྩར་འཁྲིད་ཅིག། དེར་ངས་དེ་ཚོ་ཁྱོད་ཀྱི་ཆེད་དུ་དབྱེ་བར་བྱེད་དོ། ངས་མི་ཞིག་ལ་ཁྱོད་མཉམ་དུ་འགྲོ་བར་བྱེད་ཅེས་བརྗོད་པ་ཡིན་ན་ཁོ་ཁྱོད་མཉམ་འགྲོ་བར་འགྱུར། ངས་མི་ཞིག་ཁྱོད་མཉམ་དུ་མ་འགྲོ་ཞེས་བརྗོད་པ་ཡིན་ན་ཁོ་ཁྱོད་དང་མཉམ་དུ་འགྲོ་བར་མི་འགྱུར་རོ། 5གྷིད་ཨོན་གྱིས་མི་རྣམས་ཆུའི་རྩར་མར་འཁྲིད་པ་དང་། གཙོ་བོ་དཀོན་མཆོག་གིས་ཁོ་ལ། ཁྱི་ལྟར་ལྕེས་ཆུ་ལྡག་མཁན་རྣམས་དང་པུས་མོ་བཙུགས་ནས་ཆུ་འཐུང་མཁན་རྣམས་དབྱེ་ཞིག་གསུངས་སོ། 6དེར་རང་གི་ཁ་རུ་ལག་པར་ཆུ་འཁྱེར་ནས་ལྡག་མཁན་མི་གྲངས་ ༣༠༠ ཡོད་པ་དང་། གཞན་རྣམས་ཚང་མས་པུས་མོ་བཙུགས་ནས་ཆུ་འཐུང་ངོ་། 7གཙོ་བོ་དཀོན་མཆོག་གིས་གྷིད་ཨོན་ལ། ངས་ཁྱོད་ལ་སྐྱབས་པ་དང་མི་ལྕེས་ཆུ་ལྡག་མཁན་མི་གསུམ་བརྒྱ་དེ་ཚོ་དང་བཅས་པར་མིད་ཡན་པའི་ཐོག་རྒྱལ་ཁ་སྤྲོད་པར་བྱེད་དོ། གཞན་རྣམས་ཁྱིམ་དུ་ལོག་ཅེས་སྨྲོས་ཤིག་ཅེས་བཀའ་གནང་ངོ་། 8དེ་བས་ན་གྷིད་ཨོན་གྱིས་མི་ ༣༠༠ ལ་ལམ་རྒྱགས་དང་། དམག་དུང་ཉར་མཁན་དེ་ཚོ་མ་གཏོགས་ཨིསི་རཱཨེལ་པ་གཞན་རྣམས་ཁྱིམ་དུ་བཏང་ངོ་། མིད་ཡན་པ་ཚོའི་སྒར་དེ་ལུང་གཤོང་དུ་ཁོ་ཚོའི་འོག་ཏུ་ཡོད་དོ། 9མཚན་མོ་དེར་གཙོ་བོ་དཀོན་མཆོག་གིས་གྷིད་ཨོན་ལ་བཀའ་གནང་བ། ཡར་ལོངས་ལ་སྒར་ལ་འཐབ་ཅིག ངས་ཁྱོད་ལ་དེ་ཚོའི་ཐོག་རྒྱལ་ཁ་བྱིན་ནོ། 10འོན་ཀྱང་ཁྱོད་འཐབ་པར་འཇིག་ན་ཁྱོད་རང་གི་གཡོག་པོ་པུ་རཱ་མཉམ་དུ་སྒར་རུ་སོང་ཞིག 11དེ་ཚོས་ཇི་བརྗོད་པ་བཞིན་ཁྱོད་ཀྱིས་ཐོས་པར་འགྱུར་བ་དང། དེ་ནས་ཁྱོད་ཀྱིས་འཐབ་རྒྱུར་བློ་ཁོག་རྙེད་པར་འགྱུར་རོ། དེ་བས་ན་གྷིད་ཨོན་དང་གཡོག་པོ་པུ་རཱ་གཉིས་དགྲ་བོའི་སྒར་གྱི་མཐའ་རུ་ཕྱིན་པ་དང་། 12དེར་མི་དན་པ་དང་ཨ་མ་ལེག་པ་དང་བྱེ་ཐང་གི་སྡེ་རིགས་རྣམས་ཆ་ག་འབུའི་ཚོགས་ལྟར་ལུང་གཤོང་དུ་ཁྱབ་ཡོད་པ་དང་། དེ་ཚོ་ལ་རྔ་མོང་ནི་རྒྱ་མཚོའི་མཐའི་བྱེ་མ་ལྟར་མང་པོ་ཡོད་དོ། 13གྷིད་ཨོན་དེར་འབྱོར་སྐབས་མི་ཞིག་གིས། རང་གི་གྲོགས་པོས་རྨི་ལམ་ཤོད་བཞིན་ཡོད་པ་ཐོས་པ་དང་། ཁོས་ངའི་རྨི་ལམ་ནང་ནས་ཀྱི་བ་ལེབ་གཅིག་ང་ཚོའི་སྒར་ནས་སྒྲིལ་ཡོང་བ་དང་། དེ་གུར་ལ་ཕོག་སོང་། གུར་དེ་འགྱེལ་ནས་ཐང་དུ་ལྷུང་བ་མཐོང་བྱུང་ཞེས་བཤད་དོ། 14ཁོའི་གྲོགས་པོ་དེའི་ལན་དུ། དེ་ནི་ཨིསི་རཱཨེལ་པ་ཡོ་ཨཱཤེ་ཀྱི་བུ་གྷིད་ཨོན་གྱི་རལ་གྲི་རེད་མ་གཏོགས། དེའི་དོན་གཞན་ཡོང་མི་སྲིད་དོ། དཀོན་མཆོག་གིས་ཁོ་ལ་མིད་ཡན་དང་ང་ཚོའི་དམག་དཔུང་ཐོག་རྒྱལ་ཁ་གནང་ཡོད་ཅེས་སྨྲས་སོ། 15གྷིད་ཨོན་གྱིས་མི་དེའི་རྨི་ལམ་དང་དེའི་དོན་ཇི་ཡིན་ཐོས་སྐབས། རང་གི་པུས་མོ་བཙུགས་ནས་གཙོ་བོ་དཀོན་མཆོག་ལ་མཆོད་དོ། དེ་ནས་ཁོང་ཨིསི་རཱཨེལ་པའི་སྒར་རུ་སོང་ནས། ད་ཡར་ལོངས་ཤིག། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་མིད་ཡན་པ་ཚོའི་དམག་དཔུང་ཐོག་རྒྱལ་ཁ་གནང་བཞིན་འདུག་ཅེས་སྨྲས་སོ། 16ཁོང་གིས་རང་གི་མི་ ༣༠༠ དེ་དག་ཚོ་གསུམ་དུ་བགོས་ནས། མི་རེར་དམག་དུང་རེ་དང་ནང་དུ་དཔལ་འབར་ཡོད་པའི་རྫ་མ་རེ་སྤྲད་དོ། 17ཁོས་དེ་ཚོ་ལ་ང་སྒར་གྱི་ཉེ་འགྲམ་སླེབས་སྐབས། ཁྱོད་ཚོ་ང་ལ་ལྟོས་ཤིག། ངས་ཇི་ལྟར་གྱིས་པ་ལྟར་ཁྱོད་ཚོས་བྱོས་ཤིག 18ང་དང་ངའི་མི་ཚོས་དམག་དུང་འབུད་སྐབས་ཁྱོད་ཚོས་ཀྱང་སྒར་གྱི་མཐའ་འཁོར་དུ་དམག་དུང་འབུད་ཅིག གཙོ་བོ་དཀོན་མཆོག་དང་གྷིད་ཨོན་གྱི་ཆེད་དུ་ཞེས་བརྗོད་ནསསྐད་འབོད་བྱོས་ཤིག་ཅེས་སྨྲས་སོ། 19གྷིད་ཨོན་དང་ཁོང་གི་མི་ ༡༠༠ ཐམ་པ་དེ་ཚོ་སྒར་གྱི་འགྲམ་ནམ་ཕྱེད་ཀྱི་གོང་ཙམ་དང་སྒོ་སྲུང་བ་བརྗེ་མ་ཐག་ཏུ་སླེབས་པ་དང་། དེ་ཚོས་དམག་དུང་འབུད་པ་དང་རང་གི་འཁྱེར་ཡོང་བའི་རྫ་མ་བཅགས་སོ། 20གཞན་ཚོ་གཉིས་ཀྱི་ཀྱང་དེ་ལྟར་གྱིས་པ་དང་། དེ་ཚོ་ཚང་མ་ལག་པ་གཡོན་པར་སྤ་འབར་ཐོག་པ་དང་ལག་གཡས་པར་དམག་དུང་ཐོག་ནས། གཙོ་བོ་དཀོན་མཆོག་དང་གྷིད་ཨོན་གྱི་རལ་གྲིའི་ཆེད་དུ་ཞེས་སྐད་འབོད་བྱས་སོ། 21མི་ཚང་མ་སྒར་གྱི་མཐའ་འཁོར་དུ་རང་གི་ས་གནས་སུ་ལངས་པ་དང་། དགྲ་བོའི་དམག་དཔུང་རྣམས་སྨྲེ་ངག་འདོན་བཞིན་བྲོས་སོ། 22གྷིད་ཨོན་གྱི་མི་རྣམས་ནས་དམག་དུང་འབུད་སྐབས་གཙོ་བོ་དཀོན་མཆོག་གིས། དགྲ་བོའི་དམག་དཔུང་ཚོ་གཅིག་གིས་གཅིག་ལ་རང་གི་རལ་གྲིས་འཐབ་ཏུ་འཇུག་གནང་བ་དང་། དེ་ཚོ་ཛ་རེ་ཐན་དང་བྷེད་ཤི་ཏ་དང་ཏ་བྷད་ཉེ་འགྲམ་དུ་ཡོད་པའི་གྲོང་ཁྱེར་ཧ་བེལ་མེ་ཧོ་ལཱའི་བར་དུ་བྲོས་སོ། 23དེ་ནས་ནཕ་ཏ་ལི་དང་ཨ་ཤེར་དང་མ་ནསེ་སཱེའི་ཕྱོགས་གཉིས་གྱི་སྡེ་རིགས་ཀྱི་མི་རྣམས་འབོད་ནས། དེ་ཚོས་མིད་ཡན་པ་རྣམས་ཀྱི་རྗེས་དེད་བྱས་སོ། 24གྷིད་ཨོན་གྱིས་ཨེཕ་ར་ཡིམ་གྱི་རི་བརྒྱུད་ལ་མིད་ཡན་པ་མཉམ་དུ་འཐབ་ཏུ་ཤོག་ཅེས་དང་། གཙང་པོ་ཡོར་དན་དང་བྷེད་བྷ་རཱ་བར་གྱི་ཆུ་མིག་རྣམས་དབང་བཟུང་བྱོས་ཤིག་དང་། མིད་ཡན་པ་རྣམས་ལ་ཆུ་དེ་རྒལ་དུ་མ་བཅུག་ཅེས་བརྗོད་རྒྱུར་བང་ཆནེ་བརྫངས་སོ། ཨེཕ་ར་ཡིམ་གྱི་མི་རྣམས་མཉམ་དུ་འབོད་པ་དང་། དེ་ཚོས་གཙང་པོ་ཡོར་དན་དང་བྷེད་བྷ་རཱ་བར་གྱི་ཆུ་རྣམས་དབང་བཟུང་བྱས་སོ། 25དེ་ཚོས་མིད་ཡན་པའི་དཔོན་པོ་ཨོ་རེབ་དང་ཛིབ་གཉིས་བཟུང་བ་དང་། ཨོ་རེབ་ལ་ཨོ་རེབ་ཀྱི་བྲག་སྟེང་དུ་བསད་པ་དང་། ཛིབ་ལ་ཛིབ་ཀྱི་རྒུན་འབྲུམ་བཙིར་སར་བསད་དོ། དེ་ཚོས་མིད་ཡན་པར་མུ་མཐུད་རྗེས་དེད་གྱིས་པ་དང་། ཨོ་རེབ་དང་ཛིབ་གཉིས་ཀྱི་མགོ་དེ་ཡོར་དན་གྱི་ཤར་ཕྱོགས་གྷིད་ཨོན་སྡོད་སར་འཁྱེར་ཡོང་ངོ་༎

ཁྲིམས་དཔོན 8

མིད་ཡན་པ་རྣམས་ཀྱི་མཐའ་མའི་ཕམ་རྒྱུ།།

1ཨེཕ་ར་ཡིམ་གྱི་མི་ཚོས་གྷིད་ཨོན་ལ། ཁྱེད་ཀྱིས་མིད་ཡན་པ་ཚོར་འཐབ་པར་ཕེབས་འགྲོ་སྐབས། ང་ཚོར་ཅི་ལ་སྐད་གཏོང་མ་གནང་བ་ཡིན་ནམ། ཁྱེད་ཀྱིས་ང་ཚོར་དེ་ལྟར་ཅི་ལ་མཛད་པ་ཡིན་ནམ་ཞེས་སྐྱོན་བརྗོད་ཤུགས་ཆེ་བྱས་སོ། 2ཁོང་གིས། ཁྱོད་ཚོས་ཇི་ལྟར་གྱིས་པ་དེ་དང་བསྡུར་ན། ངས་གྱིས་ཐུབ་པ་དེ་ཚོ་གང་ཡང་མིན། ཁྱོད་ཚོ་ཨེཕ་ར་ཡིམ་གྱི་མི་ཚོས་བྱ་བ་ཆུང་ཆུང་གྱིས་པ་དེ་ཚོ་ངའི་རིགས་རུས་ཡོངས་ཀྱི་གྱིས་པ་ལས་ལྷག་པ་ཡོད་དོ། 3གང་ལྟར་དཀོན་མཆོག་གི་མཐུ་སྟོབས་ཀྱིས་ཁྱོད་ཚོའི་མིད་ཡན་པའི་དཔོན་པོ་ཨོ་རེབ་དང་ཛིབ་གཉིས་བསད་ཡོད། དེ་དང་བསྡུར་ན་ངས་ཅི་གྱིས་ཡོད་དམ་ཞེས་སྨྲས་པ་དང་། ཁོང་གིས་དེ་ལྟར་སྨྲ་སྐབས་དེ་ཚོའི་ཁྲོ་བ་ཞི་བར་འགྱུར་རོ། 4སྐབས་དེར་གྷིད་ཨོན་དང་ཁོང་གི་མི་ ༣༠༠ དེ་ཚོ་གཙང་པོ་ཡོར་དན་དུ་སླེབས་ནས་ཆུ་དེ་རྒལ་ལོ། དེ་ཚོ་ཐང་ཆད་ཡོད་ན་ཡང་མུ་མཐུད་དགྲ་བོའི་རྗེས་དེད་བྱེད་བཞིན་ཡོད་དོ། 5དེ་དག་སུ་ཀོད་དུ་འབྱོར་སྐབས་ཁོང་གིས་གྲོང་ཁྱེར་གྱི་སྐྱེ་བོ་རྣམས་ལ་ངའི་མི་ཚོར་བག་ལེབ་ཕྲན་བུའི་གནང་རོགས་གནང་། དེ་ཚོ་ཐང་ཆད་ཡོད་པ་དང་ངས་མིད་ཡན་པའི་རྒྱལ་པོ་རྣམས་ཛེ་བཱ་དང་ཛལ་མུན་ན་གཉིས་ཀྱི་རྗེས་དེད་བྱེད་བཞིན་ཡོད་ཅེས་སྨྲས་སོ། 6འོན་ཀྱང་སུ་ཀོད་ཀྱི་འགོ་འཛིན་གྱིས། ང་ཚོས་ཁྱེད་ཀྱི་དམག་མི་ཚོར་ཁ་ཟས་ཅི་ལ་གཏེར་དགོས་སམ། ཁྱེད་ཀྱིས་ཛེ་བཱ་དང་ཛལ་མུན་ན་གཉིས་ལ་ད་དུང་ཡང་བཟུང་མེད་ཅེས་སྨྲས་སོ། 7དེར་གྷིད་ཨོན་གྱིས། དེ་ལྟར་ལེགས། གཙོ་བོ་་དཀོན་མཆོག་གིས་ངའི་ལག་ཏུ་ཛེ་བཱ་དང་ཛལ་མུན་ན་གཉིས་གནང་ཚར་བའི་སྐབས་སུ། ཁྱོད་ལ་ཚེར་མ་དང་བྱེ་ཐང་གི་སེར་བའི་ཚེར་མས་བརྡུང་བར་བྱའོ་སྨྲས་སོ། 8གྷིད་ཨོན་ཡུལ་པེ་ནུ་ཨེལ་དུ་སླེབས་པ་དང་། དེའི་མི་མང་རྣམས་ལ་ཡང་འབུད་བསྐུལ་འདྲ་མཚུངས་གནང་ན་ཡང་། པེ་ནུ་ཨེལ་གྱི་སྐྱེ་བོ་ཚོས་སུ་ཀོད་ཀྱི་སྐྱེ་བོ་ཚོ་ལྟར་ལན་འདྲ་མཚུངས་ཞུས་སོ། 9དེ་བས་ན་ཁོང་གིས་ཁོ་ཚོར་ང་སྐྱོན་མེད་ཁམས་དང་ལོག་ཡོང་རྒྱུ་ཡིན་པས། དེ་སྐབས་ཁྱོད་ཚོའི་གན་དྷོ་ལ་དེ་བཤིགས་པར་བྱའོ་ཞེས་སྨྲས་སོ། 10ཛེ་བ་དང་ཛལ་མུན་ན་གཉིས་རང་གི་དམག་དཔུང་དང་མཉམ་དུ་ཀར་ཀོར་དུ་ཡོད་པ་དང་། བྱེ་ཐང་གི་སྡེ་རིགས་ཀྱི་དམག་དཔུང་ཡོངས་ཀྱི་གྲངས་ནི་ ༡༥,༠༠༠ ཙམ་ལས་ལྷག་མེད་དོ། དམག་མི་ ༡༢༠,༠༠༠ བསད་ཡོད་དོ། 11གྷིད་ཨོན་བྱེ་ཐང་གི་མཐའི་ལམ་བརྒྱུད་ནོ་བཱ་དང་ཡོག་བྷེ་ཧཱའི་ཤར་ཕྱོགས་སུ་ཕྱིན་ནས་དམག་དཔུང་ཚོར་བློ་བུར་དུ་འཐབ་བོ། 12མིད་ཡན་གྱི་རྒྱལ་པོ་ཛེ་བཱ་དང་ཛལ་མུན་ན་གཉིས་བྲོས་ན་ཡང་། ཁོང་གིས་རྗེས་དེད་གནང་ནས་ཁོ་ཚོ་གཉིས་བཟུང་བ་དང་། ཁོ་ཚོའི་དམག་དཔུང་རྣམས་ལ་འཇིགས་སྐྲག་ཡོང་བ་མཛད་དོ། 13གྷིད་ཨོན་དམག་གི་རྗེས་སུ་ཧེ་རེསེ་ལ་ནས་ལོག་ཡོང་སྐབས། 14ཁོང་གིས་སུ་ཀོད་ཀྱི་ན་གཞོན་ཞིག་ལ་བཟུང་ནས་ཁོ་ལ་འདྲི་རྩད་གནང་བ་དང་། ན་གཞོན་དེས་གྷིད་ཨོན་ལ། སུ་ཀོད་དུ་གནས་ཡོད་མི་སྣ་རྣམས་ཀྱི་གྲངས་བདུན་ཅུ་དོན་བདུན་གྱི་མིང་བྲིས་སོ། 15གྷིད་ཨོན་སུ་ཀོད་ཀྱི་མི་ཚོའི་སར་ཕེབས་ནས། ཁྱོད་ཚོས་ང་ལ་རོགས་བྱ་རྒྱུར་ཁས་ལེན་མ་བྱས་པ་དྲན་གྱི་འདུག་གམ། ཁྱོད་ཚོས་ངས་ཛེ་བཱ་དང་ཛལ་མུན་ན་གཉིས་བཟུང་མེད་སྟབས། ངའི་ཐང་ཆད་པའི་མི་ཚོར་ཁ་ལག་སྤྲད་མི་ཐུབ་ཅེས་སྨྲས་ཡོད། དེ་ལྟར་ཁོ་ཚོ་འདིར་ཡོད་ཅེས་སྨྲས་སོ། 16དེ་ནས་ཁོང་གིས་སུ་ཀོད་ཀྱི་འགོ་འཛིན་ཚོར་ཚེར་མ་དང་བྱེ་ཐང་གི་སེར་བའི་ཚེར་མས་ཉེས་ཆད་གནང་ངོ་། 17ཁོང་གིས་པེ་ནུ་ཨེལ་གྱི་གན་དྷོ་ལ་དེ་བཤིགས་པ་དང་གྲོང་ཁྱེར་དེའི་མི་རྣམས་བསད་དོ། 18དེ་ནས་གྷིད་ཨོན་གྱིས། ཛེ་བཱ་དང་ཛལ་མུན་ན་གཉིས་ལ། ཁྱོས་ཚོས་ཏ་བྷོར་དུ་མི་བསད་པ་ཚོ་ཇི་ལྟར་ཡོད་དམ་ཞེས་བཀའ་འདྲི་གནང་བ་དང་། དེ་ཚོས། དེ་ཚོ་ཁྱེད་དང་འདྲ་བོ་འདུག། དེ་ཚོ་ཚང་མ་ནི་རྒྱལ་པོའི་བུ་ལྟ་བུ་འདུག་ཅེས་ལན་ཞུས་སོ། 19གྷིད་ཨོན་གྱིས། དེ་ཚོ་ཚང་མ་ནི་ངའི་སྤུན་དང་ང་རང་གི་ཨ་མ་ལགས་ཀྱི་བུ་འབའཞིག་ཡིན་ནོ། ངས་དམ་བཅའ་བརྟན་པོར་འཇོག་རྒྱུར། གལ་སྲིད་ཁྱོད་ཚོས་ཁོ་ཚོར་བསད་མེད་ན། ངས་ཁྱོད་ཚོར་གསོད་པར་མི་བྱེད་ཅེས་སྨྲས་སོ། 20དེ་ནས་ཁོང་གིས། རང་གི་བུ་རྒན་ཤོས་ཡེ་ཐེར་ལ། ཁོ་གཉིས་གསོད་ཅིག་ཅེས་བཀའ་གནང་ངོ་། འོན་ཀྱང་བུ་དེས་རལ་གྲི་མ་བཏོན་ནོ། ཁོང་ཕྲུ་གུ་ཆུང་ཆུང་ཞིག་སོང་ཙང་བུ་དེ་ལ་ཐེ་ཚོམ་སྐྱེས་སོ། 21དེ་ནས་ཛེ་བཱ་དང་ཛལ་མུན་ན་གཉིས་ནས། ཁྱོད་རང་གཉིས་ནས་ང་ཚོར་གསོད་ཅིག སྐྱེས་པའི་ལས་དེ་སྐྱེས་པའི་བྱ་དགོས་ཤེས་སྨྲས་པ་དང་། དེར་བརྟེན་གྷིད་ཨོན་གྱིས་ཁོ་གཉིས་བསད་ནས་རྔ་མོང་ཚོའི་སྐེ་ལ་ཡོད་པའི་རྒྱན་ཆ་རྣམས་བླངས་སོ། 22དེ་རྗེས་ཨིསི་རཱཨེལ་པ་ཚོས་གྷིད་ཨོན་ལ་ཁྱེད་ང་ཚོའི་རྒྱལ་པོ་གནང་ཞིག ཁྱེད་ཀྱི་རྗེས་སུ་ཁྱེད་ཀྱི་རིགས་བརྒྱུད་ཚོས་ང་ཚོའི་རྒྱལ་པོ་མཛོད་ཅིག ཁྱེད་ཀྱིས་ང་ཚོ་མིད་ཡན་པ་ཚོའི་ལག་ནས་སྐྱབས་པར་མཛད་ཡོད་ཅེས་སྨྲས་སོ། 23དེའི་ལན་དུ་གྷིད་ཨོན་གྱིས། ང་དང་ངའི་བུ་ཡིས་ཁྱོད་ཚོའི་རྒྱལ་པོ་མི་བྱེད་དོ། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་རྒྱལ་པོ་གནང་ངོ་ཞེས་སྨྲས་སོ། 24དེ་ནས་ཁོང་གིས་མུ་མཐུད་ནས་ངས་ཁྱོད་ཚོར་ཞུ་བ་ཞིག་འབུལ་དུ་འཇུག་རོགས་གནང་། ཁྱོད་ཚོ་རེར་རེས་བཅོམ་པའི་ཨ་ལོང་རྣམས་ང་ལ་བྱིན་རོགས་ཅེས་སྨྲས་སོ། (མིད་ཡན་པ་ཚོ་བྱེད་ཐང་གི་མི་མང་གཞན་ལྟར་གསེར་གྱི་ཨ་ལོང་བདོག་གི་ཡོད་དོ།) 25ལན་དུ་མི་མང་གིས། དེ་ཚོ་ཁྱེད་ལ་འབུལ་རྒྱུར་ང་ཚོ་དགའ་བར་འགྱུར་ཞེས་ཞུས་སོ། དེ་ཚོས་རས་ཤིག་བཏིང་ནས་ཚང་མས་རང་གི་བླངས་པའི་ཨ་ལོང་རྣམས་དེའི་ཁར་བཞག་གོ 26གྷིད་ཨོན་ལ་གསེར་གྱི་ཨ་ལོང་བྱུང་བ་རྣམས་ཀྱི་ལྗིད་ཚད་ཀི་ལོ་ཉི་ཤུ་ཙམ་ཡོད་པ་དང་། དེའི་ནང་ལ་རྒྱན་ཆ་དང་སྐེ་རྒྱན་དང་མིད་ཡན་པའི་རྒྱལ་པོས་གྱོན་པའི་རས་མུ་མན་དང་རྔ་མོང་ཚོའི་སྐྱེའི་མཐའ་འཁོར་ལ་ཡོད་པའི་ཉག་ཐག་བཅས་པ་འཚུད་མེད་དོ། 27གྷིད་ཨོན་གྱིས་གསེར་དེ་ཚོ་ལས་སྐུ་འདྲ་ཞིག་བཟོས་ནས་རང་གི་གྲོང་ཁྱེར་ཨོཕ་རཱེའི་ནང་བཞག་གོ ཨིསི་རཱཨེལ་པ་ཚང་མས་དཀོན་མཆོག་སྤངས་ནས་སྐུ་འདྲ་དེ་ལ་མཆོད་པར་དེར་སོང་ངོ་། དེ་ནི་གྷིད་ཨོན་དང་ཁོང་གིས་ཁྱིམ་ཚང་གི་ཆེད་དུ་རྙི་ཞིག་ཏུ་འགྱུར་བ་ཡིན་ནོ། 28དེ་ལྟར་ཨིསི་རཱཨེལ་པ་ཚོས་མི་ད་ཡིན་པ་ཚོ་ཕམ་པར་བྱས་པ་དང་། དེ་ཚོ་ནི་ཉན་ཁ་མེད་པར་འགྱུར་རོ། ཡུལ་དེ་བཞིན་གྷིད་ཨོན་མ་གྲོངས་བར་ལོ་བཞི་བཅུའི་རིང་ཞི་བདེར་གནས་སོ༎

གྷིད་ཨོན་གྲོངས་པ།

29གྷིད་ཨོན་རང་གི་ཁྱིམ་དུ་ཕེབས་ནས་དེར་བཞུགས་སོ། 30ཁོང་ལ་བུ་བདུན་བཅུ་ཡོད་དོ། གང་ལགས་ཟེར་ན། ཁོང་ལ་ཆུང་མ་མང་པོ་ཡོད་པའི་ཕྱིར་རོ། 31ཁོང་ལ་ཤེ་ཀེམ་དུ་ཟུར་གྲོགས་མ་ཞིག་ཡོད་པ་དང་། དེ་ལ་བུ་ཞིག་སྐྱེས་པ་དང་དེའི་མིང་ལ་ཨ་བྷི་མེ་ལེག་ཅེས་བཏགས་སོ། 32ཡོ་ཨཱཤེ་ཀྱི་བུ་གྷིད་ཨོན་ནི་དགུང་ལོ་མཐོ་པོར་གྲོངས་པ་དང་། ཨ་བྷི་ཨེ་ཛར་ཀྱི་རིགས་རུས་ཀྱི་གྲོང་ཁྱེར་ཨོཕ་རཱའི་རང་གི་ཡབ་ཡོ་ཨཱཤེ་ཀྱི་སྤུར་ཁང་དུ་སྦས་སོ། 33གྷིད་ཨོན་གྲོངས་པའི་རྗེས་ལ་སླར་ཡང་ཨིསི་རཱཨེལ་པའི་མི་མང་རྣམས་དཀོན་མཆོག་ལ་དམ་ཚིག་མི་གཙང་བར་འགྱུར་བ་དང་བྷལ་རྣམས་ལ་མཆོད་དོ། དེ་ཚོས་བྷལ་བྷ་རིད་ལ་དེ་ཚོའི་ལྷ་སྐུ་བཟོས་སོ། 34དེ་ཚོ་རང་ཉིད་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་དེ་ཚོའི་མཐའ་འཁོར་ཡོངས་སུ་དགྲ་བོ་རྣམས་ལས་སྐྱོབ་མཁན་དེའི་ཞབས་ཏོག་མ་ཞུས་སོ། 35གྷིད་ཨོན་གྱི་ཨིསི་རཱཨེལ་པའི་ཆེད་དུ་བྱེད་པའི་བཟང་པོའི་བྱ་བ་རྣམས་ལ་དེ་ཚོས་ཁོང་གི་ཁྱིམ་ཚང་གི་ཕྱོགས་སུ་སྐུ་དྲིན་མི་དྲན་ནོ༎

ཁྲིམས་དཔོན 9

ཨ་བྷི་མེ་ལེག།

1གྷིད་ཨོན་གྱི་བུ་ཨ་བྷི་མེ་ལེག་རང་གི་ཨ་མའི་སྤུན་ཚང་མའི་སྡོད་གནས་གྲོང་ཁྱེར་ཤེ་ཀེམ་དུ་སོང་ནས་དེ་ཚོ་ལ་སྨྲས་པ། 2ཤེ་ཀེམ་གྱི་མི་རྣམས་ལ་འདྲི་རྩད་བྱོས་ཤིག གྷིད་ཨོན་གྱི་བུ་བདུན་ཅུས་དབང་བསྒྱུར་བྱས་པའམ། མི་གཅིག་གིས་དབང་བསྒྱུར་བྱེད་པ་སུ་ལ་འདམས་པར་བྱེད་དམ། ཨ་བྷི་མེ་ལེག་ནི་ཁྱོད་རང་ཚོའི་ཤ་ཁྲག་ཡིན་པ་དྲན་ཞིག 3ཁོང་གི་ཡུམ་གྱི་སྤུན་རྣམས་ནས་ཤེ་ཀེམ་གྱི་མི་རྣམས་ལ་ཁོང་གི་ཆེད་དུ་དེའི་སྐོར་ལ་སྨྲས་པ་དང་། ཁོ་ཚོས་ཨ་བྷི་མེ་ལེག་གི་རྗེས་སུ་འཇུག་རྒྱུར་ཐག་ཆོད་གྱིས་སོ། གང་ལགས་ཟེར་ན། ཁོང་ནི་ཁོ་ཚོའི་གཉེན་ཚན་ཡིན་ནོ། 4དེ་ཚོས་བྷལ་བེ་རིད་ཀྱི་ལྷ་ཁང་ནས་ཁོང་ལ་དངུལ་དུམ་བུ་བདུན་བཅུ་སྤྲད་པ་དང། དངུལ་དེ་ཁོང་གི་མི་ངན་ཕན་མེད་གླས་ནས་དེ་ཚོ་ཁོའི་རྗེསུ་འབྲངས་སོ། 5ཁོང་ཨོཕ་རཱར་རང་གི་ཡབ་ཀྱི་གཟིམ་ཁང་དུ་ཕྱིན་ནས། རྡོ་གཅིག་རང་གི་སྟེང་རང་གི་སྤུན་བདུན་བཅུ་འམ་གྷིད་ཨོན་གྱི་བུ་རྣམས་ལ་བསད་དོ། འོན་ཀྱང་གྷིད་ཨོན་གྱི་བུ་ཆུང་ཤོས་ཡོ་ཐམ་ཡིབ་པ་དང་བསད་མེད་དོ། 6དེ་ནས་ཤེ་ཀེམ་དང་བྷེད་མི་ལོའི་མི་རྣམས་མཉམ་དུ་འཛོམས་ཏེ་ཤེ་ཀེམ་གྱི་བེ་ཤིང་དམ་པ་ཞིག་གི་སར་སོང་ནས། དེར་ཨ་བྷི་མེ་ལེག་ལ་རྒྱལ་པོར་བསྐོས་སོ། 7ཡོ་ཐམ་གྱིས་དེ་ལྟར་ཐོས་པ་དང་། ཁོང་ཕྱིན་ནས་རི་བོ་གྷེ་རི་ཛིམ་གྱི་སྟེང་དུ་ལངས་ནས་སྐད་ཤུགས་ཆེན་པོས་སྨྲས་པ། ཤེ་ཀེམ་གྱི་མི་ཚོ་ང་ལ་ཉོན་ཞིག་དང་། དཀོན་མཆོག་གིས་ཁྱོད་ཚོས་སྨྲས་པ་གསན་པར་འགྱུར། 8སྔོན་དུས་ཤིང་སྡོང་རྣམས་རང་གི་རྒྱལ་པོ་བསྐོ་བར་འཛོམས་སོ། དེ་ཚོས་ཁ་སྐྱུར་པོའི་ཤིང་ལ་ང་ཚོའི་རྒྱལ་པོ་གནང་རོགས་ཞུས་སོ། 9ལན་དུ་ཁ་སྐྱུར་ཤིང་གིས། ངས་ཁྱོད་ཚོའི་རྒྱལ་སྲིད་སྐྱོངས་བར་ལྷ་ཚོར་དང་མི་ལ་གུས་རྩི་ཞུ་བར་བེད་སྤྱོད་བྱེད་པའི་སྣུམ་འདོན་རྒྱུ་ངས་མཚམས་འཇོག་བྱེད་དགོས་ཤེས་སྨྲས་སོ། 10དེ་ནས་ཤིང་སྡོང་ཚོས་སེ་ཡབ་ཤིང་ལ། ཁྱོད་ཡོང་ནས་ང་ཚོའི་རྒྱལ་པོ་བྱེད་རོགས་གནང་ཞུས་སོ། 11འོན་ཀྱང་དེའི་ལན་དུ་སེ་ཡབ་ཤིང་སྡོང་གིས། ངས་ཁྱོད་ཚོའི་ཐོག་རྒྱལ་སྲིད་སྐྱོང་བར་ངས་ཤིང་ཏོག་ཞིམ་པོ་སྐྱེས་བར་མཚམས་འཇོག་བྱ་དགོས་ཤེས་སྨྲས་སོ། 12དེར་བརྟེན་ཤིང་སྡོང་ཚོས་རྒུན་ཤིང་ལ། ཁྱེད་ཡོང་ནས་ང་ཚོའི་རྒྱལ་པོ་གནང་རོགས་གནང་ཞུས་སོ། 13རྒུན་ཤིང་གིས། ངས་ཁྱོད་ཚོའི་ཐོག་རྒྱལ་སྲིད་སྐྱོང་བར་ངས་ལྷ་ཚོ་དང་མི་ཚོར་དགའ་བར་བྱེད་པའི་རྒུན་ཆང་འདོན་རྒྱུ་མཚམས་འཇོག་བྱ་དགོས་ཤེས་སྨྲས་སོ། 14དེ་ནས་ཤིང་སྡོང་ཚང་མས་ཚེར་ཤིང་ལ། ཁྱེད་ཡོང་ནས་ང་ཚོའི་རྒྱལ་པོ་བྱེད་རོགས་གནང་ཞེས་ཞུས་སོ། 15ཚེར་ཤིང་གིས། དངོས་གནས་ང་ཁྱོད་ཚོའི་རྒྱལ་པོ་བཟོ་འདོད་ཡོད་ན། ངའི་བསིལ་གྲིབ་འོག་ཏུ་ཡོང་ནས་སྡོད་ཅིག ཁྱོད་ཚོས་དེ་ལྟར་མ་བྱས་པ་ཡིན་ན། ངའི་ཚེར་མའི་ཡལ་ག་རྣམས་མེ་ཐོན་ནས་ལེ་བ་ནོན་གྱི་འགྱམ་ཤིང་རྣམས་འཚིག་པར་འགྱུར་རོ་ཞེས་སྨྲས་སོ། 16ཡོ་ཐམ་གྱིས་མུ་མཐུད་ནས་སྨྲས་པ། ཁྱོད་ཚོས་ཨ་བྷི་མེ་ལེག་རྒྱལ་པོར་བསྐོས་སྐབས། ཁྱོད་ཚོ་དངོས་གནས་ཀྱི་དྲང་པོ་དང་ལྷག་བསམ་་ལྡན་པ་ཡོད་དམ། ཁྱོད་ཚོས་གྷིད་ཨོན་གྱི་དྲན་རྟེན་ལ་གུས་བརྩི་དང་། ཁོང་གི་མཛད་པ་འོས་པ་ལྟར་ཁོང་གི་ཁྱིམ་ཚང་ལ་བལྟ་རྟོགས་ལེགས་པར་གྱིས་ཡོད་དམ། 17ངའི་ཡབ་ཀྱི་ཁྱོད་ཚོའི་དོན་དུ་དམག་འཐབ་གནང་བ་དྲན་པར་བྱོས་ཤིག ཁོང་གིས་ཁྱོད་ཚོ་མིད་ཡན་པ་ཚོ་ལས་སྐྱོབ་ཆེད་རང་གི་སྐུ་སྲོག་བློས་བཏང་ཡོད། 18དེ་རིང་ཁྱོད་ཚོས་ངའི་ཡབ་ཀྱི་ཁྱིམ་ཚང་ལ་རྒྱབ་བསྒྱུར་གྱི་ཡོད་དམ། ཁྱོད་ཚོས་ཁོང་གི་བུ་ ༧༠ ལ་རྡོ་གཅིག་གི་སྟེང་བསད་ཡོད་པ་དང་། གང་ལགས་ཟེར་ན། ཁོང་གི་གཡོག་མོའི་བུ་ཨ་བྷི་མེ་ལེག་ཁྱོད་ཚོའི་གཉེན་ཚན་ཡིན་པའི་རྐྱེན་གྱིས་ཤེ་ཀེམ་གྱི་རྒྱལ་པོར་བསྐོས་ཡོད་དོ། 19དེ་བས་ན་ད་རིང་ཁྱོད་ཚོས་གྷིད་ཨོན་དང་ཁོང་གི་ཁྱིམ་ཚང་ལ་ཇི་ལྟར་གྱིས་པ་རྣམས་ལྷག་བསམ་ལྡན་པ་དང་དྲང་པོ་ཡིན་ན། ཁྱོད་ཚོ་ཨ་བྷི་མེ་ལེག་དང་མཉམ་དུ་དགའ་བར་འགྱུར་བ་དང་ཁོ་ནི་ཁྱོད་ཚོ་མཉམ་དུ་དགའ་བར་ཤོག། 20དེ་ལྟར་མིན་ན་ཨ་བྷི་མེ་ལེག་ནས་མེ་འཐོན་ནས་ཤེ་ཀེམ་དང་བྷེད་མི་ལོའི་མི་འཚིག་པར་ཤོག་ཅིག ཤེ་ཀེམ་དང་བྷེད་མི་ལོའི་མི་རྣམས་ནས་འཐོན་པའི་མེས་ཨ་བྷི་མེ་ལེག་འཚིག་པར་ཤོག། 21དེ་ནས་ཡོ་ཐམ་ཁོང་གི་སྤུན་ཨ་བྷི་མེ་ལེག་ལ་འཇིགས་ཏེ་བི་ཨེར་གྱི་ས་གནས་སུ་བྲོས་ཕེབས་སོ། 22ཨ་བྷི་མེ་ལེག་གིས་ཨིསི་རཱཨེལ་པ་ཚོའི་ཐོག་ལོ་གསུམ་རིང་རྒྱལ་སྲིད་བསྐྱངས་སོ། 23དེ་ནས་དཀོན་མཆོག་གི་ཨ་བྷི་མེ་ལེག་དང་ཤེ་ཀེམ་གྱི་སྐྱེ་བོ་ཚོའི་བར་གཅིག་གིས་གཅིག་ལ་སྡང་སེམས་ཡོང་བར་གནང་བ་དང་། དེ་ཚོས་ཨ་བྷི་མེ་ལེག་་ལ་ངོ་་ལོག་རྒྱབ་བོ། 24དེ་ནས་ཨ་བྷི་མེ་ལེག་དང་ཤེ་ཀེམ་གྱི་སྐྱེ་བོ་རྣམས་ལ་གྷིད་ཨོན་གྱི་བུ་བདུན་ཅུ་གསོད་རྒྱུར་རྒྱུད་བསྐུལ་བྱ་མཁན་ཚོའི་ཉེས་པ་སྒྲུབ་དགོས་པའི་ཕྱིར་བྱུང་བ་ཡིན་ནོ། 25ཤེ་ཀེམ་གྱི་མི་ཚོས་ཨ་བྷི་མེ་ལེག་ལ་འཇབ་རྒོལ་བྱེད་འགྱུར་རི་བོའི་སྟེང་མི་བཞག་ཡོད་པ་དང་། དེ་ཚོས་དེ་བརྒྱུད་ནས་འགྲོ་མཁན་ཚང་མར་བཅོམ་བཞིན་ཡོད་པ་དང་། ཨ་བྷི་མེ་ལེག་ལ་དེའི་སྐོར་ལན་སྐྱེལ་་ཡོད་དོ། 26དེ་ནས་ཨེ་བྷེད་ཀྱི་བུ་གཱལ་རང་གི་སྤུན་ཚོ་མཉམ་དུ་ཤེ་ཀེམ་དུ་སླེབས་པ་དང་། ཤེ་ཀེམ་གྱི་མི་ཚོས་ཁོ་ལ་ཡིད་ཆེས་གྱིས་སོ། 27དེ་ཚོ་ཚང་མ་རང་གི་རྒུན་ཚལ་དུ་སོང་ནས། རྒུན་འབྲུམ་སྒྲུག་པ་དང་དེ་ཚོ་ནས་རྒུན་ཆང་བཟོས་ནས་དུས་སྟོན་ཞིག་སྲུང་བརྩི་ཞུས་སོ། དེ་ཚོ་རང་གི་ལྷའི་ལྷ་ཁང་དུ་སོང་ནས་ཟ་འཐུང་གྱིས་པ་དང་ཨ་བྷི་མེ་ལེག་ལ་དམའ་འབབེས་གྱིས་སོ། 28གཱལ་གྱིས་སྨྲས་པ། ང་ཚོ་ཤེ་ཀེམ་གྱི་མི་རྣམས་ཇི་འདྲ་ཡིན་ནམ། ང་ཚོས་ཨ་བྷི་མེ་ལེག་གི་ཞགས་ཏོག་ཅི་ལ་ཞུ་བཞིན་ཡོད་དམ། གང་ལྟར་ཁོ་སུ་ཡིན་ནམ། ཁོ་ནི་གྷིད་ཨོན་གྱི་བུ་མ་ཡིན་ནམ། ཛེ་བུལ་གྱི་ཁོའི་བཀའ་ཉན་བཞིན་ཡོད་ན་ཡང་ང་ཚོས་ཁོའི་གཡོག་ཅི་ལ་རྒྱུགས་དགོས་སམ། ཁྱོད་ཚོའི་རིགས་རུས་བཙུགས་མཁན་ཁྱོད་ཚོའི་ཕ་མེས་ཧ་མོར་ལ་དམ་ཚིག་གཙང་བར་གནས་པར་གྱིས་ཤིག 29ང་ནི་མི་འདི་དག་གི་སྣེ་འཁྲིད་བྱེད་མཁན་ཞིག་ཡིན་པར་འདོད་ན། ངས་ཨ་བྷི་མེ་ལེག་ཕྱིར་འབུད་བྱེད་པ་དང་། ངས་ཁོ་པར། ཁྱོད་ཀྱི་དམག་མི་ལ་དམག་སྣོན་གཏོང་ལ་ཚུར་ཡོང་ནས་དམག་འཐབ་བྱོས་ཤིག་ཅེས་བརྗོད་རྒྱུ་ཡིན་ཞེས་སོ། 30གྲོང་ཁྱེར་གྱི་སྲིད་སྐྱོང་པ་ཛེེ་བུལ་གྱིས་གཱལ་གྱི་ཇི་ལྟར་སྨྲས་པ་རྣམས་ཐོས་སྐབས་ཁོ་ཁྲོས་པར་འགྱུར་རོ། 31ཁོས་ཨ་རུ་མཱ་རུ་ཨ་བྷི་མེ་ལེག་ལ་འདི་ལྟར་ཞུ་བར་བང་ཆེན་ཞིག་བརྫངས་སོ། ཨེ་བེད་ཀྱི་བུ་གཱལ་དང་ཁོའི་སྤུན་ཚོ་ཤེ་ཀེམ་དུ་སླེབས་ཡོད་པ་དང་། དེ་ཚོས་ཁྱེད་ལ་གྲོང་ཁྱེར་ནང་ཡོང་མི་འཇུག་གོ 32དེ་བས་ན་ཁྱེད་དང་ཁྱེད་ཀྱི་མི་རྣམས་མཚན་མོར་ཐོན་ནས་ཞིང་ཁའི་ནང་ཡིབ་དགོས་སོ། 33སང་ཞོག་ཉི་མ་ཤར་བ་དང་ཡར་ལངས་ནས་གློ་བུར་དུ་གྲོང་ཁྱེར་ལ་འཐབ་རྒོལ་བྱེད་དགོས་སོ། དེ་ནས་གཱལ་དང་ཁོའི་མི་རྣམས་ཁྱེད་ཀྱི་ཁ་ཐེབས་སུ་ཡོང་སྐབས་ཁྱེད་ཀྱིས་དེ་ཚོ་ལ་གང་ཐུབ་ཐུབ་རྒོལ་བར་བྱོས་ཤིག 34དེ་བས་ན་ཨ་བྷི་མེ་ལེག་དང་ཁོང་གི་མི་རྣམས་མཚན་མོར་ཐོན་ནས། ཤེ་ཀེམ་གྱི་ཕྱི་རོལ་དུ་ཚོ་བཞི་བྱས་ནས་ཡིབ་བོ། 35ཨ་བྷི་མེ་ལེག་དང་ཁོང་གི་མི་ཚོས་གཱལ་ཕྱིར་ཐོན་ནས་གྲོང་ཁྱེར་གྱི་རྒྱལ་སྒོར་ལངས་པ་མཐོང་བ་དང་། ཁོ་ཚོ་ཡིབ་ས་ནས་ཡར་ལངས་སོ། 36གཱལ་གྱིས་ཁོ་ཚོ་མཐོང་བ་དང་ཛེ་བུལ་ལ་། ལྟོས་དང་རི་རྩེ་ནས་མི་རྣམས་མར་ཡོང་བཞིན་འདུག་ཅེས་སྨྲས་སོ། ཛེ་བུལ་གྱིས་ལན་དུ་དེ་ཚོ་མི་མ་རེད། དེ་ཚོ་རིའི་སྟེང་གི་གྲིབ་ནག་རེད་ཅེས་སྨྲས་སོ། 37སླར་ཡང་གཱལ་གྱིས། ལྟོས་དང་རི་བོའི་སྟེང་ནས་མི་མར་བབ་ནས་ཡོང་བཞིན་འདུག་པ་དང་། ཚོ་གཅིག་ནི་སྔོན་ཤེས་ཤོད་མཁན་བེ་ཤིང་གི་ལམ་ནས་ཡོང་བཞིན་འདུག་ཅེས་སྨྲས་སོ། 38དེ་ནས་ཛེ་བུལ་གྱིས་ཁོ་ལ། ཁྱོད་ཀྱི་སྔོན་གྱི་བློ་ཁོག་དེ་ཚོ་གང་དུ་ཡོད། ང་ཚོས་ཨ་བྷི་མེ་ལེག་གི་ཞབས་ཏོག་ཅི་ལ་ཞུ་དགོས་བརྗོད་མཁན་ཁྱོད་མ་ཡིན་ནམ། ཁྱོད་ཀྱི་ཤིན་ཏུ་དམོད་པའི་མི་འདི་ཚོ་ཡིན། ད་སོང་ལ་ཁོ་ཚོ་དང་དམག་འཐབ་བྱོས་ཤིག་ཅེས་སྨྲས་སོ། 39གཱལ་གྱིས་ཤེ་ཀེམ་གྱི་མི་རྣམས་སྣེ་འཁྲིད་བྱེད་ནས་ཨ་བྷི་མེ་ལེག་དང་འཐབ་བོ། 40གཱལ་བྲོས་པ་དང་ཨ་བྷི་མེ་ལེག་གིས་རྗེས་དེད་བྱས་སོ། གྲོང་ཁྱེར་གྱི་རྒྱལ་སྒོར་ཡང་མི་མང་པོ་རྨས་སོ། 41ཨ་བྷི་མེ་ལེག་ཨ་རུ་མཱ་རུ་བསྡད་པ་དང་ཛེ་བུལ་གྱིས་གཱལ་དང་ཁོའི་སྤུན་རྣམས་ཤེ་ཀེམ་ནས་ཕྱིར་འབུད་གྱིས་སྟབས་དེ་ཚོ་དེར་གནས་སྡོད་བྱེད་མ་ཐུབ་བོ། 42ཉིན་རྗེས་མར་ཨ་བྷི་མེ་ལེག་གིས་ཤེ་ཀེམ་གྱི་མི་རྣམས་ཞིང་ཁར་འགྲོ་གི་ཡོད་པ་ཤེས་པ་དང་། 43དེ་བས་ན་ཁོང་གིས་རང་གི་མི་རྣམས་འཁྲིད་ནས་ཚོ་གསུམ་ལ་བགོས་ཏེ་ཞིང་ཁའི་ནང་ཡིབ་ནས་སྒུག་བསྡད་དོ། ཁོང་གིས་མི་མང་གྲོང་ཁྱེར་ནས་ཕྱིར་ཐོན་ཞིང་ཡོང་གི་ཡོད་པ་མཐོང་བ་དང་། ཁོ་ཚོ་གསོད་པར་འཇབ་ས་ནས་ཡར་ལངས་སོ། 44ཨ་བྷི་མེ་ལེག་དང་ཁོང་གི་ཚོ་དེས་གྲོང་ཁྱེར་གྱི་རྒྱལ་སྒོ་སྲུང་བར་མདུན་བསྐྱོད་བྱེད་པ་དང་། གཞན་ཚོ་གཉིས་པོ་དེས་ཞིང་་ཁའི་ནང་གི་མི་མང་ལ་འཐབ་རྒོལ་བྱས་ནས་དེ་ཚོ་ཚང་མ་བསད་དོ། 45དམག་འཐབ་ཉིན་གང་བྱས་པ་དང་ཨ་བྷི་མེ་ལེག་གིས་གྲོང་ཁྱེར་དབང་བཟུང་བྱས་ཏེ། དེའི་མི་མང་བསད་དེ་གྲོང་ཁྱེར་དེ་སྟོར་ནས་ཐང་རྣམས་ལ་ཚས་བཀབས་སོ། 46ཤེ་ཀེམ་གྱི་མཁར་རྫོང་དུ་མི་གཙོ་གྲགས་རྣམས་ཀྱིས་དེ་ཐོས་པ་དང་། དེ་ཚོས་བྷལ་བྷེ་རིད་ཀྱི་ལྷ་ཁང་ནང་གི་མཁར་རྫོང་བཙན་སར་བསྡད་དོ། 47ཨ་བྷི་མེ་ལེག་ལ། དེ་ཚོ་དེར་འཛོམས་ཡོད་པའི་སྐོར་སྨྲས་པ་དང་། 48ཨ་བྷི་མེ་ལེག་རང་གི་མི་རྣམས་དང་མཉམ་དུ་རི་བོ་ཛལ་མོན་དུ་ཡར་འཛེགས་པ་དང་། ཁོང་གིས་སྟ་གྲི་ཞིག་བླངས་ཏེ་ཤིང་སྡོང་གི་ཡལ་ག་ཞིག་བཅད་ནས་རང་གི་དཔུང་པའི་སྟེང་དུ་བཞག་གོ ཁོང་གིས་མི་རྣམས་ལ་དེ་ལྟར་མགྱོགས་པོ་བྱ་དགོས་སྨྲས་སོ། 49དེ་བས་ན་མི་ཚང་མས་ཤིང་སྡོང་གི་ཡལ་ག་བཅད་དེ། ཨ་བྷི་མེ་ལེག་གི་རྗེས་སུ་ཕྱིན་ནས་མཁར་རྫོང་ཁར་བསྙེས་ནས་སྤུངས་པ་དང་། དེ་ཚོས་དེར་མེ་རྒྱབ་ནས་ནང་དུ་ཡོད་པའི་རྫོང་གི་མི་སྐྱེས་པ་དང་བུད་མེད་སྟོང་གཅིག་ཙམ་ཡོད་པ་ཚང་མ་འཆི་བར་འགྱུར་རོ། 50དེ་ནས་ཨ་བྷི་མེ་ལེག་ཐེ་བེཛ་སུ་ཕེབས་ནས་མཐའ་བསྐོར་ཞིང་གྲོང་ཁྱེར་དེ་དབང་བཟུང་བྱས་སོ། 51དེར་གན་དྷོ་ལ་བཙན་པོ་ཞིག་ཡོད་པ་དང་། གྲོང་ཁྱེར་གྱི་སྐྱེས་པ་དང་བུད་མེད་འགོ་འཁྲིད་བཅས་པ་ཚང་མ་དེའི་ནང་གནས་སོ། དེ་ཚོས་ནང་ནས་སྒོ་ལྕགས་རྒྱབ་ནས་དེའི་རྩེ་ཐོག་ཏུ་ཕྱིན་ནོ། 52ཨ་བྷི་མེ་ལེག་གན་དྷོ་ལར་འཐབ་པར་ཕྱིན་པ་དང་། ཁོང་གིས་སྒོའི་རྩར་གན་དྷོ་ལར་མེ་རྒྱབ་པར་ཕྱིན་ནོ། 53འོན་ཀྱང་བུད་མེད་ཞིག་གིས་ཁོང་གི་སྟེང་རང་ཐག་གི་རྡོ་ཞིག་དབྱུགས་པས་ཁོང་གི་ཐོད་པ་གས་སོ། 54དེ་ནས་ཁོང་གིས། གོ་མཚོན་འཁྱེར་མཁན་ན་གཞོན་དེ་སྐད་བཏང་ནས། ཁྱོད་ཀྱིས་རལ་གྲི་བཏོན་ནས་ང་གསོད་ཅིག ང་བུད་མེད་གཅིག་གིས་བསད་པ་རེད་ཅེས་གྲགས་པ་དེ་མི་འདོད་ཅེས་བཀའ་གནང་བ་དང་། དེ་རྗེས་གཞོན་ནུ་དེས་ཁོང་ལ་རལ་གྲི་བཙུགས་པ་དང་ཁོང་འདས་པར་འགྱུར་རོ། 55ཨིསི་རཱཨེལ་པ་ཚོས་ཨ་བྷི་མེ་ལེག་གྲོངས་པ་མཐོང་རྗེས་ཁྱིམ་དུ་ལོག་གོ 56དེ་ལྟར་ཨ་བྷི་མེ་ལེག་གིས་རང་གི་སྤུན་བདུན་ཅུ་བསད་ནས་རང་གི་ཡབ་ཀྱི་ཐོག་བསགས་པའི་ལས་ངན་དེ་དཀོན་མཆོག་གིས་འཇལ་གནང་བ་ཡིན་ནོ། 57གྷིད་ཨོན་གྱི་བུ་ཡོ་ཐམ་གྱིས་ཇི་ལྟར་དམོད་པ་སྐྱོན་ནས་སྨྲས་པ་ལྟར། དཀོན་མཆོག་གི་ཤེ་ཀེམ་གྱི་མི་ཚོའི་སྤྱོད་ངན་གྱི་ཆེད་དུ་ཉེས་ཆེད་གནང་ངོ་༎

ཁྲིམས་དཔོན 10

ཏོ་ལ།

1ཨ་བྷི་མེ་ལེག་གྲོངས་པའི་རྗེས་སུ་དྷོ་དྷོའི་ཚ་བོ་དང་པུ་ཨའི་བུ་ཏོ་ལ་ཨིསི་རཱཨེལ་ལ་སྐྱབས་པར་སླེབས་སོ། ཁོང་ཨི་ས་ཀར་གྱི་སྡེེ་རིགས་ནས་ཡིན་པ་དང་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཀྱི་ཤ་མིར་དུ་གནས་སྡོད་བྱེད་དོ། 2ཁོང་གིས་ལོ་གཉེར་གསུམ་རིང་ཨིསི་རཱཨེལ་གྱི་འགོ་འཁྲིད་གནང་བ་དང་། དེ་ནས་ཁོང་གྲོངས་ནས་ཤ་མེར་དུ་སྦས་སོ༎

ཡ་ཨིར།

3ཏོ་ལའི་རྗེས་སུ་གྷིལ་ཨད་ནས་ཡ་ཨིར་སླེབས་པ་དང་། ཁོང་གིས་ཨིསི་རཱཨེལ་གྱི་འགོ་འཁྲིད་ལོ་གཉེར་གཉིས་རིང་བྱས་སོ། 4ཁོང་ལ་བུ་གསུམ་ཅུ་ཡོད་པ་ཚོས་བོང་བུ་གསུམ་ཅུ་ཞོན་བཞིན་ཡོད། དེ་ཚོ་ལ་གྷིལ་ཨད་ཡུལ་དུ་གྲོང་ཁྱེར་གསུམ་ཅུ་ཡོད་པ་དང་། དེ་ལ་ད་བར་དུ་ཡ་ཨིར་གྱི་གྲོང་ཁྱེར་བརྗོད་བཞིན་ཡོད་དོ། 5ཡ་ཨིར་གྲོངས་པ་དང་། ཁོང་ཀ་མོན་དུ་སྦས་སོ༎

ཡེཕ་ཐཱ།

6སླར་ཡང་ཨིསི་རཱཨེལ་པ་ཚོས་བྷལ་དང་ཨ་ཤ་ཏར་ཏི་དང་སི་རི་ཡའི་ལྷ་རྣམས་དང་། སི་དོན་དང་མོ་ཨབ་དང་ཨམ་མོན་དང་ཕེ་ལེ་ཤེད་རྣམས་ཀྱི་ལྷ་ཚོར་མཆོད་ཅིང་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་སོ། དེ་ཚོས་གཙོ་བོ་དཀོན་མཆོག་ལ་སྤངས་པ་དང་ཁོང་ལ་མཆོད་རྒྱུར་མཚམས་འཇོག་བྱས་སོ། 7དེར་བརྟེན་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་པ་ཚོར་ཐུགས་ཁྲོས་གནང་བ་དང་། ཕེ་ལེ་ཤེད་པ་དང་ཨམ་མོན་པ་ཚོས་ཁོ་ཚོ་ལ་དབང་བསྒྱུར་བྱེད་དུ་འཇུག་གནང་ངོ་། 8དེ་ཚོས་ལོ་བཅོ་བརྒྱད་རིང་གྷིལ་ཨད་ཀྱི་གཙང་པོ་ཡོར་དན་གྱི་ཤར་ཕྱོགས་ཨ་མོར་པའི་ཡུལ་དུ་གནས་སྡོད་བྱ་མཁན་ཨིསི་རཨེལ་པ་རྣམས་ལ་མནར་གཅོད་དང་སྡུག་པོ་བཏང་ངོ་། 9ཨམ་མོན་པ་ཚོས་ཡ་ཧུ་དཱ་དང་བྷེན་ཡ་མིན་དང་ཨེཕ་ར་ཡིམ་གྱི་སྡེ་རིགས་དང་དམག་འཐབ་བྱེད་པའི་ཆེད་དུ་ཡོར་དན་ཡང་རྒལ་ཡོད་པ་དང་། ཨིསི་རཱཨེལ་པ་རྣམས་ཧ་ཅང་སྡུག་བསྔལ་ཆེན་པོའི་ནང་གནས་ཡོད་པ་དང་། 10དེ་ནས་ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་ལ་ཞུ་འབོད་བྱས་ཏེ། ང་ཚོས་ཁྱེད་ཀྱི་སྤྱན་སྔར་སྡིག་པ་བསགས་ཡོད། གང་ལགས་ཟེར་ན་ང་ཚོའི་དཀོན་མཆོག་ཁྱེད་ལ་སྤངས་ནས་བྷལ་གྱི་ལྷ་ཚོ་ལ་མཆོད་པ་ཡིན་ཞེས་ཞུས་པ་དང་། 11གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ལན་འདི་ལྟར་གནང་ངོ་། ཨི་ཇིབ་པ་དང་ཨ་མོར་པ་དང་ཨམ་མོན་པ་དང་ཕེ་ལེ་ཤེད་པ་དང་། 12སི་དོན་པ་དང་ཨ་མ་ལེག་པ་དང་མི་དི་ཡན་པ་བཅས་ཀྱིས་འདས་པའི་རིང་ཁྱོད་ཚོར་མནར་གཅོད་བཏང་བ་དང་ཁྱོད་ཚོས་ང་ལ་ཞུ་འབོད་བྱེད་སྐབས། ངས་ཁྱོད་ཚོར་དེ་ཚོ་ལས་སྐྱབས་མེད་དམ། 13ད་དུང་ཁྱོད་ཚོས་ང་སྤངས་ནས་ལྷ་གཞན་ཚོར་མཆོད་ཡོད་སྟབས། ངས་སླར་ཡང་ཁྱོད་ཆོར་སྐྱབས་པར་མི་བྱེད་དོ། 14ཁྱོད་ཚོ་སོང་ལ་ཁྱོད་ཚོས་འདམས་པའི་ལྷ་ཚོར་ཞུ་འབོད་བྱོས་ཤིག ཁྱོད་ཚོ་དཀའ་སྡུག་ནང་ལྷུང་སྐབས་ཁོ་ཚོར་སྐྱབས་འཇུག་ཞུས་ཤིག་ཅེས་སོ། 15འོན་ཀྱང་ཨིསི་རཱཨེལ་གྱི་མི་མང་ཆོས་གཙོ་བོ་དཀོན་མཆོག་ལ། ང་ཚོས་སྡིག་པ་བསགས་ཡོད། ཁྱེད་ཀྱི་ཐུགས་འདོད་ལྟར་གནང་རོགས་གནང་། འོན་ཀྱང་དེ་རིང་ང་ཚོ་ལ་སྐྱབས་རོགས་གནང་ཞེས་ཞུས་སོ། 16དེར་བརྟེན་དེ་ཚོས་ཕྱི་པའི་ལྷ་རྣམས་སྤངས་ནས་གཙོ་བོ་དཀོན་མཆོག་ལ་མཆོད་པ་དང་། ཁོང་ནི་ཨིསི་རཱཨེལ་གྱི་དཀའ་སྡུག་ལ་ཐུགས་འཁྲུགས་སོ། 17དེ་ནས་ཨམ་མོན་པའི་དམག་མི་རྣམས་དམག་གི་གྲ་སྒྲིགས་བྱས་ཤིང་གྷིལ་ཨད་དུ་སྒར་བཏབ་པ་དང་། ཨིསི་རཱཨེལ་གྱི་མི་རྣམས་མཉམ་འཛོམས་ཀྱིས་གྷིལ་ཨད་ཀྱི་མིཛ་པཱ་རུ་སྒར་བཏབ་བོ། 18དེར་ཨིསི་རཱཨེལ་སྡེ་རིགས་ཀྱི་མི་མང་དང་འགོ་འཁྲིད་ཚོས་གཅིག་གིས་གཅིག་ལ། ཨམ་མོན་པ་ཚོ་དང་དམག་འཐབ་པར་ང་ཚོར་སུས་སྣེ་འཁྲིད་བྱེད་ཀྱི་རེད་དམ། དེ་ལྟར་བྱ་མཁན་དེ་གྷིལ་ཨད་ཡོངས་ཀྱི་དཔོན་པོར་འགྱུར་རོ་ཞེས་སྨྲས་སོ༎

ཁྲིམས་དཔོན 11

1གྷིལ་ཨད་ཀྱི་བློ་སྟོབས་ཅན་གྱི་དམག་མི་ཡེཕ་ཐཱ་ཟེར་བ་དེ་སྨད་འཚོང་མ་ཞིག་གི་བུ་ཡིན་པ་དང་། ཁོང་གི་ཕ་ནི་གྷིལ་ཨད་ཡིན་ནོ། 2ཁོང་གི་ཆུང་མ་ནས་བུ་གཞན་རྣམས་བྱུང་བ་དང་། དེ་ཚོ་འཚར་ལོངས་བྱུང་སྐབས། ཁོ་ཚོས་ཡེཕ་ཐཱ་ཁྱིམ་ནས་ཕྱིར་འབུད་བྱས་སོ། དེ་ཚོས་ཁོ་ལ་ཁྱོད་ནི་བུད་མེད་གཞན་གྱི་བུ་ཡིན་སྟབས་ཁྱོད་ལ་ང་ཚོའི་ཕའི་ནོར་སྐལ་ཐོབ་པར་མི་འགྱུར་ཞེས་སྨྲས་སོ། 3ཡེཕ་ཐཱ་རང་གི་སྤུན་ཚོའི་ས་ནས་བྲོས་ཏེ་ཏོབ་ཀྱི་ཡུལ་དུ་གནས་སྡོད་བྱས་པ་དང་། དེར་ཁོ་པར་མི་ཕན་མེད་ཚོ་ཞིག་འཁོར་བ་དང་དེ་ཚོ་ཁོ་དང་མཉམ་དུ་ཕྱིན་ནོ། 4དུས་ཚོད་ཐུང་ཙམ་ཞིག་གི་རྗེས་སུ་ཨམ་མོན་པ་ཚོས་ཨིསི་རཱཨེལ་པ་ཚོར་དམག་འཐབ་གྱིས་སོ། 5དེ་ལྟར་དམག་འཐབ་སྐབས་གྷིལ་ཨད་ཀྱི་འགོ་འཁྲིད་ཚོ་ཡེཕ་ཐཱ་ལ་ལེན་པར་ཡུལ་ཏོབ་ཏུ་ཕྱིན་ནོ། 6དེ་ཚོས། ང་ཚོས་ཨམ་མོན་པ་ཚོ་མཉམ་དུ་དམག་འཐབ་ཐུབ་པའི་ཆེད་ཁྱོད་ཀྱིས་ང་ཚོར་སྣེ་འཁྲིད་བྱོས་ཤིག་ཅེས་སྨྲས་སོ། 7འོན་ཀྱང་ཡེཕ་ཐཱས་ལན་དུ། ཁྱོད་ཚོས་ང་ལ་ཧ་ཅང་སྡང་པོ་བྱས་སྟབས་ང་ཕའི་ཁྱིམ་ནས་ཐོན་དགོས་བྱུང་ངོ་། ད་ཆ་ཁྱོད་ཚོར་དཀའ་ངལ་ཡོད་སྐབས་ངའི་སར་ཅི་ལ་ཡོང་བ་ཡིན་ནམ་ཞེས་སྨྲས་སོ། 8དེ་ཚོས་ཡེཕ་ཐཱ་ལ། ཁྱོད་ང་ཚོ་མཉམ་དུ་ཨམ་མོན་པ་ཚོར་འཐབ་པར་ཡོང་བ་དང་། གྷིལ་ཨད་པ་རྣམས་ཀྱི་སྣེ་འཁྲིད་བྱེད་པའི་ཆེད་ང་ཚོ་ཁྱོད་ཀྱི་ཕྱོགས་སུ་ཁ་བསྒྱུར་ནས་ཡོང་བ་ཡིན་ཞེས་སྨྲས་སོ། 9ཡེཕ་ཐཱས་དེ་ཚོ་ལ། ཁྱོད་ཚོས་ང་ཨམ་མོན་པ་ཚོར་འཐབ་པ་ཁྱིམ་དུ་ཕྱིར་ལོག་འཁྲིད་པ་དང། གཙོ་བོ་དཀོན་མཆོག་གིས་ང་ཚོར་རྒྱལ་ཁ་གནང་བ་ཡིན་ན། ང་ཁྱོད་ཚོའི་སྲིད་སྐྱོང་པ་བྱེད་དོ་ཅེས་སྨྲས་སོ། 10དེ་ཚོས་ལན་དུ། གཙོ་བོ་དཀོན་མཆོག་ང་ཚོའི་དཔང་པོ་ཡིན་ཞེས་ང་ཚོས་དེ་ལྟར་ཁས་ལེན་བྱེད་དོ་ཅེས་སྨྲས་སོ། 11དེ་བས་ན་ཡེཕ་ཐཱ་གྷིལ་ཨད་ཀྱི་འགོ་འཛིན་ཚོ་མཉམ་དུ་ཕྱིན་པ་དང་། མི་མང་གིས་ཁོ་ལ་དེ་ཚོའི་སྲིད་སྐྱོང་པ་དང་འགོ་འཛིན་དུ་བསྐོས་སོ། ཡེཕ་ཐཱས་མིཛ་པཱ་རུ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་རང་གི་གཏམ་རྣམས་ཞུས་སོ། 12དེ་ནས་ཡེཕ་ཐཱས་ཨམ་མོན་གྱི་རྒྱལ་པོར། ཁྱེད་ཀྱིས་ང་ཆོར་འཁོན་འཁྲུགས་ཅི་ལ་བྱེད་བཞིན་ཡོད། ཁྱེད་ཀྱིས་ང་ཚོའི་ཡུལ་ཅི་ལ་དབང་བ་ཡིན་ནམ། ཞེས་བཀའ་འདྲི་ཞུ་བར་བང་ཆེན་རྣམས་བརྫངས་སོ། 13ཨམ་མོན་གྱི་རྒྱལ་པོས་ཡེཕ་ཐཱའི་བང་ཆེན་ཚོར་ལན་གནང་བར། ཨིསི་རཱཨེལ་པ་ཚོ་ལ་ཨི་ཇིབ་ནས་ཕྱིར་ལོག་ཡོང་སྐབས། དེ་ཚོས་ངའི་ས་ཆ་གཙང་པོ་ཨར་ནོན་ནས་གཙང་པོ་ཡ་བྷོག་བར་དང་གཙང་པོ་ཡོར་དན་བར་བཅས་དབང་བཟུང་བྱས་ཡོད། ད་ཆ་ཁྱོད་ཀྱིས་དེ་ཚོ་ང་ལ་ཞི་བདེའི་ངང་ཕྱིར་སློག་བྱ་དགོས་ཤེས་སྨྲས་སོ། 14ཡེཕ་ཐཱས་སྐྱར་དུ་བང་ཆེན་ཚོར་ཨམ་མོན་གྱི་རྒྱལ་པོའི་སར་བཏང་ནས། 15འདི་ལྟར་ལན་བཏང་ཡོད། ཨིསི་རཱཨེལ་པ་ཚོས་མོ་ཨབ་ཀྱི་ཡུལ་ལམ་ཨམ་མོན་གྱི་ཡུལ་དབང་བཟུང་བྱས་པ་དེ་བདེན་པ་མ་ཡིན། 16དེ་ནི་འདི་ལྟར་བྱུང་བ་ཡིན། ཨིསི་རཱཨེལ་པ་ཚོ་ཨི་ཇིབ་ནས་ཐོན་སྐབས་དེ་ཚོ་བྱེ་ཐང་བརྒྱུད་རྒྱ་མཚོ་དམར་རུ་ཕྱིན་ནས་ཀ་དྷེཤི་རུ་སླེབས་སོ། 17དེ་ནས་དེ་ཚོས་ཨེ་དྷོམ་གྱི་རྒྱལ་པོར་ཁོང་གི་ཡུལ་བརྒྱུད་འགྲོ་ཆོག་པའི་བཀའ་ཁྲོལ་ཞུ་བར་བང་ཆེན་བཏང་ངོ་། འོན་ཀྱང་ཨེ་དྷོམ་གྱི་རྒྱལ་པོས་བཀའ་འཁྲོལ་གནང་མེད་དོ། དེ་ཚོས་མོ་ཨབ་ཀྱི་རྒྱལ་པོ་ལ་ཞུས་ཡོད་ན་ཡང་ཁོང་གི་ཡུལ་བརྒྱུད་ནས་འགྲོ་ཆོག་པའི་བཀའ་འཁྲོལ་སུས་ཀྱང་གནང་མེད་དོ། དེར་བརྟེན་ཨིསི་རཱཨེལ་པ་ཚོ་ཀ་དྷེཤ་ལ་བསྡད་པ་ཡིན་ནོ། 18དེ་ནས་དེ་ཚོས་བྱེ་ཐང་བརྒྱུད་ཨེ་དྷོམ་གྱི་ཡུལ་དང་མོ་ཨབ་ཡུལ་གྱི་མཐའ་འཁོར་དུ་ཕྱིན་པ་དང་། མཐའ་མར་དེ་ཚོ་གཙང་པོ་ཨར་ནོན་གྱི་བར་མོ་ཨབ་ཀྱི་ཤར་ཕྱོགས་སུ་སླེབས་ནས་དེ་ཚོས་དེར་སྒར་བཏབ་ན་ཡང་ཨར་ནོན་རྒལ་མེད་དོ། གང་ལགས་ཟེར་ན། དེ་ནི་མོ་ཨབ་ཀྱི་ས་མཚམས་ཡིན་ནོ། 19དེ་ནས་ཨིསི་རཱཨེལ་པ་ཚོས་ཧེཤ་བྷོན་གྱི་ཨ་མོར་པའི་རྒྱལ་པོ་སི་ཧོན་གྱི་དྲུང་དུ་བང་ཆེན་བཏང་ནས། ཁོང་གི་ཡུལ་བརྒྱུད་རང་གི་ས་ཆར་འགྲོ་ཆོག་པའི་བཀའ་འཁྲོལ་ཞུས་སོ། 20འོན་ཀྱང་སི་ཧོན་གྱིས་ཨིསི་རཱཨེལ་པ་ཚོར་དེ་ལྟར་བྱེད་མ་བཅུག་པ་མ་དང་། ཁོང་གིས་རང་གི་དམག་དཔུང་ཡོངས་རྫོགས་མཉམ་འཁྲིད་ཀྱིས་ཡ་ཧཛ་དུ་སྒར་བཏབ་ནས། ཨིསི་རཱཨེལ་པ་ཚོར་འཐབ་འཛིང་བྱས་སོ། 21འོན་ཀྱང་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་སི་ཧོན་དང་ཁོང་གི་དམག་དཔུང་ཐོག་རྒྱལ་ཁ་གནང་ངོ་། དེར་བརྟེན་ཨིསི་རཱཨེལ་པ་ཚོས་ཡུལ་དེར་གནས་སྡོད་བྱེད་པའི་ཨ་མོར་པའི་མངའ་ཁུལ་ཡོངས་རྫོགས་བདག་བཟུང་གྱིས་སོ། 22དེ་ཚོས་ཨ་མོར་པའི་མངའ་ཁུལ་ལྷོ་ཕྱོགས་སུ་ཨར་ནོན་དང་། བྱང་ཕྱོགས་སུ་ཡ་བྷོག་དང་། ཤར་ཕྱོགས་སུ་བྱེ་ཐང་དང་། ནུབ་ཕྱོགས་སུ་ཡོར་དན་བཅས་པ་ཡོངས་རྫོགས་དབང་བཟུང་གྱིས་སོ། 23དེར་བརྟེན་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། རང་གི་མི་འབངས་ཨིསི་རཱཨེལ་པ་ཚོའི་ཆེད་དུ་ཨ་མོར་པ་རྣམས་ཕྱིར་འབུད་གནང་བ་ཡིན་ནོ། 24ཁྱེད་ཀྱིས་དེ་ལེན་ཐབས་གནང་གི་ཡིན་ནམ། ཁྱོད་ཚོའི་ལྷ་ཀེ་མོཤས་ཁྱེད་ལ་གནང་བ་རྣམས་བདག་ཉར་བྱེད་ཆོག འོན་ཀྱང་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་ང་ཚོར་གནང་བ་ཚང་མ་ང་ཚོས་བདག་ཉར་བྱ་རྒྱུ་ཡིན་ནོ། 25ཁྱེད་ནི་མོ་ཨབ་གྱི་རྒྱལ་པོ་ཛིབ་པོར་གྱི་བུ་བྷ་ལག་ལས་ལེགས་པ་ཡིན་བསམ་གྱི་འདུག་གམ། ཁོང་གིས་ཨིསི་རཱཨེལ་ལ་ནམ་ཡང་འཕོས་ཞུས་བྱེད་མེད་དམ། ཁོང་གིས་ང་ཚོ་མཉམ་དུ་དམག་རྒྱབ་པར་འགྲོ་ཡོད་དམ། 26ལོ་ ༣༠༠ རིང་ཨིསི་རཱཨེལ་པ་ཚོས་ཧེཤ་བྷོན་དང་ཨ་རོ་ཨེར་དང་། དེ་ཚོའི་མཐའ་འཁོར་གྱི་གྲོང་ཁྱེར་ཚོ་དང་ཨར་ནོན་གྱི་གཙང་པོའི་ཉེ་འགྲམ་གྱི་གྲོང་ཁྱེར་རྣམས་བདག་བཟུང་བྱས་ཡོད། ད་ལྟ་བར་དུ་དེ་ཚོ་ཚང་མ་ཁྱེད་ཀྱིས་ཅིའི་ཕྱིར་མ་ལེན་པ་ཡིན་ནམ། 27ངས་ཁྱེད་ཀྱི་ཐོག་ནོར་འཁྲུལ་་གང་ཡང་བྱས་མེད། ཁྱེད་ཀྱིས་ང་ལ་དམག་འཁྲུགས་བྱེད་པ་དེ་ནོར་འཁྲུལ་བྱེད་བཞིན་ཡོད། གཙོ་བོ་དཀོན་མཆོག་ནི་ཁྲིམས་དཔོན་ཡིན་པ་དང་། ཁོང་གིས་དེ་རིང་ཨིསི་རཱཨེལ་པ་དང་ཨམ་མོན་པའི་དབར་ཐག་གཅོད་གནང་གི་རེད་ཅེས་སོ། 28འོན་ཀྱང་ཨམ་མོན་གྱི་རྒྱལ་པོས་ཡེཕ་ཐཱའི་འཕྲིན་དེར་དོ་སྣང་བྱེད་མེད་དོ། 29དེ་ནས་གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་ཡེཕ་ཐཱའི་ཐོག་བབས་ནས། ཁོ་གྷིལ་ཨད་དང་མ་ནསེ་སཱེ་བརྒྱུད་དེ་གྷིལ་ཨད་ཀྱི་མིཛ་པཱ་རུ་ཕྱིར་ལོག་པ་དང་ཨམ་མོན་དུ་ཕྱིན་ནོ། 30ཡེཕ་ཐཱས་གཙོ་བོ་དཀོན་མཆོག་ལ་མནའ་སྐྱེལ་བ་ནི། ཁྱེད་ཀྱིས་བདག་ལ་ཨམ་མོན་པའི་ཐོག་རྒྱལ་ཁ་གནང་བ་ཡིན་ན། 31ང་ལ་རྒྱལ་ཁ་ཐོབ་ནས་ལོག་ཡོང་སྐབས་ངའི་ཁྱིམ་ནས་མི་སུ་ཞིག་ང་འཕྲད་པར་ཡོང་མཁན་དང་པོ་དེ་ངས་མཆོད་པར་བསྲེགས་པར་བྱའོ། ངས་མི་དེ་ཁྱེད་ལ་དམར་མཆོད་འབུལ་རྒྱུ་ཡིན་ཞེས་ཞུས་སོ། 32དེར་བརྟེན་ཡེཕ་ཐཱ་གཙང་པོ་རྒལ་ནས་ཨམ་མོན་པར་འཐབ་པར་ཕྱིན་པ་དང་། གཙོ་བོ་དཀོན་མཆོག་གིས་ཁོ་ལ་རྒྱལ་ཁ་གནང་ངོ་། 33ཁོས་དེ་ཚོ་ལ་ཨ་རོ་ཨེར་དང་མ་ནིད་ཀྱི་ས་ཁུལ་ཡོངས་རྫོགས་བསྡོམས་གྲོང་ཁྱེར་ཉི་ཤུ་དང་ཨ་བྷལ་ཀེ་ར་མིན་བར་དུ་འཐབ་རྒོལ་བྱས་སོ། སྲོག་གཅོད་ཧ་ཅང་ཆེན་པོ་བྱས་ཡོད་པ་དང་ཨིསི་རཱཨེལ་པ་ཚོས་ཨམ་མོན་པ་རྣམས་ཕམ་པར་བྱས་སོ༎

ཡེཕ་ཐཱའི་བུ་མོ།

34ཡེཕ་ཐཱ་མིཛ་པཱ་རུ་རང་གི་ཁྱིམ་དུ་ལོག་ཡོང་སྐབས་སུ། དེར་ཁོ་རང་གི་བུ་མོ་རྔ་བརྡུང་ནས་ཁྲབ་བཞིན་ཁོ་ལ་ཐུག་པར་ཡོང་བཞིན་ཡོད་པ་དང་། མོ་ནི་ཁོའི་ཕྲུ་གུ་གཅིག་པོ་དེ་ཡིན་ནོ། 35ཁོས་མོ་མཐོང་བ་དང་སྡུག་བསྔལ་གྱིས་རང་གི་གོས་ཧྲལ་ནས་སྨྲས་པ། ཀྱེ་ངའི་བུ་མོ། ཁྱོད་ཀྱིས་ང་ལ་སེམས་སྡུག་བཟོ་བཞིན་འདུག ང་ལ་སྡུག་བསྔལ་ཡོང་བ་བྱ་མཁན་དེ་ཁྱོད་ཅི་ལ་ཡིན་ནམ། ངས་གཙོ་བོ་དཀོན་མཆོག་ལ་དམ་བཅའ་ནན་པོ་ཞིག་ཞུས་ཡོད་པས་ངས་དེ་ལ་བསྒྱུར་བ་གཏོང་མི་ཐུབ་ཅེས་སོ། 36མོས་ཁོང་ལ་ཞུས་པ། ཁྱེད་ཀྱིས་གཙོ་བོ་དཀོན་མཆོག་ལ་ཁས་ལེན་ཞུས་ཡོད་ན། ཁྱེད་ཀྱིས་ང་ལ་ཇི་ལྟར་གནང་གི་ཡིན་གསུངས་པ་ལྟར་མཛོད་ཅིག གཙོ་བོ་དཀོན་མཆོག་གིས་ཁྱེད་ཀྱི་དགྲ་བོ་ཨམ་མོན་པའི་ཐོག་དགྲ་ཤ་ལེན་འཇུག་གནང་ཡོད། 37འོན་ཀྱང་མོས་རང་གི་ཕ་ལ་ཞུ་བ་ཕུལ་བ། ང་གྲོགས་པོ་ཚོ་མཉམ་དུ་རི་བོའི་སྟེང་དུ་འཁྱམས་ནས་ང་མོ་གསར་དུ་འཆི་དགོས་རྒྱུར་མྱ་ངན་བྱེད་པའི་ཆེད། ང་ལ་ཟླ་བ་གཉིས་གཅིག་པུར་འཇོག་གནང་རྒྱུའི་གོ་སྐབས་ང་ལ་གནང་རོགས་ཤེས་ཞུས་སོ། 38ཁོས་མོ་ལ་སོང་ཞིག་སྨྲས་པས། ཟླ་བ་གཉིས་ཀྱི་རིང་ཕྱིར་བཏང་བ་དང་། མོ་དང་མོའི་གྲོགས་པོ་རྣམས་རི་བོའི་སྟེང་དུ་ཕྱིན་ནས་ཆང་ས་མ་རྒྱབ་པར་ཕྲུ་གུ་མེད་པར་འཆི་དགོས་རྒྱུ་ཡིན་པར་མྱ་ངན་གྱིས་སོ། 39ཟླ་བ་གཉིས་ཀྱི་རྗེས་སུ་མོ་རང་ཕའི་སར་ཕྱིར་ལོག་པ་དང་། ཁོས་གཙོ་བོ་དཀོན་མཆོག་ལ་ཇི་ལྟར་ཁས་ལེན་ཞུས་པ་ལྟར་གྱིས་པ་དང་། མོ་མོ་གསར་རང་དུ་འཆིའོ། འདི་ནས་ཨིསི་རཱཨེལ་གྱི་ལུགས་སྲོལ་འགོ་ཚུགས་པ་ཡིན་ནོ། 40བུད་མེད་གཞོན་མ་ཚོ་ལོ་རེར་ཉིན་བཞི་རེ་གྷིལ་ཨད་ཀྱི་ཡེཕ་ཐཱའི་བུ་མོའི་འཆི་བར་མྱ་ངན་བྱེད་པའི་ཕྱིར་འགྲོ་བཞིན་ཡོད་དོ༎

ཁྲིམས་དཔོན 12

ཡེཕ་ཐཱ་དང་ཨེཕ་ར་ཡིམ་པ་རྣམས།

1ཨེཕ་ར་ཡིམ་གྱི་སྐྱེས་པ་རྣམས་ནས་དམག་གི་གྲ་སྒྲིགས་བྱས་པ་དང་། དེ་ཚོས་གཙང་པོ་ཡོར་དན་རྒལ་ནས་ཛ་ཕོན་དུ་ཕྱིན་ནས་ཡེཕ་ཐཱ་ལ་སྨྲས་པ། ཁྱོད་ཚོས་ཨམ་མོན་པ་ཚོ་དང་འཐབ་པར་ང་ཚོ་ཁྱོད་མཉམ་དུ་འགྲོ་རྒྱུར་མ་བོས་པར་ས་མཚམས་ཅི་ལ་རྒལ་བ་ཡིན་ནམ། ང་ཚོས་ཁྱོད་རང་དང་བཅས་པ་སྲེག་པར་བྱའོ་ཞེས་སྨྲས་སོ། 2འོན་ཀྱང་ཡེཕ་ཐཱས་དེ་ཚོ་ལ་སྨྲས་པ། ང་དང་ངའི་མི་མང་དང་ཨམ་མོན་པའི་དབར་འཁོན་འཁྲུགས་ཚབ་ཆེ་ཡོད། ངས་ཁྱོད་ཚོ་བོས་པ་ཡིན་པས་ཁྱོད་ཚོས་ང་ལ་ཁོ་ཚོའི་ལག་ནས་སྐྱབས་པ་མེད། 3ཁྱོད་ཆོས་དེ་ལྟར་བྱ་རྒྱུ་མིན་པ་ངས་ཤེས་སྐབས། ངས་རང་གི་སྲོག་རྐྱེན་ངན་ནང་བཞག་ནས་དེ་ཚོ་མཉམ་དུ་འཐབ་པར་ས་མཚམས་རྒལ་བ་དང་། གཙོ་བོ་དཀོན་མཆོག་གིས་ང་ལ་དེ་ཚོའི་ཐོག་རྒྱལ་ཁ་གནང་བྱུང་། དེ་བས་ན་ད་ཆ་ཁྱོད་ཚོ་ང་མཉམ་དུ་འཐབ་པར་ཅི་ལ་ཡོང་བ་ཡིན་ནམ། 4དེ་ནས་ཡེཕ་ཐཱས། གྷིལ་ཨད་ཀྱི་སྐྱེས་པ་ཡོངས་རྫོགས་བསྡུས་ཏེ། ཨེཕ་ར་ཡིམ་པ་ཚོ་དང་དམག་རྒྱབ་ནས་དེ་ཚོ་ཕམ་པར་བྱས་སོ། (ཨེཕ་ར་ཡིམ་པ་ཚོས་ཨེཕ་ར་ཡིམ་དང་མ་ནསེ་སཱེའི་ནང་ཡོད་གྷིལ་ཨད་པ་ཁྱོད་ཚོས་ཨེཕ་ར་ཡིམ་ནས་བྲོས་མཁན་འབའ་ཞིག་ཡིན་ནོ་ཞེས་སྨྲས་སོ།) 5ཨེཕ་ར་ཡིམ་པ་ཚོ་བྲོས་འགྲོ་བ་ལས་འགོག་པའི་ཆེད་དུ་གྷིལ་ཨད་པ་ཚོས་ཡོར་དན་རྒལ་བའི་ས་ཆ་དེ་དབང་བཟུང་བྱས་སོ། བྲོས་ཐབས་བྱ་མཁན་ཨེཕ་ར་ཡིམ་པས་རྒྱ་མཚོ་དེ་རྒལ་ནས་འགྲོ་བའི་བཀའ་འཁྲོལ་ཞུས་པ་དང་། གྷིལ་ཨད་པ་ཚོས་ཁྱེད་ཨེཕ་ར་ཡིམ་པ་ཡིན་ནམ་ཞེས་འདྲི་བ་དང་། དེས་མིན་ཞེས་སྨྲས་པ་ཡིན་ན། 6དེ་ཚོས་ཤིབ་བོ་ལེད་ཅེས་སྨྲོས་ཤིག་ཅེས་བརྗོད་བཅུག་པ་དང། དེས་སིབ་བོ་ལེད་ཅེས་སྨྲས་པ་ཡིན་ན། ཁོས་དེ་ལྟར་སྒྲ་དག་པོ་བརྗོད་ཐུབ་པར་མི་བྱེད། དེ་ནས་དེ་ཚོས་ཁོ་བཟུང་ནས་ཡོར་དན་རྒལ་ནས་ས་གནས་ཞིག་ཏུ་བསད་ཀྱི་ཡོད་དོ། སྐབས་དེར་ཨེཕ་ར་ཡིམ་པ་ ༤༢,༠༠༠ བསད་དོ། 7ཇེ་པ་ཐས་ལོ་དྲུག་རིང་ཨིསི་རཱཨེལ་གྱི་འགོ་འཁྲིད་བྱས་སོ། དེ་ནས་ཁོ་ཤི་བ་དང་ཁོ་རང་གི་ཕ་ཡུལ་གིལ་ཡད་དུ་སྦས་སོ༎

ཨིབ་ཛན་དང་ཨེ་ལོན་དང་ཨབ་དྷོན།

8ཡེཕ་ཐཱའི་རྗེས་སུ་བྷེད་ལེ་ཧེམ་པ་ཨིབ་ཛན་གྱིས་ཨིསི་རཱཨེལ་གྱི་འགོ་འཁྲིད་བྱས་སོ། 9དེ་ལ་བུ་གསུམ་ཅུ་དང་བུ་མོ་གསུམ་ཅུ་ཡོད་དོ། དེས་རང་གི་བུ་མོ་ཚོར་རིགས་རུས་མིན་པར་ཚོར་ཆང་ས་བརྒྱབ་པར་བཏང་ངོ་། རང་གི་རིགས་རུས་མིན་པའི་སྐྱེ་དམན་གསུམ་ཅུ་རང་གི་བུ་ཚོའི་མནའ་མར་ལེན་ནོ། ཨིབ་ཛན་གྱི་ལོ་བདུན་གྱི་རིང་ཨིསི་རཱཨེལ་པའི་འགོ་འཁྲིད་བྱས་སོ། 10དེ་ནས་ཁོ་ཤི་བ་དང་བྷེད་ལེ་ཧེམ་དུ་སྦས་སོ། 11ཨིབ་ཛན་གྱི་རྗེས་སུ་ཛེ་བུ་ལོན་པ་ཨེ་ལོན་གྱིས་ལོ་བཅུ་ རིང་ཨིསི་རཱཨེལ་གྱི་འགོ་འཁྲིད་བྱས་སོ། 12དེ་ནས་ཁོ་ཤི་བ་དང་ཛེ་བུ་ལུན་གྱི་མངའ་ཁུལ་ཨེ་ཡ་ལོན་དུ་སྦས་སོ། 13ཨེ་ལོན་གྱི་རྗེས་སུ་པི་ར་ཐོན་པ་ཧིལ་ལེལ་གྱི་བུ་ཨབ་དྷོན་གྱིས་ཨིསི་རཱཨེལ་གྱི་འགོ་འཁྲིད་བྱས་སོ། 14དེ་ལ་བུ་བཞི་བཅུ་དང་ཚ་བོ་གསུམ་ཅུ་ཡོད་པ་ཚོས་བོང་བུ་བདུན་ཅུ་ཞོན་བཞིན་ཡོད། ཨབ་དོན་གྱིས་ལོ་བརྒྱད་རིང་ཨིསི་རཱཨེལ་གྱི་འགོ་འཁྲིད་བྱས་སོ། 15དེ་ནས་ཁོ་ཤི་བ་དང་ཨེཕ་ར་ཡིམ་གྱི་མངའ་ཁུལ་ཨ་མ་ལེག་པའི་རི་བརྒྱུད་ཀྱི་ཡུལ་པི་ར་ཐོན་དུ་སྦས་སོ༎

ཁྲིམས་དཔོན 13

སམ་སོན་སྐྱེ་བ།

1སླར་ཡང་ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་དང་། ཁོང་གིས་ཕེ་ལེ་ཤེད་པ་ཚོར་དེ་ཚོའི་ཐོག་ཏུ་ལོ་བཞི་བཅུ་རིང་རྒྱལ་སྲིད་སྐྱོང་འཇུག་གོ 2སྐབས་དེར་ཛོ་རཱའི་གྲོང་ཁྱེར་ནས་ཡིན་པ་སྐྱེ་བོ་མ་ནོ་ཨ་ཟེར་བ་ཞིག་ཡོད་པ་དང་། ཁོ་དཱན་གྱི་སྡེ་རིགས་ནས་ཡིན་པ་དང་། ཁོའི་ཆུང་མར་ཕྲུ་གུ་རྩ་བ་ནས་ཆགས་མ་ཐུབ་བོ། 3གཙོ་བོ་དཀོན་མཆོག་གི་ཕོ་ཉ་ཞིག་མོ་ལ་སྣང་བར་འགྱུར་ནས་གསུངས་པ། ཁྱོད་ལ་ཕྲུ་གུ་རྩ་བ་ནས་འཁོར་ཐུབ་མེད་ན་ཡང་ཁྱོད་མགྱོགས་པོར་མངལ་དང་ལྡན་པར་འགྱུར་བ་དང་བུ་ཞིག་སྐྱེས་ཡོང་། 4རྒུན་ཆང་ངམ་ཆང་གཞན་འཐུང་རྒྱུ་དང་འགག་བྱ་ཡོད་པའི་ཟས་རྣམས་མི་ཟ་བར་ཟབ་ཟབ་བྱོས་ཤིག 5ཁྱོད་ཀྱིས་བུ་སྐྱེས་པའི་རྗེས་སུ་ཁོའི་སྐྲ་ནམ་ཡང་མ་གཞར་ཞིག གང་ལགས་ཟེར་ན། ཁོ་སྐྱེས་པའི་ཉིན་དེ་ནས་ནཛ་རི་པའི་ཚུལ་དུ་དཀོན་མཆོག་ལ་བསྔོ་བར་བྱེད་དོ། ཁོས་ཨིསི་རཱཨེལ་པ་ཚོ་ལ་ཕེ་ལེ་ཤེད་པའི་ལག་ནས་སྐྱོབ་པའི་ལས་འགོ་ཚུགས་པར་འགྱུར་རོ། 6དེ་ནས་བུད་མེད་དེ་རང་གི་ཁྱོ་སར་ཕྱིན་ནས་ཁོ་ལ་སྨྲས་པ། དཀོན་མཆོག་གི་སྐྱེ་བོ་ཞིག་ངའི་སར་ཕེབས་བྱུང་། ཁོང་ནི་དཀོན་མཆོག་གི་ཕོ་ཉ་དང་འདྲ་བ་འཇིགས་སུ་རུང་བ་ཞིག་འདུག ངས་ཁོང་གང་ནས་ཕེབས་པ་ཡིན་མིན་བཀའ་འདྲི་ཞུས་མེད་ལ། ཁོང་གིས་ང་ལ་ཁོང་གི་མཚན་ཡང་གསུངས་མ་བྱུང་། 7འོན་ཀྱང་ཁོང་གིས་ང་ལ་མངལ་དང་ལྡན་པར་འགྱུར་བ་དང་བུ་ཞིག་སྐྱེས་ཡོང་གསུངས་བྱུང་། ཁོང་གིས་ང་ལ་རྒུན་ཆང་དང་ཆང་གཞན་མ་འཐུང་ལ། འགག་བྱ་ཡོད་པའི་ཟས་རིགས་མ་ཟ་ཞིག གང་ལགས་ཟེར་ན། བུ་དེ་ཁོ་འཚོ་རིང་ལ་ནཛ་རི་པའི་ཚུལ་དུ་དཀོན་མཆོག་ལ་བསྔོ་བ་ཡིན་གསུངས་བྱུང་ཞེས་སྨྲས་སོ། 8དེ་ནས་མ་ནོ་ཨས་གཙོ་བོ་དཀོན་མཆོག་ལ། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་གཏོང་གནང་བའི་དཀོན་མཆོག་གི་སྐྱེ་བོ་དེ་ང་ཆོའི་སར་ཕེབས་འཇུག་ནས་བུ་དེ་སྐྱེས་སྐབས་ང་ཚོས་དེ་ལ་ཅི་བྱེད་དགོས་གསུངས་འཇུག་རོགས་གནང་ཞེས་གསོལ་བ་བཏབ་བོ། 9མ་ནོ་ཨས་གསོལ་བ་བཏབ་པ་ལྟར་དཀོན་མཆོག་གིས་དེ་ལྟར་མཛད་པས། ཁོང་གི་ཕོ་ཉ་དེ་ནི་བུད་མེད་དེ་ཞིང་ཁར་བསྡད་པའི་སྐབས་མོའི་སར་ཕེབས་པ་དང་། མོའི་ཁྱོ་མ་ནོ་ཨ་མོ་མཉམ་མེད་དོ། 10དེར་བརྟེན་མོ་མགྱོགས་པོར་རྒྱུགས་ཕྱིན་ནས། ལྟོས་དང་། ཉིན་ཤས་སྔོན་དུ་ངའི་སར་ཕེབས་མཁན་སྐྱེ་བོ་དེ་སླར་ཡང་ང་ལ་སྣང་བར་འགྱུར་སོང་ཞེས་སྨྲས་སོ། 11མ་ནོ་ཨ་ཡར་ལངས་ནས་རང་གི་ཆུང་མའི་རྗེས་སུ་ཕྱིན་པ་དང་། ཁོ་སྐྱེ་བོ་དེའི་སར་ཕྱིན་ནས། ཁྱེད་ངའི་ཆུང་མར་བཀའ་མོལ་གནང་མཁན་སྐྱེ་བོ་དེ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར། དེས་ང་ཡིན་ཞེས་བཀའ་ལན་གནང་ངོ་། 12དེ་ནས་མ་ནོ་ཨས། ཁྱེད་ཀྱིས་གསུངས་པའི་བཀའ་འགྲུབ་སྐབས་སུ་བུ་དེས་ཅི་བྱེད་དགོས་སམ། ཁོས་མི་ཚེ་ཇི་འདྲ་ཞིག་བསྐྱེལ་དགོས་སམ་ཞེས་བཀའ་འདྲི་ཞུས་པ་དང་། 13གཙོ་བོ་དཀོན་མཆོག་གི་ཕོ་ཉས་བཀའ་ལན་གནང་བ། ཁྱོད་ཀྱི་ཆུང་མས། ངས་མོ་ལ་ཇི་ལྟར་སྨྲས་པ་ལྟར་ཚང་མ་བྱེད་དགོས་སོ། 14མོས་རྒུན་ཤིང་ལས་བྱུང་བའི་རིགས་ཟ་མི་རུང་། མོས་རྒུན་ཆང་ནམ་ཆང་གཞན་འཐུང་མི་རུང་བ་དང་འགག་བྱ་ཡོད་པའི་ཟས་རིགས་ཟ་མི་རུང་། ངས་མོ་ལ་ཇི་ལྟར་སྨྲས་པ་ལྟར་ཚང་མ་བྱ་དགོས་ཤེས་སྨྲས་སོ། 15-16མ་ནོ་ཨས་ཁོང་གཙོ་བོ་དཀོན་མཆོག་གི་ཕོ་ཉ་ཡིན་པ་མ་ཤེས་སྟབས། ཁོས་ཁོང་ལ། ཁྱེད་ད་ལྟ་མ་ཕེབས་རོགས་གནང་། ངས་ཁྱེད་ལ་ར་ཕྲུག་གཅིག་བཙོས་འཇུག་རོགས་གནང་ཞེས་ཞུས་སོ། འོན་ཀྱང་ཕོ་ཉ་དེས། ང་བསྡད་ན་ཡང་ཁྱོད་ཀྱི་ཟས་མི་ཟའོ། འོན་ཀྱང་ཁྱོད་ཀྱིས་དེ་ལྟར་གྲ་སྒྲིགས་བྱ་འདོད་ན། དེ་གཙོ་བོ་དཀོན་མཆོག་ལ་མཆོད་པའི་ཚུལ་དུ་སྲེག་ཅིག་ཅེས་གསུངས་སོ། 17ལན་དུ་མ་ནོ་ཨས། ཁྱེད་ཀྱི་བཀའ་རྣམས་འགྲུབ་སྐབས་ང་ཚོས་ཁྱེད་ལ་གུས་བརྩི་ཞུ་བའི་ཆེད་ཁྱེད་ཀྱི་མཚན་ང་ཚོར་གསུང་རོགས་གནང་ཞུས་པས། 18ཕོ་ཉ་དེས། ཁྱོད་ཚོས་ངའི་མིང་ཅི་ལ་ཤེས་འདོད་དམ། དེ་ནི་ངོ་མཚར་ཅན་གྱི་མིང་ཡིན་ཞེས་གསུངས་སོ། 19དེར་བརྟེན་མ་ནོ་ཨས་ར་ཕྲུག་ཞིག་དང་འབྲུ་ཕྲན་བུ་འཁྱེར་ནས་ངོ་མཚར་ཅན་མཛད་མཁན་གཙོ་བོ་དཀོན་མཆོག་ལ་བྲག་སྟེང་གི་མཆོད་ཁྲིར་མཆོད་པར་ཕུལ་ལོ། 20-21མཆོད་ཁྲིའི་སྟེང་མེ་ལྕེ་ཡར་ཐོན་བཞིན་ཡོད་སྐབས། མ་ནོ་ཨ་དང་ཁོའི་ཆུང་མས་གཙོ་བོ་དཀོན་མཆོག་གི་ཕོ་ཉ་ནམ་མཁར་མེ་ལྕེ་དང་མཉམ་དུ་ཡར་ཕེབས་པ་མཐོང་ངོ་། དེ་ནས་མ་ནོ་ཨས་སྐྱེ་བོ་དེ་གཙོ་བོ་དཀོན་མཆོག་གི་ཕོ་ཉ་ཡིན་པ་ཤེས་པ་དང་། ཁོ་དང་ཁོའི་ཆུང་མ་གཉིས་ནས་ཁ་ས་ལ་འབུབ་པ་དང་། དེ་ཚོས་སླར་ཡང་ཕོ་ཉ་དེ་ནམ་ཡང་མ་མཇལ་ལོ། 22མ་ནོ་ཨས་རང་གི་ཆུང་མར། ང་ཚོས་དཀོན་མཆོག་མཇལ་ཡོད་པས་ང་ཚོ་ངེས་པར་འཆི་གི་རེད་ཅེས་སྨྲས་པ་དང་། 23འོན་ཀྱང་ལན་དུ་ཁོའི་ཆུང་མས། གཙོ་བོ་དཀོན་མཆོག་གིས་ང་ཚོ་གསོད་པར་འདོད་ཀྱི་ཡོད་ན། ཁོང་གིས་ང་ཆོའི་མཆོད་པ་ལ་དགྱེས་བཞེས་མི་གནང་བ་དང་། ཁོང་གིས་ང་ཚོར་འདི་ཚོ་ཚང་མ་སྟོན་པར་མཛད་པ་ལ་ད་ལྟ་གསུངས་པ་རྣམས་གསུངས་བར་མི་འགྱུར་ཞེས་སྨྲས་སོ། 24བུད་མེད་དེ་ལ་ཕྲུ་གུ་ཞིག་སྐྱེས་པ་དང་། དེའི་མིང་ལ་སམ་སོན་ཞེས་བཏགས་སོ། ཕྲུ་གུ་དེ་ཆེན་པོར་འགྱུར་བ་དང་གཙོ་བོ་དཀོན་མཆོག་གིས་ཁོ་ལ་བྱིན་རླབས་གནང་ངོ། 25གཙོ་བོ་དཀོན་མཆོག་གིས་ནུས་མཐུས་ཁོ་ནི་དཱན་གྱི་སྒར་གྱི་ཛོ་རཱ་དང་ཨེཤ་ཏ་ཨོལ་དབར་ཡོད་སྐབས་ཁོའི་ནུས་སྟོབས་སྤེལ་བར་མཛད་དོ༎

ཁྲིམས་དཔོན 14

སམ་སོན་དང་ཏིམ་ནཱ་ཀྱི་སྐྱེ་དམན།

1ཉིན་ཞིག་སམ་སོན་ཏིམ་ནཱ་དུ་སོང་བ་དང་། དེར་ཕེ་ལེ་ཤེད་པའི་སྐྱེ་དམན་ཞིག་མཐོང་ངོ་། 2ཁོ་ཁྱིམ་དུ་ཡར་ལོག་ནས་རང་གི་ཕ་མ་ལ། ཏིམ་ནཱ་དུ་ཕེ་ལེ་ཤེད་པའི་སྐྱེ་དམན་ཞིག་འདུག་པར་ངའི་ཡིད་འཕྲོག་སོང་། མོ་ངའི་ཆེད་དུ་ལེན་རོགས་གནང་། ང་མོ་དང་ཆང་ས་རྒྱབ་འདོད་འདུག་ཅེས་སྨྲས་སོ། 3འོན་ཀྱང་ཁོའི་ཕ་མ་གཉིས་ནས་ཁོ་ལ། ཁྱོད་ཆུང་མ་ལེན་པར་ཕེ་ལེ་ཤེད་པ་ཀླ་ཀློ་ཚོའི་སར་འགྲོ་དགོས་སམ། ང་ཚོའི་མི་མང་ཚང་མའི་ཁྲོད་དུ་ང་ཚོའི་རིགས་རུས་ཀྱི་བུ་མོ་ཞིག་མི་འདུག་གམ་ཞེས་དྲིས་པ་དང། འོན་ཀྱང་སམ་སོན་གྱིས་རང་གི་ཕ་ལ། ང་མོ་ལ་ཤིན་ཏུ་ཡིད་འཕྲོག་བཞིན་འདུག་པས། བུ་མོ་དེ་རང་ཁྱེད་ཀྱིས་ངའི་ཆེད་དུ་ལེན་རོགས་གནང་ཞེས་སྨྲས་སོ། 4ཁོའི་ཕ་མས། གཙོ་བོ་དཀོན་མཆོག་གིས། ཕེ་ལེ་ཤེད་པ་ཚོ་དང་མཉམ་དུ་དམག་འཐབ་གནང་རྒྱུའི་གོ་སྐབས་འཚོལ་གནང་བཞིན་ཡོད་པ་དང་། གཙོ་བོ་དཀོན་མཆོག་གིས་སམ་སོན་ལ་དེ་ལྟར་བྱེད་དུ་འཇུག་གནང་གི་ཡོད་པ་མ་ཤེས་སོ། དེ་སྐབས་ཕེ་ལེ་ཤེད་པ་ཚོས་ཨིསི་རཱཨེལ་དབང་བསྒྱུར་བྱེད་བཞིན་ཡོད་དོ། 5དེར་བརྟེན་སམ་སོན་རང་གི་ཕ་མ་གཉིས་མཉམ་དུ་ཏིམ་ནཱ་དུ་སོང་བ་དང་། ཁོ་ཚོ་རྒུན་ཚལ་བརྒྱུད་ནས་འགྲོ་སྐབས། དེར་ཁོས་སེང་གེ་ན་གཞོན་ཞིག་ངར་སྐད་འདོན་བཞིན་ཡོད་པ་མཐོང་བ་དང་། 6གློ་བུར་དུ་གཙོ་བོ་དཀོན་མཆོག་གི་མཐུ་སྟོབས་ཀྱིས་སམ་སོན་ཤུགས་ཆེན་པོ་བཟོས་གནང་བ་དང་། ཁོས་ལག་པ་གཅིག་པུས་སེང་གེ་དེ་ར་ཕྲུག་ཞིག་ལྟར་དུམ་བུར་ཕྲལ་ལོ། འོན་ཀྱང་ཁོས་ཇི་ལྟར་གྱིས་པ་རང་གི་ཕ་མར་ལབ་མེད་དོ། 7དེ་ནས་ཁོ་སོང་ནས་སྐྱེ་དམན་དེ་དང་གཏམ་གླེང་བྱས་པ་དང་། ཁོས་མོ་ལ་དགའ་པོ་བྱས་སོ། 8ཉི་མ་ཁ་ཤས་རྗེས་ལ་སམ་སོན་མོ་དང་ཆང་ས་རྒྱབ་པར་ཕྱིན་ནོ། ལམ་དུ་ཁོས་བསད་པའི་སེང་གེ་དེ་བལྟ་བར་ཕྱིན་པ་དང་། ཁོས་དེར་སྦྲང་ནོར་བུའི་ཁྱུ་ཚོགས་དང་རོའི་ནང་སྦྲང་རྩི་ཕྲན་བུ་ཡོད་པ་མཐོང་ནས་ཧ་ལས་སོ། 9ཁོས་སྦྲང་རྩི་ལག་པའི་ནང་བླངས་ནས་ཟ་ཞིང་སོང་ངོ་། དེ་ནས་ཁོ་རང་གི་ཕ་མ་གཉིས་སར་སོང་ནས་ཁོ་ཚོར་སྦྲང་རྩི་དེ་ནས་ཕྲན་བུ་སྤྲད་དོ། དེ་གཉིས་ཀྱིས་ཀྱང་ཟས་སོ། འོན་ཀྱང་སམ་སོན་གྱིས་ཁོ་གཉིས་ལ་དེ་སེང་གེ་ཤི་བའི་རོ་ནས་བླངས་པའི་སྐོར་ལ་གང་ཡང་མ་སྨྲས་སོ། 10ཁོའི་ཕ་དེ་བུ་མོའི་ཁྱིམ་དུ་ཕྱིན་པ་དང་། སམ་སོན་གྱི་དེར་ཐུགས་སྤྲོ་ཞིག་བཏང་ངོ་། དེ་ནི་སྐྱེས་པ་ན་གཞོན་ཚོའི་ལུགས་སྲོལ་ཞིག་ཡིན་ནོ། 11ཕེ་ལེ་ཤེད་པ་ཚོས་ཁོ་མཐོང་བ་དང་ཁོ་དང་མཉམ་དུ་བསྡད་པར་སྐྱེས་པ་ན་གཞོན་གསུམ་བཅུ་བཏང་ངོ་། 12-13སམ་སོན་གྱིས་དེ་ཚོ་ལ་སྨྲས་པ། ངས་ཁྱོད་ཚོར་གབ་ཚིག་གཅིག་འདྲི་བར་བྱའོ། ཁྱོད་ཚོས་ཆང་སའི་གསོལ་སྟོན་རྫོགས་པའི་ཉིན་བདུན་གྱི་སྔོན་ལ་ཁྱོད་ཚོ་རེ་རེས་ངས་བརྗོད་པའི་གབ་ཚིག་དེའི་དོན་དེ་བཤད་ཐུབ་པ་ཡིན་ན། ངས་ཀ་ཅིའི་རས་གོས་གསུམ་ཅུ་ རེར་དང་གྱོན་གོས་ལེགས་ཤོས་གསུམ་ཅུ་རེར་སྤྲོད་རྒྱུ་ཡིན། དེ་ཚོས་གབ་ཚིག་དེ་ཤོད་དང་། ང་ཚོས་དེ་ཉན་པར་བྱ་ཞེས་སྨྲས་པ་དང་། 14ཁོས། ཟ་མཁན་ཞིག་ནས་ཟ་རྒྱུ་ཐོན། སྟོབས་ཆེན་ཞིག་ནས་མངར་མོའི་རིགས་ཐོན་ཞེས་སྨྲས་སོ། ཉིན་གསུམ་གྱི་རྗེས་སུ་ཡང་དེ་ཚོས་གབ་ཚིག་དེའི་དོན་བརྗོད་མ་ཐུབ་བོ། 15ཉིན་བཞི་པར་དེ་ཚོས་སམ་སོན་གྱི་ཆུང་མར། ཁྱོད་ཀྱི་ཁྱོ་གས་ང་ཚོར་གབ་ཚིག་ལབ་པར་དེའི་དོན་ཤོད་རྒྱུར་ཁོ་ལ་བསླུས་ཤིག ཁྱོད་ཀྱིས་དེ་ལྟར་མ་བྱས་པ་ཡིན་ན། ང་ཚོས་ཁྱོད་ཀྱི་ཕའི་ཁང་པ་མེར་སྲེག་རྒྱུ་དང་། དེ་དང་མཉམ་དུ་ཁྱོད་ཀྱང་སྲེག་རྒྱུ་ཡིན་ནོ། ཁྱོད་གཉིས་ཀྱིས་ང་ཚོར་འཕྲོག་བཅོམ་བྱ་རྒྱུར་མགྲོན་འབོད་བྱས་པ་མ་རེད་དམ་ཞེས་སྨྲས་སོ། 16སམ་སོན་གྱི་ཆུང་མ་ཁོའི་སར་ངུ་བཞིན་ཕྱིན་ནས། ཁྱོད་ཀྱིས་ང་ལ་བརྩེ་བ་བྱེད་བཞིན་མི་འདུག ཁྱོད་ཀྱིས་ང་ལ་སྡང་པོ་བྱེད་བཞིན་འདུག ཁྱོད་ཀྱིས་ངའི་གྲོགས་པོ་ཚོར་གབ་ཚིག་ཞིག་གི་དོན་དྲིས་ན་ཡང་ང་ལ་དེའི་དོན་བཤད་མ་བྱུང་ཞེས་སྨྲས་སོ། ཁོས་ངའི་ཕ་མ་ལ་ཡང་བཤད་མེད་པས། ངས་ཁྱོད་ལ་ཅིའི་ཕྱིར་བཤད་དགོས་སམ་ཞེས་སྨྲས་སོ། 17མོས་དེའི་དོན་ལ་གསོལ་སྟོན་གྱི་ཉི་མ་བདུན་གྱི་རིང་ལ་ཉིན་གང་ངུས་སོ། འོན་ཀྱང་ཉིན་བདུན་པ་ལ་ཁོས་མོ་ལ་གབ་ཚིག་དེའི་དོན་གང་ཡིན་པ་བཤད་དོ། གང་ལགས་ཟེར་ན། མོས་དེའི་སྐོར་ལ་ཧ་ཅང་སུན་པོ་བཟོ་བཞིན་ཡོད་དོ། དེ་ནས་མོས་གབ་ཚིག་དེའི་དོན་ཕེ་ལེ་ཤེད་པ་ཚོར་བཤད་དོ། 18དེར་བརྟེན་ཉིན་བདུན་པར་སམ་སོན་ཉལ་ཁང་དུ་སོང་བའི་སྔོན་ལ་གྲོང་ཁྱེར་གྱི་སྐྱེ་བོ་ཚོས་ཁོ་ལ། སྦྲང་རྩི་ལས་མངར་བ་ཅི་ཡོད་པ་ཡིན། སེང་གེ་ལས་ཤུགས་ཆེ་བ་སུ་ཡོད་དམ་ཞེས་སྨྲས་སོ། ལན་དུ་སམ་སོན་གྱིས། ཁྱོད་ཆོས་ངའི་བ་ཕྱུགས་ཀྱི་ཞིང་རྨོ་བཞིན་མེད་པ་ཡིན་ན། ཁྱོད་ཚོས་ད་ལྟ་དེའི་ལན་ཤེས་པར་མི་འགྱུར་ཞེས་སྨྲས་སོ། 19གློ་བུར་དུ་གཙོ་བོ་དཀོན་མཆོག་གི་མཐུ་སྟོབས་ཀྱིས་ཁོ་ཤུགས་ཆེན་པོར་འགྱུར་ནས། ཁོ་ཨཤ་ཀེ་ལོན་དུ་མར་ཕྱིན་པ་དང་། དེར་ཁོས་མི་སུམ་ཅུ་བསད་དེ་དེ་ཚོའི་གྱོན་གོས་ལེག་པོ་དེ་ཚོ་གབ་ཚིག་གི་དོན་བཤད་མཁན་གྱི་སྐྱེ་བོ་ཚོར་སྤྲད་དོ། དེ་རྗེས་ཇི་ལྟར་བྱུང་བ་ལ་ཁྲོས་ནས་ཁོ་རང་གི་ཁྱིམ་དུ་ལོག་གོ 20ཁོའི་ཆུང་མ་དེ་ཆང་སའི་སྐབས་སུ་ཁོའི་རོགས་པར་བསྡད་མཁན་གྲོགས་པོ་དེ་ལ་སྤྲད་དོ༎

ཁྲིམས་དཔོན 15

1དུས་ཚོད་ཕྲན་བུའི་རྗེས་སུ་བྲོ་རྔ་བའི་དུས་སྐབས་སུ་སམ་སོན་ར་ཕྲུག་གཅིག་འཁྲིད་ནས་རང་གི་ཆུང་མ་འཕྲད་པར་ཕྱིན་པ་དང་། ཁོས་མོའི་ཕ་ལ། ང་ནི་ངའི་ཆུང་མའི་ཁང་མིག་ནང་དུ་འགྲོ་འདོད་འདུག་ཅེས་སྨྲས་སོ། འོན་ཀྱང་ཕས་ཁོ་ལ་འགྲོ་རུ་མ་བཅུག་པར། 2ཁོས་སམ་སོན་ལ། ངའི་བསམ་བློར་ཁྱོད་ཀྱིས་མོ་ལ་དངོས་འབྲེལ་སྡང་པོ་བྱེད་བཞིན་ཡོད་པ་རེད་བསམ་ནས། ངས་མོ་ཁྱོད་ཀྱི་གྲོགས་པོ་ལ་སྤྲད་པ་ཡིན་ནོ། འོན་ཀྱང་མོའི་སྤུན་ཆུང་བ་མོ་ལས་མཛེས་པ་ཡོད་སྟབས་དེའི་ཚབ་ལ་མོ་ལེན་ཆོག་ཅེས་སྨྲས་སོ། 3སམ་སོན་གྱིས། ད་རེས་ངས་ཕེ་ལེ་ཤེད་པ་ཚོར་ཇི་ལྟར་བྱེད་རྒྱུ་ཡིན་པ་དེ་འགན་འཁུར་གྱི་མིན་ཞེས་སྨྲས་སོ། 4དེར་བརྟེན་ཁོ་ཕྱིན་ནས་ཝ་མོ་ ༣༠༠ བཟུང་ནས། ཁོས་དེ་ཚོ་གཉིས་ཀྱི་གཞུ་གུ་མཉམ་དུ་བསྡམས་ནས་མདུད་པའི་བར་པད་འབར་བཙུགས་སོ། 5དེ་ནས་ཁོས་པད་འབར་ལ་མེ་སྤར་ནས་ཕེ་ལེ་ཤེད་པའི་འབྲུ་ཞིང་གི་སྟེང་ལ་སློད་ནས་བཏང་ངོ་། དེ་ལྟར་ཁོས་སྟོན་ཐོག་རྔས་ཟིན་པ་མ་ཟད་ཞིང་ཁའི་ནང་ཡོད་པའི་སྟོན་ཐོག་དང་། ཁ་སྐྱུར་པོའི་ཚལ་ཞིང་བཅས་པ་ཚང་མ་མེར་བསྲེགས་སོ། 6ཕེ་ལེ་ཤེད་པ་ཚོས་དེ་ལྟར་སུས་བྱས་པ་ཡིན་མིན་འདྲི་སྐབས་སུ། སམ་སོན་གྱི་གྱོས་པོ་དེ་ནི་ཏིམ་ནཱ་ནས་ཡིན་པ་སམ་སོན་གྱི་ཆུང་མ་ཁོའི་གྲོགས་པོ་ཞིག་ལ་སྤྲད་པའི་རྐྱེན་གྱིས་དེ་ལྟར་བྱས་པ་ཤེས་སོ། དེར་བརྟེན་ཕེ་ལེ་ཤེད་པ་ཚོ་སོང་ནས་སྐྱེ་དམན་དེ་ལ་མེར་བསྲེགས་ནས་བསད་པ་དང་། མོའི་ཕའི་ཁང་ཁྱིམ་ཡང་མེར་བསྲེགས་སོ། 7དེ་ཚོ་ལ་སམ་སོན་གྱིས། ཁྱོད་ཚོས་དེ་ལྟར་བྱས་རྐྱེན་ངས་དེའི་ལན་མ་འཇལ་བར་ཁ་རོག་མི་སྡོད་རྒྱུའི་དམ་བཅའ་བྱ་རྒྱུ་ཡིན་ཞེས་སྨྲས་སོ། 8ཁོས་དེ་དག་ལ་ཉེས་བརྡུངས་དྲག་པོ་བཏང་ནས་དེ་ཚོ་མང་པོ་བསད་དོ། དེ་ནས་ཁོ་སོང་ནས་ཨེ་ཏམ་གྱི་བྲག་ཕུག་ནང་བསྡད་དོ༎

སམ་སོན་གྱིས་ཕེ་ལེ་ཤེད་པ་ཚོ་ཕམ་པར་བྱས་པ།

9ཕེ་ལེ་ཤེད་པ་ཚོ་ཡོང་ནས་ཡ་ཧུ་དཱར་སྒར་རྒྱབ་ནས་གྲོང་ཁྱེར་ལེ་ཧི་ལ་འཐབ་བོ། 10ཡ་ཧུ་དཱ་པའི་སྐྱེས་པ་ཚོས་ཁྱོད་ཚོས་ང་ཚོར་འཐབ་རྒོལ་ཅི་ལ་བྱེད་ཀྱི་ཡོད་དམ་ཞེས་དྲིས་སོ། དེ་ཚོས། ང་ཚོ་སམ་སོན་ལ་བཙོན་བཟུང་བྱེད་རྒྱུ་དང་ཁོས་ང་ཚོར་ཇི་ལྟར་གྱིས་པ་ལྟར་ལན་འཇལ་བར་ཡོང་བ་ཡིན་ཞེས་སྨྲས་སོ། 11དེར་བརྟེན་ཡ་ཧུ་དཱ་པའི་སྐྱེས་པ་ ༣,༠༠༠ ཨེ་ཏམ་གྱི་བྲག་ཕུག་ཏུ་ཕྱིན་ནས་སམ་སོན་ལ། ཁྱོད་ཀྱིས་ཕེ་ལེ་ཤེད་པ་ཚོ་ང་ཆོའི་ཆབ་སྲིད་སྐྱོང་མཁན་ཡིན་པ་ཤེས་ཀྱི་མེད་དམ། ཁྱོད་ཀྱིས་ང་ཚོར་ཅི་བྱས་ཡོད་དམ་ཞེས་སྨྲས་སོ། ལན་དུ་ཁོས། དེ་ཚོས་ང་ལ་ཇི་ལྟར་གྱིས་པ་ལྟར་ངས་དེ་ཚོ་ལ་གྱིས་པ་ཡིན་ཞེས་སྨྲས་པ་དང་། 12དེ་ཚོས། ང་ཚོས་ཁྱོད་ལ་བསྡམས་ནས་ཁོ་ཚོར་རྩིས་སྤྲོད་བྱེད་པའི་ཆེད་འདིར་ཡོང་བ་ཡིན་ཞེས་སྨྲས་སོ། སམ་སོན་གྱིས། ཁྱོད་ཚོ་རང་ཉིད་ཀྱིས་ང་ལ་མི་གསོད་རྒྱུའི་ཁས་ལེན་བྱོས་ཤིག་ཅེས་སྨྲས་པ་དང་། 13དེ་ཚོས་དེ་ལྟར་བྱེད་ཆོག། ང་ཚོས་ཁྱོད་ལ་བསྡམས་ནས་ཁོ་ཚོར་རྩིས་སྤྲོད་བྱ་རྒྱུ་ཡིན་པ་དང་། ང་ཚོས་ཁྱོད་གསོད་རྒྱུ་མིན་ཞེས་སྨྲས་སོ། དེ་ནས་དེ་ཚོས། ཁོ་ལ་ཐག་པ་གསར་པ་གཉིས་ཀྱིས་བསྡམས་ནས་བྲག་ཕུག་ནས་མར་འཁྲིད་ཡོང་ངོ་། 14ལེ་ཧི་དུ་ཁོ་འབྱོར་བ་དང་། ཕེ་ལེ་ཤེད་པ་ཚོ་ཁོའི་ཕྱོགས་སུ་རྒྱུག་ཡོང་ནས་ཁོ་ལ་ཁ་བརྡུང་བཏང་བ་དང་། གློ་བུར་དུ་གཙོ་བོ་དཀོན་མཆོག་གི་མཐུ་སྟོབས་ཀྱིས་ཁོ་ཤུགས་ཆེན་པོར་འགྱུར་ནས། ཁོའི་ལག་ངར་དང་བཅིངས་པའི་ཐག་པ་རྣམས་སྐུད་པ་འཚིག་རོ་ལྟར་བཅད་དོ། 15དེ་ནས་ཁོ་ལ་ཉིན་ཤས་སྔོན་དུ་ཤི་བའི་བོང་བུའི་འགྲམ་རུས་ཤིག་རྙེད་ནས། ཁོས་སྒུར་ནས་དེ་བླངས་ཏེ་དེས་སྐྱེས་པ་ ༡,༠༠༠ བསད་དོ། 16དེ་ནས་སམ་སོན་གྱིས་འདི་ལྟར་གཞས་བཏང་ངོ་། བོང་བུ་ཞིག་གི་འགྲམ་རུས་ཀྱིས། ང་ཡིས་སྐྱེས་པ་ ༡,༠༠༠ བསད། བོང་བུ་ཞིག་གི་འགྲམ་རུས་ཀྱིས། ང་ཡིས་དེ་ཚོ་ཕུང་པོར་སྤུངས། 17དེ་ནས་ཁོས་འགྲམ་རུས་དེ་དབྱུགས་སོ། དེ་ལྟར་བྱུང་ཡུལ་ས་ཁུལ་དེ་ལ་ར་མད་ལེ་ཧི་བཏགས་སོ། 18དེ་ནས་སམ་སོན་ཤིན་ཏུ་སྐོམ་པས། ཁོས་གཙོ་བོ་དཀོན་མཆོག་ལ་བོས་ཤིང་ཁོང་ལ། ཁྱེད་ཀྱིས་ང་ལ་རྒྱལ་ཁ་ཆེན་པོ་འདི་གནང་བ་དང་། ད་ཆ་ང་སྐོམ་ནས་འཆི་གྲབ་འདུག་པས་ཕེ་ལེ་ཤེད་པ་ཀླ་ཀློ་འདི་རྣམས་ནས་ང་ལ་བཟུང་བར་འདོད་དམ་ཞེས་ཞུས་སོ། 19དཀོན་མཆོག་གིས་དེར་ལེ་ཧི་དུ་ས་དོང་ཞིག་ཕྱེ་བར་མཛད་པས་དེ་ནས་ཆུ་ཐོན་ནས། སམ་སོན་གྱིས་དེ་ནས་ཆུ་འཐུང་བ་དང་ཧ་ཅང་བསྐོམ་པ་དྲག་ཏུ་ཕྱིན་ནོ། དེ་བས་ན་ཆུ་མིག་དེ་ལ་ཧ་ཀོར་ཞེས་བཏགས་པ་དང་། དེ་དེང་སང་ཡང་ལེ་ཧི་དུ་ཡོད་དོ། 20ལོ་ཉི་ཤུའི་རིང་ཕེ་ལེ་ཤེད་པ་ཚོས་ཡུལ་དེ་དབང་བསྒྱུར་བྱེད་པའི་རིང་ལ་སམ་སོན་གྱིས་ཨིསི་རཱཨེལ་གྱི་འགོ་འཁྲིད་བྱས་སོ༎

ཁྲིམས་དཔོན 16

སམ་སོན་ག་ཛ་རུ།

1ཉིན་ཞིག་སམ་སོན་ཕེ་ལེ་ཤེད་པའི་གྲོང་ཁྱེར་གྷ་ཛར་ཕྱིན་པ་དང་། དེར་སྨད་ཚོང་མ་ཞིག་འཕྲད་ནས་མོ་མཉམ་དུ་ཉལ་བར་ཕྱིན་ནོ། 2གྷ་ཛའི་མི་མང་རྣམས་ནས་སམ་སོན་དེར་ཡོད་པ་ཤེས་པ་དང་། དེ་ཚོས་ས་ཁུལ་དེའི་མཐའ་བསྐོར་ནས་མཚན་གང་གྲོང་ཁྱེར་གྱི་རྒྱལ་སྒོར་ཁོ་ལ་སྒུག་བསྡད་དོ། དེ་ཚོ་མཚན་གང་ཁུ་སིམ་པོར་བསམ་བློ་བཏང་ནས། ང་ཚོས་ནམ་མ་ལངས་བར་དུ་སྒུག་ནས། དེ་ནས་ཁོ་གསོད་ཀྱི་ཡིན་བསམ་ནས་བསྡད་དོ། 3འོན་ཀྱང་སམ་སོན་ཉལ་སར་ནམ་ཕྱེད་བར་བསྡད་པ་དང་། དེ་ནས་ཁོ་ཡར་ལངས་ནས་གྲོང་ཁྱེར་གྱི་རྒྱལ་སྒོ་དེའི་སྒོ་དང་ཀ་བ་དང་སྒོ་ལྕགས་དང་བཅས་པ་ཚང་མ་བཀོག་ནས། དེ་ཚོ་ཚང་མ་རང་གི་དཔུང་པར་འཁུར་ནས་ཧེབ་རོན་གྱི་རི་བོའི་རྩེ་མོའི་བར་འཁྱེར་རོ༎

སམ་སོན་དང་དྷེ་ལི་ལཱ།

4དེའི་རྗེས་སུ་སམ་སོན་སོ་རེག་གི་ལུང་གཤོང་དུ་གནས་སྡོད་བྱ་མཁན་བུད་མེད་དྷེ་ལི་ལཱ་ཟེར་བར་སེམས་ཤོར་གྱི་ཡོད་དོ། 5ཕེ་ལེ་ཤེད་པའི་རྒྱལ་པོ་ལྔ་རྣམས་ནི་མོའི་སར་སོང་ནས་མོ་ལ། སམ་སོན་ལ་བསླུ་འཁྲིད་ཀྱིས་ཁོ་ཧ་ཅང་ཤུགས་ཆེན་པོ་ཇི་ལྟར་བྱུང་བ་ཡིན་པ་དང་། ང་ཚོས་ཁོ་ལ་ཇི་ལྟར་ཕམ་པར་བྱ་ཐུབ་མིན་ཤོད་དུ་འཇུག་ལ། ཁོ་བསྡམས་ནས་གང་ཡང་བྱེད་མ་ཐུབ་པ་བཟོས་ཤིག ང་ཚོ་རེ་རེས་ཁྱོད་ལ་དངུལ་དུམ་བུ་ ༡,༡༠༠ སྤྲོད་རྒྱུ་ཡིན་ཞེས་སྨྲས་སོ། 6དེ་བས་ན་དྷེ་ལི་ལཱས་སམ་སོན་ལ། ཁྱོད་ཧ་ཅང་ཤུགས་ཆེན་པོ་བྱུང་བ་དེ་གང་གི་བཟོས་པ་ཡིན་ནམ། གལ་སྲིད་ཁྱོད་བསྡམས་ནས་ནུས་མེད་བཟོ་བར་ཇི་ལྟར་བྱེད་ཐུབ་བམ་ལབ་རོགས་ཤེས་སྨྲས་པ་དང་། 7ལན་དུ་སམ་སོན་གྱིས། གལ་སྲིད་དེ་ཚོས་ང་ལ་མ་སྐམ་པའི་གཞུའི་ཐག་པ་གསར་པ་བདུན་གྱིས་བསྡམས་པ་ཡིན་ན་ང་གཞན་ལྟར་ནུས་མེད་དུ་གྱུར་ཞེས་སྨྲས་སོ། 8དེ་བས་ན་ཕེ་ལེ་ཤེད་པའི་རྒྱལ་པོ་རྣམས་ཀྱིས་དྷེ་ལི་ལཱར། མ་སྐམ་པའི་གཞུའི་ཐག་པ་གསར་པ་བདུན་སྤྲད་པ་དང་། མོས་སམ་སོན་ལ་བསྡམས་སོ། 9མོས་མི་འགའ་ཤས་ཁང་མིག་གཞན་དུ་སྒུག་ནས་བསྡད་བཅུག་ཡོད་དོ། མོས་སམ་སོན་ལ་ཕེ་ལེ་ཤད་པ་ཚོ་ཡོང་གི་འདུག་ཅེས་སྨྲས་སོ། འོན་ཀྱང་ཁོས་གཞུའི་ཐག་པ་དེ་ཚོ་ཐག་པ་མེར་འཚིག་པ་བཞིན་བཅད་དོ། དེ་བས་ན་དེ་ཚོས་ཁོའི་སྟོབས་ཤུགས་ཀྱི་གསང་བ་དེ་ཚོ་རྟོགས་མི་ཐུབ་བོ། 10དྷེ་ལི་ལཱས་སམ་སོན་ལ། ཁྱོད་ཀྱིས་ང་ལ་གླེན་པ་བཟོས་ནས་ང་ལ་དྲང་པོ་ཤོད་ཀྱི་མི་འདུག ཁྱོད་གང་ཞིག་གིས་ཇི་ལྟར་བསྡམས་ཐུབ་བམ་ང་ལ་ཤོད་རོགས་ཤེས་སྨྲས་པ་དང་། 11ཁོས་ལན་དུ། གལ་སྲིད་དེ་ཚོས་ང་ལ་ཐག་པ་གསར་པ་བེད་སྤྱོད་མ་བྱས་པ་ཞིག་གིས་བསྡམས་པ་ཡིན་ན། ང་གཞན་ལྟར་ནུས་མེད་དུ་གྱུར་ཞེས་སྨྲས་སོ། 12དེ་བས་ན་དྷེ་ལི་ལཱ་ཐག་པ་གསར་པ་འགའ་ཤས་བྱུང་བ་དང་དེས་ཁོ་ལ་བསྡམས་སོ། དེ་ནས་མོས། སམ་སོན་ཕེ་ལེ་ཤེད་པ་ཚོ་ཡོང་གི་འདུག་ཅེས་སྐད་རྒྱབ་བོ། མི་ཚོ་ཁང་པ་གཞན་ཞིག་གི་ནང་བསྡད་ཡོད་དོ། འོན་ཀྱང་ཁོས་ལག་ངར་ནས་ཐག་པ་དེ་ཚོ་སྐུད་པ་ལྟར་བཅད་དོ། 13དྷེ་ལི་ལཱས་སམ་སོན་ལ། ཁྱོད་ཀྱིས་ད་དུང་ང་ལ་གླེན་པ་བཟོ་བཞིན་ང་ལ་དྲང་པོ་ཤོད་བཞིན་མི་འདུག ཁྱོད་གང་ཞིག་གིས་ཇི་ལྟར་བསྡམས་ཐུབ་བམ་བརྗོད་རོགས་ཤེས་སྨྲས་སོ། ལན་དུ་སམ་སོན་གྱིས། ཁྱོད་ཀྱིས་ངའི་སྐྲའི་རལ་པ་བདུན་པོ་དེ་འཐག་ཁྲིར་བཏགས་ནས། དེ་ཚོ་འཐག་ཕུར་གྱི་དམ་པོ་བཟོས་པ་ཡིན་ན། ང་གཞན་ལྟར་ནུས་མེད་དུ་འགྱུར་ཞེས་སྨྲས་སོ། 14དྷེ་ལི་ལཱས་ཁོ་གཉིས་ཁུག་བཅུག་ནས། ཁོའི་སྐྲའི་རལ་པ་བདུན་པོ་བླངས་ནས་འཐག་ཁྲིར་བཏགས་ཏེ། དེ་ཚོར་ཕུར་པ་བཙུགས་སོ། སམ་སོན་ལ་ཕེ་ལེ་ཤེད་པ་རྣམས་ཡོང་གི་འདུག་ཅེས་སྐད་རྒྱབ་བོ། འོན་ཀྱང་ཁོ་ཡར་ལངས་ནས་འཐག་ཁྲི་ནས་སྐྲ་འཐེན་ནས་བཀྲོལ་ལོ། 15མོས་ཁོ་ལ། ཁྱོད་ཀྱི་སེམས་ནང་ང་ལ་བརྩེ་བ་མེད་བཞིན་དུ་ང་ལ་བརྩེ་བ་ཡོད་ཅི་ལ་སྨྲ་བཞིན་ཡོད་པ་དང་། ཁྱོད་ཀྱིས་ང་ལ་ཐེངས་གསུམ་གླེན་པ་བཟོས་ནས། ད་དུང་ཁྱོད་གང་ཞིག་གིས་ཤུགས་ཧ་ཅང་ཆེན་པོ་བཟོ་ཡོད་པ་ལབ་མ་བྱུང་ཞེས་སྨྲས་སོ། 16མོས་ཁོ་ལ་ཉིན་ལྟར་སྐད་ཆ་འདྲི་བཞིན་བསྡད་ནས། དེའི་སྐོར་མོས་ཁོ་ལ་ཧ་ཅང་སུན་པོ་བཟོས་པར་ཁོ་ཡིད་ཐང་ཆད་པ་དང་། 17མཐའ་མར་ཁོས་མོ་ལ་དྲང་པོ་བཤད་དོ། ཁོས་སྨྲས་པ། ངའི་སྐྲ་ནམ་ཡང་བཞར་མེད། ང་སྐྱེས་པ་ནས་བཟུང་ང་དཀོན་མཆོག་ལ་ནཛ་རི་པ་ཚུལ་དུ་བསྔོ་བ་ཡིན། ངའི་སྐྲ་བཅད་པ་ཡིན་ན་ངའི་སྟོབས་ཤུགས་རྣམས་ཉམ་པ་དང་ང་གཞན་ལྟར་ནུས་མེད་དུ་འགྱུར་ཞེས་སོ། 18ཁོས་མོ་ལ་དྲང་པོ་བཤད་པ་དེ་ཤེས་པ་དང་། ཕེ་ལེ་ཤེད་པའི་རྒྱལ་པོ་ཚོར་ལོན་བཏང་ནས། ཡང་སྐྱར་ཐེངས་གཅིག་ཕེབས་རོགས་ཁོས་ང་ལ་དྲང་པོ་བཤད་བྱུང་ཞེས་སྨྲས་སོ། དེ་ཚོས་དངུལ་མཉམ་དུ་འཁྱེར་ཡོང་ངོ་། 19དྷེ་ལི་ལཱས་སམ་སོན་ལ་རང་གི་དཔང་དུ་གཉིད་ཁུག་འཇུག་པ་དང་། དེ་ནས་མི་ཞིག་སྐད་བཏང་བ་དེས་སམ་སོན་གྱི་སྐྲའི་རལ་པ་བདུན་པོ་བཅད་དོ། དེ་ནས་ཁོའི་སྟོབས་ཤུགས་ཉམས་པ་དང་། མོས་ཁོ་ལ་སྡུག་པོ་བཏང་འགོ་ཚུགས་སོ། 20དེ་ནས་མོས་སམ་སོན་ཕེ་ལེ་ཤེད་པ་ཚོ་ཡོང་བཞིན་འདུག་ཅེས་སྐད་རྒྱབ་བོ། ཁོ་གཉིད་སད་པ་དང་སྔར་རྒྱུན་ལྟར་ངས་བཀྲོལ་ནས་ཐར་བར་བྱེད་བསམ་མོ། ཁོས་གཙོ་བོ་དཀོན་མཆོག་ཁོ་ནས་བྲལ་བ་མ་ཤེས་སོ། 21ཕེ་ལེ་ཤེད་པ་ཚོས་ཁོ་ལ་བཟུང་སྟེ་མིག་གཉིས་ཀ་བཏོན་ནས། དེ་ཚོས་ཁོ་གྷ་ཛ་རུ་འཁྲིད་ནས་ལིའི་ཐག་པ་རྒྱབ་ནས་བཙོན་ཁང་དུ་རང་འཐག་བསྐོར་དུ་བཅུག། 22འོན་ཀྱང་སླར་ཡང་སྐྲ་སྐྱེས་འགོ་ཚུགས་སོ༎

སམ་སོན་འཆི་བ།

23ཕེ་ལེ་ཤེད་པའི་རྒྱལ་པོ་རྣམས་དུས་སྟོན་སྲུང་རྒྱུ་དང་། དེ་ཚོས་ལྷ་དྷ་གོན་ལ་མཆོད་པ་རྒྱ་ཆེ་འབུལ་བའི་ཆེད་ལྷན་དུ་འཛོམས་ནས། དེ་ཚོས། ང་ཚོའི་ལྷས་ང་ཚོའི་དགྲ་བོར་སམ་སོན་གྱི་ཐོག་ང་ཚོར་རྒྱལ་ཁ་གནང་བྱུང་ཞེས་མགུར་མ་ལེན་ནོ། 24-25དེ་ཚོ་དགའ་སྐྱིད་བྱེད་བཞིན་ཡོད་སྐབས་དེ་ཚོས་སམ་སོན་ལ་བོས་ཤིག ཁོས་ང་ཚོར་ཁྲབ་ནས་མགོ་འཁོར་ཞུ་རུ་འཇུག་ཅེས་སྨྲས་སོ། དེ་ཚོས་སམ་སོན་བཙོན་ཁང་ནས་འཁྲིད་ཡོང་ནས། ཁོས་ཁོ་ཚོ་ལ་ཁྲབ་ནས་མགོ་འཁོར་ཞུ་རུ་བཅུག་པ་དང་། ཀ་བའི་བར་དུ་ལངས་སུ་བཅུག་གོ། མི་མང་གིས་ཁོ་མཐོང་སྐབས་རང་གི་ལྷ་ལ་བསྟོད་པ་དང། ང་ཚོའི་ལྷས་ང་ཚོའི་དགྲ་བོས་ང་ཚོའི་ཡུལ་དུ་གཏོར་བཅོམ་བྱས་ཤིང་ང་ཚོའི་མི་མང་པོ་བསད་མཁན་གྱི་ཐོག་ཏུ་ང་ཚོ་ལ་རྒྱལ་ཁ་གནང་བྱུང་ཞེས་མགུར་མ་ལངས་སོ། 26སམ་སོན་གྱིས་ཁོའི་ལག་ནས་འཇུས་ཏེ་ཁྲིད་མཁན་ཕྲུ་གུ་དེ་ལ། ཁང་པ་སྟེགས་པའི་ཀ་བར་ང་ལ་རེག་བཅུག་དང་དེར་སྙེས་འདོད་འདུག་ཅེས་སྨྲས་སོ། 27ཁང་པ་དེ་ནི་སྐྱེས་པ་དང་བུད་མེད་ཀྱིས་གང་ནས་ཡོད་པ་དང་དེར་ཕེ་ལེ་ཤེད་པའི་རྒྱལ་པོ་ལྔའང་ཡོད་པ་དང་། ཁང་པའི་རྩེ་ཐོག་ཏུ་ཁྱོ་དང་བུད་མེད་ ༣,༠༠༠ ཙམ་སམ་སོན་ལ་བལྟ་བཞིན་མགོ་འཁོར་ཞུ་རུ་འཇུག་བཞིན་ཡོད་དོ། 28དེ་ནས་སམ་སོན་གྱིས། ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ང་ལ་དྲན་རོགས་གནང་། ཕེ་ལེ་ཤེད་པ་ཚོས་ངའི་མིག་གཉིས་བཏོན་པའི་ལན་འཇལ་བའི་ཆེད་དུ་ང་ལ་ཁྱེད་ཀྱིས་ནུས་ཤུགས་ཐེངས་ཅིག་གནང་རོགས་གནང་ཞེས་གསོལ་བ་བཏབ་བོ། 29སམ་སོན་གྱིས་ཁང་པ་དེ་སྟེགས་ཡོད་པའི་དཀྱིལ་གྱི་ཀ་བ་གཉིས་པོ་བཟུང་ནས། ཀ་བ་རེར་ལག་པ་རེར་བཞག་ནས་ཁོས་ཤུགས་ཀྱིས་དེ་གཉིས་ལ་འབི་རྒྱག་རྒྱབ་ནས། 30ང་ཕེ་ལེ་ཤེད་པ་ཚོ་དང་མཉམ་དུ་ཤི་རུ་འཇུག་ཅེས་སྐད་རྒྱབ་བོ། ཁོའི་ཤུགས་གང་ཡོད་ཀྱི་འགུལ་བས་ཁང་པ་དེ་རྒྱལ་པོ་ལྔ་དང་གཞན་ཚང་མའི་ཐོག་འགྱེལ་ལོ། སམ་སོན་གྱིས་ཁོ་གསོན་པོའི་རིང་ལ་བསད་པ་ལས་ལྷག་པ་འཆི་ཁར་མི་མང་པོ་བསད་དོ། 31ཁོའི་སྤུན་ཚོ་དང་ནང་མི་གཞན་རྣམས་ཁོའི་རོ་ལེན་དུ་ཡོང་ངོ་། དེ་ཚོས་རོ་དེ་འཁྱེར་ནས་མ་ནོ་ཨ་ཁོའི་ཕའི་དུར་ཁང་ཛོ་རཱ་དང་ཨིཤ་ཏ་ཨོལ་གྱི་དབར་སྦེད་དོ། ཁོས་ལོ་ཉི་ཞུ་རིང་ཨིསི་རཱཨེལ་གྱི་འགོ་འཁྲིད་བྱས་སོ༎

ཁྲིམས་དཔོན 17

མི་ཀཱའི་སྐུ་འདྲ།

1སྔར་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཡུལ་དུ་སྐྱེ་བོ་མི་ཀཱ་ཞེས་པ་ཞིག་གནས་སྡོད་བྱེད་ཀྱི་ཡོད་དོ། 2ཁོས་རང་གི་ཨ་མ་ལ་དངུལ་ཊམ་ ༡,༡༠༠ ཡོད་པ་དེ་རྐུ་མ་ཤོར་སྐབས་ཁྱེད་ཀྱིས་རྐུ་མ་དེ་ལ་དམོད་པ་རྒྱབ་ཡོད། ཁྱེད་ཀྱིས་དེ་ལྟར་གནང་བ་ངས་ཐོས་བྱུང་། དངུལ་དེ་ང་ལ་ཡོད། དངུལ་འཁྱེར་མཁན་དེ་ང་ཡིན་ཞེས་སྨྲས་སོ། ཁོའི་ཨ་མས། ངའི་བུ་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་བྱིན་གྱིས་རླབས་པར་ཤོག་ཅེས་སྨྲས་སོ། 3ཁོས་དངུལ་དེ་ཨ་མ་ལ་ཕྱིར་ལོག་སྤྲད་པ་དང་། མོས་ཁྱོད་ལ་དམོད་པ་དེ་ཕོག་རྒྱུར་འགོག་པའི་ཆེད་ངས་དངུལ་དེ་ཚོ་ང་རང་ཉིད་ཀྱི་སྙིང་ཐག་པ་ནས་གཙོ་བོ་དཀོན་མཆོག་ལ་བསྔོའོ། དངུལ་དེས་ཤིང་གི་སྐུ་འདྲ་ལ་དངུལ་གཡོགས་པ་ཞིག་བཟོ་རྒྱུར་བེད་སྤྱོད་བྱ་རྒྱུ་ཡིན། དེ་བས་ན་ངས་དངུལ་ཊམ་དེ་ཁྱོད་ལ་སྤྲོད་རྒྱུ་ཡིན་ཞེས་སྨྲས་སོ། 4དེ་ནས་ཁོས་མ་ལ་དེ་ཕུལ་ལོ། མས་དངུལ་ཊམ་ ༢༠༠ བླངས་ནས་དངུལ་བཟོ་བ་ཞིག་ལ་སྤྲད་པ་དང་། དངུལ་བཟོ་པ་དེས་ཤིང་གི་རྐོས་རྒྱབ་པའི་སྐུ་འདྲའི་ཕྱི་ལ་དངུལ་གཡོགས་པ་ཞིག་བཟོས་ནས་དེ་མི་ཀཱའི་ཁང་པར་བཞག་གོ 5མི་ཀཱ་ཟེར་བའི་མི་དེ་ལ་མཆོད་པ་འཕུལ་ཡུལ་རང་གི་ས་གནས་ཞིག་ཡོད་པ་དང་། ཁོས་སྐུ་འདྲ་ཁ་ཤས་དང་ཨེ་ཕོད་ཞིག་བཟོས་ནས་ཁོའི་བུ་ཚོའི་ནང་ནས་བུ་ཞིག་དེའི་བླ་མར་བསྐོས་སོ། 6དུས་སྐབས་དེར་ཨིསི་རཱཨེལ་ལ་རྒྱལ་པོ་མེད་པ་དང་ཚང་མས་རང་འདོད་ལྟར་བྱེད་བཞིན་ཡོད་དོ། 7དུས་ཚོས་དེ་དང་མཚུངས་ལེ་ཝི་པ་ན་གཞོན་ཞིག་ཡ་ཧུ་དཱའི་གྲོང་ཁྱེར་བྷེད་ལེ་ཧེམ་དུ་གནས་སྡོད་བྱེད་བཞིན་ཡོད་དོ། 8ཁོས་བྷེད་ལེ་ཧེམ་ནས་གནས་སྡོད་བྱ་ཡུལ་གཞན་ཞིག་འཚོལ་དུ་ཕྱིན་ནོ། ཁོ་འགྲུལ་བཞིན་པའི་སྐབས་སུ་ཁོ་ནི་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཡུལ་དུ་མི་ཀཱའི་ཁང་པ་དེར་སླེབས་སོ། 9མི་ཀཱའི་ཁོ་ལ་ཁྱོད་གང་ནས་ཡོང་བ་ཡིན་ནམ་ཞེས་དྲིས་བ་དང་། ལན་དུ་ཁོས། ང་ཡ་ཧུ་དཱའི་བྷེད་ལེ་ཧེམ་གྱི་ལེ་ཝི་པ་ཞིག་ཡིན། ང་སྡོད་ཡུལ་ཞིག་འཚོལ་བཞིན་ཡོད་ཅེས་སྨྲས་པ་དང་། 10མི་ཀཱས། ང་མཉམ་དུ་སྡོད་ཅིག། ངའི་སློབ་སྟོན་པ་དང་བླ་མ་བྱོས་ཤིག། ངས་ཁྱོད་ལ་ལོ་རེར་དངུལ་དུམ་བུ་བཅུ་དང་གྱོན་གོས་ཕྲན་བུ་དང་ཁྱེད་ཀྱི་ཞལ་ལག་བཅས་འབུལ་ཆོག་ཞུས་སོ། 11ལེ་ཝི་པ་ན་གཞོན་དེས་མི་ཀཱ་མཉམ་དུ་སྡོད་རྒྱུར་མོས་མཐུན་བྱས་པ་དང་། ཁོ་ནི་ཁོའི་བུ་ལྟ་བུར་འགྱུར་རོ། 12མི་ཀཱས་ཁོ་ལ་རང་གི་བླ་མར་བསྐོས་པ་དང་ཁོ་མི་ཀཱའི་ཁང་པར་བསྡད་དོ། 13མི་ཀཱས་ད་ཆ་ང་ལ་ལེ་ཝི་པ་བླ་མ་ཞིག་ཡོད་སྟབས་གཙོ་བོ་དཀོན་མཆོག་གིས་ང་ལ་བྱ་བ་ལམ་འགྲོ་ཡོང་བ་གནང་རྒྱུ་ཡིན་པ་ངས་ཤེས་ཅེས་སྨྲས་སོ༎

ཁྲིམས་དཔོན 18

མི་ཀཱ་དང་དཱན་གྱི་སྡེ་རིགས།

1སྐབས་དེར་ཨིསི་རཱཨེལ་དུ་རྒྱལ་པོ་མེད་དོ། དེ་དུས་དཱན་གྱི་སྡེ་རིགས་ཀྱི་མངའ་ཁུལ་ཞིག་ཏུ་བདག་དབང་བྱ་རྒྱུ་དང་གནས་སྡོད་བྱ་རྒྱུར་འཚོལ་བཞིན་ཡོད་དོ། གང་ལགས་ཟེར་ན། དེ་དུས་དེ་ཚོ་ལ་ཨིསི་རཱཨེལ་གྱི་སྡེ་རིགས་ཚོ་་ནས་ས་སྐལ་ཐོབ་མེད་དོ། 2དེར་བརྟེན་དཱན་གྱི་མི་མང་ཚོས་སྡེ་རིགས་ཀྱི་ཁྱིམ་ཚང་ཡོངས་ནས་མི་ཚད་ལྡན་ལྔ་འདམས་ནས། དེ་ཚོ་ཛོ་རཱ་དང་ཨེཤ་ཏ་ཨོལ་གྱི་གྲོང་ཁྱེར་ནས་ས་ཆ་འཚོལ་ཞིབ་བྱ་རྒྱུ་དང་རྟོག་ཞིབ་བྱེད་པར་་བཏང་ངོ་། དེ་ཚོ་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཡུལ་དུ་སླེབས་སྐབས་དེ་ཚོ་མི་ཀཱའི་ཁྱིམ་དུ་བསྡད་དོ། 3དེ་ཚོ་དེར་ཡོད་སྐབས་དེ་ཚོས་ལེ་ཝི་པ་ན་གཞོན་དེའི་སྐད་ཀྱི་སྒྲ་ངོ་ཤེས་པས། དེ་ཚོ་ཁོའི་སར་ཕྱིན་ནས་ཁོ་ལ་ཁྱོད་འདིར་ག་རེ་བྱེད་བཞིན་ཡོད་དམ། ཁྱོད་འདིར་སུས་འཁྲིད་བྱུང་ངམ་ཞེས་དྲིས་པ་དང་། 4ཁོས་ལན་དུ། ང་དང་མི་ཀཱ་གཉིས་དབར་མཐུན་སྒྲིགས་ཡོད་པ་དང་། ངས་ཁོའི་བླ་མའི་ལས་འགན་བྱས་པར་ཁོས་ང་ལ་གླ་ཆ་སྤྲོད་བཞིན་ཡོད་ཅེས་སྨྲས་སོ། 5དེ་ཚོས་ཁོ་ལ། དཀོན་མཆོག་ལ་ང་ཚོའི་ལས་དོན་ལ་ལམ་ལྷོང་ཡོང་མིན་བཀའ་འདྲི་ཞུ་རོགས་ཅེས་སྨྲས་སོ། 6བླ་མས། ཁྱོད་ཚོ་སེམས་འཁྲལ་བྱ་དགོས་རྩ་བ་ནས་མེད། ཁྱོད་ཚོའི་འགྲུལ་ལམ་དུ་གཙོ་བོ་དཀོན་མཆོག་གིས་ཐུགས་འགན་བཞེས་བཞིན་ཡོད་ཅེས་སྨྲས་སོ། 7དེ་ནས་མི་ལྔ་པོ་དེ་ཚོ་ཐོན་ནས་ལེཤེ་ཡུལ་དུ་སླེབས་པ་དང་། དེ་ཚོས་མི་མང་རྣམས་ཚི་དོན་པ་ལྟར་བདེ་པོའི་ངང་གནས་བཞིན་ཡོད་པ་མཐོང་ངོ་། དེ་ཚོ་ཞི་བདེ་ཅན་ཁ་ཁུ་སིམ་པོ་སུ་དང་ཡང་འཁོན་འཁྲུགས་མེད་མཁན་ཁོ་ཚོའི་འདོད་པ་ལྟར་ཡོད་པ་དང་། དེ་ཚོ་ནི་ཚི་དོན་པ་ལས་ཐག་རིང་དུ་གནས་སྡོད་བྱེད་བཞིན་ཡོད་ཅིང་། མི་གཞན་སུ་དང་ཡང་འབྲེལ་བ་མེད་དོ། 8མི་ལྔ་པོ་དེ་ཛོ་རཱ་དང་ཨེཤ་ཏ་ཨོལ་དུ་ཕྱིར་ལོག་སྐབས། དེ་ཚོའི་ཡུལ་མི་ཚོའི་ཁྱོད་ཚོར་ག་རེ་རྙེད་བྱུང་ངམ་ཞེས་དྲིས་སོ། 9དེ་ཚོས་ལན་དུ། ལོངས་ཤིག། ང་ཚོ་ནི་ལེཤེ་ལ་འཐབ་རྒོལ་བྱེད་པར་འགྲོའོ། ང་ཚོས་ཡུལ་དེ་མཐོང་བྱུང་བས་དེ་ནི་ཧ་ཅང་ཡག་པོ་འདུག འདིར་ལས་གང་ཡང་མེད་པར་མ་སྡོད་ཅིག མགྱོགས་པོར་བྱོས་ཤིག། སོང་ལ་བདག་བཟུང་བྱོས་ཤིག། 10ཁྱོད་ཆོ་དེར་འབྱོར་སྐབས་མི་མང་ཚོས་དོག་པ་གང་ཡང་མི་བྱེད་དོ། དེ་ནི་ལུང་པ་ཆེན་པོ་ཞིག་ཡིན་པ་དང་། མི་ཞིག་ལ་དགོས་པ་ཚང་མ་དེར་ཡོད་པས་དེ་ནི་དཀོན་མཆོག་གིས་ཁྱོད་ཚོ་ལ་གནང་བ་ཡིན་ཞེས་སོ། 11དེར་བརྟེན་དཱན་གྱི་སྡེ་རིགས་ཀྱི་མི་ ༦༠༠ ཛོ་རཱ་དང་ཨེཤ་ཏ་ཨོལ་ནས་ཐོན་ནས་དམག་འཐབ་རྒྱུར་གྲ་སྒྲིགས་ཡོད་པ་དང་། 12དེ་ཚོ་ཡར་སོང་སྟེ་ཡ་ཧུ་དཱའི་ཀིར་ཡད་ཡ་རིམ་གྱི་ནུབ་ཕྱོགས་སུ་སྒར་རྒྱབ་བོ། ཡུལ་དེར་དེང་སང་ཡང་དཱན་གྱི་སྒར་ཞེས་འབོད་བཞིན་ཡོད་དོ། 13དེ་ནས་དེ་ཚོ་སོང་བ་དང་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཡུལ་གྱི་མི་ཀཱའི་ཁང་པར་བསླེབས་སོ། 14དེ་ནས་ལེཤེ་པའི་ཡུལ་དུ་རྟོག་ཞིབ་བྱ་བར་འགྲོ་མཁན་མི་ལྔ་པོ་དེས་རང་གི་རོགས་པ་ཚོར། འདིར་ཁང་པ་གཅིག་གི་ནང་ཤིང་གི་སྐུ་འདྲ་ལ་དངུལ་གྱི་བཀབ་པ་ཞིག་ཡོད་པ་དེ་ཁྱོད་ཚོས་ཤེས་ཀྱི་ཡོད་དམ། དེར་གཞན་སྐུ་འདྲ་དང་ཨེ་ཕོད་བཅས་ཡོད་དོ། ཁྱོད་ཚོའི་བསམ་བློར་ང་ཚོས་ག་རེ་བྱེད་དགོས་ཅེས་སྨྲས་པ་དང་། 15དེ་ཚོ་མི་ཀཱའི་ཁང་པར་ལེ་ཝི་པ་ན་གཞོན་སྡོད་སར་ཕྱིན་ནས། ཁོ་ལ་ག་འདྲ་ཡོད་དམ་ཞེས་དྲིས་སོ། 16དེ་དུས་དཱན་གྱི་དམག་མི་ ༦༠༠ དམག་འཐབ་གྱུར་གྲ་སྒྲིགས་ངང་རྒྱལ་སྒོར་ལངས་ནས་བསྡད་ཡོད་དོ། 17སོ་ཉུལ་བ་ལྔ་པོ་དེ་ཁང་པའི་ཐད་ཀར་ཕྱིན་ནས་ཤིང་གི་སྐུ་འདྲ་དངུལ་གཡོགས་པ་དེ་དང་སྐུ་འདྲ་གཞན་དང་ཨེ་ཕོད་བཅས་བླངས་པ་་དང་། དེ་དུས་བླ་མ་དེ་མཚོན་ཆ་ལྡན་པའི་མི་དྲུག་བརྒྱ་མཉམ་དུ་རྒྱལ་སྒོར་བསྡད་ཡོད་དོ། 18དེ་ཚོ་མི་ཀཱའི་ཁང་པར་འཛུལ་ནས་དངོས་པོ་རྩ་ཆེ་དམ་པ་དེ་ཚོ་བླངས་སྐབས་བླ་མས་དེ་ཚོ་ལ་ཁྱོད་ཚོས་ག་རེ་བྱེད་བཞིན་ཡོད་དམ་ཞེས་འདྲི་པ་དང་། 19དེ་ཚོས། ཁ་རོག་བསྡད་ནས་ཚིག་གཅིག་ཀྱང་མ་ལབ་པར་སྡོད་ཅིག ང་ཚོ་མཉམ་དུ་ཤོག་ལ་ང་ཚོའི་བླ་མ་དང་སློབ་སྟོན་པ་བྱོས་ཤིག། ཁྱེད་མི་གཅིག་གི་ཁྱིམ་ཚང་ལས་ཨིསི་རཱཨེལ་གྱི་སྡེ་རིགས་་ཡོངས་ཀྱི་བླ་མ་བྱེད་པ་མི་དགའ་འམ་ཞེས་སྨྲས་པ་དང་། 20བླ་མ་དེ་ཧ་ཅང་དགའ་བར་འགྱུར་ནས་ཁོས་དངོས་པོ་དམ་པ་དེ་ཚོ་བླངས་ནས་ཁོ་ཚོ་མཉམ་དུ་ཕྱིན་ནོ། 21དེ་ཚོས་ཁ་བསྒྱུར་ནས་དེ་ཚོའི་བུ་ཕྲུག་དང་ཕྱུགས་དང་བདག་དངོས་རྣམས་སྔོན་དུ་བཏང་ནས་ཐོན་ནོ། 22དེ་ཚོ་མི་ཀཱའི་ཁྱིམ་ནས་འགྲོ་སྐབས། ཁོས་གྲོང་པ་ཁྱིམ་མཚེས་ཚོ་དམག་འཐབ་ལ་བོས་སོ། ཁོ་ཚོས་དཱན་གྱི་མི་ཚོར་རྗེས་ཟིན་པ་དང་སྐད་འབོད་བྱས་སོ། 23དཱན་གྱི་མི་ཚོས་ཁ་བསྒྱུར་ནས་མི་ཀཱ་ལ་ག་རེ་བྱས་སོང་ངམ། མི་ཚོགས་འདི་ཆོ་སུ་ཡིན་ནམ་ཞེས་དྲིས་པ་དང་། 24མི་ཀཱས་ལན་དུ། ག་རེ་བྱས་སོང་ངམ་ཅི་ལ་ཟེར་བཞིན་ཡོད། ཁྱོད་ཚོས་ངའི་བླ་མ་དང་ངས་བཟོས་པའི་ལྷ་ཚོ་འཁྱེར་ནས་འགྲོ་བཞིན་ཡོད། ང་ལ་གང་ལྷག་ཡོད་དམ་ཞེས་སྨྲས་སོ། 25དཱན་གྱི་མི་ཚོས། མི་འདི་ཚོ་ཁྲོས་ནས་ཁྱོད་ལ་འཐབ་པར་མི་འདོད་ན་ཁྱོད་ཀྱིས་གང་ཡང་མ་ལབ་ན་ལེགས། ཁྱོད་དང་ཁྱོད་ཀྱི་ནང་མི་ཚང་མ་འཆི་ཡོང་ཞེས་སྨྲས་སོ། 26དེ་ནས་དེ་ཚོ་ཕྱིན་ནོ། མི་ཀཱས་དེ་ཚོ་ལ་ཧ་ཅང་སྟོབས་ཆེ་བ་མཐོང་ནས་ཁ་བསྒྱུར་ནས་རང་གི་ཁྱིམ་དུ་ལོག་གོ 27-28དཱན་གྱི་མི་ཚོས་བླ་མ་དང་མི་ཀཱས་བཟོས་པའི་དངོས་པོ་རྣམས་འཁྱེར་བའི་རྗེས་སུ། དེ་ཚོས་ལེཤེ་གྲོང་ཁྱེར་ཞི་བདེ་ཅན་དང་ཁ་ཁུ་སིམ་པོ་བྷེད་རེ་ཧོབ་ལྟར་ལུང་གཤོང་དུ་ཡོད་པ་ཚོར་འཐབ་རྒོལ་བྱེད་པར་ཕྱིན་ནོ། དེ་ཚོས་ཡུལ་མི་ཚོ་བསད་ནས་གྲོང་ཁྱེར་དེ་མེར་བསྲེགས་སོ། དེ་ཚོ་ལ་སྐྱབས་མཁན་སུ་ཡང་མེད་དོ། གང་ལགས་ཟེར་ན། ལ་ཨིཤི་ནི་སི་དོན་ནས་ཧ་ཅང་ཐག་རིང་པོ་ཡོད་པ་དང་། དེ་ཚོ་མི་གཞན་མཉམ་དུ་འབྲེལ་བ་གང་ཡང་མེད་པ་དང་། དཱན་གྱི་མི་ཚོས་གྲོང་ཁྱེར་དེ་སྐྱར་བཟོ་བྱས་ནས་དེར་གཞིས་ཆགས་སོ། 29དེ་ཚོས་ལེཤེའི་མིང་ནི་དེ་ཚོའི་མེས་པོ་ཡ་ཀོབ་ཀྱི་བུ་དཱན་གྱི་མིང་དུ་བསྒྱུར་རོ། 30དཱན་གྱི་མི་ཚོས་མཆོད་པར་སྐུ་འདྲ་བཟོས་པ་དང་མོ་ཤེའི་ཚ་བོ་གྷེར་ཤོམ་གྱི་བུ་ཡོ་ན་ཐན་གྱིས་དཱན་གྱི་སྡེ་རིགས་ཀྱི་བླ་མའི་ལས་འཁུར་གྱིས་པ་དང་། མི་མང་རྣམས་བཙན་བྱོལ་དུ་མ་འཁྱེར་བར་དུ་ཁོའི་རིགས་བརྒྱུད་ཀྱི་བླ་མའི་ལས་འཁུར་ཡང་གྱིས་སོ། 31མི་ཀཱའི་སྐུ་འདྲ་དེ་ནི་དེར་རྟག་ཏུ་གནས་པ་དང་དཀོན་མཆོག་ལ་མཆོད་ཡུལ་གྱི་དབུ་གུར་དམ་པ་དེ་ཤི་ལཱོ་རུ་ཡོད་དོ༎

ཁྲིམས་དཔོན 19

ལེ་ཝི་པ་དང་ཁོའི་ཟུར་གྲོགས་མ།

1ད་དེའི་སྐབས་སུ་ཨིསི་རཱཨེལ་ལ་རྒྱལ་པོ་མེད་པ་ཡིན་ནོ། ལེ་ཝི་པ་ཞིག་ཨེཕ་ར་ཡིམ་རི་བརྒྱུད་ཀྱི་ཐག་རིང་གྲོང་དུ་གནས་སྡོད་བྱེད་བཞིན་ཡོད་པ་དང་། ཁོས་ཡ་ཧུ་དཱའི་བྷེད་ལེ་ཧེམ་ནས་ཟུར་གྲོགས་མ་ཞིག་བླངས་སོ། 2འོན་ཀྱང་མོ་ཁོ་ལ་ཁྲོས་ནས་བྷེད་ལེ་ཧེམ་དུ་རང་གི་ཕའི་ཁང་པར་ཕྱིན་ནས་དེར་ཟླ་བ་བཞིའི་རིང་བསྡད་དོ། 3དེ་ནས་མི་དེས་མོའི་སར་ཕྱིན་ནས་མོའི་སེམས་བསྒྱུར་ནས་ཁོའི་སར་ཡོང་ཐབས་བྱ་རྒྱུ་ཐག་གཅོད་བྱས་ཏེ། ཁོས་རང་གི་གཡོག་པོ་དང་བོང་བུ་གཉིས་མཉམ་དུ་འཁྲིད་ནས་ཕྱིན་ནོ། མོས་ལེ་ཝི་པ་དེ་ཁྱིམ་དུ་འཁྲིད་ནས་མོའི་ཕས་ཁོ་མཐོང་བ་དང་དགའ་བསུ་ཟབ་རྒྱས་ཞུས་སོ། 4ཕ་དེས་ཁོ་ལ་བསྡད་དགོས་པའི་ནན་བསྐུལ་གྱིས་སྐབས། ཁོ་ཉིན་གསུམ་རིང་དེར་བསྡད་དོ། བཟའ་འཚོ་གཉིས་ཁ་ཟས་ཟས་ནས་མཚན་མོ་ཉལ་ལོ། 5ཉིན་བཞི་པའི་ཞོག་པར་དེ་དག་སྔ་པོ་གཉིད་སད་པ་དང་ཐོན་རྒྱུར་གྲ་སྒྲིགས་བྱས་སོ། འོན་ཀྱང་བུ་མོ་དེའི་ཕས་ལེ་ཝི་པ་དེ་ལ། ཁ་ཟས་ཕྲན་བུ་ཟ་ཞིག། དེས་ཁྱོད་ལ་ཕན་ཐོག་ཡོང་། ཁྱོད་འགོར་ནས་ཕྱིན་ན་འགྲིགས་ཅེས་སྨྲས་སོ། 6དེ་ནས་ཁོ་གཉིས་པོ་མར་བསྡད་ནས་མཉམ་དུ་ཟ་ཞིང་འཐུང་ངོ་། དེ་ནས་བུ་མོའི་ཕ་དེས་ཁོ་ལ་དེ་རིང་དགོང་དག་འདིར་སྡོད་ལ་དགའ་བདེར་སྤྱོད་ཅེས་བསྐུལ་ལོ། 7ལེ་ཝི་པ་ཡར་ལངས་ནས་འགྲོ་གྲབ་བྱས་ན་ཡང་ཕ་དེས་ནན་བསྐུལ་བྱས་སྟབས་ཁོ་མཚན་དེ་དེར་བསྡད་དོ། 8ཉིན་ལྔ་པའི་ཞོག་པ་སྔ་པོ་ཁོ་འགྲོ་རྩིས་བྱ་སྐབས་བུ་མོ་དེའི་ཕས། ཁ་ཟས་ཕྲན་བུ་ཟ་ཞིག། ཕྱི་དྲོ་བར་སྒུག་ཅིག་ཅེས་བསྐུལ་བས། དེ་བས་ན་སྐྱེ་པ་གཉིས་པོ་ཁ་ཟས་མཉམ་དུ་ཟས་སོ། 9མི་དེ་དང་ཁོའི་ཟུར་གྲོགས་མ་དང་གཡོག་པོ་བཅས་ཐོན་གྲབ་བྱ་སྐབས། ཕ་དེས་ད་ས་ཧྲིབ་གྲབ་འདུག་པས། ཁྱོད་དེ་རིང་མཚན་མོ་སྡོད་ཅིག། ད་མགྱོགས་པོ་ནག་ཁུང་ཆག་གྱུར་བས་འདིར་སྡོད་ལ་དགའ་བདེར་སྤྱོད་ཅིག སང་ཞོག་སྔ་པོ་ལངས་ནས་ཁྱིམ་དུ་འགྲོ་ཆོག་གི་རེད་ཅེས་སྨྲས་སོ། 10-11འོན་ཀྱང་མི་དེ་སླར་ཡང་དེར་མཚན་གཅིག་མ་བསྡད་པར། ཁོ་དང་ཁོའི་ཟུར་གྲོགས་མ་དང་གཡོག་པོ་དང་སྒ་རྒྱབ་པའི་བོང་བུ་གཉིས་བཅས་རང་གི་ལམ་དུ་ཞུགས་སོ། ཉི་མ་ཡོལ་གྲབ་ཡོད་སྐབས་དེ་ཚོ་ཡེ་བྷུསེ་འམ་ཡེ་རུ་ཤ་ལེམ་གྱི་ཉེ་འགྲམ་དུ་སླེབས་པ་དང་། གཡོག་པོ་དེས་རང་གི་སྦྱིན་བདག་ལ། ད་རིང་ང་ཚོ་མ་འགྲོ་བར་མཚན་མོར་ཡེ་བྷུསེ་པའི་གྲོང་ཁྱེར་དུ་མི་སྡོད་དམ་ཞེས་སྨྲས་སོ། 12-13འོན་ཀྱང་སྦྱིན་བདག་དེས། ང་ཚོ་ཨིསི་རཱཨེལ་གྱི་མི་མང་མེད་པའི་གྲོང་ཁྱེར་དུ་མི་སྡོད། ང་ཚོ་མུ་མཐུ་ཕྱིན་ནས་མཚན་མོར་གྷི་བི་ཨཱའམ་ར་མཱ་རུ་བསྡད་དགོས་ཅེས་སྨྲས་སོ། 14དེར་དེ་ཚོས་ཡེ་བྷུསེ་རྒལ་ནས་མུ་མཐུད་ཕྱིན་ནོ། དེ་ཚོ་བྷེན་ཡ་མིན་གྱི་སྡེ་རིགས་ཀྱི་མངའ་ཁུལ་གྷི་བི་ཨཱ་རུ་སླེབས་སྐབས་ཉི་མ་རྒས་སོ། 15མཚན་དེ་དེར་གནས་སྡོད་བྱེད་པའི་ཆེད་དེ་ཚོ་ལམ་བསྒྱུར་ནས་དེར་ཕྱིན་ནོ། དེ་ཚོ་གྲོང་ཁྱེར་ནང་འཛུལ་ནས། སྲང་ལམ་ཞིག་ཏུ་བསྡད་ན་ཡང་སུས་ཀྱང་ཁོ་ཚོ་ལ་མཚན་མོར་གནས་སྡོད་བྱེད་ཕྱིར་ཁྱིམ་དུ་སྐད་མ་བཏང་ངོ་། 16དེ་ཚོ་དེར་ཡོད་སྐབས་སུ་མི་རྒས་པོ་ཞིག་ཞིང་དུ་ཉིན་དེའི་ལས་ཀ་ཚར་ནས་དེར་འབྱོར་བ་དང་། ཁོ་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཀྱི་ལུང་པ་ནས་ཡིན་ན་ཡང་། སྐབས་དེར་ཁོ་གྷི་བི་ཨཱ་རུ་གནས་སྡོད་བྱེད་བཞིན་ཡོད། དེར་ཁོ་ཡོད་པའི་མི་མང་གཞན་ཚོ་བྷེན་ཡ་མིན་གྱི་སྡེ་རིགས་ཡིན་པ་དང་། 17མི་རྒས་པོ་དེས་འགྲུལ་པ་ཚོ་གྲོང་ཁྱེར་གྱི་སྲམ་ལམ་དུ་མཐོང་བ་དང་། ཁྱོད་ཚོ་ག་ནས་ཡོང་བ་ཡིན་ནམ། ཁྱོད་ཚོ་གང་དུ་འགྲོ་འཆར་ཡོད་དམ་ཞེས་དྲིས་པ་དང་། 18ལེ་ཝི་པ་དེས། ང་ཚོ་ཡ་ཧུ་དཱའི་བྷེད་ལེ་ཧེམ་དུ་ཕྱིན་པ་དང་། ད་ཆ་ང་ཚོ་ཨེཕ་ར་ཡིམ་རི་བརྒྱུད་ཀྱི་ལུང་པར་ང་ཚོའི་ཁྱིམ་དུ་འགྲོ་བཞིན་ཡོད། མཚན་འདིར་ང་ཚོར་སྡོད་འཇུག་མཁན་སུ་ཡང་མི་འདུག 19ང་ཚོར་བོང་བུའི་རྩ་ཆག་དང་། ངའི་ཟུར་གྲོགས་་མ་དང་ངའི་གཡོག་པོ་བཅས་པར་བག་ལེབ་དང་ཆང་དང་དེ་མིན་ང་ཚོའི་དགོས་མཁོ་ཚང་མ་ང་ཚོ་རང་ལ་ཡོད་ཅེས་སྨྲས་སོ། 20མི་རྒས་པོ་དེས། ཁྱོད་ཚོ་ངའི་ཁྱིམ་དུ་ཡོང་ན་ངས་དགའ་བསུ་ཡོད། ངས་ཁྱོད་ཚོར་བལྟ་རྟོགས་བྱ་རྒྱུ་ཡིན། ཁྱོད་ཚོ་མཚན་ལ་སྲམ་ལམ་དུ་སྡོད་མི་དགོས་ཅེས་སྨྲས་སོ། 21ཁོས་ཁོ་ཚོ་རང་དང་མཉམ་དུ་ཁྱིམ་དུ་འཁྲིད་པ་དང་བོང་བུར་ཆག་སྟེར་རོ། ཁོས་སྐུ་མགྲོན་ཚོའི་རྐང་པ་ཁྲུས་ནས་ཁ་ལག་ཟས་སོ། 22དེ་ཚོ་དགའ་བདེར་གནས་བཞིན་པའི་སྐབས་སུ། གློ་བུར་དུ་མི་ངན་པ་འགའ་ཞིག་གིས་ཁང་པ་དེའི་མཐའ་བསྐོར་ནས་སྒོ་བརྡུང་སོ། དེ་ཚོས་མི་རྒས་པོར། ཁྱོད་མཉམ་དུ་ཡོང་བའི་མི་དེ་ཚོ་ཕྱིར་ཁྲིད་ཤོག། ང་ཚོ་ཁོ་མཉམ་དུ་འཁྲིག་སྤྱོད་བྱེད་པར་འདོད་དོ་ཅེས་སྨྲས་སོ། 23མི་རྒས་པོ་དེ་ཕྱིར་ཐོན་ནས་དེ་ཚོ་ལ། ཐུགས་རྗེ་གཟིགས་ངའི་གྲོགས་པོ་ཚོ། ཐབས་སྡུག་མི་གཙང་བ་དེ་འདྲ་མ་བྱེད་ཅིག མི་འདི་ངའི་མགྲོན་པོ་ཡིན་ནོ། 24འདིར་ཁོའི་ཟུར་གྲོགས་་མ་དང་། ངའི་བུ་མོ་མོ་གསར་མ་ཡང་ཡོད། ངས་དེ་ཚོ་ད་ལྟ་འཁྲིད་ཡོང་ལ། ཁྱོད་ཚོས་རྩིས ལེན་ནས། དེ་གཉིས་ལ་ཁྱོད་ཚོའི་འདོད་པ་ལྟར་བྱོས་ཤིག འོན་ཀྱང་མི་འདི་ལ་ཐབས་སྡུག་གི་ལན་ངན་དེ་འདྲ་མ་བྱེད་ཅིག་ཅེས་སྨྲས་སོ། 25མི་དེ་ཆོས་ཁོ་ལ་མ་ཉན་སྟབས། ལེ་ཝི་པ་དེས་ཟུར་གྲོགས་་མ་དེ་འཁྲིད་ནས་དེ་ཚོའི་མདུན་དུ་ཕྱི་ལོག་ཏུ་བཞག་གོ དེ་ཚོས་མོ་ལ་མཚན་གང་ལོག་གཡེམ་བྱས་པ་དང་ཚིག་རྩུབ་སྨྲས་ནས་ཞོག་པ་བར་མཚམས་མ་བཞག་གོ 26ཐོ་རང་བུད་མེད་དེ་ཡོང་བ་དང་། རང་གི་ཁྱོ་ཡོད་སའི་མི་རྒས་པོ་དེའི་ཁང་པའི་སྒོ་རུ་འགྱེལ་བ་དང་། ནམ་མ་ལངས་བར་མོ་དེར་ལུས་སོ། 27ཞོག་པ་མོའི་ཁྱོ་དེ་ཡར་ལངས་པ་དང་། ཁོ་ལམ་དུ་འགྲོ་རྒྱུར་སྒོ་ཕྱེས་བ་དང་། ཁོའི་ཟུར་གྲོགས་མ་དེ་ཁང་པའི་མདུན་དུ་རང་གི་ལག་པ་སྒོ་ལ་བརྙབས་ཅིང་འགྱེལ་ཡོད་པ་ཁོས་མཐོང་ངོ་། 28ཁོས་ཡར་ལོངས་ཤིག་ང་ཚོ་འགྲོ་ཞེས་སྨྲས་སོ། འོན་ཀྱང་ལན་གང་ཡང་མ་ཟེར་རོ། དེར་བརྟེན་ཁོས་མོའི་ལུས་པོ་དེ་བོང་བུའི་ཐོག་བཀལ་ནས་རང་གི་ཁྱིམ་གྱི་ལམ་དུ་ཐོན་ནོ། 29ཁོ་ཁྱིམ་དུ་འབྱོར་བ་དང་ནང་དུ་ཕྱིན་ནས་གྲི་ཞིག་བླངས་ཏེ། ཁོས་རང་གི་ཟུར་གྲོགས་་མའི་ལུས་པོ་དེ་དུམ་བུ་བཅུ་གཉིས་སུ་བཏུབ་ནས། ཨིསི་རཱཨེལ་གྱི་སྡེ་རིགས་བཅུ་གཉིས་ལ་དུམ་བུ་རེ་རེ་བཏང་ངོ་། 30ཚང་མས་དེ་མཐོང་བ་དང་ང་ཚོས་དེ་ལྟར་རྩ་བ་ནས་ཐོས་མྱོང་མེད། ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་ཐོན་པ་ནས་བཟུང་ད་བར་དེ་ལྟར་རྩ་བ་ནས་བྱུང་མྱོང་མེད་དོ། དེའི་སྐོར་ང་ཚོས་ག་རེ་ཡིན་ན་གཅིག་བྱེད་དགོས། ག་རེ་བྱེད་དགོས་ཡིན་ནམ་ཞེས་སྨྲས་སོ༎

ཁྲིམས་དཔོན 20

ཨིསི་རཱཨེལ་གྱིས་དམག་གི་ཆེད་དུ་གྲ་སྒྲིགས་བྱས་པ།

1དེ་རྗེས་སུ་ཨིསི་རཱཨེལ་གྱི་མི་མང་ཚང་མ་བྱང་ཕྱོགས་དཱན་ནས་ལྷོ་ཕྱོགས་བྷིར་ཤེ་བྷ་བར་དང་། ཤར་ཕྱོགས་སུ་གྷིལ་ཨད་ཀྱི་ཡུལ་ནས་ཐོན་ཡོང་ངོ་། དེ་ཚོ་མིཛ་པཱ་རུ་གཅིག་སྒྲིལ་གྱིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་འཛོམས་སོ། 2དཀོན་མཆོག་གི་མི་མང་རྣམས་འཛོམས་ས་དེར་ཨིསི་རཱཨེལ་གྱི་སྡེ་རིགས་ཡོངས་ཀྱི་འགོ་འཁྲིད་ཚང་མ་ཡོད་པ་དང་དེར་རྐང་དམག་ ༤༠༠,༠༠༠ ཡང་ཡོད་དོ། 3སྐབས་དེར་བྷེན་ཡ་མིན་གྱི་མི་མང་ཚོས། ཨིསི་རཱཨེལ་པ་གཞན་རྣམས་ནི་མིཛ་པཱ་རུ་འཛོམས་པ་ཐོས་སོ། ཨིསི་རཱཨེལ་པ་ཚོས། ཁྲིམས་འགལ་དེ་ཇི་ལྟར་བྱས་ཡོད་སྐོར་ང་ཚོར་ཤོད་ཅིག་ཅེས་སྨྲས་སོ། 4ལེ་ཝི་པས་རང་གི་ཟུར་གྲོགས་མ་བསད་ཡོད་པ་དེས་ལན་དུ། ང་དང་ངའི་ཟུར་གྲོགས་མ་བྷེན་ཡ་མིན་གྱི་མངའ་ཁུལ་གྷི་བི་ཨཱ་རུ་མཚན་མོར་གནས་སྡོད་བྱེད་པར་ཕྱིན་པ་ཡིན། 5གྷི་བི་ཨཱའི་མི་མང་ཚོས་ང་ལ་རུབ་རྒྱབ་ཏུ་ཡོང་ནས་མཚན་མོར་ཁང་པའི་མཐའ་བསྐོར་ནས། དེ་ཚོས་ང་ལ་གསོད་པར་འདོད་ནས། དེའི་ཚབ་ཏུ་དེ་ཚོས་ངའི་ཟུར་གྲོགས་མ་ལ་བཙན་གཡེམ་བྱས་ནས་མོ་འཆི་བར་འགྱུར་རོ། 6ངས་མོའི་ལུས་པོ་བླངས་ནས་དེ་དུམ་བུ་བཏུབ་ནས་ཨིསི་རཱཨེལ་གྱི་སྡེ་རིགས་བཅུ་གཉིས་ལ་དུམ་བུ་རེ་རེརེ་བཏང་བ་ཡིན་ནོ། མི་མང་ཚོས་ང་ཚོའི་ཁྲོད་དུ་ངན་ལས་དང་མི་ཚང་བའི་ལས་བྱས་བྱུང། 7ཁྱོད་ཚོ་ཚང་མ་ཨིསི་རཱཨེལ་པ་ཡིན་པས། ང་ཚོས་དེའི་སྐོར་ལ་ག་རེ་བྱེད་པར་འདོད་དམ་ཞེས་དྲིས་པ་དང་། 8མི་མང་ཚང་མ་མཉམ་དུ་ཡར་ལངས་ནས་སྨྲས་པ། ང་ཚོ་གུར་ནང་སྡོད་མཁན་དང་ཁང་པའི་ནང་སྡོད་མཁན་སུ་ཡང་རང་གནས་སུ་ལོག་པར་མི་བྱའོ། 9ང་ཆོས་འདི་ལྟར་བྱ་རྒྱུ་ཡིན། ང་ཚོས་གྷི་བི་ཨཱ་རུ་འཐབ་རྒོལ་བྱ་བར་རྒྱན་རྒྱབ་ནས་མི་འགའ་ཤས་འདམས་པར་བྱའོ། 10ཨིསི་རཱཨེལ་གྱི་མི་བཅུ་ཆ་གཅིག་གིས། དམག་མིའི་ཁ་ཟས་གྲ་སྒྲིགས་བྱས་པ་དང་། གཞན་ཚོ་ཕྱིན་ནས་གྷི་བི་ཨཱ་རུ་ཨིསི་རཱཨེལ་པ་ཚོར་མི་གཙང་བའི་བྱ་བ་བྱས་པར་ཉེས་ཆད་གཏོང་བར་བྱའོ། 11དེ་འདྲ་སོང་ཅང་ཨིསི་རཱཨེལ་པ་ཚང་མ་གྲོང་ཁྱེར་དེ་ལ་འཐབ་རྒོལ་བྱེད་པའི་ཕྱིར་དམིགས་ཡུལ་གཅིག་གི་ཆེད་དུ་འཛོམས་སོ། 12ཨིསི་རཱཨེལ་གྱི་སྡེ་རིགས་ཚོས་བྷེན་ཡ་མིན་གྱི་མངའ་ཁུལ་ཡོངས་སུ་བང་ཆེན་རྣམས་བཏང་ནས་སྨྲས་པ། ཁྱོད་ཚོས་ཁྲིམས་འགལ་གྱིས་པ་དེ་ཅི་ཡིན་ནམ། 13ད་ཆ་གྷི་བི་ཨཱ་རུ་ཡོད་པའི་མི་ངན་དེ་ཚོ་ཚང་མ་ང་ཚོར་རྩིས་སྤྲོད་ཅིག ང་ཚོས་དེ་ཚོ་བསད་ནས་ངན་སྤྱོད་འདི་དག་ཨིསི་རཱཨེལ་ནས་མེད་པར་བཟོའོ་ཞེས་སྨྲས་སོ། འོན་ཀྱང་བྷེན་ཡ་མིན་གྱི་མི་མང་ཚོས་ཨིསི་རཱཨེལ་པ་གཞན་ཚོར་དོ་སྣང་མ་བྱས་སོ། 14བྷེན་ཡ་མིན་གྱི་གྲོང་ཁྱེར་ཚང་མ་ནས་མི་རྣམས་གྷི་བི་ཨཱ་རུ་ཨིསི་རཱཨེལ་གྱི་མི་མང་གཞན་ཚོ་དང་མཉམ་དུ་དམག་འཐབ་བྱེད་པར་ཡོང་ངོ་། 15-16ཉིན་དེར་དེ་ཚོའི་གྲོང་ཁྱེར་ནས་དམག་མི་ ༢༦༠༠༠ བོས་པ་དང་། དེ་དང་མཉམ་དུ་གྷི་བི་ཨཱའི་ཡུལ་མི་ཚོས་དམིགས་བསལ་གཡོན་ལག་མི་ ༧༠༠ འདམས་པ་དང་། དེ་ཚོ་ཚང་མས་སྐྲ་རྐང་གཅིག་ལ་མ་ཕྱུགས་པར་འབེན་ལ་འུར་རྡོ་རྒྱབ་ཐུབ་པ་དང་། 17ཨིསི་རཱཨེལ་གྱི་སྡེ་རིགས་གཞན་ཚོས་སྦྱོངས་དར་སྤྲད་པའི་དམག་མི་ ༤༠༠,༠༠༠ བསྡུས་སོ༎

བྷེན་ཡ་མིན་པ་རྣམས་དང་མཉམ་དུ་དམག་འཐབ་པ།

18ཨིསི་རཱཨེལ་པ་ཚོར་བེད་ཐེལ་དུ་མཆོད་ཡུལ་ཞིག་ཏུ་སོང་བ་དང་། དེར་དེ་ཚོས་དཀོན་མཆོག་ལ་བྷེན་ཡ་མིན་པ་རྣམས་མཉམ་དུ་འཐབ་པའི་ཕྱིར་སྡེ་རིགས་སུ་ཞིག་སྔོན་དུ་འགྲོ་དགོས་སམ་ཞེས་ཞུས་པས། ལན་དུ་གཙོ་བོ་དཀོན་མཆོག་གིས། ཡ་ཧུ་དཱའི་སྡེ་རིགས་སྔོན་དུ་འགྲོ་དགོས་གསུངས་སོ། 19དེར་བརྟེན་ཨིསི་རཱཨེལ་པ་ཚོ་སང་ཞོག་ཐོན་ནས་གྷི་བི་ཨཱའི་གྲོང་ཁྱེར་གྱི་ཉེ་འགྲམ་དུ་སྒར་བཏབ་བོ། 20དེ་ཚོ་བྷེན་ཡ་མིན་དང་འཐབ་པར་ཕྱིན་པ་དང་། གྲོང་ཁྱེར་ལ་ཁ་བསྒྱུར་ནས་དམག་མི་རྣམས་གྲ་སྒྲིགས་གྱིས་བཞག་གོ 21བྷེན་ཡ་མིན་གྱི་དམག་མི་ཚོ་གྲོང་ཁྱེར་ནས་ཕྱིར་ཐོན་པ་དང་། ཉི་མ་མ་རྒས་སྔོན་དུ། དེ་ཚོས་ཨིསི་རཱཨེལ་པའི་དམག་མི་ ༢༢,༠༠༠ བསད་དོ། 22-23དེ་ནས་ཨིསི་རཱཨེལ་པ་ཚོ་མཆོད་ཡུལ་དེར་སོང་ནས། གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཕྱི་དྲོ་བར་མྱན་ངན་བྱས་སོ། དེ་ཚོས་ཁོང་ལ་ང་ཚོས་སླར་ཡང་ང་ཚོའི་སྤུན་བྷེན་ཡ་མིན་པ་ཚོ་དང་དམག་རྒྱབ་པར་འགྲོ་རུང་ངམ་ཞེས་བཀའ་འདྲི་ཞུས་པས། ལན་དུ་གཙོ་བོ་དཀོན་མཆོག་གིས་འགྲོ་དགོས་ཤེས་གསུངས་སོ། དེ་བས་ན་ཨིསི་རཱཨེལ་གྱི་དམག་མི་ཚོའི་སེམས་ཤུགས་འཕར་བ་དང་། ཉིན་སྔོན་མ་ལྟར་དེ་ཚོས་དམག་མི་རྣམས་གྲ་སྒྲིགས་གྱིས་བཞག་གོ 24དེ་ཚོས་བྷེན་ཡ་མིན་གྱི་དམག་མི་ཚོར་འཐབ་རྒོལ་གཉིས་པ་བྱས་སོ། 25ཐེངས་གཉིས་པར་བྷེན་ཡ་མིན་པ་ཚོ་གྷི་བི་ཨཱ་ནས་ཕྱིར་ཐོན་པ་དང་། དེ་ཚོས་ཨིསི་རཱཨེལ་གྱི་དམག་མི་སྦྱོངས་དར་སྤྲད་པ་ ༡༨,༠༠༠ བསད་དོ། 26དེ་ནས་ཨིསི་རཱཨེལ་གྱི་མི་མང་ཚང་མ་བྷེད་ཐེལ་དུ་ཕྱིན་ནས། དེ་ཚོ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་བསྡད་ནས་ཕྱི་དྲོ་བར་གང་ཡང་མ་ཟས་པར་མྱ་ངན་བྱས་སོ། དེ་ཚོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་མཐུན་གྲོགས་ཀྱི་མཆོད་པ་དང་སྦྱིན་སྲེག་གི་མཆོད་པ་སྲེག་ནས་ཕུལ་ལོ། 27-28དེ་དུས་བྷེད་ཐེལ་དུ་དཀོན་མཆོག་གི་དམ་བཅའི་སྒྲོམ་ཡོད་པ་དང་། ཨ་རོན་གྱི་ཚ་བོ་དང་ཨེ་ལི་ཛར་གྱི་བུ་ཕིན་ཧསི་དེའི་དོ་དམ་པ་ཡིན་ནོ། དེར་མི་མང་གིས་གཙོ་བོ་དཀོན་མཆོག་ལ། ང་ཚོས་སླར་ཡང་ང་ཚོའི་སྤུན་བྷེན་ཡ་མིན་པ་ཚོར་དམག་རྒྱབ་པར་འགྲོ་འམ། ཡང་ན་མི་འགྲོ་བར་ཤོལ་ལམ་ཞེས་བཀའ་འདྲི་ཞུས་པས། ལན་དུ་གཙོ་བོ་དཀོན་མཆོག་གིས། དམག་རྒྱོབ་ཅིག། སང་ཉིན་ངས་ཁྱོད་ཚོར་རྒྱལ་ཁ་བྱིན་ནོ་གསུངས་སོ། 29དེར་བརྟེན་ཨིསི་རཱཨེལ་པ་ཚོས་དམག་མི་འགའ་ཤས་གྷི་བི་ཨཱའི་མཐའ་འཁོར་དུ་གབ་ཏུ་བཅུག་གོ 30དེ་ནས་ཉིན་གསུམ་པར་དེ་ཚོས། བྷེན་ཡ་མིན་པ་ཚོའི་ཁ་ཐེབ་ལ་ཐོན་པ་དང་། དམག་སར་དེ་ཚོས་སྔོན་དུ་བྱས་པ་ལྟར་དམག་མི་རྣམས་གྷི་བི་ཨཱ་རུ་ཁ་ལྟས་ནས་གྲ་སྒྲིགས་གཞག་གོ 31བྷེན་ཡ་མིན་པ་ཚོ་དམག་འཐབ་བྱེད་པར་ཡོང་བ་དང་གྲོང་ཁྱེར་ནས་ཕྱིརུ་ཐོན་ནས། སྔོན་ལྟར་དེ་ཚོས་བྷེད་ཐེལ་ལམ་གྱི་ས་སྟོང་དང་གྷི་བི་ཨཱའི་ལམ་བཅས་པར་ཨིསི་རཱཨེལ་པ་ཚོར་བསད་འགོ་ཚུགས་སོ། དེ་ཚོས་ཨིསི་རཱཨེལ་པ་གསུམ་བཅུ་བསད་དོ། 32བྷེན་ཡ་མིན་པ་ཆོས། ང་ཚོས་སྔོན་དུ་བྱས་པ་ལྟར། ཨིསི་རཱཨེལ་པ་ཚོ་ཕམ་པར་བྱས་པ་ཡིན་ཞེས་སྨྲས་སོ། འོན་ཀྱང་ཨིསི་རཱཨེལ་པ་ཚོས་རྒྱབས་ཤིག་རྒྱབ་ནས། དེ་ཚོ་གྲོང་ཁྱེར་གྱི་ཕྱི་ལོག་རྒྱ་ལམ་དུ་འཁྲིད་རྒྱུའི་འཆར་གཞི་བཟོས་ཡོད་པ་དང་། 33ཨིསི་རཱཨེལ་གྱི་དམག་མི་གཙོ་བོ་ཚོས་ཕྱིར་འཐེན་བྱས་ནས། སླར་ཡང་བྷལ་ཏ་མར་འཛོམས་པ་དང་། གྷི་བི་ཨཱའི་མཐའ་བསྙོད་ནས་བསྡད་ཡོད། མི་རྣམས་གློ་བུར་དུ་ཡིབ་ས་ནས་གྲོང་ཁྱེར་གྱི་མཐའ་འཁོར་གྱི་བྲག་ཡུལ་དུ་ཕྱིར་ཐོན་ནོ། 34ཨིསི་རཱཨེལ་ཡོངས་ནས་དམིགས་བསལ་གྱི་འདམས་པའི་དམག་མི་ ༡༠,༠༠༠ གྷི་བི་ཨཱར་ཕར་རྒོལ་གྱིས་དམག་འཐབ་དྲག་པོ་བྱས་པ་དང་། བྷེན་ཡ་མིན་པ་ཚོས་དེ་ཚོ་མེད་པར་བཟོ་གྲབ་ཡོད་པ་མ་རྟོགས། 35གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་བྷེན་ཡ་མིན་པ་ཚོའི་ཐོག་རྒྱལ་ཁ་གནང་ངོ་། ཉིན་དེར་ཨིསི་རཱཨེལ་པ་ཚོས་དགྲ་བོ་ ༢༥,༡༠༠ བསད་དོ། 36བྷེན་ཡ་མིན་པ་ཚོས་དེ་ཚོ་རང་ཉིད་ཕམ་པ་ཤེས་སོ༎

ཨིསི་རཱཨེལ་པ་ཚོ་ལ་ཇི་ལྟར་རྒྱལ་ཁ་ཐོབ་པ།

ཨིསི་རཱཨེལ་གྱི་དམག་མི་གཙོ་བོ་ཚོ་ནི་བྷེན་ཡ་མིན་པ་ཚོ་ནས་ཕྱི་ནུར་རྒྱབ་ཡོད་དོ། གང་ལགས་ཟེར་ན། དེ་ཚོས་གྷི་བི་ཨཱའི་མཐའ་འཁོར་ལ་ཡིབ་ནས་བཞག་པའི་མི་ཚོ་ལ་བློས་འགལ་བྱས་ཡོད་དོ། 37མི་དེ་ཚོས་གྷི་བི་ཨཱའི་ཕྱོགས་སུ་མགྱོགས་པོར་རྒྱུག་པ་དང་། གྲོང་ཁྱེར་ནང་དུ་སོ་སོར་ཕྱིན་ནས་དེར་ཡོད་པ་ཚང་མ་བསད་དོ། 38ཨིསི་རཱཨེལ་གྱི་དམག་མི་གཙོ་བོ་ཚོ་དང་ཡིབ་ནས་སྡོད་མཁན་ཚོའི་དབར་བརྡ་ཞིག་གོ་སྒྲིགས་བྱས་ཡོད་དོ། དེ་ནི་དེ་ཚོས་གྲོང་ཁྱེར་ནས་མེའི་དུ་བ་སྤྲིན་ལྟར་ཐོན་པ་མཐོང་སྐབས། 39དམག་སར་ཡོད་པའི་ཨིསི་རཱཨེལ་པ་ཚོ་ཚུར་ཁ་བསྒྱུར་པ་ཡིན། དེའི་རིང་ལ་བྷེན་ཡ་མིན་པ་ཚོས་ཨིསི་རཱཨེལ་པ་ ༣༠ བསད་ཟིན་ཡོད་དོ། དེ་ཚོས་ང་ཚོས་སྔོན་མ་ལྟར་ཨིསི་རཱཨེལ་པ་ཚོ་ཕམ་པར་བྱས་པ་ཡིན་ཞེས་སྨྲས་སོ། 40དེ་ནས་བརྡ་དེ་མཐོང་བ་དང་གྲོང་ཁྱེར་ནས་དུ་བ་སྤྲིན་ལྟར་ཐོན་ནོ། བྷེན་ཡ་མིན་པ་ཚོས་ཕྱི་མིག་བལྟ་སྐབས་གྲོང་ཁྱེར་ཆ་ཚང་མེ་ལྕེས་འབར་བ་བཞིན་མཐོང་ནས་ཧོན་འཐོར་རོ། 41དེ་ནས་ཨིསི་རཱཨེལ་པ་ཚོ་ཁ་བསྒྱུར་ནས་ཡོང་སྐབས། བྷེན་ཡ་མིན་པ་ཚོ་འཇིགས་སྣང་ནང་ཚུད་དོ། གང་ལགས་ཟེར་ན། དེ་ཚོ་མེད་པ་བཟོ་གྲབ་ཡོད་པ་ཤེས་སོ། 42དེ་ཚོས་ལུང་སྟོང་ཕྱོགས་སུ་བྲོས་ན་ཡང་། དེ་ཚོ་མ་ཐར་རོ། དེ་ཆོ་ཨིསི་རཱཨེལ་གྱི་དམག་མི་གཙོ་བོ་ཚོ་དང་གྲོང་ཁྱེར་ནས་ཕྱིར་ཐོན་ཏེ་ཡོང་མཁན་དབར་ཚུད་ནས་མེད་པར་བྱས་སོ། 43ཨིསི་རཱཨེལ་པ་ཚོས་དགྲ་བོ་རྙི་ནང་བཅུག་པ་དང་། དེ་ཚོས་མཚམས་མ་བཞག་པར་མུ་མཐུད་ནས་གསོད་བཞིན་གྷི་བི་ཨཱའི་ཤར་ཕྱོགས་བར་དུ་རྗེས་དེད་བྱས་སོ། 44བྷེན་ཡ་མིན་པའི་དམག་མི་དཔའ་རྩལ་ཆེ་ཤོས་གྲངས་ ༡༨,༠༠༠ བསད་པ་དང་། 45གཞན་ཚོ་ཁ་བསྒྱུར་ནས་རིམ་མོན་གྱི་བྲག་གི་ལུང་སྟོང་ཕྱོགས་སུ་བྲོས་སོ། ལམ་དུ་དེ་ཚོས་ ༥,༠༠༠ བསད་དོ། ཨིསི་རཱཨེལ་པ་ཚོས་གཞན་ཚོ་གྷི་དྷོམ་བར་དུ་རྗེས་དེད་བྱས་ནས་ ༢,༠༠༠ བསད་དོ། 46ཉིན་དེར་བྷེན་ཡ་མིན་པ་བསྡོམས་ ༢༥,༠༠༠ བསད་པ་རྣམས་ནི་དམག་མི་བློ་སྟོབས་ཅན་འབའ་ཞིག་ཡིན་ནོ། 47འོན་ཀྱང་མི་ ༦༠༠ རིམ་མོན་གྱི་བྲག་གི་ལུང་གཤོང་དུ་བྲོས་ཐར་བ་དང་། དེ་ཚོ་ཟླ་བ་བཞིའི་རིང་དེར་བསྡད་དོ། 48ཨིསི་རཱཨེལ་པ་ཚོས་བྷེན་ཡ་མིན་པ་ལྷག་འཕྲོས་ཚོའི་ཐོག་ཁ་བསྒྱུར་ནས་ཡོང་སྟེ། སྐྱེས་པ་དང་བུད་མེད་དང་བུ་ཕྲུག་དང་སེམས་ཅན་བཅས་པ་ཚང་མ་བསད་དོ། མངའ་ཁུལ་དེའི་གྲོང་ཁྱེར་ཚང་མ་ཡང་མེར་བསྲེགས་སོ༎

ཁྲིམས་དཔོན 21

བྷེན་ཡ་མིན་གྱི་སྡེ་རིགས་རྣམས་ཀྱི་ཆེད་དུ་ཆུང་མ་རྣམས།

1ཨིསི་རཱཨེལ་པ་ཚོ་མིཛ་པཱ་རུ་འཛོམས་སྐབས། དེ་ཚོས་གཙོ་བོ་དཀོན་མཆོག་ལ། ང་ཚོ་སུས་ཀྱང་བྷེན་ཡ་མིན་པ་ཚོར་ང་ཚོའི་བུ་མོ་མཉམ་དུ་ཆང་ས་རྒྱབ་བཅུག་གི་མིན་ཞེས་དམ་བཅའ་ནན་པོ་ཞུས་སོ། 2དེར་བརྟེན་ད་ཨིསི་རཱཨེལ་གྱི་མི་མང་ཆོ་བྷེད་ཐེལ་དུ་ཕྱིན་ནས། དེར་ཕྱི་དྲོ་བར་དཀོན་མཆོག་གི་སྤྱན་སྔར་བསྡད་ནས། དེ་ཚོས་སྐད་ཆེན་པོ་དང་ཧ་ཅང་དྲག་པོའི་ཐོག་མྱ་ངན་གྱིས་སོ། 3ཀྱེ་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག། འདི་ལྟར་ཅི་ལ་བྱུང་བ་ཡིན་ནམ། བྷེན་ཡ་མིན་གྱི་སྡེ་རིགས་འདི་བཞིན་ཨིསི་རཱཨེལ་ནས་ཅི་ལ་རླག་གྲབ་ཡོད་པ་རེད་དམ་ཞེས་ཞུས་སོ། 4དེར་ཞོག་པ་སྔ་པོ་མི་མང་ཚོས་མཆོད་ཁྲི་ཞིག་བཞེངས་ནས་དེ་ལ་མཐུན་འབྲེལ་དང་སྦྱིན་སྲེག་གི་མཆོད་པ་ཕུལ་ལོ། 5དེ་ཚོས་འདིར་ཨིསི་རཱཨེལ་གྱི་སྡེ་རིགས་ཡོངས་ནས་མིཛ་པཱ་རུ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་མ་འཛོམས་མཁན་ཚོགས་ཁག་སུ་ཞིག་ཡོད་དམ་ཞེས་དྲིས་པ་དང་། (དེ་ཚོས་མིཛ་པཱ་རུ་མ་འཛོམས་མཁན་སུ་ཞིག་ཡིན་རུང་སྲོག་ཐོག་གཏོང་རྒྱུའི་མནའ་སྐྱེལ་ཡོད་དོ།) 6ཨིསི་རཱཨེལ་གྱི་མི་མང་ཚོ་ལ་སྤུན་བྷེན་ཡ་མིན་པ་ཚོའི་ཆེད་དུ་བློ་ཕམ་བྱུང་ནས་སྨྲས་པ། དེ་རིང་ཨིསི་རཱཨེལ་གྱི་སྡེ་རིགས་ཤིག་རླག་ཡོད་དོ། 7བྷེན་ཡ་མིན་གྱི་ཁྱོ་ལྷག་འཕྲོས་བསྡད་པ་ཚོར་ཆུང་མ་སྤྲོད་རྒྱུར་ང་ཚོས་ཅི་བྱེད་དགོས་སམ། ང་ཚོས་ང་ཚོའི་བུ་མོ་དེ་ཚོ་ལ་མི་སྤྲོད་རྒྱུར་གཙོ་བོ་དཀོན་མཆོག་ལ་མནའ་སྐྱེལ་ཡོད་དོ། 8དེ་ཚོས་ཨིསི་རཱཨེལ་གྱི་སྡེ་རིགས་ཡོངས་ནས་མིཛ་པཱ་རུ་འཛོམས་དུས་མ་འཛོམས་མཁན་ཚོ་ཡོད་དམ་ཞེས་འདྲི་སྐབས། གྷིལ་ཨད་ཀྱི་ཡ་བྷེཤ་ནས་སུ་ཡང་དེར་འཛོམས་མེད་པ་ཤེས་སོ། 9དམག་མིའི་མིང་ཐོ་གཤེར་སྐབས་སུ་ཡ་བྷེཤ་ནས་སུས་ཀྱང་ལན་འདེབས་མ་བྱས་སོ། 10དེར་བརྟེན་འདུ་ཚོགས་ཀྱིས་མི་བློ་སྟོབས་ཆེ་ཤོས་ ༡༢,༠༠༠ ལ་བཀའ་བཏང་ནས། སོང་ལ་ཡ་བྷེཤ་རུ་ཡོད་མཁན་ཁྱོ་དང་བུད་མེད་དང་བུ་ཕྲུག་བཅས་པ་ཚང་མ་གསོད་ཅིག་ཅེས་སྨྲས་སོ། 11ཁྱོ་ཚང་མ་དང་བུད་མེད་མོ་གསར་མིན་པ་ཚང་མ་གསོད་ཅེས་སོ། 12ཡ་བྷེཤ་རུ་ཡོད་པའི་མི་མང་གི་ཁྲོད་ནས་ན་གཞོན་མ་མོ་གསར་ ༤༠༠ རྙེད་དོ། དེ་བས་ན་དེ་ཚོས་བུ་མོ་དེ་ཚོ་ཀ་ནན་ཡུལ་གྱི་ཤི་ལཱོ་རུ་སྒར་སར་འཁྲིད་ཡོང་ངོ་། 13དེ་ནས་འདུ་ཚོགས་ཀྱིས་རིམ་མོན་གྱི་བྲག་ཕུག་ཏུ་ཡོད་པའི་བྷེན་ཡ་མིན་པ་ཆོར་ལོན་བཏང་ནས། དམག་འཐབ་མཚམས་འཇོག་བྱ་རྒྱུའི་ཁས་ལེན་གྱིས་ནས། 14བྷེན་ཡ་མིན་པ་ཚོ་ལོག་ཡོང་བ་དང་། ཨིསི་རཱཨེལ་པ་གཞན་ཚོས་ཡ་བྷེཤ་ནས་བུ་མོ་མ་བསད་པ་ཚོ་ཁོ་ཚོར་སྤྲད་དོ། འོན་ཀྱང་ཁོ་ཚོ་ལ་ལྡང་བ་མེད་དོ། 15མི་མང་རྣམས་བྷེན་ཡ་མིན་པ་ཚོར་འགྱོད་སེམས་སྐྱེས་སོ། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་སྡེ་རིགས་་ཀྱི་ཆིག་བསྒྲིལ་གནང་ཡོད་པ་དེ་མེད་པར་འགྱུར་རོ། 16དེར་བརྟེན་དེར་འདུས་པའི་འགོ་འཛིན་ཚོས་སྨྲས་པ། བྷེན་ཡ་མིན་གྱི་སྡེ་རིགས་ལ་བུད་མེད་རྣམས་མེད་པ་དང་། སྐྱེས་པ་ལྷག་ལུས་ཚོ་ལ་ཆུང་མ་སྤྲོད་རྒྱུར་ང་ཚོས་ཅི་བྱེད་དགོས་སམ། 17ཨིསི་རཱཨེལ་པ་ཚོར་སྡེ་རིགས་བཅུ་གཉིས་ཡོད་པ་ནས་གཅིག་ཀྱང་བརླགས་མི་རུང་། བྷེན་ཡ་མིན་གྱི་སྡེ་རིགས་ཚོ་གསོན་པོར་གནས་ཐུབ་པར་ང་ཚོས་ལམ་ཞིག་འཚོལ་དགོས་སོ། 18འོན་ཀྱང་དེ་ཚོ་ལ་ང་ཚོའི་བུ་མོ་ཚོ་ཆང་ས་རྒྱབ་ཏུ་འཇུག་མི་རུང་། གང་ལགས་ཟེར་ན། ང་ཚོའི་ནང་ནས་སུ་ཞིག་གིས་བྷེན་ཡ་མིན་པ་ཚོར་ང་ཚོའི་བུ་མོ་དང་ཆང་ས་རྒྱབ་བཅུག་མཁན་ལ་ང་ཚོས་དམོད་པ་རྒྱབ་ཡོད་ཅེས་སྨྲས་སོ། 19དེ་ནས་དེ་ཚོས་བསམ་བློར། ཤི་ལཱོ་རུ་ལོ་འཁོར་གྱི་གཙོ་བོ་དཀོན་མཆོག་གི་དུས་སྟོན་སླེབས་རན་ཡོད། (ཤི་ལཱོ་ནི་བེ་ཐེལ་གྱི་བྱང་ཕྱོགས་དང་ལེ་བྷོ་ནཱ་གྱི་ལྷོ་ཕྱོགས་དང་བྷེ་ཐེལ་དང་ཤེ་ཀེམ་དབར་གྱི་རྒྱ་ལམ་གྱི་ཤར་ཕྱོགས་སུ་འཁེལ་གྱི་ཡོད་དོ།) 20དེ་ཚོས་བྷེན་ཡ་མིན་པ་ཚོ་ལ་སྨྲས་པ། སོང་ལ་རྒུན་ཚལ་དུ་ཡིབ་ནས་སྡོད་ཅིག 21ཤི་ལཱོའི་བུ་མོ་ཚོ་དུས་སྟོན་སྐབས་སུ་ཁྲབ་པར་ཡོང་སྐབས། ཁྱོད་ཚོ་རྒུན་ཚལ་ནས་ཕྱིར་ཐོན་ཞིག། བུ་མོ་དེ་ཚོའི་ཁྲོད་ནས་ཁྱོད་ཚོ་རེ་རེར་ཆུང་མ་རེར་བཙན་དབང་ཐོག་བླངས་ནས། མོ་ནི་ཁྱོད་དང་མཉམ་དུ་བྷེན་ཡ་མིན་གྱི་མངའ་ཁུལ་དུ་འཁྲིད་ཅིག 22དེ་ཚོའི་ཕ་ཚོ་དང་སྤུན་ཚོ་ཁྱོད་ཚོའི་སར་ཡོང་ནས་ངོ་རྒོལ་བྱས་པ་ཡིན་ན། དེ་ཚོ་ལ་ཁྱོད་ཚོས་ཐུགས་རྗེ་གཟིགས། དེ་ཚོ་ང་ཚོར་ཉར་འཇུག་རོགས་གནང་། གང་ལགས་ཟེར་ན། དེ་ཚོ་གཡུལ་ས་ནས་ང་ཚོའི་ཆུང་མ་བཟོ་བར་འཁྲིད་མེད། ཁྱོད་ཚོས་དེ་ཚོ་གནང་མེད་སྟབས། ཁྱོད་ཚོར་དམ་བཅའ་དང་འགལ་བའི་ཉེས་པ་མེད་ཅེས་སྨྲས་སོ། 23བྷེན་ཡ་མིན་པ་ཚོས་དེ་ལྟར་བྱས་སོ། ཤི་ལཱོར་བྲོ་ཁྲབ་པར་ཡོང་མཁན་ནས་དེ་ཚོ་རེ་རེས་ཆུང་མ་རེ་བླངས་ནས་ཕར་འཁྲིད་དོ། དེ་ནས་དེ་ཚོ་རང་་གི་མངའ་ཁུལ་དུ་ཕྱིན་པ་དང་། དེར་རང་གི་གྲོང་ཁྱེར་སྐྱར་བཟོ་བྱས་ནས་བསྡད་དོ། 24དེ་དང་སྐབས་མཚངས་ཨིསི་རཱཨེལ་པ་གཞན་ཚོ་ཡང་ཐོན་དང་། མི་ཚང་མ་རང་གི་སྡེ་རིགས་དང་ཁྱིམ་ཚང་དང་རང་གི་རྒྱུ་དངོས་ཡོད་སར་ཕྱིན་ནོ། 25སྐབས་དེར་ཨིསི་རཱཨེལ་ལ་རྒྱལ་པོ་མེད་པ་ཡིན་པས། མི་ཚང་མས་རང་རང་སོ་སོས་འདོད་པ་ལྟར་བྱེད་དོ༎

རུད 1

ཨེ་ལི་མེ་ལེག་ནང་མི་དང་བཅས་པ་མོ་ཨབ་ཡུལ་དུ་གནས་སྤོས་བྱེད་པ།

1-2ལོ་མང་སྔོན་དུ་ཨིསི་རཱཨེལ་ཡུལ་དུ་རྒྱལ་པོ་མེད་པའི་དུས་ཤིག་ན་དེར་མུ་གེ་ཞིག་བྱུང་བས། མིང་ལ་ཨེ་ལི་མེ་ལེག་ཞེས་པའི་མི་ཞིག་རང་གི་བཟའ་ཟླ་ན་ཨོ་མི་དང་། དེ་ཚོའི་བུ་གཉིས་ཀྱི་མིང་ལ་མཱ་ལོན་དང་ཀིལ་ཡོན་བཅས་ནང་མི་ཆ་ཚང་འཁྲིད་ནས་ཡ་ཧུ་དཱ་ཡུལ་གྱི་བྷེད་ལེ་ཧེམ་ནས་མོ་ཨབ་ཡུལ་དུ་གནས་སྐབས་རིང་སྡོད་གནས་སྤོས་སོ། ཨེ་ལི་མེ་ལེག་ནི་ཨེཕ་རད་ཀྱི་རིགས་རུས་ནས་ཡིན་ཞིང། ཡང་དེ་ཚོ་མོ་ཨབ་ཡུལ་དུ་གནས་སྡོད་བྱེད་སྐབས། 3ཨེ་ལི་མེ་ལེག་ཤི་བས། ན་ཨོ་མི་བུ་གཉིས་དང་མཉམ་དུ་བསྡད་དོ། 4དེ་རྗེས་བུ་གཉིས་པོས་མོ་ཨབ་ཡུལ་གྱི་བུ་མོ་གཉིས་ཀྱི་མིང་ལ་ཨོར་པཱ་དང་རུད་སོ་སོའི་བཟའ་ཟླར་བླངས་ནས་ལོ་ བཅུ་ཙམ་སོང་བའི་རྗེས་སུ། 5མཱ་ལོན་དང་ཀིལ་ཡོན་གཉིས་ཀ་ཤི་བས། ན་ཨོ་མི་རང་གི་བཟའ་ཟླ་དང་བུ་གཉིས་དང་ཁ་བྲལ་ནས་མོ་རང་གཅིག་པུར་ལུས་པ་ཡིན་ནོ༎

ན་ཨོ་མི་དང་རུད་བྷེད་ལེ་ཧེམ་དུ་ཕྱིར་ལོག་བྱེད་པ།

6ལོ་ཤས་རྗེས་སུ་གཙོ་བོ་དཀོན་མཆོག་གིས་རང་གི་མི་དམངས་རྣམས་ལ་བྱིན་རླབས་གནང་སྟེ་ལོ་ཐོག་བཟང་པོ་བྱུང་བའི་སྐོར་ན་ཨོ་མིས་ཐོས་ནས་མོ་རང་གི་མནའ་མ་གཉིས་དང་མཉམ་དུ་མོ་ཨབ་ཡུལ་ནས་རང་ཡུལ་དུ་ལོག་རྩིས་བྱས་སོ། 7ཡ་ཧུ་དཱ་རུ་ཕྱིར་ལོག་བྱེད་ཕྱིར་དེ་ཚོ་ལྷན་གཅིག་ཏུ་ཐོན་ཞིང་། 8ལམ་དུ་མོས་རང་གི་མནའ་མ་གཉིས་ལ། ད་ཁྱོད་གཉིས་རང་རང་སོ་སོའི་ཨ་མའི་ནང་དུ་སོང་ཞིག ཁྱོད་གཉིས་ཀྱིས་ང་དང་ངའི་བུ་གཉིས་ལ་དྲིན་བྱས་པ་ནང་བཞིན། གཙོ་བོ་དཀོན་མཆོག་གིས་ཀྱང་ཁྱོད་གཉིས་ལ་བྱིན་རླབས་གནང་བར་ཤོག 9ཁོང་གི་ཐུགས་རྗེས་ཁྱོད་གཉིས་ལ་ཁྱོ་གསར་པ་ཞིག་ཐོབ་ནས་སླར་ཡང་གཞིས་ཚུགས་པར་ཤོག་ཅེས་སྨྲས་ནས། ཡུལ་གྱི་སྲོལ་བཞིན་ཁོ་གཉིས་ལ་འོ་སྐྱེལ་ནས་སོ་སོར་ཁ་གྱེས་སྐབས། 10ཁོ་གཉིས་ངུ་འབོད་འདོན་ཞིང་། ང་གཉིས་ཁྱེད་དང་མཉམ་དུ་ཁྱེད་ཀྱི་མི་རིགས་ཡོད་སར་འགྲོ་གི་ཡིན་ཞེས་སྨྲས་པ་དང་། 11ན་ཨོ་མིས་ལན་དུ། ངའི་བུ་མོ་ཁྱོད་གཉིས་རང་གི་ཨ་མའི་ནང་དུ་ངེས་པར་ལོག་འགྲོ་དགོས། ག་རེ་བལྟས་ནས་ངའི་གཞུག་ལ་ཡོང་གི་ཡོད་དམ། ཁྱོད་གཉིས་ལ་བཟའ་ཟླར་ཕན་ཆེད་དུ་ང་ལ་སྐྱར་དུ་བུ་སྐྱེ་ཐུབ་བམ། 12དེ་བས་ན་ཁྱོད་གཉིས་རང་རང་སོ་སོའི་ནང་དུ་ལོག་ཅིག ང་ནི་རྒས་ཤིང་ཁྱོ་ལེན་པའི་འོས་བབས་ཀྱང་མེད། གལ་སྲིད་དེ་ལྟར་བྱེད་པའི་རེ་ཐབས་ཡོད་ནའང་། དོ་དགོང་རང་ངས་ཁྱོ་ཞིག་ལེན་ནས་ང་ལ་བུ་སྐྱེས་པའི་དབང་དུ་བཏང་ནའང་། 13དེ་ཚོ་ལོ་ན་མ་ལོན་པའི་བར་དུ་ཁྱོད་གཉིས་མི་གཞན་དང་ཆང་ས་མ་བརྒྱབས་པར་སྒུག་ནས་སྡོད་ཀྱི་ཡིན་ནམ། ཀྱེ་ངའི་བུ་མོ་ཚོ། དེ་ནི་མ་སྲིད་པ་ཞིག་ཡིན། གཙོ་བོ་དཀོན་མཆོག་གི་ང་ལ་ཐུགས་མི་མཉེས་པས། ཁྱོད་ཚོའི་དོན་དུ་ཧ་ཅང་སེམས་ཁྲལ་ཆེན་པོ་ཡོད་ཅེས་སྨྲས་པ་དང་། 14ཁོ་གཉིས་སྐྱར་དུ་ངུས་སོ། དེ་རྗེས་ཨོར་པཱས་རང་གི་གྱོས་མོ་གྱོས་མོ: རང་གི་བཟའ་ཟླའི་མ་ལ་གྱོས་མོ་ཟེར་བ་ཡིན། ལ་འོ་སྐྱེལ་ནས་རང་གི་ནང་དུ་ལོག་གོ འོན་ཀྱང་རུད་ཀྱིས་རང་གི་གྱོས་མོ་ལ་མ་སྤངས་སོ། 15དེ་ནས་ན་ཨོ་མིས་རུད་ལ། ཨོར་པཱ་ནི་རང་གི་མི་རིགས་དང་སོ་སོའི་ལྷ་རྟེན་རྣམས་ཀྱི་ཕྱོགས་སུ་ལོག་ཕྱིན་པས། ཁྱོད་རང་ཡང་དེ་བཞིན་བྱོས་ཤིག་ཅེས་སྨྲས་ཀྱང་། 16རུད་ཀྱིས་དེའི་ལན་དུ། ཁྱེད་རང་སྤངས་ནས་འགྲོ་དགོས་ཅེས་ཁྱེད་ཀྱིས་ང་ལ་ནན་ཏན་ཆེན་པོས་མ་གསུངས་རོགས་གནང་། ང་ཁྱེད་དང་མཉམ་དུ་འཁྲིད་རོགས་གནང་། ཁྱེད་རང་གང་དུ་ཕེབས་རུང་དེར་འགྲོ་གི་ཡིན། ཁྱེད་རང་གང་དུ་བཞུགས་རུང་དེ་གར་ངའང་བསྡད་ཀྱི་ཡིན། ཁྱེད་ཀྱི་མི་རིགས་དེ་ངའི་མི་རིགས་དང་ཁྱེད་ཀྱི་དཀོན་མཆོག་དེ་ངའི་དཀོན་མཆོག་ཏུ་ངོས་འཛིན་ཞུ་རྒྱུ་ཡིན། 17ཁྱེད་རང་འཆི་ས་དེར་ངའང་ཤི་ནས་དུར་དུ་འཇུག་རྒྱུ་ཡིན། འཆི་བའི་རྐྱེན་གྱིས་མ་གཏོགས་གཞན་གང་གིས་ཀྱང་ང་ཁྱེད་དང་ཁ་འཕྲལ་མི་ཡོང་། གལ་སྲིད་དེ་ལྟར་བྱུང་བ་ཡིན་ན་གཙོ་བོ་དཀོན་མཆོག་གི་ཆད་པ་དྲག་པོ་དེ་ངའི་ཁར་འཕོག་པར་ཤོག་ཅེས་སྨྲས་པ་དང་། 18ན་ཨོ་མིའི་སེམས་ལ། ད་རུད་ང་དང་མཉམ་དུ་འགྲོ་རྒྱུ་བློ་ཐག་གཙང་མ་བཅད་བཞག་བསམས་ནས་གཞན་གང་ཡང་མ་ལབ་བོ། 19དེ་ནས་ཁོ་གཉིས་ཕྱིན་ཏེ་བྷེད་ལེ་ཧེམ་དུ་བསླེབས་པ་དང་། གྲོང་ཁྱེར་ནང་སྐད་གྲགས་ཆེན་པོ་བྱུང་ནས་བུད་མེད་རྣམས་ཀྱིས་དེ་ན་ཨོ་མི་རང་རེད་པས་ཤེས་དྲི་བ་ལེན་པའི་སྐབས། 20མོས་ང་ལ་ན་ཨོ་མི་ན་ཨོ་མི: ཡ་ཧུ་དཱ་པའི་སྐད་དུ་ན་ཨོ་མི་ཞེས་པའི་དོན་ནི་ཞིམ་པོའམ་བདེ་སྐྱིད་དང། མ་ཟེར་བར། མ་ར་མ་ར: མ་རཱའི་དོན་ནི་ཁག་ཏིག་གམ་དཀའ་སྡུག་ཡིན་ནོ། ཞེས་ཟེར་ཞིག གང་ལ་ཟེར་ན་ཀུན་དབང་ལྡན་པའི་དཀོན་མཆོག་གིས་ངའི་མི་ཚེ་ཁག་ཏིག་བཟོས་གནང་བས་ཕྱིར་རོ། 21ང་འདི་ནས་ཐོན་སྐབས་ང་ལ་གང་དགོས་པ་ཆ་ཚང་ཡོད་དོ། འོན་ཀྱང་ད་ཆ་གཙོ་བོ་དཀོན་མཆོག་གིས་ང་ལ་ལག་པ་སྟོང་པ་ཕྱིར་ལོག་འཁྲིད་ཕེབས་ཡོད། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་ང་ལ་ཆད་པ་གནང་སྟེ་ངའི་ཐོག་ཏུ་དཀའ་ངལ་མང་པོ་བྱུང་བ་མཐོང་བཞིན་དུ་ཁྱོད་ཚོས་ང་ལ་ན་ཨོ་མི་ག་རེའི་དོན་ལ་ཟེར་ཞེས་སྨྲས་སོ། 22དེ་ལྟར་ན་ཨོ་མི་རང་གི་མནའ་མ་རུད་དང་མཉམ་དུ་མོ་ཨབ་ཡུལ་ནས་ཕྱིར་ལོག་བྱས་པས། སྟོན་ཐོག་ཐོག་མར་རྔ་རན་པའི་སྐབས་སུ་ཁོ་གཉིས་བྷེད་ལེ་ཧེམ་དུ་འབྱོར་རོ༎

རུད 2

བྷོ་ཨཛའི་ཞིང་ཁར་རུད་ཀྱིས་ཞིང་ལས་བྱེད་པ།

1ན་ཨོ་མི་ལ་གཉེན་ཚན་བྷོ་ཨཛ་ཞེས་པ་ཞིག་ཡོད་དེ། དེ་ནི་མོའི་ཁྱོ་ག་ཨེ་ལི་མེ་ལེག་གི་མི་ཚང་ནས་ཡིན་པ་དང་། ཁོ་ནི་ཧ་ཅང་ནོར་ལོངས་སྤྱོད་དང་ལྡན་ཞིང་ཤིན་ཏུ་སྙན་གྲགས་ཆེན་པོ་ཞིག་ཡོད་པ་ཡིན་ནོ། 2ཉིན་ཞིག་རུད་ཀྱིས་ན་ཨོ་མི་ལ། ང་ཞིང་ཁར་ཕྱིན་ནས་མི་གཞན་གྱིས་བརྔས་ཟིན་པའི་སྙེ་མ་ལྷག་འཕྲོ་རྣམས་སྒྲུག་པའི་ལས་བྱེད་པར་འགྲོའམ། དེར་ང་ལ་སུ་ཞིག་གིས་ལས་ཀ་བྱེད་བཅུག་པའི་རེ་བ་ཡོད་ཅེས་སྨྲས་པ་དང་། ལན་དུ། ན་ཨོ་མིས་ངའི་བུ་མོ་དེ་ག་རང་ཡོང་ང་ཞེས་སྨྲས་སོ། 3དེ་ནས་རུད་ཞིང་ཁར་སྙེ་མ་རྔ་མཁན་ཚོའི་རྗེས་སུ་ཕྱིན་ནས་དེ་ཚོས་རྔ་འཕྲོ་བཞག་པའི་སྙེ་མ་རྣམས་སྒྲུག་པའི་ལས་བྱས་སོ། ཞིང་ཁ་དེ་བྷོ་ཨཛའི་རེད་བཞག། 4རྗེས་སུ་བྷོ་ཨཛ་ཁོ་རང་བྷེད་ལེ་ཧེམ་ནས་སླེབས་ཏེ་རང་གི་ལས་བྱེད་པ་རྣམས་ལ། གཙོ་བོ་དཀོན་མཆོག་ཁྱོད་ཚོ་དང་མཉམ་དུ་གནས་པར་ཤོག་ཅིག་ཅེས་འཚམས་འདྲི་བྱས་པའི་ལན་དུ་ཁོ་ཚོས། གཙོ་བོ་དཀོན་མཆོག་གིས་ཁྱེད་ལའང་བྱིན་གྱིས་རླབས་པར་ཤོག་ཅེས་སྨྲས་པ་དང་། 5བྷོ་ཨཛས་ལས་བྱེད་པའི་འགོ་དཔོན་དེ་ལ། བུ་མོ་ན་གཞོན་མ་དེ་སུ་ཡིན་ནམ་ཞེས་དྲིས་པའི་ལན་དུ་ཁོས། 6དེ་ནི་ན་ཨོ་མི་དང་མཉམ་དུ་མོ་ཨབ་ཡུལ་ནས་ཡོང་བའི་ཕྱི་རྒྱལ་བའི་བུ་མོ་ཞིག་ཡིན་ཞིང་། 7མོས་ང་ལ། སྙེ་མ་རྔ་མཁན་ཚོའི་རྗེས་སུ་ཕྱིན་ནས་སྙེ་མ་སྒྲུག་བཅུག་རོགས་གནང་ཞེས་ཟེར་བས། མོ་ནི་ད་རང་སྔ་པོ་ནས་ཞིང་ལས་བྱས་ཏེ་ད་ལྟ་བསིལ་གྲིབ་ནང་ངལ་གསོ་རྒྱབ་ནས་བསྡད་མ་ཐག་ཏུ་ཡིན་ཞེས་སྨྲས་པ་དང་། 8བྷོ་ཨཛས་རུད་ལ། ངས་ཁྱོད་ལ་གྲོས་ཤིག་བསླབ་རྒྱུ་ཡོད། དེ་གང་ཡིན་ཟེར་ན་ཁྱོད་ངའི་ཞིང་ཁ་གཅིག་པུར་ལས་བྱེད་པ་མ་གཏོགས་གཞན་གང་དུའང་འགྲོ་མི་དགོས། དེ་ཙམ་མ་ཟད་ཁྱོད་དེ་ག་རང་སྐྱེ་དམན་ཚོ་དང་མཉམ་དུ་ལས་ཀ་བྱོས་ཤིག 9ཁྱོད་དེ་ཚོའི་ལས་ཀ་བྱེད་སར་བསྡད་ནས་ཁོ་ཚོའི་ལས་ཀར་མིག་ལྟོས་བྱོས་ཤིག ཁྱོད་ལ་སུན་པོ་བྱེད་པའམ་གཞན་ཡང་ལུས་ལ་རེག་པ་སོགས་གང་ཡང་བྱེད་མི་ཆོག་ཅེས་ངས་སྐྱེས་པ་ཚོར་བཀའ་བསྒོ་ཡོད། ཁྱོད་རང་ཁ་སྐོམ་ན་དེ་ཚོའི་ཆུ་སྣོད་ནས་ཆུ་འཐུང་ནའང་ཆོག་ཅེས་སྨྲས་པ་དང་། 10རུད་ཀྱིས་ལུས་ས་ལ་བསྡབས་ནས་ཕྱག་འཚལ་ཞིང་བྷོ་ཨཛ་ལ། ཁྱེད་ཀྱིས་ང་ཕྱི་རྒྱལ་བ་ཞིག་ལ་དེ་ལྟ་བུའི་ཐུགས་འཁུར་བཞེས་ནས་ཐུགས་རྗེ་ཆེན་པོ་གནང་བ་དེ་གང་ཡིན་ནམ། ཞེས་སྨྲས་པའི་ལན་དུ། 11བྷོ་ཨཛས། ཁྱོད་ཀྱིས་རང་གི་བཟའ་ཟླ་ཤི་བའི་རྗེས་སུའང་རང་གི་གྱོས་མོ་ལ་ཞབས་ཞུ་གང་ལེགས་ཞུས་པའི་སྐོར་ངས་ཐོས་བྱུང་། དེ་ཙམ་མ་ཟད་ཁྱོད་ཀྱིས་རང་གི་ཕ་མ་གཉིས་དང་རང་ཡུལ་བཅས་སྤངས་ནས་དེ་སྔ་ནམ་ཡང་ངོ་མ་ཤེས་པའི་རིགས་ཤིག་དང་མཉམ་དུ་གནས་སྡོད་བྱེད་བཞིན་པ་དེའང་ངས་ཤེས་ཀྱི་ཡོད། 12དེ་བས་ན་ཁྱོད་ཀྱིས་གང་བྱས་པའི་ལས་ལ་གཙོ་བོ་དཀོན་མཆོག་གིས་བྱིན་རླབས་གནང་བར་ཤོག ཁྱོད་ཀྱིས་སྐྱབས་ཞུས་པའི་ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཐོབ་འོས་པའི་བྱིན་རླབས་དང་གནང་སྦྱིན་ཚང་མ་གནང་བར་ཤོག་ཅེས་སྨོན་འདུན་ཞུས་སོ། 13དེའི་ལན་དུ་རུད་ཀྱིས། ང་ནི་ཁྱེད་ཀྱི་བྲན་མོ་ཞུ་བའི་འོས་བབས་ཀྱང་མེད་དོ། འོན་ཀྱང་ཁྱེད་ཀྱི་ཐུགས་བརྩེ་ཆེན་པོས་གསུང་གླེང་མཛད་ནས་ངའི་སེམས་ལ་ཞི་བདེ་དང་སེམས་གསོ་ཆེན་པོ་ཐོབ་བྱུང་ཞེས་ཞུས་སོ། ཁྱེད་རང་གི་ཐུགས་རྗེ་དེ་ང་ལ་རྒྱུན་དུ་ཐོབ་པར་ཤོག 14དེ་ནས་ཁ་ཟས་ཟ་བའི་དུས་ལ་བྷོ་ཨཛས་རུད་ལ། ད་ཁ་ཟས་ཟ་ཞིག། རྒུན་ཆང་སྐྱུར་མོ་ལ་སྦང་ནས་ཟ་ཞིག་ཅེས་སྨྲས་པ་དང་། རུད་ཞིང་ལས་པ་རྣམས་དང་མཉམ་དུ་བསྡད་དེ་བྷོ་ཨཛས་མོ་ལ་ཡོས་སྟེར་རོ། མོས་དེ་ཟས་ནས་ཚིམ་པ་ཙམ་མ་ཟད་ལྷག་མ་ཡང་ལུས་སོ། 15-16དེ་རྗེས་མོ་སྙེ་མ་སྒྲུག་པར་ཕྱིན་པ་དང་། བྷོ་ཨཛས་ཞིང་ལས་པ་རྣམས་ལ་སྨྲས་པ། སྙེ་མ་བརྔས་ནས་ཕོན་པོ་སྒྲིལ་ཟིན་པའི་ཁྲོད་དུའང་མོ་ལ་བཀག་བྱ་མ་བྱེད་པར་སྙེ་མ་ལྷག་འཕྲོ་སྒྲུག་ཆུགས་ཤིག དེ་ཙམ་མ་ཟད་ཕོན་པོ་སྒྲིལ་ཟིན་པའི་ཁོངས་ནས་ཀྱང་སྙེ་མ་ཁ་ཤས་བཏོན་ནས་མོ་ལ་དེ་ཚོ་སྒྲུག་ཆུགས་ཤིག 17དེ་བཞིན་རུད་ཀྱིས་དགོང་དྲོ་བར་སྙེ་མ་ལྷག་འཕྲོ་བསྡུས་ནས་དེ་དག་བརྡུང་པས་འབྲུ་ཀི་ལོ་བཅུ་ཙམ་བྱུང་བ་ཡིན་ནོ། 18དེ་འཁྱེར་ནས་གྲོང་ཁྱེར་དུ་ཕྱིན་ཏེ་རང་གི་གྱོས་མོ་ལ་བསྟན་ཞིང་ཁ་ཟས་ལྷག་མ་དེའང་མོ་ལ་སྟེར་རོ། 19དེར་ན་ཨོ་མིས། འབྲུ་འདི་ཙམ་དེ་རིང་ཁྱོད་ཀྱིས་སུའི་ཞིང་དུ་ལས་ཀ་བྱས་ནས་སྒྲུག་པ་ཡིན་ནམ། ཁྱོད་ལ་སྙིང་རྗེ་བྱེད་མཁན་མི་དེ་ལ་དཀོན་མཆོག་གིས་བྱིན་རླབས་གནང་བར་ཤོག་ཅེས་སྨྲས་པ་དང་། རུད་ཀྱིས་མོ་རང་བྷོ་ཨཛའི་ཞིང་ཁར་ལས་ཀ་བྱས་པའི་སྐོར་ན་ཨོ་མི་ལ་བཤད་དོ། 20ན་ཨོ་མིས། གཙོ་བོ་དཀོན་མཆོག་གིས་བྷོ་ཨཛ་ལ་བྱིན་རླབས་གནང་བར་ཤོག ཁོང་ནི་ཤི་གསོན་གཉིས་ཀར་དམ་བཅའ་གནང་བ་དེ་དག་སྒྲུབ་པ་གནང་མཁན་ཞིག་ཡིན་ནོ། མི་དེ་ནི་ང་ཚོར་ལྟ་རྟོག་བྱེད་འོས་པའི་གཉེན་ཚན་ཉེ་པོ་ཞིག་ཡིན་ནོ་ཞེས་སྨྲས་པ་དང་། 21རུད་ཀྱིས་སྨྲས་པ། མི་དེས་ང་ལ་སྙེ་མ་བརྔས་མ་ཚར་བར་དུ་ཁོའི་ཞིང་ལས་པ་རྣམས་དང་མཉམ་དུ་སྙེ་མ་སྒྲུག་ནས་སྡོད་ཅིག་ལབ་བྱུང་། 22ན་ཨོ་མིས་རུད་ལ། འོ་ན་བུ་མོ་ཁྱོད་རང་བྷོ་ཨཛའི་ཞིང་ཁར་ལས་ཀ་བྱེད་མཁན་སྐྱེ་དམན་རྣམས་དང་མཉམ་དུ་ལས་ཀ་བྱོས་ཤིག དེ་མིན་གཞན་གྱི་ཞིང་ཁར་ཕྱིན་ནས་ཁྱོད་ལ་གནོད་འཚེ་གཏོང་ཉེན་ཡོད་ཅེས་སྨྲས་སོ། 23དེ་བཞིན་གྲོ་དང་ནས་ཀྱི་སྟོན་ཐོག་ཚང་མ་བརྔས་མ་ཚར་བར་དུ་རུད་བྷོ་ཨཛའི་ཞིང་ཁར་ལས་ཀ་བྱས་ཏེ་རང་གི་གྱོས་མོ་དང་མཉམ་དུ་གནས་སོ༎

རུད 3

རུད་ལ་བཟའ་ཟླ་ཞིག་བྱུང་བ།

1ཉིན་ཤས་རྗེས་སུ་ན་ཨོ་མིས་རུད་ལ། ད་ཁྱོད་རང་སྐྱར་དུ་གཞིས་ཚུགས་པའི་ཕྱིར་ངས་ཁྱོད་ལ་བཟའ་ཟླ་ཞིག་ལྟ་རོགས་བྱེད་ཀྱི་ཡིན། 2བྷོ་ཨཛ་ནི་ང་ཚོའི་གཉེན་ཚན་ཡིན་ཞིང་། ཁོའི་ཞིང་ཁར་ལས་ཀ་བྱེད་མཁན་སྐྱེ་དམན་རྣམས་དང་མཉམ་དུ་ཁྱོད་ད་བར་ཞིང་ལས་བྱེད་བཞིན་ཡོད་པས། ད་ངས་གང་བཤད་པ་དེར་ཡག་པོ་ཉོན་ཞིག ཁོས་དོ་དགོང་ནས་ཀྱི་སྙེ་མ་བརྡུང་ནས་བསྡད་ཡོང་། 3དེས་ན་ཁྱོད་རང་གཟུགས་པོ་དང་གོས་སོགས་འཁྲུད་ནས་ལུས་ལ་དྲི་ཞིམ་ལྡན་པའི་སྣུམ་བྱུགས་ཤིང་། དུག་ལོག་ཡག་པོ་གྱོན་ནས་ཁོས་སྙེ་མ་བརྡུང་སར་སོང་ཞིག འོན་ཀྱང་ཁོས་བཟའ་བཏུང་བྱས་མ་ཚར་བར་དུ་ཁྱོད་རང་དེར་སླེབས་ཡོད་པ་ཁོས་མ་ཤེས་པར་བྱོས་ཤིག 4ཁོའི་ཉལ་ས་ག་པ་ཡིན་པ་དེ་ཤེས་པར་བྱོས་ཤིག དེ་ནས་ཁོ་གཉིད་ཁུག་ཚར་བའི་རྗེས་སུ་ཁྱོད་རང་ཁོའི་རྐང་པའི་ཕྱོགས་སུ་ཕྱིན་ཏེ་ཁོའི་ཉལ་ཆས་གྱོན་ནས་ཉོལ་ཞིག་དང་། དེ་རྗེས་ཁྱོད་ཀྱིས་གང་བྱེད་དགོས་པ་དེ་ཁོས་ཁྱོད་ལ་བཤད་ཡོང་ཞེས་སྨྲས་སོ། 5དེ་ནས་རུད་ཀྱིས། ཁྱེད་ཀྱིས་གང་གསུངས་པ་བཞིན་དུ་ངས་བྱེད་ཀྱི་ཡིན་ཞེས་ཞུས་པ་དང་། 6དེ་རྗེས་རུད་ནས་ཀྱི་སྙེ་མ་རྡུང་སར་ཕྱིན་ནས། རང་གི་གྱོས་མོས་སྨྲས་པ་བཞིན་བྱས་སོ། 7བྷོ་ཨཛས་བཟའ་བཏུང་བྱས་ཟིན་པའི་རྗེས་ལ་དགའ་སྤྲོའི་ངང་དུ་འབྲུ་སྤུང་བཞག་ཡོད་པའི་ཟུར་ཞིག་ལ་ཕྱིན་ནས་ཉལ་བ་དང་། དེ་ནས་རུད་ག་ལེར་ཕྱིན་ནས་ཁོའི་རྐང་པའི་ཕྱོགས་ཀྱི་ཉལ་ཆས་དེ་ཡར་བཏེགས་ཏེ་དེར་འཛུལ་ནས་ཁུ་སིམ་མེར་ཉལ་བ་དང་། 8མཚན་ལ་བྷོ་ཨཛ་གློ་བུར་དུ་གཉིད་སད་དེ་ཨ་ལོག་རྒྱུར་སྐབས་བུད་མེད་གཅིག་དེར་ཉལ་ཡོད་པ་མཐོང་ནས། 9ཡ་མཚན་སྐྱེས་ཏེ། ཁྱོད་རང་སུ་ཡིན་ནམ་ཞེས་དྲི་བ་ལེན་པ་དང་། མོས་ལགས་ང་རུད་ཡིན། ཁྱེད་ནི་ང་ཚོའི་གཉེན་ཚན་ཞིག་ཡིན་པས། ང་ལ་ལྟ་སྐྱོང་བྱེད་པའི་ལས་འགན་དེ་ཁྱེད་ལ་བབས་ཡོད། དེ་བས་ན་ཁྱེད་ཀྱིས་ང་ལ་རང་གི་བཟའ་ཟླར་བཞེས་རོགས་གནང་ཞེས་ཞུས་པའི་ལན་དུ། 10ཁོས། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་བྱིན་གྱིས་རླབས་པར་ཤོག ཁྱོད་ཀྱིས་རང་གི་གྱོས་མོ་ལ་ཞབས་ཕྱི་གང་ཞུས་པ་ལས་ལྷག་པར་ང་ཚོའི་ཁྱིམ་ཚང་ལ་ཁྱོད་ཀྱིས་ཞེན་འཁུར་ཆེན་པོ་བྱས་ཡོད། ཁྱོད་ཀྱིས་མི་གཞོན་པ་ཕྱུག་པོའམ་དབུལ་པོའི་རྗེས་སུ་མ་ཕྱིན་ནོ། 11དེ་བས་ན་རུད་ཁྱོད་ད་སེམས་ཁྲལ་བྱེད་མི་དགོས། ཁྱོད་ཀྱིས་གང་སྨྲས་པ་བཞིན་ངས་བྱེད་ཀྱི་ཡིན། ཁྱོད་རང་བུད་མེད་སྤྱོད་ལམ་བཟང་པོ་ཞིག་ཡིན་པ་དེ་གྲོང་ཁྱེར་གྱི་མི་ཚང་མས་ཤེས་ཀྱི་ཡོད། 12ང་གཉེན་ཚན་ཉེ་པོ་ཞིག་ཡིན་པ་དང་། ཁྱོོད་རང་ལ་ལྟ་སྐྱོང་བྱེད་པའི་ལས་འགན་ངའི་ཐོག་ཏུ་ཡོད་པ་དེའང་བདེན་ནོ། འོན་ཀྱང་ང་ལས་ཉེ་བའི་གཉེན་ཚན་གཞན་ཞིག་ཀྱང་ཡོད། 13ད་དོ་དགོང་མཚན་ལ་ཁྱོད་རང་འདི་ག་རང་ལ་སྡོད་ཅིག སང་ཞོག་ངས་ཕྱིན་ནས་མི་དེས་ཁྱོད་ཀྱི་འགན་འཁུར་བྱེད་དང་མི་བྱེད་རྩད་གཅོད་བྱེད་ཀྱི་ཡིན། གལ་སྲིད་ཁོས་འགན་འཁུར་བྱས་ན་གང་ལེགས་ཡིན་པ་དང་། དེ་བཞིན་མ་བྱས་ན་གསོན་པོར་བཞུགས་པའི་གཙོ་བོ་དཀོན་མཆོག་གི་མཚན་ལ་ངས་དམ་བཅའ་བྱེད་ཀྱི་ཡོད་པས། ངས་འགན་ལེན་རྒྱུ་ཡིན། ད་ཁྱོད་རང་སང་ཞོགས་བར་འདི་ག་རང་དུ་ཉོལ་ཞིག་ཅེས་སྨྲས་པ་དང་། 14རུད་བྷོ་ཨཛའི་རྐང་པའི་འགྲམ་དུ་ཉལ་ནས་བསྡད་དོ། འོན་ཀྱང་མི་སུས་ཀྱང་མ་མཐོང་བའི་ཕྱིར་མོ་ནམ་མ་ལངས་པའི་སྔོོན་དུ་ལངས་ནས་ཕྱིན་ནོ། གང་ལ་ཟེར་ན་མོ་དེར་ཡོང་བའི་སྐོར་མི་སུས་ཀྱང་ཤེས་མི་རུང་ཞེས་བྷོ་ཨཛས་འདོད་གྱི་ཡོད་པའི་ཕྱིར་རོ། 15དེ་ནས་བྷོ་ཨཛས་རུད་ལ། ཁྱོད་ཀྱིས་གྱོན་པའི་རས་དེ་ས་ལ་མར་བཀྲམ་ཞིག་ཅེས་སྨྲས་ནས་དེར་འབྲུ་ཀི་ལོ་ ༢༠ ཙམ་བླུགས་ནས་མོ་ལ་བཀལ་བ་དང་། མོས་དེ་འཁྱེར་ནས་གྲོང་ཁྱེར་དུ་ལོག་ཕྱིན་ནོ། 16མོ་ནང་དུ་བསླེབས་པ་དང་གྱོས་མོས་མོ་ལ། བུ་མོ་གང་བྱུང་སོང་ཞེས་དྲིས་པའི་ལན་དུ། དེ་ནས་བྷོ་ཨཛས་མོ་རང་ལ་གང་བྱེད་པ་ཚང་མ་བཤད་དོ། 17མོས་སྨྲས་པ། བྷོ་ཨཛས་ང་ལ་ལག་པ་སྟོང་པ་མ་འགྲོ་ཤིག་ལབ་བྱུང། དེའི་རྐྱེན་གྱིས་འབྲུ་འདི་ཙམ་བསྐུར་བྱུང་། 18དེ་ནས་ན་ཨོ་མིས་མོ་ལ། རུད་ཁྱོད་བཟོད་སྒོམ་བྱས་ནས་སྒུག་སྡོད་ཅིག གནས་ཚུལ་འདིའི་ལས་དོན་སྒྲུབ་ཡོང་ངམ་མི་ཡོང་ལྟ་དགོས། གནས་ཚུལ་འདིའི་སྐོར་ཐག་ཆོད་མ་བྱུང་བར་བྷོ་ཨཛ་བློ་བདེའི་ངང་ནམ་ཡང་གནས་ཐུབ་མི་ཡོང་ཞེས་སྨྲས་སོ༎

རུད 4

བྷོ་ཨཛ་དང་རུད་ཆང་ས་བརྒྱབ་པ།

1བྷོ་ཨཛ་གྲོང་ཁྱེར་གྱི་གཞུང་སྒོའི་འགྲམ་དུ་ཕྱིན་ནས་བསྡད་སྐབས། སྔར་ཁོས་སྨྲས་པའི་ཨེ་ལི་མེ་ལེག་གི་གཉེན་ཚན་ཉེ་པོ་དེའང་དེར་བསླེབས་པས། བྷོ་ཨཛས་ཁོ་དང་ཉེ་བར་ཡོང་ནས་སྡོད་ཅིག་སྨྲས་པ་དང་། ཁོ་འགྲམ་དུ་ཕྱིན་ནས་བསྡད་དོ། 2བྷོ་ཨཛས་གྲོང་ཁྱེར་གྱི་མི་རྒན་པོ་བཅུ་བོས་ནས་དེར་བསྡད་བཅུག་གོ 3དེ་ནས་ཁོས་རང་གི་གཉེན་ཚན་དེ་ལ། ད་ན་ཨོ་མི་མོ་ཨབ་ཡུལ་ནས་ཕྱིར་ལོག་བྱས་ཡོད་ཅིང། མོས་ང་ཚོའི་གཉེན་ཚན་ཨེ་ལི་མེ་ལེག་གི་ས་ཞིང་དེ་ཚོང་བརྩིས་བྱེད་ཀྱི་འདུག་ན། 4དེའི་སྐོར་ཁྱོད་ཀྱིས་ཤེས་པ་བྱེད་ན་ཡག་པོ་རེད་ཅེས་བསམ་གྱི་འདུག ས་ཞིང་དེ་ཁྱོད་ལ་དགོས་ན་ད་ལྟ་འདིར་འཛོམས་ཡོད་པའི་རྒན་པོ་རྣམས་ཀྱི་མདུན་དུ་ཁྱོད་ཀྱིས་དེ་ཉོས་ཤིག གལ་སྲིད་མི་དགོས་ན་མི་དགོས་ཞེས་ཁ་གསལ་པོར་ལབ་དགོས། གང་ལ་ཟེར་ན་ས་ཞིང་དེ་ཉོ་ཆོག་པའི་དབང་ཆ་དང་པོ་དེ་ཁྱོད་ལ་ཡོད། དེ་རྗེས་ང་ལ་ཡོད་ཅེས་སྨྲས་པ་དང་། མི་དེས་ས་ཞིང་དེ་ངས་ཉོ་གི་ཡིན་ཞེས་སྨྲས་སོ། 5དེ་ནས་བྷོ་ཨཛས། ཁྱོད་ཀྱིས་ན་ཨོ་མིའི་ལག་ནས་ས་ཞིང་དེ་ཉོས་པ་ཡིན་ན། མོ་ཨབ་ཡུལ་ནས་ཡོང་བའི་ཡུག་མོ་རུད་ཀྱང་བཟའ་ཟླར་ལེན་དགོས། དེ་ལྟར་བྱས་ན་ས་ཞིང་དེ་ཨེ་ལི་མེ་ལེག་གི་མི་བརྒྱུད་རང་གི་ལག་ཏུ་གནས་ཀྱི་རེད་ཅེས་སྨྲས་པ་དང་། 6མི་དེས་དེ་འདྲ་ཡིན་ན་ངས་ས་ཞིང་ཉོ་ཆོག་པའི་དབང་ཆ་དེ་སྤངས་ཀྱི་ཡིན། གང་ལ་ཟེར་ན་ས་ཞིང་དེར་ངའི་བུ་ཕྲུག་ཚོས་བདག་དབང་བྱེད་ཆོག་ས་མ་རེད། དེ་བས་ན་ས་ཞིང་དེ་ཁྱོད་རང་ཉོས་ཤིག ང་ཉོ་གི་མིན་ཞེས་སྨྲས་སོ། 7གནའ་དུས་ཨིསི་རཱཨེལ་གྱི་སྲོལ་བཞིན་ས་ཞིང་ཉོ་ཚོང་ངམ་བརྗེ་ལེན་བྱས་པའི་སྐད་ཆ་གཏན་འབེབས་བྱུང་བའི་རྟགས་མཚན་དུ་ས་ཞིང་ཚོང་མཁན་གྱིས་ཉོ་མཁན་དེ་ལ་རང་གི་ལྷམ་ཕུད་ནས་སྟེར་བའི་སྲོལ་ཡོད་པ་རེད། 8མི་དེས་བྷོ་ཨཛ་ལ། ས་ཞིང་དེ་ཁྱོད་རང་ཉོས་ཤིག་ཅེས་ཟེར་ནས་རང་གི་ལྷམ་ཕུད་དེ་བྷོ་ཨཛ་ལ་སྟེར་བ་དང་། 9བྷོ་ཨཛས། ཁྱེད་རྒན་པོ་རྣམས་དང་གཞན་ཡང་འདིར་འཛོམས་ཡོད་པའི་མི་ཚང་མ་དཔང་དུ་བཙུགས་ཏེ། ངས་དེ་རིང་ནས་བཟུང་ན་ཨོ་མིའི་ལག་ནས་ཨེ་ལི་མེ་ལེག་དང་ཁོའི་བུ་ཀིལ་ཡོན་དང་མཱ་ལོན་གཉིས་ཀྱི་རྒྱུ་ནོར་ལོངས་སྤྱོད་ཀྱི་ཤུལ་དང་བཅས་པ་ཉོ་གི་ཡོད། 10དེ་ཙམ་མ་ཟད་མཱ་ལོན་གྱི་ཆུང་མ་མོ་ཨབ་པ་རུད་ཀྱང་ངའི་བཟའ་ཟླར་ཉར་གྱི་ཡོད། དེ་ལྟར་བྱས་ན་གཤིན་པོའི་རྒྱུ་ནོར་གང་ཡོད་པ་ཚང་མ་དེའི་ཁྱིམ་ཚང་རང་དུ་གནས་པ་དང་། རང་གི་མི་རྒྱུད་ཀྱང་སོ་སོའི་གྲོང་ཚོའི་ནང་དུ་གནས་ཐུབ་ཡོང་། དེ་བས་ན་དོན་གནད་འདིའི་སྐོར་ལ་ཁྱེད་ཚོ་ཚང་མས་ང་ལ་དཔང་པོ་གནང་དགོས་ཅེས་སྨྲས་པ་དང་། 11རྒན་པོ་རྣམས་ཀྱིས་གཙོས་པས་དེར་འཛོམས་ཡོད་པའི་མི་ཚང་མས། དོན་གནད་དེའི་སྐོར་ང་ཚོས་དཔང་པོ་བྱས་ཆོག ར་ཧེལ་དང་ལེ་ཨ་གཉིས་ཀྱིས་ཡ་ཀོབ་ཀྱི་རིགས་རྒྱུད་སྤེལ་བ་བཞིན་གཙོ་བོ་དཀོན་མཆོག་གིས་ཁྱེད་ཀྱི་བཟའ་ཟླར་ཡང་དེ་བཞིན་འབྱུང་བའི་བྱིན་རླབས་གནང་བར་ཤོག ཨེཕ་རད་ཀྱི་རིགས་རུས་ནང་ནས་ཁྱོད་ནོར་ལོངས་སྤྱོད་དང་ལྡན་ཞིང་བྷེད་ལེ་ཧེམ་དུ་ཁྱེད་ཀྱི་སྙན་གྲགས་ཡོངས་སུ་འཕེལ་བར་ཤོག 12གཙོ་བོ་དཀོན་མཆོག་གི་ཐུགས་རྗེས་ཁྱེད་ཀྱི་བཟའ་ཟླ་ན་ཆུང་མ་འདི་ལས་སྐྱེས་པའི་བུ་ཕྲུག་རྣམས་ནི། ཡ་ཧུ་དཱ་དང་ཏ་མཱར་གྱི་བུ་པེ་རེཛའི་ནང་མི་དང་མཚུངས་པ་དགའ་སྐྱིད་ལྡན་པའི་ནང་མི་ཞིག་ཏུ་འགྱུར་བར་ཤོག་ཅེས་སྨོན་འདུན་བྱས་སོ༎

བྷོ་ཨཛའི་རིགས་བརྒྱུད།

13དེ་ནས་བྷོ་ཨཛས་རུད་ལ་རང་གི་ཆུང་མར་བླངས་ཤིང་། གཙོ་བོ་དཀོན་མཆོག་གི་ཐུགས་རྗེས་མོ་མངལ་དང་ལྡན་ནས་བུ་ཞིག་སྐྱེས་སོ། 14དེ་ནས་བུད་མེད་ཚོས་ན་ཨོ་མི་ལ། གཙོ་བོ་དཀོན་མཆོག་གི་ཐུགས་རྗེས་ཁྱོད་ལ་ཚ་བོ་ཞིག་བྱུང་ཡོད་པས། ད་ཁོང་ལ་བསྟོད་བསྔགས་ཕུལ་ཞིག། རྗེས་སུ་ཁྱོད་ལ་ཚ་བོ་དེས་ལྟ་སྐྱོང་བྱེད་ཡོང་། ཨིསི་རཱཨེལ་གྱི་ཡུལ་ཀུན་ཏུ་ཁོའི་སྙན་གྲགས་འཕེལ་བར་ཤོག 15ཁྱོད་ཀྱི་མནའ་མས་ཁྱོད་ལ་གཅེས་པོ་བྱེད་ཀྱི་འདུག མོས་ཁྱོད་ལ་བུ་བདུན་ལས་ལྷག་པར་དྲིན་བྱས་པས་མ་ཟད། དེས་ཁྱོད་ལ་ཚ་བོ་ཞིག་ཀྱང་སྟེར་ཡོད། དེས་ཁྱོད་ལ་མི་ཚེ་གསར་པ་ཐོབ་པ་ལྟ་བུའི་སེམས་ལ་དགའ་སྣང་སྦྱིན་པ་དང་། རྗེས་སུ་ཁྱོད་ལོ་རྒས་དུས་དེས་ཁྱོད་ལ་ལྟ་རྟོག་བྱེད་ཡོང་ཞེས་སྨྲས་སོ། 16དེ་ནས་ན་ཨོ་མིས་ཕྲུ་གུ་དེ་རང་གི་པང་པར་བླངས་ཤིང་དེ་ལ་འཚོ་སྐྱོང་བྱས་སོ། 17ཁྱིམ་མཚེས་མ་བུད་མེད་ཚོས་ཕྲུ་གུའི་མིང་ཨོ་བེད་ཅེས་བཏགས་ཏེ་མི་ཚང་མས་ན་ཨོ་མི་ལ་བུ་སྐྱེས་བཞག་ཅེས་སྨྲས་པ་དང་། རྗེས་སུ་ཨོ་བེད་ནི་ཡི་ཤེའི་ཕ་དང་། དཱ་བིད་ཀྱི་པོ་པོར་གྱུར་བ་ཡིན་ནོ། 18-22པེ་རེཛ་ནས་དཱ་བིད་བར་གྱི་གདུང་རྒྱུད་ནི་གཤམ་གསལ་ལྟར་ཡིན་ནོ། པེ་རེཛ། ཧེཛ་རོན། རམ། ཨམ་མི་ན་དྷབ། ནཱ་ཤོན། སལ་མོན། བྷོ་ཨཛ། ཨོ་བེད། ཡི་ཤེ། དཱ་བིད་བཅས་སོ༎

ཤ་མུ་ཨེལ་དང་པོ། 1

ཤི་ལཱོ་རུ་ཨེལ་ཀ་ནཱ་དང་ཁོའི་ནང་མི།

1ཨེཕ་ར་ཡིམ་གྱི་སྡེ་རིགས་ལས་ཡིན་པ། མིང་ལ་ཨེལ་ཀ་ནཱ་ཞེས་པའི་མི་ཞིག་ཡོད་ཅིང་། ཁོ་ནི་ཨེཕ་ར་ཡིམ་གྱི་རི་བརྒྱུད་ས་ཁུལ་དུ་ཡོད་པའི་ར་མཱ་ཞེས་པའི་གྲོང་ཚོ་རུ་བསྡད་ཀྱི་ཡོད་པ་དང་། དེ་ནི་ཛུཕ་ཀྱི་རིགས་རུས་ཁོངས་ཀྱི་ཏོ་ཧུའི་ཁྱིམ་ཚང་ནས་ཡིན་ནོ། ཡེ་རོ་ཧམ་གྱི་བུ་དང་། ཨེ་ལི་ཧུའི་ཚ་བོ་ཡིན་ནོ། 2ཨེལ་ཀ་ནཱ་ལ་ཆུང་མ་གཉིས་ཡོད་པའི་ནང་ནས། གཅིག་གི་མིང་ལ་ཧན་ནཱ་དང་གཞན་དེའི་མིང་ལ་པེ་ནིན་ནཱ་ཞེས་ཟེར་ཞིང་། ཡང་པེ་ནིན་ནཱ་ལ་ཕྲུ་གུ་ཡོད་ཀྱང་། ཧན་ནཱ་ལ་ནི་ཕྲུ་གུ་གཅིག་ཀྱང་མེད་པ་ཡིན་ནོ། 3ལོ་ལྟར་རེ་བཞིན་ཨེལ་ཀ་ནཱ་ར་མཱ་ནས་ཐོན་ཏེ། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་དང་དམར་མཆོད་འབུལ་ཕྱིར་ཤི་ལཱོ་རུ་འགྲོ་གི་ཡོད་པ་ཡིན་ནོ། དེར་ཨེ་ལིའི་བུ་རྣམས་ཧོཕ་ནི་དང་ཕིན་ཧསི་གཉིས་ཀྱིས་གཙོ་བོ་དཀོན་མཆོག་གི་བླ་མའི་ཚུལ་དུ་སྲི་ཞུ་ཞུ་ཞིང་ཡོད་དོ། 4ཨེལ་ཀ་ནཱས་དམར་མཆོད་འབུལ་རེ་བཞིན་དུ་ཁོས་པེ་ནིན་ནཱ་དང་མོའི་ཕྲུ་གུ་རྣམས་ལ་ཤའི་ཐོབ་སྐལ་རེ་སྤྲད་ཀྱི་ཡོད་དོ། 5ཁོས་ཧན་ནཱ་ལ་ཧ་ཅང་གཅེས་པོ་བྱས་ཀྱི་ཡོད་ཀྱང་། གཙོ་བོ་དཀོན་མཆོག་གི་མོ་ལ་ཕྲུ་གུ་གནང་མེད་པར་བརྟེན། ཁོས་མོ་ལ་ཐོབ་སྐལ་གཅིག་མ་གཏོགས་སྟེར་གྱི་མེད་པ་ཡིན་ནོ། 6མོས་ཁ་གཏད་པེ་ནིན་ནཱས་མོ་ལ་བསུན་པོ་བཟོས་པ་མ་ཟད་འཚེ་ཞིང་དམའ་འབེབས་བྱེད་ཀྱི་ཡོད་དོ། གང་ལ་ཟེར་ན་གཙོ་བོ་དཀོན་མཆོག་གིས་མོ་ལ་ཕྲུ་གུ་གནང་མེད་པ་ཡིན་པས། 7ལོ་ལྟར་རེ་བཞིན་དེ་ལྟར་བྱས་ཏེ། ཁོ་ཚོ་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་འགྲོ་རེ་བཞིན་དུ་པེ་ནིན་ནཱས་ཧན་ནཱ་ལ་ཧ་ཅང་བསུན་པོ་བཟོས་པས། མོ་ངུ་ཞིང་ཁ་ཟས་སོགས་གང་ཡང་ཟ་གི་མེ་དོ། 8མོའི་བཟའ་ཟླ་ཨེལ་ཁ་ནཱས་མོ་ལ། ཀྱེ་ཧན་ནཱ། ཁྱོད་རང་ག་རེའི་དོན་དུ་ངུ་གི་ཡོད། ཁ་ཟས་ཀྱང་མི་ཟ་བར་ཁྱོད་རྒྱུན་དུ་སེམས་སྐྱོ་དགོས་པ་དེ་གང་ཡིན་ནམ། ཁྱོད་ལ་ང་ཡོད་ན་བུ་བཅུ་ཡོད་པ་ལས་ལྷག་པའི་དགའ་ཚོར་མི་འདུག་གམ་ཞེས་སྨྲས་སོ༎

ཧན་ནཱ་དང་ཨེ་ལི།

9-10ཉིན་ཞིག་ཤི་ལཱོ་རུ་ཁོ་ཚོས་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ནང་དུ་ཁ་ཟས་ཟས་པའི་རྗེས་ལ་ཧན་ནཱ་ཡར་ལངས་ཤིང་། སེམས་ཧ་ཅང་འཁྲུགས་ཏེ་སྨྲེ་སྔགས་དྲག་པོས་གཙོ་བོ་དཀོན་མཆོག་ལ་གསོལ་སྨོན་ཞུས་སོ། སྐབས་དེར་བླ་མ་ཨེ་ལི་ནི་མཆོད་ཁང་གི་སྒོའི་འགྲམ་དུ་རང་གི་གནས་སུ་བསྡད་ཡོད་དོ། 11དེ་ནས་ཧན་ནཱས་ཚབས་ཆེ་མནའ་སྐྱེལ་ཞིང་ཞུས་པ། ཀྱེ་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག། ཉིད་ཀྱི་བྲན་མོའི་ཕྱོགས་སུ་གཟིགས་པར་མཛོད། ངའི་དཀའ་ངལ་ལ་གཟིགས་ཏེ། ང་ལ་ཐུགས་དྲན་གསོ་ཞིང་། ཐུགས་མ་བསྙེལ་བར་ང་ལ་བུ་ཞིག་གནང་བ་ཡིན་ན། ངས་ཁོ་ཚེ་གང་རིང་དུ་ཁྱེད་ཀྱི་ཞབས་ཏོག་ཞུ་ཕྱིར་ཁྱེད་ལ་འབུལ་རྒྱུ་ཡིན་པ་དང་། ཁོའི་སྐྲ་དེ་ནམ་ཡང་འབྲེག་པར་མི་འགྱུར་རོ། སྐྲ་དེ་ནམ་ཡང་འབྲེག་པར་མི་འགྱུར་རོ: དཀོན་མཆོག་ལ་བསྔོ་འབུལ་བྱས་པའི་རྟགས་ཤིག་ཡིན་ནོ། (མི་འབོར་གྲངས་རྩིས 6:5) 12ཧན་ནཱས་ཡུན་རིང་བར་མུ་མཐུད་དེ་སྨོན་ལམ་འདེབས་སྐབས། ཨེ་ལིས་མོའི་མཆུ་ལྟོར་བལྟས་ནས་བསྡད་དོ། 13མོས་སྐད་སྒྲ་མ་འདོན་བར་ཁུ་སིམ་མེར་སྨོན་ལམ་འདེབས་སྐབས་མོའི་མཆུ་ལྟོ་འགུལ་བཞིནའི་ཡོད་པར་བརྟེན། ཨེ་ལིའི་སེམས་ལ་མོ་ནི་ར་བཟི་བཞག་ཅེས་བསམ་ནས། 14མོ་ལ། ཁྱོད་ར་བཟིའི་སྤྱོད་ཚུལ་མ་བསྟན་ཞིག། ཆང་རག་འཐུང་རྒྱུ་དེ་འཚམས་འཇོགས་བྱོས་ཤིག་ཅེས་སྨྲས་སོ། 15མོས་ལན་དུ། ཀྱེ་སྐུ་ཞབས་ལགས། ང་ནི་ར་བཟི་མེད། ཆང་རག་ཀྱང་འཐུང་མེད། ང་ནི་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ཤིག་ཏུ་ཚུད་ཡོད་པས། ངའི་དཀའ་ངལ་ཚང་མ་གཙོ་བོ་དཀོན་མཆོག་ལ་ཞུ་གི་ཡོད། 16ཁྱེད་ཀྱིས་ང་ལ་བུད་མེད་སྤྱོད་ངན་ཞིག་ཡིན་པར་མ་བསམ་རོགས་གནང། ང་ནི་སེམས་སྐྱིད་པོ་མེད་པའི་རྐྱེན་གྱིས་དེ་ལྟར་སྨོན་ལམ་བཏབ་པ་ཡིན་ཞེས་སྨྲས་སོ། 17ཨེ་ལིས། ཁྱོད་ཞི་བདེའི་ངང་དུ་སོང་ཞིག། ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ཁྱོད་ཀྱི་ཞུ་བར་གསན་ཏེ། དེ་བཞིན་ཁྱོད་ཀྱི་གང་ཞུས་པ་དེ་གནང་བར་ཤོག་ཅེས་སྨྲས་སོ། 18མོས་ལན་དུ། ཁྱེད་ཀྱིས་རྒྱུན་དུ་ང་ལ་ཐུགས་རྗེ་ཆེན་པོས་དགོངས་པ་བཞེས་པར་མཛོད་ཅེས་སྨྲས་ནས། མོ་ཕྱིན་ཏེ་ཁ་ཟས་ཟ་ཤིང་མྱ་ངན་སོགས་གང་ཡང་མ་བྱས་སོ༎

ཤ་མུ་ཨེལ་སྐྱེས་ནས་བསྔོ་འབུལ་བྱས་པ།

19དེའི་སང་ཞོག་ཨེལ་ཀ་ནཱ་དང་ཁོའི་ཁྱིམ་ཚང་སྔ་པོར་ཡར་ལངས་ཤིང་། གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་བྱས་ཏེ། ར་མཱ་རུ་རང་གི་ཁང་པར་ཕྱིར་ལོག་བྱས་པའི་རྗེས་ལ། ཨེལ་ཀ་ནཱས་རང་གི་ཆུང་མ་ཧན་ནཱ་དང་མཉམ་དུ་ལུས་འབྲེལ་བྱས་པས། གཙོ་བོ་དཀོན་མཆོག་གིས་མོའི་སྨོན་ལམ་གསན་ཏེ་དེར་བཀའ་ལན་གནང་བ་ཡིན་ནོ། 20དེར་བརྟེན་མོ་མངལ་དང་ལྡན་ཞིང་བུ་ཞིག་སྐྱེས་ཏེ། མོས་དེའི་མིང་ལ་ཤ་མུ་ཨེལ་ཤ་མུ་ཨེལ: ཤ་མུ་ཨེལ་ཞེས་པའི་དོན་ནི་ཨིབ་རི་པའི་སྐད་དུ་དཀོན་མཆོག་གི་མཚན་ཡིན་ནོ། ཞེས་བཏགས་ནས། ཁོ་ནི་ངས་གཙོ་བོ་དཀོན་མཆོག་ནས་སློང་བ་ཡིན་ཞེས་འབྲལ་བཤད་བྱས་སོ། 21གཙོ་བོ་དཀོན་མཆོག་ལ་ལོ་རེར་འབུལ་དགོས་པའི་དམར་མཆོད་དང་། རང་གིས་དམ་བཅའ་བྱས་པའི་དམིགས་བསལ་གྱི་དམར་མཆོད་སོགས་འབུལ་བའི་ཕྱིར་ཨེལ་ཀ་ནཱ་དང་ཁོའི་ཁྱིམ་ཚང་སླར་ཡང་ཤི་ལཱོ་རུ་འགྲོ་བའི་དུས་ལ་བབས་ཀྱང་། 22འོོན་ཀྱང་ད་ལན་ཧན་ནཱ་མ་ཕྱིན་པར། མོས་རང་གི་ཁྱོ་ལ་སྨྲས་པ། ཕྲུ་གུས་འོ་མ་འཐུང་རྒྱུ་མཚམས་བཞག་མ་ཐག་ཏུ། ཁོ་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་ཚེ་གང་གནས་པའི་ཕྱིར་ངས་ཁོ་ལ་འཁྲིད་འགྲོ་གི་ཡིན། 23དེའི་ལན་དུ་ཨེལ་ཀ་ནཱས། ཁྱོད་རང་གི་སེམས་ལ་གང་ལེགས་པ་བསམ་པ་དེ་ག་རང་བྱོས་ཤིག ཕྲུ་གུས་འོ་མ་མ་བཅད་བར་དུ་ཁྱོད་རང་ཁང་པར་སྡོད་ཅིག གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་རང་གི་དམ་བཅའ་སྒྲུབ་ཐུབ་པའི་བྱིན་རླབས་གནང་བར་ཤོག་ཅེས་སྨྲས་པ་བཞིན། ཧན་ནཱས་རང་གི་ཕྲུ་གུའི་བལྟ་སྐྱོངས་བྱས་ཏེ་ཁང་པར་གནས་སོ། 24ཕྲུ་གུའི་འོ་མ་འཐུང་རྒྱུའི་མཚམས་ཅད་པ་དང་། མོས་ཕྲུ་གུ་དེ་དང་ལོ་གསུམ་ལོན་པའི་གླང་གཅིག་ལོ་གསུམ་ལོན་པའི་གླང་གཅིག: བརྡ་སྒྱུར་རྙིང་པ་ཁག་ཏུ་ལོ་གསུམ་ལོན་པའི་གླང་གཅིག་ཅེས་གསལ་ཡོད། ཡང་ཨིབ་རི་པའི་སྐད་ཀྱི་བརྡ་སྒྱུར་ལྟར་གླང་གསུམ་ཞེས་གསལ་ཡོད། དང་། གྲོ་ཞིབ་ཀི་ལོ་གྷ་རཱམ་བཅུ་དང་། རྒུན་ཆང་རྐྱལ་པ་གང་བཅས་ཁྱེར་ནས་ཤི་ལཱོ་རུ་ཕྱིན་ནོ། ཤི་ལཱོ་རུ་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་བཅར་སྐབས་ཤ་མུ་ཨེལ་ལོ་ན་ཆུང་ཆུང་ཡིན་པ་དང་། 25དེ་ཚོས་གླང་དེ་བསད་ནས་ཕྲུ་གུ་དེ་ཨེ་ལིའི་མདུན་དུ་འཁྲིད་དེ། 26ཧན་ནཱས་ཁོང་ལ་ཞུས་པ། ཀྱེ་སྐུ་ཞབས་ལགས། ཁྱེད་ཀྱིས་ང་ལ་ཐུགས་དྲན་གསོས་ཀྱི་འདུག་གས། ཁྱེད་ཀྱིས་མཁྱེན་གསལ་ལྟར་སྔར་ས་གནས་འདི་རང་དུ་ལངས་ནས་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཞུས་པའི་བུད་མེད་དེ་ནི་ང་རང་ཡིན། 27ངས་ཕྲུ་གུ་འདི་ཁོང་ནས་ཞུས་པ་ཡིན་པས། ངས་གང་ཞུས་པ་བཞིན་དུ་ཁོང་གིས་ང་ལ་གནང་བྱུང་བས། 28ད་ངས་ཁོ་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་ཞུ་གི་ཡིན། ཁོ་ཚེ་གང་རིང་དུ་གཙོ་བོ་དཀོན་མཆོག་ལ་བདག་པ་ཡིན་ནོ། དེ་རྗེས་ཁོ་ཚོས་གནས་དེར་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུས་སོ༎

ཤ་མུ་ཨེལ་དང་པོ། 2

ཧན་ནཱའི་སྨོན་ལམ།

1ཧན་ནཱས་འདི་ལྟར་སྨོན་ལམ་འདེབས་སོ། ང་ཡི་སེམས་ནང་གཙོ་བོ་དཀོན་མཆོག་གིས། དགའ་སྤྲོས་ཡོངས་སུ་ཁྱབ་པར་མཛད་ལགས་སོ། གུས་མོར་ཉིད་ཀྱིས་བཀའ་དྲིན་མཛད་པར་བརྟེན། ང་ཡི་སེམས་ནི་དགའ་བས་ཡོངས་སུ་ཁྱབ། དགྲ་བོ་རྣམས་ཀྱི་ཐོག་ཏུ་ང་ནི་གད། གཙོ་བོས་ང་ལ་སྐྱབས་གྲོགས་མཛད་པར་བརྟེན། ང་ནི་དགའ་སྤྲོའི་ངང་དུ་ཡོངས་སུ་རོལ། 2གཙོ་བོ་དཀོན་མཆོག་ལྟ་བུའི་དམ་པ་སུའང་མེད། ཁོང་དང་འདྲ་མཚུངས་གཞན་ནི་སུའང་མེད། སྲུང་སྐྱོབ་མཛད་མཁན་ཁོང་འདྲ་སུའང་མེད། 3ང་རྒྱལ་ལྡན་པའི་སྐད་ཤུགས་མ་འདོན་ཞིག། རང་མཐོང་ཆེ་བའི་གཏམ་ངན་མ་འདོན་ཞིག གང་ལགས་ཟེར་ན་གཙོ་བོ་དཀོན་མཆོག་ཐམས་ཅད་མཁྱེན་པ་དཀོན་མཆོག་ཡིན། ཀུན་གྱི་ལས་ལ་གཟིགས་ཏེ་ཁྲིམས་གཅོད་གནང། 4དམག་མི་སྟོབས་ཤུགས་ཆེ་བའི་གཞུ་རྣམས་བཅག་པར་འགྱུར། འོན་ཀྱང་ཉམ་ཐག་རྣམས་སྟོབས་ཤུགས་རྒྱས། 5སྔོན་དུ་གྲོད་པ་ཡོངས་སུ་རྒྱག་པའི་སྐྱེ་བོ་རྣམས། ད་ནི་ཁ་ཟས་འཚོལ་ཕྱིར་གླ་པར་རང་ཉིད་སྤྲད། དེ་སྔོན་བཀྲེས་པ་རྣམས་ནི་ད་མི་ལྟོགས། བུད་མེད་མོ་གཤམ་ལ་ནི་ཕྲུ་གུ་བདུན་ཡང་སྐྱེས། ཕྲུ་གུ་མང་པོའི་མ་ལ་གཅིག་ཀྱང་མ་ལུས་སོ། 6གཙོ་བོ་དཀོན་མཆོག་གིས་ནི་སྲོག་ཀྱང་ལེན། དེ་བཞིན་ཁོང་གིས་གསོན་པོར་མཛད་ཀྱང་ནུས། ཁོང་གིས་མི་རྣམས་གཤིན་པོའི་གནས་སུ་བཏང་། གཤིན་ཁམས་གནས་ནས་ཕྱིར་ལོག་མཛད་ཀྱང་ནུས། 7ཁོང་གིས་འགའ་རེར་དབུལ་ཞིང་ཕོངས་བར་མཛད། ཁོང་གིས་འགའ་རེར་ཕྱུག་པོ་བཟོ་བར་མཛད། འགའ་ཤས་དུལ་ཞིང་ཉམ་ཆུང་ཁོང་གིས་མཛད། འགའ་ཤས་མངའ་ཐང་ཆེ་བའི་གནས་སུ་བཀོད། 8དབུལ་ཕོངས་ཐལ་བའི་ནང་ནས་ཁོང་གིས་སླང་། ཉམས་ཐག་སྡུག་བསྔལ་གནས་ལས་སླངས་མཛད་དེ། དེ་དག་རྒྱལ་སྲས་རྣམས་ཀྱི་ཁྲོད་དུ་བཞག། མིང་དང་གྲགས་པ་ཆེ་བའི་གནས་སུ་བཀོད། ས་ཡི་རྨངས་གཞི་ཀུན་ནི་གཙོ་བོ་དཀོན་མཆོག་ཁོང་གི་ཡིན། དེའི་ཁར་ཁོང་གིས་འཛམ་གླིང་བཟོས་པར་མཛད། 9ཁོང་གིས་མི་འབངས་དམ་ཚིག་ཅན་ལ་སྐྱབས། འོན་ཀྱང་མི་ངན་མུན་པའི་ནང་དུ་བརླག། མི་ནི་རང་སྟོབས་བསྟེན་ནས་རྒྱལ་མི་ཐུབ། 10གཙོ་བོ་དཀོན་མཆོག་ཁོང་གི་དགྲ་བོ་རྣམས་ནི་འཇིག། དེ་ཚོར་ཁོང་གིས་གནམ་ནས་འབྲུག་སྐད་ལྡིར། གཙོ་བོ་དཀོན་མཆོག་ཁོང་གིས་འཛམ་གླིང་ཡོངས་ལ་ཁྲིམས་གཅོད་གནང། ཁོང་གིས་ཉིད་ཀྱི་རྒྱལ་པོར་དབང་བསྐུར་ཞིང་། ཉིད་ཀྱིས་འདམས་པའི་རྒྱལ་པོར་རྒྱལ་ཁ་གནང་། 11དེ་རྗེས་ཨེལ་ཀ་ནཱ་ར་མཱ་རུ་རང་གི་ཁང་པར་ཕྱིར་ལོག་བྱས་ཀྱང་། བུ་ཤ་མུ་ཨེལ་ནི་ཤི་ལོ་རུ་བླ་མ་ཨེ་ལིསི་མངའ་འོག་ཏུ་གནས་ཏེ་གཙོ་བོ་དཀོན་མཆོག་གི་ཞབས་ཏོག་ཞུས་སོ༎

ཨེ་ལིའི་བུ་རྣམས།

12ཨེ་ལིའི་བུ་རྣམས་ངན་པ་ཡིན་པས། གཙོ་བོ་དཀོན་མཆོག་ལ་དད་གུས་གང་ཡང་མ་ཞུས་པ་དང་། 13མི་མང་གི་ལག་ནས་ཐོབ་འོས་པའི་བླ་མའི་ཐོབ་ཐང་སྐོར་གྱི་ཁྲིམས་ལའང་རྩིས་མེད་བྱས་ཀྱི་ཡོད་པ་དང་། མི་ཞིག་འབུལ་བ་འབུལ་བཞིན་པའི་སྐབས་སུ་མཆོད་གཡོག་རྣམས་ལག་ཏུ་ཤ་འཛིན་རྩེ་གསུམ་བྱེད་པ་ཞིག་འཁྱེར་ཡོང་སྟེ། འབུལ་བའི་ཤ་དེ་བཅོས་བཞིན་པའི་སྐབས་སུ། 14སྣོད་ཀྱི་ནང་དུ་ཤ་འཛིན་དེ་བཙུག་ནས། དེས་བཏོན་པའི་ཤ་དེ་བླ་མའི་དོན་དུ་འཁྱེར་འགྲོ་གི་ཡོད་དོ། ཤི་ལཱོ་རུ་དམར་མཆོད་འབུལ་ཕྱིར་ཡོང་བའི་ཨིསི་རཱཨེལ་པ་ཚང་མར་ཁོ་ཚོས་གོང་བཞིན་བྱེད་ཀྱི་ཡོད་དོ། 15དེ་ཙམ་མ་ཟད་ལུགས་སྲོལ་བཞིན་དུ་ཤ་ནས་ཚིལ་ལུ་སོ་སོར་དབྱེ་སྟེ། མེར་སྲེག་མ་གཏོང་སྔོན་དུ་མཆོད་གཡོག་རྣམས་ཡོང་ནས་མཆོད་འབུལ་བྱེད་མཁན་མི་དེ་ལ། ཤ་མེར་སྲེག་བཏང་ནས་བླ་མ་ལ་འབུལ་བའི་ཕྱིར་ང་ལ་ཤ་ཏོག་ཙམ་དགོས་སོ། ཁོང་གིས་ཤ་རྗེན་པ་མ་གཏོགས་ཁྱོད་ཚོས་ཤ་བཙོས་ནས་ཕུལ་བ་དེ་བཞེས་མི་ཡོང་ཞེས་སྨྲས་ཀྱི་ཡོད་དོ། 16གལ་ཏེ་མི་དེས་ལན་དུ། ཐོག་མར་ཚིལ་ལུ་མེར་སྲེག་བཏང་སྟེ་སྲོལ་བཞིན་གང་རིགས་པ་ཡིན་པ་དེ་བྱེད་དགོས། དེ་རྗེས་ཁྱོད་ཚོས་གང་དགོས་པ་དེ་འཁྱེར་ནའང་ཆོག་ཅེས་སྨྲས་པ་ཡིན་ན། མཆོད་གཡོག་དེས། དེ་ལྟར་མི་སྒྲིག། ཤ་དེ་ད་ལྟ་རང་དགོས་ཡོད། དེ་མིན་ངས་བཙན་འཕྲོག་བྱེད་ནས་འཁྱེར་འགྲོ་གི་ཡིན་ཞེས་བརྗོད་ཉེན་ཡོད། 17ཨེ་ལིའི་བུ་ཚོས་གཙོ་བོ་དཀོན་མཆོག་གི་འབུལ་བར་སྣང་ཆུང་རྩིས་པས་དེ་ཚོས་ཉེས་དམིགས་དེ་ནི་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཉེན་ཚབས་ཆེ་བའི་རྒྱུ་ཞིག་ཏུ་ཆགས་ཡོད་དོ༎

ཤ་མུ་ཨེལ་ཤི་ལཱོ་རུ།

18སྐབས་དེར་ཤ་མུ་ཨེལ་ནི་རས་ཀྱི་ཆོས་གོས་ཤིག་གྱོན་ནས་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུས་ཤིང་གནས་སོ། 19ལོ་ལྟར་རེ་བཞིན་ཁོའི་ཨ་མས་ཁོའི་དོན་ལ་ཆོས་གོས་ཆུང་ངུ་རེ་བཟོས་ནས། རང་གི་ཁྱོ་དང་མཉམ་དུ་ལོ་རེའི་དམར་མཆོད་འབུལ་ཕྱིར་འགྲོ་སྐབས་ཆོས་གོས་དེ་འཁྱེར་འགྲོ་གི་ཡོད་དོ། 20ཨེ་ལིས་ཨེལ་ཀ་ནཱ་བཟའ་མི་གཉིས་ལ་བྱིན་རླབས་གནང་ནས། ཨེལ་ཀ་ནཱ་ལ། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་བྱས་པའི་བུ་དེའི་ཚབ་ལ་ཁོང་གིས་ཁྱོད་ལ་བུད་མེད་འདིའི་བརྒྱུད་ནས་ཕྲུ་གུ་གཞན་དག་ཀྱང་གནང་བར་ཤོག་ཅེས་སྨྲས་སོ། དེ་རྗེས་ཁོ་ཚོ་རང་གི་སྡོད་གནས་སུ་ཕྱིར་ལོག་བྱས་སོ། 21གཙོ་བོ་དཀོན་མཆོག་གི་བྱིན་མཐུས་དབང་གིས་ཧན་ནཱ་ལ་གཞན་བུ་གསུམ་དང་བུ་མོ་གཉིས་བྱུང་ངོ་། བུ་ཤ་མུ་ཨེལ་ནི་གཙོ་བོ་དཀོན་མཆོག་གི་ཞབས་ཏོག་ཞུ་བཞིན་ཡར་འཚར་སྐྱེད་བྱུང་ངོ་༎

ཨེ་ལི་དང་ཁོའི་བུ་རྣམས།

22ད་ཨེ་ལི་ནི་ལོ་ན་རྒས་ཡོད་པ་དང་། ཁོའི་བུ་ཚོས་ཨིསི་རཱཨེལ་པ་རྣམས་ལ་བྱས་པའི་བྱ་སྤྱོད་ངན་པའི་སྐོར་གྱི་གནས་ཚུལ་ཁག་མུ་མཐུད་ཀྱིས་གོ་ཐོས་བྱུང་བ་དང་། དེ་ཚོས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་གཟིམ་སྒོའི་འགྲམ་དུ་ཞབས་ཏོག་ཞུ་མཁན་བུད་མེད་ཚོ་དང་མཉམ་དུ་ལུས་འབྲེལ་བྱས་པའི་སྐོར་གྱི་གནས་ཚུལ་ཡང་ཐོས་སོ། 23ཁོས་དེ་དག་ལ། ཁྱོད་ཚོས་འདི་འདྲ་བྱེད་དགོས་དོན་གང་ཡིན་ནམ། ཁྱོད་ཚོས་བྱས་པའི་ལས་ངན་རྣམས་ཀྱི་སྐོར་ལ་མི་ཚང་མས་ང་ལ་བཤད་ཀྱི་འདུག 24དེ་བས་ན་ཀྱེ་ངའི་བུ་རྣམས་ཁྱོད་ཚོས་དེ་དག་མཚམས་འཇོགས་བྱེད་དགོས། དེའི་སྐོར་ལ་གཙོ་བོ་དཀོན་མཆོག་གི་མི་ཚོས་གཏམ་གླེང་བྱེད་བཞིན་པ་དེ་ནི་ཧ་ཅང་ཐབས་སྡུག་པོ་ཞིག་ཡིན་ནོ། 25མི་ཕན་ཚུན་གཅིག་གིས་གཅིག་ལ་བྱས་པའི་སྡིག་པའི་སྐོར་ལ་དཀོན་མཆོག་གིས་མགོན་སྐྱབས་གནང་ཐུབ་མོད། འོན་ཀྱང་གཙོ་བོ་དཀོན་མཆོག་གི་བཀའ་དང་འགལ་བའི་ཉེས་དམིགས་ཀྱི་སྐོར་ལ་སུས་སྐྱབས་ཐུབ་བམ་ཞེས་སྨྲས་སོ། འོན་ཀྱང་དེ་ཚོས་རང་གི་ཕའི་ཁ་ལ་མ་ཉན་པར་བརྟེན། གཙོ་བོ་དཀོན་མཆོག་གིས་དེ་ཚོ་བསད་རྒྱུའི་ཐུགས་ཐག་བཅད་པ་གནང་ངོ་། 26བུ་ཤ་མུ་ཨེལ་ནི་རིམ་བཞིན་ཡར་འཚར་སྐྱེད་བྱུང་བ་དང་། དཀོན་མཆོག་དང་མིའི་ངོས་ནས་ཐུགས་རྗེའི་ཐོབ་བོ༎

ཨེ་ལིའི་ནང་མི་རྣམས་ཀྱི་སྐོར་ལ་ལུང་བསྟན།

27ལུང་སྟོན་པ་ཞིག་གཙོ་བོ་དཀོན་མཆོག་གི་ཕྲིན་འདི་འཁྱེར་ནས་ཨེ་ལིའི་རྩར་སླེབས་ཏེ། སྔར་ཁྱོད་ཀྱི་མེས་པོ་ཨ་རོན་དང་ཁོའི་ནང་མི་བཅས་པ་ཨི་ཇིབ་ཀྱི་རྒྱལ་པོའི་བྲན་འཁོལ་དུ་གནས་སྐབས། ང་ནི་ཨ་རོན་གྱི་མདུན་དུ་མངོན་ནོ། 28ངས་ཨིསི་རཱཨེལ་གྱི་སྡེ་རིགས་ཚང་མའི་ནང་ནས་ཁོའི་ནང་མི་དེ་ངའི་བླ་མ་བྱེད་རྒྱུ་དང་། མཆོད་ཁྲིའི་མདུན་དུ་ཞབས་ཏོག་ཞུ་རྒྱུ་དང་། བདུག་སྤོས་བདུག་རྒྱུ་དང་། གཞན་ཡང་ཨེ་ཕོད་གྱོན་ཏེ་ང་ལ་གྲོས་འདྲི་མཁན་གྱི་ཚུལ་དུ་འདེམས་བསྐོས་བྱས་པ་དང་། མཆོད་ཁྲིའི་ཁར་སྲེག་པའི་དམར་མཆོད་ཀྱི་ཆ་ཤས་ཤིག་རང་གི་དོན་དུ་བདག་ཉར་བྱེད་ཆོག་པའི་དབང་ཆ་སྤྲད་པ་ཡིན་ནོ། 29འོན་ཀྱང་ངའི་མི་འབངས་ནས་ངས་འདོད་པའི་དམར་མཆོད་དང་འབུལ་བ་རྣམས་ལ་ཁྱོད་ཀྱིས་འདོད་བརྔམས་ཆེན་པོས་བལྟ་དགོས་པ་དེ་གང་ཡིན་ནམ། ཀྱེ་ཨེ་ལི། ངའི་མི་འབངས་ཚོས་ང་ལ་ཕུལ་བའི་དམར་མཆོད་ཚང་མའི་ཁོང་ནས་ཆ་ཤས་བཟང་ཤོས་དེ་དག་ཁྱོད་ཀྱིས་རང་གི་བུ་རྣམས་ལ་བཟའ་བཅུག་སྟེ། དེ་ཚོ་ལུས་རྒྱགས་པར་བྱས་པ་དང་། དེ་ལྟར་བྱས་པའི་སྒོ་ནས་ཁྱོད་ཀྱིས་ང་ལས་ལྷག་པར་རང་གི་བུ་རྣམས་ལ་ཆེ་བསྟོད་ཆེ་བ་བྱས་པ་དེ་ཅི་ཡིན་ནམ། 30ཁྱོད་ཀྱི་ནང་མི་དང་ཁྱོད་ཀྱི་རིགས་རུས་ཀྱི་ཁོངས་ནས་བླ་མ་གྱི་ཚུལ་དུ་དུས་རྒྱུན་དུ་ངའི་ཞབས་ཏོག་ཞུ་རྒྱུ་ཡིན་ཞེས་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ལ་ངས་སྔར་དམ་བཅའ་བྱས་མོད། འོན་ཀྱང་ད་ནི་དེ་ལྟར་མ་ཡིན་གྱིས། དེ་བས་སུས་ང་ལ་གུས་བཀུར་བྱེད་པ་དེ་ལ་ངས་ཀྱང་དེ་བཞིན་བརྩི་བཀུར་བྱེད་རྒྱུ་དང་། སུས་ང་ལ་སྨད་པ་དེ་ལ་ངས་ཀྱང་དེ་བཞིན་སྨད་སྒྲ་གཏོང་རྒྱུ་ཡིན། 31ད་ཚུར་ཉོན་ཞིག། ཁྱོད་ཀྱི་ནང་མི་དང་རིགས་རུས་ཀྱི་ཁོངས་ནས་སྐྱེས་པ་ན་གཞོན་གཅིག་ཀྱང་ལོ་ན་མ་རྒས་གོང་དུ་ངས་ཚར་གཅོད་གཏོང་བའི་དུས་དེ་ཉེ་བར་རན་པ་ཡིན་ནོ། 32ངས་ཨིསི་རཱཨེལ་གྱི་མི་རིགས་གཞན་ལ་སྟེར་བའི་བྱིན་རླབས་དེ་ཚོ་མཐོང་ནས་ཁྱོད་ཀྱི་སེམས་འཁྲུག་ཅིང་ཕྲག་དོག་སྐྱེད་མོད། འོན་ཀྱང་ཁྱོད་ཀྱི་ནང་མིའི་ཁོངས་ནས་ད་ཕྱིན་སུའང་ལོ་ན་རྒས་པའི་བར་དུ་འཚོ་བར་མི་འགྱུར་རོ། 33དེ་ལྟར་ཡིན་ན་ཡང་ཁྱོད་ཀྱི་བུ་བརྒྱུད་ཀྱི་ཁོངས་ནས་མི་གཅིག་གསོན་པོར་བཞག་ཅིང་། དེས་ང་ལ་བླ་མའི་ཚུལ་དུ་ཞབས་ཏོག་ཞུ་རྒྱུ་ཡིན་ནོ། མི་དེའང་རྗེས་སུ་མིག་ལོང་ཞིང་རེ་ཐབས་བྲལ་བའི་གནས་ལྟངས་སུ་སླེབས་དགོས་རྒྱུ་ཡིན་པ་དང་། ཁྱོད་ཀྱི་བུ་བརྒྱུད་གཞན་རྣམས་ནི་ཤི་སྟངས་དྲག་པོའི་ངང་དུ་འཆི་བར་འགྱུར་རོ། 34ངས་གང་སྨྲས་པ་ཚང་མ་དངོས་སུ་སྒྲུབ་རྒྱུ་ཡིན་པའི་རྟགས་ཚན་དུ། ཁྱོད་ཀྱི་བུ་ཧོཕ་ནི་དང་ཕིན་ཧསི་གཉིས་ནི་ཉིན་ཞག་གཅིག་རང་དུ་ཤི་བར་འགྱུར། 35ངས་བླ་མ་དམ་ཚིག་ལྡན་པ་ཞིག་འདེམས་བསྐོས་བྱེད་ཅིང་། དེས་ངས་གང་སྨྲས་པ་ཚང་མ་སྒྲུབ་པར་འགྱུར། ངས་ཁོ་ལ་བུ་རྒྱུད་མང་པོ་སྟེར་ཞིང་། དེ་ཚོས་ངས་འདེམས་བསྐོས་བྱས་པའི་རྒྱལ་པོའི་དྲུང་དུ་དུས་རྒྱུན་དུ་ཞབས་ཏོག་ཞུ་བར་འགྱུར། 36སྐབས་དེར་ཁྱོད་ཀྱི་བུ་བརྒྱུད་ལྷག་འཕྲོས་ལུས་པ་ཚོས་བླ་མ་དེའི་རྩར་ཕྱིན་ནས་དངུལ་དང་ཁ་ཟས་སློང་རྒྱུ་ཡིན་པ་དང་། ཁ་ཟས་ཐོབ་པའི་ཕྱིར་དེ་ཚོས་བླ་མ་རྣམས་ལ་རོགས་བྱེད་དུ་བཅུག་རོགས་གནང་ཞེས་ཞུ་བར་འགྱུར་རོ༎

ཤ་མུ་ཨེལ་དང་པོ། 3

གཙོ་བོ་དཀོན་མཆོག་ནི་ཤ་མུ་ཨེལ་ལ་མངོན་པ།

1བུ་ཤ་མུ་ཨེལ་ཨེ་ལིའི་མངའ་འོག་ཏུ་གནས་ཏེ་གཙོ་བོ་དཀོན་མཆོག་གི་ཞབས་ཏོག་ཞུས་པའི་དུས་སྐབས་དེ་ལ་གཙོ་བོ་དཀོན་མཆོག་གི་འཕྲིན་དང་ཞལ་གཟིགས་སོགས་ཧ་ཅང་དཀོན་པོ་ཡོད་པ་ཡིན་ནོ། 2སྐབས་དེར་ཨེ་ལི་ནི་མིག་གི་ནུས་པ་ཉམས་ནས་ཕལ་ཆེར་ལོང་བ་ལྟ་བུ་ཆགས་ཡོད་པའི་གནས་ལྟངས་དེར། མཚན་མོ་ཞིག་ལ་ཁོ་རང་སོ་སོའི་ཁང་མིག་ཏུ་ཉལ་ནས་ཡོད་དོ། 3ཤ་མུ་ཨེལ་ནི་དམ་པའི་དམ་བཅའི་སྒྲོམ་བཞག་ཡོད་པའི་མཆོད་ཁང་དམ་པའི་ནང་དུ་ཉལ་ཡོད་པ་ཡིན་ནོ། ནམ་མ་ལངས་གོང་དུ་མཆོད་ཁང་གི་སྒྲོན་མེ་རྣམས་ད་དུང་འབར་བཞིན་ཡོད་སྐབས། 4གཙོ་བོ་དཀོན་མཆོག་གིས་ཤ་མུ་ཨེལ་ལ་བོས་པ་གནང་བ་དང་། ཁོས་ཞུ་ལན་དུ། ཀྱེ་ཇོ་བོ་ལགས། ང་འདིར་ཡོད་ཅེས་སྨྲས་ནས། 5ཨེ་ལི་ཡཱོད་སར་རྒྱུགས་ཕྱིན་ཏེ། ཁྱེད་ཀྱིས་ང་ལ་གསུང་བཀྱོན་པ་ཡིན་པས། ང་འདིར་བཅར་ཡོད་ཅེས་ཞུས་པ་དང་། འོན་ཀྱང་དེའི་ལན་དུ་ཨེ་ལིས། ངས་ཁྱོད་ལ་བོས་རྒྱུ་མ་བྱུང་། ད་ཕར་ཉལ་བར་སོང་ཞིག་ཅེས་སྨྲས་པ་བཞིན། ཤ་མུ་ཨེལ་རང་གི་ཉལ་སར་ལོག་ཕྱིན་ནོ། 6-7གཙོ་བོ་དཀོན་མཆོག་གིས་སླར་ཡང་ཤ་མུ་ཨེལ་བོས་པ་གནང་རུང་། དེ་ལྟར་གསུང་གླེང་གནང་མཁན་དེ་གཙོ་བོ་དཀོན་མཆོག་ཡིན་པའི་སྐོར་བུ་ཤ་མུ་ཨེལ་གྱིས་མ་ཤེས་སོ། གང་ལགས་ཟེར་ན། དེའི་གོང་དུ་གཙོ་བོ་དཀོན་མཆོག་གིས་ཁོ་ལ་དེ་བཞིན་གསུང་གླེང་གནང་མེད་པས་ཕྱིར་རོ། དེ་བས་ན་ཁོ་ཡར་ལངས་ཏེ་ཨེ་ལིའི་རྩར་ཕྱིན་ནས། ཁྱེད་ཀྱིས་ང་ལ་བོས་པ་གནང་བ་ཡིན་པས། ང་འདིར་བཅར་ཡོད་ཅེས་ཞུས་པ་དང་། འོན་ཀྱང་ཨེ་ལིས་ལན་དུ། ཀྱེ་བུ། ངས་ཁྱོད་ལ་སྐད་བཏང་རྒྱུ་མ་བྱུང་། ཕར་ཉལ་བར་སོང་ཞིག་ཅེས་སྨྲས་སོ། 8གཙོ་བོ་དཀོན་མཆོག་གིས་ཤ་མུ་ཨེལ་ལ་ལན་ཐེངས་གསུམ་པར་ཡང་བོས་པ་གནང་བས། ཁོ་ཡར་ལངས་ཏེ་ཨེ་ལིའི་མདུན་དུ་ཕྱིན་ནས་སྨྲས་པ། ཁྱེད་ཀྱིས་ང་ལ་བོས་པ་གནང་བས། ང་འདིར་བཅར་ཡོད། དེ་ནས་ཨེ་ལིའི་སེམས་ལ། བུ་ཤ་མུ་ཨེལ་ལ་གསུང་སྐད་གནང་མཁན་དེ་ནི་གཙོ་བོ་དཀོན་མཆོག་རང་ཉིད་ཡིན་པ་རེད་ཅེས་ཤེས་ནས། 9ཁོས་ཤ་མུ་ཨེལ་ལ་སྨྲས་པ། ད་ལྟ་ཁོད་ཉལ་བར་སོང་ཞིག། ཁོང་གིས་སླར་ཡང་གསུང་སྐད་གནང་ན། ཁྱོད་ཀྱིས། ཀྱེ་གཙོ་བོ། ཁྱེད་ཀྱིས་ཞབས་ཏོག་པས་ཉན་ཞིང་ཡོད་པས་བཀའ་གནང་རོགས་གནང་ཞེས་ཞུས་ཤིག དེ་ནས་ཤ་མུ་ཨེལ་ཉལ་བར་ཕྱིན་ནོ། 10གཙོ་བོ་དཀོན་མཆོག་ཕེབས་ནས་དེར་བཞེངས་ཏེ་སྔར་བཞིན། ཤ་མུ་ཨེལ། ཤ་མུ་ཨེལ་ཞེས་བོས་པ་གནང་ངོ་། ཤ་མུ་ཨེལ་གྱིས་ཞུ་ལན་དུ། ཁྱེད་ཀྱི་ཞབས་ཏོག་པས་ཉན་ཞིང་ཡོད་པས་བཀའ་གནང་རོགས་གནང་ཞེས་སྨྲས་སོ། 11གཙོ་བོ་དཀོན་མཆོག་གིས་ཁོ་ལ། ནམ་ཞིག་ངས་ཨིསི་རཱཨེལ་མི་མང་རྣམས་ཀྱི་དཀྱིལ་དུ་འཇིགས་རུང་ཆེ་བའི་བྱ་བ་ཞིག་བྱེད་རྒྱུ་ཡིན་པ་དང་། བྱ་བ་དེའི་སྐོར་ལ་ཐོས་མཁན་ཚང་མ་ཧོན་ཐོར་བར་འགྱུར། 12སྔར་ངས་ཨེ་ལིའི་ནང་མིའི་ཐོག་ཏུ་སྨྲས་པའི་ཟོན་བརྡའི་ཉེན་ཚིག་ཚང་མ་ཉིན་མོ་དེར་མགོ་ནས་འཛུག་བར་སྒྲུབ་པར་བྱེད་རྒྱུ་ཡིན། 13ཨེ་ལིའི་བུ་རྣམས་ཀྱིས་ངའི་སྐོར་ལ་ལོག་གཏམ་བཤད་པའི་ཉེས་ལན་དུ། ངས་ཁོའི་ནང་མིའི་ཐོག་ཏུ་དུས་གཏན་གྱི་ཆེད་དུ་ཉེས་ཆད་གཏོང་རྒྱུ་ཡིན་ཞེས་ཁོ་ལ་སྨྲས་ཟིན་པ་ཡིན། དེ་ཚོས་ལས་ངན་གང་བྱེད་བཞིན་པ་དེ་ཨེ་ལིས་ཤེས་ཀྱང་། ཁོས་དེ་ཚོ་ལ་བཀག་འགོག་མ་བྱས་སོ། 14དེ་བས་ན་དེ་ཚོས་བྱས་པའི་སྡིག་པ་ཉེན་ཚབས་ཆེ་བའི་འགྲུབ་འབྲས་དེ་ནི་དམར་མཆོད་འམ་འབུལ་བ་ཇི་འདྲ་ཞིག་གིས་ཀྱང་སེལ་ཐབས་མེད་པ་ཡིན་ནོ། ཞེས་ངས་ཨེ་ལིའི་ནང་མི་རྣམས་ལ་ནན་ཏན་ཆེན་པོས་གསལ་བསྒྲགས་བྱས་པ་ཡིན། 15དེ་ནས་ཤ་མུ་ཨེལ་ཞོག་པ་བར་དུ་ཉལ་སར་རིལ་ནས་བསྡད་དོ། དེ་རྗེས་སུ་ཁོ་ལངས་ཏེ་གཙོ་བོ་དཀོན་མཆོག་གི་མཆོད་ཁང་གི་གཟིམས་སྒོ་ཕྱེས་ཤིང་། རང་ལ་བྱུང་བའི་ཞལ་གཟིགས་དེའི་སྐོར་ཨེ་ལིའི་མདུན་དུ་བཤད་མ་ནུས་སོ། 16དེ་ནས་ཨེ་ལིས། ཀྱེ་ངའི་བུ་ཤ་མུ་ཨེལ། ཞེས་བོས་པའི་ལན་དུ། ཤ་མུ་ཨེལ་གྱིས་ལགས་ཇོ་བོ་ང་འདིར་ཡོད་ཅེས་ཞུས་པ་དང་། 17ཨེ་ལིས་སྨྲས་པ། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་གང་གསུངས་པ་དེ་སྦས་གསང་མེད་པར་ང་ལ་ཤོད་ཅིག གལ་ཏེ་ཁྱོད་ཀྱིས་ང་ལ་སྦས་གསང་བྱེད་དེ་གནས་ཚུལ་ཆ་ཚང་མ་བཤད་ན། དཀོན་མཆོག་གིས་ཁྱོད་ལ་བཀའ་ཆད་དྲག་པོ་གནང་ངེས་པ་ཡིན་ནོ། 18དེ་ནས་ཤ་མུ་ཨེལ་གྱིས་ཁོ་ལ་སྦས་གསང་མེད་པར་གནས་ཚུལ་ཚང་མ་གསལ་པོར་བཤད་པ་དང་། ཨེ་ལིས། ཁོང་ནི་གཙོ་བོ་དཀོན་མཆོག་ཡིན་པས། གང་ལེགས་པ་ཡིན་པ་དེ་ཁོང་གིས་གནང་བར་འགྱུར་ཞེས་སྨྲས་སོ། 19ཤ་མུ་ཨེལ་ལོ་ན་ཡར་ལོན་བཞིན་པ་དང་། གཙོ་བོ་དཀོན་མཆོག་ཁོ་དང་མཉམ་དུ་གནས་ཤིང་། ཤ་མུ་ཨེལ་གྱིས་གང་བཤད་ཚད་ཚང་མ་ཁོང་གིས་བདེན་པར་འགྲུབ་པར་མཛད་དོ། 20ཨིསི་རཱཨེལ་ཡུལ་གྱི་མཐའ་མཚམས་གཅིག་ནས་གཞན་བར་ཡུལ་མི་ཚང་མས། ཤ་མུ་ཨེལ་ནི་གཙོ་བོ་དཀོན་མཆོག་གི་ལུང་སྟོན་པ་ངོ་མ་ཞིག་ཡིན་པ་དེ་ཤེས་སོ། 21གཙོ་བོ་དཀོན་མཆོག་ནི་ཤི་ལཱོ་རུ་སྔར་ཤ་མུ་ཨེལ་ལ་ཞལ་གཟིགས་གནང་ཞིང་གསུང་གླེང་མཛད་པའི་གནས་དེ་རང་དུ་མུ་མཐུད་ནས་མངོན་པར་མཛད་དོ། ཤ་མུ་ཨེལ་གྱིས་བཤད་པའི་སྐབས་སུ་ཨིསི་རཱཨེལ་པ་ཡོངས་ཀྱི་ཉན་བཞིན་ཡོད་དོ༎

ཤ་མུ་ཨེལ་དང་པོ། 4

དམ་བཅའི་སྒྲོམ་དེ་དབང་བཟུང་བྱས་པ།

1སྐབས་དེར་ཕེ་ལེ་ཤད་པ་རྣམས་ཨིསི་རཱཨེལ་ལ་དམག་བརྒྱབ་པའི་ཕྱིར་ཕྱོགས་གཅིག་ཏུ་འཛོམས་པ་དང་། ཨིསི་རཱཨེལ་པ་རྣམས་ཀྱང་འཐབ་འཛིང་བྱེད་ཕྱིར་ཐོན་ནས། ཨེ་བྷེ་ནེ་ཛར་ཞེས་པའི་ས་གནས་སུ་ཨིསི་རཱཨེལ་པ་ཚོས་དམག་སྒར་བརྒྱབ་ནས་བསྡད་དོ། དེ་བཞིན་ཕེ་ལེ་ཤེད་པ་རྣམས་ཀྱང་ཨ་ཕེག་ཅེས་པའི་ས་གནས་སུ་སྒར་བརྒྱབ་ནས་བསྡད་དོ། 2ཕེ་ལེ་ཤེད་པ་ཚོས་དམག་བརྒྱབ་ནས། འཐབ་འཛིང་ཤུགས་ཆེན་པོ་བྱུང་བའི་རྗེས་སུ་ཨིསི་རཱཨེལ་པ་རྣམས་འཕམ་ཞིང་། སྐྱེས་པ་ ༤,༠༠༠ ཙམ་དམག་སར་སྲོག་སྐྱོན་བྱུང་བ་དང་། 3དམག་མི་ལྷག་འཕྲོས་ལུས་པ་རྣམས་དམག་སྒར་དུ་ཕྱིར་ལོག་བྱེད་སྐབས་ཨིསི་རཱཨེལ་པའི་འགོ་བྱེད་རྣམས་ཀྱིས་སྨྲས་པ། དེ་རིང་གཙོ་བོ་དཀོན་མཆོག་གི་ང་ཚོ་ཕེ་ལེ་ཤེད་པའི་ལག་ནས་འཕམ་བཅུག་པར་མཛད་པ་དེ་ཅི་ཡིན་ནམ། ད་ང་ཚོ་ཕྱིན་ནས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ཤི་ལཱོ་ནས་ཚུར་གདན་དྲངས་དགོས། དེ་ལྟར་བྱེད་ན་ཁོང་ང་ཚོ་དང་མཉམ་དུ་ཕེབས་ཏེ་ང་ཚོའི་དགྲ་བོའི་ལག་ནས་སྲུང་སྐྱོབ་མཛད་པར་འགྱུར། 4དེར་བརྟེན་ཁོ་ཚོས་ཤི་ལཱོ་རུ་བང་ཆེན་རྣམས་བཏང་ནས། ཀེ་རུབ་རྣམས་ཀྱི་སྟེང་དུ་བཞུགས་མཁན་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ཁོང་གི་དམ་བཅའི་སྒྲོམ་དེ་གདན་འདྲེན་ཞུས་སོོ། ཨེ་ལིའི་བུ་ཧོཕ་ནི་དང་ཕིན་ཧསི་གཉིས་ཀྱང་དམ་བཅའི་སྒྲོམ་དང་མཉམ་དུ་ཡོང་ངོ་། 5དམ་བཅའི་སྒྲོམ་དེ་སླེབས་མ་ཐག་ཏུ་ཨིསི་རཱཨེལ་པ་རྣམས་དགའ་སྣང་ཆེན་པོས་སྐད་ཅོར་བརྒྱབ་པས་ས་གཞི་གཡོས་སོ། 6ཕེ་ལེ་ཤེད་པ་ཚོས་འུར་སྒྲ་དེ་ཐོས་ནས་སྨྲས་པ་དང་། ཨིབ་རི་པའི་དམག་སྒར་ནང་གི་འུར་སྒྲ་དེ་ལ་ཉོན་དང་། དེ་ལྟ་བུའི་སྐད་ཅོར་ཆེན་པོ་བརྒྱབ་དགོས་དོན་གང་ཡིན་ནམ། གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ཨིབ་རི་པའི་དམག་སྒར་ནང་དུ་འབྱོར་ཡོད་པའི་གནས་ཚུལ་ཐོས་ནས། 7དེ་ཚོ་འཇིགས་སྣང་སྐྱེད་དེ་སྨྲས་པ། དེ་ཚོའི་དམག་སྒར་ནང་དུ་དཀོན་མཆོག་ཞིག་འབྱོར་འདུག་པས། ད་ང་ཚོ་འཇིགས་ངེས་སོ། དེ་ལྟ་བུ་ནི་དེ་སྔ་ནམ་ཡང་མ་བྱུང་ངོ་། 8ད་ནུས་ཤུགས་ལྡན་པའི་དཀོན་མཆོག་དེ་ཚོའི་ལག་ནས་སུས་ང་ཚོ་ལ་སྐྱབས་ཐུབ་བམ། སྔར་འབྲོག་སྟོང་ནང་དུ་ཨི་ཇིབ་པ་རྣམས་སྡེབ་གསོད་གཏོང་མཁན་ཀྱང་དཀོན་མཆོག་དེ་ཚོ་རང་ཡིན་ནོ། 9དེ་བས་ན་ཀྱེ་ཕེ་ལེ་ཤེད་པ་རྣམས། བློ་སྟོབས་སྐྱེད་པར་གྱིས་ཤིག། སྐྱེས་པ་བཞིན་དུ་འཐབ་མོ་འཐབས་ཤིག དེ་མིན་ཨིབ་རི་པ་དེ་ཚོ་སྔར་ང་ཚོའི་བྲན་གཡོག་ཏུ་གནས་པ་བཞིན་ང་ཚོའང་དེ་ཚོའི་བྲན་འཁོལ་དུ་ཚུད་ཉེན་ཡོད་དོ། དེར་བརྟེན་སྐྱེས་པ་བཞིན་དུ་འཐབ་ཤིག 10དེ་ནས་ཕེ་ལེ་ཤེད་པ་ཚོས་དམག་འཐབ་ཤུགས་ཆེན་པོ་བརྒྱབ་ནས་ཨིསི་རཱཨེལ་པ་རྣམས་འཕམ་པར་བྱས་པས། དེ་ཚོ་རང་རང་སོ་སོའི་ཁང་ཁྱིམ་དུ་བྲོས་ཕྱིན་པ་དང་། ཨིསི་རཱཨེལ་གྱི་དམག་མི་ ༣༠,༠༠༠ ལ་སྲོག་སྐྱོན་བྱུང་སྟེ་མི་མང་པོ་སྡེབ་གསོད་གཏོང་ངོ་། 11དཀོན་མཆོག་གི་དམ་བཅའི་སྒྲོམ་དེའང་དབང་བཟུང་དུ་ཤོར་བ་དང་། དེ་བཞིན་ཨེ་ལིའི་བུ་ཧོབ་ནི་དང་ཕི་ནེ་ཧསེ་གཉིས་ཀ་བསད་དོ༎

ཨེ་ལི་འཚི་བ།

12བྷེན་ཡ་མིན་གྱི་སྡེ་རིགས་ལས་ཡིན་པའི་མི་ཞིག་དམག་བརྒྱབ་ས་ནས་བརྒྱུགས་ནས་ཡོང་སྟེ། ཉིན་མོ་དེ་རང་ལ་ཤི་ལཱོ་རུ་བསླེབས་ཤིང་། ཁོས་མྱ་ངན་གྱི་ཚུལ་དུ་རང་གི་གྱོན་གོས་ཧྲལ་ཏེ་མགོ་ལ་ས་བྱུགས་ཡོད་དོ། 13ཨེ་ལི་ནི་དམ་བཅའི་སྒྲོམ་གྱི་སྐོར་ལ་སེམས་འཁྲལ་བྱེད་དེ་སྟེགས་ཤིག་གི་སྒང་དུ་བསྡད་ནས་ལམ་གྱི་ཟུར་དུ་གནས་ཤིང་བལྟ་གིན་བསྡད་ཡོད་དོ། མི་དེས་གྲོང་ཚོ་ཀུན་ཏུ་ཕྱིན་ནས་གནས་ཚུལ་དེ་ཡོངས་སུ་ཁྱབ་པར་བྱས་པས། མི་ཚང་མ་འཇིགས་སྣང་སྐྱེད་དེ་སྐད་ཅོར་འདོན་ནོ། 14ཨེ་ལིས་སྐད་ཅོར་དེ་ཐོས་ནས། འུར་སྒྲ་དེ་ག་རེ་ཡིན་ནམ་ཞེས་འདྲི་རྩད་བྱས་པས། མི་དེས་གནས་ཚུལ་དེ་བཤད་ཕྱིར་ཨེ་ལིའི་རྩར་བརྒྱུགས་ཕྱིན་པ་དང་། 15(སྐབས་དེར་ཨེ་ལི་ནི་རང་ལོ་དགུ་བཅུ་གོ་རྒྱད་ ལོན་ཏེ་མིག་གཉིས་ཕལ་ཆེར་གྲིབ་ནས་ལོང་བ་ལྟ་བུར་ཆགས་ཡོད་དོ།) 16མི་དེས། ང་ནི་དམག་ས་ནས་བྲོས་ཐར་ཏེ། དེ་རིང་འདིར་སླེབས་པ་ཡིན་ཞེས་སྨྲས་སོ། ཨེ་ལིས་མི་དེ་ལ། ཀྱེ་ངའི་བུ། ག་རེ་བྱུང་སོང་ངམ་ཞེས་དྲིས་པའི་ལན་དུ། 17བང་ཆེན་དེས་སྨྲས་པ། ཨིསི་རཱཨེལ་པ་རྣམས་ཕེ་ལེ་ཤེད་པའི་མདུན་ནས་བྲོས་པས། ང་ཚོར་འཕམ་རྒུད་ཆེན་པོ་བྱུང་བ་དང་། ཁྱེད་ཀྱི་བུ་ཧོཕ་ནི་དང་ཕིན་ཧསི་གཉིས་ཀྱང་སྲོག་སྐྱོན་བྱུང་ཞིང་། དཀོན་མཆོག་གི་དམ་བཅའི་སྒྲོམ་དེའང་དབང་བཟུང་བྱས་སོ། 18མི་དེས་དམ་བཅའི་སྒྲོམ་གྱི་གནས་ཚུལ་བཤད་མ་ཐག་ཏུ་ཨེ་ལི་ནི་རྒྱལ་སྒོའི་འགྲམ་དུ་རང་ཉིད་བསྡད་ཡོད་པའི་སྟེགས་བུའི་སྒང་ནས་མར་གན་རྒྱལ་ལོག་སྟེ་རིལ་བ་དང་། ཡང་ཁོ་ནི་ཧ་ཅང་ལོ་ན་རྒས་པ་མ་ཟད་ལུས་སྟོབས་ཆེ་བའི་རྐྱེན་གྱིས་ས་ལ་མར་རིལ་སྐབས་འཇིང་ཚིག་ཆགས་ནས་ཤིའོ། ཁོས་ཨིསི་རཱཨེལ་གྱི་ཐོག་ཏུ་ལོ་ངོ་བཞི་བཅུ་བར་དུ་སྲིད་སྐྱོང་བྱས་པ་ཡིན་ནོ༎

ཕིན་ཧསི་ཀྱི་ཆུང་མ་འཚི་བ།

19སྐབས་དེར་ཨེ་ལིའི་མནའ་མ། ཕིན་ཧསི་ཀྱི་ཆུང་མ་དེ་ནི་མངལ་དང་ལྡན་ཞིང་། ཕྲུ་གུ་སྐྱེ་བའི་དུས་རན་ཡོད་པ་དང་། དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་དབང་བཟུང་དུ་ཤོར་བ་དང་། དེ་བཞིན་མོའི་གྱོས་པོ་དང་རང་གི་བཟའ་ཟླ་ཤི་བའི་གནས་ཚུལ་ཐོས་མ་ཐག་ཏུ་མོ་ལ་སྐྱེ་ཟུག་བརྒྱབ་ནས་ཕྲུ་གུ་སྐྱེས་སོ། 20མོ་འཆི་བར་བསླེབས་སྐབས་མོའི་སྐྱེས་གཡོག་མ་ཚོས་མོ་ལ། ཁྱོད་རང་སེམས་ཤུགས་མ་ཉམས་ཤིག ཁྱོད་ལ་བུ་ཞིག་སྐྱེས་བཞག་ཅེས་བརྗོད་རུང་། མོས་དེ་ལ་དོ་སྣང་མ་བྱས་པར་ལན་གང་ཡང་མ་བརྒྱབ་བོ། 21མོས་ཕྲུ་གུའི་མིང་ཨི་ཀ་འབོད་བཞག་གོ། དེའི་དོན་ནི་ཨིསི་རཱཨེལ་ནས་དཀོན་མཆོག་གི་གཟི་བརྗིད་དེ་ཡལ་ནས་སོང་ངོ། གནས་ཚུལ་དེས་དམ་བཅའི་སྒྲོམ་དེ་དབང་བཟུང་བྱས་པ་དང་། མོའི་གྱོས་པོ་དང་བཟའ་ཟླ་བཅས་ཀྱང་ཤི་བ་ལ་སྟོན་ནོ། 22མོས་སྨྲས་པ། དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་དབང་བཟུང་བྱས་པ་ཡིན་པས། ཁོང་གིས་གཟི་བརྗིད་དེའང་ཨིསི་རཱཨེལ་གྱི་ཐོག་ནས་ཡལ་བ་ཡིན་ནོ༎

ཤ་མུ་ཨེལ་དང་པོ། 5

དམ་བཅའི་སྒྲོམ་དེ་ཕེ་ལེ་ཤེད་པ་རྣམས་ཀྱི་དཀྱིལ་དུ་ཡོད་པ།

1ཕེ་ལེ་ཤེད་པ་རྣམས་ཀྱིས་དམ་བཅའི་སྒྲོམ་དེ་ཕྲོགས་ཏེ། ཨེ་བྷེ་ནེ་ཛར་ནས་ཁོ་ཚོའི་གྲོང་ཁྱེར་ཨཤ་དྷོད་དུ་འཁྱེར་ཞིང་། 2དེར་ཁོ་ཚོའི་ལྷ་དྷ་གོན་གྱི་ལྷ་ཁང་དུ་འཁྱེར་ནས་ལྷ་རྟེན་དེའི་ཉེ་འགྲམ་དུ་བཞག་གོ 3ཨཤ་དྷོད་ཀྱི་ཡུལ་མི་རྣམས་སང་ཞོགས་སྔ་པོར་ལངས་ནས་བལྟས་པས། དྷ་གོན་གྱི་སྐུ་འདྲ་དེ་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་གྱི་མདུན་དུ་ཁ་བུབ་ལོག་ནས་མར་འགྲིལ་ཡོད་པ་མཐོང་བ་དང་། ཁོ་ཚོས་སྐུ་འདྲ་དེ་ཡར་བསླངས་ཏེ་རང་གནས་སུ་བཞག་གོ 4གནང་ཉིན་ཞོགས་སྔ་པོར་ཁོ་ཚོ་ཡར་ལངས་ནས་བལྟས་པས། སྐུ་འདྲ་དེ་སླར་ཡང་དམ་བཅའི་སྒྲོམ་གྱི་མདུན་དུ་མར་འགྲིལ་ཡོད་པ་མཐོང་ངོ་། འོན་ཀྱང་སྐབས་དེར་དེའི་མགོ་དང་ལག་པ་གཉིས་ཆག་ཏེ་ཐེམ་པའི་ཁར་ལུས་ཤིང་། གཟུགས་པོ་འབའ་ཞིག་ས་ཁར་ལུས་ཡོད་པ་དང་། 5(དེར་བརྟེན་པས་དེང་སང་ཡང་དྷ་གོན་གྱི་བླ་མ་རྣམས་དང་དེའི་རྗེས་འབྲངས་པ་ཚོས་ས་ཆ་དེའི་ཐོད་ནས་འགམ་པ་མ་གཏོགས་དེའི་ཁར་ནམ་ཡང་རྐང་པ་བཞག་སྲོལ་མེད་དོ།) 6གཙོ་བོ་དཀོན་མཆོག་གིས་ཨཤ་དྷོད་ཐོག་ཉེས་ཆད་དྲག་པོ་དང། དངངས་སྐྲག་ཆེན་པོ་སྐྱེད་བཅུག་གོ། ཁོང་གི་དེ་ཚོ་དང་དེའི་ཉེ་འགྲམ་གྱི་ས་ཁུལ་ཁག་གི་ཡུལ་མི་རྣམས་ལ་གཉན་འབུར་སྣམ་ཕེབས་ནས་ཉེས་ཆད་བཏང་གནང་ངོ་། 7ཁོ་ཚོའི་ཐོག་ཏུ་གང་བྱུང་བའི་གནས་ཚུལ་དེ་དག་མཐོང་ནས་ཁོ་ཚོས་སྨྲས་པ། ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ང་ཚོ་དང་ང་ཚོའི་ལྷ་དྷ་གོན་གྱི་ཐོག་ཏུ་ཉེས་ཆད་གཏོང་གིན་འདུག་པས། དམ་བཅའི་སྒྲོམ་དེ་ད་ང་ཚོའི་ཁྲོད་དུ་བཞག་མི་རུང་ངོ་། 8དེ་ནས་ཁོ་ཚོས་བང་ཆེན་པ་རྣམས་བཏང་སྟེ་ཕེ་ལེ་ཤེད་པའི་རྒྱལ་པོ་ལྔ་གར་སྐད་བཏང་ནས་དེ་དག་ལ། ད་ང་ཚོས་ཨིསི་རཱཨེལ་གྱི་དཀོན་མཆོག་གི་དམ་བཅའི་སྒྲོམ་འདི་ལ་ག་རེ་བྱེད་ན་དགའ་བ་འདུག་ཅེས་གྲོས་བསྡུར་བྱས་པས། དེ་ཚོས་ལན་དུ། དེ་ནི་གྷད་ཀྱི་ཡུལ་དུ་བསྐྱལ་དགོས་ཅེས་སྨྲས་པ་དང་། དེ་ཚོས་སྒྲོམ་དེ་ཕེ་ལེད་ཤད་པའི་གྲོང་ཁྱེར་གྷད་དུ་བསྐྱལ་མོད། 9འོན་ཀྱང་དམ་བཅའི་སྒྲོམ་དེ་དེར་སླེབས་པའི་རྗེས་སུ་གཙོ་བོ་དཀོན་མཆོག་གིས་གྲོང་ཁྱེར་དེ་ལའང་ཉེས་ཆད་གནང་སྟེ་དེར་དངངས་སྐྲག་ཆེན་པོ་བྱུང་ཞིང་། ཁོང་གིས་གྲོང་ཁྱེར་དེའི་ཡུལ་མི་རྒན་གཞོན་ཚང་མའི་ཐོག་ཏུ་གཉན་འབུར་གྱི་ནད་ཞིག་བཏང་བ་གནང་སྟེ་དེ་ཚོར་ཉེས་ཆད་གནང་ངོ་། 10དེར་བརྟེན་ཁོ་ཚོས་དམ་བཅའི་སྒྲོམ་དེ་ཨེག་རོན་ཞེས་པའི་ཕེ་ལེ་ཤེད་པའི་གྲོང་ཁྱེར་གཞན་ཞིག་ཏུ་བཏང་ངོ་། འོན་ཀྱང་སྒྲོམ་དེ་ས་གནས་དེར་འབྱོར་མ་ཐག་ཏུ་ཡུལ་མི་ཚོས་སྐད་འབོད་ཆེན་པོ་བརྒྱབ་སྟེ། ཁོ་ཚོས་ང་ཚོ་ཚང་མ་བསད་པའི་ཕྱིར་ཡིསི་རཱཨེལ་པའི་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ང་ཚོའི་དཀྱིལ་དུ་འཁྱེར་ཡོང་བཞག་ཅེས་བརྗོད་དོ། 11དེ་ཚོས་སླར་ཡང་ཕེ་ལེ་ཤེད་པའི་རྒྱལ་པོ་རྣམས་བོས་ཏེ་དེ་དག་ལ། ང་ཚོ་དང་ང་ཚོའི་ནང་མི་རྣམས་ཤི་མ་དགོས་པའི་ཕྱིར་ཨིསི་རཱཨེལ་གྱི་དམ་བཅའི་སྒྲོམ་དེ་རང་གནས་སུ་ཕར་ཕྱིར་ལོག་བྱེད་དགོས་ཅེས་སྨྲས་སོ། དཀོན་མཆོག་གིས་དེ་ཚོ་ལ་ཉེས་ཆད་དྲག་པོ་བཏང་གནང་བའི་རྐྱེན་གྱིས་གྲོང་ཁྱེར་ཡོངས་སུ་དངངས་སྐྲག་ཆེན་པོ་བྱུང་ངོ་། 12གསོན་པོར་ལུས་པ་རྣམས་ལ་ཡང་གཉན་འབུར་གྱི་ནད་ཕོག་སྟེ། དེ་ཚོས་རང་རང་སོ་སོའི་ལྷ་རྟེན་དག་ལ་ནད་དེ་ལས་སྐྱོབ་ཕྱིར་འབོད་བསྐུལ་ཞུས་སོ༎

ཤ་མུ་ཨེལ་དང་པོ། 6

དམ་བཅའི་སྒྲོམ་དེ་ཕྱིར་ལོག་བྱེད་པ།

1གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ཕེ་ལེ་ཤེད་དུ་ཟླ་བ་བདུན་བར་དུ་གནས་པའི་རྗེས་སུ། 2ཡུལ་མི་ཚོས་བླ་མ་རྣམས་དང་རྫུ་འཕྲུལ་མཁན་རྣམས་བོས་ཏེ་དེ་དག་ལ། ད་ང་ཚོས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ལ་ག་རེ་བྱེད་ན་དགའམ། གལ་ཏེ་ང་ཚོས་སྒྲོམ་དེ་རང་གནས་སུ་བཏང་བ་ཡིན་ན། དེ་དང་མཉམ་དུ་དངོས་པོ་གང་འདྲ་ཞིག་བཏང་ན་དགའམ་ཞེས་དྲིས་པའི་ལན་དུ། 3དེ་ཚོས་སྨྲས་པ། གལ་ཏེ་ཁྱོད་ཚོས་ཨིསི་རཱཨེལ་གྱི་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ཕྱིར་ལོག་བྱེད་པ་ཡིན་ན། དེ་དང་མཉམ་དུ་ཁྱོད་ཚོས་སྡིག་སེལ་གྱི་ཆེད་དུ་འབུལ་བ་ཞིག་ངེས་པར་གཏོང་དགོས། འབུལ་བ་མེད་པར་དམ་བཅའི་སྒྲོམ་གཅིག་པུར་གཏོང་མི་ཉན། དེ་ལྟར་བྱས་པའི་སྒོ་ནས་ཁྱོ་ཚོ་ནད་ལས་དྲག་གསོ་རྒྱུ་ཡིན་པ་དང་། ཁོང་གིས་ཁྱོད་ཚོའི་ཐོག་ཏུ་ད་བར་མུ་མཐུད་ཀྱིས་ཉེས་ཆད་གནང་དགོས་དོན་དེའང་ཁྱོད་ཚོས་རྟོགས་པར་འགྱུར་རོ། 4དེར་ཡུལ་མི་རྣམས་ཀྱིས། ད་ང་ཚོས་ཁོང་ལ་འབུལ་བ་གང་འདྲ་ཞིག་འབུལ་ན་ལེགས་སམ་ཞེས་དྲིས་པའི་ལན་དུ། དེ་ཚོས། ཕེ་ལེ་ཤེད་པའི་རྒྱལ་པོ་ལྔ་ལ་དམིགས་ཏེ། རྒྱལ་པོ་རེ་རེའི་དོན་དུ་གསེར་ལས་བཟོས་པའི་གཉན་འབུར་གྱི་འདྲ་དཔེ་རེ་དང་། དེ་བཞིན་གསེར་ལས་བཟོས་པའི་བྱི་བའི་འདྲ་དཔེ་རེ་བཟོས་ཏེ་གཏོང་དགོས། ནད་ཡམས་དེ་ནི་ཁྱོད་ཚོ་དང་ཁྱོད་ཚོའི་རྒྱལ་པོ་ལྔའི་ཐོག་ཏུ་ཁྱད་མེད་དུ་ཁྱབ་ཡོད་དོ། 5དེ་བས་ན་ཁྱོད་ཚོས་རང་གི་ཡུལ་དུ་གནོད་འཚེ་བྱེད་པའི་གཉན་འབུར་དང་བྱི་བའི་འདྲ་དཔེ་དེ་དག་ངེས་པར་དུ་བཟོས་ཏེ། ཨིསི་རཱཨེལ་གྱི་དཀོན་མཆོག་ལ་ཆེས་བསྟོད་ཞུ་དགོས། དེ་ལྟར་བྱེད་ན་ཁོང་གིས་ཁྱོད་ཚོ་དང་། ཁྱོད་ཚོའི་ལྷ་རྟེན་རྣམས་དང་། དེ་བཞིན་ཁྱོད་ཚོའི་ཡུལ་དུ་ཉེས་ཆད་གནང་བར་མཚམས་འཇོགས་མཛད་པར་སྲིད་དོ། 6སྔར་ཨི་ཇིབ་ཀྱི་རྒྱལ་པོ་དང་ཨི་ཇིབ་པ་ཚོས་རང་གི་སེམས་གཤིས་གྱོང་པོ་བྱས་པ་བཞིན། ཁྱོད་ཚོས་ཀྱང་ག་རེའི་དོན་དུ་དེ་ལྟར་སེམས་གཤིས་གྱོང་པོ་བྱེད་དགོས་སམ། ཁོ་ཆོས་ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་ཕྱིར་ཐོན་བྱེད་མ་བཅུག་བར་དུ་དཀོན་མཆོག་གིས་དེ་ཚོར་ཇི་ལྟར་གླེན་པ་མཛད་པ་དེ་ཁྱོད་ཚོས་མ་བརྗེད་ཅིག 7ད་ཁྱོད་ཚོས་གླང་འདྲུད་འཁོར་ལོ་གསར་པ་ཞིག་བཟོས་ཏེ། ད་བར་གཉའ་ཤིང་བརྒྱབ་མེད་པའི་བ་གཉིས་འཁྲིད་དེ་དེར་འདོགས་དགོས། དེ་ཚོའི་བེའུ་རྣམས་ནི་བ་རའི་ནང་དུ་ཕྱིར་ལོག་དེད་དགོས། 8དེ་རྗེས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ལེན་ནས་གླང་འདྲུད་ཁར་བཞག་སྟེ། ཁྱོད་ཚོས་ཁོང་ལ་སྡིག་སེལ་གྱི་འབུལ་བའི་ཚུལ་དུ་གཏོང་རྒྱུ་ཡིན་པའི་གསེར་ལས་བཟོས་པའི་འདྲ་དཔེ་དེ་དག་སྒམ་ཞིག་གི་ནང་དུ་བླུགས་ཏེ། དམ་བཅའི་སྒྲོམ་གྱི་ལོགས་སུ་བཞག་དགོས། དེ་རྗེས་གླང་འདྲུད་དེ་རང་མོས་བཞིན་དུ་འགྲོར་བཅུག་སྟེ། 9དེ་གང་དུ་འགྲོ་སར་ཁྱོད་ཚོས་བལྟ་དགོས། གལ་ཏེ་གླང་འདྲུད་དེ་གྲོང་འཁྱེར་བྷེད་ཤེ་མེཤི་ཀྱི་ཕྱོགས་སུ་ཕྱིན་པ་ཡིན་ན་ང་ཚོའི་ཐོག་ཏུ་བྱུང་བའི་ཉེན་ཚབས་ཆེ་བའི་རྐྱེན་ངན་དེ་བཞིན་ཨིསི་རཱཨེལ་པའི་དཀོན་མཆོག་གིས་བཏང་བ་ཡིན་པར་ཤེས་དགོས་མོད། འོན་ཀྱང་ས་ཕྱོགས་དེར་མ་ཕྱིན་ན་ང་ཚོའི་ཐོག་ཏུ་ནད་ཡམས་དེ་དག་རང་བཞིན་གྱིས་བྱུང་བ་ཞིག་ཡིན་པ་ལས་ཁོང་གིས་བཏང་བ་མ་ཡིན་པར་ང་ཚོས་ཤེས་དགོས་སོ་ཞེས་སྨྲས་སོ། 10ཁོ་ཚོར་མངགས་བྱ་བྱས་པ་བཞིན་ཁོ་ཚོས་བ་གཉིས་འཁྲིད་ཡོང་སྟེ། དེ་དག་གླང་འདྲུད་འཁོར་ལོར་སྒྲགས་ཤིང་། བེའུ་རྣམས་བ་རའི་ནང་དུ་བཀག་ནས་བཞག་གོ 11དེ་རྗེས་དམ་བཅའི་སྒྲོམ་དང་ཆབས་ཅིག་གསེར་ལས་བཟོས་པའི་གཉན་འབུར་དང་། བྱི་བའི་འདྲ་དཔེ་བླུགས་པའི་སྒམ་དེའང་གླང་འདྲུད་ཁར་བཞག་གོ 12བ་དེ་གཉིས་ནི་བྷེད་ཤེ་མེཤི་ཀྱི་འགྲོ་སའི་ལམ་དུ་ཕྱིན་ཏེ་གཡས་གཡོན་གང་དུའང་མ་ཕྱོགས་པར་ཐད་ཀར་གྲོང་ཁྱེར་དེའི་ཕྱོགས་སུ་སྐད་བརྒྱབ་བཞིན་ཕྱིན་པ་དང་། ཕེ་ལེ་ཤེད་པའི་རྒྱལ་པོ་ལྔའང་བྷེད་ཤེ་མེཤི་ཀྱི་ས་མཚམས་བར་དུ་བ་དེ་གཉིས་ཀྱི་རྗེས་སུ་ཕྱིན་པ་ཡིན་ནོ། 13སྐབས་དེར་བྷེད་ཤེ་མེཤི་གྱི་ཡུལ་མི་རྣམས་ལུང་གཤོང་དུ་གྲོའི་སྟོན་ཐོག་རྔ་བཞིན་ཡོད་པས། ཁོ་ཚོས་བློ་བུར་དུ་ཡར་བལྟས་པས་དམ་བཅའི་སྒྲོམ་དེ་མཐོང་ནས་ཧ་ཅང་དགའ་ཚོར་ཆེན་པོ་བསྐྱེད་དོ། 14གླང་འདྲུད་དེ་ནི་བྷེད་ཤེ་མེཤི་པ་མིང་ལ་ཡོ་ཤུ་ཨ་ཞེས་པའི་སྐྱེ་བོ་ཞིག་གི་ཞིང་དུ་བསླེབས་ཏེ། བྲག་ཆེན་པོ་ཞིག་གི་ཉེ་འགྲམ་དུ་བསྡད་དོ། དེ་ནས་མི་དེ་ཚོས་གླང་འདྲུད་དེ་བཤག་ནས། བ་དེ་གཉིས་བསད་དེ་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་དམར་མཆོད་དུ་ཕུལ་ལོ། 15ལེ་ཝི་པ་ཚོས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དང་གསེར་གྱི་འདྲ་དཔེ་བླུགས་ཡོད་པའི་སྒམ་དེ་གཉིས་ཡར་བཏེགས་ནས་བྲག་ཆེན་པོ་དེའི་ཁར་བཞག་གོ དེ་རྗེས་བྷེད་ཤེ་མེཤི་ཀྱི་ཡུལ་མི་ཚོས་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་དམར་མཆོད་དང་དམར་མཆོད་གཞན་རྣམས་ཕུལ་ལོ། 16ཁོ་ཚོས་གང་བྱས་པ་དེ་ཕེ་ལེ་ཤེད་པའི་རྒྱལ་པོ་ལྔས་བལྟས་ནས། ཉིན་མོ་དེ་རང་ལ་ཁོ་ཚོ་ཨེག་རོན་དུ་ཕྱིར་ལོག་བྱས་སོ། 17ཕེ་ལེ་ཤེད་པ་ཚོས་གཙོ་བོ་དཀོན་མཆོག་ལ་རང་གི་སྡིག་སེལ་གྱི་འབུལ་བའི་ཚུལ་དུ་ཕུལ་བའི་གསེར་ལས་བཟོས་པའི་གཉེན་འབུར་གྱི་འདྲ་དཔེ་ལྔ་ནི། གཤམ་གསལ་གྲོང་ཁྱེར་རེ་རེའི་དོན་དུ་འབུལ་བ་རེ་ཡིན་ནོ། ཨཤ་དྷོད་དང་། གྷ་ཛ། ཨཤ་ཀེ་ལོན། གྷད་དང་། ཨེག་རོན་བཅས་ཡིན་ནོ། 18དེ་ཙམ་མ་ཟད་ཕེ་ལེ་ཤེད་པའི་རྒྱལ་པོ་ལྔས་སྲིད་སྐྱོང་བྱེད་པའི་གྲོང་ཁྱེར་ལྕགས་རི་དང་ལྡན་པ་དང་། དེ་བཞིན་ལྕགས་རི་མེད་པའི་གྲོང་གསེབ་འཐུད་པའི་གྲོང་ཁྱེར་རེ་རེའི་དོན་དུ། ཁོ་ཚོས་གསེར་ལས་བཟོས་པའི་བྱི་བའི་འདྲ་དཔེ་རེ་རེའང་བཏང་ངོ་། ཁོ་ཚོས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་བཞག་པའི་བྲག་ཆེན་པོ་དེ་ནི། བྷེད་ཤེ་མེཤི་པ་ཡོ་ཤུ་ཨའི་ཞིང་གི་ནང་དུ་ད་ལྟའང་ཡོད་པ་ཡིན་ཏེ། དེ་ནི་སྔར་གང་བྱུང་བའི་དཔང་པོའི་ཚུལ་དུ་གནས་བཞིན་ཡོད་པ་ཡིན་ནོ། 19བྷེད་ཤེ་མེསེ་ཀྱི་ཡུལ་མི་ཚོས་དམ་བཅའི་སྒྲོམ་གྱི་ནང་དུ་བལྟས་པས། གཙོ་བོ་དཀོན་མཆོག་གིས་དེ་ཚོའི་ཁོངས་ནས་མི་གྲངས་བདུན་བཅུ་ཐམ་པ་བསད་པ་གནང་ངོ་། དེ་ཚོའི་དཀྱིལ་དུ་དེ་ལྟ་བུའི་མི་མང་སྡེབ་གསོད་བྱུང་བར་བརྟེན་མི་ཚོགས་ཀྱིས་མྱ་ངན་ཆེན་པོ་བྱས་སོ༎

དམ་བཅའི་སྒྲོམ་དེ་ཀིར་ཡད་ཡ་རིམ་་ཞེས་པས་གནས་སུ་འབྱོར་བ།

20དེར་བརྟེན་པས་བྷེད་ཤེ་མེཤི་ཀྱི་མི་རྣམས་ཀྱིས་སྨྲས་པ། དམ་པའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སུ་ཞིག་གནས་པར་ནུས་སམ། ང་ཚོ་ཁོང་ལས་ཐར་བའི་ཕྱིར་ཁོང་ས་ཕྱོགས་གང་དུ་གཏོང་ན་དགའམ། 21དེ་ཚོས་ཀིར་ཡད་ཡ་རིམ་གྱི་མི་རྣམས་ཡོད་སར་བང་ཆེན་རྣམས་བཏང་ནས། ཕེ་ལེ་ཤེད་པ་ཚོས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ཕྱིར་ལོག་བྱས་འདུག་པས། ད་ཁྱོད་ཚོ་ཡོང་ནས་དེ་ཕར་འཁྱེར་ཞིག་ཅེས་སྨྲས་སོ༎

ཤ་མུ་ཨེལ་དང་པོ། 7

1དེ་ནས་ཀིར་ཡད་ཡ་རིམ་གྱི་ཡུལ་མི་རྣམས་ཡོང་ནས། གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་རི་ཁུལ་དུ་གནས་སྡོད་བྱེད་མཁན་མིང་ལ་ཨ་བི་ན་དབ་ཅེས་པ་དེའི་ཁང་པར་གདན་དྲངས་ཤིང་། ཁོའི་བུ་ཨེལ་ཨ་ཛར་ཞེས་པ་དེ་བསྔོ་འབུལ་བྱས་ཏེ་སྒྲོམ་གྱི་དོ་དམ་པར་བསྐོ་བཞག་བྱས་སོ༎

ཤ་མུ་ཨེལ་གྱིས་ཨིསི་རཱཨེལ་ཐོག་ཏུ་སྲིད་སྐྱོང་བྱེད་པ།

2གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ཀིར་ཡད་ཡ་རིམ་དུ་ལོ་ངོ་ཉི་ཞུ་རིང་དུ་ལུས་པ་དང་། དུས་ཡུན་རིང་པོ་དེའི་རིང་ལ་ཨིསི་རཱཨེལ་མི་མང་ཡོངས་ནས་གཙོ་བོ་དཀོན་མཆོག་ལ་མགོན་སྐྱབས་ཞུས་ཏེ་འབོད་བཀུལ་བྱེད་དོ། 3དེར་ཤ་མུ་ཨེལ་གྱིས་ཨིསི་རཱཨེལ་མི་མང་རྣམས་ལ། གལ་ཏེ་ཁྱོད་ཚོ་སྙིང་ཐག་པ་ནས་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་སེམས་བསྒྱུར་འདོད་བྱེད་ན། ཁྱོད་ཚོས་ཕྱི་མིའི་ལྷ་རྟེན་ཡོངས་དང་། དེ་བཞིན་ལྷ་མོ་ཨསི་ཏཱར་བཅས་པ་རང་གི་ཁྲོད་ནས་ཕྱིར་འདོན་བྱེད་དགོས་པ་དང་། རང་ཉིད་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་ཞུས་ཏེ། ཁོང་འབའ་ཞིག་ལ་བསྙེན་བཀུར་ཞུ་རྒྱུའི་ཐག་གཅོད་བྱེད་ན། ཁོང་གིས་ཁྱོད་ཚོ་ཕེ་ལེ་ཤེད་པའི་མངའ་འོག་ནས་སྐྱབས་རྒྱུ་ཡིན་ཞེས་སྨྲས་སོ། 4དེ་ནས་ཨིསི་རཱཨེང་པ་རྣམས་ཀྱི་བྷལ་དང་ཨསི་ཏཱར་ཏེ་བཅས་ཀྱི་སྐུ་འདྲ་རྣམས་ཕྱིར་འདོན་བྱས་ཏེ། གཙོ་བོ་དཀོན་མཆོག་འབའ་ཞིག་ལ་བསྙེན་བཀུར་ཞུས་སོ། 5ཤ་མུ་ཨེལ་གྱིས་ཨིསི་རཱཨེལ་པ་ཐམས་ཅད་མིཛ་པཱ་རུ་འཛོམ་དགོས་པའི་ལན་བཏང་ནས། ད་ས་གནས་དེར་ངས་ཁྱོད་ཚོའི་དོན་དུ་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཞུ་གི་ཡིན་ཞེས་སྨྲས་པས། 6དེ་ཚོ་ཚང་མ་མིཛ་པཱ་རུ་འཛོམས་ནས། ཆུ་བཅུས་ཏེ་གཙོ་བོ་དཀོན་མཆོག་ལ་མཆོད་པར་ཕུལ་ཞིང་དེ་ཉིན་ཁོ་ཚོ་ཉིན་གང་སྨྱུང་གནས་སྲུང་སྟེ། ང་ཚོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བྱས་པ་ཡིན་ཞེས་སྨྲས་སོ། (ཤ་མུ་ཨེལ་གྱི་ཨིསི་རཱཨེལ་པ་ཚོའི་རྩོད་རྙོག་རྣམས་མིཛ་པཱ་རུ་ཐག་གཅོད་བྱས་སོ།) 7ཕེ་ལེ་ཤེད་པ་ཚོས་ཨིསི་རཱཨེལ་པ་རྣམས་མིཛ་པཱ་རུ་འཛོམས་ཡོད་པའི་གནས་ཚུལ་ཐོས་ནས། ཕེ་ལེ་ཤེད་པའི་རྒྱལ་པོ་ལྔས་རང་གི་མི་རྣམས་འཁྲིད་དེ་དེ་ཚོའི་ཐོག་ཏུ་དམག་དྲངས་པར་ཕྱིན་པས། ཨིསི་རཱཨེལ་པ་ཚོས་གནས་ཚུལ་དེ་ཐོས་ནས་འཇིགས་སྣང་བསྐྱེད་དེ། 8ཤ་མུ་ཨེལ་ལ་ཞུས་པ། ང་ཚོ་ཕེ་ལེ་ཤེད་པའི་ལག་ནས་སྐྱོབ་པའི་ཕྱིར་དུ་ཁྱེད་ཀྱིས་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ལ་མུ་མཐུད་དེ་སྨོན་ལམ་འདེབས་པ་གནང་རོགས་གནང་། 9དེར་ཤ་མུ་ཨེལ་གྱིས་ལུག་གུ་ཆུང་དུ་ཞིག་བསད་དེ། གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་དམར་མཆོད་དུ་ཆ་ཚང་ཕུལ་ཏེ། ཨིསི་རཱཨེལ་པ་རྣམས་ལ་མགོན་སྐྱབས་གནང་རོགས་གནང་ཞེས་ཁོས་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་འདེབས་པས། གཙོ་བོ་དཀོན་མཆོག་གིས་ཁོའི་སྨོན་ལམ་གསན་པ་གནང་ངོ་། 10ཤ་མུ་ཨེལ་གྱིས་དམར་མཆོད་འབུལ་བཞིན་པའི་སྐབས་སུ། ཕེ་ལེ་ཤེད་པ་རྣམས་དམག་བརྒྱབ་པར་ཡོང་བས། གཙོ་བོ་དཀོན་མཆོག་གིས་དེ་ཚོའི་ཁར་འབྲུག་སྐད་ཤུགས་ཆེན་པོ་ཞིག་ལྡིར་དུ་བཅུག་པ་དང་། ཁོ་ཚོར་སེམས་འཚབས་ཆེན་པོ་བྱུང་སྟེ། དངངས་སྐྲག་བསྐྱེད་དེ་བྲོས་ཕྱིན་ནོ། 11ཨིསི་རཱཨེལ་པ་རྣམས་མིཛ་པཱ་ནས་ཐོན་ཏེ་ཕེ་ལེ་ཤེད་པ་རྣམས་ལ་བྷེད་ཀར་དུ་རྗེས་དེད་བྱས་པ་དང་། དེ་དག་ལམ་དུ་བསད་དོ། 12དེ་ནས་ཤ་མུ་ཨེལ་གྱིས་རྡོ་ཞིག་བླངས་ནས། མིཛ་པཱ་དང་ཤེན་གཉིས་ཀྱི་བར་མཚམས་ལ་རྡོ་དེ་བཞག་སྟེ། གཙོ་བོ་དཀོན་མཆོག་གིས་འདི་བར་དུ་ང་ཚོ་ལ་སྐྱབས་གྲོགས་མཛད་པ་ཡིན་ཞེས་བརྗོད་ནས། དེ་ལ་སྐྱབས་གྲོགས་ཀྱི་རྡོ་ཞེས་མིང་བཏགས་སོ། 13དེ་བཞིན་ཕེ་ལེ་ཤེད་པ་རྣམས་ཕམ་སྟེ། ཤ་མུ་ཨེལ་གྱི་ཚེ་གང་རིང་ལ་གཙོ་བོ་དཀོན་མཆོག་གིས་ཁོ་ཚོ་སླར་ཡང་ཨིསི་རཱཨེལ་གྱིས་ཁུལ་དུ་བཙན་རྒོལ་བྱེད་མ་བཅུག་གོ 14སྔར་ཕེ་ལེ་ཤེད་པ་ཚོས་ཨེག་རོན་དང་གྷད་གཉིས་ཀྱི་བར་ལ་ཡོད་པའི་གྲོང་ཁྱེར་བཙན་བཟུང་བྱས་པ་རྣམས་ཨིསི་རཱཨེལ་ལ་ཕྱིར་ལོག་བྱས་པས། དེ་རྗེས་ཨིསི་རཱཨེལ་གྱིས་རང་གི་ས་ཁུལ་ཚང་མ་ཕྱིར་ལོག་ཐོབ་པས། ཨིསི་རཱཨེལ་པ་དང་ཀ་ནན་པ་གཉིས་ཀྱི་བར་ལའང་ཞི་མཐུན་བྱུང་ངོ་། 15ཤ་མུ་ཨེལ་གྱིས་རང་གི་ཚེ་གང་རིང་དུ་ཨིསི་རཱཨེལ་ལ་སྲིད་སྐྱོང་བྱས་སོ། 16ལོ་ལྟར་རེ་བཞིན་བྷེ་ཐེལ་དང་གྷིལ་གཱལ་དང་མིཛ་པཱའི་ས་ཁུལ་ཁག་ཏུ་ཕྱིན་ནས། དེ་གའི་མི་མང་གི་རྩོད་རྙོག་རྣམས་ཐག་གཅོད་བྱེད་བཞིན་ཡོད་དོ། 17དེ་རྗེས་རང་གི་གནས་ཁང་ཡོད་པའི་ས་གནས་ར་མཱ་ཞེས་པ་དེར་ཕྱིར་ལོག་བྱས་ནས་ཁྲིམས་དཔོན་གྱི་ཚུལ་དུ་གནས་ཏེ། དེར་ཁོང་གིས་གཙོ་བོ་དཀོན་མཆོག་ལ་མཆོད་ཁྲི་ཞིག་བཞེངས་སོ༎

ཤ་མུ་ཨེལ་དང་པོ། 8

མི་མང་ལ་རྒྱལ་པོ་ཞིག་དགོས་པ།

1དེ་ནས་ཤ་མུ་ཨེལ་ལོ་ན་རྒས་པ་དང་། རང་གི་བུ་རྣམས་ཨིསི་རཱཨེལ་གྱི་ཁྲིམས་དཔོན་དུ་བསྐོས་སོ། 2བུ་རྒན་པའི་མིང་ལ་ཡོ་ཨེལ་དང་ཆུང་བའི་མིང་ལ་ཨ་བྷི་ཡཱ་ཞེས་པ་དེ་གཉིས་ནི་བྷིར་ཤེ་བྷའི་ཁྲིམས་དཔོན་དུ་འཁོད་ཡོད་པ་ཡིན་ཏེ། 3འོན་ཀྱང་དེ་གཉིས་ནི་རང་གི་ཕའི་དཔེ་མཚོན་བཟང་པོའི་རྗེས་སུ་མ་འབྲངས་པར། རྒྱུ་དངུལ་འབའ་ཞིག་ལ་འདོད་བརྔམས་བྱས་ཏེ། ལྐོག་དངུལ་ལེན་ནས་མི་མང་ལ་ཁྲིམས་གཅོད་དྲང་པོ་བྱེད་ཀྱི་མེད་པ་ཡིན་ནོ། 4དེ་ནས་ཨིསི་རཱཨེལ་གྱི་འགོ་བྱེད་ཚང་མ་འདུ་འཛོམས་བྱས་ཏེ། ར་མཱ་རུ་ཤ་མུ་ཨེལ་གྱི་རྩར་ཕྱིན་ནོ། 5ད་ཁྱེད་ནི་ལོ་ན་རྒས་པ་ཡིན་པས། ཁྱེད་ཀྱི་བུ་རྣམས་ནི་ཁྱེད་ཀྱིས་མིག་སྟོན་བྱས་པ་བཞིན་དུ་མི་འགྲུལ་བས། ལུང་པ་གཞན་ལ་རྒྱལ་པོ་ཡོད་པ་བཞིན་དུ་ཁྱེད་ཀྱིས་ང་ཚོའི་དོན་དུའང་རྒྱལ་པོ་ཞིག་བསྐོ་གཞག་མཛད་རོགས་གནང་ཞེས་ཞུས་སོ། 6ཁོ་ཚོས་རང་ལ་རྒྱལ་པོ་ཞིག་དགོས་པའི་ཞུ་འབུལ་བྱས་པ་དེ་ལ། ཤ་མུ་ཨེལ་མ་དགའ་བར་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཞུས་སོ། 7དེ་ནས་གཙོ་བོ་དཀོན་མཆོག་གིས། མི་མང་གིས་ཁྱེད་ལ་གང་ལབ་པ་བཞིན་བྱོས་ཤིག ཁོ་ཚོས་ཁྱེད་ལ་ངོས་ལེན་མ་བྱས་པ་མ་ཡིན་མོད། འོན་ཀྱང་ཁོ་ཚོས་ང་ལ་རྒྱལ་པོའི་ཚུལ་དུ་ངོས་ལེན་མ་བྱས་པ་ཡིན། 8སྔར་ངས་ཁོ་ཚོ་ཨི་ཇིབ་ནས་འཁྲིད་ཡོང་པ་ནས་བཟུང་སྟེ། ད་བར་ཁོ་ཚོས་ང་སྤངས་ཤིང་། ལྷ་རྟེན་གཞན་ལ་བསྙེན་བཀུར་བྱས་པ་ཡིན། ཁོ་ཚོས་དུས་རྒྱུན་དུ་ང་ལ་གང་བྱས་པ་བཞིན་ཁྱོད་རང་ལའང་དེ་བཞིན་བྱེད་དོ། 9དེ་བས་ན་ཁོ་ཚོས་གང་སྨྲས་པ་བཞིན་བྱོས་ཤིག འོན་ཀྱང་དེ་ཚོའི་རྒྱལ་པོ་རྣམས་ཀྱིས་ཁོ་ཚོའི་ཐོག་ཏུ་སྲིད་སྐྱོང་ཇི་ལྟར་བྱེད་རྒྱུ་ཡིན་པ་དེའི་སྐོར་ལ་ཁྱོད་ཀྱིས་དེ་ཚོར་ཟོན་བསྐུལ་ནན་ཏན་ཆེན་པོས་གསལ་བཤད་བྱེད་དགོས་ཅེས་གསུངས་སོ། 10ཤ་མུ་ཨེལ་གྱིས་གཙོ་བོ་དཀོན་མཆོག་གི་བཀའ་ཐམས་ཅད་རྒྱལ་པོ་འདོད་པའི་མི་མང་རྣམས་ལ་བཤད་པ་ནི་འདི་སྐད་དུ། 11ཁྱོད་ཚོའི་རྒྱལ་པོས་སྲིད་སྐྱོང་བྱེད་སྟངས་ནི། ཁོས་ཁྱོད་ཚོའི་བུ་རྣམས་དམག་མིར་བསྐོས་ཤིང་། འགའ་ཤས་ནི་ཁོའི་དམག་གི་ཤིང་རྟར་གཡོག་བྱེད་རྒྱུ་དང་། འགའ་ཤས་ནི་རྟ་དམག་གི་ཁོངས་སུ་སྲི་ཞུ་བྱེད་རྒྱུ་དང་། དེ་བཞིན་འགའ་ཤས་ནི་ཁོའི་ཤིང་རྟའི་མདུན་ལ་རྒྱུག་མཁན་དུ་བསྐོ་རྒྱུ་ཡིན་པ་དང་། 12ཁོས་དེ་ཚོ་འགའ་ཤས་ལ་སྟོང་དཔོན་དང་། འགའ་ཤས་ལ་ལྔ་བཅུའི་འགོ་དཔོན་དུ་བསྐོ་གཞག་བྱེད་རྒྱུ་ཡིན། ཁྱོད་ཚོའི་བུ་རྣམས་ཀྱིས་ཁོའི་ཞིང་རྨོ་དགོས་རྒྱུ་དང་། སྟོན་ཐོག་རྔས་དགོས་རྒྱུ་དང་། གོ་མཚོན་བཟོ་དགོས་རྒྱུ་དང་། དེ་བཞིན་ཤིང་རྟའི་ཡོ་བྱད་རྣམས་བཟོ་དགོས་རྒྱུ་དང་། 13ཁྱོད་ཚོའི་བུ་མོ་རྣམས་ཀྱིས་ཁོའི་དོན་དུ་དྲི་བཟང་གི་གོ་སྒྲིག་བྱེད་དགོས་རྒྱུ་དང་། དེ་བཞིན་ཁ་ཟས་དང་བག་ལེབ་བཟོ་མཁན་མ་བྱན་གྱི་ཚུལ་དུ་ལས་ཀ་བྱེད་དགོས་རྒྱུ་ཡིན། 14ཁོས་ཁྱོད་ཚོའི་ས་ཞིང་དང་རྒུན་ཚལ་དང་། ཁ་སྐྱུ་པོའི་ནགས་ཚལ་བཟང་ཤོས་ཁག་ཕྲོགས་ནས། རང་གི་ལས་བྱེད་པ་རྣམས་ལ་སྟེར་བ་དང་། 15ཁྱོད་ཚོའི་འབྲུ་དང་རྒུན་འབྲས་ཀྱི་བརྒྱ་ཆ་བཅུ་ལེན་ནས། རང་གི་ཕོ་བྲང་གི་དཔོན་པོ་རྣམས་དང་ལས་བྱེད་པ་གཞན་རྣམས་ལ་སྟེར་རྒྱུ་ཡིན་པ་དང་། 16ཁྱོད་ཚོའི་འཁོར་གཡོག་དང་། སྒོ་ཕྱུགས་བཟང་ཤོས་དང་། དེ་བཞིན་བོང་བུ་སོགས་ཕྲོགས་ཏེ་རང་གི་ལས་བྱེད་དུ་འཇུག་རྒྱུ་ཡིན། 17ཁྱོད་ཚོའི་ལུག་ཁྱུའི་བརྒྱ་ཆ་བཅུ་ལེན་པ་མ་ཟད། ཁྱོད་ཚོ་རང་ཉིད་ཁོའི་བྲན་འཁོལ་དུ་ཚུད་རྒྱུ་ཡིན། 18དུས་དེ་རན་སྐབས་ཁྱོད་ཚོ་ནི་རང་གིས་བསྐོས་པའི་རྒྱལ་པོའི་དོན་དུ་བློ་འགྱོད་ཆེན་པོ་བསྐྱེད་དེ་ཁོ་ལ་སྐྱོན་བརྗོད་བྱེད་མོད། འོན་ཀྱང་ཁྱོད་ཚོས་སྐྱོན་བརྗོད་གང་བྱེད་པ་དེ་ལ་དཀོན་མཆོག་གིས་གསན་པར་མི་མཛད་དོ། 19ཤ་མུ་ཨེལ་གྱིས་གང་བཤད་པ་དེ་ལ་མི་མང་གིས་དོ་སྣང་གང་ཡང་མ་བྱས་པར་བརྗོད་གསལ། ང་ཚོར་རྒྱལ་པོ་ཞིག་ངེས་པར་དུ་དགོས་པ་འདུག 20དེ་ལྟར་བྱུང་ན་ང་ཚོའང་མི་རིགས་གཞན་དང་འདྲ་བར། ང་ཚོར་སྲིད་སྐྱོང་བྱེད་མཁན་ཞིག་དང་། དམག་དུས་སྐབས་སུ་འགོ་འཁྲིད་བྱེད་མཁན་ཞིག་དང་། དེ་བཞིན་ང་ཚོའི་དོན་དུ་དམག་འཐབ་བྱེད་མཁན་རྒྱལ་པོ་ཞིག་བྱུང་བ་དགའ་བ་འདུག 21ཁོ་ཚོས་གང་བཤད་པ་ཚང་མ་ཤ་མུ་ཨེལ་གྱིས་ཉན་ནས། དེའི་སྐོར་གཙོ་བོ་དཀོན་མཆོག་ལ་སྙན་གསན་ཞུས་པས། 22དེའི་བཀའ་ལན་དུ་གཙོ་བོ་དཀོན་མཆོག་གིས། ཁོ་ཚོས་གང་འདོད་པ་བཞིན་བྱེད་དེ། དེ་དག་ལ་རྒྱལ་པོ་ཞིག་བསྐོས་ཤིག་ཅེས་གསུངས་སོ། དེ་རྗེས་ཤ་མུ་ཨེལ་གྱིས་ཨིསི་རཱཨེལ་མི་མང་ཚང་མ་རང་རང་སོ་སོའི་སྡོད་གནས་སུ་ཕྱིར་ལོག་བཏང་ངོ་༎

ཤ་མུ་ཨེལ་དང་པོ། 9

ས་ཨུལ་དང་ཤ་མུ་ཨེལ་གཉིས་འཕྲད་པ།

1བྷེན་ཡ་མིན་གྱི་སྡེ་རིགས་ལས་ཡིན་པ། མིང་ལ་ཀིཤེ་ཞེས་པ། ལོངས་སྤྱོད་དང་ལྡན་ཞིང་གཟི་བརྗིད་མངའ་ཐང་ཆེ་བའི་མི་ཞིག་ཡོད་པ་ཡིན། ཁོ་ནི་ཨ་བྷི་ཨེལ་གྱི་བུའམ་ཛེ་རོར་གྱི་ཚ་བོ་ཡིན་པ་དང་། ཨ་ཕི་ཡཱའི་རིགས་རུས་ཀྱི་ཁྱིམ་ཚང་བྷེ་ཀོ་རད་གྱི་ཁོངས་སུ་རྟོགས་པའི་མི་ཞིག་ཡིན་ཏེ། 2ཁོ་ལ་བུ་ཞིག་ཡོད་ཅིང་། དེའི་མིང་ལ་ས་ཨུལ་ཟེར་གྱི་ཡོད་པ་ཡིན་ནོ། ཁོ་ནི་ལང་འཚོ་དར་ལ་བབ་པའི་གཞོན་ནུ་བྱད་གཟུགས་ལེགས་པ་ཞིག་ཡོད་པ་ཡིན་པ་མ་ཟད། ཨིསི་རཱཨེལ་ཡོངས་ཀྱི་མི་རྣམས་ནི་ཁོའི་དཔུང་པའི་མཐོ་ཚད་ཙམ་ལས་མེད་ཅིང་། ཡུལ་མི་ཀུན་ལས་ཁོ་ནི་བྱད་གཟུགས་ལེགས་པ་ཞིག་ཡོད་པ་ཡིན་པ་དང། 3ཀིཤེ་ཀྱི་བོང་བུ་འགའ་ཤས་རླག་སྟོར་ཤོར་བས། ཁོས་ས་ཨུལ་ལ་གཡོག་པོའི་ཁོངས་ནས་གཅིག་འཁྲིད་དེ། བོང་བུ་རྣམས་འཚོལ་བར་སོང་ཞིག་ཅེས་སྨྲས་པ་བཞིན། 4ཁོ་གཉིས་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཁུལ་དང་། ཤ་ལི་ཤཱའི་ཡུལ་གྲུ་ཁག་ཏུ་ཕྱིན་ཀྱང་བོང་བུ་མ་རྙེད་དོ། ད་དུང་ཤ་ལིམ་གྱིས་ཁུལ་བརྒྱུད་དེ་ཕྱིན་མོད། འོན་ཀྱང་དེ་རུའང་བོང་བུ་རྣམས་མ་རྙེད་དོ། དེ་རྗེས་ཁོ་ཚོ་བྷེན་ཡ་མིན་གྱིས་ཁུལ་ཁག་ཏུ་ཕྱིན་ནའང་བོང་བུ་མ་བརྙེད་དོ། 5དེ་ནས་ཁོ་ཚོ་ཛུཕ་ཅེས་པའི་ས་གནས་ཤིག་ཏུ་སླེབས་པ་དང་། ས་ཨུལ་གྱིས་རང་གི་གཡོག་པོ་ལ། ད་ང་ཚོ་ནང་ལ་ཕྱིར་ལོག་བྱེད་དགོས། དེ་མིན་ངས་ཕས་བོང་བུའི་སྐོར་ལ་བསམ་བློ་གཏོང་རྒྱུ་བཞག་ནས་ང་ཚོའི་སྐོར་ལ་སེམས་འཁྲལ་བྱེད་ཉེན་ཡོད་ཅེས་སྨྲས་པས། 6གཡོག་པོས་ལན་དུ། གཟིགས་དང་གྲོང་ཁྱེར་འདིའི་ནང་སྐྱེ་ཆེན་དམ་པ་ཞིག་བཞུགས་ཡོད་པ་དང་། ཁོང་གིས་གང་གསུངས་པ་ཐམས་ཅད་སྒྲུབ་ཀྱི་ཡོད་པ་ཡིན་པས། ཚང་མས་ཁོང་ལ་གུས་བཀུར་ཆེན་པོ་ཞུ་གི་ཡོད་དོ། དེ་བས་ན་ང་ཚོ་ཁོང་གི་དྲུང་དུ་བཅར་དགོས། གཅིག་བྱེད་ན་བོང་བུ་གང་དུ་ཡོད་པའི་སྐོར་ཁོང་གིས་ང་ཚོར་གསུངས་པར་ཡང་སྲིད་ཅེས་སྨྲས་སོ། 7ས་ཨུལ་གྱིས། ང་ཆོ་ཁོང་གི་དྲུང་དུ་བཅར་ན་ཁོང་ལ་འབུལ་བ་གང་འབུལ་དགོས་སམ། ང་ཚོའི་སྣོད་ཀྱི་ནང་དུ་ཁ་ཟས་ལྷག་མའང་མི་འདུག་པས། ད་ང་ཚོས་ཁོང་ལ་འབུལ་བྱེད་གང་ཡང་མི་འདུག་ཅེས་སྨྲས་སོ། 8གཡོག་པོས་ལན་དུ། ང་ལ་དངུལ་ཊམ་ཆུང་དུ་ཞིག་ཡོད། ངས་ཁོང་ལ་དེ་འབུལ་ཆོག། དེ་ནས་ཁོང་གིས་ང་ཚོར་བོང་བུ་ག་རུ་ཡོད་པའི་སྐོར་ལ་གསུངས་པ་ཡོད་ཅེས་སྨྲས་སོ། 9-11དེའི་ལན་དུ་ས་ཨུལ་གྱིས། གྲོས་འཆར་འདི་ཡག་པོ་འདུག། ད་ང་ཚོ་ཁོང་གི་དྲུང་དུ་བཅར་དགོས་ཅེས་སྨྲས་ནས། ཁོ་ཚོ་སྐྱེ་བུ་དམ་པ་དེ་བཞུགས་ཡོད་པའི་གྲོང་ཁྱེར་དུ་ཕྱིན་ནས། ཁོ་ཚོ་རི་ཁར་འཛེགས་ཏེ་གྲོང་ཁྱེར་གྱི་ཕྱོགས་སུ་འགྲོ་བའི་ལམ་དུ་ཆུ་ལེན་མཁན་བུ་མོ་འགའ་ཤས་དང་ཐུག་འཕྲད་བྱུང་སྟེ་དེ་ཚོར། ཞལ་གཟིགས་མཁན་དེ་གྲོང་ཁྱེར་ནང་བཞུགས་འདུག་གམ་ཞེས་འདྲི་རྩད་བྱས་སོ། (དེ་དུས་ལུང་སྟོན་པ་ཞིག་ལ་ཞལ་གཟིགས་མཁན་ཞེས་བརྗོད་སྲོལ་ཡོད་པ་དང། ལས་དོན་ཇི་འདྲ་ཞིག་ཡིན་རུང་། དེའི་སྐོར་ལ་མི་ཚོས་དཀོན་མཆོག་གི་ཐུགས་དགོངས་རྟོགས་དགོས་བྱུང་ན། ང་ཚོ་ཞལ་གཟིགས་མཁན་གྱི་རྩར་འགྲོ་དགོས་ཤེས་བརྗོད་སྲོལ་ཡོད་པ་ཡིན་ནོ།) 12-13བུ་མོ་ཚོས་ལན་དུ། ཁོང་བཞུགས་བཞག། ཁོང་ནི་ཁྱོད་ཚོའི་སྔོན་ལ་ཕེབས་པ་ཡིན་པས། ཁྱོད་ཚོ་མགྱོགས་པོར་ཕྱིན་ན་ཁོང་གི་ཕེབས་རྗེས་ཟིན་པ་ཡོད། རི་ཁར་ཡོད་པའི་མཆོད་ཁྲིའི་སྟེང་དུ་མི་མང་གི་དམར་མཆོད་འབུལ་རྒྱུ་ཡིན་པས། ཁོང་གྲོང་དུ་དེ་རིང་ཕེབས་ཡོད། ཁོང་དེར་ཕེབས་ཏེ་དམར་མཆོད་ལ་བྱིན་རླབས་མ་གནང་བར་དུ། སྐུ་མགྲོན་ཚོས་གསོལ་ཚིག་མཆོད་མི་ཡོང་། དེ་བས་ན་ཁྱོད་ཚོ་ད་ལྟ་ཕྱིན་པ་ཡིན་ན། ཁོང་རི་ཁར་གསོལ་ཚིག་མཆོད་པར་མ་ཕེབས་གོང་དུ་ཁྱོད་ཚོས་ཁོང་ལ་མཇལ་བ་ཡོད་ཅེས་སྨྲས་སོ། 14དེ་ནས་ས་ཨུལ་དང་ཁོའི་གཡོག་པོ་གཉིས་གྲོང་དུ་ཕྱིན་པ་དང་། སྐབས་དེར་ཤ་མུ་ཨེལ་ནི་མཆོད་འབུལ་བྱེད་སར་འགྲོ་བའི་ལམ་དུ་ཁོ་གཉིས་ཀྱི་ཕྱོགས་སུ་ཚུར་ཡོང་བཞིན་མཐོང་ངོ་། 15དེའི་ཉི་མ་གཅིག་གི་སྔོན་དུ་གཙོ་བོ་དཀོན་མཆོག་གིས་ཤ་མུ་ཨེལ་ལ། 16སང་ཉིན་དུས་ཚོད་འདི་ཙམ་ལ་ངས་ཁྱོད་ཡོད་སར་བྷེན་ཡ་མིན་གྱི་སྡེ་རིགས་ལས་ཡིན་པའི་མི་ཞིག་གཏོང་རྒྱུ་ཡིན་པས། ཁྱོད་ཀྱིས་ཁོ་ལ་ངའི་འབངས་ཨིསི་རཱཨེལ་གྱི་རྒྱལ་པོའི་ཚུལ་དུ་བསྔོ་འབུལ་བྱས་ཏེ། ཁོས་དེ་ཚོ་ཕེ་ལེ་ཤེད་པའི་ལག་ནས་སྐྱབས་པར་འགྱུར། ངས་རང་གི་མི་འབངས་ཀྱི་དཀའ་ངལ་མཐོང་ཞིང་། དེ་ཚོའི་ངུ་འབོད་ཀྱང་ཐོས་བྱུང་ཞེས་གསུངས་སོ། 17ཤ་མུ་ཨེལ་གྱིས་ས་ཨུལ་མཐོང་མ་ཐག་ཏུ། གཙོ་བོ་དཀོན་མཆོག་གིས་ཁོ་ལ་གསུངས་པ། ངས་ཁྱོད་ལ་སྨྲས་པའི་སྐྱེ་བོ་དེ་ནི་འདི་རང་ཡིན། ཁོས་ངའི་འབངས་ལ་སྲིད་སྐྱོང་བྱེད་པར་འགྱུར། 18དེ་ནས་ས་ཨུལ་གྱིས་རྒྱལ་སྒོའི་འགྲམ་དུ་ཤ་མུ་ཨེལ་ཡོད་སར་ཕྱིན་ཏེ། ཞལ་གཟིགས་མཁན་གྱི་བཞུགས་ས་ག་པར་ཡིན་ནམ། དེ་ང་ལ་སྟོན་རོགས་གནང་ཞེས་ཞུས་སོ། 19དེའི་ལན་དུ་ཤ་མུ་ཨེལ་གྱིས། ཞལ་གཟིགས་མཁན་དེ་ང་རང་ཡིན། ད་ཁྱོད་གཉིས་མཆོད་འབུལ་བྱེད་སའི་གནས་དེར་ངའི་སྔོན་དུ་སོང་ཞིག དེ་རིང་ཁྱོད་གཉིས་ང་དང་མཉམ་དུ་ཁ་ཟས་ཟ་བར་འགྱུར། སང་ཞོགས་ངས་ཁྱོད་ཀྱི་དྲི་བ་ཚང་མར་ལན་འདེབས་བྱེད་ཀྱི་ཡིན། དེ་རྗེས་ཁྱོད་ཚོ་ཕྱིར་ལོག་འགྲོ་ནའང་ཆོག་པ་ཡོད། 20ཉིན་ཞག་གསུམ་གྱི་སྔོན་དུ་རླག་སྟོར་ཤོར་བའི་བོང་བུ་རྣམས་རྙེད་ཟིན་པ་ཡིན་པས། དེའི་སྐོར་ལ་ཁྱོད་སེམས་འཁྲལ་བྱེད་མི་དགོས། ཨིསི་རཱཨེལ་མི་མང་གིས་ཧ་ཅང་གི་འདོད་པ་བྱེད་པ་དེ་སུ་ཡིན་ནམ། དེ་ནི་ཁྱོད་དང་ཁྱོད་ཀྱི་ཕའི་ཁྱིམ་ཚང་དེ་ཡིན་ནོ་ཞེས་སྨྲས་སོ། 21དེའི་ལན་དུ་ས་ཨུལ་གྱིས། ང་ནི་ཨིསི་རཱཨེལ་གྱི་སྡེ་རིགས་ཆུང་ཤོས་བྷེན་ཡ་མིན་གྱི་ཁོངས་ནས་ཡིན་པ་དང་། སྡེ་རིགས་དེའི་ཁོངས་ནས་ངའི་ཁྱིམ་ཚང་ནི་ཀུན་ལས་ཕལ་པ་ཞིག་ཡིན་པས། ཁྱེད་ཀྱིས་ང་ལ་ག་རེའི་དོན་དུ་བཀའ་མོལ་དེ་འདྲ་གནང་ངམ་ཞེས་སྨྲས་སོ། 22དེ་ནས་ཤ་མུ་ཨེལ་གྱིས་ས་ཨུལ་དང་ཁོའི་གཡོག་པོ་ཚོགས་ཁང་དུ་འཁྲིད་ཅིང་། སྐུ་མགྲོན་སུམ་ཅུ་ཙམ་གྱི་གྲལ་མགོར་བཞག་སྟེ། 23མ་བྱན་ལ་སྨྲས་པ། ངས་ཁྱོད་ལ་ཟུར་དུ་བཞག་དགོས་ཅེས་སྨྲས་པའི་ཤ་དེ་ཚུར་འཁྱེར་ཤོག 24དེ་རྗེས་མ་བྱན་གྱིས་ཤ་ཕུད་རྐང་ཤ་ལེགས་ཤོས་དེ་ས་ཨུལ་གྱི་མདུན་དུ་བཞག་པ་དང་། ཤ་མུ་ཨེལ་གྱིས། ད་ལྟོས་ཤིག། ཁྱོད་ཀྱི་དོན་དུ་ལོགས་སུ་བཞག་པའི་ཤ་ནི་འདི་ཡིན་ཏེ། དེ་ལེན་ནས་ཟ་ཞིག། ངས་འགྲོན་འབོད་བྱེད་པའིི་སྐུ་མགྲོན་རྣམས་དང་མཉམ་དུ་དུས་ཚོས་འདིར་ཟ་བའི་ཕྱིར་ངས་ཁྱོད་རང་གི་དོན་དུ་ལོགས་སུ་བཞག་པ་ཡིན་ནོ་ཞེས་སྨྲས་སོ། ས་ཨུལ་གྱིས་དེ་ཉིན་ཤ་མུ་ཨེལ་དང་མཉམ་དུ་ཁ་ཟས་བཟས་སོ། 25དེ་རྗེས་ཁོ་ཚོ་མཆོད་འབུལ་བྱེད་སའི་གནས་དེ་ནས་གྲོང་དུ་མར་བབ་སྟེ། དེ་ཚོས་ས་ཨུལ་གྱི་དོན་དུ་ཁང་པའི་ཐོག་ཁར་ཉལ་ས་བཟོས་ནས། 26ཁོང་དེ་རུ་ཉལ་ལོ༎

ཤ་མུ་ཨེལ་གྱིས་ས་ཨུལ་ལ་རྒྱལ་པོར་བསྔོ་འབུལ་བྱེད་པ།

ནམ་ལངས་སྐབས་སུ་ཁང་པའི་ཐོག་ཁར་ཤ་མུ་ཨེལ་གྱིས་ས་ཨུལ་ལ། ད་ཡར་ལངས་ནས་ཁྱོད་འགྲོ་ནའང་ཆོག་ཅེས་སྨྲས་པས། ས་ཨུལ་ཡར་ལངས་ཤིང་། ཤ་མུ་ཨེལ་དང་མཉམ་དུ་ལམ་ལ་ཕྱིན་ནོ། 27དེ་གཉིས་གྲོང་ཁྱེར་གྱི་མཐའ་མཚམས་ལ་སླེབས་སྐབས། ཤ་མུ་ཨེལ་གྱིས་ས་ཨུལ་ལ་སྨྲས་པ། ཁྱོད་ཀྱི་གཡོག་པོ་དེ་ང་གཉིས་ཀྱི་སྔོན་ལ་འགྲོ་དགོས་ཅེས་སྨྲོས་ཤིག གཡོག་པོ་དེ་ཕྱིན་ནོ། དེ་རྗེས་ཤ་མུ་ཨེལ་གྱིས་ས་ཨུལ་ལ་ཁྱོད་རང་འདིར་ཡུན་ཙམ་ཞིག་སྡོད་དང་། ངས་ཁྱོད་ལ་གཙོ་བོ་དཀོན་མཆོག་གི་བཀའ་ཞིག་བཤད་པར་བྱའོ་ཞེས་སྨྲས་སོ༎

ཤ་མུ་ཨེལ་དང་པོ། 10

1དེ་ནས་ཤ་མུ་ཨེལ་གྱིས་སྣུམ་སྣོད་ཀྱི་ནང་ནས་ཁ་སྐྱུར་པོའི་སྣུམ་བླངས་ཏེ། ས་ཨུལ་གྱི་མགོ་ལ་བླུག་ཅིང་། ཁོ་ལ་ཁ་སྐྱེལ་ཏེ་སྨྲས་པ། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཉིད་ཀྱི་འབངས་ཨིསི་རཱཨེལ་གྱི་རྒྱལ་པོར་བསྔོ་འབུལ་མཛད་པ་ཡིན་པས། ཁྱོད་ཀྱིས་དེ་ཚོར་སྲིད་སྐྱོང་བྱེད་རྒྱུ་དང་། དེ་ཚོར་དགྲ་བོ་ཚང་མ་ལས་སྐྱབས་པར་འགྱུར། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཉིད་ཀྱི་མི་འབངས་ཀྱི་རྒྱལ་པོར་འདེམས་བསྐོས་མཛད་པའི་རྟགས་མཚན་ནི་འདི་ལྟ་སྟེ། 2དེ་རིང་ཁྱོད་ངའི་རྩ་ནས་ཕྱིན་པའི་རྗེས་ལ། བྷེན་ཡ་མིན་གྱི་ས་གནས་ཛེལ་ཛཱ་རུ་ཡོད་པའི་ར་ཧེལ་གྱི་དུར་ཁང་གི་འགྲམ་དུ་མི་གཉིས་དང་འཕྲད་ཡོང། དེ་གཉིས་ཀྱི་ཁྱོད་ལ། ཁྱེད་ཚོས་འཚོལ་བཞིན་པའི་བོང་བུ་རྣམས་རྙེད་ཟིན་པ་ཡིན་པས། ད་ཁྱོད་ཀྱི་ཕ་ནི་བོང་བུའི་དོན་དུ་སེམས་འཁྲལ་བྱེད་རྒྱུ་བཞག་ནས་ཁྱོད་ཀྱི་དོན་དུ་སེམས་འཁྲལ་བྱེད་དེ། ད་ངའི་བུ་དེ་ལ་གང་བྱེད་པ་དགའམ་ཞེས་ཡང་ཡང་གསུངས་ཤིང་བཞུགས་ཡོད། 3ཁྱོད་ཚོ་རི་བོ་ཏ་བྷོར་གྱི་དམ་པའི་ཤིང་སྡོང་དུ་མ་སླེབས་བར་དུ་ཕྱིན་ཏེ། བྷེ་ཐེལ་དུ་དཀོན་མཆོག་ལ་དམར་མཆོད་འབུལ་ཕྱིར་འགྲོ་བའི་མི་གསུམ་དང་འཕྲད་ཡོང་། དེ་ཚོའི་ནང་ནས་གཅིག་གིས་ར་ཕྲུག་གསུམ་འཁྲིད་པ་དང་། གཞན་དེས་བག་ལེབ་གསུམ་འཁྱེར་ཡོད་ཅིང་། དེ་བཞིན་མི་གསུམ་པ་དེས་རྒུན་ཆང་གིས་གང་བའི་རྐྱལ་པ་ཞིག་འཁྱེར་ཡོད་དོ། 4དེ་ཚོས་ཁྱོད་ལ་ཕྱག་འབུལ་བྱེད་དེ་བག་ལེབ་གཉིས་སྤྲད་རྒྱུ་ཡིན་པས། ཁྱོད་ཀྱིས་དེ་ལེན་དགོས། 5དེ་རྗེས་ཁྱོད་ཚོ་གྷི་བི་ཨཱ་རུ་ཡོད་པའི་དཀོན་མཆོག་གི་རི་བོར་འགྲོ་དགོས། དེར་ཕེ་ལེ་ཤེད་པའི་སྒར་ཞིག་ཡོད། ཁྱོད་ཚོ་གྲོང་ཁྱེར་གྱི་རྒྱལ་སྒོའི་འགྲམ་དུ་སླེབས་སྐབས། ལུང་སྟོན་པའི་ཚོགས་ཤིག་གིས་སྒྲ་སྙན་དང་རྔ་དང་གླིང་བུ་སོགས་བཏང་ནས། སྐད་ཅོར་བརྒྱབ་སྟེ་བྲོ་གར་འཁྲབ་ཅིང་རི་ནས་མར་བབ་བཞིན་པ་འཕྲད་ཡོང་། 6དེ་རྗེས་བློ་བུར་དུ་གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་དེ་ཁྱོད་ཀྱི་ཐོག་ཏུ་ཕེབས་པ་དང་། ཁྱོད་རང་ཡང་དེ་ཚོ་དང་མཉམ་དུ་བྲོ་གར་འཁྲབ་ཅིང་སྐད་ཅོར་བརྒྱབ་སྟེ། ཁྱེད་རང་མིན་འདྲ་བ་ཞིག་ཏུ་འགྱུར་ཡོང་། 7དེ་བཞིན་འགྲུབ་སྐབས་དཀོན་མཆོག་གི་ཁྱོད་ལ་བསྐུལ་མ་གང་འདྲ་ཞིག་གནང་ནའང་དེ་དག་བྱོས་ཤིག 8ཁྱོད་ནི་ངའི་སྔོན་ལ་གྷིལ་གཱལ་དུ་སླེབས་རྒྱུ་ཡིན་པ་དང་། དེར་ངས་ཁྱོད་དང་འཕྲད་ནས་སྦྱིན་སྲེག་དང་མཐུན་འབྲེལ་གྱི་དམར་མཆོད་འབུལ་རྒྱུ་ཡིན་པས། ང་དེར་སླེབས་ནས་ཁྱོད་ཚོས་གང་བྱེད་དགོས་པའི་སྐོར་ལ་མ་བཤད་བར་དུ་ཉིན་བདུན་གྱི་རིང་ལ་སྒུག་སྡོད་བྱོས་ཤིག 9དེ་ནས་ས་ཨུལ་ཤ་མུ་ཨེལ་ཡོད་ས་ནས་ཕྱིན་པ་དང་། དཀོན་མཆོག་གིས་ས་ཨུལ་ལ་གཤིས་ཀ་གསར་པ་ཞིག་གནང་ངོ་། ཤ་མུ་ཨེལ་གྱིས་ཁོ་ལ་གང་སྨྲས་པ་ཚང་མ་ཉིན་མོ་དེ་རང་ལ་ཡོངས་སུ་སྒྲུབ་སོ། 10ས་ཨུལ་དཔོན་གཡོག་གཉིས་གྷི་བི་ཨཱ་རུ་འབྱོར་བ་དང་། ལུང་སྟོན་པའི་ཚོགས་ཤིག་དང་འཕྲད་ཅིང་། བློ་བུར་དུ་དཀོན་མཆོག་གི་ཐུགས་ཉིད་དེ་ཁོང་གི་སྟེང་དུ་བབ་སྟེ། དེ་ཚོ་དང་མཉམ་དུ་བྲོ་གར་འཁྲབ་ཅིང་སྐད་ཅོར་བརྒྱབ་བོ། 11ཁོང་ལ་སྔོན་ནས་ངོ་ཤེས་པའི་མི་ཚོས་ཕན་ཚུན་འདྲི་གླེང་བྱེད་དེ། ཀིཤེ་ཀྱི་བུ་ལ་གང་བྱུང་བ་ཡིན་ནམ། ས་ཨུལ་ལུང་སྟོན་པ་ཞིག་ཆགས་པ་རེད་པས་ཅེས་སྨྲས་སོ། 12དེར་གནས་སྡོད་བྱས་པའི་མི་ཞིག་གིས་འདྲི་བ། ལུང་སྟོན་པ་གཞན་དག་ཚོའི་སྐོར་ལ་ག་རེ་བསམ་གྱི་འདུག དེ་ཚོའི་ཕ་སུ་ཡིན་ནམ། ད་ས་ཨུལ་ཡང་ལུང་སྟོན་པ་རེད་དམ་ཞེས་པའི་བཤད་སྲོལ་དེ་ནི་དེ་དུས་ནས་འགོ་ཚུགས་པ་ཡིན་ནོ། 13དེ་ནས་ས་ཨུལ་གྱིས་བྲོ་གར་འཁྲབ་ཅིང་སྐད་ཅོར་བཏོན་པའི་རྗེས་སུ། རི་ཁར་ཡོད་པའི་མཆོད་ཁྲིའི་ཕྱོགས་སུ་ཕྱིན་ནོ། 14དེ་ནས་ས་ཨུལ་གྱི་ཨ་ཁུས་ས་ཨུལ་དང་ཁོའི་གཡོག་པོ་ལ་མཐོང་ནས། ཁྱོད་ཚོ་ག་རུ་ཕྱིན་པ་ཡིན་ནམ་ཞེས་འདྲི་རྩད་བྱས་པར། ས་ཨུལ་གྱིས་སྨྲས་པ། ང་ཚོ་བོང་བུ་འཚོལ་བར་ཕྱིན་ནས་མ་རྙེད་པས། ཤ་མུ་ཨེལ་དང་ཐུག་འཕྲད་བྱེད་པར་ཕྱིན་པ་ཡིན། 15ཨ་ཁུས། ཁོང་གིས་ག་རེ་གསུངས་བྱུང་ངམ་ཞེས་འདྲི་བའི་ལན་དུ། 16ཤ་ཨུལ་གྱིས། ཁོང་གིས་ང་ཚོར་བོང་བུ་རྙེད་ཟིན་པའི་གནས་ཚུལ་གསུངས་བྱུང་ཞེས་སྨྲས་སོ། འོན་ཀྱང་ཁོ་ལ་ཤ་མུ་ཨེལ་གྱིས་རྒྱལ་པོར་བསྐོ་གཞག་བྱས་པའི་སྐོར་ལ་རང་གི་ཨ་ཁུ་ལ་གང་ཡང་མ་ལབ་བོ༎

ས་ཨུལ་ལ་རྒྱལ་པོར་ངོས་ལེན་བྱས་པ།

17དེ་ནས་ཤ་མུ་ཨེལ་གྱིས་མི་མང་རྣམས་མིཛ་པཱ་རུ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་འབོད་གནང་ནས་སྨྲས་པ། 18ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་གསུངས་གསལ། ངས་ཁྱོད་ཚོ་ཨི་ཇིབ་ནས་བཏོན་ཏེ། ཁྱོད་ཚོར་མནར་སྤྱོད་གཏོང་མཁན་ཨི་ཇིབ་པ་དང་དེ་བཞིན་མི་རིགས་ཀུན་ལས་ཁྱོད་ཚོ་སྐྱབས་པ་ཡིན། 19ང་ནི་ཁྱོད་ཚོའི་དཀོན་མཆོག་ཡིན་ཏེ། ངས་ཁྱོ་ཚོ་དཀའ་ངལ་དང་འཚེ་བ་ཀུན་ལས་སྐྱབས་པ་ཡིན། འོན་ཀྱང་དེ་རིང་ཁྱོད་ཚོས་ང་ལ་སྤངས་ནས་སོ་སོའི་ཆེད་དུ་རྒྱལ་པོ་ཞིག་བསྐོ་གཞག་བྱེད་དགོས་ཅེས་སྨྲས་པ་ཡིན་པས་དེ་ནི་ལེགས་སོ། ད་ཁྱོད་ཚོ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་རང་རང་སོ་སོའི་སྡེ་རིགས་དང་རིགས་རུས་བཞིན་དུ་འཛོམས་དགོས་སོ། 20དེ་ནས་ཤ་མུ་ཨེལ་གྱིས་སྡེ་རིགས་རེ་རེ་མདུན་དུ་བོས་པས། གཙོ་བོ་དཀོན་མཆོག་གིས་བྷེན་ཡ་མིན་གྱི་སྡེ་རིགས་ལ་འདེམས་སྒྲུག་གནང་ངོ་། 21དེ་ནས་ཤ་མུ་ཨེལ་གྱིས་བྷེན་ཡ་མིན་གྱི་སྡེ་རིགས་ཀྱི་ཁྱིམ་ཚང་ལ་མདུན་དུ་བོས་པ་དང་། མ་ཏི་རིའི་ཁྱིམ་ཚང་ལ་འདེམས་སྒྲུག་གནང་ནས། ཁྱིམ་ཚང་དེའི་སྐྱེས་པ་རྣམས་མདུན་དུ་བོས་པ་དང་། ཀིཤེ་ཀྱི་བུ་ས་ཨུལ་འདེམས་སྒྲུག་བྱུང་ངོ་། འོན་ཀྱང་དེ་ཚོས་ཁོ་ལ་བཙལ་ཀྱང་མ་རྙེད་དོ། 22དེ་ཚོས་གཙོ་བོ་དཀོན་མཆོག་ལ། ད་དུང་སྐྱེ་བོ་གཞན་ཞིག་ཡོད་དམ་ཞེས་བཀའ་འདྲི་ཞུས་པའི་ལན་དུ། གཙོ་བོ་དཀོན་མཆོག་གིས། ས་ཨུལ་དེར་ཡོད། ཁོ་ནི་འབྲུ་མཛོད་ཀྱི་རྒྱབ་ཏུ་གབ་ནས་བསྡད་བཞག་ཅེས་གསུངས་སོ། 23དེ་ནས་ཁོ་ཚོ་རྒྱུགས་ཕྱིན་ནས་ས་ཨུལ་ཕྱི་རུ་བཏོན་ཏེ། མི་ཚོགས་ཀྱི་དཀྱིལ་དུ་འཁྲིད་ཡོང་ངོ། དེ་ཚོས་ཁོ་ནི་མི་ཚང་མ་ཁོའི་དཔུང་པ་མན་ཆད་ཡོད་པ་མཐོང་ངོ། 24དེ་ནས་ཤ་མུ་ཨེལ་གྱིས་མི་མང་ལ། གཙོ་བོ་དཀོན་མཆོག་གིས་འདེམས་བསྐོས་མཛད་པའི་མི་ནི་འདི་ཡིན། ང་ཚོའི་ཁྲོད་དུ་ཁོ་དང་འདྲ་བའི་སྐྱེ་བོ་གཞན་ཞིག་སུའང་མེད་པ་ཡིན་ནོ་ཞེས་སྨྲས་སོ། དེ་ནས་མི་ཚང་མས་སྐད་འབོད་ཆེན་པོས། རྒྱལ་པོ་སྐུ་ཚེ་རིང་པོ་བྱུང་བར་ཤོག་ཅེས་སྨྲས་སོ། 25དེ་ནས་ཤ་མུ་ཨེལ་གྱིས་མི་མང་ལ་རྒྱལ་པོའི་དབང་ཆ་དང་ལས་འགན་རྣམས་ཀྱི་སྐོར་བཤད་ནས། དེ་དག་གླེག་བམ་ཞིག་གི་ནང་བྲིས་ཏེ་གནས་དམ་པ་ཞིག་ཏུ་བཞག་གོ དེ་རྗེས་ཁོས་མི་མང་རྣམས་རང་རང་སོ་སོའི་ཁང་ཁྱིམ་དུ་ཕྱིར་ལོག་བཏང་ངོ་། 26དེ་ནས་ས་ཨུལ་རང་ཉིད་ཀྱང་གྷི་བི་ཨཱ་རུ་རང་གི་ཁྱིམ་དུ་ཕྱིར་ལོག་བྱས་ཏེ། མི་སྟོབས་ཤུགས་ཆེན་པོ་འགའ་ཤས་མི་སྟོབས་ཤུགས་ཆེན་པོ་འགའ་ཤས: བརྡ་བསྒྱུར་རྙིང་པ་ཞིག་གི་ནང་གསལ་མི་སྟོབས་ཤུགས་ཆེན་པོ་འགའ་ཤས་ཅེས་དང་། ཨིབ་རི་པའི་སྐད་ཡིག་ལྟར་དམག་མི་ཞེས་གསལ་ཡོད། ཁོ་དང་མཉམ་དུ་ཕྱིན་པ་དང་། མི་དེ་ཚོའི་སེམས་ཉིད་ལ་དཀོན་མཆོག་གིས་རེག་པ་ཡིན་ནོ། 27མི་མཁོ་མེད་འགའ་ཤས་ཀྱིས། མི་འདིས་ང་ཚོ་ལ་ཕན་ཐོག་ག་རེ་བྱེད་ཐུབ་བམ་ཞེས་སྨྲས་ཏེ། ས་ཨུལ་ལ་དམའ་འབེབས་བྱས་ཤིང་། ཁོང་ལ་འབུལ་བ་སོགས་གང་ཡང་མ་ཕུལ་བ་ཡིན་ནོ༎

ཤ་མུ་ཨེལ་དང་པོ། 11

ས་ཨུལ་གྱིས་ཨམ་མོན་པའི་ཐོག་ཏུ་རྒྱལ་ཁ་ཐོབ་པ།

1དེ་ནས་ཟླ་བ་གཅིག་ཙམ་གྱི་རྗེས་སུ་ཨམ་མོན་གྱི་རྒྱལ་པོ་ན་ཧཤེ་ཀྱིས་རང་གི་དམག་མི་འཁྲིད་དེ། གྷིལ་ཨད་ས་ཁུལ་གྱི་གྲོང་ཁྱེར་ཡ་བྷེཤ་ཐོག་ཏུ་དམག་འཐབ་བྱས་ཏེ། གྲོང་ཁྱེར་དེ་མཐའ་བསྐོར་བ་དང་། ཡ་བྷེཤ་ཀྱི་མི་ཚོས་ན་ཧཤེ་ལ། ང་ཚོ་དང་འཆིང་ཡིག་བཞག་པ་ཡིན་ན། ང་ཚོས་ཁྱེད་ལ་རང་གི་རྒྱལ་པོར་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་སྨྲས་སོ། 2ན་ཧཤེ་ཀྱིས་ལན་དུ། ངའི་བསམ་པའི་དོན་གནད་ཅིག་འགྲུབ་པ་ཡིན་ན། ངས་ཁྱོད་ཚོ་དང་འཆིང་ཡིག་བཞག་རྒྱུ་ཡིན། དེ་གང་ཡིན་ཟེར་ན། ཨིསི་རཱཨེལ་ཡོངས་ལ་ཞབས་འདྲེན་ཆེན་པོ་ཡོང་བའི་ཆེད་དུ་ངས་ཁྱོད་ཚོ་ཚང་མའི་མིག་གཡས་པ་བཏོན་རྒྱུ་ཡིན་ཞེས་སྨྲས་སོ། 3དེ་ནས་ཡ་བྷེཤ་ཀྱི་འགོ་དཔོན་ཚོས། ཨིསི་རཱཨེལ་གྱི་ས་ཕྱོགས་ཀུན་ལ་བང་ཆེན་རྣམས་གཏོང་ཕྱིར་ང་ཚོར་ཉིན་ཞག་བདུན་གྱི་དུས་ཚོད་གནང་དགོས། གལ་ཏེ་ང་ཚོར་རོགས་བྱེད་མཁན་སུའང་མ་བྱུང་ན། ང་ཚོ་ཁྱེད་ཀྱི་དྲུང་དུ་ཡོང་ནས་མགོ་སྒུར་རྒྱུ་ཡིན་ཞེས་ཞུས་སོ། 4བང་ཆེན་རྣམས་ས་ཨུལ་ཡོད་སར་གྷི་བི་ཨཱ་རུ་སླེབས་ནས། ཁོ་ཚོར་གནས་ཚུལ་དེ་བཤད་པས། མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ངུ་འབོད་བྱས་སོ། 5ས་ཨུལ་ནི་ཞིང་ནས་རང་གི་གླང་རྣམས་འཁྲིད་ནས་ནང་དུ་ལོག་ཡོང་སྐབས། ཁོས་འདྲི་རྩད་བྱས་ཏེ་སྨྲས་པ། གང་བྱུང་བ་ཡིན་ནམ། མི་རྣམས་ག་རེའི་དོན་ལ་ངུ་བ་ཡིན་ནམ། དེ་ཚོས་ཡ་བྷེཤ་ཀྱི་བང་ཆེན་པ་ཚོས་འཁྱེར་ཡོང་བའི་གནས་ཚུལ་དེ་ས་ཨུལ་ལ་བཤད་པ་དང་། 6ས་ཨུལ་གྱིས་དེ་ཐོས་མ་ཐག་ཏུ། དཀོན་མཆོག་གི་ཐུགས་ཉིད་དེ་ཁོའི་སྟེང་དུ་བབས་པས་ཁོ་ཤིན་ཏུ་ཁྲོས་ཏེ། 7གླང་གཉིས་བསད་ནས་དུམ་བུར་བཏུབ་སྟེ། ཤའི་དུམ་བུ་དེ་དག་བང་ཆེན་ཚོའི་བརྒྱུད་ནས་ཨིསི་རཱཨེལ་གྱི་ཡུལ་ཕྱོགས་ཀུན་ཏུ་བཏང་སྟེ། གཤམ་གསལ་ལྟར་ཟོན་བསྐུལ་བྱས་སོ། མི་སུས་ཀྱང་ཤ་མུ་ཨེལ་དང་ས་ཨུལ་ལ་དམག་སར་རོགས་མ་བྱས་པ་ཡིན་ན། དེ་ཚོའི་གླང་རྣམས་ཀྱང་དེ་བཞིན་དུམ་བུར་བཏུབ་རྒྱུ་ཡིན་ནོ། ད་གཙོ་བོ་དཀོན་མཆོག་གིས་ག་རེ་གནང་ཡོང་ངམ་བསམ་ནས་ཨིསི་རཱཨེལ་པ་རྣམས་འཇིགས་ཏེ། མི་གཅིག་ཀྱང་མ་ལུས་པར་དེར་ཡོང་ནས་འཛོམས་པ་དང་། 8ས་ཨུལ་གྱིས་དེ་ཚོ་བྷེ་ཛེག་ཅེས་པའི་ས་གནས་སུ་འདུ་ཚོགས་བྱས་ཏེ། ཨིསི་རཱཨེལ་ནས་མི་གྲངས་ ༣༠༠,༠༠༠ དང་། ཡ་ཧུ་དཱ་ནས་ ༣༠,༠༠༠ སླེབས་ཡོད་པ་ཡིན་ནོ། 9དེ་ཚོས། ཡ་བྷེཤ་ནས་ཡོང་བའི་བང་ཆེན་རྣམས་ལ་སྨྲས་པ། ཁྱོད་ཚོའི་མི་རྣམས་སང་ཞོག་ཉིན་གུང་སྔོན་དུ་དགྲའི་ལག་ནས་དགྲོལ་བར་བྱེད་རྒྱུ་ཡིན་ཞེས་སྨྲོས་ཤིག ཡ་བྷེཤ་ཀྱི་མི་རྣམས་ཀྱིས་གནས་ཚུལ་དེ་ཐོས་ནས་ཧ་ཅང་དགའ་ཞིང་། 10ན་ཧཤེ་ལ། སང་ཉིན་ང་ཚོ་ཁྱེད་ཀྱི་དྲུང་དུ་མགོ་སྒུར་རྒྱུ་ཡིན་པས། ང་ཚོའི་ཐོག་ཏུ་ཁྱེད་ཀྱི་ཐུགས་འདོད་གང་ཡོད་གནང་ནའང་ཆོག་ཅེས་ཞུས་པ་དང་། 11དེའི་སང་ཞོག་སྔ་པོར་ས་ཨུལ་གྱིས་རང་གི་མི་རྣམས་སྡེ་ཁག་གསུམ་དུ་བགོས་ནས། ནམ་ལངས་སྐབས་སུ་དགྲ་བོའི་སྒར་གྱི་ཕྱོགས་སུ་རྒྱུགས་ཏེ། ཨམ་མོན་པ་རྣམས་ལ་འཐབ་རྒོལ་བྱས་སོ། ཉིན་གུང་བར་དུ་དེ་ཚོ་ཕལ་ཆེར་སྡེབ་གསོད་བཏང་སྟེ། ལྷག་འཕྲོས་ལུས་པ་རྣམས་རང་རང་སོ་སོ་བྲོས་ནས་ཁ་འཐོར་དུ་ཕྱིན་ནོ། 12དེ་ནས་ཨིསི་རཱཨེལ་མི་མང་རྣམས་ཀྱིས་ཤ་མུ་ཨེལ་ལ། སྔར་ས་ཨུལ་ང་ཚོའི་རྒྱལ་པོར་བསྐོ་གཞག་བྱེད་མི་རུང་ཞེས་ཟེར་མཁན་དེ་ཚོ་ད་ལྟ་ག་རུ་ཡོད་དམ། མི་དེ་ཚོ་ང་ཚོའི་ལག་ཏུ་རྩིས་སྤྲོད་ཤིག་དང། ང་ཚོས་དེ་དག་གསོད་རྒྱུ་ཡིན་ཞེས་ཞུས་སོ། 13ས་ཨུལ་གྱིས། དེ་རིང་མི་སུ་ཞིག་ཀྱང་གསོད་མི་རུང་། གང་ལགས་ཟེར་ན། དེ་རིང་གི་ཉིན་མོར་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་ལ་ཐར་དགྲོལ་གནང་བ་ཡིན་ནོ་ཞེས་གསུངས་སོ། 14དེ་ནས་ཤ་མུ་ཨེལ་གྱིས་དེ་ཚོར་སྨྲས་པ། ད་ང་ཚོ་ཚང་མ་གྷིལ་གཱལ་དུ་ཕྱིན་ནས། ས་ཨུལ་ནི་ང་ཚོའི་རྒྱལ་པོ་ཡིན་ཞེས་ཟེར་ནས་སྐྱར་དུ་ཁྱབ་བསྒྲགས་བྱ་དགོས། 15དེ་ནས་དེ་ཚོ་ཚང་མ་གྷིལ་གཱལ་དུ་ཕྱིན་ནས། གནས་མཆོག་དམ་པ་དེར་ས་ཨུལ་ནི་ང་ཆོའི་རྒྱལ་པོ་ཡིན་ཞེས་ཁྱབ་བསྒྲགས་བྱས་ནས་མཐུན་འབྲེལ་གྱི་དམར་མཆོད་འབུལ་ནས་ས་ཨུལ་དང་ཨིསི་རཱཨེལ་གྱི་མི་མང་ཚང་མས་དུས་སྐབས་དེར་དགའ་སྟོན་ཆེན་པོ་བྱས་སོ༎

ཤ་མུ་ཨེལ་དང་པོ། 12

ཤ་མུ་ཨེལ་གྱིས་དགོངས་ཞུའི་གསུང་བཤད་གནང་བ།

1དེ་ནས་ཤ་མུ་ཨེལ་གྱིས་ཨིསི་རཱཨེལ་མི་མང་རྣམས་ལ། ཁྱོད་ཚོས་ང་ལ་གང་སྨྲས་པ་བཞིན་ངས་བྱས་ཡོད། ངས་ཁྱོད་ཚོར་སྲིད་སྐྱོང་བྱེད་ཕྱིར་རྒྱལ་པོ་ཞིག་ཀྱང་བསྐོས་ཡོད་པས། 2ཁོང་ནི་ཁྱོད་ཚོར་དབུ་འཁྲིད་གནང་ཕྱིར་ཁྱོད་ཚོ་དང་མཉམ་དུ་བཞུགས་ཡོད་དེ། ང་ནི་ལོ་ན་རྒས་ཤིང་མགོའི་སྐྲ་ཡང་དཀར་པོར་ཆགས་ཡོད། ངའི་བུ་རྣམས་ཀྱང་ཁྱོད་ཚོའི་ཁྲོད་དུ་ཡོད། གཞོན་དུས་སྐབས་ནས་ད་བར་ངས་ཁྱོད་ཚོའི་འགོ་འཁྲིད་བྱས་པ་ཡིན། 3གལ་སྲིད་ངས་ནོར་འཁྲུལ་སོགས་བྱས་ཡོད་པ་ཡིན་ན། ང་ནི་འདིར་ཡོད་པས། ད་ལྟ་རང་གཙོ་བོ་དཀོན་མཆོག་གི་སྤྱན་སྔ་དང་ཁོང་གིས་འདེམས་བསྐོས་མཛད་པའི་རྒྱལ་པོའི་དྲུང་དུ་ང་ལ་སྐྱོན་བརྗོད་བྱོས་ཤིག ངས་སུ་ཞིག་གི་གླང་ངམ་བོང་བུ་སོགས་འཕྲོག་བཅོམ་བྱེད་པའམ། ཡང་ན་སུ་ཞིག་ལ་མགོ་བསྐོར་གཏོང་བའམ། བརྙས་བཅོས་བྱེད་པའམ། སུ་ཞིག་གི་ལག་ནས་ལྐོག་རྔན་སོགས་ལེན་པ་དང་། དེ་བཞིན་ཚུལ་མིན་བྱས་ཏེ་གཞན་གྱི་ལག་ནས་རྒྱུ་དངོས་གང་འདྲ་ཞིག་ལེན་ཡོད་པ་ཡིན་ན། ངས་དེ་དག་ཕྱིར་སྤྲོད་བྱེད་རྒྱུ་ཡིན་ཞེས་སྨྲས་སོ། 4མི་མང་གིས་ལན་དུ། ཁྱེད་ཀྱིས་ང་ཚོ་ལ་བསླུ་ཁྲི་དང་བརྙས་བཅོས་སོགས་གང་ཡང་བྱས་མེད་པ་དང་། ང་ཚོ་སུ་ཞིག་ནས་ཀྱང་རྒྱུ་དངོས་སོགས་གང་ཡང་བླངས་མེད་ཅེས་ཞུས་སོ། 5དེ་ནས་ཤ་མུ་ཨེལ་གྱིས། ཁྱོད་ཚོས་ང་ལ་ནག་ཉེས་གང་ཡང་མེད་ཅེས་བརྗོད་པ་དེར་གཙོ་བོ་དཀོན་མཆོག་དང་ཁོང་གིས་འདེམས་བསྐོས་གནང་བའི་རྒྱལ་པོས་དཔང་པོ་མཛད་པར་འགྱུར་ཞེས་གསུངས་པ་དང་། དེ་ཚོས་ལན་དུ། དེ་ནི་བདེན་པ་ཡིན་ནོ། གཙོ་བོ་དཀོན་མཆོག་ང་ཚོའི་དཔང་པོ་ཡིན་ནོ་ཞེས་སྨྲས་སོ། 6ཤ་མུ་ཨེལ་གྱིས་མུ་མཐུད་དེ་གསུངས་པ། མོ་ཤེ་དང་ཨ་རོན་གཉིས་ལ་འདེམས་བསྐོས་གནང་མཁན་དང་། ཁྱོད་ཚོའི་མེས་པོ་རྣམས་ལ་ཨི་ཇིབ་ནས་ཕྱིར་བཏོན་མཛད་དེ་འཁྲིད་པ་གནང་མཁན་དེ་ནི་གཙོ་བོ་དཀོན་མཆོག་རང་ཉིད་ཡིན་ནོ། 7ཁྱོད་ཚོ་བསྡད་ཡོད་པའི་གནས་དེ་རང་དུ་ལངས་ནས་སྡོད་ཅིག སྔར་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་དང་ཁྱོད་ཚོའི་མེས་པོ་རྣམས་ལ་སྐྱབས་གྲོགས་གནང་བའི་ཕྱིར། ངོ་མཚར་ཆེ་བའི་མཛད་འཕྲིན་བསྟན་པ་རྣམས་ཀྱི་སྐོར་ལ་དྲན་བསྐུལ་བྱེད་པའི་སྒོ་ནས་གཙོ་བོ་དཀོན་མཆོག་གི་དྲུང་དུ་ངས་ཁྱོད་ཚོར་སྐྱོན་བརྗོད་བྱེད་རྒྱུ་ཡིན། 8ཡ་ཀོབ་དང་ཁོའི་ནང་མི་རྣམས་ཨི་ཇིབ་དུ་ཕྱིན་ཏེ། དེ་ཚོར་ཨི་ཇིབ་པ་རྣམས་ཀྱིས་མནར་གཅོད་གཏོང་སྐབས། ཁྱོད་ཚོའི་མེས་པོ་རྣམས་ཀྱིས་ངུ་འབོད་བྱས་ཏེ་གཙོ་བོ་དཀོན་མཆོག་ལ་སྲུང་སྐྱོབ་ཞུས་པ་བཞིན། ཁོང་གིས་མོ་ཤེ་དང་ཨ་རོན་གཉིས་བཏང་བ་གནང་ཞིང་། དེ་གཉིས་ཀྱིས་ཁྱོད་ཚོ་ཨི་ཇིབ་ནས་བཏོན་ཏེ་ཡུལ་འདིར་གཞིས་ཆགས་བཅུག་མོད། 9འོན་ཀྱང་མི་མང་གི་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་ལ་བརྗེད་པས། ཁོང་གིས་ཕེ་ལེ་ཤེད་པ་དང་མོ་ཨབ་པའི་རྒྱལ་པོ་དང་ཧ་ཛོར་གྲོང་ཁྱེར་གྱི་དམག་དཔོན་སི་སེ་ར་ལ་ཁྱོད་ཚོའི་མེས་པོ་རྣམས་ཀྱི་ཐོག་ཏུ་འཐབ་རྒོལ་བྱས་ནས་དེ་ཚོ་དབང་དུ་བསྡུས་བཅུག་པ་དང་། 10དེ་ཚོས་གཙོ་བོ་དཀོན་མཆོག་ལ་མགོན་སྐྱབས་ཞུས་ཤིང་སྨྲས་པ། ང་ཚོས་ཁྱེད་ལ་དད་ལོག་ཞུས་ཏེ་ལྷ་རྟེན་བྷལ་དང་ཨསི་ཏཱརའི་སྐུ་འདྲར་མཆོད་ནས། ཁྱེད་ཀྱི་སྤྱན་སྔར་སྡིག་པ་བྱས་པ་ཡིན། ཁྱེད་ཀྱི་ང་ཚོ་དགྲ་བོའི་ལག་ནས་སྐྱབས་པ་གནང་ན། ང་ཚོས་ཁྱེད་རང་གཅིག་པོར་བསྙེན་བཀུར་ཞུ་གི་ཡིན་ཞེས་ཞུས་སོ། 11གཙོ་བོ་དཀོན་མཆོག་གིས་གྷིད་ཨོན་དང་བྷ་རག་དང་། ཡེཕ་ཐཱ་དང་། མཐའ་མར་ང་ལའང་གཏོང་བ་གནང་ཞིང་། ང་ཚོ་རེ་རེས་ཁྱོད་ཚོ་དགྲ་བོའི་ལག་ནས་སྐྱབས་པ་ཡིན། ཁྱོད་ཚོ་བརྟན་པོའི་ཐོག་གནས་སོ། 12འོན་ཀྱང་ཨམ་མོན་གྱི་རྒྱལ་པོ་ན་ཧཤེ་ཀྱིས་ཁྱོད་ཚོའི་ཐོག་ཏུ་དམག་བརྒྱབ་རྩིས་བྱས་པ་དེ་ཁྱོད་ཚོས་མཐོང་བས། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་རང་གི་རྒྱལ་པོ་ངོས་ལེན་མ་ཞུས་པར། ཁྱོད་ཚོས་ང་ལ། ང་ཚོའི་ཐོག་ཏུ་སྲིད་སྐྱོང་བྱེད་མཁན་རྒྱལ་པོ་ཞིག་དགོས་ཅེས་སྨྲས་པ་ཡིན་ནོ། 13ད་ཁྱོད་ཚོས་འདམས་པའི་རྒྱལ་པོ་དེ་ནི་འདིར་ཡོད། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་རྒྱལ་པོ་ཞིག་དགོས་ཅེས་ཞུས་པ་ལྟར་ཁོང་གིས་དེ་གནང་ཡོད། 14གལ་ཏེ་ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་མོས་གུས་ཆེན་པོས་བསྙེན་བཀུར་ཞུས་པ་དང་། ཁོང་གིས་བཀའ་ལ་ཉན་ཏེ་དེ་བཞིན་བརྩི་སྲུང་ཞུས་ཕྱིར། ཁྱོད་ཚོ་རང་གི་རྒྱལ་པོ་དང་བཅས་པ་ཁོང་གི་རྗེས་སུ་འབྲངས་པ་ཡིན་ན་ཁྱོད་ཚོའི་ལས་དོན་གང་སྤྱིར་ལམ་འགྲོ་ཕུན་སུམ་ཚོགས་པ་ཡོང་རྒྱུ་ཡིན་ནོ། 15འོན་ཀྱང་ཁྱོད་ཚོས་ཁོང་གི་བཀའ་ཐོས་ནས་དེ་བཞིན་བརྩི་སྲུང་མ་ཞུས་ན། ཁོང་ཁྱོད་ཚོ་དང་ཁྱོད་ཚོའི་རྒྱལ་པོར་རྒོལ་བར་འགྱུར། 16དེ་བས་ན་ད་ལྟ་ཁྱོད་ཚོ་གང་དུ་ཡོད་པའི་གནས་དེ་རང་དུ་ཡར་ལངས་ནས། གཙོ་བོ་དཀོན་མཆོག་གིས་ཡ་མཚན་ཆེ་བའི་མཛད་འཕྲིན་གནང་རྒྱུ་ཡིན་པ་དེ་ཁྱོད་ཚོའི་མཐོང་ཡོང་། 17ད་ལྟ་ནི་ནམ་དུས་སྐམ་པོ་ཞིག་མ་ཡིན་ནམ། འོན་ཀྱང་ད་ལྟ་ངས་སྨོན་ལམ་འདེབས་པའི་རྗེས་སུ་གཙོ་བོ་དཀོན་མཆོག་གིས་འབྲུག་སྒྲ་དང་དྲག་ཆར་ཆེན་པོ་གཏོང་བར་འགྱུར། ཡང་དེ་བཞིན་འབྱུང་སྐབས། ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ། ང་ཚོར་རྒྱལ་པོ་ཞིག་དགོས་པ་འདུག་ཅེས་ཞུས་པའི་སྒོ་ནས་ཁྱོད་ཚོས་སྡིག་པ་ཉེན་འཚབ་ཆེན་པོ་ཞིག་བྱས་པ་དེ་ཁྱོད་ཚོས་དེ་དུས་ཤེས་པར་འགྱུར། 18དེ་ནས་ཤ་མུ་ཨེལ་གྱིས་སྨོན་ལམ་འདེབས་པ་དང་། ཉིན་མོ་དེ་རང་ལ་གཙོ་བོ་དཀོན་མཆོག་གིས་འབྲུག་སྒྲ་དང་དྲག་ཆར་ཆེན་པོ་ཞིག་བཏང་བ་གནང་བས། མི་ཚོགས་ཚང་མའི་སེམས་ནང་གཙོ་བོ་དཀོན་མཆོག་དང་ཤ་མུ་ཨེལ་གྱི་སྐོར་ལ་ཞེད་སྣང་སྐྱེད་དོ། 19དེ་ཚོས་ཤ་མུ་ཨེལ་ལ། ཀྱེ་ཇོ་བོ། ང་ཚོ་ཤི་མ་དགོས་པའི་ཕྱིར་ཁྱེད་ཀྱིས་གཙོ་བོ་དཀོན་མཆོག་རང་གི་དཀོན་མཆོག་ལ་ཐུགས་སྨོན་གནང་རོགས་གནང་། ང་ཚོར་ཉེས་སྡིག་མང་པོ་ཡོད་བཞིན་པའི་ཁར། ད་དུང་ང་ཚོས་རྒྱལ་པོ་ཞིག་དགོས་ཅེས་ཞུས་པའི་རྐྱེན་གྱིས། ང་ཚོས་སྡིག་པ་ཉེན་འཚབ་ཆེན་པོ་ཞིག་བྱས་ཡོད་པ་ནི་ད་ལྟ་ཤེས་ཀྱི་འདུག་ཅེས་ཞུས་སོ། 20དེའི་ལན་དུ་ཤ་མུ་ཨེལ་གྱིས། མ་འཇིགས་ཤིག། ཁྱོད་ཚོས་ལས་ངན་དེ་ལྟ་བུ་ཞིག་བྱས་ཡོད་པ་ཡིན་ནའང་། གཙོ་བོ་དཀོན་མཆོག་ལ་དད་ལོག་མ་ཞུས་ཤིག འོན་ཀྱང་རང་གི་བློ་སེམས་རྩེ་གཅིག་གི་སྒོ་ནས་ཁོང་ལ་བསྙེན་བཀུར་བྱོས་ཤིག 21ལྷ་རྫུན་མ་རྣམས་ཀྱི་རྗེས་སུའང་མ་འབྲངས་ཤིག གང་ལགས་ཟེར་ན། དེ་ཚོ་ནི་བདེན་པ་མ་ཡིན་པས། ཁྱོད་ཚོར་རོགས་དང་སྲུང་སྐྱོབ་སོགས་གང་ཡང་བྱེད་མི་ཐུབ་བོ། 22གཙོ་བོ་དཀོན་མཆོག་གིས་དམ་བཅའ་བཙན་པོ་ཞིག་གནང་ཡོད་པས། ཁོང་གིས་ཁྱོད་ཚོ་སྤངས་བར་མི་གནང་ངོ་། གང་ལགས་ཟེར་ན། ཁོང་གིས་ཁྱོད་ཚོ་ཉིད་ཀྱི་མི་འབངས་སུ་བསྐོས་རྒྱུའི་ཐུགས་ཐག་བཅད་ཟིན་པ་གནང་ཡོད། 23ངས་ཁྱོད་ཚོའི་དོན་དུ་སྨོན་ལམ་འདེབས་རྒྱུ་འཚམས་འཛོག་བྱེད་དེ། ཁོང་གིས་སྤྱན་སྔར་སྡིག་པ་བྱེད་རྒྱུ་ལས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀག་པར་ཤོག ཁྱོད་ཚོས་ལས་བཟང་དང་སྤྱོད་ཚུལ་དྲང་པོ་ཇི་ལྟར་བྱེད་ཆོག་སྐོར་ངས་ཁྱོད་ཚོར་སློབ་སྟོན་བྱེད་རྒྱུ་ཡིན་པས། 24ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་སྲུང་ཞིང་། བློ་སེམས་རྩེ་གཅིག་གི་ཐོག་ནས་ཁོང་ལ་བསྙེན་བཀུར་བྱེད་དགོས་པ་དང་། ཁྱོད་ཚོའི་དོན་དུ་ཁོང་གིས་ངོ་མཚར་ཆེ་བའི་མཛད་འཕྲིན་གནང་བའི་སྐོར་ལ་དྲན་གསོ་བྱོས་ཤིག 25གལ་ཏེ་ཁྱོད་ཚོས་སྡིག་པ་མུ་མཐུད་དེ་བྱས་པ་ཡིན་ན། ཁྱོད་ཚོ་དང་ཁྱོད་ཚོའི་རྒྱལ་པོ་བཅས་པ་ཡོངས་སུ་འཇིགས་པ་ཡིན་ནོ་ཞེས་སྨྲས་སོ༎

ཤ་མུ་ཨེལ་དང་པོ། 13

ཕེ་ལེ་ཤེད་པ་རྣམས་དང་དམག་འཐབ་པ།

1ས་ཨུལ་རྒྱལ་པོ་ཡིན་དུས་ལོ་ན་སུམ་ཅུ་ཨིབ་རི་པའི་གསུང་རབ་ནང་ས་ཨུལ་གྱི་ལོ། སུམ་ཅུ། ཆད་ཡོད། ལོན་ཡོད་པ་ཡིན་ཏེ། ཁོང་གིས་ཨིསི་རཱཨེལ་ཐོག་ཏུ་ལོ་ཞི་བཅུ་ཞེ་གཉིས་ཨིབ་རི་པའི་གསུང་རབ་ནང་གསལ་ཁོང་གིས་ཨིསི་རཱཨེལ་ཐོག་ཏུ་ལོ་གཉིས་རྒྱལ་སྲིད་བསྐྱངས་བ་ཡིན་ཞེས་བྲིས་ཡོད་དོ། རིང་རྒྱལ་སྲིད་སྐྱོང་གནང་ངོ་། 2ས་ཨུལ་གྱིས་མི་གྲངས་ ༣,༠༠༠ འདེམས་སྒྲུག་བྱས་ཏེ། རང་དང་མཉམ་དུ་ས་གནས་མིག་མཤེ་དང་བྷེ་ཐེལ་རི་བརྒྱུད་ས་ཁུལ་ཁག་ཏུ་མི་གྲངས་ ༢,༠༠༠ ཙམ་བཞག་གོ རང་གི་བུ་ཡོ་ན་ཐན་དང་མཉམ་དུ་བྷེན་ཡ་མིན་གྱི་སྡེ་རིགས་ཀྱི་ས་ཁུལ་ནང་ཡོད་པའི་ས་གནས་གྷི་བི་ཨཱར་དམག་མི་ ༡,༠༠༠ བཏང་ཞིང་། དེ་འཕྲོས་ཚང་མ་རང་རང་སོ་སོའི་ཁང་ཁྱིམ་དུ་ཕྱིར་ལོག་བཏང་ངོ་། 3དེ་ནས་ཡོ་ན་ཐན་གྱིས་ཕེ་ལེ་ཤེད་པའི་དམག་སྤྱི་དེ་གྷེ་བཱ་རུ་བསད་པ་དང་། ཕེ་ལེ་ཤེད་པ་ཡོངས་ཀྱིས་གཏམ་དེ་ཐོས་སོ། དེ་ནས་ས་ཨུལ་གྱིས་ཕྱོགས་ཀུན་ཏུ་བང་ཆེན་བཏང་སྟེ། དམག་དུང་འབུད་ནས་ཨིབ་རི་པ་རྣམས་ལ་དམག་སར་ཡོང་དགོས་པའི་འབོད་བསྐུལ་བྱས་སོ། 4ས་ཨུལ་གྱིས་ཕེ་ལེ་ཤེད་པའི་དམག་སྤྱི་བསད་པའི་རྐྱེན་གྱིས། ཕེ་ལེ་ཤེད་པ་ཚོས་ཨིསི་རཱཨེལ་པ་རྣམས་ལ་སྡང་དགྲ་བྱེད་ཀྱི་ཡོད་པ་དང་། དེའི་སྐོར་ཨིསི་རཱཨེལ་ཡོངས་ལ་བཤད་པས། མི་མང་ཚོས་གྷིལ་གཱལ་དུ་ས་ཨུལ་ལ་འཕྲད་དགོས་པའི་འབོད་བསྐུལ་དེ་ལ་མོས་མཐུན་བྱས་སོ། 5དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱང་ཨིསི་རཱཨེལ་པ་ལ་དམག་འཐབ་བྱེད་ཕྱིར་འཇོམས་སོ། དེ་ཚོར་དམག་གི་ཤིང་རྟ་ ༣༠,༠༠༠ དང་། རྟ་དམག་ ༦,༠༠༠ དང་། རྐང་དམག་ནི་རྒྱ་མཚོའི་མཐའ་རུ་ཡོད་པའི་བྱེ་མ་དང་མཚུངས་པར་གྲངས་ལས་འདས་པ་ཡོད་པ་ཡིན། དེ་ཚོ་བྷེ་ཐ་བེན་གྱི་ཤར་ཕྱོགས་སུ་མིག་མཤེ་ཞེས་པའི་ས་གནས་དེར་ཕྱིན་ནས་དམག་སྒར་བརྒྱབ་པ་དང་། 6དེ་རྗེས་ཁོ་ཚོས་ཨིསི་རཱཨེལ་པའི་ཐོག་ཏུ་ནུས་ཤུགས་ཆེན་པོས་འཐབ་རྒོལ་བྱས་ནས། དེ་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་སུ་ཚུད་དགོས་པ་བྱུང་ཞིང་། དེ་ཚོ་འགའ་ཤས་ནི་བྲག་ཕུག་ཁག་དང་། ས་དོང་དང་། བྲག་གི་གསེབ་དང་། ཁྲོན་པ་ཁག་ཏུ་གབ་དགོས་བྱུང་ངོ་། 7གཞན་རྣམས་གཙང་པོ་ཡོར་དན་རྒལ་ནས་གྷཌ་དང་གྷིལ་ཨད་ཀྱི་ས་ཁུལ་ཁག་ཏུ་ཕྱིན་ནོ། ས་ཨུལ་ནི་ད་དུང་གྷིལ་གཱལ་རང་དུ་ཡོད་པ་ཡིན་ཏེ། ཁོ་དང་མཉམ་དུ་ཡོད་པའི་མི་རྣམས་ནི་ཞེད་སྣང་གིས་འདར་བཞིན་ཡོད་པ་ཡིན་ནོ། 8སྔར་ཤ་མུ་ཨེལ་གྱིས་སྨྲས་པ་བཞིན། ས་ཨུལ་གྱིས་ཤ་མུ་ཨེལ་ལ་ཉིན་ཞག་བདུན་བར་དུ་སྒུག་སྡོད་བྱས་མོད། འོན་ཀྱང་ཤ་མུ་ཨེལ་ད་དུང་གྷིལ་གཱལ་དུ་སླེབས་མེད་པ་ཡིན་ནོ། ཡང་མི་རྣམས་ས་ཨུལ་ལ་སྤངས་ནས་བྲོས་ཕྱིན་ནོ། 9དེར་བརྟེན་ཁོང་གིས་དེ་ཚོར། སྦྱིན་སྲེག་གི་དམར་མཆོད་དང་མཐུན་འབྲེལ་གྱི་དམར་མཆོད་ངའི་རྩར་འཁྱེར་ཤོག་ཅེས་སྨྲས་ནས། སྦྱིན་སྲེག་གི་དམར་མཆོད་ཕུལ་ལོ། 10མཆོད་འབུལ་རྫོགས་མཚམས་སུ་ཤ་མུ་ཨེལ་སླེབས་པས། ཁོང་ལ་ཕེབས་བསུ་ཞུ་ཕྱིར་ས་ཨུལ་ཕྱི་རུ་ཐོན་པ་དང་། 11འོན་ཀྱང་ཤ་མུ་ཨེལ་གྱིས། ཁྱོད་ཀྱིས་འདི་འདྲ་ག་རེ་བྱས་པ་ཡིན་ནམ་ཞེས་སྨྲས་པ་དང་། དེའི་ལན་དུ་ས་ཨུལ་གྱིས་སྨྲས་པ། མི་ཚོས་ང་ལ་སྤངས་ནས་འགྲོ་གི་ཡོད་པ་དང་། ཁྱེད་ཀྱིས་གསུངས་པ་བཞིན་སྐུ་ཉིད་ཀྱང་དུས་ཚོད་ལ་ཕེབས་མ་བྱུང་། དེ་ཙམ་མ་ཟད་ཕེ་ལེ་ཤེད་པ་རྣམས་ཀྱང་མིག་མཤེ་རུ་འདུ་འཛོམས་བྱེད་ཀྱི་ཡོད་པ་ཡིན་པས། 12དེར་བརྟེན་ངའི་སེམས་ལ་ད་ཕེ་ལེ་ཤེད་པ་ཚོས་གྷིལ་གཱལ་དུ་ང་ལ་དམག་བརྒྱབ་རྩིས་བྱེད་ཀྱི་ཡོད་པ་དང་། ཡང་ངས་ནི་གཙོ་བོ་དཀོན་མཆོག་ལ་ཐུགས་རྗེ་སོགས་ཐོབ་མེད་པ་ཡིན་པས། དེར་བརྟེན་ངས་དམར་མཆོད་ཞིག་འབུལ་དགོས་བསམ་བྱུང་། 13དེ་ལན་དུ་ཤ་མུ་ཨེལ་གྱིས། འདི་ནི་ཁྱོད་ཀྱིས་ལྐུག་པའི་ལས་ཀ་ཞིག་བྱས་བཞག། ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་གི་བཀའ་རྒྱར་རྩིས་སྲུང་མ་ཞུས་པ་ཡིན་ནོ། གལ་ཏེ་ཁྱོད་ཀྱིས་ཁོང་གི་བཀའ་སྲུང་བ་ཡིན་ན། ཁོང་གིས་ཁྱོད་དང་ཁྱོད་ཀྱི་མི་བརྒྱུད་རྣམས་ལ། ཨིསི་རཱཨེལ་གྱི་ཐོག་ཏུ་དུས་གཏན་དུ་སྲིད་སྐྱོང་བྱེད་དུ་བཅུག་པ་ཡོད། 14འོན་ཀྱང་ད་ཁྱོད་ཀྱི་རྒྱལ་སྲིད་དེ་ནི་མུ་མཐུད་ནས་གནས་པར་མི་འགྱུར་རོ། གང་ལགས་ཟེར་ན། ཁྱོད་ཀྱིས་ཁོང་གི་བཀའ་ལ་བརྩི་སྲུང་མ་ཞུས་པས་ཕྱིར་རོ། དེ་བས་ན་གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་ཐུགས་དགོངས་བཞིན་གྱི་མི་ཞིག་གཟིགས་ནས། དེ་ལ་ཉིད་ཀྱི་མི་འབངས་ཀྱི་རྒྱལ་པོར་བསྐོས་གནང་མཛད་པར་འགྱུར་ཞེས་སྨྲས་སོ། 15ཤ་མུ་ཨེལ་ནི་གྷིལ་གཱལ་ནས་ཐོན་ཏེ་ཕྱིན་པ་དང་། ས་ཨུལ་ཡང་རང་གི་དམག་མི་ཡོད་སར་ཕྱིན་པས། དེར་ལུས་པའི་མི་ཚང་མ་ཁོའི་རྗེས་སུ་འབྲངས་སོ། དེ་ཚོ་གྷིལ་གཱལ་ནས་ཐོན་ཏེ། བྷེན་ཡ་མིན་གྱིས་ཁོང་གྷི་བི་ཨཱ་རུ་ཕྱིན་པ་དང་། ས་ཨུལ་གྱིས་རང་གི་དམག་མི་སྐྱེས་པ་ཁ་གྲངས་ ༦༠༠ ཙམ་ཡོད་པ་དེ་ལ་རྟགས་ཞིབ་བྱས་སོ། 16དེ་ནས་ས་ཨུལ་དང་ཁོའི་བུ་ཡོ་ན་ཐན་གཉིས་རང་གི་དམག་མི་དང་བཅས་པ་བྷེན་ཡ་མིན་ས་ཁོངས་གྷེ་བཱ་རུ་སྒར་ས་བརྒྱབ་ནས་བསྡད་པ་དང་། ཕེ་ལེ་ཤེད་པ་ཚོའི་དམག་སྒར་ནི་མིག་མཤེ་རུ་ཡོད་པ་ཡིན་ནོ། 17ཕེ་ལེ་ཤེད་པའི་དམག་མི་རྣམས་རུ་ཁག་གསུམ་ལ་བགོས་ཏེ། དགྲ་བོའི་ཐོག་ཏུ་གློ་བུར་དུ་འཐབ་རྒོལ་བྱེད་ཕྱིར་རང་གི་སྒར་ནས་ཐོན་ཏེ། རུ་ཁག་གཅིག་ཤུ་ཨལ་གྱི་ཁོངས་སུ་ཡོད་པའི་ས་གནས་ཨོཕ་རཱ་ཕྱོགས་སུ་ཕྱིན་པ་དང་། 18རུ་ཁག་གཅིག་ནི་བྷེད་ཧོ་རོན་གྱི་ཕྱོགས་དང་། དེ་བཞིན་རུ་ཁག་གསུམ་པ་དེ་ནི་འབྲོག་སྟོང་དང་། ཛེ་བོ་ཨིམ་གྱི་ལུང་གཤོང་མཐོང་ཐུབ་པའི་ས་མཚམས་བར་དུ་ཕྱིན་ནོ། 19ཨིསི་རཱཨེལ་ཡུལ་དུ་མགར་བ་གཅིག་ཀྱང་མེད་པ་ཡིན་ཏེ། གང་ལགས་ཟེར་ན། ཕེ་ལེ་ཤེད་པ་ཚོས་ཨིབ་རི་པ་རྣམས་ལ་མདུང་དང་རལ་གྲི་བཟོ་མ་བཅུག་པའི་ཐག་གཅོད་བྱས་པས་ཕྱིར་རོ། 20(ཨིསི་རཱཨེལ་པ་རྣམས་རང་གི་གཤོལ་ལྕགས་དང་། ཏོག་ཙེ་དང་། སྟ་རེ་དང་ཟོ་ར་སོགས་ལ་རྣོ་བཏོན་པའི་ཕྱིར་ཕེ་ལེ་ཤེད་པ་རྣམས་ཀྱི་རྩར་འགྲོ་དགོས་ཀྱི་ཡོད་པ་དང། 21སྟ་རེའི་རྣོ་བཏོན་རྒྱུ་དང་གླང་འདེད་བྱེད་ལྕགས་ཀྱུ་སོགས་བཟོ་བཅོས་གཏོང་གླར་ཊམ་ཀ་རེ་དང་། གཤོལ་ལྕགས་རྣོ་འདོན་གླར་ཊམ་ཀ་གཉིས་རེ་གནས་ཀྱི་ཡོད་དོ།) 22དེ་བས་ན་དམག་ཐུག་པའི་ཉིན་མོར་ས་ཨུལ་དང་ཁོའི་བུ་ཡོ་ན་ཐན་ལ་མ་གཏོགས་ཨིསི་རཱཨེལ་པའི་དམག་མི་གཅིག་ལའང་རལ་གྲིའམ་མདུང་སོགས་མེད་པ་ཡིན་ནོ། 23མིག་མཤེའི་ལ་སྲུང་ཕྱིར་ཕེ་ལེ་ཤེད་པ་ཚོས་དམག་མི་རུ་ཁག་གཅིག་བཏང་ངོ་༎

ཤ་མུ་ཨེལ་དང་པོ། 14

ཡོ་ན་ཐན་གྱི་དཔའ་རྩལ།

1ཡོ་ན་ཐན་གྱིས་ཉིན་ཅིག་རང་གི་གོ་མཚོན་འཁུར་བའི་གཞོན་ནུ་དེ་ལ། ད་ང་གཉིས་ཕར་ཕྱོགས་སུ་ཕེ་ལེ་ཤེད་པའི་སྒར་གྱི་རྩར་འགྲོའོ་ཞེས་སྨྲས་མོད། འོན་ཀྱང་ཡོ་ན་ཐན་གྱིས་དེའི་སྐོར་རང་གི་ཕ་ས་ཨུལ་ལ་གང་ཡང་བཤད་མེད་པ་ཡིན་ནོ། 2ས་ཨུལ་ནི་གྷི་བི་ཨཱའི་ཉེ་འགྲམ་ལ་ཡོད་པའི་མིག་རོན་དུ་སེ་འབྲུའི་ཤིང་སྡོང་ཞིག་གི་འོག་ཏུ་སྒར་བརྒྱབ་ནས་བསྡད་ཡོད་པ་དང་། ཁོ་དང་མཉམ་དུ་མི་ ༦༠༠ ཙམ་ཡོད་པ་ཡིན་ནོ། 3(སྐབས་དེར་ཨེ་ཕོད་འཁྱེར་མཁན་བླ་མ་དེ་ནི་ཨི་ཀ་འབོད་ཀྱི་སྤུན་ཨ་ཧི་ཏུབ་ཀྱི་བུ་ཨ་ཧི་ཡཱ་ཟེར་བ་དེ་ཡིན་པ་དང་། ཨ་ཧི་ཏུབ་ནི་ཕིན་ཧསི་ཀྱི་བུའམ། ཤི་ལཱོ་རུ་ཡོད་པའི་གཙོ་བོ་དཀོན་མཆོག་གི་བླ་མ་ཨེ་ལིའི་ཚ་བོ་ཡིན་ནོ།) ཡོ་ན་ཐན་ཐོན་ཟིན་པའི་སྐོར་མི་ཚོས་མ་ཤེས་སོ། 4ཡོ་ན་ཐན་ནི་ཕེ་ལེ་ཤེད་པའི་དམག་སྒར་དུ་སླེབ་ཕྱིར་མིག་མཤེ་ཀྱི་ལ་དེ་བརྒྱུད་དེ་འགྲོ་དགོས་པས། ལ་དེའི་ཕྱོགས་གཉིས་སུ་བྲག་ཆེན་ཁ་རྩུབ་པོ་གཉིས་ཡོད་པའི་ནང་ནས། གཅིག་གི་མིང་ལ་བོ་ཛེཛ་དང་། གཞན་དེ་ལ་སེ་ནཱེ་ཟེར་བ་ཡིན་ཏེ། 5བྲག་གཅིག་ནི་ལ་རྩེའི་བྱང་ངོས་སུ་མིག་མཤེ་ཀྱི་ཕྱོགས་ལ་ཁ་བསྒྱུར་ནས་ཡོད་པ་དང་། གཞན་དེ་ལྷོ་རུ་གྷེ་བཱའི་ཕྱོགས་སུ་ཁ་བཏད་ཡོད་པ་ཡིན་ནོ། 6ཡོ་ན་ཐན་གྱིས་གཞོན་ནུ་དེ་ལ། ད་ང་ཚོ་ཕར་ཕྱོགས་ཕེ་ལེ་ཤེད་པའི་སྒར་གྱི་ཉེ་འགྲམ་དུ་འགྲོའོ། གཅིག་བྱས་ན་གཙོ་བོ་དཀོན་མཆོག་གིས་ང་ཚོར་སྐྱབས་གྲོགས་གནང་ཡང་སྲིད། གལ་སྲིད་ཁོང་གིས་ང་ཚོར་རོགས་རམ་གནང་བ་ཡིན་ན། ང་ཚོའི་མི་ཁ་གྲངས་ཉུང་ངུ་ཞིག་ཡིན་ནའང་། ཁོང་གིས་ང་ཚོར་ངེས་པར་དུ་རྒྱལ་ཁ་གནང་བར་འགྱུར། དེར་དོན་གནད་གང་ཞིག་གིས་ཀྱང་བཀག་ཆ་བྱེད་མི་ཐུབ་པོ་ཞེས་སྨྲས་སོ། 7གཞོན་ནུ་དེས་ལན་དུ། ཁྱེད་ཀྱིས་མཛད་དོན་གང་གནང་བ་དེ་ལ་ངས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་ཞུས་སོ། 8ཡོ་ན་ཐན་གྱིས། ད་ང་ཚོས་ཕེ་ལེ་ཤེད་པ་ཚོས་མཐོང་སར་འགྲོ་དགོས། 9གལ་ཏེ་ཁོ་ཚོས་ང་ཚོ་ལ་ཁྱོད་ཚོ་དེར་སྒུག་ཅིག ང་ཚོ་ཁྱོད་ཚོའི་རྩར་ཡོང་གི་ཡོད་ཅེས་ལབ་པ་ཡིན་ན། ང་ཚོ་གང་དུ་ཡོད་པའི་ས་གནས་དེ་རང་དུ་སྡོད་དགོས། 10གལ་ཏེ་ཁོ་ཚོས་ང་ཚོ་ལ་ཕར་སྐད་བཏང་བ་ཡིན་ན། ང་ཚོ་ཁོ་ཚོ་ཡོད་སར་འགྲོ་དགོས་སོ། གང་ལགས་ཟེར་ན། དེ་ནི་དཀོན་མཆོག་གིས་ང་ཚོ་ལ་དེ་ཚོའི་ཐོག་ཏུ་རྒྱལ་ཁ་གནང་བའི་རྟགས་མཚན་ཞིག་ཏུ་བརྩི་དགོས་པ་ཡིན་ནོ་ཞེས་སྨྲས་སོ། 11དེ་ནས་ཁོ་ཚོ་གཉིས་ཕེ་ལེ་ཤེད་པ་ཚོས་མཐོང་སར་ཕྱིན་པ་དང་། ཕེ་ལེ་ཤེད་པ་ཚོས། ལྟོས་དང་ཨིབ་རི་པ་འགའ་ཤས་རང་ཉིད་གབ་ནས་བསྡད་པའི་ཨི་ཁུང་རྣམས་ནང་ནས་ཡར་ཐོན་ཏེ་ཡོང་གི་འདུག་ཅེས་སྨྲས་སོ། 12དེ་ནས་དེ་ཚོས་ཡོ་ན་ཐན་དང་གཞོན་ནུ་དེ་ལ་སྐད་འབོད་ཆེན་པོས། ཁྱོད་གཉིས་འདིར་ཤོག་དང་། ང་ཚོས་ཁྱོད་ཚོར་སྐད་ཆ་ཤོད་རྒྱུ་ཞིག་ཡོད་ཅེས་སྨྲས་སོ། ཡོ་ན་ཐན་གྱིས་མི་གཞོན་པ་དེ་ལ། ངའི་རྗེས་སུ་ཤོག་ཅིག། ད་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་དེ་ཚོའི་ཐོག་ཏུ་རྒྱལ་ཁ་གནང་ཡོད་ཅེས་སྨྲས་ནས། 13ཡོ་ན་ཐན་རྐང་ལག་བཙུགས་ཏེ་ལ་རུ་འཛེགས་ནས་ཕྱིན་པ་དང་། གཞོན་ནུ་དེའང་ཡོ་ན་ཐན་གྱི་རྗེས་སུ་འབྲངས་སོ། དེ་ནས་ཡོ་ན་ཐན་གྱིས་ཕེ་ལེ་ཤེད་པ་རྣམས་ལ་འཐབ་རྒོལ་བྱས་ཏེ་ས་ཁར་རིལ་དུ་བཅུག་པ་དང་། གཞོན་ནུ་དེས་མི་དེ་ཚོ་ཚང་མ་བསད་དོ། 14དེ་ཉིན་མི་སྡེབ་གསོད་བྱེད་ཐེངས་དང་པོར་ཡོ་ན་ཐན་དང་མི་གཞོན་པ་དེས་ས་ཚད་ཨེ་ཀར་ཨེ་ཀར: སའི་རྒྱ་ཁྱོན་གྱི་ཚད་ཞིག་སྟེ། ས་ཚད་ཨེ་ཀར་གཅིག་ལ་མི་ཊར་གྲུ་བཞི་ ༤,༠༠༠ ཙམ་ཡོད་པ་ཡིན་ནོ་ཕྱེད་ཀ་ལྷག་ཙམ་གྱི་རྒྱ་ཁྱོན་ནང་དུ་མི་གྲངས་ཉི་ཤུ་ཙམ་བསད་པས། 15གྲོང་གསེབ་ཁུལ་དུ་ཡོད་པའི་ཕེ་ལེ་ཤེད་པ་ཚང་མ་དངངས་སྐྲག་སྐྱེད་པ་དང་། ཕྱི་རུ་འཐབ་རྒོལ་བྱེད་ཕྱིར་ཐོན་པའི་དམག་མི་དང་དམག་སྒར་ནང་དུ་ཡོད་པའི་དམག་མི་ཚང་མ་འཇིགས་ཤིང་འདར་བ་དང་། ས་གཞིར་གཡོ་འགུལ་བྱུང་བའི་རྐྱེན་གྱིས་ཧ་ཅང་འཇིགས་སྣང་ཆེ་བའི་གནས་སྟངས་ཤིག་ཆགས་སོ༎

ཕེ་ལེ་ཤེད་པ་རྣམས་ལ་ཕམ་རྒུད་བྱུང་བ།

16བྷེན་ཡ་མིན་མངའ་ཁུལ་གྱི་ས་གནས་གྷི་བི་ཨཱ་རུ་ས་སྲུང་བྱེད་ནས་བསྡད་པའི་ས་ཨུལ་གྱི་མི་ཚོས་ཕེ་ལེ་ཤེད་པ་རྣམས་མགོ་འཐོམས་ནས་རྒྱུགས་བཞིན་པ་མཐོང་བས། 17དེར་བརྟེན་ས་ཨུལ་གྱིས་རང་གི་མི་རྣམས་ལ་དམག་མི་གྲངས་གཤེར་བྱས་ནས། དེ་ཚོ་ཚང་ཡོད་མེད་ལྟོས་ཤིག་ཅེས་སྨྲས་པ་དང་། ཁོ་ཚོས་དེ་ལྟར་བྱས་པས། ཡོ་ན་ཐན་དང་ཁོའི་གོ་མཚོན་འཁྱེར་མཁན་གཞོན་ནུ་དེ་ཚང་མེད་པ་ཤེས་སོ། 18དེ་ནས་ས་ཨུལ་གྱིས་བླ་མ་ཨ་ཧི་ཡཱ་ལ་ཨེ་ཕོད་དེ་ཚུར་འཁྱེར་ཤོག་ཅེས་སྨྲས་པ་དང་། (དེ་ཉིན་ཨ་ཧི་ཡཱས་ཨིསི་རཱཨེལ་མི་མང་གི་སྔོན་དུ་ཨེ་ཕོད་དེ་འཁྱེར་བཞིན་ཡོད་པ་ཡིན་ནོ།) 19ས་ཨུལ་གྱིས་བླ་མ་དང་མཉམ་དུ་གཏམ་གླེང་བྱེད་བཞིན་པའི་སྐབས་ཕེ་ལེ་ཤེད་པའི་སྒར་སའི་ནང་དུ་རྙོག་ཟིང་ཇི་ཆེ་རུ་ཕྱིན་པས། ས་ཨུལ་གྱིས་ཁོ་ལ། ད་ལྟ་གཙོ་བོ་དཀོན་མཆོག་དང་མཉམ་དུ་གྲོས་བསྡུར་ཞུ་ལོང་མི་འདུག་ཅེས་སྨྲས་སོ། 20དེ་ནས་ཁོ་རང་སོ་སོའི་མི་རྣམས་དང་མཉམ་དུ་ཕེ་ལེ་ཤེད་པ་ཚོར་དམག་འཐབ་བྱེད་སར་ཕྱིན་པ་དང་། ཕེ་ལེ་ཤེད་པ་རྣམས་ནི་མགོ་འཐོམས་ནས་རྙོག་ཟིང་ཆེན་པོའི་ངང་དུ་ཕན་ཚུན་གཅིག་གིས་གཙིག་ལ་འཛིངས་བཞིན་ཡོད་པ་ཡིན་ནོ། 21ཕེ་ལེ་ཤེད་པའི་ཁོངས་སུ་ཡོད་པའི་ཨིབ་རི་པ་འགའ་ཤས་ཁོ་ཚོ་དང་མཉམ་དུ་སྒར་སའི་ནང་ཕྱིན་ཡོད་པ་ཚོས། གཤོག་ཁག་བསྒྱུར་ནས་ས་ཨུལ་དང་ཡོ་ན་ཐན་གྱི་ཕྱོགས་སུ་བཞུགས་སོ། 22དེ་བཞིན་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཁུལ་དུ་གབ་ནས་བསྡད་ཡོད་པ་ཚོས་ཕེ་ལེ་ཤེད་པ་རྣམས་བྲོས་འགྲོ་གི་ཡོད་པ་མཐོང་ནས། དེ་ཚོས་ཀྱང་ཁོ་ཚོའི་ཕྱོགས་གཏོགས་བྱས་ནས་ཕེ་ལེ་ཤེད་པ་ཚོར་ཕར་རྒོལ་བྱས་སོ། 23བྷེ་ཐ་ཝེན་རྒལ་ནས་ཁོ་ཚོ་དང་དམག་འཐབ་བྱས་པས། དེ་ཉིན་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་སྐྱབས་པ་གནང་ངོ་༎

དམག་ཚར་བའི་རྗེས་ཀྱི་གནས་སྟངས།

24དེ་ཉིན་ཨིསི་རཱཨེལ་པ་རྣམས་ལྟོགས་ནས་ལུས་སྟོབས་ཉམས་ཡོད་པ་ཡིན་ནོ། གང་ལགས་ཟེར་ན། ས་ཨུལ་གྱིས། དེ་རིང་ངས་དགྲ་ཤ་མ་ལེན་གོང་དུ་སུས་ཀྱང་ཁ་ཟས་ཟས་པ་ཡིན་ན། དེ་ལ་དམོད་པ་ཕོག་རྒྱུ་ཡིན་ཞེས་དམ་བཅའི་བཀའ་བཙན་པོ་ཞིག་གནང་ཡོད་པས། དེ་ཉིན་སུས་ཀྱང་ཁ་ཟས་གང་ཡང་མ་ཟས་སོ། 25དེ་ཚོ་ཚང་མ་ཤིང་ནགས་ཁུལ་དུ་ས་ཕྱོགས་གང་སར་སྦྲང་རྩི་ཡོད་པའི་གནས་ཤིག་ཏུ་སླེབས་ཤིང་། 26ཤིང་ནགས་དེ་སྦྲང་རྩིས་གང་ཡོད་པ་ཡིན་ནའང་། སུས་ཀྱང་དེ་ལས་ཟ་མ་ནུས་སོ། གང་ལགས་ཟེར་ན། ཁོ་ཚོ་ཚང་མ་ས་ཨུལ་གྱི་དམོད་པར་ཞེད་ཀྱི་ཡོད་པ་ཡིན་ནོ། 27འོན་ཀྱང་ཡོ་ན་ཐན་གྱིས་རང་གི་ཕས་མི་མང་ལ་དམོད་པའི་འཇིགས་སྣང་བསྐུལ་བའི་སྐོར་ཐོས་མེད་པས། རང་གི་ལག་ཏུ་ཡོད་པའི་འཁར་རྒྱུག་དེ་སྦྲང་རྩིའི་ཚང་དུ་བཙུག་ནས་སྦྲང་རྩི་ཕྲན་བུའི་ཞིག་བཟས་པ་དང་། དེ་མ་ཉིད་དུ་ཁོ་རང་ལུས་ཁམས་བདེ་རུ་ཕྱིན་ནོ། 28དེ་ནས་མི་ཞིག་གིས། ང་ཚོ་ལྟོགས་ནས་ལུས་སྟོབས་ཉམས་ཤིང་ངལ་ཡོད་པ་ཡིན་ནའང་། ཁྱེད་རང་གི་ཕས། དེ་རིང་སུ་ཞིག་གིས་ཁ་ཟས་བཟས་པ་ཡིན་ན། དེ་ལ་དམོད་པ་ཕོག་རྒྱུད་ཡིན་ཞེས་འཇིགས་སྣང་བསྐུལ་ཡོད་ཅེས་སྨྲས་སོ། 29ཡོ་ན་ཐན་གྱིས། ངའི་ཡབ་ཀྱིས་ང་ཚོའི་མི་མང་ལ་བྱ་བ་ཐབས་སྡུག་དེ་འདྲ་ཞིག་གནང་བཞག། ལྟོས་དང་ངས་སྦྲང་རྩི་ཕྲན་བུའི་ཞིག་བཟས་པས། ང་ལུས་ཁམས་བདེ་པོ་དེ་འདྲ་བྱུང་སོང་བ་ཡིན་པས། 30ང་ཚོའི་མི་མང་ནས་དེ་རིང་དགྲ་བོ་ཕམ་པར་བྱས་ཏེ་དེ་ཚོའི་ལག་ནས་འཕྲོག་པའི་ཁ་ཟས་དེ་བཟས་པ་ཡིན་ན། གང་འདྲ་ཡག་པོ་ཡོང་བ་ཡོད། དེ་ཚོས་ཕེ་ལེ་ཤེད་པ་ད་དུང་མང་བ་གསོད་ཐུབ་པ་ཡོད། དེའི་སྐོར་ལ་བསམ་བློ་གཏོང་དང་ཞེས་ལན་འདེབས་བྱས་སོ། 31དེ་ཉིན་མིག་མཤེ་ནས་ཨེ་ཡ་ལོན་བར་དམག་འཐབ་བྱས་ནས་ཨིསི་རཱཨེལ་པ་ཚོས་ཕེ་ལེ་ཤེད་པ་རྣམས་ཕམ་པར་བྱས་ཤིང་། སྐབས་དེར་ཨིསི་རཱཨེལ་པ་རྣམས་ལྟོགས་ནས་ཧ་ཅང་ལུས་སྟོབས་ཉམས་ཡོད་པས། 32དགྲ་བོའི་ལག་ནས་བཙན་འཕྲོག་བྱས་པའི་ལུག་དང་བ་ཕྱུགས་རྣམས་ས་གནས་དེ་ག་རང་དུ་བསད་དེ། ཁྲག་དང་ལྡན་པའི་ཤ་བཟས་སོ། 33མི་ཚོས་ས་ཨུལ་ལ། གཟིགས་དང་མི་མང་ནས་ཁྲག་ཡོད་བཞིན་པའི་ཤ་བཟས་ནས། གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བྱེད་ཀྱིན་འདུག་ཅེས་སྨྲས་སོ། ས་ཨུལ་གྱིས། ཁྱོད་ཚོ་དམ་ཚིག་འགལ་བ་རྣམས། ངའི་མདུན་དུ་རྡོ་ཆེན་པོ་ཞིག་འབབ་སྒྲིལ་གཏོང་ཞིག་ཅེས་སྨྲས་སོ། 34དེ་ནས་ཁོས་བཀའ་བསྒོས་གཞན་ཞིག་གནང་བས། མི་མང་གི་ཁྲོད་དུ་ཕྱིན་ནས། ཁོ་ཚོའི་ཕྱུགས་ཟོག་དང་ལུག་བཅས་འདིར་འཁྲིད་ཡོང་ནས། དེ་དག་བསད་དེ་གནས་འདི་རང་དུ་ཟ་དགོས། དེ་ཚོས་ཁྲག་དང་ལྡན་པའི་ཤ་བཟས་ནས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བྱེད་མི་རུང་ཞེས་སྨྲོས་ཤིག དེར་བརྟེན་ཁོ་ཚོ་ཚང་མས་མཚན་མོ་དེ་རང་ལ་རང་གི་ཕྱུགས་ཟོག་འཁྲིད་ཡོང་ནས་ས་གནས་དེར་བསད་དོ། 35དེ་ནས་ས་ཨུལ་གྱིས་གཙོ་བོ་དཀོན་མཆོག་གི་ཆེད་དུ་མཆོད་ཁྲི་ཞིག་བཞེངས་ཤིང་། དེ་ནི་ཁོང་གིས་བཞེངས་པའི་མཆོད་ཁྲི་དང་པོ་དེ་ཡིན་ནོ། 36དེ་ནས་ས་ཨུལ་གྱིས་མི་མང་ལ། ང་ཚོ་མཚན་ལ་ཕེ་ལེ་ཤེད་པར་ཕར་རྒོལ་བྱེད་དུ་འགྲོའོ། ཐོ་རངས་བར་ཁོ་ཚོ་བཅོམ་ནས་ཡོངས་སུ་བསད་དགོས་ཅེས་སྨྲས་པ་དང་། དེ་ཚོས་ལན་དུ། ཁྱེད་རང་གི་ཐུགས་ལ་གང་ལེགས་པར་དགོངས་པ་དེ་རང་གནང་རོགས་གནང་ཞེས་ཞུས་པ་དང་། འོན་ཀྱང་བླ་མས། ཐོག་མར་ང་ཚོས་དཀོན་མཆོག་གི་ཐུགས་དགོངས་ཇི་ཡོད་ཤེས་པ་བྱེད་དགོས་ཅེས་བརྗོད་པས། 37དེར་བརྟེན་ས་ཨུལ་གྱིས་དཀོན་མཆོག་ལ། ངས་ཕེ་ལེ་ཤེད་པ་རྣམས་ལ་འཐབ་རྒོལ་བྱས་ན་ཁྱེད་ཀྱིས་ང་ཚོར་རྒྱལ་ཁ་གནང་ཡོང་ངམ་ཞེས་བཀའ་འདྲི་ཞུས་མོད། འོན་ཀྱང་དེ་ཉིན་དཀོན་མཆོག་གིས་བཀའ་ལན་གང་ཡང་མ་གནང་ངོ་། 38དེ་ནས་ས་ཨུལ་གྱིས་མི་མང་གི་འགོ་དཔོན་རྣམས་ལ། ཚུར་ཤོག་ལ། དེ་རིང་ང་ཚོའི་ཁྲོད་དུ་སྡིག་པ་གང་འདྲ་ཞིག་བྱུང་ཡོད་པ་ཡིན་ནམ། དེ་རྟོགས་ཞིབ་བྱེད་དགོས། 39ནག་ཉེས་བྱེད་མཁན་དེ་ནི་ངའི་བུ་ཡོ་ན་ཐན་གྱིས་གཙོས་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་། དེ་ལ་ཉེས་པ་སྲོག་ཐོག་ཏུ་གཏོང་རྒྱུ་ཡིན་ཞེས་ངས་ཨིསི་རཱཨེལ་ལ་རྒྱལ་ཁ་གནང་མཁན་སྐུ་གསོན་པོར་བཞུགས་པའི་གཙོ་བོ་དཀོན་མཆོག་གི་མཚན་བརྗོད་དེ་དམ་བཅའ་བྱེད་རྒྱུ་ཡིན་ཞེས་སྨྲས་པས། དེར་སུས་ཀྱང་གང་ཡང་མ་ལབ་བོ། 40དེ་ནས་ས་ཨུལ་གྱིས་དེ་ཚོ་ལ་སྨྲས་པ། ཁྱོད་ཚོ་ཕར་ཕྱོགས་དེར་ལོངས་ཤིག། ཡོ་ན་ཐན་དང་ང་གཉིས་འདིར་ལངས་རྒྱུ་ཡིན། དེར་ཁོ་ཚོས། ཁྱེད་རང་གི་ཐུགས་ལ་གང་ལེགས་པར་དགོངས་པ་དེ་རང་གནང་རོགས་གནང་ཞེས་ཞུས་པས། 41ས་ཨུལ་གྱིས་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ལ། ཁྱེད་ཀྱིས་དེ་རིང་ང་ལ་བཀའ་ལན་མ་གནང་བ་དེ་གང་ཡིན་ནམ། ཀྱེ་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ཁྱེད་ཀྱིས་དམ་པའི་རྡོ་བརྒྱུད་ནས་ང་ཚོར་ལན་གནང་རོགས་གནང་། གལ་སྲིད་ཡོ་ན་ཐན་དང་ངའི་ཐོག་ལ་གནོད་སྐྱོན་ཡོད་པ་ཡིན་ན་ཨུ་རིམ་བརྒྱུད་ནས་བཀའ་ལན་ཡོད་པ་དང་། དེ་བཞིན་ཨིསི་རཱཨེལ་མི་མང་རྣམས་ལ་གནོད་སྐྱོན་ཡོད་པ་ཡིན་ན་ཐུམ་མིམ་བརྒྱུད་ནས་བཀའ་ལན་གནང་རོགས་གནང་ཞེས་ཞུས་པ་དང་། བཀའ་ལན་དེ་ནི་ཡོ་ན་ཐན་དང་ས་ཨུལ་གྱི་མིང་ཐོག་ལ་གསལ་སྟོན་བྱུང་བས། མི་མང་རྣམས་གནོད་སྐྱོན་མེད་པར་ཐར་རོ། 42དེ་ནས་ས་ཨུལ་གྱིས་ད་ངའི་བུ་ཡོ་ན་ཐན་དང་ང་གཉིས་ཀྱི་དབར་ཐག་གཅོད་གནང་རོགས་གནང་ཞེས་ཞུས་པ་དང་། ཡོ་ན་ཐན་གྱི་མིང་ཐོན་པས། 43ས་ཨུལ་གྱིས་ཡོ་ན་ཐན་ལ། ཁྱོད་ཀྱིས་གང་བྱས་པ་ཡིན་ནམ་ཞེས་འདྲི་རྩད་བྱས་པར། ཡོ་ན་ཐན་གྱིས་ངས་རྒྱུག་པའི་རྩེ་ནས་སྦྲང་རྩི་ཕྲན་བུ་ཞིག་བཟས་པ་ཡིན། དེའི་ཉེས་པར་ང་ཤི་དགོས་པར་ཡིན་ན་དེའི་ཆེད་དུ་ང་གྲ་སྒྲིག་ཡོད་ཅེས་ཞུས་པས། 44ས་ཨུལ་གྱིས་ཁོ་ལ། ངས་ཁྱོད་མ་བསད་ན་དཀོན་མཆོག་གིས་ང་གསོད་པར་ཤོག་ཅེས་སྨྲས་པ་དང་། 45མི་མང་གིས་ས་ཨུལ་ལ། ཨིསི་རཱཨེལ་ལ་རྒྱལ་ཁ་ཆེན་པོ་ཐོབ་པར་བྱེད་མཁན་ཡོ་ན་ཐན་དེ་གསོད་པར་འགྱུར་རམ། དེ་ནི་ནམ་ཡང་སྲིད་པར་མི་འགྱུར་རོ། ཁོང་གི་མགོའི་སྐྲ་རྐང་གཅིག་ཀྱང་ས་ཁར་ལྷུང་བར་མི་འགྱུར་རོ་ཞེས་ང་ཚོས་སྐུ་གསོན་པོར་བཞུགས་པའི་གཙོ་བོ་དཀོན་མཆོག་གི་མཚན་བརྗོད་དེ་དམ་བཅའ་བྱེད་རྒྱུ་ཡིན། དེ་རིང་ཁོང་གིས་གང་གནང་བ་དེ་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་བྱུང་བ་ཡིན་ཅེས་སྨྲས་སོ། དེ་ལྟར་བྱས་པའི་སྒོ་ནས་མི་མང་གིས་ཡོ་ན་ཐན་གྱི་སྲོག་སྐྱབས་སོ། 46དེ་རྗེས་ཤ་ཨུལ་གྱིས་ཕེ་ལེ་ཤེད་པ་རྣམས་ལ་རྗེས་དེད་བྱེད་རྒྱུ་འཚམས་འཇོགས་བྱས་ཏེ་དེ་ཚོ་རང་གནས་སུ་ཕྱིན་ནོ༎

ཤ་ཨུལ་གྱི་རྒྱལ་སྲིད་དང་ཁོང་གི་ནང་མི།

47ས་ཨུལ་ཨིསི་རཱཨེལ་གྱི་རྒྱལ་པོར་འཁོད་པའི་རྗེས་སུ་རང་གི་དགྲ་བོ་མོ་ཨབ་དང་། ཨམ་མོན་དང་ཨེ་དྷོམ་དང་། ཛོ་བཱ་དང་ཕེ་ལེ་ཤེད་པའི་རྒྱལ་པོ་རྣམས་ལ་དམག་འཐབ་བྱས་ཏེ། ས་ཕྱོགས་གང་དུ་དམག་འཐབ་བྱས་ཀྱང་། ཁོང་ལ་རྒྱལ་ཁ་ཐོབ་པ་ཡིན་ནོ། 48ཁོས་དཔའ་མཛངས་ཆེན་པོས་དམག་འཐབ་བྱས་ནས་ཨ་མ་ལེག་པ་རྣམས་ཀྱང་འཕམ་པར་བྱས་ཏེ། ཁོས་ཨིསི་རཱཨེལ་པ་ཚོ་ལ་བཙན་འཛུལ་བྱེད་མཁན་ཚང་མ་ལས་སྐྱབས་སོ། 49ས་ཨུལ་གྱི་བུ་རྣམས་ནི་ཡོ་ན་ཐན་དང་ཨིཤ་ཝི་དང་མལ་ཀི་ཤུ་ཨ་བཅས་ཡིན་པ་དང་། ཁོའི་བུ་མོ་རྒན་པའི་མིང་ལ་མེ་རབ་དང་ཆུང་བར་མི་ཀལ་ཞེས་ཟེར་རོ། 50ཁོའི་བཟའ་ཟླ་ནི་ཨ་ཧི་མཱསེ་ཀྱི་བུ་མོ་ཨ་ཧི་ནོ་ཨམ་ཡིན་པ་དང་། ཁོའི་དམག་སྤྱི་ནི་རང་གི་ཞང་པོ་ནེར་གྱི་བུ་ཨབ་ནེར་ཡིན་ནོ། 51ས་ཨུལ་གྱི་ཕ་ཀིཤེ་དང་ཨབ་ནེར་གྱི་ཕ་ནི་ནེར་དང་ཁོ་གཉིས་ནི་ཨ་བྷི་ཨེལ་གྱི་བུ་ཡིན་ནོ། 52ས་ཨུལ་གསོན་པོར་གནས་རིང་ཕེ་ལེ་ཤེད་པ་རྣམས་དང་དམག་འཐབ་དྲག་པོ་བྱེད་དགོས་བྱུང་བས། མི་གཟུགས་སྟོབས་ཅན་དང་བློ་ཁོག་ཆེ་བ་རྣམས་མཐོང་མ་ཐག་ཏུ་རང་གི་དམག་མིའི་ཁོངས་སུ་བཅུག་གི་ཡོད་པ་ཡིན་ནོ༎

ཤ་མུ་ཨེལ་དང་པོ། 15

ཨ་མ་ལེག་པ་རྣམས་དང་དམག་འཐབ་བྱུང་བ།

1དེ་ནས་ཤ་མུ་ཨེལ་གྱི་ས་ཨུལ་ལ། གཙོ་བོ་དཀོན་མཆོག་གིས་ཁྱོད་རང་ཨིསི་རཱཨེལ་མི་དམངས་ཀྱི་རྒྱལ་པོར་བསྔོ་འབུལ་བྱེད་ཕྱིར་ང་ལ་བཏང་གནང་བྱུང་བས། ད་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་གང་གསུངས་པ་དེ་ལ་ཡག་པོ་ཉོན་ཞིག 2ཁོང་གིས་ཨ་མ་ལེག་པ་རྣམས་ལ་ཉེས་ཆད་གཏོང་བ་གནང་རྒྱུ་ཡིན་ནོ། གང་ལགས་ཟེར་ན། དེ་ཚོའི་མེས་པོ་རྣམས་ཀྱིས་ཨིསི་རཱཨེལ་པ་ཚོ་ཨི་ཇིབ་ནས་ཐོན་ཡོང་སྐབས་ཁོ་ཚོར་ངོ་རྒོལ་བྱས་སོ། 3དེ་བས་ན་སོང་ལ་ཨ་མ་ལེག་པ་རྣམས་ལ་འཐབ་རྒོལ་བྱས་ནས། ཁོ་ཚོར་གང་ཡོད་པ་ཚང་མ་རྩ་མེད་བཟོས་ཤིག སྐྱེས་པ་དང་བུད་མེད་དང་ཕྲུག་གུ་ཆེ་ཆུང་ཇི་ཡོད་དང་། ཕྱུགས་ཟོག་ལུག་དང་། རྔ་མོང་དང་བོང་བུ་བཅས་པ་ཚང་མ་གསོད་ཅིག་ཅེས་སྨྲས་སོ། 4ས་ཨུལ་གྱིས་རང་གི་དམག་མི་རྣམས་བཀོང་ནས་ཏེ་ལེམ་དུ་གཟིགས་ཞིབ་གནང་ཞིང་། ཨིསི་རཱཨེལ་ནས་དམག་མི་ ༢༠༠,༠༠༠ དང་། ཡ་ཧུ་དཱ་ནས་ ༡༠,༠༠༠ ཡོད་པ་ཡིན་ནོ། 5དེ་ནས་ཁོ་དང་ཁོའི་མི་རྣམས་ཨ་མ་ལེག་གི་གྲོང་ཁྱེར་དུ་ཕྱིན་ནས་གཙང་པོ་སྐམ་པོ་ཞིག་ཏུ་གབ་ནས། འཇབ་འཛིང་བྱེད་རྒྱུར་སྒུག་ནས་བསྡད་དོ། 6ཀེ་ནི་པའི་མེས་པོ་རྣམས་ཀྱིས་ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་ཐོན་ཡོང་སྐབས། ཁོ་ཚོར་བྱམས་སེམས་བསྟན་པའི་རྐྱེན་གྱིས། ཁོས་དེ་ཚོར། ཁྱོད་ཚོས་ཨ་མ་ལེག་པ་རྣམས་སྤངས་ནས་ཐ་དད་དུ་གནས་པར་བྱོས་ཤིག གང་ལགས་ཟེར་ན། ཁྱོད་ཚོའང་ཁོ་ཚོ་དང་མཉམ་དུ་སྡེབ་གསོད་མ་ཐེབས་པས་ཕྱིར་རོ་ཞེས་ཟོན་བསྐུལ་བྱས་པ། ཀེ་ནི་པ་རྣམས་ཀྱང་ཐོན་ཏེ་ཟུར་དུ་གནས་སོ། 7དེ་ནས་ས་ཨུལ་གྱིས་ཨ་མ་ལེག་པ་རྣམས་ལ་ཧ་ཝི་ལཱ་ནས་ཨི་ཇིབ་ཀྱི་ཤུར་བར་དུ་འཐབ་རྒོལ་བྱས་ནས་ཕམ་པར་བྱས་སོ། 8ཨ་མ་ལེག་པའི་རྒྱལ་པོ་ཨ་གྷག་གསོན་པོར་འཛིན་བཟུང་བྱས་ནས་དེ་འཕྲོད་མི་ཚང་མ་བསད་མོད། 9འོན་ཀྱང་ཤ་ཨུལ་དང་ཁོའི་མི་ཚོས་ཨ་གག་ལ་ཚེ་ཐར་བཏང་ཞིང་། དེ་ཚོའི་ལུག་དང་ཕྱུགས་ཟོག། བེའུ་དང་ལུག་ཕྲུག་བཟང་ཤོས་དེ་དག་མ་བསད་པར། དེ་བཞིན་དངོས་རིགས་བཟང་ཤོས་གང་ཡིན་པ་ཚང་མ་བདག་ཉར་བྱས་ཏེ། མཁོ་མེད་སྣང་ཆུང་ཤ་སྟགས་མེད་པར་བཟོས་སོ༎

ས་ཨུལ་ལ་རྒྱལ་པོར་ངོས་ལེན་མ་བྱས་པ།

10གཙོ་བོ་དཀོན་མཆོག་གིས་ཤ་མུ་ཨེལ་ལ། 11ངས་ས་ཨུལ་རྒྱལ་པོར་བསྐོ་གཞག་བྱས་པར་བློ་འགྱོད་བྱུང་། ཁོ་ང་ལས་བློ་ཁ་བསྒྱུར་བ་མ་ཟད། ངའི་བཀའ་ལའང་རྩིས་མེད་བྱས་ཡོད་ཅེས་གསུངས་པས། ཤ་མུ་ཨེལ་ཁོང་ཁྲོ་ལངས་ནས་མཚན་གང་གཙོ་བོ་དཀོན་མཆོག་ལ་ཞུ་བ་ཕུལ་ལོ། 12དེ་ནས་སང་ཞོག་སྔ་པོར་ཁོ་ས་ཨུལ་འཚོལ་དུ་ཕྱིན་པ་དང་། ས་ཨུལ་ཀར་མེལ་གྲོང་ཁྱེར་དུ་རང་གི་དྲན་རྟེན་ཞིག་བཞེངས་ཡོད་པ་དེར་ཕྱིན་པ་དང་། དེ་རྗེས་གྷིལ་གཱལ་ཞེས་པར་ཕྱིན་ཡོད་པའི་སྐོར་ཐོས་སོ། 13ཤ་མུ་ཨེལ་ས་ཨུལ་ཡོད་སར་ཕྱིན་པས། ས་ཨུལ་གྱིས་ཁོ་ལ། ཁྱོད་ལ་གཙོ་བོ་དཀོན་མཆོག་གིས་བྱིན་གྱིས་རློབས་པར་ཤོག ངས་གཙོ་བོ་དཀོན་མཆོག་གི་བཀའ་སྲུང་ཡོད་ཅེས་པའི་འཚམས་འདྲི་ཞུས་སོ། 14ཤ་མུ་ཨེལ་གྱིས་དེ་ལྟར་ཡིན་ན་ངས་བ་ཕྱུགས་དང་ལུག་གི་སྐད་གོ་བཞིན་ཡོད་པ་དེ་གང་ཡིན་ནམ་ཞེས་འདྲི་རྩད་བྱས་པར། 15ས་ཨུལ་གྱིས་ལན་དུ། དེ་དག་ནི་ངའི་མི་ཚོས་ཨ་མ་ལེག་པ་རྣམས་ལས་ལེན་པ་ཡིན་ཅིང་། ཁོ་ཚོས་ལུག་དང་བ་ཕྱུགས་བཟང་ཤོས་རྣམས་ཁྱེད་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་མཆོད་པར་འབུལ་ཕྱིར་བདག་ཉར་བྱས་བཞག། དེ་བྱིངས་ཚང་མ་ང་ཚོས་རྩ་མེད་བཟོས་པ་ཡིན་ཞེས་ཞུས་སོ། 16ཤ་མུ་ཨེལ་གྱིས་ཏོག་ཙམ་སྒུག་སྡོད་བྱོས་ཤིག མདང་མཚན་མོ་གཙོ་བོ་དཀོན་མཆོག་གིས་ང་ལ་གང་གསུངས་པ་དེ་ངས་ཁྱོད་ལ་བཤད་ཀྱི་ཡིན་ཞེས་སྨྲས་སོ། ས་ཨུལ་གྱིས། གསུངས་རོགས་གནང་ཞེས་ཞུས་སོ། 17ཤ་མུ་ཨེལ་གྱིས་ལན་དུ། ཁྱོད་རང་ཉིད་ལ་མཐོང་ཆུང་ཞིག་ཏུ་རྩིས་མོད། འོན་ཀྱང་ཁྱོད་ནི་ཨིསི་རཱཨེལ་པའི་སྡེ་རིགས་ཡོངས་ཀྱི་འགོ་འཁྲིད་ཅིག་ཡིན་པ་དང་། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྔོ་འབུལ་གནང་ཞིང་། 18ཨ་མ་ལེག་པའི་མི་ངན་པ་རྣམས་མེད་པར་བཟོས་པ་གཏོང་བ་གནང་བ་དང་། དེ་ཚོ་ཡོངས་སུ་མ་བསད་བར་དུ་དེ་དག་ལ་འཐབ་འཛིངས་བྱེད་དགོས་པའི་བཀའ་གནང་མོད། 19འོན་ཀྱང་ཁྱོད་ཀྱིས་ཁོང་གི་བཀའ་ལ་མ་ཉན་པར། བཅོམ་ནོར་ལ་བརྔམས་ནས་གཙོ་བོ་དཀོན་མཆོག་ཐུགས་མ་མཉེས་པའི་ལས་ངན་དེ་རང་བྱས་པ་མ་ཡིན་ནམ་ཞེས་སྨྲས་པ་དང་། 20ས་ཨུལ་གྱིས་ལན་དུ། ངས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ནས། ཁོང་གི་བཀའ་བསྒོས་བཞིན། རྒྱལ་པོ་ཨ་གྷག་འཛིན་བཟུང་བྱས་ཏེ་ཨ་མ་ལེག་པ་ཚང་མ་བསད་པ་ཡིན། 21འོན་ཀྱང་ངའི་མི་ཚོས་བཅོམ་པའི་ལུག་དང་བ་གླང་ལེགས་ཤོས་རྣམས་མ་བསད་པར། གཙོ་བོ་དཀོན་མཆོག་ལ་འབུལ་བའི་ཕྱིར་འདིར་གྷིལ་གཱལ་དུ་འཁྲིད་ཡོང་བ་རེད་ཅེས་ཞུས་པས། 22དེར་ཤ་མུ་ཨེལ་གྱིས། གཙོ་བོ་དཀོན་མཆོག་གི་བཀའ་སྲུང་རྒྱུ་དེའམ། ཁོང་ལ་མཆོད་འབུལ་ལམ་དམར་མཆོད་འབུལ་རྒྱུ་ལས་གང་ལ་ཁོང་ཐུགས་མཉེས་སམ། ཁོང་ལ་ལུག་བཟང་ཤོས་ཤིག་དམར་མཆོད་འབུལ་བ་ལས་ཁོང་གི་བཀའ་སྲུང་བ་དེ་ལེགས་པ་ཡིན། 23ཁོང་ལ་ངོ་ལོག་ཞུས་པ་དེ་ནི་ངན་སྔགས་སྒྲུབ་པ་དང་བཀའ་ལ་མ་རྩིས་པར་སེམས་གཤིས་གྱོང་པོ་བྱེད་པ་ནི་སྐུ་འདྲར་མཆོད་པ་ལྟ་བུའི་སྡིག་པར་ངོས་འཛིན་བྱེད་དགོས། ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་གི་བཀའ་ལ་བརྩི་བཀུར་མ་ཞུས་པ་ཡིན་པས། ཁོང་གིས་ཀྱང་ཁྱོད་ལ་རྒྱལ་པོར་ངོས་ལེན་མི་གནང་ངོ་ཞེས་སྨྲས་སོ། 24ལན་དུ་ས་ཨུལ་གྱིས། ངས་གཙོ་བོ་དཀོན་མཆོག་གི་བཀའ་དང་ཁྱེད་ཀྱི་སློབ་སྟོན་ལ་མ་ཉན་པར། རང་གི་མི་མང་ལ་འཇིགས་ནས་ཁོ་ཚོའི་འདོད་པ་ལྟར་བྱས་པས། ངས་སྡིག་པ་བྱས་པ་ཡིན། 25འོན་ཀྱང་ད་ངས་ཁྱོད་ལ་ཞུ་བ་འབུལ་བཞིན་ཡོད། ངའི་སྡིག་པ་སེལ་རོགས་གནང་། ངས་གཙོ་བོ་དཀོན་མཆོག་ལ་བསྙན་བཀུར་ཞུ་བའི་ཕྱིར་ང་དང་མཉམ་དུ་ཕྱིར་ལོག་ཕེབས་རོགས་གནང་ཞེས་སྨྲས་པས། 26ཤ་མུ་ཨེལ་གྱིས་ལན་དུ། ད་ང་ཁྱོད་དང་མཉམ་དུ་ཕྱིར་ལོག་བྱེད་ཀྱི་མིན། ཁྱོད་ཀྱི་གཙོ་བོ་དཀོན་མཆོག་གི་བཀའ་ལ་བརྩི་བཀུར་མ་ཞུས་པ་ཡིན་པས། ཁོང་གིས་ཁྱོད་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་ངོས་འཛིན་གནང་མེད་པ་ཡིན་ནོ་ཞེས་སྨྲས་སོ། 27དེ་ནས་ཤ་མུ་ཨེལ་ཕྱིར་ལོག་བྱེད་ཕྱིར་ཁ་བསྒྱུར་བ་དང་། ས་ཨུལ་གྱིས་ཁོའི་གྱོན་གོས་ནས་བཟུང་བ་དང་གོས་དེ་རལ་ལོ། 28ཤ་མུ་ཨེལ་གྱིས་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་རྒྱལ་སྲིད་དེ་ཁྱོད་ཀྱི་ལག་ནས་དེ་རིང་ཧྲལ་བ་གནང་ནས་ཁྱོད་ལས་བཟང་བའི་མི་ཞིག་ལ་གནང་ཟིན་པ་ཡིན་ནོ། 29ཡང་ཨིསི་རཱཨེལ་གྱི་གཟི་བརྗིད་ལྡན་པའི་དཀོན་མཆོག་ནི་མིའི་རང་བཞིན་དང་མ་འདྲ་བར། ཁོང་གི་ཞལ་ནས་རྫུན་གཏམ་གསུངས་པ་དང་། ཐུགས་སེམས་བསྒྱུར་བ་སོགས་ནི་ངས་སྡིག་པ་གྱིས་པ་དང་། ནམ་ཡང་མ་སྲིད་པ་ཞིག་རེད་ཅེས་སྨྲས་པ་དང་། 30ས་ཨུལ་གྱིས། འོན་ཀྱང་ངའི་མི་མང་གི་འགོ་འཁྲིད་རྣམས་དང་། ཨིསི་རཱཨེལ་པའི་མདུན་དུ་ང་ལ་གུས་ཞབས་གནང་རོགས་གནང་། ངས་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་ལ་བསྙེན་བཀུར་ཞུ་ཐུབ་པའི་ཕྱིར་ཁྱེད་ང་དང་མཉམ་དུ་ཕྱིར་ལོག་ཕེབས་རོགས་གནང་ཞེས་ཞུས་པ་དང་། 31ཤ་མུ་ཨེལ་ཁོ་དང་མཉམ་དུ་གྷིལ་གཱལ་དུ་ཕྱིར་ལོག་བྱས་ཏེ། ས་ཨུལ་གྱིས་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུས་སོ། 32དེ་ནས་ཤ་མུ་ཨེལ་གྱིས། རྒྱལ་པོ་ཨ་གྷག་མདུན་དུ་འཁྲིད་ཤོག་ཅེས་སྨྲས་པ་དང་། ཨ་གག་འཇིགས་སྣང་བསྐྱེད་དེ་འདར་ཞིང་རང་གི་སེམས་ནང་། འཆི་བའི་ཉམས་མྱོང་དེ་ནི་ཧ་ཅང་སེམས་སྐྱོ་པོ་ཞིག་རེད་ཅེས་བསམ་ཞིང་མདུན་དུ་ཡོང་ངོ་། 33ཤ་མུ་ཨེལ་གྱིས། ཁྱོད་ཀྱི་རལ་གྲིས་མི་མང་པོའི་ཕྲུ་གུ་མེད་པ་བཟོས་པ་ལྟར་དེ་རིང་ཁྱོད་ཀྱི་མ་ཡང་རང་གི་བུ་ཕྲུག་མེད་པའི་གནས་སྟངས་སུ་འགྱུར་རྒྱུ་ཡིན་ཞེས་སྨྲས་ཏེ། གྷིལ་གཱལ་གྱི་མཆོད་ཁྲིའི་མདུན་དུ་ཨ་གྷག་གི་ལུས་པོ་དུམ་བུར་གཏུབ་སོ། 34དེ་རྗེས་ཤ་མུ་ཨེལ་ར་མཱ་རུ་ཕྱིན་པ་དང་། རྒྱལ་པོ་ས་ཨུལ་ནི་རང་གི་ཁང་ཁྱིམ་གྷི་བི་ཨཱ་རུ་ལོག་ཕྱིན་ནོ། 35དེ་རྗེས་ཤ་མུ་ཨེལ་གསོན་པོར་གནས་ཡུན་རིང་དུ་རྒྱལ་པོ་དང་ནམ་ཡང་ཐུག་འཕྲད་མ་བྱས་པར། ཁོའི་དོན་དུ་མྱ་ངན་བྱེད་དེ་གནས་སོ། གཙོ་བོ་དཀོན་མཆོག་གིས་ས་ཨུལ་ལ་ཨིསི་རཱཨེལ་གྱི་རྒྱལ་པོ་བསྐོ་གཞག་གནང་བ་དེ་ལ་རང་ཉིད་ཐུགས་འགྱོད་ཆེན་པོ་གནང་ངོ་༎

ཤ་མུ་ཨེལ་དང་པོ། 16

དཱ་བིད་ལ་རྒྱལ་པོར་བསྔོ་འབུལ་བྱས་པ།

1གཙོ་བོ་དཀོན་མཆོག་གིས་ཤ་མུ་ཨེལ་ལ། ཁྱོད་ས་ཨུལ་གྱི་དོན་དུ་ག་དུས་བར་དུ་མྱ་ངན་བྱེད་ནས་སྡོད་ཀྱི་ཡིན་ནམ། ངས་ཁོ་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་ངོས་ལེན་བྱས་མེད། ད་ཁྱོད་ཀྱིས་སྣུམ་ཕྲན་བུ་ཞིག་འཁྱེར་ནས་བྷེད་ལེ་ཧེམ་དུ་ཡི་ཤེ་ཟེར་བའི་མི་ཞིག་གི་རྩར་སོང་ཞིག ཁོའི་བུ་རྣམས་ཀྱི་ཁོངས་ནས་གཅིག་ལ་ངས་རྒྱལ་པོར་བསྐོ་བའི་ཕྱིར་འདམས་པ་ཡིན་ཞེས་གསུངས་པ་དང་། 2ཤ་མུ་ཨེལ་གྱིས། དེ་ནི་ངས་ཇི་ལྟར་བྱེད་ཐུབ་བམ། གལ་ཏེ་ས་ཨུལ་གྱིས་དེའི་སྐོར་ཐོས་པ་ཡིན་ན། ཁོས་ང་ལ་གསོད་ཀྱི་རེད་ཅེས་ཞུས་པས་ལན་དུ། གཙོ་བོ་དཀོན་མཆོག་གིས། ཁྱོད་རང་མཉམ་དུ་བེའུ་ཞིག་འཁྲིད་ནས་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་ཕྱིར་ཡོང་བ་ཡིན་ཞེས་སྨྲོས་ཤིག 3མཆོད་འབུལ་བྱེད་སར་ཡི་ཤེ་ལའང་འབོད་དགོས། དེ་རྗེས་ཁྱོད་ཀྱིས་གང་བྱེད་དགོས་པ་དེ་ངས་ལབ་རྒྱུ་ཡིན། ངས་སྨྲས་པའི་མི་དེ་ལ་ཁྱོད་ཀྱིས་རྒྱལ་པོར་བསྔོ་འབུལ་བྱོས་ཤིག 4ཤ་མུ་ཨེལ་གྱིས་གཙོ་བོ་དཀོན་མཆོག་གིས་གང་གསུངས་པ་བཞིན་དུ་བྱས་ནས་བྷེད་ལེ་ཧེམ་དུ་ཕྱིན་པ་དང་། གྲོང་ཁྱེར་གྱི་འགོ་དཔོན་རྣམས་ལུས་འདར་བཞིན་ཤ་མུ་ཨེལ་དང་ཐུག་འཕྲད་བྱེད་ཕྱིར་ཡོང་ནས། ད་ལན་ཁྱེད་རང་འདིར་ཕེབས་དགོས་པ་དེ་མཐུན་འབྲེལ་གྱི་གཟིགས་སྐོར་ཞིག་ཡིན་ནམ་ཞེས་ཞུས་པས། 5དེ་ལྟར་ཡིན། ང་ནི་འདིར་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་བར་ཡོང་བ་ཡིན་པས། ཁྱོད་ཚོའང་རང་ཉིད་དག་འབྱངས་བྱས་ཏེ་ང་དང་མཉམ་དུ་ཤོག་ཅིག་ཅེས་སྨྲས་པ་དང་། ཁོས་ཡི་ཤེ་དང་ཁོའི་བུ་རྣམས་ལའང་དེ་བཞིན་དག་འབྱངས་བྱས་ཏེ་དམར་མཆོད་བྱེད་སར་འབོད་དོ། 6ཁོ་ཚོ་དེར་འབྱོར་བ་དང་ཤ་མུ་ཨེལ་གྱིས་ཡི་ཤེའི་བུ་ཨེ་ལི་ཨབ་མཐོང་ནས། རང་གི་སེམས་ལ་གཙོ་བོ་དཀོན་མཆོག་གིས་སྤྱན་སྔར་ལང་ཡོད་པའི་མི་འདི་ནི་ངེས་པར་དུ་ཁོང་གིས་འདམས་པ་གནང་བའི་སྐྱེ་བོ་ཞིག་རེད་ཅེས་བསམ་མོད། 7འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ཁོ་ལ། མིའི་གཟུགས་ཚད་དང་ངོ་མདོང་མཛེས་ལོད་ལ་དོ་སྣང་མ་བྱེད་ཅིག། ངས་ཁོ་ལ་ངོས་ལེན་བྱས་མེད། གང་ལགས་ཟེར་ན། ངས་བརྟག་དཔྱད་བྱེད་སྟངས་ནི་མིས་བརྟག་དཔྱད་བྱས་པ་བཞིན་མ་ཡིན་ཞིང་། མིས་ཕྱིའི་གནས་སྟངས་ལ་བལྟས་མོད། འོན་ཀྱང་ངས་ནི་མིའི་སེམས་ལ་བལྟ་གི་ཡོད་ཅེས་གསུངས་སོ། 8དེ་ནས་ཡི་ཤེས་རང་གི་བུ་ཨ་བྷི་ན་དྷབ་ལ་བོས་ནས་ཤ་མུ་ཨེལ་གྱི་རྩར་འཁྲིད་ཡོང་བ་དང་། འོན་ཀྱང་ཤ་མུ་ཨེལ་གྱིས། གཙོ་བོ་དཀོན་མཆོག་གིས་ཁོ་ལའང་འདམས་པ་གནང་མེད་ཅེས་སྨྲས་སོ། 9ཡི་ཤེས་ཤམ་མཱ་ལའང་འཁྲིད་ཡོང་བས། ཤ་མུ་ཨེལ་གྱིས། དེའང་གཙོ་བོ་དཀོན་མཆོག་གིས་འདེམ་བསྐོས་མཛད་པ་མ་ཡིན་ཞེས་སྨྲས་པས། 10དེ་བཞིན་ཡི་ཤེས་རང་གི་བུ་བདུན་རྣམས་ཤ་མུ་ཨེལ་གྱི་རྩར་འཁྲིད་ཡོང་བ་དང་། ཤ་མུ་ཨེལ་གྱིས་ཁོ་ལ། གཙོ་བོ་དཀོན་མཆོག་གིས་དེ་ཚོ་སུ་ལའང་འདམས་པ་གནང་མེད་དོ། 11ད་དུང་ཁྱོད་ལ་བུ་གཞན་ཞིག་ཡོད་དམ་ཞེས་དྲིས་པ་དང་། ཡི་ཤེ་ལན་དུ། ད་དུང་ང་ལ་བུ་ཆུང་ཤོས་ཤིག་ཡོད། འོན་ཀྱང་ཁོ་ནི་ལུག་ཁྱུ་འཚོ་མཁན་ཞིག་ཡིན་ཞེས་སྨྲས་སོ། ཤ་མུ་ཨེལ་གྱིས། ཁོ་ལ་འདིར་སྐད་གཏོང་དགོས། ཁོ་མ་ཡོང་བར་དུ་ང་ཚོས་དམར་མཆོད་འབུལ་གྱིི་མིན་ཞེས་སྨྲས་སོ། 12དེར་བརྟེན་ཡི་ཤེས་ཁོ་འབོད་པར་བཏང་བས། ཁོ་ནི་བྱད་གཟུགས་ལེགས་ལ་ལུས་ཁམས་བདེ་བའི་གཞོན་ནུ་མིག་ནི་འཚེར་བཞིན་ཡོད་པ་ཡིན་པས། གཙོ་བོ་དཀོན་མཆོག་གིས་ཤ་མུ་ཨེལ་ལ། འདི་རང་ཡིན་པས་ཁོ་ལ་བསྔོ་འབུལ་བྱོས་ཤིག་གསུངས་སོ། 13ཤ་མུ་ཨེལ་གྱིས་སྣུམ་བླངས་ནས་དཱ་བིད་ལ་བུ་སྤུན་རྣམས་ཀྱི་མདུན་དུ་བསྔོ་འབུལ་བྱས་པས། དེ་མ་ཐག་ཏུ་གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁོ་ལ་དབང་བསྒྱུར་མཛད་དེ་ཉིན་དེ་ནས་བཟུང་ཁོ་དང་མཉམ་དུ་འགྲོག་པར་མཛད་པ་དང་། དེ་ནས་ཤ་མུ་ཨེལ་ར་མཱ་རུ་ཕྱིར་ལོག་བྱས་སོ༎

དཱ་བིད་ས་ཨུལ་གྱི་ཕོ་བྲང་དུ་སླེབས་པ།

14གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་དེ་ས་ཨུལ་ནས་ཐོན་པ་དང་། གཙོ་བོ་དཀོན་མཆོག་གིས་གཏོང་གནང་མཛད་པའི་སེམས་ཉིད་ངན་པ་ཞིག་ས་ཨུལ་གྱི་ནང་འཛུལ་ཞིང་། དེས་ཁོ་ལ་སྡུག་པོ་གཏོང་གི་ཡོད་དོ། 15ཁོའི་འཁོར་གཡོག་ཚོས་དཀོན་མཆོག་གིས་གཏོང་གནང་མཛད་པའི་སེམས་ཉིད་ངན་པ་ཞིག་ཁྱེད་ཀྱི་ནང་འཛུལ་ཏེ། དེས་ཁྱེད་ལ་སྡུག་པོ་གཏོང་གི་ཡོད་པ་དེ་ང་ཚོས་ཤེས་ཀྱི་འདུག 16དེ་བས་ན་ང་ཚོར་སྒྲ་སྙན་ཡག་པོ་གཏོང་ཤེས་མཁན་ཞིག་འཚོལ་ཆོག་པའི་བཀའ་གནང་རོགས་གནང་། དེ་ནས་སེམས་ཉིད་ངན་པ་དེ་ཁྱེད་ཀྱི་རྩར་ཡོང་སྐབས་མི་དེས་སྒྲ་སྙན་གཏོང་བས་ཁྱེད་སླར་ཡང་སྐུ་གཟུགས་བདེ་བར་འགྱུར་རྒྱུ་ཡིན་ཞེས་སྨྲས་སོ། 17དེ་ནས་ས་ཨུལ་གྱིས་དེ་ཚོ་ལ། སྒྲ་སྙན་གཏོང་མཁས་པ་ཞིག་འཚོལ་ནས་ངའི་རྩར་འཁྲིད་ཤོག་ཅེས་སྨྲས་པ་དང་། 18འཁོར་གཡོག་ཞིག་གིས། ངས་བྷེད་ལེ་ཧེམ་གྱི་གྲོང་ཁྱེར་ནང་སྡོད་མཁན་མིང་ལ་ཡི་ཤེ་ཟེར་བའི་བུ་ཞིག་ཡོད་པ་མཐོང་བས། ཁོ་ནི་རོལ་ཆ་གཏོང་མཁས་ཤིང་། བློ་སྟོབས་ཆེ་བ་བྱད་གཟུགས་ལེགས་པ་དང་། དམག་མི་བཟང་ཞིང་གཏམ་གླེང་མཁས་པ་ཞིག་ཡོད་པ་ཡིན་པས། གཙོ་བོ་དཀོན་མཆོག་རང་ཉིད་ཁོ་དང་མཉམ་དུ་བཞུགས་ཡོད་པ་ཡིན་ནོ་ཞེས་ཞུས་སོ། 19དེ་ནས་ས་ཨུལ་གྱིས་ཡི་ཤེའི་རྩར་བང་ཆེན་རྣམས་བཏང་ནས། ཁྱོད་ཀྱི་བུ་དཱ་བིད་ལུག་འཚོལ་མཁན་དེ་ངའི་རྩར་གཏོང་དགོས་ཅེས་མངགས་པ་དང་། 20ཡི་ཤེས་ར་ཕྲུག་གཅིག་དང་། བག་ལེབ་ཀྱི་དོད་པོ་བཀལ་བའི་བོང་བུ་གཅིག་དང་། རྒུན་ཆང་རྐྱལ་པ་གང་དང་བཅས་རང་གི་བུ་དཱ་བིད་ས་ཨུལ་གྱི་རྩར་བཏང་ངོ་། 21དཱ་བིད་ས་ཨུལ་གྱི་རྩར་སླེབས་ནས་ཞབས་ཕྱི་ཡག་པོ་ཞུས་པའི་རྐྱེན་གྱིས། ས་ཨུལ་གྱིས་སེམས་དགའ་ནས་ཁོ་ལ་རང་གི་མཚོན་ཆ་འཁྱེར་མཁན་དུ་བསྐོ་གཞག་བྱས་སོ། 22དེ་ནས་ས་ཨུལ་གྱིས་ཡི་ཤེའི་སར་ལོན་ཞིག་བཏང་ནས། ང་ནི་དཱ་བིད་ལ་དགའ་བས། ཁོ་ངའི་རྩར་གཡོག་བྱེད་དུ་ཆུག་ཅིག་ཅེས་འཕྲིན་བསྐུར་རོ། 23དེ་ནས་བཟུང་དཀོན་མཆོག་གིས་གཏོང་གནང་མཛད་པའི་སེམས་ཉིད་ངན་པ་དེ་ས་ཨུལ་གྱི་ཐོག་ཏུ་ནམ་བབ་རུང་། དཱ་བིད་ཀྱིས་སྒྲ་སྙན་ལག་ཏུ་བླངས་ནས་གཏོང་གི་ཡོད་པས། དེས་ས་ཨུལ་ལ་ངལ་གསོ་ཐོབ་པ་དང་གཟུགས་པོའང་ཐང་དུ་འགྲོ་གི་ཡོད་དོ། སེམས་ཉིད་ངན་པ་དེ་ཁོའི་ནང་ནས་ཐོན་འགྲོ་གི་ཡོད་དོ༎

ཤ་མུ་ཨེལ་དང་པོ། 17

གྷོ་ལི་ཡད་ཀྱིས་ཨིསི་ར་ཨེལ་པ་རྣམས་ལ་འགྲན་བསྡུར་བྱེད་པ།

1དེ་ནས་ཕེ་ལེ་ཤེད་པ་རྣམས་དམག་གི་དོན་དུ་ཡ་ཧུ་དཱའི་གྲོང་ཁྱེར་སོ་ཀཱོ་རུ་འདུ་འཛོམས་བྱས་ཏེ། སོ་ཀཱོ་དང་ཨ་ཛི་ཀཱའི་བར་ལ་ཡོད་པའི་ས་གནས་ཨེ་ཕེས་དམ་མིམ་ཟེར་བར་སྒར་བརྒྱབ་བོ། 2ས་ཨུལ་དང་ཨིསི་རཱཨེལ་པ་རྣམས་ཀྱང་ཨེ་ལཱའི་ལུང་གཤོང་དུ་འདུ་འཛོམས་བྱས་ནས་དེར་སྒར་ས་བརྒྱབ་སྟེ། ཕེ་ལེ་ཤེད་པ་རྣམས་དང་དམག་འཐབ་བྱེད་རྒྱུའི་གྲ་སྒྲིག་བྱས་སོ། 3ཕེ་ལེ་ཤེད་པ་རྣམས་རིའི་ཞིག་གི་སྒང་དང་ཨིསི་རཱཨེལ་པ་རྣམས་ནི་རི་གཞན་ཞིག་གི་སྒང་ལ་གྲལ་སྒྲིགས་ནས་བསྡད་ཡོད་པ་དང་། དམག་ཤོག་ཕན་ཚུན་གཉིས་ཀྱི་དབར་ལ་ལུང་གཤོང་ཞིག་ཡོད་དོ། 4དེ་ནས་ཕེ་ལེ་ཤེད་པའི་སྒར་ནས་གྷད་གྲོང་ཁྱེར་ནས་ཡིན་པ་གྷོ་ལི་ཡད་ཟེར་བའི་མི་ཞིག་གིས་ཨིསི་རཱཨེལ་པ་རྣམས་ལ་འགྲན་བསྡུར་བྱེད་ཕྱིར་ཐོན་པ་དང་། ཁོའི་གཟུགས་ཚད་ནི་མི་ཊར་གསུམ་ཙམ་ཡོད་དོ། 5ཁོས་གྱོན་པའི་ལིའི་གོ་ཁྲབ་ཀྱི་ལྗིད་ཚད་ནི་ཀི་ལོ་ལྔ་ཅུ་ང་བདུན་ཙམ་ཡོད་པ་དང་། དེ་བཞིན་དེའི་མགོ་ལ་ལིའི་རྨོག་ཞིག་ཀྱང་གྱོན་ཡོད་དོ། 6ཁོའི་རྐང་པ་གཉིས་ལ་ལིའི་པུས་ཤུབས་ཀྱིས་སྐྱོབས་ཡོད་དོ། དེ་བཞིན་ལིའི་མདུང་ཞིག་ཀྱང་དཔུང་པར་བཏགས་ཡོད་ཅིང་། 7ཁོའི་མདུང་གི་ཕྲ་སྦོམ་ནི་ཐག་མཁན་གྱི་ཐག་ཁྲོའི་དབྱུག་པ་ལྟར་སྦོམ་ཞིང་། ལྕགས་ལས་བཟོས་པའི་དེའི་རྩེ་མོ་ནི་ཀི་ལོ་བདུན་ཙམ་ཡོད་དོ། ཁོའི་ཕུབ་འཁྱེར་མཁན་དམག་མི་ཞིག་ཁོའི་མདུན་ངོས་སུ་འགྲོ་གི་ཡོད་དོ། 8གྷོ་ལི་ཡད་ཀྱིས་ཨིསི་རཱཨེལ་གྱི་དམག་ཚོགས་ཀྱི་མདུན་དུ་ལངས་ནས་སྐད་ཤུགས་ཆེན་པོས། ཁྱོད་ཚོ་དེར་ག་རེ་བྱེད་ཀྱི་ཡོད་དམ། དམག་བརྒྱབ་པར་གྲ་སྒྲིགས་ཡོད་པས། ས་ཨུལ་གྱི་བྲན་གཡོག་ཚོ་ང་ནི་ཕེ་ལེ་ཤེད་པ་ཞིག་ཡིན། ང་དང་མཉམ་དུ་འཐབ་པའི་ཕྱིར་ཁྱོད་ཚོའི་ཁོངས་ནས་མི་ཞིག་འདེམས་སྒྲུག་བྱོས་ཤིག 9གལ་ཏེ་ཁོ་ལ་རྒྱལ་ཁ་ཐོབ་ནས་ཁོས་ང་ལ་བསད་པ་ཡིན་ན་ང་ཚོ་ཁྱོད་ཚོའི་བྲན་གཡོག་བྱེད་རྒྱུ་ཡིན་མོད། འོན་ཀྱང་ང་ལ་རྒྱལ་ཁ་ཐོབ་ནས་ངས་ཁོ་བསད་པ་ཡིན་ན། ཁྱོད་ཚོ་ང་ཚོའི་བྲན་གཡོག་བྱེད་དགོས་སོ། 10ད་ལྟ་འདིར་ངས་ཨིསི་རཱཨེལ་གྱི་དམག་མི་རྣམས་ལ་འགྲན་ཚད་བྱེད་རྒྱུ་ཡིན་ན། ཁྱོད་ཚོས་ང་དང་མཉམ་དུ་འཐབ་ནུས་པའི་མི་ཞིག་གྲ་སྒྲིག་བྱོས་ཤིག་ཅེས་སྨྲས་སོ། 11ཤ་ཨུལ་དང་ཁོའི་དམག་མི་ཚོས་གཏམ་དེ་ཐོས་ནས་ཁོ་ཚོར་ཧ་ཅང་ཞེད་སྣང་ཆེན་པོ་བྱུང་བ་ཡིན་ནོ༎

དཱ་བིད་ས་ཨུལ་གྱི་སྒར་སར།

12དཱ་བིད་ནི་གྲོང་ཁྱེར་བྷེད་ལེ་ཧེམ་གྱི་ས་གནས་ཨེཕ་རད་ལ་གནས་སྡོད་བྱེད་མཁན་ཡི་ཤེའི་བུ་ཡིན་ཅིང་། ཡི་ཤེ་ལ་བུ་བརྒྱད་ཡོད་པ་དང་། ས་ཨུལ་གྱིས་རྒྱལ་སྲིད་སྐྱོང་དུས་ཁོ་ལོ་ཧ་ཅང་རྒས་ཡོད་དོ། 13ཁོང་གིི་བུ་གསུམ་ནི་ས་ཨུལ་དང་མཉམ་དུ་དམག་ལ་ཕྱིན་ཡོད་པ་དང་། རྒན་པའི་མིང་ལ་ཨེ་ལི་ཨབ་དང་དེའི་འོག་མར་ཨ་བྷི་ན་དྷབ་དང་གསུམ་པར་ཤམ་མཱ་བཅས་ཟེར་རོ། 14དཱ་བིད་ནི་བུ་ཆུང་ཤོས་དེ་ཡིན་ཅིང་། ཁོའི་སྤུན་རྒན་པ་གསུམ་ནི་ས་ཨུལ་དང་མཉམ་དུ་སྡོད་ཀྱི་ཡོད་དོ། 15དཱ་བིད་ནི་ཁོ་ཚོའི་ཁྲོད་ནས་ཐོན་ཏེ་མཚམས་རེར་བྷེད་ལེ་ཧེམ་དུ་རང་གི་ཕའི་ལུག་ཁྱུ་བལྟ་རྟོགས་བྱེད་པར་འགྲོ་གི་ཡོད་དོ། 16གྷོ་ལི་ཡད་ཀྱིས་ཨིསི་རཱཨེལ་པ་ཚོར་སྔ་དགོང་མེད་པར་མུ་མཐུད་དེ་ཉིན་ཞག་བཞི་ཅུ་བར་དུ་འགྲན་ཚད་བྱས་སོ། 17ཉིན་ཅིག་ཡི་ཤེས་རང་གི་བུ་དཱ་བིད་ལ། ཡོས་རྔོས་ཀི་ལོ་བཅུ་དང་བག་ལེབ་བཅུ་པོ་འདི་དག་རང་གི་སྤུན་ཡོད་སར་དམག་སྒར་དུ་མགྱོགས་པོར་འཁྱེར་ནས་སོང་ཞིག 18ཡང་ཕྱུ་ར་བཅུ་པོ་འདི་ཡང་རུ་དཔོན་རྣམས་ཀྱི་མདུན་དུ་འཁྱེར་ཞིག དེ་དང་ཆབས་ཅིག་རང་གི་སྤུན་རྣམས་ཀྱི་གནས་ཚུལ་གང་ཡོད་སྐོར་དང་། ཁྱོད་ཀྱིས་ཁོ་ཚོར་ཐུག་འཕྲད་བྱས་ཤིང་། ཁོ་ཚོ་བདེ་ཐང་ཡོད་པའི་རྟགས་མཚན་ཞིག་ང་ལ་འཁྱེར་ཡོང་དགོས། 19རྒྱལ་པོ་ས་ཨུལ་དང་ཁྱོད་ཀྱི་སྤུན་རྣམས་དང་། དེ་བཞིན་ཨིསི་རཱཨེལ་པ་གཞན་རྣམས་ཨེ་ལཱའི་ལུང་གཤོང་དུ་ཕེ་ལེ་ཤེད་པ་རྣམས་དང་དམག་བརྒྱབ་བཞིན་ཡོད་དོ་ཅེས་སྨྲས་སོ། 20དེ་ནས་དཱ་བིད་སང་ཞོག་སྔ་པོར་ལངས་ཏེ། ལུག་ཁྱུའི་འགན་དེ་མི་གཞན་ཞིག་ལ་སྤྲད་ནས། ཁ་ཟས་དེ་དག་འཁྱེར་ཏེ་ཕ་ཡི་ཤེས་མངགས་བྱ་བྱས་པ་བཞིན་ཁོ་ཕྱིན་ནོ། དམག་སྒར་དུ་སླེབས་སྐབས་ཨིསི་རཱཨེལ་པ་རྣམས་སྐད་འདོན་བཞིན་དམག་སར་འགྲོ་བསྐྱོད་བྱེད་བཞིན་ཡོད་དོ། 21ཨིསི་རཱཨེལ་དང་ཕེ་ལེ་ཤེད་པའི་དམག་མི་རྣམས་དམག་གྲ་སྒྲིགས་ནས་ཕན་ཚུན་ཁ་བལྟས་ཀྱིས་ལངས་ནས་བསྡད་ཡོད་དོ། 22དཱ་བིད་ཀྱིས་ཁ་ཟས་དེ་དག་དམག་གི་ཡོ་བྱད་ཀྱི་དོ་དམ་པའི་སར་བཞག་ནས། དམག་སར་རང་གི་སྤུན་རྣམས་ཀྱི་སར་རྒྱུགས་ཕྱིན་ནས་ཁོ་ཚོའི་གནས་ཚུལ་འདྲི་རྩད་བྱེད་བཞིན་པའི་སྐབས་སུ། 23གྷོ་ལི་ཡད་མདུན་དུ་ཡོང་ནས་སྔར་བཞིན་ཡིསི་རཱཨེལ་པ་རྣམས་ལ་འགྲན་ཚད་བྱས་པ་དེ་དཱ་བིད་ཀྱིས་ཐོས་སོ། 24དེ་ནས་ཨིསི་རཱཨེལ་པ་ཚོས་གྷོ་ལི་ཡད་མཐོང་བ་ཙམ་གྱིས་འཇིགས་ནས་བྲོས་ཕྱིན་པ་དང་། 25ཁོ་ཚོས་ཕན་ཚུན་གཏམ་གླེང་བྱེད་དེ་སྨྲས་པ། ཁོས་འགྲན་ཚད་བྱེད་སྟངས་ལ་ལྟོས་དང་། མི་སུ་ཞིག་གིས་ཁོ་བསད་ཐུབ་པ་ཡིན་ན། དེ་ལ་རྒྱལ་པོས་གསོལ་རས་ཆེན་པོ་ཞིག་གནང་རྒྱུ་མ་ཟད། དེ་དང་ཆང་ས་བརྒྱབ་ཕྱིར་རྒྱལ་པོའི་སྲས་མོ་དེའང་གནང་རྒྱུ་དང་། དེའི་ཕ་བརྒྱུད་ཀྱི་ནང་མི་ཚོར་གཞུང་ཁྲལ་སོགས་ཆགས་ཡངས་གནང་རྒྱུའི་ཞལ་བཞེས་གནང་ཡོད་དོ། 26དཱ་བིད་ཀྱིས་རང་གི་ཉེ་འགྲམ་དུ་ལངས་བསྡད་ཡོད་པའི་དམག་མི་རྣམས་ལ། ཕེ་ལེ་ཤེད་པ་དེ་གསོད་ཐུབ་མཁན་དང་ཨིསི་རཱཨེལ་པ་རྣམས་ལ་དམའ་འབེབས་ཀྱི་གནས་སྟངས་དེ་ལས་སྐྱོབས་མཁན་དེ་ལ་བྱ་དགའ་ག་རེ་ཐོབ་ཡོང་ངམ། སྐུ་གསོན་པོར་བཞུགས་པའི་དཀོན་མཆོག་གི་དམག་མིར་རྒོལ་ཟླ་ཞུ་མཁན་ཕེ་ལེ་ཤེད་པ་ཀླ་ཀློ་དེ་སུ་ཡིན་ནམ་ཞེས་འདྲི་རྩད་བྱས་པས། 27དེའི་ལན་དུ། ཁོ་གསོད་ཐུབ་མཁན་མི་དེ་ལ་ག་རེ་ཐོབ་རྒྱུ་ཡིན་པའི་སྐོར་དེ་ཚོས་ཁོ་ལ་བཤད་དོ། 28དཱ་བིད་མི་དེ་ཚོ་དང་མཉམ་དུ་གཏམ་གླེང་བྱེད་བཞིན་པ་དེ་ཁོའི་གཅེན་པོ་ཨེ་ལི་ཨབ་ཀྱིས་ཐོས་ནས། དཱ་བིད་ལ་ཤིན་ཏུ་ཁྲོས་ཤིང་སྨྲས་པ། ཁྱོད་འདིར་ག་རེ་བྱེད་ཀྱི་ཡོད། འབྲོག་སྟོང་ལ་ཡོད་པའི་ཁྱོད་ཀྱི་ལུག་རྣམས་ལ་སུས་བལྟ་རྟོགས་བྱེད་ཀྱི་ཡོད་དམ། གཡོ་ཅན་ཁྲམ་པ་ཁྱོད་ནི་འདིར་དམག་བརྒྱབ་སར་ལྟད་མོ་བལྟ་བར་ཡོང་བ་ཡིན་ནམ། 29དཱ་བིད་ཀྱིས། ངས་ག་རེ་བྱེད་འདུག་གམ། ད་ངས་སྐད་ཆའང་འདྲི་མི་ཆོག་པ་རེད་པས་ཅེས་སྨྲས་ནས། 30དཱ་བིད་མི་གཞན་ཞིག་གི་ཕྱོགས་སུ་ཁ་བསྒྱུར་ཏེ་འདྲི་བ་དེ་རང་བྱས་པས། ཁོས་འདྲི་བ་བྱེད་རན་བཞིན་དུ་ལན་འདེབས་གཅིག་རང་ཐོབ་བོ། 31དཱ་བིད་ཀྱིས་སྨྲས་པའི་གཏམ་དེ་མི་འགའ་ཤས་ཀྱིས་ཐོས་ནས་དེའི་སྐོར་ས་ཨུལ་ལ་སྙན་གསན་ཞུས་པས། ཁོང་གིས་བང་ཆེན་ཞིག་བཏང་ནས་དཱ་བིད་བོས་པ་དང་། 32དཱ་བིད་ཀྱིས་ས་ཨུལ་ལ། ཀྱེ་རྒྱལ་པོ་ཆེན་པོ། ཕེ་ལེ་ཤེད་པ་དེ་ཚོ་ལ་འཇིགས་མི་དགོས། ཕེ་ལེ་ཤེད་པ་དེ་ཚོ་དང་མཉམ་དུ་འཐབ་རྒོལ་བྱེད་པར་ང་འགྲོ་གི་ཡིན་ཞེས་སྨྲས་པས། 33ས་ཨུལ་གྱིས་དཱ་བིད་ལ། ཁྱོད་རང་ཁོ་དང་འཐབ་རྒོལ་ཇི་ལྟར་བྱེད་ཐུབ་བམ། ཁྱོད་ནི་ད་ལྟ་ཕྲུ་གུ་ཞིག་རང་ཡིན་པ་དང་། ཁོ་ནི་རང་གི་མི་ཚེ་ཧྲིལ་པོར་དམག་མི་བྱས་ནས་བསྡད་པ་ཞིག་རེད་ཅེས་སྨྲས་པས། 34དཱ་བིད་ཀྱིས། ཀྱེ་རྒྱལ་པོ་ཆེན་པོ། ང་ནི་རང་གི་ཕའི་ལུག་ཁྱུ་སྲུང་ནས་སྡོད་སྐབས། མཚམས་རེ་སེང་གེའམ་དོམ་ཡོང་ནས་ལུག་གུ་འཁྱེར་འགྲོ་དུས། 35ངས་དེའི་རྗེས་སུ་ཕྱིན་ནས་འཐབ་རྒོལ་བྱས་ཏེ་ལུག་གུ་སྐྱོབ་ཀྱི་ཡོད། གལ་ཏེ་སེང་གེའམ་དོམ་དེས་ངའི་ཐོག་ལ་མཆོང་པ་ཡིན་ན་ངས་དེའི་མགྲིན་པ་ནས་འཇུས་ཏེ་མ་ཤི་བར་ཉེས་བརྡུང་བྱེད་ཀྱི་ཡོད། 36སེང་གེ་དང་དོམ་སོགས་བསད་ཡོད་པས། སྐུ་གསོན་པོར་བཞུགས་པའི་དཀོན་མཆོག་གི་དམག་མིར་རྒོལ་ཟླ་ཞུས་མཁན་ཕེ་ལེ་ཤེད་པ་ཀླ་ཀློ་དེའང་དེ་བཞིན་བསད་རྒྱུ་ཡིན་ནོ། 37གཙོ་བོ་དཀོན་མཆོག་གིས་ང་ལ་སེང་གེ་དང་དོམ་སོགས་ལས་སྐྱོབ་གནང་མཛད་པ་བཞིན། ཕེ་ལེ་ཤེད་པ་དེ་ལས་ཀྱང་ང་ལ་སྐྱབས་པར་འགྱུར་ཞེས་སྨྲས་སོ། ས་ཨུལ་གྱིས་ལན་དུ། དེ་འདྲ་ཡིན་ན་ཁྱོད་རང་སོང་ཞིག། གཙོ་བོ་དཀོན་མཆོག་ཁྱོད་དང་མཉམ་དུ་གནས་པར་ཤོག་ཅེས་སྨྲས་ནས། 38ཁོས་དཱ་བིད་ལ་རང་གི་གོ་ཁྲབ་དང་མགོ་ལ་ལིའི་རྨོག་གཡོགས་སོ། 39དེ་ནས་དཱ་བིད་ཀྱིས་གོ་ཁྲབ་གྱོན་པའི་ཐོག་ཏུ་ས་ཨུལ་གྱི་རལ་གྲི་དེ་བཏགས་ནས་འགྲུལ་ཐབས་བྱས་པས། འགྲུལ་མ་ཐུབ་བོ། གང་ལགས་ཟེར་ན། ཁོས་དེ་དག་གྱོན་མྱོང་མེད་ཅེས་སྨྲས་ནས་དེ་དག་ཚང་མ་ཕུད་དོ། 40དེ་རྗེས་ཁོས་རང་གི་ལུག་རྫིའི་འཁར་རྒྱུག་དེ་འཁྱེར་དེ། རྒྱུག་ཆུའི་ནང་ནས་རྡོ་ཧྲུག་འཇམ་པོ་ལྔ་སྒྲུག་ནས་དེ་དག་རང་གི་ཁུག་མའི་ནང་དུ་བླུགས་ཤིང་། རང་གི་འུར་རྡོ་དེའང་གྲ་སྒྲིག་བྱས་ཏེ། གྷོ་ལི་ཡད་དང་གདོང་ལེན་བྱེད་པར་ཕྱིན་ནོ༎

དཱ་བིད་ཀྱིས་གྷོ་ལི་ཡད་ཕམ་པར་བྱས་པ།

41དེ་ནས་ཕེ་ལེ་ཤེད་པ་དེ་རང་གི་ཕུབ་འཁྱེར་མཁན་སྔོན་དུ་བཏང་ནས་དཱ་བིད་ཀྱི་ཕྱོགས་སུ་ཐག་ཉེ་བར་ཡོང་ངོ་། 42ཁོའི་དཱ་བིད་ལ་མཐོང་ནས་འཕྱ་སེམས་ཆེན་པོས་སྣང་ཆུང་རྩིས་མེད་བྱས་སོ། གང་ལགས་ཟེར་ན། ཁོ་ནི་ད་ལྟ་ལོ་ན་མ་ལོན་པའི་བུ་མརྫེས་པོ་ཞིག་རང་ཡོད་པ་ཡིན་པས་ཕྱིར་རོ། 43ཁོས་དཱ་བིད་ལ། ཁྱོད་ཀྱི་ལག་ཏུ་ཡོད་པའི་འཁར་རྒྱུག་དེ་ག་རེའི་དོན་ལ་ཡིན་ནམ། ཁྱོད་ཀྱི་སེམས་ལ་ང་ནི་ཁྱི་ཞིག་རེད་ཅེས་བསམ་གྱི་འདུག་གམ་ཞེས་སྨྲས་ནས། རང་གི་ལྷ་རྟེན་སོགས་ཀྱི་མིང་འབོད་ནས་དཱ་བིད་ལ་དམོད་ཚིག་བརྗོད་དོ། 44དེ་ནས་ཁོས་དཱ་བིད་ལ། ཁྱོད་འདིར་ཤོག་ཅིག། ད་ངས་ཁྱོད་ཀྱི་ལུས་དེ་བྱ་དང་སེམས་ཅན་རྣམས་ཀྱི་ཟས་སུ་སྤྲོད་རྒྱུ་ཡིན་ཞེས་སྨྲས་ནས་འགྲན་ཚད་བྱས་པ་དང་། 45དེའི་ལན་དུ་དཱ་བིད་ཀྱིས། ཁྱོད་ནི་གྲི་དང་མདུང་སོགས་འཁྱེར་ནས་ང་དང་འཐབ་འཛིངས་བྱེད་པར་ཡོང་མོད། འོན་ཀྱང་ང་ནི་ཁྱོད་ཀྱིས་རྩིས་མེད་བྱས་པའི་ཨིསི་རཱཨེལ་དམག་དཔུང་གི་དཀོན་མཆོག་མཐུ་སྟོབས་ལྡན་པའི་གཙོ་བོ་དཀོན་མཆོག་གི་མཚན་འཁྱེར་ནས་ཁྱོད་དང་འཐབ་རྒོལ་བྱེད་པར་ཡོང་གི་ཡོད། 46དེ་རིང་རང་གཙོ་བོ་དཀོན་མཆོག་གིས་ཁྱོད་ངའི་དབང་འོག་ཏུ་གནང་ནས། ངས་ཁྱོད་ཕམ་པར་བྱས་ཏེ་ཁྱོད་ཀྱི་མགོ་དེ་གཅོད་རྒྱུ་ཡིན་པ་དང་། ངས་ཕེ་ལེ་ཤེད་པའི་དམག་མིའི་རོ་རྣམས་བྱ་དང་གཅན་གཟན་རྣམས་ཀྱི་ཟས་སུ་སྤྲོད་རྒྱུ་ཡིན་ནོ། དེ་ལྟར་བྱས་པའི་སྒོ་ནས་ཨིསི་རཱཨེལ་ལ་དཀོན་མཆོག་ཡོད་པ་དེ་འཇིག་རྟེན་ཡོངས་ཀྱིས་ཤེས་པར་འགྱུར། 47དེ་ཙམ་མ་ཟད་རང་གི་མི་འབངས་ལ་སྐྱབས་གྲོགས་མཛད་པའི་ཕྱིར་གཙོ་བོ་དཀོན་མཆོག་ལ་གྲི་དང་མདུང་སོགས་ཀྱི་མཁོ་བྱད་མེད་པ་དེ་འདིར་ཡོད་པ་ཚང་མས་ཤེས་པར་འགྱུར། ཁོང་ནི་གཡུལ་ལས་རྒྱལ་ཞིང་ཁྱོད་ཚོ་ཚང་མ་ང་ཚོའི་དབང་འོག་ཏུ་གནང་བར་འགྱུར་རོ་ཞེས་སྨྲས་སོ། 48དེ་ནས་གྷོ་ལི་ཡད་ཡང་སྐྱར་དཱ་བིད་ཀྱི་ཕྱོགས་སུ་ཉེ་བར་ཡོང་བ་དང་། དཱ་བིད་ཀྱང་ཕེ་ལེ་ཤེད་པའི་དམག་མི་རྣམས་དམག་གྲ་སྒྲིགས་ནས་བསྡད་ཡོད་པའི་ཕྱོགས་སུ་རྒྱུགས་ཕྱིན་ཏེ། 49ཁུག་མའི་ནང་ནས་ལག་པ་བཅུག་ནས་རྡོ་ཞིག་བླངས་ཏེ་གྷོ་ལི་ཡད་ལ་ཤུགས་ཀྱིས་འུར་རྡོ་བརྒྱབས་པས། ཁོའི་མགོ་ལ་ཕོག་ནས་ཐོད་པ་ཆག་སྟེ། ས་ལ་ཁ་འབུབ་ནས་རིལ་ལོ། 50དེ་བཞིན་དཱ་བིད་ཀྱིས་གྲི་མེད་པར་རྡོ་དང་འུར་རྡོ་འབའ་ཞིག་གིས་གྷོ་ལི་ཡད་ཕམ་པར་བྱས་ནས་བསད་དོ། 51དེ་ནས་དཱ་བིད་ཁོའི་ཕྱོགས་སུ་རྒྱུགས་ཏེ། དེའི་མདུན་དུ་ལངས་ནས་གྷོ་ལི་ཡད་ཀྱི་གྲི་དེ་ཤུབས་ནས་བཏོན་ཏེ་ཁོའི་མགོ་བཅད་ནས་བསད་པ་དང་། ཕེ་ལེ་ཤེད་པ་རྣམས་ཀྱིས་རང་གི་དཔའ་བོ་དེ་ཤི་བ་མཐོང་ནས་དེ་ཚོ་བྲོས་ཕྱིན་ནོ། 52དེ་ནས་ཨིསི་རཱཨེལ་དང་ཡ་ཧུ་དཱའི་མི་རྣམས་ཀྱིས་སྐད་ཅོར་བརྒྱབ་བཞིན་དེ་ཚོར་རྗེས་དེད་བྱས་ཏེ། གྷད་དང་ཨེག་རོན་གྱི་རྒྱལ་སྒོ་རྣམས་ཀྱི་བར་ཕྱིན་ནོ། ཕེ་ལེ་ཤེད་པ་རྣམས་ཤཱ་ར་ཡིམ་དུ་འགྲོ་སའི་ལམ་ལ་གྷད་དང་ཨེག་རོན་བར་དུ་རྨས་སྐྱོན་བྱུང་ནས་ས་ཁར་རྒྱལ་ཡོད་དོ། 53ཨིསི་རཱཨེལ་པ་ཚོས་ཕེ་ལེ་ཤེད་པ་རྣམས་རྗེས་དེད་བྱས་ནས་ཕྱིར་ལོག་ཡོང་སྐབས་ཁོ་ཚོའི་སྒར་ཡང་བཅོམ་པ་དང་། 54དཱ་བིད་ཀྱིས་གྷོ་ལི་ཡད་ཀྱི་མགོ་དེ་ཡར་བླངས་ནས་ཡེ་རུ་ཤ་ལེམ་དུ་འཁྱེར་རོ། འོན་ཀྱང་ཁོའི་གོ་མཚོན་རྣམས་ནི་རང་གི་གུར་གྱི་ནང་དུ་བཞག་གོ།

དཱ་བིད་ས་ཨུལ་གྱི་རྩར་འཁྲིད་ཡོང་བ།

55དཱ་བིད་གྷོ་ལི་ཡད་དང་འཐབ་རྒོལ་བྱེད་པར་འགྲོ་དུས་ས་ཨུལ་གྱིས་མཐོང་ནས། རང་གི་དམག་དཔོན་ཨབ་ནེར་ལ། དེ་སུའི་བུ་ཡིན་ནམ་ཞེས་དྲིས་པ་དང་། ལན་དུ་ཨབ་ནེར་གྱིས། ཀྱེ་མི་དབང་ཆེན་པོ། དེའི་སྐོར་ལ་ངས་གང་ཡང་མི་ཤེས་ཅེས་སྨྲས་སོ། 56ས་ཨུལ་གྱིས། ཁྱོད་རང་ཕྱིན་ནས་དེའི་སྐོར་རྩད་གཅོད་བྱོས་ཤིག་ཅེས་སྨྲས་སོ། 57དེ་ནས་དཱ་བིད་ཀྱིས་གྷོ་ལི་ཡད་བསད་ནས་སྒར་སར་ཕྱིར་ལོག་ཡོང་དུས། ཨབ་ནེར་གྱིས་ཁོ་ལ་ས་ཨུལ་གྱི་རྩར་འཁྲིད་ཕྱིན་པ་དང་། དེ་དུས་ཀྱང་དཱ་བིད་ཀྱིས་རང་གི་ལག་ཏུ་གྷོ་ལི་ཡད་ཀྱི་མགོ་དེ་འཁྱེར་བཞིན་ཡོད་དོ། 58ས་ཨུལ་གྱིས་ཀྱེ་ན་གཞོན་ཁྱོད་སུའི་བུ་ཡིན་ནམ་ཞེས་དྲིས་པ་དང་། དཱ་བིད་ཀྱིས་ང་ནི་བྷེད་ལེ་ཧེམ་པ་ཁྱེད་ཀྱི་ཞབས་ཕྱི་ཡི་ཤེའི་བུ་ཡིན་ཞེས་ལེན་དེབས་བྱས་སོ༎

ཤ་མུ་ཨེལ་དང་པོ། 18

1དེ་ནས་ས་ཨུལ་དང་དཱ་བིད་གཏམ་གླེང་བྱས་ཟིན་པ་དང་། ས་ཨུལ་གྱི་བུ་ཡོ་ན་ཐན་དཱ་བིད་ལ་ཤིན་ཏུ་དགའ་ནས་ཁོ་ལ་རང་དང་དབྱེར་མེད་གཅེས་འཛིན་བྱས་སོ། 2ཉི་མ་དེ་ནས་བཟུང་ས་ཨུལ་གྱི་དཱ་བིད་ལ་དེ་བཞིན་རང་དང་མཉམ་དུ་བདག་ཉར་བྱས་ཏེ། རང་གི་ཁྱིམ་དུའང་འགྲོ་རུ་མ་བཅུག་ཅིང་། 3དེ་བཞིན་ཡོ་ན་ཐན་གྱིས་དཱ་བིད་ལ་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད་པས། ཁོ་གཉིས་གཏན་དུ་མཛའ་གྲོགས་བཟང་པོར་གནས་རྒྱུའི་དམ་བཅའ་བཞག་གོ 4ཁོས་རང་གི་ལུས་ལ་གྱོན་པའི་གོས་ཀྱང་ཕུད་ནས་དཱ་བིད་ལ་སྤྲད་པ་དང། རང་གི་གོ་ཁྲབ་དང་། རལ་གྲི་དང་གཞུ་དང་སྐ་རགས་བཅས་པ་སྤྲད་དོ། 5ཤ་ཨུལ་གྱིས་དཱ་བིད་ལ་ལས་དོན་ག་རེ་མངགས་ཀྱང་ཚང་མ་ལམ་ལྷོང་ཡོང་གི་ཡོད་པས། ཁོས་དཱ་བིད་ལ་རང་གི་དམག་མིའི་དཔོན་པོར་བསྐོ་གཞག་བྱས་སོ། དེས་ཤ་ཨུལ་གྱི་དཔོན་རིགས་ཁག་དང་མི་མང་ཚང་མ་དགའ་པོ་བྱུང་ངོ༎

ས་ཨུལ་གྱིས་དཱ་བིད་ལ་ཕྲག་དོག་སྐྱེས་པ།

6དཱ་བིད་ཀྱིས་གྷོ་ལི་ཡད་བསད་ནས་དམག་མི་རྣམས་དང་མཉམ་དུ་ཕྱིར་ལོག་བྱེད་སྐབས། ཨིསི་རཱཨེལ་གྱི་གྲོང་ཁྱེར་ཀུན་ནས་བུད་མེད་རྣམས་རྒྱལ་པོ་ས་ཨུལ་ལ་དགའ་བསུ་ཞུ་ཕྱིར་ཡོང་བ་དང་། དེ་ཚོས་དགའ་བའི་གླུ་གཞས་དང་གྲོ་གར་འཁྲབ་སྟེ། རོལ་ཆས་ལག་རྔ་དང་སྒྲ་སྙན་སོགས་བཏང་བཞིན་ཡོད་དོ། 7བུད་མེད་ཚོས་དགའ་སྟོན་བྱས་ཏེ་གཤམ་གསལ་ལྟར་གླུ་གཞས་བཏང་བ། ས་ཨུལ་གྱིས་སྟོང་ཕྲག་བསད་མོད། འོན་ཀྱང་དཱ་བིད་ཀྱིས་ནི་ཁྲི་ཁྲག་མང་པོ་བསད་དོ། 8དེར་ས་ཨུལ་མི་དགའ་བར་ཧ་ཅང་ཁོང་ཁྲོ་ལངས་ཤིང་། ཁོང་གི་སྨྲས་པ་དཱ་བིད་ཀྱི་ཆེད་དུ་ཁྲི་ཁྲག་མང་པོ་དང་འོན་ཀྱང་ང་ལ་ནི་སྟོང་ཁྲག་མ་གཏོག། ཁོ་ཚོས་རྗེས་སུ་དཱ་བིད་ལ་རྒྱལ་པོར་བསྐོ་རྒྱུ་རེད་བཞག་ཅེས་སྨྲས་སོ། 9ཉིན་མོ་དེ་ནས་བཟུང་ཁོས་དཱ་བིད་ལ་ཕྲག་དོག་དང་དོགས་སེམས་བྱས་སོ། 10ཉིན་རྗེས་མར་དཀོན་མཆོག་གིས་གཏོང་གནང་མཛད་པའི་སེམས་ཉིད་ངན་པ་ཞིག་ས་ཨུལ་གྱི་སྟེང་དུ་བབས་ནས། ཁོས་ཁང་པའི་ནང་དུ་སྨྱོ་ལབ་བྱེད་བཞིན་ཡོད་པ་ལས། དཱ་བིད་ནི་རྣམ་ཀུན་བཞིན་དུ་སྒྲ་སྙན་གཏོང་བཞིན་ཡོད་པ་དང་། ས་ཨུལ་གྱིས་ལག་ཏུ་མདུང་ཞིག་འཁྱེར་ཡོད་དོ། 11ཁོའི་སེམས་ལ། ངས་དཱ་བིད་ལ་མདུང་བཙུགས་ནས་ཁོ་རྩིག་པར་སྦྱར་དགོས་ཤེས་བསམ་ནས། ཐེངས་གཉིས་ཙམ་མདུང་དབྱུགས་མོད། འོན་ཀྱང་དཱ་བིད་ཐེངས་གཉིས་ཀར་གཡོལ་ནས་ཐར་བ་ཡིན་ནོ། 12ས་ཨུལ་དཱ་བིད་ལ་ཞེད་ཀྱི་ཡོད་དོ། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་དཱ་བིད་དང་མཉམ་དུ་འགྲོག་ཡོད་པ་དང་། ཁོ་ལ་སྤངས་ཟིན་པས་ཕྱིར་རོ། 13དེ་ནས་ས་ཨུལ་གྱིས་དཱ་བིད་ཐག་རིང་དུ་བཏང་ནས། དམག་མིའི་སྟོང་དཔོན་ཞིག་ཏུ་བསྐོས་པ་དང་། ཁོས་རང་གི་དམག་མི་རྣམས་ཀྱི་འགོ་འཁྲིད་བྱས་སོ། 14གཙོ་བོ་དཀོན་མཆོག་དཱ་བིད་དང་མཉམ་དུ་འགྲོག་གནང་མཛད་པའི་རྐྱེན་གྱིས། ཁོས་བྱས་པའི་ལས་དོན་ཚང་མར་ལམ་ལྷོང་ཡག་པོ་བྱུང་ངོ་། 15ས་ཨུལ་གྱིས་དཱ་བིད་ལ་ལམ་འགྲོ་ཡར་རྒྱས་བྱུང་བར་མཐོང་ནས་ཁོའི་སེམས་ནང་ད་དུང་ཞེད་སྣང་ཆེ་རུ་བསྐྱེད་དོ། 16འོན་ཀྱང་ཨིསི་རཱཨེལ་དང་ཡ་ཧུ་དཱའི་མི་ཚང་མས་དཱ་བིད་ལ་གཅེས་མོས་བྱེད་ཀྱི་ཡོད་དོ། གང་ལགས་ཟེར་ན། དམག་དུས་སྐབས་སུ་ཁོ་ནི་དེ་ཚོའི་སྔོན་དུ་སོང་ནས་ལམ་སྟོན་བྱས་ཀྱི་ཡོད་པས་ཕྱིར་རོ༎

དཱ་བིད་དང་ས་ཨུལ་གྱི་བུ་མོ་ཆང་ས་བརྒྱབ་པ།

17ཉིན་ཞིག་ས་ཨུལ་གྱིས་དཱ་བིད་ལ། ངའི་བུ་མོ་རྒན་པ་མེ་རབ་ཅེས་པ་དེ་ཁྱོད་ལ་མནའ་མར་སྤྲོད་རྒྱུ་ཡིན། འོན་ཀྱང་ཁྱོད་ནི་དཔའ་རྩལ་ཅན་ཞིག་ཡིན་པའི་ཁུངས་སྐྱེལ་བྱེད་དགོས། ཁྱོད་ནི་གཙོ་བོ་དཀོན་མཆོག་གི་དོན་དུ་དམག་འཐབ་དགོས་ཅེས་སྨྲས་སོ། (ས་ཨུལ་གྱིས་རང་གི་སེམས་ལ། དཱ་བིད་ངའི་ལག་འོག་ཏུ་མ་ཡིན་པར་ཕེ་ལེ་ཤེད་པའི་ལག་འོག་ཏུ་སྲོག་སྐྱོན་བྱུང་བ་ཡིན་ན་དགའ་བ་འདུག་ཅེས་བསམ་མོ།) 18དེའི་ལན་དུ་དཱ་བིད་ཀྱིས། ང་ནི་རྒྱལ་པོའི་མག་པར་འོས་པར་བྱེད་པ་ལ། ང་དང་ངའི་ཁྱིམ་ཚང་གི་གནས་ཚད་ག་རེ་ཡོད་དམ་ཞེས་སྨྲས་སོ། 19འོན་ཀྱང་མེ་རབ་དཱ་བིད་ལ་སྤྲོད་རྒྱུའི་དུས་སྐབས་རན་མཚམས་སུ། ས་ཨུལ་གྱིས་མོ་ནི་མེ་ཧོ་ལཱའི་གྲོང་དུ་གནས་སྡོད་བྱེད་མཁན་མིང་ལ་ཨད་རི་ཨེལ་ཞེས་པའི་མི་ཞིག་ལ་སྤྲད་དོ། 20ས་ཨུལ་གྱི་བུ་མོ་གཞན་དེ་མི་ཀལ་ཟེར་བ་དེས་དཱ་བིད་ལ་དགའ་པོ་བྱེད་ཀྱི་ཡོད་པའི་སྐོར་ས་ཨུལ་གྱིས་ཐོས་ནས། ཁོའི་སེམས་ལ་དགའ་ཚོར་བྱུང་ངོ་། 21ས་ཨུལ་གྱིས་རང་གི་སེམས་ནང་། ངས་རང་གི་བུ་མོ་མི་ཀལ་དཱ་བིད་ལ་སྤྲད་དེ། མོའི་བརྒྱུད་ནས་ངས་ཁོ་རྙི་ལ་ཚུད་པ་ལྟ་བུར་བཟོས་ནས། ཕེ་ལེ་ཤེད་པ་ཚོས་ཁོ་གསོད་པར་འགྱུར་ཞེས་བསམ་མོ། དེ་ནས་ཁོས་ལན་ཐེངས་གཉིས་པར་དཱ་བིད་ལ། ཁྱོད་ངའི་མག་པར་འགྱུར་ཞེས་སྨྲས་སོ། 22ས་ཨུལ་གྱིས་རང་གི་ལས་བྱེད་པ་རྣམས་ལ་སྨྲས་པ། ཁྱོད་ཚོས་དཱ་བིད་ཀྱི་རྩར་ཕྱིན་ནས་ཁོ་ལ། རྒྱལ་པོས་ཁྱེད་རང་ལ་ཐུགས་མཉེས་པོ་གནང་གི་ཡོད་པ་དང་། ཁོང་གི་ལས་བྱེད་པ་ཚང་མས་ཀྱང་ཁྱོད་ལ་དགའ་མོས་བྱེད་ཀྱི་ཡོད་པས། ད་ཁྱོད་ནས་རྒྱལ་པོའི་སྲས་མོ་དེ་དང་ཆང་ས་བརྒྱབ་རྒྱུའི་གོ་སྐབས་བཟང་པོ་དེ་རན་བཞག་ཅེས་གསང་བའི་ཐོག་ཏུ་སྨྲོས་ཤིག 23ཁོ་ཚོས་དཱ་བིད་ལ་གོང་བཞིན་སྨྲས་པ་དང་། དེའི་ལན་དུ་དཱ་བིད་ཀྱིས། ང་ལྟ་བུའི་མི་དབུལ་འཕོང་དང་མཐོང་ཆུང་ཞིག་རྒྱལ་པོའི་མག་པར་འགྱུར་རྒྱུ་དེ་ནི་ཆེས་སྟོད་ཀྱི་རྒྱུ་ཞིག་ཡིན་ནོ་ཞེས་སྨྲས་པ་དང་། 24དཱ་བིད་ཀྱིས་གང་སྨྲས་པ་དེ་ལས་བྱེད་པ་ཚོས་ས་ཨུལ་ལ་བཤད་པ་དང་། 25ས་ཨུལ་གྱིས་ཁོ་ཆོ་ལ་སྨྲས་པ། རྒྱལ་པོས་བག་མའི་གླ་ཆ་སོགས་གང་ཡང་བཞེས་མི་ཡོང་། འོན་ཀྱང་ཁོང་གིས་རང་གི་དགྲ་བོའི་དགྲ་ཤ་ལེན་ཕྱིར་ཕེ་ལེ་ཤེད་པ་ ༡༠༠ ཐམ་པ་བསད་ནས་དེ་ཚོའི་མདུན་ལྤགས་དེ་དག་བག་མེའི་བརྫོང་སྐལ་གྱི་ཚུལ་དུ་རྒྱལ་པོ་ལ་འབུལ་དགོས་ཅེས་སྨྲོས་ཤིག (དེ་ནི་དཱ་བིད་ཕེ་ལེ་ཤེད་པ་ཚོའི་ལག་ཏུ་ཤི་བར་བྱེད་རྒྱུའི་བྱུས་ངན་ཞིག་ཡིན་ནོ།) 26ས་ཨུལ་གྱིས་གང་སྨྲས་པ་བཞིན་ལས་བྱེད་པ་ཚོས་དཱ་བིད་ལ་བཤད་པ་དང་། དཱ་བིད་རྒྱལ་པོའི་མག་པ་བྱེད་རྒྱུའི་བསམ་བློ་འཁོར་ནས་ཧ་ཅང་དགའ་པོ་བྱུང་ངོ་། ཆང་སའི་ཞག་དུས་གཏན་འབེབས་མ་བྱེད་གོང་དུ། 27དཱ་བིད་རང་གི་དམག་ཚོགས་དང་མཉམ་དུ་ཕྱིན་ནས་ཕེ་ལེ་ཤེད་པ་མི་གྲངས་ ༢༠༠ བསད་དེ། དེ་ཚོའི་མདུན་ལྤགས་བཅད་ཅིང་རྒྱལ་པོའི་རྩར་འཁྱེར་ཡོང་བ་དང་། རང་ཉིད་རྒྱལ་པོའི་མག་པར་འགྱུར་ཕྱིར་དེ་དག་གྲངས་རྩིས་བརྒྱབ་ནས་རྒྱལ་པོར་རྩིས་སྤྲོད་བྱས་པས། ས་ཨུལ་གྱིས་རང་གི་བུ་མོ་མི་ཀལ་དཱ་བིད་ལ་ཆང་ས་བརྒྱབ་དགོས་བྱུང་ངོ་། 28གཙོ་བོ་དཀོན་མཆོག་གི་དཱ་བིད་དང་མཉམ་དུ་བཞུགས་ཡོད་པ་དང་། རང་གི་བུ་མོ་མི་ཀལ་གྱིས་དཱ་བིད་དང་དགའ་པོ་བྱེད་ཀྱི་ཡོད་པ་དེ་ས་ཨུལ་གྱིས་ཤེས་ནས། 29ཁོ་ལ་སྔར་ལས་ཀྱང་ལྷག་པར་འཇིགས་པ་དང་། ས་ཨུལ་འཚོ་ཡུན་རིང་དུ་དཱ་བིད་ལ་སྡང་དགྲ་བྱས་སོ། 30ཕེ་ལེ་ཤེད་པའི་དམག་མི་རྣམས་དམག་འཐབ་བྱེད་པར་ལན་ཐེངས་ཇི་ཙམ་ཡོང་རུང་། དཱ་བིད་ཀྱིས་ས་ཨུལ་གྱི་དམག་དཔོན་གཞན་ལས་ཀྱང་རྒྱལ་ཁ་ཆེ་བ་ཐོབ་པས་ཁོ་ནི་སྙན་གྲགས་ཅན་དུ་འགྱུར་རོ༎

ཤ་མུ་ཨེལ་དང་པོ། 19

ས་ཨུལ་གྱིས་དཱ་བིད་ལ་མནར་གཅོད་བཏང་བ།

1ས་ཨུལ་གྱིས་རང་གི་བུ་ཡོ་ན་ཐན་དང་ལས་བྱེད་པ་ཚང་མར་དཱ་བིད་གསོད་རྒྱུའི་འཆར་གཞིའི་སྐོར་བཤད་དོ། འོན་ཀྱང་ཡོ་ན་ཐན་ནི་དཱ་བིད་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་དོ། 2ཁོས་དཱ་བིད་ལ། ངའི་ཡབ་ཀྱིས་ཁྱོད་རང་གསོད་ཐབས་བྱེད་ཀྱི་འདུག་པས། སང་ཉིན་ཞོགས་པ་ཁྱོད་རང་ཟབ་ཟབ་བྱེད་དེ་གསང་བའི་གནས་ཤིག་ཏུ་གབ་ནས་སྡོད་ཅིག 3ང་ནི་ཡབ་དང་མཉམ་དུ་ཞིང་ཁར་ཕྱིན་ནས། ཁྱོད་གབ་ནས་བསྡད་ཡོད་སར་ཡབ་ཀྱི་འགྲམ་དུ་ལངས་ཤིང་། ཁྱོད་ཀྱི་སྐོར་ལ་སྐད་ཆ་བཤད་ཀྱི་ཡིན། གལ་སྲིད་ངས་གནས་ཚུལ་གང་ཞིག་ཐོས་པ་བྱུང་ན་དེའི་སྐོར་ངས་ཁྱོད་ལ་ཤོད་ཀྱི་ཡིན་ཞེས་སྨྲས་སོ། 4ས་ཨུལ་གྱི་མདུན་དུ་ཡོ་ན་ཐན་གྱིས་དཱ་བིད་ལ་སྔགས་བརྗོད་བྱེད་དེ་སྨྲས་པ། ཀྱེ་རྒྱལ་པོ་ཆེན་པོ། ཉིད་ཀྱི་བྲན་པོ་དཱ་བིད་ཀྱི་ཐོག་ཏུ་མ་འོས་པ་ཞིག་མ་གནང་རོགས་གནང་། ཁོས་ཀྱང་ཁྱེད་ལ་མ་འོས་པ་གང་ཡང་བྱས་མེད་པ་དང་། ཁོས་བྱས་པའི་ལས་དོན་ཚང་མས་ཁྱེད་ལ་ཐུགས་ཕན་གསོས་པ་ཤ་ལྟག་བྱུང་ཡོད། 5ཁོས་རང་སྲོག་བློས་བཏང་གིས་གྷོ་ལི་ཡད་བསད་དེ། གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་ཆེད་དུ་རྒྱལ་ཁ་ཆེན་པོ་ཞིག་གནང་བ་དང་། སྐུ་ཉིད་ཀྱི་དེ་གཟིགས་ནས་ཐུགས་མཉེས་པོ་གནང་བ་ཡིན་པས། ད་ཁྱེད་ཀྱིས་མི་གནོང་མེད་དེ་ལ་གནོད་འཚེ་གཏོང་བ་གནང་སྟེ། དོན་མེད་དུ་དཱ་བིད་གསོད་ཐབས་གནང་ངམ་ཞེས་སྨྲས་སོ། 6ཡོ་ན་ཐན་གྱི་གཏམ་དེ་ས་ཨུལ་གྱི་བློ་ལ་བབས་ནས། ཁོས་གཙོ་བོ་དཀོན་མཆོག་གི་མཚན་བརྗོད་དེ་དཱ་བིད་གསོད་རྒྱུ་མིན་པའི་དམ་བཅའ་བྱས་སོ། 7དེ་ནས་ཡོ་ན་ཐན་གྱིས་དཱ་བིད་ལ་བོས་ནས་གནས་ཚུལ་ཚང་མ་བཤད་དེ། ཁོ་ས་ཨུལ་གྱི་རྩར་འཁྲིད་པས། དཱ་བིད་ཀྱིས་སྔར་བཞིན་རྒྱལ་པོའི་ཞབས་ཏོག་ཞུས་ཤིང་གནས་སོ། 8ཨིསི་རཱཨེལ་དང་ཕེ་ལེ་ཤེད་པའི་བར་ལ་ཡང་སྐྱར་དམག་འཁྲུགས་ལངས་པ་དང་། དཱ་བིད་ཀྱིས་དེ་ཚོར་འཐབ་རྒོལ་བྱས་ཏེ་དེ་ཚོ་ཕམ་ནས་བྲོས་ཕྱིན་ནོ། 9དེ་ནས་གཙོ་བོ་དཀོན་མཆོག་གིས་མངགས་པའི་སེམས་ཉིད་ངན་པ་ཞིག་ས་ཨུལ་གྱི་ཐོག་ཏུ་བབས་ཏེ། ལག་ཏུ་མདུང་ཞིག་འཁྱེར་ནས་ཕོ་བྲང་དུ་གནས་ཡོད་པ་དང་། དེར་དཱ་བིད་ཀྱང་རང་གི་སྒྲ་སྙན་གཏོང་བཞིན་ཡོད་པ་ཡིན་ནོ། 10ས་ཨུལ་གྱིས་དཱ་བིད་ལ་མདུང་བརྒྱབ་ནས་རྩིག་པར་སྦྱར་རྩིས་བྱས་མོད། འོན་ཀྱང་དཱ་བིད་ཕར་གཡོལ་ནས་མདུང་དེ་རྩིག་པར་ཟུག་པས་ཁོ་བྲོས་ཐར་རོ། 11མཚན་མོ་དེ་རང་ལ་ས་ཨུལ་གྱིས་མི་ཁ་ཤས་དཱ་བིད་ཀྱི་ཁང་པར་བལྟ་རྟོགས་བྱེད་དེ་སང་ཞོག་ཁོ་ལ་གསོད་ཕྱིར་བཏང་བ་དང་། དཱ་བིད་ཀྱི་ཆུང་མ་མི་ཀལ་གྱིས་ཁོ་ལ་དོ་དགོང་ཁྱོད་རང་བྲོས་མ་ཕྱིན་ན་སང་ཞོག་ཁྱོད་རང་གསོད་པར་འགྱུར་ཞེས་ཟོན་བསྐུལ་བྱས་ཏེ། 12མོས་ཁོ་ལ་སྒེ་ཁུང་ནས་མར་ཕབ་ནས་ཁོ་བྲོས་ཐར་རོ། 13དེ་ནས་མོས་ཁྱིམ་ཚང་གི་སྐུ་འདྲ་ཞིག་བླངས་ནས་ཉལ་ཁྲིའི་ཁར་བསྙལ་ཏེ། དེའི་མགོའི་ཕྱོགས་སུ་ར་སྤུས་བཟོས་པའི་སྔས་འབོལ་ཞིག་བཞག་ནས་དེའི་སྟེང་དུ་ཁེབ་ས་ཤིག་གཡོགས་སོ། 14ས་ཨུལ་གྱིས་དཱ་བིད་ལ་འབོད་ཕྱིར་རང་གི་མི་རྣམས་བཏང་བ་དང་། མི་ཀལ་གྱིས་ཁོ་ན་གི་འདུག་ཅེས་སྨྲས་པས། 15ས་ཨུལ་གྱིས་དཱ་བིད་ལ་བལྟ་ཕྱིར་རང་གི་མི་རྣམས་ཡང་སྐྱར་བཏང་ནས། ཁོ་ཉལ་ཁྲི་དང་ཆབས་ཅིག་ངའི་རྩར་འཁྲིད་ཤོག་ངས་ཁོ་གསོད་རྒྱུ་ཡིན་ཞེས་བཀའ་བསྒོས་བྱས་པ་དང་། 16དེ་ཚོ་ནང་དུ་འཛུལ་ནས་བལྟ་སྐབས་ཉལ་ཁྲིའི་སྟེང་དུ་ཁྱིམ་ཚང་གི་སྐུ་འདྲ་ཞིག་བསྙལ་བཞག་ཡོད་པ་དང་དེའི་མགོའི་ཕྱོགས་སུ་ར་སྤུའི་བཟོས་པའི་སྔས་འབོལ་ཞིག་ཡོད་པ་མཐོང་ངོ་། 17ས་ཨུལ་གྱིས་མི་ཀལ་ལ། ཁྱོད་ཀྱི་ང་ལ་མགོ་བསྐོར་འདི་འདྲ་བཏང་ནས། ངའི་དགྲ་བོ་ཐར་དུ་འཇུག་པ་དེ་གང་ཡིན་ནམ་ཞེས་དྲིས་པ་དང་། མོས་ལན་དུ། གལ་སྲིད་ངས་ཁོ་ལ་རོགས་མ་བྱས་ན། ཁོས་ང་གསོད་རྒྱུའི་སྡིགས་ར་བསྐུལ་བྱུང་ཞེས་སྨྲས་སོ། 18དེ་ནས་དཱ་བིད་གྲོང་ཁྱེར་ར་མཱ་རུ་ཤ་མུ་ཨེལ་གྱི་རྩར་ཕྱིན་ནས། ས་ཨུལ་གྱིས་ཁོ་ལ་གང་བྱས་པ་ཚང་མ་ཤ་མུ་ཨེལ་ལ་བཤད་དོ། ཤ་མུ་ཨེལ་དང་ཁོ་གཉིས་ནའི་ཨོད་དུ་ཕྱིན་ནས་དེར་བསྡད་དོ། 19ས་ཨུལ་ལ། དཱ་བིད་ནི་ར་མཱའི་གྲོང་ཁྱེར་ནའི་ཨོད་དུ་ཡོད་ཅེས་པར་འདུག་ཅེས་སྨྲས་པ་དང་། 20ས་ཨུལ་གྱིས་དཱ་བིད་ལ་འཛིན་བཟུང་བྱེད་ཕྱིར་རང་གི་མི་རྣམས་བཏང་ངོ་། དེ་ཚོས་ལུང་སྟོན་པའི་ཚོགས་ཤིག་ཤ་མུ་ཨེལ་དང་མཉམ་དུ་སྐད་ཅོར་བརྒྱབ་ཅིང་བྲོ་གར་འཁྲབ་བཞིན་ཡོད་པ་མཐོང་ངོ་། ཤ་མུ་ཨེལ་ནི་དེ་ཚོའི་འགོ་འཁྲིད་བྱེད་བཞིན་ཡོད་པ་དང་། སྐབས་དེར་ས་ཨུལ་གྱི་མི་དེ་ཚོའི་སྟེང་དུ་དཀོན་མཆོག་གི་ཐུགས་ཉིད་བབས་ནས་དེ་ཚོའང་སྐད་བརྒྱབ་ཅིང་བྲོ་གར་སོགས་འཁྲབ་བོ། 21ས་ཨུལ་གྱིས་དེ་ཧ་གོ་ནས། ཁོས་མི་བཏང་བས་དེ་ཚོས་ཀྱང་སྐད་བརྒྱབ་སྟེ་བྲོ་གར་འཁྲབ་ནས་བསྡད་པ་དང་། ཁོས་ཐེངས་གསུམ་པར་མི་བཏང་བས་དེ་ཚོས་ཀྱང་སྔར་བཞིན་བྱས་པས། 22དེ་ནས་ས་ཨུལ་རང་ཉིད་ར་མཱ་གྲོང་ཁྱེར་དུ་ཕྱིན་པ་དང་། སེ་ཀུ་ཞེས་པའི་ཁྲོན་པ་ཆེན་པོ་ཞིག་ཏུ་སླེབས་ནས། ཤ་མུ་ཨེལ་དང་དཱ་བིད་གར་ཡོད་སྐོར་འདྲི་རྩད་བྱས་པས། མི་ཚོས་ཁོ་གཉིས་ནའི་ཨོད་དུ་ཡོད་པའི་གནས་ཚུལ་བཤད་དོ། 23དེ་ནས་ཁོ་ལམ་དུ་འགྲོ་སྐབས་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁོ་ལ་དབང་བསྒྱུར་མཛད་དེ་ཁོས་ཀྱང་ནའི་ཨོད་མ་སླེབས་བར་གར་འཁྲབ་པ་དང་སྐད་ཅོར་བརྒྱབ་བཞིན་ཕྱིན་ནོ། 24རང་གི་གྱོན་གོས་ཕུད་ནས་ཤ་མུ་ཨེལ་གྱི་མདུན་དུ་བྲོ་གར་འཁྲབ་ཅིང་སྐད་ཅོར་འདོན་དེ་ཉིན་མཚན་གཉིས་ཀ་གཅེར་བུར་གནས་སོ། (མི་ཚོས། ས་ཨུལ་ཡང་ལུང་སྟོན་པར་འགྱུར་བ་རེད་དམ་ཞེས་པའི་བརྗོད་སྲོལ་འདི་ལྟར་འགོ་ཚུགས་པ་ཡིན་ནོ།)

ཤ་མུ་ཨེལ་དང་པོ། 20

ཡོ་ན་ཐན་གྱིས་དཱ་བིད་ལ་རོགས་བྱས་པ།

1དེ་ནས་དཱ་བིད་ར་མཱའི་གྲོང་ཁྱེར་ནའི་ཨོད་ནས་བྲོས་ཏེ་ཡོ་ན་ཐན་གྱི་རྩར་སླེབས་ནས། ཁོས། ངས་ག་རེ་བྱས་སོང་ངམ། ངས་ནོར་འཁྲུལ་ག་རེ་བྱས་ཡོད་དམ། ཁྱེད་ཀྱི་ཡབ་ཀྱིས་ང་ལ་བསད་འདོད་གནང་དགོས་པའི་ལས་ངན་འཚབ་མེད་ཞིག་ངས་ག་རེ་བྱས་ཡོད་པ་ཡིན་ནམ་ཞེས་དྲིས་པ་དང་། 2ཡོ་ན་ཐན་གྱིས་ལན་དུ། དཀོན་མཆོག་གིས་ཐུགས་རྗེས་ཁྱོད་ཤི་མི་དགོས་པར་ཤོག ངའི་ཡབ་ཀྱིས་དོན་གནད་ཆེ་ཆུང་ཚང་མ་ང་ལ་གསུངས་ཀྱི་ཡོད་པས། གནས་ཚུལ་འདིའང་ཁོངགིས་ང་ལ་སྦས་གསང་གནང་མི་ཡོང་། དེ་བས་ན་ཁྱོད་ཀྱིས་བཤད་པའི་གནས་ཚུལ་དེ་ནི་བདེན་མི་སྲིད་པ་ཞིག་ཡིན་ནོ་ཞེས་སྨྲས་སོ། 3འོན་ཀྱང་དཱ་བིད་ཀྱིས། ཁྱེད་ཀྱིས་ང་ལ་ཐུགས་མཉེས་པོ་གནང་གི་ཡོད་པ་དེ་ཁྱེད་ཀྱི་ཡབ་ཀྱིས་གསལ་པོར་མཁྱེན་གྱི་ཡོད་པས། ཁོང་གི་འཆར་གཞི་འདིའི་རྐྱེན་གྱིས་ཁྱེད་ལ་ཐུགས་ཕམ་ཆེན་པོ་བྱུང་ཡོང་ཞེས་དགོངས་སོ། ངས་འཚོ་བཞིན་པོའི་གཙོ་བོ་དཀོན་མཆོག་དཔང་དུ་བཅུག་ནས་བརྗོད་རྒྱུར། ད་ང་ནི་འཆི་བ་ལ་གོམ་ཚད་གང་གི་ཁྱད་པར་མ་གཏོགས་མེད་ཅེས་སྨྲས་སོ། 4ཡོ་ན་ཐན་གྱིས་དཱ་བིད་ལ། ཁྱོད་ཀྱི་འདོད་པ་གང་ཡོད་ལྟར་ངས་བྱེད་ཆོག་ཅེས་སྨྲས་སོ། 5དཱ་བིད་ཀྱིས། སང་ཉིན་གནམ་གང་གི་དུས་སྟོན་ཡིན་པས། ངས་རྒྱལ་པོ་དང་མཉམ་དུ་ཁ་ཟས་བཟའ་དགོས་པ་ཡིན། དེ་བས་ན། ང་ཞིང་ཁའི་དཀྱིལ་དུ་ཕྱིན་ནས་གནང་ཉིན་དགོང་དྲོ་བར་དུ་གབ་ནས་སྡོད་ཀྱི་ཡིན། 6གལ་ཏེ་ཁྱེད་ཀྱི་ཡབ་ཀྱིས་ང་གསོལ་ཚིག་ལ་མེད་པ་དེ་མཁྱེན་ནས་ང་ལ་འཚོལ་གནང་ན། ཁྱེད་ཀྱིས་དཱ་བིད་ནི་བྷེད་ལེ་ཧེམ་དུ་རང་གི་ནང་མི་ཚང་མས་ལོ་འཁོར་གྱི་དམར་མཆོད་འབུལ་ཕྱིར་དགོངས་པ་ཞུས་ནས་ཕྱིན་སོང་ཞེས་གསུངས་རོགས་གནང་། 7དེར་ཁོང་གིས་ལེགས་སོ་ཞེས་གསུངས་པ་ཡིན་ན། ང་ལ་ཉེན་ཁ་མེད་པར་ཞི་བདེར་གནས་ཐུབ་མོད། འོན་ཀྱང་གནས་ཚུལ་དེ་ཐོས་ནས་ཁོང་ཐུགས་ཁྲོས་པ་གནང་ན། ད་དུང་ཁོང་གིས་ང་ལ་གནོད་འཚེ་གནང་རྒྱུ་ཡིན་པ་དེ་ཁྱེད་ཀྱིས་མཁྱེན་དགོས་སོ། 8ད་ལན་ཁྱེད་ཀྱིས་ང་ལ་དེ་བཞིན་སྐྱབས་འཇུག་གནང་ནས། སྔར་ཁྱེད་ཀྱིས་དམ་བཅའ་གང་གནང་བ་དེ་ལ་རྩིས་འཇོག་གནང་རོགས་གནང་། གལ་ཏེ་ང་ལ་ཉེས་སྐྱོན་ཡོད་ན་སྐུ་ཉིད་རང་གིས་ང་ལ་གསོད་ཆོག་པ་ཡིན། ང་གསོད་ཕྱིར་ཁྱེད་ཀྱི་ཡབ་ལ་རྩིས་སྤྲོས་གནང་དགོས་དོན་མེད་ཅེས་ཞུས་པ་དང་། 9ཡོ་ན་ཐན་གྱིས་སྨྲས་པ། དེ་ལྟར་མ་བསམ་ཞིག། ངའི་ཡབ་ཀྱིས་ཁྱོད་ལ་གསོད་ཐབས་བྱས་པ་དེ་ངས་ཤེས་པ་ཡིན་ན། ངས་ཁྱོད་ལ་ངེས་པར་ལབ་པ་ཡོད། 10དཱ་བིད་ཀྱིས། གལ་སྲིད་ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ལ་ལན་དྲག་པོ་གནང་ན། དེའི་སྐོར་སུས་ང་ལ་བཤད་ཡོང་ངམ་ཞེས་སྨྲས་པ་དང་། 11ཡོ་ན་ཐན་གྱིས། ད་འོ་ན་ང་གཉིས་ཞིང་ཁའི་ཕྱོགས་སུ་འགྲོ་དགོས་ཅེས་སྨྲས་ནས་དེ་གཉིས་ཕྱིན་པ་དང་། 12ཡོ་ན་ཐན་གྱིས་དཱ་བིད་ལ། ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་དཔང་དུ་བཙུགས་ནས། ངས་སང་དང་གནང་ཉིན་ད་ལྟའི་དུས་ཚོད་འདི་རང་ཐོག་ཏུ་ངས་ཡབ་ལ་བཀའ་འདྲི་ཞུས་ཏེ་ཁོང་གི་དགོངས་ཚུལ་ལ་བརྟག་དཔྱད་བྱེད་ཀྱི་ཡིན། གལ་ཏེ་ཁྱོད་ཀྱི་སྐོར་ལ་ཁོང་གི་དགོངས་ཆུལ་ཡག་པོ་འདུག་བསམ་ན་ངས་ཁྱོད་ལ་ལོན་གཏོང་རྒྱུ་ཡིན། 13ཁོང་གིས་ཁྱོད་ལ་གནོད་འཚེ་གཏོང་བ་གནང་རྩིས་ཡོད་པ་དེ་ངས་ཤེས་བཞིན་དུ་ཁྱོད་ལ་མ་ལབ་པར། ཁྱོད་ཉེས་མེད་དུ་ཐར་ནས་འགྲོ་མ་བཅུག་པ་ཡིན་ན། གཙོ་བོ་དཀོན་མཆོག་གིས་ང་ལ་གསོད་པར་ཤོག གཙོ་བོ་དཀོན་མཆོག་ངའི་ཡབ་དང་མཉམ་དུ་འགྲོགས་པ་ལྟར་ཁྱོད་དང་མཉམ་དུའང་འགྲོགས་པར་ཤོག 14གལ་ཏེ་ང་གསོན་པོར་གནས་ཡོད་པ་ཡིན་ན། ཁྱོད་ཀྱིས་དམ་བཅའ་དེ་རྩིས་སྲུང་བྱས་ཏེ། ང་དང་དམ་ཚིག་བརྟན་པོར་གནས་པར་བྱོས་ཤིག 15གལ་ཏེ་ང་འཆི་བ་ཡིན་ན། དུས་རྒྱུན་དུ་ངའི་ནང་མི་ཚོ་ལའང་དེ་བཞིན་དམ་ཆིག་བརྟན་པོར་བྱོས་ཤིག གཙོ་བོ་དཀོན་མཆོག་གིས་ཁྱོད་ཀྱི་དགྲ་བོ་ཚང་མ་རྩ་མེད་བཟོ་བ་གནང་སྐབས། 16ང་གཉིས་ཀྱི་ཕན་ཚུན་བར་ལ་བཞག་པའི་དམ་བཅའ་དེ་ད་དུང་འགལ་སྐྱོན་མེད་པར་བརྟན་པོར་གནས་པར་ཤོག དམ་བཅའ་དེ་ལ་འགལ་སྐྱོན་བྱུང་བ་ཡིན་ན་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཉེས་ཆད་གནང་བར་འགྱུར་ཞེས་སྨྲས་སོ། 17དེ་བཞིན་དཱ་བིད་ཀྱིས་ཡོ་ན་ཐན་ལ་གཅེས་པོ་བྱེད་རྒྱུའི་སླར་ཡང་དམ་བཅའ་བྱེད་བཅུག་གོ གང་ལགས་ཟེར་ན། ཡོ་ན་ཐན་གྱིས་དཱ་བིད་ལ་རང་ཉིད་དང་དབྱེར་མེད་པར་གཅེས་འཛིན་བྱེད་ཀྱི་ཡོད་དོ། 18དེ་ནས་ཡོ་ན་ཐན་གྱིས་དཱ་བིད་ལ། སང་ཉིན་གནམ་གང་གི་དུས་སྟོན་ཡིན་པས། ཁྱོད་རང་གསོལ་ཚིག་ལ་མེད་པ་དེ་མངོན་གསལ་དུ་མཐོང་ཐུབ་པ་དང་། 19གནང་ཉིན་ཁྱོད་རང་མེད་པ་དེ་ནི་དེ་བས་ཀྱང་གསལ་པོར་ཤེས་ཐུབ་པ་ཡིན་པས། སྔར་ཁྱོད་རང་གབ་པའི་ས་ཆ་དེ་རང་དུ་ཕྱིན་ནས། དེར་རྡོ་ཧྲུག་སྤུང་ནས་ཡོད་པའི་རྒྱབ་ཏུ་གབ་ནས་སྡོད་ཅིག 20ངས་རྡོ་ཧྲུག་དེ་ལ་འབེན་བྱས་ཏེ་མདའ་ཐེངས་མ་གསུམ་བརྒྱབ་ནས། 21ངས་རང་གི་གཡོག་པོར་མདའ་དེ་དག་འཚོལ་བར་གཏོང་གི་ཡིན་ནོ། སྐབས་དེར་ངས་ཁོ་ལ་མདའ་དེ་དག་ཁོའི་ཚུར་ཕྱོགས་སུ་འདུག་པས། དེ་དག་སྒྲུགས་ཤིག་ཅེས་སྨྲས་པ་ཡིན་ན། དེ་ནི་ཁྱོད་ལ་ཉེན་ཁ་མེད་པའི་རྟགས་མཚན་ཞིག་ཏུ་རྩིས་དགོས་རྒྱུ་ཡིན་པས། ངས་ཁྱོད་ལ་ཉེན་ཁ་མེད་ཅེས་སྐུ་གསོན་པོར་བཞུགས་པའི་གཙོ་བོ་དཀོན་མཆོག་གི་མཚན་གྱི་ནང་མནའ་སྐྱེལ་རྒྱུ་ཡིན་ནོ། 22འོན་ཀྱང་ངས་ཁོ་ལ་མདའ་དེ་ཁྱོད་ཀྱི་ཕར་ཕྱོགས་སུ་འདུག་ཅེས་ལབ་པ་ཡིན་ན། ཁྱོད་འགྲོ་དགོས། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གིས་ཁྱོད་རང་ཕྱི་ལ་གཏོང་གནང་འདོད་ཡོད་པ་ཡིན་ནོ། 23ང་གཉིས་ཀྱི་ཕན་ཚུན་བར་ལ་བཞག་པའི་དམ་བཅའ་དེ་ནི་ང་ཚོས་དུས་རྟག་ཏུ་སྲུང་ཐུབ་པའི་ཕྱིར་གཙོ་བོ་དཀོན་མཆོག་གིས་ང་ཚོར་རོགས་གནང་ངེས་པ་ཡིན་ནོ། 24དེ་ནས་དཱ་བིད་ཞིང་ཁའི་གསེབ་ཏུ་གབ་པ་དང་། གནམ་གང་གི་དུས་སྟོན་དུ་རྒྱལ་པོ་ས་ཨུལ་གསོལ་ཚིག་ལ་ཕེབས་ཤིང་། 25སྔར་རྒྱུན་ལྟར་རྩིག་པའི་འགྲམ་དུ་ཡོད་པའི་བཞུགས་ཁྲིར་བཞུགས་སོ། ཁོང་གི་འགྲམ་དུ་ཨབ་ནེར་དང་། དེའི་ཁ་ཐུག་ལ་ཡོ་ན་ཐན་བསྡད་ཡོད་པ་དང་། དཱ་བིད་ཀྱི་བཞུགས་ཁྲི་ནི་སྟོང་པར་ལུས་ཡོད་དོ། 26འོན་ཀྱང་དེ་ཉིན་ས་ཨུལ་གྱིས་གང་ཡང་མ་ལབ་བོ། གང་ལགས་ཟེར་ན། ཁོའི་བསམ་པར་དེ་རིང་དཱ་བིད་མི་གཙང་བར་འགྱུར་བའི་རྐྱེན་ཞིག་བྱུང་བ་ཡིན་གྱི་རེད་ཅེས་བསམ་མོད། 27འོན་ཀྱང་གནམ་གང་གི་དུས་སྟོན་གྱི་ཉིན་རྗེས་མར་ཡང་དཱ་བིད་ཀྱི་ཁྲི་དེ་སྟོང་པར་ལུས་ཡོད་པ་དང་། ས་ཨུལ་གྱིས་ཡོ་ན་ཐན་ལ། ཁ་སང་དང་དེ་རིང་ཉིན་གཉིས་ཀར་དཱ་བིད་ཁ་ལག་ལ་མེད་པ་དེ་གང་ཡིན་ནམ་ཞེས་འདྲི་རྩད་བྱས་པར། 28ཡོ་ན་ཐན་གྱིས་ལན་དུ། ཁོ་བྷེད་ལེ་ཧེམ་དུ་འགྲོ་དགོས་ཟེར་ནས་ང་ལ་དགོངས་པ་ཞུས་ནས་སྨྲས་པ། 29ང་ལ་འགྲོ་བཅུག་རོགས་གནང་། གང་ལགས་ཟེར་ན། ངའི་ནང་མི་ཚོས་གྲོང་ཁྱེར་དུ་དམར་མཆོད་དུས་སྟོན་སྲུང་རྩི་བྱེད་ཀྱི་ཡོད་པས། ངའི་སྤུན་གྱིས་ཀྱང་ང་དེར་ཡོང་དགོས་པའི་ལན་བཏང་བཞག། ཁྱེད་རང་ངའི་གྲོགས་པོ་ཡིན་པས། ང་ལ་རང་གི་གཉེན་མཚན་རྣམས་ཐུག་འཕྲད་དུ་འགྲོ་བཅུག་རོགས་གནང་། དེའི་རྐྱེན་གྱིས་ཁོ་ཁྱེད་ཀྱི་གསོལ་ཆིག་ལ་བཅར་མ་ཐུབ་པ་ཡིན་ནོ་ཞེས་ཞུས་སོ། 30ས་ཨུལ་གྱིས་ཡོ་ན་ཐན་ལ་ཤིན་ཏུ་ཁྲོས་ནས་སྨྲས་པ། ངོ་ལོག་པ་དང་དམ་ཚིག་མི་གཙང་བའི་བུད་མེད་ཀྱི་བུ་ཁྱོད། ཁྱོད་ཀྱིས་དཱ་བིད་ཀྱི་ཕྱོགས་གཏོགས་བྱས་ནས་ཁྱོད་རང་དང་ཁྱོད་ཀྱི་ཨ་མའི་ཞབས་འདྲེན་ཞུས་པ་དེ་ད་ངས་ཧ་གོ་སོང་། 31དཱ་བིད་གསོན་པོར་གནས་ཡུན་རིང་དུ་ཁྱོད་རང་ཡུལ་འདིའི་རྒྱལ་པོར་འཁོད་མ་ཐུབ་པ་དེ་ཁྱོད་ཀྱི་མི་ཤེས་སམ། ད་ཁྱོད་རང་ཕྱིན་ནས་ཁོ་འདིར་འཁྲིད་ཤོག ཁོ་ངེས་པར་དུ་གསོད་དགོས་ཅེས་སྨྲས་པ་དང་། 32ཡོ་ན་ཐན་གྱིས་ས་ཨུལ་ལ། ཁོ་ཅི་ཕྱིར་ཤི་དགོས་སམ། ཁོས་ག་རེ་བྱས་ཡོད་དམ་ཞེས་སྨྲས་པ་དང་། 33ས་ཨུལ་གྱིས་ཡོ་ན་ཐན་ལ་གསོད་ཕྱིར་ཁོའི་ཕྱོགས་སུ་རང་གི་མདུང་འཕངས་པས། རང་གི་ཡབ་ཀྱིས་དཱ་བིད་ལ་གསོད་རྒྱུའི་ཐག་བཅད་ཟིན་ཡོད་པ་དེ་ཡོ་ན་ཐན་གྱིས་ཤེས་སོ། 34དེ་ནས་ཡོ་ན་ཐན་ཤིན་ཏུ་ཁྲོས་ཏེ་འགྲོན་གྱི་ནང་ནས་ཡར་ལངས་ཤིང་། གནམ་གང་གི་དུས་སྟོན་གྱི་ཉིན་གཉིས་པར་ཁ་ཟས་གང་ཡང་མ་བཟས་སོ། གང་ལགས་ཟེར་ན། ས་ཨུལ་གྱིས་དཱ་བིད་ལ་དམའ་འབེབས་བྱས་པས། ཁོའི་སེམས་ནང་དཱ་བིད་ཀྱི་སྐོར་ལ་སེམས་འཁྲལ་ཆེན་པོ་བྱུང་ངོ་། 35སྔར་ཁ་ཆད་བྱས་པ་བཞིན། དེའི་སང་ཞོག་ཡོ་ན་ཐན་དཱ་བིད་དང་ཐུག་འཕྲད་བྱེད་ཕྱིར་གཞོན་ནུ་ཞིག་མཉམ་དུ་འཁྲིད་ནས་ཞིང་ཁར་ཕྱིན་ནོ། 36ཡང་ཁོས་གཞོན་ནུ་དེ་ལ་ངས་འཕེན་པའི་མདའ་དེ་ལེན་པར་རྒྱུགས་ཤིག་ཅེས་སྨྲས་པས། གཞོན་ནུ་དེ་རྒྱུགས་ཕྱིན་པ་དང་། ཡོ་ན་ཐན་གྱིས་ཁོ་ཡོད་ས་ལས་ཐག་རིང་བར་མདའ་ཞིག་འཕེན་ནོ། 37ཡོ་ན་ཐན་གྱི་མདའ་འཕེན་པའི་གནས་དེར་གཞོན་ནུ་དེ་སླེབས་པ་དང་། ཡོ་ན་ཐན་གྱིས་སྐད་ཤུགས་ཆེན་པོས་ཁོ་ལ། མདའ་དེ་ཁྱོད་ཡོད་ས་ལས་ཐག་རིང་བར་ཡོད། 38དེ་མུར་ལངས་ནས་མ་བསྡད་པར་མགྱོགས་པོར་རྒྱུགས་ཤིག་ཅེས་སྨྲས་པ་དང་། གཞོན་ནུས་མདའ་དེ་སྒྲུག་ནས་རང་གི་སྦྱིན་བདག་གི་རྩར་ལོག་ཡོང་ངོ་། 39གོང་གསལ་གནས་ཚུལ་དེའི་གསང་དོན་སྐོར་གཞོན་ནུ་དེས་གང་ཡང་མ་ཤེས་མོད། འོན་ཀྱང་ཡོ་ན་ཐན་དང་དཱ་བིད་གཅིག་པོས་གསང་དོན་དེ་ཤེས་ཀྱི་ཡོད་དོ། 40ཡོ་ན་ཐན་གྱིས་རང་གི་གོ་མཚོན་རྣམས་གཞོན་ནུ་དེ་ལ་སྤྲས་ནས། དེ་དག་གྲོང་ཁྱེར་དུ་སྐྱོལ་ཞིག་ཅེས་སྨྲས་པ་དང་། 41གཞོན་ནུ་དེ་ཕྱིན་པའི་རྗེས་སུ་དཱ་བིད་རྡོ་ཧྲུག་སྤུང་ཡོད་པའི་གནས་དེ་ནས་ཐོན་ཏེ། སྤུས་མོ་བཙུགས་ཤིང་ས་ཁར་སྒུར་ནས་ཕྱག་འབུལ་ཐེངས་གསུམ་ཞུས་སོ། ཡོ་ན་ཐན་དང་ཁོ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་ཁ་བསྐྱལ་ནས་ངུས་སོ། དཱ་བིད་ལ་ཡོ་ན་ཐན་ལས་ལྷག་པར་སྡུག་བསྔལ་ཆེན་པོ་བྱུང་ཡོད་དོ། 42ཡོ་ན་ཐན་གྱིས་དཱ་བིད་ལ། དཀོན་མཆོག་ཁྱོད་དང་མཉམ་དུ་འགྲོགས་པར་ཤོག ང་གཉིས་ཀྱིས་ཕན་ཚུན་བར་ལ་བཞག་པའི་དམ་བཅའ་དེ་བཞིན་ད་ལྟ་ང་གཉིས་དང་། མ་འོངས་པར་ང་ཚོའི་བུ་བརྒྱུད་རྣམས་ནས་ཀྱང་སྲུང་ཐུབ་པའི་ཕྱིར་གཙོ་བོ་དཀོན་མཆོག་གིས་ང་ཚོར་ངེས་པར་དུ་ནུས་པ་གནང་ཡོང་ཞེས་སྨྲས་སོ། དེ་ནས་དཱ་བིད་ཕྱིན་པ་དང་། ཡོ་ན་ཐན་ཡང་རང་གི་གྲོང་ཁྱེར་དུ་ཕྱིར་ལོག་བྱས་སོ༎

ཤ་མུ་ཨེལ་དང་པོ། 21

དཱ་བིད་ས་ཨུལ་གྱི་རྩ་ནས་བྲོས་པ།

1དཱ་བིད་གྲོང་ཁྱེར་ནོབ་ཏུ་བླ་མ་ཨ་ཧི་མེ་ལེག་གི་རྩར་ཕྱིན་པ་དང་། ཨ་ཧི་མེ་ལེག་ནི་ལུས་པོ་འདར་བཞིན་དཱ་བིད་ལ་ཐུག་འཕྲད་བྱེད་ཕྱིར་ཡོང་ནས་ཁོས། ཁྱེད་རང་གཅིག་པུར་འདིར་ཡོང་དགོས་དོན་གང་ཡིན་ནམ་ཞེས་དྲིས་པ་དང་། 2དཱ་བིད་ཀྱིས། ང་འདིར་རྒྱལ་པོའི་སྐུ་དོན་ཞིག་གི་ཕྱིར་ཡོང་བ་ཡིན། ཁོང་གིས་ང་འདིར་བཏང་གནང་བའི་གནད་དོན་དེ་སུ་ཞིག་ལའང་མ་ལབ་ཅེས་བཀའ་གནང་ཡོད་པ་དང་། ངས་རང་གི་མི་ཚོར་ས་ཆ་ཞིག་ཏུ་ཐུག་རྒྱུ་བྱས་ཡོད་པས། 3ད་ཁྱེད་དང་མཉམ་དུ་ག་རེ་ཡོད་དམ། ང་ལ་བག་ལེབ་ལྔའམ་ཡང་ན་ཁྱེད་ལ་གང་ཡོད་པ་དེ་ང་ལ་གནང་རོགས་གནང་ཞེས་སྨྲས་སོ། 4བླ་མས་ལན་དུ། བག་ལེབ་དམ་པ་དེ་མ་གཏོགས་བག་ལེབ་དཀྱུས་མ་ཞིག་ང་ལ་མེད། ཁྱོད་ཀྱི་མི་ཚོས་ཉེ་དུས་བུད་མེད་དང་ཆགས་སྤྱོད་བྱས་མེད་པ་ཡིན་ན་བག་ལེབ་དེ་ལས་འཁྱེར་ཆོག་པ་ཡིན་ཞེས་སྨྲས་སོ། 5དཱ་བིད་ཀྱིས་ལན་དུ། ཁོ་ཚོས་དེ་འདྲ་ཏན་ཏན་བྱས་མེད། ངའི་མི་ཚོས་ལས་དོན་དཀྱུས་མ་ཞིག་གི་ཆེད་དུ་ཕྱོགས་ཐོན་བྱེད་སྐབས་ཀྱང་། རང་ཉིད་ལ་སྲོལ་བཞིན་དག་འབྱངས་བྱས་ཏེ་གཙང་མར་གནས་ཀྱི་ཡོད་པ་ཡིན་པས། ད་ལན་ང་ཚོ་དམིགས་བསལ་གྱི་ལས་དོན་ཞིག་གི་ཆེད་དུ་ཡོང་བ་ཡིན་ན། དུས་རྒྱུན་ལས་ལྷག་པར་གཙང་བར་གནས་མི་དགོས་སམ་ཞེས་སྨྲས་པ་དང་། 6བླ་མས་དཱ་བིད་ལ་བག་ལེབ་དམ་པ་དེ་སྤྲད་དོ། གང་ལགས་ཟེར་ན། ཁོའི་རྩར་དཀོན་མཆོག་ལ་མཆོད་འབུལ་བྱས་པའི་བག་ལེབ་དེ་མ་གཏོགས་གཞན་ཞིག་མེད་དོ། དེ་ནི་དམ་པའི་གསོལ་ལྕོག་སྒང་དུ་བག་ལེབ་སོས་པ་ཞིག་བཞག་ནས་རྙིང་པ་མར་ཞུས་པའི་བག་ལེབ་དེ་ཁོ་ན་ཡོད་པ་ཡིན་ནོ། 7(ཉིན་དེར་ས་ཨུལ་གྱི་ཕྱུགས་རྫི་གཙོ་བོ་ཨེ་དྷོམ་པ་དྷོ་ཨེག་ཟེར་བ་དེའང་དེར་ཡོད་དོ། ཁོ་ནི་མཆོད་འབུལ་ཞིག་གིས་སྐོར་ལ་དེར་སླེབས་ཡོད་པ་ཡིན་ནོ།) 8དཱ་བིད་ཀྱིས་ཨ་ཧི་མེ་ལེག་ལ། ཁྱེད་ཀྱིས་ང་ལ་མདུང་ངམ་རལ་གྲི་ཞིག་གནང་རྒྱུ་མེད་དམ། རྒྱལ་པོའི་བཀའ་ཕེབས་མ་ཐག་ཏུ་ང་ཐོན་དགོས་བྱུང་བར་བརྟེན། ངས་གོ་མཚོན་སོགས་གང་ཡང་འཁྱེར་ལོང་མ་བྱུང་ཞེས་སྨྲས་པ་དང་། 9ཨ་ཧི་མེ་ལེག་གིས་ལན་དུ། སྔར་ཁྱོད་ཀྱིས་ཨེ་ལཱའི་ལུང་གཤོང་དུ་བསད་པའི་ཕེ་ལེ་ཤེད་པའི་གྷོ་ལི་ཡད་ཀྱི་རལ་གྲི་དེ་ཡོད། དེ་ནི་ཨེ་ཕོད་ཀྱི་རྒྱབ་ལ་རས་ཤིག་གིས་བཏུམ་ནས་བཞག་ཡོད། འདིར་མཚོན་ཆ་དེ་མ་གཏོགས་གཞན་མེད་པས། དེ་ཁྱོད་ལ་དགོས་ན་འཁྱེར་ཞིག་ཅེས་སྨྲས་པས། དཱ་བིད་ཀྱིས། རལ་གྲི་དེ་ལས་ཡག་པ་ཞིག་གང་དུའང་མེད་པས། དེ་ང་ལ་གནང་རོགས་གནང་ཞེས་སྨྲས་སོ། 10དེ་ནས་དཱ་བིད་ས་ཨུལ་གྱི་རྩ་ནས་བྲོས་ཏེ། གྷད་ཀྱི་རྒྱལ་པོ་ཨ་ཀིཤི་ཀྱི་རྩར་ཕྱིན་ནོ། 11རྒྱལ་པོའི་ལས་བྱེད་པ་ཚོས་ཨ་ཀིཤི་ལ། སྐྱེ་བོ་འདི་ནི་དཱ་བིད་ཟེར་བ་རང་གི་ཡུལ་གྱི་རྒྱལ་པོ་དེ་མ་ཡིན་ནམ། སྐྱེ་བོ་འདི་རང་གི་སྐོར་ལ་བུད་མེད་ཚོས་བྲོ་གར་འཁྲབ་དུས་གླུ་ཚིག་ནང་། ས་ཨུལ་གྱིས་སྟོང་ཕྲག་མང་པོ་བསད་མོད། འོན་ཀྱང་དཱ་བིད་ཀྱིས་ནི་ཁྲི་ཁྲག་མང་པོ་བསད་ཅེས་བརྗོད་དེ་གཞས་བཏང་བ་ཡིན་ནོ། 12ཁོ་ཚོའི་གཏམ་དེ་དཱ་བིད་ལ་སེམས་འགུལ་ཆེན་པོ་ཐེབས་ནས། ཁོ་རྒྱལ་པོ་ཨ་ཀིཤི་ལ་ཧ་ཅང་འཇིགས་སོ། 13ཁོ་ཚོ་ཉེ་འཁོར་དུ་ཡོད་སྐབས་དཱ་བིད་ཀྱིས་རང་ཉིད་སེམས་པ་ཐང་པོ་མེད་ཚུལ་སྟོན་པ་དང་། དེ་ཚོས་ཁོ་ལ་བཀག་འགོག་བྱེད་སྐབས་ཁོས་སྨྱོ་ཚུལ་བྱས་ཏེ། གྲོང་ཁྱེར་གྱི་རྒྱལ་སྒོར་གང་བྱུང་མང་བྱུང་བྲིས་ཤིང་། རང་གི་རྒྱ་དང་རྨ་ར་ནས་ཁ་ཆུ་འཛག་ཅིང་བསྡད་ཀྱི་ཡོད་དོ། 14དེར་བརྟེན་ཨ་ཀིཤི་ཀྱིས་རང་གི་ལས་བྱེད་པ་ཚོར་ལྟོས་དང་མི་འདི་ནི་སྨྱོན་པ་ཡིན་པས། ཁྱོད་ཚོས་ཅིའི་ཕྱིར་ཁོ་ངའི་རྩར་འཁྲིད་ཡོང་བ་ཡིན་ནམ། 15ང་ལ་མི་སྨྱོན་པ་ཉུང་ཞིང་དཀོན་པ་ཡིན་ནམ། ང་ལ་ཁོང་ཁྲོ་བླང་ཕྱིར་ང་རང་གི་ཁང་པའི་ནང་ད་དུང་སྨྱོན་པ་གཞན་ཞིག་འཁྲིད་ཡོང་དགོས་པ་དེ་གང་ཡིན་ནམ་ཞེས་སྨྲས་སོ༎

ཤ་མུ་ཨེལ་དང་པོ། 22

བླ་མ་རྣམས་སྡེབ་གསོད་གཏོང་བ།

1དཱ་བིད་གྷད་གྲོང་ཁྱེར་ནས་བྲོས་ཏེ་ཨ་དུལ་ལམ་ཞེས་པའི་གྲོང་གི་ཉེ་འགྲམ་དུ་བྲག་ཕུག་ཞིག་གི་ནང་དུ་ཕྱིན་པ་དང་། ཁོའི་སྤུན་རྣམས་དང་ནང་མི་གཞན་ཚོས་ཁོ་དེར་ཡོད་པ་ཐོས་ནས། དེ་ཚོའང་ཁོའི་རྩར་ཕྱིན་ཏེ། ཕྱོགས་སྒྲིལ་བྱས་སོ། 2དེ་བཞིན་མནར་གཅོད་ནང་དུ་ཚུད་པ་དང་བུ་ལོན་ཟུག་པ་རྣམས་དང་བློ་ཁ་མ་ཚིམས་པའི་མི་རྣམས་ཁོའི་རྩར་ཕྱིན་པས། ཁོ་ཚོ་ཁྱོན་བསྡོམས་པས་མི་གྲངས་ ༤༠༠ ཙམ་འཛོམས་པ་དང་། ཁོ་ནི་དེ་ཚོའི་འགོ་དཔོན་དུ་འགྱུར་རོ། 3དེ་ནས་དཱ་བིད་མོ་ཨབ་ཡུལ་གྱི་ས་གནས་མིཛ་པཱ་ཞེས་པར་ཕྱིན་ནས་མོ་ཨབ་ཀྱི་རྒྱལ་པོ་ལ། དཀོན་མཆོག་གིས་ངའི་དོན་དུ་ག་རེ་གནང་རྒྱུ་ཡིན་པ་དེ་ངས་མ་ཤེས་བར་དུ། ངའི་ཕ་མ་གཉིས་འདིར་སྡོད་བཅུག་རོགས་གནང་ཞེས་ཞུས་སོ། 4རང་གི་ཕ་མ་གཉིས་མོ་ཨབ་ཀྱི་རྒྱལ་པོའི་རྩར་བཞག་གོ དཱ་བིད་བྲག་ཕུག་ནང་གབ་ནས་སྡོད་ཡུན་རིང་དུ་ཁོ་ཚོ་དེར་གནས་སྡོད་བྱས་སོ། 5དེ་ནས་ལུང་སྟོན་པ་གྷཌ་ནི་དཱ་བིད་ཀྱི་རྩར་སླེབས་ནས། ཁྱོད་འདིར་མ་སྡོད་པར་ཡ་ཧུ་དཱའི་ཡུལ་དུ་ལམ་སང་འགྲོ་དགོས་ཤེས་སྨྲས་པ་དང་། དཱ་བིད་དེ་ནས་ཐོན་ཏེ་ཧེ་རེད་ཀྱི་ཤིང་ནགས་ཀྱི་ཁུལ་དུ་ཕྱིན་ནོ། 6ཉིན་ཅིག་ས་ཨུལ་གྷི་བི་ཨཱ་རུ་རི་ཞིག་གི་སྟེང་དུ་ཡོད་པའི་འོམ་བུའི་ཤིང་ཞིག་གི་འོག་ཏུ་ལག་པར་རང་གི་མདུང་འཁྱེར་ནས་བསྡད་ཡོད་པ་དང་། ལས་སྣེ་པ་རྣམས་ཁོའི་འཐའ་འཁོར་དུ་ལངས་ནས་བསྡད་ཡོད་པའི་སྐབས་སུ་དཱ་བིད་དང་ཁོའི་མི་རྣམས་རྙེད་པའི་སྐོར་ཞུས་སོ། 7དེ་ནས་ཁོས་རང་གི་ལས་བྱེད་པ་རྣམས་ལ། ཀྱེ་བྷེན་ཡ་མིན་གྱི་མི་རྣམས་ཉོན་ཞིག། ཁྱོད་ཚོའི་སེམས་ལ་དཱ་བིད་ཀྱིས་ཁྱོད་ཚོ་ཚང་མར་ཞིང་དང་རྒུན་ཚལ་སོགས་སྤྲད་དེ་ཁྱོད་ཚོ་དམག་དཔོན་དུ་བསྐོ་གཞག་བྱེད་ཡོང་ཞེས་བསམ་གྱི་འདུག་གམ། 8དེར་བརྟེན་པས་ཁྱོད་ཚོས་ང་ལ་བྱུས་ངན་བརྩོམས་ཀྱི་ཡོད་དམ། ངའི་བུས་དཱ་བིད་མཉམ་དུ་ལག་འབྲེལ་བྱས་པའི་སྐོར་ཁྱོད་ཚོ་སུས་ཀྱང་ང་ལ་ལབ་མ་བྱུང་ཁྱོད་ཚོའི་ནང་ནས་སུས་ཀྱང་ང་ལ་ཞེན་སེམས་མི་བྱེད་དོ། སོ་སོའི་མི་ཁོངས་ནས་ཡིན་པའི་དཱ་བིད་ཀྱིས་ད་ལྟ་ང་གསོད་རྒྱུའི་གོ་སྐབས་འཚོལ་བཞིན་ཡོད་པ་དང་། ངའི་བུས་ཁོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་སུས་ཀྱང་ང་ལ་དེའི་སྐོར་ལབ་མ་བྱུང་ཞེས་སྨྲས་སོ། 9ས་ཨུལ་གྱི་དཔོན་རིགས་རྣམས་དང་མཉམ་དུ་དེར་ལངས་ནས་བསྡད་ཡོད་པའི་དྷོ་ཨེག་གིས། ངས་དཱ་བིད་ལ་ས་གནས་ནོབ་ཏུ་ཨ་ཧི་ཏུབ་ཀྱི་བུ་ཨ་ཧི་མེ་ལེག་གི་རྩར་འགྲོ་གིན་ཡོད་པ་མཐོང་བྱུང་། 10ཨ་ཧི་མེ་ལེག་གིས་གཙོ་བོ་དཀོན་མཆོག་ལ་དཱ་བིད་ཀྱིས་ག་རེ་བྱེད་དགོས་སྐོར་བཀའ་འདྲི་ཞུས་ཏེ། ཁོ་ལ་ཁ་ཟས་ཕྲན་བུ་ཞིག་དང་ཕ་ལེ་ཤེད་པ་གྷོ་ལི་ཡད་ཀྱི་རལ་གྲི་དེ་སྤྲད་སོང་ཞེས་སྨྲས་སོ། 11དེ་ནས་རྒྱལ་པོ་ས་ཨུལ་གྱིས་བླ་མ་ཨ་ཧི་མེ་ལེག་དང་ནོབ་ཏུ་བླ་མ་བྱེད་བཞིན་པའི་ཁོའི་གཉེན་མཚན་ཚང་མ་འབོད་དུ་བཏང་བས། དེ་ཚོ་ཁོའི་རྩར་ཕྱིན་ནོ། 12ས་ཨུལ་གྱིས་ཨ་ཧི་མེ་ལེག་ལ། ཀྱེ་ཨ་ཧི་མེ་ལེག་ཚུར་ཉོན་ཞིག་ཅེས་སྨྲས་པས། ཁོས་ང་ཁྱེད་ཀྱི་ཞབས་ཞུར་ཡོད་ཅེས་སྨྲས་སོ། 13ས་ཨུལ་གྱིས་ཁོ་ལ། ཁྱོད་དང་དཱ་བིད་གཉིས་ཀྱིས་ང་ལ་བྱུས་ངན་བརྩམ་དགོས་པ་དེ་གང་ཡིན་ནམ། ཁྱོད་ཀྱིས་ཁོ་ལ་ཁ་ཟས་དང་རལ་གྲི་སྤྲད་པ་དང་། ཁོའི་དོན་དུ་དཀོན་མཆོག་ལ་བཀའ་གྲོས་ཞུ་དགོས་པ་དེ་གང་ཡིན་ནམ། ད་ཆ་ཁོས་ང་དང་རྒྱབ་འགལ་བྱས་ནས་ང་གསོད་རྒྱུའི་གོ་སྐབས་འཚོལ་བཞིན་ཡོད་ཅེས་སྨྲས་སོ། 14དེའི་ལན་དུ་ཨ་ཧི་མེ་ལེག་གིས། དཱ་བིད་ནི་སྐུ་ཉིད་ཀྱི་ལས་དཔོན་རྣམས་ཀྱི་ཁོངས་ནས་ཀུན་ལས་ཐུགས་བློས་འཁེལ་བ་ཞིག་ཡིན་པ་དང་། ཁོང་ནི་ཁྱེད་ཀྱི་མག་པ་དང་། སྐུ་སྲུང་སྡེ་ཚོགས་ཀྱི་དམག་དཔོན་ཞིག་ཡིན་པ་དང་། ཕོ་བྲང་གི་བློན་ཚོགས་ཚང་མས་ཁོང་ལ་བརྩི་གུས་ཆེན་པོ་ཞུ་གི་ཡོད་དོ། 15ངས་ཁོའི་དོན་དུ་དཀོན་མཆོག་ལ་བཀའ་གྲོས་ངེས་པར་ཞུས་པ་ཡིན། དེ་བཞིན་བཀའ་གྲོས་ཞུས་པ་དེ་ནི་ད་རེ་ལན་ཐེངས་དང་པོ་མ་ཡིན་མོད། ཁྱེད་ལ་བྱུས་ངན་བརྩོམ་བཞག་གསུངས་པའི་སྐོར་ལ་ཡིན་ན། མི་དབང་ཆེན་པོས་ང་དང་ངའི་ནང་མི་སུ་ལའང་སྐྱོན་བརྗོད་མ་གནང་རོགས་གནང་། དོན་གནད་དེའི་སྐོར་ངས་གང་ཡང་ཤེས་ཀྱི་མེད་ཅེས་ཞུས་པས། 16རྒྱལ་པོས། ཨ་ཧི་མེ་ལེག་ཁྱོད་དང་ཁྱོད་ཀྱི་གཉེན་མཚན་ཚང་མ་ངེས་པར་དུ་འཆི་དགོས་ཅེས་སྨྲས་ནས། 17རང་གི་འགྲམ་དུ་ཡོད་པའི་སྐུ་སྲུང་བ་རྣམས་ལ། གཙོ་བོ་དཀོན་མཆོག་གི་བླ་མ་རྣམས་གསོད་ཅིག གང་ལགས་ཟེར་ན། དེ་ཚོས་དཱ་བིད་དང་ངན་པ་ལག་འབྲེལ་གྱིས་བྱུས་ངན་བརྩོམ་སྟེ། ཁོ་བྲོས་ཕྱིན་པའི་སྐོར་དེ་ཚོས་ཤེས་བཞིན་དུ་ང་ལ་ལབ་མ་བྱུང་ཞེས་བརྗོད་མོད། འོན་ཀྱང་སྐུ་སྲུང་པ་ཚོས་གཙོ་བོ་དཀོན་མཆོག་གི་བླ་མ་རྣམས་གསོད་རྒྱུར་ལག་པ་མ་བརྐྱངས་སོ། 18དེ་བས་ན་རྒྱལ་པོས་དྷོ་ཨེག་ལ་ཁོ་ཚོ་གསོད་ཅིག་སྨྲས་པ་དང་། དྷོ་ཨེག་གིས་དེ་ཚོ་ཚང་མ་བསད་དོ། དེ་ཉིན་ཁོས་ཨེ་ཕོད་འཁྱེར་འོས་པའི་བླ་མ་བརྒྱད་ཅུ་གྱ་ལྔ་བསད་དོ། 19ས་ཨུལ་གྱིས་བླ་མའི་གྲོང་ཁྱེར་ནོབ་ཀྱི་ཡུལ་མི་སྐྱེ་ཕོ་མོ་ཚང་མ་དང་། ཕྲུ་གུ་ཆེ་ཆུང་ཀུན་དང་ཕྱུགས་ཟོག་བོང་བུ་ར་ལུག་དང་བཅས་པ་ཚང་མ་གསོད་དགོས་པའི་བཀའ་བསྒོས་བྱས་པ་བཞིན་དེ་དག་ཡོངས་སུ་སྡེབ་གསོད་བཏང་ངོ་། 20འོན་ཀྱང་ཨ་ཧི་མེ་ལེག་གི་བུའི་ཁོངས་ནས་ཨ་བྷི་ཡ་ཐར་ཞེས་པ་དེ་བྲོས་ཐར་ཏེ་དཱ་བིད་ཀྱི་ཁོངས་གཏོགས་སུ་ཕྱིན་ནོ། 21དེ་ནས་ཁོས་དཱ་བིད་ལ། ས་ཨུལ་གྱིས་གཙོ་བོ་དཀོན་མཆོག་གི་བླ་མ་རྣམས་ཇི་ལྟར་བསད་པའི་སྐོར་བཤད་པས། 22དཱ་བིད་ཀྱིས་ཁོ་ལ། དེ་ཉིན་དྷོ་ཨེག་དེར་ཡོད་པ་མཐོང་མ་ཐག་ཏུ་ངའི་སེམས་ལ། ཁོའི་གཏམ་དེ་ས་ཨུལ་ལ་ངེས་པར་ལབ་ཀྱི་རེད་ཅེས་ངས་ཤེས་བྱུང་བས། ཁྱོད་ཀྱི་གཉེན་མཚན་ཚང་མ་འཆི་དགོས་པའི་རྐྱེན་དེ་ང་རང་ཡིན། 23དེ་བས་ན་ཁྱོད་ང་དང་མཉམ་དུ་གནས་པར་བྱོས་ཤིག ཁྱོད་རང་འཇིགས་མི་དགོས། ས་ཨུལ་གྱིས་ང་ཚོ་གཉིས་ཀར་གསོད་འདོད་བྱེད་ནའང་ཁྱོད་རང་ང་དང་མཉམ་དུ་བསྡད་པ་ཡིན་ན། ཁྱོད་ལ་ཉེན་ཁ་གང་ཡང་བྱུང་མི་ཡོང་ཞེས་སྨྲས་སོ༎

ཤ་མུ་ཨེལ་དང་པོ། 23

དཱ་བིད་ཀྱིས་གྲོང་ཁྱེར་ཀི་ལཱ་སྐྱབས་པ།

1ཕེ་ལེ་ཤེད་པ་ཚོས་ཀི་ལཱའི་གྲོང་ཁྱེར་ལ་འཐབ་རྒོལ་བྱས་ཤིང་། གསར་དུ་རྔས་པའི་སྟོན་ཐོག་རྣམས་འཕྲོག་བཅོམ་བྱེད་བཞིན་ཡོད་པའི་སྐོར་དཱ་བིད་ཀྱིས་ཐོས་སོ། 2དེར་བརྟེན་གཙོ་བོ་དཀོན་མཆོག་ལ། ངས་ཕེ་ལེ་ཤེད་པ་ཚོར་ཕར་རྒོལ་བྱས་པར་འགྲོ་ཆོག་གམ་ཞེས་བཀའ་འདྲི་ཞུས་པའི་ལན་དུ། གཙོ་བོ་དཀོན་མཆོག་གིས། ཁྱོད་ཀྱིས་དེ་ཚོ་ཕར་རྒོལ་བྱས་ཏེ་ཀི་ལཱའི་གྲོང་ཁྱེར་དེ་སྐྱབས་པར་བྱོས་ཤིག་ཅེས་གསུངས་སོ། 3འོན་ཀྱང་དཱ་བིད་ཀྱི་མི་ཚོས་ཁོ་ལ། ང་ཚོ་འདིར་ཡ་ཧུ་དཱ་རང་དུ་འཇིགས་ནས་སྡོད་དགོས་ཀྱི་འདུག་པས། དེའི་ཁར་ང་ཚོ་ཀི་ལཱར་ཕྱིན་ནས་ཕེ་ལེ་ཤེད་པའི་དམག་དཔུང་ལ་ཕར་རྒོལ་བྱེད་དགོས་བྱུང་ན། ང་ཚོས་གནས་སྟངས་དེ་སྔར་ལས་སྡུག་ཏུ་འགྲོ་གི་རེད་ཅེས་སྨྲས་སོ། 4དེ་ནས་དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་ལ་ཡང་སྐྱར་བཀའ་འདྲི་ཞུས་པ་དང་། གཙོ་བོ་དཀོན་མཆོག་གིས་ཁོ་ལ། ཀི་ལཱར་འཐབ་རྒོལ་བྱེད་ཕྱིར་སོང་ཞིག་དང་། ངས་ཁྱོད་ལ་ཕེ་ལེ་ཤེད་པའི་ཐོག་ཏུ་རྒྱལ་ཁ་སྤྲོད་རྒྱུ་ཡིན་ཞེས་གསུངས་པ་བཞིན། 5དཱ་བིད་དང་ཁོའི་མི་ཚོས་ཀི་ལཱ་རུ་ཕྱིན་ནས་ཕེ་ལེ་ཤེད་པ་རྣམས་དང་ཕར་རྒོལ་བྱས་ཏེ་མི་ཚོགས་མང་པོ་བསད་ཅིང་། དེ་ཚོའི་ཕྱུགས་ཟོག་ཀྱང་འཕྲོག་གོ། དེ་བཞིན་དཱ་བིད་ཀྱིས་གྲོང་ཁྱེར་དེ་སྐྱབས་སོ། 6སྐབས་དེར་ཨ་ཧི་མེ་ལེག་གི་བུ་ཨ་བྷི་ཡ་ཐར་བྲོས་ནས་ཀི་ལཱ་རུ་དཱ་བིད་ཀྱི་ཁོངས་སུ་འགྲོ་སྐབས། ཁོས་རང་དང་མཉམ་དུ་ཨེ་ཕོད་ཀྱང་འཁྱེར་ནས་ཕྱིན་ནོ། 7དེ་ནས་དཱ་བིད་ཀི་ལཱར་ཕྱིན་པའི་སྐོར་ས་ཨུལ་ལ་སྨྲས་པས། ཁོས་བརྫོད་གསལ། ད་དཀོན་མཆོག་གིས་ཁོ་ངའི་དབང་འོག་ཏུ་གནང་བཞག། དཱ་བིད་ནི་ལྕགས་རིས་ལྡན་པའི་གྲོང་ཁྱེར་དང་། སྲུང་ཆ་བརྟན་པོར་བྱས་པའི་རྒྱལ་སྒོའི་ནང་ཕྱིན་ནས་རང་ཉིད་རྙི་ཐག་ནང་ཚུད་པ་ལྟ་བུ་ཞིག་བྱུང་བཞག། 8དེ་བས་ན། ས་ཨུལ་གྱིས་རང་གི་དམག་མི་རྣམས་བཀོང་སྟེ། དཱ་བིད་དང་ཁོའི་མི་རྣམས་འཛིན་བཟུང་བྱེད་ཕྱིར་ཀི་ལཱ་རུ་བཏང་ངོ་། 9ས་ཨུལ་གྱིས་དཱ་བིད་ལ་འཐབ་རྒོལ་བྱེད་རྩིས་བྱས་པའི་སྐོར་དཱ་བིད་ཀྱིས་ཤེས་མ་ཐག་ཁོས་བླ་མ་ཨ་བྷི་ཡ་ཐར་ལ་ཨེ་ཕོད་འདིར་འཁྱེར་ཤོག་ཅེས་སྨྲས་སོ། 10དེ་ནས་ཡང་དཱ་བིད་ཀྱིས། ཀྱེ་ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག། ས་ཨུལ་ཀི་ལཱར་ཡོང་ནས་ང་ཁྱེད་ཀྱི་ཞབས་ཏོག་པའི་རྐྱེན་གྱིས་གྲོང་ཁྱེར་འདི་མེད་པར་བཟོ་རྒྱུའི་འཆར་གཞི་གཏིང་ཡོད་པའི་སྐོར་ལ་ངས་གོ་ཐོས་བྱུང་བས། 11ད་ཀི་ལཱའི་ཡུལ་མི་རྣམས་ཀྱིས་ང་ས་ཨུལ་གྱི་ལག་ཏུ་རྩིས་སྤྲོད་བྱེད་དམ། ངས་ཐོས་པ་བཞིན་ས་ཨུལ་དོན་དམ་དུ་འདིར་ཡོང་རྒྱུ་ཡིན་ནམ། ཀྱེ་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ཁྱེད་ཀྱིས་ང་ལ་བཀའ་གསལ་ངེས་པར་གནང་རོགས་གནང་ཞེས་ཞུས་པ་དང་། གཙོ་བོ་དཀོན་མཆོག་གིས་བཀའ་ལན་དུ། ས་ཨུལ་ཡོང་གི་རེད་ཅེས་བཀའ་གནང་བས། 12སླར་ཡང་དཱ་བིད་ཀྱིས། ཀི་ལཱའི་ཡུལ་མི་ཚོས་ང་དང་ངའི་མི་རྣམས་ས་ཨུལ་གྱི་ལག་ཏུ་རྩིས་སྤྲོད་བྱེད་དམ་ཞེས་བཀའ་འདྲི་ཞུས་པ་དང་། དེར་གཙོ་བོ་དཀོན་མཆོག་གིས་དེ་ཚོས་རྩིས་སྤྲོད་བྱེད་པར་འགྱུར་ཞེས་བཀའ་ལན་གནང་ངོ་། 13དེ་ནས་དཱ་བིད་དང་ཁོའི་ཁོངས་ཀྱི་མི་གྲངས་ ༦༠༠ ཙམ་ཡོད་པ་རྣམས་དེ་མ་ཐག་ཏུ་གྲོང་ཁྱེར་ཀི་ལ་སྤངས་ཏེ་བྲོས་ཕྱིན་ནོ། དེ་རྗེས་ཤ་ཨུལ་གྱིས་དཱ་བིད་ཀི་ལ་ནས་བྲོས་ཟིན་པའི་སྐོར་ཐོས་ནས་རང་གི་འཆར་གཞི་དེ་ངང་འཐེན་བྱས་སོ༎

དཱ་བིད་རི་བརྒྱུད་ཁག་ཏུ་གནས་པ།

14དེ་ནས་དཱ་བིད་ཛིཕ་ཀྱི་ཉེ་འགྲམ་དུ་ཡོད་པའི་འབྲོག་སྟོང་ཁུལ་གྱི་རི་བརྒྱུད་དུ་གབ་ནས་བསྡད་པ་དང་། ས་ཨུལ་གྱིས་དཱ་བིད་ལ་མུ་མཐུད་ཀྱིས་འཚོལ་ཐབས་བྱས་མོད། འོན་ཀྱང་དཀོན་མཆོག་གིས་དཱ་བིད་ཁོའི་ལག་ཏུ་རྩིས་སྤྲོད་མ་གནང་ངོ་། 15ས་ཨུལ་གྱིས་དཱ་བིད་ལ་གསོད་རྒྱུ་ཉག་ཅིག་ཡིན་པ་དེ་དཱ་བིད་ཀྱིས་ཤེས་སོ། སྐབས་དེར་དཱ་བིད་ནི་ཛིཕ་ཀྱི་ཉེ་འགྲམ་གྱི་འབྲོག་སྟོང་དུ་ཡོད་པའི་ས་གནས་ཧོ་རེཤེ་ཞེས་པར་ཡོད་པ་དང་། 16ཡོ་ན་ཐན་ཁོའི་རྩར་ཕྱིན་ནས་ཁོ་ལ་དཀོན་མཆོག་གི་སྲུང་སྐྱོབ་གནང་རྒྱུའི་ཞལ་བཞེས་ཁག་གི་སྐོར་བཤད་དེ་ཁོ་ལ་སེམས་ཤུགས་སྦྱིན་ཏེ་སྨྲས་པ། 17མ་འཇིགས་ཤིག། ངའི་ཡབ་ས་ཨུལ་གྱིས་ཁྱོད་ལ་གནོད་འཚེ་གང་ཡང་བྱེད་མི་ཐུབ། ཁྱེད་རང་ཨིསི་རཱཨེལ་གྱི་རྒྱལ་པོར་འཁོད་རྒྱུ་ཡིན་པ་དང་། ང་ནི་ཁྱེད་ཀྱི་འོག་ཏུ་གོ་གནས་གཉིས་པར་འཁོད་རྒྱུ་ཡིན་པ་དེ་ཁོང་གིས་གསལ་པོར་མཁྱེན་གྱི་ཡོད། 18ཁོ་གཉིས་ཀྱི་བར་ལ་ཕན་ཚུན་མཐུན་འབྲེལ་དམ་གཙང་གི་དམ་བཅའ་ཞིག་བཞག་ནས། དཱ་བིད་ཧོ་རེཤེ་ལ་བསྡད་པ་དང་། དེ་བཞིན་ཡོ་ན་ཐན་རང་ཁྱིམ་དུ་ལོག་གོ། 19དེ་ནས་མི་འགའ་ཤས་ཛིཕ་ནས་གྲོང་ཁྱེར་གྷི་བི་ཨཱ་རུ་ས་ཨུལ་གྱི་རྩར་ཕྱིན་ཏེ། དཱ་བིད་ནི་ཡ་ཧུ་དཱའི་ལྷོ་ཕྱོགས་ཀྱི་འབྲོག་སྟོང་དུ་རི་བོ་ཧ་ཀི་ལཱའི་སྒང་དུ་ཡོད་པའི་ང་ཚོའི་ས་ཁུལ་ཧོ་རེཤེ་ཞེས་པར་གབ་ནས་བསྡད་ཡོད་པས། 20མི་དབང་ཁྱེད་ཀྱིས་ཁོ་ལ་ཇི་ལྟར་འཛིན་བཟུང་གནང་རྒྱུའི་ཐུགས་འདོད་ཡོད་པ་དེ་ང་ཚོས་ཤེས་ཀྱི་ཡོད། དེ་བས་ན་ཁྱེད་རང་ང་ཚོའི་ས་ཁུལ་དུ་ཕེབས་རོགས་གནང་། ང་ཚོས་ཁོ་བཟུང་ནས་ཁྱེད་ཀྱི་ཕྱག་ལ་ངེས་པར་བརྩི་འབུལ་ཞུ་གི་ཡིན་ཞེས་ཞུས་པ་དང་། 21དེའི་ལན་དུ་ས་ཨུལ་གྱིས། ཁྱོད་ཚོས་ང་ལ་ཧ་ཅང་བརྩེ་སེམས་བྱས་ཀྱི་ཡོད་པས། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་བྱིན་རླབས་གནང་བར་ཤོག 22ད་སོང་ལ་ཁྱོད་ཚོས་ད་དུང་ཏན་ཏན་བྱས་ནས་ཁོ་ག་པར་བསྡད་ཀྱི་ཡོད་པ་དང་། དེར་སུས་ཁོ་ལ་མཐོང་བའི་སྐོར་འདྲི་རྩད་ཞིབ་པར་བྱོས་ཤིག ཁོ་ནི་ཧ་ཅང་གཡོ་སྒྱུ་ཅན་ཞིག་ཡིན་པའི་སྐོར་ངས་ཐོས་བྱུང་། 23ཁོ་ག་པར་གབ་ནས་བསྡད་ཀྱི་ཡོད་པ་དེ་ཏན་ཏན་འཚོལ་ནས། དེའི་སྐོར་ང་ལ་ཐད་ཀར་ལན་གཏོང་རྒྱུ་ཡོད་པ་བྱོས་ཤིག དེ་རྗེས་ང་ཁྱོད་ཚོ་དང་མཉམ་དུ་ཕྱིན་ནས། གལ་སྲིད་ཁོ་ས་ཁུལ་དེ་གར་ཡོད་པ་ཡིན་ན། ངས་ཡ་ཧུ་དཱའི་གནས་ཚང་མར་འཚོལ་དགོས་བྱུང་ནའང་། ངས་ཁོ་འཚོལ་ཏེ་རྙེད་པར་བྱེད་རྒྱུ་ཡིན་ཞེས་སྨྲས་སོ། 24དེར་བརྟེན་ཁོ་ཚོ་ཐོན་ཏེ་ས་ཨུལ་གྱི་སྔོན་དུ་ཛིཕ་ལ་ཕྱིར་ལོག་གོ དཱ་བིད་དང་ཁོའི་མི་རྣམས་ནི་ཡ་ཧུ་དཱའི་འབྲོག་སྟོང་གི་ལྷོ་ཕྱོགས་ཁུལ་དུ་ཡོད་པའི་མི་མེད་ལུང་གཤོང་ནང་མ་ཨོན་ཞེས་པའི་འབྲོག་སྟོང་ནང་དུ་བསྡད་དོ། 25ས་ཨུལ་དང་ཁོའི་མི་རྣམས་དཱ་བིད་འཚོལ་དུ་ཕྱིན་ནོ། འོན་ཀྱང་ཁོས་དེའི་སྐོར་ཤེས་ནས་མ་ཨོན་འབྲོག་སྟོང་དུ་ཡོད་པའི་བྲག་རི་ཞིག་གི་སྟེང་དུ་ཕྱིན་ཏེ་དེར་གནས་སོ། ས་ཨུལ་གྱིས་དེའི་སྐོར་ལ་ཐོས་མ་ཐག་ཏུ་དཱ་བིད་ལ་རྗེས་དེད་བྱས་ཏེ་ཕྱིན་ནོ། 26ས་ཨུལ་དང་ཁོའི་མི་རྣམས་རི་བོའི་ཕྱོགས་གཅིག་ཏུ་ཡོད་ཅིང་། དེ་བཞིན་དཱ་བིད་དང་ཁོའི་མི་རྣམས་རི་བོའི་ཕྱོགས་གཞན་དུ་ཡོད་དོ། ས་ཨུལ་དང་ཁོའི་མི་ཚོས་རྗེས་དེད་བྱས་ཏེ་འཛིན་བཟུང་བྱེད་གྲབ་ཡོད་པས། ཁོ་ཚོ་དེ་ནས་མྱུར་དུ་བྲོས་ཐབས་བྱས་སོ། 27སྐབས་དེར་བང་ཆེན་ཞིག་སླེབས་ནས་ས་ཨུལ་ལ། ཕེ་ལེ་ཤེད་པ་ཚོས་ང་ཚོའི་ཡུལ་དུ་བཙན་འཛུལ་བྱེད་ཀྱི་འདུག་པས། ཁྱེད་རང་འཕྲལ་དུ་ཕྱིར་ཕེབས་གནང་རོགས་གནང་ཞེས་སྨྲས་སོ། 28དེ་བས་ན་ས་ཨུལ་གྱིས་དཱ་བིད་ལ་རྗེས་དེད་བྱེད་རྒྱུ་དེ་མཚམས་འཇོགས་བྱས་ཏེ་ཕེ་ལེ་ཤེད་པ་ཚོར་དམག་འཐབ་བྱེད་ཕྱིར་ཕྱིན་པས། ས་གནས་དེའི་མིང་ལ་ཁ་བྲལ་རི་བོ་ཞེས་གྲགས་སོ། 29དེ་རྗེས་དཱ་བིད་ས་གནས་དེ་ནས་ཐོན་ཏེ། ཨེན་གྷེ་ཌིི་ཞེས་པའི་ས་ཁུལ་ཁག་ཏུ་ཕྱིན་ནས་དེར་གབ་ནས་བསྡད་དོ༎

ཤ་མུ་ཨེལ་དང་པོ། 24

དཱ་བིད་ཀྱིས་ས་ཨུལ་ཚེ་ཐར་བཏང་བ།

1ས་ཨུལ་ནི་ཕེ་ལེ་ཤེད་པ་རྣམས་དང་དམག་འཐབ་ནས་ཕྱིར་ལོག་ཡོང་བ་དང་། དཱ་བིད་ནི་ས་གནས་ཨེན་གྷེ་ཌིའི་ཉེ་འགྲམ་གྱི་འབྲོག་སྟོང་དུ་ཡོད་པའི་སྐོར་ཐོས་སོ། 2ས་ཨུལ་གྱིས་ཨིསི་རཱཨེལ་གྱི་དམག་མི་ལེགས་ཤོས་ ༣,༠༠༠ འཁྲིད་ནས་དཱ་བིད་དང་ཁོའི་མི་རྣམས་འཚོལ་ཕྱིར་ར་རྒོད་བྲག་རིའི་ཤར་ཕྱོགས་སུ་ཕྱིན་པ་དང་། 3ས་ཨུལ་ལམ་གྱི་ཟུར་དུ་ཡོད་པའི་ལུག་རའི་ཉེ་འགྲམ་གྱི་བྲག་ཕུག་ཞིག་གི་ནང་དུ་གསང་སྤྱོད་བྱེད་ཕྱིར་སོང་སོ། དཱ་བིད་དང་ཁོའི་མི་རྣམས་ཀྱང་བྲག་ཕུག་དེ་གའི་ནང་ལོགས་སུ་གབ་ནས་བསྡད་ཡོད་དོ། 4དེ་ཚོས་དཱ་བིད་ལ། ད་ལན་ཁྱེད་རང་ལ་གོ་སྐབས་ཡག་པོ་ཞིག་རྙེད་བཞག། ཁྱེད་ལ་གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་དགྲ་བོ་དེ་ཉིད་ཀྱི་དབང་འོག་ཏུ་གནང་གི་ཡིན་ཞེས་གསུངས་ཡོད་པ་ཡིན་ནོ། ད་ཁོ་ལ་ཉིད་ཀྱི་ཐུགས་འདོད་བཞིན་དུ་གནང་ཆོག་པ་ཡིན་ནོ་ ཞེས་ཞུས་པ་དང་། དཱ་བིད་རྒྱབ་སྒུར་ནས་ཕྱིན་ཏེ། ས་ཨུལ་གྱིས་མ་ཤེས་པར་ཁོའི་གོས་ཀྱི་སྣེ་མོ་ཞིག་བྲེག་མོད། 5འོན་ཀྱང་སྐབས་དེར་དཱ་བིད་ཀྱིས་སེམས་མ་སྐྱིད་པར་བྱུང་སྟེ། 6ཁོས་རང་གི་མི་རྣམས་ལ། ས་ཨུལ་ནི་དཀོན་མཆོག་གིས་རྒྱལ་པོར་བསྐོས་གནང་མཛད་པ་ཡིན་པ་དང་། ཁོང་ནི་ངའི་སྦྱིན་བདག་ཀྱང་ཡིན་པས། ངས་ཁོང་ལ་གནོད་འཚེ་བྱེད་པ་ལས་གཙོ་བོ་དཀོན་མཆོག་གིས་ང་ལ་སྐྱོབ་པར་ཤོག ཁོང་ནི་གཙོ་བོ་དཀོན་མཆོག་གིས་འདེམས་བསྐོས་གནང་བའི་རྒྱལ་པོ་ཡིན་པས། ངས་ཁོང་ལ་རྩ་བ་ནས་གནོད་འཚེ་བྱེད་མི་རུང་ཞེས་བརྗོད་དོ། 7དེར་བརྟེན་རང་གི་མི་རྣམས་ཀྱིས་ས་ཨུལ་ལ་འཐབ་རྒོལ་མི་བྱེད་པའི་སློབ་གསོ་བྱས་པ་དང་། ས་ཨུལ་ཡར་ལངས་ནས་བྲག་ཕུག་ནས་ཐོན་ཏེ་རང་གི་ལམ་དུ་ཕྱིན་ནོ། 8དེ་ནས་དཱ་བིད་ཀྱང་ཁོའི་རྗེས་སུ་ཕྱིན་ནས། ཀྱེ་མི་དབང་ཆེན་པོ་ཞེས་སྐད་འབོད་བྱས་པས། ས་ཨུལ་གྱིས་རྒྱབ་འགྱུར་ནས་བལྟས་པས། དཱ་བིད་ཀྱིས་གུས་ཞབས་ཆེན་པོས་ས་ལ་མགོ་སྒུར་ཞིང་སྨྲས་པ། 9ངས་ཁྱེད་ལ་གནོད་འཚེ་བྱེད་ཀྱི་འདུག་ཅེས་ཟེར་མཁན་མི་ཚོའི་གཏམ་ལ་ཅིའི་ཕྱིར་གསན་ནམ། 10གཙོ་བོ་དཀོན་མཆོག་གིས་ཁྱེད་ནི་ངའི་དབང་འོག་ཏུ་གནང་ཡོད་པ་དེ་ད་ལྟ་ཁྱེད་ཀྱིས་མཁྱེན་པ་ཡོད། ངའི་མི་འགའ་ཤས་ཀྱིས་ཁྱེད་རང་གསོད་དགོས་ཅེས་ལབ་མོད། འོན་ཀྱང་ངས་ཁྱེད་ལ་སྙིང་རྗེ་བསྐྱེད་ནས་ཁྱེད་ལ་གནོད་འཚེ་རྩ་བ་ནས་བྱེད་མ་བཅུག་པ་དང་། ཁྱེད་ནི་གཙོ་བོ་དཀོན་མཆོག་གིས་བསྐོས་གནང་མཛད་པའི་རྒྱལ་པོ་ཞིག་རེད་ཅེས་ལབ་པ་ཡིན། 11ཀྱེ་ངའི་ཡབ་ལགས། ངའི་ལག་པར་ཡོད་པའི་ཁྱེད་ཀྱི་ན་བཟའི་དུམ་བུ་འདི་ལ་གཟིགས་དང་། སྐབས་དེར་ངས་ཁྱེད་ལ་བཀྲོང་ཐུབ་པ་ཡོད། འོན་ཀྱང་ངས་དེ་ལྟར་མ་བྱས་པར་ཁྱེད་ཀྱི་ན་བཟའི་སྣེ་མོ་འདི་བྲེག་པ་ཡིན། ངས་དེ་ལྟར་བྱས་དགོས་དོན་ནི། ཁྱེད་ལ་ངོ་ལོག་དང་གནོད་འཚེ་ཞུ་རྒྱུའི་བསམ་བློ་མེད་པ་དེར། སྐུ་ཉིད་ཀྱི་ཐུགས་ཡིད་དངས་དགོས་པ་ཞུ་བའི་ཕྱིར་ཡིན་ནོ། ངས་ཁྱེད་ལ་ནོར་འཁྲུལ་གང་ཡང་ཞུས་མེད། འོན་ཀྱང་ཁྱེད་ཀྱིས་ང་ལ་གསོད་ཕྱིར་རྒྱུན་དུ་འཚོལ་ཞིབ་གནང་མུས་ཡིན། 12ཁྱེད་དང་ང་གཉིས་སུ་ལ་ནོར་འཁྲུལ་ཡོད་མེད་སྐོར་གཙོ་བོ་དཀོན་མཆོག་རང་གིས་ཁྲིམས་གཅོད་གནང་བར་ཤོག ཁྱེད་ཀྱིས་ང་ལ་རྒྱབ་འགལ་གང་གནང་བའི་སྐོར་ལའང་ཁོང་གིས་ཉེས་ཆད་གནང་བར་ཤོག ངས་ཁྱེད་ལ་ངན་ལན་འཇལ་ཏེ་གནོད་འཚེ་རྩ་བ་ནས་ཞུ་མི་ཡོང། 13སྔར་གྱི་ཁ་རྒྱུན་རྙིང་པ་ལྟར། མི་ངན་རྒྱུད་ནས་ལས་ངན་སྐྱེས་ཞེས་པ་དེ་ཁྱེད་ཀྱིས་མཁྱེན་གསལ་ལྟར། ངས་ཁྱེད་ལ་ནམ་ཡང་གནོད་འཚེ་ཞུ་མི་ཡོང་། 14གཟིགས་དང་། ཨིསི་རཱཨེལ་གྱི་རྒྱལ་པོས་གསོད་ཐབས་གནང་ཕྱིར་རྗེས་དེད་གནང་བཞིན་པ་དེ་སུ་ཡིན་ནམ། འཆི་བའི་ཁྱི་ཞིག་གམ་ཁྱི་ཤིག་ལྟ་བུའི་མ་ཡིན་ནམ། 15ང་གཉིས་སུ་ལ་ནོར་འཁྲུལ་ཡོད་མེད་དེ་གཙོ་བོ་དཀོན་མཆོག་རང་གིས་ཁྲིམས་གཅོད་དང་ཐག་གཅོད་གནང་ཡོང་། ཁོང་གིས་དོན་གནད་འདིའི་སྐོར་དགོངས་བཞེས་ཀྱིས་ང་ལ་རྒྱབ་སྐྱོར་གནང་ཞིང་། ང་ཁྱེད་ཀྱི་ལག་ནས་སྲུང་སྐྱོབ་མཛད་པར་ཤོག་ཅེས་སྨྲས་སོ། 16དེ་ནས་དཱ་བིད་ཀྱིས་གཏམ་གླེང་བྱས་ཟིན་མ་ཐག་ཏུ་ས་ཨུལ་གྱིས། ཀྱེ་དཱ་བིད་ངའི་བུ། ང་དང་གཏམ་གླེང་བྱེད་མཁན་དེ་ནི་དངོས་གནས་ཁྱེད་རང་ཡིན་ནམ་ཞེས་སྨྲས་ནས། ངུ་རྒྱུ་འགོ་ཚུགས་པ་དང་། 17དེ་ནས་ཁོས་དཱ་བིད་ལ། ཁྱོད་ནི་དྲང་ཞིང་བདེན་ཏེ་ངས་ནོར་འཁྲུལ་ཁོ་ན་བྱས་བཞག། ངས་ཁྱོད་ལ་ཚུལ་མིན་དེ་ལྟར་བྱས་ནའང་ཁྱོད་ཀྱིས་ང་ལ་བཟང་པོ་ཤ་ལྟག་བྱས་བྱུང་། 18ཁྱོད་ཀྱིས་ང་ལ་བཟང་པོ་ཇི་ཙམ་བྱེད་ཀྱི་ཡོད་པ་དེ། དེ་རིང་ཁྱོད་ཀྱིས་དངོས་སུ་བསྟན་བྱུང་། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གིས་ང་ཁྱོད་ཀྱི་དབང་འོག་ཏུ་གནང་བ་ཡིན་ནའང་ཁྱོད་ཀྱིས་ང་བསད་མ་བྱུང་། 19མི་ཞིག་གིས་རང་གི་དགྲ་བོར་ལག་པར་འཐེབ་ནས་ཁོས་ལ་གནོད་འཚེ་གང་ཡང་མ་བྱས་པར་དེ་མུར་གཏོང་སྲིད་དམ། དེ་རིང་ཁྱོད་ཀྱིས་ང་ལ་སྤྱོད་བཟང་གང་བསྟན་པ་དེ་ལ་གཙོ་བོ་དཀོན་མཆོག་གིས་བྱིན་རླབས་གནང་བར་ཤོག 20ད་ཁྱོད་ཨིསི་རཱཨེལ་གྱི་རྒྱལ་པོར་འཁོད་དེ། ཁྱོད་ཀྱི་སྲིད་སྐྱོང་འོག་ཏུ་རྒྱལ་ཁབ་འདི་མུ་མཐུད་ཀྱིས་གནས་རྒྱུ་ཡིན་པ་དེ་ང་ལ་ཡིད་ཆེས་གཙང་མ་ཡོད། 21འོན་ཀྱང་ངའི་ཁྱིམ་ཚང་གི་མིང་བཤུལ་དེ་རྩ་བ་ནས་མ་བརླག་པའི་ཕྱིར། ཁྱོད་ཀྱིས་ངའི་མི་བརྒྱུད་རྣམས་ལ་ཚེ་ཐར་གཏོང་གི་ཡིན་ཞེས་གཙོ་བོ་དཀོན་མཆོག་གི་མཚན་གྱི་ངང་དུ་དམ་བཅའ་བྱེད་དགོས་ཅེས་སྨྲས་པ་དང་། 22དཱ་བིད་ཀྱིས་དེ་ལྟར་བྱེད་རྒྱུའི་དམ་བཅའ་བྱས་སོ། དེ་རྗེས་ས་ཨུལ་ནི་རང་གི་ཁང་ཁྱིམ་དུ་ལོག་ཕྱིན་པ་དང་། དེ་བཞིན་དཱ་བིད་དང་ཁོའི་མི་རྣམས་ཀྱང་སོ་སོའི་གབ་སའི་གནས་དེར་ཕྱིན་ནོ༎

ཤ་མུ་ཨེལ་དང་པོ། 25

ཤ་མུ་ཨེལ་གྲོངས་པ།

1ཤ་མུ་ཨེལ་གྲོངས་པ་དང་ཨིསི་རཱཨེལ་པ་ཚང་མ་འདུ་འཛོམས་བྱས་ནས་ཁོའི་ཆེད་དུ་མྱ་ངན་བྱས་སོ། དེ་རྗེས་ར་མཱ་རུ་ཡོད་པའི་རང་གི་ཁང་ཁྱིམ་དུ་ཁོང་ལ་སྦས་སོ༎

དཱ་བིད་དང་ཨ་བྷི་གེལ།

དེ་རྗེས་དཱ་བིད་པ་རན་གྱི་འབྲོག་སྟོང་དུ་ཕྱིན་ནོ། 2-3སྐབས་དེར་ཀ་ལེབ་ཀྱི་རིགས་རུས་ལས་ཡིན་པ་མིང་ལ་ན་བྷལ་ཟེར་བའི་སྐྱེ་བོ་ཞིག་ཡོད་ཅིང་། ཁོ་ནི་མ་ཨོན་ཞེས་པའི་གྲོང་ཁྱེར་ནས་ཡིན་ནོ། གྲོང་ཁྱེར་ཀར་མེལ་གྱི་ཉེ་འགྲམ་དུ་ཁོ་ལ་ས་ཞིང་ཞིག་ཡོད་པ་ཡིན་ཏེ། ཁོ་ནི་ཧ་ཅང་རྒྱུ་ནོར་ཕྱུག་པོ་ཞིག་ཡིན་པ་དང་། ཁོ་ལ་ལུག་ ༣,༠༠༠ དང་ར་ ༡,༠༠༠ ཡོད་དོ། ཁོའི་ཆུང་མ་ཨ་བྷི་གེལ་ནི་བྱད་གཟུགས་མཛེས་ཤིང་ཤེས་རབ་དང་ལྡན་པ་ཞིག་ཡོད་པ་ཡིན་མོད། འོན་ཀྱང་མོའི་ཁྱོ་ནི་སེམས་གཤིས་གྱོང་ཞིང་ཧ་ཅང་རླུང་ལང་པོ་ཞིག་ཡོད་པ་ཡིན་ནོ། ན་བྷལ་ནི་ཀར་མེལ་དུ་རང་གི་ལུག་གི་བལ་བྲེག་བཞིན་བསྡད་ཡོད་དོ། 4འབྲོག་སྟོང་དུ་དཱ་བིད་ཀྱིས་དེའི་སྐོར་ཐོས་སོ། 5དེར་བརྟེན་ཁོས་ན་གཞོན་བཅུ་ལ། ཀར་མེལ་དུ་ཕྱིན་ཏེ་ན་བྷལ་འཚོལ་ཞིང་ཁོ་ལ་འཚམས་འདྲི་སྤྲོད་དགོས་པའི་བཀའ་བསྒོས་དང་བཅས་བཏང་ངོ་། 6ཁོས་དེ་ཚོར། ན་བྷལ་ལ་གཤམ་གསལ་ལྟར་བརྗོད་དགོས་ཅེས་མངགས་བྱ་བྱས་སོ། ཀྱེ་ངའི་གྲོགས་པོ། ང་དཱ་བིད་ཀྱི་ཕྱོགས་ནས་ཁྱེད་ལ་འཚམས་འདྲི་ཞུ་རྒྱུ་དང་། ཁྱེད་དང་ཁྱེད་ཀྱི་ནང་མི་དང་མཉམ་དུ་ཡོད་པའི་ཚང་མར་མཚམས་འདྲི་ཞུ་ཞིང་ཡོད། 7ཁྱེད་རང་ལུག་གི་བལ་བྲེག་ནས་བཞུགས་ཡོད་པ་དེ་ངས་ཐོས་པ་དང་། ཁྱེད་ཀྱི་ལུག་རྫི་རྣམས་ང་ཚོ་དང་མཉམ་དུ་ཡོད་དོ། ང་ཚོས་དེ་ཚོར་གནོད་འཚེ་གང་ཡང་བྱས་མེད་པ་དེ་ཁྱེད་ཀྱིས་མཁྱེན་རྟོགས་གནང་དགོས། ཁོ་ཚོ་ཀར་མེལ་དུ་གནས་ཡུན་རིང་ལ་ཁོ་ཆོའི་ལུག་དང་ཕྱུག་ཟོག་ཁོངས་ནས་གཅིག་ཀྱང་ཆོམ་རྐུན་རླག་སྟོར་སོགས་བྱུང་མེད། 8དེའི་སྐོར་ལ་ཁོ་ཆོར་བཀའ་འདྲི་གནང་ན་ཁོ་ཚོས་བཤད་པ་ཡོད། ང་ཚོ་ཐུགས་སྤྲོའི་དགའ་སྟོན་གྱི་ཉིན་མོར་སླེབས་ཡོད་དོ། ཁྱེད་ཀྱིས་ང་ཚོ་ལ་སྣེ་ལེན་ཡག་པོ་གནང་རོགས་ཞེས་དཱ་བིད་འབོད་བསྐུལ་ཞུས་ཡོད། ང་ཚོ་ཁྱེད་ཉིད་ཀྱི་བྲན་གཡོག་རྣམས་དང་ཁྱེད་ཀྱི་གྲོགས་པོ་དཱ་བིད་ལ་ཁྱེད་ཀྱིས་གནང་སྦྱིན་གང་གནང་ཐུབ་ཐུབ་གནང་རོགས་གནང་། 9དཱ་བིད་ཀྱི་མི་ཚོས་ཁོའི་མིང་ཐོག་གི་འཕྲིན་དེ་ན་བྷལ་ལ་སྤྲད་ནས་ཁོ་ཚོ་དེར་སྒུག་ནས་བསྡད་དོ། 10མཐར་ན་བྷལ་གྱིས་ལན་དུ། དཱ་བིད་ཅེས་པ་དེ་སུ་ཡིན་ནམ། ངས་ཁོའི་སྐོར་ལ་ནམ་ཡང་ཐོས་མ་མྱོང་བ་དང་། དེང་སང་བྲན་གཡོག་བྲོས་འགྲོ་མཁན་ཤ་སྟག་གིས་ལུང་པ་གང་ཡོད། 11ངའི་བལ་བྲེལ་མཁན་ཚོའི་དོན་དུ་བཞག་པའི་བག་ལེབ་དང་ཆུ་དང་། དེ་བཞིན་ཁོ་ཚོའི་དོན་དུ་བསད་པའི་སེམས་ཅན་གྱི་ཤ་རྣམས་བླངས་ནས། ས་ཕྱོགས་གང་ནས་ཡོང་མིན་མི་ཤེས་པའི་མི་རྒྱུས་མེད་རྣམས་ལ་སྤྲོད་ཀྱི་མིན་ཞེས་སྨྲས་སོ། 12དེ་ནས་དཱ་བིད་ཀྱི་མི་རྣམས་ཁོའི་རྩར་ཕྱིར་ལོག་བྱས་ཏེ། ན་བྷལ་གྱིས་གང་བཤད་པ་རྣམས་སྨྲས་པས། 13ཁོས་རང་གི་མི་རྣམས་ལ། སྐེད་པར་རལ་གྲི་གཟེར་ཞིག་ཅེས་སྨྲས་པ་དང་དེ་ཚོས་དེ་བཞིན་བྱས་སོ། དཱ་བིད་ཀྱིས་ཀྱང་རང་གི་རལ་གྲི་གཟེར་ནས་མི་གྲངས་ ༤༠༠ ཙམ་མཉམ་དུ་འཁྲིད་དེ་ཕྱོགས་ཐོན་བྱས་པ་དང་། མི་གྲངས་ ༢༠༠ དེ་བཞིན་ཟས་རིགས་མཁོ་བྱད་སོགས་ཀྱི་སྲུང་ཆར་བཞག་གོ 14ན་བྷལ་གྱི་གཡོག་པོ་ཞིག་གིས་ན་བྷལ་གྱི་བཟའ་ཟླ་ཨ་བྷི་གེལ་ལ། ཁྱེད་ཀྱིས་གསན་བྱུང་ངམ། དཱ་བིད་ཀྱིས་འབྲོག་སྟོང་ནས་ང་ཚོའི་སྦྱིན་བདག་ལ་འཚམས་འདྲི་དང་བཅས་བང་ཆེན་འགའ་ཤས་བཏང་འདུག་པས། ཁོང་གིས་དེ་ཚོར་དམའ་འབེབས་གནང་བཞག། 15འོན་ཀྱང་ཁོ་ཚོས་ང་ཚོར་ཧ་ཅང་ཡག་པོ་བྱས་ཡོད། ང་ཚོར་ནམ་ཡང་དཀའ་འཚེ་བཏང་མེད་པ་དང་། ངེད་རྣམས་ཁོ་ཚོ་དང་མཉམ་དུ་ཞིང་ཁར་གནས་ཡུན་རིང་དུ་ང་ཚོའི་ཕྱུགས་ཟོག་ཁོངས་ནས་གཅིག་ཀྱང་ཆོམ་རྐུན་རླག་སྟོར་སོགས་བྱུང་མེད། 16ང་ཚོས་རང་གི་ཕྱུགས་ཟོག་ལ་བལྟ་སྐྱོང་བྱེད་དེ་བསྡད་སྐབས། ཁོ་ཚོས་ཉིན་མཚན་མེད་པར་ང་ཚོར་སྲུང་སྐྱོབ་བྱས་ཡོད། 17དེ་བས་ན་ཁྱེད་ཀྱིས་དེའི་སྐོར་ལ་དགོངས་བཞེས་གནང་སྟེ། ཕྱག་བཞེས་གང་དགོས་སྐོར་ཐུགས་ཐག་གཅོད་པ་གནང་རོགས་གནང་། གནས་ཚུལ་འདི་ནི་ང་ཚོའི་སྦྱིན་བདག་དང་ཁོང་གི་ནང་མི་ཚང་མར་རྐྱེན་ངན་གྱིས་རྒྱུ་ཞིག་ཆགས་སྲིད་ཅིང་། ཁོང་ནི་ཧ་ཅང་ཐུགས་གཤིས་གྱོང་པོ་ཡིན་པས། སུས་ག་རེ་ལབ་ནའང་གསན་གྱི་མ་རེད་ཅེས་སྨྲས་སོ། 18དེ་ནས་ཨ་བྷི་གེལ་གྱིས་འཕྲལ་དུ་བག་ལེབ་ ༢༠༠ དང་། རྒུན་ཆང་གི་རྐྱལ་པ་གཉིས་དང་། མེར་སྲེག་བཏང་བའི་ལུག་ལྔ་། ཡོས་རྔོས་ཀི་ལོ་བཅུ་བདུན། རྒུན་འབྲུམ་ཆག་པ་ ༡༠༠ དང་། སེ་ཡབ་སྐམ་པོ་ ༢༠༠ བཅས་བོང་བུ་རྣམས་ལ་བཀལ་ནས། 19རང་གི་གཡོག་པོ་རྣམས་ལ། ཁྱོད་ཚོ་སྔོན་ལ་སོང་ཞིག། ང་ཁྱོད་ཚོའི་རྗེས་སུ་ཡོང་གི་ཡིན་ཞེས་སྨྲས་སོ། འོན་ཀྱང་མོས་རང་གི་བཟའ་ཟླར་ཡང་ལབ་མེད་པ་ཡིན་ནོ། 20མོ་ནི་རང་གི་བོང་བུར་བཞོན་ཏེ། རིའི་ལམ་ཁུག་ཞིག་ནས་འགྲོ་སྐབས། བློ་བུར་དུ་དཱ་བིད་དང་ཁོའི་མི་རྣམས་མོའི་ཕྱོགས་སུ་ཡོང་གི་ཡོད་པ་འཕྲད་པ་དང་། 21དཱ་བིད་ཀྱི་སེམས་ལ། ངས་འབྲོག་སྟོང་ནང་དུ་མི་དེའི་རྒྱུ་དངོས་དག་ལ་དོན་མེད་དུ་སྲུང་སྐྱོབ་བྱས་བཞག། ཁོའི་ཕྱུགས་ཟོག་གི་ཁོངས་ནས་གཅིག་ཀྱང་ཆོམ་རྐུན་རླག་སོགས་བྱུང་མེད་ཅིང་། ངས་ཁོ་ལ་དེ་བཞིན་རོགས་བྱས་པའི་ཚབ་ཏུ་ཁོས་དེ་ལྟར་དྲིན་ལོག་འཇལ་ལོ། 22དེ་བས་ན་སང་ཞོགས་ནམ་མ་ལངས་སྔོན་དུ་ངས་དེ་ཚོའི་སྐྱེས་པ་ཚང་མ་བསད་མ་ཐུབ་པ་ཡིན་ན། དཀོན་མཆོག་གིས་ང་ལ་སྲོག་གཅོད་གནང་བར་ཤོག་ཅེས་བསམ་མོ། 23ཨ་བྷི་གེལ་གྱིས་དཱ་བིད་མཐོང་མ་ཐག་ཏུ་མྱུར་བར་བོང་བུ་ལས་མར་བབ་ནས་ལུས་ས་ལ་བརྡབས་ཏེ། 24དཱ་བིད་ཀྱི་རྐང་པར་ཕྱག་འཚལ་ནས་ཞུས་པ། ཀྱེ་ཇོ་བོ་ལགས། ཐུགས་རྗེས་གཟིགས་ནས་ཁོ་མོར་གསན་དུ་གསོལ། ད་ལན་ནོར་འཁྲུལ་གང་བྱུང་བའི་འགན་འཁུར་དེ་ངའི་ཐོག་ཏུ་ཡོད་པས། 25ན་བྷལ་ལ་དོ་སྣང་མ་གནང་རོགས་གནང་། ཁོ་ལ་འབྱོན་སྟངས་གང་ཡང་མེད་ཅིང་། ཁོ་ནི་རང་གི་མིང་དོན་མཚུངས་པའི་སྐྱེ་བོ་ལྐུགས་པ་ཞིག་ཡིན་ནོ། སྐུ་ཉིད་ཀྱི་ཞབས་ཕྱི་རྣམས་ཕེབས་སྐབས་ང་དེར་མེད། 26གཙོ་བོ་དཀོན་མཆོག་རང་གིས་ཁྱེད་ལ་དགྲ་ཤ་ལེན་པ་དང་ཉིད་ཀྱི་དགྲ་བོ་རྣམས་ཀྱི་སྲོག་གཅོད་གནང་བ་ལས་སྐྱབས་གནང་མཛད་པ་ཡིན་ནོ། ད་ངས་སྐུ་གསོན་པོར་བཞུགས་པའི་གཙོ་བོ་དཀོན་མཆོག་གི་མཚན་ཐོག་ནས་ཁྱེད་ལ་དམ་བཅའ་འབུལ་ཏེ་ཞུ་རྒྱུར། ཉིད་ཀྱི་དགྲ་བོ་དང་སྐུ་ཉིད་ལ་གནོད་འཚེ་ཞུ་འདོད་བྱེད་མཁན་ཚང་མ་ན་བྷལ་བཞིན་དུ་ཉེས་ཆད་ཕོག་པར་འགྱུར། 27ཀྱེ་ཇོ་བོ་ཐུགས་རྗེ་གཟིགས་ནས། ངས་ཕུལ་བའི་འབུལ་བ་རྣམས་བཞེས་ནས་ཉིད་ཀྱི་སྐུ་འཁོར་རྣམས་ལ་གནང་རོགས་གནང་། 28ངའི་ཕྱོགས་ནས་སྐུ་ཉིད་ལ་ནོར་འཁྲུལ་སོགས་བྱུང་ཡོད་པ་ཡིན་ན། ང་ལ་བཟོད་གསོལ་གནང་རོགས་གནང་། ཁྱེད་དང་ཁྱེད་ཀྱི་རིགས་བརྒྱུད་རྣམས་ལ་གཙོ་བོ་དཀོན་མཆོག་གིས་རྒྱལ་པོར་བསྐོས་པ་གནང་རྒྱུ་ཡིན་ནོ། གང་ལགས་ཟེར་ན། ཁྱེད་ཀྱིས་གཙོ་བོ་དཀོན་མཆོག་གིས་དོན་དུ་འཐབ་པ་གནང་ཞིང་། ཁྱེད་རང་འཚོ་ཞུགས་རིང་དུ་ཁྱེད་ཀྱིས་མཛད་སྤྱོད་ངན་པ་སོགས་གང་ཡང་མི་གནང་ཞིང་། 29སུ་ཞིག་གིས་ཁྱེད་ལ་འཐབ་རྒོལ་བྱེད་དེ་བཀྲོང་ཐོབས་བྱས་པ་ཡིན་ན། མི་ཞིག་གིས་རིན་ཆེན་གཏེར་མཛོད་སྲུང་བ་བཞིན། གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་གིས་ཁྱེད་ལ་སྲུང་སྐྱོབ་གནང་བར་འགྱུར། ཁོང་གིས་ཉིད་ཀྱི་དགྲ་བོ་རྣམས་ལ་འུར་རྡོའི་ནང་རྡོ་འཕངས་པ་ལྟར་འཕང་པ་གནང་རྒྱུ་ཡིན་པ་དང་། 30གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་ཞལ་བཞེས་བཟང་པོ་གནང་བ་ཚང་མ་སྒྲུབ་སྟེ། སྐུ་ཉིད་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོས་གནང་མཛད་སྐབས། 31ཇོ་བོ་ཁྱེད་ཀྱི་ཐུགས་ལ་ངས་དོན་མེད་དུ་མི་བསད་པ་དང་། དགྲ་ཤ་ལེན་དགོས་བྱུང་ཞེས་དགོངས་ནས་ཐུགས་འགྱོད་གནང་མི་དགོས་པ་ཡིན་ནོ། གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་དེ་བཞིན་བྱིན་རླབས་གནང་དུས་ང་ལ་ཐུགས་མ་རྗེད་པ་གནང་རོགས་གནང་ཞེས་ཞུས་སོ། 32དཱ་བིད་ཀྱིས་མོ་ལ། དེ་རིང་ཁྱོད་ང་དང་ཐུག་འཕྲད་བྱེད་ཕྱིར་གཏོང་བ་གནང་མཁན་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ལ་བསྟོད་བསྔགས་འབུལ་ལོ། 33ཁྱོད་ཀྱི་བསམ་ཤེས་བཟང་པོ་དང་། དེ་རིང་ཁྱོད་ཀྱི་བྱ་བ་དེ་ལ་བརྟེན་ནས་ང་ནི་སྲོག་གཅོད་ཀྱི་ཉེས་སྡིག་དང་དགྲ་ཤ་ལེན་པ་ལས་སྐྱོབ་པ་གནང་མཁན་དཀོན་མཆོག་ལ་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 34དེ་ཙམ་མ་ཟད་གཙོ་བོ་དཀོན་མཆོག་གིས་ངས་ཁྱོད་ལ་གནོད་འཚེ་བྱེད་པ་ལས་ཀྱང་སྐྱོབ་པ་གནང་བྱུང་། སྐུ་གསོན་པོར་བཞུགས་པའི་ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་གི་མཚན་གྱི་ངང་ནས་མནའ་བསྐྱེལ་ཏེ་བརྗོད་རྒྱུར། གལ་སྲིད་ཁྱོད་རང་ང་དང་འཕྲད་པར་མགྱོགས་པོར་མ་ཡོང་བ་ཡིན་ན། སང་ཞོགས་བར་དུ་ན་བྷལ་གྱི་མི་ཚང་མ་ཤི་ཟིན་པ་ཡོད་ཅེས་སྨྲས་སོ། 35དཱ་བིད་ཀྱིས་མོས་འཁྱེར་ཡོང་བའི་འབུལ་བ་རྣམས་ལེན་ནས་མོ་ལ། ད་ཁྱོད་རང་སེམས་འཁྲལ་མ་བྱེད་པར་རང་ཁྱིམ་དུ་ཕྱིར་ལོག་བྱོས་ཤིག ཁྱོད་ཀྱིས་གང་འདོད་པ་བཞིན་དུ་ངས་བྱེད་ཆོག་ཅེས་སྨྲས་སོ། 36དེ་ནས་ཨ་བྷི་གེལ་ན་བྷལ་གྱི་རྩར་ལོག་པ་དང་། ཁོ་ནི་རྒྱལ་པོ་དང་མཚུངས་པའི་ཐུགས་སྤྲོ་རྒྱས་པོ་ཞིག་བཏང་ཞིང་། ར་བཟི་སྟེ་དགའ་སྣང་ཆེན་པོའི་ངང་བསྡད་ཡོད་པས། མོས་སང་ཞོགས་བར་དུ་ཁོ་ལ་གང་ཡང་མ་ལབ་བོ། 37དེ་ནས་ཁོ་ར་བཟི་བ་དངས་པའི་རྗེས་སུ་མོས་གནས་ཚུལ་ཚང་མ་བཤད་པས། ཁོ་ཁྲག་ཤེད་རྒྱས་ཏེ་གཟའ་ནད་དྲག་པོ་ཞིག་ཕོག་ནས། 38ཉིན་བཅུ་ཙམ་གྱི་རྗེས་སུ་ན་བྷལ་ལ་གཙོ་བོ་དཀོན་མཆོག་གིས་ཞུས་ནས་ཤི་བ་ཡིན་ནོ། 39དེ་ནས་དཱ་བིད་ཀྱིས་ན་བྷལ་ཤི་བའི་སྐོར་ཐོས་པས། གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་འབུལ་ཞིང་། ན་བྷལ་གྱིས་ང་ལ་དམའ་འབེབས་བྱས་པའི་ངན་ལན་དེ་གཙོ་བོ་དཀོན་མཆོག་རང་གི་འཇལ་གནང་བ་དང་། ང་ཁོང་གི་ཞབས་ཏོག་པས་ནོར་འཁྲུལ་བྱེད་པ་ལས་ཁོང་གིས་སྐྱབས་པ་གནང་བྱུང་། ན་བྷལ་གྱི་ངན་སྤྱོད་ལ་བརྟེན་ནས་གཙོ་བོ་དཀོན་མཆོག་གིས་ཁོ་ལ་ཉེས་ཆད་གཏོང་གནང་བ་རེད་ཅེས་སྨྲས་ནས། དཱ་བིད་ཀྱིས་ཨ་བྷི་གེལ་དང་ཆང་ས་བརྒྱབ་རྒྱུའི་གྲོས་འཆར་བཏང་བ་དང་། 40ཁོའི་འཁོར་གཡོག་རྣམས་ཀར་མེལ་དུ་ཕྱིན་ནས་མོ་ལ། དཱ་བིད་ཀྱིས་ཁྱེད་རང་ཁོང་གི་ཆུང་མར་བསུ་བར་གཏོང་གནང་བྱུང་ཞེས་སྨྲས་པས། 41ཨ་བྷི་གེལ་གྱིས་ལུས་ས་ལ་བརྡབས་ནས་ཕྱག་བཙལ་ཞིང་། ང་ནི་ཁོང་གི་ཞབས་ཏོག་མ་ཡིན་པས། ཁོང་གི་ཞབས་ཕྱི་ཚོའི་ཞབས་འཁྲུ་བ་ལའང་གྲ་སྒྲིགས་ཡོད་ཅེས་སྨྲས་སོ། 42དེ་ནས་མོ་མགྱོགས་པོར་ལངས་ཏེ་བོང་བུར་བཞོན་ནས། ཞལ་ལྟ་མ་ལྔ་འཁྲིད་ཅིང་དཱ་བིད་ཀྱི་ཞབས་ཕྱི་ཚོ་དང་མཉམ་དུ་ཕྱིན་ཏེ་དཱ་བིད་ཀྱི་ཆུང་མར་འགྱུར་རོ། 43དེ་སྔོན་དཱ་བིད་ཀྱིས་ཡེཛ་རིལ་ནས་ཡིན་པ་ཨ་ཧི་ནོ་ཨམ་དང་ཆང་ས་བརྒྱབ་ཡོད་པའི་ཁར། ད་ཆ་ཨ་བྷི་གེལ་ཡང་ཆུང་མར་བླངས་སོ། 44དེ་ཡུན་རིང་ལ་ས་ཨུལ་གྱིས་རང་གི་བུ་མོ་མི་ཀལ་ཞེས་པ། དེ་སྔ་དཱ་བིད་ཀྱི་ཆུང་མར་སྤྲད་ཟིན་པ་དེ་གྲོང་ཁྱེར་གྷལ་ལིམ་ནས་ཡིན་པ་ལེཤེ་ཀྱི་བུ་པལ་ཏི་ལ་སྤྲད་དོ༎

ཤ་མུ་ཨེལ་དང་པོ། 26

དཱ་བིད་ཀྱིས་སླར་ཡང་ས་ཨུལ་ཚེ་ཐར་བཏང་བ།

1ཛིཕ་ནས་མི་འགའ་ཤས་གྷི་བིི་ཨཱ་རུ་ས་ཨུལ་གྱི་རྩར་ཡོང་ནས། དཱ་བིད་ནི་ཡ་ཧུ་དཱའི་འབྲོག་སྟོང་གི་མཐའ་མཚམས་སུ་ཡོད་པའི་རི་བོ་ཧ་ཀི་ལཱ་རུ་གབ་ནས་བསྡ་ཡོད་པའི་སྐོར་བཤད་པས། 2ས་ཨུལ་གྱིས་དེ་མ་ཉིད་དུ་ཡིསི་རཱཨེལ་གྱི་དམག་མི་ལེགས་ཤོས་ ༣,༠༠༠ འཁྲིད་དེ་དཱ་བིད་འཆོལ་ཕྱིར་ཛིཕ་ཀྱི་འབྲོག་སྟོང་དུ་ཕྱིན་ཏེ། 3རི་བོ་ཧ་ཀི་ལཱའི་ལམ་གྱི་འགྲམ་དུ་སྒར་བརྒྱབས་ནས་བསྡད་དོ། དཱ་བིད་ནི་ད་དུང་འབྲོག་སྟོང་རང་དུ་བསྡད་ཡོད་པ་ཡིན་ཏེ། ས་ཨུལ་གྱིས་ཁོ་ལ་འཚོལ་ཕྱིར་སླེབས་ཡོད་པ་དེ་ཐོས་སོ། 4ཁོས་གསོ་ཉུལ་བཏང་བས། ས་ཨུལ་དངོས་གནས་དེར་སླེབས་ཡོད་པ་དེ་ཤེས་རྟོགས་བྱུང་ངོ་། 5ཁོ་དེ་མ་ཐག་ཏུ་ཕྱིན་ཏེ། ས་ཨུལ་དང་ཁོའི་དམག་སྤྱི་ཨབ་ནེར་གཉིས་ས་ཕྱོགས་གང་དུ་ཉལ་གྱི་ཡོད་པ་དེ་ཤེས་རྟོགས་བྱས་སོ། ཨབ་ནེར་ནི་ནེར་གྱི་བུ་ཡིན་ནོ། ས་ཨུལ་ནི་སྒར་གྱི་ནང་དུ་ཉལ་གྱི་ཡོད་པ་དང་ཁོའི་མི་རྣམས་ཁོའི་མཐའ་འཁོར་དུ་སྒར་བརྒྱབ་ནས་བསྡད་ཀྱི་ཡོད་པ་ཡིན་ནོ། 6དེ་ནས་དཱ་བིད་ཀྱིས་ཧི་ཏི་པ་ཨ་ཧི་མེ་ལེག་དང་ཡོ་ཨབ་ཀྱི་སྤུན་ཨ་བྷི་ཤེེ་(དེ་གཉིས་ཀྱི་ཨ་མ་ཛེ་རུ་ཡཱ་ཡིན་ཅིང་།) དེ་གཉིས་ལ། ད་ཁྱོད་གཉིས་ཀྱི་ནང་ནས་སུ་ང་དང་མཉམ་དུ་ས་ཨུལ་གྱི་སྒར་སར་འགྲོའམ་ཞེས་དྲིས་པའི་ལན་དུ། ཨ་བྷི་ཤེས་ང་འགྲོ་གི་ཡིན་ཞེས་སྨྲས་པས། 7མཚན་མོ་དེར་དཱ་བིད་དང་ཨ་བྷི་ཤེ་གཉིས་ས་ཨུལ་གྱི་སྒར་གི་ནང་དུ་འཛུལ་བ་དང་། ས་ཨུལ་ནི་སྒར་གྱི་དབུས་སུ་ཉལ་ཡོད་ཅིང་། ཁོའི་མདུང་ནི་ཁོའི་ཉེ་འགྲམ་དུ་ས་ལ་བཙུགས་ཡོད་པ་དང་། ཨབ་ནེར་དང་དམག་མི་གཞན་རྣམས་ཁོའི་མཐར་འཁོར་དུ་ཉལ་ཡོད་དོ། 8དེ་ནས་ཨ་བྷི་ཤེས་དཱ་བིད་ལ། དོ་དགོང་གཙོ་བོ་དཀོན་མཆོག་གིས་ཁྱེད་ཀྱི་དགྲ་བོ་དེ་ཁྱེད་ཀྱི་ཕྱག་འོག་ཏུ་གནང་བཞག། དེ་བས་ན་ང་ལ་ཁོའི་མདུང་དེས་ཞུས་ཐེངས་གཅིག་རང་དུ་ཁོ་དང་ཆབས་ཅིག་ས་ཁར་བཙུགས་བཅུག་པ་གནང་རོགས་གནང་། ངས་ཐེངས་གཉིས་ཞུས་དགོས་པ་མེད་ཅེས་སྨྲས་མོད། 9འོན་ཀྱང་དཱ་བིད་ཀྱིས། ཁྱོད་ཀྱིས་ཁོང་ལ་གནོད་འཚེ་གང་ཡང་བྱེད་མི་ཆོག གཙོ་བོ་དཀོན་མཆོག་གིས་འདེམས་བསྐོས་མཛད་པའི་རྒྱལ་པོར་སུས་གནོད་འཚེ་བྱས་པ་ཡིན་ན། དེ་ལ་ཁོང་གིས་ཉེས་ཆད་གཏོང་བར་ངེས་སོ། 10དཱ་བིད་ཀྱིས་མུ་མཐུད་ནས་སྨྲས་པ། སྐུ་གསོན་པོར་བཞུགས་པའི་གཙོ་བོ་དཀོན་མཆོག་གི་མཚན་གྱི་ངང་དུ་ངས་བརྗོད་རྒྱུར། གཙོ་བོ་དཀོན་མཆོག་རང་ཉིད་ཀྱིས་ཁོང་ལ་དཀྲོང་པ་གནང་རྒྱུ་དང་། དེ་མིན་ཁོང་གི་འདས་དུས་རན་ཏེ། རང་བཞིན་གྱིས་འདས་རྒྱུ་ཡིན་པ་དང་། ཡང་ན་དམག་སར་འདས་གྲོངས་སུ་འགྱུར་རྒྱུ་ཡིན་ནོ། 11གཙོ་བོ་དཀོན་མཆོག་གིས་འདེམས་བསྐོས་མཛད་པའི་རྒྱལ་པོར་ངས་གནོད་འཚེ་ཞུ་རྒྱུ་ལས་ཁོང་གིས་ང་ལ་བཀག་བྱ་གནང་བར་ཤོག ད་ང་ཚོ་ཁོང་གི་མདུང་དང་ཆུ་སྣོད་དེ་འཁྱེར་ནས་འགྲོའོ། 12དེ་རྗེས་དཱ་བིད་ཀྱིས་ས་ཨུལ་གྱི་མགོའི་འཁྲིས་ནས་མདུང་དང་ཆུ་སྣོད་དེ་བླངས་ནས། ཁོ་དང་ཨ་བྷི་ཤེ་གཉིས་དེ་ནས་ཕྱིན་པས། དེར་གནས་ཚུལ་གང་བྱུང་སྐོར་སུས་ཀྱང་མཐོང་ཐོས་བྱས་མ་ཐུབ་བོ། གང་ལགས་ཟེར་ན། དེ་ཚོ་ཚང་མ་གཉིད་ལྗིད་པོ་ཁུག་ཡོད་ཅིང་། གཙོ་བོ་དཀོན་མཆོག་གིས་དེ་ཚོ་ཚང་མ་གཉིད་ལྗིད་པོ་ཁུག་བཅུག་གནང་ཡོད་པ་ཡིན་ནོ། 13དེ་ནས་དཱ་བིད་ཀྱིས་ལུང་གཤོང་ཕར་ཕྱོགས་ཀྱི་རི་རྩེ་ཞིག་ཏུ་འཛེགས་ཏེ་རྒྱང་ཚད་རིང་པོ་ཞིག་ནས་སྐད་འབོད་ཆེན་པོས། 14ས་ཨུལ་གྱི་དམག་མི་དང་ཨབ་ནེར་ལ། ཀྱེ་ཨབ་ནེར། ངས་སྐད་འབོད་བྱས་པ་དེ་གོ་གིན་འདུག་གམ་ཞེས་དྲིས་པ་དང་། ཨབ་ནེར་གྱིས། དེ་བཞིན་སྐད་འབོད་བརྒྱབ་ནས་རྒྱལ་པོའི་མནལ་དཀྲོག་ཐབས་བྱེད་མཁན་དེ་སུ་ཡིན་ནམ་ཞེས་སྨྲས་པར། 15དཱ་བིད་ཀྱིས་ལན་དུ། ཀྱེ་ཨབ་ནེར་ཁྱོད་ནི་ཨིསི་རཱཨེལ་གྱི་ནང་ནས་སྐྱེ་བོ་མངའ་ཐང་ཆེ་ཤོས་དེ་མ་ཡིན་ནམ། དེ་ལྟར་ཡིན་ན་ཁྱོད་ཀྱིས་རང་གི་སྦྱིན་བདག་གམ་རྒྱལ་པོར་སྲུང་སྐྱོབ་མ་བྱས་པ་དེ་གང་ཡིན་ནམ། ད་ལྟ་རང་ཁྱོད་ཀྱི་སྦྱིན་བདག་ལ་སྲོག་སྐྱོན་གཏོང་ཕྱིར་མི་ཞིག་སྒར་གྱི་ནང་དུ་འཛུལ་ཕྱིན་པ་ཡིན་པས། 16ཨབ་ནེར་ཁྱོད་ཀྱིས་རང་གི་ལས་འགན་དེ་སྒྲུབ་མ་ཐུབ་པ་ཡིན་ནོ། ངས་སྐུ་གསོན་པོར་བཞུགས་པའི་གཙོ་བོ་དཀོན་མཆོག་གི་མཚན་གྱི་ངང་མནའ་བསྐྱེལ་ནས་བརྗོད་རྒྱུར། ཁྱོད་ཚོ་ཚང་མ་ཉེས་པ་སྲོག་ཐོག་ཏུ་གཏོང་འོས་པ་ཡིན། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གིས་འདེམ་བསྐོས་མཛད་པའི་རྒྱལ་པོར་ཁྱོད་ཚོས་སྲུང་སྐྱོབ་བྱས་མ་ཐུབ་པས་ཕྱིར་རོ། ད་རྒྱལ་པོའི་མདུང་དང་ཁོང་གི་དབུའི་འགྲམ་དུ་ཡོད་པའི་ཆུ་སྣོད་དེ་ག་པར་ཡོད་དམ་ཞེས་སྨྲས་སོ། 17ས་ཨུལ་གྱིས་དཱ་བིད་ཀྱི་སྐད་ངོ་ཤེས་ནས། ཀྱེ་དཱ་བིད་ངའི་བུ། དེ་ཁྱོད་རང་ཡིན་ནམ་ཞེས་སྨྲས་པས། དཱ་བིད་ཀྱིས་ལན་དུ། ཀྱེ་མི་དབང་ཆེན་པོ་ང་ཡིན། 18ང་སྐུ་ཉིད་ཀྱི་ཞབས་ཏོག་པར་ད་དུང་ཅིའི་ཕྱིར་རྗེས་དེད་གནང་གི་ཡོད་དམ། ངས་ཁྱེད་ལ་ཁྲིམས་འགལ་ག་རེ་བྱས་བྱུང་ངམ། 19ཀྱེ་མི་དབང་ཆེན་པོ། ངས་གང་ཞུས་པར་གསན་དུ་གསོལ། གལ་སྲིད་གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་ངའི་རྒྱབ་འགལ་གནང་དུ་བཅུག་པ་ཡིན་ན། ཁོང་ལ་མཆོད་པ་ཞིག་འབུལ་ནས་ཁོང་གིས་ཐུགས་འགྱུར་བར་སྲིད་མོད། འོན་ཀྱང་མིས་ཁྱེད་ལ་དེ་ལྟར་གནང་བཅུག་པ་ཡིན་ན། གཙོ་བོ་དཀོན་མཆོག་གི་དམོད་པ་དེ་ཁོ་ཚོའི་ཐོག་ཏུ་འབབ་པར་ཤོག གང་ལགས་ཟེར་ན། ཁོ་ཚོས་གཙོ་བོ་དཀོན་མཆོག་བཞུགས་ཡོད་པའི་ཡུལ་ནས་ང་ལ་ཕྱིར་བཏོན་བྱས་ཏེ། ཕྱི་པའི་ལྷ་རྟེན་ལ་མཆོད་པའི་ཡུལ་ཞིག་ཏུ་ཕྱིར་འདེད་བྱས་བྱུང་། 20ང་ལ་གཙོ་བོ་དཀོན་མཆོག་གི་སྤྱན་སྔ་ནས་ཐག་རིང་ཕྱི་རྒྱལ་བའི་ས་ཁུལ་ཞིག་ཏུ་གསོད་མ་བཅུག་རོགས་གནང་། ཨིསི་རཱཨེལ་གྱི་རྒྱལ་པོས་ང་ལྟ་བུའི་ཁྱི་ཤིག་དང་མཚུངས་པའི་སྐྱེ་བོ་ཞིག་གསོད་ཕྱིར་ཕེབས་དགོས་པ་དང་། ཁོང་གིས་ང་ལ་ནགས་ཀྱི་འདབ་ཆགས་སོགས་ལ་ཁྱི་ར་བརྒྱབ་པ་བཞིན་ངའི་རྗེས་འདེད་གནང་དགོས་པ་དེ་གང་ཡིན་ནམ་ཞེས་ཞུས་པས། 21ས་ཨུལ་གྱི་ལན་དུ། ངས་ནོར་འཁྲུལ་བྱས་བཞག། ངའི་བུ་དཱ་བིད་ད་ཚུར་ཤོག་དང་། ངས་ཁྱོད་ལ་ཡང་སྐྱར་གནོད་འཚེ་བྱེད་མི་ཡོང་། གང་ལགས་ཟེར་ན། དོ་དགོང་ཁྱོད་ཀྱིས་ངའི་སྲོག་སྐྱབས་ནས་ཚེ་ཐར་བཏང་ཡོད། ངས་ནི་མི་ལྐུག་པའི་ལས་ཀ་ཐབས་སྡུག་ཞིག་བྱས་ཏེ་ནོར་འཁྲུལ་ཆེན་པོ་བྱས་བཞག་ཅེས་སྨྲས་པ་དང་། 22དེའི་ལན་དུ་དཱ་བིད་ཀྱིས། ཀྱེ་མི་དབང་ཆེན་པོ་ཁྱེད་ཀྱི་མདུང་དེ་འདིར་ཡོད། འདི་ལེན་པའི་ཕྱིར་མི་ཞིག་གཏོང་རོགས་གནང་། 23གཙོ་བོ་དཀོན་མཆོག་གིས་དྲང་བདེན་ཚུལ་མཐུན་རྣམས་ལ་བྱ་དགའ་གནང་ངེས་ཤིང་། དེ་རིང་ཁོང་གིས་ཁྱེད་ངའི་དབང་འོག་ཏུ་བཅུག་པ་གནང་བ་ཡིན་ནའང་། སྐུ་ཉིད་གཙོ་བོ་དཀོན་མཆོག་གིས་བསྐོས་གནང་མཛད་པའི་རྒྱལ་པོ་ཡིན་པས། ངས་ཁྱེད་ལ་གནོད་འཚེ་མ་ཞུས་པ་ཡིན། 24དེ་རིང་ངས་ཁྱེད་ལ་ཚེ་ཐར་བཏང་བ་བཞིན། གཙོ་བོ་དཀོན་མཆོག་གིས་ཀྱང་ང་ལ་དེ་བཞིན་གནང་ནས་དཀའ་ངལ་ཀུན་ལས་གྲོལ་བར་མཛད་པར་ཤོག་ཅེས་སྨྲས་སོ། 25ས་ཨུལ་གྱིས་དཱ་བིད་ལ། ཀྱེ་ངའི་བུ་དཀོན་མཆོག་གིས་ཁྱོད་ལ་བྱིན་གྱིས་རློབས་པར་ཤོག ཁྱོད་ཀྱི་བྱ་བ་ལས་དོན་ཀུན་ལ་ལམ་འགྲོ་བཟང་པོ་ཡོང་གི་རེད་ཅེས་སྨྲས་སོ། དེ་རྫེས་དཱ་བིད་རང་གི་ལམ་དུ་ཕྱིན་པ་དང་། ས་ཨུལ་ཡང་རང་གི་ཁང་ཁྱིམ་དུ་ཕྱིར་ལོག་བྱས་སོ༎

ཤ་མུ་ཨེལ་དང་པོ། 27

དཱ་བིད་ཕེ་ལེ་ཤེད་པ་རྣམས་ཀྱི་ཁྲོད་དུ་གནས་པ།

1དེ་ནས་དཱ་བིད་ཀྱིས་རང་གི་སེམས་ལ། ནམ་ཞིག་ས་ཨུལ་གྱིས་ང་ལ་བསད་ངེས་པས། དེ་བས་ང་ནི་ཕེ་ལེ་ཤེད་པའི་ཡུལ་དུ་བྲོས་ཕྱིན་པ་ཡིན་ན། དེ་ནི་ཐབས་ལམ་ལེགས་ཤོས་ཤིག་ཡོང་ངེས་ཡིན་ནོ། ས་ཨུལ་གྱིས་ཀྱང་ང་ལ་ཨིསི་རཱཨེལ་ནང་དུ་འཚོལ་རྒྱུ་སྤངས་ཤིང་། ང་ཐར་ཏེ་ཉེན་མེད་དུ་གནས་ཐུབ་ཀྱི་རེད་ཅེས་བསམ་མོ། 2དེ་ནས་དཱ་བིད་ཀྱིས་རང་གི་མི་གྲངས་ ༦༠༠ བཅས་འཁྲིད་དེ། མ་ཨོག་ཀྱི་བུ་གྷད་ཀྱི་རྒྱལ་པོ་ཨ་ཀིཤི་ཀྱི་རྩར་འཕྲལ་དུ་ཕྱིན་ནོ། 3དཱ་བིད་དང་ཁོའི་མི་རྣམས་རང་གི་ནང་མི་དང་བཅས་པ་གྷད་དུ་གཞིས་ཆགས་ནས་བསྡད་པ་དང་། དཱ་བིད་དང་མཉམ་དུ་ཡེཛ་རིལ་ནས་ཡིན་པ་ཨ་ཧི་ནོ་ཨམ་དང་ཀར་མེལ་ནས་ཡིན་པ་ན་བྷལ་གྱི་ཡུགས་མོ་ཨ་བྷི་གེལ་བཅས་ཁོའི་ཆུང་མ་གཉིས་ཀྱང་དེར་ཡོད་པ་ཡིན་ནོ། 4ས་ཨུལ་གྱིས་དཱ་བིད་གྷད་དུ་བྲོས་ཕྱིན་པའི་སྐོར་ཐོས་ནས། ཁོ་ལ་འཚོལ་རྒྱུ་དེ་འཚམས་འཇོགས་བྱས་སོ། 5དེ་ནས་དཱ་བིད་ཀྱིས་ཨ་ཀིཤི་ལ། ཁྱེད་རང་ངའི་གྲོགས་པོ་ཡིན་ན། ང་སྡོད་ས་གྲོང་ཆུང་ཞིག་སྤྲོད་རོགས་གནང་། ང་ཁྱེད་དང་མཉམ་དུ་རྒྱལ་སར་སྡོད་དགོས་དོན་མི་འདུག་ཅེས་སྨྲས་པས། 6ཨ་ཀིཤི་ཀྱིས་དཱ་བིད་ལ། ཛིག་ལག་གི་གྲོང་དེ་སྤྲད་པ་ཡིན་པས། དུས་སྐབས་དེ་ནས་བཟུང་སྟེ། ཛིག་ལག་གི་གྲོང་དེ་ཡ་ཧུ་དཱ་པའི་རྒྱལ་པོ་རྣམས་ལ་བདག་གི་ཡོད་པ་ཡིན་ནོ། 7དཱ་བིད་ཕེ་ལེ་ཤེད་ཡུལ་དུ་ཟླ་བ་བཅུ་དྲུག་བར་དུ་བསྡད་དོ། 8དུས་ཡུན་དེའི་རིང་ལ་དཱ་བིད་དང་ཁོའི་མི་ཚོས་ས་ཁུལ་དེར་དུས་ཡུན་རིང་པོ་ནས་གནས་སྡོད་བྱེད་མཁན་གྷེ་ཤུར་པ་དང་གྷིར་ཛི་པ་དང་ཨ་མ་ལེག་བཅས་ལ་འཐབ་རྒོལ་བྱས་ཏེ། ཤུར་ནས་ཨི་ཇིབ་ཀྱི་ས་མཚམས་བར་དུ་དམག་དྲངས་ཤིང་། 9སྐྱེ་ཕོ་མོ་ཚང་མ་བསད་དེ། དེ་ཚོའི་ལུག་དང་། བ་ཕྱུགས། བོང་བུ་རྔ་མོང་དང་གྱོན་གོས་སོགས་ཀྱང་འཕྲོག་གི་ཡོད་དོ། དེ་ནས་ཁོ་ཨ་ཀིཤི་ཀྱི་རྩར་ལོག་ཡོང་སྐབས། 10ཁོས་དཱ་བིད་ལ་དེ་རིང་ཁྱོད་དམག་དྲངས་ཕྱིར་གང་དུ་སོང་བ་ཡིན་ནམ་ཞེས་དྲིས་པ་དང་། དཱ་བིད་ཀྱིས་ཁོ་ཡ་ཧུ་དཱའི་ལྷོ་ཕྱོགས་སུའམ་ཡང་ན་ཡེ་རཱ་མིལ་རིགས་བརྒྱུད་ཀྱི་ས་ཁུལ་ཁག་དང་ཡང་ན་ཀེ་ནེ་པའི་སྡོད་ཡུལ་ས་ཁུལ་ཁག་ཏུ་ཕྱིན་པ་ཡིན་ཞེས་བརྗོད་ཀྱི་ཡོད་དོ། 11མི་སུའང་གསོན་པོར་ཐར་ནས་ཁོ་དང་ཁོའི་མི་ཚོས་དོན་དམ་དུ་གང་བྱས་པའི་སྐོར་གྷད་ལ་ཕྱིན་ཏེ་གནས་ཚུལ་བཤད་མ་ཐུབ་པའི་ཕྱིར། དཱ་བིད་ཀྱིས་སྐྱེ་ཕོ་མོ་གཅིག་ཀྱང་མ་ལུས་པར་ཡོངས་སུ་བསད་ཀྱི་ཡོད་དོ། དཱ་བིད་ཕེ་ལེ་ཤེད་དུ་གནས་ཡུན་རིང་ལ་ཁོས་རྒྱུན་དུ་དེ་ལྟར་བྱེད་མོད། 12འོན་ཀྱང་ཨ་ཀིཤི་ཀྱིས་དཱ་བིད་ལ་ཡིད་ཆེས་བྱས་པ་དང་། ཁོའི་སེམས་ལ། དཱ་བིད་ཀྱི་རང་རིགས་གཅིག་པ་ཨིསི་རཱཨེལ་པ་ཚོས་ཁོ་ལ་ཧ་ཅང་སྡང་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཁོ་ནི་མི་ཚེ་ཧྲིལ་པོར་ངའི་ཞབས་ཞུ་བྱེད་དགོས་པ་འདུག་ཅེས་བསམ་མོ༎

ཤ་མུ་ཨེལ་དང་པོ། 28

1ནམ་ཞིག་གི་རྗེས་སུ་ཕེ་ལེ་ཤེད་པ་ཚོས་ཨིསི་རཱཨེལ་གྱི་ཐོག་ཏུ་དམག་འདྲེན་ཕྱིར་རང་གི་དཔུང་དམག་རྣམས་བསྡུ་བཀོང་བྱས་པ་དང་། ཨ་ཀིཤི་ཀྱིས་དཱ་བིད་ལ། ཁྱོད་དང་ཁྱོད་ཀྱི་མི་རྣམས་ནི་ངའི་ཕྱོགས་གཏོགས་བྱས་ནས་དམག་བརྒྱབ་དགོས་རྒྱུ་ཡིན་པ་དེ་ཁྱོད་ཀྱིས་ཤེས་གསལ་རེད་ཅེས་སྨྲས་སོ། 2དཱ་བིད་ཀྱིས་ལན་དུ། དེ་ནི་ཡིན་དགོས་བྱུང་། ང་ནི་ཁྱེད་ཀྱི་ཞབས་ཕྱི་ཡིན་པས། ངས་ག་རེ་བྱེད་ཐུབ་པ་དེ་སྐུ་ཉིད་རང་གིས་གཟིགས་ཐུབ་པ་ཡོད་ཅེས་སྨྲས་སོ། ཨ་ཀིཤི་ཀྱི་དེ་ལྟར་ཡིན་ན་ལེགས་སོ། ད་ངས་ཁྱོད་ལ་རང་གི་སྐུ་སྲུང་བར་གཏན་འཇགས་སུ་བསྐོ་གཞག་བྱེད་རྒྱུ་ཡིན་ཞེས་སྨྲས་སོ།

ས་ཨུལ་གྱིས་མན་ངག་མཁན་དང་གྲོས་བསྟུན་བྱེད་པ།

3ཤ་མུ་ཨེལ་གྲོངས་ཟིན་པ་ཡིན་པས། ཨིསི་རཱཨེལ་པ་ཚང་མས་ཁོའི་དོན་དུ་མྱ་ངན་བྱས་ཏེ། ཁོའི་སྐུ་ཕུང་དེའང་རང་གི་གྲོང་ཁྱེར་ར་མཱ་རུ་དུར་སར་སྦས་ཟིན་པའི་རྗེས་སུ། ས་ཨུལ་གྱིས་གཤིན་པོའི་རྣམ་ཤེས་འགུག་མཁན་དང་ལྷ་པ་ཐམས་ཅད་ཨིསི་རཱཨེལ་ནས་བཏོན་ཟིན་ཡོད་པ་ཡིན་ནོ། 4ཕེ་ལེ་ཤེད་པའི་དམག་མི་རྣམས་འཛོམས་ནས་ཤུ་ནེམ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་སྒར་བརྒྱབ་པ་དང་། ས་ཨུལ་གྱིས་ཨིསི་རཱཨེལ་པ་རྣམས་བསྡུ་བསྐོང་བྱས་ནས་རི་བོ་གྷིལ་བོ་རུ་སྒར་བརྒྱབ་ནས་བསྡད་ཡོད་དོ། 5ས་ཨུལ་གྱིས་ཕེ་ལེ་ཤེད་པའི་དམག་མི་རྣམས་མཐོང་ནས་ཧ་ཅང་འཇིགས་ཤིང་། 6ཅི་བྱ་གཏོལ་མེད་དུ་འགྱུར་ནས་གཙོ་བོ་དཀོན་མཆོག་ལ་དགོངས་སྐོར་ཞུས་མོད། འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ཁོ་ལ་རྨི་ལམ་དང་། ཡང་ན་ཨུ་རིམ་དང་ཐུམ་མིམ་གྱི་བརྒྱུད་དང་། དེ་བཞིན་ལུང་སྟོན་པ་རྣམས་ཀྱི་བརྒྱུད་ནས་ཀྱང་བཀའ་ལན་གང་ཡང་མ་གནང་ངོ་། 7དེ་ནས་ས་ཨུལ་གྱིས་རང་གི་ལས་བྱེད་པ་ཚོར། ངའི་དོན་དུ་རྣམ་ཤེས་འགུག་མཁན་བུད་མེད་ཅིག་འཚོལ་ཞིག་དང་། ངས་མོ་ལ་གྲོས་བསྟུན་བྱེད་རྒྱུ་ཡིན་ཞེས་སྨྲས་པ་དང་། ཁོ་ཚོས་ལན་དུ། ཨེན་ཌོར་ལ་དེ་ལྟ་བུའི་བུད་མེད་ཅིག་འདུག་ཅེས་སྨྲས་སོ། 8དེར་བརྟེན་ས་ཨུལ་གྱིས་ངོ་གདོང་བསྒྱུར་ནས་གོས་གཞན་ཞིག་གྱོན་ནས། ནག་ཁུང་ཆགས་པའི་རྗེས་སུ་རང་གི་མི་གཉིས་མཉམ་དུ་འཁྲིད་ནས་བུད་མེད་དེ་ཐུག་པར་ཕྱིན་པ་དང་། ཁོས་མོ་ལ། ངའི་ཆེད་དུ་རྣམ་ཤེས་དག་དང་གྲོས་བསྟུན་བྱས་ཏེ། མ་འོངས་པར་གང་འབྱུང་རྒྱུ་ཡིན་པའི་སྐོར་ང་ལ་ཤོད་ཅིག ངས་མིང་འབོད་བྱེད་པའི་མི་དེའི་རྣམ་ཤེས་བསྐོང་ཞིག་ཅེས་སྨྲས་སོ། 9བུད་མེད་དེས་ལན་དུ། རྒྱལ་པོ་ས་ཨུལ་གྱིས་ག་རེ་གནང་བའི་སྐོར་དང་། གཤིན་པོའི་རྣམ་ཤེས་འགུག་མཁན་དང་ལྷ་པ་རྣམས་ཇི་ལྟར་ཨིསི་རཱཨེལ་ནས་ཕྱིར་སྐྲོད་གནང་བའི་སྐོར་ཁྱེད་ཀྱི་ངེས་གཏན་མཁྱེན་གསལ་རེད། དེ་བས་ན་ཁྱེད་ཀྱིས་ང་རྙི་ཐག་གི་ནང་བཅུག་སྟེ། གསོད་ཐབས་གནང་དགོས་པ་དེ་གང་ཡིན་ནམ་ཞེས་སྨྲས་སོ། 10དེ་ནས་ས་ཨུལ་གྱིས་དམ་བཅའ་རྩ་ཆེན་ཞིག་བཞག་ནས་མོ་ལ་སྨྲས་པ། སྐུ་གསོན་པོར་བཞུགས་པའི་གཙོ་བོ་དཀོན་མཆོག་གི་མཚན་གྱི་ངང་དུ་ངས་དམ་བཅའ་བྱེད་དེ་བརྗོད་རྒྱུར། ཁྱོད་ཀྱིས་གང་བྱས་པའི་ཉེས་ལན་དུ་ཁྱོད་ལ་ཆད་པ་ཕོག་མི་ཡོང་། 11བུད་མེད་དེས། ཁྱེད་ཀྱི་དོན་དུ་ངས་སུའི་རྣམ་ཤེས་དེ་འགུག་པ་བྱའམ་ཞེས་དྲིས་པའི་ལན་དུ། ཁོང་གིས། ཤ་མུ་ཨེལ་གྱི་རྣམ་ཤེས་དེ་འགུག་དགོས་ཤེས་སྨྲས་སོ། 12བུད་མེད་དེས་ཤ་མུ་ཨེལ་མཐོང་བ་དང་སྐད་ཅོར་འདོན་ཏེ་ས་ཨུལ་ལ། ཁྱེད་ཀྱིས་ང་ལ་མགོ་བསྐོར་གཏོང་དགོས་པ་དེ་གང་ཡིན་ནམ། ཁྱེད་ནི་རྒྱལ་པོ་ས་ཨུལ་རེད་བཞག་ཅེས་སྨྲས་སོ། 13རྒྱལ་པོས་མོ་ལ། མ་འཇིགས་ཤིག། ཁྱོད་ཀྱིས་ག་རེ་མཐོང་གི་འདུག་གམ་ཞེས་སྨྲས་པས། མོས་ལན་དུ། ངས་རྣམ་ཤེས་ཤིག་ས་གཞི་ནས་ཡར་ཡོང་བཞིན་པ་མཐོང་གི་འདུག་ཅེས་སྨྲས་པས། 14ཁོས། དེའི་གཟུགས་དབྱིབས་དེ་གང་འདྲ་ཞིག་འདུག་གམ་ཞེས་སྨྲས་པས། དེའི་ལན་དུ་མོས། ལུས་ལ་གྱོན་གོས་རིང་པོ་གྱོན་པའི་མི་རྒན་ཞིག་ཚུར་ཡོང་གིན་འདུག་ཅེས་སྨྲས་པས། དེ་ནི་ཤ་མུ་ཨེལ་ཡིན་པ་ཤེས་ནས། ས་ཨུལ་གྱིས་གུས་ཞབས་དང་བཅས་མགོ་བོ་ས་ལ་སྒུར་ནས་ཕྱག་འཚལ་ལོ། 15དེ་ནས་ཤ་མུ་ཨེལ་གྱིས་ས་ཨུལ་ལ་ཁྱོད་ཀྱིས་ང་ལ་ཅིའི་ཕྱིར་སུན་པོ་བྱས་སམ། ག་རེའི་དོན་དུ་ང་ལ་ཕྱིར་བཀུག་བྱས་པ་ཡིན་ནམ་ཞེས་སྨྲས་པས། ས་ཨུལ་གྱིས། ང་ནི་ཧ་ཅང་དཀའ་ངལ་ནང་ཚུད་ཡོད། ཕེ་ལེ་ཤེད་པ་ཚོས་ངའི་ཐོག་ཏུ་དམག་འཐབ་བྱེད་བཞིན་ཡོད་པ་དང་། དཀོན་མཆོག་གིས་ང་དོར་བ་གནང་བྱུང་། ད་ཁོང་གིས་ང་ལ་ལུང་སྟོན་པའམ་རྨི་ལམ་གྱི་སྒོ་ནས་བཀའ་ལན་གང་ཡང་གནང་གི་མི་འདུག དེ་བས་ན། ངས་ག་རེ་བྱེད་དགོས་སྐོར་ཁྱེད་ཀྱིས་ང་ལ་བཀའ་སློབ་གནང་བའི་ཕྱིར་ངས་ཁྱེད་ལ་འབོད་པ་ཡིན་ཞེས་སྨྲས་པས། 16ཤ་མུ་ཨེལ་གྱིས། གཙོ་བོ་དཀོན་མཆོག་གིས་ཁྱོད་རང་སྤངས་ནས་དགྲ་རུ་འགྱུར་ཟིན་པ་ཡིན་པས། ད་ཁྱོད་ཀྱིས་ང་ལ་ག་རེའི་དོན་དུ་འབོད་པ་ཡིན་ནམ། 17སྔར་གཙོ་བོ་དཀོན་མཆོག་གིས་ངའི་བརྒྱུད་ནས་ཁྱོད་ལ་གང་གནང་གི་ཡིན་གསུངས་པ་དེ་ཁོང་གིས་ད་ལྟ་སྒྲུབ་པར་མཛད་པ་ཡིན་པས། ཁོང་གིས་ཁྱོད་ཀྱི་རྒྱལ་སྲིད་དེ་ཁྱོད་ཀྱི་ལག་ནས་བཞེས་ཏེ་དཱ་བིད་ལ་གནང་ཡོད་པ་ཡིན། 18ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་གི་བཀའ་ལ་བརྩི་སྲུང་མ་ཞུས་པར། ཨ་མ་ལེག་པ་རྣམས་དང་ཁོ་ཚོའི་ཕྱུགས་ཟོག་དང་རྒྱུ་དངོས་རྣམས་ཆ་ཚང་མེད་པར་མ་བཟོས་པ་ཡིན་པས། ད་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཉེས་ཆད་འདི་བཞིན་གནང་བ་ཡིན་ནོ། 19དེ་ཙམ་མ་ཟད་ཁོང་གིས་ཁྱོད་དང་ཨིསི་རཱཨེལ་པ་ཡོངས་རྫོགས་ཕེ་ལེ་ཤེད་པ་རྣམས་ཀྱི་ལག་པར་རྩིས་སྤྲོད་གནང་རྒྱུ་ཡིན་པ་དང་། སང་ཉིན་ཁྱོད་དང་ཁྱོད་ཀྱི་བུ་རྣམས་ཀྱང་ང་དང་མཉམ་དུ་གཤིན་ཡུལ་དུ་སླེབས་པར་འགྱུར། དེ་རྗེས་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་དམག་དཔུང་རྣམས་ཀྱང་ཕེ་ལེ་ཤེད་པ་ཆོའི་ལག་ཏུ་རྩིས་སྤྲོད་གནང་ཡོང་། ཅེས་སྨྲས་སོ། 20ཤ་མུ་ཨེལ་གྱིས་གང་སྨྲས་པ་དེ་ས་ཨུལ་གྱིས་ཐོས་མ་ཐག་ཏུ། ཁོའི་སེམས་ནང་ཧ་ཅང་འཇིགས་སྣང་ཆེན་པོ་སྐྱེས་ནས་ས་ཁར་འགྱེལ་ལོ། ཁོས་ཉེན་མཚན་གཉིས་ཀའི་རིང་དུ་ཁ་ཟས་གང་ཡང་མ་ཟས་པས་ལུས་སྟོབས་ཡོངས་སུ་ཉམས་ཡོད་པ་དང་། 21དེ་ནས་བུད་མེད་དེ་ཁོའི་ཉེ་འགྲམ་དུ་ཕྱིན་ཏེ། ཁོ་ཧ་ཅང་འཇིགས་ནས་བསྡད་ཡོད་པ་མཐོང་བ་དང་། མོས་ཀྱེ་མི་དབང་ཆེན་པོ། ཁྱེད་ཀྱིས་བཀའ་གང་གནང་བ་བཞིན་ངས་བྱས་ཏེ་རང་སྲོག་འབེན་ལ་བཙུགས་པ་ཡིན་ནོ། 22ད་ངས་ཁྱེད་ལ་གང་ཞུས་པ་ལྟར་གནང་རོགས་གནང་། ཁྱེད་ཀྱི་དོན་དུ་ང་ལ་གསོལ་ཚིག་ཞིག་གྲ་སྒྲིགས་བྱེད་བཅུག་རོགས་གནང་། སྐུ་ཉིད་ཕེབས་སྐྱོད་གནང་ཐུབ་པའི་ནུས་པ་སྐྱེད་པའི་ཕྱིར་གསོལ་ཚིག་དེ་བཞེས་དགོས་ཅེས་སྨྲས་སོ། 23ས་ཨུལ་གྱིས་ཁ་ཟས་གང་ཡང་ཟ་འདོད་མ་བྱས་མོད། འོན་ཀྱང་ཁོའི་ལས་བྱེད་པ་ཚོས་ཀྱང་ནན་ཏན་ཆེན་པོས་ཨུ་ཚུག་བྱས་པས། མཐར་ཁོ་ཚོས་ལབ་པར་ཉན་ཏེ་ཁོ་ཡར་ལངས་ཤིང་ཉལ་ཁྲི་སྟེང་དུ་བསྡད་དོ། 24དེ་ནས་བུད་མེད་དེ་གསོས་ནས་བཞག་པའི་རང་གི་བེའུ་རྒྱག་པ་དེ་འཕྲལ་དུ་བསད་དེ། མོས་གྲོ་ཞིབ་ཕྲན་བུའི་ཞིག་བླངས་ནས་ཆི་མན་མེད་པའི་བག་ལེབ་བཟོས་ཏེ། 25མོས་ཁ་ཟས་དེ་དག་ས་ཨུལ་དང་ལས་བྱེད་པ་དེ་ཆོའི་མདུན་དུ་བཤམས་པས། དེ་ཚོས་ཁ་ཟས་དེ་དག་བཟས་ནས་མཚན་མོ་དེ་རང་ལ་ཕྱོགས་ཐོན་བྱས་སོ༎

ཤ་མུ་ཨེལ་དང་པོ། 29

ཕེ་ལེ་ཤེད་པ་ཚོས་དཱ་བིད་ལ་ངོས་ལེན་མ་བྱས་པ།

1ཕེ་ལེ་ཤེད་པ་ཚོས་རང་གི་དམག་དཔུང་རྣམས་ས་གནས་ཨ་ཕེག་ཏུ་བསྡུ་འཛོམས་བྱས་པ་དང་། དེ་བཞིན་ཨིསི་རཱཨེལ་པ་རྣམས་ཀྱང་ཡེཛ་རིལ་ལུང་གཤོང་གི་ཆུ་མིག་ཞིག་གི་ཉེ་འགྲམ་དུ་སྒར་བརྒྱབ་ནས་བསྡད་ཡོད་དོ། 2ཕེ་ལེ་ཤེད་པའི་རྒྱལ་པོ་ལྔ་ནི་མི་གྲངས་བརྒྱ་ཕྲག་དང་སྟོང་ཕྲག་བྱས་པའི་རང་རང་སོ་སོའི་སྡེ་ཁག་དང་མཉམ་དུ་མདུན་སྐྱོད་བྱས་པ་དང་། དཱ་བིད་དང་ཁོའི་མི་རྣམས་རྒྱལ་པོ་ཨ་ཀིཤི་དང་མཉམ་དུ་གྲལ་ཞུགས་སུ་ཕྱིན་ནོ། 3ཕེ་ལེ་ཤེད་པའི་དམག་དཔྱིད་རྣམས་ཀྱི་ཁོ་ཚོ་མཐོང་ནས། ཨིབ་རི་པ་དེ་ཚོ་འདིར་ག་རེ་བྱེད་ཀྱི་ཡོད་པ་ཡིན་ནམ་ཞེས་དྲིས་པ་དང་། ལན་དུ་ཨ་ཀིཤི་ཀྱིས། འདི་ནི་ཨིསི་རཱཨེལ་གྱི་རྒྱལ་པོ་ས་ཨུལ་གྱི་ལས་བྱེད་པ་དཱ་བིད་ཅེས་པ་དེ་ཡིན་པ་དང་། ཁོ་ནི་ང་ཚོའི་ཁྲོད་དུ་གནས་སྡོད་བྱས་ནས་དུས་ཡུན་རིང་པོར་སོང་བས། ཁོ་ངའི་རྩར་སླེབས་པའི་ཉིན་མོ་ནས་བཟུང་སྟེ་ད་བར་ཁོས་ནོར་འཁྲུལ་བྱས་པ་གཅིག་ཀྱང་ངས་མཐོང་མ་བྱུང་། 4འོན་ཀྱང་ཕེ་ལེ་ཤེད་པའི་དམག་དཔྱིད་རྣམས་ཨ་ཀིཤི་དང་ཁོང་ཁྲོ་ལངས་ནས་ཁོ་ལ། མི་དེ་ཁྱོད་ཀྱིས་སྤྲད་པའི་གྲོང་ཁྱེར་དེར་ཕྱིར་ལོག་བྱེད་དུ་ཆུག་ཅིག ཁོ་ང་ཚོ་དང་མཉམ་དུ་དམག་སར་ཡོང་མ་ཅུག་ཅིག དམག་འཐབ་བྱེད་སྐབས་ཁོས་ང་ཚོར་འཐབ་རྒོལ་ཡང་བྱེད་སྲིད། རང་གི་སྦྱིན་བདག་མཉེས་པར་བྱེད་པའི་ཐབས་ལམ་བཟང་ཤོས་དེ་ནི། ང་ཚོའི་མི་རྣམས་བསད་པའི་སྒོ་ནས་མ་གཏོགས་གཞན་ཐབས་ལམ་བཟང་བ་ཞིག་གང་ཡོད་དམ། 5གང་ལྟར་ཡིན་རུང་ཁོ་ནི་དཱ་བིད་ཟེར་བ་དེ་མ་ཡིན་ནམ། ཁོའི་སྐོར་ལ་བུད་མེད་ཚོས་བྲོ་ཁར་ཁྲབ་སྟེ། ས་ཨུལ་གྱིས་སྟོང་ཕྲག་བསད་ཅིང་། དཱ་བིད་ཀྱིས་ཁྲི་ཕྲག་བསད་དོ་ཞེས་གཞས་བཏང་བ་མ་ཡིན་ནམ། 6དེ་ནས་ཨ་ཀིཤི་ཀྱིསེ་དཱ་བིད་བོས་ནས། ངས་ཨིསི་རཱཨེལ་པའི་སྐུ་གསོན་པོར་བཞུགས་པའི་གཙོ་བོ་དཀོན་མཆོག་གི་མཚན་གྱི་ངང་དུ་མནའ་བསྐྱེལ་ནས་བརྗོད་རྒྱུར། ཁྱོད་ཀྱིས་ང་ལ་ཞེན་སེམས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁྱོད་རང་ང་དང་མཉམ་དུ་ཡོང་ནས་ངའི་ཕྱོགས་གཏོགས་བྱེད་དེ་དམག་བརྒྱབ་པ་དེ་ལ་ཧ་ཅང་དགའ་པོ་འདུག དེ་ཙམ་མ་ཟད། ཁྱོད་ངའི་རྩར་ཡོང་བ་ནས་བཟུང་སྟེ་ད་བར་ངས་ཁྱོད་ལ་སྐྱོན་གང་ཡང་མཐོང་མ་བྱུང་། འོན་ཀྱང་རྒྱལ་པོ་གཞན་ཚོས་ཁྱོད་ལ་ཁས་ལེན་བྱེད་ཀྱི་མིན་འདུག 7དེ་བས་ན་ཁྱོད་ཞི་བདེའི་ནང་རང་ཁྱིམ་དུ་ཕྱིར་ལོག་བྱོས་ཤིག ཁོ་ཚོའི་འདོད་པ་དང་མ་མཐུན་པའི་ལས་གང་ཡང་མ་བྱེད་རོགས་གནང་ཞེས་སྨྲས་སོ། 8དེའི་ལན་དུ་དཱ་བིད་ཀྱིས། ཀྱེ་ཇོ་བོ་ལགས། ངས་ནོར་འཁྲུལ་ག་རེ་བྱས་ཡོད་དམ། ད་ལྟ་ཁྱེད་ཀྱིས་བཀའ་གནང་གསལ་ལྟར། ངས་ཁྱེད་ཀྱི་ཞབས་ཕྱི་ཞུས་པ་ནས་བཟུང་ད་བར་ཁྱེད་ཀྱིས་ང་ལ་སྐྱོན་གང་ཡང་གཟིགས་མེད་པ་ཡིན་ན། ངས་རང་གི་སྦྱིན་བདག་དང་རྒྱལ་པོའི་ལྷན་དུ་ཕྱིན་ཏེ་སྐུ་ཉིད་ཀྱི་དགྲ་བོ་རྣམས་དང་དམག་འཐབ་བྱེད་མི་ཆོག་པ་དེ་གང་ཡིན་ནམ་ཞེས་སྨྲས་པ་དང་། 9ཨ་ཀིཤི་ཀྱིས་ལན་དུ། ཁྱོད་ཀྱིས་གང་སྨྲས་པ་དེ་བདེན་པ་ཡིན་པ་དང་། ངས་ནི་ཁྱོད་ལ་དཀོན་མཆོག་གི་ཕོ་ཉ་བཞིན་དུ་ཚུལ་མཐུན་ཞེན་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་རྒྱལ་པོ་གཞན་ཚོས་ཁྱོད་རང་ང་ཚོ་དང་མཉམ་དུ་དམག་ལ་ཡོང་མི་ཆོག་ཅེས་བརྗོད་ཀྱི་འདུག་པས། 10དེ་བས་ན་དཱ་བིད་ས་ཨུལ་ལ་སྤངས་ནས་ངའི་རྩར་ཡོང་མཁན་ཁྱོད་ཚོ་ཚང་མ་སང་ཞོགས་སྔ་པོར་ལངས་ཏེ་སྐྱ་བཏང་མ་ཐག་ཏུ་ཐོན་དགོས་ཅེས་སྨྲས་སོ། 11དེ་ནས་དཱ་བིད་དང་ཁོའི་མི་རྣམས་སང་ཞོགས་སྔ་པོར་ལངས་ནས་ཕེ་ལེ་ཤེད་དུ་ཐོན་པ་དང་། དེ་བཞིན་ཕེ་ལེ་ཤེད་པ་ཚོའང་ཡེཛ་རིལ་གྱི་ཕྱོགས་སུ་ཐོན་པ་ཡིན་ནོ༎

ཤ་མུ་ཨེལ་དང་པོ། 30

ཨ་མ་ལེག་པ་རྣམས་དང་དམག་འཐབ་པ།

1དེ་ནས་ཉིན་ཞག་གཉིས་ཀྱི་རྗེས་སུ་དཱ་བིད་དང་ཁོའི་མི་རྣམས་ཛིག་ལག་ཏུ་སླེབས་པ་དང་། ཨ་མ་ལེག་པ་ཚོས་ཡ་ཧུ་དཱའི་ལྷོ་ཕྱོགས་ནས་དམག་དྲངས་ཏེ་ཛིག་ལག་ཏུ་འཐབ་རྒོལ་བྱས་སོ། དེ་ཚོས་གྲོང་ཁྱེར་མེར་སྲེག་བཏང་སྟེ། 2བུད་མེད་ཚང་མ་འཛིན་བཟུང་བྱས་སོ། མི་གཅིག་ཀྱང་མ་བསད་པར་སོ་སོ་ཕྱོགས་ཐོན་བྱེད་སྐབས་དེ་ཚོ་ཚང་མ་རང་དང་མཉམ་དུ་འཁྲིད་ཕྱིན་ནོ། 3དེ་ནས་དཱ་བིད་དང་ཁོའི་མི་རྣམས་དེར་སླེབས་སྐབས། ཁོ་ཚོས་གྲོང་ཁྱེར་དེ་མེར་སྲེག་བཏང་ཡོད་པ་དང་། ཁོ་ཚོའི་སྐྱེ་དམན་བུ་ཕྲུག་ཚང་མ་འཁྲིད་ཟིན་ཡོད་པ་མཐོང་ངོ། 4དཱ་བིད་དང་ཁོའི་མི་རྣམས་ངུ་ཤོར་ནས། ཁོ་ཚོ་ངུ་ཐག་མ་ཆད་བར་དུ་ངུས་སོ། 5དཱ་བིད་ཀྱི་ཆུང་མ་ཨ་ཧི་ནོ་ཨམ་དང་ཨ་བྷི་གེལ་གཉིས་ཀྱང་བུད་མེད་གཞན་རྣམས་དང་མཉམ་དུ་འཁྲིད་ཡོད་པ་ཡིན་ནོ། 6དཱ་བིད་ནི་དཀའ་ངལ་ཆེན་པོ་ཞིག་གི་ནང་དུ་ཚུད་ཡོད་པ་ཡིན་ནོ། གང་ལགས་ཟེར་ན། ཁོའི་མི་རྣམས་ཀྱི་ཆུང་མ་བུ་ཕྲུག་དང་བཅས་པ་ཚང་མ་འཛིན་བཟུང་བྱས་ནས་འཁྲིད་ཡོད་པ་ཡིན་པས། ཁོ་ཚོ་ཧ་ཅང་ཁོང་ཁྲོ་ལངས་ནས་ཁོ་ལ་རྡོ་རུབ་གཏོང་རྒྱུའི་སྡིགས་ར་བསྐུལ་གྱི་ཡོད་དོ། འོན་ཀྱང་གཙོ་བོ་དཀོན་མཆོག་ཁོའི་དཀོན་མཆོག་གིས་ཁོ་ལ་བློ་སྟོབས་གནང་ཡོད་པ་ཡིན་ནོ། 7དེ་ནས་དཱ་བིད་ཀྱིས་ཨ་ཧི་མེ་ལེག་གི་བུ་བླ་མ་ཨ་བྷི་ཡ་ཐར་ལ། ང་ལ་ཨེ་ཕོད་དེ་ཚུར་གཤུགས་ཤིག་ཅེས་སྨྲས་པས། ཨ་བྷི་ཡ་ཐར་གྱིས་དེ་ཁོང་གི་རྩར་འཁྱེར་ཡོང་བ་དང་། 8དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་ལ། ངས་འཇབ་རྒོལ་བྱེད་མཁན་རྣམས་ཀྱི་རྗེས་འདེད་བྱེད་དམ། ངས་ཁོ་ཚོ་འཛིན་བཟུང་བྱེད་ཐུབ་བམ་ཞེས་བཀའ་འདྲི་ཞུས་པས། དེའི་ལན་དུ་ཁོང་གིས། ཁོ་ཚོའི་རྗེས་འདེད་བྱོས་ཤིག། ཁྱོད་ཀྱིས་ཁོ་ཚོ་འཛིན་བཟུང་བྱེད་དེ། བཙོན་པ་རྣམས་ཀྱང་སྐྱབས་ཐུབ་པ་ཡོད་ཅེས་གསུངས་སོ། 9དེར་བརྟེན་དཱ་བིད་དང་ཁོའི་མི་རྣམས་ ༦༠༠ དེ་ནས་ཕྱིན་ཏེ། ཁོ་ཚོ་བྷེ་སོར་ཞེས་པའི་ཆུ་ཀླུང་དུ་སླེབས་པ་དང་། མི་འགའ་ཤས་གནས་དེ་རང་དུ་བསྡད་དོ། 10དཱ་བིད་ནི་རང་དང་མཉམ་དུ་མི་རྣམས་ ༤༠༠ འཁྲིད་ནས་ད་དུང་མུ་མཐུད་ཀྱིས་ཕྱིན་པ་དང་། དེ་འཕྲོད་མི་གྲངས་ ༢༠༠ ནི་ཧ་ཅང་ཐང་ཆད་དེ་ཆུ་ཀླུང་རྒལ་མ་ཐུབ་པར་དེ་ག་རང་དུ་བསྡད་པ་རེད། 11དེ་ནས་དཱ་བིད་དང་མཉམ་དུ་ཡོད་པའི་མི་ཚོས་ཐང་སྟོང་ཁུལ་དུ་ཨི་ཇིབ་པའི་བུ་ཞིག་མཐོང་ནས། དེ་དཱ་བིད་ཀྱི་རྩར་འཁྲིད་ཡོང་པ་དང་། ཁོ་ཚོས་དེ་ལ་ཁ་ཟས་ཕྲན་བུ་ཞིག་དང་ཆུ་སྤྲད་དོ། 12ཁོ་ལ་ཁ་ཟས་སུ་སེ་ཡབ་ཀྱི་ཤིང་འབྲས་སྐམ་པོ་ཕྲན་བུ་ཞིག་དང་རྒུན་འབྲུམ་ཆག་པ་གཉིས་སྤྲད་པས། ཁོས་དེ་ཟས་པའི་རྗེས་སུ་ཁོ་ལ་ལུས་སྟོབས་སླར་གསོ་བྱུང་ངོ་། ཁོས་ཉིན་མཚན་ཆ་ཚང་གསུམ་གྱི་རིང་ལ་བཟའ་བཏུང་སོགས་གང་ཡང་བྱས་མེད་པ་ཡིན་ནོ། 13དེ་ནས་དཱ་བིད་ཀྱིས་ཁོ་ལ། ཁྱོད་ཀྱི་སྦྱིན་བདག་སུ་ཡིན་པ་དང་ཁྱོད་རང་གང་ནས་ཡིན་ནམ་ཞེས་འདྲི་རྩད་བྱས་པས། ཁོས་ལན་དུ། ང་ནི་ཨི་ཇིབ་པ་ཞིག་ཡིན་ཏེ། ཨ་མ་ལེག་པ་ཞིག་གི་བྲན་གཡོག་ཡིན། ང་ནད་པ་ཡིན་པས། ངའི་སྦྱིན་བདག་གིས་ང་སྤངས་ནས་ཉིན་ཞག་གསུམ་ཕྱིན་སོང་། 14ང་ཚོས་ཡ་ཧུ་དཱའི་ལྷོ་ཕྱོགས་སུ་ཡོད་པའི་ཀེ་རེ་པའི་ས་ཁུལ་ཁག་དང་། ཀ་ལེབ་རིགས་རུས་ཀྱི་ས་ཁུལ་ཁག་ཏུ་འཇབ་རྒོལ་བྱས་ནས། ཛིག་ལག་མེར་སྲེག་བཏང་བ་ཡིན་ཞེས་སྨྲས་པ་དང་། 15དཱ་བིད་ཀྱིས་ཁོ་ལ། ཁྱོད་ཀྱིས་ང་ལ་འཇབ་རྒོལ་བྱེད་མཁན་དེ་ཚོའི་རྩར་འཁྲིད་ཐུབ་བམ་ཞེས་དྲིས་པས། ཁོས་ལན་དུ། གལ་སྲིད་ཁྱེད་ཀྱི་ང་ལ་གསོད་རྒྱུ་མིན་པ་དང་། ང་སྦྱིན་བདག་གི་ལག་པར་རྩིས་སྤྲོད་མི་བྱེད་ཅེས་དཀོན་མཆོག་གི་མཚན་གྱི་ངང་དུ་དམ་བཅའ་གནང་བ་ཡིན་ན། ངས་དེ་བཞིན་བྱེད་རྒྱུ་ཡིན་ཞེས་སྨྲས་སོ། 16ཁོས་དཱ་བིད་ལ་ཁོ་ཚོའི་རྩར་འཁྲིད་ཕྱིན་ནོ། འཇབ་རྒོལ་བྱེད་མཁན་དམག་མི་ཚང་མ་ཁ་འཐོར་ནས་བསྡད་ཡོད་པ་དང་། ཁོ་ཚོས་བཟའ་བཏུང་དང་དགའ་སྟོན་ལ་རོལ་ཞིང་ཡོད་པ་ཡིན། གང་ལགས་ཟེར་ན། ཁོ་ཚོས་ཕེ་ལེ་ཤེད་དང་ཡ་ཧུ་དཱ་ནས་རྒྱུ་ནོར་ཧ་ཅང་ཕོན་ཆེ་ཞིག་བཅོམ་ཡོད་པ་ཡིན་ནོ། 17དཱ་བིད་ཀྱིས་དེའི་ཕྱི་ཉིན་ཐོ་རེངས་སྔ་པོ་ནས་ཕྱི་དྲོ་བར་ཁོ་ཚོའི་ཐོག་ཏུ་འཐབ་རྒོལ་བྱས་པས། རྔ་མོང་ལ་བཞོན་ནས་བྲོས་ཕྱིན་པའི་གཞོན་ནུ་མི་གྲངས་ ༤༠༠ དེ་མ་གཏོགས། དེ་མིན་མི་གཅིག་ཀྱང་མ་ཐར་རོ། 18ཨ་མ་ལེག་པ་ཚོས་འཁྲིད་པའི་མི་དང་དངོས་པོ་ཚང་མ་དཱ་བིད་ཀྱིས་ཚུར་ཕྱིར་འཕྲོག་བྱས་ཐུབ་བོ། དེའི་ཁོངས་སུ་ཁོའི་ཆུང་མ་གཉིས་ཀྱང་ཡོད་པ་ཡིན་ནོ། 19ཨ་མ་ལེག་པ་ཚོས་འཛིན་བཟུང་བྱས་ནས་འཁྲིད་པའི་མི་དང་། དཱ་བིད་ཀྱི་མི་ཚང་མའི་བུ་དང་བུ་མོ་ཚང་མ་དང་། ཁོ་ཚོས་འཕྲོག་བཅོམ་བྱས་པའི་རྒྱུ་དངོས་ནང་ནས་གཅིག་ཀྱང་མ་ལུས་པར་དཱ་བིད་ལ་ཕྱིར་སློག་ཐོབ་བོ། 20ཁོས་ཕྱུགས་ཟོག་རྣམས་ཀྱང་ཡོངས་སུ་ཕྱིར་འཕྲོག་བྱས་པས། ཁོའི་མི་རྣམས་ཀྱིས་དེ་དག་རང་གི་མདུན་དུ་དེད་ནས་སྨྲས་པ། འདི་ཚོ་ནི་དཱ་བིད་ལ་བདག་པ་ཡིན་ནོ། 21དེ་ནས་དཱ་བིད་མི་རྣམས་ ༢༠༠ རྣམས་ཉམ་ཞིང་རྒུད་ནས་ཁོང་དང་མཉམ་དུ་འགྲོ་མ་ཐུབ་པར་ཆུ་ཀླུང་བྷེ་སོར་གྱི་འགྲམ་དུ་དེ་ཚོ་བསྡད་ཡོད་སར་ཕྱིར་ལོག་གོ ཁོ་ཚོའང་དཱ་བིད་དང་ཁོའི་མི་རྣམས་ཐུགས་འཕྲད་བྱེད་པར་མདུན་དུ་ཡོང་ཞིང་། དཱ་བིད་ཁོ་ཚོའི་རྩར་མདུན་དུ་ཕྱིན་ནས་དགའ་བསུ་བྱས་སོ། 22འོན་ཀྱང་དཱ་བིད་དང་མཉམ་དུ་འགྲོ་མཁན་མི་ངན་འགའ་ཤས་ཀྱིས། ཁོ་ཚོ་ང་ཚོ་དང་མཉམ་དུ་མ་ཕྱིན་པ་ཡིན་པས། ང་ཚོས་བཅོམ་ནོར་ནས་ཁོ་ཚོར་གང་ཡང་སྤྲོད་ཀྱི་མིན། འོན་ཀྱང་ཁོ་ཚོས་རང་གི་ཆུང་མ་དང་བུ་ཕྲུག་སོགས་འཁྲིད་ནས་འགྲོ་ཆོག་གི་རེད་ཅེས་སྨྲས་མོད། 23འོན་ཀྱང་དཱ་བིད་ཀྱིས་ལན་དུ། རྒྱུ་ནོར་འདི་དག་ནི་གཙོ་བོ་དཀོན་མཆོག་གིས་ང་ཆོར་གནང་བ་ཡིན་པས། ཀྱེ་ངའི་སྤུན་རྣམས། ཁྱོད་ཚོས་དེ་ལྟར་བྱེད་ན་མི་སྒྲིག་ཅིང་། ཁོང་གིས་ང་ཚོ་ཉེན་ཁ་ལས་སྐྱབས་པ་གནང་ནས་འཇབ་རྒོལ་བྱེད་མཁན་ལས་རྒྱལ་ཁ་གནང་ཡོད་པ་ཡིན། 24ཁྱོད་ཚོས་གང་བཤད་པ་དེ་ལ་སུས་ཀྱང་ཁས་ལེན་བྱེད་མི་ཡོང་། དེ་བས་ན་ཚང་མར་ཐོབ་སྐལ་འདྲ་མཉམ་སྤྲོད་དགོས། ཟས་རིགས་མཁོ་ཆས་སོགས་ལ་བལྟ་རྟོགས་བྱེད་མཁན་རྣམས་ལའང་དམག་སར་འགྲོ་མཁན་རྣམས་དང་མཚུངས་པར་ཐོབ་སྐལ་འདྲ་མཉམ་སྤྲོད་དགོས་ཅེས་སྨྲས་སོ། 25དཱ་བིད་ཀྱིས་ལམ་སྲོལ་དེ་བཟོས་པ་ནས་བཟུང་ཨིསི་རཱཨེལ་དུ་དེ་བཞིན་ལག་ལེན་བསྟར་བཞིན་པ་ཡིན་ནོ། 26དེ་ནས་དཱ་བིད་ཛིག་ལག་ཏུ་ཕྱིར་ལོག་བྱས་ཏེ། རང་གི་གྲོགས་པོ་ཡ་ཧུ་དཱའི་འགོ་དཔོན་རྣམས་ལ་བཅོམ་ནོར་གྱི་ཆ་ཤས་ཤིག་བཏང་ནས་གཤམ་གསལ་ལྟར་འཕྲིན་ཞིག་བསྐུར་བ། ང་ཚོས་གཙོ་བོ་དཀོན་མཆོག་གི་དགྲ་བོའི་ལག་ནས་འཕྲོག་པའི་བཅོམ་ནོར་ལས་ཁྱོད་ཚོར་ཕྱག་རྟགས་ཕྲན་བུ་ཞིག་བསྐུར་ཡོད། 27དེ་བཞིན་དཱ་བིད་ཀྱིས་བྷེ་ཐེལ་གྱི་མི་རྣམས་དང། ཡ་ཧུ་དཱའི་ལྷོ་ཕྱོགས་སུ་ཡོད་པའི་ར་མཱའི་མི་རྣམས་དང་། ཡ་ཏིར་གྲོང་ཁྱེར་རྣམས་ཀྱི་མི་རྣམས་དང། 28ཨ་རོ་ཨེར། སིཕ་མོད། ཨེཤ་ཏེ་མོ། 29ར་ཀལ་གྲོང་ཁྱེར་གྱི་མི་རྣམས་དང། ཡེ་རཱ་མིལ་གྱི་རིགས་རུས་དང་། ཀེ་ནེ་པ་རྣམས་དང་། 30དེ་བཞིན་ཧོར་མཱ། བོ་ར་ཤན་དང་། ཨ་ཐག་དང་། 31ཧེབ་རོན་གྲོང་ཁྱེར་གྱི་མི་མང་ཚོ་དང་། ཁོ་དང་ཁོའི་མི་རྣམས་དེ་སྔ་ས་ཁུལ་གང་དུ་ཕྱིན་པ་དེ་ཚོ་ཚང་མར་ཁོས་ཕྱག་རྟགས་དེ་དག་བཏང་བ་ཡིན་ནོ༎

ཤ་མུ་ཨེལ་དང་པོ། 31

ས་ཨུལ་དང་ཁོའི་བུ་རྣམས་འདས་གྲོངས་ཕྱིན་པ།

(༡ སྔོན་རབ་ ༡༠:༡-༡༢)

1དེ་ནས་ཕེ་ལེ་ཤེད་པ་ཚོས་རི་བོ་གྷིལ་བོའི་སྟེང་དུ་ཨིསི་རཱཨེལ་པ་རྣམས་དང་འཐབ་རྒོལ་བྱས་ནས། དེར་ཨིསི་རཱཨེལ་པ་གྲངས་མང་ཞིག་སྲོག་སྐྱོན་བྱུང་ཞིང་། ས་ཨུལ་དང་ཁོའི་བུ་རྣམས་ཀྱི་གཙོས་པའི་དེ་འཕྲོས་ལུས་པ་རྣམས་ཀྱང་བྲོས་ཕྱིན་མོད། 2འོན་ཀྱང་ཕེ་ལེ་ཤེད་པ་ཚོས་ཁོ་ཚོ་འཛིན་བཟུང་བྱས་ནས། ས་ཨུལ་གྱི་བུ་ཡོ་ན་ཐན་དང་ཨ་བྷི་ན་དྷབ་དང་མལ་ཀི་ཤུ་ཨ་བཅས་བསད་དོ། 3ས་ཨུལ་གྱི་ཉེ་འཁོར་དུ་དམག་འཁྲུགས་ཤུགས་ཆེན་པོ་ལངས་པས། ཁོ་ལ་དགྲ་བོའི་མདའ་ཕོག་ནས་རྨས་སྐྱོན་ཆེན་པོ་བྱུང་ངོ་། 4ས་ཨུལ་གྱིས་རང་གི་གོ་མཚོན་འཁྱེར་མཁན་གཞོན་ནུ་དེ་ལ། ཕེ་ལེ་ཤེད་པ་ཆོས་མེད་ཀླ་ཀློ་པ་དེ་ཚོས་འཕྱ་ནས་ང་ལ་མ་གསོད་གོང་དུ་ཁྱོད་ཀྱིས་རང་གི་རལ་གྲི་དེ་བཏོན་ནས་ང་གསོད་ཅིག་ཅེས་སྨྲས་པ་དང་། གཞོན་ནུ་དེ་ཧ་ཅང་ཞེད་ནས་དེ་བཞིན་བྱེད་མ་ཐུབ་པས། ས་ཨུལ་གྱིས་རང་གི་རལ་གྲི་དེ་བླངས་ནས་དེའི་སྟེང་མཆོངས་སོ། 5གཞོན་ནུས་ས་ཨུལ་དེ་བཞིན་གྲོངས་པ་མཐོང་ནས་ཁོ་རང་ཡང་རང་གི་རལ་གྲིའི་སྟེང་དུ་མཆོངས་ནས་ས་ཨུལ་དང་མཉམ་དུ་ཤི་བ་ཡིན་ནོ། 6ས་ཨུལ་དང་ཁོའི་བུ་གསུམ་དང་གོ་མཚོན་འཁྱེར་མཁན་གཞོན་ནུ་དང་བཅས་པ་དེ་བཞིན་ཤི་བས། དེ་ཉིན་ས་ཨུལ་གྱི་སྐྱེས་པ་ཚང་མ་ཤི་བ་ཡིན་ནོ། 7ཡེཛ་རིལ་ལུང་གཤོང་གི་ཕར་ཕྱོགས་དང་གཙང་པོ་ཡོར་དན་གྱི་ཤར་ཕྱོགས་སུ་ཡོད་པའི་ཨིསི་རཱཨེལ་པ་ཚོས། ས་ཨུལ་དང་ཁོའི་བུ་རྣམས་བསད་ཟིན་པའི་སྐོར་ཐོས་པས། ཁོ་ཚོ་རང་གི་གྲོང་ཁྱེར་རྣམས་སྤངས་ནས་བྲོས་ཕྱིན་པ་དང་། དེ་རྗེས་ཕེ་ལེ་ཤེད་པ་རྣམས་ཡོང་ནས་དེ་དག་དབང་འཛིན་བྱས་སོ། 8དམག་ཐག་ཆོད་པའི་སང་ཉིན་དེར་ཕེ་ལེ་ཤེད་པ་རྣམས་དམག་སར་ཤི་བའི་མི་རྣམས་ཀྱི་རོ་གོས་བཤུ་བ་དང་དེ་ཚོའི་གོ་མཚོན་བསྡུ་སྒྲུག་བྱེད་ཕྱིར་འགྲོ་སྐབས། ཁོ་ཚོས་ས་ཨུལ་དང་ཁོའི་བུ་སྤུན་གསུམ་གྱི་རོ་རྣམས་རི་བོ་གྷིལ་བོ་རུ་ས་ཁར་འགྲིལ་ནས་ཡོད་པ་མཐོང་བས། 9ཁོ་ཚོས་ས་ཨུལ་གྱི་མགོ་བཅད་དེ། ཁོ་ཁྲབ་བཤུས་ནས། ཁོ་ཚོའི་སྐུ་འདྲ་མཆོད་སའི་ལྷ་ཁང་ཁག་དང་མི་མང་ལ་དེ་དག་བསྟན་ཏེ། ས་ཨུལ་བསད་པའི་འཕྲིན་བཟང་ཤོད་ཕྱིར་ཕེ་ལེ་ཤེད་ཀྱི་ས་ཁུལ་ཡོངས་རྫོགས་སུ་བང་ཆེན་རྣམས་བཏང་ངོ་། 10དེ་ནས་ཁོ་ཚོས་ས་ཨུལ་གྱི་གོ་མཚོན་རྣམས་ལྷ་མོ་ཨསེ་ཏཱར་ཀྱི་ལྷ་ཁང་དུ་བཞག་པ་དང་། ཁོའི་སྐུ་ཕུང་དེ་ནི་གྲོང་ཁྱེར་བྷེད་ཤཱན་གྱི་ལྕགས་རིར་གཟེར་བརྒྱབ་ནས་བཞག་གོ 11ཕེ་ལེ་ཤེད་པ་ཚོས་ས་ཨུལ་ལ་གང་བྱས་པའི་སྐོར་ལ་གྷིལ་ཨད་ཡ་བྷེཤ་ཀྱི་ཡུལ་མི་ཚོས་ཐོས་ནས། 12ཁོ་ཚོའི་སྐྱེས་པ་བློ་སྟོབས་ཆེ་ཤོས་རྣམས་མཚན་གང་ཕྱིན་ཏེ་བྷེད་ཤཱན་དུ་སླེབས་པ་དང་། ཁོ་ཚོས་ས་ཨུལ་དང་ཁོའི་བུ་རྣམས་ཀྱི་ཕུང་པོ་དག་ལྕགས་རི་ནས་མར་ཕབ་ནས་ཡ་བྷེཤ་སུ་ཕྱིར་ལོག་འཁྱེར་ཡོང་ནས་དེར་མེར་སྲེག་བཏང་ངོ་། 13དེ་ནས་ཁོ་ཚོས་རུས་པ་རྣམས་འཁྱེར་ནས་གྲོང་ཁྱེར་དུ་ཡོད་པའི་འོམ་བུའི་ཤིང་གི་འོག་ཏུ་དེ་དག་ས་སྦས་བཏང་སྟེ། བདུན་ཕྲག་གཅིག་གི་རིང་དུ་སྨྱུང་གནས་བསྲུངས་པ་ཡིན་ནོ༎

ཤ་མུ་ཨེལ་གཉིས་པ 1

དཱ་བིད་ཀྱིས་ས་ཨུལ་གྲོངས་པའི་སྐོར་ཐོས་པ།

1ས་ཨུལ་གྲོངས་པའི་རྗེས་སུ་དཱ་བིད་ཀྱིས་ཨ་མ་ལེག་པ་རྣམས་ཀྱི་ཐོག་ཏུ་རྒྱལ་ཁ་ཐོབ་ནས་ཕྱིར་ལོག་བྱས་ཏེ། ཛིག་ལག་ཏུ་ཉིན་ཞག་གཉིས་གནས་སྡོད་བྱས་སོ། 2དེའི་སང་ཉིན་ས་ཨུལ་གྱི་སྒར་ནས་མི་ན་གཞོན་སླེབས་ཏེ། དེས་རང་གི་མྱ་ངན་འདོན་པའི་ཆེད་དུ་རང་གི་གྱོན་གོས་ཧྲལ་ནས་མགོ་ལ་ཐལ་བ་བྱུགས་ཤིང་། དཱ་བིད་ཀྱི་མདུན་དུ་ཕྱིན་ནས་གུས་ཞབས་ཆེན་པོས་ས་ལ་མགོ་བོ་སྒུར་རོ། 3དཱ་བིད་ཀྱིས་ཁོ་ལ། ཁྱོད་ག་ནས་ཡོང་བ་ཡིན་ནམ་ཞེས་དྲིས་རྩད་བྱས་པ་དང་། དེའི་ལན་དུ་ཁོས། ང་ནི་ཨིསི་རཱཨེལ་པའི་དམག་སྒར་ནས་བྲོས་ཡོང་བ་ཡིན་ཞེས་བརྗོད་དོ། 4དཱ་བིད་ཀྱིས་ཁོ་ལ་གསུངས་པ། གང་བྱུང་པ་ཚང་མ་ང་ལ་གཤོད་ཅིག། ཁོས་ལན་དུ། དམག་ས་ནས་ང་ཚོའི་དམག་མི་རྣམས་བྲོས་ཕྱིན་པ་མ་ཟད་ང་ཚོའི་མི་མང་པོ་ཤི་སོང་། ས་ཨུལ་དང་ཁོང་གི་བུ་ཡོ་ན་ཐན་ཡང་བསད་བཞག་ཅེས་སྨྲས་སོ། 5དཱ་བིད་ཀྱིས། ས་ཨུལ་དང་ཡོ་ན་ཐན་བསད་པ་དེ་ཁྱོད་ཀྱིས་གང་འདྲ་ཟེར་ཤེས་བྱུང་ཞེས་དྲིས་པ་དང་། 6དེའི་ལན་དུ་ཁོས་སྨྲས་པ། ང་རི་བོ་གྷིལ་བོ་རུ་ཡོད་སྐབས་ས་ཨུལ་ནི་རང་གི་མདུང་ལ་བརྟེན་ཏེ་ལངས་ནས་བསྡད་ཡོད་པ་ངས་མཐོང་བྱུང་། སྐབས་དེར་དགྲ་བོའི་ཤིང་རྟ་དང་རྟ་དམག་རྣམས་ཁོང་གི་མཐའ་བསྐོར་དུ་ཐག་ཉེ་པོར་སླེབས་ཡོད་པ་ཡིན་པས། 7ཁོང་གིས་ཕར་ཚུར་གཟིགས་ཏེ་ང་ལ་མཐོང་ནས་སྐད་བཏང་བ་དང་། ངས་ཁོང་ལ། ཁྱེད་ལ་གང་གསུངས་རྒྱུ་ཡོད་དམ་ཞེས་ཞུས་པས། 8ཁོང་གིས་ང་ལ་ཁྱོད་སུ་ཡིན་ཞེས་དྲིས་པའི་ལན་དུ། ང་ནི་ཨ་མ་ལེག་པ་ཞིག་ཡིན་ཞེས་ཞུས་པ་ཡིན། 9དེ་ནས་ཁོང་གི། ཁྱོད་འདི་རུ་ཚུར་ཡོང་ནས་ང་གསོད་ཅིག གང་ལགས་ཟེར་ན། ང་ལ་རྨས་སྐྱོན་ཆེན་པོ་བྱུང་བས། ང་འཆི་གྲབ་ཡོད་ཅེས་གསུངས་པ་དང་། 10ངས་ཁོང་གི་འགྲམ་དུ་ཕྱིན་ནས་ཁོང་དཀྲོང་པ་ཡིན། གང་ལགས་ཟེར་ན། གང་ལྟར་ཁོང་ནི་ས་ལ་རིལ་མ་ཐག་ཏུ་གྲོངས་རྒྱུ་ངེས་ཅན་ཡིན་པས་ཕྱིར་རོ། དེ་རྗེས་ངས་ཁོང་གི་ཅོད་པན་དང་ཕྱག་གདུབ་བཅས་བླངས་ནས་ཁྱེད་ཀྱི་རྩར་འཁྱེར་ཡོད་ཅེས་ཞུས་སོ། 11དཱ་བིད་ཀྱིས་མྱ་ངན་གྱི་ཚུལ་དུ་རང་གི་གྱོན་གོས་ཧྲལ་བ་དང་། ཁོང་གི་མི་ཚང་མས་ཀྱང་དེ་བཞིན་དུ་བྱས་སོ། 12དེ་ཚོས་ས་ཨུལ་དང་ཡོ་ན་ཐན་དང་དཀོན་མཆོག་གི་མི་འབངས་ཨིསི་རཱཨེལ་པའི་ཆེད་དུ་མྱ་ངན་བྱས་ཏེ་དགོང་དྲོ་བར་སྨྱུང་གནས་སྲུང་ནས་བསྡད་དོ། གང་ལགས་ཟེར་ན། དམག་སར་མི་མང་པོ་སྲོག་སྐྱོན་བྱུང་བས་ཕྱིར་རོ། 13གནས་ཚུལ་འཁྱེར་ཡོང་མཁན་ན་གཞོན་དེ་ལ་དཱ་བིད་ཀྱིས། ཁྱོད་རང་ག་ནས་ཡིན་ནམ་ཞེས་དྲིས་པས། ན་གཞོན་དེས། ང་ནི་མི་རིགས་ཨ་མ་ལེག་པ་ཞིག་ཡིན་ཀྱང་། ཁྱེད་ཀྱི་ཡུལ་ནང་སྡོད་མཁན་ཞིག་ཡིན་ཞེས་ཞུས་པ་དང་། 14དཱ་བིད་ཀྱིས་ཁོ་ལ་གསུངས་པ། གཙོ་བོ་དཀོན་མཆོག་གིས་འདེམས་བསྐོས་མཛད་པའི་རྒྱལ་པོ་དེ་ཁྱོད་ཀྱིས་དཀྲོང་ནུས་པའི་བློ་སྟོབས་དེ་ཁྱོད་ལ་ག་ནས་སྐྱེད་བྱུང་ངམ། 15དེ་ནས་དཱ་བིད་ཀྱིས་མི་ཞིག་བོས་ནས་ཁོ་གསོད་ཅིག་ཅེས་ཟེར་བ་དང་། མི་དེས་ཨ་མ་ལེག་པ་དེ་ལ་རལ་གྲི་ཞུས་ནས་བསད་དོ། 16དཱ་བིད་ཀྱིས་ཨ་མ་ལེག་པ་དེ་ལ་སྨྲས་སོ། རྐྱེན་ངན་འདི་ཁྱོད་རང་ཉིད་ཀྱི་ཐོག་ཏུ་འཁྱེར་ཡོང་བ་ཡིན་པས། ཁྱོད་ཀྱིས་དཀོན་མཆོག་གིས་འདེམས་བསྐོས་མཛད་པའི་མི་དེ་བསད་པ་ཡིན་ཞེས་ངོས་ལེན་བྱས་པ་ཙམ་གྱིས་རང་གིས་རང་ལ་སྐྱོན་བརྫོད་བྱས་པ་ཡིན་ནོ༎

ས་ཨུལ་དང་ཡོ་ན་ཐན་གྱི་ཕྱིར་དུ་དཱ་བིད་ཀྱིས་མྱ་ངན་བྱེད་པ།

17དཱ་བིད་ཀྱིས་ས་ཨུལ་དང་ཁོའི་བུ་ཡོ་ན་ཐན་གྱི་སྐོར་ལ་མྱ་ངན་གྱི་སྐྱོ་གླུ་བཏང་བ་དང། 18ཡ་ཧུ་དཱ་པ་རྣམས་ལའང་སྐྱོ་གླུ་དེ་བསླབ་དགོས་པའི་བཀའ་གནང་ངོ་། (དེའི་སྐོར་ཡ་ཤར་གྱི་མདོའི་ནང་དུ་གསལ་ཡོད།) 19ཨིསི་རཱཨེལ་པ་ཡི་རི་བརྒྱུད་ཁུལ། ང་ཚོའི་འགོ་དཔོན་རྣམས་ནི་བསད་ནས་ཡོད། ང་ཚོའི་དམག་མི་བློ་སྟོབས་ཆེ་ཤོས་རྣམས་ནི་འགྱེལ་ནས་ཡོད། 20གྷད་དང་ཨཤ་ཀེ་ལོན་འགྲུལ་ལམ་དུ། ལོ་རྒྱུས་དེའི་སྐོར་ཁྱབ་བསྒྲགས་མ་བྱེད་ཅིག། ཕེ་ལེ་ཤེད་ཀྱི་བུད་མེད་དེ་ཚོ་དང་། ཕྱི་པའི་བུ་མོར་དགའ་སྤྲོ་བྱེད་མ་བཅུག། 21གྷིལ་བོ་ཡི་རི་བོ་རྣམས་ཀྱི་ཁར། ཆར་པ་དང་ནི་ཟིལ་པ་བབས་མ་བཅུག། དེ་ཡི་ས་ཞིང་ཁག་ནི་སྟོངས་པར་གནས་པར་ཤོག། གནས་དེར་དཔའ་བོ་བློ་སྟོབས་ཅན་རྣམས་ཀྱིས། ཕུབ་ནི་མཐོང་ཆུང་སྣང་མེད་ལུས་ཡོད་ཅིང་། ས་ཨུལ་གྱི་ཕུབ་ལ་སྣུམ་ནི་བྱུགས་མཁན་མེད་པར་ལུས། 22ཡོ་ན་ཐན་གྱི་གཞུ་ནི་གཟི་རྔམ་ཆེ། ས་ཨུལ་གྱི་རལ་གྲིར་སྙིང་རྗེ་མེད། དེ་ཚོས་སྐྱེ་བོ་མཐུ་སྟོབས་ཅན་རྣམས་ལ། ཞུས་སྐབས་དགྲ་བོའི་ཚོགས་རྣམས་ཡོངས་སུ་འཇིགས། 23ས་ཨུལ་དང་ནི་ཡོ་ན་ཐན་གཉིས་ནི། ངོ་མཚར་ཆེ་ལ་ཕན་ཚུན་བརྩེ་མཐུན་ཆེ། ཁོ་གཉིས་མཉམ་དུ་གསོན་ཞིང་མཉམ་དུ་འཆི། འདབ་ཆགས་བྱ་གླག་ལས་མྱུར་བར་ཕུར་རྩལ་ཆེ། གཅན་གཟན་སེང་གེ་ལས་ཀྱང་སྟོབས་ཤུགས་ཆེ། 24ཀྱེ་ཨིསི་རཱཨེལ་པ་ཡི་བུད་མེད་རྣམས། ས་ཨུལ་ཕྱིར་དུ་སེམས་ནང་མྱ་ངན་བྱོས། ཁོང་གིས་ཁྱོད་ཚོར་རིན་ཐང་ཆེ་བའི་གོས། དམར་པོ་དང་ནི་བཟང་པོས་བརྒྱན་པ་དང་། རིན་ཆེན་གསེར་དང་ཕྲ་ཡིས་ཁྱོད་ཚོར་བརྒྱན། 25བློ་སྟོབས་ཅན་གྱི་དམག་མི་རྣམས་ས་ཁར་འགྱེལ། དེ་ཚོ་ཡོངས་སུ་དམག་སར་བསད་པར་བྱས། ཡོ་ན་ཐན་ཡང་རི་ཁར་བསད་ཅིང་ལུས། 26ཀྱེ་ཁྱེད་ང་ཡི་གཅེན་པོ་ཡོ་ན་ཐན། ཁྱེད་ཀྱི་ཕྱིར་དུ་ང་ནི་མྱ་ངན་བྱེད། ཁྱོད་ནི་ངའི་དོན་ཇི་ལྟར་བྱམས་བརྩེ་ཆེ། ཁྱེད་ཀྱི་ཐུགས་བརྩེ་ངའི་དོན་ཇི་ལྟར་ཆེ། དེ་ནི་བུད་མེད་བྱམས་བརྩེ་ལས་ཀྱང་ལེགས། 27དཔའ་བོ་བློ་སྟོབས་ལྡན་པའི་དམག་མི་རྣམས། འགྱེལ་ནས་ས་ཁར་དེ་མུར་ལུས་ཤིང་གནས། དེ་ཚོའི་གོ་མཚོན་རྣམས་ནི་མཁོ་མེད་ལུས༎

ཤ་མུ་ཨེལ་གཉིས་པ 2

དཱ་བིད་ཡ་ཧུ་དཱའི་རྒྱལ་པོར་བསྐོ་བ།

1དེ་རྗེས་དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་ལ། ང་ཕྱིན་ནས་ཡ་ཧུ་དཱའི་གྲོང་ཁྱེར་ཞིག་དབང་དུ་བསྡུའམ་ཞེས་བཀའ་འདྲི་ཞུས་པས། ལན་དུ་གཙོ་བོ་དཀོན་མཆོག་གིས་བསྡུས་ཤིག་ཅེས་གསུངས་སོ། དཱ་བིད་ཀྱིས། གྲོང་ཁྱེར་གང་ཞིག་དབང་དུ་བསྡུའམ་ཞེས་ཞུས་པས། གཙོ་བོ་དཀོན་མཆོག་གིས་ཧེབ་རོན་གྲོང་ཁྱེར་དེ་དབང་དུ་བསྡུས་ཤིག་ཅེས་གསུངས་སོ། 2དེ་ནས་དཱ་བིད་རང་གི་ཆུང་མ་གཉིས་མཉམ་དུ་འཁྲིད་ནས་ཧེབ་རོན་དུ་ཕྱིན་ཞིང་། ཆུང་མ་གཅིག་ནི་ཡེཛ་རིལ་ནས་ཡིན་པ་མིང་ལ་ཨ་ཧི་ནོ་ཨམ་ཞེས་པ་དང་། གཞན་དེ་ནི་ཀར་མེལ་ནས་ཡིན་པ་འདས་པོ་ན་བྷལ་གྱི་ཆུང་མ་ཨ་བྷི་གེལ་ཞེས་པ་དེ་ཡིན་ནོ། 3ཁོས་རང་གི་མི་རྣམས་དང་དེ་ཚོའི་ནང་མི་དང་བཅས་པ་འཁྲིད་ནས་ཧེབ་རོན་གྲོང་ཁྱེར་གྱི་ཉེ་ཁུལ་དུ་གཞིས་ཆགས་ནས་བསྡད་དོ། 4དེ་ནས་ཡ་ཧུ་དཱའི་མི་རྣམས་ཧེབ་རོན་དུ་ཡོང་ནས་དཱ་བིད་ལ་ཡ་ཧུ་དཱའི་རྒྱལ་པོར་བསྔོ་འབུལ་བྱས་སོ། གྷིལ་ཨད་དུ་ཡོད་པའི་ཡ་བྷེཤའི་མི་རྣམས་ཀྱིས་ས་ཨུལ་གྱི་སྐུ་ཕུང་དུར་དུ་སྦས་པའི་སྐོར་དཱ་བིད་ཀྱིས་ཐོས་པ་དང་། 5ཁོང་གིས་མི་འགའ་ཤས་བརྒྱུད་དེ་ལོན་བཏང་གསལ། ཁྱོད་ཚོའི་རང་གི་རྒྱལ་པོའི་སྐུ་ཕུང་དེ་དུར་དུ་སྦས་པའི་སྒོ་ནས་ཁོང་ལ་རྒྱལ་ཞེན་མངོན་པར་བྱས་པར་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་བྱིན་རླབས་གནང་བར་ཤོག 6གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་བཀའ་འདྲིན་དང་དམ་ཚིག་ཁྱོད་ཚོར་བསྟན་པར་ཤོག ཁྱོད་ཚོའི་བྱེད་རྗེས་དེ་ལ་བརྟེན་པས་ད་ངས་ཀྱང་ཁྱོད་ཚོར་འབྲེལ་ལམ་བཟང་པོ་བྱེད་རྒྱུ་ཡིན། 7སེམས་ཤུགས་སྐྱེད་ལ་བློ་སྟོབས་མ་ཉམས་པར་བྱོས་ཤིག ཁྱོད་ཚོའི་རྒྱལ་པོ་ཤ་ཨུལ་གྲོངས་ཟིན་པས། ཡ་ཧུ་དཱའི་མི་མང་ཚོས་ང་ལ་རང་གི་རྒྱལ་པོར་བསྔོ་འབུལ་བྱས་ཡོད་པ་ཡིན་ནོ༎

ཨིཤི་བྷོ་ཤེད་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོ་བ།

8ས་ཨུལ་གྱི་དམག་དཔྱིད་ཨབ་ནེར་ཞེས་པ་དེ་ནི་ནེར་གྱི་བུ་ཡིན་ཅིང་། ཁོས་ས་ཨུལ་གྱི་བུ་ཨིཤི་བྷོ་ཤེད་མཉམ་དུ་འཁྲིད་དེ་ཡོར་དན་ཕར་ཕྱོགས་སུ་མ་ཧ་ནེམ་དུ་བྲོས་ཕྱིན་ནོ། 9དེར་ཨབ་ནེར་གྱི་ཨིཤི་བྷོ་ཤེད་ལ་གྷིལ་ཨད་དང་། ཨ་ཤེར། ཡེཛ་རིལ། ཨེཕ་ར་ཡིམ་དང་བྷེན་ཡ་མིན་ས་ཁུལ་ཁག་གི་རྒྱལ་པོའམ། དོན་དམ་ཨིསི་རཱཨེལ་པ་ཡོངས་ཀྱི་རྒྱལ་པོར་བསྐོས་སོ། 10ཁོང་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོ་བའི་སྐབས་སུ་དགུང་ལོ་བཞི་ཅུ་ལོན་ཡོད་པ་དང་། ཁོང་གིས་ལོ་ངོ་གཉིས་ཀྱི་རིང་རྒྱལ་སྲིད་བསྐྱངས་སོ། འོན་ཀྱང་ཡ་ཧུ་དཱའི་སྡེ་རིགས་ཀྱི་མི་རྣམས་ཀྱིས་དཱ་བིད་ལ་ཤ་ཞེན་བྱེད་ཀྱི་ཡོད་པ་ཡིན་ནོ། 11ཁོང་གིས་ཧེབ་རོན་དུ་ཡ་ཧུ་དཱའི་ཐོག་ཏུ་ལོ་བདུན་དང་ཕྱེད་ཀའི་རིང་རྒྱལ་སྲིད་བསྐྱངས་སོ༎

ཨིསི་རཱཨེལ་དང་ཡ་ཧུ་དཱའི་བར་ལ་དམག་འཁྲུགས་བྱུང་བ།

12ཨབ་ནེར་དང་ཨིཤི་བྷོ་ཤེད་ཀྱི་ལས་བྱེད་པ་རྣམས་མ་ཧ་ནེམ་ནས་གྷི་བི་ཨོན་གྲོང་ཁྱེར་དུ་ཕྱིན་ཞིང་། 13ཛེ་རུ་ཡཱའི་བུ་ཡོ་ཨབ་དང་། དཱ་བིད་ཀྱི་ལས་བྱེད་པ་གཞན་རྣམས་རྫིང་བུའི་ཉེ་འགྲམ་དུ་ཐུག་པ་དང་། དེ་ཚོ་ཚོགས་ཁག་ཅིག་རྫིང་བུའི་ཚུར་ཕྱོགས་དང་གཞན་དེ་རྫིང་བུའི་ཕར་ཕྱོགས་སུ་ཕན་ཚུན་ཁ་སྤྲོད་བྱེད་ནས་བསྡད་དོ། 14ཨབ་ནེར་གྱིས་ཡོ་ཨབ་ལ། ང་ཚོའི་དམག་མིའི་ཁོངས་ནས་གཞོན་པ་དགའ་ཤས་ལ་གོ་མཚོན་གྱི་འདྲན་བསྡུར་བྱེད་ཕྱིར་ཕན་ཚུན་དམག་འཐབ་བྱེད་བཅུག་དགོས་ཅེས་སྨྲས་སོ། དེའི་ལན་དུ་ཡོ་ཨབ་ཀྱིས་དེ་ག་རང་ཡོང་ང་ཞེས་སྨྲས་སོ། 15དེ་ནས་ཨིཤི་བྷོ་ཤེད་དང་བྷེན་ཡ་མིན་གྱི་སྡེ་རིགས་ཀྱི་ཁོངས་གཏོགས་བྱེད་དེ་མི་གྲངས་ ༡༢ ཀྱིས་དཱ་བིད་ཀྱི་མི་ ༡༢ དང་དམག་འཐབ་བྱས་སོ། 16མི་རེ་རེས་རང་གི་དགྲ་བོའི་མགོར་བཟུང་ནས་གཞོགས་ལ་རལ་གྲི་བཙུགས་པས། ཁོ་ཚོ་མི་ན་གཞོན་ ༢༤ སྡེབ་ཅིག་ལ་ས་ཁར་འགྱེལ་ནས་ཤིའོ། དེར་བརྟེན་པས་གྷི་བི་ཨོན་གྱི་ས་གནས་དེའི་མིང་ལ་རལ་གྲིའི་ཐང་ཀ་ཞེས་བརྗོད་སྲོལ་ཡོད་པ་ཡིན་ནོ། 17དེ་རྗེས་དམག་འཁྲུགས་ཆེན་པོ་ཞིག་ལངས་ནས་དཱ་བིད་ཀྱི་མི་ཚོས་ཨབ་ནེར་དང་ཨིསི་རཱཨེལ་པ་རྣམས་འཕམ་པར་བྱས་སོ། 18ཛེ་རུ་ཡཱའི་བུ་གསུམ་ནི་ཡོ་ཨབ་དང་། ཨ་བྷི་ཤེ་དང་། ཨ་ས་ཧེལ་ཡང་དེར་ཡོད་ཅིང་། ཡང་ཨཤེ་ཨེལ་ནི་རི་དགས་ཤ་བ་དང་འདྲ་བ་བང་མགྱོགས་ཆེ་བས། 19ཨབ་ནེར་ལ་རྗེས་དེད་བྱས་ཏེ། ཐད་ཀར་རྒྱུགས་ཕྱིན་པ་དང་། 20ཨབ་ནེར་གྱིས་ཕྱི་མིག་བལྟས་ནས་སྨྲས་པ། ཨ་ས་ཧེལ་ལ་ཁྱོད་རང་རང་ཡིན་ནམ་ཞེས་དྲིས་པའི་ལན་དུ། ཁོས་ང་ཡིན་ཞེས་སྨྲས་སོ། 21ཨབ་ནེར་གྱིས་ངའི་རྗེས་དེད་མ་བྱེད་ཅིག། འོན་ཀྱང་དམག་མི་ཞིག་གི་རྗེས་སུ་དེད་ནས་ཁོ་ལ་གང་ཡོད་པ་ཚང་མ་འཕྲོག་ཅིག་ཅེས་སྨྲས་ཀྱང་། ཨ་ས་ཧེལ་གྱིས་མུ་མཐུད་ནས་ཁོའི་རྗེས་དེད་བྱས་སོ། 22ཨབ་ནེར་གྱིས་སྐྱར་དུ་སྨྲས་པ། ང་ལ་དེད་རྒྱུ་དེ་མཚམས་འཇོགས་བྱོས་ཤིག ངས་ཁྱོད་མ་བསད་ཀ་མེད་བྱེད་མ་བཅུག་ཅིག དེ་ལྟར་བྱུང་བ་ཡིན་ན་ངས་ཁྱོད་ཀྱི་ཨ་ཇོ་ཡོ་ཨབ་ལ་ཇི་ལྟར་གདོང་བསྟན་ནུས་སམ། 23འོན་ཀྱང་ཨ་ས་ཧེལ་མ་ཉན་པར་མུ་མཐུད་ཀྱིས་རྗེས་དེད་བྱས་པས། ཨབ་ནེར་གྱིས་རྒྱབ་ཕྱོགས་སུ་མདུང་འཕང་པས། ཁོའི་གྲོད་པར་ཟུག་ནས་རྒྱབ་ངོས་སུ་ཐོན་ནོ། དེ་རྗེས་ཨཤེ་ཨེལ་ས་ཁར་འགྱེལ་ནས་ཤི་བ་དང་། ཁོ་འགྱེལ་ཡོད་སར་སླེབས་པའི་མི་ཚང་མ་དེར་ལངས་བསྡད་དོ། 24འོན་ཀྱང་ཡོ་ཨབ་དང་ཨ་བྷི་ཤེ་གཉིས་ནི་ཨབ་ནེར་གྱི་རྗེས་སུ་ཕྱིན་ཞིང་། དགོང་དྲོ་ཉི་མ་ནུབ་མཚམས་སུ་དེ་ཚོ་ཨམ་མཱ་ཞེས་པའི་རི་བོར་སླེབས་པ་དང་། རི་བོ་དེ་ནི་གྷི་ཡཱའི་ཤར་ཕྱོགས་དང་གྷི་བི་ཨོན་འབྲོག་སྟོང་དུ་འགྲོ་བའི་ལམ་དུ་ཡོད་པ་ཡིན་ནོ། 25བྷེན་ཡ་མིན་གྱི་མི་རྣམས་སྐྱར་དུ་ཨབ་ནེར་གྱི་མཐའ་འཁོར་དུ་ལངས་ནས། དམག་འཐབ་བྱེད་ཕྱིར་རི་རྩེར་གྲ་སྒྲིག་བྱས་ནས་བསྡད་དོ། 26དེ་ནས་ཨབ་ནེར་གྱིས་ཡོ་ཨབ་ལ། ང་ཚོ་དུས་རྒྱུན་དུ་དམག་ཁོ་རང་འཐབ་ནས་སྡོད་དགོས་སམ། མཐའ་མར་དེའི་སྒྲུབ་འབྲས་ནི་འཁོན་སེམས་ཁོ་ན་ཡོང་རྒྱུ་ཡིན་པ་དེ་ཁྱོད་ཀྱིས་མི་རྟོགས་སམ། ང་ཚོ་ནི་ཡུལ་མི་གཅིག་པ་ཡིན་པས་ཁྱེད་ཀྱིས་རང་གི་མི་རྣམས་ལ་ང་ཚོའི་རྗེས་དེད་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཅེས་ག་དུས་བཀའ་གནང་ངམ་ཞེས་སྨྲས་པ་དང་། 27དེའི་ལན་དུ་ཡོ་ཨབ་ཀྱིས། ངས་སྐུ་གསོན་པོར་བཞུགས་པའི་དཀོན་མཆོག་དཔང་དུ་བཙུག་ནས་བརྗོད་རྒྱུར། གལ་སྲིད་ཁྱོད་ཀྱིས་ཁ་སངས་པ་མ་ཡིན་ན། ངའི་མི་ཚོས་སང་ཞོག་ནམ་ལང་བར་དུ་མུ་མཐུད་དེ་ཁྱོད་ཆོའི་རྗེས་དེད་བྱས་པ་ཡོད་ཅེས་སྨྲས་སོ། 28དེ་ནས་ཡོ་ཨབ་ཀྱིས། ཨིསི་རཱཨེལ་པ་རྣམས་ལ་རྗེས་དེད་བྱེད་རྒྱུ་དེ་མཚམས་འཇོག་བྱེད་དགོས་པའི་བརྡ་གཏོང་ཞིང་དམག་དུང་འབུད་པས་དམག་མཚམས་འཇོག་བྱུང་བ་ཡིན་ནོ། 29དེ་ནས་ཨབ་ནེར་དང་ཁོའི་མི་རྣམས་མཚན་གང་ཡོར་དན་ལུང་གཤོང་བརྒྱུད་དེ་ཕྱིན་ཞིང་། གཙང་པོ་ཡོར་དན་རྒལ་ཏེ་སང་ཉིན་སྔ་དྲོ་ཉིན་གང་འགྲུལ་བསྐྱོད་བྱས་ནས་མཐར་མ་ཧ་ནེམ་དུ་ཕྱིར་ལོག་འབྱོར་རོ། 30ཡོ་ཨབ་ཀྱིས་རྗེས་དེད་མཚམས་འཇོག་བྱས་པའི་རྗེས་ལ་ཁོས་རང་གི་མི་ཡོངས་རྫོགས་བཀོང་ནས་གྲངས་བཤེར་བརྒྱབ་པས། ཨ་ས་ཧེལ་མ་རྩིས་པའི་མི་གྲངས་བཅུ་དགུ་མ་ཚང་ངོ་། 31དཱ་བིད་ཀྱི་མི་ཚོས་ཨབ་ནེར་གྱི་མི་ཁོངས་ནས་ཡིན་པ་བྷེན་ཡ་མིན་གྱི་སྡེ་རིགས་ལས་མི་གྲངས་ ༣༦༠ ཙམ་བསད་པ་དང་། 32ཡོ་ཨབ་དང་ཁོའི་མི་ཚོས་ཨ་ས་ཧེལ་གྱི་ཕུང་པོ་དེ་འཁྱེར་ནས་བྷེད་ལེ་ཧེམ་དུ་རང་གི་ནང་མིའི་དུར་ཁང་དུ་སྦས་སོ། དེ་ནས་དེ་ཚོ་མཚན་གང་འགྲུལ་བསྐྱོད་བྱས་ཏེ་སང་ཞོག་ནམ་ལངས་སྐབས་སུ་ཧེབ་རོན་དུ་སླེབས་སོ༎

ཤ་མུ་ཨེལ་གཉིས་པ 3

1ཤ་ཨུལ་གྱི་ཁྱིམ་ཚང་དང་དཱ་བིད་ལ་རྒྱབ་སྐྱོར་བྱེད་མཁན་དམག་ཚོགས་གཉིས་ཀྱི་བར་ལ་དམག་འཁྲུགས་ཡུན་རིང་བྱུང་བ་ཡིན་ནོ། དཱ་བིད་ཀྱི་སྟོབས་ཤུགས་ནི་ཇི་ཆེར་འཕེལ་ཞིང་། ཁོང་གི་དགྲ་བོའི་སྟོབས་ཤུགས་ནི་རིམ་བཞིན་ཉམས་གུད་དུ་ཕྱིན་ནོ༎

དཱ་བིད་ཀྱི་བུ་རྣམས།

2ཧེབ་རོན་དུ་དཱ་བིད་ལ་བུ་དྲུག་བྱུང་ཞིང་། གོ་རིམ་བཞིན་ཨམ་ནོན་གྱི་མ་ནི་ཨ་ཧི་ནོ་ཨམ་ཡིན་ཏེ། ཡང་མོ་ནི་ཡེཛ་རིལ་ནས་ཡིན་པ་དང་། 3ཀི་ལི་ཨབ་ནི་ཀར་མེལ་ནས་ཡིན་པའི་འདས་པོ་ན་བྷལ་གྱི་ཆུང་མ་ཨ་བྷི་གེལ་ཡིན་ཏེ། དེ་བཞིན་གྷེ་ཤུར་གྱི་རྒྱལ་པོ་ཏལ་མཨེའི་བུ་མོ་མ་ཀཱའི་བུ་ནི་ཨབ་ས་ལོམ་ཡིན་ནོ། 4ཨ་དྷོ་ནི་ཡཱའི་མ་ནི་ཧ་གྷིད་ཡིན་པ་དང་། ཤེ་ཕཏ་ཡཱའི་མ་ནི་ཨ་བྷི་ཏལ་དང་། 5ཨི་ཐི་རེམ་གྱི་མ་ནི་ཨེག་ལ་ཡིན་ཏེ། བུ་དེ་དག་ཚང་མ་ཧེབ་རོན་དུ་སྐྱེས་པ་ཡིན་ནོ༎

ཨབ་ནེར་གྱིས་དཱ་བིད་ཀྱི་ཕྱོགས་གཏོགས་བྱས་པ།

6དཱ་བིད་ཀྱི་དམག་མི་དང་ས་ཨུལ་གྱི་ཁྱིམ་ཚང་ལ་ཞེན་སེམས་བྱེད་པའི་དམག་མིའི་བར་ལ་དམག་འཐབ་བྱུང་བ་དང་། ས་ཨུལ་གྱི་རྗེས་འབྲངས་པ་ཚོའི་ནང་ནས་ཨབ་ནེར་ནི་སྟོབས་ཤུགས་ཇེ་ཆེར་ཕྱིན་ནོ། 7ཉིན་ཞིག་ས་ཨུལ་གྱི་བུ་ཡིཤི་བྷོ་ཤེད་ཀྱིས་ཨབ་ནེར་ལ་ས་ཨུལ་གྱི་ཟུར་གྲོགས་མ་མིང་ལ་རིཛ་པཱ་ཞེས་པ་ཨེ་ཡཱའི་བུ་མོ་དེ་དང་མཉམ་དུ་ཉལ་བའི་སྐྱོན་འཛུག་བྱས་པས། 8ཨབ་ནེར་ཤིན་ཏུ་ཁྲོས་ཤིང་། ངས་ས་ཨུལ་ལ་བསླུ་འཁྲིད་བྱེད་ཡོང་བསམ་གྱི་འདུག་གམ། ངས་ཡ་ཧུ་དཱའི་ཞབས་ཕྱི་ཞུ་ཡོང་ཞེས་བསམ་གྱི་འདུག་གམ་ཞེས་སྨྲས་སོ། ང་ནི་ཐོག་མ་ནས་ཁྱེད་ཀྱི་ཡབ་ས་ཨུལ་དང་ཁོང་གི་སྤུན་དང་གྲོགས་པོ་ཚོའི་ཕྱོགས་ཞེན་བྱེད་མཁན་ཞིག་ཡིན། དེ་ཙམ་མ་ཟད་ངས་ཁྱེད་ལ་དཱ་བིད་ཀྱི་ལག་ནས་སྐྱབས་པ་ཡིན། འོན་ཀྱང་དེ་རིང་ཁྱེད་ཀྱིས་ང་ལ་བུད་མེད་ཞིག་གི་སྐོར་ལ་སྐྱོན་བརྗོད་བྱས་བྱུང་། 9-10གཙོ་བོ་དཀོན་མཆོག་གིས་དཱ་བིད་ལ་ས་ཨུལ་དང་ཁོའི་རིགས་བརྒྱུད་ནས་རྒྱལ་སྲིད་འཕྲོག་སྟེ། དཱ་བིད་ལ་ཨིསི་རཱཨེལ་དང་ཡ་ཧུ་དཱ་གཉིས་ཀྱི་རྒྱལ་པོར་བསྐོས་ཏེ། ཡུལ་གྱི་མཐའ་མཚམས་གཅིག་ནས་གཞན་བར་དུ་དབང་ཆ་གནང་རྒྱུའི་ཞལ་བཞེས་གནང་ཡོད། ད་ཞལ་བཞེས་དེ་མ་སྒྲུབ་པ་ཡིན་ན་དཀོན་མཆོག་གིས་ང་ལ་ཚར་གཅོད་པར་ཤོག 11ཡིཤི་བྷོ་ཤེད་ནི་ཨབ་ནེར་ལ་ཧ་ཅང་འཇིགས་པས་གཏམ་ཚིག་གཅིག་ཀྱང་བཤད་མ་ཐུབ་བོ། 12ཨབ་ནེར་གྱིས་དཱ་བིད་ཡོད་སར་བང་ཆེན་ཁག་བཏང་བ་དང་། སྐབས་དེར་དཱ་བིད་ནི་ཧེབ་རོན་དུ་ཡོད་པ་ཡིན་ཏེ། འཕྲིན་ཚིག་དེའི་ནང་ཡུལ་འདིར་སུས་རྒྱལ་སྲིད་སྐྱོང་ངམ། ང་དང་མཉམ་དུ་ཆིངས་སྒྲིག་ཞིག་འཇོག་པ་གནང་ན་ངས་ཨིསི་རཱཨེལ་ཡོངས་རྫོགས་ཁྱེད་ཀྱི་ཁོངས་སུ་གཏོགས་པར་བྱེད་རྒྱུ་ཡིན་ཞེས་གསལ་ཡོད་པ་ཡིན་ནོ། 13དེའི་ལན་དུ་དཱ་བིད་ཀྱིས། དེ་རང་ལེགས་སོ། ངས་ཁྱོད་དང་མཉམ་དུ་ཆིངས་ཡིག་འཇོག་རྒྱུར་དོན་གནད་ཅིག་ཡོད། དེ་ནི་ཁྱོད་རང་ང་ལ་འཕྲད་པར་ཡོང་དུས་ས་ཨུལ་གྱི་བུ་མོ་མི་ཀལ་ལ་ངའི་རྩར་ངེས་པར་དུ་འཁྲིད་ཡོང་དགོས། 14ཡང་དཱ་བིད་ཀྱིས་ཨིཤི་བྷོ་ཤེད་ཀྱི་རྩར་རུ་བང་ཆེན་བཏང་ནས་སྨྲས་པ། ངའི་ཆུང་མ་མི་ཀལ་ང་ལ་ཕྱིར་ལོག་བྱེད་དགོས། ངས་མོ་མཉམ་དུ་ཆང་ས་རྒྱབ་དུས་ཕེ་ལེ་ཤེད་པའི་མི་བརྒྱ་ཐམ་པའི་མདུན་ལྤགས་བཅད་པ་ཡིན། 15དེ་འདྲ་སོང་ཙང་ཨིཤི་བྷོ་ཤེད་མོའི་ཁྱོ་ག་ལེཤེ་ཀྱི་བུ་པལ་ཏི་ཨེལ་གྱི་ལག་ནས་བླངས་སོ། 16པལ་ཏི་ཨེལ་ནི་མོའི་རྗེས་སུ་འབྲངས་ཤིང་། གྲོང་ཁྱེར་བྷ་ཧུ་རིམ་བར་དུ་ངུ་ཞིང་ཕྱིན་ནོ། འོན་ཀྱང་ཨབ་ནེར་གྱིས་ཁོང་ལ་རང་གི་ཁྱིམ་དུ་ཕྱིར་ལོག་བྱོས་ཤིག་ཅེས་སྨྲས་པ་བཞིན་ཁོས་དེ་བཞིན་དུ་བྱས་སོ། 17དེ་ནས་ཨབ་ནེར་གྱིས་ཨིསི་རཱཨེལ་གྱི་འགོ་དཔོན་ཚོའི་རྩར་ཕྱིན་ནས་སྨྲས་པ། ཁྱོད་ཚོས་སྔོན་མ་ནས་དཱ་བིད་ལ་རང་གི་རྒྱལ་པོར་བསྐོ་འདོད་བྱས་པ་ཡིན་པས། 18ད་ཆ་ཁྱོད་ཚོར་གོ་སྐབས་བཟང་པོ་ཞིག་ཐོབ་ཡོད། དཀོན་མཆོག་གིས་ངའི་མི་འབངས་ཨིསི་རཱཨེལ་པ་རྣམས་ཕེ་ལེ་ཤེད་པ་དང་དགྲ་བོ་གཞན་ཚོའི་ལག་ནས་སྐྱོབ་ཕྱིར་ངའི་བྲན་པོ་དཱ་བིད་ལ་བེད་སྤྱོད་གཏོང་གི་ཡིན་ཞེས་གསུངས་པ་དེ་དྲན་གསོ་བྱོས་ཤིག 19དེ་བཞིན་ཨབ་ནེར་གྱིས་བྷེན་ཡ་མིན་གྱི་སྡེ་རིགས་དང་མཉམ་དུའང་གཏམ་གླེང་བྱས་ཏེ། བྷེན་ཡ་མིན་གྱི་སྡེ་རིགས་དང་ཨིསི་རཱཨེལ་པ་ཚོའི་མི་རྣམས་ནས་ཁས་ལེན་གང་བྱས་ཡོད་པ་དེའི་སྐོར་དཱ་བིད་ལ་ཞུས་པར་ཧེབ་རོན་དུ་ཕྱིན་ནོ། 20མི་ཉི་ཤུ་ཐམ་པ་འཁྲིད་ནས་ཨབ་ནེར་དཱ་བིད་ཡོད་སར་ཧེབ་རོན་དུ་འབྱོར་བ་དང་། དཱ་བིད་ཀྱིས་ཁོ་ཚོའི་ཆེད་དུ་གསོལ་མགྲོན་ཞིག་བཤམས་སོ། 21ཨེབ་ནེར་གྱིས་དཱ་བིད་ལ། ད་ང་ཕྱིན་ནས་ཨིསི་རཱཨེལ་ཡོངས་རྫོགས་མི་དབང་ཁྱེད་ཀྱི་ཕྱོགས་སུ་བསྒྱུར་ཐབས་བྱེད་རྒྱུ་དང། དེ་ཚོས་ཁྱེད་ལ་རང་གི་རྒྱལ་པོར་ངོས་འཛིན་ཞུས་པའི་སྒོ་ནས། ཁྱེད་ཀྱི་དགོངས་དོན་ཆ་ཚང་སྒྲུབ་ཅིང་། ཁྱེད་ཀྱིས་ས་ཁུལ་ཚང་མའི་ཐོག་ཏུ་རྒྱལ་སྲིད་སྐྱོང་བར་འགྱུར། དེ་ནས་དཱ་བིད་ཀྱིས་ཨེབ་ནེར་ལ་སྲུང་སྐྱོབ་བྱེད་རྒྱུའི་འགན་ལེན་བྱས་ཏེ་ཁོ་འགྲོར་བཅུག་གོ།

ཨབ་ནེར་བསད་པ།

22དེ་རྗེས་ཡོ་ཨབ་དང་དཱ་བིད་ཀྱི་ལས་བྱེད་པ་གཞན་རྣམས་དམག་འཐབ་བྱས་ནས་འཕྲོག་བཅོམ་བྱས་པའི་དངོས་རིགས་མང་པོ་ཞིག་མཉམ་དུ་འཁྱེར་ནས་ལོག་ཡོང་ངོ་། འོན་ཀྱང་སྐབས་དེར་ཨབ་ནེར་ནི་དཱ་བིད་དང་མཉམ་དུ་ཧེབ་རོན་དུ་མེད་པ་ཡིན་ནོ། གང་ལགས་ཟེར་ན། དཱ་བིད་ཀྱིས་ཨབ་ནེར་ལ་སྲུང་སྐྱོབ་བྱ་རྒྱུའི་འགན་ལེན་བྱས་ཏེ་བཏང་ཟིན་པས་ཕྱིར་རོ། 23དེ་ནས་ཡོ་ཨབ་དང་ཁོའི་མི་རྣམས་དེར་སླེབས་སྐབས། ཨབ་ནེར་རྒྱལ་པོ་དཱ་བིད་ཀྱི་རྩར་སླེབས་ཡོད་པ་དང་། ཁོ་ལ་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁུར་དང་བཅས་ཕར་བཏང་བའི་སྐོར་ཁོ་ལ་བཤད་པས། 24ཡོ་ཨབ་རྒྱལ་པོའི་དྲུང་དུ་བཅར་ནས་སྨྲས་པ། ཁྱེད་ཀྱིས་དེ་འདྲ་ག་རེ་གནང་བ་ཡིན་ནམ། ཨབ་ནེར་ཁྱེད་ཀྱི་རྩར་སླེབས་ཡོད་པས། ཁོ་ལ་ཅིའི་ཕྱིར་འགྲོར་བཅུག་པ་ཡིན་ནམ། 25ཁོ་ནི་ཁྱེད་ལ་བསླུ་འཁྲིད་བྱེད་ཕྱིར་ཡོང་བ་ཡིན་པ་དང་། ཁྱེད་ཀྱི་མཛད་དོན་གང་ཅིའི་སྐོར་ཤེས་རྟོགས་བྱེད་རྒྱུ་དང་། ཁྱེད་རང་ག་པར་ཕེབས་ཀྱི་ཡོད་མེད་སྐོར་ཉམས་ཚོད་ལེན་ཕྱིར་ཡོང་བ་ཡིན་ནོ། དེ་ལྟར་ཡིན་པ་དེ་ཕལ་ཆེར་ཁྱེད་ཀྱིས་མཁྱེན་གྱི་ཡོད་ཤག་རེད། 26དཱ་བིད་ཀྱི་རྩ་ནས་ཐོན་པའི་རྗེས་སུ། ཡོ་ཨབ་ཀྱིས་བང་ཆེན་རྣམས་བཏང་ནས་ཨབ་ནེར་བཀོང་ཐབས་བྱས་པ་བཞིན། དེ་ཚོས་ཁོ་སི་རཱའི་ཁྲོན་པ་ནས་བཏོན་ཏེ་ཕྱིར་ལོག་འཁྲིད་ཡོང་ངོ་། འོན་ཀྱང་དེའི་སྐོར་ལ་དཱ་བིད་ཀྱིས་གང་ཡང་ཤེས་མེད་དོ། 27ཨབ་ནེར་ཧེབ་རོན་དུ་འབྱོར་བ་དང་། ཡོ་ཨབ་ཀྱིས་ཁོ་ལ་གསང་གཏམ་བཤད་ཚུལ་བྱས་ཏེ་རྒྱལ་སྒོའི་འགྲམ་དུ་ཟུར་དུ་འཁྲིད་ནས་ཁོའི་གྲོད་པར་གྲི་བཙུགས་སོ། སྔར་ཨབ་ནེར་གྱི་ཡོ་ཨབ་ཀྱི་སྤུན་ཨ་ས་ཧེལ་བསད་པ་ཡིན་པས། དེའི་དགྲ་ལེན་དུ་ཨབ་ནེར་ཡང་བསད་པ་ཡིན་ནོ། 28དཱ་བིད་ཀྱིས་གནས་ཚུལ་དེ་ཐོས་པ་དང་། ཨབ་ནེར་བསད་པའི་སྐོར་ལ་ངའི་འབངས་དང་ང་ལ་ཉེས་སྐྱོན་སོགས་གང་ཡང་མེད་པ་དེ་གཙོ་བོ་དཀོན་མཆོག་གིས་མཁྱེན་གྱི་ཡོད། 29དེའི་ཉེས་པར་ཡོ་ཨབ་དང་ཁོའི་ནང་མི་ཚང་མར་ཕོག་པར་ཤོག མི་རབས་རེ་རེར་ནང་མི་ནས་སྐྱེས་པ་སུ་ཞིག་ལ་མཛེ་ནད་དམ་པག་ནད་ཕོག་པའམ། བུད་མེད་འབའ་ཞིག་གིས་བྱེད་འོས་པའི་ལས་དོན་ཁོ་ན་བྱེད་ཐུབ་པའི་སྐྱེས་པའམ་དམག་སར་ཤི་དགོས་པའམ། ཁ་ཟས་མི་འདང་བའི་སྐྱེས་པ་འགའ་ཤས་བྱུང་བར་ཤོག 30དེ་བཞིན་ཡོ་ཨབ་དང་ཁོའི་སྤུན་ཨ་བྷི་ཤེ་སེ་རང་གི་སྤུན་ཨ་ཤེ་ཨེལ་ལ་ཨེབ་ནེར་གྱིས་གྷིབི་ཨོན་གྱི་དམག་སར་བསད་པའི་དགྲ་ཤ་བླངས་སོ༎

ཨབ་ནེར་དུར་སར་སྦས་པ།

31དེ་ནས་དཱ་བིད་ཀྱིས་ཡོ་ཨབ་དང་ཁོའི་མི་རྣམས་ལ་ཁོ་རང་ཚོའི་གྱོན་གོས་ཧྲལ་ནས་རྩ་རས་གྱོན་ཏེ། ཨབ་ནེར་གྱི་དོན་དུ་མྱ་ངན་བྱེད་དགོས་པའི་བཀའ་གནང་སྟེ། རྒྱལ་པོ་དཱ་བིད་རང་ཉིད་ཕུང་པོའི་རྗེས་སུ་ཕེབས་སོ། 32ཨབ་ནེར་ནི་ཧེབ་རོན་དུ་སྤས་པ་དང་། དུར་སར་རྒྱལ་པོ་དང་མི་ཚང་མས་སྐད་ཤུགས་ཆེན་པོ་འདོན་ནས་ངུས་འབོད་བྱས་སོ། 33དེ་ནས་དཱ་བིད་ཀྱིས་ཨབ་ནེར་གྱི་ཆེད་དུ་བཤུམ་པ་དང་མྱ་ངན་གྱི་མགུར་མ་འདི་བཏང་བ་ཡིན་ནོ། ཨབ་ནེར་གླེན་པ་བཞིན་དུ་ཅིའི་ཕྱིར་འཆི། 34ཁོ་ཡི་ལག་པ་གཉིས་ཀྱང་བསྡམས་མེད་ཅིང་། དེ་བཞིན་རྐང་པར་ལྕགས་སྒྲོག་བརྒྱབས་མེད་པས། ཁྲིམས་འགལ་ཅན་གྱིས་བསད་ལྟར་ཁོ་ནི་ཤི། ཁོང་གི་ཆེད་དུ་མི་རྣམས་སྐྱར་དུ་ངུས་སོ། 35དཱ་བིད་ཀྱིས་ཁ་ཟས་ཕྲན་བུ་ཞིག་བཞེས་ན་བསམ་ནས་མི་ཚོས་ཉི་མ་ཉིན་གང་ཐབས་ཤེས་བྱས་ནའང་། ཁོང་གིས་དམ་བཅའ་བརྩན་པོ་ཞིག་བཞེས་ཏེ། ངས་ཉི་མ་མ་བཞུར་གོང་ལ་ཁ་ཟས་སོགས་ཟས་པ་ཡིན་ན་དཀོན་མཆོག་གིས་ང་ལ་ཚར་གཅོད་གནང་བར་ཤོག་ཅེས་གསུངས་ཡོད་པ་ཡིན་པས། 36ཁོ་ཚོས་དེ་ཧ་གོ་ནས་ཧ་ཅང་དགའ་པོ་བྱུང་ངོ་། དོན་དམ་དུ་རྒྱལ་པོས་མཛད་སྤྱོད་གང་གནང་བར་མི་མང་ཚང་མས་དགའ་པོ་བྱས་སོ། 37དཱ་བིད་ཀྱི་མི་འབངས་ཡོངས་དང་ཨིསི་རཱཨེལ་པ་ཚང་མས་ཨབ་ནེར་བསད་པའི་སྐོར་ལ་རྒྱལ་པོར་ཐེ་བྱུས་གང་ཡང་མེད་པ་དེ་ཤེས་ཀྱི་ཡོད་པ་ཡིན་ནོ། 38རྒྱལ་པོས་རང་གི་ལས་བྱེད་པ་རྣམས་ལ་གསུངས་པ། དེ་རིང་གི་ཉིན་མོར་ཨིསི་རཱཨེལ་གྱི་འགོ་འཁྲིད་ཆེན་པོ་ཞིག་འདས་གྲོངས་ཕྱིན་པ་དེ་ཁྱོད་ཚོས་མི་ཤེས་སམ། 39ང་ནི་དཀོན་མཆོག་གིས་འདེམས་བསྐོས་གནང་བའི་རྒྱལ་པོ་ཞིག་ཡིན་ན་ཡང་། དེ་རིང་ང་ནི་རང་ཉིད་ལ་སྟོབས་མེད་ཉམས་ཆུང་ཞིག་ལ་འཚོར་སྣང་བྱེད་ཀྱི་ཡོད། ཛེ་རུ་ཡཱའི་བུ་འདི་ཚོ་ནི་ཧ་ཅང་གི་གཤིས་ཀ་རྩུབ་པོ་དང་དྲག་ངར་ཆེ་བས། གཙོ་བོ་དཀོན་མཆོག་གིས་ཁྲིམས་འགལ་བ་དེ་ཚོར་ཁོ་ཚོའི་ལས་ངན་དང་འཚམས་པའི་ཉེས་ཆད་གནང་བར་ཤོག།

ཤ་མུ་ཨེལ་གཉིས་པ 4

ཡིཤི་བྷོ་ཤེད་བསད་པ།

1ས་ཨུལ་གྱི་བུ་ཡིཤི་བྷོ་ཤེད་ཀྱི་ཧེབ་རོན་དུ་ཨབ་ནེར་བསད་པའི་སྐོར་ཐོས་ནས་ཁོ་འཇིགས་པས། ཨིསི་རཱཨེལ་པ་ཚང་མས་དོགས་ཟོན་བྱས་སོ། 2ཨིཤི་བྷོ་ཤེད་ལ་འཇབ་རྒོལ་བྱེད་མཁན་དམག་ཤོག་ཀྱི་འགོ་དཔོན་ཁག་གཉིས་ཡོད་པ་ཡིན་ཏེ། དེ་ཚོའི་ནང་ནས་གཅིག་གི་མིང་ལ་བྷ་ནཱ་དང་གཞན་དེའི་མིང་ལ་རེ་ཀབ་ཟེར་ཞིང་། དེ་ཚོ་ནི་བྷེན་ཡ་མིན་སྡེ་རིགས་ཀྱི་བྷི་རོད་ནས་ཡིན་པ་རིམ་མོན་གྱི་བུ་རྣམས་ཡིན་ནོ། (བྷི་རོད་ནི་བྷེན་ཡ་མིན་གྱི་ཆ་ཤས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་ཡིན་ནོ། 3ས་གནས་དེའི་ཐོག་མའི་ཡུལ་མི་རྣམས་གྷིད་ཏེམ་དུ་བྲོས་ཕྱིན་ཏེ། དེ་ཚོ་ད་བར་ས་གནས་དེ་རང་དུ་བསྡད་ཡོད་པ་ཡིན་ནོ།) 4ས་ཨུལ་གྱི་མི་བརྒྱུད་གཞན་ཞིག་ནི། ཡོ་ན་ཐན་གྱི་བུ་མེ་ཕི་བྷོ་ཤེད་ཅེས་པ་དེ་ཡིན་ཅིང་། སྔར་ཡོ་ན་ཐན་དང་ས་ཨུལ་གཉིས་བསད་པའི་སྐབས་སུ་ཁོ་ནི་རང་ལོ་ལྔ་ལ་སླེབས་ཡོད་པ་ཡིན་ནོ། གྲོང་ཁྱེར་ཡེཛ་རིལ་ནས་ཁོ་གཉིས་བསད་པའི་གནས་ཚུལ་ཐོས་མ་ཐག་ཏུ། ཕྲུ་གུའི་མ་མས་ཕྲུ་གུ་དེ་བླངས་ནས་བྲོས་ཕྱིན་པ་དང་། མོས་བྲེལ་ཟིང་ངང་དུ་ཕྲུ་གུ་དེ་སར་གཟག་པས། ཁོའི་རྐང་པར་སྐྱོན་ཤོར་བ་ཡིན་ནོ། 5རེ་ཀབ་དང་བྷ་ནཱ་གཉིས་ཡིཤི་བྷོ་ཤེད་ཀྱི་ཁང་པར་ཕྱིན་ནས། ཁོ་གཉིས་དེར་ཉིན་གུང་མཚམས་སུ་འབྱོར་སྐབས་མེ་ཕི་བྷོ་ཤེད་ནི་ཉིན་གུང་གི་ངལ་གསོ་བརྒྱབ་ནས་བསྡད་ཡོད་དོ། 6སྒོ་འགྲམ་དུ་བསྡད་ནས་གྲོ་ཚགས་བརྒྱབ་བཞིན་པའི་བུད་མེད་དེའང་གཉིད་ཙོག་ཐེབས་པས། རེ་ཀབ་དང་བྷ་ནཱ་གཉིས་སུ་ཞིག་གི་ཧ་མ་གོ་བར་ནང་དུ་ཐར་རོ། 7ཁོ་ཚོ་ནང་དུ་འཛུལ་མ་ཐག་ཏུ་ཨིཤི་བྷོ་ཤེད་ཉལ་ནས་བསྡད་ཡོད་པའི་ཉལ་ཁང་ནང་དུ་ཕྱིན་ཏེ་ཁོ་བསད་དོ། དེ་ནས་ཁོ་ཚོས་ཁོའི་མགོ་བོ་བཅད་ནས་རང་དང་མཉམ་དུ་འཁྱེར་ཏེ་ཡོར་དན་གྱི་ལུང་གཤོང་བརྒྱུད་ནས་མཚན་གང་འགྲོ་བསྐྱོད་བྱས་སོ། 8ཁོ་ཚོས་ཧེབ་རོན་དུ་རྒྱལ་པོ་དཱ་བིད་ལ་མགོ་དེ་ཕུལ་ནས་སྨྲས་པ། ཁྱེད་ལ་བཀྲོང་ཐབས་བྱེད་མཁན་ཁྱེད་ཀྱི་དགྲ་བོ་ཤ་ཨུལའི་བུ་ཡིཤི་བྷོ་ཤེད་ཀྱི་མགོ་བོ་དེ་འདིར་འཁྱེར་ཡོད། དེ་རིང་གཙོ་བོ་དཀོན་མཆོག་གིས་མི་དབང་ཆེན་པོ་ཁྱེད་ལ་ས་ཨུལ་དང་ཁོའི་བུ་བརྒྱུད་རྣམས་ཀྱི་ཐོག་ཏུ་དགྲ་ཤ་ལེན་ཆོག་པའི་གནང་བ་སྩལ་ཡོད་དོ། 9དེར་དཱ་བིད་ཀྱིས་ལན་དུ། ང་ལ་ཉེན་ཁ་ཀུན་ལས་སྲུང་སྐྱོབ་མཛད་མཁན་སྐུ་གསོན་པོར་བཞུགས་ཡོད་པའི་གཙོ་བོ་དཀོན་མཆོག་གི་མཚན་བརྗོད་དེ་ངས་མནའ་སྐྱེལ་རྒྱུར། 10ང་ཛིག་ལག་ཏུ་ཡོད་སྐབས་ས་ཨུལ་གྲོངས་པའི་སྐོར་གྱི་གནས་ཚུལ་འཁྱེར་ཡོང་མཁན་བང་ཆེན་དེའི་སེམས་ལ་ངས་གནས་ཚུལ་བཟང་པོ་ཞིག་འཁྱེར་ཡོང་ཡོད་ཅེས་བསམ་མོད། འོན་ཀྱང་ངས་ཁོ་ལ་འཛིན་བཟུང་བྱས་ཏེ་བསད་བཅུག་པ་ཡིན། ཁོའི་གནས་ཚུལ་དེའི་ཆེད་དུ་ངས་ཁོ་ལ་བྱ་དགའ་དེ་ལྟར་སྤྲད་པ་ཡིན་ནོ། 11རང་གི་ཁང་པར་ཉལ་ནས་བསྡད་ཡོད་པའི་མི་གནོང་མེད་ཅིག་བསད་མཁན་གྱི་གནས་སྟངས་ནི་དེ་བས་ཀྱང་སྡུག་པར་ཡོང་ངེས་སོ། ཁྱོད་ཀྱིས་ཁོའི་སྲོག་བཅད་པ་ཡིན་པས་ད་ངས་ཁྱོད་ལ་དགྲ་ཤ་ལེན་ཏེ། ཁྱོད་ཚོ་ས་གཞིའི་ངོས་ལས་བཤུལ་མེད་དུ་འཇིག་པར་བྱེད་རྒྱུ་ཡིན། 12དེ་ནས་དཱ་བིད་ཀྱིས་བཀའ་གནང་བས། དམག་མི་རྣམས་ཡོང་ནས་རེ་ཀབ་དང་བྷ་ནཱ་གཉིས་བསད་དེ་དེ་ཚོའི་རྐང་ལག་གཉིས་བཅད་ནས་ཧེབ་རོན་གྱི་རྫིང་བུའི་ཉེ་འགྲམ་དུ་ཡར་འཕྱར་ཞིང་། ཡིཤི་བྷོ་ཤེད་ཀྱི་མགོ་བོ་འཁྱེར་ནས་ཧེབ་རོན་དུ་ཨབ་ནེར་གྱི་དུར་སར་སྦས་སོ༎

ཤ་མུ་ཨེལ་གཉིས་པ 5

དཱ་བིད་ཨིསི་རཱཨེལ་དང་ཡ་ཧུ་དཱའི་རྒྱལ་པོར་འཁོད་པ།

(༡ སྔོན་རབ་ ༡༡:༡-༩; ༡༤:༡-༧)

1དེ་ནས་ཨིསི་རཱཨེལ་གྱི་སྡེ་རིགས་ཡོངས་རྫོགས་ཧེབ་རོན་དུ་དཱ་བིད་ཡོད་སར་ཡོང་ནས་སྨྲས་པ། ང་ཚོ་ནི་ཁྱེད་ཀྱི་ཤ་རུས་དང་འབྲེལ་བ་ཡོད་པ་ཡིན་ནོ། 2སྔར་ས་ཨུལ་གྱིས་ང་ཚོའི་ཐོག་ཏུ་རྒྱལ་སྲིད་གནང་དུས་ཀྱང་། ཁྱེད་ཀྱིས་ཨིསི་རཱཨེལ་པ་རྣམས་དམག་སར་འགོ་འཁྲིད་གནང་ཞིང་། གཙོ་བོ་དཀོན་མཆོག་གིས་ཀྱང་ཁྱེད་ལ་རང་གི་མི་འབངས་ཀྱི་འགོ་འཁྲིད་བྱེད་ཅིང་། དེ་ཚོའི་ཐོག་ཏུ་སྲིད་སྐྱོང་བྱེད་པར་འགྱུར་ཞེས་ཞལ་བཞེས་གནང་བ་ཡིན་ནོ། 3དེར་བརྟེན་ཨིསི་རཱཨེལ་གྱི་འགོ་དཔོན་ཚང་མ་དཱ་བིད་ཀྱི་རྩར་ཧེབ་རོན་དུ་ཡོང་ངོ། ཁོང་གིས་དེ་ཚོ་དང་མཉམ་དུ་མཐུན་འབྲེལ་གྱི་ཆིངས་ཡིག་དམ་པ་ཞིག་བཞག་ནས། དེ་ཚོས་ཁོང་ལ་བསྔོ་འབུལ་བྱས་ཏེ། ཁོང་ཨིསི་རཱཨེལ་གྱི་རྒྱལ་པོར་འཁོད་དོ། 4དཱ་བིད་རྒྱལ་ཁྲིར་འཁོད་དུས་དགུང་ལོ་སུམ་ཅུར་ཕེབས་ཡོད་པ་དང་། ཁོང་གིས་ལོ་བཞི་བཅུའི་རིང་རྒྱལ་སྲིད་བསྐྱངས་སོ། 5ཁོང་གིས་ཧེབ་རོན་གྱི་ཡ་ཧུ་དཱའི་ས་ཁུལ་དུ་ལོ་བདུན་དང་ཟླ་བ་དྲུག་བར་དང་། ཡེ་རུ་ཤ་ལེམ་དུ་ཨིསི་རཱཨེལ་ཡོངས་དང་ཡ་ཧུ་དཱའི་ཐོག་ལོ་སུམ་ཅུ་སོ་སུམ་བར་དུ་རྒྱལ་སྲིད་བསྐྱངས་སོ། 6དུས་དེ་རན་སྐབས་རྒྱལ་པོ་དཱ་བིད་དང་ཁོང་གི་མི་རྣམས་ཡེ་རུ་ཤ་ལེམ་གྱི་གྲོང་ཁྱེར་དུ་དམག་འཐབ་བྱེད་ཕྱིར་ཐོན་ནོ། དེར་གནས་སྡོད་བྱེད་བཞིན་པའི་ཡ་བྷུ་སི་པ་རྣམས་ཀྱི་སེམས་ལ། དཱ་བིད་ཀྱིས་གྲོང་ཁྱེར་དེ་ནམ་ཡང་དབང་བསྒྱུར་བྱེད་ཐུབ་མི་ཡོང་ཞེས་བསམ་ནས་ཁོང་ལ་སྨྲས་པ། ཁྱེད་རང་གྲོང་ཁྱེར་འདིའི་ནང་ནམ་ཡང་འཛུལ་མི་ཐུབ། ལོང་བ་དང་ཞ་བོ་རྣམས་ཀྱིས་ཀྱང་ཁྱོད་ལ་བཀག་ཐུབ་ཅེས་སྨྲས་སོ། 7(འོན་ཀྱང་དཱ་བིད་ཀྱིས་ཛི་ཡོན་དུ་ཡོད་པའི་དེ་ཚོའི་མཁར་རྫོང་དེ་དབང་བསྒྱུར་བྱས་པ་ཡིན་པས། གནས་དེ་ལ་དཱ་བིད་ཀྱི་གྲོང་ཁྱེར་ཞེས་བརྗོད་པ་ཡིན་ནོ།) 8དེ་ཉིན་དཱ་བིད་ཀྱིས་རང་གི་མི་རྣམས་ལ། ཡ་བྷུ་སི་པ་རྣམས་ལ་གསོད་པར་ནུས་པའི་སྡང་དགྲ་བྱེད་པ་བཞིན། འདིར་ཡོད་པའི་སྐྱེ་བོ་སུ་ཞིག་གིས་དེ་ལྟར་བྱེད་ནུས་སམ། དེ་ལྟར་བྱེད་ནུས་མཁན་སུ་ཞིག་ཡོད་ན། ཆུའི་ཡུར་བུའི་ནང་དུ་འཛུལ་ནས་ཞ་བོ་དང་ལོང་བ་དེ་ཚོའི་ཐོག་ཏུ་འཐབ་རྒོལ་བྱོས་ཤིག དེར་བརྟེན་པས་ཞ་བོ་དང་ལོང་བ་རྣམས་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ནང་དུ་འཛུལ་མི་ཆོག་ཅེས་ཟེར་སྲོལ་ཡོད་པ་ཡིན་ནོ། 9མཁར་རྫོང་དེར་དབང་བསྒྱུར་བྱེད་པའི་རྗེས་སུ་དཱ་བིད་མཁར་རྫོང་དེའི་ནང་དུ་གནས་སྡོད་བྱས་པ་དང། དེའི་མིང་ལ་དཱ་བིད་ཀྱི་གྲོང་ཁྱེར་ཞེས་མིང་བཏགས་པ་ཡིན་ནོ། ཁོང་གིས་མཁར་རྫོང་དེའི་ཕྱོགས་བཞི་རུ་གྲོང་ཁྱེར་རྩིག་པ་དང་། རི་དེའི་ཤར་ཕྱོགས་སུ་སྤུངས་ནས་ཡོད་པའི་ས་གཞི་མཐོ་པོ་དེ་ནས་ཨར་ལས་འགོ་ཚུགས་སོ། 10ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ཁོང་དང་མཉམ་དུ་འགྲོགས་ཡོད་པ་ཡིན་པས་ཁོང་ནི་རིམ་བཞིན་མངའ་ཐང་ཇེ་ཆེར་ཕྱིན་ནོ། 11ཊ་ཡར་གྱི་རྒྱལ་པོ་ཧི་རམ་གྱིས་དཱ་བིད་ཀྱི་རྩར་ཚོང་དོན་ཆེད་དུ་འཐུས་མི་རྣམས་བཏང་ཞིང་། ཕོ་བྲང་བཞེངས་བྱད་འགྱམ་ཤིང་དང་ཤིང་བཟོ་བ་དང་རྡོ་རྩིག་མཁན་བཅས་བརྫངས་སོ། 12དེ་ནས་དཱ་བིད་ཀྱི་སེམས་ལ། གཙོ་བོ་དཀོན་མཆོག་གིས་ང་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོས་གནང་བ་དང། ཉིད་ཀྱི་མི་འབངས་ཚོའི་ཆེད་དུ་ཉིད་ཀྱི་རྒྱལ་སྲིད་ཡར་རྒྱས་གོང་འཕེལ་དུ་གཏོང་བ་གནང་བཞིན་པའི་སྐོར་ལ་ཤེས་རྟོགས་བྱུང་ངོ་། 13ཧེབ་རོན་ནས་ཡེ་རུ་ཤ་ལེམ་དུ་ཡོང་བའི་རྗེས་སུ། དཱ་བིད་ཀྱི་ཆུང་མ་དང་ཟུར་གྲོགས་མ་མང་པོ་ཞིག་བླངས་ཏེ། དེ་ཚོའི་སྒོ་ནས་ཕྲུ་གུ་མང་པོ་སྐྱེས་སོ། 14ཡེ་རུ་ཤ་ལེམ་དུ་སྐྱེས་པའི་ཁོའི་ཕྲུ་གུ་རྣམས་ནི་གཤམ་གསལ་ལྟར་ཡིན་ནོ། ཤམ་མུ་ཨ། ཤོ་བྷབ། ན་ཐན། སོ་ལོ་མོན། 15ཨི་བར། ཨེ་ལི་ཤུ་ཨ། ནེ་ཕེག། ཡ་ཕི་ཨ། 16ཨེ་ལི་ཤ་མ། ཨེལ་ཡ་དྷ་དང་ཨེ་ལི་ཕེ་ལེཏ་བཅས་སོ༎

ཕེ་ལེ་ཤེད་པ་རྣམས་ཀྱི་ཐོག་ཏུ་རྒྱལ་ཁ་ཐོབ་པ།

(༡ སྔོན་རབ་ ༡༤:༨-༡༧)

17དཱ་བིད་ཨིསི་རཱཨེལ་གྱི་རྒྱལ་པོར་འཁོད་པའི་གནས་ཚུལ་དེ་ཕེ་ལེ་ཤེད་པ་རྣམས་ཀྱིས་ཐོས་པ་དང་། ཁོང་ལ་འཛིན་བཟུང་བྱེད་ཕྱིར་དེ་ཚོའི་དམག་མི་རྣམས་བཏང་བས། དཱ་བིད་ཀྱིས་གཏམ་དེ་ཐོས་ནས་ལྕགས་རིས་བསྐོར་བའི་གནས་བཙན་པོ་ཞིག་ཏུ་ཕྱིན་ནོ། 18ཕེ་ལེ་ཤེད་པ་རྣམས་རེ་ཕ་ཨིམ་གྱི་ལུང་གཤོང་དུ་སླེབས་ནས། གནས་དེ་དབང་བསྒྱུར་བྱས་སོ། 19དེ་ནས་དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་ལ། ངས་ད་ལྟ་ཕེ་ལེ་ཤེད་པ་རྣམས་དང་འཐབ་རྒོལ་བྱེད་ན་ཁྱེད་ཀྱི་ང་ལ་རྒྱལ་ཁ་གནང་ངམ་ཞེས་ཞུས་པ་དང་། ལན་དུ་གཙོ་བོ་དཀོན་མཆོག་གིས། སོང་ལ་འཐབ་རྒོལ་བྱོས་ཤིག། ངས་ཁྱོད་ལ་རྒྱལ་ཁ་སྟེར་བར་བྱ་ཞེས་གསུངས་སོ། 20དེ་ནས་དཱ་བིད་བྷལ་པེ་ར་ཛིམ་དུ་ཕྱིན་ནས་ཕེ་ལེ་ཤེད་པ་རྣམས་ཀྱི་ཐོག་ཏུ་རྒྱལ་ཁ་ཐོབ་བོ། ཁོང་གིས། གཙོ་བོ་དཀོན་མཆོག་ནི་ངའི་དགྲ་བོ་རྣམས་ཀྱི་ཐོག་ཏུ་ཆུ་རུད་ལུད་པ་ལྟར་བློ་བུར་དུ་ཕེབས་པ་ཡིན་པས། གནས་དེའི་མིང་ལ་བྷལ་པེ་ར་ཛིམ་ཞེས་ཟེར་བ་ཡིན་ནོ། 21ཕེ་ལེ་ཤེད་པ་རྣམས་བྲོས་འགྲོ་དུས་དེ་ཚོའི་སྐུ་འདྲ་རྣམས་དེར་ལུས་ཡོད་པ་དང་། དཱ་བིད་དང་ཁོང་གི་མི་ཚོས་དེ་ཚོ་འཁྱེར་ཕྱིན་ནོ། 22དེ་རྗེས་ཕེ་ལེ་ཤེད་པ་རྣམས་རེ་ཕ་ཨིམ་གྱི་ལུང་གཤོང་དུ་ཕྱིར་ལོག་བྱས་ནས་ས་གནས་དེ་ཡང་སྐྱར་རང་དབང་དུ་བླངས་སོ། 23སླར་ཡང་དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་ལ་བཀའ་དགོངས་ཞུས་པར། ཁོང་གིས་བཀའ་ལན་དུ། གནས་འདི་ནས་ཁོ་ཚོར་འཐབ་རྒོལ་མ་བྱེད་པར། ཕྱོགས་གཞན་ནས་བསྐོར་ཏེ་ཤིང་སྡོང་གི་ཉེ་འགྲམ་ནས་འཐབ་རྒོལ་བྱེད་ཕྱིར་གྲ་སྒྲིག་བྱོས་ཤིག 24ཤིང་དེའི་རྩེ་མོ་ནས་འགྲུལ་བཤུད་བྱེད་པའི་རྐང་སྒྲ་ཐོས་མ་ཐག་ཏུ་འཐབ་རྒོལ་བྱོས་ཤིག གང་ལགས་ཟེར་ན། ང་ནི་ཕེ་ལེ་ཤེད་པའི་དམག་མི་རྣམས་འཕམ་པར་བྱེད་ཕྱིར་ང་ཁྱོད་ཀྱི་མདུན་དུ་འགྲོ་རྒྱུ་ཡིན། 25དཱ་བིད་ནས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་བཞིན་བྱས་པའི་རྐྱེན་གྱིས་ཕེ་ལེ་ཤེད་པ་རྣམས་གྷེ་བཱ་ནས་གྷེ་ཛེར་བར་དུ་ཕྱིར་འདེད་བྱེད་ཐུབ་པ་རེད༎

ཤ་མུ་ཨེལ་གཉིས་པ 6

དམ་བཅའི་སྒྲོམ་དེ་ཡེ་རུ་ཤ་ལེམ་དུ་འཁྱེར་ཡོང་བ།

(༡ སྔོན་རབ་ ༡༣:༡-༡༤; ༡༥:༢༥—༡༦:༦,༤༣)

1སླར་ཡང་ཐེངས་ཅིག་དཱ་བིད་ཀྱིས་ཨིསི་རཱཨེལ་གྱི་དམག་མི་ལེགས་ཤོས་ ༣༠,༠༠༠ ཙམ་བཀོང་སྟེ། 2ཡ་ཧུ་དཱའི་ས་གནས་བྷ་ལཱ་ནས་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་གདན་འདྲེན་ཞུ་བའི་ཕྱིར་སྣེ་འཁྲིད་བྱས་སོ། དམ་བཅའི་སྒྲོམ་དེའི་ཁར་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གི་མཚན་བྱང་འཁོད་ཡོད་པ་དང་། ཁོང་ནི་ཀེ་རུབ་གཉིས་ཀྱི་ཐོད་དུ་བཞུགས་ཡོད་པ་ཡིན་ནོ། 3དེ་ཚོས་རི་རྩེར་ཡོད་པའི་ཨ་བྷི་ན་དྷབ་ཀྱི་ཁང་ཁྱིམ་ནས་དམ་བཅའི་སྒྲོམ་དེ་བཏོན་ནས་ཤིང་རྟ་འཁོར་ལོ་གསར་པ་ཞིག་གི་ཁར་བཞག་གོ ཨ་བྷི་ན་དྷབ་ཀྱི་ཁང་ཁྱིམ་ནས་དམ་བཅའི་སྒྲོམ་དེ་བཏོན་ནས་ཤིང་རྟ་འཁོར་ལོ་གསར་པ་ཞིག་གི་ཁར་བཞག་གོ ཨ་བྷི་ན་དྷབ་ཀྱི་བུ་ཨུཛ་ཛཱ་དང་ཨ་ཧི་ཡོས་ཤིང་རྟ་འཁོར་ལོ་གསར་པ་ཞིག་བཏང་ངོ་། 4ཨ་ཧི་ཡོ་ནི་ཤིང་རྟ་འཁོར་ལོའི་མདུན་དུ་ཕྱིན་ནོ། 5དེ་བཞིན་དཱ་བིད་དང་ཨིསི་རཱཨེལ་པ་ཡོངས་ནས་གཙོ་བོ་དཀོན་མཆོག་ལ་བཀུར་སྟི་ཞུ་ཕྱིར་རང་ནུས་བཞིན་གྱིས་གར་དང་གླུ་གཞས་སོགས་བཏང་བ་དང། དེ་ཚོས་སྒྲ་སྙན་སྣ་ཚོགས་དང་རྔ་དང་བསིལ་སྙན་དང་རོལ་དབྱངས་སྣ་ཚོགས་ཤིག་བཏང་ངོ་། 6དེ་ཚོ་ན་ཀོན་གྱི་ཕྱུགས་ཆག་བསྐོར་སའི་གནས་དེར་སླེབས་སྐབས། གླང་རྣམས་རྐང་པ་འཁྱོར་བ་དང་། ཨུཛ་ཛཱས་རང་གི་ལག་པ་བརྐྱངས་ནས་དམ་བཅའི་སྒྲོམ་དེ་འཆང་བ་ཡིན་པས། 7བློ་བུར་དུ་གཙོ་བོ་དཀོན་མཆོག་ཨུཛ་ཛཱ་ལ་ཐུགས་ཁྲོས་ཏེ་ཁོ་བསད་པ་གནང་ངོ་། གང་ལགས་ཟེར་ན། ཁོས་དམ་བཅའི་སྒྲོམ་ལ་བརྩི་གུས་མ་ཞུས་པས་ཕྱིར་རོ། ཨུཛ་ཛཱ་ནི་དམ་བཅའི་སྒྲོམ་གྱི་ཉེ་འགྲམ་དུ་ཤི་བ་ཡིན་ནོ། 8ཉིན་མོ་དེ་ནས་བཟུང་ས་གནས་དེའི་མིང་ལ་པེ་རེཛ་ཨུཛ་ཛཱ་ཞེས་ཐོག་པ་ཡིན་ནོ། གཙོ་བོ་དཀོན་མཆོག་གིས་དེ་ལྟར་ཐུགས་ཁྲོའི་ངང་དུ་ཨུཛ་ཛཱ་ལ་ཉེས་ཆད་གཏོང་གནང་མཛད་པ་ཡིན་པས། དཱ་བིད་ཧ་ཅང་ཁོང་ཁྲོ་ལངས་པ་རེད། 9དེ་རྗེས་དཱ་བིད་གཙོ་བོ་དཀོན་མཆོག་ལ་འཇིགས་ཤིང་སྨྲས་པ། ད་ངས་དམ་བཅའི་སྒྲོམ་དེ་ང་དང་མཉམ་དུ་ཇི་ལྟར་འཁྱེར་ཐུབ་བམ། 10དེར་བརྟེན་པས་ཁོས་དམ་བཅའི་སྒྲོམ་དེ་ཡེ་རུ་ཤ་ལེམ་དུ་འཁྱེར་རྒྱུ་མིན་པའི་ཐག་ཆོད་བྱས་པ་དང་། ཁོས་ལམ་གཞན་ནས་བསྐོར་ཏེ་གྷད་གྲོང་ཁྱེར་གྱི་ཡུལ་མི་ཨོ་བེད་ཨེ་དྷོམ་ཞེས་པ་དེའི་ནང་དུ་དམ་བཅའི་སྒྲོམ་དེ་བསྐྱེལ་བ་ཡིན་ནོ། 11དེར་དམ་བཅའི་སྒྲོམ་དེ་ཟླ་བ་གསུམ་བར་དུ་བཞག་པ་ཡིན་པས། གཙོ་བོ་དཀོན་མཆོག་གིས་ཨོ་བེད་ཨེ་དྷོམ་དང་ཁོའི་ནང་མི་བཅས་ལ་བྱིན་གྱིས་བརླབས་པར་མཛད་དོ། 12དམ་བཅའི་སྒྲོམ་དེའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གིས་ཨོ་བེད་ཨེ་དྷོམ་གྱི་ནང་མི་དང་ཁོའི་རྒྱུ་དངོས་སོགས་ལ་བྱིན་རླབས་གནང་བའི་སྐོར་ཐོས་པས། དཱ་བིད་ཀྱིས་དམ་བཅའི་སྒྲོམ་དེ་དགའ་སྟོན་ཆེན་པོའི་ངང་ཡེ་རུ་ཤ་ལེམ་དུ་བསྐྱེལ་བའི་ཕྱིར་ཨོ་བེད་ཀྱི་ནང་ནས་འཁྱེར་ཡོང་ངོ་། 13དམ་བཅའི་སྒྲོམ་འཁྱེར་མི་རྣམས་གོམ་པ་དྲུག་སྤོས་པའི་རྗེས་སུ་དཱ་བིད་ཀྱིས་དེ་ཚོར་བཀག་སྟེ། གླང་གཅིག་དང་བེའུ་རྒྱག་པ་གཅིག་གཙོ་བོ་དཀོན་མཆོག་ལ་དམར་མཆོད་ཕུལ་ལོ། 14དཱ་བིད་ནི་རང་གི་རྐེད་པར་རས་གོས་དཀྱུས་མ་ཞིག་དཀྲི་ནས། སེམས་ཤུགས་ཆེན་པོས་གཙོ་བོ་དཀོན་མཆོག་ལ་མོས་གུས་ཞུ་ཕྱིར་བྲོ་གར་སོགས་འཁྲབ་པ་དང་། 15དེ་བཞིན་དཱ་བིད་དང་ཨིསི་རཱཨེལ་པ་ཚང་མས་དགའ་བ་ཆེན་པོའི་སྐད་དབྱངས་དང་དམག་དུང་གི་སྒྲ་དང་བཅས་དམ་བཅའི་སྒྲོམ་དེ་ཡེ་རུ་ཤ་ལེམ་བར་དུ་འཁྱེར་ཡོང་ངོ་། 16དམ་བཅའི་སྒྲོམ་དེ་གྲོང་ནང་འཁྱེར་ཡོང་སྐབས་ས་ཨུལ་གི་བུ་མོ་མི་ཀལ་གྱིས་སྐར་ཁུང་ནས་ཕྱི་རུ་བལྟ་བས། དཱ་བིད་ནི་གར་འཆམ་དམ་པའི་ཁོངས་སུ་འཆོངས་ཞིང་བྲོ་གར་འཁྲབ་བཞིན་པ་མཐོང་བ་དང་མོས་ཁོང་ལ་སྡང་སེམས་བྱས་སོ། 17དཱ་བིད་ཀྱིས་གྲ་སྒྲིག་བྱས་པའི་དབུ་གུར་དམ་པའིི་ནང་དུ་སྒྲོམ་དེ་གདན་ཞུས་ཏེ། དེ་ཚོས་དེ་དེར་བཞག་གོ། དེར་ཁོང་གིས་གཙོ་བོ་དཀོན་མཆོག་ལ་དམར་མཆོད་དང་མཐུན་འབྲེལ་གྱི་མཆོད་འབུལ་བྱས་སོ། 18དམར་མཆོད་འབུལ་ཚར་བའི་རྗེས་སུ་ཁོང་གིས་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གི་མཚན་གྱི་ངང་དུ་མི་ཚང་མར་བྱིན་རླབས་གནང་སྟེ། 19དེ་ཚོ་ཚང་མར་ཁ་ཟས་སོགས་བགོས་གནང་ངོ་། ཁོང་གིས་ཨིསི་རཱཨེལ་གྱི་སྐྱེ་ཕོ་མོ་ཚང་མར་བག་ལེབ་རེ་དང་མེར་སྲེག་བཏང་བའི་ཤ་དུམ་བུ་རེ་དང་། རྒུན་འབྲུམ་སོགས་སྤྲད་པའི་རྗེས་སུ་ཚང་མར་རང་རང་སོ་སོའི་ཁང་ཁྱིམ་དུ་ལོག་ཕྱིན་ནོ། 20དེའི་རྗེས་སུ་དཱ་བིད་རང་གི་ནང་མི་དང་ཐུག་འཕྲད་བྱེད་ཕྱིར་ནང་དུ་ཡོང་བ་དང་། མི་ཀལ་ཕྱིར་ཐོན་ཏེ་ཁོང་དང་མཛལ་འཕྲད་བྱེད་ཕྱིར་ཡོང་ཞིང་སྨྲས་པ། དེ་རིང་ཡིན་ན་ཨིསི་རཱཨེལ་གྱི་རྒྱལ་པོས་རང་ཉིད་ཀྱི་མཚན་སྙན་མངོན་པར་མཐོ་བའི་ཕྱག་ལས་ཤིག་གནང་བཞག། རང་གི་ལས་བྱེད་པ་ཁག་གི་བྲན་གཡོག་མ་རྣམས་ཀྱི་མདུན་དུ་གླེན་པ་བཞིན་རང་ཉིད་གོས་མེད་གཅེར་བུར་བྱས་ཏེ་བྲོ་འཁྲབ་བཞིན་འདུག་ཅེས་སྨྲས་སོ། 21དཱ་བིད་ཀྱིས་ལན་དུ། ངས་ནི་གཙོ་བོ་དཀོན་མཆོག་ཐུགས་དགྱེས་པར་བྱེད་པའི་ཕྱིར་བྲོ་གར་འཁྲབ་པ་ཡིན། ཁོང་གིས་ཁྱོད་ཀྱི་ཕ་དང་ཁོའི་ནང་མི་ཚབ་ཏུ་ང་ལ་ཉིད་ཀྱི་མི་འབངས་ཨིསི་རཱཨེལ་གྱི་འགོ་འཁྲིད་དུ་འདེམས་བསྐོས་མཛད་པ་ཡིན། དེ་བས་ན་གཙོ་བོ་དཀོན་མཆོག་ཐུགས་མཉེས་པའི་ཕྱིར་ངས་མུ་མཐུད་དེ་བྲོ་གར་འཁྲབ་རྒྱུ་ཡིན་པ་མ་ཟད། 22ང་ནི་ད་དུང་རང་ཉིད་ལ་ལྷག་པར་དམའ་འབེབས་མཐོང་ཆུང་གི་གནས་སུ་འཁོད་པར་བྱེད་ནུས་སོ། ཁྱོད་ཀྱིས་ང་ལ་སྐྱེ་བོ་སྣང་ཆུང་ཞིག་ཏུ་བརྩི་ནའང་། བུད་མེད་འདི་ཚོས་ང་ལ་གུས་ཞབས་བྱེད་པར་འགྱུར་རོ། 23ས་ཨུལ་གྱི་བུ་མོ་མི་ཀལ་ལ་ནམ་ཡང་ཕྲུ་གུ་མ་བྱུང་ངོ་༎

ཤ་མུ་ཨེལ་གཉིས་པ 7

ན་ཐན་གྱིས་དཱ་བིད་ལ་ལན་བཏང་བ།

(༡ སྔོན་རབ་ ༡༧:༡-༡༥)

1རྒྱལ་པོ་དཱ་བིད་ནི་རང་གི་ཕོ་བྲང་ནང་ལྷོད་དལ་ངང་དུ་བཞུགས་པ་དང་། གཙོ་བོ་དཀོན་མཆོག་གིས་ཀྱང་ཁོང་ལ་དགྲ་བོ་ཀུན་ལས་སྲུང་སྐྱོབ་གནང་བ་རེད། 2དེ་ནས་རྒྱལ་པོས་ལུང་སྟོན་པ་ན་ཐན་ལ། ང་ནི་འགྱམ་ཤིང་ལས་བཟོས་པའི་ཁང་པའི་ནང་དུ་བསྡད་ཡོད། འོན་ཀྱང་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ནི་གུར་གྱི་ནང་དུ་བཞག་ཡོད་ཅེས་གསུངས་སོ། 3ན་ཐན་གྱིས་སྨྲས་པ། ཁྱེད་ཀྱི་ཐུགས་ལ་གང་མཉེས་པ་དེ་གནང་དུ་གསོལ། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་ཁྱེད་མཉམ་དུ་བཞུགས་ཡོད་པ་ཡིན་ནོ། 4འོན་ཀྱང་མཚན་མོ་དེར་ན་ཐན་ལ་གཙོ་བོ་དཀོན་མཆོག་གིས་གསུངས་གསལ། 5ད་ཁྱོད་ཕྱིན་ནས་ངའི་ཞབས་ཏོག་པ་དཱ་བིད་ལ་ངའི་ལོན་འདི་ཤོད་ཅིག ང་སྡོད་སའི་མཆོད་ཁང་རྒྱབ་མཁན་དེ་ཁྱོད་མ་ཡིན། 6སྔར་ངས་ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་སྐྱབས་ཏེ་འཁྲིད་ཡོང་བའི་དུས་དེ་ནས་ད་བར། ང་ནི་མཆོད་ཁང་ཞིག་གི་ནང་དུ་ནམ་ཡང་བསྡད་མ་མྱོང་། ང་ནི་རྒྱུན་དུ་གུར་གྱི་ནང་དུ་གནས་ཏེ་འགྲོ་བསྐྱོད་བྱས་བཞིན་ཡོད། 7ཨིསི་རཱཨེལ་པ་རྣམས་དང་བྱེས་སུ་འགྲུལ་དུས་ངས་འདེམས་བསྐོས་བྱས་པའི་འགོ་འཁྲིད་སུ་ཞིག་ལའང་། ངའི་དོན་དུ་ཁྱོད་ཚོས་འགྱམ་ཤིང་གི་མཆོད་ཁང་ཞིག་མ་བཟོས་པ་གང་ཡིན་ནམ་ཞེས་འདྲི་རྒྱུ་མ་བྱུང་། 8དེ་བས་ན་ཁྱོད་ཀྱིས་ང་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གི་ཕྱོགས་ནས་ངའི་ཞབས་ཏོག་པ་དཱ་བིད་ལ་འདི་ལྟར་སྨྲོས་ཤིག སྔར་ཁྱོད་ཐང་དུ་ལུག་གི་རྫི་བོ་བྱེད་བཞིན་པའི་གནས་སྟངས་ནས་ཡར་བླངས་ཏེ། ངའི་མི་འབངས་ཨིསི་རཱཨེལ་གྱི་སྲིད་སྐྱོང་བྱེད་པར་བསྐོས་པ་མ་ཟད། 9ཁྱོད་གང་དུ་འགྲོ་སར་ངའང་ཁྱོད་དང་མཉམ་དུ་ཕྱིན་པ་ཡིན། དེ་བཞིན་ཁྱོད་ཀྱིས་མདུན་བསྐྱོད་བྱས་པའི་དགྲ་བོ་ཚང་མ་ངས་ཚར་གཅོད་བྱས་པ་ཡིན། འཇིག་རྟེན་གྱི་འགོ་དཔོན་རྣམས་དང་མཚུངས་པར་ངས་ཁྱོད་ཀྱི་མིང་དེ་མངོན་པར་མཐོ་བ་བྱེད་རྒྱུ་ཡིན། 10-11ངའི་མི་འབངས་ཨིསི་རཱཨེལ་གྱི་དོན་དུ་ངས་གནས་ཤིག་འདམས་ཡོད་དེ། དེར་དེ་ཚོ་གཞན་གྱི་བཙན་གནོན་ལས་གྲོལ་ཏེ་གནས་པར་འགྱུར། དེ་ཚོ་ཡུལ་འདིའི་ནང་སླེབས་པ་ནས་བཟུང་དྲག་ངར་སྡུག་རྩུབ་ལྡན་པའི་མི་ངན་ཚོས་དེ་ཚོར་འཐབ་རྒོལ་བྱས་མོད། འོན་ཀྱང་ད་ནི་དེ་ལྟར་འབྱུང་མི་ཡོང་། ངས་ཁྱོད་ལ་དགྲ་བོ་ཀུན་ལས་སྐྱོབ་རྒྱུ་ཡིན་པ་དང་། དེ་བཞིན་ཁྱོད་ལ་བུ་བརྒྱུད་མང་པོ་སྤྲོད་རྒྱུའི་དམ་བཅའ་བྱེད་རྒྱུ་ཡིན། 12མཐར་ཁྱོད་ཤི་ནས་རང་གི་ཕ་མེས་རྣམས་དང་མཉམ་དུ་དུར་སར་སྦས་སྐབས། ངས་ཁྱོད་ཀྱི་བུ་ཞིག་རྒྱལ་པོར་བསྐོས་ཏེ་དེའི་རྒྱལ་སྲིད་བརྟན་པོར་འཛུག་རྒྱུ་ཡིན། 13སྐྱེ་བོ་དེའི་སྒོ་ནས་ངའི་མཆོད་ཁང་དེ་འཛུག་བསྐྲུན་བྱེད་རྒྱུ་ཡིན་པས། ཁོའི་རྒྱལ་རྒྱུད་ནི་དུས་རྒྱུན་དུ་བརྟན་པོར་གནས་པར་བྱེད་རྒྱུ་ཡིན། 14ང་ནི་ཁོའི་ཕ་དང་ཁོ་ངའི་བུ་རུ་འགྱུར་རྒྱུ་མ་ཟད། ཁོས་ནོར་འཁྲུལ་བྱས་པའི་དུས། ཕས་རང་གི་བུ་ལ་ཉེས་ཆད་གཏོང་བ་བཞིན་ངས་ཁོ་ལ་ཉེས་གཅུན་གཏོང་རྒྱུ་ཡིན། 15འོན་ཀྱང་ངས་ཁྱོད་ལ་རྒྱལ་པོར་བསྐོ་ཕྱིར་ས་ཨུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཕྱིར་འཐེན་བྱས་པ་བཞིན། ངས་ཁོ་ལ་བྱེད་མི་ཡོང་། 16ཁྱོད་ནི་རྒྱུན་དུ་བུ་བརྒྱུད་དང་ལྡན་ཞིང་། ཁྱོད་ཀྱི་རྒྱལ་སྲིད་ཀྱང་དུས་གཏན་དུ་བརྟན་པོར་གནས་པར་བྱེད་རྒྱུ་ཡིན། ཁྱོད་ཀྱི་རྒྱལ་བརྒྱུད་ནམ་ཡང་སྟོངས་པར་མི་འགྱུར་རོ། 17གཙོ་བོ་དཀོན་མཆོག་གིས་མངོན་པར་མཛད་པའི་བཀའ་འཕྲིན་ཚང་མ་ན་ཐན་གྱིས་དཱ་བིད་ལ་བཤད་པ་རེད༎

དཱ་བིད་ཀྱིས་ཐུགས་རྗེའི་སྨོན་ལམ།

(༡ སྔོན་རབ་ ༡༧:༡༦-༢༧)

18དེ་ནས་རྒྱལ་པོ་དཱ་བིད་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ནང་བསྡད་ནས་སྨོན་ལམ་འདེབས་གསལ། ཀྱེ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག། ཁྱེད་ཀྱིས་ངའི་ཐོག་ཏུ་བཀའ་དྲིན་ཇི་མཛད་པ་དེ་དག་འོས་བབ་ང་དང་ངའི་ནང་མི་སུ་ལའང་མེད། 19འོན་ཀྱང་ཀྱེ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ངའི་ཐོག་ཏུ་སྔར་བས་ལྷག་པ་བཀའ་དྲིན་མཛད་བཞིན་པ་མ་ཟད། མ་འོངས་པར་ངའི་རིགས་བརྒྱུད་རྣམས་ཀྱི་སྐོར་ལའང་དམ་བཅའ་ཁག་གནང་ངོ་། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་སྐྱེ་བོ་ཕལ་པ་ཞིག་ལ་དེ་དག་མཐོང་ཐུབ་པའི་གོ་སྐབས་གནང་ངོ་། 20ངས་ཁྱེད་ལ་ཞུ་དགོས་པའི་བརྗོད་དོན་མང་པོ་གང་ཡང་མེད། ཁྱེད་ཀྱི་ཞབས་ཏོག་པ་ངའི་སྐོར་ལ་ཁྱེད་ཀྱིས་ཚང་མ་མཁྱེན་གྱི་ཡོད་དོ། 21གནས་ཚུལ་འདི་ཚོ་ཆང་མ་ཁྱེད་ཀྱི་འཆར་གཞིའི་དགོངས་དོན་བཞིན་དུ་བྱུང་བ་ཡིན་པ་དང་། ཁྱེད་ཀྱིས་མཛད་དོན་དེ་དག་གནང་བའི་སྒོ་ནས་ང་ལ་སློབ་སྟོན་གནང་བ་ཡིན། 22བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཁྱེད་ནི་མངའ་ཐང་ཆེ་བ་ལགས་སོ། ཁྱེད་ནི་གཞན་མཚུངས་མེད་པའི་དཀོན་མཆོག་གཅིག་རང་ཡིན་པ་དེ་ང་ཚོས་རྒྱུན་དུ་ཤེས་རྟོགས་བྱེད་ཀྱི་ཡོད། 23འཇིག་རྟེན་འདིའི་ནང་དུ་ཨིསི་རཱཨེལ་པ་ལྟ་བུའི་མི་རིགས་གཞན་ཞིག་གང་དུའང་མེད། ཁྱེད་ཀྱིས་དེ་ཚོ་ཉིད་ཀྱི་མི་སྡེར་བསྐོ་ཕྱིར་བྲན་འཁོལ་ནས་བཏོན་པ་གནང་ངོ་། ཁོ་ཚོའི་དོན་དུ་ཁྱེད་ཀྱིས་མཛད་པ་ཡ་མཚན་ཆེན་པོ་གང་གནང་བ་དེའི་སྒོ་ནས་ཉིད་ཀྱི་མངའ་ཐང་འཇིག་རྟེན་ཡོངས་སུ་ཁྱབ་བོ། རང་གི་མི་འབངས་སུ་བསྐོ་ཕྱིར་ཨི་ཇིབ་ནས་བཏོན་གནང་མཛད་པའི་དེ་ཚོ་སྔོན་དུ་འགྲོ་སྐབས། ཁྱེད་ཀྱིས་མི་རིགས་གཞན་དང་དེ་ཚོའི་ལྷ་རྟེན་རྣམས་ཕྱིར་བཀྲོལ་གནང་བ་ཡིན། 24ཁྱེད་ཀྱིས་ཨིསི་རཱཨེལ་པ་རྣམས་ལ་དུས་གཏན་གྱི་ཕྱིར་རང་གི་མི་འབངས་སུ་བསྐོས་གནང་ཞིང་། གཙོ་བོ་དཀོན་མཆོག་ཁྱེད་ཉིད་ཀྱང་དེ་ཚོའི་དཀོན་མཆོག་ཏུ་འགྱུར་བ་ཡིན་ནོ། 25ད་ཀྱེ་དཀོན་མཆོག་གཙོ་བོ་དཀོན་མཆོག་ཉིད་ཀྱིས་ང་དང་ངའི་རིགས་བརྒྱུད་རྣམས་ལ་གནང་བའི་ཞལ་ཆད་དེ་དུས་གཏན་གྱི་ཕྱིར་སྒྲུབ་པར་མཛད་ནས། ཁྱེད་ཀྱིས་གང་ཞིག་གནང་གི་ཡིན་གསུངས་པ་དེ་དག་སྒྲུབ་པར་མཛོད་ཅིག 26ཁྱེད་ཀྱི་མཚན་སྙན་མངའ་ཐང་ཆེ་ཞིང་། མི་ཚོས། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ནི་དུས་རྒྱུན་དུ་ཨིསི་རཱཨེལ་གྱི་དཀོན་མཆོག་ཏུ་འཁོད་དེ། ཁྱེད་ཀྱིས་ངའི་རྒྱལ་བརྒྱུད་དེ་དུས་ཀུན་ཏུ་སྐྱོང་གནང་བར་འགྱུར། 27ཀྱེ་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ངས་ཁྱེད་ལ་འདི་བཞིན་སྨོན་ལམ་འདེབས་པའི་སེམས་ཤུགས་བྱེད་བཞིན་ཡོད། གང་ལགས་ཟེར་ན། ཁྱེད་ཀྱིས་དེ་ཚོ་ཚང་མ་ཁྱེད་ཀྱི་ཞབས་ཕྱི་ང་ལ་མངོན་པར་མཛད་གནང་ཞིང་། ངའི་བུ་བརྒྱུད་རྣམས་ལ་ཁྱེད་ཀྱིས་རྒྱལ་པོར་བསྐོ་བ་གནང་རྒྱུ་ཡིན་ཞེས་ང་ལ་གསུངས་ཡོད་དོ། 28ད་ཀྱེ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཁྱེད་ནི་དཀོན་མཆོག་ཡིན་པ་དང་། ཁྱེད་ཀྱིས་དམ་བཅའ་གང་གནང་བ་ཚང་མ་རྒྱུན་དུ་སྒྲུབ་པར་མཛད་པ་དང་། ཁྱེད་ཀྱིས་ང་ལ་ངོ་མཚར་ཆེ་བའི་དམ་བཅའ་ཞིག་གནང་ཡོད་དོ། 29དེ་བས་ཁྱེད་ཀྱིས་ངའི་རིགས་བརྒྱུད་འདི་ལ་བྱིན་གྱིས་རློབས་པར་མཛོད། དེ་ཚོས་ཁྱེད་ཀྱི་ཐུགས་རྗེར་རྒྱུན་དུ་ལོངས་སྤྱོད་པར་ཤོག བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་འདི་ལྟ་བུའི་ཞལ་བཞེས་གནང་ཡོད་པ་ཡིན་པས། ཉིད་ཀྱི་བྱིན་རླབས་དེ་ངའི་རིགས་རྒྱུད་ཀྱི་ཐོག་ཏུ་དུས་གཏན་དུ་གནས་པར་འགྱུར་རོ༎

ཤ་མུ་ཨེལ་གཉིས་པ 8

དཱ་བིད་ཀྱིས་རྒྱལ་ཁ་ཐོབ་པ་རྣམས།

(༡ སྔོན་རབ་ ༡༨:༡-༡༧)

1ནམ་ཞིག་རྗེས་སུ་རྒྱལ་པོ་དཱ་བིད་ཀྱིས་ཕེ་ལེ་ཤེད་པ་རྣམས་ཀྱི་ཐོག་ཏུ་སླར་ཡང་འཐབ་རྒོལ་བྱས་ཏེ། དེ་ཚོ་འཕམ་པར་བྱས་ནས་ཡུལ་གྱི་ཐོག་ཏུ་དེ་ཚོའི་དབང་ཆ་འཚམས་འཛོག་བྱས་སོ། 2དེ་བཞིན་མོ་ཨབ་པ་རྣམས་ཀྱི་ཐོག་ཏུའང་རྒྱལ་ཁ་ཐོབ་སྟེ། བཙོན་པ་རྣམས་ས་ཁར་ཉལ་དུ་བཅུག་ནས། མི་གྲངས་གསུམ་རེའི་ནང་ནས་མི་གཉིས་རེ་བསད་དུ་བཅུག་གོ དེ་བཞིན་མོ་ཨབ་པ་རྣམས་ཁོང་གི་མི་འབངས་སུ་ཚུད་དེ་ཁོང་ལ་ཁྲལ་འཇལ་ལོ། 3དེ་རྗེས་ཁོང་གིས་ཛོ་བཱའི་ས་ཁོངས་ཀྱི་སི་རི་ཡ་པའི་མངའ་སྡེའི་རྒྱལ་པོ་ཧ་དྷད་ཨེ་ཟེར་ལ་དབང་འགྱུར་བྱས་ཤིང་། ཧ་དྷད་ཨེ་ཟེར་ནི་རེ་ཧོབ་ཀྱི་བུ་ཡིན་པ་དང་། སྐབས་དེར་ཧ་དྷད་ཨེ་ཟེར་ནི་གཙང་པོ་ཡུབ་རད་ཀྱི་ས་ཁུལ་ཐོད་མ་ཁག་རང་གི་དབང་འོག་ཏུ་བླངས་ཐབས་བྱེད་ཅིང་ཡོད་དོ། 4དཱ་བིད་ཀྱིས་ཁོའི་རྟ་དམག་ ༡,༧༠༠ དང་རྐང་དམག་ ༢༠,༠༠༠ འཛིན་བཟུང་བྱས་ཏེ། དེའི་ཁོངས་ནས་ཤིང་རྟ་འཁོར་ལོ་ ༡༠༠ ཙམ་ལ་མཁོ་བའི་རྟ་རྣམས་ཉར་ནས་དེ་འཕྲོས་རྟ་ཚང་མར་རྐང་སྐྱོག་བཟོས་པ་རེད། 5དྷ་མསེ་ཀསེ་ཀྱི་ཨ་རམ་པ་རྣམས་ནས་རྒྱལ་པོ་ཧ་དྷད་ཨེ་ཟེར་ལ་རོགས་རམ་བྱེད་ཕྱིར་དམག་དཔུང་ཞིག་བཏང་མོད། འོན་ཀྱང་དཱ་བིད་ཀྱིས་དེ་ཚོ་འཐབ་རྒོལ་བྱས་ཏེ། མི་གྲངས་ ༢༢,༠༠༠ བསད་དོ། 6དེ་རྗེས་ཁོང་གིས་དེ་ཚོའི་ས་ཁུལ་དུ་དམག་སྒར་ཁག་རྒྱབ་ནས། དེ་ཚོ་ཁོང་གིས་མི་འབངས་སུ་འགྱུར་བས། ཁོང་ལ་བཅའ་ཁྲལ་སོགས་འཇལོ། གཙོ་བོ་དཀོན་མཆོག་གིས་དཱ་བིད་ལ་ས་ཕྱོགས་ཀུན་ཏུ་རྒྱལ་ཁ་གནང་བ་ཡིནོ། 7ཧ་དྷད་ཨེ་ཟེར་གྱི་ལས་བྱེད་པ་ཚོས་འཁྱེར་བའི་གསེར་གྱི་ཕུབ་དེ་དག་དཱ་བིད་ཀྱིས་བླངས་ནས་ཡེ་རུ་ཤ་ལེམ་དུ་འཁྱེར་ཡོང་བ་མ་ཟད། 8ཧ་དྷད་ཨེ་ཟེར་གྱིས་སྲིད་སྐྱོང་བྱས་པའི་གྲོང་ཁྱེར་བྷེ་ཏཱ་དང་བྷེ་རོ་ཐའི་ནས་ཁོང་གིས་ལིའི་རྒྱུ་ཆ་ཕོན་ཆེན་པོ་ཞིག་འཁྱེར་ཕྱིནོ། 9དཱ་བིད་ཀྱིས་ཧ་དྷད་ཨེ་ཟེར་གྱི་དམག་ཚོགས་ཡོངས་རྫོགས་འཕམ་པར་བྱས་པའི་གནས་ཚུལ་དེ་ཧ་མད་ཀྱི་རྒྱལ་པོ་ཏོ་ཨིས་ཐོས་ནས། 10རང་གི་བུ་ཡོ་རམ་ལ་དཱ་བིད་དང་ཐུག་འཕྲད་ཀྱིས་འཚམས་འདྲི་ཞུ་རྒྱུ་དང་། ཁོང་གིས་ཧ་དྷད་ཨེ་ཟེར་ཐོག་ཏུ་རྒྱལ་ཁ་ཐོབ་པར་སྔགས་བརྗོད་ཞུ་ཕྱིར་བཏངོ་། ཏོ་ཨིས་ཀྱང་ཧ་དྷད་ཨེ་ཟེར་དང་མཉམ་དུ་ལན་ཐེངས་མང་པོ་འཐབ་རྒོལ་བྱས་པ་རེད། ཡོ་རམ་གྱིས་དཱ་བིད་ལ་འབུལ་ཕྱིར་གསེར་དངུལ་དང་ལི་ལས་འགྲུབ་པའི་ཕྱག་རྟགས་སོགས་འཁྱེར་ཕྱིན་པ་རེད། 11-12རྒྱལ་པོ་དཱ་བིད་ཀྱིས་ཕྱག་རྟགས་དེ་དག་དང་། ཨེ་དྷོམ། མོ་ཨབ། ཨམ་མོན། ཕེ་ལེ་ཤེད་དང་། ཨ་མ་ལེག་པ་བཅས་ནས་ཐོབ་པའི་གསེར་དངུལ་སོགས་དང་། ཧ་དྷད་ཨེ་ཟེར་ནས་འཕྲོག་བཅོམ་བྱས་པའི་ནོར་གྱི་ཆ་ཤས་ཤིག་མཆོད་འབུལ་སྐབས་སུ་བེད་སྤྱོད་བྱེད་ཕྱིར་བསྔོ་འབུལ་བྱསོ། 13ཚའི་ལུང་གཤོང་དུ་ཨེ་དྷོམ་པ་མི་གྲངས་ ༡༨,༠༠༠ བསད་ནས་ཕྱིར་ལོག་བྱས་པའི་རྗེས་སུ། དཱ་བིད་སྔར་ལས་ཀྱང་ལྷག་པར་སྙན་གྲགས་ཆེ་བ་བྱུངོ་། 14ཁོང་གིས་ཨེ་དྷོམ་གྱི་ས་ཕྱོགས་ཀུན་ཏུ་དམག་སྒར་རྣམས་རྒྱབ་སྟེ། དེ་གའི་ཡུལ་མི་རྣམས་ཁོང་གི་འབངས་སུ་ཚུདོ། གཙོ་བོ་དཀོན་མཆོག་གིས་དཱ་བིད་ལ་ས་ཕྱོགས་ཀུན་ཏུ་རྒྱལ་ཁ་ཆེན་པོ་གནང་བ་རེད། 15དཱ་བིད་ཀྱིས་ཨིསི་རཱཨེལ་ཡོངས་སུ་སྲིད་སྐྱོང་མཛད་དེ། རང་གི་མི་འབངས་ལ་དུས་ཀུན་ཏུ་ཁྲིམས་གཅོད་དྲང་པོ་ཐོབ་པའི་འབད་བརྩོན་ངེས་གཏན་བྱས་པ་རེད། 16ཛེ་རུ་ཡཱའི་བུ་ཡོ་ཨབ་ནི་དམག་སྤྱི་ཡིན་པ་དང་། ཨ་ཧི་ལུད་ཀྱི་བུ་ཡ་ཧོ་ཤ་ཕད་ནི་རྒྱལ་པོའི་དྲུང་གཙོ་ཡིན་ནོ། 17ཨ་ཧི་ཏུབ་ཀྱི་བུ་ཛ་དཱོག་དང་ཨ་བྷི་ཡ་ཐར་གྱི་བུ་ཨ་ཧི་མེ་ལེག་ནི་བླ་མ་ཡིན་ཏེ། དེ་བཞིན་སེ་ར་ཡཱ་ནི་ཕོ་བྲང་གི་དྲུང་ཆེ་ཡིན་པ་དང་། 18ཡ་ཧོ་ཡ་དྷའི་བུ་བྷེ་ན་ཡཱ་ནི་དཱ་བིད་ཀྱི་སྐུ་སྲུང་དམག་མིའི་འགོ་དཔོན་ཡིན་པ་དང་། དཱ་བིད་ཀྱི་བུ་རྣམས་ནི་བླ་མའི་གོ་གནས་སུ་འཁོད་པ་རེད༎

ཤ་མུ་ཨེལ་གཉིས་པ 9

དཱ་བིད་དང་མེ་ཕི་བྷོ་ཤེད།

1ཉིན་ཞིག་དཱ་བིད་ཀྱིས། ས་ཨུལ་གི་ནང་མིའི་ཁོངས་ནས་སུ་ཞིག་ད་དུང་གནས་ཡོད་དམ། གལ་ཏེ་ཡོད་ན་ངས་ཡོ་ན་ཐན་གྱི་ངོ་སྲུང་སྟེ་བརྩེ་སེམས་བྱེད་རྒྱུ་ཡིན་ཞེས་འདྲི་རྩད་བྱས་པར། 2ས་ཨུལ་གྱི་ཁྱིམ་ཚང་དུ་མིང་ལ་ཛི་བྷ་ཟེར་བའི་གཡོག་པོ་ཞིག་ཡོད་དེ། ཁོ་ལ་དཱ་བིད་ཀྱི་དྲུང་དུ་བོས་ནས། རྒྱལ་པོས། ཁྱོད་ཀྱི་མིང་ལ་ཛི་བྷ་ཡིན་ནམ་ཞེས་དྲིས་པས། ཁོས་ལན་དུ། ལགས་ང་རང་ཡིན་ཞེས་ཞུས་སོ། 3རྒྱལ་པོས། ངས་དཀོན་མཆོག་ལ་དམ་བཅའ་འབུལ་བཞིན། ས་ཨུལ་གྱི་ནང་མིའི་ཁོངས་ནས་མི་སུ་ཞིག་ད་དུང་གནས་ཡོད་པ་ཡིན་ན། དེ་ལ་ངས་བཀའ་དྲིན་དང་ཤ་ཞེན་བྱེད་རྒྱུ་ཡིན་ཞེས་གསུངས་སོ། ཛི་བྷས་ལན་དུ། ཡོ་ན་ཐན་གྱི་བུའི་ཁོངས་ནས་རྐང་པ་ཞ་བོ་བྱེད་པ་ཞིག་ཡོད་ཅེས་ཞུས་སོ། 4རྒྱལ་པོས། ཁོ་ག་རུ་ཡོད་དམ་ཞེས་གསུངས་པ་དང་། ལན་དུ་ཛི་བྷས། ལོ་དྷི་བར་རུ་ཨམ་མི་ཨེལ་གྱི་བུ་མ་ཀིར་གྱི་ནང་དུ་ཡོད་ཅེས་ཞུས་པ་དང་། 5རྒྱལ་པོ་དཱ་བིད་ཀྱིས་ཁོ་ལ་བོས་ཕྱིར་མི་མངགས་སོ། 6ས་ཨུལ་གྱི་ཚ་བོ། ཡོ་ན་ཐན་གྱི་བུ་མེ་ཕི་བྷོ་ཤེད་ཏི་དཱ་བིད་ཀྱི་དྲུང་དུ་གུས་ཞབས་ཆེན་པོས་ས་ལ་ཁ་འབུབ་ནས་ཕྱག་བཙལ་བ་དང་། དཱ་བིད་ཀྱིས། མེ་ཕི་བྷོ་ཤེད་ལ་གསུངས་པ་དང་། ལགས་ང་ལ་བཀའ་གནང་དུ་གསོལ་ཞེས་ཞུས་སོ། 7དེ་ནས་དཱ་བིད་ཀྱིས། མ་འཇིགས་ཤིག། ཁྱོད་ཀྱི་ཕ་ཡོ་ན་ཐན་གྱི་ངོ་ལ་བརྟེན་ནས་ངས་ཁྱོད་ལ་དྲིན་བྱེད་རྒྱུ་ཡིན། ཁྱོད་ཀྱི་པོ་པོ་ས་ཨུལ་གྱི་ས་ཞིང་ཚང་མ་ངས་ཁྱོད་ལ་ཕྱིར་ལོག་བྱ་རྒྱུ་ཡིན། ཁྱོད་ནི་གཏན་དུ་ང་དང་མཉམ་དུ་ཁ་ཟས་ཟ་བར་དགའ་བསུ་ཡོད་ཅེས་གསུངས་པ་དང་། 8མེ་ཕི་བྷོ་ཤེད་ཀྱིས་སླར་ཡང་མགོ་མགུར་ནས་གུས་ཞབས་ཞུས་ཏེ་ཞུས་པ། ང་ནི་ཁྱི་རོ་ལྟ་བུའི་སྐྱེ་བོ་སྣང་ཆུང་ཞིག་ལ་ཁྱེད་ཀྱིས་ང་ལ་འདི་ལྟ་བུའི་ཐུགས་རྗེ་ཆེན་པོ་གནང་བ་དེ་གང་ཡིན་ནམ་ཞུས་སོ། 9དེ་ནས་རྒྱལ་པོས་ས་ཨུལ་གྱི་གཡོག་པོ་ཛི་བྷ་ལ་བོས་ནས་གསུངས་པ། ཁྱོད་ཀྱི་སྦྱིན་བདག་གི་ཚ་བོ་མེ་ཕི་བྷོ་ཤེད་ལ་ངས་ས་ཨུལ་དང་ཁོའི་ནང་མིའི་རྒྱུ་དངོས་ཚང་མ་སྤྲོད་ཀྱི་ཡོད། 10ཁྱོད་དང་ཁྱོད་ཀྱི་བུ་རྣམས་དང་ཁྱོད་ཀྱི་གཡོག་པོ་ཚོས་ཁྱོད་ཚོའི་སྦྱིན་བདག་ས་ཨུལ་ལ་ནང་མིའི་ཆེད་དུ་ཞིང་རྨོས་རྒྱབ་ནས་སྟོན་ཐོག་རྔ་སྒྲུག་བྱས་ཏེ་དེ་ཚོར་ཁ་ཟས་སྒྲུབ་དགོས་སོ། འོན་ཀྱང་མེ་ཕི་བྷོ་ཤེད་ཁོ་རང་ནི་རྒྱུན་དུ་ང་དང་མཉམ་དུ་ཁ་ཟས་ཟ་བར་འགྱུར། (ཛི་བྷ་ལ་བུ་སྤུན་བཅོ་ལྔ་དང་གཡོག་པོ་ཉི་ཤུ་ཐམ་པ་ཡོད་པ་ཡིན་ནོ།) 11དེ་ནས་ཛི་བྷས། རྒྱལ་པོ་ཁྱེད་ཀྱིས་བཀའ་གང་གནང་བ་ཚང་མ་ངས་སྒྲུབ་པར་བྱ་ཞེས་ཞུས་སོ། མེ་ཕི་བྷོ་ཤེད་ནི་རྒྱལ་པོའི་སྲས་དང་འདྲ་བ་དུས་རྒྱུན་དུ་རྒྱལ་པོའི་གསོལ་ལྕོག་ཁར་ཁ་ཟས་ཟ་གི་ཡོད་པ་རེད། 12མེ་ཕི་བྷོ་ཤེད་ལ་མི་ཀ་ཟེར་བའི་བུ་གཞོན་པ་ཞིག་ཡོད་པ་དང་། ཛི་བྷའི་ནང་མི་ཚང་མ་མེ་ཕི་བྷོ་ཤེད་ཀྱི་བྲན་གཡོག་ཏུ་འཁོདོ། 13དེ་བཞིན་རྐང་པ་གཉིས་ཀ་ཞ་བོ་ཡིན་པའི་མེ་ཕི་བྷོ་ཤེད་ནི་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱས་ཏེ། རྒྱལ་པོ་དང་ལྷན་དུ་ལྕོག་རྩེ་གཅིག་གི་ཁར་ཁ་ཟས་ཟ་གི་ཡོདོ༎

ཤ་མུ་ཨེལ་གཉིས་པ 10

དཱ་བིད་ཀྱིས་ཨམ་མོན་པ་དང་སི་རི་ཡ་པ་རྣམས་ལས་རྒྱལ་ཁ་ཐོབ་པ།

(༡ སྔོན་རབ་ ༡༩:༡-༡༩)

1ནམ་ཞིག་རྗེས་སུ་ཨམ་མོན་གྱི་རྒྱལ་པོ་ན་ཧཤེ་གྲོངས་ནས་ཁོའི་བུ་ཧ་ནུན་རྒྱལ་པོར་འཁོད་ཅིང་། 2རྒྱལ་པོ་དཱ་བིད་ཀྱིས། སྔར་ཁོའི་ཕ་ན་ཧཤེ་ཀྱིས་ང་ལ་ཇི་ལྟར་མཐུན་འབྲེལ་བཟང་པོ་བྱས་པ་བཞིན། ངས་ཀྱང་ཧ་ནུན་ལ་དེ་བཞིན་འབྲེལ་བ་བྱེད་དགོས་བསམ་ནས། དཱ་བིད་ཀྱིས་ཐུགས་གསོའི་འཚམས་འདྲི་དང་བཅས་རང་གི་བང་ཆེན་རྣམས་བཏང་ངོ་། དེ་ཚོ་ཨམ་མོན་དུ་འབྱོར་སྐབས། 3ཨམ་མོན་པའི་འགོ་དཔོན་ཚོས་རྒྱལ་པོ་ལ། དཱ་བིད་ཀྱིས་ཁྱེད་ཀྱི་ཡབ་ལ་གུས་བཏུད་ཞུ་ཕྱིར་ཁྱེད་ལ་ཐུགས་གསོའི་འཚམས་འདྲི་ཞུ་བར་མི་འདི་ཚོ་བཏང་བ་རེད་ཅེས་ཁྱེད་ཀྱིས་དགོངས་སམ། དེ་ལྟར་ནམ་ཡང་མ་ཡིན་ནོ། ཁོས་ང་ཚོར་དབང་བསྒྱུར་བྱེད་ཕྱིར་མི་འདི་ཚོ་གྲོང་ཁྱེར་འདིར་བལྟ་ཉུལ་དུ་བཏང་བ་ཡིན་ཞེས་སྨྲས་སོ། 4དེ་ནས་ཧ་ནུན་གྱིས་དཱ་བིད་ཀྱི་བང་ཆེན་རྣམས་འཛིན་བཟུང་བྱས་ཏེ། དེ་ཚོའི་རྨ་རའི་གཞོགས་གཅིག་བྲེགས་ཏེ་རྐེད་པའི་དཔྱིང་འགོ་ནས་གྱོན་གོས་མར་གཤགས་ནས་འགྲོར་བཅུག་གོ 5དེ་ཚོ་ནང་དུ་ཕྱིར་ལོག་བྱེད་པར་ཧ་ཅང་ངོ་ཚ་བ་དང་། དཱ་བིད་ཀྱིས་གནས་ཚུལ་དེ་ཐོས་ཏེ། དེ་ཚོའི་གདོང་གི་རྨ་ར་སླར་ཡང་མ་སྐྱེས་བར་དུ་ཡེ་རི་ཀོ་རང་དུ་སྒུག་སྡོད་བྱོས་ཤིག་ཅེས་ལོན་བཏང་ངོ་། 6ཨམ་མོན་པ་ཚོའི་སེམས་ལ། ད་ནི་དཱ་བིད་ང་ཚོའི་དགྲ་བོར་འགྱུར་བ་རེད་ཅེས་བསམ་ནས། དེ་ཚོས་བྷེད་རེ་ཧོབ་དང་ཛོ་བཱ་ནས་སི་རི་ཡ་པའི་དམག་མི་ ༢༠,༠༠༠ དང་ཏོབ་ནས་མི་ ༡༢,༠༠༠ དང་། མ་ཀཱའི་རྒྱལ་པོ་དང་མི་ ༡,༠༠༠ བཅས་མི་ལག་སྒྲིགས་སོ། 7དེ་ནས་དཱ་བིད་ཀྱིས་གནས་ཚུལ་དེ་ཐོས་ནས། ཡོ་ཨབ་དང་མཉམ་དུ་རང་གི་དམག་མི་ཡོངས་རྫོགས་བཏང་ནས་དེ་ཚོའི་ཐོག་ཏུ་འཐབ་རྒོལ་བྱེད་ཕྱིར་བཏང་ངོ་། 8ཨམ་མོན་པ་རྣམས་མདུན་བསྐྱོད་བྱས་ཏེ་རང་གི་རྒྱལ་ས་རབ་བཱ་རུ་འགྲོ་བའི་གཞུང་ལམ་ལྟེ་བར་སྒར་རྒྱབ་ནས་བསྡད་པ་དང་། དེ་བཞིན་སི་རི་ཡ་པ་དང་ཏོབ་དང་མ་ཀཱ་ནས་ཡིན་པའི་མི་རྣམས་ཐང་སྟོང་དུ་དམག་སྒར་རྒྱབ་ནས་བསྡད་དོ། 9དགྲ་བོའི་དམག་མི་རྣམས་ཀྱི་རྒྱབ་མདུན་གཉིས་ཀ་ནས་དམག་འཐབ་བྱེད་ཉེན་ཡོད་པ་མཐོང་ནས། ཡོ་ཨབ་ཀྱིས་ཨིསི་རཱཨེལ་གྱི་དམག་མི་ལེགས་ཤོས་རྣམས་སི་རི་ཡ་པ་རྣམས་དང་གདོང་ལེན་བྱེད་ཕྱིར་དེ་ཚོའི་ཕྱོགས་སུ་རུ་སྒྲིག་ནས་བཞག་གོ 10དེ་འཕྲོས་དམག་མི་རྣམས་རང་གི་སྤུན་ཨ་བྷི་ཤེའི་ཁོངས་སུ་རྩིས་སྤྲད་པས། ཨ་བི་ཤཱས་དེ་ཚོ་ཨམ་མོན་པ་རྣམས་ཀྱི་ཕྱོགས་སུ་ཁ་སྤྲོད་བྱས་ནས་བཞག་གོ 11ཡོ་ཨབ་ཀྱིས་ཨ་བི་ཤཱ་ལ་སྨྲས་པ། སི་རི་ཡ་པ་ཚོས་ང་དང་འཐབ་དུས། ཁྱོད་ཀྱིས་ང་འཕམ་བཞིན་པ་མཐོང་ན་ང་ལ་རོགས་བྱེད་པར་ཡོང་དགོས། དེ་བཞིན་ཨམ་མོན་པ་ཚོས་ཁྱོད་ལ་འཕམ་པར་བྱེད་པ་མཐོང་ན་ང་ཡོང་ནས་ཁྱོད་ལ་རོགས་བྱེད་རྒྱུ་ཡིན། 12ཁྱོད་ཚོ་སྙིང་སྟོབས་བསྐྱེད་ཅིང་། སེམས་ཤུགས་མ་ཉམས་པར་བྱོས་ཤིག ང་ཚོའི་མི་མང་དང་ང་ཚོའི་དཀོན་མཆོག་གི་གྲོང་ཁྱེར་ཁག་གི་ཆེད་དུ་དཔུང་ཤུགས་ཆེན་པོས་དམག་འཐབ་བྱེད་དགོས། འོན་ཀྱང་གཙོ་བོ་དཀོན་མཆོག་གི་ཐུགས་དགོངས་གང་ཡིན་པ་དེ་སྒྲུབ་པར་ཤོག་ཅིག 13ཡོ་ཨབ་དང་ཁོའི་མི་རྣམས་འཐབ་རྒོལ་བྱེད་ཕྱིར་མདུན་དུ་ཕྱིན་པ་དང་སི་རི་ཡ་པ་རྣམས་བྲོས་ཕྱིན་ནོ། 14ཨམ་མོན་པ་རྣམས་ཀྱིས་སི་རི་ཡ་པ་རྣམས་བྲོས་འགྲོ་གིན་ཡོད་པ་མཐོང་ནས། དེ་ཚོའང་ཨ་བྷི་ཤའི་མདུན་ནས་བྲོས་ཏེ། གྲོང་ཁྱེར་ནང་དུ་འཛུལ་བ་དང་། ཡོ་ཨབ་ནི་ཨམ་མོན་པ་རྣམས་དང་དམག་རྒྱབ་རྒྱུ་བཞག་ནས་ཡེ་རུ་ཤ་ལེམ་གྱི་ཕྱོགས་སུ་ལོག་ཕྱིན་ནོ། 15དེ་ནས་སི་རི་ཡ་པ་ཚོའི་སེམས་ལ། ད་ང་ཚོ་ཨིསི་རཱཨེལ་པ་རྣམས་དང་དམག་ཤོར་བཞག་བསམ་ནས་རང་གི་དམག་མི་ཡོངས་རྫོགས་ཕྱོགས་གཅིག་ཏུ་བཀོངས་སོ། 16རྒྱལ་པོ་ཧ་དྷད་ཨེ་ཟེར་གྱིས་གཙང་པོ་ཡུབ་རད་ཀྱི་ཤར་ཕྱོགས་སུ་ཡོད་པའི་སི་རི་ཡ་པ་རྣམས་བོས་ཏེ། ཛོ་བཱའི་རྒྱལ་པོ་ཧ་དྷད་ཨེ་ཟེར་གྱི་དམག་དཔོན་ཤོ་བྷག་གི་འགོ་འཁྲིད་འོག་ཏུ་ཧེ་ལཱམ་དུ་ཡོང་ངོ་། 17དེ་ནས་དཱ་བིད་ཀྱིས་གནས་ཚུལ་དེ་ཐོས་པ་དང་ཨིསི་རཱཨེལ་དམག་མི་རྣམས་བསྡུ་བཀོང་བྱས་ཏེ། གཙང་པོ་ཡོར་དན་རྒལ་ནས་ཧེ་ལཱམ་གྱི་ཕྱོགས་སུ་ཕྱིན་ནོ། དེར་སི་རི་ཡ་པ་རྣམས་དཱ་བིད་ལ་གདོང་ལེན་བྱེད་ཕྱིར་དམག་མི་གྲ་སྒྲིགས་ནས་བསྡད་ཡོད་དོ། དེ་རྗེས་དམག་འཐབ་འགོ་ཚུགས་སོ། 18ཨིསི་རཱཨེལ་པ་ཚོས་སི་རི་ཡ་པའི་དམག་མི་རྣམས་ཕྱིར་འདེད་བྱས་ཏེ། དཱ་བིད་དང་ཁོང་གི་དམག་མི་ཚོས་སི་རི་ཡ་པའི་ཤིང་རྟའི་ཁ་ལོ་པ་ ༧༠༠ དང་རྟ་དམག་ ༤༠,༠༠༠ བསད་པ་མ་ཟད། དགྲ་བོའི་དམག་དཔོན་ཤོ་བྷག་ལའང་རྨས་སྐྱོན་བཏང་ནས། རྗེས་སུ་ཁོ་དམག་སར་ཤི་བ་ཡིན་ནོ། 19ཧ་དྷད་ཨེ་ཟེར་གྱི་མངའ་འོག་ཏུ་ཡོད་པའི་རྒྱལ་ཕྲན་ཚོས་རང་ཉིད་ཨིསི་རཱཨེལ་པའི་ལག་ཏུ་འཕམ་པར་བྱས་པ་དེ་ཤེས་ནས། དེ་ཚོས་ཁོ་ཚོ་དང་མཉམ་དུ་ཞི་བའི་འཆིང་སྒྲིག་བཞག་སྟེ། ཁོ་ཚོའི་མངའ་ཁོངས་སུ་བསྡད་དོ། དེའི་རྗེས་སུ་སི་རི་ཡ་པ་ཚོས་ཨམ་མོན་པ་རྣམས་ལ་རོགས་རམ་བྱེད་རྒྱུ་འཇིགས་སོ༎

ཤ་མུ་ཨེལ་གཉིས་པ 11

དཱ་བིད་དང་བྷད་ཤེ་བྷ།

1དཔྱིད་ཀའི་མཇུག་ལ་རྒྱལ་པོ་རྣམས་དམག་ལ་འགྲོ་བའི་དུས་སྐབས་སུ། དཱ་བིད་ཀྱིས་ཡོ་ཨབ་དང་འགོ་དཔོན་གཞན་དང་ཨིསི་རཱཨེལ་པའི་དམག་མི་བཅས་ཕྱིར་བརྫངས་ཏེ། དེ་ཚོས་ཨམ་མོན་པ་རྣམས་འཕམ་པར་བྱས་ཏེ་གྲོང་ཁྱེར་རབ་བཱ་ཡོངས་སུ་མཐའ་བསྐོར་རོ། འོན་ཀྱང་དཱ་བིད་རང་ཉིད་ནི་ཡེ་རུ་ཤ་ལེམ་དུ་བསྡད་དོ། 2དགོང་དྲོའི་དུས་ཤིག་ན་དཱ་བིད་གཉིད་ལས་ཡར་ལངས་ཏེ། ཕོ་བྲང་གི་ཐོག་ཁར་ཕྱིན་ཏེ། དེར་ཕར་ཚུར་འཁྱམས་པའི་དུས་སུ་བུད་མེད་ཅིག་འཁྲུད་རྒྱབ་བཞིན་ཡོད་པ་མཐོང་བ་དང་། བུད་མེད་དེ་ནི་ཧ་ཅང་གི་གཟུགས་མཛེས་པོ་ཞིག་ཡོད་པ་ཡིན་པས། 3མོ་སུ་ཡིན་པའི་སྐོར་རྩད་གཅོད་བྱེད་ཕྱིར་ཁོས་མི་ཞིག་བཏང་ངོ་། མོ་ནི་ཨེལ་ཡམ་གྱི་བུ་མོ་བྷད་ཤེ་བྷ་ཡིན་པ་དང་། ཧི་ཏི་པ་ཨུ་རི་ཡཱའི་ཆུང་མ་ཡིན་པ་དེ་ཤེས་སོ། 4དེ་ནས་དཱ་བིད་ཀྱིས་བུད་མེད་དེ་རང་གི་རྩར་འཁྲིད་ཡོང་བའི་ཕྱིར་མི་བཏང་ནས། དེ་ཚོས་མོ་དཱ་བིད་ཡོད་སར་འཁྲིད་ཡོང་བ་དང་། ཁོས་མོ་དང་ལུས་འབྲེལ་བྱས་སོ། (སྐབས་དེར་མོ་ནི་ཟླ་མཚན་རྗེས་སུ་བྱེད་དགོས་པའི་དག་བྱང་གི་ཆོ་ག་བྱས་ཟིན་ཙམ་ཡིན་ནོ།) དེ་རྗེས་མོ་རང་གི་ཁང་ཁྱིམ་དུ་ལོག་ཕྱིན་ནོ། 5རྗེས་སུ་མོས་རང་ཉིད་མངལ་དང་ལྡན་པར་འགྱུར་ཡོད་པ་དེ་ཤེས་ནས། དཱ་བིད་ལ་གནས་ཚུལ་དེ་བཤད་པར་ལོན་ཞིག་བཏང་ངོ་། 6དེ་ནས་དཱ་བིད་ཀྱིས་ཡོ་ཨབ་ལ། ཧི་ཏི་པ་ཨུ་རི་ཡཱ་ངའི་རྩར་གཏོང་ཞིག་ཅེས་ལོན་བཏང་བ་བཞིན། ཡོ་ཨབ་ཀྱིས་ཨུ་རི་ཡཱ་ལ་དཱ་བིད་ཀྱི་རྩར་བཏང་ངོ་། 7ཨུ་རི་ཡཱ་དེར་སླེབས་པའི་རྗེས་སུ་དཱ་བིད་ཀྱིས་ཁོ་ལ། ཡོ་ཨབ་དང་དམག་མི་རྣམས་ཁམས་བཟང་བདེ་ལོད་ཀྱི་འཚམས་འདྲི་བྱས་པ་དང། དམག་འཐབ་སྐོར་གྱི་གནས་ཆུལ་འདྲི་རྩད་བྱས་སོ། 8དེ་རྗེས་དཱ་བིད་ཀྱིས་ཨུ་རི་ཡཱ་ལ། ད་ཁྱོད་རང་གི་ནང་དུ་ཕྱིན་ནས་ངལ་གསོ་རྒྱོབ་ཅིག་ཅེས་སྨྲས་པ་དང་། ཨུ་རི་ཡཱ་དེ་ནས་ཐོན་པ་དང་། དེ་རྗེས་དཱ་བིད་ཀྱིས་ཁོའི་ཁང་པར་ལག་རྟགས་ཤིག་བཏང་མོད། 9འོན་ཀྱང་ཨུ་རི་ཡཱ་རང་གི་ཁང་པར་མ་ཕྱིན་པར། རྒྱལ་པོའི་སྐུ་སྲུང་པ་རྣམས་དང་མཉམ་དུ་ཕོ་བྲང་གི་རྒྱལ་སྒོར་ཉལ་ལོ། 10དཱ་བིད་ཀྱིས་ཨུ་རི་ཡཱ་ནང་དུ་ཕྱིན་མེད་པའི་སྐོར་ཐོས་ནས། དཱ་བིད་ཀྱིས་ཁོ་ལ། ཁྱོད་དུས་ཡུན་རིང་པོའི་རྗེས་སུ་ཕྱིར་ལོག་བྱས་པ་ཡིན་པས། རང་གི་ནང་དུ་མ་ཕྱིན་པ་དེ་གང་ཡིན་ནམ་ཞེས་དྲིས་སོ། 11ལན་དུ་ཨུ་རི་ཡཱས། ཨིསི་རཱཨེལ་པ་རྣམས་དང་ཡ་ཧུ་དཱ་པ་རྣམས་དམག་སར་ཡོད་པ་དང། དམ་བཅའི་སྒྲོམ་དེའང་དེ་ཚོའི་ལག་ཏུ་ཡོད། ངའི་དམག་དཔོན་ཡོ་ཨབ་དང་ཁོང་གི་དམག་དཔོན་རྣམས་ཀྱང་ཐང་དུ་སྒར་རྒྱབ་ནས་བསྡད་ཡོད་པས། ང་ནི་རང་གི་ནང་དུ་ཕྱིན་ནས་ཟ་འཐུང་བྱེད་དེ་རང་གི་ཆུང་མ་དང་མཉམ་དུ་ཉལ་ནས་བསྡད་ཐུབ་བམ། དམ་པ་གང་ཡོད་པ་ཚང་མའི་ཐོག་ཏུ་ངས་མནའ་སྐྱེལ་ཏེ་བརྗོད་རྒྱུར། ངས་དེ་ལྟ་བུའི་ལས་ཀ་ནམ་ཡང་བྱེད་མི་ཡོང་ཞེས་ཞུས་སོ། 12དེ་བས་ན། དཱ་བིད་ཀྱིས་ཨུ་རི་ཡཱ་ལ། དེ་ལྟར་ཡིན་ན་ཁྱོད་རང་དེ་རིང་ཉིན་གང་འདིར་སྡོད་ཅིག སང་ཉིན་ངས་ཁྱོད་ལ་ཕྱིར་ལོག་གཏོང་གི་ཡིན་ཞེས་སྨྲས་པ་བཞིན། དེ་ཉིན་དང་དེའི་སང་ཉིན་བར་ཨུ་རི་ཡཱ་ཡེ་རུ་ཤ་ལེམ་དུ་བསྡད་དོ། 13དཱ་བིད་ཀྱིས་ཁོ་ལ་དགོང་དྲོའི་ཁ་ཟས་སུ་བོས་ཏེ། ཆང་རག་བླུགས་ནས་ར་བཟི་རུ་བཅུག་གོ། འོན་ཀྱང་མཚན་མོ་དེ་ལའང་ཨུ་རི་ཡཱ་རང་གི་ནང་དུ་ཉལ་བར་མ་ཕྱིན་པར། ཕོ་བྲང་གི་སྐུ་སྲུང་དམག་མི་རྣམས་ཀྱི་ཉལ་ཁང་དུ་ཕྱིན་ནས་རང་གི་མལ་ཆས་གྱོན་ཏེ་ཉལ་ལོ། 14དེའི་སང་ཞོག་དཱ་བིད་ཀྱིས་ཡོ་ཨབ་ལ་ཡི་གེ་ཞིག་བྲིས་ནས་ཨུ་རི་ཡཱའི་ལག་ཏུ་ཡི་གེ་བཏང་ངོ་། 15ཡི་གེའི་ནང་བྲིས་གསལ། དམག་ཤུགས་ཆེན་པོ་འཐབ་པའི་སྐབས་སུ་ཨུ་རི་ཡཱ་མདུན་གྱི་དམག་གྲལ་དང་པོའི་ཁོངས་སུ་བཞག་སྟེ། ཁྱོད་ཚོ་ཕྱིན་ནུར་རྒྱབ་དགོས། དེ་ནས་ཁོ་ངེས་པར་བསད་པར་འགྱུར། 16དེ་ནས་གྲོང་ཁྱེར་མཐའ་སྐོར་ནས་བསྡད་ཡོད་བའི་སྐབས་སུ་ཡོ་ཨབ་ཀྱིས་ཤེས་བཞིན་དུ་དགྲ་བོའི་ཉེན་ཁ་ཆེ་ཤོས་གང་དུ་ཡོད་སར་ཨུ་རི་ཡཱ་བཏང་ངོ་། 17དགྲ་བོའི་དམག་མི་རྣམས་གྲོང་ཁྱེར་ནས་ཐོན་ཏེ། ཡོ་ཨབ་ཀྱི་དམག་མི་རྣམས་དང་འཐབ་རྒོལ་བྱས་པས། དཱ་བིད་ཀྱི་དམག་དཔོན་འགའ་ཤས་དང་ཨུ་རི་ཡཱའང་དེའི་ཁོངས་སུ་བསད་དོ། 18དེ་ནས་ཡོ་ཨབ་ཀྱིས་དཱ་བིད་ལ་དམག་གི་སྐོར་གནས་ཚུལ་ཞིག་བཏང་ནས། 19བང་ཆེན་དེ་ལ་སྨྲས་པ། ཁྱོད་ཀྱིས་རྒྱལ་པོ་ལ་དམག་གི་སྐོར་གནས་ཚུལ་ཚང་མ་ཞུས་ཟིན་པའི་རྗེས་ལ། 20ཁོང་ཐུགས་ཁྲོས་ནས། ཁྱོད་ཚོས་དམག་རྒྱབ་པར་དེ་ལྟ་བུའི་གྲོང་ཁྱེར་དང་ཐག་ཉེ་བར་ཕྱིན་པ་དེ་གང་ཡིན་ནམ། དེ་ཚོས་ལྕགས་རིའི་ནང་ནས་མདའ་རྒྱབ་ཡོང་ཞེས་བསམ་མ་བྱུང་ངམ། 21སྔར་གྷིད་ཨོན་གྱི་བུ་ཨ་བྷི་མེ་ལེག་ཇི་ལྟར་བསད་པའི་སྐོར་ཁྱོད་ཚོས་དྲན་གྱི་མི་འདུག་གམ། གནས་ཚུལ་དེ་ནི་ཐེ་བེཛ་ཟེར་བར་བྱུང་བ་ཡིན་ཏེ། བུད་མེད་ཞིག་གིས་ལྕགས་རིའི་ཐོད་ནས་མར་རང་འཐག་འཕང་ནས་ཁོ་བསད་པ་ཡིན་པས། ཁྱོད་ཚོ་ལྕགས་རི་དང་ཉེ་བར་ཕྱིན་པ་གང་ཡིན་ནམ་ཞེས་རྒྱལ་པོས་འདྲི་རྩད་དེ་འདྲ་གནང་བ་ཡིན་ན། ཁྱེད་ཀྱི་དམག་དཔོན་ཨུ་རི་ཡཱའང་བསད་བཞག་ཅེས་སྨྲོས་ཤིག 22དེ་ནས་བང་ཆེན་དེ་ཕྱིན་ནས་ཡོ་ཨབ་ཀྱིས་གང་སྨྲས་པ་བཞིན་དཱ་བིད་ལ་ཞུས་སོ། 23ཁོས་བརྗོད་གསལ། ང་ཚོའི་དགྲ་བོ་རྣམས་ནི་ང་ཚོ་ལས་ཀྱང་སྟོབས་ཤུགས་ཆེ་ཞིང་། དེ་ཚོ་ང་ཚོ་དང་ཐང་དུ་འཐབ་ཕྱིར་གྲོང་ཁྱེར་ནས་ཐོན་ཡོང་བ་དང་། ང་ཚོས་དེ་ཚོར་གྲོང་ཁྱེར་གྱི་རྒྱལ་སྒོ་བར་དུ་དེད་པ་ཡིན། 24དེ་རྗེས་ཁོ་ཚོས་ལྕགས་རིའི་ཐོད་ནས་ང་ཚོར་མདའ་རྒྱབ་པས། ཁྱེད་ཀྱི་དམག་དཔོན་འགའ་ཤས་དང་ཆབས་ཅིག་དམག་དཔོན་ཨུ་རི་ཡཱའང་བསད་བཞག་ཅེས་ཞུས་སོ། 25དེ་ནས་དཱ་བིད་ཀྱིས་བང་ཆེན་དེ་ལ། ད་ཁྱོད་ཕྱིན་ནས་ཡོ་ཨབ་ལ་སེམས་གསོ་གཏོང་ནས་འདི་ལྟར་སྨྲོས་ཤིག དམག་སར་སུ་ལ་བསད་ཡོང་ཞེས་སུས་ཀྱང་ནམ་ཡང་མི་ཤེས། དེ་བས་ན་སྔར་ལས་ཁྱོད་ཀྱིས་ཀྱང་དམག་འཐབ་ཤུགས་ཆེ་བ་ཞིག་རྒྱབ་ནས་གྲོང་ཁྱེར་དེ་དབང་དུ་བསྡུས་ཤིག་ཅེས་སྨྲས་སོ། 26བྷད་ཤེ་བྷས་རང་གི་ཁྱོ་ག་བསད་པའི་སྐོར་ཐོས་ནས། ཁོའི་དོན་དུ་མྱ་ངན་སྲུང་ཞིང་། 27མྱ་ངན་གྱི་དུས་མཚམས་ཟིན་པའི་རྗེས་སུ། དཱ་བིད་ཀྱིས་མོ་ལ་ཕོ་བྲང་དུ་བཀོང་ཞིང་། མོ་ནི་དཱ་བིད་ཀྱི་ཆུང་མར་འགྱུར་ནས་བུ་ཞིག་སྐྱེས་སོ། འོན་ཀྱང་དཱ་བིད་ཀྱིས་གང་བྱས་པའི་ལས་དེ་ལ་གཙོ་བོ་དཀོན་མཆོག་ཐུགས་མ་མཉེས་སོ༎

ཤ་མུ་ཨེལ་གཉིས་པ 12

ན་ཐན་གྱིས་འཕྲིན་དང་དཱ་བིད་ཀྱི་འགྱོད་བཤག།

1དེ་ནས་གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་ན་ཐན་དཱ་བིད་ཀྱི་རྩར་གཏོང་བ་གནང་ཞིང་། ན་ཐན་དཱ་བིད་ཡོད་སར་ཕྱིན་ནས་སྨྲས་པ། གྲོང་ཁྱེར་ཞིག་ལ་མི་གཉིས་ཡོད་པ་ལས། གཅིག་ནི་རྒྱུ་ནོར་དང་ལྡན་ཞིང་། གཞན་དེ་དབུལ་པོ་ཞིག་ཡོད་པ་ཡིན་ནོ། 2མི་ཕྱུག་པོ་དེ་ལ་བ་དང་ལུག་ཁྱུ་མང་པོ་ཡོད་པ་དང་། 3འོན་ཀྱང་དབུལ་པོ་དེ་ལ་རང་གིས་ཉོས་པའི་ལུ་གུ་གཅིག་ལས་མེད་པ་ཡིན་ནོ། ཁོས་ལུག་གུ་འཚོ་སྐྱོང་བྱེད་ཅིང་། ཁང་པའི་ནང་དུ་རང་གི་བུ་ཕྲུག་རྣམས་དང་མཉམ་དུ་ཡར་འཚར་ལོང་བྱས་ཤིང་། ཁོས་དེ་ལ་རང་གི་ཁ་ཟས་ནས་སྤྲད་པ་དང་། རང་གི་ཕོར་པ་ལས་འཐུང་བཅུག་པ་དང་། ལུ་གུ་དེ་རང་གི་པང་དུ་བླངས་ཤིང་རང་གི་བུ་མོ་དང་དབྱེར་མེད་པ་བྱེད་ཀྱི་ཡོད་པ་ཡིན་ནོ། 4ཉིན་ཞིག་མི་ཕྱུག་པོ་དེའི་ནང་མགྲོན་པོ་ཞིག་འབྱོར་བ་དང་། ཁོས་རང་གི་མགྲོན་པོའི་ཕྱིར་དུ་རང་གི་ཕྱུགས་ཟོག་གི་ནང་ནས་སེམས་ཅན་བསད་འདོད་མེད་པ་དང་། མི་དབུལ་པོ་དེའི་ལུག་དེ་བསད་དེ་སྐུ་མགྲོན་ལ་གསོལ་ཚིག་བཏང་བ་ཡིན་ནོ། 5དཱ་བིད་མི་ཕྱུག་པོ་དེ་ལ་ཧ་ཅང་ཁྲོས་ཤིང་སྨྲས་པ། ང་ནི་སྐུ་གསོན་པོར་བཞུགས་པའི་གཙོ་བོ་དཀོན་མཆོག་གི་མཚན་ལ་མནའ་སྐྱེལ་རྒྱུར། དེ་ལྟ་བུའི་ལས་ངན་བྱེད་མཁན་མི་དེ་ནི་ངེས་པར་དུ་ཤི་དགོས་སོ། 6ཁོས་སྙིང་རྗེ་མེད་པའི་ལས་ངན་དེ་འདྲ་བྱས་པར་བརྟེན། ཁོས་རྒྱུ་དངོས་གང་འདྲ་ཞིག་བླངས་པ་ཡིན་ནའང་དེའི་ཚབ་ཏུ་བཞི་ལྡབ་འཇལ་དགོས། 7ན་ཐན་གྱིས་དཱ་བིད་ལ་སྨྲས་པ། མི་དེ་ནི་ཁྱེད་རང་ཡིན། ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་བཀའ་འཕྲིན་འདི་ལྟར་ཡོད། ངས་ཁྱོད་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོས་ཏེ། ས་ཨུལ་གྱི་ལག་ནས་སྐྱབས་པ་ཡིན། 8ངས་ཁྱོད་ལ་ཁོའི་རྒྱ་ཁམས་དང་ཆུང་མ་རྣམས་ཀྱང་སྤྲད་པ་མ་ཟད། ཁྱོད་ལ་ཨིསི་རཱཨེལ་དང་ཡ་ཧུ་དཱའི་རྒྱལ་པོར་བསྐོས་པ་དང་། དེས་ཁྱོད་ལ་མ་འདང་བ་ཡིན་ན། ངས་ཁྱོད་ལ་དེའི་ཉིས་ལྡབ་ཅིག་སྤྲད་པ་ཡོད། 9ཁྱོད་ཀྱིས་ངའི་བཀའ་མ་སྲུང་བ་དེ་གང་ཡིན་ནམ། ཁྱོད་ཀྱིས་དེ་ལྟ་བུའི་ལས་ངན་བྱེད་དགོས་པ་དེ་གང་ཡིན་ནམ། ཁྱོད་ཀྱིས་ཨུ་རི་ཡཱ་ལ་དམག་སར་བསད་བཅུག་པ་ཡིན། ཁྱོད་ཀྱི་ཁོ་ལ་ཨམ་མོན་པ་ཚོའི་ལག་པར་བསད་བཅུག་པ་དང་། ཁོའི་ཆུང་མའང་ཁྱོད་ཀྱིས་བླངས་སོ། 10ཁྱོད་ཀྱིས་ངའི་བཀའ་ལ་བརྩི་མེད་བྱས་ཏེ་ཨུ་རི་ཡཱའི་ཆུང་མ་རང་གི་དོན་དུ་བླངས་པའི་རྐྱེན་གྱིས། ད་ཕྱིན་མི་རབས་རེ་རེའི་ནང་ཁྱེད་ཀྱི་མི་བརྒྱུད་འགའ་ཤས་རལ་གྲིས་འཆི་བར་འགྱུར། 11ངས་མནའ་སྐྱེལ་ནས་བརྗོད་རྒྱུར། ཁྱོད་ཀྱི་ནང་མིའི་ཁོངས་ནས་ཅིག་གིས་ཁྱོད་ལ་དཀའ་ངལ་ནང་དུ་ཚུད་པར་བྱེད་རྒྱུ་དང་། ཁྱོད་ཀྱི་ཆུང་མ་རྣམས་ངས་འཕྲོག་ནས་ཁྱོ་གཞན་ལ་སྤྲོད་རྒྱུ་ཡིན། ཁོས་དེ་ཚོར་ཉི་མའི་གུང་ལ་ཆགས་པ་བྱེད་པར་འགྱུར། གནས་ཚུལ་འདི་ནི་ཁྱེད་རང་ཉིད་ཀྱིས་མཐོང་བར་འགྱུར། 12ཁྱེད་ཀྱིས་གསང་བའི་ཐོག་ཏུ་སྡིག་པ་དེ་བྱས་པས། འོན་ཀྱང་ངས་ཨིསི་རཱཨེལ་པ་ཡོངས་ཀྱིས་མངོན་གསལ་དུ་མཐོང་ཕྱིར་ཉི་མའི་གུང་ལ་གནས་ཚུལ་དེ་བྱུང་བཅུག་རྒྱུ་ཡིན། 13དེ་ནས་དཱ་བིད་ཀྱིས། ངས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བྱས་པ་ཡིན་ཞེས་སྨྲས་སོ། ལན་དུ་ན་ཐན་གྱིས། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་སྡིག་སེལ་གནང་བ་དང་། ཁྱོད་ཤི་མི་ཡོང་། 14འོན་ཀྱང་ཁྱེད་ཀྱིས་ལས་ངན་དེ་ལྟར་བྱས་ནས་གཙོ་བོ་དཀོན་མཆོག་ལ་རྩིས་མེད་བྱེད་པའི་རྐྱེན་གྱིས་ཁྱེད་ཀྱི་ཕྲུ་གུ་དེ་ཤི་བར་འགྱུར་ཞེས་སྨྲས་སོ། 15དེ་རྗེས་ན་ཐན་རང་གི་ཁྱིམ་དུ་ལོག་ཕྱིན་ནོ༎

དཱ་བིད་ཀྱི་ཕྲུ་གུ་གྲོངས་པ།

ཨུ་རི་ཡཱའི་ཆུང་མར་སྐྱེས་པའི་དཱ་བིད་ཀྱི་ཕྲུ་གུ་དེ་ལ་གཙོ་བོ་དཀོན་མཆོག་གིས་ནད་གཞི་དྲག་པོ་ཞིག་གནང་བས། 16དཱ་བིད་ཀྱིས་དཀོན་མཆོག་ལ་ཕྲུ་གུ་དེ་དྲག་གསོ་བར་ཤོག་ཅེས་སྨོན་ལམ་འདེབས་ཤིང་། མཚན་མོ་རེ་བཞིན་རང་གི་ཁང་མིག་ཏུ་ཕྱིན་ཏེ་སྨྱུང་གནས་སྲུང་བ་དང་། མཚན་གང་ས་མཐིལ་ཁར་ཉལ་ནས་མཚན་བསྐྱལ་གྱི་ཡོད་དོ། 17དེ་ནས་ལས་བྱེད་པ་རྣམས་ཕྱིན་ནས་ཁོང་ལ་ཡར་བསླང་ཐབས་སྣ་ཚོགས་བྱས་མོད། འོན་ཀྱང་ཁོང་ནི་མ་ཉན་པར་དེ་ཚོ་དང་མཉམ་དུ་ཁ་ཟས་གང་ཡང་མ་ཟས་སོ། 18དེ་ནས་བདུན་ཕྲག་གཅིག་གི་རྗེས་སུ་ཕྲུ་གུ་དེ་ཤི་བས། ལས་བྱེད་པ་ཚོས་འཇིགས་སྣང་གིས་ཁོང་ལ་གནས་ཚུལ་དེ་ཞུ་མ་ནུས་པར། ཕན་ཚུན་གཅིག་གིས་གཅིག་ལ། དེ་སྔ་ཕྲུ་གུ་གསོན་པོར་ཡོད་དུས་ང་ཚོས་ཁོང་ལ་བཀའ་མོལ་ག་ཚོད་ཞུས་ནའང་བཀའ་ལན་གང་ཡང་གནང་གི་མེད་པས། ད་ང་ཚོས་ཕྲུ་གུ་དེ་གྲོངས་བཞག་ཅེས་ཇི་ལྟར་ཞུས་ནུས་སམ། ཁོང་གིས་རང་ཉིད་ཐོག་ཏུ་སྣོད་སྐྱོན་སོགས་ཀྱང་གཏོང་ཉེན་ཆེའོ་ཞེས་སྨྲས་སོ། 19དེ་ནས་དཱ་བིད་ཀྱིས་དེ་ཚོ་ཕན་ཚུན་ཤབ་ཤོབ་ཤབ་ཤོབ: སྐད་ཤུགས་ཆུང་ཆུང་ཐོག་ཏུ་གསང་བར་གླེང་མོལ་བྱེད་པ། སྨྲ་བ་མཐོང་ནས་ཕྲུ་གུ་གྲོངས་བཞག་ཅེས་བསམས་སོ། ཁོང་གིས་དེ་ཚོར་ཕྲུ་གུ་གྲོངས་སོང་ངམ་ཞེས་དྲིས་པར། དེ་ཚོས། ལགས་ཕྲུ་གུ་གྲོངས་སོང་ཞེས་ཞུས་སོ། 20དེ་ནས་དཱ་བིད་ས་མཐིལ་ལས་ཡར་ལངས་ཏེ། ཁྲུས་བྱས་ཤིང་སྐྲ་ཤད་རྒྱབ་སྟེ་ལུས་ལ་གོན་གྱོས་གསར་པ་བརྗེད་ནས། གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་བཅར་ནས་མཆོད་འབུལ་བྱས་སོ། དེ་ནས་ཁོང་ཕོ་བྲང་དུ་ཕྱིར་ལོག་བྱས་པའི་རྗེས་སུ་ཁ་ཟས་སློང་སྟེ་འབྱོར་མ་ཐག་ཏུ་ཟས་སོ། 21དེར་ཁོང་གི་ལས་བྱེད་པ་ཚོས་ཁོང་ལ། ཕྲུ་གུ་གསོན་པོར་ཡོད་དུས་ཁྱེད་ནི་ཁོའི་དོན་དུ་བཤུམས་པ་གནང་ཞིང་། ཁ་ཟས་ཀྱང་སྤངས་པ་གནང་མོད། འོན་ཀྱང་ད་ལྟ་ཕྲུ་གུ་གྲོངས་མ་ཐག་ཏུ་ཁྱེད་ཡར་བཞེངས་ནས་གསོལ་ཚིག་ཀྱང་གནང་། ཁྱེད་ཀྱི་ཕྱག་ལས་འདི་ལྟ་བུའི་གསང་དོན་དེ་ང་ཚོས་ཤེས་མི་ཐུབ་བེ་ཞེས་ཞུས་པར། 22ལན་དུ་དཱ་བིད་ཀྱིས་གསུངས་པ། ཁོ་གསོན་པོར་གནས་ཡུན་རིང་དུ་ངས་ངུ་ཞིང་སྨྱུང་གནས་སྲུང་དགོས་དོན་ནི། གཙོ་བོ་དཀོན་མཆོག་གིས་ང་ལ་ཐུགས་རྗེས་གཟིགས་ཏེ་ཕྲུ་གུ་དེ་གསོན་མི་ཡོང་ངམ་ཞེས་བསམ་བྱུང་། 23འོན་ཀྱང་ད་ནི་ཁོ་ཤི་ཚར་བ་ཡིན་པས་ག་རེའི་དོན་དུ་ངས་སྨྱུང་གནས་སྲུང་དགོས་སམ། ངས་ཕྲུ་གུ་དེ་སླར་ཡང་གསོན་པོར་བྱེད་ཐུབ་བམ། ནམ་ཞིག་ང་ཁོ་ཡོད་སར་འགྲོ་རྒྱུ་ཡིན་མོད། འོན་ཀྱང་ཁོ་ནི་ང་ཡོད་སར་ནམ་ཡང་སླེབས་མི་ཐུབ་བོ༎

སོ་ལོ་མོན་འཁྲུངས་པ།

24དེ་ནས་དཱ་བིད་ཀྱིས་རང་གི་ཆུང་མ་བྷད་ཤེ་བྷ་ལ་སེམས་གསོ་བྱས་ཤིང་། རྗེས་སུ་ཁོས་མོ་དང་ལུས་འབྲེལ་བྱས་ཏེ། མོ་ལས་བུ་ཞིག་སྐྱེས་པ་དང་། དཱ་བིད་ཀྱིས་དེ་ལ་སོ་ལོ་མོན་ཞེས་མིང་བཏགས་སོ། གཙོ་བོ་དཀོན་མཆོག་གིས་ཕྲུ་གུ་དེ་ལ་ཐུགས་བརྩེ་གནང་གི་ཡོད་པས། 25ལུང་སྟོན་པ་ན་ཐན་ལ་ཕྲུ་གུ་དེའི་མིང་ཡེ་དྷི་དྷི་ཡ་ཞེས་འདོག་དགོས་པའི་བཀའ་གནང་ངོ་། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གིས་ཁོ་ལ་ཐུགས་བརྩེ་གནང་གི་ཡོད་པ་ཡིན་ནོ༎

དཱ་བིད་ཀྱིས་རབ་བཱ་གྲོང་ཁྱེར་དབང་དུ་བསྡུ་བ།

(༡ སྔོན་རབ་ ༢༠:༡-༣)

26སྐབས་དེར་ཡོ་ཨབ་ཀྱིས་ཨམ་མོན་གྱི་རྒྱལ་ས་རབ་བཱའི་ཐོག་ཏུ་དམག་འཐབ་བྱས་ཤིང་རང་གི་དབང་དུ་བསྡུ་གྲབ་ཡོད་དོ། 27ཁོས་དཱ་བིད་ཀྱི་རྩར་བང་ཆེན་རྣམས་བཏང་ནས་སྨྲས་པ། ངས་རབ་བཱའི་ཐོག་ཏུ་འཐབ་རྒོལ་བྱས་ནས་ཁོ་ཚོའི་ཆུ་ཡོང་ས་དེ་དབང་འཛིན་བྱས་ཡོད། 28ད་ཁྱེད་ཀྱིས་དམག་མི་འཕྲོས་རྣམས་འཁྲིད་ནས་གྲོང་ཁྱེར་དེ་ལ་འཐབ་རྒོལ་བྱེད་དེ་རང་དབང་དུ་བསྡུ་བར་མཛོད། གང་ལགས་ཟེར་ན། གྲོང་ཁྱེར་དབང་འཛིན་བྱེད་པའི་མིང་དང་མངའ་ཐང་ཆེན་པོ་དེ་ང་ལ་མི་དགོས། 29དེ་ནས་དཱ་བིད་ཀྱིས་དམག་མི་རྣམས་བསྡུ་བཀོང་བྱས་ཏེ་རབ་བཱ་རུ་ཕྱིན་ནས་དེའི་ཐོག་ཏུ་འཐབ་རྒོལ་གྱིས་གྲོང་ཁྱེར་དེ་རང་དབང་དུ་བླངས་སོ། 30ཨམ་མོན་པའི་ལྷ་མོ་ལེག་གིི་འདྲ་སྐུའི་མགོ་ལས་གསེར་གྱི་ཅོད་པན་དེ་མར་སྤབ་ནས་རང་གི་མགོར་གྱོན་ནོ། ཅོད་པན་དེ་ནི་གསེར་ཀི་ལོ་གསུམ་ཅུ་སོ་ལྔ་ལས་འགྲུབ་ཡོད་པ་མ་ཟད་རིན་ཐང་ཆེ་བའི་ཁྲ་རྒྱན་སོགས་རྒྱབ་ཡོད་པ་ཡིན་ནོ། དེ་ཙམ་མ་ཟད་ཁོང་གིས་གྲོང་ཁྱེར་དེ་ལས་འཕྲོག་བཅོམ་གྱི་རྒྱུ་དངོས་མང་པོ་ཞིག་བླངས་སོ། 31ཡང་དེ་གའི་ཡུལ་མི་རྣམས་ལ་ཁོང་གི་སོག་ལེ་དང་ཏོག་ཙེ་དང་སྟ་རེ་སོགས་སྤྲད་དེ་ངལ་ལས་བྱེད་བཅུག་པ་དང་། ས་ཕག་བཟོ་བའི་ལས་ཀར་བཙན་བསྐུལ་བྱས་སོ། ཨམ་མོན་གྱི་གྲོང་ཁྱེར་གཞན་ཚོའི་ཡུལ་མི་རྣམས་ལའང་དེ་བཞིན་དུ་ངལ་རྩོལ་བྱེད་བཅུག་པ་དང་། དེ་རྗེས་ཁོང་རང་གི་དམག་མི་རྣམས་འཁྲིད་དེ་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་བྱས་སོ༎

ཤ་མུ་ཨེལ་གཉིས་པ 13

ཨམ་ནོན་དང་ཏ་མཱར།

1དཱ་བིད་ཀྱི་བུ་ཨབ་ས་ལོམ་ལ་སྲིང་མོ་ཏ་མཱར་ཟེར་བ་ཞིག་ཡོད་ཅིང་། མོ་ནི་བྱད་གཟུགས་མཛེས་ཤིང་ཆང་ས་རྒྱབ་མེད་པ་ཡིན་ནོ། དཱ་བིད་ལ་ཨམ་ནོན་ཟེར་བའི་བུ་གཞན་ཞིག་ཡོད་པ་དེ་ནི་མོ་ལ་སེམས་ཆགས་ཡོད་དོ། 2ཨམ་ནོན་ནི་ཏ་མཱར་ལ་སེམས་ཆགས་ཆེ་བའི་རྐྱེན་གྱིས་ཁོ་ན་བ་ཡིན་ནོ། གང་ལགས་ཟེར་ན། ཁོ་ལ་བུ་མོ་དེ་ཐོབ་རྒྱུ་མ་སྲིད་པ་ཞིག་ཆགས་ཡོད་པ་ཡིན། མོ་ནི་ཁྱོ་དང་ལུས་འབྲེལ་མ་བྱས་པའི་བུ་མོ་ན་ཆུང་མ་ཞིག་ཡིན་ནོ། 3འོན་ཀྱང་ཁོའི་གྲོགས་པོའི་མིང་ལ་ཡོ་ན་དྷབ་ཟེར་བ་མི་ཧ་ཅང་གྲུང་པོ་ཞིག་ཡོད་པ་དང། ཡོ་ན་དྷབ་ནི་དཱ་བིད་ཀྱིས་ཨ་ཇོ་ཤམ་མཱའི་བུ་ཡིན་ནོ། 4ཡོ་ན་དྷབ་ཀྱིས་ཨམ་ནོན་ལ། ཁྱེད་རང་རྒྱལ་པོའི་སྲས་ཡིན་ནའང་དུས་རྒྱུན་དུ་མྱ་ངན་བྱེད་བཞིན་བསྡད་པ་དེ་གང་ཡིན་ནམ་ཞེས་སྨྲས་པ་དང་། ཁོས་ལན་དུ། ང་ནི་ངའི་སྤུན་ཨབ་ས་ལོམ་གྱི་སྲིང་མོ་ཏ་མཱར་ལ་སེམས་ཆགས་ཡོད་ཅེས་སྨྲས་སོ། 5ཡོ་ན་དྷབ་ཀྱིས་ཁོང་ལ་སྨྲས་པ། ཁྱེད་རང་ནད་པ་ལྟར་ཉལ་སར་ཉལ་སྡོད་ཅིག ཁྱེད་ཀྱི་ཡབ་ཁྱེད་ལ་གཟིགས་པར་ཕེབས་དུས་ཁྱེད་ཀྱིས་ཁོང་ལ་འདི་ལྟར་སྨྲོས་ཤིག ཁྱེད་ཀྱིས་ཐུགས་རྗེ་གཟིགས་ནས་ངའི་སྲིང་མོ་ཏ་མཱར་ལ་ངའི་རྩར་ཕྱིན་ནས་ཁ་ཟས་སྤྲོད་བཅུག་ཅིག མོས་ངའི་མཐོང་སར་ཁ་ཟས་ཞིག་བཟོས་ནས་ང་ལ་སྟེར་བ་དེ་ངས་འདོད་ཀྱི་འདུག 6དེ་བས་ན་ཨམ་ནོན་རྫུན་བཤད་ནས་ཉལ་སར་ཉལ་ནས་བསྡོད་དོ། རྒྱལ་པོ་དཱ་བིད་ཁོང་ལ་གཟིགས་པར་ཕེབས་དུས། ཨམ་ནོན་གྱིས་ཁོང་ལ། ཁྱེད་ཀྱིས་ཐུགས་རྗེས་གཟིགས་ཏེ་ཏ་མཱར་ངའི་མདུན་དུ་གཏོང་གནང་མཛོད། མོས་ངའི་མཐོང་སར་བག་ལེབ་འགའ་ཤས་བཟོས་ཏེ་རང་གི་ལག་པས་ང་ལ་སྤྲོད་དགོས་ཅེས་བཀའ་འཁྲོལ་གནང་བར་མཛོད་ཅེས་ཞུས་སོ། 7དེ་ནས་དཱ་བིད་ཀྱིས་ཏ་མཱར་ལ་ཕོ་བྲང་དུ་ལོན་བཏང་ནས་སྨྲས་པ། ཁྱོད་རང་ཨམ་ནོན་གྱི་ནང་དུ་ཕྱིན་ནས་ཁོའི་དོན་དུ་ཁ་ཟས་བཟོས་ཤིག 8མོ་དེར་ཕྱིན་པ་དང་ཨམ་ནོན་ཉལ་སའི་ནང་དུ་བསྡད་ཡོད་པ་མཐོང་སྟེ། གྲོ་ཞིབ་ཏོག་ཙམ་བླངས་ནས་དེ་བརྫིས་ཤིང་ཁོས་མཐོང་སར་བག་ལེབ་འགའ་ཤས་བཟོས་ནས། 9ཁོ་ལ་སྤྲད་ཕྱིར་ཚལ་སླང་ནས་མར་བཏོན་ཀྱང་། ཁོས་ཟ་རོགས་མ་བྱས་སོ། ཡང་ཁོས། མི་ཚང་མ་ཕྱི་ལོགས་ལ་གཏོང་ཞིག་ཅེས་སྨྲས་པས། དེར་ཡོད་པའི་མི་ཆང་མ་ཕྱི་ལོགས་ལ་ཕྱིན་ནོ། 10དེ་ནས་ཡང་ཁོས་ཏ་མཱར་ལ་སྨྲས་པ། བག་ལེབ་དེ་ལྟར་ངའི་ཉལ་ཁྲིའི་རྩར་འཁྱེར་ཡོང་ནས་ཁྱེད་རང་གི་ལག་པས་ངའི་ཁ་ལ་སྟེར་ཅིག་ཅེས་སྨྲས་པ་བཞིན། མོས་བག་ལེབ་དེ་དག་འཁྱེར་ནས་ཨམ་ནོན་གྱི་འགྲམ་དུ་ཕྱིན་ཏེ། 11མོས་བག་ལེབ་དེ་དག་ཨམ་ནོན་ལ་སྤྲད་བཞིན་པའི་སྐབས་སུ། ཁོས་མོའི་ལག་པ་ནས་བཟུང་སྟེ། ད་ང་དང་མཉམ་དུ་ཉལ་དགོས་ཅེས་སྨྲས་པ་དང་། 12མོས། དེ་ནི་མི་ལེགས་སོ། ང་ལ་དེ་ལྟ་བུའི་སྔོ་ལོ་འཕྱར་དགོས་པའི་ལས་ངན་བྱེད་པར་ཨུ་ཚུགས་མ་གནང་ཞིག དེ་ནི་བྱེད་མི་རུང་བས་ལས་ངན་ཞིག་ཡིན་པས། 13ངས་མི་མང་གི་མདུན་དུ་ཇི་ལྟར་ངོ་བསྟན་ནུས་སམ། དེ་ཙམ་མ་ཟད་ཨིསི་རཱཨེལ་ཡོངས་སུ་ཁྱེད་ལ་མིང་རྗེས་ངན་པ་ཞིག་ཡོང་ངེས་སོ། དེ་ལས་ཁྱེད་ཀྱི་རྒྱལ་པོ་དང་བཀའ་མོལ་གནང་བ་ཡིན་ན། ཁོང་གིས་ང་ལ་ཁྱེད་ཀྱི་ཕྱག་ཏུ་ངེས་པར་གནང་བར་འགྱུར་ཞེས་སྨྲས་སོ། 14འོན་ཀྱང་ཁོས་མོའི་ཁ་ལ་མ་ཉན་ནོ། ཁོང་ནི་མོ་ལས་སྟོབས་ཤུགས་ཆེ་བའི་རྐྱེན་གྱིས། ཁོས་ཏ་མཱར་ལ་དབང་སྒྱུར་གྱིས་མོ་དང་བཙན་གཡེམ་བྱས་སོ། 15དེ་རྗེས་ཨམ་ནོན་གྱིས་ཏ་མཱར་ལ་ཧ་ཅང་སྡང་སེམས་བྱས་ཏེ། དེ་སྔ་མོ་ལ་བརྩེ་གདུང་གང་བྱས་པ་ལས་ལྷག་པར་ད་ཆ་མོ་ལ་སྡང་སེམས་ཆེ་བ་བྱས་པ་དང་། ཁོས་མོ་ལ། ཁྱོད་འདི་ནས་ཐོན་ཏེ་སོང་ཞིག་ཅེས་སྨྲས་པ་དང་། 16མོས་ལན་དུ་ང་ནི་མི་འགྲོའོ། ང་ལ་འདི་བཞིན་ཕྱི་རུ་བཏོན་རྒྱུ་དེ་ནི། ཁྱེད་ཀྱིས་ད་ལྟ་ང་དང་ལས་ངན་གང་བྱས་པ་དེ་ལས་ཀྱང་ཉེས་སྡིག་ཆེ་བ་ཡིན་ནོ་ཞེས་སྨྲས་ཀྱང་། ཨམ་ནོན་གྱིས་མོའི་གཏམ་ལ་མ་ཉན་པར། 17རང་གི་གཡོག་པོ་བོས་ཏེ་སྨྲས་པ། བུད་མེད་འདི་ངའི་མིག་གི་མ་མཐོང་སར་ཕར་འཁྲིད་ཅིག མོ་ལ་ཕྱི་ལོགས་ལ་བཏོན་ནས་སྒོ་ལ་ཨ་ཤིང་རྒྱོབ་ཅིག 18གཡོག་པོ་དེས་མོ་ཕྱི་ལོགས་ལ་བཏོན་ཏེ་སྒོ་ལ་ཨ་ཤིང་རྒྱབ་བོ། སྐབས་དེར་ཏ་མཱར་གྱིས་རྒྱལ་པོའི་སྲས་མོ་ཆང་ས་མ་རྒྱབ་པ་ཚོས་གྱོན་གོས་རིང་ལ་ཕུ་དུང་ཡོད་པ་ཞིག་གྱོན་ཡོད་པ་ཡིན་ནོ། 19མོས་རང་གི་མགོ་བོར་གོ་ཐལ་བླུགས་ཏེ་གྱོན་གོས་ཧྲལ་ཞིང་། ལག་པས་ངོ་གདོང་བཀབ་ནས་ངུ་བཞིན་ཕྱིན་ནོ། 20མོའི་གཅེན་པོ་ཨབ་ས་ལོམ་གྱིས་མོ་ལ་མཐོང་ནས་དྲིས་པ། ཨམ་ནོན་གྱིས་ཁྱོད་ལ་བཙན་གཡེམ་བྱས་བྱུང་ངམ་ཞེས་འདྲི་རྩད་བྱས་སོ། ད་སྲིང་མོ་ཁྱོད་རང་སེམས་ཁྲལ་མ་བྱེད་ཅིག ཁོ་ནོ་ཁྱོད་ཀྱི་ཨ་ཇོ་ཡིན་པས། གཏམ་དེ་སུ་ཞིག་ལ་མ་ལབ་ཅིག་ཞེས་སྨྲས་སོ། འོན་ཀྱང་མོ་ནི་མྱ་ངན་བྱས་ཤིང་རང་ཉིད་གཅིག་པོར་ཨབ་ས་ལོམ་གྱི་ནང་དུ་བསྡད་དོ། 21རྒྱལ་པོ་དཱ་བིད་ཀྱིས་གནས་ཚུལ་དེ་ཐོས་ནས་ཧ་ཅང་ཁྲོས་ཤིང་། 22ཨམ་ནོན་གྱིས་རང་གི་སྲིང་མོ་ཏ་མཱར་ལ་གཙན་གཡེམ་བྱས་པའི་རྐྱེན་གྱིས་ཨབ་ཤ་ལོམ་གྱིས་ཁོ་ལ་ཧ་ཅང་སྡང་དགྲ་བྱེད་དེ། ཁོ་དང་མཉམ་དུ་གཏམ་གླེང་མ་བྱས་སོ༎

ཨབ་ས་ལོམ་གྱིས་དགྲ་ཤ་ལེན་པ།

23དེ་ནས་ལོ་གཉིས་ཀྱི་རྗེས་སུ་ཨབ་ས་ལོམ་གྱིས་ཨེཕ་ར་ཡིམ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་བྷལ་ཧ་ཛོར་དུ་རང་གི་ལུག་དེ་ཚོའི་བལ་འབྲེག་བཞིན་པའི་སྐབས་སུ། ཁོས་རྒྱལ་པོའི་སྲས་ཡོངས་རྫོགས་གནས་དེར་བོས་ཤིང་། 24ཁོ་རྒྱལ་པོ་དཱ་བིད་ཀྱི་དྲུང་དུ་བཅར་ནས་ཁོང་ལ། ཀྱེ་མངའ་བདག་ཆེན་པོ། ངས་རང་གི་ལུག་གི་བལ་འབྲེག་བཅུག་གིན་ཡོད་པས། ཁྱེད་དང་ཁྱེད་ཀྱི་ལས་བྱེད་པ་བཅས་པ་དུས་སྟོན་དེར་ཕེབས་ཐུབ་བམ་ཞེས་ཞུས་པ་དང་། 25རྒྱལ་པོས་ལན་དུ། ཀྱེ་ངའི་བུ་ངས་དེ་ལྟར་བྱེད་མི་ཐུབ། གལ་སྲིད་ང་ཚོ་ཚང་མ་ཡོང་བ་ཡིན་ན་ཁྱོད་ལ་དཀའ་ངལ་ཆེན་པོ་ཡོང་ངེས་ཞེས་གསུངས་མོད། འོན་ཀྱང་ཨབ་ས་ལོམ་གྱིས་ད་དུང་ཨུ་ཚུགས་བྱས་སོ། གང་ལྟར་ཡིན་རུང་རྒྱལ་པོ་ཕེབས་འདོད་མ་གནང་བར་ཨབ་ས་ལོམ་ལ་དེ་ནས་འགྲོ་དགོས་ཅེས་གསུངས་སོ། 26དེ་ནས་ཨབ་ས་ལོམ་གྱིས། ཁྱེད་རང་ཕེབས་མ་ཐུབ་ན་ངའི་སྤུན་ཨམ་ནོན་ལ་གཏོང་བར་མཛོད་ཅེས་ཞུས་པ་དང་། རྒྱལ་པོས། ཁོ་འགྲོ་དགོས་པ་དེ་གང་ཡིན་ནམ་ཞེས་གསུངས་མོད། 27འོན་ཀྱང་ཨབ་ས་ལོམ་གྱིས་ཨུ་ཚུགས་ནན་བསྐུལ་བྱས་པར་བརྟེན། དཱ་བིད་ཀྱིས་ཨམ་ནོན་དང་བུ་གཞན་རྣམས་འགྲོ་ཆོག་པའི་བཀའ་གནང་ངོ་། དེ་ནས་ཨབ་ས་ལོམ་གྱིས་རྒྱལ་པོར་དྲངས་འོས་པའི་མགྲོན་ཟས་རྒྱ་ཆེན་པོ་ཞིག་གྲ་སྒྲིག་བྱས་ཏེ། 28རང་གི་གཡོག་པོ་རྣམས་ལ་འདི་ལྟར་བཀའ་བསྒོས་བྱས་སོ། ཁྱོད་ཚོས་དོ་སྣང་བྱེད་ནས་ལྟོས་ཤིག ཨམ་ནོན་ཧ་ཅང་ར་བཟི་བའི་སྐབས་སུ། ངས་ཁོ་ལ་གསོད་ཅིག་ཅེས་བརྗོད་མ་ཐག་ཏུ་ཁྱོད་ཚོས་ཁོ་བསད་དགོས། ཁྱོད་ཚོས་ཞེད་སྣང་གང་ཡང་བྱེད་མི་དགོས། གང་ལགས་ཟེར་ན། དེའི་ཉན་འགན་ཚང་མ་ངས་འཁུར་ཆོག དེ་བས་ན་བློ་སྟོབས་སྐྱེད་ལ་སེམས་འཚབ་གང་ཡང་བྱེད་མི་དགོས། 29དེ་ནས་ཞབས་ཕྱི་ཚོས་ཨབ་ས་ལོམ་གྱིས་གང་སྨྲས་པ་བཞིན་བྱས་ཏེ། ཨམ་ནོན་བསད་པས། དཱ་བིད་ཀྱི་སྲས་དེ་འཕྲོས་ཚང་མ་དྲེལ་ཁར་བཞོན་ནས་བྲོས་ཕྱིན་པ་རེད། 30རྒྱལ་སྲས་རྣམས་ཕོ་བྲང་གི་ཕྱོགས་སུ་ཕྱིར་ལོག་བྱེད་བཞིན་པའི་སྐབས་སུ། ཨབ་ས་ལོམ་གྱིས་དཱ་བིད་ཀྱི་སྲས་ཚང་མ་གཅིག་ཀྱང་མ་ལུས་པར་བསད་བཞག་ཅེས་ཞུས་མ་ཐག་ཏུ། 31རྒྱལ་པོ་ཡར་བཞེངས་ཏེ་མྱ་ངན་གྱིས་རང་གི་གྱོན་གོས་ཧྲལ་ཞིང་ས་ཁར་འགྱེལ་བ་དང་། དེར་ཁོང་དང་མཉམ་དུ་ཡོད་པའི་འཁོར་གཡོག་ཚང་མས་ཀྱང་དེ་བཞིན་རང་གི་གྱོན་གོས་ཧྲལ་ལོ། 32འོན་ཀྱང་དཱ་བིད་ཀྱི་སྤུན་ཤམ་མཱའི་བུ་ཡོ་ན་དྷབ་ཀྱིས། ཀྱེ་རྒྱལ་པོ་ཆེན་པོ། ཁྱེད་ཀྱི་སྲས་ཨམ་ནོན་མ་གཏོགས་སྲས་གཞན་དག་བསད་མི་འདུག ཨབ་ས་ལོམ་གྱི་ངོ་ནས་ཀྱང་ཁྱེད་ཀྱི་མཁྱེན་ཐུབ་ཅིང་། སྔར་ཨམ་ནོན་གྱིས་ཏ་མཱར་ལ་བཙན་གཡེམ་བྱས་པ་ནས་བཟུང་ཨབ་ས་ལོམ་གྱིས་ཁོ་ལ་བསད་རྒྱུའི་ཐག་ཆོད་བྱས་ཡོད་པ་དེ། ཁྱེད་ཀྱིས་ཨབ་ས་ལོམ་གྱི་རྣམ་འགྱུར་རང་ནས་མཁྱེན་ཐུབ་པ་ཡོད། 33ཁྱེད་ཀྱི་སྲས་ཚང་མ་བསད་བཞག་ཅེས་པའི་གནས་ཚུལ་དེ་ལ་ཡིད་ཆེས་མ་གནང་ཞིག ཨམ་ནོན་གཅིག་རང་བསད་ཡོད་པ་ཡིན་ནོ། 34སྐབས་དེར་ཨབ་ས་ལོམ་ནི་བྲོས་ཕྱིན་པ་ཡིན་ཏེ། ས་སྲུང་དམག་མིས་མི་ཚོགས་ཆེན་པོ་ཞིག་ཧོ་རོ་ནེམ་གྱི་ལམ་ཕྱོགས་སུ་རི་ནས་མར་ཐུར་དུ་བབས་བཞིན་པ་མཐོང་བ་དང་། ཁོས་རྒྱལ་པོའི་དྲུང་དུ་བཅར་ནས་རང་གིས་གང་མཐོང་བ་དེའི་སྐོར་ལ་ཞུས་སོ། 35དེ་ནས་ཡོ་ན་དྷབ་ཀྱིས་དཱ་བིད་ལ། ཁྱེད་ཀྱི་བུ་རྣམས་ཕེབས་ཡོང་ཞེས་ངས་ཞུས་པ་བཞིན། དེ་ཚོ་ཕེབས་ཡོང་གི་འདུག་ཅེས་སྨྲས་སོ། 36ཁོས་གཏམ་དེ་བརྗོད་མ་ཐག་ཏུ་དཱ་བིད་ཀྱི་བུ་རྣམས་དེར་འབྱོར་ནས། སྐྱོ་སེམས་ཆེན་པོས་ངུས་པ་དང་། དེ་བཞིན་རྒྱལ་པོ་ལས་བྱེད་པ་དང་བཅས་པའང་མྱ་ངན་དྲག་པོས་རབ་ཏུ་བཤུམས་སོ། 37-38དེ་ནས་ཨབ་ས་ལོམ་བྲོས་ནས་གྷེ་ཤུར་གྱི་རྒྱལ་པོ་ཏལ་མཨེའི་རྩར་ཕྱིན་ནོ། ཁོང་ནི་ཨམ་མི་ཧུད་ཀྱི་བུ་ཡིན་པ་དང་། ཨབ་ས་ལོམ་ཁོང་དེར་ལོ་གསུམ་བར་དུ་བཞུགས་པ་རེད། དཱ་བིད་ནི་རང་གི་བུ་ཨམ་ནོན་གྱི་དོན་དུ་རྒྱུན་རིང་མྱ་ངན་བྱས་སོ། 39རྗེས་སུ་མྱ་ངན་སངས་པ་དང་། ཁོའི་སེམས་ནང་ཨབ་ས་ལོམ་དང་ཐུག་འཕྲད་ཡོང་བའི་རེ་འདོད་ཆེན་པོ་ལངས་སོ༎

ཤ་མུ་ཨེལ་གཉིས་པ 14

ཨབ་ས་ལོམ་ཡེ་རུ་ཤ་ལེམ་དུ་ལོག་པ།

1དེ་ནས་རྒྱལ་པོ་དཱ་བིད་ཀྱིས་ཨབ་ས་ལོམ་ལ་ཧ་ཅང་དྲན་ཏེ་ཁོའི་སྐོར་ལ་མྱ་ངན་བྱེད་ཀྱི་ཡོད་པ་དེ་ཡོ་ཨབ་ཀྱི་ཤེས་ཀྱི་ཡོད་དོ། 2ཁོས་ས་གནས་ཊེ་ཀོ་ཨ་རུ་གནས་སྡོད་བྱེད་པའི་བུད་མེད་བློ་གྲོས་ལྡན་པ་ཞིག་ཡོད་པ་དེ་ལ་བོས་ཏེ། བུད་མེད་དེ་དེར་སླེབས་པ་དང་ཁོས་མོ་ལ་སྨྲས་པ། ཁྱོད་ནི་མྱ་ངན་བྱེད་ཚུལ་གྱིས་སྐྱོ་གོས་གྱོན་ཏེ་མགོ་ལ་སྐྲ་ཤད་མ་རྒྱབ་ཅིང་། ཉིན་མ་མང་པོ་མྱ་ངན་ནང་དུ་ཡོད་པའི་བུད་མེད་དང་འདྲ་བའི་རྣམ་འགྱུར་སྟོན་ཞིག 3དེ་རྗེས་རྒྱལ་པོའི་དྲུང་དུ་ཕྱིན་ནས། དེར་ཁྱོད་ཀྱིས་གང་བཤད་དགོས་པ་དེ་ངས་ཁྱོད་ལ་བསླབ་རྒྱུ་ཡིན་པས། དེ་བཞིན་ཁྱོད་ཀྱིས་སྨྲོས་ཤིག་ཅེས་སྨྲས་ནས། མོས་གང་བཤད་དགོས་པ་དེ་ཡོ་ཨབ་ཀྱིས་མོ་ལ་སྨྲས་སོ། 4དེ་ནས་བུད་མེད་དེ་རྒྱལ་པོའི་དྲུང་དུ་བཅར་ནས་གུས་ཞབས་ཆེན་པོས་མགོ་བོ་ས་ལ་བཏུད་དེ་ཕྱག་འཚལ་ཞིང་། ཀྱེ་རྒྱལ་པོ་ཆེན་པོ་ང་ལ་སྐྱབས་གྲོགས་གནང་དུ་གསོལ་ཞེས་ཞུས་པ་དང་། 5རྒྱལ་པོས། ཁྱོད་ལ་ག་རེ་དགོས་པ་འདུག་ཅེས་གསུངས་པས། མོས་ལན་དུ། ང་ནི་ཡུག་མོ་ཉམས་ཐག་ཅིག་ཡིན་པ་དང་། ངའི་ཁྱོ་ག་འདས་ཟིན་ཅིང་། 6ང་ལ་བུ་གཉིས་ཡོད་དེ། ཉིན་ཅིག་ཁོ་གཉིས་ཞིང་ཁར་འཐབ་འཛིང་བྱས་པས། སྐབས་དེར་ཁོ་གཉིས་ལ་བར་མི་བྱེད་མཁན་སུའང་མེད་སྟབས། བུ་གཅིག་གིས་གཞན་དེ་ལ་བསད་པ་ཡིན་པས། 7ད་ངའི་སྤུན་དང་གཉེན་མཚན་ཚང་མས་ང་ལ་རྒྱབ་འགལ་བྱས་ཏེ། ངའི་བུ་གཅིག་པོ་དེའང་དེ་ཚོའི་ལག་ཏུ་རྩིས་སྤྲོད་བྱེད་དགོས་ཤེས་ཟེར་བ་མ་ཟད། ཁོས་རང་གི་སྤུན་བསད་པ་ཡིན་པས། དེའི་ཉེས་ལན་དུ་ཁོ་ཡང་བསད་དགོས་ཤེས་སྨྲས་སོ། གལ་སྲིད་ངའི་བུ་གཅིག་པོ་དེའང་ཁོ་ཚོའི་ལག་ཏུ་རྩིས་སྤྲོད་པ་ཡིན་ན། ང་ལ་བུ་གཅིག་ཀྱང་མ་ལུས་ཤིང་། ང་ནི་རེ་ཐབས་ཀུན་ལས་བྲལ་ཏེ། ངའི་ཁྱོ་གའི་མིང་དང་རིགས་བརྒྱུད་འཛིག་རྟེན་འདི་ནས་ཡལ་བར་འགྱུར། 8རྒྱལ་པོས་ལན་དུ། ད་ལྟ་ཁྱོད་ནང་དུ་ཕྱིར་ལོག་བྱོས་ཤིག། ངས་དོན་གནས་འདིའི་སྐོར་ལ་ཞིབ་དཔྱོད་བྱེད་རྒྱུ་ཡིན་ཞེས་གསུངས་སོ། 9མོས། ཀྱེ་རྒྱལ་པོ་ཆེན་པོ། ཁྱེད་ཀྱིས་ཞིབ་དཔྱོད་དགོངས་ཞེས་ག་རེ་གནང་ནའང་། དོན་གནད་དེའི་ཉེས་ལན་ནི་ང་དང་ངའི་ནང་མིས་འཁྱེར་རྒྱུ་ཡིན་པས། རྒྱལ་པོ་རང་ཉིད་དང་ཁྱེད་ཀྱི་སྐུ་འཁོར་ཚང་མར་གནོང་ཉེས་སོགས་གང་ཡང་མེད་ཅེས་ཞུས་པ་དང་། 10ལན་དུ་རྒྱལ་པོས། གལ་སྲིད་སུ་ཞིག་གིས་ཁྱོད་ལ་སྡིག་ར་བསྐུལ་བ་ཡིན་ན། མི་དེ་ངའི་རྩར་འཁྲིད་ཤོག་ཅིག། དེས་ཁྱོད་ལ་སྐྱར་དུ་གནོད་འཚེ་བཏང་མི་ཡོང་ཞེས་གསུངས་སོ། 11ཡང་མོས། ཀྱེ་རྒྱལ་པོ་ཆེན་པོ། ངའི་བུའི་དགྲ་ཤ་ལེན་འདོད་བྱེད་མཁན་ངའི་གཉེན་མཚན་ཚོས་ངའི་བུ་གཞན་དེའང་བསད་ནས། སྔར་ལས་ལྷག་པའི་སྡིག་པ་ཉེན་ཆབས་ཆེ་བ་ཞིག་བྱེད་མི་དགོས་པའི་ཕྱིར། གཙོ་བོ་དཀོན་མཆོག་ཉིད་ཀྱི་དཀོན་མཆོག་ལ་ཐུགས་སྨོན་གནང་བར་མཛོད་ཅེས་ཞུས་པ་དང་། དཱ་བིད་ཀྱིས་ལན་དུ། ང་ནི་སྐུ་གསོན་པོར་བཞུགས་པའི་གཙོ་བོ་དཀོན་མཆོག་གི་མཚན་བརྗོད་དེ་མནའ་སྐྱེལ་རྒྱུར། ཁྱོད་ཀྱི་བུ་ལ་སུས་ཀྱང་གནོད་འཚེ་སྐྱེལ་མི་ཐུབ་ཅེས་གསུངས་པ་དང་། 12ཡང་བུད་མེད་དེས། ཀྱེ་མི་དབང་ཆེན་པོ། ད་དུང་ངས་ཁྱེད་ལ་སྐྱབས་འཇུག་གཞན་ཞིག་ཞུས་ཆོག་པ་གནང་དུ་གསོལ་ཞེས་སྨྲས་པས། རྒྱལ་པོས་ད་སྨྲོས་ཤིག་གསུངས་སོ། 13མོས་རྒྱལ་པོ་ལ། ཁྱེད་ཀྱིས་དཀོན་མཆོག་གི་མི་རྣམས་ལ་དེ་ལྟ་བུའི་ལས་ངན་གནང་བ་དེ་གང་ཡིན་ནམ། ཡུལ་ནས་ཕྱིར་འབུད་བྱས་པའི་ཉིད་ཀྱི་སྲས་དེའང་རང་ཡུལ་དུ་ཕྱིར་ལོག་བྱེད་ཆོག་པའི་བཀའ་མ་གནང་ངོ་། དེ་བས་ན་ད་ལྟ་གསུངས་བའི་གཏམ་གྱི་སྒོ་ནས་ཁྱེད་ཀྱི་རང་ཉིད་ལ་ཉེས་ཅན་བཟོས་གནང་ཡོད། 14ང་ཚོ་ཚང་མ་ཤི་དགོས་སོ། ང་ཚོ་ནི་ས་ཁར་ཤོས་པའི་ཆུ་དང་མཚུངས་ཏེ། ཆུ་དེ་ནི་སྐྱར་དུ་ཡར་བླངས་མི་ཐུབ་པ་ཡིན་ནོ། འཆི་བའི་མི་དེ་གཙོ་བོ་དཀོན་མཆོག་གིས་ཀྱང་སླར་ཡང་གསོན་པོར་བཟོས་མི་གནང་མོད། འོན་ཀྱང་རྒྱལ་པོས་མི་ཞིག་ཕྱིར་འབུད་བཏང་བའི་ཡུལ་ནས་ངེས་པར་འཁྱེར་ཡོང་ཐུབ་པ་ཞིག་ཡིན་ནོ། 15མི་རྣམས་ཀྱིས་ང་ལ་སྡིག་ར་བསྐུལ་བ་ཡིན་པས། ངས་རྒྱལ་པོ་ཁྱེད་ལ་ཞུ་བ་འདི་འབུལ་གྱི་ཡོད། གང་ལགས་ཟེར་ན། ངས་གང་ཞུས་པ་དེ་ཁྱེད་ཀྱིས་གནང་ཡོང་བསམ་པའི་རེ་འདོད་ཆེན་པོ་ཞིག་འབྱུང་། 16ད་ང་དང་ངའི་བུ་ལ་གསོད་ཐབས་བྱས་ཏེ། དཀོན་མཆོག་གིས་ཉིད་ཀྱི་མི་འབངས་རྣམས་ལ་གནང་བའི་ཡུལ་དེ་ནས་ང་ཚོ་བཏོན་ཐབས་བྱེད་མཁན་དེ་ལས་ཁྱེད་ཀྱིས་ང་ཚོར་སྐྱབས་པ་གནང་ཡོང་ཞེས་བསམ་བྱུང་། 17རྒྱལ་པོ་ཁྱེད་ཀྱི་དམ་བཅས་ང་ལ་སྲུང་སྐྱོབས་གནང་ཡོང་ཞེས་བསམ་བྱུང་། གང་ལགས་ཟེར་ན། རྒྱལ་པོ་ནི་དཀོན་མཆོག་གི་ཕོ་ཉ་དང་མཚུངས་ཤིང་བཟང་ངན་དབྱེ་འབྱེད་གནང་ཐུབ་པ་ཞིག་ཡིན་ནོ། གཙོ་བོ་དཀོན་མཆོག་ཉིད་ཀྱི་དཀོན་མཆོག་ཁྱེད་དང་མཉམ་དུ་འགྲོགས་པར་ཤོག་ཅེས་ཞུས་སོ། 18དེའི་ལན་དུ་རྒྱལ་པོས། ད་ངས་ཁྱོད་ལ་འདྲི་བ་ཞིག་འདྲི་རྒྱུ་ཡིན་པས། དེར་ཁྱོད་ཀྱིས་ལན་འདེབས་དྲང་པོ་ཞིག་རྒྱབ་དགོས་ཤེས་གསུངས་པ་དང་། མོས་ལན་དུ། ཀྱེ་མི་དབང་ཆེན་པོ། ཁྱེད་ཀྱི་ཐུགས་འདོད་བཞིན་དུ་བཀའ་འདྲི་གནང་བར་མཛོད་ཅེས་ཞུས་སོ། 19དེ་ནས་ཁོང་གིས། གཏམ་འདི་ཚོ་བྱེད་པར་ཁྱོད་ལ་ཡོ་ཨབ་ཀྱིས་རྒྱུ་བསྐུལ་བྱས་བྱུང་ངམ་ཞེས་གསུངས་པ་དང་། མོས་ལན་དུ། ཀྱེ་རྒྱལ་པོ་ཆེན་པོ། ངས་ཁྱེད་ཀྱི་མཛད་བཟང་དམ་པའི་མནའ་སྐྱེལ་ནས་ཞུ་རྒྱུར། ཁྱེད་ཀྱིས་བཀའ་འདྲི་གང་གནང་བ་དེ་ལ་ལན་འདེབས་མ་བྱེད་པར་གཡོལ་ཐབས་རྩ་བ་ནས་མེད། དེ་བས་ན། ཁྱེད་ཀྱི་ཞབས་ཕྱི་ཡོ་ཨབ་ཀྱིས་ང་ལ་ངས་གང་བྱེད་དགོས་པ་དང་བཤད་དགོས་པ་ཚང་མ་བསླབ་ནས་བཏང་བྱུང་། 20གནས་ཚུལ་འདི་དག་ཤོད་ཐུབ་པའི་ཕྱིར་ཁོས་འདི་ལྟར་བྱས་པ་ཡིན། རྒྱལ་པོ་ཁྱེད་ནི་དཀོན་མཆོག་གི་ཕོ་ཉ་དང་མཚུངས་པའི་མཁྱེན་གྱི་ཡོད། ཡུལ་དུ་བྱུང་བའི་གནས་ཚུལ་ཚང་མ་མཁྱེན་ཐུབ་པ་ཡིན་ནོ། 21རྗེས་སུ་རྒྱལ་པོས་ཡོ་ཨབ་ལ། ཁྱོད་ཀྱིས་གང་འདོད་པ་བཞིན་ངས་བྱེད་རྒྱུའི་ཐག་གཅོད་བྱས་པ་ཡིན་པས། ད་ཁྱོད་ཕྱིན་ནས་གཞོན་ནུ་ཨབ་ས་ལོམ་ལ་འདིར་ཕྱིར་ལོག་འཁྲིད་ཤོག་ཅེས་གསུངས་སོ། 22དེ་ནས་ཡོ་ཨབ་ཀྱིས་གུས་པ་ཆེན་པོས་དཱ་བིད་ཀྱི་དྲུང་དུ་ཕྱག་འཚལ་ཞུས་ཏེ། ཀྱེ་རྒྱལ་པོ་ཆེན་པོ། དཀོན་མཆོག་གིས་ཁྱེད་ལ་བྱིན་རླབས་གནང་བར་ཤོག ཁྱེད་ང་དང་ཐུགས་མཉེས་པོ་ཡོད་པ་དེ་ད་ངས་ཤེས་བྱུང་། གང་ལགས་ཟེར་ན། ངས་ཞུ་བར་ཁྱེད་ཀྱིས་གསན་ཆོག་གནང་སོང་ཞེས་ཞུས་པ་དང་། 23དེ་རྗེས་ཁོ་ཡར་ལངས་ཏེ་གྷེ་ཤུར་དུ་ཕྱིན་ནས་ཨབ་ས་ལོམ་ཡེ་རུ་ཤ་ལེམ་དུ་འཁྲིད་ཡོང་ངོ་། 24འོན་ཀྱང་རྒྱལ་པོས་ཨབ་ཤ་ལོམ་ཕོ་བྲང་ནང་དུ་སྡོད་མི་ཆོག་ཅེས་བཀའ་གནང་ཡོད་པ་ཡིན་ནོ། ང་ནི་ཁོ་ལ་བལྟ་ཡང་མི་འདོད་ཅེས་རྒྱལ་པོས་གསུངས་སོ། དེར་བརྟེན་ཨབ་ཤ་ལོམ་སོ་སོའི་ཁང་ཁྱིམ་ནང་དུ་བསྡད་པ་དང་། རྒྱལ་པོའི་གཟིགས་ངོར་མ་མཐོང་ངོ་༎

དཱ་བིད་དང་ཨབ་ས་ལོམ་གཉིས་དབར་མཐུན་འབྲེལ་བྱུང་བ།

25ཨིསི་རཱཨེལ་ཡོངས་སུ་ཨབ་ས་ལོམ་དང་འདྲ་བའི་བྱད་གཟུགས་ལེགས་པའི་མི་ཞིག་སུའང་མེད་ཅིང་། ཁོའི་མགོ་ནས་རྐང་མཐིལ་བར་སྐྱོན་གང་ཡང་མེད་པ་ཡིན་ནོ། 26ཁོའི་སྐྲ་ནི་ཧ་ཅང་གི་མཐུག་པོ་དང་ལྗིད་པོ་ཆགས་དུས་ལོག་རེར་ཐེངས་རེར་འབྲེག་དགོས་ཀྱི་ཡོད་པ་དང་། འབྲེག་ཟིན་པའི་སྐྲའི་ལྗིད་ཚད་ནི་གཞུང་སྲོལ་ལྗིད་ཚད་ལྟར་ཀི་ལོ་གཉིས་ལས་ལྷག་ཙམ་ཡོད་པ་ཡིན་ནོ། 27ཨབ་ས་ལོམ་ལ་བུ་གསུམ་དང་བུ་མོ་གཅིག་ཡོད་དེ། ཡང་མོའི་མིང་ལ་ཏ་མཱར་ཟེར་བ་དང་། མོ་ནི་ཧ་ཅང་བྱད་གཟུགས་མཛེས་མོ་ཞིག་ཡོད་པ་ཡིན་ནོ། 28ཨབ་ས་ལོམ་ལོ་གཉིས་བར་དུ་རྒྱལ་པོ་དང་མ་མཇལ་བར་ཡེ་རུ་ཤ་ལེམ་དུ་བསྡད་དོ། 29དེ་རྗེས་ཁོས་རང་གི་ཚབ་ཏུ་ཡོ་ཨབ་ལ་རྒྱལ་པོའི་དྲུང་དུ་གཏོང་ཕྱིར་སྐད་བཏང་ཡང་། འོན་ཀྱང་ཡོ་ཨབ་མ་ཡོང་ངོ་། ཡང་ཨབ་ས་ལོམ་གྱིས་ཁོ་ལ་སྐྱར་དུ་བོས་ཀྱང་ཁོ་མ་ཡོང་བས། 30དེར་བརྟེན་ཨབ་ས་ལོམ་གྱིས་རང་གི་གཡོག་པོ་རྣམས་ལ། ལྟོས་ཤིག། ཡོ་ཨབ་ཀྱི་ཞིང་ནི་ངའི་ཞིང་གི་འགྲམ་དུ་ཡོད་པས། དེར་འབྲུ་སྐྱེས་ནས་ཡོད་ཅིང་། ཁྱོད་ཕྱིན་ནས་ཞིང་ཁར་མེ་རྒྱོབ་ཅིག་ཅེས་སྨྲས་པ་བཞིན། དེ་ཚོ་ཕྱིན་ནས་ཞིང་ཁར་མེ་རྒྱབ་པ་རེད། 31དེ་ནས་ཡོ་ཨབ་ཨབ་ས་ལོམ་གྱི་ནང་དུ་ཕྱིན་ནས། ཁྱོད་ཀྱི་གཡོག་པོ་ཚོས་ངའི་ཞིང་ཁར་མེ་རྒྱབ་དགོས་དོན་དེ་གང་ཡིན་ནམ་ཞེས་འདྲི་རྩད་བྱས་པར། 32ལན་དུ་ཨབ་ས་ལོམ་གྱིས། ངས་ཁྱོད་རྩར་མི་བཏང་ནས་བོས་ཀྱང་ཁྱོད་སླེབས་མ་བྱུང་། ཁྱོད་རང་ངའི་ཚབ་ཏུ་རྒྱལ་པོའི་དྲུང་དུ་བཅར་ནས། ང་ནི་གྷེ་ཤུར་ནས་འདིར་ཡོང་དགོས་དོན་གང་ཡིན་ནམ། ང་ཕར་བསྡད་པ་ཡིན་ནའང་ཡག་པོ་ཡོང་ང་ཡོད། ད་ཁྱོད་ཀྱིས་ང་རྒྱལ་པོ་དང་མཇལ་འཕྲད་བྱུང་ཐུབ་པའི་ཐབས་བྱོས་ཤིག གལ་སྲིད་ང་ལ་ནག་ཉེས་ཡོད་པ་ཡིན་ན་རྒྱལ་པོས་ང་ལ་ཉེས་པ་སྲོག་ཐོག་ཏུ་གཏོང་བར་ཤོག་ཅེས་སྨྲས་སོ། 33དེར་བརྟེན་ཡོ་ཨབ་རྒྱལ་པོ་དཱ་བིད་ཀྱི་དྲུང་དུ་བཅར་ནས་ཨབ་ས་ལོམ་གྱིས་གང་སྨྲས་པ་བཞིན་ཞུས་པས། རྒྱལ་པོས་ཨབ་ས་ལོམ་ལ་བོས་པའི་ཕྱིར་བཏང་བ་དང་། ཨབ་ས་ལོམ་རྒྱལ་པོའི་དྲུང་དུ་བཅར་ནས་ས་ལ་ཁ་འབུབ་སྟེ་ཕྱག་འཚལ་བ་དང་། རྒྱལ་པོས་ཁོ་ལ་འོ་བྱས་ཏེ་ཕེབས་བསུ་གནང་ངོ་༎

ཤ་མུ་ཨེལ་གཉིས་པ 15

ཨབ་ས་ལོམ་གྱིས་ངོ་རྒོལ་གྱི་འཆར་གཞི་བཏིང་བ།

1དེ་རྗེས་ཨབ་ས་ལོམ་གྱིས་ཤིང་རྟ་འཁོར་ལོ་ཞིག་དང་རྟ་རྣམས་དང་ལམ་སྟོན་སྣེ་ཁྲིད་བྱེད་མཁན་མི་གྲངས་ལྔ་བཅུ་ཐམ་པ་བཅས་གྲ་སྒྲིག་བྱས་སོ། 2ཁོ་རང་སྔ་དྲོ་སྔ་པོ་ཡར་ལངས་ཏེ་གྲོང་ཁྱེར་གྱི་རྒྱལ་སྒོར་འགྲོ་བའི་ལམ་དུ་ལངས་ཤིང་། མི་སུ་ཞིག་རྒྱལ་པོའི་རྩར་ཁྲིམས་གཅོད་ཞུ་བར་འགྲོ་བཞིན་པ་མཐོང་བ་ཡིན་ན་དེ་ལ། ཁྱོད་ཡུལ་གང་ནས་ཡོང་བ་ཡིན་ནམ་ཞེས་འདྲི་བའི་ལན་དུ། མི་དེས་རང་ཉིད་སྡེ་རིགས་གང་གི་ཁོངས་ནས་ཡིན་པའི་སྐོར་བཤད་ཟིན་པ་དང་། 3ཨབ་ས་ལོམ་གྱིས། ལྟོས་ཤིག་ཁྱོད་ལ་ཁྲིམས་གཅོད་དྲང་པོ་ཐོབ་འོས་པ་འདུག འོན་ཀྱང་ཁྱོད་ཀྱི་རྩོད་པ་དེའི་སྐོར་ལ་ཉན་མཁན་རྒྱལ་པོའི་སྐུ་ཚབ་ཞིག་ཀྱང་མི་འདུག 4ཡང་ཁོས་མུ་མཐུད་དེ་བརྗོད་རྒྱུར། ང་ནི་ཁྲིམས་དཔོན་ཞིག་ཡིན་ན་ཅི་མ་རུང་། དེ་བཞིན་སུ་ཞིག་ལ་རྩོད་རྙོག་ཞིག་ཡོད་དེ། ཁོས་རྩོད་རྙོག་དེ་དག་ངའི་རྩར་འཁྱེར་ཡོང་བ་ཡིན་ན་ངས་ཁོ་ལ་ཁྲིམས་གཅོད་དྲང་པོ་བཅད་ཡོད། ཅེས་བརྗོད་ཀྱི་ཡོད་དོ། 5ཡང་མི་དེས་ཕྱག་འཚལ་བར་མདུན་དུ་ཡོང་བ་ཡིན་ན། ཨབ་ས་ལོམ་གྱིས་ལག་པ་བརྐྱངས་ནས་ཁོ་ལ་འཐམ་ཞིང་ཁ་བསྐྱལ་གྱིས་ཡོད་པ་མ་ཟད། 6དེ་བཞིན་རྒྱལ་པོའི་རྩར་ཁྲིམས་གཙོད་ཞུ་བར་ཡོང་མཁན་ཨིསི་རཱཨེལ་པ་ཚང་མར་ཨབ་ས་ལོམ་གྱིས་དེ་ལྟར་བྱེད་ཀྱི་ཡོད་པས། དེ་ཚོའི་བློ་སེམས་རང་གི་ཕྱོགས་སུ་བཀུགས་སོ། 7དེ་ནས་ལོ་ངོ་བཞིའི་རྗེས་སུ་རྒྱལ་པོ་དཱ་བིད་ལ་ཨབ་ས་ལོམ་གྱིས། ཀྱེ་རྒྱལ་པོ་ཆེན་པོ་ངས་གཙོ་བོ་དཀོན་མཆོག་ལ་དམ་བཅའ་ཞིག་སྒྲུབ་པའི་ཕྱིར་ང་ཧེབ་རོན་དུ་འགྲོ་ཆོག་པའི་དགོངས་པ་གནང་བར་མཛོད། 8སྔར་ང་རང་སི་རི་ཡའི་གྷེ་ཤུར་དུ་གནས་སྐབས་ངས་གཙོ་བོ་དཀོན་མཆོག་ལ་དམ་བཅའ་ཕུལ་དོན། གལ་སྲིད་ཁྱེད་ཀྱི་ང་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་འཁྲིད་ཕེབས་པ་ཡིན་ན་ངས་ཧེབ་རོན་དུ་ཁྱེད་ལ་བསྙེན་བཀུར་ཞུ་གི་ཡིན་ཞེས་ཞུས་ཡོད་ཅེས་སྨྲས་སོ། 9རྒྱལ་པོས་དེ་ལ་ཁྱོད་ཞི་བདེའི་ངང་དུ་སོང་ཞིག་ཅེས་གསུངས་པ་དང་། ཨབ་ས་ལོམ་ཧེབ་རོན་དུ་ཕྱིན་ནོ། 10འོན་ཀྱང་ཁོས་ཨིསི་རཱཨེལ་གྱི་སྡེ་རིགས་ཚང་མའི་ཁྲོད་དུ་བང་ཆེན་བཏང་ནས་ལོན་བསྐུར་གསལ། ཁྱོད་ཚོའི་དམག་དུང་འབུད་པའི་སྒྲ་ཐོས་མ་ཐག་ཏུ་སྐད་ཤུགས་ཆེན་པོས། ཨབ་ས་ལོམ་ནི་ཧེབ་རོན་གྱི་རྒྱལ་པོར་འཁོད་བཞག་ཅེས་སྨྲོས་ཤིག 11ཨབ་ས་ལོམ་གྱི་ཁ་ལ་ཉན་ནས་མི་ ༢༠༠ ཙམ་ཡེ་རུ་ཤ་ལེམ་ནས་ཁོ་དང་མཉམ་དུ་ཕྱིན་ནོ། འོན་ཀྱང་དེ་ཚོས་ཐབས་ཇུས་དེའི་སྐོར་ལ་གང་ཡང་མ་ཤེས་པར། སེམས་པ་རྣམ་དག་གིས་ཁོའི་རྗེས་སུ་ཕྱིན་ནོ། 12ཡང་དམར་མཆོད་འབུལ་བཞིན་པའི་སྐབས་སུ་ཨབ་ཤ་ལོམ་གྱིས་གྷི་ལོ་ནས་ཨ་ཧི་ཏོ་ཕེལ་ལའང་བོས་པར་བཏང་ཞིང་། ཨ་ཧི་ཏོ་ཕེལ་ནི་རྒྱལ་པོ་དཱ་བིད་ཀྱི་གྲོས་དཔོན་ཞིག་ཡིན་ནོ། དེ་བཞིན་རྒྱལ་པོར་རྒོལ་བའི་ཐབས་བྱུས་ངན་པ་དེའང་ཤུགས་ཇེ་ཆེར་ཕྱིན་ཞིང་། ཨབ་ཤ་ལོམ་གྱི་ཕྱོགས་གཏོགས་བྱེད་མཁན་ཁ་གྲངས་ཡང་མང་དུ་ཕྱིན་ནོ༎

དཱ་བིད་ཡེ་རུ་ཤ་ལེམ་ནས་བྲོས་པ།

13བང་ཆེན་ཞིག་གིས་དཱ་བིད་ལ། ཨིསི་རཱཨེལ་པ་ཚོས་ཨབ་ས་ལོམ་ལ་དེ་ཚོས་ཤ་ཞེན་ཞུ་གི་འདུག་ཅེས་ལོན་སྤྲད་དོ། 14དཱ་བིད་ཀྱིས་ཡེ་རུ་ཤ་ལེམ་དུ་རང་དང་མཉམ་དུ་ཡོད་པའི་ལས་བྱེད་པ་རྣམས་ལ། ང་ཚོ་ཨབ་ས་ལོམ་གྱི་ལག་ནས་ཐར་བར་འདོད་ན། ང་ཚོ་འདི་ནས་ད་ལྟ་ཉིད་དུ་ཐོན་དགོས། དེ་མིན་ཁོ་མགྱོགས་པོ་སླེབས་ནས། ང་ཚོར་དབང་བསྒྱུར་བྱེད་དེ་གྲོང་ཁྱེར་ནང་དུ་སུ་ཡོད་པ་ཚང་མ་བསད་ངེས་སོ་ཞེས་སྨྲས་པ་དང་། 15དེའི་ལན་དུ། ཁོ་ཚོས་ཀྱེ་རྒྱལ་པོ་ཆེན་པོ། ང་ཚོས་ཁྱེད་ཀྱིས་ཅི་གསུང་བཀའ་སྒྲུབ་ཞུ་བར་གྲ་སྒྲིག་ཡོད་ཅེས་ཞུས་སོ། 16རྒྱལ་པོ་རང་གི་འཁོར་གཡོག་དང་བཅས་པ་དེ་ནས་ཐོན་ཞིང་། ཕོ་བྲང་ལ་བལྟ་རྟོགས་བྱེད་ཕྱིར་རང་གི་ཟུར་གྲོགས་མ་བཅུ་རྗེས་ལ་བཞག་གོ 17རྒྱལ་པོ་རང་གི་འཁོར་གཡོག་དང་བཅས་པ་གྲོང་ཁྱེར་ནས་ཐོན་སྐབས། མཐའ་མའི་ཁང་ཁྱིམ་ཞིག་ཏུ་ཡུན་ཙམ་ཞིག་བསྡད་པས། 18རྒྱལ་པོའི་མདུན་ནས་ཁོང་གི་སྐུ་སྲུང་དམག་མི་རྣམས་འགྲོ་དུས་ཁོང་གི་ལས་བྱེད་པ་ཚང་མ་ཁོང་གི་ཉེ་འགྲམ་དུ་ལངས་ནས་བསྡད་པ་དང། གྷད་ནས་ཁོང་དང་མཉམ་དུ་ཡོང་བའི་དམག་མི་ ༦༠༠ ཡང་ཁོ་ཚོའི་མདུན་ནས་ཕྱིན་པས། 19དེ་ཚོའི་འགོ་དཔོན་ཨིཏ་ཏས་ལ་རྒྱལ་པོས། ཁྱོད་ག་རེའི་དོན་དུ་ང་ཚོའི་རྗེས་སུ་ཡོང་གི་ཡོད། ཁྱོད་ཕྱིར་ལོག་བྱེད་ནས་རྒྱལ་པོ་གསར་པའི་མངའ་འོག་ཏུ་སྡོད་ཅིག ཁྱོད་ནི་ཕྱི་རྒྱལ་བ་ཞིག་ཡིན་པ་དང་རང་གི་ཡུལ་ནས་བྲོས་ཡོང་བའི་སྐྱབས་བཅོལ་བ་ཞིག་ཡིན་ནོ། 20ཁྱོད་འདིར་སླེབས་ནས་ཉིན་མ་མང་པོ་ཕྱིན་མེད་པས། ངས་ཁྱོད་རང་ང་དང་མཉམ་དུ་འཁྱམ་པར་ཅིའི་ཕྱིར་འཁྲིད་དགོས་སམ། ང་རང་གང་དུ་འགྲོ་དགོས་པ་དེའང་ངས་མི་ཤེས་སོོ། དེ་བས་ན་ཁྱོད་ཀྱིས་སོ་སོའི་ཡུལ་མི་རྣམས་འཁྲིད་ནས་ཕྱིར་ལོག་བྱོས་ཤིག གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་བཀའ་འདྲིན་དང་དམ་ཚིག་ཅན་གནང་བར་ཤོག་ཅིག་ཅེས་གསུངས་སོ། 21ཨིཏ་ཏས་ལན་དུ། ཀྱེ་རྒྱལ་པོ་ཆེན་པོ། ང་ནི་གཙོ་བོ་དཀོན་མཆོག་གི་མཚན་བརྗོད་དེ་མནའ་སྐྱེལ་ཞིང་ཁྱེད་ལ་ཞུ་རྒྱུར། ཁྱེད་གང་དུ་ཕེབས་སར་ངའང་རྟག་ཏུ་ཁྱེད་དང་མཉམ་དུ་འགྲོ་གི་ཡིན། ང་ནི་འཆི་བའི་གདོང་ལེན་བྱེད་དགོས་བྱུང་ནའང་ཁྱེད་དང་མཉམ་དུ་ངེས་པར་འགྲོ་གི་ཡིན་ཞེས་ཞུས་པ་དང་། 22དཱ་བིད་ཀྱིས་ལན་དུ། ཡ་འོ་ན་འགྲོ་བོ་ཞེས་སྨྲས་པས། ཨིཏ་ཏས་རང་གི་མི་ཚང་མ་དང་དེ་ཚོའི་ནང་མི་ཚང་མ་འཁྲིད་ནས་དཱ་བིད་མཉམ་དུ་ཕྱིན་ནོ། 23དེ་བཞིན་དཱ་བིད་ཀྱི་མི་རྣམས་ཐོན་འགྲོ་དུས། མི་ཚོགས་ཀྱིས་སྐད་ཤུགས་ཆེན་པོས་ངུ་འབོད་བྱས་སོ། རྒྱལ་པོས་རང་གི་མི་རྣམས་འཁྲིད་དེ། ཀིད་རོན་གྱི་གྲོག་ཆུ་རྒལ་ཏེ། དེ་ཚོ་ཆབས་ཅིག་ཏུ་འབྲོག་སྟོང་གི་ཕྱོགས་སུ་ཐོན་ནོ། 24བླ་མ་ཛ་དཱོག་དང་ལེ་ཝི་པ་རྣམས་ཀྱང་དེར་ཡོད་ཅིང་། དེ་ཚོས་དམ་བཅའི་སྒྲོམ་དམ་པ་དེ་འཁྱེར་ཡོང་བ་དང་། དེ་ཚོས་དམ་བཅའི་སྒྲོམ་དེ་མར་བཞག་གོ། མི་ཚང་མ་གྲོང་ཁྱེར་ནས་ཕྱིར་མ་ཐོན་བར་དུ་ཁོ་ཚོས་སྒྲོམ་དེ་ས་ནས་ཡར་མ་ཀྱག་གོ སྐབས་དེར་བླ་མ་ཨ་བྷི་ཡཱ་ཏཱར་ཡང་དེར་ཡོད་པ་ཡིན་ནོ། 25དེ་ནས་རྒྱལ་པོས་བླ་མ་ཛ་དཱོག་ལ། དམ་བཅའི་སྒྲོམ་དེ་གྲོང་ཁྱེར་དུ་ཕྱིར་ལོག་གདན་འདྲེན་ཞུས་ཤིག གལ་སྲིད་གཙོ་བོ་དཀོན་མཆོག་ང་དང་ཐུགས་མཉེས་པོ་ཡོད་པ་ཡིན་ན། ནམ་ཞིག་ཁོང་གིས་ང་ལ་སྒྲོམ་དེ་གང་དུ་བཞག་ཡོད་པའི་གནས་དེ་མཇལ་ཐུབ་པའི་གོ་སྐབས་གནང་ཕྱིར་ང་ལ་ཕྱིར་ལོག་འཁྲིད་ཕེབས་པར་འགྱུར། 26འོན་ཀྱང་ཁོང་ང་དང་མཉམ་ཐུགས་མཉེས་པོ་མེད་པ་ཡིན་ན། ཁོང་གིས་ཐུགས་དགོངས་བཞིན་དུ་ང་ལ་གནང་བར་མཛོད། 27ད་དུང་ཁོང་གིས་ཛ་དཱོག་ལ། ད་ཁྱོད་ཀྱི་བུ་ཨ་ཧི་མཱསི་དང་ཨ་བྷི་ཡ་ཐར་གྱི་བུ་ཡོ་ན་ཐན་མཉམ་དུ་འཁྲིད་དེ་ཞི་བདེའི་ངང་རྒྱལ་སར་ཕྱིར་ལོག་བྱོས་ཤིག 28ང་ནི་ཁྱོད་ཀྱི་རྩ་ནས་ལོན་མ་འབྱོར་བར་དུ་འབྲོག་སྟོང་དུ་ཡོད་པའི་ཆུ་འཛོམས་སུ་སྒུག་ནས་སྡོད་ཀྱི་ཡིན་ཞེས་གསུངས་སོ། 29དེ་ནས་ཛ་དཱོག་དང་ཨ་བྷི་ཡ་ཐར་གཉིས་ཀྱིས་དམ་བཅའི་སྒྲོམ་དེ་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་གདན་དྲངས་ནས་དེར་གནས་སྡོད་བྱས་སོ། 30དཱ་བིད་ངུ་བཞིན་ཁ་སྐྱུར་ཤིང་གི་རི་བོར་འཛེགས་ཏེ། མྱ་ངན་གྱི་ཚུལ་དུ་མགོ་བོ་བཏུམ་ནས་རྐང་རྗེན་མར་འགྲུལ་བསྐྱོད་བྱས་པ་མ་ཟད། ཁོའི་རྗེས་སུ་འབྲངས་མཁན་མི་ཚང་མས་མགོ་བོ་བཏུམ་ཞིང་ངུ་འབོད་བྱས་སོ། 31ཡང་ཨ་ཧི་ཐོ་ཕེལ་ནི་ཨབ་ས་ལོམ་གྱི་ངན་ཇུས་ཁོངས་སུ་ཕྱིན་པའི་སྐོར་དཱ་བིད་ཀྱིས་ཐོས་པའི་རྗེས་སུ་ཁོས་སྨོན་ལམ་འདེབས་གསལ། ཀྱེ་གཙོ་བོ་དཀོན་མཆོག་ཐུགས་རྗེ་གཟིགས་ཏེ་ཨ་ཧི་ཐོ་ཕེལ་གྱིས་གྲོས་འཆར་གང་བྱས་པ་དེ་ཚོ་མེད་ཁུངས་ལུང་མེད་པ་ཞིག་ཏུ་བཟོ་རོགས་གནང་ཞེས་ཞུས་སོ། 32དེ་ནས་དཱ་བིད་རི་རྩེར་སླེབས་པ་དང་། དེར་མཆོད་ཁྲི་ཞིག་ཀྱང་ཡོད་པས། དེར་ཁོའི་བློས་འཁེལ་བའི་གྲོགས་པོ་མིང་ལ་ཧུ་ཤའི་ཟེར་བ་ཨར་ཀི་པ་མི་རིགས་ཁོངས་ནས་ཡིན་པ་དེས། རང་གི་གྱོན་གོས་ཧྲལ་ཞིང་མགོ་བོར་ཐལ་ལ་བྱུགས་ཏེ། ཁོང་ལ་ཐུགས་འཕྲད་བྱེད་ཕྱིར་ཡོང་ངོ་། 33དེ་ནས་དཱ་བིད་ཀྱིས་ཁོ་ལ་། ཁྱོད་ང་དང་མཉམ་དུ་ཡོང་བ་ཡིན་ནའང་ང་ལ་ཕན་ཆ་གང་ཡང་མེད། 34དེ་བས་ཁྱོད་ཀྱིས་ང་ལ་རོགས་བྱེད་འདོད་ཡོད་ན། ཁྱོད་རང་གྲོང་ཁྱེར་དུ་ཁྱེར་དུ་ཕྱིར་ལོག་བྱེད་ནས་ཨབ་ས་ལོམ་ལ། སྔར་ངས་ཁྱོད་ཀྱི་ཕ་ལ་ཞབས་ཕྱི་རྣམ་དག་གང་ཞུས་པ་བཞིན་ཁྱེད་ལའང་དེ་བཞིན་ཞབས་ཕྱི་ཞུ་རྒྱུ་ཡིན་ཞེས་ཨབ་ས་ལོམ་ལ་སྨྲོས་ཤིག ཨ་ཧི་ཐོ་ཕེལ་གྱིས་གྲོས་འཆར་བཞག་པ་དེ་ལ་ཁྱོད་ཀྱིས་ཐབས་གང་ས་ནས་ངོ་རྒོལ་བྱོས་ཤིག 35བླ་མ་ཛ་དཱོག་དང་བླ་མ་ཨ་བྷི་ཡ་ཐར་ཡང་དེར་ཡོད་པས། ཕོ་བྲང་ནང་ཁྱོད་ཀྱིས་གནས་ཚུལ་གང་ཐོས་པ་རྣམས་ཁོ་གཉིས་ལ་ཤོད་དགོས། 36ཁོ་གཉིས་ཀྱི་བུ་ཨ་ཧི་མཱ་སི་དང་ཡོ་ན་ཐན་གཉིས་ཀྱང་དེར་མཉམ་དུ་ཡོད་པས། ཁྱོད་ཀྱིས་ཐོས་པའི་གནས་ཚུལ་ཚང་མ་ཁོ་གཉིས་བརྒྱུད་དེ་ངའི་རྩར་གཏོང་ཤོག་ཅེས་སྨྲས་སོ། 37དེར་བརྟེན་དཱ་བིད་ཀྱི་གྲོགས་པོ་ཧུ་ཤའི་གྲོང་ཁྱེར་དུ་སླེབས་པ་དང་། ཨབ་ས་ལོམ་ཡང་སྐབས་དེར་གྲོང་ཁྱེར་དུ་སླེབས་བཞིན་ཡོད་པ་ཡིན་ནོ༎

ཤ་མུ་ཨེལ་གཉིས་པ 16

དཱ་བིད་དང་ཛི་བྷ།

1དཱ་བིད་རི་རྩེ་ནས་ཅུང་ཟད་ཕར་ཙམ་ཞིག་མར་འབབ་པ་དང་། མེ་ཕི་བྷོ་ཤེད་ཀྱི་གཡོག་པོ་ཛི་བྷ་དང་འཕྲད་དེ། ཡང་ཁོ་དང་མཉམ་དུ་བག་ལེབ་ ༢༠༠ དང་། རྒུན་འབྲུམ་གྱི་ཆག་པ་ ༡༠༠ དང་ཤིང་འབྲས་སོས་པའི་ཆག་པ་ ༡༠༠ ་དང་། རྒུན་ཆང་གི་རྐྱལ་པ་བཅས་བོང་བུ་གཉིས་ལ་བཀལ་ནས་འཁྱེར་ཡོང་ངོ་། 2རྒྱལ་པོ་དཱ་བིད་ཀྱི་ཁོ་ལ། འདི་ཚོ་ཚང་མ་ཁྱོད་ཀྱིས་ག་རེ་དོན་དུ་འཁྱེར་ཡོང་བ་ཡིན་ནམ་ཞེས་བཀའ་འདྲི་གནང་བ་དང་། ཛི་བྷས་ལན་དུ། བོང་བུ་འདི་ཚོ་ནི་རྒྱལ་པོའི་ནང་མི་རྣམས་ཀྱི་ཆེད་དུ་ཡིན་པ་དང་། བག་ལེབ་དང་ཤིང་འབྲས་རྣམས་ནི་མི་ཚོའི་ཁ་ཟས་དང་རྒུན་ཆང་འདི་ནི་ཁོ་ཚོ་འབྲོག་སྟོང་དུ་ཐང་ཆད་ནས་བསྡད་སྐབས་འཐུང་བའི་ཆེད་དུ་ཡིན་ནོ་ཞེས་སྨྲས་སོ། 3རྒྱལ་པོས། ཁྱོད་ཀྱི་སྦྱིན་བདག་ས་ཨུལ་གྱི་ཚ་བོ་མེ་ཕི་བྷོ་ཤེད་དེ་གང་དུ་ཡོད་ཅེས་གསུངས་པ་དང་། ཛི་བྷས་ལན་དུ། ཁོང་ནི་ཡེ་རུ་ཤ་ལེམ་དུ་བཞུགས་ཡོད། ཨིསི་རཱཨེལ་པ་ཚོས་ཁོང་གི་པོ་བོ་ས་ཨུལ་གྱི་རྒྱལ་སྲིད་དེ་ཁོང་ལ་ཕྱིར་ལོག་སྤྲད་ཡོང་བསམ་ནས་བློ་གཏད་བྱེད་བཞིན་འདུག་ཞུས་པ་དང་། 4རྒྱལ་པོས་ཛི་བྷ་ལ། མེ་ཕི་བྷོ་ཤེད་ལ་གང་ཡོད་པ་ཚང་མ་ཁྱོད་ཀྱི་ཡིན་ཞེས་གསུངས་པ་དང་། ཛི་བྷས་ལན་དུ། ང་ནི་རྒྱལ་པོ་ཁྱེད་ཀྱི་བྲན་གཡོག་ཡིན། ངས་དུས་ཀུན་ཏུ་རྒྱལ་པོ་ཐུགས་མཉེས་པའི་ཞབས་ཕྱི་ཞུ་ཐུབ་པར་ཤོག་ཅེས་ཞུས་སོ།

དཱ་བིད་དང་ཤིམ་ཨི།

5དེ་ནས་རྒྱལ་པོ་དཱ་བིད་བྷ་ཧུ་རིམ་དུ་འབྱོར་བ་དང་། དེར་ས་ཨུལ་གྱི་ནང་མིའི་ཁོངས་ནས་གྷེ་རའི་བུ་ཤིམ་ཨི་ཟེར་བ་དེས་ཁོང་ལ་དམོད་པ་འདེབས་ཤིང་དེར་སླེབས་སོ། 6དཱ་བིད་ནི་རང་གི་དམག་མི་རྣམས་དང་སྐུ་སྲུང་པ་ཚོས་མཐའ་བསྐོར་ནས་ཡོད་རུང་། ཤིམ་ཨིས་དཱ་བིད་དང་ལས་བྱེད་པ་རྣམས་ལ་རྡོ་བཞུས་སོ། 7ཁོས་ཁོང་ལ་དམོད་པ་འདེབས་ཤིང་སྨྲས་པ། ཁྱོད་སྲོག་གཅོད་པ་ཁྲིམས་འགལ་ནག་ཉེས་ཅན། ཁྱོད་འདི་ནས་ཕར་སོང་ཞིག། 8ཁྱོད་ཀྱིས་ས་ཨུལ་གྱི་རྒྱལ་སྲིད་འཕྲོག་བཅོམ་བྱས་ཤིང་། ཁོང་གི་ནང་མི་མང་པོ་བསད་པའི་རྐྱེན་གྱིས། ད་ལྟ་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཉེས་ཆད་གནང་བཞིན་པ་ཡིན། གཙོ་བོ་དཀོན་མཆོག་གིས་ཁྱོད་ཀྱི་རྒྱལ་སྲིད་དེ་ཁྱོད་རའི་བུ་ཨབ་ས་ལོམ་གྱི་ལག་ཏུ་གནང་ཡོད་པས། སྲོག་གཅོད་པ་ཁྱོད་ནི་འཇིག་ཅིང་བརླག་པར་འགྱུར། 9ཛེ་རུ་ཡཱའི་བུ་ཨ་བྷི་ཤེས་རྒྱལ་པོ་ལ། རྒྱལ་པོ་ཆེན་པོ། ཤི་ཚར་བའི་ཁྱིས་ཁྱེད་ལ་དེ་བཞིན་དམོད་པ་འདེབས་བཅུག་པ་དེ་གང་ཡིན་ནམ། ང་ཕྱིན་ནས་ཁོའི་མགོ་དེ་བཅད་ཆོག་པའི་དབང་ཆ་གནང་དུ་གསོལ་ཞེས་ཞུས་སོ། 10ཨ་བྷི་ཤེ་དང་ཁོའི་སྤུན་ཡོ་ཨབ་ལ་རྒྱལ་པོས། ཁྱོད་ཚོས་བྱུས་ཏོག་དེ་འདྲ་བྱེད་མི་དགོས། གལ་སྲིད་གཙོ་བོ་དཀོན་མཆོག་གིས་ཁོ་ལ་དེ་ལྟ་བུའི་དམོད་པ་འདེབས་ཆོག་བའི་བཀའ་གནང་ཡོད་པ་ཡིན་ན། ཁོས་དེ་འདྲ་བྱས་པ་དེ་གང་ཡིན་ནམ་ཞེས་འདྲི་རྩད་བྱེད་པའི་དབང་ཆ་སུ་ལ་ཡོད་དམ་ཞེས་གསུངས་སོ། 11དེ་ནས་དཱ་བིད་ཀྱིས་ཨ་བྷི་ཤེ་དང་རང་གི་ལས་བྱེད་པ་རྣམས་ལ། ང་རང་གི་བུ་ངོ་མས་ང་ལ་གསོད་ཐབས་བྱེད་བཞིན་ཡོད་པ་ཡིན་ན། བྷེན་ཡ་མིན་པ་དེས་གང་བྱེད་པ་དེ་ལ་ཁྱོད་ཚོ་ཡ་མཚན་བྱེད་དགོས་པ་དེ་གང་ཡིན་ནམ། གཙོ་བོ་དཀོན་མཆོག་གིས་ཁོ་ལ་དམོད་པ་འདེབས་ཆོག་པའི་བཀའ་གནང་ཡོད་པ་ཡིན་པས། ཁོ་ལ་དེ་བཞིན་བྱེད་དུ་ཆུག་ཅིག 12གཅིག་བྱེད་ན་གཙོ་བོ་དཀོན་མཆོག་གིས་ངའི་སྡུག་བསྔལ་ལ་གཟིགས་ཏེ་ཁོའི་དམོད་པའི་ཚབ་ཏུ་ང་ལ་བྱིན་རླབས་ཀྱང་གནང་བར་སྲིད་ཅེས་གསུངས་སོ། 13དེ་ནས་དཱ་བིད་འཁོར་གཡོག་དང་བཅས་པ་རང་གི་ལམ་དུ་འགྲུལ་ཞིང་། ཤིམ་ཨི་ནི་རི་ཁུལ་གྱི་ལམ་བརྒྱུད་ནས་དེ་ཚོ་དང་མཉམ་དུ་ཕྱིན་པ་དང་། ཁོས་དེ་ཚོར་དམོད་པ་འདེབས་ཤིང་དེ་ཚོའི་ཐོག་ཏུ་ས་རྡོ་སོགས་དབྱུགས་བཞིན་ཕྱིན་པ་རེད། 14དེ་ཚོ་ཡོར་དན་དུ་སླེབས་དུས་རྒྱལ་པོ་དང་ཁོང་གི་འཁོར་གཡོག་ཚང་མ་ཧ་ཅང་ཐང་ཆད་ཅིང་། དེར་ཁོ་ཚོ་ངལ་གསོ་རྒྱབ་ནས་བསྡད་དོ༎

ཨབ་ས་ལོམ་ཡེ་རུ་ཤ་ལེམ་དུ་འབྱོར་བ།

15ཨབ་ས་ལོམ་དང་ཁོ་མཉམ་དུ་ཡོད་པའི་ཨིསི་རཱཨེལ་པ་ཚང་མ་ཡེ་རུ་ཤ་ལེམ་དུ་སླེབས་ཤིང་། ཡང་དེའི་ཁོངས་སུ་ཨ་ཧི་ཐོ་ཕེལ་ཡང་ཡོད་དོ། 16དཱ་བིད་ཀྱི་བློས་འཁེལ་བའི་གྲོགས་པོ་ཧུ་ཤའི་ཀྱིས་ཨབ་ས་ལོམ་ལ་འཕྲད་དུས་སྐད་ཤུགས་ཆེན་པོས། རྒྱལ་པོ་ཆེན་པོ་སྐུ་ཚེ་བརྟན་པར་ཤོག། རྒྱལ་པོ་ཆེན་པོ་སྐུ་ཚེ་བརྟན་པར་ཤོག་ཅེས་ཞུས་སོ། 17ཨབ་ས་ལོམ་གྱིས་ཁོ་ལ། དེ་སྔ་ཁྱོད་ཀྱི་གྲོགས་པོ་དཱ་བིད་ཀྱི་ཕྱོགས་སུ་ཡོད་པའི་ཁྱོད་ཀྱི་འཁུར་དང་ཞེན་སེམས་དེ་དག་ད་ལྟ་གང་དུ་ཕྱིན་པ་ཡིན་ནམ། ཁྱོད་ཁོ་དང་མཉམ་དུ་མ་ཕྱིན་པ་དེ་གང་ཡིན་ནམ་ཞེས་འདྲི་རྩད་བྱས་པས། 18ལན་དུ་ཧུ་ཤེའི་ཀྱིས། ང་ནི་ཇི་ལྟར་འགྲོ་ཐུབ་བམ། གཙོ་བོ་དཀོན་མཆོག་དང་ཁོང་གི་མི་འབངས་རྣམས་དང་། དེ་བཞིན་ཨིསི་རཱཨེལ་པ་ཡོངས་ཀྱིས་འདེམས་བསྐོས་མཛད་པའི་སྐྱེ་བོ་དེའི་ཕྱོགས་གཏོགས་སུ་ངའང་ཡོད་པ་མ་ཟད། ང་ནི་ཁོང་དང་མཉམ་དུ་གནས་རྒྱུ་ཡིན་ཏེ། 19གང་ལྟར་ཡིན་རུང་ང་ནི་རང་གི་སྦྱིན་བདག་དང་སྲས་ཀྱི་ཞབས་ཏོག་མ་ཞུས་པར་སུའི་ཞབས་ཏོག་ཞུ་བར་བྱ། སྔར་ངས་ཁྱེད་ཀྱི་ཡབ་ལ་ཞབས་ཏོག་ཞུས་པ་བཞིན་ད་ཁྱེད་ལའང་དེ་བཞིན་ཞབས་ཕྱི་ཞུ་རྒྱུ་ཡིན་ཞེས་སྨྲས་སོ། 20དེ་ནས་ཨབ་ས་ལོམ་ཨ་ཧི་ཐོ་ཕེལ་གྱི་ཕྱོགས་སུ་ཁ་སྒྱུར་ནས་སྨྲས་པ། ད་ང་ཚོའི་ལས་དོན་འཆར་གཞིའི་སྐོར་ཁྱེད་ཀྱིས་གྲོས་འཆར་གནང་རྒྱུ་གང་ཡོད་དམ་ཞེས་གསུངས་པས། 21ལན་དུ་ཨ་ཧི་ཐོ་ཕེལ་གྱིས། ད་ཁྱོད་ཕྱིན་ནས་ཕོ་བྲང་སྲུང་ཆར་བཞག་པའི་ཁྱོད་ཀྱི་ཕའི་ཟུར་གྲོགས་མ་རྣམས་དང་ལུས་འབྲེལ་བྱོས་ཤིག དེའི་རྐྱེན་གྱིས་ཁྱོད་ཀྱི་ཕས་ཁྱོད་ལ་རང་གི་དགྲ་བོར་ངོས་འཛིན་བྱེད་པ་དེ། ཨིསི་རཱཨེལ་དུ་ཡོད་པའི་མི་ཚང་མས་ཤེས་པར་འགྱུར། ཡང་དེ་ལྟར་བྱས་པའི་སྒོ་ནས་ཁྱོད་ཀྱི་རྗེས་སུ་འབྲངས་མཁན་མི་ཚང་མར་སེམས་ཤུགས་སྐྱེད་དགོས་པའི་རྒྱུ་ཞིག་ཏུ་འགྱུར་ཡོང་ཞེས་སྨྲས་སོ། 22དེ་ནས་ཁོ་ཚོས་ཨབ་ས་ལོམ་གྱི་དོན་དུ་ཕོ་བྲང་གི་ཐོག་ཁར་གུར་ཞིག་ཕུབ་ནས། མི་ཚང་མས་མཐོང་སར་ཨབ་ས་ལོམ་ནང་དུ་ཕྱིན་ནས་རང་གི་ཕའི་ཟུར་གྲོགས་མ་རྣམས་དང་ཉལ་ནས་ལུས་འབྲེལ་བྱས་སོ། 23སྐབས་དེར་ཨ་ཧི་ཐོ་ཕེལ་གྱིས་གྲོས་ཆར་བཤད་ཚད་ཚང་མ་དཀོན་མཆོག་གིས་བཀའ་དང་དབྱེར་མེད་པར་ཚང་མས་ངོས་འཛིན་ཞུ་གི་ཡོད་པས། དཱ་བིད་དང་ཨབ་ས་ལོམ་གཉིས་ཀྱང་ཁོང་གི་གྲོས་འཆར་ལ་ཉན་གྱི་ཡོད་པ་ཡིན་ནོ༎

ཤ་མུ་ཨེལ་གཉིས་པ 17

ཧུ་ཤེའི་ཀྱིས་ཨབ་ས་ལོམ་ལ་ལམ་ནོར་དུ་འཁྲིད་པ།

1དུས་རིང་མ་སོང་བར་ཨ་ཧི་ཐོ་ཕེལ་གྱིས་ཨབ་ས་ལོམ་ལ། ང་ལ་མི་ ༡༢,༠༠༠ འདེམས་སྒྲུག་བྱེད་ཆོག་པའི་བཀའ་གནོང་ཞིག་དང་། ང་དོ་དགོང་རང་དཱ་བིད་ལ་རྗེས་འདེད་བྱེད་ཕྱིར་ཕྱིན་ཏེ། 2ཁོ་ལུས་ཐང་ཆད་དེ་བསྡད་པའི་སྐབས་སུ་ངས་ཁོང་ལ་འཐབ་རྒོལ་བྱེད་ཀྱི་ཡིན། དེས་ཁོ་སེམས་ཤུགས་ཉམས་ནས་འཇིགས་སྐྲག་བསྐྱེད་དེ་ཁོའི་མི་ཚང་མ་བྲོས་པར་འགྱུར། ངས་རྒྱལ་པོ་གཅིག་པོར་བསད་རྒྱུ་ཡིན་ནོ། 3ཁོའི་མི་ཚང་མ་མནའ་མ་རང་གི་ཁྱོའི་རྩར་ཡོང་བ་བཞིན་ངས་དེ་ཚོ་ཁྱེད་ཀྱི་རྩར་འཁྲིད་ཡོང་རྒྱུ་ཡིན། ཁྱེད་ཀྱིས་མི་གཅིག་མ་གཏོགས་གསོད་མི་རུང་། དེ་བྱིངས་ཚང་མ་ཉེན་མེད་གནོད་འཚེ་གང་ཡང་མེད་པར་འགྱུར་ཞེས་སྨྲས་སོ། 4གྲོས་གཞི་དེ་ལ་ཨབ་ས་ལོམ་དང་ཨིསི་རཱཨེལ་གྱི་འགོ་དཔོན་ཚང་མས་མོས་མཐུན་བྱས་སོ། 5ཨབ་ས་ལོམ་གྱིས། ད་ཧུ་ཤའི་ལ་བོས་ཤིག། ཁོས་བསམ་འཆར་གང་བཤད་པ་དེ་ལ་ང་ཚོས་ཉན་དགོས་ཅེས་སྨྲས་པ་དང་། 6ཧུ་ཤའི་དེར་སླེབས་པ་དང་ཨབ་ས་ལོམ་གྱིས་སྨྲས་པ། ཨ་ཧི་ཐོ་ཕེལ་གྱིས་ང་ཚོ་ལ་གྲོས་གཞི་འདི་ལྟར་སྟོན་བྱུང་བས། ང་ཚོས་དེ་བཞིན་བྱེད་ན་ལེགས་སམ། གལ་སྲིད་མི་ལེགས་པ་ཡིན་ན། དེ་མིན་ང་ཚོས་གང་བྱེད་དགོས་པའི་སྐོར་ཁྱེད་ཀྱིས་ང་ཚོར་ཤོད་ཅིག 7ལན་དུ་ཧུ་ཤའི་ཀྱིས། ད་ལམ་ཨ་ཧི་ཐོ་ཕེལ་གྱིས་ཁྱེད་ལ་གྲོས་འཆར་བསྟན་པ་དེ་མི་བདེན་ནོ། 8ཁྱེད་ཀྱི་ཕ་དཱ་བིད་དང་ཁོང་གི་མི་རྣམས་ནི་རྩལ་མཁས་པ་དང། དེ་ཚོ་ནི་དོམ་ཕྲུག་འཕྲོག་པའི་ཨ་མ་དང་མཚུངས་པ་འཇིགས་རུང་ཆེ་ཞིང་། ཁྱེད་ཀྱི་ཕ་ནི་དམག་མི་ཉམས་མྱོང་ཅན་ཞིག་ཡིན་པས། མཚན་མོར་རང་གི་མི་རྣམས་གྱི་ཁྲོད་དུ་མི་གནས་སོ། 9ད་ལྟ་ཁོང་ནི་ཕལ་ཆེར་བྲག་ཕུག་ཁུལ་དང་ས་གནས་གང་ཞིག་ཏུ་གབ་ནས་བསྡད་ཡོད་འགྲོ། དཱ་བིད་ཀྱིས་ཁྱེད་ཀྱི་དམག་མི་རྣམས་ལ་འཐབ་རྒོལ་བྱེད་མ་ཐག་ཏུ། སུས་ཀྱང་གནས་ཚུལ་དེ་ལྟར་ཐོས་མཁན་དེས་ཁྱེད་ཀྱི་དམག་མི་རྣམས་འཕམ་བཞག་ཅེས་སྨྲས་པར་འགྱུར། 10དེ་ནས་སེང་གེ་དང་འདྲ་བའི་སྐྱེ་བོ་བློ་སྟོབས་ཆེན་པོ་གང་འདྲ་ཞིག་ཡིན་རུང་དེ་ཚོ་འཇིགས་པར་འགྱུར། གང་ལགས་ཟེར་ན། ཨིསི་རཱཨེལ་དུ་ཡོད་པའི་མི་ཚང་མས་ཁྱེད་ཀྱི་ཕ་ནི་དཔའ་རྩལ་ལྡན་པའི་དམག་མི་ཞིག་ཡིན་པ་དང་། དེ་བཞིན་ཁོང་གི་དམག་མི་རྣམས་ནི་དམག་རྩལ་མཁས་པའི་མི་རྣམས་ཡིན་པ་དེ་ཤེས་ཀྱི་ཡོད་པས། 11ངས་ཁྱེད་ལ་གྲོས་འཆར་འབུལ་རྒྱུ་ནི། ཡུལ་གྱི་མཐའ་མཚམས་གཅིག་ནས་གཞན་བར་དུ་ཡོད་པའི་ཨིསི་རཱཨེལ་པ་རྣམས་ཕྱོགས་གཅིག་ཏུ་བསྡུ་བཀོང་བྱོས་ཤིག དེ་ཚོའི་ཁ་གྲངས་ནི་རྒྱ་མཚོའི་འགྲམ་དུ་ཡོད་པའི་བྱེ་མ་བཞིན་དུ་གྲངས་ལས་འདས་ཤིང་། ཡང་ཁྱེད་ཉིད་རང་ནས་ང་ཚོའི་འགོ་འཁྲིད་བྱེད་དེ་དམག་སར་འཁྲིད་དགོས། 12དཱ་བིད་གང་དུ་ཡོད་ནའང་ང་ཚོས་ཁོང་ལ་འཚོལ་ཏེ་བཏོན་རྒྱུ་ཡིན་པ་དང་། གནས་ཚུལ་གང་བྱུང་སྐོར་མ་ཤེས་སྔོན་དུ་ང་ཚོས་ཁོང་གི་ཐོག་ཏུ་བློ་བུར་འཐབ་རྒོལ་བྱེད་རྒྱུ་ཡིན། དེ་ནས་ཁོང་དང་ཁོང་གི་མི་རྣམས་ཁོངས་ནས་སུའང་གསོན་པོར་ལུས་པར་མི་འགྱུར། 13ཁོང་ནི་རང་ཉིད་སྲུང་སྐྱོབ་བྱེད་ཕྱིར་གྲོང་ཁྱེར་ཞིག་ཏུ་འཛུལ་བ་ཡིན་ན། ང་ཚོའི་མི་ཚང་མས་གྲོང་ཁྱེར་དེ་ཐག་པའི་བསྡམས་ནས་ལུང་གཤོང་དུ་མར་འདྲུད་རྒྱུ་ཡིན་པས། རི་བོའི་སྟེང་དུ་རྡོ་གཅིག་ཀྱང་ལུས་པར་མི་འགྱུར་རོ། 14དེ་ནས་ཨབ་ཤ་ལོམ་དང་ཨིསི་རཱཨེལ་པ་ཚང་མས། ཨ་ཧི་ཏོ་ཕེལ་གྱི་གྲོས་འཆར་ལས་ཧུ་ཤ་ཡེའི་གྲོས་འཆར་དེ་ལེགས་པ་འདུག་ཅེས་སྨྲས་སོ། ཨབ་ཤ་ལོམ་ལ་བྱུས་ཉེས་ཡོང་བའི་ཆེད་དུ། ཨ་ཧི་ཏོ་ཕེལ་གྱི་གྲོས་འཆར་བཟང་པོ་དེར་རྩིས་སྲུང་ཆ་འཇོག་མེད་པ་བཟོ་རྒྱུའི་ཕྱིར་གཙོ་བོ་དཀོན་མཆོག་གིས་ཐུག་ཐག་བཅད་གནང་བ་ཡིན་ནོ༎

དཱ་བིད་ཀྱིས་ཟོན་བརྡ་དེ་ཐོས་ནས་བྲོས་པ།

15དེ་ནས་ཧུ་ཤའི་ཀྱིས་བླ་མ་ཛ་དཱོག་དང་ཨ་བྷི་ཡ་ཐར་གཉིས་ལ། ཁོས་ཨབ་ས་ལོམ་དང་ཨིསི་རཱཨེལ་གྱི་འགོ་དཔོན་རྣམས་ལ་གྲོས་འཆར་གང་བསྟན་པ་དང་། དེ་བཞིན་ཨ་ཧི་ཐོ་ཕེལ་གྱིས་གྲོས་སྟོན་གང་བྱས་པའི་སྐོར་ལའང་བཤད་དོ། 16ཧུ་ཤའི་ཀྱིས་ད་མགྱོགས་པོ་བྱེད་དེ་དཱ་བིད་ལ་ལོན་ཞིག་བསྐུར་ནས། འབྲོག་སྟོང་དུ་ཡོད་པའི་ཆུ་འཛོམས་སུ་མཚན་མོར་མ་བསྡད་པར། ལམ་སང་གཙང་པོ་ཡོར་དན་རྒལ་ནས་ཡོང་དགོས། དེ་ལྟར་བྱེད་པ་ཡིན་ན་ཁོ་དང་ཁོའི་འཁོར་གཡོག་རྣམས་འཛིན་བཟུང་མི་འཐེབ་པར་འཆི་བ་ལས་ཐར་བར་འགྱུར་ཞེས་སྨྲོས་ཤིག 17ཨ་བྷི་ཡ་ཐར་གྱི་བུ་ཡོ་ན་ཐན་དང་ཛ་དཱོག་གི་བུ་ཨ་ཧི་མཱཛ་ནི་ཡེ་རུ་ཤ་ལེམ་གྱི་མཐའ་རུ་ཡོད་པའི་ཨེན་རོ་གྷེལ་ཞེས་པའི་གྲོག་ཆུའི་འགྲམ་དུ་སྒུག་ནས་བསྡད་ཡོད་དོ། གང་ལགས་ཟེར་ན། ཁོ་ཚོ་གྲོང་ཁྱེར་ནང་དུ་འགྲོ་བཞིན་པ་དེ་སུས་ཀྱང་མ་མཐོང་བའི་ཐབས་བྱེད་ཀྱི་ཡོད་པ་ཡིན་ནོ། གཡོག་མོ་ཞིག་ཉིན་ལྟར་ཡོང་ནས་གནས་ཚུལ་གང་བྱུང་སྐོར་ཁོ་ལ་བཤད་པ་བཞིན། ཁོ་ཚོས་ཀྱང་རྒྱལ་པོ་དཱ་བིད་ལ་གནས་ཚུལ་དེ་དག་བཤད་ཀྱི་ཡོད་དོ། 18འོན་ཀྱང་ཉིན་ཞིག་བུ་ཞིག་གིས་དེ་ཚོར་མཐོང་ནས་ཨབ་ས་ལོམ་ལ་བཤད་པས། དེ་ཚོ་བྷ་ཧུ་རིམ་དུ་གནས་སྡོད་བྱེད་མཁན་མི་ཞིག་གི་ཁང་ཁྱིམ་དུ་གབ་ཕྱིར་བྲེལ་འཚུབ་ཆེན་པོས་ཕྱིན་ནོ། ཁོའི་ཁང་པའི་འགྲམ་དུ་ཁྲོན་པ་ཞིག་ཡོད་པས། དེ་ཚོ་དེའི་ནང་དུ་འཛུལ་ལོ། 19མི་དེའི་ཆུང་མས་ཁྲོན་པ་དེའི་ཐོག་ཏུ་ཁེབས་ཤིག་བརྒྱབས་ཏེ། དེར་སུས་ཀྱང་དོ་སྣང་མ་བྱེད་པའི་ཕྱིར་དེའི་ཁར་འབྲུ་སོགས་བཀྲམས་ནས་བཞགས་སོ། 20དེ་ནས་ཨབ་ས་ལོམ་གྱི་ལས་བྱེད་པ་ཚོ་ཁང་པ་དེར་སླེབས་ནས་བུད་མེད་དེ་ལ། ཨ་ཧི་མཱཛ་དང་ཡོ་ན་ཐན་གཉིས་གང་དུ་ཡོད་ཅེས་འདྲི་རྩད་བྱས་པ་དང་། ལན་དུ་བུད་མེད་དེས། ཁོ་གཉིས་ནི་གཙང་པོ་རྒལ་ནས་ཕྱིན་ཚར་སོང་ཞེས་སྨྲས་སོ། ཨབ་ས་ལོམ་གྱི་མི་ཚོས་ཁོ་གཉིས་ལ་འཚོལ་ཀྱང་མ་རྙེད་པ་དང། ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་བྱས་སོ། 21ཁོ་ཚོ་ཕྱིན་པའི་རྗེས་སུ་ཨ་ཧི་མཱཛ་དང་ཡོ་ན་ཐན་གཉིས་ཁྲོན་པ་ནས་ཡར་ཐོན་ཏེ། རྒྱལ་པོ་དཱ་བིད་ཀྱི་རྩར་ཕྱིན་ནས་གནས་ཚུལ་དེ་ཚོ་ཞུས་སོ། ཨ་ཧི་ཐོ་ཕེལ་གྱིས་རྒྱལ་པོར་བྱུས་ངན་གང་བརྩམས་པའི་སྐོར་ཁོང་ལ་ཞུས་པའི་རྗེས་སུ། ད་གང་མྱུར་གཙང་པོ་རྒལ་ནས་ཕེབས་པར་མཛོད་ཅེས་ཞུས་སོ། 22དཱ་བིད་རང་གི་འཁོར་གཡོག་དང་བཅས་པ་ཡོར་དན་རྒལ་ནས་ཉི་ཤར་གོང་དུ་དེ་ཚོ་ཕར་ཕྱོགས་ལ་བསླེབས་སོ། 23རང་གི་གྲོས་འཆར་ལ་བརྩི་སྲུང་མེད་པ་མཐོང་ནས་ཨ་ཧི་ཐོ་ཕེལ་གྱིས་རང་གི་བོང་བུར་སྒ་བརྒྱབ་སྟེ་སོ་སོའི་གྲོང་ཁྱེར་དུ་ཕྱིར་ལོག་བྱས་སོ། སོ་སོའི་ལས་དོན་ཚང་མ་ལེགས་འགྲུབ་ཟིན་པའི་རྗེས་སུ་རང་ཉིད་སྐེ་ལ་ཐག་པ་བསྡམས་ནས་ཤི་བ་དང་། ཁོའི་ཕུང་པོ་དེ་སོ་སོའི་ནང་མིའི་དུར་དུ་སྦས་སོ། 24དེ་ནས་ཨབ་ས་ལོམ་དང་ཨིསི་རཱཨེལ་པ་རྣམས་གཙང་པོ་ཡོར་དན་རྒལ་བའི་སྐབས་སུ་དཱ་བིད་ནི་གྲོང་ཁྱེར་མ་ཧ་ནེམ་དུ་འབྱོར་ཟིན་ཡོད་དོ། 25(ཨབ་ས་ལོམ་གྱིས་ཡོ་ཨབ་ཀྱི་ཚབ་ཏུ་ཨ་མ་ས་ལ་དམག་སྤྱིར་བསྐོས་ཤིང་། ཨ་མ་ས་ནི་ཨིཤ་མ་ཨེལ་པ་ཡེ་ཐེར་གྱི་བུ་ཡིན་པ་དང་། ཁོའི་མ་ནི་ཨ་བྷི་གེལ་ཡིན་ནོ། ཨ་བྷི་གེལ་ནི་ན་ཧཤེའི་བུ་མོ་ཡིན་པ་དང་། ཡོ་ཨབ་ཀྱི་ཨ་མ་ཛེ་རུ་ཡཱའི་ནུ་མོ་ཡིན་ནོ།) 26དེ་ནས་ཨབ་ས་ལོམ་དང་ཁོའི་དམག་མི་རྣམས་ཀྱིས་གྷིལ་ཨད་ཡུལ་དུ་སྒར་ས་རྒྱབ་ནས་བསྡད་དོ། 27དཱ་བིད་མ་ཧ་ནེམ་དུ་འབྱོར་དུས། ཁོང་ལ་དགའ་བསུའི་སྣེ་ལེན་ཞུ་ཕྱིར་ཨམ་མོན་གྱི་གྲོང་ཁྱེར་རབ་བཱ་ནས་ན་ཧཤེའི་བུ་ཤོ་བི་དང་། ལོ་དྷི་བར་ནས་ཨམ་མི་ཨེལ་གྱི་བུ་མ་ཀིར་དང་། གྷིལ་ཨད་ཀྱི་རོ་གེ་ལིམ་ནས་བྷར་ཛི་ལའི་བཅས་ཡོང་ངོ་། 28-29དེ་ཚོ་དཱ་བིད་དང་ཁོང་གི་མི་རྣམས་ཀྱི་དོན་དུ་ཕོར་པ་དང་རྫ་སྣོད་སོགས་དང་། མལ་ཆས་དང་ཁ་ཟས་སོགས་འཁྱེར་ཡོང་བ་དང། དེ་བཞིན་གྲོ་དང་། ནས་དང་། ཡོས་བརྔོས་འབྲུ་རིགས་སོགས་དང་། སྲན་མ་དང་། སྦྲང་རྩི་དང་། ཐུད་དང་འོ་མའི་སྤྲི་དང་ལུག་སོགས་འཁྱེར་ཡོང་བ་ཡིན་ནོ། དཱ་བིད་དང་ཁོང་གི་མི་རྣམས་འབྲོག་སྟོང་ཁུལ་དུ་ལྟོགས་སྐོམ་གྱིས་ལུས་ཐང་ཆད་ནས་ཡོད་པ་ཁོ་ཚོས་ཤེས་རྟོགས་བྱས་སོ༎

ཤ་མུ་ཨེལ་གཉིས་པ 18

ཨབ་ས་ལོམ་འཕམ་པ་དང་བསད་པ།

1རྒྱལ་པོ་དཱ་བིད་ཀྱིས་རང་གི་མི་ཚང་མར་ཕྱོགས་གཅིག་ཏུ་བཀོང་ནས། དེ་ཚོར་ ༡, ༠༠༠ དང་ ༡༠༠ རེ་རེའི་ཚོགས་ཁག་བཟོས་ཏེ། ཚོགས་ཁག་དེ་ཚོའི་ཁར་དམག་དཔོན་རྣམས་བསྐོ་གཞག་བྱས་སོ། 2དེ་རྗེས་དམག་མི་དེ་ཚོ་སྡེ་ཁག་གསུམ་ལ་ཆ་བགོས་བྱས་ནས། ཡོ་ཨབ་དང་ཁོའི་སྤུན་ཨ་བྷི་ཤེ་དང་གྷད་ནས་ཡིན་པའི་ཨི་ཏེ་བཅས་སྡེ་ཁག་དེ་ཚོར་འགོ་དཔོན་དུ་བསྐོས་ཏེ། རྒྱལ་པོས་རང་གི་དམག་མི་རྣམས་ལ། ང་རང་ཉིད་ཁྱོད་ཚོ་དང་མཉམ་དུ་འགྲོ་གི་ཡིན་ཞེས་གསུངས་པ་རེད། 3དེའི་ལན་དུ་ཁོ་ཚོས། ཁྱེད་རང་ང་ཚོ་དང་མཉམ་དུ་ཕེབས་མི་དགོས། གལ་ཏེ་ང་ཚོ་ཕྱི་ནུར་རྒྱབ་ཏེ་བྲོས་དགོས་བྱུང་ནའང་། ཡང་ན་ང་ཚོའི་དམག་ཚོགས་ཕྱེད་ཀ་ཙམ་བསད་པ་ཡིན་ནའང་། དེས་དགྲ་བོ་ལ་ཁྱད་པར་གང་ཡང་འབྱུང་མི་ཡོང་། འོན་ཀྱང་ཁྱེད་ནི་དམག་མི་ཁྲི་ཚོགས་དང་མཚུངས་པ་ཡིན་པས། ཁྱེད་གྲོང་ཁྱེར་རང་དུ་བཞུགས་ནས་ང་ཚོ་ལ་དཔུང་གྲོགས་གནང་ན་ལེགས་པ་འདུག་ཅེས་ཞུས་སོ། 4དེ་ནས་རྒྱལ་པོས་དེ་ཚོ་ལ། ཁྱོད་ཚོའི་སེམས་ལ་གང་ལེགས་པ་དེ་རང་ངས་བྱའོ་ཞེས་གསུངས་ཏེ། ཁོང་རྒྱལ་སྒོའི་འགྲམ་དུ་བཞེངས་ནས་བཞུགས་པ་དང་། དམག་མི་རྣམས་སྟོང་ཕྲག་རེ་དང་བརྒྱ་ཕྲག་རེ་རེའི་ཚོགས་ཁག་བྱས་ཏེ། དེ་ནས་ཕྱིར་ཐོན་ནོ། 5དེ་ནས་ཁོང་གིས་ཡོ་ཨབ་དང་ཨ་བྷི་ཤེ་དང་ཨི་ཏེ་ལ་བཀའ་བཀོད་གནང་གསལ། ཁྱོད་ཚོས་ངའི་ངོ་ལ་བསྟན་ནས་གཞོན་ནུ་ཨབ་ས་ལོམ་ལ་གནོད་འཚེ་མ་བྱེད་ཅིག དཱ་བིད་ཀྱོས་རང་གི་དམག་དཔོན་རྣམས་ལ་དེ་བཞིན་བཀའ་བསྒོས་གནང་བ་དམག་མི་ཚང་མས་ཐོས་སོ། 6དཱ་བིད་ཀྱི་དམག་མི་རྣམས་གྲོང་གསེབ་ཀྱི་ཕྱོགས་སུ་ཐོན་ཏེ། ཨེཕ་ར་ཡིམ་གྱི་ཤིང་ནགས་སུ་ཨིསི་རཱཨེལ་པ་རྣམས་དང་འཐབ་རྒོལ་བྱུང་ཞིང་། 7དཱ་བིད་ཀྱི་དམག་མིས་ཨིསི་རཱཨེལ་པ་རྣམས་འཕམ་པར་བྱས་སོ། དེ་ཉིན་དམག་འཁྲུགས་ཤུགས་ཆེན་པོ་བྱུང་བའི་རྐྱེན་གྱིས་ཨིསི་རཱཨེལ་པ་ ༢༠,༠༠༠ ཙམ་ལ་སྲོག་སྐྱོན་བྱུང་ཞིང་། 8དམག་འཁྲུགས་དེ་ནི་གྲོང་གསེབ་ཁུལ་དུ་ཁྱབ་འཕེལ་ཕྱིན་ཏེ། དམག་སར་བསད་པ་ལས་ཀྱང་ཤིང་ནགས་ཁུལ་དུ་མི་མང་བ་ཤི་དགོས་བྱུང་ངོ་། 9ཨབ་ས་ལོམ་གྱིས་དཱ་བིད་ཀྱི་མི་འགའ་ཤས་ལ་བློ་བུར་དུ་འཕྲད་པ་དང་། སྐབས་དེར་ཨབ་ས་ལོམ་ནི་དྲེལ་ཞིག་གི་ཁར་ཞོན་ཡོད་པས། དྲེའུ་དེ་བེ་ཤིང་ཆེན་པོ་ཞིག་གི་འོག་ནས་འགྲོ་དུས་ཨབ་ས་ལོམ་གྱི་མགོའི་སྐྲ་དེ་ཤིང་དེའི་ཡལ་གར་འཁོན་པ་དང་། དྲེལ་དེ་ནི་རྒྱུགས་ཕྱིན་པས། ཨབ་ས་ལོམ་ཤིང་གི་ཡལ་གར་འཁོན་ནས་གནམ་ལ་འཕྱར་ཞིང་ལུས་སོ། 10དཱ་བིད་ཀྱི་མི་ཞིག་གིས་ཁོང་མཐོང་ནས་ཡོ་ཨབ་ལ། ངས་ཨབ་ས་ལོམ་ལ་བེ་ཤིང་ཞིག་གི་ཁར་འཁོན་ནས་བསྡད་ཡོད་པ་མཐོང་བྱུང་ཞེས་ཞུས་པ་དང་། 11དེའི་ལན་དུ་ཡོ་ཨབ་ཀྱིས། ཁྱོད་ཀྱིས་ཁོ་མཐོང་བ་ཡིན་ན། དེ་ཀ་རང་དུ་ཁོ་མ་བསད་པ་གང་ཡིན་ནམ། ངས་རང་ཉིད་ཀྱི་ཕྱོགས་ནས་ཁྱོད་ལ་དངུལ་དུམ་བུ་བཅུ་དང་དམག་མིའི་སྐེ་རགས་གཅིག་སྤྲད་པ་ཡོད་ཅེས་སྨྲས་སོ། 12འོན་ཀྱང་མི་དེས་ཡོ་ཨབ་ལ། ཁྱེད་ཀྱིས་ང་ལ་དངུལ་དུམ་བུ་ ༡,༠༠༠ གཅིག་སྤྲད་པ་ཡིན་ནའང་། ངས་རྒྱལ་པོའི་སྲས་ཀྱི་ཕྱོགས་སུ་མཛུབ་མོ་ཙམ་ཡང་འདེགས་པར་མི་བྱེད། རྒྱལ་པོས། ངའི་ངོ་ལ་བསྟན་ནས་གཞོན་ནུ་ཨབ་ས་ལོམ་ལ་གནོད་འཚེ་གང་ཡང་མ་བྱེད་ཅིག་ཅེས་ཁྱེད་དང་ཨ་བྷི་ཤེ་དང་ཨི་ཏེ་བཅས་ལ་བཀའ་གནང་བ་དེ་ང་ཚོ་ཚང་མས་ཐོས་ཡོད། 13གལ་ཏེ་ངས་རྒྱལ་པོའི་བཀའ་ལ་མ་ཉན་པར་ཨབ་ས་ལོམ་བསད་པ་ཡིན་ནའང་། རྒྱལ་པོའི་དེའི་སྐོར་གྱི་གནས་ཚུལ་མ་ཐོས་པ་དང་ཡང་སྐབས་དེར་ཁྱེད་ཀྱིས་ང་ལ་སྲུང་སྐྱོབས་གནང་ཐུབ་པ་མེད། 14དེ་ནས་ཡོ་ཨབ་ཀྱིས། ད་ངས་ཁྱོད་དང་མཉམ་དུ་དོན་མེད་གླེང་མོལ་བྱེད་དེ་དུས་ཚོད་འཕྲོ་བརླག་གཏོང་གི་མིན་ཞེས་སྨྲས་སོ། དེ་ནས་ཁོང་གིས་མདུང་གསུམ་བླངས་ནས། གསོན་པོར་བེ་ཤིང་ཁར་འཁོན་ཡོད་པའི་ཨབ་ས་ལོམ་གྱི་བྲང་ལ་བཙུགས་པ་དང་། 15ཡོ་ཨབ་ཀྱི་དམག་མི་བཅུས་ཨབ་ས་ལོམ་དང་ཉེ་བར་སླེབས་ནས་ཁོ་བསད་དོ། 16དེ་ནས་ཡོ་ཨབ་ཀྱི་དམག་འཐབ་འཚམས་འཇོགས་བྱེད་ཕྱིར་དམག་དུང་འབུད་དགོས་པའི་བཀའ་གནང་བ་དང་། ཁོང་གི་དམག་མི་ཚོས་ཨིསི་རཱཨེལ་པ་རྣམས་ཕྱིར་སྐྲོད་བྱས་རྒྱུ་བཞག་ནས་ཕྱིར་ལོག་ཡོང་ངོ་། 17དེ་ཚོས་ཨབ་ས་ལོམ་གྱི་ཕུང་པོ་དེ་མར་སྤབ་ནས་ཤིང་ནགས་སུ་ས་དོང་གཏིང་རིང་ཞིག་གི་ནང་དུ་དབྱུགས་ཏེ། དེའི་ཁར་རྡོ་མང་པོས་བཀབ་ནས་བཞག་གོ། ཨིསི་རཱཨེལ་པ་ཚང་མ་བྲོས་ཏེ་རང་རང་སོ་སོའི་ནང་དུ་ལོག་ཕྱིན་ནོ། 18རང་ཉིད་གསོན་པོར་ཡོད་དུས་ཨབ་ཤ་ལོམ་གྱིས་རྒྱལ་པོའི་ལུང་གཤོང་དུ་རང་གི་དྲན་རྟེན་ཞིག་བཟོས་ཡོད་དོ། གང་ལགས་ཟེར་ན། མ་འོངས་པར་རང་གི་མིང་བཤུལ་འཛིན་མཁན་བུ་གཅིག་ཀྱང་མེད་པས་ཕྱིར་རོ། ཁོང་གིས་དྲན་རྟེན་དེ་ནི་སོ་སོའི་མིང་ཐོག་རང་དུ་བཞག་ཡོད་པས། དེ་རིང་གི་བར་དུའང་གནས་དེའི་མིང་ལ་ཨབ་ཤ་ལོམ་གྱི་དྲན་རྟེན་ཞེས་བརྗོད་ཀྱི་ཡོད་པ་ཡིན་ནོ༎

དཱ་བིད་ལ་ཨབ་ས་ལོམ་ཤི་བའི་སྐོར་བཤད་པ།

19དེ་ནས་ཛ་དཱོག་གི་བུ་ཨ་ཧི་མཱ་སེས་ཡོ་ཨབ་ལ། གཙོ་བོ་དཀོན་མཆོག་གིས་རྒྱལ་པོ་ལ་རང་གི་དགྲ་བོ་རྣམས་ལས་སྐྱབས་གནང་མཛད་ཡོད་ཅེས་པའི་འཕྲིན་བཟང་དེ་སྙན་མགྲོན་ཞུ་ཕྱིར། རྒྱལ་པོའི་དྲུང་དུ་ང་རྒྱུག་ནས་འགྲོ་ཆོག་པའི་བཀའ་གནང་བར་མཛོད་ཞུས་པ་དང་། 20ཡོ་ཨབ་ཀྱིས། དེ་རིང་ཁྱོད་ཀྱིས་འཕྲིན་བཟང་གང་འདྲ་ཞིག་ཀྱང་འཁྱེར་མི་དགོས། ཉིན་ཞག་རྗེས་མར་འཕྲིན་བཟང་དེ་བསྐྱལ་ནའང་ཆོག འོན་ཀྱང་དེ་རིང་ཁྱོད་ཀྱིས་དེ་ལྟར་མ་བྱེད་ཅིག གང་ལགས་ཟེར་ན། དེ་རིང་རྒྱལ་སྲས་གྲོངས་ཡོད་པའི་ཕྱིར་རོ་ཞེས་སྨྲས་སོ། 21དེ་ནས་ཁོང་གིས་ཨི་ཐི་ཨོ་པི་ཡ་ཡུལ་ནས་ཡིན་པའི་རང་གི་བྲན་གཡོག་ཅིག་ལ། ད་ཁྱོད་ཀྱིས་གང་མཐོང་བ་དེ་རྒྱལ་པོ་ལ་ཞུས་ཤིག་ཅེས་གསུངས་པ་དང་། བྲན་གཡོག་དེ་མགོ་བོ་སྒུར་ཏེ་རྒྱུག་ཅིང་ཐོན་ཕྱིན་ནས། 22ཨ་ཧི་མའ་སིས་ཡང་སྐྱར་ཨུ་ཚུགས་བྱེད་དེ་སྨྲས་པ། གནས་ཚུལ་བཟང་ངན་གང་བྱུང་ནའང་ངས་འཕྲིན་དེ་འཁྱེར་ནས་འགྲོ་གི་ཡིན། དེར་ཡོ་ཨབ་ཀྱིས། ཀྱེ་ངའི་བུ། ཁྱོད་ཀྱིས་དེ་ལྟར་བྱེད་འདོད་བྱེད་དགོས་པ་དེ་གང་ཡིན་ནམ། དེར་ཁྱོད་ལ་བྱ་དགའ་སོགས་ནི་གང་ཡང་ཐོབ་མི་ཡོང་ཞེས་སྨྲས་ཀྱང་། 23ཨ་ཧི་མཱསིས། སླར་ཡང་སྨྲས་པ། གནས་ཚུལ་བཟང་ངན་གང་འདྲ་ཞིག་བྱུང་རུང་ང་ནི་ངེས་པར་དུ་འགྲོ་གི་ཡིན། འོ་ན་སོང་ཞིག་ཅེས་ཡོ་ཨབ་ཀྱིས་སྨྲས་པ་དང་། ཨ་ཧི་མཱསི་ཡོར་དན་ལུང་གཤོང་བརྒྱུད་དེ་ལམ་ཐུར་དུ་མར་རྒྱུག་སྟེ། མྱུར་བར་བྲན་གཡོག་དེའི་སྔོན་དུ་ཕྱིན་ནོ། 24ཡང་དཱ་བིད་ནི་གྲོང་ཁྱེར་གྱི་རྒྱལ་སྒོ་ཕྱི་ནང་གཉིས་ཀྱི་བར་ལ་བཞུགས་ཡོད་པ་དང་། ས་སྲུང་པ་དེ་ལྕགས་རིའི་རྩེ་མོར་འཛེགས་ཏེ་རྒྱལ་སྒོའི་ཐོག་ཀར་ལང་ནས་བལྟས་པས། ཁོས་མི་ཞིག་རྒྱུག་ནས་ཡོང་བཞིན་པ་མཐོང་བ་དང་། 25ཁོས་དེའི་སྐོར་སྐད་ཤུགས་ཆེན་པོས་རྒྱལ་པོ་ལ་ཞུས་པས། རྒྱལ་པོས། གལ་ཏེ་མི་གཅིག་རང་ཡིན་ན་དེས་འཕྲིན་བཟང་པོ་ཞིག་འཁྱེར་ཡོང་བ་ཡིན་ཞེས་གསུངས་སོ། དེ་ནས་བང་ཆེན་དེ་ཐག་ཉེ་བར་སླེབས་པ་དང་། 26ས་སྲུང་པ་དེས་མི་གཞན་ཞིག་ཀྱང་རྒྱུག་ནས་ཡོང་བཞིན་པ་མཐོང་བས། སྐད་ཤུགས་ཆེན་པོས་སྒོ་སྲུང་པ་ལ། ལྟོས་ཤིག་མི་གཞན་ཞིག་ཀྱང་རྒྱུག་ནས་ཡོང་གི་འདུག་ཅེས་སྨྲས་པ་དང་། ལན་དུ་རྒྱལ་པོས། མི་འདིས་ཀྱང་འཕྲིན་བཟང་པོ་ཞིག་འཁྱེར་ཡོང་ཡོད་ཅེས་གསུངས་སོ། 27ས་སྲུང་པ་དེས། སྔོན་ལ་ཡོང་མཁན་དེའི་རྒྱུག་སྟངས་ལ་བལྟས་ན་ཁོ་ནི་ཨ་ཧི་མཱསི་དང་འདྲ་པོ་འདུག་ཅེས་སྨྲས་པས། ཡང་རྒྱལ་པོས་ལན་དུ། སྐྱེ་བོ་དེ་ནི་མི་བཟང་པོ་ཞིག་ཡིན་པས། དེས་འཕྲིན་བཟང་པོ་ཞིག་འཁྱེར་ཡོད་ཅེས་གསུངས་སོ། 28ཡང་ཨ་ཧི་མ་སིས་སྐད་ཤུགས་ཆེན་པོས་རྒྱལ་པོ་ལ་འཚམས་འདྲི་ཞུས་ཏེ། ཁོང་ལ་ཕྱག་འཚལ་ཞིང་། གཙོ་བོ་དཀོན་མཆོག་ཉིད་ཀྱི་དཀོན་མཆོག་ལ་བསྟོད་བསྔགས་འབུལ་དགོས། གང་ལགས་ཟེར་ན། རྒྱལ་པོ་ཁྱེད་ལ་ངོ་རྒོལ་ཞུ་མཁན་ཚོའི་ཐོག་ཏུ་ཁོང་གིས་ཁྱེད་ལ་རྒྱལ་ཁ་གནང་ཡོད་པ་ཡིན་ནོ། 29དེར་རྒྱལ་པོས། གཞོན་ནུ་ཨབ་ས་ལོམ་ཁམས་བཟང་ཡོད་དམ་ཞེས་བཀའ་འདྲི་གནང་བར། ཨ་ཧི་མཱ་སིས། ཀྱེ་རྒྱལ་པོ་ཆེན་པོ། ཉིད་ཀྱི་དམག་དཔོན་ཡོ་ཨབ་ཀྱིས་ང་ལ་འདིར་གཏོང་བ་གནང་དུས། ངས་སྐད་ཅོར་ཟང་ཟིང་ཆེན་པོ་ཞིག་མཐོང་བྱུང་བས། འོན་ཀྱང་དེའི་རྒྱུ་རྐྱེན་གང་ཡིན་པ་ནི་ངས་གསལ་པོར་ཤེས་རྟོགས་བྱེད་ཐུབ་མ་སོང་ཞེས་ཞུས་པ་དང་། 30རྒྱལ་པོས་ཁོ་ལ་དེར་ལང་ནས་སྡོད་ཅིག་ཅེས་གསུངས་བ་བཞིན། ཁོ་ཕྱིན་ནས་ཕྱོགས་གཅིག་ལ་ལངས་ནས་བསྡད་དོ། 31དེ་ནས་ཨི་ཐི་ཨོ་པི་ཡ་ནས་ཡིན་པའི་བྲན་གཡོག་དེ་སླེབས་ནས། རྒྱལ་པོ་ལ། ཀྱེ་མི་དབང་ཆེན་པོ། ངས་ཁྱེད་ལ་ལོན་བཟང་པོ་ཞིག་འཁྱེར་ཡོད། ཁྱེད་ལ་ངོ་རྒོལ་ཞུ་མཁན་ཚང་མའི་ཐོག་ཏུ་གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་རྒྱལ་ཁ་གནང་ཡོད་དོ། 32རྒྱལ་པོས། གཞོན་ནུ་ཨབ་ས་ལོམ་དེ་ཁམས་བཟང་འདུག་གམ་ཞེས་འདྲི་རྩད་གནང་བས། ལན་དུ་བྲན་གཡོག་དེས། ཁོང་ལ་གང་བྱུང་བ་དེ་བཞིན་རྒྱལ་པོ་ཁྱེད་ཀྱི་དགྲ་བོ་རྣམས་དང་ཁྱེད་ལ་ངོ་རྒོལ་ཞུ་མཁན་ཚང་མའི་ཐོག་ཏུ་བྱུང་བ་ཡིན་ན་སྒྲིག་པ་ཡོད་ཅེས་ཞུས་སོ། 33རྒྱལ་པོ་ཤིན་ཏུ་ཐུགས་འཁྲུགས་ཏེ། རྒྱལ་སྒོའི་སྟེང་གི་གཟིམ་ཆུང་དུ་ཕེབས་ནས་སྤྱན་ཆབ་བསིལ་ཞིང་། ཀྱེ་ངའི་བུ། ངའི་བུ་ཨབ་ས་ལོམ། ངའི་བུ་ཨབ་ས་ལོམ། ཁྱོད་ཀྱི་ཚབ་ཏུ་ང་རང་ཤི་བ་ཡིན་ནའང་སྒྲིག། ཀྱེ་ངའི་བུ། ངའི་བུ་ཨབ་ས་ལོམ་ཞེས་གསུངས་ཤིང་མྱ་ངན་ཆེན་པོ་གནང་ངོ་༎

ཤ་མུ་ཨེལ་གཉིས་པ 19

ཡོ་ཨབ་ཀྱིས་དཱ་བིད་ལ་སློབ་སོ་བཏང་བ།

1རྒྱལ་པོ་དཱ་བིད་ནི་ཨབ་ས་ལོམ་གྱི་དོན་དུ་ངུ་ཞིང་མྱ་ངན་བྱེད་ཀྱི་ཡོད་པའི་སྐོར་ཡོ་ཨབ་ཀྱིས་ཐོས་སོ། 2དཱ་བིད་ཀྱི་དམག་མི་ཡོངས་ཀྱི་ཕྱིར་དུ་དེ་ཉིན་རྒྱལ་ཁའི་དགའ་སྤྲོ་དེ་ནི་མྱ་ངན་དུ་འགྱུར་རོ། གང་ལགས་ཟེར་ན། རྒྱལ་པོས་རང་གི་བུའི་དོན་དུ་མྱ་ངན་བྱེད་བཞིན་ཡོད་པ་དེ་ཁོ་ཚོས་ཐོས་སོ། 3དེ་ཚོ་དམག་ཤོར་ནས་ངོ་ཚ་ཞིང་བྲོས་འགྲོ་གི་ཡོད་པའི་དམག་མི་དང་འདྲ་བར་ཁུ་སིམ་མེར་གྲོང་ཁྱེར་ནང་དུ་ཕྱིར་ལོག་བྱས་སོ། 4རྒྱལ་པོས་ངོ་གདོང་བཀབ་ནས་སྐད་ཤུགས་ཆེན་པོས་སྨྲེ་ངག་འདོན་ཞིང་། ཀྱེ་ངའི་བུ། ངའི་བུ་ཨབ་ས་ལོམ། ངའི་བུ་ཨབ་ས་ལོམ་ཞེས་བརྗོད་དོ། 5དེ་ནས་ཡོ་ཨབ་ཕོ་བྲང་ནང་དུ་ཕྱིན་ནས་རྒྱལ་པོ་ལ། དེ་རིང་ཁྱེད་ཀྱིས་རང་གི་མི་རྣམས་ངོ་ཚ་དགོས་པ་བཟོས་བྱུང་། མི་དེ་ཚོས་ཁྱེད་དང་ཁྱེད་ཀྱི་བུ་རྣམས་དང་བུ་མོ་རྣམས་དང་ཆུང་མ་རྣམས་དང་ཁྱེད་ཀྱི་ཟུར་གྲོགས་མ་རྣམས་ཀྱི་སྲོག་སྐྱོབས་པ་ཡིན་ནོ། 6རང་ལ་གཅེས་འཛིན་བྱེད་མཁན་རྣམས་ལ་ཁྱེད་ཀྱིས་སྡངས་སེམས་བྱེད་པ་དང་། རང་ལ་སྡང་སེམས་བྱེད་མཁན་རྣམས་ལ་བྱམས་པ་གནང་ངོ། ཁྱེད་ཀྱིས་སོ་སོའི་དམག་དཔོན་རྣམས་དང་དམག་མི་རྣམས་ལ་མཐོང་ཆུང་བརྩི་མེད་བྱེད་ཀྱི་ཡོད་པ་དེ་ནི་དེ་རིང་གསལ་པོར་མངོན་ནོ། ང་ཚོ་ཚང་མ་ཤི་ནས་ཨབ་ས་ལོམ་གཅིག་པོ་གསོན་པོར་ལུས་པ་ཡིན་ན། ཁྱེད་ཐུགས་མཉེས་པོ་ཡོང་ངེས་པ་དེ་ངས་གསལ་པོར་ཤེས་བྱུང་། 7དེ་བས་ན་ཁྱེད་རང་ཕེབས་ནས་རང་གི་མི་རྣམས་ལ་སེམས་གསོ་བཀའ་མོལ་གནང་བར་མཛོད། གལ་སྲིད་དེ་ལྟར་མ་གནང་ན། ངས་གཙོ་བོ་དཀོན་མཆོག་གི་མཚན་བརྗོད་དེ་དམ་བཅའ་བཞག་ནས་བརྗོད་རྒྱུར། སང་ཞོགས་བར་དུ་ཁྱེད་ཀྱི་ཕྱོགས་སུ་མི་གཅིག་ཀྱང་ལུས་པར་མི་འགྱུར་ཞིང་། དེ་ནི་ཁྱེད་ཀྱི་མི་ཚེའི་ནང་གི་རྐྱེན་ངན་སྡུག་ཤོས་ཏུ་འགྱུར་ངེས་སོ་ཞེས་ཞུས་པ་དང་། 8རྒྱལ་པོ་ཡར་བཞེངས་ཏེ་གྲོང་ཁྱེར་གྱི་རྒྱལ་སྒོའི་ཉེ་འགྲམ་དུ་བཞུགས་པས། ཁོང་གི་འཁོར་གཡོག་ཚོས་རྒྱལ་པོ་དེར་ཕེབས་ཡོད་པ་ཐོས་ནས། ཁོང་ལ་མཐའ་བསྐོར་ནས་བསྡད་དོ༎

དཱ་བིད་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་བྱེད་པ།

སྐབས་དེར་ཨིསི་རཱཨེལ་པ་ཚང་མ་རང་རང་སོ་སོའི་ཁང་ཁྱིམ་དུ་བྲོས་ཕྱིན་ཡོད་དོ། 9དེ་ཚོས་ཡུལ་གྱི་ཕྱོགས་གང་སར་ཕན་ཚུན་རྩོད་གླེང་བྱེད་ཀྱི་ཡོད་དོ། དེ་ཚོས་བརྗོད་གསལ། རྒྱལ་པོ་དཱ་བིད་ཀྱིས་ང་ཚོར་དགྲ་བོ་ཚོའི་ལག་ནས་སྐྱབས་པ་གནང་ངོ། ཁོང་གིས་ཕ་ལེ་ཤེད་པའི་ལག་ནས་ང་ཚོ་ལ་སྐྱབས་པ་གནང་ཡོད། འོན་ཀྱང་ད་ཆ་ཁོང་ནི་ཨབ་ས་ལོམ་ལ་འཇིགས་ཏེ་རང་ཡུལ་སྤངས་ནས་བྲོས་ཕྱིན་པ་ཡིན་ནོ། 10ང་ཚོས་ཨབ་ས་ལོམ་ལ་རང་གི་རྒྱལ་པོར་བསྔོ་འབུལ་བྱས་ཀྱང་། ཁོང་ནི་དམག་སར་བཀྲོངས་པ་ཡིན་པས། ད་ང་ཚོས་རྒྱལ་པོ་དཱ་བིད་ལ་གདན་འདྲེན་ཞུས་རྩིས་བྱེད་ན་མི་ལེགས་སམ། 11ཨིསི་རཱཨེལ་པ་ཚོས་གཏམ་གླེང་གང་བྱས་པའི་སྐོར་རྒྱལ་པོ་དཱ་བིད་ཀྱིས་གསན་པས། ཁོང་གིས་བླ་མ་ཛ་དཱོག་དང་ཨ་བྷི་ཡ་ཐར་གཉིས་ལ་ཡ་ཧུ་དཱའི་འགོ་དཔོན་རྣམས་ཀྱི་རྩར་འདྲི་རྩད་བྱས་པར་བཏང་ངོ་། རྒྱལ་པོ་ཕོ་བྲང་དུ་ཕྱིར་ལོག་བྱེད་ཆོག་སྐོར་ལ་རྒྱབ་སྐྱོར་བྱེད་མཁན་ཁོངས་ནས་ཁྱོད་ཚོ་རྗེས་སུ་ལུས་པ་དེ་གང་ཡིན་ནམ། 12ཁྱོད་ཚོ་ནི་ངའི་ཤ་ཁྲག་དང་འབྲེལ་བ་ཡོད་པའི་སྤུན་དང་ཉེ་དུ་རྣམས་ཡིན་པས། ང་ཕྱིར་ལོག་འཁྲིད་ཡོང་ཆོག་སྐོར་ལ་ཁྱོད་ཚོ་རྗེས་སུ་ལུས་པ་དེ་གང་ཡིན་ནམ། 13དཱ་བིད་ཀྱིས་ཁོ་ཚོའི་བརྒྱུད་ཨ་མ་ས་ལའང་འདི་ལྟར་ལོན་བསྐུར་གསལ། ཁྱོད་ནི་ངའི་གཉེན་མཚན་ཡིན་པས། ད་ནས་བཟུང་ངས་ཁྱོད་ལ་ཡོ་ཨབ་ཀྱི་ཚབ་ཏུ་དམག་སྤྱིར་བསྐོ་རྒྱུ་ཡིན་ཏེ། གལ་སྲིད་ངས་ཁྱོད་ལ་གོ་གནས་དེ་མ་སྤྲད་པ་ཡིན་ན་དཀོན་མཆོག་གིས་ང་ལ་སྲོག་ཐོག་ཏུ་ཉེས་ཆད་གནང་བར་ཤོག 14དཱ་བིད་ཀྱིས་གཏམ་གླེང་དེས་ཡ་ཧུ་དཱའི་མི་ཚང་མའི་སེམས་འཁུག་ཅིང་། དེ་ཚོས་ཁོང་ལ་ད་ཁྱེད་རང་ཉིད་ཀྱི་ལས་བྱེད་པ་རྣམས་དང་བཅས་པ་ཕྱིར་ལོག་ཕེབས་དགོས་ཅེས་པའི་འཕྲིན་ཡིག་ཞིག་བཏང་ངོ་། 15རྒྱལ་པོ་ཕྱིར་ལོག་ཕེབས་དུས་ཡ་ཧུ་དཱའི་མི་ཚོས་ཁོང་ལ་གཙང་པོ་ཡོར་དན་དུ་མཇལ་འཕྲད་ཞུས་ཤིང་། ཡང་མི་དེ་ཚོ་ནི་རྒྱལ་པོ་གཙང་པོ་བརྒྱུད་དེ་ཕེབས་སྐབས་ཁོང་ལ་ཕེབས་བསུ་ཞུ་ཕྱིར་གྷིལ་གཱལ་དུ་སླེབས་ཡོད་དོ། 16སྐབས་དེར་བྷེན་ཡ་མིན་གྱི་རིགས་བརྒྱུད་ནས་ཡིན་པ་མིང་ལ་ཤིམ་ཨི་ཞེས་པའམ་བྷ་ཧུ་རིམ་ནས་ཡིན་པ་གྷེ་རའི་བུ་དེ་རྒྱལ་པོ་དཱ་བིད་དང་མཇལ་འཕྲད་བྱེད་ཕྱིར་བྲེལ་ཚབ་ཆེན་པོའི་ངང་ཡོར་དན་དུ་བསླེབས་སོ། 17ཡང་ཁོང་དང་མཉམ་དུ་བྷེན་ཡ་མིན་གྱི་སྡེ་རིགས་ལས་མི་གྲངས་ ༡,༠༠༠ དང་། ས་ཨུལ་གྱི་ནང་མིའི་གཡོག་པོ་ཛི་བྷ་ཞེས་པ་དེའང་རང་གི་བུ་བཅོ་ལྔ་དང་གཡོག་པོ་ཉི་ཤུ་ཐམ་པ་དང་བཅས་རྒྱལ་པོའི་གོང་དུ་ཡོར་དན་ལ་འབྱོར་བ་རེད། 18དེ་ནས་རྒྱལ་པོའི་སྐུ་འཁོར་རྣམས་གཙང་པོ་རྒལ་ནས་ཕེབས་སྐབས། དེ་ཚོར་ལམ་འདྲེན་ཞུ་རྒྱུ་དང་རྒྱལ་པོའི་མཁོ་ཆས་དག་སྒྲུབ་པའི་ཕྱིར་དེ་ཚོ་གཙང་པོ་རྒལ་ནས་ཕྱིན་ནོ༎

དཱ་བིད་ཀྱི་ཤིམ་ཨི་ལ་བྱམས་པ་བསྟན་པ།

རྒྱལ་པོ་གཙང་པོ་རྒལ་ནས་ཕེབས་རན་པ་དང་ཤི་མེ་ཡིས་ཁོང་གི་དྲུང་དུ་ཕྱག་བཙལ་ཞིང་རྒྱལ་པོ་ལ། 19ཀྱེ་རྒྱལ་པོ་ཆེན་པོ། སྐུ་ཉིད་ཡེ་རུ་ཤ་ལེམ་ནས་ཕེབས་དུས་ངས་དེ་ཉིན་གང་བྱས་པའི་ཉེས་སྡིག་རྣམས་ཀྱི་སྐོར་ཐུགས་དྲན་གསོ་བ་མ་གནང་རོགས་གནང་། དེ་དག་ཁྱེད་ཀྱི་ཐུགས་ལ་རྩ་བ་ནས་བཞག་པ་མ་གནང་རོགས་གནང་། 20ངས་ཉེས་སྡིག་གང་བྱས་པ་དེ་ངས་ངོས་ལེན་ཞུ་རྒྱུ་ཡིན། དེ་བས་ན་བྱང་ཕྱོགས་སྡེ་རིགས་ཁོངས་ནས་སྐུ་ཉིད་དང་མཇལ་འཕྲད་ཞུ་ཕྱིར་ཡོང་མཁན་སྐྱེ་བོ་དང་པོ་དེ་ནི་ང་རང་ཡིན་ནོ་ཞེས་ཞུས་སོ། 21དེར་ཛེ་རུ་ཡཱའི་བུ་ཨ་བྷི་ཤེས། ཤིམ་ཨི་ལ་ཉེས་པ་སྲོག་ཐོག་ཏུ་གཏོང་དགོས། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གིས་འདེམས་བསྐོས་མཛད་པའི་རྒྱལ་པོ་ལ་ཁོས་དམོད་མོ་འདེབས་པས་ཕྱིར་རོ། 22འོན་ཀྱང་ཨ་བྷི་ཤེ་དང་ཁོའི་སྤུན་ཡོ་ཨབ་ལ་དཱ་བིད་ཀྱིས། ཁྱོད་གཉིས་ལ་གྲོས་འདྲི་མཁན་སུ་འདུག་གམ། ཁྱོད་ཚོས་ངའི་ཐོག་ཏུ་དཀའ་ངལ་འཁྱེར་ཡོང་དགོས་བསམ་གྱི་འདུག་གམ། ད་ནི་ང་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་ཡོད་པས། དེ་རིང་ཨིསི་རཱཨེལ་པ་སུའང་ཤི་བར་མི་འགྱུར་རོ་ཞེས་གསུངས་སོ། 23ཡང་ཁོང་གིས་ཤི་མི་ལ། ཁྱོད་ཉེས་པ་སྲོག་ཐོག་ཏུ་ཅི་ནས་ཀྱང་འགྲོ་མི་དགོས་ཤེས་ཞལ་བཞེས་གནང་ངོ་༎

དཱ་བིད་ཀྱིས་མེ་ཕི་བྷོ་ཤེད་ལ་བྱམས་པ་བསྟན་པ།

24ས་ཨུལ་གྱི་ཚ་བོ་མེ་ཕི་བྷོ་ཤེད་ནི་རྒྱལ་པོ་དང་མཇལ་འཕྲད་བྱེད་ཕྱིར་སླེབས་པ་དང་། རྒྱལ་པོ་ཡེ་རུ་ཤ་ལེམ་ནས་ཕེབས་ཏེ་སླར་རྒྱལ་ཁ་ཐོབ་ནས་ཕྱིར་ལོག་མ་ཕེབས་བར་དུ་མེ་ཕི་བྷོ་ཤེད་ཀྱིས་རྐང་པའང་མ་བཀྲུས་པར་ཨ་ར་མ་གཞར་བ་མ་ཟད། ལུས་ཀྱི་གྱོན་གོས་སོགས་ཀྱང་མ་བཀྲུས་པར་གནས་ཡོད་དོ། 25མེ་ཕི་བྷོ་ཤེད་རྒྱལ་པོ་དང་མཇལ་འཕྲད་བྱེད་ཕྱིར་ཡེ་རུ་ཤ་ལེམ་ནས་འབྱོར་སྐབས། དཱ་བིད་ཀྱིས་ཁོང་ལ། མེ་ཕི་བྷོ་ཤེད་ཁྱོད་རང་ང་དང་མཉམ་དུ་མ་ཡོང་བ་དེ་གང་ཡིན་ནམ་ཞེས་དྲིས་པས། 26ཁོས་ལན་དུ། ཀྱེ་རྒྱལ་པོ་ཆེན་པོ། ང་ནི་རྐང་པ་སྐྱོན་ཅན་ཡིན་པ་རྒྱལ་པོ་ཁྱེད་ཀྱི་མཁྱེན་གསལ་ཡིན་པ་མ་ཟད། ང་ཁྱེད་དང་མཉམ་དུ་འགྲོ་དགོས་བསམ་ནས་རང་གི་གཡོག་པོ་ལ་བོང་བུར་སྒ་རྒྱབ་རོགས་བྱོས་ཤིག་ཅེས་སྨྲས་ཀྱང་། ཁོས་ང་ལ་གཡོ་བྱུས་བཏང་བྱུང་། 27ཁོས་མི་དབང་ཆེན་པོར་ངའི་སྐོར་ལ་རྫུན་གཏམ་ཞུས་པ་ཡིན་མོད། འོན་ཀྱང་ཁྱེད་ནི་དཀོན་མཆོག་གི་ཕོ་ཉ་ཞིག་དང་མཚུངས་པས། ཁྱེད་ཀྱི་ཐུགས་ལ་གང་ལེགས་པར་དགོངས་པ་དེ་རང་གནང་བར་མཛོད། 28ངའི་ཕ་བརྒྱུད་ཐམས་ཅད་ཁྱེད་ཀྱི་ཕྱག་འོག་ཏུ་ཤི་དགོས་པར་འོས་པ་ཡིན་ཀྱང་། ཁྱེད་ཀྱིས་ང་ལ་སྐུ་ཉིད་དང་ལྷན་དུ་གསོལ་ལྕོག་གཅིག་གི་ཁར་བསྡད་ནས་ཁ་ཟས་ཟ་ཆོག་པའི་གོ་སྐབས་གནང་བྱུང་། ད་ངས་རྒྱལ་པོ་ཁྱེད་ལ་དེ་ལས་ལྷག་པའི་བཀའ་དྲིན་ཞིག་གནང་རོགས་གནང་ཞེས་ཞུས་པའི་དབང་ཆ་ང་ལ་མེད། 29དེའི་ལན་དུ་རྒྱལ་པོས་གསུངས་པ། ད་ཁྱོད་ཀྱིས་དེ་ལས་ལྷག་པ་ཞིག་བཤད་དགོས་དོན་གང་ཡང་མི་འདུག ད་ཁྱོད་དང་ཛི་བྷ་གཉིས་ཀྱིས་ས་ཨུལ་གྱི་རྒྱུ་དངོས་རྣམས་ཆ་བགོས་རྒྱབ་ནས་བདག་འཛིན་བྱེད་དགོས་ཤེས་ངས་ཐག་བཅད་བྱས་ཟིན་པ་ཡིན། 30ལན་དུ་མེ་ཕི་བྷོ་ཤེད་ཀྱིས། རྒྱུ་དངོས་ཚང་མ་ཟི་བྷས་འཁྱེར་ནའང་ཆོག རྒྱལ་པོ་ཁྱེད་ཉིད་སྐུ་ལ་བར་ཆད་མེད་པར་ཁམས་བཟང་ཐོག་ཕྱིར་ལོག་ཕེབས་ཐུབ་པ་དེ་གས་ང་ལ་སྒྲིག་སོང་ཞེས་ཞུས་སོ༎

དཱ་བིད་ཀྱིས་བྷར་ཛི་ལའི་ལ་བྱམས་པ་བསྟན་པ།

31གྷིལ་ཨད་ཡུལ་གྱི་ས་གནས་རོ་གེ་ལིམ་ནས་བྷར་ཛི་ལའི་ཀྱང་རྒྱལ་པོ་ལ་ཡོར་དན་ནས་ལམ་འདྲེན་ཞུ་ཕྱིར་སླེབས་ཤིང་། 32བྷར་ཛི་ལའི་ནི་རང་ལོ་བརྒྱད་བཅུ་བསླེབས་པའི་མི་རྒན་ཞིག་ཡིན་པ་དང་། ཁོ་ནི་ཧ་ཅང་རྒྱུ་ནོར་ལོངས་སྤྱོད་ལྡན་པ་ཞིག་ཡིན་པས། དེ་སྔ་རྒྱལ་པོ་མ་ཧ་ནེམ་དུ་བཞུགས་སྐབས་ཁོས་རྒྱལ་པོའི་གསོལ་ཆས་སོགས་འབུལ་གྱི་ཡོད་དོ། 33རྒྱལ་པོས་ཁོ་ལ། ཁྱོད་ང་དང་མཉམ་དུ་ཡེ་རུ་ཤ་ལེམ་ལ་ཤོག་ཅིག་ངས་ཁྱོད་ལ་བལྟ་རྟོགས་ཆ་ཚང་བྱེད་ཀྱི་ཡིན་ཞེས་གསུངས་པས། 34དེའི་ལན་དུ་བྷར་ཛི་ལའི་གྱིས། ད་ང་ནི་རྒྱུན་རིང་པོར་གསོན་མི་ཡོང་། ང་ནི་མི་དབང་ཆེན་པོ་ཁྱད་དང་ལྷན་དུ་ཡེ་རུ་ཤ་ལེམ་ལ་བཅར་ནས་ཅི་ཞིག་བྱ། 35ང་ནི་རིང་ལོ་བརྒྱད་ཅུར་ལོན་ཟིན་པས། གནས་ཚུལ་གང་འདྲ་ཞིག་གིས་ཀྱང་ང་ལ་དགའ་འཚོར་སྦྱིན་མི་ཐུབ། བཟའ་བཏུང་གང་འདྲ་ཞིག་ལའང་བྲོ་བ་འཚོར་མི་ཐུབ་པ་མ་ཟད། གླུ་གཞས་བཏང་བ་སོགས་ཀྱང་གོ་ཐོས་བྱེད་མི་ཐུབ། དེ་བས་ན་ང་ནི་སྐུ་ཉིད་ཀྱི་ཁར་དཀའ་ངལ་གྱི་རྒྱུ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་མ་ཟད། 36ང་ནི་དེ་ལྟ་བུའི་བྱ་དགའ་ཆེན་པོ་ཐོབ་འོས་པ་ཞིག་མ་ཡིན་ནོ། དེ་བས་ན་ང་ནི་ཁྱེད་དང་ལྷན་དུ་ཡོར་དན་རྒལ་ཏེ་ས་ཐག་ཐུང་ངུ་ཙམ་ཞིག་འགྲོ་ཆོག་པ་དང་། 37དེ་རྗེས་སོ་སོའི་ཁང་ཁྱིམ་དུ་ཕྱིར་ལོག་བྱེད་དེ། རང་གི་ཕ་མའི་དུར་ཁང་དང་ཉེ་བར་ཕྱིན་ནས་ཤི་ཆོག་པའི་དགོངས་ཁྲོལ་གནང་དུ་གསོལ། ངའི་བུ་ཀིམ་ཧམ་དེ་འདིར་ཁྱེད་ཀྱི་དྲུང་དུ་འཁྲིད་ཡོད་པས། ཁོས་རྒྱལ་པོ་ཁྱེད་ཀྱི་སྲི་ཞུ་ཞབས་ཏོག་ཞུ་ཕྱིར་ཁོ་ལ་སྐུ་ཉིད་དང་ལྷན་དུ་འཁྲིད་ཕེབས་ཏེ། ཁྱེད་ཀྱི་ཐུགས་ལ་གང་ལེགས་པར་དགོངས་པ་དེ་རང་གནང་བར་མཛོད་ཅེས་ཞུས་པ་དང་། 38དེར་རྒྱལ་པོས་ལན་དུ། ངས་ཁོ་འཁྲིད་ནས་ཁྱོད་ཀྱིས་གང་འདོད་པ་བཞིན་དུ་བྱེད་རྒྱུ་ཡིན། ཁྱོད་ཀྱིས་གང་དགོས་པ་དེ་བཞིན་ངས་བྱེད་རྒྱུ་ཡིན་ཞེས་གསུངས་སོ། 39དེ་རྗེས་དཱ་བིད་རང་གི་མི་ཚོགས་དང་བཅས་པ་ཡོར་དན་རྒལ་བ་དང་། ཁོང་གིས་བྷར་ཛི་ལ་ཡེ་ལ་འོ་བྱེད་ནས་བྱིན་རླབས་གནང་ངོ་། ཡང་བྷར་ཛི་ལ་ཡེ་ཀྱང་རང་གི་ཁང་ཁྱིམ་དུ་ཕྱིར་ལོག་བྱས་སོ༎

རྒྱལ་པོའི་སྐོར་ལ་ཡ་ཧུ་དཱ་དང་ཨིསི་རཱཨེལ་པ་ཚོས་རྩོད་གླེང་བྱེད་པ།།

40ཡ་ཧུ་དཱའི་མི་ཚོགས་ཀུན་དང་ཨིསི་རཱཨེལ་པའི་མི་ཚོགས་ཕྱེད་ཀས་རྒྱལ་པོར་ལམ་འདྲེན་ཞུས་པས། ཁོང་གཙང་པོ་རྒལ་ཏེ་གྷིལ་གཱལ་དུ་ཕེབས་སྐབས། ཁོང་དང་ལྷན་དུ་ཀིམ་ཧམ་ཡང་ཡོད་པ་ཡིན་ནོ། 41དེ་ནས་ཨིསི་རཱཨེལ་པ་ཚང་མས་རྒྱལ་པོའི་དྲུང་དུ་བཅར་ནས་ཞུས་པ། ཀྱེ་རྒྱལ་པོ་ཆེན་པོ། ང་ཚོའི་སྤུན་ཟླ་ཡ་ཧུ་དཱ་པ་ཚོས་སྐུ་ཉིད་དང་། ཉིད་ཀྱི་སྐུ་འཁོར་རྣམས་དང་། ཉིད་ཀྱི་མི་འབངས་རྣམས་ལ་ལམ་འདྲེན་ཞུས་ཏེ་ཡོར་དན་རྒལ་ནས་འཁྲིད་ཡོང་ཆོག་པའི་དབང་ཆ་དེ་ཁོ་ཚོ་གཅིག་པོར་ཡོད་ཅེས་ཇི་ལྟར་བསམ་པ་ཡིན་ནམ་ཞེས་ཞུས་པས། 42ཡ་ཧུ་དཱའི་མི་རྣམས་ཀྱིས། རྒྱལ་པོ་ནི་ང་ཚོའི་ཁོངས་ནས་སྐྱེ་བོ་གཅིག་པ་ཡིན་པས། ང་ཚོས་ཁོང་ལ་ལམ་འདྲེན་ཞུས་པ་ཡིན་ན། དེར་ཁྱོད་ཚོས་ཁྲོ་བ་བྱེད་དགོས་དོན་གང་ཡང་མེད། དེ་ལྟར་བྱེད་པར་རྒྱལ་པོས་ང་ཚོ་ལ་ཁ་ཟས་དང་བྱ་དགའ་སོགས་གང་ཡང་གནང་མེད་ཅེས་སྨྲས་པ་དང་། 43དེའི་ལན་དུ་ཨིསི་རཱཨེལ་པ་ཚོས། ཁོང་ནི་ཁྱོད་ཚོའི་ཁོངས་ནས་གཅིག་པ་ཡིན་ནའང་། རྒྱལ་པོ་དཱ་བིད་ཀྱི་ཐོག་ཏུ་ཁྱོད་ཚོ་ལས་བཅུ་ལྡབ་ཀྱིས་དབང་ཆ་མང་བ་ང་ཚོར་ཡོད། དེ་བས་ན་ཁྱོད་ཚོས་ང་ཚོ་ལ་མཐོང་ཆུང་བྱེད་མི་དགོས། དེ་ཙམ་མ་ཟད་རྒྱལ་པོ་གདན་ཞུ་བྱེད་ཆོག་སྐོར་གྱི་གྲོས་གླེང་བྱེད་མཁན་དང་པོ་དེ་ང་ཚོ་ཡིན་པས། དེ་ནི་ཁྱོད་ཚོས་མ་རྗེད་པར་གྱིས་ཤིག་ཅེས་སྨྲས་ཀྱང་། རྒྱལ་པོ་སུ་ལ་དག་ཆོག་སྐོར་གྱི་རྩོད་གླེང་བྱེད་དུས་ནི་ཨིསི་རཱཨེལ་པ་རྣམས་ལས་ཡ་ཧུ་དཱའི་མི་རྣམས་ཀྱིས་ཁྲོ་སེམས་ཆེན་པོས་རྩོད་གཏམ་བྱས་སོ༎

ཤ་མུ་ཨེལ་གཉིས་པ 20

ཤེ་བྷས་ངོ་རྒོལ་བྱེད་པ།

1གྷིལ་གཱལ་དུ་ཤེ་བྷ་ཟེར་བའི་ཕན་མི་ཐོབ་པའི་མི་ཞིག་ཡོད་ཅིང་། ཁོ་ནི་བྷེན་ཡ་མིན་གྱི་སྡེ་རིགས་ལས་ཡིན་པ་བྷིག་རི་ཞེས་པའི་བུ་ཡིན་པ་དང་། ཁོས་དམག་དུང་འབུད་དེ་སྐད་ཆེན་པོས་སྨྲས་པ། དཱ་བིད་ལ་འཕམ་གུད་ཆེན་པོ་ཡོང་བར་ཤོག ང་ཚོ་ཁོའི་རྗེས་སུ་འབྲངས་ཀྱི་མིན། ཀྱེ་ཨིསི་རཱཨེལ་པ་རྣམས་ང་ཚོ་རང་རང་སོ་སོའི་ཁང་ཁྱིམ་དུ་ལོག་ནས་འགྲོ། 2དེ་ནས་ཨིསི་རཱཨེལ་པ་ཚོས་དཱ་བིད་ལ་སྤངས་ཏེ་ཤེ་བྷའི་རྗེས་སུ་འབྲངས་མོད། འོན་ཀྱང་ཡ་ཧུ་དཱ་པ་རྣམས་ནི་དཱ་བིད་ཀྱི་ཕྱོགས་གཏོགས་བྱས་ཏེ་ཁོང་དང་མཉམ་དུ་ཡོར་དན་ནས་ཡེ་རུ་ཤ་ལེམ་བར་རྗེས་སུ་འབྲངས་ནས་ཕྱིན་ནོ། 3དཱ་བིད་ཡེ་རུ་ཤ་ལེམ་དུ་རང་གི་ཕོ་བྲང་ནང་བསླེབས་པ་དང་། ཕོ་བྲང་བལྟ་རྟོགས་བྱེད་ཕྱིར་བཞག་པའི་ཟུར་གྲོགས་མ་བཅུ་པོ་དེ་དག་ཕོ་བྲང་ནས་ཕྱིར་བཏོན་ཏེ། གནས་གཞན་ཞིག་ཏུ་སྲང་ཆ་དང་བཅས་བཞག་ཅིང་། ཁོང་གིས་དེ་ཚོའི་དགོས་མཁོ་ཚང་མ་སྒྲུབ་པ་གནང་མོད། འོན་ཀྱང་ཁོང་གིས་བུད་མེད་དེ་ཚོ་དང་མི་ཚེ་ཧྲིལ་བུར་ལུས་འབྲེལ་སོགས་གང་ཡང་མ་གནང་བས། ཁྱོ་ཤི་བའི་ཡུག་མོ་བཞིན་དུ་བཟང་བཙོན་ནང་མི་ཚེ་བསྐྱེལ་དགོས་བྱུང་བ་ཡིན་ནོ། 4རྒྱལ་པོས་ཨ་མ་ས་ལ། ཁྱོད་ཡ་ཧུ་དཱའི་མི་རྣམས་བསྡུ་བཀོང་བྱེད་ནས་གནང་ཉིན་བར་ངའི་རྩར་ཡོང་དགོས་ཤེས་གསུངས་པ་བཞིན། 5ཨ་མ་ས་ཡ་ཧུ་དཱ་པ་རྣམས་བོས་པར་ཕྱིན་མོད། འོན་ཀྱང་རྒྱལ་པོས་གསུངས་པའི་དུས་མཚམས་སུ་ཁོ་ཕྱིར་ལོག་བྱེད་མ་ཐུབ་བོ། 6དེར་བརྟེན་པས་རྒྱལ་པོས་ཨ་བྷི་ཤེ་ལ། ཤེ་བྷས་ང་ཚོ་ལ་ཨབ་ས་ལོམ་ལས་ལྷག་པར་དཀའ་ངལ་ནང་དུ་ཚུད་པར་བྱེད་ཉེན་འདུག དེ་བས་ན་ཁྱོད་ངའི་མི་རྣམས་འཁྲིད་དེ་ཁོའི་རྗེས་སུ་སོང་ཞིག དེ་མིན་ཁོས་ལྕགས་རིས་བསྐོར་བའི་གྲོང་ཁྱེར་བཙན་པོ་རྣམས་རང་དབང་དུ་བླངས་ནས། ཁོ་ང་ཚོའི་ལག་ནས་ཤོར་ཉེན་ཆེ་བ་འདུག་ཅེས་གསུངས་སོ། 7དེ་ནས་ཡོ་ཨབ་ཀྱི་དམག་མི་དང་རྒྱལ་པོའི་སྐུ་སྲུང་བ་རྣམས་དང་དེ་བཞིན་དམག་མི་གཞན་རྣམས་ཚང་མ་ཡེ་རུ་ཤ་ལེམ་ནས་ཨ་བྷི་ཤ་ཡི་དང་མཉམ་དུ་ཐོན་ཏེ། ཤེ་བྷ་ལ་རྗེས་འདེད་བྱེད་ཕྱིར་ཕྱིན་ནོ། 8ཁོ་ཚོ་གྷི་བི་ཨོན་དུ་ཡོད་པའི་བྲག་རོང་ཆེན་པོའི་ཉེ་འགྲམ་དུ་སླེབས་པ་དང་ཨ་མ་ས་དེ་ཚོ་དང་ཐུག་འཕྲད་བྱེད་ཕྱིར་ཡོང་ཞིང་། ཡོ་ཨབ་ནི་དམག་ཆས་གྱོན་ཏེ། རྐེད་པར་ཤུབ་དང་ལྡན་པའི་རལ་གྲི་ཞིག་རྐེད་རག་གིས་བསྡམས་ཡོད། ཁོ་མདུན་དུ་ཐོན་ཡོང་སྐབས་རལ་གྲི་ཤུབ་ནས་མར་ཟག་གོ 9ཡོ་ཨབ་ཀྱིས་ཨ་མ་ས་ལ། ཀྱེ་ངའི་གྲོགས་པོ། ཁྱོད་རང་སྐུ་ཁམས་བཟང་པོ་ཡོད་ཤག་རེད་ཅེས་འཚམས་འདྲི་བྱས་ཏེ། ཁོས་ཨ་མ་སཱ་ལ་འོ་བྱེད་ཕྱིར་ཡོ་ཨབ་ཀྱིས་རང་གི་ལག་པ་གཡས་པས་ཁོའི་ཨོག་ཚོམ་ནས་འཇུས་སོ། 10ལག་པ་གཞན་དེར་ཡོ་ཨབ་ཀྱིས་རལ་གྲི་བཟུང་ཡོད་པ་དེ་ཨ་མ་སས་དོ་སྣང་མ་བྱས་པས། ཡོ་ཨབ་ཀྱིས་ཁོའི་གྲོད་པར་གྲི་བཙུགས་ཏེ་ནང་ཁྲོལ་ཚང་མ་ཕྱི་རུ་ཐོན་ནས་ས་ཁར་ཟག་པས། ཨ་མ་སཱ་དེ་མ་ཉིད་དུ་ཤི་བ་ཡིན་པས། ཡོ་ཨབ་ཀྱིས་ཡང་སྐྱར་གྲི་བཙུགས་དགོས་མ་བྱུང་ངོ་། དེ་རྗེས་ཡོ་ཨབ་དང་ཁོའི་སྤུན་ཨ་བྷི་ཤེ་གཉིས་ནི་ཤེ་བྷའི་རྗེས་སུ་འབྲངས་ཏེ་ཕྱིན་ནོ། 11ཡོ་ཨབ་ཀྱི་མི་ཞིག་གིས། ཨ་མ་སའི་ཕུང་པོའི་ཉེ་འགྲམ་དུ་ལངས་ཏེ་སྐད་ཤུགས་ཆེན་པོས། ཡོ་ཨབ་དང་དཱ་བིད་ཀྱི་ཕྱོགས་གཏོགས་བྱེད་མཁན་སུ་ཡིན་པ་རྣམས་ཡོ་ཨབ་ཀྱི་རྗེས་སུ་ཤོག་ཅིག་ཅེས་སྨྲས་པ་རེད། 12ཨ་མ་སའི་ཕུང་པོ་ཁྲག་གིས་གང་བ་དེ་ལམ་གྱི་དཀྱིལ་དུ་རིལ་ནས་ཡོད་པ་དང་། མི་ཚང་མ་ཕུང་པོའི་འགྲམ་དུ་ལང་ནས་བསྡད་ཡོད་པ་དེ་མི་དེས་མཐོང་ནས། ཕུང་པོ་དེ་གཞུང་ལམ་དཀྱིལ་ནས་འདྲུད་དེ་ཞིང་ཁའི་ནང་དུ་བཞག་སྟེ། དེའི་ཁར་གོས་ཤིག་གིས་བཀབ་ནས་བཞག་གོ 13ཕུང་པོ་དེ་ལམ་ནས་ཕར་འཁྱེར་བའི་རྗེས་སུ་མི་ཚང་མས་ཤེ་བྷ་ལ་རྗེས་འདེད་བྱེད་ཕྱིར་ཡོ་ཨབ་ཀྱི་རྗེས་སུ་ཕྱིན་ནོ། 14ཤེ་བྷ་ཨིསི་རཱཨེལ་གྱི་སྡེ་རིགས་ཚང་མའི་ས་ཁུལ་རྒལ་ནས། ཧ་བེལ་བྷེད་མ་ཀཱ་ཟེར་བའི་གྲོང་ཁྱེར་དུ་སླེབས་པ་དང་། བྷིག་རིའི་རིགས་རུས་ཀྱི་མི་ཚང་མ་ཕྱོགས་གཅིག་ཏུ་འཛོམས་ནས། ཁོའི་རྗེས་སུ་འབྲངས་ཏེ་གྲོང་ཁྱེར་ནང་དུ་ཕྱིན་ནོ། 15ཤེ་བྷ་དེར་ཡོད་པའི་སྐོར་ཡོ་ཨབ་ཀྱི་མི་ཚོས་ཐོས་ནས། ཁོ་ཚོ་གྲོང་ཁྱེར་དེར་ཕྱིན་ཏེ་དེ་མཐའ་བསྐོར་ཞིང་། དེ་ཚོས་ལྕགས་རིའི་ཕྱི་ནས་སའི་སྟེགས་བཟོས་ཏེ་བསྐོར་བ་དང་། ལྕགས་རི་འགྱེལ་ཕྱིར་ལྕགས་རིའི་འོག་ནས་ས་འདྲུད་དོ། 16གྲོང་ཁྱེར་དེའི་ནང་བུད་མེད་བློ་གྲོས་ལྡན་པ་ཞིག་ཡོད་དེ། མོས་ལྕགས་རིའི་སྒང་ནས་མར་བལྟ་བཞིན་སྐད་ཤུགས་ཆེན་པོས། འདིར་གསན་དང་། ཁྱོད་ཚོས་ཡོ་ཨབ་ངའི་རྩར་འཁྲིད་ཡོང་བ་ཡིན་ན། ངས་ཁོང་ལ་བཀའ་མོལ་ཞུ་རྒྱུ་ཞིག་ཡོད་ཅེས་སྨྲས་སོ། 17ཡོ་ཨབ་མདུན་དུ་ཕྱིན་ནས། ཁྱེད་རང་ཡོ་ཨབ་ཡིན་ནམ་ཞེས་མོས་དྲིས་པ་དང་། ལན་དུ་ང་ནི་ཡོ་ཨབ་ཡིན་ཞེས་ཁོང་གིས་སྨྲས་སོ། དེ་ནས་མོས། ངའི་གཏམ་ལ་གསན་དུ་གསོལ་ཞེས་ཞུས་པ་དང་། ཁོང་གི་ལན་དུ། ངས་ཉན་གྱི་ཡོད་ཅེས་གསུངས་སོ། 18བུད་མེད་དེས། གནའ་བོའི་གཏམ་དཔེ་རྙིང་པ་གཞིར་བཟུང་ལྟར། གྲོང་ཁྱེར་ཧ་བེེལ་དུ་ཕྱིན་ནས་གྲོས་གླེང་བྱོས་ཤིག་ཅེས་བརྗོད་སྲོལ་ཡོད་པ་བཞིན་མི་ཚང་མས་དེ་བཞིན་བྱེད་ཀྱི་ཡོད་དོ། 19ང་ཚོའི་གྲོང་ཁྱེར་ནི་ཆེ་ཞིང་ཞི་བདེ་བ་དང་། ཨིསི་རཱཨེལ་གྱི་ནང་དུ་ཞན་སེམས་ཆེ་བའི་གྲོང་ཁྱེར་རླབས་ཆེན་ཞིག་ཡིན་པས། ཁྱེད་ཀྱིས་གྲོང་ཁྱེར་དེ་མེད་པར་བཟོ་འདོད་གནང་བ་དེ་གང་ཡིན་ནམ། གཙོ་བོ་དཀོན་མཆོག་གི་ཇི་ཡིན་པ་དེ་ལ་ཁྱེད་ཀྱིས་མེད་པར་གནང་འདོད་ཡོད་དམ་ཞེས་ཞུས་པས། 20ལན་དུ་ཡོ་ཨབ་ཀྱིས། དེ་འདྲ་ནི་རྩ་བ་ཉིད་ནས་མ་ཡིན། ངས་ནམ་ཡང་ཁྱོད་ཀྱི་གྲོང་ཁྱེར་དེ་མེད་པར་བཟོ་མི་ཡོང་། 21ང་ཚོའི་འཆར་གཞི་ནི་དེ་འདྲ་མིན། བྷིག་རའི་བུའི་མིང་ལ་ཤེ་བྷ་ཟེར་བ་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཁུལ་དུ་གནས་སྡོད་བྱེད་མཁན་སྐྱེ་བོ་ཞིག་གིས་རྒྱལ་པོ་དཱ་བིད་ལ་ངོ་རྒོལ་བྱས་པ་ཡིན་པས། མི་དེ་ང་ཚོའི་ལག་ཏུ་རྩིས་སྤྲོད་བྱེད་ན། ངས་ཁྱོད་ཚོའི་གྲོང་ཁྱེར་འདི་སྤངས་ནས་འགྲོ་གི་ཡིན་ཞེས་སྨྲས་སོ། མོས། ང་ཚོས་ཁོའི་མགོ་དེ་ལྕགས་རིའི་སྟེང་ནས་མར་ཁྱོད་ཚོ་ཡོད་སར་དབྱུགས་ཀྱི་ཡིན་ཞེས་སྨྲས་སོ། 22དེ་ནས་མོ་གྲོང་ཁྱེར་གྱི་མི་ཚོའི་དཀྱིལ་དུ་ཕྱིན་ནས་རང་གི་གྲོས་འཆར་དེ་བཤད་པས། དེ་ཚོས་ཤེ་བྷའི་མགོ་བོ་དེ་བཅད་དེ་ལྕགས་རིའི་སྟེང་ནས་མར་ཡོ་ཨབ་ཡོད་སར་དབྱུགས་སོ། དེ་ནས་ཁོས་རང་གི་མི་རྣམས་ལ་གྲོང་ཁྱེར་སྤངས་ནས་འགྲོ་དགོས་པའི་བརྡ་བཏང་ཞིང་དམག་དུང་འབུད་པ་དང་། མི་རྣམས་རང་གི་ནང་དུ་ལོག་ཕྱིན་ཞིང་། ཡོ་ཨབ་ཀྱང་ཡེ་རུ་ཤ་ལེམ་དུ་རྒྱལ་པོའི་དྲུང་དུ་ལོག་ཕྱིན་ནོ༎

དཱ་བིད་ཀྱི་ལས་བྱེད་པ་རྣམས།

23ཡོ་ཨབ་ནི་ཨིསི་རཱཨེལ་གྱི་དམག་སྤྱི་ཡིན་པ་དང་། དཱ་བིད་ཀྱི་སྐུ་སྲུང་དམག་མིའི་སྡེ་དཔོན་ནི་ཡ་ཧུ་ཡ་དྷའི་བུ་བྷེ་ན་ཡཱ་ཡིན་ཏེ། 24ཨ་དྷོ་ནི་རམ་ནི་ངལ་རྩོལ་ཁྲལ་དཔོན་ཡིན་པ་དང་། ཨ་ཧི་ལུད་ཀྱི་བུ་ཡ་ཧོ་ཤ་ཕད་ནི་གཞུང་འབྲེལ་ཡིག་ཆའི་སྐོར་གྱི་དོ་དམ་པ་ཡིན་ཅིང་། 25དེ་བཞིན་ཤེ་ཝ་ནི་ཕོ་བྲང་གི་དྲུང་ཆེ་དང་། ཛ་དཱོག་དང་ཨ་བྷི་ཡ་ཐར་གཉིས་ནི་བླ་མ་ཡིན་ཅིང་། 26ཡ་ཨིར་གྲོང་ཁྱེར་ནས་ཡིན་པའི་ཨི་ར་ཞེས་པ་དེའང་དཱ་བིད་ཀྱི་བླ་མའིི་ཁོངས་ནས་གཅིག་ཡིན་ནོ༎

ཤ་མུ་ཨེལ་གཉིས་པ 21

ས་ཨུལ་གྱི་མི་བརྒྱུད་རྣམས་བསད་པ།

1དཱ་བིད་ཀྱིས་སྲིད་སྐྱོང་བྱེད་པའི་དུས་སྐབས་སུ་ལོ་གསུམ་གྱི་རིང་དུ་མུ་གེ་འཚབ་ཆེན་ཞིག་བྱུང་བས། དེའི་སྐོར་ལ་དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་ལ་དགོངས་སྐོར་ཞུས་པ་དང་། གཙོ་བོ་དཀོན་མཆོག་གིས་བཀའ་གནང་གསལ། ས་ཨུལ་དང་ཁོའི་ནང་མི་རྣམས་ནི་སྲོག་གཅོད་ཀྱི་གནོང་ཉེས་དང་ལྡན་པས། ཁོས་གྷི་བི་ཨོན་གྱི་མི་རྣམས་ཀྱང་བསད་ཡོད་པ་ཡིན་ནོ། 2གྷི་བི་ཨོན་གྱི་མི་རྣམས་ཨིསི་རཱཨེལ་པ་མ་ཡིན་ཏེ། དེ་ཚོ་ནི་ཨ་མོར་པ་ཆོའི་སྡེ་ཁག་ཆུང་ངུ་ཞིག་ཡིན་པ་དང་། སྔར་ཨིསི་རཱཨེལ་པ་ཚོས་དེ་ཚོར་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་བྱས་ཡོད་དོ། འོན་ཀྱང་ས་ཨུལ་གྱི་ཨིསི་རཱཨེལ་པ་དང་ཡ་ཧུ་དཱ་པ་ཚོའི་ཕྱོགས་ཞེན་བྱེད་ཀྱི་ཡོད་པ་ཡིན་པས། ཁོང་གིས་དེ་ཚོར་ཚར་བཅད་གནང་ཕྱིར་ཐབས་ཤེས་བྱེད་བཞིན་ཡོད་པ་ཡིན་ནོ། 3དེ་བས་ན་དཱ་བིད་ཀྱིས་གྷི་བི་ཨོན་པ་རྣམས་བོས་ནས་ཁོ་ཚོར། ད་ངས་ཁྱོད་ཚོའི་ཆེད་དུ་གང་བྱེད་དགོས་སམ། ཁྱོད་ཚོའི་ཐོག་ཏུ་ང་ཚོས་བྱས་པའི་ནོར་འཁྲུལ་དེའི་གུན་ཚབ་ཏུ་ངས་ཁྱོད་ཚོར་ཕན་པའི་རོགས་ཤིག་བྱེད་འདོད་ཡོད། དེ་ལྟར་བྱས་པའི་རྐྱེན་གྱིས། ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་མི་འབངས་ལ་བྱིན་རླབས་སྤྲོད་ཐུབ་པ་ཡོང་བར་ཤོག་ཅེས་གསུངས་པ་དང་། 4དེ་ཚོས་ལན་དུ་ཞུས་པ། ས་ཨུལ་དང་ཁོང་གི་ནང་མིའི་སྐོར་ལ་ང་ཚོས་འཐབ་རྩོད་གང་བྱེད་བཞིན་ཡོད་པ་དེ་ནི་གསེར་དང་དངུལ་གྱི་སེལ་ཐབས་བྱེད་མི་ཐུབ། ང་ཚོས་ཨིསི་རཱཨེལ་པ་སུ་ཞིག་ཀྱང་བསད་འདོད་བྱས་པ་མིན། དཱ་བིད་ཀྱིས། དེ་འདྲ་ཡིན་ན་ངས་ཁྱོད་ཚོའི་དོན་དུ་གང་བྱེད་ན་ལེགས་སམ་ཞེས་བཀའ་འདྲི་གནང་བས། 5ཁོ་ཚོས་ལན་དུ། ས་ཨུལ་གྱི་ང་ཚོ་ཚར་གཅོད་གཏོང་ཐབས་བྱེད་ཀྱི་ཡོད། ང་ཚོ་ཨིསི་རཱཨེལ་ནང་དུ་མི་གཅིག་ཀྱང་གསོན་པོར་མ་ལུས་པའི་ཐབ་ངན་བྱེད་བཞིན་འདུག 6དེ་བས་ན་ཁོང་གི་མི་བརྒྱུད་ཀྱི་ཁོངས་ནས་སྐྱེ་པ་བདུན་ང་ཚོའི་ལག་ཏུ་རྩིས་སྤྲོད་གནང་བར་མཛོད། གཙོ་བོ་དཀོན་མཆོག་གིས་འདེམས་བསྐོས་གནང་བའི་རྒྱལ་པོ་ས་ཨུལ་གྱི་གྲོང་ཁྱེར་གྷི་བི་ཨཱ་རུ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ང་ཚོས་མི་དེ་ཚོ་རྐད་ལ་བསྡམས་ནས་འཕྱར་རྒྱུ་ཡིན་ཞེས་ཞུས་སོ། དེ་ནས་རྒྱལ་པོས་ལན་དུ། ངས་མི་དེ་ཚོ་ཁྱོད་ཚོར་རྩིས་སྤྲོད་ངེས་པར་བྱའོ་ཞེས་གསུངས་སོ། 7འོན་ཀྱང་སྔར་ཁོང་དང་ཡོ་ན་ཐན་གཉིས་ཀྱི་བར་ལ་ཁ་ཆད་དམ་གཙང་ཞིག་བཞག་ཡོད་རྐྱེན་གྱིས། དཱ་བིད་ཀྱིས་ཡོ་ན་ཐན་གྱི་བུའམ་ས་ཨུལ་གྱི་ཚ་བོ་མེ་ཕི་བྷོ་ཤེད་དེ་ཚེ་ཐར་བཏང་ངོ་། 8འོན་ཀྱང་ཁོང་གིས་ཨེ་ཡཱའི་བུ་མོ་རིཛ་པཱ་ལས་སྐྱེས་པའི་ས་ཨུལ་གྱི་བུ་གཉིས་ཀྱི་མིང་ལ་ཨར་མོ་ནི་དང་མེ་ཕི་བྷོ་ཤེད་ཅེས་པ་དེ་གཉིས་འཁྲིད་དོ། དེ་བཞིན་མེ་ཧོ་ལ་ནས་ཡིན་པ་བྷར་ཛི་ལའི་བུ་ཨད་རི་ཨེལ་གྱི་ཆུང་མའམ་ས་ཨུལ་གྱི་བུ་མོ་མེ་རབ་ནས་སྐྱེས་པའི་བུ་སྤུན་ལྔ་པོ་དེའང་ཁོང་གིས་འཁྲིད་དོ། 9དེ་ནས་དཱ་བིད་ཀྱིས་གྷི་བི་ཨོན་པ་རྣམས་ཀྱི་ལག་པར་རྩིས་སྤྲོད་བྱས་ཤིང་། དེ་ཚོས་མི་དེ་དག་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་རི་བོའི་སྒང་ལ་བརྐྱངས་ནས་བསད་དོ། དེ་བཞིན་མི་བདུན་ཆ་ཆབས་གཅིག་ཏུ་ཤི་བ་ཡིན་ནོ། མི་དེ་ཚོ་གསོད་སྐབས་སྟོན་ཀའི་ནམ་དུས་མཐའ་མ་ཡིན་པ་དང་། ནས་ཀྱི་བཙས་མ་བརྔས་རན་པའི་དུས་ཚོས་ཀྱི་ཐོག་མ་འཁེལ་ཡོད་པ་ཡིན་ནོ། 10ཨེ་ཡཱའི་བུ་མོའམ་ས་ཨུལ་གྱི་ཟུར་གྲོགས་མ་མིང་ལ་རིཛ་པཱ་ཞེས་པའི་བུད་མེད་དེས་ཕུང་པོ་རྣམས་བཞག་སའི་བྲག་རོང་ཞིག་གི་ཁར་རྩ་རས་ཀྱི་གཡབ་ཞིག་བཟོས་ནས། བཙས་མ་བརྔས་པའི་ནམ་དུས་འགོ་འཛུགས་ནས་བཟུང་སྟོན་ཀའི་ཆར་ཤོད་འགོ་མ་ཚུགས་བར་དུ་དེར་བསྡད་ཅིང་། ཉིན་མོ་ནམ་མཁའི་འདབ་ཆགས་དང་། མཚན་མོ་ནགས་ཀྱི་གཅན་གཟན་རྣམས་ལས་ཕུང་པོའི་རུས་པ་དེ་ཚོར་སྲུང་སྐྱོབ་བྱས་སོ། 11རིཛ་པཱས་གང་བྱས་པ་དེ་དཱ་བིད་ཀྱིས་ཐོས་ནས། 12ཁོང་གྷིལ་ཨད་ཀྱི་ཡ་བྷེཤའི་ཡུལ་མི་རྣམས་ལས་ས་ཨུལ་དང་ཁོང་གི་བུ་ཡོ་ན་ཐན་གཉིས་ཀྱི་རུས་པ་དེ་ཚོ་འཁྱེར་ཡོང་བ་དང་། (སྔར་རི་བོ་གྷིལ་བོ་རུ་ས་ཨུལ་བསད་པའི་ཉིན་མོར་ཕེ་ལེ་ཤེད་པ་ཚོས་བྷེད་ཤཱན་གྱི་ཁྲོམ་སར་དེ་ཚོའི་ཕུང་པོ་རྣམས་ཡར་བརྐྱངས་ཡོད་ས་ནས་དེ་ཚོས་རུས་པ་བརྐུས་ནས་འཁྱེར་ཡོང་བ་ཡིན་ནོ།) 13དཱ་བིད་ཀྱིས་ས་ཨུལ་དང་ཡོ་ན་ཐན་གྱི་རུས་པ་དང་མཉམ་དུ་ཡར་བརྐྱངས་ནས་བསད་པའི་མི་བདུན་གྱི་རུས་པའང་བསྡུ་སྒྲུག་བྱེད་བཅུག་གོ 14དེ་རྗེས་ཁོ་ཚོས་རྒྱལ་པོས་བཀའ་གང་གནང་བ་ཚང་མ་སྒྲུབ་པའི་ཆེད་དུ། བྷེན་ཡ་མིན་སྡེ་རིགས་ཀྱི་ས་ཁུལ་དུ་ཡོད་པའི་ས་གནས་ཛེ་ལཱ་རུ་ཤ་ཨུལ་གྱི་ཕ་ཀི་ཤིའི་དུར་སར་ཕྱིན་ནས། ཤ་ཨུལ་དང་ཡོ་ན་ཐན་གྱི་རུས་པ་རྣམས་དེར་ས་སྦས་བཏང་ངོ་། དེ་རྗེས་ཁོ་ཚོས་རང་ཡུལ་གྱི་དོན་དུ་དཀོན་མཆོག་ལ་སྨོན་ལམ་གང་ཞུས་པ་རྣམས་ཁོང་གིས་གསན་ནས་དེར་བཀའ་ལན་གནང་གི་ཡོད་པ་ཡིན་ནོ༎

ཕེ་ལེ་ཤེད་པའི་མི་བོ་ཆེ་རྣམས་དང་འཐབ་པ།

(༡ སྔོན་རབ་ ༢༠:༤-༨)

15ཕེ་ལེ་ཤེད་པ་རྣམས་དང་ཨིསི་རཱཨེལ་པ་རྣམས་ཀྱི་བར་ལ་དམག་འཁྲུགས་གཞན་ཞིག་བྱུང་ཞིང་། དཱ་བིད་རང་གི་དམག་མི་རྣམས་འཁྲིད་ནས་ཕེ་ལེ་ཤེད་པ་རྣམས་དང་འཐབ་པས། དཱ་བིད་ཧ་ཅང་ལུས་ཐང་ཆད་པ་དང་། 16ཨིཤི་བྷི་བྷེ་ནོབ་ཅེས་པའི་མི་བོ་ཆེ་ཞིག་གིས་ལག་པར་ཀི་ལོ་གསུམ་དང་ཕྱེད་ག་ཙམ་གྱི་ལྗིད་ཚད་བྱས་པའི་རག་གི་མདུང་ཞིག་འཁྱེར་ཏེ། རྐེད་པར་རལ་གྲི་གསར་པ་ཞིག་བཏགས་ནས་རང་གི་སེམས་ལ། ངས་དཱ་བིད་བསད་ཐུབ་པ་འདུག་ཅེས་བསམས་སོ། 17འོན་ཀྱང་ཛེ་རུ་ཡཱའི་བུ་ཨ་བྷི་ཤེས་དཱ་བིད་ལ་དཔུང་གྲོགས་བྱེད་ཕྱིར་ཡོང་ནས། མི་བོ་ཆེ་དེ་ལ་འཐབ་རྒོལ་བྱས་ཏེ་བསད་དོ། དེ་ནས་དཱ་བིད་ཀྱི་མི་ཚོས་དཱ་བིད་ལ་ད་ནས་བཟུང་ཁོ་ཚོ་དང་མཉམ་དུ་དམག་སར་ནམ་ཡང་འགྲོ་གི་མིན་ཞེས་པའི་དམ་བཅའ་བྱེད་དུ་བཅུག་ཅིང་། དེ་ཚོས། ཁྱེད་ནི་ཨིསི་རཱཨེལ་གྱི་རེ་འདོད་ངོ་མ་དེ་ཡིན་པས། སྐུ་ཉིད་ལ་རྐྱེན་ངན་བར་ཆད་སོགས་བྱུང་བ་དེ་ང་ཚོས་ནམ་ཡང་མི་འདོད་ཅེས་ཞུས་སོ། 18དེ་རྗེས་སླར་ཡང་ཕེ་ལེ་ཤེད་པ་རྣམས་དང་གྷོབ་ཡུལ་དུ་དམག་འཁྲུགས་ཤིག་བྱུང་བ་དང་། དམག་འཁྲུགས་དེར་ས་གནས་ཧུ་ཤཱ་ནས་ཡིན་པ་སི་བྷི་ཀའི་ཀྱིས་མི་བོ་ཆེ་སཕ་ཟེར་བ་དེ་ལ་བསད་དོ། 19གྷོབ་ཏུ་ཕེ་ལེ་ཤེད་པ་རྣམས་དང་དམག་འཁྲུགས་གཞན་ཞིག་བྱུང་ཞིང་། སྐབས་དེར་བྷེད་ལེ་ཧེམ་པ་ཡ་ཨིར་གྱི་བུ་ཨེལ་ཧ་ནན་གྱིས་གྷད་ཀྱི་གྷོ་ལི་ཡད་ཡང་བསད་པ་དང་། གྷོ་ལི་ཡད་ཀྱི་མདུང་གི་ཕྲ་སྦོམ་ནི་འཐགས་ཤིང་དང་འདྲ་བ་སྦོམ་པོ་ཡོད་པ་ཡིན་ནོ། 20གྷད་ཡུལ་དུའང་དམག་འཁྲུགས་ཤིག་བྱུང་ཞིང་། ་དེར་དམག་འཐབ་ལ་དགའ་བའི་མི་བོ་ཆེ་ཞིག་ཡོད་ཅིང་། དེའི་རྐང་ལག་གཉིས་ཀར་མཛུབ་མོ་དྲུག་རེ་ཡོད་པ་ཡིན་ནོ། 21དེས་ཨིསི་རཱཨེལ་པ་རྣམས་ལ་ཚད་ཚད་འགྲན་བསྡུར་བྱས་པ་ཡིན་པས། དཱ་བིད་ཀྱི་གཅེན་པོ་ཤམ་མཱའི་བུ་ཡོ་ན་ཐན་གྱིས་ཁོ་བསད་པ་ཡིན་ཏེ། 22མི་བོ་ཆེ་བཞི་པོ་དེ་ནི་གྷད་ཡུལ་གྱི་མི་བོ་ཆེའི་རིགས་བརྒྱུད་ལས་ཡིན་པ་དང་། དེ་ཚོ་ནི་དཱ་བིད་དང་ཁོང་གི་དམག་མི་ཚོས་བསད་པ་ཡིན་ནོ༎

ཤ་མུ་ཨེལ་གཉིས་པ 22

དཱ་བིད་ཀྱི་རྒྱལ་ཁའི་མགུར་མ།

(གསུང་མགུར་ ༡༨)

1གཙོ་བོ་དཀོན་མཆོག་གིས་དཱ་བིད་ལ་ས་ཨུལ་དང་དགྲ་བོ་གཞན་གྱི་ལག་ནས་སྐྱབས་པ་གནང་སྐབས་ཁོང་གིས་གཙོ་བོ་དཀོན་མཆོག་ལ་གཤམ་གསལ་ལྟར་མགུར་མས་བསྟོད་དབྱངས་ཕུལ་ལོ། 2གཙོ་བོ་དཀོན་མཆོག་ང་ཡི་སྲུང་སྐྱོབ་དང་། ང་ཡི་མཁར་རྫོང་བརྟན་པོ་ཡིན། 3ང་ཡི་དཀོན་མཆོག་ང་ཡི་སྲུང་སྐྱོབ་ཡིན། ང་ནི་ཁོང་གི་ནང་ན་སྲུང་སྐྱོབ་ཐོབ། ཁོང་གིས་ང་ལ་ཕུབ་བཞིན་སྲུང་སྐྱོབ་མཛད། ང་ལ་སྐྱབས་ཤིང་ཉེན་མེད་བརྟན་པོར་བཞག། ཁོང་ནི་ང་ཡི་སྐྱབས་མགོན་ཡིན་པས་ན། ང་ལ་སྲུང་སྐྱོབས་དང་ནི་དྲག་ལས་རྣམས་ལས་སྐྱབས། 4ངས་ནི་གཙོ་བོ་དཀོན་མཆོག་བོས་པས་ན། ང་ཡི་དགྲ་བོ་རྣམས་ལས་ཁོང་གིས་སྐྱབས། གཙོ་བོ་དཀོན་མཆོག་ལ་ནི་བསྟོད་བསྔགས་སོ། 5འཆི་བའི་རྦ་རླབས་ང་ཡི་ཕྱོགས་བཞིར་འཁོར། འཇིག་པའི་རྦ་རླབས་ངའི་ཐོག་འཁོར་ཞིང་གནས། 6འཆི་བའི་ཉེན་ཁས་ང་ལ་མཐའ་བསྐོར་ཞིང་། དུར་གྱི་ཞགས་རྙི་ངའི་ཆེད་བཙུགས་པར་བྱས། 7ང་ལ་དཀའ་ངལ་བྱུང་བའི་དུས་སྐབས་སུ། ངས་ནི་གཙོ་བོ་དཀོན་མཆོག་ལ་བོས། ང་ཡི་དཀོན་མཆོག་ལ་སྐྱབས་གྲོགས་ཞུས། ཉིད་ཀྱི་མཆོད་ཁང་ནང་ནས་ཁོང་ཉིད་ཀྱིས། ང་ཡི་སྒྲ་ལ་གསན་ཆོག་མཛད་གནང་སྟེ། ང་ཡིས་སྐྱབས་ཞུས་ངུ་འབོད་ལ་ནི་ཁོང་གིས་གསན། 8དཀོན་མཆོག་ཉིད་ནི་ཁྲོས་པས་རྐྱེན་གྱིས་ནི། ས་གཞི་འགུལ་ཞིང་གཡོ་བ་དྲག་པོ་བྱས། དེ་བཞིན་ནམ་མཁའི་རྨང་གཞི་ཡོངས་སུ་འགུལ། 9ཁོང་གི་ཤངས་ནས་དུ་བ་འཐུལ་བ་དང་། ཞལ་ནས་འཚིག་པར་བྱེད་པའི་མེ་ལྕེ་དང་། འབར་ཞིང་ཡོད་པའི་མེ་ཧྲུག་དམར་པོ་ཐོན། 10ཁོང་གི་ཞབས་ཀྱི་འོག་ཏུ་སྤྲིན་ནག་མཉམ། མཁའ་དབྱིངས་ཧྲལ་ནས་མར་འབབས་སོ། 11ཁོང་གི་ཀེ་རུབ་ཆིབས་ནས་མྱུར་དུ་འཕུར། རླུང་གི་ཤོག་པས་ལྡིང་ནས་འགྲུལ་བསྐྱོད་གནང། 12ཁོང་གིས་རང་ཉིད་མུན་པས་བཀབ་པར་མཛད། ཆར་ཆུ་ལྡན་པའི་སྤྲིན་པ་སྟུག་པོས་ཁོང་ལ་བསྐོར། 13ཁོང་གི་དྲུང་ནས་གློག་འོད་འཁྱུག་པའི་སྐབས། འབར་བཞིན་ཡོད་པའི་མེ་ཧྲུག་དམར་པོ་ཐོན། 14དེ་ནས་གཙོ་བོ་དཀོན་མཆོག་ཉིད་ཀྱིས་ནི། ནམ་མཁའི་གནས་ནས་འབྲུག་སྐད་བཀྱོན། ཀུན་དབང་ལྡན་པའི་དཀོན་མཆོག་ཁྱེད་ཉིད་ཀྱི། གསུང་སྐད་དེ་ནི་ཀུན་གྱིས་ཐོས་པར་བྱས། 15ཁོང་གི་ཕྱག་མདས་དགྲ་རྣམས་སྟོར་བར་མཛད། གློག་འོད་འཁྱུག་པའི་དེ་ཚོ་བྲོས་ཤིང་རྒྱུག། 16ཐུགས་ཁྲོ་ཆེན་པོས་འབྲུག་སྐད་ལྡིར་བ་བཞིན། གསུང་སྐད་ཆེན་པོས་བཀའ་བཀྱོན་མཛད་པའི་སྐབས། རྒྱ་མཚོའི་མཐིལ་རྣམས་ཡོངས་སུ་མངོན་པ་དང་། དེ་བཞིན་ས་གཞིའི་རླུང་རྣམས་མངོན་པར་བྱས། 17མཐོ་རིས་གནས་ནས་གཙོ་བོ་དཀོན་མཆོག་གིས། ཕྱག་གཉིས་བརྐྱངས་ཏེ་བདག་ལ་ཐུགས་བཅག་མཛད། ཆུ་བོ་གཏིང་མཐའ་རིང་བའི་གནས་དེ་ནས། ཁོང་གིས་ང་ལ་བཏོན་གནང་མཛད་དེ་སྐྱབས། 18ཁོ་བོའི་དགྲ་བོ་སྟོབས་ཤུགས་ཅན་རྣམས་དང་། ཁོ་བོར་སྡང་དགྲ་བྱེད་མཁན་དགྲ་ཀུན་ལས། ཁོང་གིས་ང་ལ་སྐྱབས་གྲོགས་དཔུང་གཉེན་མཛད། དེ་ཚོ་ང་ལས་ཧ་ཅང་སྟོབས་ཤུགས་ཆེ། 19ང་ནི་དཀའ་ངལ་ནང་དུ་ཚུད་པའི་སྐབས། དེ་ཚོས་ངའི་ཁར་འཐབ་རྒོལ་བྱས་མོད་ཀྱང་། གཙོ་བོ་དཀོན་མཆོག་ང་ལ་སྲུང་སྐྱོབས་གནང་། 20ཁོང་གིས་ང་ལ་ཐུགས་མཉེས་མཛད་གནང་བས། ང་ལ་ཉེན་ཁའི་གནས་ལས་སྐྱབས་གྲོགས་མཛད། 21ང་ནི་བཟང་པོའི་རྗེས་སུ་འབྲངས་པའི་རྐྱེན། གཙོ་བོ་དཀོན་མཆོག་ང་ལ་བྱ་དགའ་གནང། ང་ནི་ཉེས་མེད་ཁོང་གི་བྱིན་རླབས་གནང་། 22གཙོ་བོ་དཀོན་མཆོག་ཁོང་གིི་ཁྲིམས་རྣམས་ང་ཡིས་སྲུང། ང་ཡི་དཀོན་མཆོག་ཁྱེད་ནས་ཁ་སྒྱུར་མེད། 23ཁོང་གི་བཀའ་ཁྲིམས་ཡོངས་སུ་བདག་གིས་སྲུང་། ངས་ནི་ཁོང་གི་བཀའ་དང་འགལ་མེད་དོ། 24ང་ནི་ཉེས་སྐྱོན་མེད་པ་ཁོང་གིས་མཁྱེན། ང་ནི་སྡིག་ལས་ཀུན་ལས་དབྱེད་ནས་ཡོད། 25ང་ནི་བཟང་པོའི་རྗེས་སུ་འབྲངས་པ་དང་། གནོང་ཉེས་མེད་པ་ཁོངགིས་མཁྱེན་ཙ་ན། ཁོང་གིས་ང་ལ་བྱིན་རླབས་གནང་བར་འགྱུར། 26ཀྱེ་གཙོ་བོ་ཁྱེད་ལ་དམ་གཙང་ཞུས་མཁན་ཚོར། ཁྱེད་ཀྱིས་དེ་ཚོར་དམ་གཙང་གནང་བར་མཛད། ཡང་དག་རྣམས་ལ་བཟང་པོར་མངོན། 27དམ་པ་རྣམས་ལ་ཁྱེད་ཀྱིས་དམ་པས་སྐྱོངས། ངན་པ་རྣམས་ལ་ཁྱེད་ཀྱི་དགྲ་ཤེད་མཛད། 28ཉམ་ཆུང་དུལ་སེམས་ཅན་ལ་ཁྱེད་ཀྱིས་སྐྱབས། ང་རྒྱལ་ཅན་ལ་ཁྱེད་ཀྱིས་དམའ་བར་མཛད། 29གཙོ་བོ་ཁྱེད་ནི་བདག་གི་འོད་ལགས་ཤིང་། ཁོ་བོའི་མུན་པ་ཉིད་ཀྱིས་སེལ་བར་མཛད། 30ཁྱེད་ཀྱིས་ང་ལ་དགྲ་བོར་འཐབ་པའི་སྟོབས། དེ་ཚོའི་སྲུང་ཆའི་ཐོག་ཏུ་ང་ལ་ནི། རྒྱལ་ཕྱིར་ནུས་སྟོབས་གནང་བར་མཛད། 31དཀོན་མཆོག་ཁྱེད་ཀྱི་མཛད་འཕྲིན་ཡང་དག་ལགས། ཁོང་གི་བཀའ་རྣམས་བློས་འཁེལ་འོས་ལགས་སོ། ཁོང་ལས་སྲུང་སྐྱོབས་འཚོལ་མཁན་རྣམས་ལ་ནི། ཁོང་ཉིད་ཕུབ་བཞིན་སྐྱབས་ཡུལ་བརྟན་པོ་ལགས། 32གཙོ་བོ་དཀོན་མཆོག་གཅིག་པོ་དཀོན་མཆོག་ལགས། དཀོན་མཆོག་གཅིག་པོ་ང་ཚོའི་སྲུང་སྐྱོབས་ཡིན། 33དཀོན་མཆོག་ང་ཡི་སྐྱབས་གནས་བཙན་པོ་ཡིན། ང་ཡི་འགྲུལ་ལམ་ཁོང་གིས་བརྟན་པོར་མཛད། 34ཤ་བ་བཞིན་དུ་གོམ་འགྲུལ་བརྟན་པོར་མཛད། ཁོང་གིས་ང་ལ་རི་ཁར་ཁམས་བཟང་བཞག། 35ཁོང་གིས་ང་ལ་དམག་སྦྱོང་སློབ་སྟོན་མཛད། དེས་ན་ང་ནི་མདའ་གཞུ་བཙན་ཤོས་སྤྱོད་ཐུབ་བོ། 36ཀྱེ་གཙོ་བོ་ཁྱེད་ཀྱིས་ང་ལ་སྲུང་ཞིང་སྐྱབས། ཁྱེད་ཀྱིས་སྐྱབས་ཀྱི་ང་ལ་རླབས་ཆེན་མཛད། 37ཁྱེད་ཀྱི་ང་ལ་བཙོན་ལས་ཚུད་འགྱུར་སྐྱབས་གནང་ངོ་། ང་ནི་ད་བར་ནམ་ཡང་ལྷུང་མེད་དོ། 38རང་གི་དགྲ་བོར་འདེད་ནས་འཕམ་པར་བྱས། དེ་ཚོ་ཚར་བཅད་མ་བྱེད་བར་དུ་མཚམས་མི་འཇོགས། 39དེ་ཚོར་ཉེས་བརྡུང་བྱས་པས་ཡར་མི་ལང་། འཕམ་གུད་བྱུང་ནས་ང་ཡི་མདུན་དུ་འགྱེལ། 40དམག་འཐབ་བྱེད་ཕྱིར་སྟོབས་ཤུགས་ཁྱེད་ཀྱིས་གནང་། དགྲ་བོའི་སྟེང་དུ་རྒྱལ་ཁ་ཁྱེད་ཀྱིས་གནང་། 41དགྲ་རྣམས་ང་ཡི་རྩ་ནས་ཁྱེད་ཀྱིས་འདེད། ང་སེམས་ཅན་ལ་བདག་གིས་ཚར་གཅོད་བྱེད། 42དེ་ཚོས་སྐྱབས་གྲོགས་ཞུས་ཀྱང་སྐྱབས་མཁན་མེད། དེ་ཚོས་གཙོ་བོར་འབོད་ཀྱང་ལན་མི་གནང་། 43དེ་ཚོར་རྐང་བརྫིས་ཕྱེ་མ་བཞིན་དུ་འགྱུར། ལམ་གྱི་འདམ་རྫབ་བཞིན་དུ་ང་ཡིས་བརྫིས། 44མི་འབངས་ལོག་ལྟ་ཅན་ལས་ང་ལ་སྐྱབས། མི་རིགས་རྣམས་ཀྱི་ཐོག་ཏུ་སྲིད་སྐྱོང་བརྟན་པོར་འཛོག། ངོ་ཤེས་མེད་པའི་མི་རྣམས་ངའི་འབངས་འགྱུར། 45ཕྱི་རྒྱལ་པ་ཚོས་ངའི་མདུན་ཕྱག་བཙལ་ཞིང་། དེ་ཚོས་ང་ཡི་བཀའ་ལ་བརྩི་སྲུང་བྱེད། 46དེ་ཚོས་སེམས་ཤུགས་ཡོངས་སུ་ཉམས་པ་དང་། མཁར་རྫོང་དག་ལས་འདར་བཞིན་ཡོང་བར་འགྱུར། 47གཙོ་བོ་དཀོན་མཆོག་གསོན་པོར་སྐུ་བཞུགས་པས། ང་ཡི་སྲུང་སྐྱོབ་མཁན་ལ་བསྟོད་བསྔོགས་ཤིག། ང་ལ་སྲུང་སྐྱོབ་གནང་མཁན་དཀོན་མཆོག་གི། མངའ་ཐང་ཆེན་པོའི་སྐོར་ལ་ཁྱབ་སྒྲགས་བྱོས། 48དགྲ་བོའི་ཐོག་ཏུ་ང་ལ་རྒྱལ་ཁ་གནང་། མི་རིགས་རྣམས་ནི་ང་ཡི་མངའ་འོག་ཏུ། དེ་དག་ཁོང་གིས་ང་ལ་གནང་བར་མཛད། 49དགྲ་བོའི་ལག་ནས་ང་ལ་སྐྱབས་གནང་ཞིང་། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ཉིད་ལ། དགྲ་བོའི་ཐོག་ཏུ་ང་ལ་རྒྱལ་ཁ་གནང་། མི་ངན་ཁྲོ་གཏུམ་ལག་ནས་སྐྱབས་གྲོགས་མཛད། 50དེས་ན་མི་རིགས་འདྲ་མིན་རྣམས་ཀྱི་དབུས། ངས་ནི་ཁྱེད་ལ་བསྟོད་བསྔགས་འབུལ་བཞིན་དུ། མགུར་དབྱངས་ལེན་ཏེ་ཁྱེད་ལ་བསྟོད་པ་འབུལ། 51དཀོན་མཆོག་གིས་ནི་རང་གི་རྒྱལ་པོ་ལ། རྒྱལ་ཁ་ཆེན་པོ་རྣམས་ནི་གནང་བར་འགྱུར། ཉིད་ཀྱིས་འདེམས་བསྐོས་མཛད་པའི་སྐྱེ་བོ་ལ། ཁོང་གིས་བྱམས་སྐྱོངས་ཟད་མེད་གནང་བར་འགྱུར། དཱ་བིད་རང་དང་ཁོང་གི་རིགས་བརྒྱུད་ལ། དུས་རྒྱུན་དུ་དེ་ལྟར་གནང་བར་འགྱུར༎

ཤ་མུ་ཨེལ་གཉིས་པ 23

དཱ་བིད་ཀྱི་མཐའ་མའི་བཀའ་འཕྲིན་རྣམས།

1དཱ་བིད་ནི་ཡི་ཤེའི་བུ་ཡིན་ཅིང་། ཡ་ཀོབ་ཀྱི་དཀོན་མཆོག་གི་ཁོང་ལ་རྒྱལ་པོར་བསྐོ་ཕྱིར་འདམས་པ་གནང་བ་དང་། ཁོང་གིས་ཨིསི་རཱཨེལ་གྱི་དོན་དུ་མགུར་མ་སྙན་པོ་རྣམས་བརྩམས་ཤིང་། དཱ་བིད་ཀྱི་མཐའ་མའི་བཀའ་འཕྲིན་རྣམས་ནི་གཤམ་གསལ་ལྟར་ཡིན་ནོ། 2གཙོ་བོ་དཀོན་མཆོག་ཁོང་གི་ཐུགས་ཉིད་དེས། ཁོ་བོའི་བརྒྱུད་ནས་གསུང་གླེང་མཛད་པ་གནང་། ཁོང་གི་བཀའ་འཕྲིན་བདག་གི་ཁ་ནང་ཡོད། 3ཨིསི་རཱཨེལ་དཀོན་མཆོག་ཁོང་གི་གསུང་གླེང་མཛད། ཨིསི་རཱཨེལ་སྲུང་སྐྱོབ་མཛད་པོས་ང་ལ་གསུང། བཀའ་ཁྲིམས་བཞིན་དུ་རྒྱལ་སྲིད་སྐྱོངས་མཁན་དེ། དཀོན་མཆོག་གི་ནི་བཀའ་དགོངས་ཇི་བཞིན་དུ། སྲིད་སྐྱོངས་བྱེད་མཁན་རྒྱལ་པོ་དེ་ཉིད་ནི། 4སྔ་དྲོ་སྤྲིན་པ་མེད་པའི་དུས་སྐབས་སུ། འོད་ཟེར་འཕྲོ་བའི་ཉི་མ་དེ་དང་མཚུངས། ཆར་པའི་རྗེས་སུ་རྩ་ཁའི་ཟིལ་པ་དེར། འོད་ཟེར་འཕྲོ་བའི་ཉི་མ་དེ་དང་མཚུངས། 5དཀོན་མཆོག་གིས་ནི་ང་ཡི་རིགས་བརྒྱུད་ལ། དེ་བཞིན་བྱིན་གྱིས་རླབས་པར་མཛད་གནང་ངོ་། གང་ལ་ཟེར་ན་ཁོང་གིས་བདག་ཉིད་ལ། དུས་མཐའ་མེད་པའི་དམ་བཅའ་མཛད་གནང་ཡོད། ནམ་ཡང་འགལ་རྒྱུ་མེད་པའི་ཁ་ཆད་དང་། སླུ་བ་མེད་པའི་ཞལ་ཆེ་མཛད་གནང་ཡོད། ང་ཡི་བློ་འདོད་དང་ནི་རྒྱལ་ཁ་དེ་ནང་ཡོད། དཀོན་མཆོག་གིས་ཀྱང་དེ་བཞིན་ངེས་པར་སྒྲུབ། 6འོན་ཀྱང་མི་ངན་རྣམས་ནི་དོར་ཞིང་དབྱུགས་པའི་འཚེར་འདྲ། དེ་ལ་སུས་ཀྱང་ལག་པས་འཆང་མི་ཐུབ། 7ལྕགས་ཧྲང་ཞིག་གམ་མདུང་གིས་བེད་སྤྱོད་དགོས། དེ་ཚོ་མེ་ཡི་ནང་དུ་ཡོངས་སུ་སྲེག་པར་བྱེད།།

དཱ་བིད་ཀྱི་སྙན་གྲགས་ཆེ་བའི་དཔའ་བོ་རྣམས།

(༡ སྔོན་རབ་ ༡༡:༡༠-༤༡)

8དཱ་བིད་ཀྱི་སྙན་གྲགས་ཆེ་བའི་དཔའ་བོ་རྣམས་ཀྱི་མིང་ནི་གཤམ་གསལ་ལྟར་ཡིན་ནོ། དང་པོ། ཏཧ་ག་མོན་ནས་ཡིན་པའི་ཡོ་ཤེབ་བྷ་ཤེ་བྷེད་དེ་ནི་དཔའ་བོ་གསུམ་གྱི་འགོ་དཔོན་ཡིན་པ་དང་། ཁོས་རང་གི་མདུང་འཁྱེར་ཏེ་མི་ ༨༠༠ དང་འཐབ་ནས། དེ་ཚོ་ཡོངས་སུ་དམག་རྒྱག་ཐེངས་གཅིག་རང་ལ་བསད་དོ། 9ཨ་ཧོའི་རིགས་རུས་ནས་ཡིན་པ་དྷོ་དྷོའི་བུ་ཨེ་ལི་ཛར་ནི་དཔའ་བོ་གསུམ་གྱི་ནང་ནས་གཉིས་པ་དེ་ཡིན་ཅིང་། ཉིན་ཅིག་ཁོ་དང་དཱ་བིད་གཉིས་ཀྱིས་དམག་འཐབ་བྱེད་ཕྱིར་འཛོམས་ཡོད་པའི་ཕེ་ལེ་ཤེད་པ་རྣམས་ལ་འགྲན་བསྡུར་བྱས་པ་དང་། ཨིསི་རཱཨེལ་པ་རྣམས་ཕྱི་ནུར་རྒྱབ་མོད། 10འོན་ཀྱང་ཨེ་ལི་ཛར་གྱི་རང་ས་གནས་མ་སློད་པར། རང་གི་ལག་པ་ཆག་བརྒྱབ་ནས་རལ་གྲི་བཏོན་མ་ཐུབ་བར་དུ་ཕེ་ལེ་ཤེད་པ་རྣམས་དང་འཐབ་བོ། དེ་ཉིན་གཙོ་བོ་དཀོན་མཆོག་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དང་། དམག་ཐག་ཆོད་པའི་རྗེས་སུ་ཨིསི་རཱཨེལ་པ་རྣམས་ཨེ་ལི་ཛར་ཡོད་སར་ཕྱིར་ལོག་བྱས་ཤིང་། ཤི་བའི་རོ་ནས་གོ་ཁྲབ་སོགས་བཤུས་སོ། 11དཔའ་བོ་གསུམ་གྱི་ནང་ནས་གསུམ་པ་དེ་ནི། ཧ་རར་ནས་ཡིན་པ་ཨ་གྷིའི་བུ་ཤམ་མཱ་ཟེར་བ་དེ་ཡིན་པ་དང་། ཕེ་ལེ་ཤེད་པ་རྣམས་ལེ་ཧི་རུ་འཛོམས་ཡོད་ཅིང་། ཡང་གནས་དེར་སྲན་མའི་ཞིང་ཞིག་ཡོད་པ་ཡིན་ནོ། ཨིསི་རཱཨེལ་པ་རྣམས་ཕེ་ལེ་ཤེད་པ་རྣམས་ལས་བྲོས་ཕྱིན་པ་ཡིན་རུང་། 12ཤམ་མཱས་རང་ས་མ་སློད་པར་ཞིང་ཁའི་བརྒྱུད་ཀྱི་ས་ཁུལ་དེ་དག་སྲུང་སྐྱོབ་བྱས་ཏེ། ཕེ་ལེ་ཤེད་པ་རྣམས་བསད་པས། དེའི་ཉིན་གཙོ་བོ་དཀོན་མཆོག་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་ཡིན་ནོ། 13བཙས་མ་བརྔས་རན་པའི་དུས་སུ། མི་གཙོ་བོ་སུམ་ཅུའི་ནང་ནས་གསུམ་ནི་ཨ་དུལ་ལམ་གྱི་བྲག་ཕུག་ཏུ་ཕྱིན་པ་དང་། དཱ་བིད་ཀྱང་བྲག་ཕུག་དེ་གའི་ནང་དུ་བསྡད་ཡོད་པ་ཡིན་ནོ། ཕེ་ལེ་ཤེད་པའི་ཚོགས་ཁག་ཅིག་རེ་ཕ་ཨིམ་གྱི་ལུང་གཤོང་དུ་སྒར་ས་རྒྱབ་ནས་བསྡད་ཡོད་དོ། 14སྐབས་དེར་དཱ་བིད་ནི་སྲུང་ཆ་བརྟན་པོ་ཡོད་པའི་རི་བོ་ཞིག་ཏུ་བསྡད་ཡོད་པ་ཡིན་ནོ། ཕེ་ལེ་ཤེད་པའི་ཚོགས་ཁག་ཅིག་གིས་བྷེད་ལེ་ཧེམ་ནི་རང་གི་མངའ་ཁོངས་སུ་བསྡུས་ཡོད་དོ། 15སྐབས་དེར་དཱ་བིད་ཀྱིས་རང་གི་ནང་དྲན་ཏེ། བྷེད་ལེ་ཧེམ་གྱི་རྒྱལ་སྒོའི་འགྲམ་གྱི་ཁྲོན་པ་ནས་ངའི་དོན་དུ་སུ་ཞིག་གིས་འཐང་ཆུ་ཞིག་འཁྱེར་ཡོང་ན་ཅི་མ་རུང་ཞེས་སྨྲས་པས། 16སྙན་གྲགས་ལྡན་པའི་དམག་མི་གསུམ་པོས། ཕེ་ལེ་ཤེད་པའི་སྒར་གྱི་དཀྱིལ་ནས་རྒྱུགས་ཕྱིན་ཏེ། ཁྲོན་པདེ་ནས་ཆུ་བཅུས་ཏེ་འཁྱེར་ཡོང་ཞིང་དཱ་བིད་ལ་འབུལ་ཀྱང་། ཁོང་གིས་དེ་ལས་འཐུང་འདོད་མ་གནང་བར། གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་གྱི་ཚུལ་དུ་ས་ཁར་བཤོས་ཤིང་སྨྲས་པ། 17ཀྱེ་གཙོ་བོ་དཀོན་མཆོག་ངས་ཆུ་འདི་ནམ་ཡང་འཐུང་མི་ཐུབ། ངས་ཆུ་འདི་ལས་འཐུང་བ་ཡིན་ན་རང་སྲོག་འབན་ལ་བཙུགས་ནས་ཆུ་འདི་འཁྱེར་ཡོང་མཁན་སྐྱེ་བོ་འདི་ཚོའི་ཁྲག་འཐུང་བ་དང་མཚུངས་པ་ཡིན་ནོ། དེ་ནས་ཁོང་གིས་ཆུ་དེ་འཐུང་བར་ཁས་མ་བླངས་སོ། སྙན་གྲགས་ལྡན་པའི་དཔའ་བོ་གསུམ་གྱི་སྙིང་སྟོབས་ཅན་གྱི་བྱས་རྗེས་རྣམས་འདི་ལྟར་ཡིན། 18དཔའ་བོ་སུམ་ཅུའི་འགོ་དཔོན་ནི་ཡོ་ཨབ་ཀྱི་སྤུན་ཨ་བྷི་ཤེ་ཡིན་པ་དང་། དེ་གཉིས་ཀྱི་མ་ནི་ཛེ་རུ་ཡཱ་ཡིན་ནོ། ཁོས་རང་གི་མདུང་འཁྱེར་ནས་མི་གྲངས་ ༣༠༠ དང་འཐབ་ནས་དེ་ཚོ་ཚང་མ་བསད་པས། ཁོ་ནི་མི་གྲངས་སུམ་ཅུའི་ནང་ནས་སྙན་གྲངས་ཅན་ཞིག་ཏུ་འགྱུར་བ་ཡིན་ནོ། 19ཁོ་ནི་མི་གྲངས་སུམ་ཅུའི་ནང་ནས་སྙན་གྲགས་ཆེ་ཤོས་ཤིག་ཏུ་འགྱུར་ཏེ། དེ་ཚོའི་འགོ་དཔོན་དུ་འགྱུར་རོ། འོན་ཀྱང་ཁོ་ནི་དཔའ་བོ་གསུམ་པོ་དེ་ལས་ལྷག་པའི་སྙན་གྲགས་ཅན་ཞིག་ཏུ་འགྱུར་མ་ཐུབ་བོ། 20ཀབ་ཛིལ་ནས་ཡིན་པ་ཡེ་ཧོ་ཡ་དྷའི་བུ་བྷེ་ན་ཡཱ་ཟེར་བ་དེའང་དམག་དཔོན་སྙན་གྲགས་ཆེ་བ་གཞན་ཞིག་ཡིན་ཅིང་། ཁོས་བློ་སྟོབས་ཆེ་བའི་ལས་མང་པོ་བྱས་ཡོད་པའི་ནང་ནས་དཔའ་མཛངས་ཆེ་བའི་མོ་ཨབ་པའི་དམག་དཔོན་གཉིས་ལའང་བསད་དོ། དེ་ཙམ་མ་ཟད་ཁོས་ཉིན་ཅིག་གངས་རྒྱབ་བཞིན་པའི་སྐབས་སུ་ས་དོང་ཞིག་གི་ནང་དུ་འཛུལ་ནས་སེང་གེ་ཞིག་ཀྱང་བསད་དོ། 21ཁོས་ཨི་ཇིབ་པ་གཟུགས་སྟོབས་ཆེ་ཞིང་ལག་པར་མདུང་འཁྱེར་བ་ཞིག་ཀྱང་བསད་ཡོད་ཅིང་། བྷེ་ན་ཡཱས་ལག་པར་བེར་རྒྱུག་ཞིག་འཁྱེར་ནས་ཨི་ཇིབ་པ་དེ་དང་འཐབ་པ་དང་། ཁོའི་ལག་པ་ནས་མདུང་དེ་འཕྲོག་སྟེ། མདུང་དེ་རང་གིས་ཁོ་བསད་དོ། 22བྷེ་ན་ཡཱའི་དཔའ་མཛངས་ལྡན་པའི་བྱས་རྗེས་རྣམས་ནི་འདི་ལྟར་ཡིན་ནོ། ཁོ་ནི་དཔའ་བོ་སུམ་ཅུའི་ཁོངས་ནས་གཅིག་ཡིན་ཏེ། 23ཁོ་ནི་དེ་ཚོའི་ཁོངས་ནས་སྐྱེ་བོ་སྙན་གྲགས་ཆེ་ཤོས་ཤིག་ཏུ་འགྱུར་མོད། འོན་ཀྱང་ཁོ་ནི་དཔའ་བོ་གསུམ་པོ་དེ་དང་འདྲ་བའི་སྙན་གྲགས་ཆེན་པོར་འགྱུར་མ་ཐུབ་བོ། དཱ་བིད་ཀྱིས་ཁོ་ལ་རང་གི་སྐུ་སྲུང་དམག་མིའི་འགོ་དཔོན་དུ་བསྐོ་གཞག་བྱས་སོ། 24-39སུམ་ཅུའི་ཁོངས་སུ་ཡོད་པའི་སྐྱེ་བོ་རྣམས་ནི་གཤམ་གསལ་ལྟར་ཡིན་ནོ། ཡོ་ཨབ་ཀྱི་ནུ་བོ་ཨ་ས་ཧེལ། བྷེད་ལེ་ཧེམ་ནས་དྷོ་དྷོའི་བུ་ཨེལ་ཧ་ནན། ཧ་རོད་ནས་ཤམ་མཱ་དང་ཨེ་ལི་ཀ། པེ་ལེད་ནས་ཧེ་ལེཛ། ཊེ་ཀོ་ཨ་ནས་ཨི་ཀེཤའི་བུ་ཨི་ར། ཨ་ན་ཐོད་ནས་ཨ་བྷི་ཨེ་ཛར། ཧུ་ཤཱ་ནས་མེ་བུན་ནེ། ཨ་ཧོ་ནས་ཛལ་མོན། ནེ་ཏོ་ཕཱ་ནས་མ་ཧ་རའི། ནེ་ཏོ་ཕཱ་ནས་བྷ་ནཱའི་བུ་ཧེ་ལེབ། བྷེན་ཡ་མིན་གྱི་ས་གནས་གྷི་བི་ཨཱ་ནས་རི་བའི་བུ་ཨིཏ་ཏེ། པི་ར་ཐོན་ནས་བྷེ་ན་ཡཱ། གྷཤ་འགྲམ་གྱི་ལུང་གཤོང་ནས་ཧི་དའི། ཨ་ར་བཱ་ནས་ཨ་བྷི་ཨལ་བྷོན། བྷ་ཧུ་རིམ་ནས་ཨཛ་མཱ་བྷེད། ཤཱལ་བྷོན་ནས་ཨེལ་ཡཱ་བ། ཡ་ཤེན་གྱི་བུ་རྣམས། ཡོ་ན་ཐན། ཧ་རར་ནས་ཤམ་མཱ། ཧ་རཱ་རཱ་ནས་ཤ་རར་གྱི་བུ་ཨ་ཧི་ཨམ། མ་ཀཱ་ནས་ཨ་ཧསི་བྷེའི་བུ་ཨེ་ལི་ཕེ་ལེཏ། གྷི་ལོ་ནས་ཨ་ཧི་ཐོ་ཕེལ་གྱི་བུ་ཨེལ་ཡམ། ཀར་མེལ་ནས་ཧེཛ་རོ། ཨ་རབ་ནས་པཱ་རེ། ཛོ་བཱ་ནས་ན་ཐཱན་གྱི་བུ་ཨི་གྷལ། གྷཌ་ནས་བྷ་ནི། ཨམ་མོན་ནས་ཛེ་ལེག། ཡོ་ཨབ་ཀྱི་གོ་མཚོན་འཁྱེར་མཁན་བྷི་རོད་ནས་ན་ཧ་རེ། ཡ་ཏིར་ནས་ཨི་ར་དང་གྷ་རེབ། ཧི་ཏི་པ་ཨུ་རི་ཡཱ་བཅས་སོ། བསྡོམས་པའི་མི་གྲངས་སུམ་ཅུ་སོ་བདུན་རྣམས་ནི་དཔའ་མཛངས་དང་སྙན་གྲགས་ལྡན་པའི་དཔའ་བོ་རྣམས་ཡིན་ནོ༎

ཤ་མུ་ཨེལ་གཉིས་པ 24

དཱ་བིད་ཀྱིས་མི་འབོར་གྲངས་རྩིས་ལེན་པ།

(༡ སྔོན་རབ་ ༢༡:༡-༢༧)

1སླར་ཡང་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་ཐོག་ཏུ་ཐུགས་ཁྲོས་ཏེ། དེ་ཚོའི་ཐོག་ཏུ་དཀའ་ངལ་ཡོང་བའི་ཕྱིར་ཁོང་གིས་དཱ་བིད་ཀྱི་སེམས་ནང་བསྐུལ་མ་མཛད་ཅིང་། གཙོ་བོ་དཀོན་མཆོག་གིས་ཁོ་ལ། ད་ཁྱོད་ཕྱིན་ནས་ཨིསི་རཱཨེལ་དང་ཡ་ཧུ་དཱའི་མི་རྣམས་ཀྱི་གྲངས་འབོར་རྩིས་བཤེར་གྱིས་ཤིག་ཅེས་གསུངས་སོ། 2དེར་བརྟེན་དཱ་བིད་ཀྱིས་རང་གི་དམག་སྤྱི་ཡོ་ཨབ་ལ། ད་ཁྱོད་སོ་སོའི་དམག་དཔོན་རྣམས་འཁྲིད་དེ་ཡུལ་གྱི་མཐའ་མཚམས་གཅིག་ནས་གཞན་བར་དུ་ཨིསི་རཱཨེལ་གྱི་སྡེ་རིགས་ཚང་མའི་ཁོངས་སུ་ཕྱིན་ནས་དེ་ཚོའི་མི་འབོར་གྲངས་རྩིས་ལེན་ཞིག དེ་ཚོའི་གྲངས་འབོར་མང་ཉུང་ཇི་ཙམ་ཡོད་པ་དེ་ངས་ཤེས་པར་བྱེད་དགོས་ཅེས་གསུངས་སོ། 3འོན་ཀྱང་ཡོ་ཨབ་ཀྱིས་ཞུ་ལན་དུ། ཀྱེ་མི་དབང་ཆེན་པོ། གཙོ་བོ་དཀོན་མཆོག་ཉིད་ཀྱི་དཀོན་མཆོག་གིས་ཨིསི་རཱཨེལ་པའི་ཁ་གྲགས་དེ་ད་ལྟ་ལས་ལྡབ་བརྒྱ་མང་བར་འཕེལ་བར་མཛད་པར་ཤོག ཁོང་གིས་དེ་ལྟར་མཛད་པ་དེ་སྐུ་ཉིད་ཀྱི་གཟིགས་ཐུབ་ཕྱིར། སྐུ་ཉིད་ཉིན་མོ་དེ་བར་སྐུ་གསོན་པོར་གནས་པར་ཤོག་འོན་ཀྱང་མི་དབང་ཆེན་པོས་མི་འབོར་གྲངས་རྩིས་དེ་བླངས་དགོས་ཅེས་པའི་བཀའ་བསྒོས་ནན་ཏན་གནང་བ་དེ་གང་ཡིན་ནམ་ཞེས་ཞུས་ཀྱང་། 4རྒྱལ་པོས་ཡོ་ཨབ་དང་ཁོང་གི་དམག་དཔོན་རྣམས་ལ་རང་གི་བཀའ་དེ་བརྩི་སྲུང་མ་ཞུས་ཀ་མེད་ཀྱིས་ནན་ཏན་ཆེན་པོས་བཀའ་བསྒོས་གནང་བས། དེ་ཚོ་རྒྱལ་པོའི་སྤྱན་སྔ་ནས་ཐོན་ཏེ། ཨིསི་རཱཨེལ་མི་མང་རྣམས་ཀྱི་གྲངས་ཐོ་ལེན་ཕྱིར་ཕྱིན་ནོ། 5དེ་ཚོས་ཡོར་དན་རྒལ་ཏེ། གྷཌ་ཀྱིས་ཁོངས་སུ་ཡོད་པའི་ལུང་གཤོང་དཀྱིལ་གྱི་གྲོང་ཁྱེར་ཨ་རོ་ཨེར་གྱི་ལྷོ་ཕྱོགས་སུ་སྒར་རྒྱབ་བོ། དེ་རྗེས་ཁོ་ཚོ་བྱང་ཕྱོགས་སུ་ཡ་ཛེར་དང་། 6ཧི་ཏི་པའི་ས་ཁུལ་དུ་ཡོད་པའི་གྷིལ་ཨད་དང་ཀ་དྷེཤི་བར་དུ་ཕྱིན་ནོ། དེ་རྗེས་དཱན་དང་ཡང་ནུབ་ཕྱོགས་སུ་སི་དོན་བར་དུ་ཕྱིན་ནོ། 7དེ་རྗེས་ཁོ་ཚོ་ལྷོ་ཕྱོགས་སུ་ལྕགས་རི་བཙན་པོས་བསྐོར་བའི་གྲོང་ཁྱེར་ཊ་ཡར་དང་། ཧི་ཝི་པ་དང་ཀ་ནན་པའི་གྲོང་ཁྱེར་ཁག་བརྒྱུད་དེ་མཐར་ཡ་ཧུ་དཱའི་ལྷོ་ཕྱོགས་བྷིར་ཤེ་བྷ་རུ་བསླེབས་སོ། 8དེ་བཞིན་ཁོ་ཚོ་ཡུལ་གྱི་ས་ཁུལ་ཚང་མ་བསྐོར་ནས་ཟླ་བ་དགུ་དང་ཉི་མ་ཉི་ཤུའི་རྗེས་སུ་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་བྱས་ཏེ། 9དེ་ཚོས་རྒྱལ་པོ་ལ་སྙན་གསན་ཞུས་གསལ། དམག་སར་གོ་ཆོད་པའི་སྐྱེ་པའི་ཁ་གྲངས་ནི་ཨིསི་རཱཨེལ་དུ་ ༨༠༠,༠༠༠ དང་ཡ་ཧུ་དཱ་རུ་ ༥༠༠,༠༠༠ བཅས་ཡོད་པ་ཡིན་ནོ། 10འོན་ཀྱང་མི་འབོར་གྲངས་རྩིས་ལེན་ཟིན་པའི་རྗེས་སུ་དཱ་བིད་ཀྱི་སེམས་ཧ་ཅང་མི་བདེ་བ་བྱུང་ཞིང་། ཁོང་གིས་གཙོ་བོ་དཀོན་མཆོག་ལ། ངས་འདི་ལྟ་བུའི་ལས་ངན་བྱས་པས་སྡིག་པ་ཉེན་ཚབས་ཆེན་པོ་ཞིག་བསག་པ་ཡིན་པས། ཐུགས་རྗེ་གཟིགས་ཏེ་བཟོད་གསོལ་གནང་བར་མཛོད། ངས་གླེན་པ་ཞིག་དང་མཚུངས་པའི་ལས་དོན་ཆོ་མེད་པ་ཞིག་བྱས་བཞག་ཅེས་ཞུས་སོ། 11-12དེ་ནས་གཙོ་བོ་དཀོན་མཆོག་གིས་དཱ་བིད་ཀྱི་ལུང་སྟོན་པ་གྷཌ་ལ། ད་ཁྱོད་ཕྱིན་ནས་དཱ་བིད་ལ། ངས་ཁོ་ལ་དོན་གནད་གསུམ་གྱི་ནང་ནས་གཅིག་འདམ་ཀ་བྱེད་བཅུག་རྒྱུ་ཡིན་པས། ཁོང་གིས་གང་འདམས་པ་དེ་རང་ངས་བྱེད་རྒྱུ་ཡིན་ཞེས་གསུངས་སོ། དེའི་སང་ཞོགས་དཱ་བིད་གཉིད་སད་པ་དང་། 13གྷཌ་ནི་དཱ་བིད་ཡོད་སར་ཕྱིན་ནས། གཙོ་བོ་དཀོན་མཆོག་གིས་བཀའ་གང་གནང་བ་ཚང་མ་དཱ་བིད་ལ་བཤད་དེ། ཁོང་གིས་རྒྱལ་པོ་ལ་བཀའ་འདྲི་ཞུས་པ། ད་ཁྱེད་ཀྱི་ཡུལ་ནང་ལོ་ངོ་གསུམ་བར་དུ་མུ་གེ་འབྱུང་བར་འདོད་དམ། ཡང་ན་རྒྱལ་པོ་རང་ཉིད་ཟླ་བ་གསུམ་གྱི་བར་དུ་རང་གི་དགྲ་བོ་ལས་བྲོས་དགོས་པར་འདོད་དམ། ཡང་ན་ཉིན་ཞག་གསུམ་གྱི་རིང་ལ་ཡུལ་ནང་རིམས་ནད་འབྱུང་བར་འདོད་དམ། དེ་བས་ན་ངས་གཙོ་བོ་དཀོན་མཆོག་ལ་ཞུ་ལན་གང་ཕུལ་དགོས་པ་དེའི་སྐོར་ལ་ཐུགས་བསམ་ཡག་པོ་བཞེས་ཏེ་ང་ལ་གསུངས་དུ་གསོལ་ཞེས་ཞུས་སོ། 14ལན་དུ་དཱ་བིད་ཀྱིས། ད་ང་ནི་དཀའ་ངལ་ཆེན་པོ་ཞིག་གི་ནང་དུ་ཚུད་བྱུང་། འོན་ཀྱང་མིའི་ལག་པ་ནས་ཉེས་ཆད་འཁྱེར་དགོས་པ་ལས། གཙོ་བོ་དཀོན་མཆོག་རང་ཉིད་ཀྱིས་ང་ཚོར་ཉེས་ཆད་གནང་བར་ཤོག གང་ལགས་ཟེར་ན། ཁོང་ནི་ཧ་ཅང་ཐུགས་བརྩེ་ཆེན་པོ་ཡིན་ནོ་ཞེས་གསུངས་སོ། 15དེར་བརྟེན་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་ཡུལ་དུ་ནད་རིམ་ཤིག་གཏོང་བ་གནང་ཞིང་། ནད་རིམས་དེ་ནི་སྔ་དྲོའི་དུས་ནས་དཱ་བིད་ཀྱིས་འདམས་ཀ་བྱས་པའི་དུས་བར་དུ་གནས་སོ། ཡུལ་གྱི་མཐའ་མཚམས་གཅིག་ནས་གཞན་བར་ནད་རིམས་དེའི་སྒོ་ནས་ཨིསི་རཱཨེལ་པ་ ༧༠,༠༠༠ ཙམ་ཤི་བ་ཡིན་ནོ། 16གཙོ་བོ་དཀོན་མཆོག་གི་ཕོ་ཉས་ཡེ་རུ་ཤ་ལེམ་འཇིག་པར་བྱེད་རན་དུས། གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་མི་འབངས་ལ་ཉེས་ཆད་མི་གནང་བའི་ཐུགས་བསམ་བཞེས་ཏེ། སྲོག་གཅོད་བྱེད་བཞིན་པའི་ཕོ་ཉ་དེ་ལ། གཙོ་བོ་དཀོན་མཆོག་གིས། ད་མཚམས་འཇོགས་བྱོས་ཤིག་ཅེས་གསུངས་སོ། སྐབས་དེར་ཕོ་ཉ་དེ་ནི་ཡ་བྷུསེ་པ་ཨ་རོ་ནཱའི་གཡུལ་ཁའི་འགྲམ་དུ་སླེབས་ཡོད་པ་ཡིན་ནོ། 17མི་མང་ཚར་གཅོད་བྱེད་བཞིན་པའི་ཕོ་ཉ་དེ་མཐོང་ནས་དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་ལ། ཉེས་པ་བྱེད་མཁན་དེ་ནི་ང་རང་ཡིན་པས། མི་ནོངས་མེད་འདི་ཚོས་ཉེས་པ་གང་བྱས་ཡོད་པ་ཡིན་ནམ། དེ་བས་ན་ཁྱེད་ཀྱི་ང་དང་ངའི་ནང་མི་རྣམས་ལ་ཉེས་ཆད་གནང་དགོས་ཤེས་ཞུས་སོ། 18ཉིན་མོ་དེ་རང་ལ་གྷཌ་ནི་དཱ་བིད་ཡོད་སར་ཕྱིན་ནས། ཁྱེད་རང་ཨ་རོ་ནཱའི་གཡུལ་ཐག་ཏུ་ཕེབས་ཏེ། དེར་གཙོ་བོ་དཀོན་མཆོག་གི་དོན་དུ་མཆོད་ཁྲི་ཞིག་བཞེངས་པར་མཛོད་ཅེས་ཞུས་སོ། 19དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་གི་བཀའ་དགོངས་སྒྲུབ་སྟེ། གྷཌ་ཀྱིས་གང་གསུངས་པ་བཞིན་ཁོང་དེར་ཕེབས་སོ། 20ཨ་རོ་ནཱས་མར་བལྟས་པས་རྒྱལ་པོ་དང་ཁོང་གི་ལས་བྱེད་པ་བཅས་པ་ཡར་རང་གི་ཕྱོགས་སུ་ཕེབས་བཞིན་པ་མཐོང་ནས། དཱ་བིད་ཀྱི་མདུན་དུ་ལུས་ས་ལ་བརྡབས་ཏེ་ཕྱག་བཙལ་ལོ། 21ཀྱེ་རྒྱལ་པོ་ཆེན་པོ། སྐུ་ཉིད་འདི་གར་ཕེབས་དགོས་པ་དེ་གང་ཡིན་ནམ་ཞེས་དྲིས་པས། ལན་དུ་དཱ་བིད་ཀྱིས། ནད་རིམས་དེ་འགོག་ཐབས་སུ་ངས་གཙོ་བོ་དཀོན་མཆོག་གི་དོན་དུ་མཆོད་ཁྲི་ཞིག་བཞེངས་དགོས་འདུག་པས། ཁྱོད་ཀྱི་འབྲུ་བརྡུང་སའི་གཡུལ་ཁ་དེ་མཆོད་ཁྲི་བཞེངས་ཡུལ་དུ་ཉོ་བའི་ཕྱིར་ཡོང་བ་ཡིན་ཞེས་གསུངས་སོ། 22ཨ་རོ་ནཱས། ཀྱེ་རྒྱལ་པོ་ཆེན་པོ། ས་ཆ་དེ་བཞེས་རོགས་གནང་། དེར་ཁྱེད་ཀྱི་ཐུགས་འདོད་བཞིན་དུ་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་གནང་བར་མཛོད། མཆོད་ཁྲིར་མཆོད་འབུལ་སྲེག་པའི་ཕྱིར་གླང་རྣམས་དང་། མེ་ཤིང་འབུད་པའི་ཆེད་དུ་དེ་ཚོའི་གཉའ་ཤིང་དང་གཡུལ་ཁའི་ཤིང་ཆས་སོགས་ཀྱང་ཡོད་ཅེས་སྨྲས་ནས། 23ཨ་རོ་ནཱས་དངོས་ཟོག་ཐམས་ཅད་རྒྱལ་པོ་ལ་ཕུལ་ཏེ། ཁྱེད་ཀྱིས་འབུལ་བའི་སྦྱིན་སྲེག་གི་མཆོད་པ་དེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་གིས་བཞེས་པར་ཤོག་ཅེས་ཞུས་སོ། 24འོན་ཀྱང་རྒྱལ་པོས་ལན་དུ་ངས་ཁྱོད་ལ་དེའི་རིན་པ་སྤྲོད་རྒྱུ་ཡིན། ངས་རིན་པ་མ་གནས་པའི་དམར་མཆོད་རྣམས་གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་ལ་ནམ་ཡང་འབུལ་བར་མི་བྱ་ཞེས་གསུངས་ཏེ། རྒྱལ་པོས་གཡུལ་ཁ་དེ་དང་གླང་རྣམས་དངུལ་དུམ་བུ་ལྔ་བཅུ་ཐམ་པ་སྤྲད་ནས་ཉོས་སོ། 25དེ་རྗེས་ཁོང་གིས་གཙོ་བོ་དཀོན་མཆོག་གི་དོན་དུ་མཆོད་ཁྲི་ཞིག་བཞེངས་ནས་དེར་སྦྱིན་སྲེག་གི་མཆོད་པ་དང་མཐུན་འབྲེལ་གྱི་མཆོད་པ་ཁག་འབུལ་བས། གཙོ་བོ་དཀོན་མཆོག་གིས་རྒྱལ་པོའི་སྨོན་ལམ་དེ་གསན་ནས། ཨིསི་རཱཨེལ་ཡུལ་ནས་ནད་རིམས་དེ་ཡོངས་སུ་ཆད་དོ༎

རྒྱལ་རབས་དང་པོ། 1

རྒྱལ་པོ་དཱ་བིད་སྐུ་ན་བགྲེས་པའི་སྐབས།

1ད་ལྟ་རྒྱལ་པོ་དཱ་བིད་དགུང་ལོ་ཧ་ཅང་བགྲེས་ཡོད་པ་དང་། ཁོང་གི་ཞབས་ཕྱི་ཚོས་ཁོང་ལ་ཉལ་ཆས་གྲོ་པོ་ག་ཚོད་གཡོགས་ནའང་གྲོད་ཁུགས་ཐུབ་ཀྱི་མེད་པ་ཡིན་ནོ། 2དེར་བརྟེན་ཁོང་གི་ལས་བྱེད་པ་ཚོས། མི་དབང་ཆེན་པོ། ང་ཚོས་ཁྱེད་དང་མཉམ་དུ་བསྡད་མཁན་དང་བལྟ་རྟོགས་བྱེད་མཁན་བུད་མེད་ན་གཞོན་ཞིག་འཚོལ་དགོས་སོ། མོས་ཁྱོད་ལ་གྲོ་པོ་ཡོང་ཕྱིར་ཁྱེད་དང་མཉམ་དུ་ཉལ་བར་འགྱུར་ཞེས་ཞུས་སོ། 3ཨིསི་རཱཨེལ་གྱི་ས་ཁུལ་ཡོངས་སུ་བུ་མོ་མཛེས་མ་ཞིག་འཚོལ་བ་དང་། ཤུ་ནེམ་ནས་བུ་མོའི་མིང་ལ་ཨ་བྷི་ཤག་ཟེར་བ་ཞིག་རྙེད་ནས་མོ་ལ་རྒྱལ་པོའི་དྲུང་དུ་འཁྲིད་ཡོང་ངོ་། 4མོ་ཧ་ཅང་མཛེས་པོ་ཡོད་པ་དང་། རྒྱལ་པོར་བལྟ་རྟོགས་ཡག་པོ་བྱེད་དོ། འོན་ཀྱང་ཁོང་གིས་མོ་དང་གཉམ་དུ་འཁྲིག་སྤྱོད་གནང་མེད་པ་ཡིན་ནོ༎

ཨ་དྷོ་ནི་ཡཱས་རྒྱལ་ཁྲི་ཡིན་ངེས་ཞེས་བརྗོད་པ།

5-6ད་ཆ་ཨབ་ས་ལོམ་གྲོངས་པ་དང་། དཱ་བིད་དང་ཧ་གྷིད་ཀྱི་བུ་ཨ་དྷོ་ནི་ཡཱ་ནི་ད་ལྟ་ཡོད་པའི་བུ་ཆེ་ཤོས་དེ་ཡིན། ཁོ་ནི་ཧ་ཅང་མཛེས་པའི་སྐྱེས་བུ་ཞིག་ཡིན་ཏེ། དཱ་བིད་ཀྱིས་ཁོ་ལ་དོན་གནད་གང་གི་སྐོར་ལ་ཡང་བཀའ་བཀྱོན་གནང་གི་མེད་པ་དང་། ཁོ་ནི་རྒྱལ་པོར་འགྱུར་འདོད་ཆེན་པོ་ཡོད་པས། ཁོས་རང་ཉིད་ཀྱི་དོན་དུ་ཤིང་རྟ་འཁོར་ལོ་རྣམས་དང་རྟ་རྣམས་དང་སྲུང་སྐྱོབ་བྱེད་མཁན་མི་ལྔ་ཅུ་ཐམ་པ་གོ་སྒྲིགས་བྱས་ཏེ། 7ཁོས་ཛེ་རུ་ཡཱའི་བུ་ཡོ་ཨབ་དང་བླ་མ་ཨ་བྷི་ཡ་ཐར་མཉམ་དུ་གྲོས་མོལ་བྱས་པ་དང་། ཁོ་ཚོས་ཁོ་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་སོ། 8འོན་ཀྱང་བླ་མ་ཛ་དཱོག་དང་ཡེ་ཧོ་ཡ་དྷའི་བུ་བྷེ་ན་ཡཱ་དང་ལུང་སྟོན་པ་ན་ཐན་དང་ཤིམ་ཨི་དང་རིའི་དང་དཱ་བིད་ཀྱི་སྐུ་སྲུང་པ་རྣམས་ནས་ཨ་དྷོ་ནི་ཡཱའི་ཕྱོགས་སུ་མ་ཕྱིན་ནོ། 9ཉིན་ཞིག་ཨ་དྷོ་ནི་ཡཱས་ཨེན་རོ་གྷེལ་གྱི་རྒྱུགས་ཆུའི་ཉེ་འགྲམ་དུ་སྦྲུལ་གྱི་བྲག་ཟེར་བ་དེར་ལུག་དང་བ་གླང་དང་བེའུ་རྒྱག་པ་རྣམས་དམར་མཆོད་འབུལ་ལོ། དམར་མཆོད་གྱི་མགྲོན་དུ་ཁོས་རྒྱལ་པོ་དཱ་བིད་ཀྱི་བུ་གཞན་དག་དང་རྒྱལ་པོའི་ལས་བྱེད་པ་ཡ་ཧུ་དཱ་པའི་མི་ཁོངས་རྣམས་མགྲོན་འབོད་བྱས་སོ། 10འོན་ཀྱང་ཁོ་རང་དང་མ་གཅིག་པ་མིན་པའི་སྤུན་མཆེད་སོ་ལོ་མོན་དང་ལུང་སྟོན་པ་ན་ཐན་དང་བི་ན་ཡ་དང་རྒྱལ་པོའི་སྐུ་སྲུང་པ་རྣམས་ལ་མགྲོན་འབོད་མ་བྱས་སོ༎

སོ་ལོ་མོན་རྒྱལ་པོར་བསྐོས་པ།

11དེ་ནས་ན་ཐན་གྱིས་སོ་ལོ་མོན་གྱི་ཨ་མ་བྷད་ཤེ་བྷྷའི་སར་ཕེབས་ནས། ཧ་གྷིད་ཀྱིི་བུ་ཨ་དྷོ་ནི་ཡཱ་ཁོ་རང་ཉིད་རྒྱལ་པོར་འགྱུར་བ་ཤེས་མ་བྱུང་ངམ། རྒྱལ་པོ་དཱ་བིད་ཀྱིས་དེའི་སྐོར་གང་ཡང་མཁྱེན་གྱི་མེད་དོ། 12ཁྱོད་དང་ཁྱོད་ཀྱི་བུ་སོ་ལོ་མོན་གྱི་སྲོག་སྐྱོབ་འདོད་ཡོད་ན། ངས་ཁྱོད་ལ་གྲོས་སྟོན་ཞིག་བྱེད་རྒྱུ་ཡིན། 13ཁྱོད་རང་རྒྱལ་པོ་དཱ་བིད་ཀྱི་དྲུང་དུ་སོང་ལ། མི་དབང་ཁྱེད་ནས་ངའི་བུ་སོ་ལོ་མོན་ལ་ཁྱེད་ཀྱི་ཤུལ་འཛིན་བྱེད་མཁན་དུ་རྒྱལ་པོར་བསྐོས་རྒྱུའི་ཞལ་བཞེས་གནང་མེད་དམ། ད་ཆ་ཨ་དྷོ་ནི་ཡཱ་རྒྱལ་པོར་འགྱུར་བ་དེ་ཅི་ཡིན་ནམ་ཞེས་ཤུས་ཤིག 14ན་ཐན་གྱིས། ཁྱོད་ཀྱིས་དཱ་བིད་ལ་ལོ་རྒྱུས་ཞུས་བཞིན་པའི་སྐབས་དེར་ང་ཡོང་ནས་ཁྱོད་ཀྱི་ལོ་རྒྱུས་དེ་ལ་བདེན་པའི་ར་འཕྲོད་བྱ་རྒྱུ་ཡིན་ཞེས་སྨྲས་སོ། 15དེ་འདྲ་སོང་ཙང་བྷད་ཤེ་བྷྷ་རྒྱལ་པོ་མཇལ་བར་གཟིམ་ཁང་དུ་བཅར་ནས། ཁོང་དགུང་ལོ་ཧ་ཅང་བགྲེས་པོ་ཡིན་པ་དང་ཤུ་ནེམ་ནས་ཡིན་པ་བུ་མོ་ཨ་བྷི་ཤག་གིས་ཁོང་ལ་ཞབས་ཕྱི་ཞུ་བཞིན་ཡོད་པ་དང་། 16བྷད་ཤེ་བྷྷས་རྒྱལ་པོར་ཕྱག་ལན་གསུམ་ཕུལ་བ་དང་། རྒྱལ་པོས། ཁྱོད་ལ་ག་རེ་དགོས་སམ་ཅེས་སྨྲས་པ་དང་། 17མོས་ལན་དུ། མི་དབང་ཆེན་པོ་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་གི་མཚན་ནས་ཁྱེད་ཀྱི་རྗེས་སུ་ངའི་བུ་སོ་ལོ་མོན་རྒྱལ་པོར་འགྱུར་རྒྱུའི་དམ་བཅའ་གནང་ཡོད། 18འོན་ཀྱང་ཨ་དྷོ་ནི་ཡཱ་རྒྱལ་པོར་འགྱུར་ཟིན་པས། དེའི་སྐོར་ཁྱེད་ཀྱིས་གང་ཡང་མཁྱེན་གྱི་མེད་དོ། 19ཁོང་གིས་བ་གླང་མང་པོ་དང་ལུག་དང་བེའུ་རྒྱག་པ་སོགས་དམར་མཆོད་འབུལ་ནས་ཁྱེད་ཀྱི་བུ་རྣམས་དང་བླ་མ་ཨ་བྷི་ཡ་ཐར་དང་ཁྱེད་ཀྱི་དམག་སྤྱི་ཡོ་ཨབ་བཅས་ལ་མགྲོན་འབོད་བྱས་འདུག འོན་ཀྱང་ཁྱེད་ཀྱི་བུ་སོ་ལོ་མོན་ལ་མགྲོན་འབོད་བྱེད་མི་འདུག 20མི་དབང་ཆེན་པོ། ཨིསི་རཱཨེལ་པ་རྣམས་ཀྱིས་ཁྱེད་ཀྱི་ཤུལ་འཛིན་དུ་རྒྱལ་པོ་སུ་ཞིག་འགྱུར་རྒྱུ་ཡིན་པའི་སྐོར་ཁྱེད་ཀྱི་གསལ་སྒྲགས་གནང་རྒྱུ་དེ་སྒུག་བཞིན་ཡོད། 21ཁྱེད་ཀྱིས་དེ་ལྟར་མ་གནང་བ་ཡིན་ན། ཁྱེད་གྲོངས་མ་ཐག་ངའི་བུ་སོ་ལོ་མོན་དང་ང་གཉིས་ཉེས་ཅན་དུ་རྩིས་ཡོང་ཞེས་ཞུས་སོ། 22མོས་རྒྱལ་པོར་ཞུ་བཞིན་པའི་སྐབས་དེར་ན་ཐན་ཕོ་བྲང་དུ་སླེབས་སོ། 23ལུང་སྟོན་པ་ཕེབས་ཡོད་པའི་སྐོར་རྒྱལ་པོར་ཞུས་པ་དང་། ན་ཐན་ནང་དུ་ཕེབས་ནས་རྒྱལ་པོར་ཕྱག་འབུལ་ཞུས་སོ། 24དེ་ནས་ན་ཐན་གིས། མི་དབང་ཆེན་པོ། ཨ་དྷོ་ནི་ཡཱ་ནི་ཁྱེད་ཀྱི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རྒྱུར་གསལ་སྒྲགས་གནང་བ་ཡིན་ནམ། 25ཉི་མ་དེ་རིང་རང་ཁོས་བ་གླང་རྣམས་དང་ལུག་རྣམས་དང་བེའུ་གྱག་པ་རྣམས་མང་པོ་དམར་མཆོད་འབུལ་སོང་། ཁོང་གིས་ཁྱེད་ཀྱི་བུ་རྣམས་དང་དམག་སྤྱི་ཡོ་ཨབ་དང་བླ་མ་ཨ་བྷི་ཡ་ཐར་མགྲོན་འབོད་བྱས་ནས་ད་ལྟ་རང་ཁོ་ཚོ་དགྱེས་སྟོན་བྱེད་སྐབས་སུ། རྒྱལ་པོ་ཨ་དྷོ་ནི་ཡཱ་སྐུ་ཚེ་རིང་པོར་གནས་པར་ཤོག་ཅེས་སྐད་འབོད་བྱེད་བཞིན་འདུག 26འོན་ཀྱང་ཁོང་གིས་ང་དང་བླ་མ་ཛ་དཱོག་དང་བྷེ་ན་ཡཱ་དང་སོ་ལོ་མོན་བཅས་ལ་མགྲོན་འབོད་བྱས་མ་བྱུང་། 27མི་དབང་ཁྱེད་ཀྱིས་ལས་བྱེད་པ་ཚོར་ཁྱེད་ཀྱི་ཤུལ་འཛིན་དུ་རྒྱལ་པོ་སུ་ཞིག་འགྱུར་རྒྱུའི་སྐོར་མ་གསུངས་བར་འདི་ཚང་མ་གནང་བ་ཡིན་ནམ་ཞེས་ཞུས་པས། 28རྒྱལ་པོ་དཱ་བིད་ཀྱིས་བྷད་ཤེ་བྷྷ་ནང་ལ་འབོད་ཅིག་བསུངས་པ་དང་། མོ་ནང་ལ་ཡོང་ནས་ཁོང་གི་མདུན་དུ་ལངས་སོ། 29དེ་ནས་ཁོང་གིས་མོ་ལ། ངའི་དཀའ་ངལ་ཚང་མ་ནས་སྐྱོབས་གནང་མཁན་གསོན་པོའི་གཙོ་བོ་དཀོན་མཆོག་གི་མཚན་ནས་དམ་བཅའ་བྱེད་རྒྱུ་ཡིན། 30གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གི་མཚན་ནས་ཁྱོད་ཀྱི་བུ་སོ་ལོ་མོན་ངའི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རྒྱུའི་དམ་བཅའ་ཁྱོད་ལ་བྱས་པ་དེ་དེ་རིང་ངས་སྒྲུབ་རྒྱུ་ཡིན་ཞེས་གསུངས་སོ། 31བྷད་ཤེ་བྷྷས་གུས་བཀུར་ཞུ་བཞིན་ཕྱག་འབུལ་ཞུས་ནས། ངའི་གཙོ་བོ་རྒྱལ་པོ་དུས་རྟག་ཏུ་སྐུ་ཚེ་རིང་པོ་ཡོང་བར་ཤོག་ཅེས་ཞུས་སོ། 32རྒྱལ་པོ་དཱ་བིད་ཀྱིས་ཛ་དཱོག་དང་ན་ཐན་དང་། བྷེ་ན་ཡཱ་བཅས་སྐད་བཏང་བ་དང་ཁོ་ཚོ་སླེབས་ཏེ། 33ཁོང་གིས་ཁོ་ཚོར་ངའི་རྒྱལ་ཁང་གི་ལས་བྱེད་པ་ཚོ་ཁྱོད་ཚོ་མཉམ་དུ་འཁྲིད་ནས་ངའི་བུ་སོ་ལོ་མོན་ལ་ང་རང་ཉིད་ཀྱི་དྲེལ་ལ་བཞོན་བཅུག་ནས་གྷི་ཧོན་གྱི་ཆུ་མིག་བར་མཉམ་དུ་འགྲོ་དགོས་སོ། 34ཛ་དཱོག་དང་ན་ཐན་གཉིས་ནས་ཁོ་ལ་ཨིསི་རཱཨེལ་པའི་རྒྱལ་པོར་བསྔོ་འབུལ་བྱོས་ཤིག དེ་ནས་དུང་ཆེན་འབུད་ནས་རྒྱལ་པོ་སོ་ལོ་མོན་སྐུ་ཚེ་ཡུན་རིང་གནས་པར་ཤོག་ཅེས་སྐད་འབོད་བྱོས་ཤིག 35དེ་ནས་ཁྱོད་ཚོ་ཁོ་དང་མཉམ་དུ་འདིར་ཡོང་ནས་ཁོ་ངའི་ཁྲིར་འཁོད་རྒྱུ་ཡིན་ནོ། གང་ལགས་ཟེར་ན། ཁོ་ནི་ངས་འདམས་པའི་ཨིསི་རཱཨེལ་དང་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ཞེས་གསུངས་སོ། 36དེ་ནས་བྷེ་ན་ཡཱས་དེ་ལྟར་བྱེད་རྒྱུ་ཡིན་པས། གཙོ་བོ་དཀོན་མཆོག་གིས་ཁྱེད་ཀྱིས་བྱ་བ་དེ་ཚོ་ལ་ངོས་འཛིན་གནང་བར་ཤོག་ཅེས་ཞུས་སོ། 37གཙོ་བོ་དཀོན་མཆོག་མི་དབང་ཁྱེད་དང་མཉམ་དུ་བཞུགས་པ་བཞིན་སོ་ལོ་མོན་དང་མཉམ་དུ་ཡང་བཞུགས་ནས་ཁོང་གི་རྒྱལ་སྲིད་རྒྱལ་པོ་ཁྱེད་ཀྱི་རྒྱལ་སྲིད་ལས་སྟོབས་འབྱོར་དང་མངའ་ཐང་རྒྱས་པར་ཤོག་ཅེས་ཞུས་སོ། 38དེ་ནས་ཛ་དཱོག་དང་ན་ཐན་དང་བྷེ་ན་ཡཱ་དང་རྒྱལ་པོའི་སྐུ་སྲུང་པ་བཅས་ནས་སོ་ལོ་མོན་ལ་རྒྱལ་པོ་དཱ་བིད་ཀྱི་ཆིབས་དྲེལ་ལ་བསྐྱོན་ནས་ཆུ་མིག་གྷི་ཧོན་བར་དུ་མཉམ་དུ་ཕྱིན་ནོ། 39ཛ་དཱོག་གིས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་ནས་འཁྱེར་ཡོང་བའི་ཁ་སྐྱུ་པོའི་སྣུམ་དེ་བླངས་ནས་སོ་ལོ་མོན་ལ་བྱུགས་ནས་ཁོང་ལ་རྒྱལ་པོར་བསྔོ་འབུལ་བྱས་སོ། དེ་ནས་དེ་ཚོས་དུང་ཆེན་འབུད་པ་དང་མི་མང་ཡོང་ནས་རྒྱལ་པོ་སོ་ལོ་མོན་སྐུ་ཚེ་རིང་པོར་གནས་པར་ཤོག་ཅེས་སྐད་འབོད་བྱས་སོ། 40དེ་ནས་དེ་ཚོ་ཚང་མ་ཁོང་གི་རྗེས་སུ་རྒྱུགས་ཡོང་ནས་དགའ་སྤྲོའི་སྐད་འདོན་པ་དང་གླིང་བུ་གཏོང་བ་དང་ས་གཞི་འགུལ་ཐུབ་པའི་ཅ་ཅོ་འདོན་ནོ། 41ཨ་དྷོ་ནི་ཡཱ་དང་ཁོའི་སྐུ་མགྲོན་རྣམས་ནས་དགྱེས་སྟོན་ཐུགས་སྤྲོ་ཚར་གྲབ་ཡོད་སྐབས་ཁོ་ཚོས་སྒྲ་ཞིག་ཐོས་སོ། ཡོ་ཨབ་ཀྱིས་སྒྲ་དེ་ཐོས་པ་དང་ཁོས་གྲོང་ཁྱེར་ནང་གི་སྒྲ་དེའི་དོན་ཅི་ཡིན་ཞེས་དྲི་བ་དྲིས་པ་དང་། 42ཁོས་སྐད་ཆ་བཤད་མ་ཚར་གོང་དུ་བླ་མ་ཨ་བྷི་ཡ་ཐར་གྱི་བུ་ཡོ་ན་ཐན་དེར་སླེབས་པ་དང་། ཨ་དྷོ་ནི་ཡཱས་ཁོ་ལ་ནང་ལ་ཤོག། ཁྱོད་མི་བཟང་པོ་ཞིག་ཡིན་སྟབས་ཁྱོད་ཀྱིས་གཏམ་ཡང་བཟང་པོ་ཞིག་འཁྱེར་ཡོད་ཤག་རེད་ཅེས་སྨྲས་སོ། 43ལན་དུ་ཡོ་ན་ཐན་གྱིས་དེ་ལྟར་མིན། མི་དབང་ཆེན་པོ་དཱ་བིད་ཀྱིས་སོ་ལོ་མོན་ལ་རྒྱལ་པོར་བསྐོས་སོང་། 44ཁོང་གིས་ཛ་དཱོག་དང་ན་ཐན་དང་བྷེ་ན་ཡཱ་དང་རྒྱལ་པོའི་སྐུ་སྲུང་པ་རྣམས་དང་མཉམ་དུ་བཏང་ནས། དེ་ཚོས་ཁོང་ལ་རྒྱལ་པོའི་ཆིབས་དྲེལ་ལ་བཞོན་བཅུག་པ་དང་། 45ཛ་དཱོག་དང་ན་ཐན་ནས་ཁོང་ལ་ཆུ་མིག་གྷི་ཧོན་དུ་རྒྱལ་པོར་ངོས་འཛིན་གྱི་བསྔོ་འབུལ་བྱས་སོང་། དེ་ནས་དེ་ཚོ་གྲོང་ཁྱེར་དུ་སོང་ནས་དགའ་སྤྲོའི་སྒྲ་སྒྲོགས་བཞིན་མི་མང་རྣམས་ཀྱི་འུར་སྒྲའི་གང་འདུག ད་ལྟ་ཁྱོད་ཚོས་ཐོས་པའི་སྒྲ་དེ་དེ་རང་ཡིན་ནོ། 46དེ་ལས་ལྷག་པ་གང་བྱུང་སོང་ཟེར་ན། ད་ཆ་སོ་ལོ་མོན་རྒྱལ་པོ་ཡིན་པ་དང་། 47དེ་ཡིན་ཙང་རྒྱལ་སྲིད་ཀྱི་ལས་བྱེད་པ་ཚོས་མི་དབང་ཆེན་པོ་དཱ་བིད་ལ་གུས་ཕྱག་ཕུལ་བར་ཕྱིན་ནས། ཁོང་ཚོས་རྒྱལ་པོ་ལ། ཁྱེད་ཀྱི་དཀོན་མཆོག་གིས་སོ་ལོ་མོན་ལ་ཁྱེད་ལས་མཚན་སྙན་གྲགས་ཆེ་བ་བྱུང་བ་མ་ཟད་སྟོབས་འབྱོར་དང་མངའ་ཐང་ལྷག་པར་རྒྱས་པར་ཤོག་ཅེས་ཞུས་པ་དང་། དེ་ནས་རྒྱལ་པོ་དཱ་བིད་ཀྱིས་ཉལ་ཁྲིའི་སྟེང་ནས་དབུ་སྒུར་ནས་གསུངས་པ། 48ཁོང་གིས་དེ་རིང་གི་ཉི་མ་ལ་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ངའི་ཤུལ་འཛིན་དུ་ངའི་རིགས་བརྒྱུད་ནང་ནས་རྒྱལ་པོ་ཞིག་བསྐོ་གཞག་གནང་བ་དང་། ངའི་མི་ཚེའི་རིང་ལ་དེ་ལྟར་མཐོང་ཐུབ་པ་དེ་ལ་བསྟོད་བསྔགས་པར་ཤོག་ཅེས་མོན་ལམ་འདེབས་སོ། 49དེ་ནས་ཨ་དྷོ་ནི་ཡཱའི་མགྲོན་པོ་རྣམས་འཇིགས་ནས་ལངས་ཏེ་རང་རང་སོ་སོའི་ལམ་དུ་ཕྱིན་ནོ། 50ཨ་དྷོ་ནི་ཡཱ་ཁོ་རང་ཡང་སོ་ལོ་མོན་ལ་ཧ་ཅང་འཇིགས་ནས་ལངས་ཏེ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་སར་ཕྱིན་ནས་མཆོད་ཁྲིའི་ཟུར་ཞིག་ལ་འཐམས་སོ། 51རྒྱལ་པོ་སོ་ལོ་མོན་ལ། ཨ་དྷོ་ནི་ཡཱ་ཁྱེད་ལ་འཇིགས་ནས་མཆོད་ཁྲིའི་ཟུར་ཞིག་ལ་འཐམས་འདུག་ཅེས་ཞུས་པ་དང་། ཁོས་རྒྱལ་པོ་སོ་ལོ་མོན་གྱིས་ང་ལ་མི་གསོད་པའི་དམ་བཅའ་གནང་དགོས་ཤེས་ཞུས་སོ། 52སོ་ལོ་མོན་གྱིས། ཁོ་དམ་ཚིག་ཅན་ཡིན་ན་ཁོའི་སྐྲ་རྐང་གཅིག་ཀྱང་རེག་པར་མི་བྱའོ། འོན་ཀྱང་ཁོ་དེ་ལྟར་མིན་ན་ཁོ་འཆི་བར་ངེས་སོ་ཅེས་གསུངས་སོ། 53དེ་ནས་རྒྱལ་པོ་སོ་ལོ་མོན་གྱིས་ཨ་དྷོ་ནི་ཡཱ་འཁྲིད་ཕྱིར་མི་རྣམས་བཏང་ནས། ཁོ་ལ་མཆོད་ཁྲིད་ནས་མར་ཕབ་སྟེ་འཁྲིད་ཡོང་དགོས། ཨ་དྷོ་ནི་ཡཱ་རྒྱལ་པོའི་དྲུང་དུ་ཕྱིན་ནས་གུས་བཀུར་དང་ཕྱག་འབུལ་ཞུས་པ་དང་། དེ་ནས་རྒྱལ་པོས་ད་ཁྱོད་རང་རང་གི་ཁྱིམ་དུ་སོང་ཞིག་ཅེས་གསུངས་སོ༎

རྒྱལ་རབས་དང་པོ། 2

དཱ་བིད་ཀྱིས་སོ་ལོ་མོན་ལ་མཐའ་མའི་སློབ་སྟོན་གནང་བ།

1དཱ་བིད་གྲོངས་པའི་དུས་ཉེ་བར་སླེབས་པ་དང་། ཁོང་རང་གི་བུ་སོ་ལོ་མོན་སྐད་བཏང་ནས་མཐའ་མའི་སློབ་སྟོན་འདི་ལྟར་གནང་ངོ། 2ད་ང་འཆི་བའི་དུས་ལ་སླེབས་ཡོད། ཁྱོད་རང་བློ་སེམས་བརྟན་པོ་དང་བློ་ཐག་ཆོད་པོ་བྱོས་ལ། 3གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་གིས་བཀའ་གང་གནང་བ་ཚང་མ་སྒྲུབ་ཅིག ཁྱོད་གང་དུ་སོང་ཡང་ཁྱོད་ཀྱི་ལས་གང་བྱེད་པ་ཚང་མར་ཡར་རྒྱས་གོང་འཕེལ་ཡོང་བའི་ཆེད་དུ། མོ་ཤེའི་བཀའ་ཁྲིམས་ནང་བྲིས་ཡོད་པའི་ཁྲིམས་དང་བཀའ་རྒྱ་ཚང་མ་སྒྲུབ་ཅིག 4ཁྱོད་ཀྱིས་ཁོང་གི་བཀའ་སྲུང་བ་ཡིན་ན་གཙོ་བོ་དཀོན་མཆོག་གིས་ང་ལ་གསུངས་པ་བཞིན་ངའི་བརྒྱུད་པ་ཚོས་སྙིང་ཡོངས་དང་སྲོག་ནས་ཁོང་གི་བཀའ་ཚང་མ་སྲུང་བ་ཡིན་ན་ཨིསི་རཱཨེལ་གྱི་རྒྱལ་ཁྲིའི་ཐོག་ཏུ་བཞུགས་མཁན་མི་ཞིག་ནམ་ཡང་ཆད་མི་ཡོང་ཞེས་པའི་ཁོང་གི་གནང་བའི་དམ་བཅའ་ཆ་ཚང་སྒྲུབ་པར་གནང་ཡོང། 5གནས་ཚུལ་གཞན་ཞིག་ལ། ཡོ་ཨབ་ཀྱིས་ཨིསི་རཱཨེལ་གྱི་དམག་དཔོན་ནེར་གྱི་བུ་ཨེབ་ནེར་དང་ཡེ་ཐེར་གྱི་བུ་ཨ་མ་ས་གཉིས་བསད་ནས་ང་ལ་ཅི་བྱས་པ་ཁྱོད་ཀྱིས་དྲན་གྱི་འདུག་གམ། ཁོ་ཚོ་གཉིས་ཀྱི་དམག་འཁྲུགས་སྐབས་བསད་པའི་གནས་ཚུལ་གྱི་དགྲ་ཤ་ལེན་པའི་ཆེད་ཁོས་ཞི་བདེའི་དུས་སྐབས་ལ་ཁོ་གཉིས་ལ་བསད་པའི་སྐོར་ལ་ཁྱོད་ཀྱིས་དྲན་ཞིག ཁོས་མི་སྐྱོན་མེད་རྣམས་བསད་ཡོད། ཁོས་བྱས་པའི་ཉེས་པའི་འགན་དེ་ད་ཆ་ངས་འཁུར་བཞིན་དེའི་འབྲས་བུ་མྱོང་ངོ། 6ཁྱོད་ཀྱིས་ག་རེ་བྱེད་དགོས་ཤེས་པས། ཁོ་ལ་ཞི་བདེ་ངང་རང་བཞིན་གྱིས་འཆི་རུ་མ་འཇུག་ཅིག 7འོན་ཀྱང་གྷིལ་ཨད་ནས་ཡིན་པ་བྷར་ཛི་ལའིི་བུ་ཚོར་བྱམས་བརྩེའི་ཐོག་བལྟ་རྟོགས་བྱོས་ཤིག གང་ལགས་ཟེར་ན། ང་ཁྱོད་རང་གི་སྤུན་རྒན་པ་ཨབ་ས་ལོམ་གྱི་རྩ་ནས་བྲོས་ཡོང་སྐབས་དེ་ཚོས་ང་ལ་དྲིན་བྱས་ཡོད། 8བྷེན་ཡ་མིན་གྱི་བྷ་ཧུ་རིམ་གྲོང་གི་གྷེ་རའི་བུ་ཤིམ་ཨི་ཡང་ཡོད། ང་མ་ཧ་ནེམ་དུ་འགྲོ་བའི་ཉིན་ཁོས་ང་ལ་དམོད་པ་དྲག་པོ་བརྒྱབ་བྱུང་། འོན་ཀྱང་ཁོ་ཆུ་བོ་ཡོར་དན་དུ་ཐུག་སྐབས་ངས་གཙོ་བོ་དཀོན་མཆོག་གི་མཚན་ནས་ཁོ་མི་གསོད་པའི་ཆེད་དམ་བཅའ་ནན་པོ་བྱས་པ་ཡིན་ནོ། 9འོན་ཀྱང་ཁྱོད་ཀྱིས་ཁོ་ལ་ཉེད་ཆད་མ་བཏང་བར་བཞག་མི་རུང་། ཁྱོད་ཀྱིས་ཇི་འདྲ་བྱེད་དགོས་ཤེས་པ་དང་། ཁྱོད་ཀྱིས་ངེས་པར་དུ་ཁོ་གསོད་དགོས་ཅེས་གསུངས་སོ༎

དཱ་བིད་གྲོངས་པ།

10དཱ་བིད་གྲོངས་པ་དང་ཁོང་གི་སྐུ་ཕུང་དེ་དཱ་བིད་ཀྱི་གྲོང་ཁྱེར་དུ་སྦས་སོ། 11ཁོང་གིས་ལོ་བཞི་ཅུ་རིང་ཨིསི་རཱཨེལ་གྱི་རྒྱལ་པོ་གནང་བ་དང་། ཧེབ་རོན་དུ་ལོ་བདུན་དང་ཡེ་རུ་ཤ་ལེམ་དུ་ལོ་ངོ་སུམ་ཅུ་སོ་སུམ་རིང་རྒྱལ་སྲིད་བསྐྱངས་སོ། 12སོ་ལོ་མོན་ནི་ཡབ་དཱ་བིད་ཀྱི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་བ་དང་ཁོང་གི་རྒྱལ་སྲིད་ཀྱི་ནུས་སྟོབས་བརྟན་པོར་གནས་སོ༎

ཨ་དྷོ་ནི་ཡཱ་གྲོངས་པ།

13དེ་ནས་ཧ་གྷིད་ཀྱི་བུ་ཨ་དྷོ་ནི་ཡཱ་སོ་ལོ་མོན་གྱི་ཨ་མ་བྷད་ཤེ་བྷྷའི་རྩར་སླེབས་པ་དང་། མོས་ཁོ་ལ་ཁྱོད་མཛའ་གྲོགས་ལྟ་བུར་ཡོང་བ་ཡིན་ནམ་ཞེས་དྲིས་པས། ཁོས་དེ་ལྟར་ཡིན་ཞེས་སྨྲས་སོ། 14དེ་ནས་ཁོས། ངས་ཁྱེད་ལ་ཞུ་བ་ཞིག་ཐེངས་རྒྱུ་ཡོད། མོས། དེ་ག་རེ་ཡིན་ནམ་ཞེས་དྲིས་པས། 15ཁོས་ལན་དུ། ང་རྒྱལ་པོར་འགྱུར་དགོས་པ་དེ་ཁྱེད་ཀྱིས་ཤེས་གསལ་རེད། ཨིསི་རཱཨེལ་པ་ཚོས་ཀྱང་ང་རང་རྒྱལ་པོར་འགྱུར་བའི་རེ་བ་ཡོད། འོན་ཀྱང་དེ་ལྟར་མ་བྱུང་བར་ངའི་སྤུན་རྒྱལ་པོར་འགྱུར་སོང་། གང་ལགས་ཟེར་ན། དེ་ནི་གཙོ་བོ་དཀོན་མཆོག་གི་ཐུགས་དགོངས་རེད། 16ད་ཆ་ཁྱེད་ལ་ཞུ་བ་ཞིག་འབུལ་རྒྱུ་ཡོད་པ་དེ་ལ་ཁྱེད་ཀྱིས་མིན་མ་གསུངས་རོགས་གནང་ཞུས་པས། བྷད་ཤེ་བྷྷས་དེ་ག་རེ་ཡིན་ནམ་ཞེས་དྲིས་པས། 17ལན་དུ་ཁོས། རྒྱལ་པོ་སོ་ལོ་མོན་ལ་ཤུ་ནེམ་ནས་ཡིན་པའི་བུ་མོ་ཨ་བྷི་ཤག་ངའི་ཆུང་མར་སློང་རོགས་གནང་། ཁྱེད་ཀྱིས་རྒྱལ་པོ་ལ་གང་ཞུས་པ་དེ་ལ་ནམ་ཡང་མིན་མི་གསུངས་པ་ངས་ཤེས་སོ། 18མོས་དེ་ནི་ལེགས་སོ། ངས་ཁྱོད་ཀྱི་དོན་དུ་རྒྱལ་པོར་བཀའ་མོལ་ཞུ་བར་བྱེད་དོ་ཞེས་སྨྲས་སོ། 19དེ་ནས་བྷད་ཤེ་བྷྷ་རྒྱལ་པོའི་དྲུང་དུ་ཨ་དྷོ་ནི་ཡཱའི་ཆེད་དུ་བཀའ་མོལ་ཞུ་བར་ཕེབས་སོ། རྒྱལ་པོས་རང་གི་ཡུམ་ལ་སྣེ་ལེན་ཞུ་བར་བཞེངས་ནས། ཁོང་ལ་གུས་ཞབས་བྱས་སོ། དེ་ནས་ཁོང་གིས་རང་གི་རྒྱལ་ཁྲིའི་སྟེང་དུ་བཞུགས་པ་དང་རང་གི་ཡུམ་གྱི་ཆེད་དུ་བཞུགས་ཁྲི་གཞན་ཞིག་འཇོག་བཅུག་པ་དང་། མོས་ཁོང་གི་གཡས་ཕྱོགས་སུ་བཞུགས་ནས། 20ངས་ཁྱེད་ལ་ཞུ་བ་ཆུང་ངུ་ཞིག་ཞུ་རྒྱུ་ཡོད་པ་དེ་ལ་ཁྱོད་ཀྱིས་མིན་མ་གསུངས་རོགས་གནང་ཞུས་པས། རྒྱལ་པོས་ཨ་མ་ལགས། ཁྱེད་ཀྱིས་གསུངས་ཡ་ཡོད་པ་དེ་ག་རེ་ཡིན་ནམ། ངས་ཁྱེད་ལ་ནམ་ཡང་མི་ཡོང་ཞུ་མིན་གསུངས་སོ། 21ལན་དུ་ཁོང་གིས། ཁྱོད་རང་གི་སྤུན་ཨ་དྷོ་ནི་ཡཱ་ལ་བུ་མོ་ཨ་བྷི་ཤག་ཆུང་མར་སྤྲོད་དགོས་ཅེས་གསུངས་པ་དང་། 22རྒྱལ་པོས། ཁྱེད་ཀྱིས་ཨ་བྷི་ཤག་ཁོ་ལ་སྤྲོད་དགོས་གསུངས་པ་དེའི་དོན་གང་ཡིན་ནམ། ཁྱེད་ཀྱིས་ཁོ་ལ་ངའི་རྒྱལ་ཁྲི་ཀྱང་སྤྲོད་དགོས་གསུངས་ན་ཡང་ཆོག གང་ལྟར་ཁོ་ངའི་གཅེན་པོ་ཡིན་པ་དང་བླ་མ་ཨ་བྷི་ཡ་ཐར་དང་ཡོ་ཨབ་ཀྱང་ཁོའི་ཕྱོགས་སུ་ཡོད་ཅེས་གསུངས་སོ། 23དེ་ནས་སོ་ལོ་མོན་གྱིས་གཙོ་བོ་དཀོན་མཆོག་གི་མཚན་ནས་དམ་བཅའ་ནན་ཏན་བྱས་ཏེ། ཨ་དྷོ་ནི་ཡཱས་འདི་ལྟར་སློང་བའི་དོན་དུ་རང་གི་སྲོག་སྤྲད་ནས་རིམ་པ་ངའི་འཛལ་མ་བཅུག་ན་དཀོན་མཆོག་གི་ང་ལ་གསོད་པར་ཤོག 24གཙོ་བོ་དཀོན་མཆོག་གིས་ང་ལ་ཡབ་དཱ་བིད་ཀྱི་ཁྲིའི་སྟེང་དུ་བརྟན་པོར་འཇོག་པར་གནང་ཡོད། ཁོང་གི་ང་དང་ངའི་རིགས་རྒྱུད་ལ་རྒྱལ་སྲིད་དེ་གནང་ནས་རང་གི་ཞལ་བཞེས་འགྲུབ་པ་གནང་ཡོད། གསོན་པོའི་གཙོ་བོ་དཀོན་མཆོག་གི་མཚན་ལ་དམ་བཅའ་འཛོག་ཡོད་དེ་རིང་ཨ་དྷོ་ནི་ཡཱ་འཆི་བར་འགྱུར་རོ་ཞེས་གསུངས་སོ། 25དེ་ནས་རྒྱལ་པོ་སོ་ལོ་མོན་གྱིས་བྷེ་ན་ཡ་ལ་བཀའ་གནང་བ་ལྟར་ཁོ་ཕྱིན་ནས་ཨ་དོ་ནི་ཡ་ལ་བསད་དོ༎

ཨ་བྷི་ཡ་ཐར་ལ་རྒྱང་ཕུད་གཏོང་བ་དང་ཡོ་ཨབ་འཆི་བ།

26རྒྱལ་པོ་སོ་ལོ་མོན་གྱིས་བླ་མ་ཨ་བྷི་ཡ་ཐར་ལ་ཁྱོད་རང་གི་ལུང་པ་ཨ་ན་ཐོད་ཀྱི་ཁྱིམ་དུ་སོང་ཞིག ཁྱོད་རང་འཆི་འོས་པ་ཞིག་ཡིན། འོན་ཀྱང་ད་ལྟ་ངས་ཁྱོད་འཆི་བར་མི་འཇུག། གང་ལགས་ཟེར་ན། ཁྱོད་ངའི་ཡབ་དཱ་བིད་དང་མཉམ་དུ་ཡོད་སྐབས་ཁྱོད་ཀྱིས་ཁོང་དང་མཉམ་དུ་སྡུག་བསྔལ་མྱོང་བ་དང་། ཁྱོད་ཀྱི་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་གྱི་འགན་འཁུར་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། 27དེ་ནས་སོ་ལོ་མོན་གྱིས་ཨ་བྷི་ཡ་ཐར་ལ་གཙོ་བོ་དཀོན་མཆོག་གི་བླ་མའི་ཞབས་ཞུའི་ལས་ཀ་ནས་གཏོན་གནང་ངོ་། འདི་ལྟར་གཙོ་བོ་དཀོན་མཆོག་གིས་ཤི་ལཱོ་རུ་བླ་མ་ཨེ་ལི་དང་ཁོང་གི་རིགས་བརྒྱུད་ཀྱི་སྐོར་གང་གསུངས་པ་རྣམས་དངོས་སུ་སྒྲུབ་པ་ཡིན་ནོ། 28ཡོ་ཨབ་ཀྱིས་བྱུང་བའི་ལོ་རྒྱུ་ཐོས་སོ། (ཁོས་ཨ་དྷོ་ནི་ཡཱ་ལ་རྒྱབ་སྐྱོར་བྱས་པ་མ་གཏོགས། ཨབ་ས་ལོམ་ལ་རྒྱབ་སྐྱོར་བྱས་མེད་དོ།) དེ་འདྲ་སོང་ཙང་ཁོ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པར་བྲོས་ནས་མཆོད་ཁྲིའི་ཟུར་གྱི་ར་ཅོ་གཉིས་ལ་འཐམས་ནས་བསྡད་དོ། 29རྒྱལ་པོ་སོ་ལོ་མོན་ལ་ཡོ་ཨབ་དབུ་གུར་དམ་པར་བྲོས་པ་དང་མཆོད་ཁྲིའི་ཉེ་འཁྲིས་སུ་ཡོད་པའི་གནས་ཆུལ་འབྱོར་པ་དང་། སོ་ལོ་མོན་གྱི་ཡོ་ཨབ་མཆོད་ཁྲིར་ཅི་ཕྱིར་བྲོས་པ་ཡིན་ནམ་ཞེས་དྲིས་པར་བང་ཆེན་ཞིག་བཏང་ངོ་། ཡོ་ཨབ་ཀྱིས་ལན་དུ། ང་སོ་ལོ་མོན་ལ་འཇིགས་ནས། གཙོ་བོ་དཀོན་མཆོག་གི་དྲུང་དུ་བྲོས་པ་ཡིན་ཞེས་ཞུས་སོ། དེ་འདྲ་སོང་ཙང་རྒྱལ་པོ་སོ་ལོ་མོན་གྱིས་ཡོ་ཨབ་གསོད་པར་བྷེ་ན་ཡཱ་ལ་བཏང་ངོ། 30ཁོས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པར་ཕྱིན་ནས། ཡོ་ཨབ་ལ་རྒྱལ་པོས་ཁྱོད་ལ་མར་ཐོན་དགོས་པའི་བཀའ་གནང་བྱུང་ཅེས་སྨྲས་པ་དང་། ལན་དུ་ཡོ་ཨབ་ཀྱིས། ང་ཐོན་གྱི་མིན། ང་འདིར་འཆི་གི་ཡིན་ཞེས་སྨྲས་སོ། བྷེ་ན་ཡཱས་རྒྱལ་པོའི་སར་ཕྱིར་ལོག་ནས་ཡོ་ཨབ་ཀྱི་གང་སྨྲས་པ་རྣམས་ཞུས་སོ། 31ལན་དུ་སོ་ལོ་མོན་གྱིས། ཡོ་ཨབ་ཀྱིས་གང་སྨྲས་པ་བཞིན་གྱིས་ཤིག ཁོ་གསོད་ལ་དུར་དུ་བཅུག་ཅིག། དེ་ནས་ཡོ་ཨབ་ཀྱིས་སྐྱོན་མེད་མི་རྣམས་བསད་ནས་བྱེད་པའི་ཉེས་ལན་དུ་ངའམ་དཱ་བིད་ཀྱི་བརྒྱུད་པ་ཚོར་ནམ་ཡང་འགན་ཅན་བྱུང་བར་མི་འགྱུར། 32ངའི་ཡབ་དཱ་བིད་ཀྱིས་མ་མཁྱེན་པར་ཡོ་ཨབ་ཀྱིས་མི་གསོད་ཀྱིས་ཉེས་པ་ཁག་གྱིས་པར་གཙོ་བོ་དཀོན་མཆོག་གིས་ཉེས་ཆད་དེ་ཁོ་རང་ལ་གཏོང་གནང་ཡོང་། ཡོ་ཨབ་ཀྱིས་ཁོ་ལས་དྲག་པའི་མི་སྐྱོན་མེད་གཉིས། ཨིསི་རཱཨེལ་གྱི་དམག་དཔྱིད་ཨབ་ནེར་དང་ཡ་ཧུ་དཱ་པའི་དམག་དཔྱིད་ཨ་མ་ས་གཉིས་བསད་དོ། 33དེ་ཚོ་བསད་པའི་ཉེས་ཆད་ཡོ་ཨབ་དང་ཁོའི་བརྒྱུད་པར་རྟག་ཏུ་ཕོག་པར་འགྱུར། ཡིན་ན་ཡང་གཙོ་བོ་དཀོན་མཆོག་གིས་དཱ་བིད་ཀྱི་བརྒྱུད་པ་ཁོང་གི་ཁྲིར་སྡོད་མཁན་རྣམས་ལ་རྒྱུན་དུ་ཡར་རྒྱས་གནང་བར་འགྱུར་ཞེས་གསུངས་སོ། 34དེའི་ཕྱིར་བྷེ་ན་ཡཱ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པར་སོང་ནས་ཡོ་ཨབ་བསད་ནས་ཁོ་ལ་ཐང་ཁུལ་གྱི་རང་གི་ཁྱིམ་འགྲམ་དུ་དུར་དུ་བཅུག་གོ 35རྒྱལ་པོས་བྷེ་ན་ཡ་ལ་ཡོ་ཨབ་ཀྱི་ཚབ་ཏུ་དམག་སྤྱིར་བསྐོས་པ་དང་ཛ་དཱོག་ལ་ཨབ་ཡ་ཐར་གྱི་ཚབ་ཏུ་བླ་མར་བསྐོས་སོ༎

ཤིམ་ཨི་གྲོངས་པ།

36དེ་ནས་རྒྱལ་པོས་ཤིམ་ཨི་ལ་འབོད་ནས་ཁོ་ལ། ཁྱེད་རང་གི་ཆེད་དུ་འདིར་ཡེ་རུ་ཤ་ལེམ་དུ་ཁང་པ་ཞིག་བཟོས་ཤིག དེའི་ནང་དུ་སྡོད་ལ་གྲོང་ཁྱེར་ནས་མ་ཐོན་ཞིག 37གལ་སྲིད་ཁྱོད་གྲོང་ཁྱེར་ཐོན་ནས་ཀིད་རོན་རྒལ་ནས་ཕྱིན་པ་ཡིན་ན་ཁྱོད་ངེས་པར་དུ་འཆི་བར་འགྱུར། དེའི་ཉེས་པ་དེ་ཁྱོད་རང་ཉིད་ལ་ཕོག་ཡོད་གསུངས་སོ། 38ལན་དུ་ཤིམ་ཨིས། མི་དབང་ཆེན་པོ། ཁྱེད་ཀྱིས་བཀའ་གནང་བ་བཞིན་ཞུ་རྒྱུ་ཡིན་པ་དང་། ཁོ་ཡེ་རུ་ཤ་ལེམ་དུ་ཡུན་རིང་བར་དུ་གནས་སོ། 39འོན་ཀྱང་ལོ་གསུམ་གྱི་རྗེས་སུ་ཤིམ་ཨིའི་ཚེ་གཡོག་གཉིས་གྷད་ཀྱི་མ་ཀཱའི་བུ་རྒྱལ་པོ་ཨ་ཀིཤི་ཀྱི་དྲུང་དུ་བྲོས་ཕྱིན་པ་དང་། ཤིམ་ཨིས་དེ་ཚོ་གྷད་དུ་ཡོད་པ་ཐོས་པ་དང་། 40དེ་མ་ཐག་ཏུ་ཁོས་རང་གི་བོང་བུར་སྒ་བརྒྱབ་ནས་ཚེ་གཡོག་གཉིས་འཚོལ་དུ་རྒྱལ་པོ་ཨ་ཀིཤི་ཀྱི་སར་གྷད་དུ་སླེབས་ནས་ཁོས་ཚེ་གཡོག་གཉིས་རྙེད་ནས་ཁྱིམ་དུ་འཁྲིད་ཡོང་བ་དང་། 41སོ་ལོ་མོན་གྱིས་ཤིམ་ཨིས་གང་བྱས་པ་དེ་ཐོས་ནས། 42ཁོང་གིས་ཁོ་ལ་འབོད་དུ་བཏང་ནས་སྨྲས་པ། ངས་ཁྱོད་་ཡེ་རུ་ཤ་ལེམ་ནས་འགྲོ་མི་ཆོག་པ་གཙོ་བོ་དཀོན་མཆོག་གི་མཚན་ནས་མནའ་བསྐྱེལ་དུ་བཅུག་ཡོད། ཁྱོད་ཀྱིས་དེ་ལྟར་བྱས་པ་ཡིན་ན་ཁྱོད་ངེས་པར་དུ་འཆི་རྒྱུའི་ངས་ཁྱོད་ལ་ཉེན་བརྡ་སྤྲད་ཡོད་པ་ཡིན། ཁྱོད་ཀྱིས་དེ་ལྟར་སྒྲིགས་པ་འདུག་ཅེས་ཁས་ལེན་བྱས་མེད་དམ། 43དེ་འདྲ་སོང་ཙང་ཁྱོད་ཀྱིས་ཅིའི་ཕྱིར་རང་གི་ཁས་ལེན་ནས་འགལ་བ་མ་ཟད་ངའི་བཀའ་ལ་ཅི་ཕྱིར་མ་གསུངས་བ་ཡིན་ནམ། 44ཁྱོད་ཀྱིས་ངའི་ཡབ་དཱ་བིད་ལ་ངན་པ་གང་གྱིས་པ་ཚང་མ་གསལ་པོ་ཤེས་པ་དང་། གཙོ་བོ་དཀོན་མཆོག་གིས་དེའི་ཉེས་ལན་དུ་ཁྱོད་རང་ལ་ཆད་པ་གཏོང་བར་འགྱུར་རོ། 45འོན་ཀྱང་ཁོང་གིས་ང་ལ་བྱིན་རླབས་གནང་རྒྱུ་མ་ཟད། དུས་ནམ་གནས་བར་དཱ་བིད་ཀྱིས་རྒྱལ་ཁྲི་བརྟན་པོར་གནས་ཀྱི་རེད་ཅེས་གསུངས་སོ། 46དེ་ནས་རྒྱལ་པོས་བྷེ་ན་ཡཱ་ལ་བཀའ་གནང་བ་ལྟར་ཁོ་ཕྱིན་ནས་ཤིམ་ཨི་ལ་བསད་དོ། དེ་ནས་སོ་ལོ་མོན་གྱི་རྒྱལ་སྲིད་ཀྱི་མངའ་འོག་ཏུ་ཆ་ཚང་བསྡུས་སོ༎

རྒྱལ་རབས་དང་པོ། 3

ཤེས་རབ་ཀྱི་ཆེད་དུ་སོ་ལོ་མོན་གྱི་སྨོན་ལམ།

(༢ སྔོན་རབས་ ༡:༣-༡༢)

1སོ་ལོ་མོན་གྱིས་ཨི་ཇིབ་ཀྱི་རྒྱལ་པོའི་སྲས་མོ་དང་ཆང་ས་བརྒྱབ་ནས་རྒྱལ་པོ་དང་མཉམ་དུ་མཐུན་ལམ་བྱས་སོ། ཁོང་གི་ཕོ་བྲང་དང་མཆོད་ཁང་དང་ཡེ་རུ་ཤ་ལེམ་གྱི་མཐའ་འཁོར་དུ་ལྕགས་རི་མ་སྒྲུབ་བར་དུ་རྒྱལ་པོས་མོ་ལ་དཱ་བིད་ཀྱི་གྲོང་ཁྱེར་དུ་བཞག་གོ 2སྐབས་དེར་གཙོ་བོ་དཀོན་མཆོག་ལ་མཆོད་ཁང་བཞེངས་མེད་སྟབས་མི་མང་ཚོས་མཆོད་ཁྲི་འདྲ་མིན་སྣ་ཚོགས་ལ་དམར་མཆོད་འབུལ་གྱི་ཡོད་དོ། 3སོ་ལོ་མོན་གྱིས་གཙོ་བོ་དཀོན་མཆོག་ལ་བྱམས་བརྩེ་བཞུ་བཞིན་ཡོད་པ་དང་། རང་གི་ཡབ་དཱ་བིད་ཀྱི་བསླབ་བྱ་རྣམས་ཀྱི་རྗེས་སུ་འཇུག་བཞིན་ཡོད་པ་ཡིན་ནོ། འོན་ཀྱང་ཁོས་སེམས་ཅན་རྣམས་བསད་ནས་དེ་ཚོ་མཆོད་ཁྲི་འདྲ་མིན་སྣ་ཚོགས་ཀྱི་སྟེང་དུ་དམར་མཆོད་ཕུལ་གྱི་ཡོད་དོ། 4སྐབས་ཤིག་ལ་ཁོང་གི་གྷི་བི་ཨོན་དུ་དམར་མཆོད་འབུལ་ཕྱིར་ཕེབས་སོ། གང་ལགས་ཟེར་ན། དེར་མཆོད་ཁྲི་སྙན་གྲགས་ཆེ་ཤོས་དེ་ཡོད་ཅིང་། འདས་པའི་དུས་སྐབས་ལ་ཁོང་གིས་མཆོད་ཁྲི་དེའི་ཁར་དམར་མཆོད་ ༡,༠༠༠ ཕུལ་ཡོད་དོ། 5མཚན་མོ་དེར་ཁོང་གི་རྨི་ལམ་ནང་གཙོ་བོ་དཀོན་མཆོག་གིས་ཞལ་གཟིགས་ཞིག་གི་ནང་ལ། ངས་ཁྱོད་ལ་ག་རེ་ལྟེར་དགོས་ཤེས་དྲི་བ་གནང་བས། 6ལན་དུ་སོ་ལོ་མོན་གྱིས། དུས་རྟག་ཏུ་ཁྱེད་ཀྱི་ཞབས་ཕྱི་ངའི་ཡབ་དཱ་བིད་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་སྐྱོང་གནང་ཡོད་དོ། ཁོང་བཟང་པོ་དང་དམ་ཚིག་ཅན་དང་ཁྱེད་དབར་དྲང་བདེན་གྱི་འབྲེལ་བ་ཡོད་པ་ཡིན། ཁྱེད་ཀྱིས་མུ་མཐུད་ནས་བྱམས་པ་ཆེན་པོས་ཁོང་ལ་གཟིགས་སྐྱོང་གནང་བས་ད་ལྟ་ཁོང་གི་ཤུལ་འཛིན་དུ་རྒྱལ་སྲིད་སྐྱོངས་མཁན་གྱི་བུ་ཞིག་ཀྱང་གནང་ཡོད་པ་ཡིན་ནོ། 7ཀྱེ་གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་ང་ནི་ལོ་ན་ཕྲ་བ་དང་རྒྱལ་སྲིད་སྐྱོངས་སྟངས་མི་ཤེས་ན་ཡང་ཁྱེད་ཀྱིས་ངའི་ཡབ་ཀྱི་ཤུལ་འཇིན་དུ་རྒྱལ་པོར་བསྐོ་བར་གནང་ནས། 8ང་འདིར་སྐུ་ཉིད་ཀྱི་འདམས་པ་གནང་བའི་མི་མང་གི་གྲངས་འབོར་ཧ་ཅང་མང་བས་གྲངས་ཀ་བརྩི་མི་ཐུབ་པའི་ཁྲོད་དུ་ཡོད་དོ། 9དེ་འདྲ་སོང་ཙང་ངས་ཁྱེད་ཀྱི་མི་མང་ཚོར་དྲང་བདེན་གྱི་རྒྱལ་སྲིད་སྐྱོངས་ཐུབ་པ་དང་། བཟང་ངན་གཉིས་ཀྱི་དབྱེ་བ་ཕྱེ་ཐུབ་པའི་དགོས་ངེས་ཀྱི་ང་ལ་ཤེས་རབ་གནང་རོགས་གནང་། དེ་མིན་ངས་ཁྱེད་ཀྱི་རླབས་ཆེན་གྱི་མི་མང་ཚོར་སྲིད་སྐྱོངས་ཇི་ལྟར་བྱེད་ཐུབ་བམ་ཞེས་ཞུས་སོ། 10སོ་ལོ་མོན་གྱིས་གཙོ་བོ་དཀོན་མཆོག་ལ་དེ་ལྟར་ཞུ་བ་ཕུལ་བར་ཐུགས་མཉེས་པོ་བྱུང་བ་དང་། 11ཁོང་གིས་ལ་ཁྱོད་རང་གི་ཆེད་དུ་ཚེ་རིང་པོ་དང་རྒྱུ་ནོར་དང་རང་གི་དགྲ་བོ་རྣམས་འཆི་བའི་ཚབ་ཏུ་དྲང་བདེན་ངང་སྲིད་སྐྱོངས་བྱེད་ཐུབ་པའི་ཤེས་རབ་ཞུས་པ་ཡིན་ཙང་། 12ངས་ཁྱོད་ཀྱིས་སྨྲས་པ་ལྟར་སྤྲད་རྒྱུ་ཡིན། སྔོན་དུ་སུ་ཞིག་གི་ཀྱང་མ་ཐོབ་པ་དང་མ་འོང་པར་ཡང་སུ་ཞིག་གི་ཀྱང་ཐོབ་མ་ཐུབ་པའི་ཤེས་རབ་དང་དྲན་དབང་ངས་སྤྲོད་རྒྱུ་ཡིན། 13དེ་མིན་ཁྱོད་ཀྱིས་མ་ཞུས་ནའང་ཁྱོད་རང་གི་མི་ཚེའི་རིང་རྒྱལ་པོ་གཞན་ལས་ལྷག་པའི་རྒྱུ་ནོར་དང་བཀུར་སྟི་སྤྲོད་རྒྱུ་ཡིན། 14ཁྱོད་ཀྱི་ཕ་དཱ་བིད་བཞིན་ཁྱོད་ཀྱིས་ང་ལ་ཉན་ནས་ངའི་བཀའ་ཁྲིམས་རྣམས་སྲུང་བ་ཡིན་ན་ངས་ཁྱོད་ལ་ཚེ་རིང་པོ་སྤྲོད་གྱུ་ཡིན་ཞེས་གསུངས་སོ། 15སོ་ལོ་མོན་གཉིད་བསད་པ་དང་དཀོན་མཆོག་གིས་ཁོང་ལ་གཉིད་ལམ་ནང་བཀའ་གནང་བ་ཤེས་སོ། དེ་ནས་ཁོང་ཡེ་རུ་ཤ་ལེམ་དུ་སླེབས་ནས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་གྱི་མདུན་ལ་ལངས་ནས། གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་པ་དང་མཐུན་འབྲེལ་གྱི་མཆོད་པ་ཕུལ་ནས། དེ་རྗེས་ཁོང་རང་གི་ལས་བྱེད་པ་ཚོར་མགྲོན་སྟོན་གཏང་བ་རེད༎

སོ་ལོ་མོན་གྱི་ཁམ་མཆུ་ཁག་པོ་ཞིག་ལ་ཞིབ་གཅོད་བྱས་པ།

16ཉིན་ཞིག་སྨད་ཚོང་མ་གཉིས་རྒྱལ་པོ་སོ་ལོ་མོན་གྱི་དྲུང་དུ་བཅར་ནས། 17ཁོ་ཚོ་གཉིས་ནས་གཅིག་གིས་མི་དབང་ཆེན་པོ། བུད་མེད་འདི་དང་ངེད་གཉིས་ཁྱིམ་གཅིག་གི་ནང་སྡོད་ཀྱི་ཡོད། མོ་ང་དང་མཉམ་དུ་ཡོད་བཞིན་པའི་སྐབས་སུ་ང་ལ་བུ་ཞིག་སྐྱེས་བྱུང་། 18ང་ལ་བུ་སྐྱེས་པའི་ཉིན་གཉིས་ཀྱི་རྗེས་སུ་མོ་ལ་ཡང་བུ་ཞིག་སྐྱེས་སོང་། ཁྱིམ་དུ་ངེད་གཉིས་གཅིག་པོ་མ་གཏོགས་གཞན་སུ་ཡང་མེད་དོ། 19དེ་ནས་མཚན་ཞིག་ལ་མོས་ཕྲུ་གུའི་སྟེང་དུ་རིལ་ནས་མནན་པས་ཕྲུ་གུ་དེ་ཤིའོ། 20མཚན་མོ་དེ་ལ་མོ་ལངས་ནས་ང་གཉིད་ཤོར་བའི་སྐབས་སུ་ངའི་རྩ་ནས་ངའི་ཕྲུ་གུ་འཁྱེར་ནས་མོ་རང་གི་ཉལ་ཁྲིའི་སྟེང་དུ་བཞག་པ་དང་། ཕྲུ་གུ་ཤི་རོ་དེ་ངའི་ཉལ་ཁྲིའི་སྟེང་དུ་བཞག་འདུག 21སང་ཞོག་ང་གཉིད་སད་ནས་ཨོ་མ་སྟེར་སྐབས་ཕྲུ་གུ་དེ་འཆི་ཡོད་པ་མཐོང་བྱུང་། ངས་དེར་ནན་ཏན་གྱིས་བལྟ་སྐབས་དེ་ངའི་ཕྲུ་གུ་མིན་པ་ངས་ཤེས་བྱུང་། 22འོན་ཀྱང་བུད་མེད་གཞན་དེས་སྨྲས་པ། དེ་ལྟར་མ་ཡིན། ཕྲུ་གུ་གསོན་པོ་དེ་ངའི་ཡིན་པ་དང་། ཤི་རོ་དེ་ཁྱོད་རང་གི་རེད་ཅེས་སྨྲས་སོ། བུད་མེད་དང་པོ་དེས་ལན་དུ་དེ་ལྟར་མ་རེད། ཕྲུ་གུ་ཤི་རོ་དེ་ཁྱོད་རང་གི་ཡིན་པ་དང་། གསོན་པོ་དེ་ངའི་རེད་སྨྲས་པ་དང་། དེ་ལྟར་ཁོ་གཉིས་རྒྱལ་པོའི་དྲུང་དུ་རྩོད་པ་རྒྱབ་བོ། 23དེ་ནས་རྒྱལ་པོ་སོ་ལོ་མོན་གྱིས། ཁྱོད་རང་གཉིས་ཀས་ཕྲུ་གུ་གསོན་པོ་དེ་རང་གི་ཡིན་ཟེར་བ་དང་། ཕྲུ་གུ་ཤི་རོ་དེ་ཁྱོད་གཉིས་ཀྱི་མ་ཡིན་པར་ཁས་ལེན་བྱས་པས། 24ཁོང་གིས་རལ་གྲི་ཞིག་ལེན་དུ་བཏང་ནས། རལ་གྲི་ཞིག་འཁྱེར་ཡོང་བ་དང་། 25ཁོང་གིས་ཕྲུ་གུ་གསོན་པོ་འདི་དུམ་བུ་གཉིས་སུ་ཆོད་ལ། ཁོ་གཉིས་ལ་དུམ་བུ་རེ་རེ་སྤྲོད་ཅིག་ཅེས་གསུངས་སོ། 26དེ་ནས་ཨ་མ་ངོ་མ་དེས་རང་གི་བུ་ལ་སེམས་ནང་བྱམས་པས་ཁེངས་ཡོད་སྟབས་རྒྱལ་པོ་ལ། མི་དབང་ཆེན་པོ་ཕྲུ་གུ་དེ་མ་གསོད་པར། དེ་མོ་རང་ལ་གནང་རོགས་གནང་ཞེས་ཞུས་སོ། འོན་ཀྱང་བུད་མེད་གཞན་དེས། དེ་ང་ཚོ་སུ་ལ་ཡང་མ་གནང་བར། དེ་དུམ་བུ་གཉིས་སུ་གཏོང་རོགས་གནང་ཞུས་སོ། 27དེ་ནས་སོ་ལོ་མོན་གྱིས་ཕྲུ་གུ་དེ་མ་བསད་པར། བུད་མེད་དང་པོ་དེ་ལ་སྤྲོད་ཅིག། གང་ལགས་ཟེར་ན། མོ་ནི་ཕྲུ་གུ་དེའི་ཨ་མ་ངོ་མ་རེད་ཅེས་བཀའ་གནང་ངོ། 28ཨིསི་རཱཨེལ་པའི་མི་མང་ཚོས་སོ་ལོ་མོན་གྱིས་ཁྲིམས་གཅོད་གནང་བ་དེའི་སྐོར་ཐོས་སྐབས་ཁོ་ཚོའི་སེམས་ནང་ཁོང་ལ་གུས་ཞབས་གི་ཁེངས་སོ། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གིས་ཁོང་ལ་ཁྲིམས་གཅོད་དྲང་བདེན་ངང་ཐག་ཆོད་གནང་བའི་ཤེས་རབ་དེ་གནང་ཡོད་པ་ཁོང་ཚོས་ཤེས་སོ༎

རྒྱལ་རབས་དང་པོ། 4

སོ་ལོ་མོན་གྱི་ལས་བྱེད་པ་ཁག།

1སོ་ལོ་མོན་ནི་ཨིསི་རཱཨེལ་གྱི་རྒྱལ་པོ་ཡིན་ནོ། 2ཁོང་གི་ལས་བྱེད་པ་གོ་གནས་ཐོ་བ་རྣམས་ནི་འདི་ལྟར་རོ། བླ་མ་ : ཛ་དཱོག་གི་བུ་ཨ་ཛར་ཡཱ་དང་། 3ཁྲིམས་ཁང་གི་དྲུང་ཡིག་རྣམས་ : ཤི་ཤ་ཡི་བུ་རྣམས་ཨེ་ལི་ཧོ་རེཕ་དང་ཨ་ཧི་ཡཱ་དང་། ཡིག་ཆའི་འགོ་འཛིན་ : ཨ་ཧི་ལུད་ཀྱི་བུ་ཡེ་ཧོ་ཤ་ཕད་དང་། 4དམག་སྤྱི་ : ཡེ་ཧོ་ཡ་དྷའི་བུ་བྷེ་ན་ཡཱ་དང་། བླ་མ་རྣམས་ : ཛ་དཱོག་དང་ཨ་བྷི་ཡ་ཐར་དང་། 5ཛོང་ཁག་གི་སྲིད་སྐྱོང་གཙོ་བོ་ : ན་ཐན་གྱི་བུ་ཨ་ཛར་ཡཱ་དང་། རྒྱལ་པོའི་སློབ་སྟོན་པ་ : ན་ཐན་གྱི་བུ་བླ་མ་ཛ་བུད་དང་། 6ཕོ་བྲང་གི་ཞབས་ཕྱིའི་འགོ་འཛིན་ : ཨ་ཧི་ཤར་དང་། བཙན་གཡོག་གི་འགོ་འཛིན་ : ཨབ་དྷ་ཡི་བུ་ཨ་དྷོ་ནི་རམ་དང་། 7སོ་ལོ་མོན་གྱིས་མི་གྲངས་བཅུ་གཉིས་ཨིསི་རཱཨེལ་གྱི་རྫོང་ཁག་གི་སྲིད་སྐྱོང་ལ་བསྐོ་གཞག་བྱས་སོ། དེ་ཚོས་རང་གི་རྫོང་སོ་སོ་ནས་རྒྱལ་པོ་དང་ཁོང་གི་ཁྱིམ་ཚང་ཁག་ལ་གང་དགོས་པ་དང་། ལོ་འཁོར་གཅིག་ནང་མི་རེ་རེར་ཟླ་རེར་ཁ་ཟས་ཀྱི་འགན་ལེན་ཞུས་དགོས་སོ། 8དཔོན་རིགས་བཅུ་གཉིས་ཀྱི་མིང་དང་དེ་ཚོའི་རང་རང་གི་ཛོང་གི་འགན་ལེན་ཁག་འདི་ལྟར་ཡིན་ནོ། བྷེན་ཧར་ : ཨེཕ་ར་ཡིམ་གྱི་རི་བརྒྱུད་ཀྱི་ཡུལ་དང་། 9བྷེན་དེ་ཀར་ : གྲོང་ཁྱེར་མ་ཀཛ་དང་། ཤལ་བྷིམ་དང་། བྷེད་ཤེ་མེཤི་དང་། ཨེ་ལོན་དང་། བྷེད་ཧ་ནན་དང་། 10བྷེན་ཧེ་སེད་ : གྲོང་ཁྱེར་ཨ་རུབ་བྷོད་དང་སོ་ཀཱོ་དང་ཧེ་ཕར་གྱི་ས་ཁུལ་ཡོངས་རྫོགས་ཡིན་ནོ། 11བྷེ་ན་བྷི་ན་དྷབ་ཀྱིས་སོ་ལོ་མོན་གྱི་བུ་མོ་ཏ་ཕད་དང་མཉམ་དུ་ཆང་ས་བརྒྱབ་ཡོད་པ་ : ཌོར་གྱི་མངའ་ཁུལ་ཡོངས་རྫོགས་ཀྱི་འགན་ལེན་ཡོད་དོ། 12ཨ་ཧི་ལུད་ཀྱི་བུ་བྷ་ན་ : ཏ་ནག་དང་མེ་གི་དྷོའི་གྲོང་ཁྱེར་དང་། ཛ་རེ་ཐན་གྱི་གྲོང་གི་ཉེ་འགྲམ་གྱི་ཡེཛ་རིལ་གྲོང་གི་ལྷོ་ཕྱོགས་སུ་ཡོད་པའི་བྷེད་ཤཱན་ཉེ་འགྲམ་གྱི་མངའ་ཁུལ་ཡོངས་རྫོགས་ནས། ཧ་བེལ་མེ་ཧོ་ལཱའི་གྲོང་ཁྱེར་དང་ཡོག་མིམ་གྱི་གྲོང་ཁྱེར་བར་དུ་འགན་ལེན་ཡོད་དོ། 13བྷེན་གེ་བེར་ : གྷིལ་ཨད་ཀྱི་ས་ཁུལ་གྱི་ར་མོད་གྲོང་ཁྱེར་དང་། གྷིལ་ཨད་ཀྱི་གྲོང་གསེབ་རྣམས་ཡ་ཨིར་གྱི་རིགས་རུས་མ་ནསེ་སཱེ་རིགས་བརྒྱུད་ལ་བདག་པ་དང་། བྷ་ཤཱན་དུ་ཨར་གྷོབ་ཀྱི་མངའ་ཁུལ་གྲོང་ཁྱེར་ཆེན་པོའི་གྲངས་དྲུག་བཅུ་ ལ་ལིའི་ར་བས་བཟོས་པའི་རྒྱལ་སྒོར་དང་ལྕགས་རི་བསྐོར་ཡོད་པ་ཡིན་ནོ། 14ཨིད་དྷོའི་བུ་ཨ་ཧི་ན་དྷབ་ : མ་ཧ་ནེམ་གྱི་རྫོང་དང་། 15སོ་ལོ་མོན་གྱི་སྲས་མོ་གཞན་པ་བྷ་སི་མད་བྱ་བ་དང་མཉམ་དུ་ཆང་ས་བརྒྱབ་མཁན་ཨ་ཧི་མཛ་ : ནཕ་ཏ་ལིའི་ས་ཁུལ་གྱི་འགན་འཛིན་ཡིན་ནོ། 16ཧུ་ཤའི་བུ་བྷ་ན་ : ཨ་ཤེར་མངའ་ཁུལ་དང་། བྷི་ལོད་གྲོང་འཁྱེར་དང་། 17པ་རུ་ཨའི་བུ་ཡེ་ཧོ་ཤ་ཕད་ : ཨི་ས་ཀར་གྱི་ས་ཁུལ་གྱི་འགན་འཛིན་ཡིན་ནོ། 18ཨེ་ལའི་བུ་ཤིམ་ཨི་ : བྷེན་ཡ་མིན་གྱི་ས་ཁུལ་ཡིན་ནོ། 19ཨུ་རིའི་བུ་གྷེ་བྷེར་ : ཨ་མོར་པའི་རྒྱལ་པོ་སི་ཧོན་དང་བྷ་ཤཱན་གྱི་རྒྱལ་པོ་ཨོག་གིས་དབང་འཛིན་བྱས་པའི་གྷིལ་ཨད་མངའ་ཁུལ་གྱི་འགན་འཛིན་ཡིན་ནོ། ཛོང་བཅུ་གཉིས་དེ་ཚོའི་འགོ་འཛིན་མ་རྩིས་པའི་ཡུལ་ཁམས་ཡོངས་རྫོགས་ཀྱི་ཐོག་སྲིད་སྐྱོངས་གཅིག་གི་མངའ་འོག་ཏུ་ཡོད་པ་ཡིན་ནོ།

སོ་ལོ་མོན་གྱི་ཕུན་སུམ་ཚོགས་པའི་རྒྱལ་སྲིད།

20ཡ་ཧུ་དཱ་དང་ཨིསི་རཱཨེལ་གྱི་མི་མང་རྣམས་རྒྱ་མཚོའི་བྱེ་མ་དང་འདྲ་བ་གྲངས་ཕོན་ཆེ་ཡོད་ཅིང་། དེ་ཚོ་ཟ་ཞིང་འཐུང་ཞིང་བདེ་སྐྱིད་ངང་གནས་ཡོད་དོ། 21སོ་ལོ་མོན་གྱི་རྒྱལ་སྲིད་ནི་གཙང་པོ་ཡུབ་རད་ནས་ཕེ་ལེ་ཤེད་བར་གྱི་རྒྱལ་ཁབ་ཡོངས་དང་། ཨི་ཇིབ་ཀྱི་ས་མཚམས་བར་དུ་ཡོད་ཅིང་། དེ་ཚོས་ཁོང་ལ་ཁྲལ་འཇལ་བ་དང་། སོ་ལོ་མོན་གྱི་སྐུ་ཚེའི་རིང་དེ་ཚོ་ཁོང་གི་མི་སེར་ཡིན་ནོ། 22སོ་ལོ་མོན་གྱིས་ཉིན་རེའི་ཐུགས་མཁོ་ནི་གྲོ་ཞིབ་ལི་ཊར་ ༥,༠༠༠ དང་ཁ་ཟས་སྣ་ཚོགས་ལི་ཊར་ ༡༠,༠༠༠ དང་། 23བ་རའི་ནང་དུ་ཡོད་པའི་བ་ཕྱུགས་བཅུ་དང་རྩ་ཁར་ཡོད་པའི་བ་ཕྱུགས་ཉི་ཤུ་ཐམ་པ་དང་། ལུག་གྲངས་ ༡༠༠ དང་དེའི་ཐོག་ཤ་བ་དང་རི་དགས་དང་མནའ་བ་དང་ཁྱིམ་བྱ་བཅས་ཡོད་དོ། 24གཙང་པོ་ཡུབ་རད་ཀྱི་ནུབ་ཕྱོགས་ས་ཁུལ་གྱི་ཡུལ་ཚང་མ་དང་ཡུབ་རད་ཀྱི་ཏིཕ་སཱ་ནས་ནུབ་ཕྱོགས་གྷ་ཛའི་གྲོང་ཁྱེར་བར་དུ་སོ་ལོ་མོན་གྱིས་དབང་བསྒྱུར་གནང་ཡོད་དོ། གཙང་པོ་ཡུབ་རད་ཀྱི་ནུབ་ཕྱོགས་ཀྱི་རྒྱལ་པོ་རྣམས་ཁོང་གི་མི་སེར་ཡིན་པ་དང་། ཁོང་གི་ཁྱིམ་མཚེས་རྒྱལ་ཁབ་ཚང་མ་ཞི་བདེའི་ངང་གནས་ཡོད་དོ། 25ཁོང་གི་སྐུ་ཚེའི་རིང་ཡ་ཧུ་དཱ་དང་ཨིསི་རཱཨེལ་གྱི་མི་མང་རྣམས་ལ། ཁྱིམ་ཚང་རེ་རེར་རང་གི་རྒུན་ཤིང་དང་སེ་ཡབ་ཤིང་སྡོང་ཡོད་ཅིང་དེ་ཚོ་བདེ་བར་གནས་སོ། 26སོ་ལོ་མོན་ལ་ཤིང་རྟ་འཁོར་ལོའི་རྟ་རའི་གྲངས་ ༤༠,༠༠༠ དང་། རྟ་དམག་གི་རྟའི་གྲངས་ ༡༢,༠༠༠ ཡོད་དོ། 27ཁོང་གི་སྲིད་སྐྱོངས་པ་བཅུ་གཉིས་ནས་སོ་སོའི་ཟླ་རེ་ལ་རྒྱལ་པོ་སོ་ལོ་མོན་ལ་ཁ་ཟས་དང་ཁོང་གི་ཕོ་བྲང་དུ་ཞལ་ལག་བཞེས་མཁན་ཚང་མའི་ཐུགས་མཁོ་རྣམས་ཁོ་ཚོས་དུས་རྟག་ཏུ་ཆ་ཚང་སྒྲུབ་ཀྱིས་ཡོད་དོ། 28སྲིད་སྐྱོངས་པ་རེ་རེས་རང་གི་སྐལ་བར་འཕོག་པའི་ཤིང་རྟ་འཁོར་ལོའི་རྟ་རྣམས་དང་འོར་འདྲེན་བྱེད་པའི་སེམས་ཅན་གྱི་ཆེད་དུ་དགོས་པའི་ནས་དང་སོག་མ་རྣམས་ཆ་ཚང་སྒྲུབ་ཀྱིས་ཡོད་དོ། 29གཙོ་བོ་དཀོན་མཆོག་གིས་སོ་ལོ་མོན་ལ་ངོ་མཚར་ཅན་གྱི་ཤེས་རབ་དང་། ནང་དོན་རྟོགས་ཐུབ་པའི་ནུས་པ་དང་ཚད་མེད་པའི་ཤེས་ཡོན་ཆེན་པོ་གནང་ངོ། 30སོ་ལོ་མོན་གྱི་ཤེས་རབ་ནི་ཤར་ཕྱོགས་ཀྱི་མི་ཤེས་རབ་ཅན་རྣམས་དང་ཨི་ཇིབ་ཀྱི་མི་ཤེས་རབ་ཅན་ཚོ་ལས་ལྷག་པ་ཡོད་དོ། 31ཁོང་ནི་མི་ཀུན་ལས་ཤེས་རབ་ཆེ་ཤོས་ཤིག་ཡིན་པ་དང་། ཁོང་ནི་ཨེཛ་རཱ་པ་ཨེ་ཐན་དང་། ཧེ་མན་དང་ཀལ་ཀོལ་དང་། མ་ཧོལ་གྱི་བུ་དྷར་དྷ་རྣམས་ལས་ཤེས་རབ་ཆེ་བ་ཡོད་པ་དང་། ཁོང་གི་སྙན་གྲགས་ཁྱིམ་མཚེས་རྒྱལ་ཁབ་ཚང་མར་ཁྱབ་ཡོད་དོ། 32ཁོང་གིས་ལེགས་བཤད་ཀྱི་གྲངས་ ༣,༠༠༠ དང་མགུར་མའི་གྲངས་ ༡,༠༠༠ ལས་ལྷག་པ་བརྩོམས་གནང་ཡོད། 33ཁོང་གི་ཤིང་སྡོང་དང་རྩི་ཤིང་དང་ལེ་བ་ནོན་གྱི་འགྱམ་ཤིང་ནས་རྩིག་པར་སྐྱེ་བའི་ཨེ་སོབ་སྐོར་སོགས་ལ་འགྲེལ་བརྗོད་གནང་བ་དང་། ཁོང་གིས་སེམས་ཅན་དང་བྱིའུ་དང་ལྟོ་འགྲོ་དང་ཉ་རྣམས་ཀྱི་སྐོར་ལའང་གསུངས་ཀྱི་ཡོད་དོ། 34འཇིག་རྟེན་ཡོངས་ཀྱི་རྒྱལ་པོ་ཚོས་ཁོང་གི་ཤེས་རབ་ཀྱི་སྐོར་ལ་གོ་བ་དང་དེ་ཚོ་ཉན་པའི་ཕྱིར་མི་གཏོང་གི་ཡོད་དོ༎

རྒྱལ་རབས་དང་པོ། 5

སོ་ལོ་མོན་གྱིས་མཆོད་ཁང་བཞེངས་རྒྱུར་གྲ་སྒྲིག་གནང་བ།

(༢ སྔོན་རབས་ ༢:༡-༡༨)

1ཊ་ཡར་གྱི་རྒྱལ་པོ་ཧི་རམ་ནི་དཱ་བིད་ཀྱི་དུས་རྟག་ཏུ་མཛའ་གྲོགས་ཡིན་པ་དང་། སོ་ལོ་མོན་ནི་རང་གི་ཡབ་དཱ་བིད་ཀྱི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་བའི་གནས་ཚུལ་ཐོས་པ་དང་། དེ་ནས་ཁོང་གིས་རང་གི་སྐུ་ཚབ་རྣམས་སོ་ལོ་མོན་གྱི་སར་བཏང་ངོ་། 2སོ་ལོ་མོན་གྱིས་ཧི་རམ་ལ་འདི་ལྟར་ལན་བཏང་ངོ་། 3ངའི་ཡབ་དཱ་བིད་ཀྱིས་ཁོང་རང་གི་མཐའ་བསྐོར་གྱི་དགྲ་བོའི་ཡུལ་གྲུ་རྣམས་དང་ཡང་ཡང་འཐབ་རྒོལ་གནང་དགོས་བྱུང་བ་དང་། གཙོ་བོ་དཀོན་མཆོག་གིས་དགྲ་བོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་མ་གནང་བའི་བར་དུ། གཙོ་བོ་དཀོན་མཆོག་ཁོང་གི་དཀོན་མཆོག་ལ་གསོལ་འདེབས་བྱེད་ཕྱིར་དེ་བར་མཆོད་ཁང་ཞིག་ཀྱང་བཞེངས་ཐུབ་མེད་པ་ཁྱེད་ཀྱིས་མཁྱེན་གསལ་ཡིན། 4འོན་ཀྱང་ད་ཆ་གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་གིས་ས་མཚམས་ཚང་མར་ཞི་བདེ་བཟོ་གནང་ནས། ང་ལ་དགྲ་བོ་རྣམས་མེད་པ་ཡིན་ཙང་འཐབ་རྒོལ་གྱི་འཇིག་པ་གང་ཡང་མེད་དོ། 5གཙོ་བོ་དཀོན་མཆོག་གིས་ངའི་ཡབ་དཱ་བིད་ལ། ངས་ཁྱོད་ཀྱི་ཤུལ་འཛིན་དུ་ཁྱོད་རང་གྱི་བུ་དེ་རྒྱལ་པོར་བསྐོ་རྒྱུ་ཡིན་པས་ཁོས་ངའི་ཆེད་དུ་མཆོད་ཁང་ཞིག་བཞེངས་ཡོང་ཞེས་ཞལ་བཞེས་གནང་འདུག ད་ཆ་ངས་གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་ལ་མཆོད་འབུལ་བྱེད་པའི་ཕྱིར་མཆོད་ཁང་ཞིག་བཞེངས་རྒྱུ་ངས་སེམས་ཐག་ཆོད་ཡོད། 6དེར་བརྟེན་རྒྱལ་པོ་ཁྱེདཀྱི་མི་རྣམས་ངའི་ཆེད་དུ་ལེ་བ་ནོན་དུ་འགྱམ་ཤིང་གཅོད་པར་གཏོང་རོགས་གནང་། ངའི་མི་ཚོ་ཡང་དེ་ཚོ་དང་མཉམ་དུ་ལས་བྱེད་རྒྱུ་ཡིན་པ་དང། ཁྱེད་ཀྱི་དགོངས་པ་བཞིན་ངས་ཁོ་ཆོར་གླ་ཆ་སྤྲོད་རྒྱུ་ཡིན། ཁྱེད་ཀྱིས་མཁྱེན་གསལ་ལྟར་ཁྱེད་ཀྱི་མི་རྣམས་ཤིང་གཅོད་མཁས་པོ་ཡོད་པ་ལྟར་ངའི་མི་རྣམས་ཀྱི་མི་ཤེས་སོ། 7ཧི་རམ་ལ་སོ་ལོ་མོན་གྱི་གནས་ཚུལ་འབྱོར་མ་ཐག་ཏུ་ཁོང་ཐུགས་ཤིན་ཏུ་དགྱེས་པར་འགྱུར་ནས་སྨྲས་པ། རྒྱལ་པོ་དཱ་བིད་ལ་རྒྱལ་ཁབ་ཆེན་པོ་འདི་འདྲ་བའི་ནང་དུ་རྒྱལ་སྲིད་སྐྱོང་ཐུབ་མཁན་གྱི་སྲས་ཤེས་རབ་ཅན་འདི་ལྟར་གནང་བས་ངས་གཙོ་བོ་དཀོན་མཆོག་ལ་ཐུགས་རྗེས་ཆེ་ཞུ་གི་ཡོད། 8དེ་ནས་ཧི་རམ་གྱིས་སོ་ལོ་མོན་ལ་ལན་འདི་ལྟར་བཏང་ངོ། ང་ལ་ཁྱོད་ཀྱི་ལན་འབྱོར་བྱུང་བས། ཁྱོད་ཀྱིས་སྨྲས་པ་བཞིན་དུ་ངས་ཁྱོད་ལ་འགྱམ་ཤིང་དང་ཐང་ཤིང་སོགས་སྤྲོད་རྒྱུའི་གྲ་སྒྲིག་ཡོད། 9ངས་མི་ཚོས་གདུང་རྣམས་ལེ་བ་ནོན་ནས་རྒྱ་མཚོའི་བར་དུ་འཁྱེར་རྒྱུ་དང་། དེ་ནས་གདུང་མ་རྣམས་མཉམ་དུ་བསྡམས་ནས་ཁྱེད་ཀྱིས་སྨྲས་པའི་ས་གནས་དེར་ཆུ་ཐོག་ཏུ་གཏོང་གི་ཡིན། དེར་ངའི་མི་ཚོས་དེ་ཚོ་བཀྲོལ་བ་དང་ཁྱེད་ཀྱི་མི་ཚོས་རྩིས་ལེན་ནས་འཁྱེར་དགོས། ཁྱེད་རང་གི་ངོས་ནས་ངའི་མི་ཚོར་ཁ་ཟས་གནང་བ་ལ་ང་དགའ་པོ་ཡོད་དོ། 10དེ་འདྲ་སོང་ཙང་ཧི་རམ་གྱིས་སོ་ལོ་མོན་ལ་མཁོ་བའི་འགྱམ་ཤིང་དང་ཐང་ཤིང་གི་གདུང་མ་རྣམས་བསྐུར་རོ། 11སོ་ལོ་མོན་གྱིས་ཧི་རམ་གྱི་ལས་བྱེད་པ་ཚོར་འཚོ་བའི་ཕྱིར་ལོ་ལྟར་གྲོ་མི་ཀྲིག་ཀྲན་ ༢,༠༠༠ དང་ལྷས་མེད་པའི་ཁ་སྐྱུ་པོའི་སྣུམ་ལི་ཀྲར་ ༤༠༠,༠༠༠ གནང་ངོ། 12གཙོ་བོ་དཀོན་མཆོག་གིས་ཞལ་བཞེས་གནང་བ་ལྟར་སོ་ལོ་མོན་ལ་ཤེས་རབ་གནང་བ་དང་། ཧི་རམ་དང་སོ་ལོ་མོན་གྱི་དབར་ཞི་བདེ་ཡོད་པའི་རྐྱེན་གྱིས་ཁོ་གཉིས་དབར་མཐུན་སྒྲིག་བཞག་གོ 13རྒྱལ་པོ་སོ་ལོ་མོན་གྱིས་ཨིསི་རཱཨེལ་མངའ་ཁོངས་ནས་མི་གྲངས་ ༣༠,༠༠༠ ཐམ་པ་ངལ་རྩོལ་བྱེད་པར་བཀུགས་སོ། 14ཁོང་གིས་མི་གྲངས་སྟོང་ཕྲག་བཅུ་ཡོད་པ་དེ་ཚོ་ཁག་གསུམ་ལ་བགོས་ནས་ཚོ་ཁག་རེ་རེ་ལེ་བ་ནོན་ལ་ཟླ་བ་གཅིག་དང་ཁང་ཁྱིམ་དུ་ཟླ་བ་གཉིས་བསྡད་དོ། དེ་ཚོའི་འགོ་འཛིན་དུ་ཨ་དྷོ་ནི་རམ་ལ་བསྐོས་སོ། 15སོ་ལོ་མོན་ལ་རི་ཁུལ་ཡུལ་ནས་རྡོ་བརྐོ་མཁན་མི་གྲངས་ ༨༠,༠༠༠ དང་། དེ་ཚོ་འོར་འདྲེན་བྱེད་མཁན་མི་གྲངས་ ༧༠,༠༠༠ ཡོད་དོ། 16ཁོ་ཚོའི་ལས་ཀར་བལྟ་རྟོགས་བྱེད་མི་འགོ་འཛིན་ ༣,༣༠༠ ཡོད་དོ། 17རྒྱལ་པོ་སོ་ལོ་མོན་གྱི་བཀའ་གནང་བ་ལྟར་མཆོད་ཁང་གི་རྨང་གཞིའི་ཆེད་རྡོ་ཆེན་པོ་རྣམས་བཏོན་ནོ། 18གཙོ་བོ་དཀོན་མཆོག་གི་མཆོད་ཁང་བཞེངས་པའི་ཆེད་དུ། སོ་ལོ་མོན་དང་ཧི་རམ་གྱི་ལས་བྱེད་པ་རྣམས་དང་། གྲོང་ཁྱེར་གྷེ་བྷལ་གྱི་མི་རྣམས་ནས་རྡོ་ཡག་པོ་དང་ཤིང་ཆ་སྣ་ཚོགས་གྲ་སྒྲིགས་བྱས་སོ༎

རྒྱལ་རབས་དང་པོ། 6

སོ་ལོ་མོན་གྱིས་མཆོད་ཁང་བཞེངས་པ།

1ཨིསི་རཱཨེལ་གྱི་མི་མང་རྣམས་ཨི་ཇིབ་ནས་ཐོན་ཏེ་ལོ་ངོ་ ༤༨༠ ལོན་ཡོད་པ་དང་། རྒྱལ་པོ་སོ་ལོ་མོན་གྱིས་ཨིསི་རཱཨེལ་ཐོག་ཏུ་རྒྱལ་སྲིད་སྐྱངས་ནས་ལོ་ངོ་བཞི་སླེབས་པའི་ཛིཝི་ཀྱི་ཟླ་བ་གཉིས་པར་སོ་ལོ་མོན་གྱིས་མཆོད་ཁང་བཞེངས་འགོ་ཚུགས་སོ། 2མཆོད་ཁང་དེའི་ནང་གི་རིང་ཐུང་མི་ཀྲར་ཉི་ཤུ་རྩ་བདུན་དང་། ཞེང་ཁ་མི་ཀྲར་དགུ། མཐོ་ཚད་མི་ཀྲར་ ༡༣.༥ ཡོད་དོ། 3རྒྱལ་སྒོའི་ཁང་མིག་གི་རིང་ཐུང་མི་ཀྲར་ ༤.༥། མཆོད་ཁང་གི་ཞེང་ཁ་དང་འདྲ་བ་མི་ཀྲར་དགུ་ཡོད་དོ། 4མཆོད་ཁང་གི་རྩིག་པའི་སྐར་ཁུང་རྣམས་ནང་གི་སྐར་ཁུང་ལས་ཞེང་ཆུང་བ་ཡོད། 5མཆོད་ཁང་གི་རྒྱབ་དང་རྩིག་པའི་ཕྱི་ལོག་ལ་ཐོག་བརྩེག་གསུམ་ཡོད་པའི་ཐོག་བརྩེག་རེ་རེའི་མཐོ་ཚད་མི་ཀྲར་ ༢.༢ ཡོད། 6འོག་ཐོག་གི་ཁང་མིག་རེ་རེར་ཞེང་ཁ་མི་ཀྲར་ ༢.༢ དང་བར་ཐོག་གི་ཞེང་ཁ་མི་ཀྲར་ ༢.༧ ཡོད། རྩེ་ཐོག་གི་ཞེང་ཁ་མི་ཀྲར་ ༣.༡ ཡོད། མཆོད་ཁང་གི་ཐོག་རྩེག་སོ་སོའི་སྤང་གཅལ་ནི་སྤང་གཅལ་འོག་མ་དེ་ལས་ཀྲབ་པ་ཡོད། གང་ལགས་ཟེར་ན། ཁང་མིག་སོ་སོར་མདུང་མ་མ་བཟོས་པའི་ཐོག་བཀབ་པའི་ཕྱིར་ཡིན་ནོ། 7མཆོད་ཁང་བཞེངས་པའི་སྐབས་སུ་ཐོ་བའམ། སྟ་རིའམ་ལྕགས་ཀྱི་ལག་ཆའི་སྒྲ་མི་ཡོང་བའི་ཆེད་དུ་མཆོད་ཁང་བཞེངས་པའི་རྡོ་རྣམས་རྡོ་འདོན་སར་བཟོས་སོ། 8མཆོད་ཁང་གི་ལྷོ་ཕྱོགས་ལ་མཉམ་འབྲེལ་གྱི་ཁང་པ་ཚང་མའི་འོག་ཐོག་དེར་འཛུལ་སྒོ་ཡོད་པ་དང་། དེ་ནས་སྐས་རྫ་འཛེག་ནས་ཐོག་ཚད་གཉིས་པ་དང་གསུམ་པར་འགྲོ་ས་ཡོད། 9དེ་ལྟར་རྒྱལ་པོ་སོ་ལོ་མོན་གྱིས་མཆོད་ཁང་བཞེངས་སྒྲུབ་པ་རེད། ཁོང་གིས་ཐོག་ཁའི་མདུང་མ་དང་སྤང་ལེབ་རྣམས་འགྱམ་ཤིང་གིས་བཟོས་སོ། 10ཁང་པ་ཐོག་རྩེག་གསུམ་ཡོད་པའི་ཐོག་རྩེག་རེ་རེའི་མཐོ་ཚད་མི་ཀྲར་ ༢.༢ ཡོད་པ་མཆོད་ཁང་གི་ཕྱིའི་རྩིག་པ་དང་མཉམ་འབྲེལ་གྱི་བཞེངས་ཡོད་ཅིང་། དེ་ཚོ་འགྱམ་ཤིང་གི་གདུང་མས་འབྲེལ་ཡོད་དོ། 11གཙོ་བོ་དཀོན་མཆོག་གིས་སོ་ལོ་མོན་ལ་འདི་སྐད་དུ། 12ཁྱོད་ཀྱིས་ངའི་བཀའ་ཁྲིམས་རྣམས་ལ་ཉན་པ་ཡིན་ན་ངས་ཁྱོད་ཀྱི་ཕ་དཱ་བིད་ལ་ཁས་ལེན་གྱིས་པ་ལྟར་ཁྱོད་ལ་ཡང་བྱེད་རྒྱུ་ཡིན་ནོ། 13ང་ཨིསི་རཱཨེལ་གྱི་མི་མང་དང་མཉམ་དུ་གནས་རྒྱུ་དང་། ཁྱོད་ཀྱིས་བཞེངས་བཞིན་པའི་མཆོད་ཁང་འདིར་གནས་ནས་དེ་ཚོ་ལ་ནམ་ཡང་སྤངས་པར་མི་འགྱུར་རོ། 14དེ་འདྲ་སོང་ཙང་སོ་ལོ་མོན་གྱིས་མཆོད་ཁང་བཞེངས་ཚར་བ་ཡིན་ནོ༎

མཆོད་ཁང་ནང་གི་ནང་ཆས་རྣམས།

(༢ སྔོན་རབས་ ༣:༨-༡༤)

15ནང་གི་རྩིག་པར་སྤང་གཅལ་ནས་རྩེ་ཐོག་བར་འགྱམ་ཤིང་གི་སྤང་ལེབ་ཀྱིས་གཡོགས་ཡོད་པ་དང་། སྤང་གཅལ་རྣམས་ཐང་ཤིང་གི་བཟོས་ཡོད་དོ། 16ནང་གི་ཁང་མིག་ཤིན་ཏུ་དམ་པའི་གནས་ཞུ་བ་དེ་མཆོད་ཁང་གི་རྒྱབ་ལ་བཞེངས་ཡོད། དེའི་རིང་ཐུང་མི་ཀྲར་དགུ་ཡོད་པ་དང་། སྤང་གཅལ་ནས་རྩེ་ཐོག་བར་ཐང་ཤིང་གི་སྤང་ལེབ་ཀྱི་བཅད་རྒྱབ་ཡོད་དོ། 17ཤིན་ཏུ་དམ་པའི་གནས་ཀྱི་མདུན་གྱི་ཁང་མིག་གི་རིང་ཐུང་མི་ཀྲར་བཅོ་བརྒྱད་ཡོད་དོ། 18འགྱམ་ཤིང་གི་སྤང་ལེབ་རྣམས་ལ་ཀུ་བའི་འབྲས་བུ་དང་མེ་ཏོག་གིས་སྤྲོས་རྒྱབ་ཡོད། རྡོའི་རྩིག་པ་རྣམས་མི་མཐོང་བའི་ཆེད་ནང་ལོག་ཆ་ཚང་འགྱམ་ཤིང་གི་སྤང་ལེབ་ཀྱིས་བཀབ་ཡོད་དོ། 19མཆོད་ཁང་གི་རྒྱབ་ལ་ཁང་མིག་སྦུགས་མ་ཞིག་བཟོས་ཡོད་པ་དེའི་ནང་དུ་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་བཞག་ཡོད་དོ། 20ཁང་མིག་སྦུགས་མ་དེའི་རིང་ཐུང་མི་ཀྲར་དགུ་དང་ཞེང་ཁ་མི་ཀྲར་དགུ་དང་མཐོ་ཚད་མི་ཀྲར་དགུ་ཡོད་པ་རྣམས་གསེར་སྤུས་དག་གིས་བཏུམས་ཡོད་པ་དང་། མཆོད་ཁྲི་དེ་འགྱམ་ཤིང་གི་སྤང་ལེབ་ཀྱིས་བཀབ་ཡོད་དོ། 21མཆོད་ཁང་ནང་ལོག་ཐམས་ཅད་གསེར་གྱིས་བཏུམས་ཡོད་པ་དང་། ནང་གི་ཁང་མིག་ནང་འཛུལ་སར་གསེར་ཐག་བཞག་ཡོད་པ་དང་ནང་གི་ཁང་མིག་ཡང་གསེར་གྱིས་བཏུམས་ཡོད་དོ། 22མཆོད་ཁང་གི་ནང་ལོག་དང་ཤིན་ཏུ་དམ་པའི་གནས་ཀྱི་མཆོད་ཁྲི་ཡང་གསེར་གྱི་བཏུམས་ཡོད་དོ། 23ཤིན་ཏུ་དམ་པའི་གནས་སུ་ཁ་སྐྱུར་པོའི་ཤིང་ལས་བཟོས་པའི་ཀེ་རུབ་གཉིས་བཞག་ཡོད་པ་རེ་རེའི་མཐོ་ཚད་མི་ཀྲར་ ༤.༤ ཡོད་དོ། 24-26དེ་གཉིས་ཀའི་ཆེ་ཆུང་དང་བཟོ་དབྱིབས་གཅིག་པ་ཡོད་ཅིང་། རེ་རེར་ཤོག་པ་གཉིས་རེ་དང་ཤོག་པ་རེ་རེའི་རིང་ཐུང་མི་ཀྲར་ ༢.༢ ཡོད་པ་དང་། ཤོག་པ་གཅིག་ནས་གཞན་དེའི་བར་རིང་ཚད་མི་ཀྲར་ ༤.༤ ཡོད་དོ། 27དེ་ཚོ་ཤིན་ཏུ་དམ་པའི་གནས་ཀྱི་ཞོག་རེ་རེར་བཞག་ཡོད་པ་དང་། དེ་ཚོའི་ཤོག་པ་བརྐྱངས་ཡོད་པ་དེ་གཉིས་གཅིག་གིས་གཅིག་ལ་ཁང་མིག་གི་དཀྱིལ་དུ་རེག་པ་དང་གཞན་ཤོག་པ་གཉིས་པོ་དེ་རྩིག་པར་རེག་ཡོད་དོ། 28ཀེ་རུབ་གཉིས་པོ་དེ་ཚོ་གསེར་གྱིས་བཏུམས་ཡོད་དོ། 29ཁང་མིག་ལྟེ་བའི་རྩིག་པ་དང་ནང་གི་ཁང་མིག་ནང་དུ་ཀེ་རུབ་ཀྱི་དབྱིབས་དང་ཁ་ཟུར་ཤིང་དང་མེ་ཏོག་སོགས་ཀྱི་སྤྲོས་རྒྱབ་ཡོད་དོ། 30མ་ཟད་སྤང་གཅལ་ཡང་གསེར་གྱིས་བཏུམས་ཡོད་དོ། 31ཤིན་ཏུ་དམ་པའི་གནས་དེར་འཛུལ་སྒོ་གཉིས་པོ་དེ་ཁ་སྐྱུར་པོའི་ཤིང་ལས་བཟོས་ཡོད་པ་དང་། དེའི་ཐོད་ཀྱི་གདུང་མ་དེ་རྩེ་རྣོ་པོ་ཡོད་པ་ཕྱེད་ཀ་སྒོར་སྒོར་ཡོད་དོ། 32སྒོ་རྣམས་ལ་ཀེ་རུབ་ཡོད་པའི་དབྱིབས་ཅན་དང་། ཁ་ཟུར་ཤིང་དང་མེ་ཏོག་བཅས་ཀྱི་སྤྲོས་རྒྱབ་ཡོད་པ་དང་། དེ་རྣམས་གསེར་གྱིས་བཏུམས་ཡོད་དོ། 33ཁང་མིག་ལྟེ་བའི་ནང་དུ་ཟུར་ཡོད་པའི་ཤིང་སྒྲོམ་གྱི་སྒོ་དེ་ཁ་སྐྱུར་པོའི་ཤིང་ལས་བཟོས་ཡོད་དོ། 34ཕྱི་ནང་གཉིས་ཀར་འཁོར་བའི་སྒོ་གཉིས་པོ་དེ་ཐང་ཤིང་གིས་བཟོས་ཡོད་པ་དང་། 35དེ་ཚོ་ཀེ་རུབ་ཀྱི་དབྱིབས་དང་ཁ་ཟུར་ཤིང་དང་མེ་ཏོག་དང་བཅས་པ་བརྐོས་རྒྱབ་ནས་གསེར་གྱིས་སྙོམ་པོར་བཏུམས་ཡོད་དོ། 36ནང་གི་ཚོམས་ཆེན་ཞིག་བཟོས་ཡོད་པ་དེ་མཆོད་ཁང་གི་མདུན་དུ་ཡོད་པ་དང་། མཐའ་འཁོར་གྱི་རྩིག་པ་རྣམས་འགྱམ་ཤིང་གི་རིམ་པ་ཞིག་ལ་རྡོའི་རིམ་པ་གསུམ་རེར་བཞག་ཡོད་དོ། 37སོ་ལོ་མོན་གྱིས་རྒྱལ་སྲིད་སྐྱོངས་ནས་ལོ་ངོ་བཞི་འཁོར་བའི་ཛིཝི་ཀྱི་ཟླ་བ་གཉིས་པ་ལ་མཆོད་ཁང་གི་རྨང་གཞི་བཏིངས་སོ། 38བྷུལ་གྱི་ཟླ་བ་བརྒྱད་པར་སོ་ལོ་མོན་གྱི་རྒྱལ་སྲིད་སྐྱོངས་ནས་ལོ་ངོ་བཅུ་གཅིག་ འཁོར་སྐབས་སུ་འཆར་གཞི་བཀོད་པ་ལྟར་མཆོད་ཁང་ཆ་ཚང་བཟོས་ཚར་བ་ཡིན་ནོ། མཆོད་ཁང་བཟོ་བར་སོ་ལོ་མོན་ལ་ལོ་ངོ་བདུན་འགོར་བ་ཡིན་ནོ༎

རྒྱལ་རབས་དང་པོ། 7

སོ་ལོ་མོན་གྱིས་ཕོ་བྲང་།

1སོ་ལོ་མོན་གྱི་རང་གི་ཆེད་དུ་ཕོ་བྲང་ཞིག་བཞེངས་རྒྱུར་ལོ་ངོ་བཅུ་གསུམ་འགོར་བ་ཡིན་ནོ། 2-3ལེ་བྷ་ནོན་གྱི་ཤིང་ནགས་ཀྱི་ཕོ་བྲང་ཞེས་པ་དེའི་རིང་ཐུང་མི་ཀྲར་ ༤༤ དང་ཞེང་ཁ་མི་ཀྲར་ ༢༢ དང་མཐོ་ཚད་མི་ཀྲར་ ༡༣.༥ ཡོད། དེ་ལ་འགྱམ་ཤིང་གི་ཀ་བའི་སྟེང་ལ་གྲལ་གསུམ་ཡོད། གྲལ་རེར་ཀ་བ་བཅོ་ལྔ་རེ་ཡོད་པ་དང་དེ་ཚོའི་སྟེང་དུ་འགྱམ་ཤིང་གི་མདུང་མ་བཞག་ཡོད། ཐོག་འགྱམ་ཤིང་ཡིན་པ་དང་གཉེར་ཚང་གི་བར་རྒྱ་ཁྱོན་ཡོད་པ་དང་། དེ་ཚོར་ཀ་བས་སྟེགས་ཡོད་དོ། 4ཕྱོགས་གཉིས་ཀྱི་རྩིག་པ་རེ་རེར་སྒེ་ཁུང་གྲལ་གསུམ་རེ་ཡོད་དོ། 5སྒོ་ལམ་དང་སྒེ་ཁུང་ལ་ཟུར་བཞི་ཡོད་པའི་སྒྲོམ་ཡོད་པ་དང་། མདུན་གྱི་རྩིག་པར་ཁ་ལྟས་པའི་རྩིག་པ་རེ་རེར་སྒེ་ཁུང་གྲལ་གསུམ་རེ་ཡོད་དོ། 6ཀ་བ་དང་ལྡན་པའི་ཚོམས་ཆེན་གྱི་རིང་ཐུང་མི་ཀྲར་གཉིས་ཤུ་རྩ་གཉིས་དང་། ཞེང་ཁ་མི་ཀྲར་ ༡༣.༥ ཡོད། ཀ་བས་སྟེགས་པའི་ཀ་ཕིབས་ཞིག་གཡོག་ཡོད་དོ། 7སོ་ལོ་མོན་གྱིས་ཁྲིམས་གཅོད་གནང་ཡུལ་གྱི་བཞུགས་ཁྲི་ཡོད་པའི་ཚོགས་ཀྱང་དེའི་སྤང་གཅལ་ནས་ཐོག་བར་དུ་ཤིང་འགྱམ་ཤིང་གི་བཟོས་ཡོད་པ་ཡིན་ནོ། 8ཁྲིམས་གཅོད་གཏོང་བའི་ཚོམས་ཆེན་གྱི་རྒྱབ་ཕྱོགས་སུ་ཡོད་པའི་སོ་ལོ་མོན་སྐུ་ཉིད་ཀྱི་གཟིམ་ཆུང་ཁག་རྣམས་གཞན་དག་དང་འདྲ་བ་ཡོད་པ་དང་། ཁོང་རང་གི་སྐུ་ཟླ་ཨི་ཇིབ་ཀྱི་རྒྱལ་པོའི་བུ་མོ་ལ་ཡང་གཟིམ་ཆུང་ཁོང་དང་འདྲ་མཉམ་བཟོས་གནང་ཡོད་དོ། 9ཁང་པ་གཞན་དག་ཚོ་དང་ཁྲིམས་ཁང་ཆེན་པོ་བཅས་རྨང་གཞི་ནས་ཐོག་གི་ཟུར་བར་དུ་རྡོ་སྤུས་ལེགས་ཀྱིས་བཟོས་ཡོད་ཅིང་། རྡོ་རྣམས་རྡོ་བཏོན་སར་ཚད་དང་ལྡན་པ་བཏུབ་ནས་ཡོད་པ་དང་ཕྱི་ནང་གི་ཟུར་རྣམས་སོག་ལེས་བཤགས་ནས་སྙོམ་པོ་བཟོས་ཡོད་དོ། 10རྨང་གཞིའི་རྡོ་ཆེན་པོ་རྣམས་རྡོ་བཏོན་སར་བཟོས་ཤིང་ཡོད་པ་དང་། འགའ་ཤས་རིང་ཐུང་མི་ཀྲར་ ༣.༥། གཞན་དག་རིང་ཐུང་མི་ཀྲར་བཞི་ཡོད་དོ། 11སྟེང་གི་རྡོའི་ཚད་ནི་རྡོ་གཞན་དང་འདྲ་བ་དེ་རྣམས་འགྱམ་ཤིང་གི་མདུང་མ་དང་འདྲ་བ་བཤགས་ཡོད་དོ། 12ཕོ་བྲང་དང་མཆོད་ཁང་ནང་གི་ཚོམས་ཆེན་རེ་དང་མཆོད་ཁང་གི་འཛུལ་སྒོའི་ཁང་མིག་བཅས་པར་རྡོ་བཤགས་པའི་རྩིག་པའི་གྲལ་རིམ་གསུམ་རེ་དང་། འགྱམ་ཤིང་གི་མདུང་མའི་གྲལ་རིམ་གཅིག་ཡོད་དོ༎

ཧུ་རམ་གྱི་ལས་ཀ།

13རྒྱལ་པོ་སོ་ལོ་མོན་གྱིས་ཧུ་རམ་ཞེས་པའི་མི་ལག་ཤེས་མཁས་པ་ཊ་ཡར་གྱི་གྲོང་དུ་སྡོད་མཁན་ལིའི་ལས་ཀར་མཁས་པོ་ཡོད་པ་དེ་འབོད་ཕྱིར་མི་བཏང་ངོ་། 14ཁོའི་ཕ་ཊ་ཡར་རུ་སྡོད་མཁན་འདས་ཟིན་ཡོད་པ་དེ་ཡང་ལིའི་ལག་ཤེས་མཁས་པོ་ཡིན་པ་དང་། ཁོའི་ཨ་མ་དེ་ནབ་ཏ་ལིའི་སྡེ་རིགས་ཡིན་ཅིང་། ཧུ་རམ་ནི་ཤེས་རབ་དང་ཉམས་མྱོང་ཅན་གྱི་ལག་ཤེས་མཁས་པ་ཞིག་ཡིན། ཁོ་ལ་རྒྱལ་པོ་སོ་ལོ་མོན་གྱིས་ལིའི་ལས་ཀ་ཚང་མའི་འགན་འཁྱེར་དགོས་པའི་བཀའ་གནང་ངོ༎

ལིའི་ཀ་བ་གཉིས།

(༢ སྔོན་རབས་ ༣:༡༥-༡༧)

15ཧུ་རམ་གྱིས་ལིའི་ཀ་བ་གཉིས་བཟོས་པ་དང་། རེ་རེར་རིང་ཐུང་མི་ཀྲར་བརྒྱད་དང་འཁོར་ཡུག་ཏུ་མི་ཀྲར་ ༥.༣ ཡོད་ པ་གཉིས་ལུག་རྒྱབ་ནས་དེ་ཚོ་མཆོད་ཁང་གི་འཛུལ་སྒོ་དེར་སླངས་པ་རེད། 16ཁོས་ཀ་བའི་དེ་སྟེང་དུ་འཇོག་བྱེད་ལིའི་ཀ་གཞུ་གཉིས་ཡང་བཟོས་པ་དང་། རེ་རེའི་ཐོ་ཚད་མི་ཀྲར་ ༢.༢ ཡོད་དོ། 17ཀ་བ་རེ་རེའི་སྟེང་དུ་ལྕགས་སྒྲོག་གི་ཐག་པའི་དབྱིབས་ཅན་དང་། 18ལིའི་སེ་འབྲུའི་གྲལ་གཉིས་ཀྱི་རྒྱན་ཡོད་དོ། 19ཀ་གཞུའི་དབྱིབས་པད་མ་འདྲ་པོ་ཐོ་ཚད་མི་ཀྲར་ ༡.༨ ཡོད་པ་དང་། 20ལྕགས་སྒྲོག་གི་བཟོ་དབྱིབས་ཅན་གྱི་སྟེང་ཟླུམ་པོར་ཡོད་སར་བཞག་གོ ཀ་གཞུ་རེ་རེའི་མཐའ་འཁོར་དུ་གྲལ་གཉིས་རེར་སེ་འབྲུ་གྲངས་ ༢༠༠ ཡོད་དོ། 21ཧུ་རམ་གྱིས་ལིའི་ཀ་བ་དེ་གཉིས་མཆོད་ཁང་གི་འཛུལ་སྒོའི་མདུན་དུ་བཙུགས་སོ། དེ་ནས་གཅིག་ནི་ལྷོ་ཕྱོགས་སུ་ཡོད་པའི་ཀ་བ་དེའི་མིང་ལ་ཡ་ཀིན་དང་བྱང་ཕྱོགས་ཀྱི་ཀ་བའི་མིང་ལ་བྷོ་ཨཛ་བཏགས་སོ། 22པད་མའི་དབྱིབས་ཅན་གྱི་ལིའི་ཀ་གཞུ་དེ་ཀ་བའི་སྟེང་དུ་བཞག་གོ དེ་ལྟར་ཀ་བ་བཟོ་རྒྱུའི་ལས་ཀ་ཆ་ཚང་སྒྲུབ་པ་ཡིན་ནོ།

ལིའི་ཆུ་མཛོད།

(༢ སྔོན་རབས་ ༤:༢-༥)

23ཧུ་རམ་གྱིས་ལིའི་ཆུ་མཛོད་སྒོར་སྒོར་གཏིང་རིང་ཐུང་མི་ཀྲར་ ༢.༢ དང་། དཀྱིལ་ནས་ཐད་ཁར་མི་ཀྲར་ ༤.༤ དང་། འཁོར་ཡུག་ཏུ་མི་ཀྲར་ ༡༣.༢ ཡོད་པ་ཞིག་བཟོས་སོ། 24ཆུ་མཛོད་ཀྱི་ཕྱི་ལོགས་སུ་མཐའ་འཁོར་ལ་ལིའི་ཁ་སྒྲིལ་ཀུ་བའི་འབྲས་བུའི་གྲལ་གཉིས་ཡོད་པ་དེ་ཚོ་ཆུ་མཛོས་དེ་དང་མཉམ་དུ་བླུགས་རྒྱབ་ཡོད་དོ། 25ཆུ་མཛོད་དེ་རག་གི་གླང་བཅུ་གཉིས་ཀྱི་སྒལ་པའི་སྟེང་དུ་བཞག་ཡོད་པ་དང་། དེ་ཚོ་ཕྱོགས་རེར་གླང་གསུམ་གསུམ་གྱི་ཁ་ལྟས་ཡོད་དོ། 26ཆུ་མཛོད་ཀྱི་ཟུར་གྱི་སྲབ་ཐུབ་མི་ལི་མི་ཀྲར་བདུན་བཅུ་དོ་ལྔ་ཡོད། དེའི་ཁ་སྒྲིལ་ནི་ཕོར་པའི་ཁ་སྒྲིལ་ལྟ་བུར་ཕྱི་ལོག་ནས་པད་མའི་འདབ་མ་བཞིན་ཀྱོག་ནས་ཡོད། ཆུ་མཛོད་དེའི་ནང་ལི་ཀྲར་ ༤༠,༠༠༠ ཙམ་ཤོང་ངོ༎

ལིའི་ཤིང་རྟ་འཁོར་ལོ།

27ཧུ་རམ་གྱིས་ལིའི་ཤིང་རྟ་འཁོར་ལོ་བཅུ་བཟོས་པདེ་ཚོ་རེ་རེར་རིང་ཐུང་མི་ཀྲར་ ༡.༨། ཞེང་ཁ་མི་ཀྲར་ ༡.༨། མཐོ་ཚད་མི་ཀྲར་ ༡.༣ ཡོད་དོ། 28དེ་ཚོ་སྤང་ལེབ་ཀྱི་སྒྲོམ་གྲུ་བཞི་ཡོད་པའི་ནང་སྒྲིགས་ཡོད་པ་དང་། 29སེང་གེ་རྣམས་དང་གླང་རྣམས་དང་ཀེ་རུབ་རྣམས་ཀྱི་དབྱིབས་སོགས་སྤང་ལེབ་ཀྱི་སྟེང་དུ་བཀོད་ཡོད་དོ། སྒྲོམ་དང་སེང་གེ་དང་གླང་གི་སྟེང་འོག་གཉིས་ལ་རི་མོ་སྒོར་སྒོར་ཡོད་དོ། 30ཤིང་རྟ་འཁོར་ལོ་རེར་ལིའི་འཁོར་ལོ་བཞི་དང་སྲོག་ཤིང་ཡོད་ཟུར་བཞི་ལ་ཁྲུས་གཞོང་གི་ཆེད་ལིའི་སྐྱོར་ཡོད། སྐྱོར་དེ་ཚོ་རི་མོས་རྒྱན་ཡོད་དོ། 31ཁྲུས་གཞོང་གི་སྟེང་དུ་སྒྲོམ་སྒོར་སྒོར་ཞིག་ཡོད། དེ་ཤིང་རྟ་འཁོར་ལོའི་སྟེང་ནས་སན་ཀྲི་མི་ཀྲར་ཞེ་རྔ་ཐོན་ཡོད་པ་དང་། འོག་ཏུ་སན་ཀྲི་མི་ཀྲར་ཅོ་བརྒྱད་ཡོད། དེའི་མཐའ་འཁོར་དུ་སྤྲོས་རྒྱབ་ཡོད་དོ། 32འཁོར་ལོའི་མཐོ་ཚད་སན་ཀྲི་མི་ཀྲར་རེ་དྲུག་དང་དེ་ནི་སྤང་ལེབ་ཀྱི་འོག་ཏུ་ཡོད་པ་དང་། དེ་ཚོའི་འཁོར་ལོའི་དེ་ཚོའི་སྲོག་ཤིང་ནི་ཤིང་རྟ་འཁོར་ལོ་དང་དུམ་བུ་གཅིག་ལས་བཟོས་པ་ཡིན་ནོ། 33འཁོར་ལོ་དེ་ཚོ་ཤིང་རྟ་འཁོར་ལོའི་འཁོར་ལོ་ལྟར་ཡོད་ཅིང་། དེ་ཚོའི་འཁོར་ལོའི་སྲོག་ཤིང་དང་མཐའ་འཁོར་དང་འཁོར་ལོའི་རྩིབས་དང་འཁོར་ལོའི་སྟེབ་བཅས་པ་ཚང་མ་ལིའི་ལས་བཟོས་པ་ཡིན་ནོ། 34ཤིང་རྟ་འཁོར་ལོའི་འོག་གི་ཟུར་ལ་སྐྱོར་བཞི་རེ་ཡོད་པ་རྣམས་ཤིང་རྟ་འཁོར་ལོ་དང་དུམ་བུ་གཅིག་པ་ཡིན་ནོ། 35ཤིང་རྟ་འཁོར་ལོ་རེ་རེའི་སྟེང་མཐའ་འཁོར་ལ་སྐེ་རག་སན་ཀྲི་མི་ཀྲར་ ༢༢ ཀྱི་བསྐོར་ཡོད། དེའི་སྐྱོར་དང་སྤང་ལེབ་རྣམས་ཤིང་རྟ་འཁོར་ལོ་དང་དུམ་བུ་གཅིག་ལས་བཟོས་པ་ཡིན་ནོ། 36དེའི་སྐྱོར་དང་སྤང་ལེ་རྣམས་ལ་ས་སྟོང་ཡོད་ས་ཚང་མར་ཀེ་རུབ་ཡོད་པ་དང་། སེང་གེ་དང་ཁ་ཟུར་ཤིང་གི་རི་མོས་བརྒྱན་ཡོད་དོ། 37དེ་ལྟར་ཤིང་རྟ་འཁོར་ལོ་རྣམས་དང་དེ་ཚོ་ཚང་མའི་ཆད་དང་དབྱིབས་གཅིག་པར་བཟོས་ཡོད་པ་ཡིན་ནོ། 38ཧུ་རམ་གྱིས་ཤིང་རྟ་འཁོར་ལོ་རེ་རེའི་ཆེད་འཁྲུད་གཞོང་བཅུ་བཟོས་ཡོད་པ་དང་། འཁྲུད་གཞོང་རེ་རེའི་དཀྱིལ་ནས་མཐའ་བར་རིང་ཚད་མི་ཀྲར་ ༡.༨ ཡོད་དོ། དེ་ཚོའི་ནང་དུ་ལི་ཀྲར་ ༨༠༠ ཙམ་ཤོང་ངོ་། 39ཁོང་གིས་ཤིང་རྟ་འཁོར་ལོ་ལྔ་ནི་མཆོད་ཁང་གི་ལྷོ་ཕྱོགས་དང་ལྔ་ནི་བྱང་ཕྱོགས་སུ་བཞག་པ་དང་ཆུ་མཛོད་དེ་ལྷོ་ཤར་གྱི་ཟུར་དུ་བཞག་ཡོད་དོ༎

མཆོད་ཁང་གི་ཡོ་བྱད་ཀྱི་ཐོ།

(༢ སྔོན་རབས་ ༤:༡༡—༥:༡)

40-45ཧུ་རམ་གྱིས་སྣོད་དང་མེ་ཁྱིམ་དང་ཕོར་པ་སོགས་བཟོས་ཡོད་དོ། ཁོས་སོ་ལོ་མོན་གྱི་ལས་ཀའི་ཆེད་དུ་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ཆ་ཚང་སྒྲུབ་པ་ཡིན་ནོ། ཁོས་གང་བཟོས་པ་རྣམས་འདི་ལྟར་ཡིན། ཀ་བ་གཉིས་དང། ཀ་བ་རྣམས་ཀྱི་སྟེང་དུ་ཕོར་པའི་དབྱིབས་ཅན་གྱི་ཀ་གཞུ་གཉིས་དང་། ཀ་གཞུ་རེ་རེའི་སྟེང་དུ་ཕན་ཚུན་ལྕགས་སྒྲོག་གི་འབྲེལ་ཡོད་པའི་དབྱིབས་ཅན་དང་། ལིའི་སེ་འབྲུ་གྲངས་ ༤༠༠ ཐམ་པ་གྲལ་རེར་བརྒྱ་རེ་བྱས་པ་གྲལ་གཉིས་དང་དབྱིབས་ཅན་ཀ་གཞུའི་སྟེང་དུ་ཡོད་དོ། ཤིང་རྟ་འཁོར་ལོ་བཅུ་ཐམ་པ་དང། འཁྲུད་གཞོང་བཅུ་དང་། ཆུ་མཛོད། ཆུ་མཛོད་སྐྱོར་ཆེད་གླང་བཅུ་གཉིས་དང་། སྣོད་རྣམས་དང་མེ་ཁྱིམ་རྣམས་དང་ཕོར་པ་རྣམས་དང་། ཧུ་རམ་གྱི་རྒྱལ་པོ་སོ་ལོ་མོན་གྱི་ཆེད་དུ་བཟོས་པའི་མཆོད་ཁང་གི་དངོས་ཆས་དེ་ཚོ་མདོག་སྟོན་པའི་ལིའི་བཟོད་པ་ཡིན་ནོ། 46རྒྱལ་པོས་དེ་ཚོ་ཚང་མ་ཡོར་དན་ལུང་གཤོང་གི་སུ་ཀོད་དང་ཛ་རེ་ཐན་དབར་གྱི་བླུགས་རྒྱབ་སར་བཟོས་པ་ཡིན་ནོ། 47རྒྱལ་པོ་སོ་ལོ་མོན་གྱིས་ལིའི་དངོས་རིགས་དེ་ཚོ་ཡང་ལྗིད་འདེགས་མེད་དོ། གང་ལགས་ཟེར་ན། དེ་ཚོ་ཧ་ཅང་ཕོན་ཆེ་ཡོད་སྟབས་ཡང་ལྗིད་ཐག་མི་ཆོད་དོ། 48སོ་ལོ་མོན་གྱིས་མཆོད་ཁང་གི་ཆེད་དུ་མཆོད་ཁྲི་དང་དཀོན་མཆོག་ལ་བཞེས་བག་ཕུལ་ཡུལ་གསོལ་ལྕོག་དང་བཅས་པ་རྣམས་གསེར་ལས་བཟོས་པ་ཡིན་ནོ། 49ཤིན་ཏུ་དམ་པའི་གནས་ཀྱི་མདུན་དུ་སླངས་པའི་མར་མེའི་སྟེགས་བུ་རྣམས་ལྷོ་ཕྱོགས་ལ་ལྔ་དང་བྱང་ཕྱོགས་ལ་ལྔ་ཡོད་པ་ཡིན་ནོ། མེ་ཏོག་རྣམས་དང་ཞུ་མར་རྣམས་དང་སྐམ་པ་རྣམས་དང་། 50ཕོར་ཆུང་རྣམས་དང་། སྡོང་རས་བཏུབ་པའི་ཇེ་ཙེ་རྣམས་དང་། ཕོར་པ་རྣམས་དང་། སྤོས་ཕོར་རྣམས་དང་། མེ་འཁྱེར་སའི་མེ་ཁྱིམ་རྣམས་དང་། ཤིན་ཏུ་དམ་པའི་གནས་ཀྱི་སྒོའི་འཁོར་མིག་རྣམས་དང་མཆོད་ཁང་གི་སྒོ་ཕྱི་མ་བཅས་པ་དེ་ཚོ་ཚང་མ་གསེར་ལས་བཟོས་པ་ཡིན་ནོ། 51རྒྱལ་པོ་སོ་ལོ་མོ་གྱིས་མཆོད་ཁང་གི་ལས་དོན་ཚང་མ་སྒྲུབ་པ་དང་། ཁོང་གིས་རང་གི་ཡབ་དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་ལ་སྔོ་བའི་དངུལ་དང་གསེར་དང་གཞན་དངོས་པོ་རྣམས་མཆོད་ཁང་གི་གཉེར་མཛོད་དུ་བཞག་གོ

རྒྱལ་རབས་དང་པོ། 8

མཆོད་ཁང་ནང་དུ་དམ་བཅའི་སྒྲོམ་འཁྱེར་ཡོང་བ།

(༢ སྔོན་རབས་ ༥:༢—༦:༢)

1དེ་ནས་རྒྱལ་པོ་སོ་ལོ་མོན་གྱིས་ཨིསི་རཱཨེལ་གྱི་སྡེ་རིགས་དང་རིགས་རུས་ཀྱི་འགོ་འཛིན་ཡོངས་རྫོགས་ཡེ་རུ་ཤ་ལེམ་དུ་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་དཱ་བིད་ཀྱི་གྲོང་ཁྱེར་ཛི་ཡོན་ནས་མཆོད་ཁང་དུ་གདན་འདྲེན་ཞུ་བའི་ཆེད་སྐད་བཏང་གནང་ངོ། 2དེ་ཚོ་ཚང་མ་ཨེ་ཐ་ནིམ་གྱི་ཟླ་བ་བདུན་པར་རྩ་ཡབ་གི་དུས་ཆེན་སྐབས་འཛོམས་སོ། 3རྒན་པོ་རྣམས་འཛོམས་པ་དང་བླ་མ་ཚོས་དམ་བཅའི་སྒྲོམ་དེ་བཏེགས་ནས། 4དེ་མཆོད་ཁང་དུ་འཁྱེར་བ་རེད། ལེ་ཝི་པ་དང་བླ་མ་ཚོ་ཡང་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དང་གཞན་ཅ་དངོས་རྣམས་མཆོད་ཁང་དུ་འཁྱེར་རོ། 5རྒྱལ་པོ་སོ་ལོ་མོན་དང་ཨིསི་རཱཨེལ་གྱི་མི་མང་ཚང་མ་དམ་བཅའི་སྒྲོམ་གྱི་མདུན་དུ་འཛོམས་པ་དང་ལུག་དང་བ་གླང་ཧ་ཅང་ཁྱོན་ཆེ་གྲངས་རྩིས་མ་ཐུབ་པར་དམར་མཆོད་དུ་ཕུལ་ལོ། 6དེ་ནས་བླ་མ་ཚོས་དམ་བཅའི་སྒྲོམ་དེ་མཆོད་ཁང་ནང་དུ་འཁྱེར་ནས་ཤིན་ཏུ་དམ་པའི་གནས་ཀེ་རུབ་རྣམས་ཀྱི་འོག་ཏུ་བཞག་གོ 7དེ་ཚོའི་ཤོག་པ་བརྐྱངས་པའི་དམ་བཅའི་སྒྲོམ་དང་དེ་འཁྱེར་བྱེད་རྒྱུག་པ་རྣམས་བཀབ་བཞིན་ཡོད་དོ། 8ཤིན་ཏུ་དམ་པའི་གནས་ཀྱི་མདུན་དུ་སླངས་མཁན་སུ་ཞིག་གི་རྒྱུག་པ་རྣམས་ཀྱི་མཐའ་དེ་མཐོང་བ་ལས་ས་ཕྱོགས་གཞན་ནས་མི་མཐོང་ངོ། (རྒྱུག་པ་རྣམས་ད་ལྟ་ཡང་དེར་ཡོད་དོ།) 9ཨིསི་རཱཨེལ་གྱི་མི་མང་རྣམས་ཨི་ཇིབ་ནས་ཡོང་དུས་ཁོ་ཚོ་མཉམ་དུ་གཙོ་བོ་དཀོན་མཆོག་གིས་ཞལ་ཆད་མཛད་གནང་སྐབས་མོ་ཤེས་རི་བོ་སི་ནཨའི་རུ་དམ་བཅའི་སྒྲོམ་དེའི་ནང་བཞག་པའི་རྡོ་ལེབ་གཉིས་མ་གཏོགས་གཞན་ཅི་ཡང་མེད་དོ། 10བླ་མ་རྣམས་མཆོད་ཁང་ནས་ཐོན་སྐབས་དེ་བློ་བུར་དུ་སྤྲིན་གྱི་ཁྱབ་ནས། 11གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་ཀྲག་མདངས་དེའི་འཕྲོད་ནས། བླ་མ་རྣམས་ཞབས་ཏོག་ཞུ་བར་ནང་དུ་འགྲོ་མ་ཐུབ་བོ། 12དེ་ནས་སོ་ལོ་མོན་གྱིས་སྨོན་ལམ་འདེབས་པ། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ནམ་མཁར་ཉི་མ་བཞག་གནང་ངོ་། འོན་ཀྱང་ཁྱེད་ནི་སྤྲིན་དང་མུན་པའི་ནང་དུ་བཞུགས་རྒྱུ་འདམས་གནང་ངོ་། 13ད་ངས་ཁྱེད་གཏན་དུ་བཞུགས་པའི་ཕྱིར། མཆོད་ཁང་ལེགས་པ་ཞིག་བཞེངས་ཡོད༎

སོ་ལོ་མོན་གྱི་མི་མང་ལ་བཀའ་སློབ་གནང་བ།

(༢ སྔོན་རབས་ ༦:༣-༡༡)

14དེར་མི་མང་རྣམས་ལངས་ཡོད་པས། རྒྱལ་པོ་སོ་ལོ་མོན་གྱིས་ཁོ་ཚོར་ཞལ་བསྒྱུར་ནས་ཁོ་ཚོའི་དོན་དུ་དཀོན་མཆོག་ལ་བྱིན་རླབས་ཞུས་ནས། 15ཁོང་གིས་གསུངས་པ། གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ལ་བསྟོད་པ་ཕུལ་ཞིག ཁོང་གིས་ངའི་ཡབ་དཱ་བིད་ལ་ཞལ་བཞེས་གནང་བ་རྣམས་སྲུང་གནང་ཡོད་དོ། 16ཁོང་གི་བཀའ་ངའི་མི་མང་ཨི་ཇིབ་ནས་བཏོན་པའི་དུས་ནས་ད་བར་ཨིསི་རཱཨེལ་གྱི་ས་ཁུལ་གང་ལའང་ང་ལ་མཆོད་པའི་ཆེད་དུ་མཆོད་ཁང་བཞེངས་སའི་གྲོང་ཁྱེར་ཞིག་ངས་འདམས་མེད་དོ། འོན་ཀྱང་དཱ་བིད་ཁྱོད་ངའི་མི་མང་ལ་དབང་བསྒྱུར་བྱེད་པའི་ཆེད་འདམས་ཡོད་ཅེས་སོ། 17སོ་ལོ་མོན་གྱིས་མུ་མཐུད་ནས། ངའི་ཡབ་དཱ་བིད་ཀྱིས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་མཆོད་པ་ཕུལ་བའི་མཆོད་ཁང་བཞེངས་རྒྱུའི་འཆར་གཞི་གཏིང་གནང་ཡོད། 18འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ཁོང་ལ་ཁྱོད་ཀྱིས་ངའི་ཆེད་དུ་མཆོད་ཁང་བཞེངས་འོདད་ཡོད་པ་དེ་སྒྲིག་བཞག། 19འོན་ཀྱང་ཀྱོད་ཀྱིས་དེ་བཞེངས་མི་ཐུབ། ཁྱོད་ཀྱི་རང་གི་བུས་ངའི་མཆོད་ཁང་བཞེངས་ཡོང་ཞེས་གསུངས་སོ། 20ད་ལྟ་གཙོ་བོ་དཀོན་མཆོག་གིས་རང་གི་དམ་བཅའ་རྣམས་སྲུང་གནང་ཡོད། ང་ནི་ངའི་ཡབ་དཱ་བིད་ཀྱི་རྒྱལ་པོའི་ཤུལ་འཛིན་པ་དང་། ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་ལ་མཆོད་པའི་ཆེད་དུ་མཆོད་ཁང་ཞིག་བཞེངས་པ་ཡིན་ནོ། 21གཙོ་བོ་དཀོན་མཆོག་གིས་ང་ཚོའི་ཕ་མེས་རྣམས་ཨི་ཇིབ་ཡུལ་ནས་འདོན་གནང་སྐབས་ཞལ་ཆད་མཛད་པའི་དམ་བཅའི་སྒྲོམ་དེ་འཇོག་ཡུལ་ཞིག་ངས་མཆོད་ཁང་ནང་བཞག་ཡོད་ཅེས་སྨྲས་སོ༎

སོ་ལོ་མོན་གྱི་སྨོན་ལམ།

(༢ སྔོན་རབས་ ༦:༡༢-༤༢)

22དེ་ནས་མི་མང་རྣམས་འཛོམས་ཡོད་པའི་ཐོག་སོ་ལོ་མོན་ཕེབས་ནས་མཆོད་ཁྲིའི་མདུན་དུ་བཞེངས་པ་དང་ཕྱག་གཉིས་ཡར་ཀྱག་ནས། 23སྨོན་ལམ་བཏབ་པ། གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག། ཁྱེད་ལྟ་བུའི་དཀོན་མཆོག་མཐོ་རིས་ཀྱི་སྟེང་དང་། འོག་འཛམ་གླིང་དུ་ཡང་མེད་དོ། ཁོང་ཚོས་སེམས་ཀྱི་གཏིང་ནས་ཁྱེད་ཀྱི་བཀའ་ལ་བརྩི་འཇོག་བྱས་པ་ཡིན་ཙང། ཁྱེད་ཀྱིས་མི་མང་མཉམ་དུ་གནང་བའི་ཞལ་ཆད་སྲུང་གནང་བ་དང་། ཁོ་ཚོར་བརྩེ་བ་གནང་ངོ། 24ཁྱེད་ཀྱིས་ངའི་ཡབ་དཱ་བིད་ལ་གནང་བའི་ཞལ་བཞེས་སྲུང་གནང་ཡོད་པ་དང་། ད་རིང་ཞལ་ཆད་གནང་བ་དེ་ཚོ་ཆ་ཚང་སྒྲུབ་པ་གནང་ངོ། 25གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ད་ངས་ཁྱེད་ལ་གསོལ་བ་འདེབས་རྒྱུར། ཁྱེད་ཀྱིས་ཞལ་བཞེས་གཞན་ཁག་ངའི་ཡབ་ལ་གནང་བ་དེ་ཚོ། གལ་སྲིད་ཁོང་གི་བརྒྱུད་པས་ཁོང་བཞིན་ཟབ་ནན་ཐོག་ཁྱེད་ཀྱི་བཀའ་ལ་ཉན་པ་ཡིན་ནོ། ཁྱེད་ཀྱིས་ཇི་སྲིད་ནམ་གནས་བར་ཁོང་གི་བརྒྱུད་པ་ཞིག་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་རྒྱུ་ཞལ་བཞེས་གནང་བ་དེ་སྲུང་རོགས་གནང་། 26ཀྱེ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ཁྱེད་ཀྱི་བྲན་པོ་ངའི་ཡབ་དཱ་བིད་ལ་ཞལ་བཞེས་གནང་བ་རྣམས་སྒྲུབ་པར་མཛོད་ཅིག 27འོན་ཀྱང་ཀྱེ་དཀོན་མཆོག་ཁྱེད་འཇིག་རྟེན་འདིར་འཞུགས་ཐུབ་བམ། ཡང་ན་མཐོ་རིས་ཡོངས་རྫོགས་ལའང་ཁྱེད་ཤོང་པའི་རྒྱ་ཁྱོན་མེད་དོ། ངས་ཁྱེད་ཀྱི་ཆེད་དུ་གཞེངས་པའི་མཆོད་ཁང་འདིའི་ནང་ཇི་ལྟར་ཤོང་ངམ། 28གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་ང་ཁྱེད་ཀྱི་ཞབས་ཕྱི་ཡིན། ངས་གསོལ་བ་འདེབས་པར་གསན་རོགས་གནང་། ད་རིང་ངས་འབོད་བསྐུལ་ཞུས་པ་རྣམས་སྒྲུབ་པར་མཛོད་ཅིག 29ས་གནས་འདིར་ཁྱེད་ལ་བརྙེན་བཀུར་ཞུ་ཕྱིར་འདམས་པ་གནང་བའི་མཆོད་ཁང་འདི་ལ་ཉིན་མཚན་མེད་པར་གཟིགས་རོགས་གནང་། ངས་མཆོད་ཁང་འདིར་ཁ་བལྟས་ནས་སྨོན་ལམ་བཏབ་པ་ཡིན་ན་ངའི་སྨོན་ལམ་གསན་རོགས་གནང་། 30མཆོད་ཁང་འདིར་ང་དང་ཁྱེད་ཀྱི་མི་མང་ཚོའི་ཁ་བལྟས་ནས་སྨོན་ལམ་བཏབ་པ་ཡིན་ན་གསན་པར་མཛོད། ཁྱེད་ཀྱི་བཞུགས་གནས་མཐོ་རིས་སུ་ང་ཚོའི་སྨོན་ལམ་གསན་ནས་བཟོད་གསོལ་གནང་བར་མཛོད། 31མི་ཞིག་གིས་གཞན་ཞིག་ལ་སྐྱོན་བཏགས་ནས་ཁོ་ལ་སྐྱོན་མེད་ལུགས་ཀྱི་མནའ་བསྐྱེལ་བར་མཆོད་ཁང་འདིའི་མཆོད་ཁྲིའི་སར་འཁྲིད་ཡོང་བ་ཡིན་ན། 32ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་མཐོ་རིས་ནས་གསན་ནས་ཁྱེད་ཀྱི་བྲན་པོར་ཁྲིམས་ཀྱི་དཔྱད་མཚམས་གཏོང་བར་མཛོད། ཉེས་ཅན་ལ་ཆད་པ་དང་སྐྱོན་མེད་ལ་བདེན་པ་གནང་བར་མཛོད། 33ཨིསི་རཱཨེལ་གྱི་མི་མང་ཚོས་ཁྱེད་ཀྱི་སྤྱན་སྔར་སྡིག་པ་གྱིས་པའི་རྐྱེན་གྱིས་དགྲ་བོ་རྣམས་ཀྱིས་དེ་ཚོར་ཕམ་པར་བྱས་པ་དང་། དེ་ནས་དེ་ཚོས་མཆོད་ཁང་འདིར་ཁ་བལྟས་ནས་ཉམ་ཆུང་ཐོག་ཁྱེད་ལ་བཟོད་གསོལ་ཞུ་བར་ཡོང་བ་ཡིན་ན། 34ཁྱེད་ཀྱིས་མཐོ་རིས་ནས་དེ་ཚོར་གསན་པར་མཛོད། ཁྱེད་ཀྱིས་མི་མང་ཚོའི་སྡིག་པར་བཟོད་གསོལ་གནང་ནས་དེ་ཚོའི་ཕ་མེས་ཚོར་གནང་བའི་ཡུལ་དུ་འཁྲིད་པར་མཛོད་ཅིག 35ཁྱེད་ཀྱི་མི་མང་ཚོས་ཁྱེད་ཀྱི་སྤྱན་སྔར་སྡིག་པ་གྱིས་པའི་རྐྱེན་ཁྱེད་ཀྱིས་ཆར་པ་བཀག་གནང་པ་དང་། དེ་ནས་དེ་ཚོས་འགྱོད་སེམས་སྐྱེད་ནས་མཆོད་ཁང་འདིར་ཁ་བལྟས་ནས་ཉམ་ཆུང་ཐོག་ཁྱེད་ལ་བཤགས་པ་ཕུལ་བ་ཡིན་ན། 36མཐོ་རིས་ནས་དེ་ཚོ་ལ་གསན་པར་མཛོད། རྒྱལ་པོ་དང་ཨིསི་རཱཨེལ་གྱི་མི་མང་ཚོའི་སྡིག་པར་བཟོད་གསོལ་གནང་རོགས་གནང་། དྲང་བདེན་བྱེད་རྒྱུར་དེ་ཚོ་ལ་སློབ་སྟོན་གནང་རོགས་གནང་། ཀྱེ་གཙོ་བོ་དཀོན་མཆོག། དེ་ནས་ཁྱེད་ཀྱི་མི་མང་ལ་བཏན་ཏུ་གནས་པར་གནང་བའི་ཡུལ་འདིར་ཆར་པ་བཏོང་བར་མཛོད་ཅིག 37ཡུལ་འདིར་མུ་གེའམ་ནད་རིམས་སམ་རླུང་ཤུགས་དྲག་པོས་སྟོན་ཐོག་མེད་པར་བཟོས་སམ། འབུ་ཚོགས་ཀྱིས་སྟོན་ཐོག་མེད་པར་བྱས་སམ། ཁྱེད་ཀྱི་མི་མང་ལ་དགྲ་བོས་བཙན་འཛུལ་བྱས་སམ། ཡང་ན་ནད་ཡམས་དང་རྐྱེན་ངན་སོགས་བྱུང་བ་ཡིན་ན། 38དེ་ཚོའི་སྨོན་ལམ་ལ་གསན་རོགས་གནང་། ཁྱེད་ཀྱི་ཨིསི་རཱཨེལ་གྱི་མི་མང་སུ་འདྲ་ཞིག་ལ་སྡུག་བསྔལ་དྲག་པོ་བྱུང་ནས། མཆོད་ཁང་འདིའི་ཕྱོགས་སུ་སྨོན་ལམ་འདེབས་ཕྱིར་ལག་པ་འདེགས་པ་ཡིན་ན་དེ་ཚོའི་སྨོན་ལམ་ལ་གསན་རོགས་གནང་། 39ཁྱེད་ཀྱི་ནམ་མཁའི་མཐོ་རིས་ཀྱི་བཞུགས་གནས་ནས་དེ་ཚོར་གསན་པ་དང་བཟོད་གསོལ་གནང་ནས་སྐྱབས་རོགས་གནང་བར་མཛོད། ཁྱེད་གཅིག་པོས་འགྲོ་བ་མིའི་སེམས་ཀྱི་བསམ་བློ་རྟོགས་ཐུབ་པ་དང་། མི་སོ་སོའི་ལས་ལྟར་འོས་པའི་འབྲེལ་བ་གནང་བར་མཛོད། 40དེ་ཡིན་ཙང་ཁྱེད་ཀྱི་མི་མང་རྣམས་དུས་རྟག་ཏུ་ཁྱེད་ཀྱི་བཀའ་ལ་ཉན་ནས་ཁྱེད་ཀྱིས་ང་ཚོའི་ཕ་མེས་ཚོར་གནང་བའི་ཡུལ་དུ་གནས་པའི་ཕྱིར་རོ། 41-42ཐག་རིང་དུ་བསྡད་པའི་ཕྱི་རྒྱལ་བ་ཞིག་གིས་ཁྱེད་ཀྱི་སྙན་གྲགས་དང་ཁྱེད་ཀྱི་མི་མང་ལ་བྱ་བ་རྒྱ་ཆེ་གནང་བ་ཁག་ཐོས་ནས་ཁྱེད་ལ་བསྙེན་བཀུར་ཞུ་བ་དང་སྨོན་ལམ་འདེབས་པའི་ཕྱིར་མཆོད་ཁང་འདིར་ཡོང་བ་ཡིན་ན། 43དེའི་ཞུ་བར་གསན་པར་མཛོད། འཛམ་གླིང་གི་མི་མང་ཡོངས་ནས་ཁྱེད་ཀྱི་མི་མང་ཨིསི་རཱཨེལ་པ་ལྟར་ཁྱེད་ངོ་ཤེས་ནས་ཁྱེད་ཀྱི་བཀའ་ལ་བརྩི་ནས་ནམ་མཁར་ཁྱེད་ཀྱི་བཞུགས་གནས་མཐོ་རིས་སུ་ཁོའི་སྨོན་ལམ་གསན་ནས་ཁོས་ཞུ་བ་ཇི་ཕུལ་བ་རྣམས་སྒྲུབ་པར་མཛོད། དེ་ནས་དེ་ཚོས་ངས་བཞེངས་པའི་མཆོད་ཁང་འདི་བཞིན་ཁྱེད་ལ་བསྙེན་བཀུར་འབུལ་ཡུལ་ཡིན་པ་དེ་ཤེས་པར་འགྱུར་རོ། 44ཁྱེད་ཀྱིས་འབངས་རྣམས་ལ་དེ་ཚོའི་དགྲ་བོ་དང་འཐབ་ཕྱིར་གཡུལ་དུ་འགྲོ་དགོས་པའི་བཀའ་གནང་བ་དང་། དེ་ཚོ་གང་དུ་ཡོད་ན་ཡང་ཁྱེད་ཀྱི་འདམས་གནང་བའི་གྲོང་ཁྱེར་འདི་དང་ངས་ཁྱེད་ཀྱི་ཆེད་དུ་བཞེངས་པའི་མཆོད་ཁང་འདིར་ཁ་བལྟས་ནས་སྨོན་ལམ་འདེབས་སྐབས་སུ། 45དེ་ཚོའི་སྨོན་ལམ་ལ་གསན་པར་མཛོད། མཐོ་རིས་ནས་དེ་ཚོར་གསན་ནས་དེ་ཚོ་ལ་རྒྱལ་ཁ་གནང་བར་མཛོད། 46སྡིག་པ་མི་བྱེད་མཁན་སུ་ཡང་མེད་པ་དང་། ཁྱེད་ཀྱི་འབངས་ཀྱིས་ཁྱེད་ཀྱི་སྤྱན་སྔར་སྡིག་པ་གྱིས་ཤིང་། ཁྱེད་ཐུགས་ཁྲོ་བའི་སྐབས་སུ་ཁོ་ཚོའི་དགྲ་བོའི་ཁོ་ཚོར་ཕམ་པར་བྱས་པ་དང་ཡུལ་གཞན་དུ་བཙོན་པར་འཁྲིད་པ་དང་ཡུལ་དེ་ཐག་རིང་དུ་ཡོད་ན་ཡང་། 47ཁྱེད་ཀྱི་འབངས་ཀྱི་སྨོན་ལམ་ཞུ་བར་གསན་རོགས་གནང་། ཀྱེ་དཀོན་མཆོག་དེ་ཚོ་སྡིག་ཅན་ཇི་ཡིན་པ་དང་སྤྱོད་ངན་ཇི་ལྟར་གྱིས་ཡོད་པ་ཤེས་ཤིང་འགྱོད་པ་སྐྱེས་ནས་ཡུལ་དེ་ནས་སྨོན་ལམ་འདེབས་པ་ཡིན་ན་གསན་པར་མཛོད། 48ཡུལ་དེར་དེ་ཚོས་དྲང་བདེན་ཐོག་ནས་ཁྱེད་ཀྱིས་ང་ཚོའི་ཕ་མེས་ཚོར་གནང་བའི་ཡུལ་དང་ཁྱེད་ཀྱིས་འདམས་གནང་བའི་གྲོང་ཁྱེར་དང་ངས་ཁྱེད་ཀྱི་ཆེད་དུ་བཞེངས་པའི་མཆོད་ཁང་འདིར་ཁ་བལྟས་ནས་བཤགས་པ་དང་སྨོན་ལམ་འདེབས་པ་ཡིན་ན། 49དེ་ཚོའི་ཞུ་བར་གསན་པར་མཛོད་ཅིག། ཁྱེད་ཀྱི་མཐོ་རིས་ཀྱི་བཞུགས་གནས་སུ་དེ་ཚོ་ལ་གསན་ནས་སྙིང་རྗེ་གནང་བར་མཛོད། 50དེ་ཚོའི་ཉེས་སྡིག་དང་ཁྱེད་ལ་ངོ་ལོག་ཞུ་བའི་སྤྱོད་ཚུལ་ལ་བཟོད་གསོལ་གནང་ནས། དེ་ཚོའི་དགྲ་བོས་དེ་ཚོར་བྱམས་བརྩིའི་ངང་བལྟ་སྐྱོངས་ཡོང་བ་གནང་བར་མཛོད། 51གང་ལགས་ཟེར་ན། དེ་ཚོ་ཁྱེད་ཀྱིས་ཨི་ཇིབ་ཀྱི་འབར་བའི་མེ་སྤུངས་ནས་འདོན་གནང་བའི་འབངས་རྣམས་ཡིན་ནོ། 52ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་ཨིསི་རཱཨེལ་གྱི་འབངས་དང་རྒྱལ་པོར་དུས་རྟག་ཏུ་བྱམས་བརྩེའི་གཟིགས་སྐྱོངས་ཐོག་་དེ་ཚོའི་ས་གནས་གང་ནས་ཁྱེད་ལ་སྐྱབས་འཇུག་ཞུས་པ་ཡིན་ན། དེ་ཚོས་ཞུ་བར་གསན་པར་མཛོད། 53དེ་ཚོ་ལ་ང་ཚོའི་ཕ་མེས་ཚོ་ཨི་ཇིབ་ནས་འདོན་གནང་སྐབས་བྲན་པོ་མོ་ཤེའི་བརྒྱུད་བཀའ་གནང་བ་བཞིན་དེ་ཚོ་འབངས་ཡོངས་ཀྱི་ཁྲོད་ནས་ཁྱེད་ཀྱི་འབངས་སུ་འདམས་གནང་ངོ་༎

མཐའ་མའི་སྨོན་ལམ།

54སོ་ལོ་མོན་གྱིས་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་བཏབ་ཟིན་པའི་རྗེས་སུ་ཁོང་མཆོད་ཁྲིའི་མདུན་དུ་སྤུས་མོ་བཅུགས་ནས་ཕྱག་གཉིས་འདེགས་ཚར་བ་དང་ཡར་བཞེངས་ནས། 55གསུང་སྐད་ཆེན་པོས། དེར་འཛོམས་ཡོད་པའི་མི་ཚང་མའི་ཕྱིར་བྱིན་རླབས་ཞུས་ཤིང་། ཁོང་གིས་གསུངས་པ། 56གཙོ་བོ་དཀོན་མཆོག་གིས་ཇི་ལྟར་ཞལ་བཞེས་གནང་བ་ལྟར་རང་གི་མི་མང་ལ་ཞི་བདེ་གནང་མཁན་ཁོང་ལ་བལྟོད་པ་ཕུལ་ཞིག ཁོང་གི་བྲན་པོ་མོ་ཤེའི་བརྒྱུད་བཀའ་དྲིན་ཅན་གྱི་ཞལ་བཞེས་གནང་བ་ཚང་མ་སྒྲུབ་གནང་ངོ། 57ང་ཚོའི་གཙོ་བོ་དཀོན་མཆོག་ང་ཚོའི་ཕ་མེས་ཚོ་མཉམ་དུ་འགྲོགས་པ་ལྟར་ང་ཚོ་དང་མཉམ་དུ་འགྲོགས་པར་ཤོག ཁོང་གིས་ང་ཚོ་ནམ་ཡང་མི་དོར་བ་དང་མི་སྤོང་བར་ཤོག 58ང་ཚོ་ཁོང་གི་བཀའ་ལ་ཉན་མཁན་བཟོས་གནང་བར་ཤོག དེའི་རྐྱེན་གྱིས་ང་ཚོས་དུས་རྟག་ཏུ་ཁོང་གི་ཐུགས་དགོངས་ལྟར་གནས་པ་དང་ང་ཚོའི་མེས་པོ་རྣམས་ལ་གནང་བའི་བཀའ་ཁྲིམས་དང་བཀའ་རྒྱ་རྣམས་སྲུང་ཐུབ་པར་ཤོག 59ང་ཚོའི་གཙོ་བོ་དཀོན་མཆོག་གིས་ངས་ཁོང་ལ་ཞུས་པའི་ཞུ་བ་ཁག་རྒྱུན་དུ་ཐུགས་དྲན་གསོས་པར་ཤོག ཁོང་རྒྱུན་དུ་ཨིསི་རཱཨེལ་གྱི་འབངས་དང་རྒྱལ་པོ་དང་ཁོ་ཚོའི་ཉིན་རེའི་དགོས་མཁོ་བཞིན་སྙིང་རྗེ་གནང་བར་ཤོག 60དེའི་རྐྱེན་གྱིས་འཛམ་གླིང་གི་རྒྱལ་ཁབ་ཡོངས་ཀྱི་གཙོ་བོ་དཀོན་མཆོག་ཁྱེད་གཅིག་པོ་དཀོན་མཆོག་ཡིན་པ་དང་། གཞན་སུ་ཡང་མིན་པ་ཤེས་པར་ཤོག 61ཁྱོད་ཚོ་ཁོང་གི་འབངས་རྣམས་ནས་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ལ་རྒྱུན་དུ་དམ་ཚིག་གཙང་མའི་ཐོག་དེ་རིང་བྱེད་པ་བཞིན་ཁོང་གི་བཀའ་ཁྲིམས་དང་བཀའ་རྒྱ་རྣམས་ལ་བརྩི་བཀུར་ཞུས་པར་ཤོག།

མཆོད་ཁང་གི་རབ་གནས།

(༢ སྔོན་རབས་ ༧:༤-༡༠)

62དེ་ནས་རྒྱལ་པོ་སོ་ལོ་མོན་དང་ཨིསི་རཱཨེལ་གྱི་མི་མང་རྣམས་ནས་གཙོ་བོ་དཀོན་མཆོག་ལ་དམར་མཆོད་ཕུལ་ལོ། 63ཁོང་གིས་བ་གླང་གྲངས་ ༢༢,༠༠༠ དང་ལུག་གྲངས་ ༡༢༠,༠༠༠ མཐུན་བྲེལ་གྱི་དམར་མཆོད་ཕུལ་ལོ། དེ་ལྟར་རྒྱལ་པོ་དང་མི་མང་ནས་མཆོད་ཁང་གི་བསྔོ་འབུལ་བྱས་སོ། 64ཉིན་དེ་རང་ལ་ཁོང་གིས་མཆོད་ཁང་མདུན་གྱི་ཚོམས་ཆེན་གྱི་དབུས་སུ་བསྔོ་འབུལ་གནང་བ་དང་དེར་སྦྱིན་སྲེག་གི་མཆོད་པ་ཆ་ཚང་དང་འབྲུའི་མཆོད་པ་དང་སེམས་ཅན་གྱི་ཚིལ་ལུའི་མཆོད་པ་དང་མཐུན་བྲེལ་གྱི་མཆོད་པ་ཕུལ་ནས། ཁོང་གིས་དེ་ལྟར་གནང་བ་ཡིན་ནོ། གང་ལགས་ཟེར་ན། མཆོད་པ་དེ་ཚོའི་ཆེད་དུ་ལིའི་མཆོད་ཁྲི་དེ་ཧ་ཅང་ཆུང་དྲགས་པ་ཡིན་ནོ། 65མཆོད་ཁང་དེ་རང་དུ་སོ་ལོ་མོན་དང་ཨིསི་རཱཨེལ་གྱི་མི་མང་ཚོས་ཉིན་བདུན་གྱི་རིང་རྩ་ཡབ་ཀྱི་དུས་སྟོན་བྱས་སོ། དེར་བྱང་ནས་ཐག་རིང་ཧ་མད་ལ་ནས་ལྷོ་ཕྱོགས་ཨི་ཇིབ་ཀྱི་ས་མཚམས་བར་གྱི་མི་མང་འདུ་འཛོམས་ཧ་ཅང་ཆེན་པོ་བྱུང་ཡོད་ཅིང་། 66ཉིན་བརྒྱད་པར་སོ་ལོ་མོན་གྱིས་མི་མང་རྣམས་སོ་སོའི་ཁྱེམ་དུ་བཏང་བ་དང་། གཙོ་བོ་དཀོན་མཆོག་གིས་ཁོང་གི་བྲན་པོ་དཱ་བིད་དང་ཨིསི་རཱཨེལ་གྱི་མི་མང་རྣམས་ལ་བྱིན་རླབས་དེ་ལྟ་བུ་གནང་བར་བརྟེན་ནས། དེ་ཚོས་ཁོང་ལ་བསྟོད་ཅིང་དགའ་པོའི་ངང་ནས་སོ་སོའི་ཁྱིམ་དུ་ལོག་གོ།

རྒྱལ་རབས་དང་པོ། 9

སོ་ལོ་མོན་གྱིས་ཡང་སྐྱར་དཀོན་མཆོག་མཇལ་བ།

(༢ སྔོན་རབས་ ༧:༡-༢༢)

1རྒྱལ་པོ་སོ་ལོ་མོན་གྱིས་མཆོད་ཁང་དང་ཕོ་བྲང་དང་གཞན་སོགས་ཁོང་གི་འདོད་པ་ལྟར་བཞེངས་སྒྲུབ་པའི་རྗེས་སུ། 2སྔོན་དུ་ཁོང་གིས་གྷི་བི་ཨོན་དུ་གཙོ་བོ་དཀོན་མཆོག་མཇལ་བ་ལྟར་ཡང་སྐྱར་མཇལ་ལོ། 3གཙོ་བོ་དཀོན་མཆོག་གིས་ཁོང་ལ་གསུངས་པ། ངས་ཁྱོད་ཀྱི་སྨོན་ལམ་ཐོས་བྱུང་། ང་ལ་དུས་རྟག་ཏུ་མཆོད་པ་ཕུལ་བའི་ཕྱིར་ཁྱེད་ཀྱིས་བཞེངས་པའི་མཆོད་ཁང་འདི་ལ་ངས་བསྔོ་འབུལ་བྱས་ཡོད། ངས་དུས་རྒྱུན་དུ་འདི་ལ་བལྟ་རྟོགས་དང་སྲུང་སྐྱོབས་བྱེད་རྒྱུ་ཡིན། 4ཁྱོད་ཀྱི་ཕ་དཱ་བིད་བཞིན་ང་ལ་ཞབས་ཏོག་དྲང་པོ་དང་གཅིག་དྲང་བདེན་ཐོག་ཞུས་པ་དང་། ཁྱོད་ཀྱིས་ངའི་བཀའ་ཁྲིམས་ལ་ཉན་ནས་ངས་བཀའ་བཞིན་གྱིས་པ་ཡིན་ན། 5ངས་ཁྱོད་ཀྱི་ཕ་དཱ་བིད་ཀྱི་བརྒྱུད་པས་རྟག་ཏུ་ཨིསི་རཱཨེལ་གྱི་རྒྱལ་སྲིད་ལ་དབང་བསྒྱུར་བྱས་པར་འགྱུར་བའི་དམ་བཅའ་གྱིས་པ་དེ་ངས་སྒྲུབ་རྒྱུ་ཡིན་ནོ། 6འོན་ཀྱང་ཁྱོད་དང་ཁྱོད་ཀྱི་བརྒྱུད་པ་ཚོས་ངའི་རྗེས་སུ་མི་འབྲངས་བ་དང་ཁྱོད་ཀྱིས་ངའི་བཀའ་ཁྲིམས་དང་བཀའ་རྒྱ་ཁག་ལ་མི་ཉན་པར་དཀོན་མཆོག་གཞན་ལ་མཆོད་པ་ཡིན་ན། 7ངས་ཨིསི་རཱཨེལ་གྱི་མི་མང་རྣམས་ལ་སྤྲད་པའི་ས་ཁུལ་ནས་ཕྱིར་འབུད་བྱེད་རྒྱུ་ཡིན། དེ་མ་ཟད་ང་ལ་མཆོད་པ་འབུལ་དགོས་པའི་ས་གནས་འདིར་ངས་དམ་བཅའ་གྱིས་པའི་མཆོད་ཁང་འདི་ཡང་སྤོང་བར་བྱ། ས་ཁུལ་ཡོངས་ཀྱི་མི་མང་ནས་ཨིསི་རཱཨེལ་པ་ཚོར་ཁྱད་གསོད་དང་བརྙས་བཅོས་བྱས་པར་འགྱུར་རོ། 8མཆོད་ཁང་འདི་གྱང་གོག་གི་ཕུང་པོར་འགྱུར། སུ་ཞིག་དེས་བརྒྱུད་ནས་འགྲོ་མཁན་ཚོས་མཐོང་ན་ཧང་སང་ནས་ཡ་མཚན་སྐྱེས་པར་འགྱུར། དེ་ཚོའི་གཙོ་བོ་དཀོན་མཆོག་གིས་ཡུལ་འདི་དང་མཆོད་ཁང་འདི་ལ་འདི་ལྟར་གནང་བ་ཅི་ཡིན་ནམ་ཅེས་དྲིས་པར་འགྱུར། 9མི་མང་ནས་ལན་དུ། ཁོ་ཚོས་གཙོ་བོ་དཀོན་མཆོག་ཁོ་ཚོའིི་དཀོན་མཆོག་གི་ཕ་མེས་ཚོ་ལ་ཨི་ཇིབ་ནས་འདོན་གནང་དེ་སྤངས་ནས་དཀོན་མཆོག་གཞན་གྱི་རྗེས་སུ་འབྲངས་ནས་མཆོད་པ་ཕུལ་བའི་རྐྱེན་གྱིས་ཉེས་པ་འདི་ལྟར་གནང་བ་རེད་ཅེས་བརྗོད་དོ༎

སོ་ལོ་མོ་དང་ཧི་རམ་གཉིས་ཀྱི་བར་ལ་འཆིང་སྒྲིག།

(༢ སྔོན་རབས་ ༨:༡-༢)

10སོ་ལོ་མོན་གྱི་མཆོད་ཁང་དང་ཕོ་བྲང་བཞེངས་པར་ལོ་ངོ་ཉི་ཤུ་འགོར་བ་ཡིན་ནོ། 11ཊ་ཡར་གྱི་རྒྱལ་པོ་ཧི་རམ་ནས་ཁོང་ལ་འགྱམ་ཤིང་དང་ཐང་ཤིང་དང་གསེར་སོགས་ཐུགས་མཁོ་ཆ་ཚང་ཕུལ་ཡོད་དོ། དེ་སྒྲུབ་པའི་རྗེས་སུ་རྒྱལ་པོ་སོ་ལོ་མོན་གྱིས་ཧི་རམ་ལ་གྷ་ལིལ་ཡུལ་གྱི་གྲོང་ཁྱེར་ཉི་ཤུ་ཐམ་པ་གནང་བ་ཡིན་ནོ། 12ཧི་རམ་གྱིས་དེ་ཚོ་བལྟ་བར་འགྲོ་བ་དང་། གྲོང་ཁྱེར་དེ་ཚོ་བློ་ལ་མ་ཕྱིན་ནོ། 13དེ་འདྲ་སོང་ཙང་ཁོས་སོ་ལོ་མོན་ལ། ངའི་གཅེན་པོ་ཁྱེད་ཀྱིས་ང་ལ་གནང་བའི་གྲོང་ཁྱེར་འདི་ལྟར་ཡིན་ནམ་ཅེས་སྨྲ་སོ། དེའི་རྐྱེན་གྱིས་ས་གནས་དེར་དེང་སང་ཡང་ཀ་བྷུལ་ཅེས་འབོད་བཞིན་ཡོད་དོ། 14ཧི་རམ་གྱིས་སོ་ལོ་མོན་ལ་གསེར་ཀི་ལོ་གྷ་རམ་ ༤,༠༠༠ ལྷག་ཙམ་བསྐུར་ཡོད་པ་ཡིན་ནོ༎

སོ་ལོ་མོན་གྱིས་སྒྲུབ་འབྲས་གཞན་རྣམས།

(༢ སྔོན་རབས་ ༨:༣-༡༨)

15རྒྱལ་པོ་སོ་ལོ་མོན་གྱིས་མཆོད་ཁང་དང་ཕོ་བྲང་བཞེངས་པ་དང་གྲོང་ཁྱེར་གྱི་ཤར་ཕྱོགས་ཁུལ་དུ་སའི་བཀང་པ་དང་གྲོང་ཁྱེར་གྱི་རྩིག་པ་རྒྱབ་པ་བཅས་ལ་འུ་ལག་བསྐུལ་ནས་ངལ་རྩོལ་བྱེད་དུ་བཅུག་པ་དང་། ཁོང་གིས་ཧ་ཛོར་དང་མེ་གི་དྷོ་དང་གྷེ་ཛེར་གྱི་གྲོང་ཁྱེར་སླར་གསོ་བྱེད་པར་ཡང་དེ་ལྟར་བེད་སྤྱོད་བྱས་ཡོད། 16(ཨི་ཇིབ་ཀྱི་རྒྱལ་པོས་གྷེ་ཛེར་རུ་དམག་དྲངས་ནས་དེས་དབང་འཛིན་བྱས་ནས་ཡུལ་མི་ཚོ་བསད་ནས་གྲོང་ཁྱེར་དེ་མེར་བསྲེགས་སོ། དེ་ནས་ཁོང་གི་སྲས་མོས་སོ་ལོ་མོན་དང་ཆང་ས་བརྒྱབ་སྐབས་མོ་ལ་རྔན་པ་གནང་བ་དང་། 17སོ་ལོ་མོན་གྱིས་དེ་སླར་གསོ་གནང་ངོ།) ཁོང་གི་འུ་ལག་ངལ་རྩོལ་བེད་སྤྱོད་གནང་ནས་སོ་ལོ་མོན་གྱིས་བྷེད་ཧོ་རོན་འོག་མ་དང་། 18བྷ་ལད་དང་ཡ་ཧུ་དཱའི་མི་མེད་ལུང་སྟོང་ཁུལ་གྱི་ཏ་མཱར་དང་། 19མཁོ་སྒྲུབ་ཁག་འཇོག་ཡུལ་གྲོང་ཁྱེར་ཁག་དང་། ཁོང་གིས་རྟ་དང་ཤིང་རྟ་འཁོར་ལོའི་ཆེད་དུ་གྲོང་ཁྱེར་ཁག་དང་། ཁོང་གིས་ཡེ་རུ་ཤ་ལེམ་དང་ལི་བྷ་ནོན་དུ་བཟོ་དགོས་ཆ་ཚང་དང་ཁོང་གི་རྒྱལ་ཁབ་ཀྱི་ས་ཁུལ་ཚང་མ་བཞེངས་སོ། 20-21ཡུལ་ཀ་ནན་རང་གི་དབང་དུ་བླངས་སྐབས་ཨིསི་རཱཨེལ་པ་ཚོས་ཀ་ནན་པའི་མི་རིགས་བསད་མེད་པ་དེ་ཚོའི་རིགས་བརྒྱུད་ཚོར་སོ་ལོ་མོན་གྱི་ངལ་རྩོལ་དུ་ལས་བསྐུལ་ལོ། དེ་ཚོའི་ནང་ཨ་མོར་པ་དང་ཧི་ཏི་པ་དང་པེ་རི་ཛི་པ་དང་ཧི་ཝི་པ་དང་ཡེ་བུ་ཟི་པ་བཅས་ཡོད་དོ། དེ་ཚོའི་བརྒྱུད་པ་དེ་རིང་གི་བར་དུ་ཚེ་གཡོག་ཡིན་ནོ། 22སོ་ལོ་མོན་གྱིས་ཨིསི་རཱཨེལ་པ་རྣམས་ཚེ་གཡོག་བཟོས་མེད་ཅིང་། དེ་ཚོ་ཁོང་གི་དམག་མི་དང་དཔོན་རིགས་ཁག་དང་དམག་སྤྱིད་དང་ཤིང་རྟ་འཁོར་ལོའི་འགོ་འཛིན་དང་རྟ་པ་བཅས་ནང་བཅུག་ཡོད་དོ། 23སོ་ལོ་མོན་གྱི་ཨར་ལས་འཆར་གཞི་ཁག་ནང་འུ་ལག་ངལ་རྩོལ་བྱེད་མི་ཚོའི་ལས་བྱེད་པའི་གྲངས་ ༥༥༠ ཡོད་དོ། 24སོ་ལོ་མོན་གྱི་སྐུ་ཟླ་ཨི་ཇིབ་ཀྱི་རྒྱལ་པོའི་སྲས་མོས་དཱ་བིད་ཀྱི་གྲོང་ཁྱེར་ནས་ཁོང་རང་ལ་སོ་ལོ་མོན་ནས་བཞེངས་པའི་ཕོ་བྲང་དུ་སྤོས་པའི་རྗེས་སུ་ཁོང་གིས་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་ས་ཆ་དེ་ཚོ་བཀང་བ་ཡིན་ནོ། 25སོ་ལོ་མོན་གྱིས་གཙོ་བོ་དཀོན་མཆོག་གི་ཆེད་དུ་བཞེངས་པའི་མཆོད་ཁྲིའི་སྟེང་ལོ་གཅིག་ལ་ཐེངས་གསུམ་རེ་སྦྱིན་སྲེག་གི་མཆོད་པ་དང་མཐུན་བྲེལ་ཀྱི་མཆོད་པ་ཕུལ་གྱི་ཡོད་པ་དང་། ཁོང་གིས་གཙོ་བོ་དཀོན་མཆོག་ལ་སྤོས་ཀྱང་བདུགས་གནང་བཞིན་ཡོད། དེ་ལྟར་ཁོང་གིས་མཆོད་ཁང་བཞེངས་རྒྱུ་དེ་ཆ་ཚང་སྒྲུབ་པ་ཡིན་ནོ། 26སོ་ལོ་མོན་གྱིས་ཨེ་དྷོམ་ཡུལ་གྱི་རྒྱ་མཚོ་དམར་པོའི་ཉེ་འགྲམ་དུ་ཨེ་ལད་དང་ཐག་ཉེ་བའི་ཨེ་ཛི་ཨོན་གྷེ་བྷེར་དུ་ཚོང་གི་ཆེད་དུ་གྲུ་རྣམས་ཡང་བཟོས་ཡོད། 27རྒྱལ་པོ་ཧི་རམ་གྱིས་ཁོ་རང་གི་གྲུ་པ་ཉམས་མྱོང་ཅན་འགའ་ཤས་སོ་ལོ་མོན་གྱི་མི་ཚོ་དང་མཉམ་དུ་ལས་ཀ་བྱེད་པར་བཏང་ངོ་། 28དེ་ཚོ་ཨོ་ཕིར་གྱི་ཡུལ་བར་དུ་མཚོ་ཐོག་ནས་རྒྱལ་པོ་སོ་ལོ་མོན་ལ་གསེར་ཀི་ལོ་གྷ་རམ་ ༡༤,༠༠༠ ལྷག་འཁྱེར་ཡོང་ངོ་༎

རྒྱལ་རབས་དང་པོ། 10

ཤེ་བྷའིི་རྒྱལ་མོའི་གཟིགས་སྐོར།

(༢ སྔོན་རབས་ ༩:༡-༡༢)

1ཤེ་བྷའི་རྒྱལ་མོས་སོ་ལོ་མོན་གྱི་སྙན་གྲགས་ཀྱི་སྐོར་ཐོས་པ་དང་། མོས་དྲི་བ་ཁག་པོ་ཁག་གིས་ཁོང་ལ་རྟགས་དཔྱད་གནང་བར་ཡེ་རུ་ཤ་ལེམ་དུ་ཕེབས་སོ། 2མོས་འཁོར་གཡོག་ཚོགས་ཆེན་པོ་དང་མཉམ་དུ་སྨན་སྣ་དང་རིན་ཆེན་གྱི་རིགས་དང་གསེར་ཧ་ཅང་ཁྱོན་ཆེ་རྔ་མོང་ལ་བཀལ་ནས་ཕེབས་སོ། མོས་སོ་ལོ་མོན་ལ་འཕྲད་པ་དང་མོས་དྲན་པའི་དྲི་བ་ཚང་མ་དྲིས་སོ། 3ཁོང་གིས་དྲི་བ་ཚང་མའི་ལན་བཏབ་ནས། ཁོང་ལ་སྐུ་ངལ་གང་ཡང་མ་བྱུང་ངོ་། 4ཤེ་བྷའི་རྒྱལ་མོས་སོ་ལོ་མོན་གྱི་ཤེས་རབ་རྟོགས་པ་དང་ཁོང་གིས་བཞེངས་པའི་ཕོ་བྲང་ཡང་མཇལ་ལོ། 5རྒྱ་ལྕོག་སྟེང་གསོལ་ཚིག་སྒྲིགས་པ་དང་། ལས་བྱེད་པ་ཚོའི་བཞུགས་ཤག་དང་ཕོ་བྲང་གི་ལས་བྱེད་པ་ཚོའི་སྒྲིགས་འཛུགས་དང་མཆོད་ཁང་དུ་ཕུལ་བའི་དམར་མཆོད་རྣམས་གཟིགས་པས་རྒྱལ་མོས་ཅི་ཡང་སྨྲས་མ་ཐུབ་པར་ཧང་སང་ངོ་། 6མོས་རྒྱལ་པོ་སོ་ལོ་མོན་ལ། ངས་རང་གི་ཡུལ་དུ་ཁྱེད་ཀྱི་ཤེས་རབ་ཀྱི་སྐོར་ཐོས་པ་དེ་བདེན་པ་རེ་བཞག། 7འོན་ཀྱང་ང་རང་ཡོང་ནས་མཐོང་བའི་རྗེས་ལ་མ་གཏོགས་ཡིས་ཆེས་བྱས་མེད། ཁྱེད་ཀྱི་ཤེས་རབ་དང་ལོངས་སྤྱོད་རྣམས་ངས་ཐོས་པ་ལས་ལྷག་པ་འདུག་པས་དེའི་ཕྱེད་ཀ་ཡང་ངས་ཐོས་མི་འདུག 8ཁྱེད་ཀྱི་སྐུ་ཟླ་རྣམས་དང་ཞབས་ཕྱི་ཚོ་བསོད་རྣམས་ཅན་ཡིན། དེ་ཚོ་ལ་དུས་རྒྱུན་དུ་ཁྱེད་དང་མཉམ་དུ་གནས་ནས་ཁྱེད་ཀྱི་ཤེས་རབ་ཅན་གྱི་གསུང་རྣམས་ཐོས་པའི་གོ་སྐབས་ཐོབ་བོ། 9གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་ལ་བསྟོད་པར་འགྱུར། ཁོང་གིས་ཁྱེད་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོས་ནས་ཐུགས་ཇི་ལྟར་མཉེས་ཡོད་པ་སྟོན་གནང་ཡོད། གང་ལ་ཞུ་ན། ཁོང་གི་ཨིསི་རཱཨེལ་ལ་ཐུགས་བརྩེ་དེ་མཐའ་མེད་པ་ཡིན། ཁོང་གིས་ཁྱེད་ཡུལ་ཁྲིམས་དྲང་པོ་གནང་བའི་ཆེད་ཁྱེད་རྒྱལ་པོར་བསྐོས་གནང་ངོ་། 10མོས་རྒྱལ་པོ་སོ་ལོ་མོན་ལ་འབུལ་བ་གསེར་ཀི་ལོ་གྷ་རམ་ ༤,༠༠༠ ལྷག་དང་སྨན་སྣ་ཧ་ཅང་ཁྱོན་ཆེ་དང་རིན་ཆེན་གྱི་རྡོ་མཉམ་དུ་འཁྱེར་ཡོད་པ་རྣམས་ཕུལ་ལོ། མོས་ཕུལ་བའི་སྨན་སྣ་ནི་དུས་སྐབས་སོ་སོར་ཁོང་ལ་ཕུལ་མཁན་བྱུང་བ་ཚང་མ་ལས་ཧ་ཅང་ཁྱོན་ཆེ་བ་ཡོད་དོ། 11(ཧི་རམ་གྱི་གྲུས་ཨོ་ཕིར་ནས་གསེར་འཁྱེར་ཡོང་བ་དང་མཉམ་དུ་གདུང་ཤིང་ཧ་ཅང་ཁྱོན་ཆེ་དང་རིན་ཆེན་གྱི་རྡོ་སོགས་འཁྱེར་ཡོད་དོ། 12སོ་ལོ་མོན་གྱི་ཤིང་དེ་ཚོ་མཆོད་ཁང་དང་ཕོ་བྲང་གི་ར་བ་དང་རོལ་མོ་མཁན་ཆོའི་པི་ཝང་དང་སྒྲ་སྙན་སོགས་བཟོས་ཤིང་། གདུང་ཤིང་དེ་ཚོ་ཨིསི་རཱཨེལ་དུ་འོར་འདྲེན་བྱས་པའི་ཤིང་ལེགས་ཤོས་ཡིན་པ་དང་། དེ་ལྟར་སྔོན་ལ་མ་མཐོང་བ་དང་རྗེས་སུ་ནམ་ཡང་མཐོང་བར་མི་འགྱུར་རོ།) 13རྒྱལ་པོ་སོ་ལོ་མོན་གྱིས་རྒྱལ་མོ་ཤེ་བ་ལ་ལུགས་སྲོལ་ལྟར་གྱི་གནང་སྦྱིན་གྱ་ནོམ་པ་གནང་བ་མ་ཟད། མོས་གང་ཞུས་པ་ཆ་ཚང་གནང་ངོ་། དེ་ནས་རྒྱལ་མོ་དང་འཁོར་གཡོག་རྣམས་རང་ཡུལ་དུ་ཕྱིར་ལོག་གོ

རྒྱལ་པོ་སོ་ལོ་མོན་གྱི་རྒྱུ་ནོར།

(༢ སྔོན་རབས་ ༩:༡༣-༢༨)

14ལོ་ལྟར་རྒྱལ་པོ་སོ་ལོ་མོན་ལ་གསེར་ཀི་ལོ་གྷ་རམ་གྷ་རམ་ ༢༣,༠༠༠ ཙམ་འབྱོར་གྱི་ཡོད་པ་དང་། 15དེའི་ཐོག་ཚོང་པས་སྤྲད་པའི་ཁྲལ་དང་ཚོང་གི་མཁེ་སང་དང་། ཨ་ར་བི་ཡ་པའི་རྒྱལ་པོ་རྣམས་དང་ཨིསི་རཱཨེལ་གྱི་ཛོང་གི་སྲིད་སྐྱོངས་པ་ཚོས་ཕུལ་བའི་དཔྱ་ཁྲལ་ཁག་འབྱོར་བཞིན་ཡོད་དོ། 16སོ་ལོ་མོན་གྱིས་གསེར་གྱི་ཕུབ་ཆེན་ ༢༠༠ བཟོས་པ་དང་། རེ་རེར་གསེར་ཀི་ལོ་གྷ་རམ་བདུན་ཙམ་གཡོག་ཡོད་དོ། 17ཁོང་གིས་ཕུབ་དེ་ལས་ཆུང་བ་གྲངས་ ༣༠༠ ཐམ་པ་བཟོས་ཡོད་པ་དང་། དེ་ཚོ་རེ་རེར་གསེར་ཀི་ལོ་གྷ་རམ་གཉིས་ཙམ་གཡོགས་ཡོད། ཕུབ་དེ་ཚོ་ཚང་མ་ལེ་བ་ནོན་གྱི་ཤིང་ནགས་ཀྱི་ཕོ་བྲང་དུ་འཇོག་གནང་ཡོད་དོ། 18ཁོང་གིས་རྒྱལ་ཁྲི་ཆེན་པོ་ཞིག་ཡང་བཟོས་བཅུག་ཡོད་པ་དང་། དེའི་ཆ་ཤས་ཤིག་ལ་བ་སོས་བཀབ་ཡོད་པ་དང་དེའི་ལྷག་འཕྲོས་རྣམས་གསེར་སྤུས་དག་གི་གཡོག་ཡོད་དོ། 19-20རྒྱལ་ཁྲིའི་སྟེང་བར་དུ་ཐེམས་སྐས་དྲུག་དང་ཐེམས་སྐས་རེ་རེའི་ཟུར་ལ་སེང་གེའི་དབྱིབས་ཅན་བསྡོམས་སེང་གེ་བཅུ་གཉིས་ཡོད་ཅིང་། ཁྲིའི་རྒྱབ་ལ་གླང་གི་མགོའི་དབྱིབས་ཅན་ཡོད་པ་དང་ལག་པ་འཇོག་ས་རེ་རེའི་ལ་སེང་གེའི་དབྱིགས་ཅན་ཡོད་པ་དང་། རྒྱལ་ཁབ་གང་དུ་ཡང་རྒྱལ་ཁྲི་དེ་བཞིན་རྩ་བ་ནས་མེད་དོ། 21རྒྱལ་པོ་སོ་ལོ་མོན་གྱི་ཞལ་དཀར་རྣམས་གསེར་ལས་བཟོས་ཡོད་པ་དང་། ལེ་བ་ནོན་གྱི་ཤིང་ནགས་ཀྱི་ཕོ་བྲང་གི་ཐབ་ཆས་རྣམས་གསེར་སྤུས་དག་ལས་བཟོས་ཡོད་ཅིང་། སོ་ལོ་མོན་གྱི་སྐུ་དུས་སུ་དངུལ་ལ་རྩ་ཆེན་པོ་མེད་སྟབས་དངུལ་ལ་བེད་སྤྱོད་མ་བྱས་སོ། 22ཁོང་ལ་མཐའི་རྒྱ་མཚོ་ནང་འགྲོ་བའི་དམག་གྲུ་ཡོད་པ་རྣམས་ཧི་རམ་གྱི་དམག་གྲུ་མཉམ་དུ་འགྲོ་བཞིན་ཡོད་པས། ལོ་ངོ་གསུམ་རེའི་མཚམས་ལ་དམག་གྲུ་དེ་ཚོ་ཕྱིར་འཁོར་ཡོང་སྐབས་གསེར་དངུལ་བ་སོ་སྤྲ་དང་སྤྲེའུ་བཅས་འཁྱེར་ཡོང་བ་ཡིན་ནོ། 23རྒྱལ་པོ་སོ་ལོ་མོན་ནི་རྒྱལ་པོ་གཞན་ལས་ཕྱུག་པ་དང་ཤེས་རབ་དང་ལྡན་པ་ཡོད་དོ། 24དཀོན་མཆོག་གིས་ཁོང་ལ་གནང་བའི་ཤེས་རབ་ལ་འཛམ་གླིང་ཡོངས་ཀྱི་མི་རྣམས་ཡོང་ནས་ཉན་འདོད་ཡོད་པ་ཡིན་ནོ། 25ཁོང་གི་སྐུ་དྲུང་དུ་བཅར་མཁན་ཚང་མས་གསེར་དངུལ་གྱི་དངོས་པོ་དང་ན་བཟའ་དང་མཚོན་ཆ་དང་སྨན་སྣ་དང་། རྟ་དྲེལ་བཅས་འཁྱེར་ནས་འབུལ་བ་ཕུལ་གྱི་ཡོད་པས། དེ་ལྟར་ལོ་ནས་ལོ་བསྟུད་བྱ་བཞིན་ཡོད་དོ། 26རྒྱལ་པོ་སོ་ལོ་མོན་གྱི་ཤིང་རྟ་འཁོར་ལོའི་གྲངས་ ༡,༤༠༠ དང་རྟ་དམག་གི་རྟའི་གྲངས་ ༡༢,༠༠༠ ཐམ་པ་བཞག་ཡོད་དོ། དེ་ཚོ་ནས་འགའ་ཤས་ཡེ་རུ་ཤ་ལེམ་དུ་བཞག་ཡོད་པ་དང་དེ་འཕྲོད་གཞན་གྲོང་ཁྱེར་ཁག་ནང་བཞག་ཡོད་དོ། 27ཁོང་གི་སྐུ་དུས་སུ་ཡེ་རུ་ཤ་ལེམ་དུ་དངུལ་ནི་རྡོ་བཞིན་དཀྱུས་མ་ལྟར་དང་འགྱམ་ཤིང་ནི་ཡ་ཧུ་དཱའི་རི་གཤམ་ཏུ་ཡོད་པའི་ཤིང་སེ་ཡབ་དཀྱུས་མ་ལྟ་བུ་འབོལ་པོ་ཡོད་དོ། 28རྒྱལ་པོའི་སྐུ་ཚབ་ཚོས་མུསི་རི་དང་སི་ལི་ཤ་ནས་རྟའི་ཚོང་སོགས་བཀོད་བསྡོམས་བྱེད་ཀྱི་ཡོད་དོ། 29ཨི་ཇིབ་ནས་ཤིང་རྟ་འཁོར་ལོའི་ཕྱིར་ཚོང་བྱེད་བཞིན་ཡོད། དེ་ཚོས་ཧི་ཏི་པ་དང་སི་རི་ཡ་པའི་རྒྱལ་པོ་རྣམས་ལ་རྟ་དང་ཤིང་རྟ་འཁོར་ལོ་སོགས་སྤྲོད་ཀྱི་ཡོད་པ་དང་། ཤིང་རྟ་འཁོར་ལོ་རེར་དངུལ་དུམ་བུ་ ༦༠༠ དང་། རྟ་རེར་དངུལ་དུམ་བུ་ ༡༥༠ ཐམ་པ་བྱས་ནས་ཚོང་བཞིན་ཡོད་དོ༎

རྒྱལ་རབས་དང་པོ། 11

སོ་ལོ་མོན་དཀོན་མཆོག་ནས་ཐག་རིང་སོང་བ།

1སོ་ལོ་མོན་གྱི་ཕྱི་རྒྱལ་བའི་བུད་མེད་མང་པོ་ལ་དགའ་པོ་གནང་བཞིན་ཡོད་པ་དང་། ཨི་ཇིབ་ཀྱིི་རྒྱལ་པོའི་བུ་མོ་ཡོད་བཞིན་པའི་ཐོག་ཏུ་ད་དུང་ཁོང་གིས་ཧི་ཏི་པའི་བུད་མེད་དང་མོ་ཨབ་དང་ཨམ་མོན་དང་ཨེ་དྷོམ་དང་སི་དོན་བཅས་ཀྱི་བུད་མེད་ཚོ་དང་མཉམ་དུ་ཆང་ས་སྐྱོན་ཡོད་པ་ཡིན་ནོ། 2མི་རིགས་དེ་ཚོའི་བུད་མེད་ཚོས་ཨིསི་རཱཨེལ་པ་ཚོ་ལ་ལྷ་གཞན་གྱི་ཕྱོགས་སུ་བློ་ཁ་བསྒྱུར་བཅུག་ཡོང་། དེ་རྐྱེན་གྱི་དེ་ཚོ་དང་ཆང་ས་བརྒྱབ་མི་རུང་ཞེས་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོ་ལ་བཀའ་གནང་ཡོད་ཡང་སོ་ལོ་མོན་གྱིས་དེ་ཚོ་མཉམ་དུ་ཆང་ས་སྐྱོན་པ་ཡིན་ནོ། 3སོ་ལོ་མོན་གྱིས་རྒྱལ་པོའི་བུ་མོའི་གྲངས་ ༧༠༠ མཉམ་དུ་ཆང་ས་སྐྱོན་པ་དང་ཁོང་ལ་ཟུར་གྲོགས་མ་ ༣༠༠ ཐམ་པ་ཡོད་པ་དང། དེ་ཚོས་ཁོང་ལ་དཀོན་མཆོག་ནས་བློ་ཁ་བསྒྱུར་བཅུག་ཡོད་དོ། 4ཁོང་དགུང་ལོ་བགྲེས་པོར་སླེབས་པའི་བར་དུ་དེ་ཚོས་ཁོང་ལ་ཕྱི་རྒྱལ་བའི་ལྷ་ལ་མཆོད་ཕྱིར་སྣེ་འཁྲིད་བྱེད་དོ། ཁོང་རང་གི་ཡབ་དཱ་བིད་བཞིན་གཙོ་བོ་དཀོན་མཆོག་རང་གི་དཀོན་མཆོག་ལ་དམ་ཚིག་བརྟན་པོ་མ་བྱས་སོ 5ཁོང་གིས་སི་དོན་གྱི་ལྷ་མོ་ཨསེ་ཊར་ཨམ་མོན་གྱི་ཞེན་ལོག་ཅན་གྱི་ལྷ་མོ་ལེག་ལ་མཆོད་པ་ཕུལ་གྱི་ཡོད་པ་དང་། 6ཁོང་གི་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་དང་ཁོང་གི་ཡབ་དཱ་བིད་བཞིན་བདེན་པར་གནས་མེད་པས། 7ཁོང་གིས་ཡེ་རུ་ཤ་ལེམ་་གྱི་ཤར་ཕྱོགས་ཀྱི་རི་བོའི་སྟེང་ལ་ཞེན་ལོག་ཅན་གྱི་མོ་ཨབ་ཀྱི་ལྷ་ཀེ་མོཤ་དང་ཨམ་མོན་གྱི་ཞེན་ལོག་ཅན་གྱི་ལྷ་མོ་ལེག་གིི་ཆེད་དུ་མཆོད་འབུལ་བྱེད་ཡུལ་རེར་བཞེངས་ཡོད་པ་དང་། 8དེ་བཞིན་ཁོང་གི་ཕྱི་རྒྱལ་བའི་སྐུ་ཟླ་ཚོས་ཁོ་རང་ཚོའི་ལྷ་རྣམས་ལ་སྤོས་བདུག་པ་དང་དམར་མཆོད་འབུལ་བའི་གནས་ཤིག་ཡང་བཞེངས་ཡོད་དོ། 9-10གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་སོ་ལོ་མོན་ལ་ཐེངས་གཉིས་ཞལ་གཟིགས་བྱུང་ནས་ཕྱི་རྒྱལ་བའི་ལྷ་རྣམས་ལ་མཆོད་པ་མ་འབུལ་ཞེས་བཀའ་ཕེབས་ན་ཡང་སོ་ལོ་མོན་གྱིས་གཙོ་བོ་དཀོན་མཆོག་གི་བཀའ་ལ་མ་ཉན་པར་ཁོང་ལ་དད་པ་ལོག་གོ དེ་འདྲ་སོང་ཙང་གཙོ་བོ་དཀོན་མཆོག་གིས་སོ་ལོ་མོན་ལ་ཐུགས་ཁྲོས་ནས་བཀའ་གནང་བ། 11ཁྱོད་ཀྱིས་ཆེད་མངགས་ང་ལ་ཕུལ་བའི་དམ་བཅའ་དང་འགལ་བར་བྱས་ནས་ངའི་བཀའ་རྣམས་ལ་མ་ཉན་པས། ངས་རྒྱལ་སྲིད་ཁྱོད་ཀྱི་ལག་ནས་ལེན་ནས་ཁྱོད་ཀྱི་ལས་བྱེད་པ་ཚོའི་ནང་ནས་ཅིག་ལ་སྤྲོད་རྒྱུར་དམ་བཅའ་བྱེད་རྒྱུ་ཡིན་ནོ། 12འོན་ཀྱང་ཁྱོད་ཀྱི་ཕ་དཱ་བིད་ཀྱི་ངོར་བལྟས་ནས་དེ་ལྟར་ཁྱོད་ཀྱི་མི་ཚེའི་རིང་མ་བྱས་ན་ཡང་ཁྱོད་ཀྱི་བུས་རྒྱལ་སྲིད་སྐྱོངས་བའི་སྐབས་སུ་བྱེད་རྒྱུ་ཡིན་ནོ། 13ངས་ཁོའི་ལག་ནས་རྒྱལ་ཁབ་ཆ་ཚང་མི་ལེན་པར་ངའི་བྲན་པོ་དཱ་བིད་དང་ངས་རང་གི་བཞེངས་པའི་གྲོང་ཁྱེར་ཡེ་རུ་ཤ་ལེམ་གྱི་ཕྱིར་ཁོའི་ལག་ཏུ་སྡེ་རིགས་ཞིག་འཇོག་རྒྱུ་ཡིན་ནོ༎

སོ་ལོ་མོན་གྱི་དགྲ་བོ།

14དེ་ལྟར་གཙོ་བོ་དཀོན་མཆོག་གིས་ཨེ་དྷོམ་གྱི་རྒྱལ་པོའི་ཁྱིམ་ཚང་ནས་ཡིན་པ་ཧ་དྷད་བྱ་བ་ཞིག་ལ་སོ་ལོ་མོན་གྱི་ཕྱིར་དགྲ་རུ་ལངས་བཅུག་གོ 15-16དེའི་དུས་ཡུན་རིང་པོའི་སྔོན་ལ་དཱ་བིད་ཀྱིས་ཨེ་དྷོམ་དབང་འཛིན་གནང་སྐབས་ཁོང་གི་དམག་སྤྱི་ཡོ་ཨབ་ཀྱི་རོ་རྣམས་སྦས་པའི་ཕྱིར་ཕྱིན་ནོ། ཁོ་དང་ཁོའི་མི་རྣམས་ཨེ་དྷོམ་དུ་ཟླ་བ་དྲུག་བསྡད་པ་དང་། དེའི་རིང་ཨེ་དྷོམ་པ་སྐྱེ་པ་ཕོ་ཚང་མ་བསད་དོ། 17འོན་ཀྱང་ཧ་དྷད་དང་ཁོའི་ཕའི་ཨེ་དྷོམ་པའི་གཡོག་པོ་འགའ་ཤས་ཨི་ཇིབ་དུ་བྲོས་ནས་ཐར་ཞིང་། དེའི་སྐབས་ཧ་དྷད་ཕྲུ་གུ་ན་ཆུང་ཞིག་ཡིན་པ་དང་། 18དེ་ཚོ་མིད་ཡན་ནས་ཐོན་ཏེ་པ་རན་དུ་ཕྱིན་པ་དང་དེར་གཞན་མི་འགའ་ཤས་ཡང་ཁོ་ཚོ་མཉམ་དུ་བསྡད་དོ། དེ་ཚོ་ཨི་ཇིབ་དུ་སླེབས་པ་དང་། རྒྱལ་པོའི་དྲུང་དུ་བཅར་བས། ཧ་དྷད་ལ་ས་ཆ་ཕྲན་བུ་དང་ཁང་པ་ཞིག་དང་ཟ་འཐུང་སོགས་གནང་ངོ། 19ཧ་དྷད་རྒྱལ་པོ་དང་གྲོགས་པོར་འགྱུར་བས་རྒྱལ་པོས་རང་གི་བཙུན་མོའི་ནུ་མོ་རྒྱལ་མོ་ཊཱ་པི་ནིསེའི་ཧ་དྷད་དང་ཆང་ས་བརྒྱབ་བོ། 20མོ་ལ་བུ་གྷེ་ནུ་བྷད་སྐྱེས་པས་རྒྱལ་མོའི་ཕོ་བྲང་ནང་འཚར་ལོངས་བྱས་པ་དང་ཁོ་ནི་རྒྱལ་པོའི་བུ་ཚོ་དང་མཉམ་དུ་གནས་སོ། 21ཧ་དྷད་ཨི་ཇིབ་དུ་གནས་སྐབས་དཱ་བིད་འདས་པ་དང་དམག་དཔོན་ཡོ་ཨབ་ཡང་འདས་ཟིན་འདུག་ཅེས་ཐོས་པ་དང་། ཧ་དྷད་ཀྱིས་གྱལ་པོ་ལ་ང་རང་གི་ཡུལ་དུ་འགྲ་ཆོག་པའི་བཀའ་འཁྲོལ་གནང་རོགས་ཞུས་སོ། 22རྒྱལ་པོས་གང་གི་དོན་དུ་འགྲོ་གི་ཡིན་ནམ། ངའི་ཡུལ་དུ་ཁྱོད་ལ་དཀའ་ངལ་བྱུང་བའི་རྐྱེན་གྱིས་ཁྱོད་རང་གི་ཡུལ་དུ་ལོག་འདོད་པ་ཡིན་ནམ་ཞེས་བཀའ་འདྲི་གནང་ངོ་། ཧ་དྷད་ཀྱིས་ལན་དུ་རྒྱལ་པོ་ལ། ང་ལ་དཀའ་ངལ་གང་ཡང་མ་བྱུང་ནའང་ང་ལ་རང་ཡུལ་དུ་འགྲོ་རུ་བཅུག་རོགས་གནང་ཞུས་ནས་ཁོ་རང་གི་ཡུལ་དུ་ལོག་སོང་ངོ། ཨི་དྷོམ་གྱི་རྒྱལ་པོ་བཞིན་ཧ་དྷད་ཡང་ངན་པ་དང་ཨིསི་རཱཨེལ་གྱི་དགྲ་བོ་ངོ་མ་ཡིན་ནོ། 23དཀོན་མཆོག་གིས་ཨེལ་ཡ་དྷའི་བུ་རེ་ཛོན་ཡང་སོ་ལོ་མོན་གྱི་དགྲ་རུ་བསླང་གནང་ནས། རེ་ཛོན་ནས་རང་གི་སྦྱིན་བདག་ཛོ་བཱའི་རྒྱལ་པོ་ཧ་དྷད་ཨེ་ཟེར་ནས་བྲོས་སོ། 24ཁོ་ངོ་ལོག་མཁན་དང་ཁྲིམས་འགལ་གྱི་རྒྱུ་ཞིག་གི་འགོ་འཛིན་དུ་འགྱུར་བས། (དེ་ཚོ་དཱ་བིད་ཀྱིས་ཧ་དྷད་ཨེ་ཟེར་ལ་ཕམ་པར་བྱས་ཏེ། ཁོའི་སི་རི་ཡ་པའི་མཐུན་གྲོགས་སུ་འགྱུར་བའི་རྗེས་སུ་བྱུང་ཞིང་།) རེ་ཛོན་དང་ཁོའི་མི་རྣམས་དྷ་མསེ་ཀསེ་ཏུ་ཕྱིན་ནས་གནས་དོད་བྱས་པ་དང་དེར་ཁོའི་དཔུང་དམག་ཚོས་ཁོ་ལ་སི་རི་ཡའི་རྒྱལ་པོར་བསྐོས་སོ། 25སོ་ལོ་མོན་གྱིས་སྐུ་དུས་རིང་ཁོ་ཨིསི་རཱཨེལ་པ་ཚོའི་དགྲ་བོར་འགྱུར་བ་ཡིན་ནོ༎

གཙོ་བོ་དཀོན་མཆོག་གིས་ཡེ་རོ་བྷམ་ལ་ཞལ་བཞེས།

26རྒྱལ་པོ་སོ་ལོ་མོན་ལ་ངོ་ལོག་བྱེད་མཁན་དེ་ཨེཕ་ར་ཡིམ་གྱི་ཛེ་རེ་དཱ་ནས་ཡིན་པ་ནེ་བྷད་ཀྱི་བུ་ཡེ་རོ་བྷམ་བྱ་བ་ཁོང་གི་ལས་བྱེད་པ་ཞིག་ཡིན་པ་དང་། ཁོའི་མ་ནིི་ཛེ་རུ་ཨ་ཟེར་བའི་ཡུག་མོ་ཞིག་ཡིན་ནོ། 27ངོ་ལོག་གི་ལོ་རྒྱུས་འདི་ལྟར་ཡིན་ནོ། སོ་ལོ་མོན་གྱིས་ཡེ་རུ་ཤ་ལེམ་གྱི་ཤར་ཕྱོགས་ཀྱི་ས་ཆ་བཀང་བ་ནས་གྲོང་ཁྱེར་གྱི་ལྕགས་རི་ཉམས་གསོ་གནང་བཞིན་ཡོད་དོ། 28ཡེ་རོ་བྷམ་ནི་མི་སྟོབས་ཅན་ན་གཞོན་ཞིག་ཡིན་པ་དང་། སོ་ལོ་མོན་གྱིས་ཁོས་ལས་ཀ་ཧུར་ཐག་བྱས་པ་གཟིགས་ནས། མ་ནསེ་སཱེ་དང་ཨེཕ་ར་ཡིམ་གྱི་སྡེ་རིགས་ཀྱི་ངལ་རྩོལ་པའི་འགོ་འཛིན་དུ་བསྐོས་སོ། 29ཉིན་ཞིག་ཡེ་རོ་བྷམ་ཡེ་རུ་ཤ་ལེམ་ནས་ཕྱིར་འགྲོ་བའི་སྐབས་སུ་ཤི་ལཱོ་ནས་ཡིན་པ་ལུང་སྟོན་པ་ཨ་ཧི་ཡཱ་དང་ཡུལ་གྱི་རྒྱ་ལམ་དུ་མཇལ་ལོ། 30ཨ་ཧི་ཡཱས་རང་གི་གྱོན་པའི་ན་བཟའ་གསར་པ་དེ་ཕུད་ནས་དེ་དུམ་བུ་བཅུ་གཉིས་ལ་ཧྲལ་ནས། 31ཡེ་རོ་བྷམ་ལ་སྨྲས་པ། དུམ་བུ་བཅུ་ཁྱོད་རང་འཁྱེར་ཞིག། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་གསུངས་ཡོད་དོ། ཁྱོད་ལ་ངས་སོ་ལོ་མོན་ནས་རྒྱལ་སྲིད་འཕྲོག་ནས་ཁྱོད་ལ་སྡེ་རིགས་བཅུ་སྤྲོད་ཀྱི་ཡིན། 32ངས་ཨིསི་རཱཨེལ་ས་ཁུལ་ཡོངས་རྫོགས་ནས་འདམས་པའི་གྲོང་ཁྱེར་ཡེ་རུ་ཤ་ལེམ་གྱི་ཆེད་དང་ངའི་བྲན་པོ་དཱ་བིད་ཀྱི་ཆེད་དུ་སོ་ལོ་མོན་ལ་སྡེ་རིགས་གཅིག་འཇོགས་དགོས་སོ། 33སོ་ལོ་མོན་གྱིས་ང་སྤངས་ནས་ཕྱི་རྒྱལ་བའི་ལྷ་སི་དོན་གྱི་ལྷ་མོ་ཨསེ་ཊར་དང་མོ་ཨབ་ཀྱི་ལྷ་ཀེ་མོཤ་དང་ཨམ་མོན་གྱི་ལྷ་མོ་ལེག་ལ་མཆོད་པའི་རྐྱེན་གྱིས་ངས་དེ་ལྟར་བྱེད་རྒྱུ་ཡིན། སོ་ལོ་མོན་གྱིས་ངའི་བཀའ་ལ་མ་ཉན་པར་ནོར་འཁྲུལ་བྱས་པ་དང་ཁོས་རང་གི་ཕ་དཱ་བིད་བཞིན་ངའི་བཀའ་ཁྲིམས་ཉན་མེད་དོ། 34འོན་ཀྱང་ངས་སོ་ལོ་མོན་གྱི་ལག་ནས་རྒྱལ་སྲིད་ཆ་ཚང་མ་བླངས་པར་ཁོའི་མི་ཚེའི་རིང་དབང་བསྒྱུར་བྱེད་བཅུག་རྒྱུ་ཡིན། དེ་ལྟར་ངས་འདམས་པའི་བྲན་པོ་དཱ་བིད་ངའི་བཀའ་ཁྲིམས་སྲུང་བརྩི་བྱེད་མཁན་དེའི་ངོར་བལྟས་ནས་དེ་ལྟར་བྱ་རྒྱུ་ཡིན་ནོ། 35ངས་སོ་ལོ་མོན་གྱི་བུའི་ལག་ནས་རྒྱལ་ཁབ་བླངས་ནས་སྡེ་རིགས་བཅུ་ཁྱོད་ལ་སྤྲོད་རྒྱུ་ཡིན་ནོ། 36ང་ལ་མཆོད་ཕྱིར་ངས་འདམས་པའི་ཡེ་རུ་ཤ་ལེམ་གྱི་གྲོང་ཁྱེར་དུ་ངའི་བྲན་པོ་དཱ་བིད་ཀྱི་བརྒྱུད་པ་ཞིག་རྒྱུན་དུ་ཡོད་བའི་ཕྱིར་ངས་སོ་ལོ་མོན་གྱི་བུ་ལ་སྡེ་རིགས་ཞིག་སྤྲོད་རྒྱུ་ཡིན་ནོ། 37ཡེ་རོ་བྷམ། ངས་ཁྱོད་ལ་རང་གི་འདོད་པ་ཡོད་པའི་ས་གནས་ཚང་མར་རྒྱལ་སྲིད་སྐྱོངས་བའི་ཆེད་དུ་ཁྱོད་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོས་རྒྱུ་ཡིན་ནོ། 38ཁྱོད་ཀྱིས་ངའི་བྲན་པོ་དཱ་བིད་ཀྱིས་བྱས་པ་ལྟར་ངའི་བཀའ་ལ་ཉན་པ་དང་། ངའི་བཀའ་ཁྲིམས་རྣམས་སྲུང་ནས་ངའི་ལམ་ལ་འགྲུལ་བ་ཡིན་ན། ང་ཁྱོད་དང་མཉམ་དུ་དུས་རྒྱུན་དུ་གནས་རྒྱུ་མ་ཟད། ངས་ཁྱོད་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོ་རྒྱུ་ཡིན། ངས་དཱ་བིད་ལ་བྱས་པ་ལྟར་ཁྱོད་ཀྱི་བརྒྱུད་པ་ཞིག་ལ་ཁྱོད་ཀྱི་ཤུལ་འཛིན་དུ་རྒྱལ་པོར་་འཇོག་པར་བྱའོ། 39སོ་ལོ་མོན་གྱི་སྡིག་པའི་རྐྱེན་གྱིས་ངས་དཱ་བིད་ཀྱི་བརྒྱུད་པར་ཆད་པ་གཏོང་རྒྱུ་ཡིན། འོན་ཀྱང་དུས་རྒྱུན་གྱི་ཕྱིར་དུ་མ་ཡིན་ནོ། 40དེ་འདྲ་སོང་ཙང་སོ་ལོ་མོན་གྱིས་ཡེ་རོ་བྷོམ་གསོད་ཐབས་བྱས་སོ། འོན་ཀྱང་ཁོ་ཨི་ཇིབ་ཀྱི་རྒྱལ་པོ་ཤི་ཤག་གྱི་སར་བྲོས་ཕྱིན་པ་དང་སོ་ལོ་མོན་གྱི་སྐུ་ཚེ་རིང་དེར་གནས་སོ༎

སོ་ལོ་མོན་གྲོངས་བ།

(༢ སྔོན་རབས་ ༩:༢༩-༣༡)

41སོ་ལོ་མོན་གྱི་སྐུ་ཚེའི་རིང་གནང་བའི་ཁོང་གི་མཛད་འཕྲིན་དང་ཤེས་རབ་ཀྱི་སྐོར་ཚང་མ་སོ་ལོ་མོན་གྱི་རྒྱལ་རབས་ནང་བཀོད་ཡོད་དོ། 42ཁོང་གིས་ཡེ་རུ་ཤ་ལེམ་དུ་ཨིསི་རཱཨེལ་ཡོངས་ཀྱི་ཐོག་རྒྱལ་པོ་ལོ་བཞི་བཅུའི་རིང་གནང་ཡོད་དོ། 43ཁོང་གྲོངས་ནས་དཱ་བིད་ཀྱི་གྲོང་ཁྱེར་ནང་སྦས་པ་དང་ཁོང་གི་སྲས་རེ་ཧོ་བྷམ་ཁོང་གི་ཚབ་ཏུ་རྒྱལ་པོར་འགྱུར་རོ༎

རྒྱལ་རབས་དང་པོ། 12

བྱང་ཕྱོགས་ཀྱི་སྡེ་རིགས་རྣམས་ནས་ངོ་རྒོལ།

(༢ སྔོན་རབས་ ༡༠:༡-༡༩)

1རེ་ཧོ་བྷམ་ཤེ་ཀེམ་དུ་ཕྱིན་པ་དང་། དེར་ཨིསི་རཱཨེལ་གྱི་བྱང་ཕྱོགས་ཀྱི་མི་རྣམས་ནས་ཁོང་ལ་རྒྱལ་པོར་བསྐོ་བའི་ཕྱིར་འཛོམས་ཡོད་དོ། 2ནེ་བྷད་ཀྱི་བུ་ཡེ་རོ་བྷམ་རྒྱལ་པོ་སོ་ལོ་མོན་ནས་ཐར་བའི་ཕྱིར་ཨི་ཇིབ་དུ་བྲོས་ཕྱིན་པའི་མི་དེས་གཏམ་དེ་ཐོས་པ་དང་ཨི་ཇིབ་ནས་ཕྱིར་ལོག་ཡོང་ངོ་། 3བྱང་ཕྱོགས་ཀྱི་མི་སྡེ་རིགས་རྣམས་ནས་ཁོ་ལ་སྐད་བཏང་བ་དང་། ཁོ་ཚོ་ཚང་མ་མཉམ་དུ་རེ་ཧོ་བྷམ་གྱི་སར་ཕྱིན་ནས་སྨྲས་པ། 4ཁྱེད་ཀྱི་ཡབ་སོ་ལོ་མོན་གྱིས་ང་ཚོར་གཉའ་ཤིང་དང་ཁལ་ལྗིད་པོ་བཀལ་གནང་ཡོད་པས། ད་ཁྱེད་ཀྱི་ང་ཚོའི་གཉའ་ཤིང་དང་ཁལ་ལྗིད་པོ་དེ་ཡང་དུ་བཏང་བ་ཡིན་ན་ང་ཚོས་ཁྱེད་ལ་དམ་ཚིག་ཅན་ཀྱི་འབངས་སུ་འགྱུར་ཡོང་། 5ཁོང་གིས་ལན་དུ། ཉིན་གསུམ་གྱི་རྗེས་སུ་ཤོག་དང་། ངས་ལན་སྤྲོད་རྒྱུ་ཡིན་ཞེས་གསུངས་པས་དེ་ཚོ་ལོག་གོ 6རྒྱལ་པོ་རེ་ཧོ་བྷམ་གྱིས་རང་གི་ཡབ་སོ་ལོ་མོན་གྱི་སྐུ་དུས་གྲོས་སྟོན་པའི་ལས་འཁུར་གནང་མཁན་མི་ཚོ་དང་གོ་བསྡུར་ཞུས་ནས། ཁོང་གིས་མི་མང་ཚོའི་དྲི་བ་དེ་ལ་ངས་ལན་ཇི་ལྟར་བཏབ་དགོས་པའི་གྲོས་སྟོན་ཁྱོད་ཚོས་གནང་ངམ་ཞེས་བཀའ་དྲི་གནང་བ་དང་། 7དེ་ཚོས་ཁྱེད་ཀྱི་མི་མང་ཚོ་ལ་ཞབས་ཞུ་ལེགས་པར་གནང་འདོད་ཡོད་ན་ལན་ཡག་པོ་བཏབ་དགོས་པ་དང་། དེ་ཚོས་རྒྱུན་དུ་དམ་ཚིགས་གཙང་མའི་ཐོག་ཁྱེད་ཀྱི་ཞབས་ཕྱི་ཞུ་གི་རད་ཅེས་ཞུས་སོ། 8འོན་ཀྱང་ཁོས་མི་དེ་ཚོའི་སློབ་སྟོན་ལ་ཆ་མ་བཞག་པར་མི་ན་གཞོན་ཁོ་དང་མཉམ་དུ་འཚར་ལོངས་བྱུང་བའི་གྲོས་སྟོན་པ་ཡིན་པ་ཚོའི་སར་ཕྱིན་ནོ། 9ཁོས་གྲོས་སྟོན་པ་ཚོ་ལ། ངའི་མི་དམངས་ཚོས་ང་ལ་ཁོ་ཚོའི་ཁལ་དེ་ཡང་དུ་གཏོང་རོགས་གནང་ཞེས་འདྲི་བ་དེ་ལ་ངས་ལན་ཇི་ལྟར་བཏབ་དགོས་པས་གྲོས་སྟོན་ག་རེ་གནང་ངམ་ཞེས་སྨྲས་སོ། 10དེ་ཚོས། ཁྱེད་ཀྱིས་ལན་འདི་ལྟར་གསུངས་དགོས། ངའི་ཡབ་ཀྱི་རྐེད་པ་ལས་ངའི་མཐེ་ཆུང་སྦོམ་པ་ཡོད། 11ངའི་ཡབ་ཀྱི་ཁྱོད་ཚོར་ཁལ་ལྗིད་པོ་བཀལ་ཡོད་པ་དེ་ཚོ་ངས་ད་དུང་ལྗིད་རུ་གཏོང་རྒྱུ་ཡིན། ཁོང་གིས་ཁྱོད་ཚོར་སྨྱུག་ལྕག་ཀྱི་བརྡུང་བ་གནང་གི་ཡོད། ངས་ཁྱོད་ཚོར་རྟ་ལྕགས་ཀྱིས་བརྡུང་རྒྱུ་ཡིན་ཞེས་གསུངས་དགོས་ཞེས་ཞུས་སོ། 12རྒྱལ་པོ་རེ་ཧོ་བྷམ་གྱིས་བཀའ་གནང་བ་ལྟར། ཉིན་གསུམ་གྱི་རྗེས་ལ་ཡེ་རོ་བྷམ་དང་མི་མང་ཚང་མ་ཁོང་གི་དྲུང་དུ་འོངས་སོ། 13རྒྱལ་པོས་གྲོས་སྟོན་པ་རྒས་པོ་རྣམས་ཀྱིས་སློབ་སྟོན་ལ་ཆ་མ་བཞག་པར་མི་མང་རྣམས་ལ་ཚིག་རྩུབ་ངང་ལ། 14ན་གཞོན་ཚོས་གྲོས་སྟོན་བྱས་པ་ལྟར་སྨྲས་སོ། ཁོང་གིས། ངའི་ཡབ་ཀྱིས་ཁྱོད་ཚོར་ཁལ་ལྗིད་པོ་བཀལ་གནང་ཡོད། ངས་དེ་ཚོ་ད་དུང་ལྗིད་རུ་གཏོང་རྒྱུ་ཡིན། ཁོང་གིས་ཁྱོད་ཚོར་སྨྱུག་ལྕགས་ཀྱིས་བརྡུང་གནང་ཡོད། ངས་ཁྱོད་ཚོར་རྟ་ལྕགས་ཀྱི་བརྡུང་རྒྱུ་ཡིན་ཞེས་གསུངས་སོ། 15དེ་ནི་གཙོ་བོ་དཀོན་མཆོག་གི་དགོངས་པ་ལྟར་ཤི་ལཱོའི་ལུང་སྟོན་པ་ཨ་ཧི་ཡཱ་བརྒྱུད་ནས་ནེ་བྷད་ཀྱི་བུ་ཡེ་རོ་བྷམ་ལ་བཀའ་གནང་བ་རྣམས་སྒྲུབ་ཕྱིར་ཡིན་ནོ། དེའི་རྐྱེན་གྱིས་རྒྱལ་པོས་མི་མང་གི་ཞུ་བར་ནམ་ཡང་དོ་སྣང་མ་གནང་ངོ་། 16མི་མང་ནས་རྒྱལ་པོས་ཁོ་ཚོའི་ཞུ་བར་མ་གསན་པར་མཐོང་ནས། ཁོས་ཚོས། དཱ་བིད་དང་ཁོང་གི་ཁྱིམ་ཚང་ཉམས་པར་ཤོག ཁོ་ཚོས་ང་ཚོའི་ཆེད་དུ་ག་རེ་བྱས་ཡོད་པ་རེད་དམ། ཨིསི་རཱཨེལ་པ་རྣམས་ང་ཚོ་སོ་སོའི་ཁྱིམ་དུ་ལོག་འགྲོ། རེ་ཧོ་བྷམ་ཁོ་རང་གི་རང་ལ་བལྟ་རྟོགས་བྱེད་བཅུག་ཅེས་སྐད་འབོད་བྱས་སོ། དེ་ལྟར་ཨིསི་རཱཨེལ་གྱི་མི་མང་ཚོས་ངོ་རྒོལ་བྱས་སོ། 17རེ་ཧོ་བྷམ་ལ་ཡ་ཧུ་དཱ་པའི་ས་ཁུལ་དུ་སྡོད་པའི་མི་མང་གཅིག་པུའི་དོན་དུ་རྒྱལ་པོ་ལྟར་བཞག་པ་ཡིན་ནོ། 18དེ་ནས་རྒྱལ་པོ་རེ་ཧོ་བྷམ་གྱིས་ངལ་རྩོལ་བའི་འགོ་འཛིན་ཨ་དྷོ་ནི་རམ་ལ་ཨིསི་རཱཨེལ་པ་ཚོའི་སར་བཏང་ངོ་། འོན་ཀྱང་མི་མང་ཚོས་ཁོ་ལ་རྡོ་ཞུས་ནས་བསད་དོ། དེའི་རྐྱེན་གྱིས་རེ་ཧོ་བྷམ་མགྱོགས་པོར་ཤིང་རྟ་འཁོར་ལོའི་ནང་དུ་བཞུགས་ནས་ཡེ་རུ་ཤ་ལེམ་དུ་བྲོས་སོ། 19དུས་སྐབས་དེ་ནས་བཟུང་ཨིསི་རཱཨེལ་གྱི་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་མི་མང་རྣམས་ནས་དཱ་བིད་ཀྱི་རྒྱལ་བརྒྱུད་ལ་ངོ་རྒོལ་བྱས་སོ། 20ཨིསི་རཱཨེལ་གྱི་མི་མང་ཚོས་ཡེ་རོ་བྷོམ་ཨི་ཇིབ་ནས་ཕྱིར་ལོག་པ་ཐོས་པ་དང་། དེ་ཚོས་ཁོ་ལ་མི་མང་ཚོགས་འདུ་ཞིག་གི་སར་མགྲོན་འབོད་བྱས་ནས་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོས་སོ། ཡ་ཧུ་དཱའི་སྡེ་རིགས་གཅིག་པུ་དཱ་བིད་ཀྱི་བརྒྱུད་པའི་རྗེས་སུ་འབྲངས་སོ༎

ཤེ་མ་ཡཱའི་ལུང་བསྟན།

(༢ སྔོན་རབས་ ༡༡:༡-༤)

21རེ་ཧོ་བྷམ་ཡེ་རུ་ཤ་ལེམ་དུ་སླེབས་པ་དང་ཡ་ཧུ་དཱ་དང་བྷེན་ཡ་མིན་གྱི་སྡེ་རིགས་ནས་དམག་མི་ཡག་ཤོས་གྲངས་ ༡༨༠,༠༠༠ གསོག་འཇོགས་བྱས་སོ། ཁོས་དམག་འཐབ་ནས་ཨིསི་རཱཨེལ་གྱི་བྱང་ཕྱོགས་ཀྱི་སྡེ་རིགས་རྣམས་སྐྱར་དུ་དབང་བསྒྱུར་བྱེད་འདོད་བྱས་སོ། 22འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་ཤེ་མ་ཡཱ་བརྒྱུད་ནས། 23རེ་ཧོ་བྷམ་དང་ཡ་ཧུ་དཱ་དང་བྷེན་ཡ་མིན་གྱི་སྡེ་རིགས་ཀྱི་མི་མང་ལ་འཕྲིན་འདི་ལྟར་སྤྲོད་དགོས་པའི་བཀའ་གནང་ངོ། 24ཁྱོད་རང་ཚོའི་སྤུན་ཨིསི་རཱཨེལ་གྱི་མི་མང་ཚོ་ལ་འཐབ་རྒོལ་མ་བྱེད་ཅིག ཁྱོད་ཚོ་ཚང་མ་ཁྱིམ་དུ་ལོག་ཅིག། ཇི་ལྟར་བྱུང་བ་རྣམས་ངའི་འདོད་པ་ལྟར་ཡིན་ཞེས་གསུངས་པ་དང་། དེ་ཚོ་ཚང་མས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ནས་ཁྱིམ་དུ་ལོག་གོ།

ཡེ་རོ་བྷམ་གཙོ་བོ་དཀོན་མཆོག་ནས་ཐག་རིང་སོང་བ།

25ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་རོ་བྷམ་གྱིས་ཨེཕ་ར་ཡིམ་རི་བརྒྱུད་ཀྱི་གྲོང་ཁྱེར་ཤེ་ཀེམ་ལ་འཛིང་ར་བཟོས་ནས་གནས་སྐབས་དེར་བསྡད་དོ། དེ་ནས་ཁོ་ཐོན་ཏེ་པེ་ནུ་ཨེལ་གྱི་གྲོང་ཁྱེར་ལ་འཛིང་ར་བཟོས་སོ། 26-27ཁོའི་སེམས་ལ་ང་རང་ད་ལྟའི་གནས་སྟངས་ལ་གཞིགས་ན། ངའི་མི་མང་རྣམས་ཡེ་རུ་ཤ་ལེམ་དུ་ཕྱིན་ནས་དེར་མཆོད་ཁང་དུ་གཙོ་བོ་དཀོན་མཆོག་ལ་མཆོད་པ་ཕུལ་བ་ཡིན་ན། དེ་ཚོས་ཡ་ཧུ་དཱ་པའི་རྒྱལ་པོ་རེ་ཧོ་བྷམ་གྱི་ཕྱོགས་སུ་འགྱུར་ནས་ང་བསད་ཡོང་ཞེས་བསམས་སོ། 28ཁོས་བསམ་བློ་ཞིབ་པར་བཏང་ནས་གསེར་གྱི་གླང་གི་བེའུ་གཉིས་བཟོས་ནས་ཁོ་རང་གི་མི་མང་ལ་ཁྱོད་ཚོ་དུས་ཡུན་རིང་པོའི་སྔོན་ནས་ཡེ་རུ་ཤ་ལེམ་དུ་མཆོད་ཕྱིར་འགྲོ་བཞིན་ཡོད། དེ་བས་ན་ཨིསི་རཱཨེལ་མི་མང་རྣམས་ཨི་ཇིབ་ནས་འདོན་གནང་མཁན་ཁྱོད་ཚོའི་ལྷ་རྣམས་འདིར་ཡོད་ཅེས་སྨྲསོ། 29ཁོས་གསེར་གྱི་གླང་གི་བེའུ་གཅིག་བྷེ་ཐེལ་དུ་བཞག་པ་དང་གཞན་དེ་དྷན་དུ་བཞག་གོ 30དེ་ལྟར་མི་མང་ནས་བྷེ་ཐེལ་དང་དྷན་དུ་མཆོད་པ་ཕུལ་བར་ཕྱིན་ནས་སྡིག་པ་གྱིས་པ་ཡིན་ནོ། 31དེ་མིན་ཡེ་རོ་བྷོམ་གྱིས་རི་བོ་ཚོའི་སྟེང་དུ་མཆོད་པ་འབུལ་ཡུལ་རྣམས་བཞེངས་པ་དང་ལེ་ཝིའི་སྡེ་རིགས་ནས་མ་ཡིན་པའི་ཁྱིམ་ཚང་གཞན་ནས་བླ་མ་འདམས་སོ༎

བྷེ་ཐེལ་དུ་མཆོད་པ་འབུལ་བར་སྐྱོན་བརྫོད་བྱས་པ།

32ཡེ་རོ་བྷམ་གྱིས་ཡ་ཧུ་དཱ་ལ་ཡོད་པའི་དུས་ཆེན་བཞིན་ཆོས་ཀྱི་དུས་ཆེན་ཞིག་ཟླ་བ་བརྒྱད་པའི་ཚེས་ ༡༥ ལ་བཙུགས་སོ། བྷེ་ཐེལ་གྱི་མཆོད་ཁྲིའི་ཁར་ཁོས་བཟོས་པའི་གསེར་གྱི་གླང་གི་བེའུ་རྣམས་ལ་དམར་མཆོད་ཕུལ་བ་དང་། བྷེ་ཐེལ་དུ་ཁོས་བཞེངས་པའི་མཆོད་པ་འབུལ་ས་ཚོར་མཆོད་འབུལ་གྱི་ཆེད་དུ་བླ་མ་རྣམས་བཞག་གོ 33དེ་ནས་ཁོ་རང་གིས་གཏན་འབབེས་བྱས་པའི་དུས་ཚེས་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ཁོ་རང་བྷེ་ཐེལ་དུ་ཕྱིན་པ་དང་ཁོས་ཨིསི་རཱཨེལ་གྱི་མི་མང་གི་ཆེད་དུ་བཙུགས་པའི་དུས་ཆེན་ལ་དགའ་སྟོན་བྱེད་པར་མཆོད་ཁྲིར་དམར་མཆོད་ཞིག་ཕུལ་ལོ༎

རྒྱལ་རབས་དང་པོ། 13

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ལྟར་ཡ་ཧུ་དཱ་ནས་ལུང་སྟོན་པ་ཞིག་བྷེ་ཐེལ་དུ་འབྱོར་བ་དང་། དེར་ཡེ་རོ་བྷམ་དམར་མཆོད་འབུལ་ཕྱིར་མཆོད་ཁྲིའི་རྩར་ལངས་སོ། 2གཙོ་བོ་དཀོན་མཆོག་གི་བཀའ་གནང་བ་བཞིན་ལུང་སྟོན་པས་མཆོད་ཁྲིར་སྐྱོན་བརྫོད་གནང་ཞིང་། ཀྱེ་མཆོད་ཁྲི། ཀྱེ་མཆོད་ཁྲི། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བར་ཉོན་ཞིག དཱ་བིད་ཀྱི་ཁྱིམ་ཚང་དུ་ཡོ་ཤི་ཡཱ་ཞེས་པའི་བྱིས་པ་ཞིག་སྐྱེས་པར་འགྱུར། ཕྱི་པའི་མཆོད་ཁྲིར་ཞབས་རྟོག་ཞུས་པ་དང་དམར་མཆོད་འབུལ་མཁན་བླ་མ་རྣམས་ཁོས་བསད་ནས་ཁྱོད་ཀྱི་སྟེང་མིའི་རུས་པ་སྲེག་པར་བྱ་ཞེས་སོ། 3དེ་ནས་ལུང་སྟོན་པས་མུ་མཐུད་ནས་གསུངས་པ། མཆོད་ཁྲི་འདི་གཞིགས་པ་དང་དེའི་སྟེང་དུ་ཡོད་པའི་གོ་ཐལ་དེ་འཐོར་བར་འགྱུར། དེ་ནས་ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་གིས་ང་བརྒྱུད་ནས་བཀའ་གནང་བ་ཤེས་ཡོང། 4རྒྱལ་པོ་ཡེ་རོ་བྷམ་གྱིས་དེ་ལྟར་ཐོས་པ་དང་། ཁོ་ལ་མཛུབ་མོ་བཙུགས་ནས། ཁོ་བཟུང་ཞིག་ཅེས་བཀའ་གནང་བ་དང་། དེ་མ་ཐག་ཏུ་རྒྱལ་པོའི་ལག་ངར་ལ་གཟའ་ཕོག་ནས་ཕྱིར་སྐུམ་མ་ཐུབ་བོ། 5ལུང་སྟོན་པས་གཙོ་བོ་དཀོན་མཆོག་གི་མཚན་ནས་ལུང་བསྟན་གནང་བ་ལྟར་གློ་བུར་དུ་མཆོད་ཁྲི་དེ་དུམ་བུར་གཞིགས་པ་དང་གོ་ཐལ་སའི་ཁར་འཐོར་རོ། 6རྒྱལ་པོ་ཡེ་རོ་བྷམ་གྱིས་ལུང་སྟོན་པ་ལ་ཐུགས་རྗེ་གཟིགས། གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་ལ་ངའི་ལག་ངར་དེ་སོས་པའི་ཕྱིར་གསོལ་བ་དང་སྨོན་ལམ་འདེབས་རོགས་གནང་ཞུས་སོ། ལུང་སྟོན་པས་གཙོ་བོ་དཀོན་མཆོག་ལ་གསོལ་བ་བཏབ་པ་དང་། རྒྱལ་པོའི་ལག་ངར་སོས་སོ། 7དེ་ནས་རྒྱལ་པོས་ལུང་སྟོན་པ་ལ། ང་དང་མཉམ་དུ་ངའི་ཁྱིམ་དུ་ཕེབས་ནས་ཁ་ཟས་ཕྲན་བུའི་བཞེས་རོགས་གནང་། ཁྱེད་ཀྱིས་ང་ལ་ཇི་གནང་བ་བཞིན་ངས་ཁྱེད་ལ་བྱ་དགའ་འབུལ་རྒྱུ་ཡིན་ཞེས་ཞུསོ། 8ལུང་སྟོན་པས་དེའི་ལན་དུ། ཁྱོད་ཀྱིས་རང་གི་རྒྱུ་ནོར་ཕྱེད་ཀ་ང་ལ་སྤྲད་ན་ཡང་ང་ཁྱོད་དང་མཉམ་དུ་མི་འགྲོ་བ་མ་ཟད། ཁྱོད་དང་མཉམ་དུ་ཟ་འཐུང་གང་ཡང་མི་བྱ་ཞེས་སྨྲས་སོ། 9གང་ལ་ཞེ་ན། གཙོ་བོ་དཀོན་མཆོག་གིས་ང་ལ་ཟ་འཐུང་གང་ཡང་མི་བྱེད་པ་མ་ཟད་ང་ཡོང་བའི་ལམ་ནས་ཕྱིར་ཁྱིམ་དུ་ལོག་མ་ཡོང་ཅེས་བཀའ་གནང་ཡོད་དོ། 10དེ་འདྲ་སོང་ཙང་ཁོང་ཕེབས་པའི་ལམ་ནས་ཕྱིར་མ་ཕེབས་པར་ལམ་གཞན་ནས་ཕེབས་སོ༎

བྷེ་ཐེལ་གྱི་ལུང་སྟོན་པ་རྒས་པོ།

11དུས་སྐབས་དེར་བྷེ་ཐེལ་དུ་ལུང་སྟོན་པ་རྒས་པོ་ཞིག་བཞུགས་ཡོད་ཅིང་། ཉིན་དེར་ཁོང་གི་བུ་ཚོ་ཡོང་ནས་ཡ་ཧུ་དཱའི་ལུང་སྟོན་པས་བྷེ་ཐེལ་དུ་རྒྱལ་པོ་ཡེ་རོ་བྷམ་ལ་གང་གསུངས་པ་དང་གང་གནང་བའི་སྐོར་རྣམས་ཞུས་སོ། 12ལུང་སྟོན་པ་རྒད་པོས། ཁོང་ལམ་ག་ནས་ཕེབས་སོང་ངམ་ཞེས་དྲིས་པ་དང་། ཁོ་ཚོས་ཁོང་ཕེབས་པའི་ལམ་དེ་བསྟན་པ་དང་། 13ཁོང་གིས། བུ་ཚོར་ཁོང་རང་གི་བོང་བུར་སྒ་རྒྱོབ་ཅིག་སྨྲས་པ་དང་། ཁོ་ཚོས་དེ་ལྟར་བྱས་ཏེ་ཁོང་བོང་བུར་ཞོན་ནས། 14ཡ་ཧུ་དཱ་པའི་ལུང་སྟོན་པའི་རྗེས་སུ་ཕེབས་པ་དང་། ཁོང་ནི་བེ་ཤིང་ཞིག་གི་འོག་ཏུ་བཞུགས་ཡོད་པ་དང་མཛལ་ལོ། ཁོང་གིས་ཁྱེད་རང་ཡ་ཧུ་དཱ་ནས་ཕེབས་པའི་ལུང་སྟོན་པ་དེ་ཡིན་ནམ་ཞེས་བཀའ་འདྲི་གནང་བས། ལན་དུ་ང་དེ་རང་ཡིན་ཞེས་སྨྲས་སོ། 15ཁོང་གིས་ངའི་ཁྱིམ་དུ་ཕེབས་ནས་ང་མཉམ་དུ་གསོལ་ཚིག་བཞེས་རོགས་གནང་ཞུས་སོ། 16འོན་ཀྱང་ཡ་ཧུ་དཱ་ནས་ཡིན་པའི་ལུང་སྟོན་པས་ང་ཁྱོད་དང་མཉམ་དུ་ཁྱིམ་དུ་འགྲོ་མི་ཐུབ་པ་དང་ཁྱོད་ཀྱི་སྣེ་ལེན་ལ་ངས་ཁས་ལེན་བྱེད་མི་ཐུབ་ཅིང་། འདིར་ངས་ཁྱོད་མཉམ་དུ་གང་ཡང་ཟ་འཐུང་བྱེད་མི་ཐུབ་བོ། 17གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་ངས་གང་ཡང་ཟ་འཐུང་མི་བྱེད་པ་དང་། ང་ཡོང་བའི་ལམ་ནས་ཁྱིམ་དུ་ཕྱིར་ལོག་ཡང་མ་བྱེད་ཅེས་བཀའ་གནང་ཡོད་དོ། 18དེ་ནས་བྷེ་ཐེལ་ནས་ཡིན་པའི་ལུང་སྟོན་པ་རྒས་པོས། ང་ཡང་ཁྱོད་བཞིན་ལུང་སྟོན་པ་ཞིག་ཡིན་པས། གཙོ་བོ་དཀོན་མཆོག་གི་བཀའ་ལྟར་ཕོ་ཉ་ཞིག་གིས་ཁྱེད་ཁྱིམ་དུ་གདན་འདྲེན་ཞུས་ནས་སྣེ་ལེན་ཞུ་དགོས་ཤེས་བཀའ་གནང་བྱུང་ཞེས་སྨྲས་སོ། འོན་ཀྱང་ལུང་སྟོན་པ་རྒས་པོས་རྫུན་བཤད་དོ། 19དེ་འདྲ་སོང་ཙང་ཡ་ཧུ་དཱ་ནས་ཡིན་པའི་ལུང་སྟོན་པས་ལུང་སྟོན་པ་རྒས་པོ་དང་མཉམ་དུ་ཁྱིམ་དུ་ཕེབས་ནས་ཁོ་དང་མཉམ་དུ་གསོལ་ཚིག་བཞེས་སོ། 20ཁོ་ཚོ་རྒྱ་ལྕོག་གི་འཁྲིས་ལ་བཞུགས་པའི་སྐབས་སུ་ལུང་སྟོན་པ་རྒས་པོར་གཙོ་བོ་དཀོན་མཆོག་གི་བཀའ་ཕེབས་པ་དང་། 21ཁོས་ཡ་ཧུ་དཱ་ནས་ཡིན་པའི་ལུང་སྟོན་པ་ལ། ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་གི་བཀའ་ལ་མི་ཉན་པ་དང་། ཁོང་གི་བཀའ་གནང་བ་བཞིན་བྱས་མེད་པས། 22དེའི་ཚབ་ལ་ཁྱོད་ཕྱིར་ལོག་ནས་ཁོང་གིས་མ་ཟ་གསུངས་པའི་ས་ཆར་ཁ་ལག་ཟས་ཡོད་པས། དེའི་རྐྱེན་གྱིས་ཁྱོད་གསོད་པར་འགྱུར་བ་དང་། ཁྱོད་ཀི་རོ་དེ་ཁྱོད་ཀྱི་ཁྱིམ་ཚང་གི་དུར་ས་རུ་སྦས་པར་མི་འགྱུར་ཞེས་བཀའ་གནང་བྱུང་ཞེས་སྨྲས་སོ། 23དེ་ནས་ཁོ་ཚོ་ཁ་ལག་ཟས་ཟིན་པའི་རྗེས་སུ་ལུང་སྟོན་པ་རྒས་པོས་ཡ་ཧུ་དཱ་ནས་ཡིན་པའི་ལུང་སྟོན་པའི་བོང་བུར་སྒ་རྒྱབ་ནས། 24ཁོང་དེ་ལ་ཞོན་ནས་ཕེབས་པ་དང་། ལམ་དུ་ཁོང་ལ་སེང་གེ་ཞིག་དང་འཕྲད་ནས་དེས་ཁོང་ལ་བསད་དོ། ཁོང་གི་ཕུང་པོ་དེ་ལམ་དུ་ཡོད་པས་བོང་བུ་དང་སེང་གེ་དེའི་འགྲམ་དུ་བསྡད་ཡོད། 25ལམ་དེར་འགྲོ་མཁན་མི་འགའ་ཤས་ནས་ལམ་དུ་ཡོད་པའི་ཕུང་པོ་དེའི་འགྲམ་དུ་སེང་གེ་ལངས་ཡོད་པ་མཐོང་ནས། དེ་ཚོ་བྷེ་ཐེལ་དུ་ཕྱིན་ནས་དེ་ཚོས་གང་མཐོང་བ་རྣམས་སྨྲས་སོ། 26ལུང་སྟོན་པ་རྒས་པོས་གཏམ་དེ་ཐོས་པ་དང་། གཙོ་བོ་དཀོན་མཆོག་གི་བཀའ་ལ་མི་ཉན་མཁན་ལུང་སྟོན་པ་དེ་ཡིན་པའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གིས་གསུང་པ་ལྟར། ཁོང་གིས་སེང་གེ་ཞིག་གཏོང་གནང་ནས་ཁོང་བསད་པ་རེད་ཅེས་སྨྲས་སོ། 27དེ་ནས་ཁོས་རང་གི་བུ་ཚོ་ལ་ངའི་བོང་བུར་སྒ་རྒྱོབ་ཅིག་སྨྲས་པ་དང་། ཁོ་ཚོས་དེ་ལྟར་བྱས་པས། 28ཁོང་གིས་བོང་བུ་ཞོན་ནས་ཕེབས་པ་དང་ལུང་སྟོན་པའི་རོ་དེ་ལམ་སྟེང་དུ་ལུས་ཡོད་པ་དང་། དེའི་འགྲམ་དུ་བོང་བུ་དང་སེང་གེ་ལངས་བསྡད་ཡོད་པ་མཐོང་ནས། སེང་གེས་ཕུང་པོ་དེ་ཟས་མེད་པ་མ་ཟད་བོང་བུར་ཡང་གནོད་པ་མ་བྱས་སོ། 29ལུང་སྟོན་པ་རྒས་པོས་ཕུང་པོ་དེ་བླངས་ཞིང་བོང་བུའི་སྟེང་དུ་བཀལ་ནས་མྱང་ངན་བྱེད་པ་དང་། སྦས་པའི་ཕྱིར་བྷེ་ཐེལ་དུ་འཁྱེར་ཡོང་ངོ་། 30ཁོས་ཕུང་པོ་དེ་རང་གི་ཁྱིམ་ཚང་གི་དུར་ཁུང་དུ་སྦས་ནས། ཀྱེ་ངའི་སྤུན། ངའི་སྤུན་ཟེར་ནས་ཁོ་དང་ཁོའི་བུ་ཚོས་མྱ་ངན་བྱས་སོ། 31དེའི་རྗེས་སུ་ལུང་སྟོན་པས་རང་གི་བུ་ཚོ་ལ་སྨྲས་པ། ང་འཆི་བའི་སྐབས་སུ་ངའི་ཕུང་པོ་འདི་ཡང་དུར་ཁུང་འདི་རུ་ལུང་སྟོན་པའི་ཕུང་པོའི་འགྲམ་དུ་འཇོག་ཅིག 32བྷེད་ཐེལ་གྱི་མཆོད་ཁྲི་དང་ས་མར་ཡའི་གྲོང་ཁྱེར་གྱི་མཆོད་འབུལ་བྱ་ཡུལ་རྣམས་གཙོ་བོ་དཀོན་མཆོག་གི་བཀའ་ལྟར་ཁོས་སྨྲས་པ་རྣམས་ངེས་པར་དུ་བདེན་པར་བྱུང་ངོ་ཅེས་སྨྲས་སོ༎

ཡེ་རོ་བྷམ་གྱི་སྡིག་པ་ཚབ་ཆེ།

33ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་རོ་བྷམ་གྱིས་རང་གི་བྱ་སྤྱོད་ངན་པ་རྣམས་མ་སྤངས་པར། རང་གིས་བཞེངས་པའི་མཆོད་ཁྲིའི་ཞབས་ཏོག་པ་བླ་མ་རྣམས་མུ་མཐུད་ཁྱིམ་ཚང་སྐྱུས་མ་ཁག་ནས་འདམས་པ་དང་། བླ་མ་བྱེད་འདོད་ཡོད་པ་སུ་ཡིན་ན་ཡང་བླ་མར་བསྐོས་ཏེ། 34ཁོང་གི་སྡིག་པ་འདིའི་རྐྱེན་གྱིས་རང་གི་རྒྱལ་བརྒྱུད་རྣམས་ཆ་ཚང་འཇིགས་པ་དང་སྟོངས་པར་འགྱུར་རོ༎

རྒྱལ་རབས་དང་པོ། 14

ཡེ་རོ་བྷམ་གྱི་བུ་འཆི་བ།

1སྐབས་དེར་ཡེ་རོ་བྷམ་གྱི་བུ་ཨ་བྷི་ཡཱ་ན་བ་དང་། 2ཡེ་རོ་བྷམ་གྱིས་རང་གི་ཆུང་མར། ཁྱོད་རང་སུས་ཀྱང་ངོ་མ་ཤེས་པའི་ཆེད་དུ་ཆས་བསྒྱུར་ནས་ཤི་ལཱོ་རུ་ང་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་གྱི་རེད་གསུངས་མཁན་ལུང་སྟོན་པ་ཨ་ཧི་ཡཱ་ཞུ་བ་དེའི་བཞུགས་སར་རྒྱུགས་ཤིག 3ཁོང་གི་ཆེད་དུ་བག་ལེབ་དུམ་བུ་བཅུ་དང་བག་ལེབ་སྲབ་པོ་ཕྲན་བུ་དང་སྦྲང་རྩི་བུམ་པ་གང་འཁྱེར་ནས་ཕུལ་ཞིག དེ་ནས་ཁོང་ལ་ང་ཚོའི་བུ་དེ་ག་འདྲ་བྱུང་ཡོང་ངམ་ཞུས་ཤིག་དང་ཁོང་གི་བཀའ་ལན་གནང་ཡོང་ཞེས་སྨྲས་སོ། 4དེ་འདྲ་སོང་ཙང་མོ་ཤི་ལཱོ་རུ་ཨ་ཧི་ཡའི་ཁང་པར་ཕྱིན་ནོ། ཨ་ཧི་ཡཱ་ལོ་རྒས་པའི་རྐྱེན་གྱིས་མིག་ལོང་བར་འགྱུར་ཡོད་པ་ཡིན་ནོ། 5གཙོ་བོ་དཀོན་མཆོག་གིས་ཁོང་ལ་ཡེ་རོ་བྷམ་གྱི་ཆུང་མ་རང་གི་བུ་ན་བཞིན་ཡོད་པའི་སྐོར་འདྲི་བར་ཡོང་གི་ཡོད་པས། གཙོ་བོ་དཀོན་མཆོག་གིས་ཨ་ཧི་ཡཱ་ལ་ཇི་ལྟར་ལན་འདེབས་དགོས་པ་བཀའ་གནང་ཡོད་དོ། ཡེ་རོ་བྷམ་གྱི་ཆུང་མ་འབྱོར་སྐབས་མོས་གཞན་ཞིག་ཡིན་ཚུལ་བྱས་སོ། 6འོན་ཀྱང་ཨ་ཧི་ཡཱས་མོ་སྒོའི་ནང་ཡོང་བ་ཐོས་སྐབས་ཁོང་གིས་ནང་ལ་ཕེབས་ཤིག ངས་ཁྱོད་ཡེ་རོ་བྷམ་གྱི་ཆུང་མ་ཡིན་པ་ཤེས་ཀྱི་ཡོད། ཁྱོད་ཀྱི་རང་ཉིད་ལ་གཞན་ཞིག་ཡིན་ཚུལ་བྱེད་པ་དེ་ཅི་ཡིན་ནམ། ངས་ཁྱོད་ཀྱི་དོན་དུ་གཏམ་ངན་པ་ཞིག་ཞུ་རྒྱུ་ཡོད། 7ཁྱེད་རང་ཕྱིར་ལོག་ནས་ཡེ་རོ་བྷམ་ལ་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཁོང་ལ་བཀའ་གནང་བ་ལྟར། ངས་ཁྱོད་རང་མི་མང་གི་ཁྲོད་ནས་འདམས་ཏེ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོས་པ་མ་ཟད། 8ངས་དཱ་བིད་ཀྱི་བརྒྱུད་པ་ནས་རྒྱལ་ཁབ་བལངས་ནས་ཁྱོད་ལ་སྤྲད་པ་ཡིན་ཀྱང་། ཁྱོད་ཀྱིས་ང་ལ་བློས་ཆ་ཚང་བཀལ་བ་དང་། ངའི་བཀའ་ལ་ཉན་པ་དང་ངའི་རྗེས་སུ་འབྲངས་པའི་བྲན་པོ་དཱ་བིད་ལྟར་ཁྱོད་ཀྱིས་བྱས་མེད་དོ། 9ཁྱོད་ཀྱི་སྔོན་དུ་རྒྱལ་སྲིད་སྐྱོངས་མཁན་ཚང་མ་ལས་ལྷག་པའི་སྡིག་ཆེན་པོ་ཁྱོད་ཀྱི་གྱིས་ཡོད། ཁྱོད་ཀྱིས་ང་སྤངས་ནས་མཆོད་འབུལ་བྱེད་པའི་ཆེད་དུ་གསེར་དངུལ་ཟངས་ལྕགས་ལས་སྐུ་འདྲ་རྣམས་བཟོས་ནས་ང་ལ་ཁོང་ཁྲོ་སླངས་ཡོད་དོ། 10དེའི་རྐྱེན་གྱིས་ངས་ཁྱོད་ཀྱི་རྒྱལ་བརྒྱུད་ལ་བྱུས་ཉེས་གཏོང་རྒྱུ་མ་ཟད། ཁྱེད་ཀྱི་རིགས་བརྒྱུད་ནས་སྐྱེས་པ་རྒན་གཞོན་ཕོ་ཚང་མ་བསད་ནས། ངས་ཁྱོད་ཀྱི་ཁྱིམ་ཚང་ཡང་ཤུལ་མེད་བཟོས་ནས་ལྕི་བ་ལྟར་འཕྱགས་རྒྱུ་ཡིན་ནོ། 11གྲོང་ཁྱེར་གྱི་ནང་དུ་ཁྱོད་ཀྱི་ནང་མི་འཆི་བ་ཡིན་ན་དེ་ཚོ་ཁྱིས་ཟ་བ་དང་ཐང་དུ་འཆི་བ་ཚོ་བྱ་རྒོད་ཀྱིས་ཟ་བར་འགྱུར། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ཞེས་སྨྲོས་ཤིག 12ཨ་ཧི་ཡཱས། ཡེ་རོ་བྷམ་གྱིས་ཆུང་མར་མུ་མཐུད་ནས་སྨྲས་པ། ད་ཁྱོད་ཁྱིམ་དུ་ལོག་ཅིག། ཁྱོད་གྲོང་ཁྱེར་ནང་དུ་འཛུལ་མ་ཐག་ཏུ་ཁྱོད་ཀྱི་བུ་འཆི་བར་འགྱུར་རོ། 13ཨིསི་རཱཨེལ་གྱི་མི་མང་ཚང་མས་མྱ་ངན་བྱེད་པ་དང་། ཡེ་རོ་བྷམ་གྱི་ཁྱིམ་ཚང་ནས་ཁོ་གཅིག་པུ་ལས་བཟང་པོ་བྱེད་མཁན་ཡིན་པས་ཡག་པོ་བྱས་ནས་དུར་དུ་བཞག་གོ གང་ལ་ཟེར་ན། ཁོ་གཅིག་པོ་ལ་ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་ཐུགས་མཉེས་པོ་ཡོད་པ་ཡིན་ནོ། 14གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་རྒྱལ་པོ་ཞིག་བསྐོས་པ་གནང་རྒྱུ་དང་། དེས་ཡེ་རོ་བྷམ་གྱི་རྒྱལ་བརྒྱུད་སྟོངས་པར་བྱེད་དོ། 15གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་ཆད་པ་གཏོང་གནང་བ་དང་། དེ་ཚོ་རྒྱུགས་ཆུའི་ནང་འདམས་རྩ་གཡོ་བ་ལྟར་གཡོ་བར་འགྱུར། ཁོང་གིས་ཨིསི་རཱཨེལ་གྱི་མི་མང་རྣམས་ཀྱི་ཕ་མེས་ཚོར་གནང་བའི་ཡུལ་བཟང་པོ་ནས་འདོན་གནང་བ་དང་། ཁོང་གིས་དེ་ཚོ་གཙང་པོ་ཡུབ་རད་རྒལ་ནས་ཁ་འཐོར་དུ་གཏོང་བར་གནང་ངོ་། གང་ལ་ཟེར་ན། དེ་ཚོས་ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་བཟོས་ནས་ཁོང་ལ་ཁོང་ཁྲོ་སླངས་པ་ཡིན་ནོ། 16ཡེ་རོ་བྷམ་གྱིས་སྡིག་པ་གྱིས་པ་མ་ཟད་ཨིསི་རཱཨེལ་གྱི་མི་མང་རྣམས་ལའང་སྡིག་ལས་བྱེད་བཅུག་པའི་རྐྱེན་གྱིས། གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་སྤོང་བར་འགྱུར། 17ཡེ་རོ་བྷམ་གྱི་ཆུང་མ་ཏིར་ཛཱ་རུ་ཕྱིར་ལོག་ནས། མོ་ཁྱིམ་དུ་འཛུལ་བ་དང་བུ་ཤི་བོ། 18གཙོ་བོ་དཀོན་མཆོག་གིས་ཁོང་གི་ཞབས་ཕྱི་ལུང་སྟོན་པ་ཨ་ཧི་ཡ་བརྒྱུད་བཀའ་གནང་བ་ལྟར། ཨིསི་རཱཨེལ་གྱི་མི་མང་རྣམས་ནས་ཁོའི་དོན་དུ་མྱ་ངན་བྱས་ནས་ཁོ་དུར་དུ་བཞག་གོ།

ཡེ་རོ་བྷམ་ཤི་བ།

19རྒྱལ་པོ་ཡེ་རོ་བྷམ་གྱི་མཛད་པ་དང་ཁོང་གིས་དམག་འཐབ་པ་དང་། རྒྱལ་སྲིད་སྐྱོངས་གནང་བའི་ལོ་རྒྱུས་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བསྐོས་ཡོད་དོ། 20ཡེ་རོ་བྷོམ་གྱིས་ལོ་ངོ་ཉི་ཤུ་རྩ་གཉིས་རིང་རྒྱལ་སྲིད་བསྐྱངས་ནས། ཁོང་གྲོངས་པ་དང་དུར་དུ་བཞག་ནས། ཁོང་གི་སྲས་ན་དབ་ཀྱིས་ཁོང་གིས་ཤུལ་འཛིན་དུ་རྒྱལ་པོ་གནང་བ་ཡིན་ནོ༎

ཡ་ཧུ་དཱའི་རྒྱལ་པོ་རེ་ཧོ་བྷམ།

(༢ སྔོན་རབས་ ༡༡:༥—༡༢:༡༥)

21སོ་ལོ་མོན་གྱི་བུ་རེ་ཧོ་བྷམ་གྱི་ཡ་ཧུ་དཱ་རུ་རྒྱལ་སྲིད་སྐྱངས་སྐབས་ཁོང་ལོ་བཞི་བཅུ་ཞེ་གཅིག་ལོན་ཡོད་དོ། ཨིསི་རཱཨེལ་གྱི་ས་ཁུལ་ཡོངས་ནས་གཙོ་བོ་དཀོན་མཆོག་གིས་འདམས་གནང་བའི་རང་ཉིད་ལ་མཆོད་འབུལ་བྱེད་ཡུལ་གྱི་གྲོང་ཁྱེར་ཡེ་རུ་ཤ་ལེམ་དུ་ཁོང་གི་ལོ་ཅུ་བདུན་རིང་རྒྱལ་སྲེད་སྐྱངས་གནང་ངོ་། རེ་ཧོ་བྷམ་གྱི་ཡུམ་ནི་ཨམ་མོན་ནས་ཡིན་པ་མིང་ལ་ན་མཱ་ཟེར་རོ། 22ཡ་ཧུ་དཱའི་མི་མང་ཚོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བྱེད་པ་དང། རང་གི་ཕ་མེས་ཀྱི་ཉེས་སྡིག་ལས་ཚབ་ཆེ་བ་བྱས་ཡོད་པའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གི་ཐུགས་དགོངས་དཀྲུགས་པ་ཡིན་ནོ། 23གང་ལ་ཟེར་ན། དེ་ཚོས་འཛུན་གྱི་ལྷ་རྟེན་རྣམས་ཀྱི་ཆེད་དུ་མཆོད་ཡུལ་རྣམས་བཟོས་པ་དང་། རི་མཐོ་པོ་དང་སིལ་གྲིབ་ཅན་གྱི་ཤིང་སྡོང་གི་འོག་ཏུ་རྡོའི་ཀ་བ་རྣམས་དང་ཨ་ཤེ་རཱེའི་ལྷ་རྟེན་སོགས་བསླླངས་སོ། 24ལས་ངན་ཚབ་ཆེ་ཞིག་ནི། ཕྱི་བའི་མཆོད་ཡུལ་དུ་སྐྱེས་པ་དང་བུད་མེད་སྨད་འཚོང་མ་ཞབས་སུ་བྱེད་མཁན་ཡང་ཡོད་དོ། ཨིསི་རཱཨེལ་གྱི་མི་མང་ཚོ་མདུན་སྐྱོད་བྱེད་ནས་ཡུལ་དེ་ནང་འཛུལ་སྐབས་གཙོ་བོ་དཀོན་མཆོག་གིས་དད་གནང་བའི་མི་རྣམས་ཀྱི་བྱེད་པའི་ངོ་ཚ་བའི་ལས་ངན་ཚང་མ་ཡ་ཧུ་དཱ་པའི་མི་མང་ཚོས་ཀྱང་བྱས་སོ། 25རེ་ཧོ་བྷམ་གྱིས་ལོ་ལྔ་འཁོར་དུས་ཨི་ཇིབ་ཀྱི་རྒྱལ་པོ་ཤི་ཤག་གིས་ཡེ་རུ་ཤ་ལེམ་དུ་དམག་དྲངས་སོ། 26ཁོང་གིས་མཆོད་ཁང་དང་ཕོ་བྲང་ནང་ཡོད་པའི་གཏེར་མཛོད་ཐམས་ཅད་དང་སོ་ལོ་མོན་གྱིས་བཟོས་པའི་གསེར་གྱི་ཕུབ་རྣམས་འཁྱེར་རོ། 27དེ་ཚོའི་ཚབ་ལ་རྒྱལ་པོ་རེ་ཧོ་བྷམ་གྱིས་ལིའིི་ཕུབ་རྣམས་བཟོས་ནས་ཕོ་བྲང་གི་རྒྱལ་སྒོ་སྲུང་མཁན་འགོ་འཛིན་རྣམས་ལ་རྩིས་སྤྲོད་གནང་ངོ་། 28རྒྱལ་པོ་མཆོད་ཁང་ནང་དུ་ཕེབས་རིན་བཞིན་སྐུ་སྲུང་པ་ཚོས་ཕུབ་དེ་ཚོ་འཁྱེར་ཡོང་བ་དང་སྐུ་སྲུང་པའི་ཁང་མིག་ཏུ་འཇོག་གི་ཡོད་དོ། 29རྒྱལ་པོ་རེ་ཧོ་བྷམ་གྱི་མཛད་པ་རྣམས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བྲིས་ཡོད་དོ། 30དུས་སྐབས་དེའི་རིང་རེ་ཧོ་བྷམ་དང་ཡེ་རོ་བྷམ་གཉིས་ཀྱི་དབར་ཡང་ཡང་དམག་འཁྲུགས་རྒྱབ་བཞིན་ཡོད་དོ། 31རེ་ཧོ་བྷམ་གྲོངས་པ་དང་དཱ་བིད་ཀྱི་གྲོང་ཁྱེར་དུ་རྒྱལ་པོའི་དུར་ཁང་ནང་དུ་སྦས་ནས་ཁོང་གི་རྗེས་སུ་བུ་ཨ་བྷི་ཡཱ་རྒྱལ་པོར་འགྱུར་རོ༎

རྒྱལ་རབས་དང་པོ། 15

ཡ་ཧུ་དཱའི་རྒྱལ་པོ་ཨ་བྷི་ཡཱ།

(༢ སྔོན་རབས་ ༡༣:༡—༡༤:༡)

1ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་རོ་བྷམ་གྱིས་རྒྱལ་སྲིད་སྐྱངས་ནས་ལོ་ངོ་བཅོ་བརྒྱད་པར། ཨ་བྷི་ཡཱ་ཡ་ཧུ་དཱའི་རྒྱལ་པོར་འགྱུར་རོ། 2ཁོང་གི་ཡེ་རུ་ཤ་ལེམ་དུ་ལོ་གསུམ་རིང་རྒྱལ་སྲིད་སྐྱངས་སོ། ཁོང་གི་ཡུམ་ནི་ཨབ་ས་ལོམ་གྱི་སྲས་མོ་མ་ཀཱ་ཟེར་བ་ཡིན་ནོ། 3ཁོང་གི་ཡབ་ལྟར་ཁོང་གི་སྡིག་པ་དེ་རང་གྱིས་པ་དང་། རང་གི་མེས་པོ་དཱ་བིད་བཞིན་གཙོ་བོ་དཀོན་མཆོག་ཁོང་གི་དཀོན་མཆོག་ལ་དམ་ཚིག་སྲུང་པ་ལྟར་ཁོང་གི་ཆ་ཚང་སྲུང་མེད་དོ། 4འོན་ཀྱང་གཙོ་བོ་དཀོན་མཆོག་ཁོང་གི་དཀོན་མཆོག་གིས་དཱ་བིད་ཀྱི་ངོར་གཟིགས་ནས་ཡེ་རུ་ཤ་ལེམ་དུ་ཁོའི་ཤུལ་འཛིན་དུ་རྒྱལ་སྲིད་སྐྱོངས་བ་དང་། ཡེ་རུ་ཤ་ལེམ་བརྟན་པོ་ཡོང་བའི་ཆེད་དུ་ཨ་བྷི་ཡཱ་ལ་བུ་ཞིག་གནང་ངོ་། 5གཙོ་བོ་དཀོན་མཆོག་གིས་དེ་ལྟར་གནང་དགོས་དོན་ནི་དཱ་བིད་ཀྱིས་ཨུ་རི་ཡཱ་དང་ཧི་ཏི་པ་གཉིས་ཀྱི་སྐོར་ལ་མ་གཏོགས་གཞན་ཁོང་གི་བཀའ་གང་ལ་ཡང་མ་བརྩི་བ་གནང་མེད་དོ། 6རེ་ཧོ་བྷམ་དང་ཡེ་རོ་བྷམ་གཉིས་ཨ་བྷི་ཡཱའི་རྒྱལ་སྲིད་སྐྱོངས་བའི་རིང་གྱུན་མ་ཆད་པར་ཕན་ཚུན་གཉིས་དམག་འཐབ་ངང་གནས་ཡོད་དོ། 7ཨ་བྷི་ཡཱའི་གང་བྱས་ཀྱི་སྐོར་རྣམས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བྲིས་ཡོད་དོ། 8ཨ་བི་ཡ་གྲོངས་པ་དང་། དཱ་བིད་ཀྱི་གྲོང་ཁྱེར་དུ་སྦས་ནས་ཁོང་གི་བུ་ཨ་ས་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

ཡ་ཧུ་དཱའི་རྒྱལ་པོ་ཨ་ས།

(༢ སྔོན་རབས་ ༡༥:༡༦—༡༦:༦)

9ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་རོ་བྷམ་གྱིས་རྒྱལ་སྲིད་སྐྱོངས་བའི་ལོ་ངོ་ཉི་ཤུ་ འཁོར་མཚམས་སུ་ཨ་ས་ཡ་ཧུ་དཱའི་རྒྱལ་པོར་འགྱུར་རོ། 10ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་ངོ་ཞེ་གཅིག་རིང་རྒྱལ་སྲིད་བསྐྱངས་སོ། ཁོང་གི་རྨོ་མོ་ནི་ཨབ་ས་ལོམ་གྱི་བུ་མོ་མ་ཀཱ་ཟེར་བ་ཡིན་ནོ། 11ཨ་སས་རང་གི་ཕ་མེས་དཱ་བིད་ཀྱི་གྱིས་པ་བཞིན་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཐུགས་མཉེས་པ་འབའ་ཞིག་གྱིས་ཡོད་དོ། 12ཁོང་གི་རང་གི་ཡུལ་ནས་ཕྱི་བའི་མཆོད་ཡུལ་དུ་ཞབས་སུ་བྱེད་མཁན་སྐྱེས་པ་དང་བུད་མེད་སྨད་འཚོང་མ་རྣམས་ཕྱིར་འབུད་གནང་བ་མ་ཟད། སྔོན་གྱི་ཕ་མེས་ཚོས་བཟོས་པའི་སྐུ་འདྲ་རྣམས་ཕྱིར་འབུད་གནང་ངོ། 13ཁོང་གིས་རང་གི་རྨོ་མོ་མ་ཀཱ་ལ་རང་གི་རྒྱལ་ཡུམ་གྱི་གོ་གནས་ནས་མར་ཕབ་བོ། གང་ལ་ཟེར་ན། ཁོང་གིས་ཕྲུ་གུ་སྦྱིན་མཁན་ཞེན་ལོག་ཅན་གྱི་ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་བཞེངས་ཡོད་པའི་ཕྱིར་རོ། དེ་ནས་ཨེ་སས་འདྲ་སྐུ་དེ་ཚོ་བཏུབ་ནས་ཀིད་རོན་གི་ལུང་གཤོང་དུ་མེར་བསྲེགས་སོ། 14ཨ་སས་ཕྱི་བའི་མཆོད་ཡུལ་ཚང་མ་སྟོར་མེད་ན་ཡང་ཁོང་རང་གི་སྐུ་ཚེའི་རིང་གཙོ་བོ་དཀོན་མཆོག་ལ་དམ་ཆིག་གཙང་མར་གནས་ཡོད་དོ། 15ཡབ་ཀྱིས་དཀོན་མཆོག་ལ་དམིགས་པའི་དངོས་པོ་རྣམས་དང་ཁོང་རང་ཉིད་ནས་འབུལ་བའི་གསེར་དངུལ་གྱི་དངོས་རིགས་རྣམས་མཆོད་ཁང་ནང་དུ་བཞག་གོ 16ཡ་ཧུ་དཱའི་རྒྱལ་པོ་ཨ་ས་དང་ཨིསི་རཱཨེལ་གྱི་རྒྱལ་པོ་བྷ་ཤ་གཉིས་ཁོང་རང་ཚོའི་སྐུ་དབང་ཡོད་པའི་དུས་སུ་ཡུན་རིང་བར་དུ་ཕན་ཚུན་གཉིས་དབར་དམག་འཐབ་ངང་གནས་སོ། 17བྷ་ཤས་ཡ་ཧུ་དཱར་བཙན་འཛུལ་བྱས་ནས་ཡ་ཧུ་དཱར་འགྲོ་བའི་ལམ་འགོག་ཕྱིར་ར་མར་འཛིངས་ར་བཟོ་འགོ་ཚུགས་སོ། 18དེའི་ཕྱིར་རྒྱལ་པོ་ཨ་སས་མཆོད་ཁང་དང་ཕོ་བྲང་ནང་ཡོད་པའི་གསེར་དངུལ་ལྷག་ལུས་རྣམས་བླངས་ནས་ལས་བྱེད་པ་འགའ་ཤས་དང་བཅས་དྷ་མསེ་ཀསེ་ཏུ་ཧེ་ཛི་ཨོོན་གྱི་ཚ་བོ་ཏབ་རི་མོན་གྱི་བུ་སི་རི་ཡའི་རྒྱལ་པོ་བྷེན་ཧ་དྷད་ཀྱི་དྲུང་དུ་འདི་ལྟར་འཕྲིན་བཏང་ངོ། 19ང་གཉིས་རང་གི་ཡབ་ལྟར་མཐུན་ལམ་གནང་དགོས། གསེར་དངུལ་འདི་ཚོ་ཁྱེད་ལ་འབུལ་གྱི་ཡོད། ཨིསི་རཱཨེལ་གྱི་རྒྱལ་པོ་བྷ་ཤས་ངའི་ས་ཁུལ་ནས་དམག་དཔུང་ཕྱིར་ཐེན་ཡོང་བའི་ཆེད་ཁོང་དང་མཉམ་དུ་ཁྱེད་ཀྱི་མཐུན་ལམ་མེད་པ་བཟོ་རོགས་གནང་ཞེས་པའི་འཕྲིན་བསྐུར་རོ། 20རྒྱལ་པོ་བྷེན་ཧ་དྷད་ཀྱིས་ཨ་སའི་གྲོས་སྟོན་ལ་གསན་ནས་ཨིསི་རཱཨེལ་ལ་འཐབ་པའི་ཕྱིར་ཁོང་གི་དམག་སྤྱི་ཚོ་དང་དམག་མི་རྣམས་བཏང་ངོ་། དེ་ཚོས་ཨི་ཡོན་དང་། དྷན་དང་། ཧ་བེལ་བྷེད་མ་ཀཱ་དང་མཚོ་གྷ་ལིལ་གྱི་ཉེ་འགྲམ་དང་ནཕ་ཏ་ལི་ཡུལ་ཐམས་ཅད་དབང་འཛིན་བྱས་སོ། 21རྒྱལ་པོ་བྷ་ཤས་ཇི་ལྟར་བྱུང་བ་རྣམས་ཤེས་པ་དང་ར་མཱར་འཛིངས་ར་བཟོ་རྒྱུ་མཚམས་བཞག་ནས་ཏིར་ཛཱ་རུ་ཐོན་ནོ། 22དེ་ནས་རྒྱལ་པོ་ཨ་སས་ཡ་ཧུ་དཱ་པའི་ས་ཁུལ་ཡོངས་རྫོགས་ནས་སུ་ལ་ཡང་དམིགས་བསལ་མེད་པར་ཚང་མ་ར་མཱ་རུ་བྷ་ཤས་བེད་སྤྱོད་བྱས་པའི་རྡོ་དང་ཤིང་ཆ་རྣམས་ལེན་ནས་འཛིངས་ར་བཟོ་བར་རོགས་དགོས་པའི་ཕྱིར་བཀའ་བཏང་ངོ། རྡོ་ཤིང་རྣམས་དེ་ཚོས་ཨ་སས་མིཛ་པཱ་དང་བྷེན་ཡ་མིན་གྱི་མངའ་ཁུལ་གྷེ་བཱ་རུ་འཛིངས་ར་བཟོས་སོ། 23རྒྱལ་པོ་ཨ་སས་མཛད་པ་རྣམས་དང་ཁོང་གི་བློ་སྟོབས་ཆེན་པོའི་བྱ་བ་དང་གྲོང་ཁྱེར་ཁག་ནང་འཛིངས་རང་བཟོས་པ་རྣམས་ཡ་ཧུ་དཱའི་རྒྱལ་པོ་རྣམསཀྱི་རྒྱལ་རབས་ནང་བྲིས་ཡོད་དོ། འོན་ཀྱང་ཁོང་དགུང་ལོ་བགྲེས་སྐབས་ཞབས་ཀྱི་ནད་ཀྱིས་རྐང་ཀྱོག་ཆགས་པ་ཡིན་ནོ། 24ཨ་ས་གྲོངས་ནས་དཱ་བིད་ཀྱི་གྲོང་ཁྱེར་དུ་རྒྱལ་བརྒྱུད་ཀྱི་དུར་ཁུང་དུ་སྦས་པ་དང་། ཁོང་གི་སྲས་ཡེ་ཧོ་ཤ་ཕད་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

ཨིསི་རཱཨེལ་གྱི་རྒྱལ་པོ་ན་དྷབ།

25ཡ་ཧུ་དཱའི་རྒྱལ་པོ་ཨ་སས་རྒྱལ་སྲིད་སྐྱོངས་བའི་ལོ་གཉིས་པའི་སྐབས་སུ། རྒྱལ་པོ་ཡེ་རོ་བྷམ་གྱི་བུ་ན་དྷབ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་བ་དང་ཁོང་གིས་ལོ་གཉིས་རིང་རྒྱལ་སྲིད་བསྐྱངས་སོ། 26ཁོང་གི་ཡབ་ཀྱིས་སྔོན་དུ་གྱིས་པ་ལྟར་ཁོང་གིས་གཙོ་བོ་དཀོན་མཆོག་གི་དྲུང་དུ་སྡིག་པ་གྱིས་ནས་ཨིསི་རཱཨེལ་པ་ཚོ་ལ་སྡིག་པ་གྱིས་པ་སྣེ་ཁྲིད་བྱེད་དོ། 27ཨི་ས་ཀར་གྱི་སྡེ་རིགས་ཀྱི་ཨ་ཧི་ཡཱའི་བུ་བྷ་ཤས་ན་དྷབ་ལ་ངན་བྱུས་བརྩམས་ནས་ན་དྷབ་དང་ཁོང་གི་དམག་མི་རྣམས་ནས་ཕེ་ལེ་ཤེད་ཀྱི་ས་ཁུལ་གྱི་གྷི་བེ་ཐོན་ནས་གྲོང་ཁྱེར་ལ་མཐའ་བསྐོར་ནས་བསྡད་བཞིན་པའི་སྐབས་སུ་ཁོང་བཀྲོངས་སོ། 28ཡ་ཧུ་དཱའི་རྒྱལ་པོ་ཨ་སས་རྒྱལ་སྲིད་སྐྱངས་ནས་ལོ་ངོ་གསུམ་པའི་སྐབས་སུ་རྐྱེན་འདི་བྱུང་ངོ་། བྷ་ཤས་ན་དྷབ་ཀྱི་ཚབ་ཏུ་ཨིསི་རཱཨེལ་གྱི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་བ་དང་། 29དེ་མ་ཐག་ཏུ་ཁོས་ཡེ་རོ་བྷམ་གྱི་ནང་མི་ཚང་མ་གསོད་འགོ་ཚུགས་སོ། གཙོ་བོ་དཀོན་མཆོག་གིས་ཁོང་གི་ཞབས་ཕྱི་ཤི་ལཱོའི་ལུང་སྟོན་པ་ཨ་ཧི་ཡཱ་བགྱུད་བཀའ་གནང་བ་ལྟར་ཡེ་རོ་བྷམ་གྱི་ནང་མི་ཚང་མ་བསད་ནས་གཅིག་ཀྱང་མ་ཐར་རོ། 30ཡེ་རོ་བྷམ་གྱིས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་སླངས་ནས་སྡིག་པ་གྱིས་པ་དང་ཨིསི་རཱཨེལ་པ་ཚོར་ཡང་སྡིག་པ་གྱིས་བཅུག་པའི་རྐྱེན་གྱིས་དེ་ལྟར་བྱུང་བ་ཡིན་ནོ། 31ན་དྷབ་ཀྱི་མཛད་པ་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བྲིས་ཡོད་དོ། 32ཡ་ཧུ་དཱའི་རྒྱལ་པོ་ཨ་ས་དང་ཨིསི་རཱཨེལ་གྱི་རྒྱལ་པོ་བྷ་ཤ་གཉིས་ཀྱི་སྐུ་དབང་ཡོད་རིང་དུ་ཕན་ཚུན་གཉིས་དབར་དམག་འཁྲུགས་རྒྱུན་མ་ཆད་པར་གནས་སོ༎

ཨིསི་རཱཨེལ་གྱི་རྒྱལ་པོ་བྷ་ཤ།

33ཡ་ཧུ་དཱའི་གྱལ་པོ་ཨ་སས་རྒྱལ་སྲིད་སྐྱངས་ནས་ལོ་ངོ་གསུམ་འཁོར་སྐབས་ཨ་ཧི་ཡཱའི་བུ་བྷ་ཤ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་བ་དང་ཁོང་གི་ལོ་ཉི་ཤུ་རྩ་བཞི་རིང་ཏིར་ཛཱ་རུ་རྒྱལ་སྲིད་སྐྱངས་སོ། 34སྔོན་གྱི་རྒྱལ་པོ་ཡེ་རོབ་ཨམ་ལྟར་ཁོང་གི་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་དང་ཨིསི་རཱཨེལ་པ་ཚོ་ལ་ཡང་སྡིག་པ་གྱིས་སུ་བཅུག་གོ།

རྒྱལ་རབས་དང་པོ། 16

1གཙོ་བོ་དཀོན་མཆོག་གིས་ཧ་ན་ནིའི་བུ་ལུང་སྟོན་པ་ཡེ་ཧུ་བརྒྱུད་ནས་བྷ་ཤ་ལ་བཀའ་འདི་ལྟར་གནང་ངོ་། 2ཁྱོད་སུ་ཞིག་ཀྱང་མ་ཡིན། འོན་ཀྱང་ངས་ཁྱོད་ལ་ཨིསི་རཱཨེལ་གྱི་མི་མང་གི་འགོ་པར་བསྐོས་པ་ཡིན། ད་ཆ་ཁྱོད་ཀྱིས་ཡེ་རོ་བྷམ་ལྟར་སྡིག་ཅན་ཡིན་པ་མ་ཟད། ངའི་མི་མང་ལ་ཡང་སྡིག་པ་བྱེད་དུ་བཅུག་གོ། དེ་ཚོའི་སྡིག་པའི་རྐྱེན་གྱིས་ང་ལ་ཁོང་ཁྲོ་སླངས་ཡོད་དོ། 3ངས་ཡེ་རོ་བྷམ་ལ་བྱས་པ་ལྟར་ཁྱོད་དང་ཁྱོད་ཀྱི་ནང་མི་རྣམས་ལའང་མེད་པ་བཟོ་རྒྱུ་ཡིན་ནོ། 4ཁྱོད་ཀྱི་ནང་མི་གྲོང་ཁྱེར་ནང་ཤི་བ་ཚོ་ཁྱིས་ཟ་བ་དང་། ཐང་དུ་ཤི་བ་ཚོ་བྱ་རྒོད་ཀྱིས་ཟ་བར་བྱའོ། 5བྷ་ཤས་མཛད་པ་རྣམས་དང་ཁོང་གི་བློ་སྟོབས་ཆེན་པོའི་བྱ་བ་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 6བྷ་ཤ་གྲོངས་པ་དང་ཁོང་ཏིར་ཛཱ་རུ་དུར་དུ་སྦས་པའི་རྗེས་སུ་ཁོང་གི་བུ་ཨེ་ལཱ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ། 7བྷ་ཤས་གཙོ་བོ་དཀོན་མཆོག་གི་དྲུང་དུ་སྡིག་པ་གྱིས་པའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་ཡེ་ཧུ་བརྒྱུད་ནས་བྷ་ཤ་དང་ཁོའི་ནང་མི་རྣམས་ལ་བཀའ་གནང་བ་དེ་ཡེ་ཧུས་ཁོ་ལ་གསུངས་ཡོད་དོ། བྷ་ཤས་རྒྱལ་པོ་ཡེ་རོ་བྷོམ་གྱིས་སྡིག་པ་གྱིས་ནས་གཙོ་བོ་དཀོན་མཆོག་གི་ཐུགས་དཀྲུགས་པ་གཅིག་པུ་མ་ཡིན་པར། ཡེ་རོ་བྷོམ་གྱི་ནང་མི་ཚང་མ་བསད་པའི་རྐྱེན་གྱིས་ཁོང་གི་ཐུགས་དཀྲུགས་ཡོད་དོ༎

ཨིསི་རཱཨེལ་གྱི་རྒྱལ་པོ་ཨེ་ལཱ།

8ཡ་ཧུ་དཱའི་རྒྱལ་པོ་ཨ་སས་རྒྱལ་སྲིད་སྐྱངས་ནས་ལོ་ངོ་ཉི་ཤུ་རྩ་དྲུག་ སོང་བའི་སྐབས་སུ་བྷ་ཤའི་བུ་ཨེ་ལཱ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་བ་དང་། ཁོང་གི་ཏིར་ཛཱ་རུ་ལོ་གཉིས་རིང་རྒྱལ་སྲིད་སྐྱངས་སོ། 9ཁོང་གི་འགན་འཁུར་བ་ཛིམ་རི་བྱ་བ་རྒྱལ་པོའི་ཤིང་རྟ་འཁོར་ལོ་ཕྱེད་ཀའི་དོ་དམ་པ་ཡིན་པ་དེས་ཁོང་ལ་བྱུས་ངན་བརྩམ་མོ། ཉིན་ཞིག་ཏིར་ཛཱ་རུ་ཨེ་ལཱའི་ཕོ་བྲང་གི་དོ་དམ་པ་ཨར་ཛ་ཞེས་པ་དེའི་ཁྱིམ་དུ་རྒྱལ་པོ་ཨེ་ལས་ཆང་ར་བཟི་བཟི་འཐུང་བཞིན་ཡོད་སྐབས་སུ། 10ཛིམ་རི་ཁང་པའི་ནང་དུ་འཛུལ་ནས་ཨེ་ལཱ་བསད་ནས་ཁོས་རྒྱལ་སྲིད་བཟུང་ངོ། དེ་ནིི་ཡ་ཧུ་དཱ་པའི་རྒྱལ་པོ་ཨ་སས་རྒྱལ་སྲིད་སྐྱངས་ནས་ལོ་ཉི་ཤུ་རྩ་བདུན་འགྲོ་སྐབས་བྱུང་བ་ཡིན་ནོ། 11ཛིམ་རི་རྒྱལ་པོར་འགྱུར་མ་ཐག་ཏུ་བྷ་ཤའི་ནང་མི་ཚང་མ་བསད་པ་མ་ཟད། ཁོའི་གཉེན་མཚན་སྐྱེས་པ་དང་གྲོགས་པོ་ཚང་མ་ཡང་བསད་དོ། 12དེ་ལྟར་གཙོ་བོ་དཀོན་མཆོག་གིས་བྷ་ཤའི་སྐོར་ལུང་སྟོན་པ་ཡེ་ཧུ་བརྒྱུད་ཇི་ལྟར་བཀའ་གནང་བ་ལྟར་ཛིམ་རིས་བྷ་ཤའི་ནང་མི་ཚང་མ་བསད་དོ། 13གང་ལགས་ཟེར་ན། དེ་ཚོས་སྐུ་འདྲར་མཆོད་པ་མ་ཟད། ཨིསི་རཱཨེལ་པ་ཚོ་ལ་ཡང་དེ་ལྟར་བྱེད་བཅུག་པའི་རྐྱེན་གྱིས་བྷ་ཤ་དང་ཁོང་གི་བུ་ཨེ་ལཱས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་སླངས་ཡོད་པ་ཡིན་ནོ། 14ཨེ་ལའི་མཛད་པ་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བྲིས་ཡོད་དོ༎

ཨིསི་རཱཨེལ་གྱི་རྒྱལ་པོ་ཛིམ་རི།

15ཡ་ཧུ་དཱའི་རྒྱལ་པོ་ཨ་སས་རྒྱལ་སྲིད་སྐྱངས་ནས་ལོ་ངོ་ཉི་ཤུ་རྩ་བདུན་སྐབས་སུ། ཏིར་ཛཱ་རུ་ཛིམ་རིས་ཨིསི་རཱཨེལ་པའི་སྟེང་དུ་ཉིན་བདུན་རིང་རྒྱལ་སྲིད་སྐྱངས་སོ། ཨིསི་རཱཨེལ་གྱི་དམག་དཔུང་གིས་ཕེ་ལེ་ཤེད་ཀྱི་གྲོང་ཁྱེར་གྷི་བེ་ཐོན་མཐའ་བསྐོར་ནས་བསྡད་བཞིན་པའི་སྐབས་སུ། 16ཛིམ་རིས་རྒྱལ་པོར་བྱུས་ངན་བརྩམས་ནས་ཁོང་དཀྲོངས་པའི་སྐོར་དེ་ཚོས་ཐོས་པ་དང་། དེ་ཚོས་རང་གི་དམག་སྤྱི་ཨོམ་རི་ཟེར་བར་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོས་ནས་གསལ་སྒྲགས་བྱས་སོ། 17ཨོམ་རི་དང་ཁོང་གི་དམག་དཔུང་ཚོས་གྷི་བེ་ཐོན་ནས་ཏིར་ཛཱ་ལ་མཐའ་བསྐོར་རོ། 18ཛིམ་རིས་གྲོང་ཁྱེར་ཤོར་བ་མཐོང་བ་དང་ཕོ་བྲང་ནང་གི་འཛིངས་རའི་ནང་ཕྱིན་ནས་ཕོ་བྲང་ལ་མེ་སྤར་ནས་རང་ཉིད་ཡང་མེ་ལྕེའི་ནང་འཆིའོ། 19ཁོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པའི་རྐྱེན་གྱི་རྐྱེན་ངན་འདི་བྱུང་བ་ཡིན་ནོ། སྔོན་གྱི་ཡེ་རོ་བྷམ་ལྟར་ཁོ་རང་གི་སྡིག་པ་བྱས་པ་མ་ཟད། ཨིསི་རཱཨེལ་པ་ཚོ་ལ་ཡང་དེ་ལྟར་བྱེད་བཅུག་ནས་གཙོ་བོ་དཀོན་མཆོག་ཐུགས་དཀྲུགས་པ་ཡིན་ནོ། 20ཛིམ་རིས་མཛད་པའི་ལོ་རྒྱུས་རྣམས་དང་བྱུས་ངན་བརྩམས་པ་བཅས་ཨིསི་རཱཨེལ་གྱི་གྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བྲིས་ཡོད༎

ཨིསི་རཱཨེལ་གྱི་རྒྱལ་པོ་ཨོམ་རི།

21ཨིསི་རཱཨེལ་གྱིས་མི་མང་རྣམས་ཚོགས་ཁག་གཉིས་སུ་གྱེས་ནས་ཁོ་ཚོ་འགའ་ཞིག་གིས་གྷི་ནད་ཀྱི་བུ་ཏིབ་ནི་ལ་རྒྱལ་པོར་བསྐོས་འདོད་ཡོད་པ་དང་། ཚོགས་ཁག་གཞན་དེ་ནི་ཨོམ་རིའི་ཕྱོགས་སུ་ཡོད་དོ། 22མཐའ་མར་ཨོམ་རིའི་ཕྱོགས་སུ་ཡོད་མཁན་ཚོ་རྒྱལ་བ་དང་ཏིབ་ནི་འཆི་ནས་ཨོམ་རི་རྒྱལ་པོར་འགྱུར་རོ། 23དེ་ལྟར་ཡ་ཧུ་དཱ་པའི་རྒྱལ་པོ་ཨ་སས་རྒྱལ་སྲིད་བཟུང་ནས་ལོ་གསུམ་ཅུ་སོ་གཅིག་སོང་སྐབས་སུ། ཨོམ་རི་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་བ་དང་ལོ་བཅུ་གཉིས་རིང་རྒྱལ་སྲིད་བསྐྱངས་སོ། སྔོན་གྱི་ལོ་དྲུག་རིང་ཏིར་ཛཱ་རུ་རྒྱལ་སྲིད་བསྐྱངས་སོ། 24དེ་ནས་ཁོས་ཤེ་མེར་ཟེར་བའི་མི་ནས་ས་མར་ཡའི་རི་དེ་དངུལ་དུམ་བུ་ ༦,༠༠༠ སྤྲད་ནས་ཉོས་སོ། དེ་ནས་དེའི་ཁར་ཨོམ་རིས་རི་དེའི་སྟེང་མཁར་རྫོང་དང་གྲོང་ཁྱེར་བཟོས་པ་དང་། ཐོག་མའི་རི་དེའི་བདག་པོ་ཤེ་མེར་གྱི་མིང་གི་རྗེས་སུ་ས་མར་ཡ་ཞེས་མིང་བཏགས་སོ། 25ཨོམ་རིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྔོན་གྱི་རྒྱལ་པོ་ཚང་མ་ལས་ལྷག་པའི་སྡིག་པ་གྱིས་ཡོད་དོ། 26སྔོན་གྱི་ཡེ་རོ་བྷམ་ལྟར་རང་གི་སྡིག་པ་གྱིས་པ་མ་ཟད། མི་མང་ཚོ་ལ་ཡང་འདྲ་སྐུར་ཕྱག་མཆོད་བྱེད་བཅུག་ནས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་ཐུགས་ཁྲོ་བསླངས་སོ། 27ཨོམ་རིའི་མཛད་པ་རྣམས་དང་ཁོང་གི་བྱས་རྗེས་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བྲིས་ཡོད་དོ། 28ཨོམ་རི་གྲོངས་ནས་ས་མར་ཡ་རུ་དུར་དུ་སྦས་པའི་རྗེས་སུ་ཁོང་གི་བུ་ཨ་ཧབ་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

ཨིསི་རཱཨེལ་གྱི་གྱལ་པོ་ཨ་ཧབ།

29ཡ་ཧུ་དཱའི་རྒྱལ་པོ་ཨ་སས་རྒྱལ་སྲིད་བཟུང་ནས་ལོ་གསུམ་བཅུ་སོ་བརྒྱད་སོང་བའི་སྐབས་སུ། ཨོམ་རིའི་བུ་ཨ་ཧབ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་བ་དང་ཁོང་གིས་ས་མར་ཡ་རུ་ལོ་ཉི་ཤུ་རྩ་གཉིས་རིང་རྒྱལ་སྲིད་བསྐྱངས་སོ། 30ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྔོན་གྱི་རྒྱལ་པོ་ཚང་མ་ལས་ལྷག་པའི་སྡིག་པ་གྱིས་ཡོད་དོ། 31ཁོང་གིས་རྒྱལ་པོ་ཡེ་རོབ་ཨམ་གྱི་གྱིས་པའི་སྡིག་པ་ལས་འགལ་ཏེ་ད་རུང་ཁོང་གིས་སི་དོན་གྱི་རྒྱལ་པོ་ཨེད་བྷལ་གྱི་བུ་མོ་ཡེ་ཛི་བྷེལ་དང་ཆང་ས་བརྒྱབ་པ་མ་ཟད། བྷལ་ལ་མཆོད་པའི་ཕྱིར་རོ། 32ཁོང་གིས་ས་མར་ཡ་རུ་བྷལ་ལ་ལྷ་ཁང་ཞིག་བཞེངས་པ་དང་། དེ་ལ་མཆོད་ཁྲི་ཞིག་བཟོས་ནས་ལྷ་ཁང་དེའི་ནང་བཞག་གོ 33ཁོང་གིས་ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་ཞིག་ཀྱང་དེར་བཞག་གོ ཁོང་གིས་ཨིསི་རཱཨེལ་གྱི་སྔོན་གྱི་རྒྱལ་པོ་ཚང་མ་ལས་ལྷག་པའི་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་ཐུགས་ཁྲོ་བསླངས་སོ། 34ཁོང་གི་སྐུ་དུས་སུ་བྷེ་ཐེལ་པ་ཧི་ཨེལ་གྱིས་ཡེ་རི་ཀོའི་གྲོང་ཁྱེར་སྐྱར་གསོ་གནང་བ་དང་། ཁོང་གིས་ཡེ་རི་ཀོའི་རྨང་གཞི་གཏིང་སྐབས་ཁོང་གི་བུ་རྒན་པ་ཨ་བྷི་རམ་ཤི་བ་དང་། རྒྱལ་སྒོ་བཟོ་སྐབས་བུ་ཆུང་བ་སེ་གུབ་ཟེར་བ་དེ་ནི་ཤིའོ། གཙོ་བོ་དཀོན་མཆོག་གིས་ནུན་གྱི་བུ་ཡོ་ཤུ་ཨ་བརྒྱུད་ལུང་བསྟན་གནང་བ་ལྟར་སྒྲུབས་པ་ཡིན་ནོ༎

རྒྱལ་རབས་དང་པོ། 17

ཨེ་ལི་ཡཱ་དང་ཐན་པ།

1གྷིལ་ཨད་ཀྱི་ཊིཤི་བྷི་ནས་ཡིན་པ་ལུང་སྟོན་པ་ཨེ་ལི་ཡཱས་རྒྱལ་པོ་ཨ་ཧབ་ལ་ངས་ཞབས་ཞུ་བའི་འཚོ་བཞིན་པའི་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་མཚན་ཐོག་ཁྱོད་ལ་བརྗོད་རྒྱུར། རྗེས་མ་ལོ་གཉིས་སམ་གསུམ་རིང་ངས་མ་སྨྲས་པའི་བར་དུ་ཟིལ་པ་དང་ཆར་པ་འབབ་པར་མི་འགྱུར་གསུངས་སོ། 2གཙོ་བོ་དཀོན་མཆོག་གིས་ཨེ་ལི་ཡཱ་ལ་བཀའ་གནང་བ་ནི། 3ས་གནས་འདི་སྤངས་ནས་ཡོར་དན་གྱི་ཤར་ཕྱོགས་སུ་སོང་ལ་རྒྱུགས་ཆུ་ཀེ་རིད་དུ་ཡིབ་ནས་སྡོད་ཅིག 4ཁྱོད་ལ་རྒྱུགས་ཆུ་ནས་འཐུང་ཆུ་ཡོང་བ་དང་། ངས་ཕོ་རོག་ལ་ཁྱོད་གྱི་ཁ་ཟས་འཁྱེར་ཡོང་དགོས་པའི་བཀའ་བཏང་ཡོད། 5ཨེ་ལི་ཡཱས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་པ་དང་ས་གནས་དེར་ཕྱིན་ནས་ཀེ་རིད་ཀྱི་རྒྱུགས་ཆུ་ཡོང་སར་བསྡད་དོ། 6ཁོས་རྒྱུགས་ཆུ་ནས་ཆུ་འཐུང་བ་དང་ཕོ་རོག་ཚོས་རྒྱུན་དུ་སྔ་དགོང་གཉིས་ལ་བག་ལེབ་དང་ཤ་འཁྱེར་ཡོང་ངོ་། 7ནམ་ཞིག་གི་རྗེས་སུ་ཆར་པ་མ་བཏང་བའི་རྐྱེན་གྱིས་གྱུགས་ཆུ་དེ་བསྐམས་སོ༎

ཨེ་ལི་ཡཱ་དང་ཛ་རེ་ཕད་ལ་ཡོད་པའི་ཡུག་མོ།

8དེ་ནས་གཙོ་བོ་དཀོན་མཆོག་གིས་ཨེ་ལི་ཡཱ་ལ་བཀའ་གནང་བ། 9ད་ལྟ་སི་དོན་གྱི་ཉེ་འགྲམ་དུ་ཛ་རེ་ཕད་ཀྱི་གྲོང་ཁྱེར་དུ་སོང་ནས་དེར་སྡོད་ཅིག ངས་དེར་སྡོད་མཁན་ཡུག་མོ་ཞིག་ལ། ཁྱོད་ལ་ཁ་ཟས་སྤྲོད་དགོས་ཅེས་ངས་སྨྲས་ཡོད་ཅེས་སོ། 10དེ་ནས་ཨེ་ལི་ཡཱ་ལངས་ནས་ཛ་རེ་ཕད་དུ་ཕྱིན་ནས་ཁོ་གྲོང་ཁྱེར་གྱི་རྒྱལ་སྒོར་སླེབས་པ་དང་། ཡུག་མོ་ཅིག་གིས་མེ་ཤིང་སྒྲུག་བཞིན་པ་མཐོང་བས། ཁོས་མོ་ལ། ང་ལ་ཆུ་ཞིག་གནང་རོགས་ཅེས་སྨྲས་སོ། 11མོས་ཆུ་ལེན་པར་འགྲོ་སྐབས། ཡང་སྐྱར་ཁོས་བོས་ནས་ང་ལ་བག་ལེབ་ཡང་ཕྲན་བུ་འཁྱེར་ཡོང་རོགས་གནང་ཞེས་སྨྲས་སོ། 12མོས་ལན་དུ། ངས་འཚོ་བཞིན་པའི་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་གི་མཚན་ནས་མནའ་བསྐྱེལ་རྒྱུར་ང་ལ་བག་ལེབ་ནི་མེད། ང་ལ་གང་ཡོད་པ་དེ་ནི་ཕོར་པའི་ནང་གྲོ་ཞིབ་སྦར་ར་གང་དང་སྣོད་ནང་སྐྱུ་རུའི་སྣུམ་ཐིག་པ་གཅིག་མ་གཏོགས་མེད། ང་འདིར་མེ་ཤིང་ཕྲན་བུ་སྒྲུག་ནས་ཁྱིམ་དུ་འཁྱེར་ནས་ངའི་བུ་དང་ང་གཉིས་ཀྱི་ཕྱིར་དུ་ཁ་ཟས་བཟོ་བའི་ཕྱིར་ཡོང་བ་ཡིན། དེ་ནི་ང་ཚོའི་ཟས་ཀྱི་མཐའ་མ་དེ་ཡིན་པ་དང་། དེ་རྗེས་ང་ཚོ་ལྟོགས་ནས་འཆི་བར་འགྱུར་རོ། 13དེ་ནས་ཨེ་ལི་ཡཱས། མོ་ལ་ཁྱོད་རང་སེམས་ཁྲལ་མ་བྱེད་ཅིག། སོང་ལ་ཐོག་མར་ཁྱོད་ལ་གང་ཡོད་པ་དེ་ནས་ང་ལ་བག་ལེབ་ཆུང་ཆུང་ཞིག་བཟོས་ནས་ངའི་སར་འཁྱེར་ཤོག དེ་འཕྲོད་ཁྱོད་རང་དང་བུའི་ཆེད་དུ་བཟོས་ཤིག 14གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གི་བཀའ་གནང་བ་འདི་སྐད་དུ། གཙོ་བོ་དཀོན་མཆོག་གིས་ཆར་པ་མ་བཏང་བའི་སྔོན་ལ་གྲོ་ཞིབ་དང་སྣུམ་རྫོགས་མི་ཡོང་ཞེས་གསུངས་སོ། 15བུད་མེད་དེ་ཕྱིན་ནས་ཨེ་ལི་ཡཱས་གསུངས་པ་ལྟར་བྱས་པ་དང་། ཁོ་ཚོར་ཉིན་མང་པོའི་རིང་ཁ་ཟས་འདང་ངོ། 16གཙོ་བོ་དཀོན་མཆོག་གིས་ཨེ་ལི་ཡཱ་བརྒྱུད་བཀའ་གནང་བ་ལྟར་ཕོར་པའི་གྲོ་ཞིབ་དང་སྣོད་ཀྱི་སྣུམ་མ་རྫོགས་སོ། 17ཉིན་ཤས་རྗེས་ལ་བུད་མེད་དེའི་བུ་ན་ནས། ནད་དེ་ཇི་སྡུག་ཏུ་ཕྱིན་ནས་མཐར་ཁོ་ཤི་བ་ཡིན་ནོ། 18དེ་ནས་མོས་ཨེ་ལི་ཡཱ་ལ། དཀོན་མཆོག་གི་སྐྱེ་བུ་ཁྱེད་ཀྱིས་འདི་ལྟར་ཅིའི་ཕྱིར་མཛད་པ་ཡིན་ནམ། དཀོན་མཆོག་ལ་ངའི་སྡིག་པ་དྲན་གསོ་གནང་ནས་ངའི་བུ་འཆི་རུ་བཅུག་པའི་ཕྱིར་ཁྱེད་འདིར་ཕེབས་པ་ཡིན་ནམ་ཞེས་ཞུས་པས། 19ཨེ་ལི་ཡཱས་བུ་དེ་ང་ལ་སྤྲོད་ཅིག་གསུངས་ནས། ཁོང་གིས་བུ་དེ་མོའི་ལག་ནས་བླངས་ཏེ་ཐོག་ཁའི་ཁང་མིག་བཞུགས་ས་དེར་འཁུར་ནས། ཉལ་ཁྲིའི་སྟེང་དུ་བཞག་གོ། 20དེ་ནས་ཁོང་གིས་གསུངས་སྐད་ཆེན་པོས། ཀྱེ་གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་ཁྱེད་ཀྱིས་བུད་མེད་འདི་ལ་བྱ་བ་ཐབས་སྡུག་འདི་ལྟ་བུ་ཞིག་ཅིའི་ཕྱིར་གནང་བ་ཡིན་ནམ། མོས་ང་ལ་བལྟ་སྐྱོང་དང་བྱམས་བརྩེ་བྱས་ཡོད་པ་དང་། ད་ཆ་ཁྱེད་ཀྱིས་མོའི་བུ་འཆི་རུ་བཅུག་པ་གནང་ངོ་ཞེས་ཞུས་སོ། 21དེ་ནས་ཨེ་ལི་ཡཱས་རང་ཉིད་ཀྱི་ལུས་པོ་བུ་དེའི་སྟེང་དུ་ཐེངས་གསུམ་འགབ་ནས་ཀྱེ་གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་ཕྲུ་གུ་འདིའི་སྲོག་དེ་སྐྱར་དུ་གནང་རོགས་ཞེས་སྨོན་ལམ་བཏབ་བོ། 22གཙོ་བོ་དཀོན་མཆོག་གིས་ཨེ་ལི་ཡཱས་སྨོན་ལམ་ལ་གསན་ནས་ཕྲུ་གུ་དེས་ཡང་སྐྱར་དབུགས་འཐེན་པ་དང་སླར་གསོན་པོར་འགྱུར་རོ། 23དེ་ནས་ཨེ་ལི་ཡཱས་བུ་དེ་ཨ་མའི་སར་མར་འོག་ཏུ་འཁྲིད་ནས། མོ་ལ་ལྟོས་ཤིག། ཁྱོད་ཀྱི་བུ་གསོན་པོར་ལངས་ཡོད་དོ་ཅེས་སྨྲས་སོ། 24ལན་དུ་མོས། ད་ངས་ཁྱེད་རང་དཀོན་མཆོག་གི་སྐྱེས་བུ་ཞིག་ཡིན་པ་མ་ཟད། གཙོ་བོ་དཀོན་མཆོག་གི་བཀའ་དེ་ཁྱེད་བརྒྱུད་ནས་དངོས་སུ་གནང་གི་ཡོད་པ་དེ་ཤེས་སོ༎

རྒྱལ་རབས་དང་པོ། 18

ཨེ་ལི་ཡཱ་དང་བྷལ་གྱི་ལུང་སྟོན་པ་རྣམས།

1ཐེན་པ་བྱུང་ནས་ཉིན་མང་པོའི་རྗེས་སུ་ལོ་གསུམ་པའི་ཐོག་གཙོ་བོ་དཀོན་མཆོག་གིས་ཨེ་ལི་ཡཱ་ལ། ཁྱོད་རང་རྒྱལ་པོ་ཨ་ཧབ་ཀྱི་སར་སོང་ནས་སྟོན་ཞིག ངས་ཆར་པ་གཏོང་གི་ཡིན་ཞེས་སྨྲོས་ཤིག་གསུངས་པས། 2དེར་བརྟེན་ཨེ་ལི་ཡཱ་ཕྱིར་སོང་ངོ། དེའི་སྐབས་སུ་ས་མར་ཡ་རུ་མུ་གེ་ཆེ་ཤོས་ཤིག་བྱུང་བ་ཡིན་ནོ། 3ཨ་ཧབ་ཀྱིས་ཕོ་བྲང་གི་འགོ་འཛིན་པ་ཨོ་བ་དི་ཡཱ་བྱ་བ་དེ་སྐད་བཏང་ངོ་། ཨོ་བ་དི་ཡཱ་གཙོ་བོ་དཀོན་མཆོག་ལ་ཤིན་ཏུ་དད་གུས་ཆེན་པོས་ཕྱག་མཆོད་བྱེད་མཁན་ཞིག་ཡིན་ནོ། 4ཡེ་ཛི་བྷེལ་གྱིས་གཙོ་བོ་དཀོན་མཆོག་གི་ལུང་སྟོན་པ་རྣམས་གསོད་སྐབས་སུ། ཨོ་བ་དི་ཡཱས་དེ་ཚོའི་ནང་ནས་གྲངས་བརྒྱ་ཐམ་པ་འཁྲིད་ནས་དེ་ཚོ་ལྔ་བཅུ་ལྔ་བཅུའི་ཚོ་གཉིས་བྱས་ནས་བྲག་ཕུག་ནང་སྦས་བཞག་ནས། དེ་ཚོ་ལ་ཁ་ཟས་དང་ཆུ་སྤྲད་ཡོད་པ་ཡིན་ནོ། 5ཨ་ཧབ་ཀྱིས་ཨོ་བ་དི་ཡཱ་ལ་ང་གཉིས་ངས་ཡུལ་གྱི་ཆུ་མིག་རྣམས་དང་རྒྱུགས་ཆུའི་ཉེ་འཁོར་གྱི་ས་ཆར་ང་ཚོའི་རྟ་དྲེལ་རྣམས་གསོན་པོར་གནས་ཕྱིར་འདང་ངེས་ཀྱི་རྩ་ཡོད་མེད་བལྟ་བར་འགྲོའོ། ཕལ་ཆེར་ང་ཚོས་སེམས་ཅན་གསོད་མི་དགོས་པ་ཡོང་སྲིད་ཀྱི་རེད་ཅེས་སྨྲས་སོ། 6ཡུལ་གྱི་ཆ་ཤས་གང་ཞིག་སུས་རྟགས་ཞིབ་བྱེད་དམ་ཞེས་དེའི་སྐོར་ལ་དེ་ཚོས་གྲོས་བྱེད་ཏེ་མུས་མཐུན་གྱི་ས་ཕྱོགས་སོ་སོར་ཁ་གྱེས་ནས་ཕྱིན་ནོ། 7ཨོ་བ་དི་ཡཱ་ཁོང་རང་ལམ་དུ་ཕེབས་པའི་སྐབས་བློ་བུར་དུ་ཨེ་ལི་ཡཱ་དང་འཕྲད་པས། ཨོ་བ་དི་ཡཱས་ཁོང་ངོ་ཤེས་ནས་ཁོང་ལ་ཕྱག་འཚལ་ཏེ། སྐུ་ཞབས་ཁྱེད་རང་ཨེ་ལི་ཡཱ་དངོས་ང་ཡིན་ནམ་ཞེས་བཀའ་དྲིས་ཞུས་པས། 8ཁོང་གིས་ལན་དུ། ཨེ་ལི་ཡཱ་ང་རང་ཡིན། སོང་ལ་ཁྱོད་ཀྱི་སྦྱིན་བདག་རྒྱལ་པོ་ལ་ང་འདིར་འདུག་ཅེས་སྨྲོས་ཤིག་གསུངས་སོ། 9ཨོ་བ་དི་ཡཱས་ལན་དུ། ངས་ཅི་བྱས་ཡོད་དམ། ཁྱེད་ཀྱིས་ང་ལ་རྒྱལ་པོ་ཨ་ཧབ་ཀྱིས་ང་གསོད་པའི་ཉེན་ཁའི་འོག་ཏུ་འཇོག་གནང་རྒྱུ། 10གསོན་པའི་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་དཔང་དུ་བཙུགས་ནས་མནའ་བསྐྱེལ་རྒྱུར། རྒྱལ་པོས་ཁྱེད་འཛམ་གླིང་གི་ཡུལ་གྲུ་ཚང་མར་འཚོལ་ཟིན་པ་ཡིན་པས། ཡུལ་གྱི་རྒྱལ་པོས་ཁྱེད་ཡུལ་དེར་མེད་ལུགས་ཀྱི་སྙན་གསེང་ཞུ་སྐབས། ཨ་ཧབ་ཀྱིས། རྒྱལ་པོ་དེས་ཁྱེད་རྙེད་མ་བྱུང་ཞེས་པའི་མནའ་བསྐྱེལ་དུ་བཅུགས་ཡོད་དོ། 11ད་ཆ་ཁྱེད་ཀྱི་ང་ཁོང་གི་སར་ཕྱིན་ནས་ཁྱེད་འདིར་ཡོད་ལུགས་སྐོར་ཞུ་བར་འདོད་པ་གནང་གི་ཡོད་དམ། 12ང་འདི་ནས་སོང་མ་ཐག་ཏུ་གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁྱེད་ལ་ངོ་མ་ཤེས་པའི་ས་ཁུལ་དུ་འཁྱེར་གནང་ན་ཅི་བྱུང་ཡོང་ངམ། དེ་ནས་ངས་ཨ་ཧབ་ལ་ཁྱེད་འདིར་ཡོད་ལུགས་ཞུས་པ་དང་། ཁོང་གིས་ཁྱེད་ལ་མ་རྙེད་པ་ཡིན་ན་ཁོང་གིས་ང་ལ་གསོད་པར་གནང་ངོ་། ང་ནི་ཕྲུ་གུའི་དུས་ནས་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུ་མཁན་ཞིག་ཡིན་པ་དེ་དྲན་གསོས་པ་གནོང་ཞིག 13ཡེ་ཛི་བྷེལ་གྱིས་གཙོ་བོ་དཀོན་མཆོག་གི་ལུང་སྟོན་པ་རྣམས་གསོད་སྐབས་ངས་ཚོ་རེར་ལྔ་བཅུ་ཐམ་པ་བྱས་པའི་བསྡོམས་གྲངས་བརྒྱ་ཐམ་པ་བྲག་ཕུག་ནང་སྦས་པ་དང་། དེ་ཚོ་ལ་ཁ་ཟས་དང་ཆུ་སྤྲད་པ་ཁྱེད་ཀྱིས་གསན་མ་བྱུང་ངམ། 14དེ་ཡིན་ཙང་ཁྱེད་ཀྱིས་ད་ཕྱིན་ནས་རྒྱལ་པོར་ཁྱེད་འདིར་འདུག་ཅེས་ཞུ་དགོས་པའི་སྐོར་ལ་ཁྱེད་ཀྱི་བཀའ་ཇི་ལྟར་གནང་ཐུབ། ཁོང་གིས་ང་ངེས་པར་དུ་གསོད་རྒྱུ་ཡིན་ནོ། 15ལན་དུ་ཨེ་ལི་ཡཱས། ངས་ཞབས་ཕྱི་ཞུ་བཞིན་པའི་གསོན་པོའི་གཙོ་བོ་དཀོན་མཆོག་གི་དྲུང་དུ་དེ་རིང་ཉི་མ་ལ་རྒྱལ་པོ་ཨ་ཧབ་ཀྱི་དྲུང་དུ་འགྲོ་རྒྱུའི་དམ་བཅའ་ཕུལ་ཡོད་ཅེས་གསུངས་སོ། 16དེ་ནས་ཨོ་བ་དི་ཡཱ་རྒྱལ་པོ་ཨ་ཧབ་ཀྱི་དྲུང་དུ་ཕྱིན་ནས་ཁོང་ལ་ཞུས་པ། ཨ་ཧབ་རང་ཉིད་ཨེ་ལི་ཡཱ་དང་འཕྲད་དུ་ཕེབས་ནས། 17ཨ་ཧབ་ཀྱིས་ཁོང་ལ་མཐོང་མ་ཐག་ཏུ། ཨིསི་རཱཨེལ་པར་དཀའ་ངལ་ཆེ་ཤོས་བཟོ་མཁན་ཁྱོད་དེར་ཡོད་དམ་ཞེས་སྨྲས་པས། 18ལན་དུ་ཨེ་ལི་ཡཱས། དཀའ་ངལ་བཟོ་མཁན་དེ་ང་མ་ཡིན། དེ་ནི་ཁྱོད་དང་ཁྱོད་ཀྱི་ཕ་ཡིན། ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་རྒྱར་མ་རྩིས་པར་ལྷ་བྷལ་གྱི་འདྲ་སྐུ་རྣམས་ལ་མཆོད་པའི་རྐྱེན་གྱིས་ཡིན་ནོ། 19ད་ཨིསི་རཱཨེལ་གྱི་མི་མང་རྣམས་ནས་རི་བོ་ཀར་མེལ་དུ་ང་དང་ཐུགས་འཕྲད་དགོས་པའི་བཀའ་གཏོང་ཞིག དེ་ཚོ་མཉམ་དུ་བྷལ་གྱི་ལུང་སྟོན་པ་ ༤༥༠ དང་། བཙུན་མོ་ཡེ་ཛི་བྷེལ་གྱིས་འཚོ་སྐྱོངས་བྱེད་པའི་ལྷ་མོ་ཨ་ཤེ་རཱའི་ལུང་སྟོན་པ་ ༤༠༠ འཁྲིད་ཤོག་ཅེས་གསུངས་སོ། 20དེའི་རྐྱེན་གྱིས་ཨ་ཧབ་ཀྱིས་ཨིསི་རཱཨེལ་པ་རྣམས་དང་བྷལ་གྱི་ལུང་སྟོན་པ་ཚོ་རི་བོ་ཀར་མེལ་ལ་ཡོང་དགོས་པའི་བརྡ་བཏང་ངོ་། 21ཨེ་ལི་ཡཱས་མི་མང་སར་ཕེབས་ནས། ཁྱོད་རང་ཚོ་ག་དུས་བར་དུ་ཐེ་ཚོམ་ངང་བསྡད་དམ། གཙོ་བོ་དཀོན་མཆོག་དེ་དཀོན་མཆོག་ཡིན་ན་ཁོང་ལ་མཆོད་པ་ཕུལ་ཞིག ཡང་ན་བྷལ་དཀོན་མཆོག་ཡིན་ན་དེ་ལ་མཆོད་པ་ཕུལ་ཞིག་ཅེས་གསུངས་སོ། འོན་ཀྱང་མི་མང་ནས་ཚིག་གཅིག་ཀྱང་མ་སྨྲས་སོ། 22དེ་ནས་ཨེ་ལི་ཡཱས། ང་གཅིག་པོ་གཙོ་བོ་དཀོན་མཆོག་གི་ལུང་སྟོན་པ་ལྷག་ཡོད་དོ། འོན་ཀྱང་འདིར་བྷལ་གྱི་ལུང་སྟོན་པ་ ༤༠༠ ཡོད་དོ། 23དེ་ནས་གླང་གཉིས་འཁྱེར་ཤོག། བྷལ་གྱི་ལུང་སྟོན་པ་ཚོར་གླང་གཅིག་སྤྲོད་ལ་དེ་བསད་དེ་དུམ་བུར་བཏུབ་ནས་ཤིང་གི་སྟེང་དུ་བཞག་ནས་དེ་ལ་མེ་མ་སྤར་ཞིག ངས་གླང་གཞན་པ་དེ་ལ་ཡང་དེ་ལྟར་བྱེད་རྒྱུ་ཡིན་ནོ། 24དེ་ནས་བྷལ་གྱི་ལུང་སྟོན་པ་ཚོར་རང་གི་དཀོན་མཆོག་ལ་སྨོན་ལམ་འདེབས་བཅུག་ལ། ངས་ཀྱང་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་འདེབས་རྒྱུ་ཡིན་པ་དང་། མེ་སྤར་བ་གནང་མཁན་དེ་དཀོན་མཆོག་ཁོ་རང་ཡིན་ཞེས་གསུངས་སོ། མི་མང་རྣམས་མོས་མཐུན་བྱས་ནས་སྐད་འབོད་བྱས་སོ། 25དེ་ནས་ཨེ་ལི་ཡཱས་བྷལ་གྱི་ལུང་སྟོན་པ་ཚོར། ཁྱོད་ཚོ་ཧ་ཅང་མང་བའི་རྐྱེན་གྱིས། དང་པོར་ཁྱོད་ཚོས་གླང་ཞིག་གྲ་སྒྲིགས་བྱས་ནས། ཁྱོད་ཚོའི་དཀོན་མཆོག་ལ་གསོལ་བ་བཏབ་ཅིག་འོན་ཀྱང་ཤིང་ལ་མེ་མ་སྤར་ཞིག་ཅེས་གསུངས་སོ། 26དེ་ཚོས་ཁོང་ཚོའི་སར་འཁྱེར་ཡོང་བའི་གླང་གཅིག་བླངས་ནས་གྲ་སྒྲིགས་བྱས་པ་དང་། སྔ་དྲོ་ནས་ཉིན་གུང་བར་དུ་བྷལ་ལ་སྨོན་ལམ་བཏབ་བོ། དེ་ཚོས་བྷལ་ང་ཚོའི་ཞུ་བར་གསན་རོགས་གནང་ཞེས་སྐད་འབོད་བྱེད་པ་དང་། དེ་ཚོས་བཞེངས་པའི་མཆོད་ཁྲིའི་མཐའ་འཁོར་དུ་ཞབས་བྲོ་རྒྱབ་བཞིན་བསྡད་དོ། འོན་ཀྱང་ལན་འདེབས་གང་ཡང་མ་བྱུང་ངོ་། 27ཉིན་གུང་སྐབས་སུ་ཨེ་ལི་ཡཱས་དེ་ཚོ་ལ་སྨད་ར་བཏང་ཞིང་སྨྲས་པ། ཁོང་ནི་དཀོན་མཆོག་རེད། ཁྱོད་ཚོས་སྐད་ཤུགས་ཆེན་པོས་སྨོན་ལམ་ཐོབ་ཅིག ཕལ་ཆེར་ཁོང་ཉིན་མོ་རྨི་ལམ་མཐོང་གི་ཡོད་དམ། ཡང་ན་ངལ་གསོ་གི་ཡོད་དམ། ཕྱོགས་ལ་ཐོན་གནང་བ་ཡིན་ནམ། ཡང་ན་ཁོང་མནལ་གཟིམས་བཞིན་ཡོད་འགྲོ། ཁྱོད་ཚོས་ཁོང་ལ་མནལ་སད་ཅིག་ཅེས་གསུངས་སོ། 28དེར་བརྟེན་ལུང་སྟོན་པ་ཚོས་ད་དུང་སྐད་ཤུགས་ཆེན་པོས་སྨན་ལམ་བཏབ་ནས་རང་གི་སྲོལ་ལྟར་རང་གིས་རང་ལ་གྲི་དང་ལྟབ་གྲིས་ཁྲག་མ་ཐོན་བར་དུ་བཤག་གོ 29དེ་ནས་ཉིན་གུང་ཡོལ་བའི་མཚམས་སུ་ཅ་ཅོ་དང་ངར་སྐད་འདོན་ནོ། འོན་ཀྱང་ལན་འདེབས་མ་བྱུང་བ་མ་ཟད་སྒྲ་ཙམ་ཡང་མ་བྱུང་ངོ། 30དེ་ནས་ཨེ་ལི་ཡཱས་མི་མང་ལ་ངའི་ཉེ་འགྲམ་དུ་ཤོག་གསུངས་པ་དང་དེ་ཚོ་ཚང་མ་ཁོང་གི་མཐའ་འཁོར་དུ་བསྡད་དོ། ཁོང་གིས་གཙོ་བོ་དཀོན་མཆོག་གི་མཆོད་ཁྲི་གཞིགས་རལ་དུ་སོང་བ་དེ་ཉམས་གསོ་གནང་ངོ་། 31ཁོང་གིས་ཡ་ཀོབ་ཀྱི་བུ་ཚོའི་མིང་གི་རྗེས་སུ་བཏགས་པའི་རིགས་བརྒྱུད་བཅུ་གཉིས་ལ། སྐྱེ་བོ་རེར་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་མིང་གནང་བ་རིགས་བརྒྱུད་རེར་མཚོན་བརྒྱུད་རྡོ་བཅུ་གཉིས་བླངས་སོ། 32ཁོང་གིས་རྡོ་དེ་ཚོ་བླངས་ཏེ་གཅོ་བོ་དཀོན་མཆོག་གི་མཆོད་ཁྲི་དེ་སྐྱར་བཞེངས་གནང་ངོ་། དེའི་མཐའ་འཁོར་དུ་ཁོང་གིས་ཆུ་ལི་ཀྲར་བཅུ་བཞི་ཙམ་ཤོང་བའི་ཡུར་བ་ཞིག་བྲུས་སོ། 33དེ་ནས་ཁོང་གིས་མཆོད་ཁྲིའི་སྟེང་དུ་ཤིང་རྣམས་བཞག་ནས་གླང་དེ་དུམ་བུར་བཏུབ་ནས་ཤིང་གི་སྟེང་དུ་བཞག་ནས་ཁོང་གིས་གསུངས་པ། བུམ་པ་བཞི་ཆུས་བཀང་ནས་འབུལ་བ་དང་བཅས་ཤིང་གི་སྟེང་དུ་བླུག་ཅིག་གསུངས་པས། དེ་ཚོས་དེ་བཞིན་དུ་བྱས་སོ། 34ཁོང་གིས་དེ་བཞིན་ཡང་སྐྱར་བྱོས་ཤིག་གསུངས་པས། དེ་ཚོས་དེ་ལྟར་བྱས་སོ། ཁོང་གིས་ཡང་སྐྱར་ཐེངས་གཅིག་བྱོས་ཤིག་གསུངས་པ་དང་། དེ་བཞིན་དེ་ཚོས་བྱས་སོ། 35མཆོད་ཁྲིའི་མཐའ་འཁོར་ནས་ཆུ་རྒྱུགས་པས་ཡུར་བ་དེ་ཁེངས་སོ། 36ཉིན་གུང་གི་དམར་མཆོད་འབུལ་བའི་སྐབས་སུ་ལུང་སྟོན་པ་ཨེ་ལི་ཡཱ་མཆོད་ཁྲིའི་སར་ཕེབས་ནས་སྨོན་ལམ་བཏབ་ཅིང་། ཀྱེ་གཙོ་བོ་དཀོན་མཆོག་ཨབ་ར་ཧ་མ་དང་། ཨི་སཱག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ད་ལྟ་རང་ཁྱེད་ཨིསི་རཱཨེལ་གྱི་དཀོན་མཆོག་ཡིན་པ་དང་། ང་ཁྱེད་ཀྱི་ཞབས་ཕྱི་ཡིན་པ་དང་། ངས་ད་ལྟ་གང་བྱས་ཡོད་པ་དེ་ཁྱེད་ཀྱི་བཀའ་ལྟར་གྱིས་ཡོད་པས་ཁུངས་སྐྱེལ་གནང་ནས། 37ང་ལ་ལན་འདེབས་གནང་རོགས་གནང་། གཙོ་བོ་དཀོན་མཆོག་ང་ལ་ལན་འདེབས་གནང་རོགས་གནང་། གཙོ་བོ་དཀོན་མཆོག་ཁྱེད་རང་དཀོན་མཆོག་ཡིན་པ་དང་། ཁྱེད་ཀྱིས་དེ་ཚོར་ཉིད་ཀྱི་དྲུང་དུ་ཕྱིར་ལོག་འཁྲིད་ཕེབས་བཞིན་ཡོད་པ་དེ་མི་མང་ཚོས་ཤེས་པའི་ཕྱིར་ང་ལ་ལན་འདེབས་གནང་རོགས་ཤེས་སྨྲས་སོ། 38དེ་ནས་གཙོ་བོ་དཀོན་མཆོག་གིས་མེ་ཞིག་བཏང་གནང་བ་དང་། དེས་སྦྱིན་སྲེག་དང་ཤིང་དང་རྡོ་རྣམས་བསྲེག་པ་དང་། ས་ཚིག་པ་དང་ཡུར་བའི་ཆུ་དེ་ཡང་བསྐམས་སོ། 39མི་མང་ནས་དེ་རྣམས་མཐོང་བ་དང་ས་ལ་རང་གི་རང་ལ་ཁ་འབུབ་ནས་ཕྱག་འཚལ་ཏེ། གཙོ་བོ་དཀོན་མཆོག་དཀོན་མཆོག་ཡིན། གཙོ་བོ་དཀོན་མཆོག་གཅིག་པོ་དཀོན་མཆོག་རེད་ཅེས་སྐད་འབོད་བྱས་སོ། 40ཨེ་ལི་ཡས་བྷལ་གྱི་ལུང་སྟོན་པ་རྣམས་བཟུང་ཞིག དེ་ཚོ་གཅིག་ཀྱང་བྲོས་མ་བཅུག་ཅེས་བཀའ་གནང་བ་དང་། མི་མང་ནས་དེ་ཚོ་ཚང་མ་བཟུང་ནས། ཨེ་ལི་ཡས་ཆུ་བོ་ཀི་ཤོན་བར་དུ་འཁྲིད་ནས་དེར་ཚང་མ་བསད་དོ༎

ཐན་པ་རྫོགས་པ།

41དེ་ནས་ཨེ་ལི་ཡཱས་རྒྱལ་པོ་ཨ་ཧབ་ལ་ད་སོང་ལ་ཁ་ཟས་ཟ་ཞིག ཆར་པ་ཡོང་བས་སྒྲ་ཐོས་ཀྱི་འདུག་གསུངས་པས། 42ཨ་ཧབ་ཁ་ཟས་ཟ་བར་འགྲོ་སྐབས་སུ་ཨེ་ལི་ཡཱས་རི་བོ་ཀར་མེལ་གྱི་རྩེར་འཛེགས་ནས་དེར་རང་གི་མགོ་དེ་པུས་མོ་གཉིས་ཀྱི་བར་ལ་བཞག་ནས་ཕྱག་འཚལ་ལོ། 43རང་གི་གཡོག་པོར་ཁོང་གིས། སོང་ལ་རྒྱ་མཚོའི་ཕྱོགས་སུ་ལྟོས་ཤིག་གསུངས་སོ། གཡོག་པོ་དེ་ཕྱིན་ནས་ཚུར་ལོག་ཡོང་སྟེ་ངས་གང་ཡང་མཐོང་མ་བྱུང་ཞུས་པས། ཨེ་ལི་ཡཱས་བསྡོམས་ཐེངས་བདུན་ཁོ་ལ་སོང་ནས་ལྟོས་ཤིག་གསུངས་པས། 44ཐེངས་བདུན་པར་ཁོ་ཚུར་ཡོང་ནས་ངས་སྤྲིན་པ་ཆུང་ཆུང་མིའི་ལག་པ་ཙམ་ཞིག་རྒྱ་མཚོ་ནས་ཐོན་ཡོང་བཞིན་པ་མཐོང་བྱུང་ཞུས་སོ། དེ་ནས་ཨེ་ལི་ཡཱས་རང་གི་གཡོག་པོར། རྒྱལ་པོ་ཨ་ཧབ་སར་སོང་ལ་ཁོང་རང་གི་ཤིང་རྟ་འཁོར་ལོའི་ནང་བཞུགས་ནས་ཆར་པ་མ་ཡོང་བའི་སྔོན་དུ་ཁྱིམ་དུ་ལོག་དགོས་ཤེས་ཞུས་ཤིག 45དེ་རྗེས་ནམ་མཁར་སྤྲིན་གྱིས་འཐིབས་པ་དང་རླུང་འཚུབ་རྒྱབ་འགོ་འཚུགས་ཏེ་དྲག་ཆར་ཡང་བབས་འགོ་འཚུགས་སོ། ཨ་ཧབ་རང་གི་ཤིང་རྟ་འཁོར་ལོའི་ནང་བཞུགས་ནས་ཡེཛ་རིལ་བར་དུ་སོང་ངོ། 46གཙོ་བོ་དཀོན་མཆོག་གིས་མཐུ་སྟོབས་ཨེ་ལི་ཡཱའི་སྟེང་དུ་བབ་ནས། ཁོང་གིས་རང་གི་ན་བཟའ་རྐེད་པར་བཅིངས་ནས་ཨ་ཧབ་ཀྱི་སྔོན་སྔོན་དུ་ཡེཛ་རིལ་བར་དུ་རྒྱུགས་ནས་སོང་ངོ༎

རྒྱལ་རབས་དང་པོ། 19

ཨེ་ལི་ཡཱ་རི་བོ་སི་ནཨའི་སྟེང་དུ་ཕེབས་པ།

1རྒྱལ་པོ་ཨ་ཧབ་ཀྱིས་རང་གི་ཆུང་མ་ཡེ་ཛི་བྷེལ་ལ་ཨེ་ལི་ཡཱའི་མཛད་པ་རྣམས་དང་བྷལ་གྱི་ལུང་སྟོན་པ་རྣམས་ཇི་ལྟར་བསད་པའི་སྐོར་སྨྲས་པ་དང་། 2མོས་ཨེ་ལི་ཡཱ་ལ་སང་ཉིན་དུས་ཚོད་འདི་རང་ལ་ཁྱོད་ཀྱིས་ལུང་སྟོན་པ་ཚོར་ཇི་ལྟར་བྱས་པ་ལྟར་ངས་ཁྱོད་ལ་བྱས་མ་ཐུབ་པ་ཡིན་ན། ལྷ་ཚོས་ང་ལ་གསོད་གནང་བར་ཤོག་ཅེས་འཕྲིན་ཞིག་བཏང་ངོ་། 3དེ་ནས་ཨེ་ལི་ཡཱ་འཇིགས་ནས་རང་གི་སྲོག་སྐྱོབས་པའི་ཆེད་དུ་ཁོང་གི་རང་གི་གཡོག་པོ་འཁྲིད་ནས་ཡ་ཧུ་དཱའི་བྷིར་ཤེ་བྷ་རུ་བྲོས་སོ། གཡོག་པོ་དེ་བྷིར་ཤེ་བྷ་རུ་བཞག་ནས། 4ཨེ་ལི་ཡཱ་རང་ཉིད་ཉིན་གང་འབྲོག་སྟོང་དུ་གོམ་པ་རྒྱབ་ནས་ཕེབས་སོ། དེ་ནས་ཁོང་ཤིང་སྡོང་ཞིག་གི་གྲིབ་སིལ་འོག་ཏུ་བཞུགས་ནས་རང་ཉིད་འཆི་བར་འདོད་པས། ཁོང་གིས། ཀྱེ་གཙོ་བོ་དཀོན་མཆོག་ད་ང་བཟོད་ཐུབས་ས་མ་རེད། ངའི་སྲོག་བཞེས་རོགས་གནང་། ང་འཆི་བ་རང་སྒྲིག་ག་འདུག་ཞེས་གསོལ་འདེབས་གནང་ངོ་། 5ཁོང་ཤིང་སྡོང་གི་འོག་ཏུ་ཉལ་ནས། གཉིད་ཁུག་པ་དང་། གློ་བུར་དུ་ཕོ་ཉ་ཞིག་གིས་ཁོང་ལ་རེག་ནས་ད་ཡར་ལོངས་ལ་ཁ་ཟས་ཟ་ཞིག་གསུངས་པས། 6ཁོང་གིས་ཕར་ཚུར་གཟིགས་ནས་བག་ལེབ་ཞིག་དང་ཆུ་བུམ་པ་གང་ཁོང་གི་དབུའི་འགྲམ་ལ་ཡོད་པ་གཟིགས་ནས། ཁོང་གིས་དེ་རྣམས་ཟ་འཐུང་བྱས་ནས་ཡང་སྐྱར་གཉིད་ཁུག་གོ 7དེ་ནས་གཙོ་བོ་དཀོན་མཆོག་གི་ཕོ་ཉ་དེ་ཐེངས་གཉིས་པར་ཕེབས་ཏེ་གཉིད་སྐྲོག་ནས་ད་ཡར་ལོངས་ལ་ཁ་ཟས་ཟ་ཞིག དེ་མིན་ཁྱོད་ཀྱི་འགྲུལ་ལམ་དེ་ཧ་ཅང་ཐག་རིང་པོ་ཡོད་གསུངས་སོ། 8ཨེ་ལི་ཡཱ་ཡར་ལངས་ནས་ཟ་འཐུང་བྱས་ནས་ཁོང་རི་བོ་སི་ནཨའི་བར་ཉིན་བཞི་བཅུ་དང་མཚན་བཞི་བཅུའི་རིང་ཕེབས་ཐུབ་པའི་ནུས་སྟོབས་བྱུང་ངོ་། 9དེར་ཁོང་བྲག་ཕུག་ཞིག་ནང་དུ་མཚན་གང་བཞུགས་སོ། དེ་ནས་གློ་བུར་དུ་གཙོ་བོ་དཀོན་མཆོག་གིས་ཨེ་ལི་ཡཱ་ཁྱོད་འདིར་ག་རེ་བྱེད་བཞིན་ཡོད་ཅེས་བཀའ་གནང་ངོ་། 10ཁོང་གིས་གཙོ་བོ་དཀོན་མཆོག་ཀུན་དབང་ཅན་གྱི་དཀོན་མཆོག་ལ་ངས་རྒྱུན་དུ་ཁྱེད་རང་གཅིག་པོར་ཞབས་ཏོག་ཞུས་བཞིན་ཡོད་དོ། འོན་ཀྱང་ཨིསི་རཱཨེལ་གྱི་མི་མང་ཚོས་ཁྱེད་ཀྱི་ཞལ་ཆད་རྣམས་སྤངས་པ་དང་། ཁྱེད་ཀྱི་མཆོད་ཁྲི་རྣམས་བཤིགས་པ་དང་ཁྱེད་ཀྱི་ལུང་སྟོན་པ་ཚང་མ་བསད་དོ། ང་གཅིག་པོ་ལྷག་ཡོད་པ་དང་ཁོ་ཚོས་ང་ཡང་གསོད་ཐབས་བྱེད་བཞིན་འདུག་ཅེས་ཞུས་སོ། 11དེ་ནས་གཙོ་བོ་དཀོན་མཆོག་གིས། ཁོང་ལ་ཕྱི་རུ་སོང་ཞིག་རི་བོའི་རྩེར་ངའི་མདུན་དུ་ལོངས་ཤིག་གསུངས་སོ། དེ་ནས་གཙོ་བོ་དཀོན་མཆོག་དེ་བརྒྱུད་ཕེབས་ནས་རླུང་འཚུབ་དྲག་པོ་ཞིག་གཏོང་གནང་ངོ་། དེས་རི་བོ་རྣམས་ཤག་པ་དང་བྲག་རྣམས་དུམ་བུར་དུམ་བུར་བཟོས་སོ། འོན་ཀྱང་གཙོ་བོ་དཀོན་མཆོག་རང་ཉིད་རླུང་འཚུབ་དེའི་ནང་མེད་དོ། དེ་ནས་རླུང་འཚུབ་ཆད་པ་དང་ས་གཡོམ་ཞིག་བྱུང་ངོ་། འོན་ཀྱང་གཙོ་བོ་དཀོན་མཆོག་ས་གཡོམ་དེའི་ནང་མེད་དོ། 12ས་གཡོམ་དེའི་རྗེས་སུ་མེ་ཞིག་བྱུང་བ་དང་། མེ་དེའི་ནང་གཙོ་བོ་དཀོན་མཆོག་མེད་དོ། མེ་དེའི་རྗེས་སུ་སྐད་ཤབ་ཤོབ་ཞིག་བྱུང་ངོ་། 13ཨེ་ལི་ཡཱས་དེ་ཐོས་པ་དང་། རང་གི་གོས་ཀྱིས་གདོང་པ་བཀབ་ནས་ཕྱིར་ཐོན་ཞིང་བྲག་ཕུག་གི་འཛུལ་སྒོ་འགྲམ་དུ་ལངས་སོ། སྐད་ཞིག་གིས་ཨེ་ལི་ཡཱ་ཁྱོད་འདིར་གང་བྱེད་བཞིན་ཡོད་ཅེས་སྨྲས་སོ། 14ཁོང་གིས་ལན་དུ། གཙོ་བོ་དཀོན་མཆོག་ཀུན་དབང་ཅན་གྱི་དཀོན་མཆོག་ངས་རྒྱུན་དུ་ཁྱེད་རང་གཅིག་པོར་ཞབས་ཏོག་ཞུས་ཡོད། འོན་ཀྱང་ཨིསི་རཱཨེལ་གྱི་མི་མང་ཚོས་ཁྱེད་དང་མཉམ་དུ་བཞག་པའི་ཞལ་ཆད་རྣམས་སྤངས་པ་དང་། ཁྱེད་ཀྱི་མཆོད་ཁྲི་རྣམས་བཤིགས་པ་དང་ཁྱེད་ཀྱི་ལུང་སྟོན་པ་ཚང་མ་བསད་དོ། ང་གཅིག་པོ་ལྷག་ཡོད་པ་དང་ཁོ་ཚོས་ང་ཡང་གསོད་ཐབས་བྱེད་བཞིན་འདུག 15གཙོ་བོ་དཀོན་མཆོག་གིས། དྷ་མསེ་ཀསེ་ཀྱི་ཉེ་འགྲམ་དུ་ཡོད་པའི་མི་མེད་ལུང་སྟོང་དེར་ཕྱིར་ལོག་ཅིག དེ་ནས་གྲོང་ཁྱེར་དུ་འཛུལ་ནས་ཁྱོད་ཀྱིས་ཧ་ཛ་ཨེལ་ལ་སི་རི་ཡའི་རྒྱལ་པོར་བསྔོ་འབུལ་བྱོས་ཤིག 16ནིམ་ཤིའི་བུ་ཡེ་ཧུ་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོས་ཤིག ཧ་བེལ་མེ་ཧོ་ལཱ་ནས་ཡིན་པའི་ཤ་ཕཏ་ཀྱི་བུ་ཨེ་ལི་ཤ་ལ་ཁྱོད་ཀྱི་ཤུལ་འཛིན་དུ་ལུང་སྟོན་པར་བསྔོ་འབུལ་བྱོས་ཤིག 17ཧ་ཛ་ཨེལ་གྱིས་སྲོག་ཐོག་བཏང་བ་ལས་ཐར་བ་རྣམས་ཡེ་ཧུས་གསོད་པར་འགྱུར་བ་དང་། ཡེ་ཧུས་སྲོག་ཐོག་བཏང་བ་ལས་ཐར་བ་རྣམས་ཨེ་ལི་ཤས་གསོད་པར་འགྱུར་རོ། 18ང་ལ་དམ་ཚིག་ཅན་དང་བྷལ་ལ་ཕྱག་མི་འཚལ་བ་དང་དེའི་འདྲ་སྐུར་ཁ་མི་བསྐྱེལ་མཁན་མི་སྟོང་ཕྲག་བདུན་ལ་ཨིསི་རཱཨེལ་དུ་ངས་གསོན་པོར་འཇོག་རྒྱུ་ཡིན་ཞེས་བཀའ་གནང་ངོ་༎

ཨེ་ལི་ཤ་ལ་སྐད་གཏོང་གནང་བ།

19ཨེ་ལི་ཡཱ་ཐོན་པ་དང་ཨེ་ལི་ཤ་གླང་ཚོ་གཅིག་གིས་ཞིང་རྨོ་བཞིན་ཡོད་པ་དང་འཕྲད་དེ། ཁོའི་སྔོན་དུ་གླང་ཚོ་བཅུ་གཅིག་ཡོད་པ་དང་ཁོས་ཞིང་མཐའ་མའི་གླང་ཚོ་ཅིག་གིས་རྨོ་བཞིན་ཡོད་པ་དང་། ཨེ་ལི་ཡཱས་རང་གི་གྱོན་གོས་ཕུད་ནས་ཨེ་ལི་ཤ་ལ་གཡོགས་སོ། 20ཨ་ལི་ཤས་རང་གི་གླང་རྣམས་བཞག་ནས་ཨ་ལི་ཡཱའི་རྗེས་སུ་རྒྱུགས་ནས་རང་གི་ཕ་མ་ལ་ག་ལེ་བཞུགས་ཞེས་ཁ་བསྐྱེལ་བཅུག་རོགས་གནང་། དེ་ནས་ང་ཁྱེད་མཉམ་དུ་ཡོང་གི་ཡིན་ཞེས་ཞུས་སོ། ཨེ་ལི་ཡཱས་ལེགས་སོ། འོན་ཀྱང་ངས་ཁྱོད་རང་ལ་བཀག་མི་ཐུབ་པས་ཕྱིར་རྒྱུགས་ཤིག་གསུངས་སོ། 21དེ་ནས་ཨེ་ལི་ཤ་རང་གི་གླང་ཚོའི་སར་ཕྱིན་ནས་དེ་ཚོ་བསད་ནས། གཉའ་ཤིང་རྣམས་མེ་ལ་བུས་ནས་ཤ་བཙོས་ཏེ། ཁོས་ཤ་དེ་ཚོ་མི་མང་ལ་སྤྲད་པ་དང་ཁོ་ཚོས་དེ་དག་ཟས་སོ། དེ་ནས་ཁོ་ཨེ་ལི་ཡཱའི་རྗེས་སུ་འབྲངས་ནས་ཁོང་གི་ཞབས་ཏོགས་ཞུས་སོ༎

རྒྱལ་རབས་དང་པོ། 20

སི་རི་ཡ་མཉམ་དུ་དམག་འཐབ་པ།

1སི་རི་ཡའི་རྒྱལ་པོ་བྷེན་ཧ་དྷད་ཀྱིས་རང་གི་དམག་དཔུང་ཡོངས་རྫོགས་བསྡུས་པ་དང་། གཞན་རྒྱལ་པོ་སུམ་ཅུ་སོ་གཉིས་ཀྱི་སོ་སོའི་རྟ་དང་ཤིང་རྟ་འཁོར་ལོ་བཅས་ས་མར་ཡ་རུ་ཕྱིན་ནས་མཐའ་སྐོར་ནས་དེ་ལ་འཐབ་རྒོལ་བྱས་སོ། 2ཁོས་གྲོང་ཁྱེར་དུ་ཨིསི་རཱཨེལ་གྱི་རྒྱལ་པོ་ཨ་ཧབ་ལ་འདི་ལྟར་སྨྲས་བར་བང་ཆེན་རྣམས་བཏང་ངོ་། རྒྱལ་པོ་བྷེན་ཧ་དྷད་ཀྱིས་བཀའ་གནང་བ། 3ཁྱོད་ཀྱི་གསེར་དངུལ་དང་བུད་མེད་ཚོ་དང་ཁྱོད་ཀྱི་ཕྲུ་གུ་སྟོབས་ཤུགས་ཆེ་ཤོས་རྣམས་ང་ལ་སྤྲོད་ཅིག 4ཨ་ཧབ་ཀྱིས། ངའི་གཙོ་བོ་རྒྱལ་པོ་བྷེན་ཧ་དྷད་ལ་ང་དང་ང་ལ་གང་ཡོད་པ་རྣམས་ཁྱེད་ཀྱི་རྩིས་ལེན་གནང་ཆོག་གི་རེད་ཅེས་ཞུས་ཤིག་ལན་བཏང་ངོ་། 5རྗེས་སུ་བང་ཆེན་དེ་ཚོ་བྷེན་ཧ་དྷད་ཀྱི་བཀའ་གཞན་ཞིག་དང་བཅས་ཨ་ཧབ་ཀྱི་སར་ཡོང་ནས་ཁྱོད་ཀྱི་གསེར་དངུལ་དང་བུད་མེད་ཚོ་དང་ཁྱོད་ཀྱི་ཕྲུ་གུ་ཚོ་ང་ལ་སྤྲོད་དགོས་པའི་བཀའ་བཏང་ཡོད་ཅེས་སྨྲས་ཡོད། 6འོན་ཀྱང་ད་ངའི་དཔོན་པོ་ཚོས་ཁྱོད་ཀྱི་ཕོ་བྲང་དང་ཁྱོད་ཀྱི་ལས་བྱེད་པ་ཚོའི་ཁང་པར་འཚོལ་ཞིབ་ཀྱིས་དེ་ཚོའི་དངོས་པོ་རྩ་ཆེན་རྣམས་ལེན་པར་ངས་གཏོང་གི་ཡིན། དེ་ཚོ་སང་ཉིན་དུས་ཚོད་འདི་ཙམ་ལ་འབྱོར་ཡོང་ཞེས་སྨྲས་སོ། 7རྒྱལ་པོ་ཨ་ཧབ་ཀྱི་འགོ་བྱེད་ཚང་མ་བཀུག་ནས། ལྟོས་དང་མི་འདིས་ང་ཚོ་མེད་པ་བཟོ་འདོད་འདུག ཁོས་ངའི་ཆུང་མ་ཚོ་དང་ཕྲུ་གུ་དང་གསེར་དངུལ་སོགས་དགོས་པའི་འཕྲིན་བཏང་བ་ལ་ངས་མོས་མཐུན་བྱས་པ་ཡིན་ཞེས་སྨྲས་སོ། 8འགོ་བྱེད་ཚོ་དང་མི་མང་ནས། ཁོའི་ཁ་ལ་མ་གསན་ཞིག། ཁོ་ལ་གང་ཡང་སྤྲོད་མི་དགོས་ཞེས་སྨྲ་སོ། 9དེ་འདྲ་སོང་ཙང་ཨ་ཧབ་ཀྱིས་བྷེན་ཧ་དྷད་ཀྱི་བང་ཆེན་རྣམས་ལ། ངའི་གཙོ་བོ་རྒྱལ་པོ་ལ་ཁོང་གི་དགོས་དོན་དང་པོར་མོས་མཐུན་བྱེད་ཡོད་པ་དང་། གཉིས་པར་ངས་མོས་མཐུན་བྱེད་མི་ཐུབ་ཅེས་ལན་བསྐུར་རོ། བང་ཆེན་རྣམས་སོང་བ་དང་བྷེན་ཧ་དྷད་ནས་འཕྲིན་གཞན་ཞིག་མཉམ་དུ་ལོག་ཡོང་ངོ། 10བྷེན་ཧ་དྷད་ཀྱིས་ཁྱོད་ཀྱི་གྲོང་ཁྱེར་འདི་མེད་པར་བཟོ་བ་དང་རྡ་ཧྲུག་རྣམས་ལག་ཏུ་འཁྱེར་ཡོང་མཁན་གྱི་མིང་ལྡང་ངེས་བཞིན་པ་འཁྲིད་ཡོང་གི་ཡིན། གལ་སྲིད་ངས་དེ་ལྟར་མ་བྱས་པ་ཡིན་ན་ལྷ་རྟེན་ཚོས་ང་གསོད་པར་ཤོག་ཅེས་སྨྲས་སོ། 11རྒྱལ་པོ་ཨ་ཧབ་ཀྱིས། རྒྱལ་པོ་བྷེན་ཧ་དྷད་ལ་དམག་མི་ངོ་མས་དམག་འཁྲུགས་ཀྱི་རྗེས་སུ་ང་རྒྱལ་བྱེད་པ་དང་སྔོན་དུ་བྱེད་མི་ཡོང་ཞེས་ཞུས་ཤིག་ཅེས་ལན་བསྐུར་རོ། 12བྷེན་ཧ་དྷད་དང་ཁོ་རང་གི་མཐུན་ཕྱོགས་རྒྱལ་པོ་ཚོ་ཚང་མ་གུར་ནང་འཐུང་བཞིན་ཡོད་དུས་ཨ་ཧབ་ཀྱི་ལན་འབྱོར་རོ། ཁོས་རང་གི་མི་ཚོར་གྲོང་ཁྱེར་ལ་དམག་གྲ་སྒྲིགས་དགོས་པའི་བཀའ་བཏང་བ་དང་དེ་ཚོས་གྲ་སྒྲིགས་བྱས་སོ། 13སྐབས་དེར་ལུང་སྟོན་པ་ཞིག་རྒྱལ་པོ་ཨ་ཧབ་ཀྱི་སར་ཕེབས་ནས་གསུངས་སོ། གཙོ་བོ་དཀོན་མཆོག་གིས་དམག་དཔུང་ཁྱོན་ཆེ་ཡོད་པའི་དེར་མ་འཇིགས་ཤིག དེ་རིང་ངས་ཁྱོད་དེ་ཚོ་ལས་རྒྱལ་བར་བྱེད་རྒྱུ་དང་ཁྱོད་ཀྱིས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་ཡོང་ཞེས་གསུངས་སོ། 14ཨ་ཧབ་ཀྱིས། དམག་འཐབ་ཀྱི་སྣེ་འཁྲིད་སུས་བྱེད་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པ་དང་། ལུང་སྟོན་པས་ལན་གནང་བ། གཙོ་བོ་དཀོན་མཆོག་གིས་རྫེང་གི་སྲིད་སྐྱོངས་ཀྱི་མངའ་འོག་ཏུ་ཡོད་པའི་དམག་མི་ན་གཞོན་ཚོས་སྣེ་འཁྲིད་བྱེད་ཀྱི་རེད་ཅེས་གསུངས་སོ། རྒྱལ་པོས་དམག་དཔུང་གཙོ་བོར་སུས་འགོ་ཚུགས་སམ་ཅེས་བཀའ་འདྲི་ཞུས་པས། ཁྱེད་རང་གིས་བྱེད་དགོས་ཞེས་ལུང་སྟོན་པས་ལན་གནང་ངོ་། 15དེ་འདྲ་སོང་ཙང་རྒྱལ་པོས་རྫོང་གི་དམག་སྤྱིའི་འོག་ཏུ་ཡོད་པའི་དམག་མི་ན་གཞོན་རྣམས་ལ་བཀའ་རྒྱ་གནང་བ་དང་དེ་ཚོའི་གྲངས་ནི་བསྡོམས་ཉིས་བརྒྱ་སུམ་ཅུ་སོ་གཉིས་ཡོད་པ་དང་། དེ་ནས་ཁོང་གིས་ཨིསི་རཱཨེལ་གྱི་དམག་མི་རྣམས་བཀའ་བཀུག་གནང་བར་དེ་ཚོ་བསྡོམས་མི་གྲངས་བདུན་སྟོང་ཡོད་དོ། 16བྷེན་ཧ་དྷད་དང་ཁོའི་མཐུན་གྲོགས་རྒྱལ་པོ་སུམ་ཅུ་སོ་གཉིས་རྣམས་གུར་ནང་ར་བཟི་བཞིན་ཡོད་སྐབས། ཉིན་གུང་མཚམས་ལ་དམག་འཐབ་འགོ་བཙུགས་སོ། 17དང་པོ་དམག་མི་ན་གཞོན་ཚོ་ཐོན་པ་དང་། བྷེན་ཧ་དྷད་ཀྱིས་སོ་པ་བཏང་བ་ཚོས་ས་མར་ཡ་ནས་དམག་མིའི་ཚོ་ཞིག་ཡོང་བཞིན་འདུག་ཅེས་ཁོང་ལ་སྙན་སེང་ཞུས་སོ། 18ཁོས་དེ་ཚོ་དམག་འཐབ་ཕྱིར་ཡོང་བའམ་ཞི་བདེ་ཕྱིར་ཡོང་བ་ཡིན་ནའང་གསོན་པོར་འཇུས་ཤིག་ཅེས་བཀའ་བཏང་ངོ་། 19དམག་མི་ན་གཞོན་ཚོས་དམག་འཐབ་ཀྱི་སྣེ་འཁྲིད་བྱས་པ་དང་དེའི་རྗེས་སུ་ཨིསི་རཱཨེལ་པའི་དམག་མི་ཡོང་ངོ་། 20རེ་རེས་རང་གི་དགྲ་བོ་དེ་བསད་ནས། སི་རི་ཡ་པ་ཚོ་བྲོས་ཡོང་བ་དང་ཨིསི་རཱཨེལ་པ་ཚོས་རྗེས་དེད་དྲག་པོ་བཏང་ན་ཡང་བྷེན་ཧ་དྷད་རྟ་ཞོན་ནས་རྟ་དམག་འགའ་ཞིག་མཉམ་དུ་བྲོས་ནས་ཐར་རོ། 21རྒྱལ་པོ་ཨ་ཧབ་ཀྱིས་དམག་ས་བཟུང་བ་དང་རྟ་དང་ཤིང་རྟ་འཁོར་ལོ་རྣམས་བདག་བཟུང་བྱས་ནས། སི་རི་ཡ་པ་ཚོར་ཕམ་ཉེས་ཤུགས་ཆེ་བཏང་ངོ་། 22དེ་ནས་ལུང་སྟོན་པ་རྒྱལ་པོ་ཨ་ཧབ་ཀྱི་སར་ཕེབས་ནས། ཁྱེད་རང་ཕྱིར་ལོག་ནས་རང་གི་དམག་དཔུང་རྣམས་བཙན་དུ་བཏང་ནས་འཆར་གཞི་ལེགས་པར་བཟོས་ཤིག གང་ལ་ཟེར་ན། སི་རི་ཡའི་རྒྱལ་པོས་ལོ་རྗེས་མའི་དཔྱིད་ཀ་ལ་ཡང་སྐྱར་དམག་འཐབ་བྱེད་ཡོང་ཅེས་སྨྲས་སོ༎

སི་རི་ཡ་པའི་དམག་འཐབ་གཉིས་པ།

23རྒྱལ་པོ་བྷེན་ཧ་དྷད་ཀྱི་ལས་བྱེད་པ་ཚོས་ཁོང་ལ། ཨིསི་རཱཨེལ་གྱི་ལྷ་རྟེན་དེ་ཚོ་རིའི་ལྷ་ཡིན་པས་དེའི་རྐྱེན་གྱིས་ང་ཚོ་ཕམ་པ་ཡིན་ནོ། འོན་ཀྱང་ང་ཚོས་ཐང་ཀར་དེ་ཚོ་དང་དམག་འཐབ་པ་ཡིན་ན་ང་ཚོ་ལ་གཏན་གཏན་རྒྱལ་ཁ་ཐོབ་ཡོང་ཅེས་བཤད་དོ། 24དེ་ནས་རྒྱལ་པོ་སུམ་ཅུ་སོ་གཉིས་པོ་དེ་ཚོ་སོ་སོའི་གོ་གནས་ནས་མར་ཕབ་སྟེ་དེ་ཚོའི་ཚབ་ཏུ་དམག་དཔྱིད་གཞན་དག་བསྐོས་གནང་ཞིག 25སྔོན་དུ་རྒྱལ་ཁ་ཤོར་བའི་དམག་མི་ཚོའི་ཚབ་ཏུ་དམག་མི་དང་། རྟ་དང་ཤིང་རྟ་འཁོར་ལོ་སོགས་ཀྱི་གྲངས་འབོར་སྔོན་ལྟར་ཁྱོན་ཆེ་ཞིག་བཀའ་འགུག་གནོང་ཞིག དེ་རྗེས་ང་ཚོ་ཐང་ཀར་ཨིསི་རཱཨེལ་པ་ཚོ་དང་དམག་འཐབ་བྱས་པ་ཡིན་ན་ད་ལན་ང་ཚོ་ལ་རྒྱལ་ཁ་ངེས་པར་དུ་ཐོབ་ངེས་སོ་ཞེས་ཞུས་པས། རྒྱལ་པོ་བྷེན་ཧ་དྷད་ཀྱིས་ཁོ་ཚོས་སྨྲས་པ་ལྟར་མོས་མཐུན་བྱས་སོ། 26དཔྱིད་ཀ་རྗེས་མར་ཁོང་གིས་མི་རྣམས་བཀུག་ནས་ཨིསི་རཱཨེལ་པ་ཆོ་དང་དམག་འཐབ་བྱེད་པའི་ཕྱིར་གྲོང་ཁྱེར་ཨ་ཕེག་ཏུ་ཐོན་ནོ། 27ཨིསི་རཱཨེལ་པ་ཚོ་ལ་སྐད་བཏང་བ་དང་། དེ་ཚོ་གྲ་སྒྲིགས་ཡོད་པས། དེ་ཚོ་ཐོན་ནས་སི་རི་ཡ་པ་ཚོར་ཁ་སྤྲོད་བྱས་ནས་ཚོ་གཉིས་སུ་སྒར་བཏབ་བོ། སི་རི་ཡ་པ་ཚོ་གྲོང་ཁྱེར་དུ་ཁྱབ་ནས་ཡོད་པ་དང་། དེ་ཚོ་དང་བསྡུར་ན་ཨིསི་རཱཨེལ་པ་ཚོ་ངའི་ཁྱུ་ཆུང་ཆུང་གཉིས་དང་འདྲ་བ་མཐོང་བཞིན་ཡོད་དོ། 28ལུང་སྟོན་པ་ཞིག་རྒྱལ་པོ་ཨ་ཧབ་ཀྱི་སར་ཕེབས་ནས་སྨྲས་པ། གཙོ་བོ་དཀོན་མཆོག་གིས་འདི་ལྟར་གསུངས་པ། སི་རི་ཡ་པ་ཚོས་ང་རི་བོའི་དཀོན་མཆོག་ཡིན་པ་དང་ཐང་ཀའི་དཀོན་མཆོག་མིན་པ་བརྗོད་སྟབས། ངས་དེ་ཚོའི་དམག་དཔུང་ཁྱོན་ཆེ་ཐོག་ཁྱོད་ལ་རྒྱལ་ཁ་སྤྲོད་རྒྱུ་དང་ཁྱོད་དང་། ཁྱོད་ཀྱི་མི་མང་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 29དེ་ནས་ཉིན་བདུན་གྱི་རིང་སི་རི་ཡ་པ་དང་ཨིསི་རཱཨེལ་པ་ཚོ་སོ་སོའི་སྡོད་སྒར་དུ་ཕན་ཚུན་དབར་ཁ་སྤྲོད་བྱས་ཏེ་གནས་པ་དང་། ཉིན་བདུན་བར་དེ་ཚོས་དམག་འགོ་ཚུགས་པ་དང་། ཨིསི་རཱཨེལ་པ་ཚོས་སི་རི་ཡ་པ་འབུམ་གཅིག་བསད་དོ། 30གསོན་པོར་ལྷག་ཡོད་པ་རྣམས་ཨེ་ཕེག་གྲོང་ཁྱེར་དུ་བྲོས་པ་དང་། དེར་གྲོང་ཁྱེར་གྱི་ལྕགས་རི་ལོག་ནས་མི་ ༢༧,༠༠༠ ཤི་བ་ཡིན་ནོ། བྷེན་ཧ་དྷད་ཀྱང་གྲོངཁྱེར་དུ་བྲོས་ཐར་ནས་ཁང་པ་ཞིག་གི་རྒྱབ་ཀྱི་ཁང་མིག་ནང་སྐྱབས་བཅོལ་ནས་བསྡད་དོ། 31ཁོའི་ལས་བྱེད་པ་ཚོས་ཁོང་གི་སར་ཕྱིན་ནས། ང་ཚོས་ཨིསི་རཱཨེལ་གྱི་རྒྱལ་པོ་ཚོ་སྙིང་རྗེ་ཅན་ཡོད་པ་ཐོས་བྱུང་བས། དེའི་ཕྱིར་ང་ཚོ་སྐེད་པར་པད་གོག་གི་གོས་དང་སྐེ་ལ་ཐག་པ་བཅིངས་ནས་ཨིསི་རཱཨེལ་གྱི་རྒྱལ་པོའི་དྲུང་དུ་འགྲོ་བའི་བཀའ་འཁྲོལ་གནང་བ་ཡིན་ན། ཕལ་ཆེར་ཁོང་གིས་ང་ཚོའི་སྲོག་སྐྱབས་པར་འགྱུར་ཞེས་ཞུས་སོ། 32དེ་འདྲ་སོང་ཙང་དེ་ཚོས་སྐེད་པར་ཕད་གོག་གི་གོས་དང་སྐེ་ལ་ཐག་པ་བཅིངས་ནས་རྒྱལ་པོ་ཨ་ཧབ་ཀྱི་དྲུང་དུ་ཕྱིན་ནས། ཁྱེད་ཀྱི་བྲན་པོ་བྷེན་ཧ་དྷད་ཀྱི་སྲོག་སྐྱོབས་གནང་རོགས་ཅེས་ཞུས་པས། ཨ་ཧབ་ཀྱིས། ཁོ་ད་དུང་གསོན་པོ་ལུས་ཡོད་དམ། ད་ཡག་པོ་བྱུང་སོང་། ཁོ་ནི་ངའི་སྤུན་ལྟར་རེད་ཅེས་གསུངས་སོ། 33བྷེན་ཧ་དྷད་ཀྱི་ལས་བྱེད་པ་ཚོས་རྟགས་མཚན་ཡག་པོ་ཞིག་མཐོང་ནས། ཁོང་གིས་སྤུན་ཡིན་ཞེས་བཀའ་གནང་བ་ལྟར་དེ་ཚོས་ལམ་སེང་བྷེན་ཧ་དྷད་ནི་ཁྱེད་ཀྱི་སྐུ་མཆེད་རེད་ཅེས་ཞུས་སོ། ཨ་ཧབ་ཀྱིས་ཁོང་ངའི་དྲུང་དུ་འཁྲིད་ཤོག་ཅེས་བཀའ་གནང་བས། བྷེན་ཧ་དྷད་སླེབས་པ་དང་ཨ་ཧབ་ཀྱིས་ཁོང་ལ་ཤིང་རྟ་འཁོར་ལོའི་ནང་དུ་མཉམ་དུ་གདན་འདྲེན་ཞུས་སོ། 34བྷེན་ཧ་དྷད་ཀྱིས་ཁོང་ལ་ངའི་ཡབ་ཀྱིས་ཁྱེད་ཀྱི་ཡབ་ནས་འཕྲོག་པའི་གྲོང་ཁྱེར་རྣམས་ངས་ཁྱེད་ལ་ཕྱིར་འབུལ་རྒྱུ་ཡིན་པས། ངའི་ཡབ་ཀྱིས་ས་མར་ཡར་གནང་བ་ལྟར་ཁྱེད་ཀྱིས་དྷ་མསེ་ཀསེ་ཏུ་ཚོང་གི་སྟི་གནས་ཤིག་བཙུགས་པ་ཡིན་ན་སྒྲིགས་ཡོང་ཞེས་ཞུས་སོ། ཨ་ཧབ་ཀྱིས། དོན་གནད་འདིའི་ཐོག་ནས་ངས་ཁྱེད་ལ་རང་དབང་ལ་གཏོང་རྒྱུ་ཡིན་ཞེས་གསུངས་ནས། ཁོང་གིས་ཁོང་དང་མཉམ་དུ་འཆིང་ཡིག་ཞིག་བཞག་ནས་ཁོང་ལ་འགྲོར་བཅུག་གོ།

ལུང་སྟོན་པ་ཞིག་གིས་ཨ་ཧབ་ལ་ཆད་པ་གཏོང་བ།

35གཙོ་བོ་དཀོན་མཆོག་གི་བཀའ་གནང་བ་ལྟར། ལུང་སྟོན་པ་ཚོགས་པ་ཞིག་གི་འཐུས་མིས་རང་གི་རོགས་པ་ལུང་སྟོན་པ་ཞིག་ལ་ཁོ་ལ་རྡུངས་དགོས་པའི་བཀའ་བཏང་ངོ་། འོན་ཀྱང་ཁོས་དེ་ལྟར་བྱེད་རྒྱུར་ངོས་ལེན་མ་བྱས་སོ། 36དེ་འདྲ་སོང་ཙང་ལུང་སྟོན་པ་དེས། ཁོ་ལ་ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་གི་བཀའ་ལ་མ་ཉན་པས་ཁྱོད་ངའི་རྩ་ནས་སོང་མ་ཐག་ཏུ་ཁྱོད་རང་སེང་གེ་ཞིག་གིས་བསད་ཡོང་ཞེས་གསུངས་ནས། ཁོ་དེ་ནས་ཐོན་མ་ཐག་ཏུ་སེང་གེ་ཞིག་ཡོང་ནས་ཁོ་ལ་བསད་དོ། 37དེ་ནས་ལུང་སྟོན་པ་ཁོ་རང་མི་གཞན་པ་ཞིག་གི་སར་ཕེབས་ནས་ང་ལ་རྡུངས་ཤིག་གསུངས་པས། མི་དེས་དེ་ལྟར་བྱས་སོ། ཁོས་ཁོང་ལ་ཤུགས་ཆེན་པོ་རྡུངས་པ་དང་། ཁོང་ལ་རྨས་སོ། 38ལུང་སྟོན་པས་གདོང་པར་རས་དཀྲིས་ནས་ཆས་རྫུས་མ་གྱོན་ཏེ་ལམ་ཞིག་གི་འཁྲིས་ལ་བཞེངས་ནས་ཨིསི་རཱཨེལ་གྱི་རྒྱལ་པོ་ཕེབས་པར་སྒུག་གོ 39རྒྱལ་པོ་ཕེབས་བཞིན་ཡོད་པ་དང་། ལུང་སྟོན་པས་ཁོང་ལ་སྐད་བཏང་ནས། མི་དབང་ཆེན་པོ། ང་དམག་སར་དམག་རྒྱབ་སྐབས་དམག་མི་ཞིག་གིས་འཛིན་བཟུང་བྱས་པའི་དགྲ་བོ་ཞིག་ངའི་སར་འཁྲིད་ཡོང་ནས། ཁྱོད་ཀྱི་མི་འདི་སྲུང་དགོས་སོ། གལ་སྲིད་ཁོ་བྲོས་པ་ཡིན་ན་ཁྱོད་ཀྱིས་ཁོའི་དོན་དུ་ཁྱོད་ཀྱི་རང་གི་སྲོག་སྤྲོད་དགོས་པའམ་ཡང་ན་དངུལ་དུམ་བུ་སུམ་སྟོང་གི་ཉེས་ཆད་སྒྲུབ་དགོས་ཀྱི་རེད་ཅེས་བརྗོད་བྱུང་། 40འོན་ཀྱང་ང་ལས་ཀ་གཞན་ཁག་ལ་བྲེལ་བ་ཡོད་རིང་ལ་མི་དེ་བྲོས་བཞག་ཅེས་ཞུས་པས། རྒྱལ་པོས། ཁྱོད་ཀྱིས་རང་ཉིད་ཀྱི་ཉེས་ཆད་བརྗོད་ཡོད་པ་ལྟར་ཁྱོད་ཀྱིས་ཉེས་ཆད་དེ་རྣམས་སྒྲུབ་དགོས་ཀྱི་རེད་ཅེས་གསུངས་སོ། 41ལུང་སྟོན་པས་གདོང་པར་བཀབ་པའི་རས་དེ་ཧྲལ་ནས་རྒྱལ་པོས་ཁོང་ལུང་སྟོན་པ་ཞིག་ཡིན་པ་ངོ་ཤེས་སོ། 42དེ་ནས་ལུང་སྟོན་པས་རྒྱལ་པོར་གཙོ་བོ་དཀོན་མཆོག་གི་བཀའ་འདི་ལྟར་ཡིན། ངས་ཁྱོད་ལ་མི་དེ་གསོད་དགོས་པའི་བཀའ་བཏང་བས། འོན་ཀྱང་ཁྱོད་ཀྱིས་ཁོ་བྲོས་བཅུག་པའི་རྐྱེན་དེའི་ཚབ་ཏུ་ཁྱོད་རང་གི་སྲོག་སྤྲད་དགོས་པ་དང། ཁོའི་དམག་མི་བྲོས་བཅུག་པའི་རྐྱེན་གྱིས་ཁྱོད་ཀྱི་དམག་མི་མེད་པར་བཟོས་ཡོང་ཞེས་སྨྲས་སོ། 43རྒྱལ་པོས་ཡིད་མུག་ཅིང་བློ་མི་བདེ་བར་འགྱུར་ནས་རང་གི་ཁྱིམ་ས་མར་ཡ་རུ་ལོག་གོ

རྒྱལ་རབས་དང་པོ། 21

ན་བོད་ཀྱི་རྒུན་ཚལ།

1རྒྱལ་པོ་ཨ་ཧབ་ཀྱིས་ཡེཛ་རིལ་གྱི་ཕོ་བྲང་གྱི་ཉེ་འགྲམ་དུ་སྐྱེ་བོ་ན་བོད་བྱ་བ་ཞིག་ལ་རྒུན་ཚལ་ཞིག་ཡོད་དོ། 2ཉིན་ཞིག་ཨ་ཧབ་ཀྱིས་ན་བོད་ལ་ཁྱོད་ཀྱི་རྒུན་ཚལ་དེ་ང་ལ་སྤྲོད་ཅིག དེ་ངའི་ཕོ་བྲང་དང་ཉེ་པོ་ཡོད་སྟབས་ངས་ས་ཆ་དེར་ཚལ་བཏབ་སའི་ལྡུམ་ར་ཞིག་བཟོ་འདོད་འདུག་པས། དེའི་ཚབ་ལ་ངས་ཁྱོད་ལ་རྒུན་ཚལ་དེ་ལས་ལེགས་པ་ཞིག་སྤྲོད་རྒྱུ་དང་། ཁྱོད་ཀྱིས་འདོད་པ་ལྟར་ངས་རིན་པ་ཡག་པོ་སྤྲོད་རྒྱུ་ཡིན་ཞེས་གསུངས་སོ། 3ན་བོད་ཀྱིས་ངའི་ཕ་མེས་ཚོ་ནས་ང་ལ་ནོར་སྐལ་གྱི་ཆེད་དུ་རྒུན་ཚལ་འདི་གནང་བ་ཡིན་པས། ངས་ཁྱེད་ལ་འདི་སྤྲོད་རྒྱུར་གཙོ་བོ་དཀོན་མཆོག་གིས་འགག་པ་གནང་ཡོད་ཅེས་ལན་ཞུས་སོ། 4ན་བོད་ཀྱིས་སྨྲས་པ་དེ་ལ། ཨ་ཧབ་ཡིད་མུག་ཅིང་ཁོང་ཁྲོ་ལངས་ནས་ཁྱིམ་དུ་ལོག་གོ རྩིག་པར་གདོང་བལྟས་ནས་ཁ་ཟས་ཡང་མི་ཟ་བར་ཉལ་ཁྲིའི་སྟེང་ཉལ་ལོ། 5ཁོའི་ཆུང་མ་ཡེ་ཛི་བྷེལ་ཁོའི་སར་ཕྱིན་ནས། ཁྱེད་དེ་ལྟར་ཅིའི་ཕྱིར་ཡིད་མུག་པ་ཡིན་ནམ། ཁྱེད་རང་ཞལ་ལག་ཅིའི་ཕྱིར་མི་བཞེས་སམ་ཞེས་སྐད་ཆ་དྲིས་པས། 6ངས་ན་བོད་ནས་རྒུན་ཚལ་ཞིག་ཉོ་འཆར་བྱས་པ་དང་། དེའི་ཚབ་ཏུ་ཁོ་ལ་འདོད་པ་ཡོད་པའི་རྒུན་ཚལ་གཞན་ཞིག་སྤྲོད་རྒྱུ་བྱས་པ་ཡིན། འོན་ཀྱང་ཁོས་དེ་ལྟར་ཁས་ལེན་མ་བྱས་པའི་རྐྱེན་གྱིས་ང་ཡིད་མུག་སོ་ཞེས་སྨྲས་པས། 7དེའི་ལེན་དུ་ཡེ་ཛི་བྷེལ་གྱིས། ཁྱེད་རྒྱལ་པོ་མ་རེད་པས། སེམས་དགའ་པོ་བྱས་ནས་ཉལ་ཁྲི་ནས་ཡར་བཞེངས་ཤིག་དང་ངས་ཁྱེད་ལ་ན་བོད་ཀྱི་རྒུན་ཚལ་དེ་སྟེར་ཡོང་ཞེས་སྨྲས་སོ། 8དེ་ནས་མོས་ཡི་གེ་རྣམས་བྲིས་ནས་དེ་ལ་ཨ་ཧབ་ཀྱི་མིང་ཡོད་པའི་དམ་ཕྲུག་རྒྱབ་ནས་ལས་བྱེད་པ་ཚོ་དང་ཡེཛ་རིལ་གྱི་གྲོང་ཁྱེར་གྱི་ས་གནས་སུ་གནས་པའི་འགོ་འཛིན་ཚོ་རྩར་བཏང་ངོ་། 9ཡི་གེ་དེ་ཚོའི་ནང་དུ་སྨྱུང་གནས་ཀྱི་ཉིན་དེ་གསལ་སྒྲགས་བྱོས་ཤིག། མི་མང་ཚོ་ལྷན་ཅིག་ཏུ་སྐད་བཏང་ནས་ན་བོད་ལ་མཐོང་ཆེན་པོར་བཞག་ཅིག 10ཁོས་དཀོན་མཆོག་དང་རྒྱལ་པོར་བསྐུར་བ་བཏབ་པ་ཡིན་པས། ཁོའི་མདུན་དུ་སྐྱོན་བརྗོད་བྱེད་པའི་ཕྱིར་མི་ངན་གཉིས་འཁྲིད་ཤོག དེ་ནས་ཁོ་གྲོང་ཁྱེར་གྱི་ཕྱི་ལོག་ཏུ་འཁྲིད་ནས་མ་ཤི་བར་རྡོ་ཞུས་ཤིག་ཅེས་བྲིས་ཡོད་པ་ཡིན་ནོ། 11ལས་བྱེད་པ་ཚོ་དང་ཡེཛ་རིལ་གྱི་འགོ་འཛིན་ཚོས་ཡེ་ཛི་བྷེལ་གྱིས་བཀའ་གནང་བ་ལྟར་བྱས་སོ། 12དེ་ཚོས་སྨྱུང་གནས་ཀྱི་ཉིན་དེ་གསལ་སྒྲགས་བགྱིས་པ་དང་མི་མང་ཚོ་ལྷན་ཅིག་ཏུ་སྐད་བཏང་ནས་ན་བོད་ལ་མཐོང་ཆེན་པོར་བཞག་གོ 13མི་ངན་གཉིས་ཀྱིས་མང་ཚོགས་སར་ན་བོད་ཀྱིས་དཀོན་མཆོག་དང་རྒྱལ་པོར་བསྐུར་བ་བཏབ་པའི་སྐྱོན་བརྗོད་བྱས་ནས་ཁོ་གྲོང་ཁྱེར་གྱི་ཕྱི་ལོག་ཏུ་འཁྲིད་དེ་རྡོ་ཞུས་ནས་བསད་དོ། 14ཡེ་ཛི་བྷེལ་ལ་ན་བོད་བསད་ཚར་བའི་འཕྲིན་ཞིག་བཏང་ངོ་། 15ཡེ་ཛི་བྷེལ་ལ་འཕྲིན་འབྱོར་མ་ཐག་ཏུ་མོས་ཨ་ཧབ་ལ་ན་བོད་ཤི་ཚར་སོང་། ད་སོང་ལ་ཁོས་ཁྱེད་ལ་མ་བཙོང་པའི་རྒུན་ཚལ་དེ་རང་བདག་དབང་བྱེད་དུ་སོང་ཞིག་ཅེས་སྨྲས་སོ། 16དེ་མ་ཐག་ཏུ་ཨ་ཧབ་ཀྱི་རྒུན་ཚལ་དེ་བདག་དབང་བྱེད་པར་ཕྱིན་ནོ། 17དེ་ནས་གཙོ་བོ་དཀོན་མཆོག་གིས་ཊིཤི་བྷི་ཡི་ལུང་སྟོན་པ་ཨེ་ལི་ཡཱ་ལ་བཀའ་གནང་བ་ནི། 18ས་མར་ཡའི་རྒྱལ་པོ་ཨ་ཧབ་ཀྱི་སར་སོང་ཞིག ཁྱོད་ཀྱིས་ཁོ་ན་བོད་ཀྱི་རྒུན་ཚལ་དེ་བདག་པོ་བྱེད་གྲབ་ཡོད་པ་དང་འཕྲད་ཡོང་། 19ཁོ་ལ་གཙོ་བོ་དཀོན་མཆོག་གིས་ཁྱོད་ཀྱིས་མི་བསད་པའི་རྗེས་ལ་ཁོ་པའི་རྒྱུ་དངོས་ཡང་བདག་པོ་བྱེད་ཀྱི་ཡོད་དམ། ན་བོད་ཀྱི་ཁྲག་ཁྱི་ཚོས་ལྡག་པའི་ས་ཆ་དེ་རང་ལ་ཁྱོད་ཀྱི་ཁྲག་ཀྱང་དེ་ཚོས་ལྡག་ཡོང་ཞེས་གསུངས་ཀྱི་འདུག་ཅེས་སྨྲོས་ཤིག 20ཨ་ཧབ་ཀྱིས་ཨེ་ལི་ཡཱ་མཐོང་བ་དང་ཁོས་ངའི་དགྲ་བོ་ཁྱོད་ཀྱི་ང་ལ་རྙེད་བྱུང་ངམ། ཨེ་ལི་ཡཱས་དེ་ལྟར་ཡིན། ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ངན་པ་གང་ཡིན་པ་རྣམས་བྱེད་རྒྱུ་སེམས་ཐག་བཅདབཞག། 21དེ་འདྲ་སོང་ཙང་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་གསུངས་བཞིན་འདུག ངས་ཁྱོད་སྟེང་རྐྱེན་ངན་འཁྱེར་ཡོང་རྒྱུ་མ་ཟད། ངས་ཁྱོད་མེད་པར་བཟོས་རྒྱུ་དང་ཁྱོད་ཀྱི་ཁྱིམ་ཚང་གི་ནང་ནས་ཕོ་རྒན་གཞོན་ཚང་མ་ཚར་གཅོད་རྒྱུ་ཡིན། 22ཁྱོད་རང་གི་ཁྱིམ་ཚང་དེ་ནེ་བྷད་ཀྱི་བུ་རྒྱལ་པོ་ཡེ་རོ་བྷམ་གྱི་ཁྱིམ་ཚང་དང་ཨ་ཧི་ཡཱའི་བུ་རྒྱལ་པོ་བྷ་ཤའི་ཁྱིམ་ཚང་ལྟར་ཡོང་རྒྱུ་ཡིན་ནོ། གང་ལ་ཟེར་ན། ཁྱོད་ཀྱིས་ཨིསི་རཱཨེལ་པ་ཚོ་སྡིག་པར་སྣེ་འཁྲིད་ཀྱིས་ང་དྲག་པོར་ཁྲོ་རུ་བཅུག་ཡོད་ཅེས་བཀའ་གནང་བྱུང་གསུངས་སོ། 23ཡེ་ཛི་བྷེལ་གྱི་སྐོར་ལ་གཙོ་བོ་དཀོན་མཆོག་གིས་བཀའ་གནང་གསལ་ལ་ཡེཛ་རིལ་གྱི་གྲོང་ཁྱེར་དུ་མོའི་ལུས་པོ་དེ་ཁྱིས་ཟ་ཡོང་། 24ཁྱོད་ཀྱི་གཉེན་མཚན་གྲོང་ཁྱེར་ནང་ཤི་བ་ཚོ་ཁྱིས་ཟ་བ་དང་ཐང་སྟོང་ནང་ཤི་བ་རྣམས་བྱ་རྒོད་ཚོས་ཟ་ཡོང་ཞེས་སྨྲས་སོ། 25(ཨ་ཧབ་ཀྱིས་གྱིས་པ་ལྟར་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ནོར་འཁྲུལ་གང་ཡིན་པ་རྣམས་སུ་ཞིག་གིས་བྱས་མེད་དོ། གང་ལ་ཟེར་ན། ཁོའི་ཆུང་མ་ཡེ་ཛི་བྷེལ་གྱི་བྱུས་ངན་ལ་བརྟེན་ནས་བྱས་སོ། 26ཨིསི་རཱཨེལ་པའི་མི་མང་ཚོ་མདུན་བསྐྱོད་བྱེད་ཡོང་སྐབས་གཙོ་བོ་དཀོན་མཆོག་གིས་ཡུལ་ནས་ཕྱིར་འབུད་གནང་བ་ཨ་མོར་པ་ཚོ་ལྟར་ཁོས་ཤིན་ཏུ་ངོ་ཚ་བའི་ལས་ངན་སྐུ་འདྲར་མཆོད་འབུལ་བྱས་ནས་སྡིག་པ་བསགས་ཡོད་དོ།) 27ཨེ་ལི་ཡཱས་བཀའ་མོལ་གསུང་མ་ཐག་ཏུ་ཨ་ཧབ་ཀྱིས་རང་གི་གོས་ཧྲལ་ནས་དེ་ཕུད་ཅིང་རྩ་རས་ཀྱི་གོས་གྱོན་ཞིང། ཁོས་རྩ་རས་ཀྱི་གོས་གྱོན་ནས་ཁ་ཟས་མི་ཟ་བ་དང་ཉལ་བ་དང་རྨོངས་ཤིང་ཡིད་མུག་ནས་ཕྱིན་ནོ། 28གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་ཨེ་ལི་ཡཱ་ལ་བཀའ་གནང་བ། 29ཨ་ཧབ་ངའི་མདུན་དུ་ཉམ་ཆུང་ཇི་ལྟར་བྱས་པ་དོ་སྣང་བྱུང་ངམ། ཁོས་དེ་ལྟར་བྱས་པའི་རྐྱེན་གྱིས་ངས་ཁོའི་མི་ཚེའི་རིང་རྐྱེན་ངན་གཏོང་རྒྱུ་མིན་པས། ཁོའི་བུའི་མི་ཚེའི་སྐབས་ངས་ཨ་ཧབ་ཀྱི་ཁྱིམ་ཚང་ལ་རྐྱེན་ངན་གཏོང་རྒྱུ་ཡིན་ནོ༎

རྒྱལ་རབས་དང་པོ། 22

ལུང་སྟོན་པ་མི་ཀ་ཡས་ཨ་ཧབ་ལ་ཉེན་བརྡ་གཏོང་བ།

(༢ སྔོན་རབས་ ༡༨:༢-༢༧)

1དེ་རྗེས་ཨིསི་རཱཨེལ་དང་སི་རི་ཡའི་དབར་ལོ་གཉིས་ཀྱི་བར་དུ་ཞི་བདེར་གནས་ཡོད་དོ། 2འོན་ཀྱང་ལོ་གསུམ་པར་ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཤ་ཕད་བྱ་བ་ཨིསི་རཱཨེལ་གྱི་རྒྱལ་པོ་ཨ་ཧབ་དང་ཐུགས་འཕྲད་བྱེད་པར་ཕྱིན་ནོ། 3ཨ་ཧབ་ཀྱིས་རང་གི་ལས་བྱེད་པ་ཚོར། ང་ཚོས་གྷིལ་ཨད་ནང་ལ་ཡོད་པའི་ར་མོད་ཀྱི་ས་ཁུལ་དེ་སི་རི་ཡའི་རྒྱལ་པོའི་ལག་ནས་ལེན་ཐབས་བྱེད་འདོད་མེད་དམ། དེ་ང་ཚོའི་རེད་ཅེས་གསུངས་སོ། 4ཨ་ཧབ་ཀྱིས་ཡེ་ཧོ་ཤ་ཕད་ལ་ཁྱོད་ང་དང་མཉམ་དུ་ར་མོད་ལ་དམག་འཐབ་བྱེད་པར་འགྲོའམ་ཞེས་བཀའ་འདྲི་གནང་བས། ཡེ་ཧོ་ཤ་ཕད་ཀྱིས། ཁྱེད་གྲ་སྒྲིགས་ཡོད་ན་ང་ཡང་གྲ་སྒྲིགས་ཡོད་པ་མ་ཟད། ངའི་དམག་མི་དང་རྟ་དམག་ཀྱང་གྲ་སྒྲིགས་ཡོད་དོ། 5འོན་ཀྱང་ཐོག་མར་ང་ཚོས་གཙོ་བོ་དཀོན་མཆོག་ལ་བཀའ་བསྡུར་ཞུ་དོགས་ཅེས་སྨྲས་སོ། 6དེ་འདྲ་སོང་ཙང་ཨ་ཧབ་ཀྱིས་ལུང་སྟོན་པ་ ༤༠༠ ཙམ་ཡོད་པ་རྣམས་བོས་ནས། ང་ཕྱིན་ནས་ར་མོད་ལ་དམག་རྒྱབ་བམ་ཡང་ན་མ་རྒྱབ་ཅེས་དྲིས་པས། དེ་ཚོས་དམག་རྒྱོབ་ཅིག་དང་། གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་རྒྱལ་ཁ་གནང་ཡོང་སྨྲས་སོ། 7འོན་ཀྱང་ཡེ་ཧོ་ཤ་ཕད་ཀྱིས། ང་ཚོས་གཙོ་བོ་དཀོན་མཆོག་ལ་བཀའ་བསྡུར་ཞུས་པར་ལུང་སྟོན་པ་གཞན་དག་མེད་དམ་ཞེས་དྲིས་སོ། 8ཨ་ཧབ་ཀྱིས། ཨིམ་ལཱའི་བུ་མི་ཁ་ཡ་ཟེར་བ་ཞིག་ཡོད་དོ། འོན་ཀྱང་ང་ནི་ཁོ་ལ་དགའ་གི་མེད། གང་ལ་ཟེར་ན། ཁོས་ང་ལ་ལུང་བསྟན་བཟང་པོ་གང་ཡང་མི་རྒྱབ་པར་རྒྱུན་དུ་ངན་པ་ཤ་སྟགས་རྒྱབ་ཀྱི་ཡོད་ཅེས་སྨྲས་སོ། ཡེ་ཧོ་ཤ་ཕད་ཀྱིས་ཁྱེད་ཀྱིས་དེ་ལྟར་གསུངས་མི་རུང་ཞེས་ལན་གནང་ངོ་། 9དེ་ནས་ཨ་ཧབ་ཀྱིས་ཕོ་བྲང་གི་ལས་བྱེད་པ་ཚོ་བཀའ་བཀུག་གནང་ནས་ཁོ་ལ་མི་ཁ་ཡ་འཕྲལ་དུ་འཁྲིད་ཤོག་གསུངས་སོ། 10རྒྱལ་པོ་གཉིས་ཀ་རྒྱལ་ཆས་གྱོན་ནས་ས་མར་ཡའི་རྒྱལ་སྒོའི་ཕྱི་ལོག་གི་གཡུལ་འཐག་ཏུ་རང་རང་གི་བཞུགས་ཁྲིར་འཁོད་ཡོད་པ་དང་། ཁོ་ཚོའི་མདུན་དུ་ལུང་སྟོན་པ་ཚོས་ལུང་བསྟན་བྱེད་བཞིན་ཡོད་དོ། 11དེ་ཚོའི་ནང་ནས་ཀེ་ན་ནཱའི་བུ། ཛེ་དེ་ཀི་ཡཱས་ལྕགས་ཀྱི་ར་ཅོ་བཟོས་ནས་ཨ་ཧབ་ལ་གཙོ་བོ་དཀོན་མཆོག་གིས་བཀའ་གནང་གསལ། ཁྱོད་ཀྱི་ར་ཅོ་དེ་འདྲའི་སྒོ་ནས་སི་རི་ཡ་པ་མཉམ་དུ་དམག་འཐབ་བྱེད་པ་ཡིན་ན། དེ་ཚོ་ཚང་མ་ཕམ་པར་བྱེད་ཐུབ་ཡོང་ཅེས་གསུངས་སོ། 12གཞན་ལུང་སྟོན་པ་ཚང་མས་ཀྱང་དེ་ལྟར་སྨྲས་སོ། དེ་ཚོས་ར་མོད་ལ་དམག་འཐབས་ཤིག་དང་། གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་རྒྱལ་ཁ་གནང་ཡོང་ཞེས་སྨྲས་སོ། 13སྐབས་དེར་མི་ཀ་ཡ་འབོད་དུ་འགྲོ་མཁན་ལས་བྱེད་པ་དེས་ཁོ་ལ་ལུང་སྟོན་པ་གཞན་ཚང་མས་རྒྱལ་པོ་ལ་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་ལུང་བསྟན་གྱི་ཡོད་པ་དང་། ཁྱེད་ཀྱིས་ཀྱང་དེ་ལྟར་གནང་ན་ཡག་པོ་ཡོང་ཞེས་སྨྲས་སོ། 14འོན་ཀྱང་མི་ཀ་ཡས་གསོན་པོའི་གཙོ་བོ་དཀོན་མཆོག་ལ་དཔང་དུ་བཙུགས་ནས། མནའ་འདི་བསྐྱེལ་གྱི་ཡོད་ཁོང་གིས་ང་ལ་ཇི་ལྟར་གསུངས་པ་དེ་རང་ངས་སྨྲ་རྒྱུ་ཡིན་ནོ། 15ཁོ་རྒྱལ་པོ་ཨ་ཧབ་ཀྱི་མདུན་དུ་སླེབས་པ་དང་། རྒྱལ་པོས་མི་ཀ་ཡ་ལ་རྒྱལ་པོ་ཡེ་ཧོ་ཤ་ཕད་ང་གཉིས་ནས་དམག་རྒྱབ་བམ་མི་རྒྱབ་ཅེས་བཀའ་འདྲི་གནང་བས། མི་ཀ་ཡས། དམག་རྒྱོབ་ཅིག་དང་། གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་རྒྱལ་ཁ་ཏན་ཏན་གནང་ཡོང་ཞེས་སྨྲས་སོ། 16འོན་ཀྱང་ཨ་ཧབ་ཀྱིས་ཁོ་ལ་ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་གི་མཚན་ལ་ང་ལ་བདེན་པ་ཤོད་རོགས། ངས་ཁྱོད་ལ་དེ་ལྟར་ཐེངས་ག་ཚོད་བཤད་དགོས་ཀྱི་རེད་དམ་ཅེས་སྨྲས་སོ། 17མི་ཀ་ཡས་ངས་ཨིསི་རཱཨེལ་གྱི་དམག་མི་རྣམས་ལུག་རྫི་མེད་པ་ལུག་ལྟར་རི་བོ་ཁག་ཏུ་འཐོར་བ་མཐོང་གི་འདུག གཙོ་བོ་དཀོན་མཆོག་གིས་མི་འདི་ཚོར་འགོ་འཁྲིད་མེད་པས། དེ་ཚོ་ཞི་བདེར་ཁྱིམ་དུ་ལོག་བཅུག་ཅིག་ཅེས་གསུངས་སོ། 18ཨ་ཧབ་ཀྱིས་ཡ་ཧོ་ཤ་ཕད་ལ་ཁོས་ང་ལ་ལུང་བསྟན་ཡག་པོ་རྩ་བ་ནས་རྒྱབ་ཀྱི་མེད་ངས་ཞུས་མ་བྱུངམ། ཁོས་རྒྱུན་དུ་སྡུག་པ་ཀྱང་ལབ་ཀྱི་ཡོད་ཅེས་སྨྲས་སོ། 19མི་ཀ་ཡས་མུ་མཐུད་ནས་གསུངས་པ། ད་གཙོ་བོ་དཀོན་མཆོག་གིས་བཀའ་ཇི་གནང་བར་ཉོན་ཞིག ངས་གཙོ་བོ་དཀོན་མཆོག་མཐོ་རིས་ཀྱི་བཞུགས་ཁྲིར་བཞུགས་ཡོད་པ་དང་ཁོང་གི་ཕོ་ཉ་ཡོངས་རྫོགས་ཉེ་འཁོར་དུ་བཞེངས་ནས་ཡོད་པ་མཐོང་བྱུང། 20གཙོ་བོ་དཀོན་མཆོག་གིས་ར་མོད་དུ་ཨ་ཧབ་ལ་གསོད་རྒྱུར་ཁོ་ལ་བསླུ་ཁྲིད་སུས་བྱེད་དམ་ཅེས་དྲིས་གནང་བས། ཕོ་ཉ་འགའ་ཤས་ཀྱི་གནས་ཚུལ་གཅིག་སྨྲས་པ་དང་གཞན་ཚོས་གཞན་པ་སྨྲས་སོ། 21མཐའ་མར་རྣམ་ཤེས་ཤིག་ཡོང་ནས་གཙོ་བོ་དཀོན་མཆོག་གི་དྲུང་དུ་བཅར་ནས་ངས་ཁོ་ལ་བསླུ་ཁྲིད་བྱེད་རྒྱུ་ཡིན་ཞེས་ཞུས་སོ། 22གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བྱེད་ཅེས་བཀའ་འདྲི་གནང་བས། རྣམ་ཤེས་དེས་ངས་ཕྱིན་ནས་ཨ་ཧབ་ཀྱི་ལུང་སྟོན་པ་རྣམས་ལ་རྫུན་ཤོད་དུ་བཅུག་གི་ཡིན་ཞུས་སོ། གཙོ་བོ་དཀོན་མཆོག་གིས་སོང་ལ་ཁོ་ལ་བསླུ་ཁྲིད་བྱོས་ཤིག ཁྱོད་ཀྱི་དེ་ལྟར་བྱེད་ཐུབ་ཡོང་ཞེས་གསུངས་སོ། 23མི་ཀ་ཡས་འདི་ཚོ་ཇི་ལྟར་བྱུང་བ་ཡིན། གཙོ་བོ་དཀོན་མཆོག་གིས་ཁྱེད་ཀྱི་ལུང་སྟོན་པ་འདི་ཚོར་རྫུན་ཤོད་བཅུག་གནང་ཡོད། འོན་ཀྱང་ཁོང་རང་ནས་རྐྱེན་ངན་དང་འཕྲད་རྒྱུའི་བཀའ་རྒྱ་གནང་ཡོད་ཅེས་མཐའ་བསྡོམས་གནང་ངོ། 24དེ་ནས་ལུང་སྟོན་པ་ཛེ་དེ་ཀི་ཡཱ་མི་ཀ་ཡའི་སར་ཕེབས་ནས་ཁོ་ལ་འགྲམ་ལྕག་ཅིག་ཞུས་ནས་གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་ང་ནས་ཐོན་སྟེ་ཁྱོད་ལ་ག་དུས་བཀའ་ཀ་ཕེབས་བྱུང་ངམ་ཞེས་དྲིས་སོ། 25མི་ཀ་ཡས་ཁྱོད་རྒྱབ་ཀྱི་ཁང་མིག་ཚོའི་ནང་དུ་ཡིབ་ནས་འགྲོ་སྐབས་དེ་ཤེས་ཡོང་ཞེས་གསུངས་སོ། 26དེ་ནས་རྒྱལ་པོ་ཨ་ཧབ་ཀྱིས་ཁོང་གི་འགོ་འཛིན་ཞིག་ལ་མི་ཀ་ཡ་བཟུང་ནས་གྲོང་ཁྱེར་གྱི་སྲིད་སྐྱོང་ཨ་མོན་དང་རྒྱལ་སྲས་ཡོ་ཨཱཤེའི་དྲུང་དུ་འཁྲིད་ཅིག 27ཁོ་ཚོར་ང་སྐྱོན་མེད་པར་ཕྱིར་མ་འཁོར་བར་དུ་ཁོ་བཙོན་དུ་བཅུག་ནས་བག་ལེབ་དང་ཆུ་སྟེར་ཞིག་ཅེས་སྨྲོས་ཤིག 28མི་ཀ་ཡས་ཁྱེད་སྐྱོན་མེད་ཕྱིར་ཕེབས་པ་ཡིན་ན་གཙོ་བོ་དཀོན་མཆོག་གིས་ང་བརྒྱུད་བཀའ་གནང་བ་མ་ཡིན་གསུངས་སོ། ཡང་སྐྱར་ཁོང་གིས་ངས་ཁྱོད་ཚོར་ཅི་བཤད་པ་ཚང་མས་ཉན་ཞིག་གསུངས་སོ༎

ཨ་ཧབ་འཆི་བ།

(༢ སྔོན་རབས་ ༡༨:༢༨-༣༤)

29ཨིསི་རཱཨེལ་གྱི་རྒྱལ་པོ་ཨ་ཧབ་དང་ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཤ་ཕད་གཉིས་ཀྱིས་གྷིལ་ཨད་ཀྱི་ར་མོད་གྲོང་ཁྱེར་དུ་དམག་འདྲེན་དུ་ཕྱིན་པས། 30ཨ་ཧབ་ཀྱིས་ཡེ་ཧོ་ཤ་ཕད་ལ་ང་ཚོ་དམག་ལ་འགྲོ་སྐབས་ངས་ཆས་རྫུས་མ་གོན་རྒྱུ་ཡིན་པས་ཁྱོད་ཀྱིས་རྒྱལ་ཆས་གྱོན་ཞིག་གསུངས་སོ། དེ་འདྲ་སོང་ཙང་ཨིསི་རཱཨེལ་གྱི་རྒྱལ་པོ་དམག་སར་ཆས་རྫུས་མ་གོན་ནས་ཐོན་ནོ། 31སི་རི་ཡའི་རྒྱལ་པོས་རང་གི་ཤིང་རྟ་འཁོར་ལོའི་དམག་དཔོན་གསུམ་ཅུ་སོ་གསུམ་ ལ་ཨིསི་རཱཨེལ་གྱི་རྒྱལ་པོ་མ་གཏོགས་གཞན་སུ་ལའང་ཕར་རྒོལ་མ་བྱེད་ཅིག་བཀའ་བཏང་ངོ་། 32དེ་འདྲ་སོང་ཙང་དེ་ཚོས་ཡེ་ཧོ་ཤ་ཕད་མཐོང་བ་དང་ཁོ་ཨིསི་རཱཨེལ་གྱི་རྒྱལ་པོ་རེད་བསམ་ནས་ཁོ་ལ་ཕར་རྒོལ་བྱེད་པར་རྒྱུགས་པས། ཁོས་སྐད་ཤུགས་ཆེན་པོ་བརྒྱབ་བོ། 33ཁོང་ཨིསི་རཱཨེལ་གི་རྒྱལ་པོ་མ་ཡིན་པ་ཤེས་ནས་ཁོ་ཚོས་ཕར་རྒོལ་འཚམས་འཇོག་བྱས་སོ། 34འོན་ཀྱང་སི་རི་ཡ་པའི་དམག་མི་ཞིག་གིས་མདའ་ཞིག་ཞུས་པས་རྒྱལ་པོ་ཨ་ཧབ་ཀྱི་ཁྲབ་ཀྱི་མཐུད་མཚམས་ཀྱི་དཀྱིལ་ནས་ཁོང་ལ་ཕོག་གོ ཁོས་ཤིང་རྟ་འཁོར་ལོའི་ཁ་ལོ་པར། ང་རྨས་སོང་། ཤིང་རྟ་ཁ་འསྒྱུར་ནས་དམག་ས་ནས་ཕྱིར་ཐོན་ཞིག་སྨྲས་སོ། 35དམག་འཐབ་དྲག་པོ་ཐུག་བཞིན་པའི་སྐབས་རྒྱལ་པོ་ཨ་ཧབ་ཁོང་རང་གི་ཤིང་རྟ་འཁོར་ལོའི་ནང་ལུས་པོ་སྐྱོར་ནས་སི་རི་ཡ་པ་ཚོ་དང་འཐབ་བཞིན་ཡོད་པ་དང་། ཁོང་གི་རྨ་ནས་འཛག་པའི་ཁྲག་དེ་ཤིང་རྟ་འཁོར་ལོའི་ནང་དུ་ཁྱབ་པ་དང་ཕྱི་དྲོ་ཁོང་གྲོངས་སོ། 36ཉི་མ་ནུབ་མཚམས་ཨིསི་རཱཨེལ་པའི་ས་ཁུལ་ཡོངས་རྫོགས་སུ་བཀའ་ཕེབས་སོ། མི་ཚང་མ་རང་རང་གི་ཡུལ་དང་གྲོང་ཁྱེར་དུ་ལོག་གཅིག། 37དེ་ནས་རྒྱལ་པོ་ཨ་ཧབ་གྲོངས་པ་དང། ཁོང་གི་ཕུང་པོ་དེ་ས་མར་ཡ་རུ་འཁྱེར་ནས་སྦས་སོ། 38གཙོ་བོ་དཀོན་མཆོག་གིས་ཇི་ལྟར་ཡོང་རྒྱུ་བཀའ་གནང་བ་ལྟར། ཁོང་གི་ཤིང་རྟ་འཁོར་ལོ་དེ་ས་མར་ཡའི་རྫིང་དུ་ཁྲུས་པ་དང་། སྨད་ཚོང་མ་ཚོས་དེར་ཁྲུས་རྒྱབས་བཞིན་ཡོད་དོ། ཁོང་གི་ཁྲག་དེ་ཁྱིས་བལྡགས་སོ། 39རྒྱལ་པོ་ཨ་ཧབ་ཀྱི་མཛད་པ་རྣམས་ཁོང་གི་ཕོ་བྲང་ལ་བ་སོས་རྒྱན་སྤྲོས་གནང་བའི་སྐོར་དང་ཁོང་གིས་གྲོང་ཁྱེར་ཁག་བཞེངས་པ་བཅས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 40ཁོང་འདས་པའི་རྗེས་ལ་ཁོང་གི་སྲས་ཨ་ཧ་ཛི་ཡས་ཤུལ་འཛིན་དུ་རྒྱལ་པོའི་རྒྱལ་སྲིད་སྐྱངས་སོ༎

ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཤ་ཕད།

(༢ སྔོན་རབས་ ༢༠:༣༡—༢༡:༡)

41ཨིསི་རཱཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱིས་རྒྱལ་སྲིད་བཟུང་བའི་ལོ་བཞི་པར་ཨ་སའི་བུ་ཡེ་ཧོ་ཤ་ཕད་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་རོ། 42སྐབས་དེར་ཁོང་ལོ་སུམ་ཅུ་སོ་ལྔ་སླེབས་ཡོད་པ་དང་། ཡེ་རུ་ཤ་ལེམ་དུ་ལོ་ཉི་ཤུ་རྩ་ལྔ་རིང་རྒྱལ་སྲིད་སྐྱངས་སོ། ཁོང་གི་ཡུམ་ནི་ཤིལ་ཧིའི་བུ་མོ་ཨ་ཛུ་བཱ་ཡིན་ནོ། 43སྔར་ཁོང་གིས་ཡབ་ཨ་ས་ལྟར་ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་དྲང་བདེན་གང་ཡིན་པ་རྣམས་མཛད་དོ། འོན་ཀྱང་ཁོང་གིས་ལྷ་སྐུ་བརྟེན་ཡུལ་རྣམས་མ་བཤིགས་པར་བཞག་པ་དང་མི་མང་ཚོས་དེར་མུ་མཐུད་མཆོད་པ་དང་སྤོས་ཕུལ་བཞིན་ཡོད་དོ། 44ཡེ་ཧོ་ཤ་ཕད་ཨིསི་རཱཨེལ་གྱི་རྒྱལ་པོ་མཉམ་དུ་ཞི་བདེར་གནས་ཡོད་དོ། 45ཡེ་ཧོ་ཤ་ཕད་ཀྱིས་མཛད་པ་རྣམས་དང་ཁོང་གི་སྟོབས་དང་དམག་བཤམས་པ་བཅས་ཡ་ཧུ་དཱ་པའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 46ཁོང་གི་ཡབ་ཨ་སའི་སྐུ་དུས་ནས་ལྷ་སྐུ་རྟེན་པའི་མཆོད་ཁྲི་སར་ཞབས་ཞུས་བྱེད་མཁན་ཕོ་མོ་སྨད་ཚོང་མ་རྣམས་རྩ་མེད་བཟོས་སོ། 47ཨེ་དྷོམ་གྱི་ཡུལ་དུ་རྒྱལ་པོ་མེད་པས། དེར་ཡ་ཧུ་དཱ་པའི་རྒྱལ་པོས་བསྐོས་པའི་སྐུ་ཚབ་ཅིག་གིས་རྒྱལ་སྲིད་སྐྱོངས་བཞིན་ཡོད་དོ། 48རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱིས་ཨོ་ཕིར་ཡུལ་ནས་གསེར་ལེན་པར་འགྲོ་བའི་ཕྱིར་དུ་གྲུ་གཟིང་ཞིག་བཟོས་སོ། འོན་ཀྱང་དེ་ཚོ་ཨེ་ཛི་ཨོོན་གྷེ་བྷེར་དུ་གྲུ་དེ་བཞིགས་ནས་འགྲོ་མ་ཐུབ་བོ། 49དེ་ནས་ཨིསི་རཱཨེལ་གི་རྒྱལ་པོ་ཨ་ཧ་ཛ་ཡཱས་ཡེ་ཧོ་ཤ་ཕད་གི་མི་ཚོ་མཉམ་དུ་ཁོང་གི་མི་ཆོ་ཡང་འགྲུལ་སྐྱོད་བྱེད་པས་གཏམ་ཞུས་ཀྱང་ཡེ་ཧོ་ཤ་ཕད་ཀྱིས་དགོངས་བཞེས་མ་གནང་ངོ་། 50ཡེ་ཧོ་ཤ་ཕད་གྲོངས་པ་དང་ཁོང་དཱ་བིད་ཀྱི་གྲོང་ཁྱེར་དུ་རྒྱལ་པོའི་སྤུར་ཁང་དུ་སྦས་ནས་ཁོང་གི་སྲས་ཡེ་ཧོ་རམ་གྱིས་ཤུལ་འཛིན་དུ་རྒྱལ་སྲིད་སྐྱངས་སོ༎

་རཱཨེལ་གྱི་རྒྱལ་པོ་ཨ་ཧ་ཛ་ཡཱ།

51ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱི་རྒྱལ་སྲིད་བཟུང་བའི་ལོ་བཅུ་བདུན་པའི་སྐབས་དེར། ཨ་ཧབ་ཀྱི་བུ་ཨ་ཧ་ཛ་ཡཱས་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་རོ། ཁོང་གིས་ས་མར་ཡ་རུ་ལོ་གཉིས་རིང་རྒྱལ་སྲིད་སྐྱངས་སོ། 52ཁོང་གིས་ཨིསི་རཱཨེལ་པ་རྣམས་ལ་སྡིག་པ་བྱེད་དུ་འཇུག་མཁན་ཁོང་གི་ཕ་ཨ་ཧབ་དང་ཡུམ་ཡེ་ཛི་བྷེལ་དང་རྒྱལ་པོ་ཡེ་རོ་བྷམ་གྱི་ངན་པའི་ལམ་དུ་བཞུགས་ནས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད་དོ། 53ཁོང་གིས་སྔོན་གྱི་ཕ་བཞིན་བྷལ་ལ་རྟེན་ནས་མཆོད་ཅིང་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གི་ཐུགས་ཁྲོ་སླངས་སོ༎

རྒྱལ་རབས་གཉིས་པ། 1

ཨེ་ལི་ཡཱ་དང་རྒྱལ་པོ་ཨ་ཧ་ཛ་ཡཱ།

1ཨིསི་རཱཨེལ་གྱི་རྒྱལ་པོ་ཨ་ཧབ་གྲོངས་པའི་རྗེས་ལ་མོ་ཨབ་ཡུལ་གི་ཨིསི་རཱཨེལ་ཐོག་ཏུ་ངོ་ལོག་བྱས་སོ། 2ཨིསི་རཱཨེལ་གྱི་རྒྱལ་པོ་ཨ་ཧ་ཛ་ཡཱ་ས་མར་ཡ་རུ་ཕོ་བྲང་གི་རྩེ་ཐོག་གི་ཁྱམས་ར་ནས་ལྷུང་བ་དང་ཚབ་ཆེ་རྨས་སོ། དེར་བརྟེན་ཁོང་གསོས་དང་མ་གསོས་སྐོར་རྟོགས་པའི་ཕྱིར་ཕེ་ལེ་ཤེད་པའི་གྲོང་ཁྱེར་ཨེག་རོན་གྱི་བྷལ་ཛེ་བུབ་ལ་མོ་རྒྱབ་པར་བང་ཆེན་འགའ་ཤས་བཏང་ངོ་། 3འོན་ཀྱང་གཙོ་བོ་དཀོན་མཆོག་གི་ཕོ་ཉ་ཞིག་གིས་ཊིཤི་བྷིའི་ལུང་སྟོན་པ་ཨེ་ལི་ཡཱ་ལ་རྒྱལ་པོ་ཨ་ཧ་ཛ་ཡཱའི་བང་ཆེན་ཚོ་དང་འཕྲད་ནས་དེ་ཚོ་ལ་ཁྱོད་ཚོ་ཅིའི་ཕྱིར་ཨེག་རོན་གྱི་ལྷ་བྷལ་ཛེ་བུབ་ལ་མོ་རྒྱབ་པར་འགྲོ་བཞིན་ཡོད་དམ། ཁྱོད་ཚོའི་བསམ་པར་ཨིསི་རཱཨེལ་ལ་དཀོན་མཆོག་མེད་པ་རེད་བསམ་གྱི་ཡོད་དམ་ཞེས་སྨྲས་སོ། 4རྒྱལ་པོ་ལ་གཙོ་བོ་དཀོན་མཆོག་གིས་ཁྱོད་རྨས་པ་ལས་མ་གསོས་པ་མ་ཟད། ཁྱོད་ཤི་གི་རེད་སྨྲོས་ཤིག་ཅེས་བཀའ་གནང་ངོ་། ཨེ་ལི་ཡཱས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ལྟར་བྱས་སོ། 5བང་ཆེན་ཚོ་རྒྱལ་པོའི་སར་ཕྱིར་ལོག་ནས། ཁོང་གཉིས་ལ་ཁྱོད་ཚོ་ཅིའི་ཕྱིར་ལོག་ཡོང་བ་ཡིན་ནམ་གསུངས་སོ། 6དེ་ཚོས་ང་ཚོས་སྐྱེ་བོ་ཞིག་དང་འཕྲད་པས་དེས་ང་ཚོ་ཕྱིར་ལོག་ནས་རྒྱལ་པོ་ལ་གཙོ་བོ་དཀོན་མཆོག་གིས། ཁྱོད་ཀྱིས་ཅིའི་ཕྱིར་ཨེག་རོན་གྱི་ལྷ་བྷལ་ཛེ་བུབུ་ལ་མོ་རྒྱབ་པར་བང་ཆེན་གཏོང་བཞིན་ཡོད་དམ། ཁྱོད་ཀྱི་བསམ་བློར་ཨིསི་རཱཨེལ་ལ་དཀོན་མཆོག་མེད་པ་རེད་བསམ་པ་ཡིན་ནམ། ཁྱོད་རྨས་པ་ལས་མི་གསོས་པ་མ་ཟད། ཁྱོད་ངེས་པར་འཆི་གི་རེད་ཅེས་སྨྲས་བྱུང་ཞུས་སོ། 7རྒྱལ་པོས། སྐྱེ་བོ་དེ་ཇི་འདྲ་ཞིག་འདུག་གམ་ཅེས་བཀའ་འདྲི་གནང་ངོ་། 8དེ་ཚོས་ཁོང་ནི་སེམས་ཅན་གྱི་པགས་པའི་གོས་གྱོན་ནས་ཀོ་བའི་སྐེ་རགས་བཅིང་འདུག་ཅེས་ཞུས་སོ། རྒྱལ་པོས་དེ་ནི་ཨེ་ལི་ཡཱ་རེད་གསུངས་སོ། 9དེ་ནས་ཁོང་གིས་འགོ་འཛིན་ཞིག་དང་མི་ལྔ་བཅུ་ཐམ་པ་ཨེ་ལི་ཡཱ་ལེན་པར་བཏང་ངོ་། འགོ་ཛིན་དེས་ཁོང་ནི་རི་ཞིག་གི་སྟེང་དུ་བཞུགས་ཡོད་པ་མཐོང་ནས་ཁོང་ལ། དཀོན་མཆོག་གི་སྐྱེ་བུ། རྒྱལ་པོས་ཁྱེད་ལ་མར་ཕེབས་ཤོག་གསུངས་བཞིན་འདུག་ཞུས་པས། 10ཨེ་ལི་ཡཱས་ལན་དུ། གལ་སྲིད་ང་དཀོན་མཆོག་གི་སྐྱེ་བུ་ཡིན་ན་ནམ་མཁའ་ནས་མེ་འབབ་ནས་ཁྱོད་དང་ཁྱོད་ཀྱི་མི་རྣམས་གསོད་པར་ཤོག་གསུངས་མ་ཐག་ཏུ། ནམ་མཁའ་ནས་མེ་འབབ་ནས་འགོ་འཛིན་དང་དེའི་མི་རྣམས་འཆིའོ། 11སྐྱར་དུ་རྒྱལ་པོས་འགོ་འཛིན་གཞན་ཞིག་དང་མི་ལྔ་བཅུ་ཐམ་པ་བཏང་ནས། ཨེ་ལི་ཡཱ་ལ་དཀོན་མཆོག་གི་སྐྱེ་བུ། རྒྱལ་པོས་ཁྱེད་ལ་འཕྲལ་དུ་མར་ཕེབས་ཤོག་ཅེས་བཀའ་གནང་གི་འདུག་ཅེས་ཞུས་པས། 12ལན་དུ་ཨེ་ལི་ཡཱས། ང་དཀོན་མཆོག་གི་སྐྱེ་བུ་ཡིན་ན་ནམ་མཁའ་ནས་མེ་འབབ་ནས་ཁྱོད་དང་ཁྱོད་ཀྱི་མི་རྣམས་གསོད་པར་ཤོག་གསུངས་མ་ཐག་མེ་འབབ་ནས་འགོ་འཛིན་དང་དེའི་མི་རྣམས་འཆིའོ། 13སྐྱར་དུ་རྒྱལ་པོས་འགོ་འཛིན་ཞིག་དང་མི་ལྔ་བཅུ་ ཐམ་པ་བཏང་བ་རྣམས་ནས་འགོ་འཛིན་དེ་རི་བོའི་སྟེང་དུ་ཕྱིན་ནས་ཨེ་ལི་ཡཱའི་མདུན་དུ་སྤུས་མོ་བཙུགས་ནས་ཞུ་བ་ཕུལ་བ། དཀོན་མཆོག་གི་སྐྱེ་བུ་ང་དང་ངའི་མི་རྣམས་ལ་སྙིང་རྗེ་གནང་ནས། ང་ཚོའི་སྲོག་སྐྱོབས་རོགས་གནང་། 14འགོ་འཛིན་གཞན་གཉིས་དང་དེ་ཚོའི་མི་རྣམས་ནམ་མཁའི་མེས་བསད་ཡོད་པ་ཡིན་ན་ཡང་ང་ལ་སྙིང་རྗེ་གནང་རོགས་གནང་ཞེས་ཞུས་སོ། 15གཙོ་བོ་དཀོན་མཆོག་གི་ཕོ་ཉས། ཨེ་ལི་ཡཱ་ལ་མ་འཇིགས་པར་ཁོ་དང་མཉམ་དུ་མར་སོང་ཞིག་ཅེས་བཀའ་གནང་ངོ། དེར་བརྟེན་ཨེ་ལི་ཡཱ་འགོ་འཛིན་དེ་དང་མཉམ་དུ་རྒྱལ་པོའི་སར་ཕེབས་ནས། 16ཁོ་ལ་སྨྲས་སོ། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ། ཨིསི་རཱཨེལ་དུ་དཀོན་མཆོག་མེད་པ་ལྟར་ཁྱོད་ཀྱིས་ཨེག་རོན་གྱི་ལྷ་བྷལ་ཛེ་བུབ་ལ་མོ་རྒྱབ་པར་བང་ཆེན་རྣམས་བཏང་ངོ། དེའི་རྐྱེན་གྱིས་ཁྱེད་ནད་ལས་མི་གསོད་པ་མ་ཟད་ཁྱོད་ངེས་པར་འཆི་གི་རེད་ཅེས་བཀའ་གནང་ཡོད། 17གཙོ་བོ་དཀོན་མཆོག་གིས་ཨེ་ལི་ཡཱ་བརྒྱུད་ནས་བཀའ་གནང་བ་ལྟར་ཨ་ཧ་ཛ་ཡཱ་འཆི་བའོ། ཨ་ཧ་ཛ་ཡཱ་ལ་བུ་ཕྲུག་མེད་སྟབས་ཁོའི་སྤུན་ཡོ་རམ་ནི་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱི་བུ་ཡེ་ཧོོ་རམ་གྱིས་རྒྱལ་སྲིད་སྐྱོངས་བའི་ལོ་གཉིས་པའི་སྐབས་སུ་ཁོ་རྒྱལ་པོར་འགྱུར་རོ། 18རྒྱལ་པོ་ཨ་ཧ་ཛ་ཡཱའི་མཛད་པ་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ༎

རྒྱལ་རབས་གཉིས་པ། 2

ཨེ་ལི་ཡཱ་ལ་མཐོ་རིས་སུ་འཁྲིད་པ།

1གཙོ་བོ་དཀོན་མཆོག་གིས་ཨེ་ལི་ཡཱ་རླུང་འཚུབ་བརྒྱུད་ནས་མཐོ་རིས་སུ་འདྲེན་པའི་དུས་ལ་སླེབས་ཡོད་པས། ཨེ་ལི་ཡཱ་དང་ཨེ་ལི་ཤ་གཉིས་གྷིལ་གཱལ་ནས་ཐོན་ནོ། 2ལམ་དུ་ཨེ་ལི་ཡཱས་ཨེ་ལི་ཤ་ལ་ཁྱོད་འདིར་སྡོད་ཅིག གཙོ་བོ་དཀོན་མཆོག་གིས་ང་བྷེ་ཐེལ་དུ་འགྲོ་དགོས་པའི་བཀའ་གནང་བྱུང་གསུངས་བས། ལན་དུ་ཨེ་ལི་ཤས། ངས་གསོན་པོའི་གཙོ་བོ་དཀོན་མཆོག་དང་ཁྱེད་ཀྱི་ཚེ་སྲོག་དཔང་པོ་བཙུགས་ནས་ངས་ཁྱེད་ལ་སྤངས་རྒྱུ་མིན་ཞེས་སྨྲ་བཞིན་ཡོད། དེའི་རྐྱེན་གྱིས་ཁོང་གཉིས་བྷེ་ཐེལ་བར་དུ་ཕེབས་སོ། 3དེར་གནས་པའི་ལུང་སྟོན་པ་ཚོ་ཞིག་ཨེ་ལི་ཤའི་སར་ཕེབས་ནས་ཁོང་ལ། དེ་རིང་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་བློ་དཔོན་ལ་ཁྱེད་ཀྱི་ས་ནས་འཁྲིད་གནང་རྒྱུ་ཡིན་པ་དེ་ཤེས་ཀྱི་ཡོད་དམ་ཅེས་དྲི་བ་འདྲིས་པས། ཨེ་ལི་ཤས་ངས་ཤེས་ཀྱི་ཡོད། འོན་ཀྱང་ང་ཚོ་དེའི་སྐོར་གཏམ་མི་གཤོད་ཞེས་གསུངས་སོ། 4དེ་ནས་ཨེ་ལི་ཡཱས་ཨེ་ལི་ཤ་ལ་ད་ཁྱོད་འདིར་སྡོད་ཅིག གཙོ་བོ་དཀོན་མཆོག་གིས་ང་ལ་ཡེ་རི་ཀོ་རུ་འགྲོ་དགོས་པའི་བཀའ་གནང་བྱུང་གསུངས་སོ། འོན་ཀྱང་ཨེ་ལི་ཤས་ངས་གསོན་པོའི་གཙོ་བོ་དཀོན་མཆོག་དང་ཁྱེད་ཀྱི་ཚེ་སྲོག་དཔང་པོ་བཙུགས་ནས་ངས་ཁྱེད་ལ་སྤངས་རྒྱུ་མིན་ཞེས་སྨྲ་བཞིན་ཡོད། དེའི་རྐྱེན་གྱི་ཁོང་གཉིས་ཡེ་རི་ཀོ་རུ་ཕེབས་སོ། 5དེར་གནས་པའི་ལུང་སྟོན་པ་ཚོ་ཞིག་ཨེ་ལི་ཤའི་སར་ཕེབས་ནས་ཁོང་ལ། དེ་རིང་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་བློ་དཔོན་ལ་ཁྱེད་ཀྱི་ས་ནས་འཁྲིད་གནང་རྒྱུ་ཡིན་པ་དེ་ཤེས་ཀྱི་ཡོད་དམ་ཅེས་དྲི་བ་དྲིས་པས། 6དེ་ནས་ཨེ་ལི་ཡཱས་ཨེ་ལི་ཤ་ལ་ཁྱོད་འདིར་སྡོད་ཅིག གཙོ་བོ་དཀོན་མཆོག་གིས་ང་ལ་ཆུ་བོ་ཡོར་དན་དུ་འགྲོ་དགོས་པའི་བཀའ་གནང་བྱུང་གསུངས་སོ། ལན་དུ་ཨེ་ལི་ཤས། ངས་གསོན་པོའི་གཙོ་བོ་དཀོན་མཆོག་དང་ཁྱེད་ཀྱི་ཚེ་སྲོག་དཔང་པོ་བཙུགས་ནས་ངས་ཁྱེད་ལ་སྤངས་རྒྱུ་མིན་ཞེས་སྨྲ་བཞིན་ཡོད། དེའི་རྐྱེན་གྱི་ཁོང་གཉིས་ཕེབས་སོ། 7ལུང་སྟོན་པ་ལྔ་བཅུ་ཐམ་པ་ཡང་ཁོང་ཚོའི་རྗེས་སུ་ཡོར་དན་དུ་ཕྱིན་ནོ། ཨེ་ལི་ཡཱ་དང་ཨ་ལི་ཤ་ཆུ་བོའི་འགྲམ་དུ་ལངས་སོ། ལུང་སྟོན་པ་ལྔ་བཅུ་ པོ་རྣམས་ཁོང་གཉིས་ནས་ཕར་ཙམ་ལངས་སོོ། 8དེ་ནས་ཨེ་ལི་ཡཱས་རང་གི་གོས་ཕུད་ནས་བལྟབ་རྩིས་རྒྱབ་ནས་ཆུ་ལ་ཞུས་པས་ཆུ་དེ་ཁག་གཉིས་སུ་གྱེས་པ་དང་ཁོང་དང་ཨེ་ལི་ཤ་གཉིས་ས་སྐམ་ས་ནས་ཕ་རོལ་དུ་རྒལ་ལོ། 9དེར་ཨེ་ལི་ཡཱས་ཨེ་ལི་ཤ་ལ་ང་ཁྱོད་ཀྱི་ས་ནས་འཁྲིད་པའི་སྔོན་ལ་ངས་ཁྱོད་ལ་ཅི་བྱེད་དགོས་སམ་གསུངས་པས། དེའི་ལན་དུ་ཨེ་ལི་ཤས་ཁྱེད་ཀྱི་ཤུལ་འཛིན་དུ་འགྱུར་བར་ཁྱེད་ཀྱི་མཐུ་སྟོབས་ཀྱི་ཆ་ཤས་ང་ལ་ཐོབ་པར་གནང་བར་མཛོད་ཞེས་ཞུསོ། 10ཨེ་ལི་ཡཱས། ཁྱོད་ཀྱི་ཞུ་བ་དེ་སྤྲོད་དཀའ་བ་ཞིག་ཡིན་ན་ཡང་། ཁྱོད་ཀྱིས་ང་ཁྱོད་ཀྱིས་ས་ནས་འཁྲིད་པ་མཐོང་བ་ཡིན་ན་ཁྱོད་ལ་དེ་ཐོབ་བོ། ཁྱོད་ཀྱིས་ང་མ་མཐོང་བ་ཡིན་ན་ཁྱོད་ལ་དེ་མི་ཐོབ་ཅེས་ལན་གནང་ངོ་། 11དེ་ནས་ཁོང་ཚོ་ལམ་ལ་བཀའ་མོལ་གནང་བཞིན་ཕེབས་པས། གློ་བུར་དུ་མེའི་ཤིང་རྟ་འཁོར་ལོ་མེའི་རྟས་འདྲེན་པ་ཞིག་ཁོ་ཚོའི་དབར་སླེབས་པ་དང་ཨེ་ལི་ཡཱ་རླུང་འཚུབ་བརྒྱུད་ནས་མཐོ་རིས་སུ་འདྲེན་ནོ། 12ཨེ་ལི་ཤས་དེ་མཐོང་བས་ཨེ་ལི་ཡཱ་ལ། ངའི་ཡབ། ངའི་ཡབ། ཨིསི་རཱཨེལ་གྱི་ཀུན་དབང་ཅན་གྱི་སྲུང་སྐྱོབ་བྱེད་མཁན། ཁྱེད་ཕེབས་ཚར་སོང་ཞེས་སྐད་རྒྱབ་བོ། དེ་ནས་ཁོས་ཨེ་ལི་ཡཱར་ཡང་སྐྱར་མ་མཇལ་ལོ། ཨེ་ལི་ཤས་མྱ་ངན་གྱི་ཐོག་རང་གི་གོས་དུམ་བུ་གཉིས་སུ་ཧྲལ་ནས། 13ཁོས་ཨེ་ལི་ཡཱའི་མར་ཟག་པའི་གོས་དེ་ཡར་སྒྲུག་ནས་ཕྱིར་ལོག་པ་དང་ཡོར་དན་ཆུ་འགྲམ་དུ་ལངས་སོ། 14ཁོས་ཨེ་ལི་ཡཱའི་གོས་དེ་ཆུ་ལ་ཞུས་ནས་ཨེ་ལི་ཡཱའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གང་དུ་ཡོད་དམ་ཞེས་སྨྲས་སོ། དེ་ནས་ཡང་སྐྱར་ཆུ་ལ་ཞུས་པས་དེ་ཁག་གཉིས་སུ་གྱེས་པ་དང་ཁོ་ཆུའི་ཕ་རོལ་དུ་ཐོན་ནོ། 15ཡེ་རི་ཀོའི་ལུང་སྟོན་པ་ལྔ་བཅུས་ཁོང་མཐོང་ནས་ཨེ་ལི་ཡཱའི་མཐུ་སྟོབས་དེ་ཨེ་ལི་ཤ་ལ་འདུག་ཅེས་སྨྲས་ནས། དེ་ཚོ་ཁོང་མཇལ་བར་ཡོང་ནས་ཁོང་གི་མདུན་དུ་ཕྱག་འཚལ་ལོ། 16འདིར་ང་ཚོ་མི་ལྔ་བཅུ་ཡོད་པ་ཚང་མ་མི་ཤུགས་ཆེན་པོ་ཤ་ལྟག་ཡིན། ང་ཆོ་ཁྱེད་ཀྱི་ཇོ་བོ་འཚོལ་བར་འགྲོའོ། ཕལ་ཆེར་གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁོང་འཁྲིད་ནས་རི་བོ་འམ་ལུང་གཤོང་ཁག་ཏུ་བཞག་གནང་ཡོད་སྲིད་ཀྱི་རེད་ཅེས་ཞུས་པས། ལན་དུ་ཨེ་ལི་ཤས། ཁྱོད་ཚོ་སུའང་འགྲོ་མི་རུང་གསུངས་སོ། 17འོན་ཀྱང་དེ་ཚོས་ཁོང་གི་ཞལ་བཞེས་མ་གནང་བར་དུ་འགྲོ་བཅུག་པར་ནན་བསྐུལ་ཞུས་པ་དང་། དེ་ཚོ་ལྔ་བཅུ་ཉིན་གསུམ་གི་རིང་ས་གནས་གང་སར་ཨེ་ལི་ཡཱ་བཙལ་ཡང་ཁོང་མ་རྙེད་དོ། 18དེ་ནས་དེ་ཚོ་ཨེ་ལི་ཤ་ཡེ་རི་ཀོ་རུ་སྒུག་བཞུགས་ཡོད་པའི་སར་ཕྱིར་ལོག་པ་དང་། ཁོང་གིས་དེ་ཚོ་ལ་ངས་ཁྱོད་ཚོར་མ་འགྲོ་ཅེས་ལབ་མ་བྱུང་ངམ་གསུངས་སོ༎

ཨེ་ལི་ཤའི་ཡ་མཚན་གྱི་མཛད་པ།

19ཡེ་རི་ཀོ་ནས་མི་འགའ་ཤས་ཨེ་ལི་ཤའི་སར་སོང་ནས། ཇོ་བོ་ལགས་ཁྱེད་ཀྱིས་མཁྱེན་གསལ་ལྟར་གྲོང་ཁྱེར་འདི་ལེགས་པོ་ཡོད་རུང་ཆུ་ངན་པས་རྐྱེན་གྱིས་མའི་མངལ་ནས་ཕྲུ་གུ་ཤོར་བའི་ནད་ཞིག་ཡོད་ཅེས་ཞུས་སོ། 20དེ་ནས་ཁོང་གིས་ཚ་ཕྲན་བུའི་ཞིག་དཀར་ཡོལ་གསར་པ་ཞིག་གི་ནང་དུ་བླུག་ནས་འཁྱེར་ཤོག་ཅེས་བཀའ་གནང་བས། དེ་ཚོས་དེ་ཁོང་གི་དྲུང་དུ་འཁྱེར་ཡོང་ངོ་། 21ཁོང་གིས་རྒྱུགས་ཆུ་ཞིག་གི་སར་ཕེབས་ནས་ཆུ་དེ་ལ་ཚ་གཏོར་ནས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ངས་ཆུ་འདི་གཙང་མ་བཟོས་པ་ཡིན་པ་དང་། ད་ནས་ཕྱིན་ཆད་འཆི་བའམ་མའི་མངལ་ནས་ཕྲུ་གུ་ཤོར་བའི་ནད་མི་འབྱུང་ངོ་ཞེས་གསུངས་སོ། 22ཨེ་ལི་ཤས་བཀའ་གནང་བ་ལྟར་དེ་ནས་བཟུང་ཆུ་དེ་གཙང་མར་གནས་སོ། 23ཨེ་ལི་ཤའི་ཡེ་རི་ཀོ་ནས་བྷེ་ཐེལ་དུ་ཕེབས་པའི་ཕྱིར་ཐོན་པ་དང་ལམ་དུ་བུ་ཕྲག་འགའ་ཤས་གྲོང་ཁྱེར་ནས་ཐོན་ཡོང་ནས་ཁོང་ལ་སྙད་བསྐོས་ནས་མགོ་རིལ་ཕར་སོང་ཞིག་ཅེས་སྐད་འབོད་བྱས་སོ། 24ཨེ་ལི་ཤས་ཞལ་བསྒྱུར་ནས་དེ་ཚོ་ལ་སྤྱན་ལོག་གཟིགས་ནས་གཙོ་བོ་དཀོན་མཆོག་གི་མཚན་ནས་དེ་ཚོ་ལ་དམོད་པ་གནང་བས། ཤིང་ནགས་ནས་དོམ་མོ་གཉིས་ཡོང་ནས་བུ་ཕྲུག་ བཞི་ཅུ་ཞེ་གཉིས་ལ་སྦར་བྲད་བརྒྱབ་ནས་དུམ་བུར་བཟོས་སོ། 25ཨེ་ལི་ཤ་རི་བོ་ཀར་མེལ་དུ་ཕེབས་ནས་རྗེས་སུ་ས་མར་ཡ་རུ་ཕྱིར་ལོག་ཕེབས་སོ༎

རྒྱལ་རབས་གཉིས་པ། 3

ཨིསི་རཱཨེལ་དང་མོ་ཨབ་དབར་དམག་འཁྲུགས།

1ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱིས་རྒྱལ་སྲིད་སྐྱོངས་ནས་ལོ་ཅོ་བརྒྱད་སོང་བའི་སྐབས་ཨ་ཧབ་ཀྱི་བུ་ཡོ་རམ་ནི་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་བ་དང་ཁོང་གིས་ས་མར་ཡ་རུ་ལོ་བཅུ་གཉིས་རིང་རྒྱལ་སྲིད་བསྐྱངས་སོ། 2ཁོང་གིས་གཅོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད་རུང་ཁོང་རང་གི་ཡབ་དང་ཡུམ་ཡེ་ཛི་བྷེལ་ལྟར་ངན་པ་གནང་མེད་དོ། ཁོང་གིས་རང་གི་ཡབ་ཀྱིས་བྷལ་ལ་མཆོད་པའི་ཕྱིར་འདྲ་སྐུ་བཟོས་པ་རྣམས་སྟོར་རོ། 3འོན་ཀྱང་ཁོང་གི་ནེ་བྷད་ཀྱི་སྲས་རྒྱལ་པོ་ཡེ་རོ་བྷམ་བཞིན་ཁོང་གིས་ཨིསི་རཱཨེལ་པ་ཚོ་སྡིག་པར་སྣེ་འཁྲིད་བྱས་པ་དེ་མཚམས་འཇོགས་བྱེད་མ་ཐུབ་བོ། 4མོ་ཨབ་ཀྱི་རྒྱལ་པོ་མེ་ཤེ་ཀྱིས་ལུག་གསོ་སྐྱོངས་བྱེད་པ་དང་ལོ་ལྟར་ཨིསི་རཱཨེལ་གྱི་རྒྱལ་པོར་ལུ་གུ་ ༡༠༠,༠༠༠ དང་ལུག་ ༡༠༠,༠༠༠ གི་བལ་དཔྱ་ཁྲལ་དུ་འབུལ་བཞིན་ཡོད་ན་ཡང་། 5ཨིསི་རཱཨེལ་གྱི་རྒྱལ་པོ་ཨ་ཧབ་འདས་པའི་རྗེས་སུ་མེ་ཤས་ཨིསི་རཱཨེལ་ལ་ངོ་ལོག་བྱས་སོ། 6དེ་མ་ཐག་རྒྱལ་པོ་ཡོ་རམ་ས་མར་ཡ་ནས་ཐོན་སྟེ། རང་གི་དམག་མི་རྣམས་བསྡུས་ནས། 7ཁོང་གིས་ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ལ་མོ་ཨབ་ཀྱི་རྒྱལ་པོས་ང་ལ་ངོ་ལོག་བྱས་བྱུང་བས། ཁྱེད་ང་དང་མཉམ་དུ་ཁོ་ལ་དམག་འཐབ་པར་རོགས་གནང་བར་ཕེབས་ཐུབ་བམ་ཞེས་པའི་ལོན་བཏང་ངོ་། ཡེ་ཧོ་ཤ་ཕད་ཀྱིས་ང་ཁྱེད་ཀྱི་ཆེད་དུ་གྲ་སྒྲིག་ཡོད་པ་མ་ཟད། ངའི་མི་དང་རྟ་རྣམས་ཀྱང་གྲ་སྒྲིག་ཡོད་དོ། 8ང་ཚོས་ཕྱོགས་གང་ས་ནས་དམག་འཐབ་གནང་ངམ་ཞེས་ཞུས་སོ། ཡོ་རམ་གྱིས་ང་ཚོ་ཨེ་དྷོམ་གྱི་མི་མེད་ལུང་སྟོང་གི་ལམ་རིང་པོ་ནས་འགྲོ་རྒྱུ་ཡིན་ཞེས་གསུངས་སོ། 9དེ་ལྟར་རྒྱལ་པོ་ཡོ་རམ་ནི་ཡ་ཧུ་དཱ་དང་ཨེ་དྷོམ་གྱི་རྒྱལ་པོ་རྣམས་མཉམ་དུ་ཐོན་ནོ། ཉིན་བདུན་རིང་གོམ་འགྲོས་བྱས་པའི་རྗེས་ལ་ཁོ་ཚོའི་འཐུང་ཆུ་རྫོགས་པ་དང་མི་དང་སེམས་ཅན་རྣམས་ལ་ཆུ་གང་ཡང་མ་ལྷག་གོ 10རྒྱལ་པོ་ཡོ་རམ་གྱིས་ད་ང་ཚོ་ཡག་པོ་བྱུང་མ་སོང་། གཙོ་བོ་དཀོན་མཆོག་གིས་ང་ཚོ་གསུམ་ལ་མོ་ཨབ་ཀྱི་རྒྱལ་པོའི་སྙིང་རྗེའི་འོག་འཇོག་གནང་ངོ་ཞེས་སྐད་བརྒྱབ་བོ། 11རྒྱལ་པོ་ཡེ་ཧོ་ཤ་ཕཏ་ཀྱིས་འདིར་ང་ཚོ་གཙོ་བོ་དཀོན་མཆོག་ལ་བཀའ་བསྡུར་ཞུ་བར་ལུང་སྟོན་པ་ཡོད་དམ་ཞེས་དྲིས་པས། རྒྱལ་པོ་ཡོ་རམ་གྱི་འགོ་འཛིན་ཞིག་གིས་འདིར་ཤ་ཕད་ཀྱི་བུ་ཨེ་ལི་ཤ་ཟེར་བ་ཞིག་ཡོད། ཁོང་ཨེ་ལི་ཡཱའི་ལས་རོགས་རེད་ཅེས་ཞུས་སོ། 12རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱིས་ཁོང་ལུང་སྟོན་པ་བདེན་པ་རེད་ཞུས་ནས། རྒྱལ་པོ་གསུམ་པོ་ཨེ་ལི་ཤའི་དྲུང་དུ་ཕེབས་སོ། 13ཨེ་ལི་ཤས་ཨིསི་རཱཨེལ་གྱི་རྒྱལ་པོར། ངས་ཁྱོད་ལ་ཅིའི་ཕྱིར་རོགས་བྱེད་དགོས་སམ། ཁྱོད་ཀྱི་ཕ་མ་གཉིས་ནས་བཀའ་བསྡུར་ཞུ་སའི་ལུང་སྟོན་པ་དེ་ཚོའི་སར་སོང་ཞིག་གསུངས་པས། ཡོ་རམ་གྱིས། དེ་ལྟར་བྱེད་ཀྱི་མིན། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གིས་ང་ཚོ་རྒྱལ་པོ་གསུམ་ལ་མོ་ཨབ་ཀྱི་རྒྱལ་པོའི་སྙིང་རྗེའི་འོག་འཇོག་གནང་མཛད་ཡོད་ཞུས་པས། 14ལན་དུ་ཨེ་ལི་ཤས། ངས་ཞབས་ཕྱི་ཞུས་པའི་གསོན་པོའི་གཙོ་བོ་དཀོན་མཆོག་ལ་དཔང་དུ་བཅུག་ནས་ངས་བདེན་པར་སྨྲ་རྒྱུར། གལ་ཏེ་ཁྱོད་ཚོའི་མཐུན་ཕྱོགས་ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ལ་ངས་གུས་ཞབས་མེད་པ་ཡིན་ན། ངས་ཁྱེད་ལ་དོ་སྣང་གང་ཡང་བྱེད་པ་མེད། 15ད་ང་ལ་རོལ་ཆ་མཁན་ཞིག་འཁྲིད་ཤོག་ཅེས་གསུངས་པས། རོལ་ཆ་མཁན་གྱིས་སྒྲ་སྙན་དཀྲོགས་པ་དང་གཙོ་བོ་དཀོན་མཆོག་གི་མཐུ་སྟོབས་ཨེ་ལི་ཤའི་སྟེང་ལ་བབས་སོ། 16ཁོང་གིས་སྨྲས་པ། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི་འདི་ལྟར་ཡིན། ཆུ་མིག་སྐམ་པོའི་མཐའ་འཁོར་ཡོངས་ལ་ཡུར་བ་བྲུས་ཤིག 17ཁྱོད་ཚོས་ཆར་པའམ་རླུང་མ་མཐོང་ན་ཡང་ཆུ་མིག་སྐམ་པོའི་མཐའ་འཁོར་ཡོངས་སུ་ཆུ་ཡིས་ཁེངས་པར་འགྱུར་བ་དང་ཁྱོད་ཚོ་དང་ཁྱོད་ཚོའི་ཕྱུགས་དང་སེམས་ཅན་རྣམས་ལ་འཐུང་ཆུ་ཧ་ཅང་འབོལ་པོ་ཡོང་། 18ཨེ་ལི་ཤས་མུ་མཐུད་ནས་གཅོ་བོ་དཀོན་མཆོག་གིས་བྱ་བ་དེ་ལྟར་གནང་རྒྱུ་ལས་སླ་པོ་ཡིན་པ་མ་ཟད། ཁོང་གིས་ཁྱོད་ཚོར་མོ་ཨབ་པ་ཚོའི་ཐོག་ཏུ་ཡང་རྒྱལ་ཁ་གནང་གི་ཡོད། 19ཁྱོད་ཚོས་དེ་ཚོས་འཛིང་ར་བསྐོར་བའི་གྲོང་ཁྱེར་མཛེས་སྡུག་ཅན་རྣམས་དབང་བ་དང་། ཁྱོད་ཆོས་དེ་ཚོའི་འབྲས་བུ་ཡོད་པའི་ཤིང་སྡོང་རྣམས་བཅད་པར་བྱ། དེ་ཚོའི་ཆུ་མིག་རྣམས་བཀག་པ་དང་ས་ལུད་འཛོམས་པོའི་ཞིང་ཁ་རྣམས་རྡོས་བཀབ་ནས་མེད་པར་བཟོའོ་ཞེས་གསུངས་སོ། 20ཉིན་རྗེས་མ་ཉིན་ལྟར་གྱི་ཞོག་པ་དམར་མཆོད་ཕུལ་བའི་དུས་སྐབས་སུ་ཨེ་དྷོམ་གྱི་ཕྱོགས་ནས་ཆུ་རྒྱུགས་ནས་ས་གནས་དེ་ཚོ་ཁེངས་སོ། 21མོ་ཨབ་པ་ཚོས་རྒྱལ་པོ་གསུམ་གྱིས་ཁོ་ཚོར་བཙན་འཛུལ་བྱེད་པར་ཡོང་གི་ཡོད་པ་ཐོས་པ་དང་གོ་ལག་འཁྱེར་ཐུབ་མཁན་ཀྱི་མི་རྒན་གཞོན་ཚང་མ་བཀོང་ནས་ས་མཚམས་སུ་བཞག་གོ 22ཉིན་རྗེས་མ་དེར་ཁོ་ཚོ་ཡར་ལངས་སྐབས་ཉི་མ་ཆུའི་སྟེང་དུ་ཤར་བས་དེ་ཁྲག་ལྟར་དམར་པོ་མཐོང་ངོ། 23དེ་ཚོས་དེ་ཁྲག་རེད། དགྲ་བོ་གསུམ་གྱི་དམག་མི་རྣམས་ནང་འཁྲུགས་བྱུང་ནས་གཅིག་གིས་གཅིག་ལ་བསད་པས། ང་ཚོས་དེ་ཚོའི་སྒར་བཅོམ་པར་འགྲོའོ་ཞེས་སྐད་རྒྱབ་བོ། 24འོན་ཀྱང་དེ་ཚོ་སྒར་དུ་སླེབས་སྐབས་ཨིསི་རཱཨེལ་པ་ཚོས་བཙན་རྒོལ་བྱས་ནས་ཁོ་ཚོ་ཕྱིར་འབུད་བྱས་པས། ཨིསི་རཱཨེལ་པ་ཚོས་མུ་མཐུད་དེད་ནས་མོ་ཨབ་པ་ཚོ་བསད་པ་དང་། 25དེ་ཚོའི་གྲོང་ཁྱེར་བཤིགས་སོ། དེ་ཚོའི་ས་ལུད་འཛོམས་པོའི་ཞིང་ཁར་སླེབས་པ་དང་ཨིསི་རཱཨེལ་པ་རེ་རེས་རྡོ་རེར་དབྱུགས་པས་ཞིང་ཚང་མ་རྡོའི་ཁེངས་པ་མ་ཟད། དེ་ཚོས་ཆུ་མིག་ཚང་མ་བཀག་པ་དང་། འབྲས་བུ་ཡོད་པའི་ཤིང་སྡོང་ཚང་མ་བཅད་དོ། མཐའ་མར་རྒྱལ་སའི་གྲོང་ཁྱེར་ཀིར་ཧེ་རེསེ་གཅིག་པུ་ལྷག་པ་དང་འུར་རྡོ་བ་རྣམས་ནས་གྲོང་ཁྱེར་དེ་ལ་མཐའ་བསྐོར་ནས་བཙན་རྒོལ་བྱས་སོ། 26མ་ཨབ་ཀྱི་རྒྱལ་པོས་དམག་ཤོར་གྱི་ཡོད་པ་ཤེས་པ་དང་ཁོང་གིས་རལ་གྲི་འཁུར་བའི་དམག་མི་ ༧༠༠ འཁྲིད་ནས་དགྲ་བོར་གསང་སྟེ་སི་རི་ཡའི་རྒྱལ་པོའི་སར་བྲོས་ཐབས་བྱས་ཀྱང་མ་ཐུབ་བོ། 27དེ་འདྲ་སོང་ཙང་ཁོང་གིས་རང་གི་སྲས་ཆེ་ཤོས་ཁོང་གི་ཤུལ་འཛིན་དུ་རྒྱལ་པོ་བྱེད་འོས་པ་དེ་འཁྲིད་ནས་གྲོང་ཁྱེར་གྱི་ལྕགས་རིའི་སྟེང་མོ་ཨབ་ཀྱི་ལྷ་ལ་དམར་མཆོད་ཕུལ་ལོ། དེ་མཐོང་ནས་ཨིསི་རཱཨེལ་པ་ཚོ་ཧ་ཅང་འཇིགས་པས་གྲོང་ཁྱེར་ནས་ཐོན་ནས་དེ་ཚོ་རང་ཡུལ་དུ་ཕྱིར་ལོག་གོ།

རྒྱལ་རབས་གཉིས་པ། 4

ཨེ་ལི་ཤས་ཡུག་མོ་དབུལ་པོ་ཞིག་ལ་རོགས་བྱས་པ།

1ལུང་སྟོན་པ་ཚོ་ཞིག་གི་ནང་ནས་ཡུག་མོ་ཅིག་ཨེ་ལི་ཤའི་དྲུང་དུ་ཕྱིན་ནས། སྐུ་ཞབས་ལགས། ངའི་ཁྱོ་ཤི་སོང་། ཁྱོད་ཀྱིས་མཁྱེན་གསལ་ལྟར་ཁོ་ནི་དཀོན་མཆོག་ལ་འཇིགས་མཁན་ཞིག་ཡིན་ན་ཡང་། ད་ཆ་མི་ཞིག་ལ་བུ་ལོན་འཇལ་རྒྱུ་ཡོད་པས། དེའི་ཕྱིར་དུ་ངའི་བུ་གཉིས་ཚེ་གཡོག་བྱེད་ཕྱིར་ལེན་པར་སླེབས་བྱུང་ཞེས་ཞུས་པས། 2ཁོང་གིས་ངས་ཁྱོད་ཀྱི་དོན་ལ་ཅི་བྱེད་དགོས་སམ། ཁྱོད་ཀྱི་ཁྱིམ་དུ་ག་རེ་ཡོད་པ་དེ་ཚོ་ང་ལ་ཤོད་དང་གསུངས་པས། མོས་བུམ་པ་ཆུང་ཆུང་ཞིག་ནང་སྐྱུ་རུའི་སྣུམ་མ་གཏོགས་གཞན་གང་ཡང་མེད་ཞུས་པས། 3ཨེ་ལི་ཤས་མོ་ལ། ཁྱིམ་མཚེས་ཚོའི་རྩར་ཕྱིན་ནས་བུམ་པ་སྟོངས་པ་རྣམས་གང་ཐུབ་ཐུབ་གཡར་ཞིག 4དེ་ནས་ཁྱོད་དང་ཁྱོད་ཀྱི་བུ་གཉིས་ཁྱིམ་དུ་ཕྱིན་ནས་སྒོ་རྒྱབ་ནས་བུམ་པ་རྣམས་སྣུམ་གྱི་བཀང་ཞིག བུམ་པ་རེ་རེར་ཁེངས་མ་ཐག་ཏུ་དེ་རྣམས་སོ་སོར་འཇོག་ཅིག་ཅེས་གསུངས་སོ། 5དེ་ནས་བུ་མེད་དེ་བུ་གཉིས་དང་མཉམ་དུ་རང་གི་ཁྱིམ་དུ་འཛུལ་ནས། སྒོ་རྒྱབ་སྟེ་སྐྱུ་རུའི་སྣུམ་བུམ་པ་ཆུང་ཆུང་དེ་བླངས་ནས་རང་གི་བུ་ཚོས་མོའི་སར་འཁྱེར་ཡོང་བའི་བུམ་པ་དེ་ཚོའི་ནང་བཀང་བ་རེད། 6དེ་ཚོའི་བུམ་པ་ཚང་མ་བཀང་ཟིན་པ་དང་མོས་ད་དུང་བུམ་པ་ཡོད་མེད་དྲིས་པས། བུ་ཞིག་གིས་བུམ་པ་དེ་མཐའ་མ་རེད་ཅེས་སྨྲས་མ་ཐག་ཏུ། སྐྱུ་རུའི་སྣུམ་དེ་ཆད་དོ། 7དེ་ནས་མོས་ལུང་སྟོན་པ་ཨེ་ལི་ཤའི་དྲུང་དུ་ཕྱིན་པ་དང་། ཁོང་གིས་མོ་ལ་སྐྱུ་རུའི་སྣུམ་དེ་རྣམས་བཙོང་ནས་བུ་ལོན་ཡོད་པ་ཚང་མ་འཇལ་ཞིག དེའི་ལྷག་འཕྲོས་རྣམས་ཁྱོད་དང་ཁྱོད་རང་གི་བུ་ཚོའི་འཚོ་རྟེན་འདང་ངེས་ཡོང་གི་རེད་ཅེས་བཀའ་གནང་ངོ༎

ཨེ་ལི་ཤ་དང་ཤུ་ནེམ་གྱི་བུད་མེད་ཕྱུག་པོ་ཞིག།

8ཉིན་ཞིག་ཨེ་ལི་ཤ་ཤུ་ནེམ་དུ་བུད་མེད་ཕྱུུག་པོ་ཞིག་ཡོད་སར་ཕེབས་པ་དང་། མོས་ཁོང་ལ་གསོལ་ཚིག་གི་ཆེད་དུ་གདན་འདྲེན་ཞུས་པ་དང་། དེ་ནས་བཟུང་ཁོང་ཤུ་ནེམ་དུ་ཕེབས་རིམ་བཞིན་མོའི་ཁྱིམ་དུ་གསོལ་ཚིག་བཞེས་ཀྱི་ཡོད་པས། 9མོས་རང་གི་ཁྱོ་ལ། ངའི་བསམ་པར་ང་ཚོའི་སར་ཡང་ཡང་ཕེབས་མཁན་དེ་སྐྱེ་བུ་དམ་པ་ཞིག་ཡིན་པས། 10ང་ཆོའི་རྩེ་ཐོག་ཏུ་ཁང་མིག་ཆུང་ཆུང་ཞིག་བཟོས་ནས། ཉལ་ཁྲི་ཞིག་དང་ལྕོག་རྩེ་གཅིག་དང་རྐུུབ་ཀྱག་གཅིག་དང་བཞུ་མར་བཅས་འཇོག་པར་བྱ། དེ་ནས་ཁོང་ང་ཚོའི་སར་ཕེབས་རིམ་བཞིན་དེར་ཞུགས་ཆོག་གི་རེད་ཅེས་སྨྲས་སོ། 11ཉིན་ཞིག་ཨེ་ལི་ཤ་ཤུ་ནེམ་དུ་ཕེབས་པ་དང་། རང་གི་ཁང་མིག་ནང་སྐུ་ངལ་གསོ་བར་ཕེབས་ནས། 12ཁོང་གིས། རང་གི་ཞབས་ཕྱི་གྷེ་ཧ་ཛི་ལ་བུད་མེད་དེ་བོས་པར་སོང་ཞིག་གསུངས་པས། མོ་ཡོང་བ་དང་། 13ཁོང་གིས། གྷེ་ཧ་ཛི་ལ། མོས་ང་ཚོའི་དགོས་མཁོ་ཚང་མ་སྒྲུབ་ཀྱི་ཡོད་པས་ངས་མོ་ལ་ཅི་བྱེད་དགོས། ཕལ་ཆེར་མོའི་འདོད་པར་ང་རྒྱལ་པོའམ་དམག་སྤྱིའི་སར་ཕྱིན་ནས་མོའི་སྐོར་གཏམ་བཟང་པོ་ཞིག་ཞུ་དགོས་ཀྱི་ཡོད་དམ་སྐད་ཆ་དྲིས་ཤིག་ཅེས་གསུངས་པས། མོས་ངའི་རང་གི་མི་མང་གི་ཁྲོད་དུ་ང་ལ་དགོས་མཁོ་རྣམས་ཆ་ཚང་ཡོད་ཞུས་པས། 14ཨེ་ལི་ཤས་གྷེ་ཧ་ཛི་ལ། དེ་ནས་ངས་མོའི་ཆེད་དུ་ག་རེད་བྱེད་ཐུབ་ཀྱི་རེད་དམ་ཅེས་བཀའ་འདྲི་གནང་བས། ཁོས་ལན་དུ། མོ་ལ་ཕྲུ་གུ་མེད་པ་མ་ཟད་མོའི་ཁྱོ་དེ་ལོ་ན་མཐོ་པོ་རེད་ཅེས་ཞུས་པས། 15ཨེ་ལི་ཤས་ཁོ་ལ། མོ་ལ་འདིར་ཤོག་ལབ་ཅིག་གསུངས་པས། མོ་ཡོང་ནས་སྒོའི་འགྲམ་དུ་ལངས་བསྡད་དོ། 16ཨེ་ལི་ཤས་མོ་ལ། ལོ་རྗེས་མ་ལ་དུས་ཚོད་འདིའི་སྐབས་ལ་ཁྱོད་ཀྱི་པང་དུ་བུ་ཞིག་འཁྱེར་རྒྱུ་ཡོང་གསུངས་པས། མོ་སྐད་ཤོར་ནས། ཀྱེ་སྐུ་ཞབས་ལགས། ང་ལ་རྫུན་མ་གསུང་རོགས་གནང་། ཁྱེད་ནི་དཀོན་མཆོག་གི་སྐྱེ་བུ་ཞིག་རེད་ཅེས་ཞུས་སོ། 17འོན་ཀྱང་ཨེ་ལི་ཤས་གསུངས་པ་ལྟར་ལོ་རྗེས་མ་དེ་ལ་དུས་ཚོད་དེ་རང་ལ་མོ་ལ་བུ་ཞིག་སྐྱེས་སོ། 18ལོ་ཤས་རྗེས་ལ་ཞིང་རྔ་བའི་དུས་སུ་བུ་དེ་སྔ་དྲོ་ཞིག་རང་གི་ཕ་དེ་ཞིང་རྔ་མཁན་མི་ཚོ་མཉམ་དུ་ཡོད་སར་ཕྱིན་ནོ། 19གློ་བུར་དུ་བུ་དེས་རང་གི་ཕ་ལ་ང་མགོ་ན་གི་འདུག མགོ་ན་གི་འདུག་ཅེས་སྐད་རྒྱབ་པ་དང་། ཕས་གཡོག་པོ་ཞིག་ལ་བུ་དེ་ཨ་མ་ཡོད་སར་འཁུར་ཞིག་ཅེས་སྨྲས་པས། 20གཡོག་པོས་བུ་དེ་ཨ་མ་ཡོད་སར་རྒྱབ་ལ་འཁུར་ནས་སྐྱེལ་ལོ། ཨ་མས་བུ་དེ་ཉིན་གུང་བར་དུ་རང་གི་པང་དུ་བཞག་ཡོད་པའི་སྐབས་སུ་བུ་དེ་འཆི་བ་རེད། 21མོས་ཁོ་ཨེ་ལི་ཤའི་ཁང་མིག་ནང་འཁུར་ནས་ཁོང་གི་ཉལ་ཁྲིའི་སྟེང་དུ་བཞག་ནས་ཕྱི་ནས་སྒོ་རྒྱབ་བོ། 22དེ་ནས་མོས་རང་གི་ཁྱོ་བོས་ནས་ཁྱོ་ལ་འདིར་གཡོག་པོ་ཞིག་བོང་བུ་དང་མཉམ་དུ་གཏོང་ཤོག། ང་ལུང་སྟོན་པ་ཨེ་ལི་ཤའི་སར་འགྲོ་དགོས་ཀྱི་འདུག ང་གང་མགྱོགས་མགྱོགས་ཕྱིར་ལོག་ཡོང་གི་ཡིན་ཞེས་སྨྲས་པས། 23ཁྱོ་དེས། མོ་ལ་དེ་རིང་ཁྱོད་རང་གང་གི་དོན་དུ་འགྲོ་དགོས་ཀྱི་ཡོད་དམ། དེ་རིང་ངལ་གསོ་བའི་ཞག་གམ་ཡང་ན་ཟླ་བ་གསར་པའི་དུས་སྟོན་གང་ཡང་མ་རེད་ཅེས་སྨྲས་པས། མོས་གའི་བྱེད་ཀྱི་མ་རེད་ཅེས་སྨྲས་སོ། 24དེ་ནས་མོའི་བོང་བུར་སྒ་རྒྱབ་ཡོད་པ་དང་། གཡོག་པོར་བོང་བུ་དེ་གང་མགྱོགས་མགྱོགས་འགྲོ་ཐུབ་པ་བྱོས་ཤིག ངས་མ་སྨྲས་བར་དུ་དལ་འགྲོད་བྱེད་མ་བཅུག་ཅེས་སྨྲས་པ་དང་། 25དེ་ལྟར་མོ་རི་བོ་ཀར་མེལ་དུ་ཨེ་ལི་ཤ་ཡོད་སར་ཐོན་ནོ། ཨེ་ལི་ཤས་ཐག་རིང་པོ་ནས་མོ་ཡོང་གི་ཡོད་པ་གཟིགས་ནས་ཞབས་ཕྱི་གྷེ་ཧ་ཛི་ལ། ལྟོས་དང་ཤུ་ནེམ་པའི་བུད་མེད་དེ་ཡོང་གི་འདུག 26མོའི་སར་མགྱོགས་པོར་སོང་ལ། མོའི་ཁྱོ་དང་བུ་བཅས་པ་བདེ་པོ་ཡོད་མེད་དྲིས་ཤིག་གསུངས་པས། མོས། གྷེ་ཧ་ཛི་ལ་ཚང་མ་བདེ་པོ་ཡོད་སྨྲས་པ་དང་། 27མོ་ཨེ་ལི་ཤའི་སར་སླེབས་ནས། མོས་ཁོང་ལ་ཕྱག་འཚལ་ཞིང་ཁོང་གི་ཞབས་ནས་འཇུས་པས། གྷེ་ཧ་ཛིས། མོ་ཕར་འགྲོ་གྲབ་བྱེད་སྐབས། ཨེ་ལི་ཤས་མོ་ལ་གང་ཡང་མ་བྱེད་ཅིག། མོ་སེམས་ཧ་ཅང་འཁྲུགས་ཡོད་པ་ཁྱོད་ཀྱིས་མཐོང་གི་མི་འདུག་གམ། གཙོ་བོ་དཀོན་མཆོག་གིས་ང་ལ་གསང་ནས་དེའི་སྐོར་གང་ཡང་བཀའ་གནང་མ་བྱུང་ཅེས་གསུངས་སོ། 28བུད་མེད་དེས། སྐུ་ཞབས་ལགས། ངས་ཁྱེད་ལ་བུ་གཅིག་གནང་རོགས་ཞུས་བྱུང་ངམ། ངས་ཁྱེད་ལ་ང་ལ་རེ་འདོད་ཆེན་པོ་མ་བཟོད་རོགས་གནང་ཞུས་མ་བྱུང་ངམ་ཅེས་ཞུས་པས། 29ཨེ་ལི་ཤས། གྷེ་ཧ་ཛི་ལ་ཞལ་བསྒྱུར་ནས་ངའི་དབྱུག་པ་དེ་འཁྱེར་ནས་མགྱོགས་པོ་རྒྱུགས་ཤིག ཁྱོད་ཀྱིས་མི་སུ་ཞིག་ལའང་ཐུགས་ན་ཡང་ཁོ་ལ་འཚམས་འདྲི་མ་བྱེད་པར། ཚུར་འཚམས་འདྲི་བྱེད་མཁན་བྱུང་ན་ལན་རྒྱབ་ནས་མ་སྡོད་ཅིག ཁྱིམ་དེར་ཐད་ཀར་སོང་ལ་བུ་དེའི་མདོང་གི་སྟེང་དུ་དབྱུག་པ་འདི་འཇོག་ཅིག་གསུངས་པས། 30བུ་མེད་དེས། ཨེ་ལི་ཤ་ལ་ངས་གསོན་པོའི་གཙོ་བོ་དཀོན་མཆོག་དང་ཁྱེད་ཀྱི་ཚེ་སྲོག་དཔང་པོ་བཙུག་ནས་ངས་སྨྲ་བཞིན་ཡོད་པས་ངས་ཁྱེད་ལ་སྤང་ནས་འགྲོ་གི་མིན་ཞུས་སོ། དེ་འདྲ་སོང་ཙང་ཁོང་གཉིས་མཉམ་དུ་ཕྱིར་ལོག་ཕེབས་སོ། 31གྷེ་ཧ་ཛི་སྔོན་དུ་ཕྱིན་ནས་ཨེ་ལི་ཤའི་དབྱུག་པ་དེ་བུའི་སྟེང་དུ་བཞག་ན་ཡང་སྐད་སྒྲ་དང་སྲོག་ཡོད་པའི་རྟགས་གང་ཡང་མ་བྱུང་ངོ། དེ་འདྲ་སོང་ཙང་ཁོ་ཨེ་ལི་ཤ་ཐུག་པར་ལོག་ནས་བུ་དེ་གསོན་མ་སོང་ཅེས་ཞུས་སོ། 32ཨེ་ལི་ཤ་འབྱོར་པ་དང་ཁོང་གཅིག་པོ་ཁང་མིག་དེར་ཕེབས་པ་དང་བུ་དེ་ཉལ་ཁྲིའི་སྟེང་འཆི་ཡོད་པ་གཟིགས་པས། 33ཁོང་གིས་སྒོ་རྒྱབ་ནས་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་བཏབ་བོ། 34དེ་ནས་ཁོང་བུ་དེའི་སྟེང་དུ་རང་གི་གཟུགས་བཀབ་ནས་ཁོང་གི་ཞལ་དང་སྤྱན་དང་ཕྱག་རྣམས་བུ་དེའི་ཁ་དང་མིག་དང་ལག་པ་རྣམས་ཀྱི་སྟེང་བཞག་གནང་ངོ། ཁོང་བུ་དེའི་སྟེང་དུ་བཀབ་ནས་བཞུགས་ཡོད་པ་དང་བུ་དེའི་གཟུགས་པོར་དྲོད་ཁུག་གོ 35ཨེ་ལི་ཤ་ཡར་བཞེངས་ནས་ཁང་མིག་དེའི་ནང་དུ་ཕར་ཚུར་ཕེབས་པ་དང་དེའི་རྗེས་སུ་ཡང་སྐྱར་བུ་དེའི་སྟེང་དུ་བཀབ་ནས་བཞུགས་པས། བུ་དེས་ཐེངས་བདུན་དུ་ཧབ་དྲི་རྒྱབ་པ་དང་དེ་ནས་ཁོས་མིག་གདངས་སོ། 36ཨེ་ལི་ཤས། གྷེ་ཧ་ཛི་ལ་བུ་དེའི་ཨ་མ་དེ་བོས་ཤོག་གསུངས་པ་དང་། མོ་ནང་དུ་ཡོང་བ་དང་ཁོང་གིས་མོ་ལ། ཁྱོད་ཀྱི་བུ་འདིར་ཡོད་གསུངས་པས། 37མོས་ཨེ་ལི་ཤའི་ཞབས་ལ་ཕྱག་འཚལ་ཞིང་མདོང་ས་ལ་རེག་གོ དེ་ནས་རང་གི་བུ་འཁྲིད་ནས་སོང་ངོ་༎

མཛད་པ་ཡ་མཚན་གཉིས།

38དུས་ཞིག་ལ་ཡུལ་ཚང་མར་མུ་གེ་བྱུང་ནས་ཨེ་ལི་ཤ་གྷིལ་གཱལ་དུ་ཕྱིར་ལོག་ཕེབས་སོ། ཁོང་གིས་ལུང་སྟོན་པ་ཚོ་ཞིག་ལ་སློབ་འཁྲིད་གནང་བཞིན་ཡོད་སྐབས། ཁོང་གིས་ཞབས་ཕྱི་ལ་སྣོད་ཆེན་པོ་ཞིག་མེའི་སྟེང་དུ་བཀབ་ནས་ཁོ་ཚོར་ཐུག་པ་ཕན་བུ་བསྐོལ་ཞིག་གསུངས་པས། 39དེ་ཚོའི་ནང་ནས་གཅིག་ཞིང་ནས་སྔོ་ཚལ་སྒྲུག་པར་ཕྱིན་པ་དང་། ཁོ་ལ་ནགས་ཀྱི་རྒུན་ཤིང་ཞིག་རྙེད་ནས་འབྲས་བུ་གང་འཁུར་ཐུབ་ཐུབ་སྒྲུགས་སོ། ཁོས་དེ་ཚོ་ཇི་ཡིན་མ་ཤེས་པར་འཁྱེར་ཡོང་ཞིང་གཏུབ་ནས་ཐུག་པར་བླུགས་སོ། 40མི་ཚོར་ཐུག་པ་བླུག་པ་དང་དེ་ཚོས་བྲོ་བ་མྱང་མ་ཐག་ཏུ་ཨེ་ལི་ཤ་ལ་ཐུག་པའི་ནང་ལ་དུག་རྒྱབ་འདུག་ཅེས་སྐད་རྒྱབ་ནས་དེ་ཚོས་མ་འཐུང་ངོ་། 41ཨེ་ལི་ཤས། ཁ་ཟས་ཕྲན་བུ་ཞིག་འཁྱེར་ཡོང་ནས་སྣོད་དེའི་ནང་བླུགས་ནས་དེ་ཚོ་ལ་ད་དུང་ཐུག་པ་དྲོངས་ཤིག་གསུངས་པ་དང་། ཐུག་པ་འཐུང་ནས་དེ་ཚོར་གང་ཡང་མ་བྱུང་ངོ་། 42དུས་སྐབས་གཅིག་ལ་མི་ཞིག་བྷལ་ཤ་ལི་ཤ་ནས་ཨེ་ལི་ཤ་ལ་ལོ་དེའི་ནང་ཐོག་མར་རྔས་པའི་ནས་ལས་བཟོས་པའི་བག་ལེབ་ཉི་ཤུ་དང་འབྲུས་ཁེངས་པའི་སྲུས་གསོས་པ་ཕྲན་བུ་འཁྱེར་ཡོང་ནས། ཨེ་ལི་ཤས། རང་གི་ཞབས་ཕྱི་ལ་དེ་ཚོ་ལུང་སྟོན་པ་ཚོ་ལ་དྲོངས་ཤིག་གསུངས་སོ། 43འོན་ཀྱང་ཁོས་ལན་དུ། ཁྱེད་རང་གི་སེམས་ལ་མི་ ༡༠༠ ལ་འདིས་འདང་གི་རེད་བསམ་གི་འདུག་གམ་ཞུས་པས། ཨེ་ལི་ཤས་སྨྲས་པ། ཁོ་ཚོས་བཞེས་པའི་ཕྱིར་དེ་ཚོ་ཕུལ་ཞིག། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་དེ་ཚོས་ཟས་པའི་རྗེས་ལ་ད་དུང་ལྷག་གི་རེད་ཅེས་གསུངས་ཡོད། 44དེ་འདྲ་སོང་ཙང་ཞབས་ཕྱི་དེས། ཁོང་ཚོའི་མདུན་དུ་ཁ་ཟས་བཞག་པ་དང་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ལྟར་དེ་ཚོས་ཟས་ནས་ད་དུང་ཕྲན་བུའི་ལྷག་གོ།

རྒྱལ་རབས་གཉིས་པ། 5

ན་མན་ནད་ལས་དྲག་གསོས་བ།

1ན་མན་བྱ་བ་ནི་སི་རི་ཡའི་རྒྱལ་པོས་བརྩེ་མཐོང་ཆེན་པོ་བྱེད་བཞིན་པ་སི་རི་ཡ་པའི་དམག་དཔྱིད་ཞིག་ཡིན་ནོ། གང་ལགས་ཟེར་ན། ན་མན་གྱི་སྒོ་ནས་གཙོ་བོ་དཀོན་མཆོག་གིས་སི་རི་ཡ་པའི་དམག་མིར་རྒྱལ་ཁ་གནང་ཡོད་དོ། ཁོང་དམག་མི་དཔའ་རྩལ་ཅན་ཞིག་ཡིན་ན་ཡང་མཛེ་ནད་དྲག་པོ་ཞིག་གིས་མནར་བཞིན་ཡོད་པས། 2དེ་ཚོས་ཨིསི་རཱཨེལ་དང་མཉམ་དུ་བཙན་རྒོལ་བྱེད་ཐེངས་གཅིག་ལ་ཁོ་ཚོས་ཨིསི་རཱཨེལ་གྱི་བུ་མོ་ཆུང་ཆུང་ཞིག་བཟུང་སྟེ་འཁྱེར་ཡོང་ནས། རྗེས་སུ་མོ་ན་མན་གྱི་ལྕམ་གྱི་གཡོག་མོར་འགྱུར་རོ། 3ཉིན་ཞིག་མོས། རང་གི་སྦྱིན་བདག་གི་ལྕམ་ལ། གལ་ཏེ་ངའི་སྦྱིན་བདག། ས་མར་ཡ་རུ་བཞུགས་པའི་ལུང་སྟོན་པའི་སར་ཕེབས་པ་ཡིན་ན། ཁོང་གིས་མཛེ་ནད་དེ་དྲག་པ་བཟོ་བ་གནང་གཡོང་ཞེས་ཞུས་སོ། 4ན་མན་གྱིས་དེ་ཐོས་པ་དང་རྒྱལ་པོའི་སར་ཕྱིན་ནས་བུ་མོ་དེས་གང་སྨྲས་པ་རྣམས་ཞུས་པས། 5རྒྱལ་པོས། ཁྱོད་རང་ཕྱིན་ནས། ཨིསི་རཱཨེལ་གྱི་རྒྱལ་པོ་ལ་ཕྱག་བྲིས་འདི་འཁྱེར་ཞིག་གསུངས་སོ། དེ་ལྟར་ན་མན་གྱིས་དངུལ་དུམ་བུ་ ༣༠,༠༠༠ དང་གསེར་དུམ་བུ་ ༦,༠༠༠ དང་གོས་བརྗེས་ལེན་ལེགས་པ་གྲངས་བཅུ་བཅས་འཁྱེར་ནས་ཐོན་ནོ། 6ཁོང་གིས་འཁྱེར་བའི་ཡི་གེ་དེ་ཨིསི་རཱཨེལ་གྱི་རྒྱལ་པོར་ཕུལ་ལོ། ཡི་གེ་དིའི་ནང་དུ་ངའི་འགོ་འཛིན་ན་མན་ལ་ངོ་སྤྲོད་ཞུ་གི་ཡོད། ངའི་འདོད་པར་ཁྱེད་ཀྱིས་ཁོ་མཛེ་ནད་ལས་དྲག་པ་བཟོ་གནང་རོགས་ཞེས་བྲིས་ཡོད་དོ། 7ཨིསི་རཱཨེལ་གྱི་རྒྱལ་པོས་ཡི་གེ་དེ་ཀློག་པ་དང་སེམས་ཚབ་ངང་རང་གི་གོས་ཧྲལ་ནས་སི་རི་ཡའི་རྒྱལ་པོས་ངས་མི་འདི་ནས་ལས་དྲག་པའི་རེ་བ་ཇི་ལྟར་བྱེད་ཀྱི་ཡོད་དམ། ཁོང་གི་བསམ་པར་ང་ནི་འཆི་གསོན་སྦྱིན་པའི་མཐུ་སྟོབས་ཡོད་མཁན་དཀོན་མཆོག་རེད་བསམ་གྱི་ཡོད་དམ། ཁོང་གིས་ང་ལ་འཁྲུགས་པ་སློང་བའི་འཆར་གཞི་ཡོད་པ་གསལ་པོ་རེད་ཅེས་གསུང་སྐད་སྐྱོན་ནོ། 8ལུང་སྟོན་པ་ཨེ་ལི་ཤས་དེའི་སྐོར་གསན་པ་དང་། ཁོང་གིས་རྒྱལ་པོར་ཁྱེད་རང་ཐུགས་འཁྲལ་ཅིའི་ཕྱིར་གནང་གི་ཡོད་དམ། མི་དེ་ངའི་སར་གཏོང་ཤོག་དང་ངས་ཁོ་ལ་ཨིསི་རཱཨེལ་ནང་ལ་ལུང་སྟོན་པ་ཞིག་ཡོད་པ་བསྟན་གྱི་ཡིན་ཞེས་པའི་འཕྲིན་བསྐུར་རོ། 9དེ་ལྟར་ན་མན་རང་གི་རྟ་དང་ཤིང་རྟ་འཁོར་ལོ་དང་བཅས་པ་ཐོན་ནས། ཨེ་ལི་ཤའི་ཁང་པའི་སྒོའི་རྩར་བསྡད་དོ། 10ཨེ་ལི་ཤས་ཞབས་ཕྱི་ལ་། ཕྱིར་སོང་ནས། ཁོ་ལ་ཡོར་དན་གྱི་གཙང་པོར་ཕྱིན་ནས་ལན་བདུན་འཁྲུས་རྒྱབ་ན་ཁྱོད་ཀྱི་མཛེ་ནད་དེ་ཆ་ཚང་དྲག་གི་རེད་ཅེས་སྨྲས་པར་བཏང་ངོ་། 11འོན་ཀྱང་ན་མན་ཁོང་ཁྲོ་ལངས་ནས་ངའི་བསམ་པར་ཁོང་ཕྱིར་ཕེབས་ནས། ཁོང་གིས་གཙོ་བོ་དཀོན་མཆོག་ཁོང་གི་དཀོན་མཆོག་ལ་གསོལ་བ་བཏབ་ནས་ཁོང་གི་ཕྱག་ངའི་མཛེ་ནད་ཀྱི་རྟགས་ཡོད་སར་རེག་ནས་དྲག་པ་བཟོ་བ་གནང་གི་རེད་བསམ་བྱུང་ཞེས་སྨྲས་སོ། 12དེ་མིན་ཨིསི་རཱཨེལ་གྱི་གཙང་པོ་ལས་ལྷག་པ་དྷ་མསེ་ཀསེ་ཏུ་གཙང་པོ་ཨ་བྷ་ན་དང་ཕར་པར་སོགས་ཡོད་པ་མ་ཡིན་ནམ། ངས་དེ་ཚོར་འཁྲུས་ནས་ནད་དྲག་པ་བཟོས་ཐུབ་ཀྱི་རེད་ཅེས་སྨྲས་སོ། 13ན་མན་གྱི་ཞབས་ཕྱི་ཚོ་ཁོང་གིི་སར་ཕྱིན་ནས་སྐུ་ཞབས་ལགས། ལུང་སྟོན་པས་ཁྱེད་ལ་བྱ་བ་དཀའ་བ་ཞིག་བྱེད་དགོས་པའི་བཀའ་གནང་ན་ཁྱེད་ཀྱིས་དེ་ལྟར་གནང་ཡོང་། ཁྱེད་ཀྱིས་ཁོང་གིས་གསུངས་པ་ལྟར་ཁྲུས་པ་གནང་ནས་དྲག་གསོ་བ་ཅི་ཕྱིར་མི་གནང་ངམ། 14དེ་ལྟར་ན་མན་ཡོར་དན་དུ་ཕེབས་ནས་ཨེ་ལི་ཤས་སློབ་སྟོན་གནང་བ་ལྟར། ཐེངས་བདུན་ཆུའི་ནང་འཛུལ་བ་དང་ཁོང་གི་ནད་དེ་ཆ་ཚང་དྲག་པ་དང་། ཁོང་གི་ཤ་ཕྲུ་གུའི་ཤ་ལྟར་འཇམ་པོ་དང་ཐང་པོ་ཆགས་སོ། 15ཁོང་གི་འཁོར་གཡོག་ཚོ་དང་མཉམ་དུ་ཨེ་ལི་ཤའི་དྲུང་དུ་ཕྱིར་ལོག་ནས། ད་ངས་ཨིསི་རཱཨེལ་གྱི་དཀོན་མཆོག་མ་གཏོགས་པའི་དཀོན་མཆོག་གཞན་མེད་པ་ཧ་གོ་བྱུང་། དེ་འདྲ་སོང་ཙང་ང་ནས་འབུལ་བ་ཞིག་བཞེས་རོགས་གནང་ཞུས་པས། 16ཨེ་ལི་ཤས། ངས་ཞབས་ཕྱི་ཞུས་པའི་གསོན་པོའི་གཙོ་བོ་དཀོན་མཆོག་དཔང་པོ་བཙུག་ནས་ངས་སྨྲ་བཞིན་ཡོད་ངས་འབུལ་བ་གང་ཡང་ལེན་གྱི་མིན་ཞེས་གསུངས་སོ། ན་མན་གྱིས་ཨུ་ཚུག་རྒྱབ་ན་ཡང་ཁོང་གིས་འབུལ་བ་མ་བཞེས་སོ། 17དེར་བརྟེན་ན་མན་གྱིས། ཁྱེད་ཀྱི་འབུལ་བ་གང་ཡང་མ་བཞེས་པ་ཡིན་ན་ངས་ང་དང་མཉམ་དུ་ཁྱིམ་དུ་དྲེལ་རྒྱབ་གཉིས་ལས་འཁྱེར་ཆོག་པའི་བཀའ་གནང་བར་མཛོད། གང་ལགས་ཟེར་ན། ད་ནས་བཟུང་ངས་དམར་མཆོད་རྣམས་དང་སྦྱིན་སྲེག་གི་མཆོད་པ་སོགས་གཙོ་བོ་དཀོན་མཆོག་ལ་མ་གཏོགས་ལྷ་གཞན་སུ་ལའང་འབུལ་གྱི་མིན་ནོ། 18ངས་སི་རི་ཡའི་ལྷ་རིམ་མོན་གྱི་ལྷ་ཁང་དུ་རྒྱལ་པོ་མཉམ་དུ་མཆོད་འབུལ་བྱེད་པ་དེ་ཚོར་གཙོ་བོ་དཀོན་མཆོག་གིས་ང་ལ་བཤགས་པ་གནང་བའི་ཡིད་ཆེས་ཏན་ཏན་ཡོད་དོ་ཅེས་ཞུས་སོ། 19ཨེ་ལི་ཤས། ད་ཁྱོད་ཞི་བདེའི་ངང་སོང་ཞིག་གསུངས་པ་དང་། དེ་ནས་ན་མན་ཕྱིར་ལོག་གོ། ཁོང་ཅུང་ཟད་ཕར་ཙམ་སོང་བའི་རྗེས་ལ། 20ཨེ་ལི་ཤའི་ཞབས་ཕྱི་གྷེ་ཧ་ཛིས་རང་གི་སེམས་ལ་སྨྲས་པ། ངའི་སྦྱིན་བདག་གིས་ན་མན་ནས་ཕུལ་བའི་འབུལ་བ་གང་ཡང་མ་བཞེས་པར་འགྲོར་བཅུག་སོང་། ཁོང་གིས་སི་རི་ཡ་པ་དེས་ཕུལ་བའི་འབུལ་བ་དེ་ཏན་ཏན་བཞེས་གནང་དགོས་སོ། གསོན་པོའི་གཙོ་བོ་དཀོན་མཆོག་ལ་དཔང་པོ་བཙུགས་ནས་ངས་འདི་བྱེད་རྒྱུ་ཡིན། ཁོང་གི་རྗེས་སུ་སོང་ནས་འབུལ་བ་དེ་ནས་ཕྲན་བུ་ངས་ལེན་གྱི་ཡིན། 21དེར་བརྟེན་ཁོ་ན་ཨ་མིན་གྱི་རྗེས་སུ་རྒྱུགས་སོ། ན་མན་གྱིས་མི་དེ་ཁོའི་རྗེས་སུ་རྒྱུགས་ནས་ཡོང་གི་ཡོད་པ་མཐོང་བ་དང་ཁོ་དང་འཕྲད་པའི་ཆེད་རང་གི་ཤིང་རྟ་འཁོར་ལོ་ནས་མར་བབས་ཏེ་ནོར་འཁྲུལ་གང་ཡང་བྱུང་སོང་ངམ་ཞེས་དྲི་བ་དྲིས་པས། 22གྷེ་ཧ་ཛིས། ནོར་འཁྲུལ་གང་ཡང་བྱུང་མ་སོང་། འོན་ཀྱང་ངའི་སྦྱིན་བདག་གིས་ཁྱོད་ལ་ད་ལྟ་རང་རི་བརྒྱུད་ཀྱི་ཡུལ་ཨེཕ་ར་ཡིམ་གྱི་ལུང་སྟོན་པ་གཉིས་སླེབས་ནས། ཁོང་གིས་ཁྱོད་ལ་ཁོ་ཚོར་དངུལ་དུམ་བུ་གྲངས་ ༣,༠༠༠ དང་གོས་བརྗེས་ལེན་ལེགས་པ་ཚ་ཚང་གཉིས་འབུལ་དགོས་ཞེས་ང་ལ་བཏང་གནང་བྱུང་ཞེས་སྨྲས་པས། 23ན་མན་གྱིས། དངུལ་དུམ་བུ་ ༦,༠༠༠ དེ་རྐྱལ་པ་གཉིས་ནང་བླུགས་པ་དང་གོས་བརྗེས་ལེན་སྤུས་ལེགས་ཆ་ཚང་གཉིས་བཅས་རང་གི་གཡོག་པོ་གཉིས་ལ་བསྐུར་ནས་གྷེ་ཧ་ཛིའིི་སྔོན་དུ་བཏང་ངོ་། 24དེ་ནས་ཁོ་ཚོ་ཨེ་ལི་ཤ་བཞུགས་པའི་རི་བོར་སླེབས་པ་དང་། གྷེ་ཧ་ཛིས་རྐྱལ་པ་གཉིས་པོ་དེ་ཕྱིར་ལེན་ནས་ནང་དུ་འཁུར་ནས། ན་མན་གི་གཡོག་པོ་གཉིས་ཕྱིར་ལོག་བཏང་ངོ་། 25ཁོ་ཡང་སྐྱར་ནང་དུ་ཕྱིན་པ་དང་ཨེ་ལི་ཤས་ཁྱོད་གང་དུ་ཕྱིན་པ་ཡིན་ནམ་ཞེས་བཀའ་འདྲི་གནང་བས། ཁོས་སྐུ་ཞབས་ང་གང་དུ་ཡང་ཕྱིན་མེད་ཞུས་པས། 26འོན་ཀྱང་ཨེ་ལི་ཤས། མི་དེ་ཤིང་རྟ་འཁོར་ལོ་ནས་ཁྱོད་འཕྲད་པར་བབས་སྐབས་ངའི་སེམས་ཉིད་དེར་མེད་དམ། དངུལ་འདི་དང་གོས་དང་ཁ་སྐྱུར་པོའི་ཚལ་དང་རྒུན་ཚལ་དང་ལུག་དང་བ་ཕྱུགས་དང་གཡོག་པོ་སོགས་ལེན་པའི་དུས་སྐབས་ད་ལྟ་མ་ཡིན་ནོ། 27ད་ན་མན་གྱི་མཛེ་ནད་དེ་ཁྱོད་ལ་འཕོག་ནས་དེ་ཁྱོད་དང་ཁྱོད་ཀྱི་བརྒྱུད་པར་རྟག་ཏུ་གནས་པར་འགྱུར་གསུངས་སོ། གྷེ་ཧ་ཛི་དེ་ནས་ཐོན་པ་དང་ཁོ་ལ་ནད་དེ་འཕོག་ནས་ཁོའི་ལྤག་པ་ཁ་བ་ལྟར་དཀར་པོར་འགྱུར་རོོོ༎

རྒྱལ་རབས་གཉིས་པ། 6

སྟ་རེའི་མགོ་ཡང་སྐྱར་རྙེད་པ།

1ཉིན་ཞིག་ཨེ་ལི་ཤའི་མངའ་འོག་ཏུ་ཡོད་པའི་ལུང་སྟོན་པ་ཚོ་ཞིག་གིས། ཁོང་ལ། ང་ཚོ་སྡོད་པའི་ས་གནས་འདི་ཧ་ཅང་ཆུང་དྲག་འདུག་པས། 2ང་ཚོར་སྡོད་ཁང་ཞིག་བཟོ་བའི་ཆེད་ང་ཚོ་ཡོར་དན་དུ་ཤིང་བཅད་པར་འགྲོ་ཆོག་པའི་བཀའ་འཁྲོལ་གནང་རོགས་ཞུས་པས། ཨེ་ལི་ཤས། དེ་ལྟ་འགྲོ་ཆོག་གི་རེད་གསུངས་སོ། 3དེ་ཚོའི་ནང་ནས་གཅིག་གིས། ཁྱེད་རང་ཡང་ཕེབས་རོགས་ཞུས་པར་ཁོང་གིས་ཞལ་བཞེས་གནང་ངོ་། 4དེ་ནས་ཁོང་ཚོ་མཉམ་དུ་ཕེབས་ནས། ཁོང་ཚོ་ཡོར་དན་དུ་འབྱོར་བ་དང་ཤིང་བཅད་འགོ་ཚུགས་པས། 5ཁོང་ཚོའི་ནང་ནས་གཅིག་གིས། ཤིང་གཅོད་སྐབས་གློ་བུར་དུ་ཁོའི་རྟ་རེའི་མགོ་དེ་ཚུའི་ནང་དུ་ལྷུངས་པས། ཁོས་ཨེ་ལི་ཤ་ལ། སྐུ་ཞབས་ལགས། ད་ངས་ག་རེ་བྱེད་དགོས་སམ། སྟ་རེ་དེ་གཡར་པ་ཡིན་ཞུས་པས། 6ཨེ་ལི་ཤས། དེ་གང་དུ་ལྷུངས་སོང་ངམ་ཅེས་བཀའ་འདྲི་གནང་བས། ཁོས་ས་ཆ་དེ་བསྟན་པ་དང་ཨེ་ལི་ཤས་དབྱུག་པ་ཞིག་བཅད་ནས་ཆུའི་ནང་དུ་དབྱུག་ནས་སྟ་རེའི་མགོ་དེ་ཆུའི་ཁར་ལྡིང་བས། 7ཁོང་གིས་མི་དེ་ལ། ད་སྟ་རེ་དེ་ཡར་ལེན་ཞིག་ཅེས་བཀའ་གནང་བ་དང་མི་དེས་མར་སྒུར་ནས་དེ་ཡར་ལེན་ནོ༎

སི་རི་ཡ་པའི་དམག་མི་འཕམ་པར་བྱས་པ།

8སི་རི་ཡའི་རྒྱལ་པོ་ཨིསི་རཱཨེལ་དང་མཉམ་དུ་དམག་འཐབ་སྐབས། ཁོ་རང་གི་དམག་མི་ཚོ་དང་གོ་བསྡུར་བྱས་ནས་སྡོད་སྒར་རྒྱབ་པའི་ས་གནས་ཤིག་འདམས་སོ། 9ཨེ་ལི་ཤས། ཨིསི་རཱཨེལ་གྱི་རྒྱལ་པོར་ལོན་བཏང་གསལ། ས་ཁུལ་དེའི་ཉེ་འགྲམ་དུ་མི་འགྲོ་བའི་ཉེན་བརྡ་གཏོང་དགོས་སོ། གང་ལ་ཟེར་ན། སི་རི་ཡ་པ་ཚོ་དེར་འཇབ་ནས་བསྡད་ཡོད་དོ། 10དེ་འདྲ་སོང་ཙང་ཨིསི་རཱཨེལ་གྱི་རྒྱལ་པོས། ས་ཁུལ་དེར་ཡོད་པའི་རང་གི་མི་རྣམས་ལ་ཉེན་བརྡ་བཏང་བ་དང་། དེ་ཚོས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དེ་ལྟར་ཐེངས་མང་པོ་བྱུང་ངོ་། 11དེའི་སྐོར་ལ་སི་རི་ཡ་པའི་རྒྱལ་པོ་ཧ་ཅང་བློ་ཚབ་ཆེན་པོ་བྱུང་བ་དང་། རང་གི་དམག་དཔོན་རྣམས་བོས་ནས། ཁྱོད་ཚོའི་ནང་ནས་་སུ་ཞིག་ཨིསི་རཱཨེལ་གྱི་རྒྱལ་པོའི་ཕྱོགས་བྱེད་དམ་ཞེས་དྲིས་པས། 12དེ་ཚོའི་ནང་ནས་གཅིག་གིས། མི་དབང་ཆེན་པོ་ང་ཚོའི་ནང་ནས་དེ་ལྟར་སུ་ཡང་མེད། ཁྱེད་ཀྱིས་གཟིམ་ཆུང་ནང་དུ་གསང་བར་གང་གསུངས་པའི་གཏམ་དེ་ཨེ་ལི་ཤས་ཨིསི་རཱཨེལ་གྱི་རྒྱལ་པོར་བཤད་ཀྱི་ཡོད་དོ་ཅེས་ཞུས་སོ། 13རྒྱལ་པོས་ཁོ་གང་དུ་ཡོད་མེད་འཚོལ་ཞིག་ངས་ཁོ་བཟུང་རྒྱུ་ཡིན་གསུངས་པས། དེ་ཚོས་ཁོ་ལ་ཨེ་ལི་ཤ་དོ་ཐན་དུ་ཡོད་ལུགས་སྐོར་ཞུས་པ་དང་། 14ཁོང་གིས། དེར་དམག་མི་ཁྱོན་ཆེ་ཞིག་རྟ་དང་ཤིང་རྟ་འཁོར་ལོ་བཅས་བཏང་ནས། དེ་ཚོ་དེར་མཚན་མོར་སླེབས་པ་དང་གྲོང་ཁྱེར་དེ་མཐའ་བསྐོར་རོ། 15སང་ཞོག་སྔ་པོ་ཨེ་ལི་ཤའི་ཞབས་ཕྱི་ཡར་ལངས་ནས་ཁྱིམ་གྱི་ཕྱི་ལོག་ཏུ་ཕྱིན་པ་དང་སི་རི་ཡ་པའི་དམག་དཔུང་ཁྱོན་ཆེ་ཞིག་དང་དེ་ཚོའི་རྟ་དང་ཤིང་རྟ་འཁོར་ལོ་དང་བཅས་པར་གྲོང་ཁྱེར་དེ་མཐའ་བསྐོར་བཞིན་ཡོད་པ་མཐོང་བ་དང་། ཁོ་ཨེ་ལི་ཤའི་སར་ཕྱིན་ནས་སྐུ་ཞབས་ལགས་ང་ཚོ་མེད་པར་འགྲོ་སོང་། ང་ཚོ་ག་རེ་གནང་གི་ཡིན་ནམ་ཞུས་པས། 16ཨེ་ལི་ཤས་མ་འཇིགས་ཤིག། ཁོ་ཚོ་ལ་ཡོད་པ་ལས་ང་ཚོའི་ཕྱོགས་སུ་མང་བ་ཡོད་ཅེས་གསུངས་སོ། 17དེ་ནས་ཁོང་གིས། ཀྱེ་གཙོ་བོ་དཀོན་མཆོག་ཁོའི་མིག་ཕྱེས་བ་གནང་ནས་ཁོ་ལ་མཐོང་བཅུག་རོགས་གནང་ཞེས་སྨོན་ལམ་འདེབས་པ་གནང་ངོ་། གཙོ་བོ་དཀོན་མཆོག་གིས་ཁོང་གི་སྨོན་ལམ་ལ་གསན་པ་དང་། ཨེ་ལི་ཤའི་ཞབས་ཕྱིས་བལྟ་སྐབས། རི་དེར་ཨེ་ལི་ཤའི་མཐའ་འཁོར་དུ་མེའི་རྟ་དང་ཤིང་རྟ་འཁོར་ལོའི་ཁེངས་ནས་ཡོད་པ་མཐོང་ངོ་། 18སི་རི་ཡ་པས་དམག་རྒྱབ་སྐབས། ཨེ་ལི་ཤས་གཙོ་བོ་དཀོན་མཆོག་མི་འདི་ཚོ་ལོང་བར་བཟོས་གནང་རོགས་གནང་ཞེས་སྨོན་འདེབས་གནང་བ་དང་། གཙོ་བོ་དཀོན་མཆོག་གིས་སྨོན་ལམ་དེ་གསན་ནས་དེ་ཚོ་ལོང་བ་བཟོས་གནང་ངོ་། 19དེ་ནས་ཨེ་ལི་ཤ་དེ་ཚོའི་སར་ཕེབས་ནས་ཁྱོད་ཚོ་ལམ་ནོར་འདུག ཁྱོད་ཚོས་འཚོལ་བའི་གྲོང་ཁྱེར་དེ་འདི་མ་རེད། ངའི་རྗེས་སུ་ཤོག་དང་ངས་ཁྱོད་ཚོས་འཚོལ་བའི་མི་དེའི་སར་འཁྲིད་ཀྱི་ཡིན་གསུངས་ནས། ཁོང་གིས་དེ་ཚོར་ས་མར་ཡ་རུ་འཁྲིད་གནང་ངོ་། 20དེ་ཚོ་གྲོང་ཁྱེར་ནང་འཛུལ་མ་ཐག་ཏུ་ཨེ་ལི་ཤས་གཙོ་བོ་དཀོན་མཆོག་དེ་ཚོའི་མིག་ཕྱེས་རོགས་གནང་། དེ་ཚོ་ལ་མཐོང་དུ་བཅུག་རོགས་གནང་ཞེས་སྨོན་འདེབས་གནང་བ་དང་། གཙོ་བོ་དཀོན་མཆོག་གིས་ཁོང་གི་སྨོན་ལམ་དེ་ལ་གསན་ནས་དེ་ཚོའི་མིག་ཕྱེས་གནང་བ་དང་དེ་ཚོ་ས་མར་ཡའི་ནང་དུ་ཡོད་པ་མཐོང་ངོ་། 21ཨིསི་རཱཨེལ་གྱི་རྒྱལ་པོས་སི་རི་ཡ་པ་ཚོར་མཐོང་བ་དང་། ཁོང་གིས་ཨེ་ལི་ཤ་ལ། ངའི་ཡབ་ལགས་ངས་དེ་ཚོ་བསད་དམ་ཞེས་བཀའ་འདྲི་ཞུས་པས། 22ཁོང་གིས་ལན་དུ། མ་གསོད་ཅིག། ཁྱེད་ཀྱིས་དམག་རྒྱབ་སྐབས་བཟུང་བའི་དམག་མི་ཚོ་ཡང་གསོད་པར་མི་བྱའོ། དེ་ཚོ་ལ་བཟའ་འཐུང་ཕྲན་བུ་སྤྲོད་ལ་དེ་ཚོ་རང་གི་རྒྱལ་པོའི་སར་ཕྱིར་ལོག་བཅུག་ཅིག་གསུངས་སོ། 23ཨིསི་རཱཨེལ་གྱི་རྒྱལ་པོས་དེ་ཚོ་ལ་གསོལ་སྟོན་རྒྱ་ཆེ་ཞིག་བཤམས་པ་དང་། དེ་ཚོས་བཟའ་འཐུང་བྱས་པའི་རྗེས་ལ་ཁོང་གིས་དེ་ཚོར་སི་རི་ཡའི་རྒྱལ་པོའི་སར་ཕྱིར་ལོག་བཏང་ངོ་། དེ་ནས་བཟུང་སི་རི་ཡའི་རྒྱལ་པོས་ཨིསི་རཱཨེལ་གྱི་ཡུལ་དུ་དམག་རྒྱབ་རྒྱུ་འཚམས་འཇོགས་བྱེད་པ་རེད༎

ས་མར་ཡ་ལ་མཐའ་སྐོར་བ།

24དུས་འགའ་ཤས་ཀྱི་རྗེས་ལ་སི་རི་ཡའི་རྒྱལ་པོ་བྷིན་ཧ་དྷད་ཀྱི་ཁོང་རང་གི་དམག་མི་ཡོངས་རྫོགས་ཨིསི་རཱཨེལ་དུ་འཁྲིད་ནས་ས་མར་ཡ་གྲོང་ཁྱེར་མཐའ་སྐོར་རོ། 25དེ་ལྟར་བྱུང་དུས་གྲོང་ཁྱེར་ནང་ཁ་ཟས་ཧ་ཅང་དཀོན་པོ་བྱུང་བ་དང་བོང་བུའི་མགོ་ལ་དངུལ་དུམ་བུ་བརྒྱད་ཅུ་གནས་ཀྱི་ཡོད་པ་དང་། ཕུག་རོན་གྱི་སྐྱག་པ་གྷ་རམ་ཉིས་བརྒྱ་ལ་དངུལ་དུམ་བུ་ལྔ་གནས་ཀྱི་ཡོད་དོ། 26ཉིན་ཅིག་ཨིསི་རཱཨེལ་གྱི་རྒྱལ་པོ་གྲོང་ཁྱེར་གྱི་ལྕགས་རིའི་སྟེང་དུ་གོམ་སྤོས་གནང་ནས་ཕེབས་ཀྱི་ཡོད་པ་དང་། བུད་མེད་ཅིག་གིས་ཁོང་ལ་མི་དབང་ཆེན་པོ་ང་ལ་རོགས་གནང་རོགས་གནང་ཞེས་སྐད་རྒྱབ་བོ། 27ཁོང་གིས། གཙོ་བོ་དཀོན་མཆོག་གི་ཁྱོད་ལ་རོགས་པ་མ་གནང་ན་ངས་ཁྱོད་ལ་གང་རོགས་བྱེད་ཐུབ་བམ། ང་ལ་གྲོ་དང་རྒུན་ཆང་ཡོད་དམ། 28ཁྱོད་ཀྱི་དཀའ་ངལ་ཅི་ཡིན་ཞེས་དྲིས་པས། མོས་ལན་དུ། བུད་མེད་འདིས་ཉིན་སྔོན་མར་ངའི་ཕྲུ་གུ་ཟ་རྒྱུ་དང་ཉིན་རྗེས་མར་མོའི་ཕྲུ་གུ་ཟ་རྒྱུའི་གྲོས་མོལ་བྱས་ཡོད། 29དེ་འདྲ་སོང་ཙང་ང་ཚོས་ངའི་བུ་བཙོས་ནས་བཟས་པ་ཡིན། ཉིན་རྗེས་མར་ངས་མོ་ལ་མོའི་ཕྲུ་གུ་ཟ་དགོས་ཞེས་ལབ་པ་ཡིན་པས་མོས་མོའི་ཕྲུ་གུ་སྦས་བཞག་འདུག་ཅེས་ཞུས་པ་དང་། 30རྒྱལ་པོས་དེ་ལྟར་གསན་པ་དང་། ཐུགས་འཕམ་གྱིས་རང་གི་གོས་ཧྲལ་བ་དང་ལྕགས་རིའི་ཉེ་འཁྲིས་སུ་ཡོད་པའི་མི་མང་ཚོས་ཁོང་གི་ན་བཟའི་འོག་ཏུ་ཕད་གོག་གི་གོས་གྱོན་ཡོད་པ་མཐོང་བ་དང་། 31ཁོང་གིས་ཉི་མ་འདི་མ་རྫོགས་པའི་སྔོན་ལ་ངས་ཨེ་ལི་ཤའི་རྐེ་བཅད་མ་ཐུབ་ན་དཀོན་མཆོག་གི་ངའི་སྲོག་གཅོད་གནང་བར་ཤོག་ཅེས་གྲགས་སོ། 32ཁོང་གིས་ཨེ་ལི་ཤ་ལ་འཁྲིད་ཡོང་བའི་ཕྱིར་བང་ཆེན་བཏང་ངོ་། སྐབས་དེར་ཨེ་ལི་ཤའི་ཁྱིམ་དུ་ཁོང་འཕྲད་དུ་ཕེབས་པའི་རྒན་པོ་ཚོ་དང་མཉམ་དུ་བཞུགས་ཡོད་སྐབས། རྒྱལ་པོའི་བང་ཆེན་མ་ཡོང་བའི་སྔོན་ལ་ཨེ་ལི་ཤས་རྒན་པོ་ཚོར་སྲོག་གཅོད་པ་དེས་ང་གསོད་པའི་ཕྱིར་མི་བཏང་འདུག ད་ཁོ་འདིར་སླེབས་པ་དང་སྒོ་རྒྱབ་ནས་ཁོ་ནང་དུ་འཛུལ་མ་བཅུག་ཅིག ཁོའི་རྒྱབ་ལ་རྒྱལ་པོ་རང་ཉིད་ཡོང་གི་རེད་ཅེས་གསུངས་སོ། 33ཁོང་གིས་དེ་ལྟར་གཏམ་གླེང་གསུང་མ་འགྲུབ་པའི་སྔོན་དུ་རྒྱལ་པོ་རང་ཉིད་ཕེབས་ནས། ང་ཚོའི་དཀའ་ངལ་འདི་ཚོ་གཙོ་བོ་དཀོན་མཆོག་ནས་བཏང་གནང་བ་ཡིན་ནོ། ཁོང་གིས་ང་ཚོར་སྐྱབས་གནང་བར་ངས་ཅིའི་ཕྱིར་སྒུག་དགོས་སམ་ཅེས་སྨྲས་སོ༎

རྒྱལ་རབས་གཉིས་པ། 7

1ལན་དུ་ཨེ་ལི་ཤས། གཙོ་བོ་དཀོན་མཆོག་གིས་གསུངས་པར་ཁྱོད་ཉོན་ཞིག སང་ཉིན་དུས་ཚོད་འདི་རང་ལ་ཁྱོད་ཀྱིས་ས་མར་ཡར་དངུལ་དུམ་བུ་ཞིག་ལ་གྲོ་ལེགས་ཤོས་ཀི་ལོ་གྷ་རམ་གསུམ་ཡང་ན་ནས་ཀི་ལོ་གྷ་རམ་དྲུག་ཉོ་ཐུབ་ཡོང་གསུངས་སོ། 2རྒྱལ་པོའི་སྐུ་སྒེར་དཔོན་པོ་ཞིག་གིས་ཨེ་ལི་ཤ་ལ་དེ་ལྟར་རྩ་བ་ནས་མི་སྲིད། གཙོ་བོ་དཀོན་མཆོག་སྐུ་ཉིད་ཀྱིས་མཐོ་རིས་ཀྱི་སྒེ་ཁུང་རྣམས་ཕྱེ་བ་གནང་ན་ཡང་དེ་ལྟར་ཡོང་མི་སྲིད་ཅེས་སྨྲས་སོ། ཨེ་ལི་ཤས། དེ་ལྟར་བྱུང་བ་ཁྱོད་ཚོས་མཐོང་ཡོང་། འོན་ཀྱང་ཁྱོད་ཚོས་ཁ་ཟས་དེ་ནམ་ཡང་ཟ་རྒྱུ་ཐོབ་མི་ཡོང་གསུངས་སོ།

སི་རི་ཡ་པའི་དམག་མི་བྲོས་པ།

3ས་མར་ཡའི་རྒྱལ་སྒོའི་ཕྱི་རོལ་དུ་ཡོད་པའི་མཛེ་ནད་དྲག་པོས་མནར་བའི་མི་བཞིས་ཕན་ཚུན་གཅིག་གིས་གཅིག་ལ་ང་ཚོ་མ་ཤི་བར་དུ་ཅིའི་ཕྱིར་འདིར་སྒུག་དགོས་སམ། 4ད་ང་ཚོ་གྲོང་ཁྱེར་དུ་ཕྱིན་ནའང་ཕན་ཐོག་གང་ཡང་མེད་དོ། གང་ལ་ཟེར་ན། ང་ཚོ་དེར་ལྟོགས་ནས་ཤི་རྒྱུ་དང་། འདིར་བསྡད་ན་ཡང་ཤི་བར་ངེས་སོ། དེ་འདྲ་སོང་ཙང་ང་ཚོ་སི་རི་ཡ་པའི་སྡོད་སྒར་དུ་འགྲོ་བ་ཡིན་ན། གལ་སྲིད་ཁོ་ཚོས་ང་ཚོ་གསོད་པའམ། ཡང་ན་དེ་ཚོས་ང་ཚོར་ཚེ་ཐར་གཏོང་སྲིད་ཅེས་སྨྲས་སོ། 5དེ་འདྲ་སོང་ཙང་ས་རུབ་པ་དང་དེ་ཚོ་སི་རི་ཡ་པའི་སྡོད་སྒར་དུ་ཕྱིན་ནས་དེར་སླེབས་པ་དང་། དེར་སུ་ཡང་མེད་པ་མཐོང་ངོ་། 6གཙོ་བོ་དཀོན་མཆོག་གིས་སིརི་པ་ཚོར་དམག་དཔུང་ཁྱོན་ཆེ་ཞིག་རྟ་དང་ཤིང་རྟ་འཁོར་ལོ་དང་བཅས་པ་ཡོང་བཞིན་པའི་སྒྲ་ཐོས་འཇུག་གནང་བ་དང་། སི་རི་ཡ་པ་ཚོའི་བསམ་པར། ཨིསི་རཱཨེལ་གྱི་རྒྱལ་པོས། ང་ཚོའི་ཐོག་ཏུ་དམག་རྒྱབ་པའི་ཆེད་དུ་ཧི་ཏི་པ་དང་ཨི་ཇིབ་གྱི་རྒྱལ་པོའི་དམག་མི་རྣམས་ལ་གླ་སྤྲ་ནས་སྐད་བཏང་འདུག 7དེ་འདྲ་སོང་ཙང་དགོང་དྲོ་དེར་སི་རི་ཡ་པ་ཚོས་གུར་དང་རྟ་དང་བོང་བུ་དང་སྡོད་སྒར་ནང་ཇི་ཡོད་པ་རྣམས་བཞག་ནས་རང་གི་སྲོག་ཐར་བའི་ཕྱིར་བྲོས་སོ། 8དེ་ནས་མི་བཞི་པོ་དེ་སྡོད་སྒར་གྱི་ཟུར་དུ་སླེབས་པ་དང་། དེ་ཚོ་གུར་ཞིག་གི་ནང་འཛུལ་ནས་དེར་ཡོད་པའི་ཁ་ཟས་རྣམས་ཟ་འཐུང་བྱས་པ་མ་ཟད། དེར་རྙེད་པའི་གསེར་དངུལ་དང་གྱོན་ཆས་རྣམས་འཁྱེར་ནས་དེ་ཚོས་སྦས་སོ། ཡང་སྐྱར་ལོག་ཡོང་ནས་གུར་གཞན་ཞིག་གི་ནང་འཛུལ་ནས་སྔོན་ལྟར་བྱས་སོ། 9དེ་ནས་དེ་ཚོ་གཅིག་གིས་གཅིག་ལ་ང་ཚོའི་ལས་ཀ་འདི་ལྟར་བྱེད་མི་རུང་། ང་ཚོར་གནས་ཚུལ་བཟང་པོ་ཡོད་པས་ང་ཚོ་གཅིག་པུས་ཉར་མི་རུང་། ང་ཚོས་སང་ཞོགས་བར་སྒུག་ནས་མ་བཤད་པ་ཡིན་ན་ཏན་ཏན་ང་ཚོས་ངེས་པར་ཉེས་ཆད་ཐོབ་ཡོང་། ད་རྒྱལ་པོའི་འགོ་འཛིན་ཚོར་ཞུ་བར་འཕྲལ་དུ་ཐོན་འགྲོ་ཅེས་སྨྲས་སོ། 10དེ་འདྲ་སོང་ཙང་དེ་ཚོ་སི་རི་ཡ་པའི་སྡོད་སྒར་ནས་ཐོན་ཏེ་ས་མར་ཡ་རུ་ལོག་ཕྱིན་ནས་རྒྱལ་སྒོའི་སྐུ་སྲུང་པ་ཚོ་བོས་ནས་ང་ཚོ་སི་རི་ཡ་པའི་སྡོད་སྒར་དུ་ཕྱིན་པ་ཡིན། དེར་སུ་ཡང་མཐོང་བ་ཡང་ན་ཐོས་མ་བྱུང་བ་དང་། རྟ་དང་བོང་བུ་ཚོ་བཀྲོལ་མེད་པ་དང་གུར་རྣམས་ཇི་ལྟར་ཡོད་པ་ལྟར་བཞག་ནས་ཐོན་འདུག་ཅེས་སྨྲས་སོ། 11སྐུ་སྲུང་པ་ཚོས་གཏམ་དེ་གསལ་སྒྲགས་བྱས་ནས་ཕོ་བྲང་དུ་སྙན་གསང་ཞུས་སོ། 12དེ་དུས་མཚན་མོ་ཡིན་པས་རྒྱལ་པོ་གཟིམ་ས་ནས་བཞེངས་ཏེ་ལས་བྱེད་པ་ཚོར། ངས་ཁྱོད་ཚོར་སི་རི་ཡ་པ་ཚོའི་འཆར་གཞི་གང་ཡིན་པ་དེ་ཤོད་ཀྱི་ཡིན། དེ་ཚོས་འདིར་མུ་གེ་ཡོད་པ་ཤེས་ཀྱི་ཡོད་པས། དེ་ཚོས་རང་གི་སྡོད་སྒར་བཞག་ནས་ཐང་དུ་ཡིབ་ནས་བསྡད་ཡོད་དོ། ཁོ་ཚོའི་བསམ་པར་ང་ཚོས་ཁ་ཟས་འཚོལ་བར་གྲོང་ཁྱེར་སྤངས་ནས་འགྲོ་རྒྱུ་ཡིན་པ་དང། དེའི་རྗེས་སུ་ཁོ་ཚོས་ང་ཚོ་གསོན་པོར་བཟུང་ནས་གྲོང་ཁྱེར་ལེན་གི་རེད་ཅེས་གསུངས་སོ། 13ལས་བྱེད་པ་ཞིག་གིས་གྲོང་ཁྱེར་དུ་འདིར་ཡོད་པའི་མི་མང་རྣམས་སྔོན་དུ་འཆི་ཟིན་པ་ལྟར་མེད་པར་འགྱུར། དེ་འདྲ་སོང་ཙང་ལྷག་ཕྲོས་ལུས་པའི་རྟ་ལྔ་མཉམ་དུ་མི་འགའ་ཤས་དེར་གཏོང་དགོས། དེ་ནས་ག་རེ་བྱུང་ཡོད་མེད་ཤེས་ཀྱི་རེད་ཅེས་ཞུས་སོ། 14དེ་ཚོས་མི་འགའ་ཤས་འདམས་པ་དང་རྒྱལ་པོས་དེ་ཚོ་དང་མཉམ་དུ་ཤིང་རྟ་འཁོར་ལོ་གཉིས་བཏང་ནས་སི་རི་ཡ་པའི་དམག་མི་ཚོར་ག་རེ་བྱུང་ཡོད་མེད་རྟོག་ཞིབ་བྱེད་དགོས་པའི་བཀའ་གནང་ངོ་། 15མི་དེ་ཚོ་ཡོར་དན་བར་དུ་ཕྱིན་པ་དང་ལམ་ལ་སི་རི་ཡ་པ་ཚོ་བྲེལ་ཚུབ་ངང་བྲོས་སྐབས་ཕངས་པའི་གོས་དང་དངོས་པོ་རྣམས་མཐོང་ནས། དེ་ཚོ་ཕྱིར་ལོག་ཡོང་ནས་རྒྱལ་པོར་སྙན་གསེང་ཞུས་སོ། 16ས་མར་ཡའི་མི་མང་རྣམས་བྲེལ་ཚུབ་བྱས་ཏེ་ཕྱིར་ཐོན་ནས་སི་རི་ཡ་པའི་སྡོད་སྒར་བཅོམ་སོ། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ལྟར་དངུལ་དུམ་བུ་གཅིག་ལ་གྲོ་ལེགས་ཤོས་ཀི་ལོ་གྷ་རམ་གསུམ་ཡང་ན་ནས་ཀི་ལོ་གྷ་རམ་དྲུག་བཙོང་ངོ་། 17ཨིསི་རཱཨེལ་གྱི་རྒྱལ་པོས། གྲོང་ཁྱེར་གྱི་རྒྱལ་སྒོ་དེ་ཁོང་གི་སྐུ་སྒེར་གྱི་དཔོན་པོ་དེ་ལ་དབང་ཆར་བཞག་གོ འོན་ཀྱང་རྒྱལ་པོས་ཨེ་ལི་ཤ་མཇལ་བར་ཕེབས་སྐབས་ཁོང་གིས་སྔོན་ཤེས་གསུངས་པ་ལྟར། སྐུ་སྒེར་གྱི་དཔོན་པོ་དེ་མི་མང་གིས་རྡོག་རྫིས་བཏང་ནས་ཤི་བ་ཡིན་ནོ། 18ཨེ་ལི་ཤས་རྒྱལ་པོ་ལ་ཉིན་རྗེས་མར་དུས་ཚོད་དེ་རང་ལ་ས་མར་ཡ་རུ་དངུལ་དུམ་བུ་གཅིག་ལ་གྲོ་ལེགས་ཤོས་ཀི་ལོ་གྷ་རམ་གསུམ་ཡང་ན་ནས་ཀི་ལོ་གྷ་རམ་དྲུག་ཚོང་གི་རེད་ཅེས་གསུངས་སྐབས། 19དེར་སྐུ་སྒེར་གྱི་དཔོན་པོ་དེས། དེ་ལྟར་རྩ་བ་ནས་ཡོང་མི་སྲིད་དོ། གཙོ་བོ་དཀོན་མཆོག་སྐུ་ཉིད་ཀྱིས་མཐོ་རིས་ཀྱི་སྒེ་ཁུང་རྣམས་ཕྱེ་བ་གནང་ན་ཡང་དེ་ལྟར་ཡོང་མི་སྲིད་ཅེས་ཞུས་པས། ལན་དུ་ཨེ་ལི་ཤས། ཁྱོད་ཀྱིས་དེ་ལྟར་ཡོང་བ་མཐོང་ཡོང་། འོན་ཀྱང་ཁྱོད་ཀྱིས་ཁ་ཟས་དེ་ཟ་ལོང་ཡོང་གི་མ་རེད་གསུངས་ཡོད་པ་བཞིན། 20ཁོ་ལ་དེ་ལྟར་བྱུང་ནས། གྲོང་ཁྱེར་གྱི་རྒྱལ་སྒོར་མི་མང་གིས་ཁོ་ལ་རྡོག་རྫིས་བཏང་ནས་འཆིའོ༎

རྒྱལ་རབས་གཉིས་པ། 8

ཤུ་ནེམ་གྱི་བུད་མེད་ཕྱིར་ལོག་ཡོང་བ།

1ཨེ་ལི་ཤས། བུ་གསོན་པོར་བསླངས་གནང་བའི་ཤུ་ནེམ་གྱི་བུད་མད་དེ་ལ། གཙོ་བོ་དཀོན་མཆོག་གིས་ཡུལ་དེར་མུ་གེ་གཏོང་གནང་བ་དེ་ལོ་བདུན་གྱི་བར་དུ་གནས་པས། མོ་རང་གི་ནང་མི་དང་བཅས་པ་ས་གནས་གཞན་ཞིག་ཏུ་གནས་སྡོད་བྱེད་པར་འགྲོ་དགོས་གསུངས་པས། 2མོས་ཁོང་གིས་སློབ་སྟོན་གནང་བར་ཉན་ནས་མོ་རང་གི་ནང་མི་དང་བཅས་པ་ཕེ་ལེ་ཤེད་དུ་ལོ་བདུན་རིང་གནས་སྡོད་བྱས་སོ། 3ལོ་བདུན་གྱི་གཞུག་ལ་མོ་ཨིསི་རཱཨེལ་དུ་ཕྱིར་ལོག་པ་དང་། རྒྱལ་པོའི་སར་ཕྱིན་ནས། མོའི་རང་གི་ཁྱིམ་དང་ས་ཆ་བཅས་སླར་ཕྱིར་སློག་གནང་དགོས་ཞུས་སོ། 4མོས་རྒྱལ་པོ་ཨེ་ལི་ཤའི་ཞབས་ཕྱི་གྷེ་ཧ་ཛི་མཉམ་དུ་ཨེ་ལི་ཤའི་རྫུ་འཕྲུལ་གྱི་སྐོར་བཀའ་མོལ་གནང་གི་ཡོད་པ་འཕྲད་དོ། 5གྷེ་ཧ་ཛིས་རྒྱལ་པོར། ཨེ་ལི་ཤས་མི་འཆི་ཟིན་པ་ཞིག་ལ་གསོན་པོར་བསླང་བའི་སྐོར་ཞུ་སྐབས་སུ། བུད་མེད་དེས་རྒྱལ་པོར་ཞུ་བ་ཕུལ་བ་དང་། གྷེ་ཧ་ཛིས། ཁོང་ལ་མི་དབང་ཆེན་པོ་བུད་མེད་འདིའི་བུ་དེ་ཨེ་ལི་ཤས་གསོན་པོར་བསླང་གནང་བ་ཡིན་ཞུས་པས། 6རྒྱལ་པོ་ལ། མོས་གྷེ་ཧ་ཛིའི་ལོ་རྒྱུས་དེ་བདེན་པ་ཡིན་པར་ཞུས་པ་དང་། རྒྱལ་པོས་ལས་བྱེད་པ་ཞིག་བོས་གནང་ནས། མོ་ལ་བདག་པའི་དངོས་པོ་དང་མོ་ལོ་བདུན་གྱི་རིང་མེད་པའི་ཞིང་གི་སྟོན་ཐོག་སྐྱེས་ཀྱི་རིན་བབ་རྣམས་ཕྱིར་སྤྱོད་བྱེད་དགོས་པའི་བཀའ་གནང་ངོ་༎

ཨེ་ལི་ཤ་དང་སི་རི་ཡའི་རྒྱལ་པོ་བྷེན་ཧ་དྷད།

7སི་རི་ཡའི་རྒྱལ་པོ་བྷེན་ཧ་དྷད་ན་བའི་སྐབས་སུ་ཨེ་ལི་ཤ་དྷ་མསེ་ཀསེ་སུ་ཕེབས་པ་དང་། རྒྱལ་པོ་ལ་ཨེ་ལི་ཤ་དེར་ཕེབས་ཡོད་པའི་སྐོར་ཞུས་སོ། 8ཁོང་གིས་ལས་བྱེད་པ་ཧ་ཛ་ཨེལ་ལ་ལུང་སྟོན་པར་འབུལ་བ་ཞིག་འཁྱེར་ནས་ཁོང་ལ་ང་ནད་འདི་ནས་དྲག་ཡོང་མིན་གཙོ་བོ་དཀོན་མཆོག་ལ་བཀའ་བསྡུར་ཞུ་རོགས་གནང་ཞུས་ཤིག་གསུངས་པས། 9དེར་བརྟེན་ཧ་ཛ་ཨེལ་གྱིས་དྷ་མསེ་ཀསེ་གི་ཐོན་སྐྱེས་ལེགས་པོ་སྣ་ཚོགས་རྔ་མོང་ ༤༠ ལ་བཀལ་ནས་ཨེ་ལི་ཤའི་དྲུང་དུ་ཕྱིན་ཏེ། ཧ་ཛ་ཨེལ་གྱིས་ཁོང་མཇལ་བ་དང་། ཁོས་ཁྱེད་ཀྱི་ཞབས་ཕྱི་རྒྱལ་པོ་བྷེན་ཧ་དྷད་ཀྱིས་ཁོང་ནད་འདི་ལས་དྲག་ཡོང་མིན་ཁྱེད་ལ་བཀའ་འདྲི་ཞུ་བར་ང་བཏང་གནང་བྱུང་ཞུས་པས། 10ཨེ་ལི་ཤས་གཙོ་བོ་དཀོན་མཆོག་གིས་ང་ལ་ཁོང་འཆི་རྒྱུ་ཡིན་པ་དེ་གསལ་པོར་སྟོན་གནང་བྱུང་བས། འོན་ཀྱང་ཁྱོད་སོང་ལ་ཁོང་དྲག་གི་རེད་ཅེས་ཞུས་ཤིག་གསུངས་སོ། 11དེ་ནས་ཨེ་ལི་ཤས། ཧ་ཛ་ཨེལ་ལ་ངོ་མཚར་དུ་ཞལ་རས་འཇིགས་སྣང་གིས་སྤྱན་སྡིར་ཞིང་གཟིགས་ནས་གློ་བུར་དུ་ཨེ་ལི་ཤ་བཤུམས་སོ། 12ཧ་ཛ་ཨེལ་གྱིས་སྐུ་ཞབས་ལགས་ཁྱེད་རང་ཅིའི་ཕྱིར་བཤུམས་ཀྱི་ཡོད་དམ་ཞུས་པས། ཨེ་ལི་ཤས་ལན་དུ། ངས་ཁྱོད་ཀྱིས་ཨིསི་རཱཨེལ་གྱི་མི་མང་རྣམས་ཀྱི་ཐོག་ཏུ་བྱ་བ་ངན་པ་སྣ་ཚོགས་བྱེད་རྒྱུ་ཡིན་པ་དེ་ཤེས་ཀྱི་ཡོད། ཁྱོད་ཀྱིས་ཁོ་ཚོའི་འཛིང་རག་མེར་སྲེགས་གཏོང་བ་དང་། ཕོ་གཞོན་རྣམས་བསད་པ་དང་། ཕྲུ་གུ་རྣམས་མ་ཤི་བར་ཚོད་མེད་བརྡུངས་བ་དང་། དེ་ཚོའི་བུད་མེད་སྦྲུམ་མ་རྣམས་ཀྱི་གྲོད་པ་གཤགས་ཡོང་གསུངས་སོ། 13ཧ་ཛ་ཨེལ་གྱིས། ང་ལ་དབང་ཆ་དེ་ལྟར་ནམ་བྱུང་ཡོང་ངམ། ང་ནི་གང་ཡང་མིན་ཞེས་ཞུས་པས། ལན་དུ་ཨེ་ལི་ཤས། གཙོ་བོ་དཀོན་མཆོག་གིས་ཁྱོད་རང་སི་རི་ཡའི་རྒྱལ་པོར་བསྒྱུར་བ་ང་ལ་སྟོན་གནང་བྱུང་གསུངས་སོ། 14ཧ་ཛ་ཨེལ་བྷེན་ཧ་དྷད་ཀྱི་སར་ཕྱིར་ལོག་པ་དང་ཁོང་གིས་ཨེ་ལི་ཤས་ཁོང་ལ་ག་རེ་བཤད་བྱུང་ངམ་ཅེས་དྲིས་པས། ཧ་ཛ་ཨེལ་གྱིས། ཁོང་གིས་ཁྱེད་ངེས་པར་དུ་དྲག་གི་རེད་གསུངས་བྱུང་། 15འོན་ཀྱང་ཉིན་རྗེས་མར་ཧ་ཛ་ཨེལ་གྱི་ཉལ་ཟན་ཞིག་བླངས་ནས་དེ་ཆུ་ལ་སྦང་སྟེ། དེ་ནས་རྒྱལ་པོ་གྲོངས་སོ། དེའི་རྗེས་སུ་ཧ་ཛ་ཨེལ་བྷེན་ཧ་དྷད་ཀྱི་ཤུལ་འཛིན་དུ་སི་རི་ཡའི་རྒྱལ་པོར་འགྱུར་རོ།

ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་རམ།

(༢ སྔོན་རབས་ ༢༡:༡-༢༠)

16དེ་ནས་ཨ་ཧབ་ཀྱི་བུ་ཡོ་རམ་གྱིས་ཨིསི་རཱཨེལ་གྱི་རྒྱལ་སྲིད་སྐྱོངས་པའི་ལོ་ལྔ་པར། ཡེ་ཧོ་ཤ་ཕད་ཀྱི་བུ་ཡེ་ཧོ་རམ་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་རོ། 17ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་ངོ་བརྒྱད་རིང་རྒྱལ་སྲིད་བསྐྱངས་དུས། ཁོང་དགུང་ལོ་ སུམ་ཅུ་སོ་གཉིས་ཡིན་ནོ། 18ཁོང་གི་བཟའ་ཟླ་ཨ་ཧབ་ཀྱི་བུ་མོ་ཡིན་པ་དང་། ཨ་ཧབ་ཀྱི་ནང་མི་བཞིན་ཁོང་གིས་ཨིསི་རཱཨེལ་གྱི་རྒྱལ་པོའི་ལམ་ངན་པར་བཞུགས་སོ། ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད་དོ། 19འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ཡ་ཧུ་དཱ་མེད་པར་བཟོ་བའི་ཐུགས་འདོད་མེད་དོ། གང་ལགས་ཟེར་ན། ཁོང་གི་ཞབས་ཕྱི་དཱ་བིད་ལ་ཁོའི་བུ་བརྒྱུད་ཀྱིས་རྟག་ཏུ་མུ་མཐུད་ནས་རྒྱལ་སྲིད་སྐྱོངས་བའི་ཞལ་བཞེས་གནང་ཡོད་དོ། 20ཡེ་ཧོ་རམ་གྱི་དུས་སྐབས་ལ་ཨེ་དྷོམ་པ་རྣམས་ནས་ཡ་ཧུ་དཱ་པར་ངོ་ལོག་བྱས་ནས་རང་དབང་གི་རྒྱལ་སྲིད་ཞིག་ཏུ་འགྱུར་རོ། 21དེ་འདྲ་སོང་ཙང་ཡེ་ཧོ་རམ་གྱིས་ཁོང་གི་ཤིང་རྟ་འཁོར་ལོ་དང་བཅས་པ་ཛ་ཨིར་དུ་ཐོན་པ་དང་། དེར་ཨེ་དྷོམ་པ་ཚོའི་དམག་མིས་ཁོང་ལ་མཐའ་བསྐོར་རོ། མཚན་མོའི་སྐབས་སུ་ཁོང་དང་ཁོང་གི་ཤིང་རྟ་འཁོར་ལོའི་དམག་སྤྱི་རྣམས་བྲོས་ཐར་བ་དང་ཁོང་གི་དམག་མི་རྣམས་ནས་རང་རང་སོ་སོའི་ཁྱིམ་དུ་ལོག་ཕྱིན་ནོ། 22དེ་ནས་བཟུང་ཨེ་དྷོམ་ཡུལ་དེ་ཡ་ཧུ་དཱ་ནས་རང་དབང་བྱུང་བ་ཡིན་ནོ། དུས་སྐབས་དེ་རང་ལ་ལིབ་ནཱའི་གྲོངཁྱེར་གྱིས་ཀྱང་ངོ་ལོག་བྱས་སོ། 23ཡེ་ཧོ་རམ་གྱིས་མཛད་པ་རྣམས་ཡ་ཧུ་དཱ་པའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 24ཡེ་ཧོ་རམ་གྲོང་པ་དང་དཱ་བིད་ཀྱི་གྲོང་ཁྱེར་གྱི་རྒྱལ་པོའི་སྤུར་ཁང་ནང་སྦས་ནས་ཁོང་གི་སྲས་ཨ་ཧ་ཛི་ཧས་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

ཡ་ཧུ་དཱ་པའི་རྒྱལ་པོ་ཨ་ཧ་ཛ་ཡཱ།

(༢ སྔོན་རབས་ ༢༢:༡-༦)

25ཨ་ཧབ་ཀྱི་བུ་ཡོ་རམ་གྱིས་ཨིསི་རཱཨེལ་གྱི་རྒྱལ་པོ་གནང་བའི་ལོ་བཅུ་གཉིས་པར་ཡེ་ཧོ་རམ་གྱི་བུ་ཨ་ཧ་ཛ་ཡཱ་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་རོ། 26ཁོང་ལོ་ཉི་ཤུ་རྩ་གཉིས་ཀྱི་སྐབས་སུ་ཁོང་གིས་ལོ་གཅིག་རིང་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་སྐྱངས་སོ། ཁོང་གི་ཡུམ་ཨ་ཐལ་ཡཱ་བྱ་བ་དེ་ཨ་ཧབ་ཀྱི་བུ་མོ་དང་ཨིསི་རཱཨེལ་གྱི་རྒྱལ་པོ་ཨོམ་རིའི་ཚ་མོ་ཡིན་པ་དང་། 27ཨ་ཧ་ཛ་ཡཱ་རང་གི་ཆང་སའི་རྒྱུད་ནས་རྒྱལ་པོ་ཨ་ཧབ་དང་འབྲེལ་བ་ཡོད་པ་ཙང། ཨ་ཧབ་ཀྱི་ནང་མི་ནས་གྱིས་པ་ལྟར་ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད་དོ། 28རྒྱལ་པོ་ཨ་ཧ་ཛ་ཡཱས་ཨིསི་རཱཨེལ་གྱི་རྒྱལ་པོ་ཡོ་རམ་དང་མཉམ་དུ་སི་རི་ཡའི་རྒྱལ་པོ་ཧ་ཛ་ཨེལ་དང་དམག་འཐབ་ནང་བཞུགས་སོ། དམག་མི་ཚོ་གྷིལ་ཨད་ཀྱི་ར་མད་རུ་འཐབ་པ་དང་དམག་སར་ཡོ་རམ་ལ་རྨས་སོ། 29ཁོང་གི་རྨ་གསོ་བའི་ཕྱིར་ཡེཛ་རིལ་གྲོང་ཁྱེར་དུ་ཕྱིར་ལོག་པ་དང་ཨ་ཧ་ཛ་ཡཱ་ཁོང་ལ་གཟིགས་པར་དེར་ཕེབས་སོ༎

རྒྱལ་རབས་གཉིས་པ། 9

ཡེ་ཧུ་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྔོ་འབུལ་བྱས་པ།

1སྐབས་དེར་ལུང་སྟོན་པ་ཨེ་ལི་ཤས། ལུང་སྟོན་པའི་ནང་ནས་ན་གཞོན་ཞིག་བོས་གནང་ནས། ཁྱོད་གྲ་སྒྲིགས་བྱས་ནས་སྐྱུ་རུའི་སྣུམ་གྱི་བུམ་པ་འདི་མཉམ་དུ་འཁྱེར་ནས་གྷིལ་ཨད་དུ་ཡོད་པའི་ར་མོད་དུ་སོང་ཞིག 2ཁྱོད་དེར་སླེབས་པ་དང་། ཡེ་ཧོ་ཤ་ཕད་ཀྱི་བུ་ནིམ་ཤིའི་ཚ་བོ་ཡེ་ཧུ་ལ། ཁོ་གྲོགས་པོ་ཆོའི་ཁྲོད་ནས་སྒེར་གྱི་ཁང་མིག་ཞིག་གི་ནང་འཁྲིད་ཅིག 3ཁོའི་མགོ་ལ་སྐྱུ་རུའི་སྣུམ་འདི་བླུགས་ནས། གཙོ་བོ་དཀོན་མཆོག་གིས་གསལ་སྒྲགས་གནང་བ་ལྟར། ཁོང་གིས་ཁྱོད་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྔོ་འབུལ་གནང་བ་ཡིན་ཞེས་སྨྲས་ནས། དེ་ནས་གང་མགྱོགས་ཐོན་ཞིག་གསུངས་སོ། 4དེ་འདྲ་སོང་ཙང་ལུང་སྟོན་པ་ན་གཞོན་དེ་ར་མོད་དུ་ཕྱིན་ནོ། 5དེར་ཁོང་གིས་དམག་མིའི་འགོ་འཛིན་རྣམས་ཚོགས་འདུ་ཚོགས་ནས་ཡོད་པ་དང་འཕྲད་པས། ཁོང་གི་སྐུ་ཞབས་ལགས། ང་ལ་ཁྱེད་ཀྱི་ཕྱིར་ཕྲིན་ཞིག་ཡོད་གསུངས་པས། ཡེ་ཧུས། ཁྱེད་ཀྱིས་ང་ཚོའི་ནང་ནས་སུ་ལ་གསུངས་ཀྱི་ཡོད་ཅེས་དྲིས་པས། ཁོང་གིས། ངས་ཁྱེད་ལ་ཞུ་གི་ཡོད་ཅེས་གསུངས་སོ། 6དེ་ནས་ཁོ་ཚོ་གཉིས་ཁང་པའི་ནང་དུ་ཕེབས་པ་དང་། ལུང་སྟོན་པ་ན་གཞོན་གྱིས། ཡེ་ཧུའི་མགོ་ལ་སྐྱུ་རུའི་སྣུམ་དེ་བླུགས་ནས། གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་གསལ་སྒྲགས་གནང་བ་ལྟར། ངས་ཁྱོད་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྔོ་འབུལ་བྱས་པ་ཡིན། 7ཁྱོད་ཀྱི་སྦྱིན་བདག་ཨ་ཧབ་ཀྱི་བུ་ལ་ཁྱོད་ཀྱིས་གསོད་དགོས། དེ་ལྟར་ཡེ་ཛི་བྷེལ་གྱིས་ངའི་ལུང་སྟོན་པ་ཚོ་དང་ཞབས་ཕྱི་ཚོ་བསད་པར་ངས་ཆད་པ་གཏོང་བར་བྱ། 8ཨ་ཧབ་ཀྱི་ནང་མིའི་བརྒྱུད་པ་རྣམས་འཆི་དགོས། ངས་ཁོའི་ནང་མིའི་ནང་ནས་ཕོ་རྒན་གཞོན་ཚང་མ་མེད་པར་བྱ་རྒྱུ་ཡོན་ནོ། 9ངས་ཁོའི་ནང་མི་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་རོ་བྷམ་དང་ཨིསི་རཱཨེལ་གྱི་བྷ་ཤའི་ནང་མི་ལྟར་བྱེད་རྒྱུ་ཡིན། 10ཡེ་ཛི་བྷེལ་གྱི་ཕུང་པོ་དེ་སྦས་པར་མི་བྱ་ཞིང་། མོའི་ལུས་དེ་ཡེཛ་རིལ་གྱི་ས་ཁུལ་དུ་ཁྱིས་ཟ་བར་འགྱུར་རོ་ཅེས་གསུངས་པའི་རྗེས་ལ་ལུང་སྟོན་པ་ན་གཞོན་དེ་ཁང་མིག་ནས་ཐོན་ཏེ་བྲོས་སོ། 11ཡེ་ཧུ་རང་གི་འགོ་འཛིན་གྱི་ལས་རོགས་ཚོའི་སར་ཕེབས་པ་དང་། ཁོ་ཚོས་ཚང་མ་ལེགས་པོ་ཡོད་དམ། མི་སྨྱོན་པ་དེས་ཁྱོད་ལ་ག་རེ་དགོས་ལབ་ཀྱི་འདུག་གམ་ཞེས་དྲིས་པས། ལན་དུ་ཡེ་ཧུས། ཁྱོད་ཚོས་ཁོ་ལ་ག་རེ་དགོས་པ་ཤེས་ཀྱི་ཡོད་དམ། 12དེ་ཚོས། ང་ཚོས་ཤེས་ཀྱི་མེད། ཁོས་ཁྱོད་ལ་ཇི་བཤད་པ་ང་ཚོར་སྨྲོས་ཤིག་སྨྲས་པས། ཁོས་ང་ལ། གཙོ་བོ་དཀོན་མཆོག་གིས་ང་ཨིསི་རཱཨེལ་གྱི་རྒྱལ་པོར་བསྔོ་འབུལ་གནང་བ་ཡིན་ཞེས་ཁོས་སྨྲས་བྱུང་། 13དེ་མ་ཐག་ཏུ་ཡེ་ཧུའི་ལས་རོགས་འགོ་འཛིན་ཚོས་སྐས་འཛེག་གི་མགོར་ཡེ་ཧུ་དེའི་སྟེང་དུ་ལངས་པའི་ཕྱིར་རང་རང་གི་གོས་བཀྲམ་ནས་དུང་འབུད་ནས་ཡེ་ཧུ་རྒྱལ་པོ་ཡིན་ཞེས་སྐད་རྒྱབ་བོ༎

ཨིསི་རཱཨེལ་གྱི་རྒྱལ་པོ་ཡོ་རམ་བསད་པ།

14-15དེ་ནས་ཡེ་ཧུས། རྒྱལ་པོ་ཡོ་རམ་གྱི་ཐོག་ཏུ་འཆར་གཞི་གཏིང་ངོ། དེ་དུས་ཡོ་རམ་རང་ཉིད་ལ་རྨས་ཡོད་པ་དེ་གསོ་བའི་ཕྱིར་ཡེཛ་རིལ་དུ་བསྡད་ཡོད་དོ། རྨ་དེ་ར་མོད་ཀྱི་དམག་སར་སི་རི་ཡའི་རྒྱལ་པོ་ཧ་ཛ་ཨེལ་དང་མཉམ་དུ་དམག་འཐབ་སྐབས་བྱུང་བ་ཡིན་ནོ། དེར་བརྟེན་ཡེ་ཧུས་རང་གི་ལས་རོགས་འགོ་འཛིན་ཚོར་ཁྱོད་ཚོ་ངའི་ཕྱོགས་སུ་ཡོད་ན་ར་མོད་ནས་སུ་ཞིགམཐར་ནས་ཡེཛ་རིལ་དུ་མི་མང་ལ་ཉེན་བརྡ་གཏོང་བར་འགྲོ་མ་བཅུག་པར་ངེས་གཏན་བྱེད་དགོས་ཅེས་སྨྲས་སོ། 16དེ་ནས་ཁོང་རང་གི་ཤིང་རྟ་འཁོར་ལོའི་ནང་བཞུགས་ནས་ཡེཛ་རིལ་དུ་ཕྱིན་ནོ། ཡོ་རམ་ད་དུང་ཡང་རྨ་གསོས་མེད་པ་དང་ཡ་ཧུ་དཱ་པའི་རྒྱལ་པོ་ཨ་ཧ་ཛ་ཡཱ་དེར་ཁོང་ལ་ཐུག་འཕྲད་བྱེད་པར་ཕེབས་སོ། 17ཡེཛ་རིལ་གྱི་མཁར་གྱི་རྩེ་མོར་སྲུང་བྱ་བ་དེས་ཡེ་ཧུ་དང་ཁོང་གི་མི་རྣམས་ཡོང་བཞིན་པ་མཐོང་ངོ་། ངས་མི་འགའ་ཤས་རྟར་ཞོན་ནས་ཡོང་བ་མཐོང་གི་འདུག་ཅེས་ཁོས་སྐད་རྒྱབ་བོ། ཡོ་རམ་གྱིས་དེ་ཚོ་དགྲ་གཉེན་ཇི་ཡིན་རྟགས་དཔྱད་བྱེད་པར་རྟ་པ་ཞིག་གཏོང་ཞིག་གསུངས་སོ། 18བང་ཆེན་དེས་ཡེ་ཧུའི་སར་རྟ་ཞོན་ནས་ཕྱིན་ཏེ་རྒྱལ་པོས་ཁྱེད་གྲོགས་པོ་བཞིན་ཕེབས་ཡོད་མེད་མཁྱེན་འདོད་གནང་གི་འདུག་ཅེས་ཞུས་པས། ལན་དུ་ཡེ་ཧུས། དེའི་སྐོར་ཁྱོད་ལ་བྱུས་གཏོགས་མེད། ངའི་རྒྱབ་ལ་འབྲངས་ཤིག་གསུངས་སོ། མཁར་གྱི་སྲུང་བྱ་བ་དེས། བང་ཆེན་དེ་ཚོ་དང་འཕྲད་ན་ཡང་ཕྱིར་ལོག་ཡོང་གི་མི་འདུག་ཅེས་སྙན་གསེང་ཞུས་སོ། 19བང་ཆེན་གཞན་ཞིག་བཏང་བ་དེས། ཡེ་ཧུ་ལ་དྲི་བ་དེ་རང་དྲིས་པས། ཡེ་ཧུས་ལན་དུ། ཡང་སྐྱར་དེའི་སྐོར་ཁྱོད་ལ་བྱུས་གཏོགས་མེད། ངའི་རྒྱབ་ལ་གྲངས་ཤིག་གསུངས་སོ། 20ཡང་སྐྱར་ཐེངས་གཅིག་སྲུང་བྱ་བ་དེས། བང་ཆེན་དེ་ཚོ་དང་འཕྲད་ན་ཡང་ཕྱིར་ལོག་ཡོང་གི་མིན་འདུག་ཅེས་སྙན་གསེང་ཞུས་པས། ཁོས་དེ་ཚོའི་འགོ་པ་དེའི་ཡེ་ཧུས་ཤིང་རྟ་འཁོར་ལོ་བཏང་བ་བཞིན་སྨྱོན་པ་ལྟར་བཏང་བཞིན་འདུག་ཞུས་སོ། 21རྒྱལ་པོ་ཡོ་རམ་གྱིས་ངའི་ཤིང་རྟ་འཁོར་ལོ་གྲ་སྒྲིགས་བྱོས་ཤིག་ཅེས་བཀའ་གནང་ངོ་། དེ་ལྟར་བྱས་པ་དང་ཁོང་དང་རྒྱལ་པོ་ཨ་ཧ་ཛ་ཡཱ་རང་རང་སོ་སོའི་ཤིང་རྟ་འཁོར་ལོར་བཞུགས་ནས་ཡེ་ཧུ་ལ་འཕྲད་ཕྱིར་ཕེབས་བ་དང་ཁོང་ཚོས་ཁོ་ལ་ན་བོད་ཀྱི་ཞིང་ཁར་འཕྲད་དོ། 22ཡོ་རམ་གྱིས་ཁྱོད་ཞི་བདེའི་ངང་ཡོང་བ་ཡིན་ནམ་ཅེས་དྲིས་པས། ལན་དུ་ཡེ་ཧུས། ཞི་བདེ་ཇི་ལྟར་ཡོང་ངམ། ང་ཚོ་ད་དུང་ཡང་ཁྱོད་ཀྱི་ཡུམ་ཡེ་ཛི་བྷེལ་གྱིས་འགོ་བཙུགས་པའི་ངན་སྔགས་དང་ལྷ་སྐུར་མཆོད་སྲོལ་ཡོད་ཟེར་རོ། 23ཡོ་རམ་གྱིས། ཨ་ཧ་ཛ་ཡཱ་དེ་བསླུ་འཁྲིད་མཁན་རེད་ཅེས་སྐད་རྒྱབ་ནས་ཁོང་གི་ཤིང་རྟ་འཁོར་ལོ་ཁ་བསྐོར་ནས་བྲོས་སོ། 24ཡེ་ཧུས་རང་གི་གཞུ་དེ་ཤུགས་གང་ཡོད་ཀྱིས་འཐེན་ནས་མདའ་ཞིག་རྒྱབ་ལ་ཕོག་སྟེ་ཁོའི་སྙིང་ལ་ཨི་ཁུང་འབིགས་པས། ཡོ་རམ་རང་གི་ཤིང་རྟ་འཁོར་ལོའི་ནང་འགྱེལ་ནས་ཤི་བོ། 25ཡེ་ཧུས། རང་གི་རོགས་པ་བྷིཌ་ཀར་ལ། ཁོའི་ལུས་པོ་བླངས་ནས་ན་བོད་ཀྱི་ཞིང་ཁར་དབྱུགས་ཤིག ཁྱོད་དང་ང་གཉིས་མཉམ་དུ་རྟ་ཞོན་ནས་རྒྱལ་པོ་ཡོ་རམ་གྱི་ཡབ་ཨ་ཧབ་ཀྱི་རྒྱབ་ནས་འགྲོ་སྐབས་གཙོ་བོ་དཀོན་མཆོག་གིས་ཨ་ཧབ་ཀྱི་སྐོར་བཀའ་གང་གནང་བ་དྲན་པར་བྱོས་ཤིག 26ངས་ན་བོད་དང་ཁོའི་བུ་ཚོ་ཁ་སང་བསད་པ་མཐོང་བྱུང་བས། ཁྱོད་ལ་ཞིང་ཁ་དེ་རང་ལ་ཉེས་པ་གཏོང་རྒྱུའི་དམ་བཅའ་བྱེད་པ་ཡིན་ཞེས་གསུངས་ཡོད། དེ་ནས་ཡེ་ཧུས་རང་གི་རོགས་པར་ཡོ་རམ་གྱི་ལུས་པོ་དེ་བླངས་ནས་གཙོ་བོ་དཀོན་མཆོག་གི་དམ་བཅའ་སྒྲུབ་པའི་ཕྱིར་ན་བོད་ཀྱི་ཞིང་ཁར་དབྱུགས་ཤིག་ཅེས་བཀའ་གནང་ངོ་༎

ཡ་ཧུ་དཱ་པའི་རྒྱལ་པོ་ཨ་ཧ་ཛ་ཡཱ་བསད་པ།

27རྒྱལ་པོ་ཨ་ཧ་ཛ་ཡཱས་གང་བྱུང་བ་མཐོང་བ་དང་རང་གི་ཤིང་རྟ་འཁོར་ལོའི་ནང་གྲོང་ཁྱེར་བྷེད་ཧ་གན་ཟེར་བའི་ཕྱོགས་སུ་བྲོས་པ་དང་། ཡེ་ཧུས་ཁོ་ལ་བསད་པའི་ཕྱིར་དེད་ནས་རང་གི་མི་ཚོ་ལ་ཁོ་ཡང་གསོད་ཅིག་ཅེས་བཀའ་གནང་བ་དང་། དེ་ཚོས་ཁོང་གྲོང་ཁྱེར་ཨིབ་ལཱིམ་གྱི་ཉེ་འགྲམ་དུ་གྷུར་གྱི་ལམ་དུ་ཤིང་རྟ་འཁོར་ལོའི་ནང་འགྲོ་སྐབས་ཁོང་ལ་རྨས་སོ། འོན་ཀྱང་ཁོང་གྲོང་ཁྱེར་མེ་གི་དྷོ་བར་བྲོས་ཐུབ་པ་དང་དེར་ཁོང་གྲོངས་སོ། 28ཁོང་གི་ལས་བྱེད་པ་ཚོས་ཁོང་གི་སྐུ་ལུས་དེ་ཤིང་རྟ་འཁོར་ལོ་ཞིག་གི་ནང་ཡེ་རུ་ཤ་ལེམ་དུ་འཁྱེར་ནས། དེར་དཱ་བིད་ཀྱི་གྲོང་ཁྱེར་གྱི་རྒྱལ་པོའི་སྤུར་ཁང་དུ་སྦས་སོ། 29ཨ་ཧབ་ཀྱི་སྲས་ཡོ་རམ་གྱིས་ཨིསི་རཱཨེལ་གྱི་རྒྱལ་སྲིད་བཟུང་བའི་ལོ་བཅུ་གཅིག་པའི་སྐབས་སུ་ཨ་ཧ་ཛི་ཡས་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་རོ༎

བཙུན་མོ་ཡེ་ཛི་བྷེལ་བསད་པ།

30ཡེ་ཧུ་ཡེཛ་རིལ་དུ་སླེབས་ནས། ཡེ་ཛི་བྷེལ་གྱིས་གང་བྱུང་བ་ཐོས་པ་དང་། མིག་ལ་ཚོན་བྱུགས་ནས་རང་གི་སྐྲ་བཤད་ཅིང་ཕོ་བྲང་གི་སྒེ་ཁུང་ཞིག་ནས་ཁྲོམ་ལམ་དུ་བལྟ་ཕྱིར་ལངས་སོ། 31ཡེ་ཧུ་རྒྱལ་སྒོའི་ནང་འཛུལ་བ་དང་། མོས། ཛིམ་རི་མི་གསོད་མཁན་ཁྱོད་གང་གི་དོན་དུ་འདིར་ཡོང་བ་ཡིན་ནམ་ཅེས་སྐད་རྒྱབ་བོ། 32ཡེ་ཧུས་ཡར་བལྟས་ནས། ངའི་ཕྱོགས་སུ་སུ་ཡོད་དམ་ཅེས་སྐད་རྒྱབ་པ་དང་། ཕོ་བྲང་གི་ལས་བྱེད་པ་གཉིས་གསུམ་ནས་ཁོང་ལ་སྒེ་ཁུང་ནས་མར་བལྟས་པ་དང་། 33ཡེ་ཧུས་དེ་ཚོ་ལ། མོ་མར་དབྱུགས་པ་དང་རྟ་སོགས་ལ་མོའི་ཁྲག་འཐོར་རོ། ཡེ་ཧུས་རང་གི་རྟ་དང་ཤིང་རྟ་འཁོར་ལོ་མོའི་ལུས་ཀྱི་སྟེང་དུ་བཏང་ངོ་། 34དེ་ནས་ཁོང་ཕོ་བྲང་ནང་འཛུལ་ནས་ཞལ་ལག་བཞེས་སོ། དེའི་རྗེས་སུ་ཁོང་གིས། མོའི་ཕུང་པོ་དེ་འཁྱེར་ནས་སྦས་ཤིག། གང་ལ་ཟེར་ན། མོ་ནི་རྒྱལ་པོའི་བུ་མོ་ཡིན་ནོ། 35འོན་ཀྱང་མོའི་ལུས་པོ་སྦས་སར་འགྲོ་མཁན་མི་ཚོས་མོའི་ཐོད་པ་དང་རྐང་ལག་གི་རུས་པ་མ་གཏོགས་མ་རྙེད་པས། 36དེ་ཚོས་དེ་བཞིན་ཡེ་ཧུ་ལ་སྙན་གསེང་ཞུས་པ་དང་། ཁོང་གི་དེ་ནི་གཙོ་བོ་དཀོན་མཆོག་གི་ཞབས་ཕྱི་ཨེ་ལི་ཡཱའི་བརྒྱུད་ཨིསི་རཱཨེལ་གྱི་ས་ཁུལ་དུ་ཡེ་ཛི་བྷེལ་གྱི་ལུས་དེ་ཁྱི་ཚོས་ཟ་བར་འགྱུར། 37མོའི་གཟུགས་ལྷག་མ་དེ་ལུད་ལྟར་འགྱུར་ནས་སུས་ཀྱང་དེ་ཚོ་དབྱེ་བ་བྱེད་མི་ཐུབ་པར་འཐོར་བར་འགྱུར་ཞེས་གསུངས་པ་ལྟར་བྱུང་བ་ཡིན་གསུངས་སོ༎

རྒྱལ་རབས་གཉིས་པ། 10

ཨ་ཧབ་ཀྱི་རིགས་བརྒྱུད་རྣམས་བསད་པ།

1ས་མར་ཡའི་གྲོང་ཁྱེར་དུ་ཨ་ཧབ་ཀྱི་རིགས་བརྒྱུད་མི་གྲངས་བདུན་ཅུ་གནས་སྡོད་བྱེད་བཞིན་ཡོད་དོ། ཡེ་ཧུས་ཡི་གེ་ཞིག་བྲིས་པ་དང་དེའི་འདྲ་བཤུས་རྣམས་གྲོང་ཁྱེར་གྱི་སྲིད་སྐྱོང་པ་རྣམས་དང་ཡུལ་མི་གཙོ་དྲག་རྣམས་དང་ཨ་ཧབ་རིགས་བརྒྱུད་ཀྱི་ལྟ་སྐྱོང་བྱེད་མཁན་ཚོ་ལ་བཏང་ངོ། ཡི་གེ་དེའི་ནང་གསལ་འདི་ལྟར་བཀོད་ཡོད་དོ། 2ཁྱོད་ཚོ་ནི་རྒྱལ་པོའི་རིགས་བརྒྱུད་ཚོའི་དོ་དམ་པ་ཡིན་པ་དང་། ཁྱོད་ཚོ་ལ་ཤིང་རྟ་འཁོར་ལོ་རྣམས་དང་རྟ་རྣམས་དང་མཚོན་ཆ་རྣམས་དང་གྲོང་ཁྱེར་བཙན་པོ་བཅས་མངའ་འོག་ཏུ་ཡོད་པས། ཁྱོད་ཚོ་ལ་ཡི་གེ་འདི་འབྱོར་མ་ཐག་ཏུ། 3ཁྱོད་ཚོས་རྒྱལ་པོའི་རིགས་བརྒྱུད་ནས་མི་འོས་པ་ཚད་ལྡན་ཞིག་འདམས་ཏེ་ཁོང་རྒྱལ་པོར་བསྐོས་ནས། ཁོང་ལ་སྐྱོབས་ཕྱིར་དམག་རྒྱབ་ཅིག་ཅེས་སྨྲས་སོ། 4ས་མར་ཡའི་སྲིད་སྐྱོང་པ་རྣམས་ཧ་ཅང་འཇིགས་ནས་དེ་ཚོས་ཡེ་ཧུ་ལ་རྒྱལ་པོ་ཡོ་རམ་དང་རྒྱལ་པོ་ཨ་ཧ་ཛ་ཡཱས་ཀྱང་འགག་བྱ་གནང་ཐུབ་མེད་པས་ང་ཚོས་ཇི་ལྟར་བྱེད་ཐུབ་ཅེས་སྨྲས་སོ། 5དེ་འདྲ་སོང་ཙང་ཕོ་བྲང་གི་དཔོན་པོ་དང་གྲོང་ཁྱེར་གྱི་ལས་བྱེད་པ་དང་ཡུལ་མི་གཙོ་དྲག་རྣམས་དང་ལྟ་སྐྱོང་བྱེད་མཁན་ཚོ་བཅས་མཉམ་དུ་ཡེ་ཧུ་ལ་ང་ཚོ་ཁྱེད་ཀྱི་ཞབས་ཕྱི་ཡིན་པ་དང་ཁྱེད་ཀྱི་ཇི་ལྟར་བཀའ་གནང་བ་སྒྲུབ་རྒྱུར་གྲ་སྒྲིགས་ཡོད། འོན་ཀྱང་ང་ཚོས་སུ་ལ་ཡང་རྒྱལ་པོ་བསྐོས་ཀྱི་མིན། ཁྱེད་ཀྱི་ཐུགས་ལ་ཇི་ལེགས་པ་དེ་གནང་རོགས་ཞེས་པའི་འཕྲིན་བཏང་ངོ་། 6ཡེ་ཧུས་ཁྱོད་ཚོ་ང་མཉམ་དུ་ཡོད་པ་དང་ངའི་བཀའ་སྒྲུབ་རྒྱུར་གྲ་སྒྲིག་ཡོད་པ་ཡིན་ན། སང་ཞོག་དུས་ཚོད་དི་རང་ལ་ཡེཛ་རིལ་དུ་ངའི་སར་རྒྱལ་པོ་ཨ་ཧབ་ཀྱི་རིགས་བརྒྱུད་དེ་ཚོའི་མགོ་རྣམས་འཁྱེར་ཤོག་ཅེས་པའི་ཡི་གེ་གཞན་ཞིག་བཏང་ངོ་། ས་མར་ཡ་རུ་གནས་ཡོད་ཡུལ་མི་ཚོའི་བལྟ་རྟོགས་འོག་ཏུ་ཡོད་པའི་རྒྱལ་པོ་ཨ་ཧབ་ཀྱི་རིགས་བརྒྱུད་བདུན་ཅུ་ཐམ་པ་ཡོད་པ་རྣམས་འཚར་ལོངས་བྱེད་བཞིན་ཡོད་པས། 7ཡེ་ཧུའི་ཡི་གེ་དེ་འབྱོར་བ་དང་། ས་མར་ཡའི་འགོ་འཛིན་ཚོས་ཨ་ཧབ་ཀྱི་རིགས་བརྒྱུད་བདུན་ཅུ་རྣམས་བསད་ནས་དེ་ཚོའི་མགོ་རྣམས་སླེ་པོའི་ནང་བླུགས་ནས་ཡེཛ་རིལ་དུ་ཡེ་ཧུའི་རྩར་བཏང་ངོ་། 8ཡེ་ཧུ་ལ། ཨ་ཧབ་ཀྱི་རིགས་བརྒྱུད་ཚོའི་མགོ་རྣམས་འཁྱེར་ཡོད་ལུགས་ཞུས་པ་དང་། ཁོང་གིས་དེ་ཚོ་གྲོང་ཁྱེར་གྱི་རྒྱལ་སྒོར་ཚོ་གཉིས་སུ་སྤུངས་ནས་ཉིན་རྗེས་མའི་ཞོག་པ་བར་འཇོག་དགོས་པའི་བཀའ་གནང་ངོ་། 9སང་ཞོག་ཁོང་རྒྱལ་སྒོར་ཕེབས་ནས། དེར་ཡོད་པའི་མི་མང་ལ་ངས་རྒྱལ་པོ་ཡོ་རམ་ལ་བྱུས་ངན་གཏིང་ནས་ཁོང་བཀྲོང་པ་ཡིན། དེའི་སྐོར་ཁྱོད་ཆོར་སུ་ཡང་འགན་འཁུར་མི་དགོས། འོན་ཀྱང་འདི་ཆོ་ཚང་མ་སུས་བསད་པ་རེད་དམ། 10འདིའི་ཐོག་ནས་གཙོ་བོ་དཀོན་མཆོག་གིས་ཨ་ཧབ་ཀྱི་རིགས་བརྒྱུད་ཀྱི་སྐོར་བཀའ་གནང་བ་ཚང་མ་བདེན་པ་ཡོང་ངོ་། གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་ཨེ་ལི་ཡཱ་བརྒྱུད་ཞལ་བཞེས་གནང་བ་ཚང་མ་སྒྲུབ་པ་ཡིན་ནོ། 11དེ་ནས་ཡེ་ཧུས་ཡེཛ་རིལ་དུ་སྡོད་པའི་ཨ་ཧབ་ཀྱི་གཉེན་ཚན་ཚང་མ་དང་། ཁོང་གི་འགོ་འཛིན་ཚང་མ་དང་། གྲོགས་པོ་ཉེ་པོ་རྣམས་དང་། བླ་མ་རྣམས་དང་བཅས་པ་བསད་ནས། དེ་ཚོའི་ནང་ནས་གཅིག་ཀྱང་གསོན་པོར་མ་བཞག་གོ།

རྒྱལ་པོ་ཨ་ཧ་ཛ་ཡཱའི་གཉེན་ཚན་རྣམས་བསད་པ།

12ཡེ་ཧུ་ཡེཛ་རིལ་ནས་ས་མར་ཡ་རུ་འགྲོ་བའི་ཕྱིར་ཐོན་པས། ལམ་དུ་ལུག་རྗིའི་སྒར་ཞེས་བའི་ས་གནས་དེར། 13ཁོང་གིས་ཡ་ཧུ་དཱ་པའི་རྒྱལ་པོ་ཨ་ཧ་ཛ་ཡཱའི་གཉེན་ཚན་འགའ་ཤས་དང་འཕྲད་པས་དེ་ཚོ་ལ་ཁྱོད་ཚོ་སུ་ཡིན་ནམ་ཅེས་བཀའ་འདྲི་གནང་བས། དེ་ཚོས་ང་ཚོ་རྒྱལ་པོ་ཨ་ཧ་ཛིའི་ཡའི་གཉེན་ཚན་ཡིན་པས། ང་ཚོ་ཡེཛ་རིལ་དུ་བཙུན་མོ་ཡེ་ཛི་བྷེལ་དང་ཁོང་གི་རྒྱལ་པོའི་ཁྱིམ་ཚང་ལ་གུས་ཞབས་ཞུས་པར་འགྲོ་གི་ཡོད་ཅེས་ཞུས་པས། 14ཡེ་ཧུས་རང་གི་མི་ཆོ་ལ་ཁོ་ཚོ་གསོན་པོར་བཟུང་ཞིག་ཅེས་བཀའ་གནང་བ་དང་། ཁོ་ཚོས་མི་བཞི་ཅུ་ཞེ་གཉིས་ཡོད་པ་རྣམས་བཟུང་ནས་དེར་ཡོད་པའི་དོང་ཞིག་གི་ཉེ་འགྲམ་དུ་བསད་ནས་གཅིག་ཀྱང་གསོན་པོར་མ་བཏང་ངོ་༎

ཨ་ཧབ་ཀྱི་མཉེན་ཚན་ལྷག་འཕྲོད་ཚང་མ་བསད་པ།

15ཡེ་ཧུ་ཡང་སྐྱར་ཕེབས་པ་དང་ཁོང་གི་ལམ་དུ་རེ་ཀབ་ཀྱི་བུ་ཡོ་ན་དྷབ་དང་འཕྲད་པས། ཡེ་ཧུས་ཁོ་ལ་འཚམས་འདྲི་ཞུས་ནས་ངའི་བསམ་པར་ཁྱོད་དང་ང་གཉིས་འདྲ་མཚུངས་རེད། ཁྱོད་ཀྱིས་ང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ནམ་གསུངས་པས། ཡོ་ན་དྷབ་ཀྱིས་རྒྱབ་སྐྱོར་ཞུ་གི་ཡིན་ཞེས་ཞུས་པས། ཡེ་ཧུས་དེ་འདྲ་ཡིན་ན་ཁྱེད་ཀྱི་ཕྱག་ང་ལ་གནང་བར་མཛོད་གསུངས་པས། ཁོང་གཉིས་ཀྱི་ཕན་ཚུན་ལག་པ་བཟུང་བ་དང་ཡེ་ཧུས་ཁོང་ལ་རོགས་བྱས་ཏེ་ཤིང་རྟ་འཁོར་ལོའི་ནང་དུ་ཐེན་ནོ། 16ང་དང་མཉམ་དུ་ཤོག་ལ་ངས་གཙོ་བོ་དཀོན་མཆོག་ལ་མོས་གུས་ཇི་ལྟར་ཞུ་བཞིན་འདུག་པར་ལྟོས་ཤིག་གསུངས་ནས་མཉམ་དུ་ས་མར་ཡ་རུ་སླེབས་སོ། 17ཁོང་ཚོ་དེར་འབྱོར་བ་དང་ཡེ་ཧུས། ཨ་ཧབ་ཀྱི་གཉེན་ཚན་གཅིག་ཀྱང་མ་བཞག་པར་ཚང་མ་བསད་དོ། དེ་ནས་གཙོ་བོ་དཀོན་མཆོག་གིས་ཨི་ལི་ཡ་ལ་གང་འབྱུང་རྒྱུའི་སྐོར་གསུངས་པ་དེ་སྒྲུབ་བོ༎

བྷལ་ལ་མཆོད་མཁན་རྣམས་བསད་པ།

18ཡེ་ཧུའི་ས་མར་ཡའི་མི་མང་རྣམས་བཀོང་ནས་སྨྲས་པ། རྒྱལ་པོ་ཨ་ཧབ་ཀྱིས་ལྷ་བྷལ་ལ་ཞབས་ཞུ་ཕྲན་བུའི་མ་གཏོགས་ཕུལ་མེད། འོན་ཀྱང་ངས་ཁོང་ལ་དེ་ལས་ཧ་ཅང་མང་བ་ཞབས་ཕྱི་ཞུས་རྒྱུ་ཡིན། 19བྷལ་གྱི་ལུང་སྟོན་པ་ཚང་མ་དང་ཁོང་ལ་མཆོད་མཁན་ཚང་མ་དང་ཁོང་གི་བླ་མ་ཚང་མ་བོས་ཤིག སུ་ལ་ཡང་དགོངས་པ་མེད། ངས་བྷལ་ལ་དམར་མཆོད་ཆེན་པོ་འབུལ་རྒྱུ་ཡིན་པས། དེར་མ་ཡོང་མཁན་མི་དེ་གསོད་པར་བྱ་རྒྱུ་ཡིན་གསུངས་ནས། (ཡེ་ཧུས་བྷལ་ལ་མཆོད་མཁན་ཚང་མ་གསོད་པར་བྱ་རྒྱུའི་གཡོ་བྱུས་ཞིག་བྱས་སོ།) 20དེ་ནས་ཡེ་ཧུས་བྷལ་ལ་མཆོད་པའི་ཉིན་མོ་དེ་ཚང་མར་གསལ་སྒྲགས་བྱོས་ཤིག་ཅེས་བཀའ་གནང་བ་དེ་བཞིན་བྱས་སོ། 21དེ་ནས་ཡེ་ཧུས་ཨིསི་རཱཨེལ་གྱི་ཡུལ་ཚང་མར་ལོན་བཏང་བས། བྷལ་ལ་མཆོད་མཁན་གཅིག་ཀྱང་མ་ལུས་པ་ཚང་མ་ཡོང་ངོ་། དེ་ཚོ་ཚང་མ་བྷལ་གྱི་ལྷ་ཁང་དུ་ཕྱིན་ནས་མཆོད་ཁང་ཡོངས་སུ་ཁེངས་སོ། 22དེ་ནས་ཡེ་ཧུས་རྩ་ཆེའི་ན་བཟའི་འགོ་འཛིན་བླ་མར། བྷལ་ལ་མཆོད་མཁན་ཚང་མར་གྱོན་ཕྱིར་ན་བཟའ་སྤྲོད་དགོས་པའི་བཀའ་གནང་ངོ་། 23དེ་ནས་ཡེ་ཧུས་ཁོང་རང་རེ་ཀབ་ཀྱི་བུ་ཡོ་ན་དྷབ་དང་མཉམ་དུ་ལྷ་ཁང་དུ་ཕེབས་ནས་དེར་ཡོད་པའི་མི་མང་རྣམས་ལ། བྷལ་ལ་མཆོད་མཁན་གཅིག་པུ་འཛོམས་པ་མ་གཏོགས་གཙོ་བོ་དཀོན་མཆོག་ལ་མཆོད་མཁན་སུ་ཡང་ནང་དུ་གཏོང་བར་མི་བྱ་རྒྱུ་ངེས་གཏན་བྱོས་ཤིག་གསུངས་སོ། 24དེ་ནས་ཁོང་དང་ཡོ་ན་དྷབ་གཉིས་བྷལ་ལ་མཆོད་པ་དང་སྦྱིན་སྲེག་ཕུལ་བར་ནང་དུ་ཕེབས་ནས། ཁོང་གི་ཕྱི་ལོག་ཏུ་མི་བརྒྱད་ཅུ་ཐམ་པ་བཞག་ཡོད་པ་དེ་ཚོར་ཁྱོད་ཚོས་མི་འདི་ཚོ་ཚང་མ་གསོད་དགོས། གལ་ཏེ་སུ་ཞིག་གིས་མི་གཅིག་བྲོས་ནས་བཏང་བ་ཡིན་ན། ཁོས་རང་གི་སྲོག་དེའི་ཆེད་དུ་ཕུལ་དགོས་ཅེས་སློབ་སྟོན་གནང་ཡོད་དོ། 25ཡེ་ཧུས་མཆོད་པ་ཕུལ་ཚར་མ་ཐག་ཏུ་སྐུ་སྲུང་བ་དང་འགོ་འཛིན་ཚོར། སོང་ལ་དེ་ཚོ་གཅིག་ཀྱང་བྲོས་མ་བཅུག་པར་གསོད་ཅིག་གསུངས་པ་དང་། དེ་ཚོས་གྲི་བཏོན་ནས་ནང་དུ་ཕྱིན་ནས་ཚང་མ་བསད་ནས་དེ་ཚོའི་རོ་ཕྱིར་བཏོན་ནོ། དེ་ནས་དེ་ཚོ་བྷལ་གྱི་ལྷ་ཁང་ནང་མར་ཕྱིན་ནས། 26དེར་ཡོད་པའི་དམ་པའི་ཀ་བ་དེ་ཕྱིར་འཁྱེར་ཡོང་ནས་མེར་བསྲེགས་སོ། 27དེ་ལྟར་དེ་ཚོས་དམ་པའི་ཀ་བ་དང་ལྷ་ཁང་སྟོར་ནས་ལྷ་ཁང་དེ་གསང་སྤྱོད་བཟོས་སོ། དུས་དེང་སང་ཡང་དེ་ལྟར་ཡིན་ནོ། 28དེ་ལྟར་ཡེ་ཧུས་ཨིསི་རཱཨེལ་གྱི་ནང་དུ་བྷལ་ལ་མཆོད་པའི་སྲོལ་དེ་རྩ་མེད་བཟོས་སོ། 29འོན་ཀྱང་ཁོང་གིས་རྒྱལ་པོ་ཡེ་རོ་བྷམ་གྱི་ཨིསི་རཱཨེལ་གྱི་མི་མང་རྣམས་སྡིག་པར་སྣེ་འཁྲིད་ནས་བྷེ་ཐེལ་དང་དྷན་དུ་བཟོས་པའི་གསེར་གྱི་གླང་གོག་ལ་མཆོད་རྒྱུའི་སྡིག་ལས་དེ་རང་ལ་དཔེ་བལྟས་སོ། 30གཙོ་བོ་དཀོན་མཆོག་གིས། ཡེ་ཧུ་ལ་ཁྱོད་ཀྱི་ཨ་ཧབ་ཀྱི་རིགས་བརྒྱུད་ལ་ངས་འདོད་པ་ལྟར་ཆ་ཚང་བྱས་ཡོད་པ་སོང་ཙང་ཁྱོད་ཀྱི་རིགས་བརྒྱུད་མི་རབས་བཞི་བར་ཨིསི་རཱཨེལ་གྱི་རྒྱལ་པོ་ཡོང་རྒྱུར་ངས་དམ་བཅའ་བྱ་རྒྱུ་ཡིན་གསུངས་སོ། 31འོན་ཀྱང་ཡེ་ཧུས། རང་གི་བསམ་པ་རྣམ་དག་གིས་ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལ་ཉན་མེད་དོ། དེའི་ཚབ་ཏུ་ཡེ་རོ་བྷམ་གྱིས་ཨིསི་རཱཨེལ་པ་ཚོར་སྡིག་པར་སྣེ་འཁྲིད་བྱས་པའི་དཔེའི་རྗེས་སུ་འཇུག་གོ།

ཡེ་ཧུ་གྲོངས་པ།

32དུས་སྐབས་དེར་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་ས་ཁུལ་དེ་རྒྱ་ཁྱོན་ཆུང་དུ་གཏོང་དགོས་པའི་བཀའ་གནང་ཡོད་ཅིང་། སི་རི་ཡའི་རྒྱལ་པོ་ཧ་ཛ་ཨེལ་གྱིས་བཙན་འཛུལ་བྱས་པའི་ས་ཁུལ་ཡོངས་སུ། 33ཡོར་དན་གྱི་ཤར་ཕྱོགས་སུ་ཡོད་པའི་རྒྱུག་ཆུ་ཨར་ནོན་གྱི་གྲོང་ཁྱེར་ཨ་རོ་ཨེར་གྱི་ལྷོ་ཕྱོགས་བར་གྱི་མི་བརྒྱུད་གྷཌ་དང་རུ་བྷེན་དང་ཤར་དུ་མ་ནསེ་སཱེ་པ་རྣམས་སྡོད་པའི་ས་ཁུལ་གྷིལ་ཨད་དང་བྷ་ཤཱན་བཅས་ཚུད་ཡོད་དོ། 34ཡེ་ཧུས་མཛད་པ་རྣམས་ཁོང་གི་བློ་སྟོབས་ཆེན་པོའི་བྱས་རྗེས་དང་བཅས་པ་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 35ཁོང་གྲོངས་པ་དང་ས་མར་ཡ་རུ་སྦས་ནས་ཁོང་གི་བུ་ཡེ་ཧོ་ཨ་ཧཛ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ། 36ཡེ་ཧུས་ས་མར་ཡ་རུ་ལོ་ཉི་ཤུ་རྩ་བརྒྱད་རིང་ཨིསི་རཱཨེལ་གྱི་རྒྱལ་སྲིད་བསྐྱངས་ཡོད་དོ༎

རྒྱལ་རབས་གཉིས་པ། 11

ཡ་ཧུ་དཱའི་བཙུན་མོ་ཨ་ཐལ་ཡཱ།

(༢ སྔོན་རབས་ ༢༢:༡༠—༢༣:༡༥)

1རྒྱལ་པོ་ཨ་ཧ་ཛ་ཡཱའི་ཡུམ་ཨ་ཐལ་ཡཱས་རང་གི་སྲས་གྲོངས་པའི་སྐོར་མཁྱེན་མ་ཐག་ཏུ་ཁོང་གིསརྒྱལ་པོའི་ནང་མི་རྣམས་གསོད་དགོས་པའི་བཀའ་གནང་ངོ་། 2ཨ་ཧ་ཛ་ཡཱའི་སྲས་ཡོ་ཨཱཤེ་སྐུ་རྐྱང་བྲོས་ཐར་རོ། ཁོང་གཞན་ཚོ་དང་མཉམ་དུ་གསོད་གྲབ་ཡོད་ན་ཡང་ཁོང་གི་ཨ་ནི་རྒྱལ་པོ་ཡེ་ཧོ་རམ་གྱི་སྲས་མོ་དང་ཨ་ཧ་ཛ་ཡཱའི་ཕ་གཅིག་པའི་སྲིང་མོ་ཡེ་ཧོ་ཤེ་བྷས་སྐྱོབས་སོ། མོས་ཁོང་དང་ཁོང་གིས་མ་མ་མཉམ་དུ་འཁྲིད་ནས་མཆོད་ཁང་གི་ཉལ་ཁང་ཞིག་གི་ནང་ཨ་ཐལ་ཡཱ་ནས་སྦས་པས། དེ་ལྟར་ཁོང་བསད་མེད་དོ། 3ལོ་དྲུག་རིང་ཡེ་ཧོ་ཤེ་བྷས་སྲས་དེ་མཆོད་ཁང་གི་ཉལ་ཁང་ནང་དུ་སྦས་བཞག་ཡོད་པ་དང་། སྐབས་དེར་ཨ་ཐལ་ཡཱས་རྒྱལ་མོའི་ཚུལ་དུ་རྒྱལ་སྲིད་བསྐྱངས་སོ། 4འོན་ཀྱང་ལོ་བདུན་པར་བླ་མ་ཡེ་ཧོ་ཡ་དྷས་ཕོ་བྲང་གི་རྒྱལ་པོའི་སྐུ་སྲུང་པ་དང་ཕོ་བྲང་གི་སྐུ་སྲུང་པའི་དོ་དམ་པ་ཚོར་མཆོད་ཁང་དུ་ཡོང་དགོས་པའི་ལོན་བཏང་བ་དང་། དེར་ཁོང་གིས་མཛད་འཆར་ཇི་ཡོད་ཁོ་ཚོས་མི་བཏང་ནས་མནའ་བསྐྱེལ་བཅུག་གོ ཁོང་གིས་ཁོ་ཚོར་རྒྱལ་པོ་ཨ་ཧ་ཛ་ཡཱའི་བུ་ཡོ་ཨཱཤེ་བསྟན་པ་དང་། 5ཁོང་ཚོར་གཤམ་གསལ་ལྟར་བཀའ་གནང་བ། ཁྱོད་ཚོ་ངལ་གསོ་བའི་ཞག་ང་ལས་འགན་བྱེད་པར་ཡོང་སྐབས་ཁྱོད་ཆོ་གསུམ་ཆ་གཅིག་གིས་ཕོ་བྲང་སྲུང་དགོས་སོ། 6གསུམ་ཆ་གཞན་དེས་སུར་གྱི་རྒྱལ་སྒོ་དེ་སྲུང་དགོས་པ་དང་གཞན་སུམ་ཆ་དེས་སྐུ་སྲུང་པ་ཚོའི་རྒྱབ་ཀྱི་རྒྱལ་སྒོར་ལངས་ནས་སྲུང་དགོས་སོ། 7ངལ་གསོ་བའི་ཞག་ལ་ལས་འགན་ཚར་ནས་འགྲོ་མཁན་ཚོ་གཉིས་པོའི་འགོ་འཛིན་ཚོས་རྒྱལ་པོར་སྲུང་སྐྱོབས་བྱེད་པའི་ཆེད་དུ་མཆོད་ཁང་དུ་སྲུང་དགོས་སོ། 8ཁྱོད་ཚོས་རལ་གྲི་སྟོན་ནས་རྒྱལ་པོ་ཡོ་ཨཱཤེ་ལ་སྲུང་དགོས་པ་དང་ཁོང་གང་དུ་ཕེབས་ཡང་དེར་ཁོང་མཉམ་དུ་འགྲོ་དགོས་སོ། ཁྱོད་ཚོའི་ཉེ་འགྲམ་དུ་སུ་ཞིག་སླེབས་ན་ཡང་གསོད་དགོས་ཅེས་སྨྲས་སོ། 9འགོ་འཛིན་ཚོས་ཡེ་ཧོ་ཡ་དྷའི་སློབ་སྟོན་ལ་ཉན་ནས་ངལ་གསོ་བའི་ཞག་ལ་ལས་འགན་སྐོས་ཡོད་པའི་མི་ཚང་མ་ཁོང་གི་སར་འཁྲིད་ཡོང་ནས། 10ཁོང་གིས་འགོ་འཛིན་ཚོར་རྒྱལ་པོ་དཱ་བིད་ཀྱི་མདུང་དང་ཁྲབ་སོགས་མཆོད་ཁང་དུ་བཞག་ཡོད་པ་དེ་སྤྲད་པ་དང་། 11མི་རྣམས་རལ་གྲི་སྟོན་ནས་ཡོད་པའི་མི་ཚོས་རྒྱལ་པོར་སྲུང་སྐྱོབས་བྱེད་པའི་ཕྱིར་མཆོད་ཁང་མདུན་གྱི་མཐའ་འཁོར་ལ་བཞག་གོ 12དེ་ནས་ཡེ་ཧོ་ཡ་དྷས་ཡོ་ཨཱཤེ་ལ་ཕྱིར་བཏོན་ནས། ཁོང་གི་དབུ་ལ་ཅོད་པན་སྒྲོན་པ་དང་ཁོང་ལ་སྲིད་སྐྱོངས་ཀྱི་ཁྲིམས་ཡིག་འདྲ་བཤུས་ཤིག་གནང་ངོ་། དེ་ནས་ཡོ་ཨཱཤེ་ལ་བསྔོ་འབུལ་བྱས་ནས་རྒྱལ་པོར་གསལ་གྲགས་གནང་ངོ་། དེ་ནས་མི་མང་ཚོས་རང་གི་ལག་པ་བརྡབས་ཏེ། རྒྱལ་པོ་སྐུ་ཚེ་ཡུན་རིང་གནས་པར་ཤོག་ཅེས་སྐད་འབོད་བྱས་སོ། 13རྒྱལ་མོ་ཨ་ཐལ་ཡཱས་སྐུ་སྲུང་བ་དང་མི་མང་གི་སྒྲ་ཐོས་པ་དང་མགྱོགས་པོར་མི་ཚོགས་འཛོམས་ཡོད་པའི་མཆོད་ཁང་དུ་ཡོངས་ནས། 14དེར་ལུགས་སྲོལ་ལྟར་རྒྱལ་པོ་གསར་པ་མཆོད་ཁང་གི་འཛུལ་སྒོའི་ཀ་བའི་འགྲམ་དུ་བཞེངས་ཡོད་པ་མོས་མཐོང་ངོ་། ཁོང་ལ་འགོ་འཛིན་ཚོ་དང་དུང་འབུད་མཁན་ཚོས་མཐའ་བསྐོར་ནས་ཡོད་པ་དང་། མི་མང་ཚོས་དགའ་སྤྲོའི་ངང་སྐད་འབོད་བྱེད་པ་དང་དུང་འབུད་བཞིང་ཡོད་པས། ཨ་ཐལ་ཡཱས་མྱ་ངན་གྱིས་རང་གི་གོས་ཧྲལ་ཞིང་། འདི་བསླུ་འཁྲིད་རེད་ཅེས་སྐད་རྒྱབ་བོ། 15ཡེ་ཧོ་ཡ་དྷས་མཆོད་ཁང་གི་མངའ་ཁུལ་དུ་ཨ་ཐལ་ཡཱ་ལ་གསོད་འདོད་མེད་པས། དམག་མིའི་འགོ་འཛིན་ཚོར་མོ་ལ་སྐུ་སྲུང་པ་ཚོའི་གྲལ་གྱི་དབར་ཕྱིར་འཁྲིད་ནས་མོ་ལ་སྐྱོབས་པར་ཡོང་མཁན་སུ་ཡིན་རུང་གསོད་ཅིག་ཅེས་བཀའ་གནང་བས། 16དེ་ཚོས་མོ་བཟུང་ནས་ཕོ་བྲང་དུ་འཁྲིད་པ་དང་དེར་མོ་ལ་རྟའི་རྒྱལ་སྒོར་བསད་དོ༎

ཡེ་ཧོ་ཡ་དྷས་བསྒྱུར་བཅོས།

(༢ སྔོན་རབས་ ༢༣:༡༦-༢༡)

17བླ་མ་ཡེ་ཧོ་ཡ་དྷས། རྒྱལ་པོ་ཡོ་ཨཱཤེ་དང་མི་མང་རྣམས་གཙོ་བོ་དཀོན་མཆོག་གི་མི་མང་དུ་འགྱུར་བའི་ཕྱིར་གཙོ་བོ་དཀོན་མཆོག་དང་མཉམ་དུ་དམ་བཅའ་ཞིག་བཞག་བཅུག་པ་དང་། ཁོང་གིས་རྒྱལ་པོ་དང་མི་མང་གི་དབར་ལ་དམ་བཅའ་ཞིག་བཟོས་སོ། 18དེ་ནས་མི་ཚོ་བྷལ་གྱི་ལྷ་ཁང་དུ་སོང་ནས་ལྷ་ཁང་དེ་རློགས་པ་དང་། དེ་ཚོས་མཆོད་ཁྲི་དང་འདྲ་སྐུ་རྣམས་བཤིག་ཏེ་མཆོད་ཁྲིའི་མདུན་དུ་བྷལ་གྱི་བླ་མ་མཏ་ཏན་ཡང་བསད་དོ། ཡེ་ཧོ་ཡ་དྷས་མཆོད་ཁང་དུ་སྐུ་སྲུང་བ་བཞག་གོ 19དེ་ནས་ཁོང་དང་འགོ་འཛིན་ཚོ་དང་རྒྱལ་པོའི་སྐུ་སྲུང་བ་དང་ཕོ་བྲང་གི་སྐུ་སྲུང་པ་བཅས་ནས་རྒྱལ་པོ་ལ་མཆོད་ཁང་ནས་ཕོ་བྲང་དུ་གདན་འདྲེན་ཞུས་པ་དང་མི་མང་ཚང་མས་ཁོང་གི་རྗེ་སུ་འབྲངས་སོ། ཡོ་ཨཱཤེེ་སྐུ་སྲུང་པའི་རྒྱལ་སྒོའི་ནང་འཛུལ་ནས་བཞུགས་ཁྲིའི་སྟེང་དུ་བཞུགས་སོ། 20མི་མང་ཚང་མས་དགའ་མགུས་ཡིད་རངས་སོ། གྲོང་ཁྱེར་དེ་ཞི་བདེའི་ནང་གནས་ཡོད། གང་ལགས་ཟེར་ན། དེ་དུས་ཨ་ཐལ་ཡཱ་ལ་རྒྱལ་པོའི་ཕོ་བྲང་ནང་བསད་ཟིན་ཡོད། 21ཡོ་ཨཱཤེ་ལོ་བདུན་ལོན་སྐབས་ཡ་ཧུ་དཱའི་རྒྱལ་པོར་འགྱུར་རོ༎

རྒྱལ་རབས་གཉིས་པ། 12

ཡ་ཧུ་དཱའི་རྒྱལ་པོ་ཡོ་ཨཱཤེེ།

(༢ སྔོན་རབས་ ༢༤:༡-༡༦)

1ཨིསི་རཱཨེལ་གྱི་རྒྱལ་པོ་ཡོ་རམ་གྱིས་རྒྱལ་སྲིད་སྐྱོངས་བའི་ལོ་ངོ་བདུན་པའི་དུས་སུ། ཡོ་ཨཱཤེེ་ཡ་ཧུ་དཱའི་རྒྱལ་པོར་འགྱུར་བ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་བཞི་ཅུ་རིང་རྒྱལ་སྲིད་སྐྱངས་སོ། ཁོང་གི་ཡུམ་ཛི་བི་ཨཱ་ནི་གྲོང་ཁྱེར་བྷིར་ཤེ་བྷ་ནས་ཡིན་ནོ། 2ཁོང་གི་སྐུ་ཚེའི་རིང་གཙོ་བོ་དཀོན་མཆོག་གིས་ཐུགས་མཉེས་པ་ཤ་སྟག་གནང་ཡོད། གང་ལགས་ཟེར་ན། བླ་མ་ཡེ་ཧོ་ཡ་དྷས་ཁོང་ལ་སློབ་སྟོན་གནང་གི་ཡོད་དོ། 3འོན་ཀྱང་ཕྱི་པའི་ལྷ་ལ་མཆོད་འབུལ་བྱེད་ཡུལ་རྣམས་བཤིགས་མེད་པ་དང་། མི་མང་ནས་མུ་མཐུད་ཀྱི་དེར་དམར་མཆོད་དང་སྤོས་བདུག་བཞིན་ཡོད་དོ། 4ཁོང་གིས་བླ་མ་ཚོ་བཀའ་འགུག་གནང་ནས་མཆོད་ཁང་དུ་ཕུལ་བའི་དངུལ་ཁག་དང་། དུས་རྒྱུན་གྱི་མཆོད་པའི་ཆེད་དུ་འབུལ་བ་ཁག་དང་རང་འདོད་ཀྱི་འབུལ་བ་རྣམས་གསོག་དགོས་པའི་བཀའ་གནང་ངོ་། 5བླ་མས་སུ་ཞིག་གི་ཞབས་ཕྱི་ཞུས་བ་ཚོའི་འཁྱེར་ཡོང་བའི་དངུལ་དེ་བླ་མ་སོ་སོའི་འགན་འཁུར་དགོས་པ་དང་། དངུལ་དེ་ཚོ་མཆོད་ཁང་ཉམས་གསོ་བྱེད་དགོས་པ་བྱུང་སྐབས་བེད་སྤྱོད་བྱེད་དགོས་སོ། 6ཡོ་ཨཱཤེེ་རྒྱལ་སྲིད་སྐྱོངས་ནས་ལོ་ངོ་ཉི་ཤུ་རྩ་གསུམ་སོང་བའི་དུས་ཡུན་རིང་བླ་མ་ཚོས་མཆོད་ཁང་གི་ཉམས་གསོ་གང་ཡང་གནང་མེད་པས། 7དེའི་རྐྱེན་གྱིས་ཁོང་གིས་ཡེ་ཧོ་ཡ་དྷ་དང་གཞན་བླ་མ་ཚོ་བཀའ་འགུག་གནང་ནས། ཁྱོད་ཚོས་ཅིའི་ཕྱིར་མཆོད་ཁང་ཉམས་གསོ་མ་བྱེད་པ་ཡིན་ནམ། ད་ནས་བཟུང་ཁྱོད་ཚོར་འབྱོར་བའི་དངུལ་རྣམས་བདག་ཉར་བྱེད་མི་ཆོག དེ་ཚོ་ཉམས་གསོ་བྱེད་ཐུབ་པའི་ཕྱིར་རྩིས་འབུལ་ཞུ་དགོས་སོ། 8བླ་མ་ཚོས། དེ་ལ་ཉན་ནས་རང་ཉིད་ཀྱི་མཆོད་ཁང་ཉམས་གསོ་མ་བྱེད་རྒྱུ་མོས་མཐུན་བྱས་སོ། 9ཡེ་ཧོ་ཡ་དྷས་སྒམ་ཞིག་འཁྱེར་ཡོང་ནས་དེའི་ཁེབ་སྟེང་ཨི་ཁུང་ཞིག་བཟོས་ཏེ། མཆོད་ཁང་འཛུལ་སའི་གཡས་ཕྱོགས་སུ་མཆོད་ཁྲིའི་འགྲམ་དུ་བཞག་གོ རྒྱལ་སྒོར་ཞབས་ཏོག་ཞུས་མཁན་བླ་མ་ཚོས་མཆོད་པ་རྣམས་ཀྱི་འབུལ་བའི་དངུལ་ཚང་མ་སྒམ་དེའི་ནང་དུ་བླུགས་ཀྱི་ཡོད་དོ། 10སྒམ་དེའི་ནང་དངུལ་མང་པོ་བྱུང་སྐབས་རྒྱལ་པོའི་དྲུང་ཡིག་དང་བླ་མ་ཆེན་པོ་ཕེབས་ནས་དངུལ་དེ་བཞུར་ནས་འདེགས་ཀྱི་ཡོད་པས། 11དངུལ་གྲངས་ཚང་ཐོ་དགོས་ཀྱིས་མཆོད་ཁང་གི་ལས་ཀའི་འགོ་འཛིན་ཚོར་རྩིས་སྤྲོད་དགོས་པ་དང་། དེ་ཚོ་ནས་ཤིང་བཟོ་བ་དང་རྩིག་དཔོན་དང་། 12རྡོ་བཟོ་བ་དང་རྡོ་བཞོག་མཁན་སོགས་ལ་སྤྲོད་པ་དང་། ཉམས་གསོའི་ཆེད་ཤིང་དང་རྡོ་ཉོ་བ་དང་འགྲོ་སོང་དགོས་ངེས་ཚང་མ་སྤྲོད་ཀྱི་ཡོད་དོ། 13འོན་ཀྱང་དངུལ་དེ་ཚོ་ནས་དངུལ་གྱི་དཀར་ཡོལ་དང་ཕོར་པ་དང་དུང་དང་གཞུ་སྟེགས་ཀྱི་ཡོ་བྱད་དང་། གཞན་ཡང་གསེར་དངུལ་གྱི་དངོས་པོ་གང་ཡང་བཟོས་ནས་བེད་སྤྱོད་བྱས་མེད་དོ། 14དེ་ཚོ་ཚང་མ་ལས་བྱེད་ཀྱི་གླ་ཆ་དང་ཉམས་གསོའི་ཅ་དངོས་སོགས་ཉོ་རྒྱུར་བེད་སྤྱོད་བྱེད་བཞིན་ཡོད་དོ། 15ལས་བྱེད་པའི་འགོ་འཛིན་ཚོ་ཧ་ཅང་དྲང་པོ་ཡོད་སྟབས་ཁོ་ཚོས་དངུལ་ཀྱི་རྩིས་འབུལ་ཞུ་དགོས་མེད་པ་དང་། 16མཆོད་པའི་ཚབ་ཏུ་ཕུལ་བའི་དངུལ་དང་སྡིག་པའི་ཆེད་དུ་འབུལ་བའི་དངུལ་རྣམས་སྒམ་ནང་བསགས་མི་དགོས་ཏེ་དེ་ནི་བླ་མ་ཚོར་བདག་པ་ཡིན་ནོ། 17དུས་སྐབས་དེར་སི་རི་ཡའི་རྒྱལ་པོ་ཧ་ཛ་ཨེལ་གྱིས་གྷད་གྲོང་ཁྱེར་ལ་དམག་རྒྱབ་ནས་དེ་དབང་འཛིན་བྱས་སོ། དེ་ནས་ཁོས་ཡེ་རུ་ཤ་ལེམ་དུ་དམག་རྒྱབ་རྩིས་བྱས་སོ། 18ཡ་ཧུ་དཱ་པའི་རྒྱལ་པོ་ཡོ་ཨཱཤེ་ཀྱིས་རང་གི་མེས་པོ་ཡེ་ཧོ་ཤ་ཕད་དང་ཡེ་ཧོ་རམ་དང་ཨ་ཧ་ཛ་ཡཱས་གཙོ་བོ་དཀོན་མཆོག་ལ་བསྔོ་བའི་འབུལ་བ་རྣམས་དང་རང་གི་འབུལ་བ་རྣམས་མཆོད་ཁང་དང་ཕོ་བྲང་གི་བང་མཛོད་ཀྱི་གསེར་རྣམས་ཆ་ཚང་བླངས་ནས་རྒྱལ་པོ་ཧ་ཛ་ཨེལ་གྱི་རྩར་སྣང་སྦྱིན་གྱི་ཚུལ་དུ་བཏང་ངོ་། དེ་ནས་ཁོང་གིས་རང་གི་དམག་མི་རྣམས་ཡེ་རུ་ཤ་ལེམ་ནས་ཕྱིར་ལོག་བཏང་ངོ་། 19རྒྱལ་པོ་ཡོ་ཨཱཤེེ་མཛད་པ་རྣམས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད། 20-21རྒྱལ་པོ་ཡོ་ཨཱཤེེ་ཀྱི་ལས་བྱེད་པ་ཚོས་བྱུས་ངན་བཙམས་ནས། དེ་ཚོ་ཤིམ་ཡད་ཀྱི་བུ་ཡོ་ཛ་ཀར་དང་ཤོ་མེར་གྱི་བུ་ཡེ་ཧོ་ཛ་བྷད་གཉིས་ནས་ཡེ་རུ་ཤ་ལེམ་གྱི་ཤར་ཕྱོགས་སུ་སིལ་ལ་རུ་འགྲོ་བའི་ལམ་ཐུར་དུ་སྔོན་དུ་ས་སྟོང་ཡོད་སར་བཟོས་པའི་ཁང་པའི་ནང་ཁོང་ལ་བསད་དོ། ཡོ་ཨཤེེ་དཱ་བིད་ཀྱི་གྲོང་ཁྱེར་རྒྱལ་པོའི་སྤུར་ཁང་དུ་སྦས་པ་དང་། དེ་རྗེས་ཁོང་གི་བུ་ཨ་མ་ཛ་ཡཱས་ཁོང་གི་རྗེས་འཛིན་དུ་རྒྱལ་པོར་འགྱུར་རོ༎

རྒྱལ་རབས་གཉིས་པ། 13

ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨ་ཧཛ།

1ཨ་ཧ་ཛ་ཡཱའི་བུ་ཡོ་ཨཱཤེེ་ཀྱིས་ཡ་ཧུ་དཱའི་རྒྱལ་སྲིད་བཟུང་ནས་ལོ་ཉི་ཤུ་རྩ་གསུམ་སོང་བའི་སྐབས་སུ་ཡེ་ཧུའི་བུ་ཡེ་ཧོ་ཨ་ཧཛ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་བ་དང་ཁོང་གིས་ས་མར་ཡ་རུ་ལོ་བཅུ་བདུན་རིང་རྒྱལ་སྲིད་སྐྱངས་སོ། 2སྔོན་གྱི་རྒྱལ་པོ་ཡེ་རོ་བྷམ་ལྟར་ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་དང་ཨིསི་རཱཨེལ་པ་ཚོ་ལ་སྡིག་པར་སྣེ་འཁྲིད་བྱས་པ་མ་ཟད། ཁོང་གིས་ལམ་ངན་པ་རྣམས་ནམ་ཡང་སྤངས་མེད་དོ། 3དེ་འདྲ་སོང་ཙང་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་པའི་ཐོག་ཏུ་ཐུགས་ཁྲོ་བ་དང་། ཁོང་གིས། སི་རི་ཡའི་རྒྱལ་པོ་ཧ་ཛ་ཨེལ་དང་ཁོང་གི་བུ་བྷེན་ཧ་དྷད་ཀྱིས་ཨིསི་རཱཨེལ་པ་ཚོ་ལ་ཡང་ཡང་ཕམ་བཅུག་པ་གནང་ཡོད། 4དེ་ནས་རྒྱལ་པོ་ཡེ་ཧོ་ཨ་ཧཛ་ཀྱིས་གཙོ་བོ་དཀོན་མཆོག་ལ་གསོལ་བ་བཏབ་པ་དང་། སི་རི་ཡའི་རྒྱལ་པོས་ཨིསི་རཱཨེལ་པ་ཚོར་མནར་གཅོད་གཏོང་བཞིན་ཡོད་པ་དེ་གཟིགས་ནས་གཙོ་བོ་དཀོན་མཆོག་གིས་ཁོང་གི་གསོལ་འདེབས་གསན་གནང་ངོ་། 5གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་འགོ་འཁྲིད་ཞིག་བཏང་གནང་བ་དང་། དེས་ཁོ་ཚོར་སི་རི་ཡའི་འོག་ནས་སྐྱབས་པ་དང་ཁོ་ཚོ་སྔར་བཞིན་ཞི་བདེའི་ངང་གནས་སོ། 6འོན་ཀྱང་རྒྱལ་པོ་ཡེ་རོ་བྷམ་གྱིས་ཨིསི་རཱཨེལ་པ་ཚོར་སྣེ་འཁྲིད་བྱས་པའི་སྡིག་པ་རྣམས་མ་སྤངས་པར་སྡིག་པ་གྱིས་བཞིན་གནས་པ་དང་ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་དེ་ས་མར་ཡ་རུ་གནས་སོ། 7ཡེ་ཧོ་ཨ་ཧཛ་ལ་རྟ་པ་ལྔ་བཅུ་དང་ཤིང་རྟ་འཁོར་ལོ་བཅུ་དང་རྐང་དམག་༡༠,༠༠༠ མ་གཏོགས་དམག་དཔུང་ལྷག་མེད་དོ། གང་ལགས་ཟེར་ན། སི་རི་ཡའི་རྒྱལ་པོས་ལྷག་མ་རྣམས་རྐང་རྡུལ་ལྟར་རྡོག་རྫིས་བཏང་ནས་མེད་པར་བཟོད་ཡོད་དོ། 8ཡེ་ཧོ་ཨ་ཧཛས་ཁོང་གི་མཐུ་སྟོབས་ཆེན་པོའི་མཛད་པ་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད། 9ཁོང་གྲོངས་པ་དང་ས་མར་ཡ་རུ་སྦས་ནས་ཁོང་གི་སྲས་ཡེ་ཧོ་ཨཤེ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨཤེ།

10ཡ་ཧུ་དཱའི་རྒྱལ་པོ་ཡོོ་ཨཱཤེས་རྒྱལ་སྲིད་སྐྱོངས་བའི་ལོ་ངོ་སུམ་ཅུ་སོ་བདུན་སྐབས་སུ། ཡེ་ཧོ་ཨ་ཧཛའི་བུ་ཡེ་ཧོ་ཨཤེ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་ནས་ཁོང་གིས་ལོ་བཅུ་དྲུག་རིང་ས་མར་ཡ་རུ་རྒྱལ་སྲིད་སྐྱངས་སོ། 11ཁོང་གིས་ཀྱང་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་དང་། རྒྱལ་པོ་ཡེ་རོ་བྷམ་གྱིས་ཨིསི་རཱཨེལ་ལ་སྡིག་པར་སྣེ་འཁྲིད་གནང་བའི་དཔེའི་ངན་པའི་རྗེས་སུ་འབྲངས་སོ། 12ཡེ་ཧོ་ཨཤེའི་མཛད་པ་རྣམས་དང་ཁོང་གི་ཡ་ཧུ་དཱ་པའི་རྒྱལ་པོ་ཨ་མ་ཛ་ཡཱ་མཉམ་དུ་མཐུ་སྟོབས་ཆེན་པོའི་དམག་འཐབ་པའི་སྐོར་སོགས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 13ཡེ་ཧོ་ཨཤེ་གྲོངས་ནས་ས་མར་ཡ་རུ་རྒྱལ་པོའི་སྤུར་ཁང་དུ་སྦས་པ་དང་ཁོང་གི་སྲས་ཡེ་རོ་བྷམ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

ཨེ་ལི་ཤ་གྲོངས་པ།

14ལུང་སྟོན་པ་ཨེ་ལི་ཤ་སྙུང་ཞི་དྲག་པོ་ཞིག་གིས་སྨྱུང་ནས། ཁོང་གྲོངས་གྲབ་ཡོད་སྟབས་ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨཤེ་ཁོང་མཇལ་བར་ཕབེས་པས། ཁོང་བཤུམ་བཞིན་ངའི་ཡབ། ངའི་ཡབ་ཁྱེད་ནི་ཨིསི་རཱཨེལ་གྱི་ཀུན་དབང་ཅན་གྱི་སྲུང་སྐྱོབ་མཁན་ཡིན་ཞེས་གསུང་སྐད་ཤོར་རོ། 15ཨེ་ལི་ཤས། ཁོང་ལ་མདའ་གཞུ་དང་མདའ་ཁ་ཤས་ལེན་ཞིག་ཅེས་བཀའ་གནང་བས། ཡེ་ཧོ་ཨཤེས་དེ་ཚོ་བླངས་སོ། 16དེ་ནས་ཨེ་ལི་ཤས། ཁོང་ལ་མདའ་རྒྱབ་རྒྱུར་གྲ་སྒྲིགས་བྱུས་ཤིག་གསུངས་པས། རྒྱལ་པོས་དེ་ལྟར་གནང་བ་དང་ཨེ་ལི་ཤས་རང་གི་ཕྱག་རྒྱལ་པོའི་ཕྱག་གི་སྟེང་དུ་བཞག་གནང་ངོ་། 17དེ་ནས་ལུང་སྟོན་པས་སློབ་སྟོན་གནང་བ་ལྟར་རྒྱལ་པོས་སི་རི་ཡའི་ཕྱོགས་སུ་སྒེ་ཁུང་ཕྱེ་ནས་བལྟས་པས། ཨེ་ལི་ཤས་མདའ་རྒྱོབ་ཅིག་ཅེས་བཀའ་གནངངོ་། རྒྱལ་པོས་མདའ་རྒྱབ་ཟིན་མ་ཐག་ཏུ་ལུང་སྟོན་པས་ཁྱོད་ནི་གཙོ་བོ་དཀོན་མཆོག་གི་མདའ་ཡིན་པས་དེས་ཁོང་ལ་སི་རི་ཡའི་ཐོག་ཏུ་རྒྱལ་ཁ་ཐོབ་ཡོང་། ཁྱོད་ཀྱིས་སི་རི་ཡ་པ་ཚོ་ནས་རྒྱལ་ཁ་མ་ཐོབ་བར་དུ་ཨ་ཕེག་ཏུ་ཁོ་ཆོ་མཉམ་དུ་འཐབ་འཛིངས་བྱེད་ཡོང་ཞེས་གསུངས་སོ། 18དེ་ནས་ཨེ་ལི་ཤས་རྒྱལ་པོ་ལ་མདའ་གཞན་དག་བླངས་ནས་ས་ལ་རྒྱོབ་ཅིག་གསུངས་པས། རྒྱལ་པོས་ས་ལ་ཐེངས་གསུམ་མདའ་རྒྱབ་ནས་འཚམས་བཞག་གོ 19དེར་བརྟེན་ཨེ་ལི་ཤ་ཐུགས་ཁྲོས་ནས་ཁོང་གིས་རྒྱལ་པོ་ལ་ཁྱེད་ཀྱིས་མདའ་ཐེངས་ལྔ་དྲུག་རྒྱབ་པ་ཡིན་ན་ཁྱེད་ཀྱིས་སི་རི་ཡ་ནས་རྒྱལ་ཁ་ཆ་ཚང་ཐོབ་རྒྱུ་ཡིན། འོན་ཀྱང་ད་ལྟ་ཁྱོད་ཀྱི་དེ་ཚོ་ནས་ཐེངས་གསུམ་གཅིག་པུ་རྒྱལ་ཁ་ཐོབ་ཡོང་ཞེས་གསུངས་སོ། 20དེ་ནས་ཨེ་ལི་ཤ་གྲོངས་ནས་སྦས་སོ། ལོ་ལྟར་མོ་ཨབ་པ་རྣམས་ནས་ཨིསི་རཱཨེལ་གྱི་ཡུལ་དུ་བཙན་འཛུལ་བྱེད་བཞིན་ཡོད་དོ། 21ཐེངས་གཅིག་རོ་ཞིག་འཁྱེར་བའི་སྐབས་སུ་དེ་ཚོས་མོ་ཨབ་པ་རྣམས་མཐོང་བ་དང་མི་མང་ནས་རོ་དེ་ཨེ་ལི་ཤའི་སྤུར་ཁང་དུ་དབྱུགས་ནས་བྲོས་སོ། རོ་དེ་ཨེ་ལི་ཤའི་རུས་པ་དང་འཕྲད་མ་ཐག་ཏུ་རོ་དེ་གསོན་པོར་ཡར་ལངས་སོ༎

ཨིསི་རཱཨེལ་དང་སི་རི་ཡའི་བར་དམག་འཁྲུགས།

22ཡེ་ཧོ་ཨ་ཧཛའི་སྐུ་དུས་རིང་སི་རི་ཡའི་རྒྱལ་པོ་ཧ་ཛ་ཨེལ་གྱིས་ཨིསི་རཱཨེལ་པ་ཚོར་མནར་གཅོད་བཏང་ངོ་། 23འོན་ཀྱང་གཙོ་བོ་དཀོན་མཆོག་གི་དེ་ཚོ་ལ་བྱམས་བརྩེ་དང་སྙིང་རྗེ་ལྡན་པར་འགྱུར་ཡོད། གང་ལགས་ཟེར་ན། ཁོང་མཉམ་དུ་ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་བཅས་ཀྱི་དབར་ཞལ་ཆད་གནང་ཡོད་པའི་རྐྱེན་གྱིས་ཁོང་གི་དེ་ཆོར་མེད་པར་མ་བཟོས་པར་དེ་ཚོར་སྐྱབས་གནང་ཡོད། ཁོང་གིས་རང་གི་མི་མང་རྣམས་ལ་རྩ་བ་ནས་བརྗེད་གནང་མེད་དོ། 24སི་རི་ཡའི་རྒྱལ་པོ་ཧ་ཛ་ཨེལ་གྲོངས་ནས་ཁོང་གི་བུ་བྷེན་ཧ་དྷད་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ། 25དེ་ནས་ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨཤེའི་བྷེན་ཧ་དྷད་ལ་ཐེང་གསུམ་ཕམ་པར་བྱས་པ་དང་། བྷེན་ཧ་དྷད་ཀྱིས་ཡེ་ཧོ་ཨཤེའི་ཡབ་ཡེ་ཧོ་ཨ་ཧཛའི་སྐུ་དུས་སུ་འཕྲོག་པའི་གྲོང་ཁྱེར་རྣམས་ཚུར་བླངས་སོ༎

རྒྱལ་རབས་གཉིས་པ། 14

ཡ་ཧུ་དཱའི་རྒྱལ་པོ་ཨ་མ་ཛ་ཡཱ།

(༢ སྔོན་རབས་ ༢༥:༡-༢༤)

1ཡེ་ཧོ་ཨ་ཧཛའི་བུ་ཡེ་ཧོ་ཨཱཤེས་ཨིསི་རཱཨེལ་གྱི་རྒྱལ་སྲིད་བཟུང་བའི་ལོ་གཉིས་པའི་སྐབས་སུ་ཡོ་ཨཱཤེའི་བུ་ཨ་མ་ཛ་ཡཱ་ཡ་ཧུ་དཱའི་རྒྱལ་པོར་འགྱུར་རོ། 2དེ་དུས་ཁོང་ལོ་ཉི་ཤུ་རྩ་ལྔ་ཡིན་པ་དང་ཡེ་རུ་ཤ་ལེམ་དུ་ལོ་ཉི་ཤུ་རྩ་དགུ་རིང་རྒྱལ་སྲིད་སྐྱངས་སོ། ཁོང་གི་ཡུམ་ཡེ་ཧོ་ཨ་དྷིན་ནི་ཡེ་རུ་ཤ་ལེམ་ནས་ཡིན་ནོ། 3ཁོང་གིས་གཙོ་བོ་དཀོན་མཆོག་ལ་གང་ཐུགས་མཉེས་པ་འབའ་ཞིག་གནང་ཡོད་དོ། འོན་ཀྱང་ཁོང་གི་ཕ་མེས་ཀྱི་རྒྱལ་པོ་དཱ་བིད་བཞིན་གནང་མེད་དོ། དེའི་ཚབ་ལ་ཁོང་གིས་རང་གི་ཡབ་ཡོོ་ཨཱཤེས་གང་མཛད་པ་བཞིན་གནང་ཡོད་དོ། 4ཁོང་གིས་ཕྱི་པའི་ལྷ་ལ་མཆོད་ཡུལ་ཁག་མ་བཤིགས་པ་དང་མི་མང་ནས་ད་དུང་མུད་མཐུད་ནས་དེར་དམར་མཆོད་དང་བདུག་སྤོས་བདུག་བཞིན་ཡོད་དོ། 5ཨ་མ་ཛ་ཡཱ་ལ་དབང་ཆ་བརྟན་པོ་བྱུང་མ་ཐག་ཏུ་ཁོང་གིས་རང་གི་ཡབ་རྒྱལ་པོ་བཀྲོང་མཁན་གྱི་ལས་བྱེད་པ་རྣམས་བསད་དོ། 6གཙོ་བོ་དཀོན་མཆོག་གི་མོ་ཤེའི་བཀའ་ཁྲིམས་ཀྱི་མདོའི་ནང་དུ། ཕའི་ཚབ་ཏུ་བུ་ཕྲུག་དང་། བུ་ཕྲུག་གི་ཚབ་ཏུ་ཕ་གསོད་པར་མི་རིགས་སོ་ཞེས་བྲིས་ཡོད་པ་ལྟར། དེ་ཚོའི་བུ་ཕྲུག་རྣམས་མ་སད་དོ། འོན་ཀྱང་མི་རེ་རེས་རང་གི་བྱས་པའི་ཉེས་ལན་དུ་དེ་རྣམས་བསད་པ་ཡིན་ནོ། 7ཨ་མ་ཛ་ཡཱས། ཚའི་ལུང་གཤོང་དུ་ཨེ་དྷོམ་པའི་དམག་མི ༡༠,༠༠༠ བསད་ནས། དམག་འཁྲུགས་སྐབས་སུ་སེ་ལ་གྲོང་ཁྱེར་དེ་བླངས་སོ། དེའི་མིང་ཡོག་ཐིལ་ཞེས་བཏགས་ནས་དེ་རིང་གི་བར་དུ་མིང་དེ་རང་གནས་ཡོད་དོ། 8དེ་ནས་ཨ་མ་ཛ་ཡཱས་ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨཤེའི་སར་བང་ཆེན་བཏང་ནས་དམག་འཐབ་འགྲན་བསྡུར་གྱི་བརྡ་བཏང་ངོ་། 9འོན་ཀྱང་རྒྱལ་པོ་ཡེ་ཧོ་ཨཤེས་སྔར་ལེ་བ་ནོན་གྱི་རི་བོའི་ལྗང་ཚེར་གྱིས་འགྱམ་ཤིང་གི་ས་གནས་སུ་ཁྱོད་ཀྱི་བུ་མོ་ངའི་བུའི་མནའ་མར་སྤྲོད་དགོས་ཅེས་འཕྲིན་བཏང་ངོ་། སེམས་ཅན་རྒོད་པོ་ཞིག་འགྲོ་བཞིན་ཡོད་པས་ལྗང་ཚེར་དེ་རྐང་པས་བརྫིས་སོ། 10ད་ཨ་མ་ཛ་ཡཱ་ཁྱོད་ཀྱིས་ཨེ་དྷོམ་པ་རྣམས་ཕམ་པར་བྱས་པའི་རྐྱེན་གྱིས་ཁྱོད་ང་རྒྱལ་གྱིས་ཁེངས་ཡོད་སྟབས། ཁྱོད་ཀྱི་སྙན་གྲགས་ཀྱིས་འདོད་པ་ཁེངས་པ་བྱས་ནས་རང་ཁྱིམ་དུ་སྡོད་ཅིག གང་གི་དོན་དུ་ཁྱོད་དང་ཁྱོད་ཀྱི་མི་མང་ཐོག་ཏུ་རྐྱེན་ངན་ཡོང་བའི་རྙོག་ཁྲ་སློང་བཞིན་ཡོད་ཅེས་པའི་ལན་བཏང་ངོ་། 11འོན་ཀྱང་ཨ་མ་ཛ་ཡཱས་དེ་ལ་མ་ཉན་པ་ཡིན་ཙང་རྒྱལ་པོ་ཡེ་ཧོ་ཨཤེས་རང་གི་དམག་མི་རྣམས་དང་མཉམ་དུ་ཐོན་ནས་ཡ་ཧུ་དཱའི་བྷེད་ཤེ་མེཤི་རུ་དམག་འཐབ་གནང་ངོ་། 12ཨ་མ་ཛ་ཡཱའི་དམག་མི་རྣམས་ཕམ་ནས། ཁོང་གི་དམག་མི་རྣམས་རང་རང་སོ་སོའི་ཁྱིམ་དུ་བྲོས་སོ། 13ཡེ་ཧོ་ཨཤེས་ཨ་མ་ཛ་ཡཱ་བཙོན་དུ་བཟུང་བ་དང་ཡེ་རུ་ཤ་ལེམ་གྱི་ཕྱོགས་སུ་ཕྱིན་ནས་ཨེཕ་ར་ཡིམ་གྱི་རྒྱལ་སྒོ་ནས་ཟུར་གྱི་རྒྱལ་སྒོའི་བར་མི་ཀྲར་ ༢༠༠ ཙམ་གྱི་ལྕགས་རི་དེ་བཤིགས་སོ། 14ཁོང་གི་གསེར་དངུལ་ཡོད་པ་རྣམས་དང་མཆོད་ཁང་གི་ཅ་དངོས་རྣམས་དང་ཕོ་བྲང་གི་གཏེར་མཛོད་རྣམས་བླངས་ནས་ས་མར་ཡ་རུ་འཁྱེར་ནས་ཁོང་གིས་བཙོན་པ་རྣམས་ལ་ཡང་མཉམ་དུ་འཁྲིད་དོ། 15ཡེ་ཧོ་ཨཤེས་ཁོང་གི་བློ་སྟོབས་ཅན་གྱིས་ཡ་ཧུ་དཱའི་རྒྱལ་པོ་ཨ་མ་ཛ་ཡཱ་དང་དམག་འཐབ་བཅས་ཀྱི་མཛད་པ་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 16ཡེ་ཧོ་ཨཤེ་གྲོངས་ནས་ས་མར་ཡའི་རྒྱལ་པོའི་སྤུར་ཁང་ནང་སྦས་པ་དང་། ཁོང་གི་སྲས་ཡ་རོ་བྷམ་དེ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

ཡ་ཧུ་དཱའི་རྒྱལ་པོ་ཨ་མ་ཛ་ཡཱ་གྲོངས་པ།

(༢ སྔོན་རབས་ ༢༥:༢༥-༢༨)

17ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨཤེ་གྲོངས་པའི་རྗེས་ལ་ཡ་ཧུ་དཱ་པའི་རྒྱལ་པོ་ཨ་མ་ཛ་ཡཱ་ལོ་བརྩོ་ལྔ་རིང་བཞུགས་སོ། 18ཨ་མ་ཛ་ཡཱའི་མཛད་པ་རྣམས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 19ཡེ་རུ་ཤ་ལེམ་དུ་ཨ་མ་ཛ་ཡཱ་གསོད་པའི་བྱུས་ངན་ཞིག་བཤམས་ཡོད་པ་དང་། ཁོང་གྲོང་ཁྱེར་ལ་ཀིཤི་རུ་བྲོས་ན་ཡང་ཁོང་གི་དགྲ་བོ་ཚོས་ཁོང་ལ་རྗེས་སུ་དེད་ནས་ཁོང་བཀྲོངས་སོ། 20ཁོང་གི་སྐུ་ལུས་དེ་རྟ་ཞིག་ལ་སྐྱོན་ནས་ཡེ་རུ་ཤ་ལེམ་དུ་འཁྱེར་ཡོང་ནས། དཱ་བིད་ཀྱི་གྲོང་ཁྱེར་དུ་རྒྱལ་པོའི་སྤུར་ཁང་དུ་སྦས་སོ། 21དེ་ནས་ཡ་ཧུ་དཱའི་མི་མང་ནས་དགུང་ལོ་བཅུ་དྲུག་ལོན་པའི་ཁོང་གི་བུ་ཨུ་ཛི་ཡཱ་ཞུ་བ་ལ་རྒྱལ་པོར་བསྐོས་སོ། 22ཨུ་ཛི་ཡའི་ཡབ་གྲོངས་པའི་རྗེས་སུ་ཨེ་ལད་ལ་ཡང་སྐྱར་དབང་བཟུང་བྱས་ནས་སྐྱར་བཞེངས་བྱས་སོ༎

ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་རོ་བྷམ་གཉིས་པ།

23ཡ་ཧུ་དཱའི་རྒྱལ་པོ་ཡོ་ཨཱཤེའི་བུ་ཨ་མ་ཛ་ཡཱས་རྒྱལ་སྲིད་བཟུང་བའི་ལོ་བརྩོ་ལྔ་སྐབས་སུ་ཡེ་ཧོ་ཨཱཤེས་བུ་ཡེ་རོ་བྷམ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་ནས། ཁོང་གིས་ས་མར་ཡ་རུ་ལོ་བཞི་ཅུ་ཞེ་གཅིག་རིང་རྒྱལ་སྲིད་སྐྱངས་སོ། 24ཁོང་གི་སྔོན་གྱི་ནེ་བྷད་ཀྱི་བུ་ཡེ་རོ་བྷམ་གྱིས་ཨིསི་རཱཨེལ་པ་ཚོར་སྡིག་པར་སྣེ་འཁྲིད་བྱས་པའི་དཔེ་ངན་གྱི་རྗེས་སུ་འབྲངས་ནས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ནས། 25ཁོང་གིས་ཨིསི་རཱཨེལ་པ་ཚོར་བདག་པའི་ས་ཁུལ་གྱི་བྱང་ལ་ཧ་མད་ནས་ལྷོ་འཆི་བའིི་རྒྱ་མཚོ་བར་ཡང་སྐྱར་དབང་དུ་བསྒྱུར་བྱས་སོ། དེ་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་གྷད་ཧེ་ཕར་པ་ཨ་མི་ཏའི་བུ་ལུང་སྟོན་པ་ཡོ་ནཱ་བརྒྱུད་ཞལ་བཞེས་གནང་བ་ཡིན་ནོ། 26གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོ་སྡུག་བསྔལ་དྲག་པོས་མནན་ནས་ཁོ་ཚོར་རོགས་པ་བྱེད་མཁན་སུ་ཡང་མེད་པ་གཟིགས་སོ། 27འོན་ཀྱང་དེ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོ་ཡོངས་རྫོགས་རྒྱུན་དུ་མེད་པར་བཟོ་རྒྱུའི་ཐུགས་དགོངས་མེད་པ་ཡིན་ནོ། དེ་ཡིན་ཙང་ཁོང་གིས་དེ་ཚོ་ལ་རྒྱལ་པོ་ཡེ་རོ་བྷམ་གཉིས་པ་བརྒྱུད་ནས་སྐྱོབས་པ་གནང་ངོ་། 28ཡེ་རོ་བམ་གྱིས་མཛད་པ་རྣམས་དང་མཐུ་སྟོབས་ཅན་གྱི་དམག་འཐབ་པ་དང་ཨིསི་རཱཨེལ་པ་ཚོར་དྷ་མསེ་ཀསེ་དང་ཧ་མད་སོགས་ཕྱིར་ལོག་གནང་བ་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད། 29ཡེ་རོ་བྷམ་གྲོངས་ནས་རྒྱལ་པོའི་སྤུར་ཁང་དུ་སྦས་པ་དང་ཁོང་གི་སྲས་ཛ་ཀར་ཡཱ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

རྒྱལ་རབས་གཉིས་པ། 15

ཡ་ཧུ་དཱའི་རྒྱལ་པོ་ཨུ་ཛི་ཡཱ།

(༢ སྔོན་རབས་ ༢༦:༡-༢༣)

1ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་རོ་བྷམ་གཉིས་པས་རྒྱལ་སྲིད་སྐྱངས་ནས་ལོ་ཉི་ཤུ་རྩ་བདུན་སོང་བའི་སྐབས་སུ་ཨ་མ་ཛ་ཡཱའི་བུ་ཨུ་ཛི་ཡཱ་ཡ་ཧུ་དཱའི་རྒྱལ་པོར་འགྱུར་རོ། 2དགུང་ལོ་ བཅུ་དྲུག་ནས་ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་ལྔ་ཅུ་ལྔ་གཉིས་ཀྱི་རིང་རྒྱལ་སྲིད་བཟུང་ངོ་། ཁོང་གི་ཡུམ་ཡེ་རུ་ཤ་ལེམ་པ་ཡེ་ཀོལ་ཡཱ་ཞུ་བ་དེ་ཡིན་ནོ། 3ཁོང་གི་ཡབ་ཀྱི་གནང་བ་ལྟར་གཙོ་བོ་དཀོན་མཆོག་གིས་ཐུགས་མཉེས་པ་འབའ་ཞིག་གནང་ཡོད་དོ། 4འོན་ཀྱང་ཕྱི་པའི་ལྷ་ལ་མཆོད་འབུལ་བྱེད་ཡུལ་རྣམས་བཤིགས་མེད་པས། མི་མང་ནས་མུ་མཐུད་ཀྱི་དེར་དམར་མཆོད་དང་སྤོས་བདུག་གི་ཡོད་དོ། 5གཙོ་བོ་དཀོན་མཆོག་གིས་ཨུ་ཛི་ཡཱ་ལ་མཛེ་ནད་གཏོང་གནང་ཡོད་པས་དེ་ནི་ཁོང་མ་ཤི་བར་དུ་གནས་སོ། ཁོང་རང་ཉིད་ཁང་པ་ཞིག་གི་ནང་བཞུགས་པ་དང་། ལས་འགན་ཚང་མ་བཞག་ནས་ཁོང་གི་བུ་ཡོ་ཐམ་གྱིས་གཞུང་གྱི་ལས་འགན་རྣམས་འཛིན་སྐྱོངས་གནང་བཞིན་ཡདོ་དོ། 6ཨུ་ཛི་ཡཱས་མཛད་པ་རྣམས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 7ཨུ་ཛི་ཡ་གྲོངས་ནས་དཱ་བིད་ཀྱི་གྲོང་ཁྱེར་དུ་རྒྱལ་པོའི་སྤུར་ཁང་དུ་སྦས་པ་དང་ཁོང་གི་སྲས་ཡོ་ཐམ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

ཨིསི་རཱཨེལ་གྱི་རྒྱལ་པོ་ཛ་ཀར་ཡཱ།

8ཡ་ཧུ་དཱའི་རྒྱལ་པོ་ཨུ་ཛི་ཡཱས་རྒྱལ་སྲིད་བཟུང་བའི་ལོ་སུམ་ཅུ་སོ་བརྒྱད་སྐབས་སུ། ཡེ་རོ་བྷམ་གྱི་སྲས་ཛ་ཀར་ཡཱ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་ནས་ཁོང་གིས་ཟླ་བ་དྲུག་རིང་ས་མར་ཡ་རུ་རྒྱལ་སྲིད་སྐྱངས་སོ། 9ཁོང་གི་ཕ་མེས་བཞིན་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་དང་། ཁོང་གིས་ནེ་བྷད་ཀྱི་བུ་རྒྱལ་པོ་ཡེ་རོ་བྷམ་གྱིས་ཨིསི་རཱཨེལ་པ་ཚོར་སྡིག་པར་སྣེ་འཁྲིད་བྱས་པའི་དཔེ་ངན་གྱི་རྗེས་སུ་འབྲངས་ཡོད་དོ། 10ཡ་བྷེཤའི་བུ་ཤལ་ལུམ་གྱིས་རྒྱལ་པོ་ཛ་ཀར་ཡཱ་ལ་གཡོ་བྱུས་ངན་པ་བྱས་ནས་ཨིབ་ལཱིམ་དུ་ཁོང་བཀྲོངས་ནས་དེའི་ཤུལ་འཛིན་དུ་ཁོང་རྒྱལ་པོར་འགྱུར་རོ། 11ཛེ་ཀར་ཡཱས་མཛད་པ་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 12དེ་ལྟར་གཙོ་བོ་དཀོན་མཆོག་གིས་རྒྱལ་པོ་ཡེ་ཧུ་ལ་ཁྱོད་ཀྱི་མི་བརྒྱུད་ནས་མི་རབས་བདུན་བར་དུ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་རོ་གསུངས་པའི་ཞལ་བཞེས་གནང་བ་རྣམས་སྒྲུབས་སོ༎

ཨིསི་རཱཨེལ་གྱི་རྒྱལ་པོ་ཤལ་ལུམ།

13ཡ་ཧུ་དཱའི་རྒྱལ་པོ་ཨུ་ཛི་ཡཱས་རྒྱལ་སྲིད་སྐྱངས་པའི་ལོ་སུམ་ཅུ་སོ་དགུ་སྐབས་སུ། ཡ་བྷེཤའི་སྲས་ཤལ་ལུམ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་ནས་ཁོང་གིས་ཟླ་བ་གཅིག་རིང་ས་མར་ཡ་རུ་རྒྱལ་སྲིད་སྐྱངས་སོ། 14གྷ་ཌི་སྲས་མེ་ན་ཧེམ་བྱ་བ་ཏིར་ཛཱ་ནས་ས་མར་ཡ་རུ་ཕྱིན་ནས་ཤལ་ལུམ་ལ་བསད་ནས་དེའི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ། 15ཤལ་ལུམ་གྱིས་མཛད་པ་རྣམས་དང་ཁོང་གི་གཡོ་བྱུས་ངན་པའི་ལོ་རྒྱུས་དང་བཅས་པ་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 16མེ་ན་ཧེམ་ཏིར་ཛ་ནས་འགྲོ་བའི་ལམ་དུ་གྲོང་ཁྱེར་ཏ་ཕུ་དང་དེའི་ཡུལ་མི་རྣམས་དང་ཉེ་འཁོར་གྱི་མངའ་ཁུལ་རྣམས་མེད་པར་བྱས་སོ། གང་ལགས་ཟེར་ན། གྲོང་ཁྱེར་དེས་ཁོང་ལ་མགོ་བཏགས་མ་ཞུས་པས། ཁོང་གིས་བུད་མེད་སྦྲུམ་མ་ཚོའི་གྲོད་པ་གཤགས་སོ༎

ཨིསི་རཱཨེལ་གྱི་རྒྱལ་པོ་མེ་ན་ཧེམ།

17ཡ་ཧུ་དཱའི་རྒྱལ་པོ་ཨུ་ཛི་ཡཱའི་རྒྱལ་སྲིད་སྐྱོངས་བའི་ལོ་སུམ་ཅུ་སོ་དགུ་པར་གྷ་ཌིའི་སྲས་མེ་ན་ཧེམ་ཨིསི་རཱཨེལ་གྱི་རྒྱལ་པོ་འགྱུར་ནས་ཁོང་གིས་ས་མར་ཡ་རུ་ལོ་བཅུ་རིང་རྒྱལ་སྲིད་སྐྱངས་སོ། 18ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་མ་ཟད། ནེ་བྷད་ཀྱི་བུ་ཡེ་རོ་བྷམ་གྱིས་གྱིས་པ་ལྟར་ཨིསི་རཱཨེལ་པ་ཚོར་ཁོ་རང་མ་ཤི་བར་དུ་སྡིག་པར་སྣེ་འཁྲིད་བྱས་སོ། 19རྒྱལ་པོ་ཏིག་ལད་པི་ལེ་སེར་ཨ་སུར་གྱི་རྒྱལ་པོ་ཆེན་པོས་ཨིསི་རཱཨེལ་ལ་བཙན་འཛུལ་བྱས་ནས་མེ་ན་ཧེམ་གྱིས་ཁོང་རང་གི་ཡུལ་དུ་དབང་ཤུགས་ཆེ་རུ་གཏོང་བའི་རྒྱབ་སྐྱོར་ཐོབ་པའི་ཕྱིར་དུ་དངུལ་ཀི་ལོ་གྷ་རམ་ ༣༤,༠༠༠ སྤྲད་དོ། 20མེ་ན་ཧེམ་ལ་དངུལ་དེ་ཚོ་ཨིསི་རཱཨེལ་གྱི་མི་ཕྱུག་པོ་རེ་རེ་ནས་དངུལ་དུམ་བུ་ལྔ་བཅུ་རེ་བཙན་དབང་ཐོག་ཞལ་འདེབས་འབུལ་བཅུག་ནས་བྱུང་བ་ཡིན་ནོ། དེ་འདྲ་སོང་ཙང་ཏིག་ལད་པི་ལེ་སེར་རང་གི་ཡུལ་དུ་ཕྱིར་ལོག་གོ 21མེ་ན་ཧེམ་གྱི་མཛད་པ་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 22ཁོང་གྲོངས་ནས་སྦས་པ་དང་ཁོང་གི་སྲས་པེ་ཀ་ཡས་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

ཨིསི་རཱཨེལ་གྱི་རྒྱལ་པོ་པེ་ཀ་ཡཱ།

23ཡ་ཧུ་དཱའི་རྒྱལ་པོ་ཨུ་ཛི་ཡཱས་རྒྱལ་སྲིད་བཟུང་བའི་ལོ་ལྔ་བཅུ་ཐམ་པར། མེ་ན་ཧེམ་གྱི་སྲས་པེ་ཀ་ཡཱ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་ནས། ཁོང་གིས་ས་མར་ཡ་རུ་ལོ་གཉིས་རིང་རྒྱལ་སྲིད་སྐྱངས་སོ། 24ཁོང་གིས་ནེ་བྷད་ཀྱི་སྲས་རྒྱལ་པོ་ཡེ་རོ་བྷམ་གྱིས་ཨིསི་རཱཨེལ་པ་ཚོར་སྡིག་པར་སྣེ་འཁྲིད་བྱས་པའི་སྤྱོད་ངན་གྱི་དཔེ་ལྟར་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་སོ། 25པེ་ཀ་ཡཱའི་དམག་དཔུང་གི་དམག་དཔོན་ཞིག་རེ་མལ་ཡཱའི་བུ་པེ་ཀཱས་ཁོང་ལ་ངོ་ལོག་བྱེད་ཕྱིར་གྷིལ་ཨད་ནས་མི་ལྔ་བཅུ་དང་མཉམ་དུ་ས་མར་ཡའི་ཕོ་བྲང་གི་འཛིང་རའི་ནང་དུ་ཁོང་ལ་བསད་ནས་རང་ཉིད་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ། 26པེ་ཀ་ཡའི་མཛད་པ་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱིི་རྒྱལ་རབས་ནང་བཀོད་ཡོད་དོ༎

ཨིསི་རཱཨེལ་གྱི་རྒྱལ་པོ་པེ་ཀཱ།

27ཡ་ཧུ་དཱའི་རྒྱལ་པོ་ཨུ་ཛི་ཡཱས་རྒྱལ་སྲིད་བཟུང་བའི་ལོ་ལྔ་གཉིས་པར། རེ་མལ་ཡཱའི་བུ་པེ་ཀཱས་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་ནས་ས་མར་ཡ་རུ་ལོ་གཉུས་ཞུ་རིང་རྒྱལ་སྲིད་སྐྱངས་སོ། 28ནེ་བྷད་ཀྱི་བུ་རྒྱལ་པོ་ཡེ་རོ་བྷམ་གྱིས་ཨིསི་རཱཨེལ་གྱི་མི་མང་རྣམས་སྡིག་པར་སྣེ་འཁྲིད་བྱས་པའི་སྤྱོད་ངན་གྱི་དཔེ་ལྟར་ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད་དོ། 29པེ་ཀཱས་རྒྱལ་པོ་ཡིན་པའི་སྐབས་སུ་ཨ་སུར་གྱི་རྒྱལ་པོ་ཆེན་པོ་ཏིག་ལད་པི་ལེ་སེར་གྱིས་ཨི་ཡོན་དང་ཧ་བེལ་བྷེད་མ་ཀཱ་དང་། ཡ་ནོ་ཨ་དང་། ཀེ་དེཤིས་དང་། ཧ་ཛོར་དང་། གྷིལ་ཨད་དང་། གྷ་ལིལ་དང་། ནཕ་ཏ་ལིའི་མངའ་ཁུལ་ཡོངས་སུ་བཙོན་བཟུང་བྱས་པ་དང་། མི་མང་རྣམས་ལ་བཙོན་བཟུང་བྱས་ནས་ཨ་སུར་རུ་འཁྱེར་སོ། 30ཨུ་ཛི་ཡཱའི་སྲས་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཐམ་གྱི་རྒྱལ་སྲིད་བཟུང་བའི་ལོ་གཉིས་ཞུ་པར། ཨེ་ལཱའི་བུ་ཧོ་ཤི་ཡས་རྒྱལ་པོ་པེ་ཀཱ་ལ་བྱུས་ངན་གྱིས་ཁོང་བསད་ནས་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ། 31པེ་ཀས་མཛད་པ་རྣམས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ༎

ཡ་ཧུ་དཱའི་རྒྱལ་པོ་ཡོ་ཐམ།

(༢ སྔོན་རབས་ ༢༧:༡-༩)

32རེ་མལ་ཡཱའི་བུ་པེ་ཀཱ་ཨིསི་རཱཨེལ་རྒྱལ་པོས་རྒྱལ་སྲིད་བཟུང་བའི་ལོ་གཉིས་པའི་སྐབས་སུ་ཨུ་ཛི་ཡཱའི་སྲས་ཡོ་ཐམ་ཡ་ཧུ་དཱའི་རྒྱལ་པོར་འགྱུར་རོ། 33ཁོང་གི་ཡུམ་ནི་རྫ་དཱོག་གི་བུ་མོ་ཡེ་རུ་ཤ་ཡིན་ནོ། ཁོང་ལོ་ཉི་ཤུ་རྩ་ལྔ་ལོན་སྐབས་སུ། ཡེ་རུ་ཤ་ལེམ་དུ་ལོ་བཅུ་དྲུག་རིང་རྒྱལ་སྲིད་སྐྱངས་སོ། 34ཡོ་ཐམ་གྱིས་ཁོང་གི་ཡབ་ཨུ་ཛི་ཡཱས་གནང་བ་ལྟར་གཅོ་བོ་དཀོན་མཆོག་གིས་ཐུགས་མཉེས་པ་འབའ་ཞིག་གནང་ཡོད་དོ། 35འོན་ཀྱང་ཕྱི་པའི་ལྷ་ལ་མཆོད་འབུལ་བྱེད་ཡུལ་རྣམས་བཤིགས་མེད་པ་དང་། མི་མང་ནས་མུ་མཐུད་དེར་དམར་མཆོད་དང་སྤོས་བདུག་བཞིན་ཡོད། མཆོད་ཁང་གི་བྱང་ཕྱོགས་ཀྱི་རྒྱལ་སྒོ་བཞེངས་མཁན་ཡོ་ཐམ་ཡིན་ནོ། 36ཡོ་ཐམ་གྱི་མཛད་པ་རྣམས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱ་རབས་ནང་བཀོད་ཡོད་དོ། 37ཁོང་རྒྱལ་པོ་ཡིན་པའི་སྐབས་སུ་གཙོ་བོ་དཀོན་མཆོག་གིས་སིརི་ཡའི་རྒྱལ་པོ་རེ་ཛིན་དང་ཨིསི་རཱཨེལ་གྱི་རྒྱལ་པོ་པེ་ཀཱ་གཉིས་ཐོག་མར་ཡ་ཧུ་དཱ་པར་འཐབ་གོལ་བྱེད་པར་བཏང་ངོ་། 38ཡོ་ཐམ་གྲོངས་པ་དང་དཱ་བིད་གྲོང་ཁྱེར་གྱི་རྒྱལ་པོའི་སྤུར་ཁང་དུ་སྦས་ནས་ཁོང་གི་བུ་ཨ་ཧཛས་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

རྒྱལ་རབས་གཉིས་པ། 16

ཡ་ཧུ་དཱའི་རྒྱལ་པོ་ཨ་ཧཛ།

(༢ སྔོན་རབས་ ༢༨:༡-༢༧)

1རེ་མལ་ཡཱའི་བུ་པེ་ཀཱས་ཨིསི་རཱཨེལ་གྱི་རྒྱལ་པོ་གནང་བའི་ལོ་བཅུ་བདུན་པར་ཡོ་ཐམ་གྱི་བུ་ཨ་ཧཛ་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་རོ། 2ལོ་གཉིས་ཞུ་ལོན་དུས་ཁོང་གྱིས་ཡེ་རུ་ཤ་ལེམ་དུ་ལོ་བཅུ་དྲུག་རིང་རྒྱལ་སྲིད་སྐྱངས་སོ། ཁོང་གིས་མེས་པོ་རྒྱལ་པོ་དཱ་བིད་ཀྱི་དཔེ་བཟང་རྣམས་ཀྱི་རྗེས་སུ་མ་འབྲངས་པ་མ་ཟད། ཁོང་གིས་གཙོ་བོ་དཀོན་མཆོག་རང་གི་དཀོན་མཆོག་གི་ཐུགས་མ་མཉེས་པ་འབའ་ཞིག་གནང་ངོ། 3ཨིསི་རཱཨེལ་གྱི་རྒྱལ་པོ་ཚོའི་དཔེའི་རྗེས་སུ་འབྲངས་ནས། ཨིསི་རཱཨེལ་པ་ཚོ་མདུན་བསྐྱོད་བྱེད་སྐབས་ཡུལ་དེས་ནས་ཕྱིར་ཕུད་གནང་བའི་མི་མང་ནས་བྱེད་པའི་སྡུག་རྩུབ་ཀྱི་བྱ་སྤྱོད་ལ་དཔེ་བལྟས་ནས་ཁོང་གིས་རང་གི་བུ་ཀྱང་འདྲ་སྐུར་དམར་མཆོད་དུ་ཕུལ་ལོ། 4ཕྱི་པའི་ལྷ་སྐུར་མཆོད་ཡུལ་གྱི་རིའི་སྟེང་དང་སྐྱེ་ཤིང་ཚང་མའི་སིལ་གྲིབ་ཀྱི་འོག་ཏུ་ཨ་ཧཛས་དམར་མཆོད་དང་སྤོས་སོགས་བདུག་གིི་ཡོད་དོ། 5སི་རི་ཡའི་རྒྱལ་པོ་རེ་ཛིན་དང་ཨིསི་རཱཨེལ་གྱི་རྒྱལ་པོ་པེ་ཀཱས་ཡེ་རུ་ཤ་ལེམ་དུ་འཐབ་རྒོལ་བྱས་ནས་མཐའ་སྐོར་རོ། འོན་ཀྱང་ཨ་ཧཛ་ལ་ཕམ་པར་བྱེད་མ་ཐུབ་བོ། 6(དུས་སྐབས་དེར་ཨེ་དྷོམ་གྱི་རྒྱལ་པོས་ཨེ་ལད་གྲོང་ཁྱེར་དེ་སྐྱར་དུ་བདག་འཛིན་བྱེད་ཐུབ་ནས། དེར་སྡོད་པའི་ཡ་ཧུ་དཱ་པ་རྣམས་ཕྱིར་འབུད་བྱས་པ་དང་། ཨེ་དྷོམ་པ་ཚོ་ཨི་ལད་དུ་གཞིས་ཆགས་ནས་དེར་ད་བར་གནས་སྡོད་བྱེད་བཞིན་ཡོད་དོ།) 7ཨ་ཧཛས་ཨ་སུར་གྱི་རྒྱལ་པོ་ཆེན་པོ་ཏིག་ལད་པི་ལེ་སེར་གྱི་སར་མི་རྣམས་བཏང་ནས། ང་ཁྱེད་ཀྱི་དམ་ཚིག་ཅན་གྱི་ཞབས་ཕྱི་ཡིན། ང་ལ་འཐབ་རྒོལ་བྱེད་མཁན་སི་རི་ཡའི་རྒྱལ་པོ་དང་ཨིསི་རཱཨེལ་གྱི་རྒྱལ་པོ་གཉིས་ལས་ང་ལ་སྐྱོབས་པར་ཕེབས་རོགས་གནང་ཞེས་པའི་འཕྲིན་ཞིག་བཏང་ངོ་། 8ཨ་ཧཛས་མཆོད་ཁང་དང་ཕོ་བྲང་གི་བང་མཛོད་ནས་གསེར་དངུལ་རྣམས་བླངས་ནས་རྒྱལ་པོ་ཆེན་པོ་ལ་འབུལ་ཕྱིར་བཏང་ངོ་། 9ཏིག་ལད་པི་ལེ་སེར་གྱིས་ཨ་ཧཛའི་ཞུ་བར་གསན་ནས། དྷ་མསེ་ཀསེ་ཏུ་རང་གི་དམག་མི་རྣམས་དང་མཉམ་དུ་ཐོན་ནས། དེ་དབང་འཛིན་བྱས་ནས། རྒྱལ་པོ་རེ་ཛིན་བསད་ནས་མི་མང་རྣམས་ཀིར་དུ་བཙོན་པར་འཁྲིད་དོ། 10རྒྱལ་པོ་ཨ་ཧཛ་དྷ་མསེ་ཀསེ་རུ་རྒྱལ་པོ་ཆེན་པོ་ཏིག་ལད་པི་ལེ་སེར་མཇལ་བར་ཕེབས་པ་དང་། དེར་ཡོད་པའི་མཆོད་ཁྲི་ཞིག་མཐོང་ནས། མཆོད་ཁྲི་དེའི་དབྱིབས་དང་རི་མོ་རྣམས་ཞིབ་རྒྱས་འཁོད་པ་ཞིག་བླ་མ་ཨུ་རི་ཡཱའི་སར་བཏང་ངོ་། 11ཨུ་རི་ཡཱ་ནས་མཆོད་ཁྲི་དེ་འདྲ་པོ་ཞིག་བཞེངས་ནས་ཨ་ཧཛ་ཕྱིར་མ་ཕེབས་པའི་སྔོན་དུ་སྒྲུབ་བོ། 12ཨ་ཧཛ་དྷ་མསེ་ཀསེ་ནས་ཕེབས་པ་དང་ཨུ་རི་ཡཱས་མཆོད་ཁྲི་བཞེངས་ཚར་ཡོད་པ་གཟིགས་སོ། 13དེ་འདྲ་སོང་ཙང་ཁོང་གིས་སེམས་ཅན་གྱི་དམར་མཆོད་རྣམས་དང་འབྲུའི་མཆོད་པ་རྣམས་དང་། རྒུན་ཆང་གི་མཆོད་པ་དང་འཐུན་བྲལ་གི་དམར་མཆོད་ཀྱི་ཁྲག་དེའི་སྟེང་དུ་འབུལ་ལོ། 14གཙོ་བོ་དཀོན་མཆོག་ལ་བསྔོ་བའི་ལིའི་མཆོད་ཁྲི་དེ་མཆོད་ཁྲི་གསར་པ་དང་མཆོད་ཁང་གི་བར་ལ་ཡོད་པས། ཨ་ཧཛས་དེ་མཆོད་ཁྲི་གསར་པའི་བྱང་ཕྱོགས་སུ་སྤོས་སོ། 15དེ་ནས་ཁོང་གིས་ཨུ་རི་ཡཱ་ལ། ངའི་མཆོད་ཁྲི་ཆེན་པོ་འདི་སྔ་དྲོའི་སྦྱིན་སྲེག་གི་མཆོད་འབུལ་དང་ཕྱི་དྲོའི་འབྲུའི་མཆོད་འབུལ་དང་། རྒྱལ་པོ་དང་མི་མང་གི་སྦྱིན་སྲེག་གི་མཆོད་འབུལ་དང་འབྲུའི་མཆོད་འབུལ་དང་མི་རྣམས་ཀྱི་རྒུན་ཆང་གི་མཆོད་འབུལ་བཅས་ཀྱི་ཕྱིར་བེད་སྤྱོད་བྱོས་ཤིག དམར་མཆོད་ཕུལ་བའི་སེམས་ཅན་ཚང་མའི་ཁྲག་དེའི་སྟེང་དུ་བཤོས་ཤིག འོན་ཀྱང་ལིའི་མཆོད་ཁྲིད་དེ་ངས་མོ་བརྒྱབ་པའི་ཕྱིར་འཇོག་ཅིག་ཅེས་བཀའ་གནང་ངོ་། 16ཨུ་རི་ཡཱས་རྒྱལ་པོས་བཀའ་གནང་བ་ལྟར་བྱས་སོ། 17རྒྱལ་པོ་ཨ་ཧཛས་མཆོད་ཁང་དུ་བེད་སྤྱོད་བྱེད་པའི་ལིའི་ཤིང་རྟ་འཁོར་ལོ་རྣམས་ལྷུ་ཕྲལ་ནས་དེ་ཚོའི་སྟེང་དུ་ཡོད་པའི་གཞོང་པ་རྣམས་ཕྱིར་འཐེན་གནང་བ་དང་། ཁོང་གིས་ལིའི་གླང་གོག་བཅུ་གཉིས་ཀྱི་རྒྱབ་ཕྱོགས་ནས་ལིའི་ཆུ་མཛོད་གཏོན་ནས་རྡོའི་རྨང་གཞིའི་སྟེང་དུ་བཞག་གོ 18ཨ་སུར་པའི་རྒྱལ་པོ་ཆེན་པོ་མཉེས་པར་བྱེད་པའི་ཕྱིར་ཨ་ཧཛས་མཆོད་ཁང་ནས་རྒྱལ་པོའི་བཞུགས་ཁྲི་ཡོད་པའི་ལྡིང་ཆ་དེ་ཕྱིར་འཐེན་བྱས་ནས། རྒྱལ་པོ་རང་ཉིད་མཆོད་ཁང་དུ་ཕེབས་སའི་རྒྱལ་སྒོ་དེ་བཀག་གོ 19རྒྱལ་པོ་ཨ་ཧཛའི་མཛད་པ་རྣམས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད། 20ཨ་ཧཛ་གྲོངས་པ་དང་ཁོང་དཱ་བིད་ཀྱི་གྲོང་ཁྱེར་དུ་རྒྱལ་པོའི་སྤུར་ཁང་དུ་སྦས་ནས་ཁོང་གི་བུ་ཧེ་ཛི་ཀི་ཡཱ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

རྒྱལ་རབས་གཉིས་པ། 17

ཨིསི་རཱཨེལ་གྱི་རྒྱལ་པོ་ཧོ་ཤི་ཡ།

1ཡ་ཧུ་དཱའི་རྒྱལ་པོ་ཨ་ཧཛས་རྒྱལ་སྲིད་སྐྱོངས་བའི་ལོ་བཅུ་གཉིས་པར་ཨེ་ལཱའི་སྲས་ཧོ་ཤི་ཡ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་ནས་ས་མར་ཡ་རུ་ལོ་དགུའི་རིང་རྒྱལ་སྲིད་སྐྱངས་སོ། 2ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ན་ཡང་། ཁོང་གི་སྔོན་དུ་ཨིསི་རཱཨེལ་དུ་རྒྱལ་སྲིས་བཟུང་མཁན་ཚོ་ལྟར་གནང་མེད་དོ། 3ཨ་སུར་གྱི་རྒྱལ་པོ་ཆེན་པོ་ཤལ་མ་ནེ་སེར་གྱིས་ཧོ་ཤི་ཡ་དང་མཉམ་དུ་དམག་རྒྱབ་ནས་ཧོ་ཤི་ཡས་ཤལ་མ་ནེ་སེར་ལ་མགོ་སྒུར་ནས་ལོ་ལྟར་དཔྱ་ཁྲལ་ཕུལ་ལོ། 4འོན་ཀྱང་ལོ་གཅིག་གི་རྗེས་སུ་ཧོ་ཤེ་ཨས་ཨི་ཇིབ་ཡུལ་གྱི་རྒྱལ་པོ་སོ་ལ་རོགས་རམ་ཆེད་འབོད་བསྐུལ་ཞུ་མཁན་བང་ཆེན་བཏང་ནས། ཨ་སུར་གྱི་རྒྱལ་པོ་ལ་ཁོའི་དཔྱ་ཁྲལ་འབུལ་མཚམས་བཞག་པ་དང་། ཤལ་མ་ནེ་སེར་གྱིས་དེ་ལྟར་ཐོས་པ་དང་ཧོ་ཤེ་ཨ་བཟུང་ནས་བཙོན་དུ་བཅུག་གོ།

ས་མར་ཡ་སྟོངས་པ།

5དེ་ནས་ཤལ་མ་ནེ་སེར་གྱིས་ཨིསི་རཱཨེལ་ལ་བཙན་འཛུལ་བྱས་ནས་ས་མར་ཡ་ལ་མཐའ་སྐོར་བའི་ལོ་གསུམ་པར། 6ཧོ་ཤི་ཡའི་རྒྱལ་སྲིད་བཟུང་ནས་ལོ་དགུར་སླེབས་པའི་སྐབས་སུ་ཨ་སུར་པའི་རྒྱལ་པོ་ཆེན་པོས་ས་མར་ཡ་ལ་བཙན་བཟུང་བྱས་སོ། ཨིསི་རཱཨེལ་པ་ཚོ་ཨ་སུར་པའི་བཙོན་དུ་འཁྲིད་པ་དང་དེ་ཚོ་འགའ་ཤས་གྷོ་ཛན་རྫོང་གི་ཆུ་བོ་ཧ་བྷོར་གྱི་ཉེ་འགྲམ་གྱི་གྲོང་ཁྱེར་ཧ་ལཱ་དང་འགའ་ཤས་གྲོང་ཁྱེར་མ་དཱ་བཅས་པར་ཞི་ཆགས་ནས་བསྡད་བཅུག་གོ 7ཨིསི་རཱཨེལ་པ་ཚོ་ལ་ཨི་ཇིབ་ཀྱི་རྒྱལ་པོ་ནས་སྐྱོབས་གནང་ནས་ཨི་ཇིབ་ནས་ཕྱིར་འདོན་གནང་མཁན་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་མ་ཟད། དེ་ཚོས་ལྷ་གཞན་ལ་མཆོད་པའི་རྐྱེན་གྱིས་ས་མར་ཡ་སྟོངས་བ་ཡིན་ནོ། 8དེ་ཙམ་མ་ཟད། དེ་ཚོས་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་དཀྱིལ་ནས་བཏོན་གནང་བའི་ཕྱི་པའི་མི་བརྒྱུད་རྣམས་ཀྱི་བྱེད་པ་ལྟར་བྱས་སོ། ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་ལུགས་སྲོལ་བཞིན་དུ་འགྲུལ་བ་ཡིན་ནོ། 9ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་གིས་འགག་ཆ་གནང་བའི་རིགས་ཐ་དག་བྱས་པ་དང་། དེ་ཚོས་གྲོང་གསེབ་དང་གྲོང་ཁྱེར་ཆེ་ཆུང་དང་ཡུལ་ཚང་མའི་ནང་ཕྱི་པའི་ལྷ་ལ་མཆོད་འབུལ་བྱེད་ཡུལ་བཞེངས་ཡོད་དོ། 10རི་བོ་ཚང་མའི་སྟེང་དང་ཤིང་སྡོང་ཚང་མའི་སིལ་གྲིབ་ཀྱི་འོག་ཏུ་རྡོའི་ཀ་བ་དང་ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་བསླངས་ནས་བཞག་གོ 11གཙོ་བོ་དཀོན་མཆོག་གིས་ཡུལ་ནས་ཕྱིར་འབུད་གནང་བའི་མི་མང་ཚོས་ཕྱི་པའི་ལྷའི་མཆོད་ཁྲིར་སྤོས་བདུག་གི་ཡོད་པ་དང་། དེ་ཆོའི་བྱ་སྤྱོད་ངན་པ་རྣམས་ཀྱིས་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་ལངས་སོ། 12གཙོ་བོ་དཀོན་མཆོག་གིས་འདྲ་སྐུར་མཆོད་མི་རུང་གསུངས་པའི་བཀའ་ལ་ཉན་མེད་པ་ཡིན་ནོ། 13གཙོ་བོ་དཀོན་མཆོག་གིས། ཨིསི་རཱཨེལ་པ་དང་ཡ་ཧུ་དཱ་པ་ཚོར་བང་ཆེན་དང་ལུང་སྟོན་པ་རྣམས་བརྒྱུད་ཉེན་བརྡ་ཞིག་བཏང་གནང་ནས། ངའི་ཞབས་ཕྱི་ལུང་སྟོན་པ་ཚོ་བརྒྱུད་ནས་ཁྱོད་ཚོའི་ཕ་མེས་ཚོ་ལ་སྤྲད་པའི་བཀའ་ཁྲིམས་ལ་ཉན་ནས་ཁྱོད་ཚོའི་ལམ་ངན་པ་རྣམས་སྤོངས་ཤིག་ཅེས་པའི་བཀའ་གནང་ཡོད། 14འོན་ཀྱང་དེ་ཚོས་ཉན་གྱི་མེད་པ་དང་། དེ་ཆོའི་ཕ་མེས་ཚོས་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བློས་མི་འགལ་མཁན་དང་ཡིད་ཆེད་མེད་པར་སེམས་མཁྲེགས་པོ་ཡོད་དོ། 15དེ་ཚོས་ཁོང་གིས་སློབ་སྟོན་ལ་མི་ཉན་པ་དང་ཁོང་གིས་དེ་ཚོའི་ཕ་མེས་ཚོར་གནང་བའི་དམ་བཅའ་ལ་ཆ་འཇོག་མི་བྱེད་པ་དང་ཁོང་གི་ཉེན་བརྡ་ཁག་ལ་རྩིས་མེད་བྱས་པ་དང་། དེ་ཚོས་སྙིང་པོ་མེད་པའི་འདྲ་སྐུར་མཆོད་པ་དང་། ཉེ་འཁོར་གྱི་རྒྱལ་ཁབ་རྣམས་ཀྱི་རྗེས་སུ་འབྲངས་ནས། གཙོ་བོ་དཀོན་མཆོག་གིས་དེ་ཚོའི་ལུགས་སྲོལ་ལྟར་མ་བྱེད་ཅེས་པའི་བཀའ་ལ་ཉན་མེད་པ་ཡིན་ནོ། 16དེ་ཚོས་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ཚང་མར་འགལ་བ་དང་། མཆོད་པའི་ཕྱིར་བླུག་རྒྱབ་པའི་བེའུ་གཉིས་བཟོས་སོ། ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་ཡང་བཟོས་པ་དང་། ནམ་མཁའི་སྐར་མ་དང་ལྷ་བྷལ་ལ་མཆོད་པ་ཕུལ་ལོ། 17དེ་ཚོས་ཕྱི་པའི་ལྷ་ལ་རང་གི་བུ་དང་བུ་མོ་ཚོ་སྦྱིན་སྲེག་གི་མཆོད་པ་ལྟར་དམར་མཆོད་ཕུལ་བ་མ་ཟད། ལྷ་པ་དང་སྔོན་ཤེས་ཤོད་མཁན་ལ་བརྟེན་པ་དང་། གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ནོར་འཁྲུལ་གང་ཡིན་པ་འབའ་ཞིག་བྱེད་རྒྱུར་འབད་བརྩོན་བྱས་ནས་ཁོང་གི་ཁྲོ་བ་སླངས་སོ། 18གཙོ་བོ་དཀོན་མཆོག་གི་ཨིསི་རཱཨེལ་པ་ཚོར་ཐུགས་ཁྲོས་ཡོད་པ་དང་། དེ་ཚོ་ཁོང་གི་གཟིགས་ངོར་དེ་ཚོ་སྤངས་ཡོད་པ་དང་ཡ་ཧུ་དཱ་པའི་རྒྱལ་ཁབ་གཅིག་པོ་འཇོག་གནང་ཡོད་དོ། 19འོན་ཀྱང་ཡ་ཧུ་དཱའི་མི་མང་རྣམས་ཀྱིས་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལ་སྲུང་བརྩི་ཞུས་མེད་པ་དང་། ཨིསི་རཱཨེལ་པ་ཚོས་བྲངས་པའི་ལུགས་སྲོལ་རྣམས་ཀྱི་རྗེས་སུ་དེ་ཚོས་ཀྱང་བྲངས་སོ། 20གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚང་མ་སྤངས་གནང་ངོ། དེ་ཚོར་ཆད་པ་བཏང་གནང་བ་དང་། སྡུག་རྩུབ་ཅན་གྱི་དགྲ་བོའི་ལག་ཏུ་རྩིས་སྤྲོད་གནང་ངོ། མཐའ་མར་ཁོང་གིས་དེ་ཚོར་རང་གི་སྤྱན་སྔ་ནས་དོར་གནང་ངོ་། 21གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ཡ་ཧུ་དཱ་ནས་ཁ་ཕྲལ་གནང་བའི་རྗེས་སུ། ཨིསི་རཱཨེལ་པ་ཚོས་ནེ་བྷད་ཀྱི་བུ་ཡེ་རོ་བྷམ་དེ་ཚོའི་རྒྱལ་པོར་བསྐོས་སོ། ཡེ་རོ་བྷམ་གྱིས་གཙོ་བོ་དཀོན་མཆོག་ལ་སྤངས་ནས་དེ་ཚོར་སྡིག་པ་ཚབ་ཆེར་སྣེ་འཁྲིད་བྱས་སོ། 22དེ་ཚོས་ཡེ་རོ་བྷམ་གྱི་རྗེས་སུ་འབྲངས་ནས་ཁོང་གིས་གྱིས་པ་ལྟར་སྡིག་པ་ཚང་མ་གྱིས་སོ། 23མཐའ་མར་གཙོ་བོ་དཀོན་མཆོག་གིས་ཁོང་གི་ཞབས་ཕྱི་ལུང་སྟོན་པ་ཚོ་བརྒྱུད་ཉེན་བརྡ་གཏོང་གནང་བ་ལྟར་ཉིད་ཀྱི་གཟིགས་ངོ་ནས་དེ་ཚོར་སྤངས་གནང་ངོ་། དེར་བརྟེན་ཨིསི་རཱཨེལ་གྱི་མི་མང་རྣམས་ཨ་སུར་དུ་བཙན་བྱོལ་དུ་འཁྲིད་ནས་དེར་དེ་ཚོ་དེང་སང་གི་བར་དུ་གནས་ཡོད་དོ༎

ཨ་སུར་པ་ཚོ་ཨིསི་རཱཨེལ་དུ་གནས་སྡོད་བྱས་པ།

24ཨ་སུར་གྱི་རྒྱལ་པོ་ཆེན་པོས་བྷེ་བྷི་ལོན་དང་ཀུཐ་དང་ཨི་ཝཱ་དང་ཧ་མད་དང་སེ་ཕར་ཝེམ་བཅས་ཀྱི་གྲོང་ཁྱེར་རྣམས་ནས་མི་རྣམས་འཁྲིད་ནས། དེ་ཚོར་བཙོན་དུ་འཁྲིད་ནས་སོང་བའི་ཨིསི་རཱཨེལ་པ་ཚོའི་ཚབ་དུ་ས་མར་ཡའི་གྲོང་ཁྱེར་རྣམས་སུ་གཞིས་ཆགས་བཅུག་གོ དེ་ཚོས་གྲོང་ཁྱེར་དེ་ཚོ་ཚང་མ་བདག་བཟུང་གྱིས་ནས་དེར་གནས་སྡོད་བྱས་སོ། 25ཐོག་མར་དེ་ཚོ་དེར་གནས་སྡོད་བྱེད་སྐབས་དེ་ཚོས་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་བྱེད་ཀྱི་མེད་བས། ཁོང་གིས་སེང་གེ་རྣམས་གཏོང་གནང་བས་དེས་ཁོ་ཚོ་འགའ་ཤས་བསད་དོ། 26ཨ་སུར་གྱི་རྒྱལ་པོ་ཆེན་པོ་ལ་ཁོང་གིས་ས་མར་ཡའི་གྲོང་ཁྱེར་རྣམས་སུ་གཞིས་ཆགས་སུ་བཅུག་པའི་མི་མང་ཚོས་ཡུལ་དེའི་ལྷའི་ཁྲིམས་རྣམས་ཤེས་ཀྱི་མེད་པ་དང་། དེའི་རྐྱེན་གྱིས་ལྷ་དེས་སེང་གེ་རྣམས་བཏང་ནས་དེ་ཚོ་བསད་བཞིན་འདུག་ཅེས་ཞུས་སོ། 27དེར་བརྟེན་རྒྱལ་པོ་ཆེན་པོས་བཀའ་གནང་བ། ང་ཚོས་བཙོན་པར་འཁྲིད་ཡོང་བའི་ནང་ནས་བླ་མ་ཞིག་ཕྱིར་ལོག་གཏོང་ཞིག དེ་ལ་དེ་རུ་རང་སྡོད་བཅུག་ནས་མི་མང་ལ་ཡུལ་དེའི་ལྷའི་ཁྲིམས་རྣམས་བསླབ་བཅུག་ཅིག 28ས་མར་ཡ་ནས་བཙོན་པའི་ནང་ནས་འཁྲིད་ཡོང་བའི་ཨིསི་རཱཨེལ་པའི་བླ་མ་ཞིག་བྷེ་ཐེལ་དུ་གནས་སྡོད་བྱས་ནས་དེར་ཡོད་པའི་མི་དམངས་ཚོ་ལ་གཙོ་བོ་དཀོན་མཆོག་ལ་ཇི་ལྟར་མཆོད་པ་འབུལ་དགོས་པའི་སློབ་སྟོན་བྱེད་དུ་བཅུག་གོ 29འོན་ཀྱང་ས་མར་ཡ་རུ་གཞིས་ཆགས་ནས་གནས་སྡོད་བྱས་པའི་མི་རིགས་མི་འདྲ་བ་སོ་སོ་ནས་མུ་མཐུད་དེ་སྐུ་འདྲ་རྣམས་བཟོས་ཏེ་དེ་ཚོ་ཨིསི་རཱཨེལ་པ་ཚོས་བཟོས་པའི་ཁང་པའི་ནང་དུ་བཞག་གོ 30བྷེ་བྷི་ལོན་ནས་ཡོང་བའི་མི་མང་ཚོས་ལྷ་སུག་ཀོད་བྷེ་ནོད་ཀྱི་འདྲ་སྐུ་བཟོས་སོ། ཀུཐ་ནས་ཡོང་བའི་མི་མང་ཚོས་ནེར་གལ་གྱི་འདྲ་སྐུ་རྣམས་དང་། ཧ་མད་ནས་ཡོང་བའི་མི་མང་ཚོས་ཨ་ཤི་མའི་འདྲ་སྐུ་རྣམས་བཟོས་སོ། 31ཨི་ཝ་ནས་ཡོང་བའི་མི་མང་ཚོས་ནིབ་ཧཛ་དང་ཏར་ཏག་གི་འདྲ་སྐུ་རྣམས་བཟོས་སོ། སེ་ཕར་ཝེམ་ནས་ཡོང་བའི་མི་མང་ཚོས་རང་གི་ལྷ་རྣམས་ཨ་དྲ་མེ་ལེག་དང་ཨ་ན་མེ་ལེག་ལ་རང་གི་བུ་ཕྲུག་རྣམས་སྦྱིན་སྲེག་གི་དམར་མཆོད་ཀྱི་ཆེད་དུ་ཕུལ་གྱི་ཡོད་དོ། 32མི་མང་དེ་ཚོས་གཙོ་བོ་དཀོན་མཆོག་ལ་ཡང་མཆོད་ཀྱི་ཡོད་དོ། དེ་ཚོས་ཕྱི་བའི་ལྷ་ལ་མཆོད་པའི་ཆོས་ཡུལ་རྣམས་སུ་ཞབས་ཕྱི་ཞུ་རྒྱུ་དང་དམར་མཆོད་ཕུལ་བའི་ཕྱིར་དེ་ཚོའི་ཁྲོད་ནས་མི་རིགས་མི་འདྲ་བ་སོ་སོ་ནས་བླ་མ་རྣམས་འདམས་སོ། 33དེ་ལྟར་དེ་ཚོས་གཙོ་བོ་དཀོན་མཆོག་ལ་ཡང་མཆོད་ཀྱི་ཡོད་དོ། འོན་ཀྱང་དེ་ཚོ་སོ་སོ་ཡོང་བའི་ཡུལ་གྱི་ལུགས་སྲོལ་ལྟར་རང་གི་ལྷ་རྣམས་ལ་ཡང་མཆོད་ཀྱི་ཡོད་དོ། 34དེ་ཚོས་དེང་སང་ཡང་སྔར་གྱི་ལུགས་སྲོལ་རྙིང་པ་ལྟར་བྱེད་བཞིན་ཡོད་པ་མ་ཟད། གཙོ་བོ་དཀོན་མཆོག་ལ་མཆོད་པ་མི་བྱེད་པ་དང་། ཁོང་གིས་ཨིསི་རཱཨེལ་ཞེས་མིང་བཏགས་པའི་ཡ་ཀོབ་ཀྱི་རིགས་བརྒྱུད་ལ་གནང་བའི་བཀའ་ཁྲིམས་རྣམས་ལ་ཡང་ཉན་གྱི་མེད་དོ། 35གཙོ་བོ་དཀོན་མཆོག་གིས་དེ་ཚོ་མཉམ་དུ་དམ་བཅའ་གནང་ཡོད་པ་དང་། ཁོང་ཚོར་དེེ་ལྟར་བཀའ་རྒྱ་གནང་ཡོད་དོ། ལྷ་གཞན་ལ་མ་མཆོད་ཅིག། དེ་ཚོ་ལ་ཕྱག་ཕུལ་བའམ་ཞབས་ཕྱི་ཞུ་བའམ་དམར་མཆོད་འབུལ་བ་སོགས་མ་བྱེད་ཅིག 36ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་མཐུ་སྟོབས་ཆེན་པོས་ཁྱོད་ཚོ་ཨི་ཇིབ་ནས་འདོན་གནང་མཁན་ང་ལ་ཁྱོད་ཚོས་ཕྱག་འཚལ་བ་དང་དམར་མཆོད་འབུལ་དགོས་སོ། 37ངས་ཁྱོད་ཚོའི་ཆེད་དུ་བྲིས་པའི་བཀའ་ཁྲིམས་རྣམས་ལ་ཉན་དགོས་པ་དང་། ཁྱོད་ཚོས་ལྷ་གཞན་ལ་མཆོད་མི་རུང་ངོ་། 38ངས་ཁྱོད་ཚོ་དང་མཉམ་དུ་བཞག་པའི་ཞལ་ཆད་རྣམས་རྗེད་མི་རུང་ངོ་། 39ཁྱོད་ཚོ་ང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་བཀའ་ལ་ཉན་དགོས་པ་དང་། ངས་ཁྱོད་ཚོའི་དགྲ་བོའི་ལག་ནས་སྐྱབས་ཀྱི་ཡིན། 40འོན་ཀྱང་མི་དེ་ཚོས་མི་ཉན་པ་དང་། མུ་མཐུད་ནས་སྔར་གྱི་ལུག་སྲོལ་རྙིང་པའི་རྗེས་སུ་འགྲོ་གི་ཡོད་དོ། 41དེ་ལྟར་མི་མང་དེ་ཚོས་གཙོ་བོ་དཀོན་མཆོག་ལ་མཆོད་ཀྱི་ཡོད་དོ། འོན་ཀྱང་དེ་ཚོས་རང་གི་སྐུ་འདྲ་ཚོར་ཡང་མཆོད་དོ། དེ་ཚོའི་རིགས་བརྒྱུད་རྣམས་ནས་དེང་སང་ཡང་དེ་ལྟར་བྱེད་མུས་ཡིན་ནོ༎

རྒྱལ་རབས་གཉིས་པ། 18

ཡ་ཧུ་དཱའི་རྒྱལ་པོ་ཧེ་ཛི་ཀི་ཡཱ།

(༢ སྔོན་རབས་ ༢༩:༡-༢; ༣༡:༡)

1ཨེ་ལཱའི་སྲས་ཨིསི་རཱཨེལ་གྱི་རྒྱལ་པོ་ཧོ་ཤི་ཡས་རྒྱལ་སྲིད་སྐྱངས་ནས་ལོ་གསུམ་སོང་བའི་སྐབས་སུ་ཨ་ཧཛའི་སྲས་ཧེ་ཛི་ཀི་ཡཱ་ཡ་ཧུ་དཱའི་རྒྱལ་པོར་འགྱུར་རོ། 2ལོ་ ༢༥ སླེབས་པའི་སྐབས་སུ་ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་ཉི་ཤུ་རྩ་དགུ་རིང་རྒྱལ་སྲིད་སྐྱངས་སོ། ཁོང་གི་ཡུམ་ཛེ་ཀར་ཡཱའི་བུ་མོ་ཨ་བྷི་ཡཱ་ཟེར་བ་ཡིན་ནོ། 3ཁོང་གི་མེས་པོ་རྒྱལ་པོ་དཱ་བིད་ཀྱི་དཔེའི་རྗེ་སུ་འབྲངས་ནས། གཙོ་བོ་དཀོན་མཆོག་གིས་ཐུགས་མཉེས་པ་འབའ་ཞིག་གནང་ཡོད་དོ། 4ཁོང་གིས་ཕྱི་པའི་ལྷ་ལ་མཆོད་འབུལ་བྱེད་ཡུལ་རྣམས་བཤིགས་པ་དང་། རྡོའི་ཀ་བ་རྣམས་བཅག་པ་དང་། ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་བཅད་པ་མ་ཟད། ཁོང་གིས་མོ་ཤེས་བཟོས་པའི་ལིའི་སྦྲུལ་ནེ་ཧུཤ་ཏན་ཞེས་པ་དེ་དུམ་བུར་བཅག་གོ དུས་དེའི་བར་དུ་ཨིསི་རཱཨེལ་གྱི་མི་མང་ཚོས་དེའི་ཆེད་དུ་སྤོས་བདུག་གི་ཡོད་དོ། 5ཧེ་ཛི་ཀི་ཡཱས་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ལ་བློ་བཅོལ་བ་དང་། ཡ་ཧུ་ད་པ་ཚོ་ལ་ཁོང་དང་འདྲ་བའི་རྒྱལ་པོ་སྔོན་རྗེས་གཉིས་སུ་བྱུང་མེད་དོ། 6ཁོང་གཙོ་བོ་དཀོན་མཆོག་ལ་དམ་ཚིག་ཡོད་པ་དང་། ཁོང་གི་བཀའ་ལ་མ་གསན་པ་ནམ་ཡང་གནང་མེད་པ་མ་ཟད། གཙོ་བོ་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་རྣམས་བརྟན་པོར་སྲུང་ཡོད་དོ། 7དེ་འདྲ་སོང་ཙང་གཙོ་བོ་དཀོན་མཆོག་ཁོང་མཉམ་དུ་བཞུགས་ཡོད་པ་དང་། ཁོང་གི་མཛད་པ་རྣམས་མཐར་ཕྱིན་པ་བྱུང་ཡོད་དོ། ཁོང་གིས་ཨ་སུར་གྱི་རྒྱལ་པོ་ཆེན་པོ་ལ་ངོ་ལོག་གནང་ནས། ཁོང་གི་དབང་འོག་དུ་མ་བཞུགས་སོ། 8ཁོང་གིས་ཕེ་ལེ་ཤེད་པ་ཚོའི་སྡོད་སྒར་གྲོང་གསེབ་ཆེ་ཆུང་ནས་གྲོང་ཁྱེར་ཆེན་པོའི་བར་དང་གྷ་ཛའི་ཉེ་འཁོར་གྱི་ས་ཁུལ་ཚང་མར་དམག་དྲངས་ནས་འཕམ་པར་མཛད་དོ། 9ཧེ་ཛི་ཀི་ཡཱས་རྒྱལ་སྲིད་སྐྱོང་བའི་ལོ་བཞི་པའམ། རྒྱལ་པོ་ཧོ་ཤི་ཡས་ཨིསི་རཱཨེལ་གྱི་རྒྱལ་སྲིད་བཟུང་ནས་ལོ་བདུན་སོང་སྐབས་སུ། ཨ་སུར་གྱི་རྒྱལ་པོ་ཆེན་པོ་ཤལ་མ་ནེ་སེར་གྱིས་ཨིསི་རཱཨེལ་ལ་བཙན་འཛུལ་བྱས་པ་དང་ས་མར་ཡ་པའི་ཐོག་ཏུ་མཐའ་སྐོར་རོ། 10སྐབས་དེར་ཧེ་ཛི་ཀི་ཡཱའི་རྒྱལ་དུས་ལོ་དྲུག་པ་དང་། ཧོ་ཤེ་ཡའི་རྒྱལ་དུས་དགུ་པའི་སྐབས་སུ་ས་མར་ཡ་ལ་མཐའ་སྐོར་བའི་ལོ་ངོ་གསུམ་པའི་ཐོག་ས་མར་ཡ་ཤོར་བ་ཡིན་ནོ། 11ཨ་སུར་པའི་རྒྱལ་པོ་ཆེན་པོས་ཨིསི་རཱཨེལ་པ་ཚོ་ཨ་སུར་པའི་ཡུལ་དུ་བཙོན་པར་འཁྲིད་ནས་དེ་ཚོ་འགའ་ཤས་ཧ་ལཱ་གྲོང་ཁྱེར་དང་འགའ་ཤས་གྷོ་ཛན་རྫོང་གི་ཆུ་བོ་ཧ་བྷོར་གྱི་ཉེ་འགྲམ་དང་འགའ་ཤས་གྲོང་ཁྱེར་མ་དཱ་བཅས་སུ་གཞིས་ཆགས་སུ་བཅུག་གོ 12ས་མར་ཡ་ཤོར་དགོས་དོན་ནི་ཨིསི་རཱཨེལ་པ་ཚོས་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་མེད་པ་དང་། ཁོང་གིས་ཁོ་ཚོ་མཉམ་དུ་འཇོག་གནང་བའི་ཞལ་ཆད་ལས་འགལ་བ་དང་། གཙོ་བོ་དཀོན་མཆོག་གི་ཞབས་ཕྱི་མོ་ཤེ་ལ་གནང་བའི་བཀའ་ཁྲིམས་ཚང་མར་དེ་ཚོས་མ་སྲུང་བ་ཡིན་ནོ༎

ཨ་སུར་པ་ཚོས་ཡེ་རུ་ཤ་ལེམ་པར་འཇིགས་སྣང་བསྐུལ་བ།

(༢ སྔོན་རབས་ ༣༢:༡-༡༩; ཡེ་ཤ་ཡཱ་ ༣༦:༡-༢༢)

13རྒྱལ་པོ་ཧེ་ཛི་ཀི་ཡཱས་རྒྱལ་སྲིད་བཟུང་ནས་ལོ་བཅུ་བཞི་སོང་སྐབས་སུ། ཨ་སུར་གྱི་རྒྱལ་པོ་ཆེན་པོ་སེན་ན་ཀེ་རིབ་ཀྱིས་ཡ་ཧུ་དཱའི་འཛིང་ར་ཡོད་པའི་གྲོང་ཁྱེར་ཁག་ལ་དམག་དྲངས་ནས་དེ་ཚོ་བདག་བཟུང་བྱས་སོ། 14ཧེ་ཛི་ཀི་ཡཱས། ལ་ཀིཤི་རུ་ཡོད་པའི་སེན་ན་ཀེ་རིབ་ལ་འཕྲིན་ཞིག་བཏང་བའི་ནང་། ངས་ནོར་འཁྲུལ་བྱས་ཡོད་པས། ད་ལྟ་ང་ཚོ་ལ་བཙན་འཛུལ་གནང་བ་དེ་མཚམས་འཇོག་གནང་རོགས། ངས་ཁྱེད་ཀྱི་ཇི་གསུངས་རྣམས་སྒྲུབ་ཀྱི་ཡིན་ཞེས་འཁོད་ཡོད་དོ། རྒྱལ་པོ་ཆེན་པོས་ལན་དུ། ཧེ་ཛི་ཀི་ཡཱས་ཁོང་ལ་དངུལ་ཀི་ལོ་གྷ་རམ་ ༡༠,༠༠༠ དང་གསེར་ཀི་ལོ་གྷ་རམ་ ༡,༠༠༠ ངེས་པར་དུ་བཏང་དགོས་སོ་ཅེས་སྨྲས་པས། 15ཧེ་ཛི་ཀི་ཡཱས་མཆོད་ཁང་དང་ཕོ་བྲང་གི་བང་མཛོད་དུ་ཡོད་པའི་དངུལ་ཡོངས་རྫོགས་བཏང་ངོ་། 16ཁོང་གིས་མཆོད་ཁང་གི་སྒོ་ཁག་ལ་གཡོག་པའི་གསེར་དང་ཁོང་རང་རང་ཉིད་ནས་སྒོའི་ཀ་བ་བཏུམ་པའི་གསེར་རྣམས་བཀོག་ནས་སེན་ན་ཀེ་རིབ་ལ་ཕུལ་ལོ། 17ཨ་སུར་པའི་རྒྱལ་པོ་ཆེན་པོས་དམག་དཔུང་ཁྱོན་ཆེ་ཞིག་ལ་ཀིཤི་རུ་ནས་ཡེ་རུ་ཤ་ལེམ་དུ་ཧེ་ཛི་ཀི་ཡཱ་ལ་བཙན་རྒོལ་བྱེད་པར་བཏང་ངོ་། དེ་ནས་ཁོང་གི་ལས་བྱེད་པ་ཆེ་ཤོས་གསུམ་གྱིས་འགོ་འཁྲིད་བྱས་ནས། དེ་ཚོ་ཡེ་རུ་ཤ་ལེམ་དུ་འབྱོར་བ་དང་གོས་བཟོ་མཁན་གྱི་ཡུར་བའི་ཉེ་འགྲམ་གྱི་རྫིང་ཐོད་ནས་ཆུ་ལེན་པར་འགྲོ་བའི་ལམ་དེར་དབང་བཟུང་བྱས་སོ། 18དེ་ནས་དེ་ཚོས་རྒྱལ་པོ་ཧེ་ཛི་ཀི་ཡཱ་ལ་འབོད་པར་བཏང་ངོ། ཁོང་གིས་ལས་བྱེད་པ་གསུམ་ཕོ་བྲང་གི་དོ་དམ་པ་ཧིལ་ཀི་ཡཱའི་བུ་ཨེལ་ཡ་ཀིམ་ཞུ་བ་ཁྲིམས་ཁང་གི་དྲུང་ཡིག་ཤེབ་ན་དང་ཡིག་ཆའི་སྤྱི་ཁྱབ་ཨ་སཕེ་ཀྱི་བུ་ཡོ་ཨ་བཅས་ཀྱིས་དེ་ཚོ་དང་མཇལ་ལོ། 19ཨ་སུར་པའི་ལས་བྱེད་པ་ཞིག་གིས། ང་ཚོའི་རྒྱལ་པོ་ཆེན་པོས། རྒྱལ་པོ་ཧེ་ཛི་ཀི་ཡཱ་བློ་བདེ་པོའི་ངང་གནས་པའི་རྒྱུ་མཚན་དེ་མཁྱེན་འདོད་འདུག་ཅེས་སྨྲས་སོ། 20ཁོས། ཁྱོད་ཚོའི་བསམ་བློར་ཚིག་སྟོང་པས་དམག་མིའི་རྩལ་སྟོབས་ཀྱི་འགྲན་སྡུར་བྱེད་ཐུབ་ཡོང་བསམ་གྱི་འདུག་གམ། ཡང་ཁྱོད་ཚོའི་བསམ་བློར་ཨ་སུར་པ་ཚོར་ངོ་ལོག་བྱེད་པར་སུས་རོགས་བྱེད་ཀྱི་རེད་བསམ་གྱི་འདུག་གམ། 21ཨི་ཇིབ་པ་ཚོའི་ཁྱོད་ཆོར་རོགས་བྱེད་པའི་རེ་བ་བྱེད་ཀྱི་ཡོད་དམ། འོན་ཀྱང་དེ་ནི་འདམ་རྩའི་དབྱུག་པའི་འཁར་རྒྱུག་བྱེད་པ་ལྟར་ཡིན་ནོ། དེ་ཆག་ནས་ལག་པར་ཟུག་པར་བྱའོ། དེ་ནི་སུ་ཞིག་གིས་ཨི་ཇིབ་ཀྱི་རྒྱལ་པོར་བློ་གཏད་བྱས་པ་ཡིན་ན་དེ་ལྟར་བྱུང་ཡོང་ཞེས་སྨྲས་སོ། 22ཨ་སུར་པའི་ལས་བྱེད་པས་མུ་མཐུད་ནས། ཡང་ན་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ཞུ་བཞིན་ཡོད་ཅེས་ཤོད་ཀྱི་ཡིན་ནམ། ཧེ་ཛི་ཀི་ཡཱས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ལ་ཡེ་རུ་ཤ་ལེམ་གྱི་མཆོད་ཁྲི་གཅིག་པུར་མཆོད་པ་འབུལ་དགོས་ཅེས་ཤོད་ཀྱང་། ཁོང་གིས་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དང་མཆོད་ཁྲི་རྣམས་བཤིགས་ཡོད་དོ། 23ད་ངས་རྒྱལ་པོ་ཆེན་པོའི་མཚན་ཐོག་ཁྱོད་ཚོར་ཁ་ཆད་ཞིག་བྱད་རྒྱུ་ཡིན། ཁྱོད་ཚོས་རྟ་ཞོན་མཁན་མི་འཚོལ་ཐུབ་པ་ཡིན་ན་ངས་ཁྱོད་ཚོར་རྟ་གྲངས་ ༢,༠༠༠ སྤྲོད་རྒྱུ་ཡིན། 24ཁྱོད་ཚོ་ཨ་སུར་པའིི་ལས་བྱེད་པ་ནང་ནས་གོ་གནས་ཆུང་ཤོས་དེ་དང་འགྲན་མི་ནུས་པ་དང། དེ་བས་ན་ཨི་ཇིབ་པ་ཚོ་ནས་ཤིང་རྟ་འཁོར་ལོ་རྣམས་དང་རྟ་པ་རྣམས་ཁྱོད་ཚོའི་རྩར་བཏང་བའི་རེ་བ་བྱས་བཞིན་ཡོད་དོ། 25ཁྱོད་ཚོའི་བསམ་བློར། ངས་གཙོ་བོ་དཀོན་མཆོག་གི་རོགས་རམ་མེད་པར་ཁྱོད་ཚོའི་ལུང་པར་བཙན་འཛུལ་བྱས་ནས་སྟོར་བ་རེད་བསམ་གྱི་འདུག་གམ། གཙོ་བོ་དཀོན་མཆོག་རང་ཉིད་ནས་བཙན་འཛུལ་བྱས་ནས་སྟོར་དགོས་ཞེས་ང་ལ་བཀའ་གནང་བྱུང་ཞེས་བཤད་དོ། 26དེ་ནས་ཨེལ་ཡ་ཀིམ་དང་ཤེབ་ན་དང་ཡོ་ཨ་གསུམ་གྱིས་ལས་བྱེད་པ་དེ་ལ། ང་ཚོར་ཨ་རམ་པའི་སྐད་ཐོག་གསུངས་རོགས་གནང་། གང་ལགས་ཟེར་ན། ང་ཚོས་སྐད་དེ་ཤེས་ཀྱི་ཡོད། ཨིབ་རི་པའི་སྐད་ཐོག་མ་གསུངས་རོགས་གནང་། ལྕགས་རིའི་སྟེང་གི་མི་མང་རྣམས་ནས་ཉན་བཞིན་འདུག་ཅེས་ཞུས་སོ། 27དེའི་ལན་དུ་ཁོང་གིས། ཁྱོད་ཀྱི་བསམ་བློར་རྒྱལ་པོ་ཆེན་པོས་ང་ལ་ཁྱོད་དང་ཁྱོད་ཀྱི་རྒྱལ་པོ་གཅིག་པུར་གཏམ་འདི་ཤོད་པར་གཏོང་བ་རེད་བསམ་བཞིན་འདུག་གམ། དེ་ལྟར་མ་ཡིན། ངས་ལྕགས་རིའི་སྟེང་དུ་ཡོད་པའི་མི་མང་ཚོ་ལ་ཡང་དེ་ལྟར་ཤོད་དགོས་སོ། ཁྱོད་ཚོས་བྱེད་པ་ལྟར་དེ་ཚོས་ཀྱང་རང་གི་སྐྱག་གཅིན་རྣམས་ཟ་འཐུང་བྱེད་དགོས་ཅེས་སྨྲས་སོ། 28དེ་ནས་ལས་བྱེད་པ་དེས་ཡར་ལངས་ནས་ཨིབ་རི་པའི་སྐད་ལ་སྐད་ཤུགས་ཆེན་པོས། ཨ་སུར་གྱི་རྒྱལ་པོ་ཆེན་པོས་ཁྱོད་ཚོ་ལ་ག་རེད་བཀའ་གནང་བར་ཉོན་ཞིག 29ཁོང་གིས། ཧེ་ཛི་ཀི་ཡཱའི་ཁྱོད་ཚོར་བསླུ་འཁྲིད་བྱེད་དུ་བཅུག་པའི་ཉེན་བརྡ་གཏོང་ཡོད་རུང་། ཧེ་ཛི་ཀི་ཡཱས་ཁྱོད་ཚོར་སྐྱོབས་མི་ཐུབ། 30ཁོང་གིས་ཁྱོད་ཚོར་གཙོ་བོ་དཀོན་མཆོག་ལ་རེ་བཅོལ་བྱེད་དུ་མ་བཅུག། ཁྱོད་ཚོའི་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་སྐྱབས་པ་དང་ཨ་སུར་པའི་དམག་དཔུང་གིས་ཁྱོད་ཚོའི་གྲོང་ཁྱེར་དབང་འཛིན་བྱེད་པ་ལས་འགོག་གནང་གི་རེད་བསམ་པ་མ་བྱེད། ཁོང་གིས་ཁྱོད་ཚོར་གཙོ་བོ་དཀོན་མཆོག་ལ་བློས་འཁེལ་བྱེད་དུ་མ་བཅུག་ཅིག 31ཧེ་ཛི་ཀི་ཡཱའི་གཏམ་ལ་མ་ཉོན་ཞིག། ཨ་སུར་གྱི་རྒྱལ་པོ་ཆེན་པོས་ཁྱོད་ཚོ་གྲོང་ཁྱེར་གྱི་ཕྱིར་ཐོན་ནས་མགོ་འགུར་དགོས་པའི་བཀའ་གནང་ཡོད། ཁྱོད་ཚོར་རྒུན་ཤིང་སྡོང་པོ་ནས་རྒུན་འབྲུམ་དང་། སེ་ཡབ་ཤིང་གི་འབྲས་བུ་ཟ་བཅུག་པ་དང་། རང་གི་ཁྲོན་པ་རྣམས་ལས་ཆུ་འཐུང་ཆོག་གོ 32དེ་ལྟར་རྒྱལ་པོ་ཆེན་པོས་ཁྱོད་ཚོ་ལ་འབྲུ་དང་རྒུན་ཆང་གསར་པ་དང་། རྒུན་ཚལ་དང་། ཁ་སྐྱུ་པོའི་སྣུམ་དང་སྦྲང་རྩི་ཡོད་པའི་ཡུལ་དང་། ཁྱོད་ཚོ་རང་གི་ཡུལ་ལྟར་ང་ཡོང་ནས་འཁྲིད་རྒྱུ་ཡིན། ཁྱོད་ཚོ་ཁོང་གི་བཀའ་ལ་ཉན་པ་ཡིན་ན། འཚི་བའི་ཚབ་ཏུ་གསོན་པོར་འགྱུར། ཧེ་ཛི་ཀི་ཡཱའི་གཏམ་ལ་མ་ཉན་ཞིག་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་སྐྱབས་ཀྱི་རེད་ཟེར་ནས་ཁོས་བསླུ་འཁྲིད་བྱེད་པར་འགྱུར། 33མི་རིགས་གཞན་གི་ལྷ་ཚོས་རང་ཡུལ་དེ་ཨ་སུར་རྒྱལ་པོ་ཆེན་པོ་ལས་སྐྱོབས་ཡོད་པ་རེད་དམ། 34ཧ་མད་དང་ཨར་པད་ཀྱི་ལྷ་རྣམས་གང་དུ་ཡོད། སེ་ཕར་ཝེམ་དང་ཧེ་ན་དང་ཨི་ཝ་ལྷ་རྣམས་གང་དུ་ཡོད། སུས་ས་མར་ཡ་ལ་སྐྱབས་སོང་ངམ། 35ཡུལ་འདི་ཚོ་ཚང་མའི་ལྷ་སུ་ཞིག་གི་ནམ་ཡང་ཁྱོད་ཚོའི་ཡུལ་རྣམས་ང་ཚོའི་རྒྱལ་པོ་ཆེན་པོའི་ལག་ནས་སྐྱབས་ཡོད་དམ། དེ་ཡིན་ཙང་གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་སྐྱོབས་ཀྱི་རེད་བསམ་པའི་བསམ་བློ་ཇི་ལྟར་འཁོར་རམ་ཞེས་སྨྲས་སོ། 36རྒྱལ་པོ་ཧེ་ཛི་ཀི་ཡཱས་བཀའ་གནང་བ་ལྟར། མི་མང་རྣམས་ཚིག་གཅིག་ཀྱང་མ་སྨྲས་པར་ཁ་ཁུ་སིམ་པོར་བསྡད་དོ། 37དེ་ནས་ཨེལ་ཡ་ཀིམ་དང་ཤེབ་ན་དང་ཡོ་ཨ་བཅས་ནས་མྱ་ངན་གྱིས་རང་གི་གོས་ཧྲལ་ཞིང་རྒྱལ་པོའི་རྩར་ཡོང་ནས་ཨ་སུར་པའི་ལས་བྱེད་པ་ཚོས་ཇི་ལྟར་སྨྲས་པ་རྣམས་རྒྱལ་པོ་ལ་སྙན་གསང་ཞུས་སོ༎

རྒྱལ་རབས་གཉིས་པ། 19

རྒྱལ་པོས་ཡེ་ཤ་ཡཱ་ལ་བསྒྲོ་སྟོན་ཞུས་པ།

(ཡེ་ཤ་ཡཱ་ ༣༧:༡-༧)

1རྒྱལ་པོ་ཧེ་ཛི་ཀི་ཡཱས་སྙན་གསན་ཞུས་པ་དེ་གསན་མ་ཐག་ཏུ་ཁོང་གིས་མྱ་ངན་གྱི་རང་གི་ན་བཟའ་ཧྲལ་ནས་རྩ་ཕད་ཀྱི་གོས་གྱོན་ནས་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་ཕེབས་སོ། 2ཁོང་གིས་ཕོ་བྲང་གི་ལས་བྱེད་པ་ཨེལ་ཡ་ཀིམ་དང་ཁྲིམས་ཁང་གི་དྲུང་ཡིག་ཤེབ་ན་དང་བླ་མ་བགྲེས་པ་ཁག་བཅས་ལ། ཨ་མོཛ་ཀྱི་བུ་ལུང་སྟོན་པ་ཡེ་ཤ་ཡཱའི་དྲུང་དུ་མངགས་སོ། དེ་ཚོས་ཀྱང་རྩ་ཕད་ཀྱི་ན་བཟའ་གྱོན་ཡོད་དོ། 3ཁོང་གིས་དེ་ཚོ་ལ་ཡེ་ཤ་ཡཱ་ལ་འཕྲིན་འདི་ལྟར་སྤྲོད་ཅེས་བཀའ་གནང་ངོ་། དེ་རིང་ང་ཚོར་སྡུག་བསྔལ་དང་ཆད་པ་བཏང་བ་དང་དམའ་འབེབས་ངང་གནས་པའི་ཉི་མ་ཡིན། ང་ཚོ་བུད་མེད་ཕྲུག་གུ་སྐྱེས་གྲབ་ཡོད་པ་ལྟར་ནུས་སྟོབས་ཧ་ཅང་སྐྱོ་པོ་ཆགས་ཡོད་དོ། 4ཨ་སུར་པའི་རྒྱལ་པོ་ཆེན་པོས་རང་གི་ལས་བྱེད་པ་གཙོ་བོ་གསོན་པོའི་དཀོན་མཆོག་ལ་དམའ་འབེབས་བྱེད་པར་བཏང་ངོ་། གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་གིས་དམའ་འབེབས་བྱས་པ་དེ་ཚོ་གསན་ནས། དམའ་འབེབས་བྱེད་མཁན་ཚོར་ཆད་པ་གཏོང་གནང་བར་ཤོག། དེ་འདྲ་སོང་ཙང་ང་ཚོའི་མི་མང་གསོན་པོར་གནས་པ་ཚོའི་ཆེད་དུ་དཀོན་མཆོག་ལ་གསོལ་བ་འདེབས་རོགས་གནང་ཞེས་འཁོད་ཡོད་དོ། 5ཡེ་ཤ་ཡཱ་ལ་རྒྱལ་པོ་ཧེ་ཛི་ཀི་ཡཱའི་འཕྲིན་འབྱོར་བ་དང་། 6ཁོང་གིས། ཨ་སུར་པ་ཚོས་དཀོན་མཆོག་གིས་ཁྱོད་ཚོར་སྐྱོབས་ཐུབ་ཀྱི་མ་རེད་ཅེས་པའི་དཀྲོག་གཏམ་དེ་ལ་འཇིགས་སྣང་བྱེད་མི་དགོས་ཞེས་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་བཀའ་གནང་ཡོད། 7གཙོ་བོ་དཀོན་མཆོག་གིས་རྒྱལ་པོ་ཆེན་པོར་དཀྲོག་གཏམ་ཞིག་ཐོས་བཅུག་པ་དང་། དེའི་རྐྱེན་གྱིས་ཁོང་རང་གི་ཡུལ་དུ་ཕྱིར་ལོག་དགོས་བྱུང་བ་དང་། གཙོ་བོ་དཀོན་མཆོག་གིས་ཁོང་ལ་དེར་གསོད་པར་འགྱུར་ཅེས་གསུངས་སོ༎

ཨ་སུར་པ་ཚོས་ཡང་སྐྱར་འཇིགས་སྣང་བཀུལ་བ།

(ཡེ་ཤ་ཡཱ་ ༣༧:༨-༢༠)

8ཨ་སུར་པའི་ལས་བྱེད་པས་རྒྱལ་པོ་ཆེན་པོ་ལ་ཀིཤི་ནས་ཐོན་ནས་ཉེ་འགྲམ་གྱི་གྲོང་ཁྱེར་ལིབ་ནཱའི་ཐོག་ཏུ་དམག་འཐབ་བཞིན་ཡོད་པ་ཐོས་ནས་དེར་ཁོང་ལ་བཀའ་བསྡུར་ཞུ་བར་སོང་ངོ་། 9ཨི་ཐི་ཨོ་པི་ཡའི་རྒྱལ་པོ་ཏིར་ཧ་ཀཱས་ཨི་ཇིབ་ཀྱི་དམག་དཔུང་གི་སྣེ་འཁྲིད་བྱས་ནས་ཨ་སུར་པ་ཚོར་དམག་འཐབ་པར་ཡོང་བཞིན་པའི་གཏམ་དེ་རྒྱལ་པོ་ཆེན་པོས་ཐོས་པ་དང་། ཁོང་གིས་ཡ་ཧུ་དཱ་པའི་གྱལ་པོ་ཧེ་ཛི་ཀི་ཡཱ་ལ་ཡི་གེ་ཞིག་བཏང་བའི་ནང་འཁོད་གསལ། 10ཁྱོད་ཀྱི་དཀོན་མཆོག་སུ་ལ་དད་པ་བྱེད་ཀྱི་ཡོད་པ་དེས་སྨྲས་པ་ལྟར་ཁྱོད་ངའི་ལག་པའི་ནང་ཐེབས་མི་ཐུབ་བོ། འོན་ཀྱང་དེ་ལ་ཁྱོད་མགོ་སྐོར་མ་ཐེབས་ཤིག 11ཨ་སུར་པའི་རྒྱལ་པོ་ཆེན་པོས་ཡུལ་ཇི་འདྲ་ཞིག་མེད་པར་བཟོ་རྒྱུའི་ཐག་ཆོད་གནང་བའི་ཡུལ་དེར་ཇི་གནང་ཡོད་པ་ཁྱོད་ཀྱིས་ཐོས་ཡོད། ཁྱོད་ཀྱི་བསམ་བློར་བྲོས་ཐར་ཡོང་བསམ་གྱི་འདུག་གམ། 12ངའི་ཕ་མེས་ཚོས་གྷོ་ཛན་དང་ཧ་རན་དང་རེ་ཛེཕ་ཀྱི་གྲོང་ཁྱེར་རྣམས་མེད་པར་བཟོས་ཡོད་པ་མ་ཟད། ཏེ་ལ་སར་དུ་སྡོད་པའི་བྷེ་ཐེ་དན་གྱི་མི་མང་རྣམས་བསད་ཡོད་པ་དང་། དེ་ཚོའི་དཀོན་མཆོག་སུས་ཀྱང་དེ་ཚོར་སྐྱོབ་མི་ཐུབ་བོ། 13ཧ་མད་དང་ཨར་པད་དང་སེ་ཕར་ཝེམ་དང་ཧེ་ན་ད་དང་ཨི་ཝཱ་བཅས་ཀྱི་གྲོང་ཁྱེར་གྱི་རྒྱལ་པོ་ཚོ་གང་དུ་ཡོད་དམ། 14རྒྱལ་པོ་ཧེ་ཛི་ཀི་ཡཱས་བང་ཆེན་གྱི་ལག་ནས་ཡི་གེ་དེ་ལེན་ནས་ཀློག་གནང་བ་དང་། དེ་ནས་ཁོང་མཆོད་ཁང་དུ་ཕེབས་པ་དང་ཡི་གེ་དེ་གཙོ་བོ་དཀོན་མཆོག་གི་དྲུང་དུ་འཇོག་གནང་བ་དང། 15འདི་ལྟར་གསོལ་བ་འདེབས་པ། ཀྱེ་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ཀེ་རུབ་རྣམས་ཀྱི་སྟེང་དུ་བཞུགས་ཁྲིར་བཞུགས་མཁན་འཛམ་གླིང་གི་རྒྱལ་ཁབ་ཚང་མར་རྒྱལ་སྲིད་སྐྱོང་བ་གནང་མཁན་དཀོན་མཆོག་ཁྱེད་རང་གཅིག་པོ་ཡིན་ནོ། ཁྱེད་ཀྱིས་ས་གཞི་དང་ནམ་མཁའ་བཀོད་གནང་ཡོད་དོ། 16ད་གཙོ་བོ་དཀོན་མཆོག་ང་ཚོར་གང་ཡོང་གི་ཡོད་པ་གཟིགས་རོགས་གནང་། ཁྱེད་གསོན་པོའི་དཀོན་མཆོག་ལ་སེན་ན་ཀེ་རིབ་ཀྱིས་དམའ་འབེབས་ཞུ་བ་རྣམས་གསན་པར་མཛོད། 17ཨ་སུར་གྱི་རྒྱལ་པོ་ཆེན་པོ་ཚོས་རྒྱལ་ཁབ་མང་པོ་སྟོར་བ་དང་དེ་ཚོའི་ཡུལ་རྣམས་མི་མེད་ལུང་སྟོང་བཟོས་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད། 18དེ་ཚོ་ལྷ་རྣམས་མེར་སྲེག་བཏང་བ་ཡིན་ནོ། འོན་ཀྱང་དེ་ཚོའི་དཀོན་མཆོག་རྣམས་ནི་མིའི་ལག་པས་ཤིང་དང་རྡོ་ལས་བཟོས་པའི་སྐུ་འདྲ་ཡིན་པ་མ་གཏོགས་དཀོན་མཆོག་མ་ཡིན་ནོ། 19ད་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག། ང་ཚོར་ཨ་སུར་པ་ཚོའི་ལག་ནས་སྐྱོབས་པ་གནང་རོགས་གནང་། དེའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཚོས་ཁྱེད་གཙོ་བོ་དཀོན་མཆོག་གཅིག་པོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ༎

ཡེ་ཤ་ཡཱའི་རྒྱལ་པོར་འཕྲིན་བཏང་བ།

(ཡེ་ཤ་ཡཱ་ ༣༧:༢༡-༣༧)

20དེ་ནས་ཡེ་ཤ་ཡཱས་རྒྱལ་པོ་ཧེ་ཛི་ཀི་ཡཱ་ལ་རྒྱལ་པོའི་གསོལ་འདེབས་གྱི་ལན་ཞིག་བཏང་ངོ་། 21གཙོ་བོ་དཀོན་མཆོག་གིས། སེན་ན་ཀེ་རིབ་ཁྱོད་ལ་ཡེ་རུ་ཤ་ལེམ་གྲོང་ཁྱེར་གྱི་གད་མོ་གད་པ་དང་དཕྱ་བར་འགྱུར་རོ། 22ཁྱོད་ཚོའི་བསམ་བློར་སུ་ལ་དམའ་འབེབས་དང་འཕྱ་ཀྱི་ཡོད་བསམ་བཞིན་འདུག་གམ། ཁྱོད་ཀྱིས་ང་ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པ་ལ་བརྩི་མེད་གྱིས་ཡོད་དོ། 23ཁྱོད་ཀྱི་ཤིང་རྟ་འཁོར་ལོས་ལེ་བ་ནོན་གྱི་རི་བོ་མཐོ་ཤོས་ཚང་མ་དབང་འཛིན་བྱས་པ་ཡིན་ཟེར་ངའི་སར་འབོར་ཤོག་བཤད་པར་བང་ཆེན་རྣམས་བཏང་ངོ། ཁྱོད་ཀྱིས་འགྱམ་ཤིང་རིང་ཤོས་རྣམས་དང་སོམ་ཤིང་ལེགས་ཤོས་རྣམས་བཅད་པ་དང་ཤིང་ནགས་མཐུག་ཤོས་ནང་ལེབས་པའི་འབོར་ཤོག་བྱེད་དོ། 24ཁྱོད་ཀྱིས་ཁྲོན་པ་བྲུས་པ་དང་ཕྱི་རྒྱལ་ཡུལ་གྱི་ཆུ་འཐུང་བ་མ་ཟད། ཁྱོད་ཀྱིས་དམག་མིའི་རྐང་པས་ཆུ་བོ་ན་ཨེལ་བརྫིས་ནས་སྐམ་པོར་སོང་བས་འབོར་ཤོད་སྟོན་གྱི་ཡོད། 25ངས་དེ་ཚོ་ཡུན་རིང་པོའི་སྔོན་ནས་འཆར་གཞི་བཏིང་ཡོད་པ་ཁྱོད་ཀྱིས་ནམ་ཡང་ཐོས་མ་བྱུང་ངམ། ད་ངས་དེས་སྒྲུབ་པ་ཡིན། ངས་སྲུང་སྐྱོབ་བརྩན་པོའི་གྲོང་ཁྱེར་ཁག་གྱང་རོའི་ཕུང་པོར་འགྱུར་བའི་ནུས་པ་ཁྱོད་ལ་སྤྲད་པ་ཡིན། 26དེར་གནས་པའི་མི་མང་རྣམས་སྟོབས་མེད་ཡིན་པས། དེ་ཚོ་འཇིགས་སྣང་དང་ཧོན་འཐོར་ནས་བསྡད་ཡོད། དེ་ཚོ་ཤར་གྱི་རླུང་ཚ་པོ་རྒྱབ་སྐབས་ཞིང་གི་རྩ་དང་ཐོག་ཁའི་རྩ་ཡན་སྐྱེས་པ་དང་འདྲ་པོ་ཡོད་དོ། 27འོན་ཀྱང་ངས་ཁྱོད་ཀྱི་སྐོར་ལ་ཚང་མ་ཤེས་ཀྱི་ཡོད། ཁྱོད་ཀྱི་གང་བྱེད་པ་དང་གང་དུ་འགྲོ་བ་དང་། ཁྱོད་ཀྱི་ང་ལ་ཇི་ལྟར་ཁྲོ་བ་དེ་ཡང་ངས་ཤེས་ཀྱི་ཡོད། 28ཁྱོད་ཀྱི་ཁྲོ་བ་དེ་དང་ང་རྒྱལ་དེའི་སྐོར་ལ་ང་ལ་འཕྲིན་འབྱོར་བྱུང་། ད་ངས་ཁྱོད་ཀྱི་སྣ་ལ་ལྕགས་ཀྱུ་དང་ཁ་ལ་སྲབ་རྒྱབ་ནས་ཁྱོད་ཡོང་བའི་ལམ་དེ་རང་ནས་ཕྱིར་ལོག་འཁྲིད་རྒྱུ་ཡིན་ནོ། 29དེ་ནས་ཡེ་ཤ་ཡཱས་རྒྱལ་པོ་ཧེ་ཛི་ཀི་ཡཱ་ལ་སྨྲས་པ། དེ་ནི་ཇི་ཡོང་བའི་སྔོན་རྟགས་ཡིན། འདི་ལོ་དང་ཕྱི་ལོ་ལ་ཁྱོད་ཚོས་ནག་གི་འབྲུ་རིགས་མ་གཏོགས་ཟ་རྒྱུ་ཐོབ་མི་ཡོང་། དེའི་ལོ་རྗེས་མར་ཁྱོད་ཀྱི་འབྲུ་འདེབས་ཐུབ་པ་དང་རྔས་ཐུབ་པ་མ་ཟད་རྒུན་ཚལ་བཙུགས་ནས་རྒུན་འབྲུམ་ཡང་ཟ་ཐུབ་པ་ཡོང་ངོ་། 30ཡ་ཧུ་དཱ་པར་ཡོད་པའི་ལྷག་འཕྲོས་མི་མང་རྣམས་ནས་འཚོ་བའི་ཕྱིར་རྩེ་ཤིང་རྩ་བ་རིང་པོ་བྲུས་ནས་འཕེལ་རྒྱས་ཡོང་བ་དང་འབྲས་བུ་འདོན་ནོ། 31ཡེ་རུ་ཤ་ལེམ་དང་རི་བོ་ཛི་ཡོན་དུ་གནས་པའི་མི་མང་རྣམས་འཚོ་བར་འགྱུར། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་དེ་ལྟར་ཡོང་བ་མཛད་རྒྱུར་ཐུགས་ཐག་བཅས་པ་ཡིན་ནོ། 32ཨ་སུར་པའི་རྒྱལ་པོ་ཆེན་པོའི་སྐོར་ལ་གཙོ་བོ་དཀོན་མཆོག་གིས་འདིར་ལྟར་གསུངས་ཡོད། ཁོ་གྲོང་ཁྱེར་འདིའི་ནང་འཛུལ་མི་ཐུབ་པ་དང་། དེར་མདའ་གཅིག་ཀྱང་འཕེན་པར་མི་འགྱུར། ཁྲབ་ཐོག་པའི་དམག་མི་གཅིག་ཀྱང་གྲོང་ཁྱེར་གྱི་ཉེ་འགྲམ་དུ་མི་ཡོང་བ་དང་དེའི་མཐའ་བསྐོར་དུ་འཛིང་རག་རྣམས་རྩིག་པར་མི་འགྱུར་རོ། 33གྲོང་ཁྱེར་འདིའི་ནང་དུ་མི་འཛུལ་བ་དང་། ཁོང་ཡོང་བའི་ལམ་དེ་རང་ནས་ཕྱིར་ལོག་འགྲོ་བར་འགྱུར། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན། 34ང་རང་ཉིད་ཀྱི་ཆེད་དང་ངའི་བྲན་པོ་དཱ་བིད་ལ་ཁས་ལེན་བྱེད་པའི་རྐྱེན་གྱིས་གྲོང་ཁྱེར་འདི་ལ་སྐྱབས་ནས་སྲུང་བར་བྱའོ། 35མཚན་མོ་དེར་གཙོ་བོ་དཀོན་མཆོག་གི་ཕོ་ཉ་ཞིག་ཨ་སུར་པའི་སྒར་དུ་ཕེབས་ནས་དམག་མི་ ༡༨༥,༠༠༠ བསད་དོ། ཉིན་རྗེས་མའི་ཐོ་རེངས་ལ་དེ་ཚོ་ཚང་མ་འཆི་ཡོད་དོ། 36དེ་ནས་ཨ་སུར་པའི་རྒྱལ་པོ་ཆེན་པོ་སེན་ན་ཀེ་རིབ་ཀྱིས་ཕྱིར་འཐེན་བྱས་ནས་ནི་ན་ཝཱེར་དུ་ཕྱིར་ལོག་གོ 37ཉིན་ཞིག་ཁོང་གི་ལྷ་ནིསི་རོག་གི་ལྷ་ཁང་དུ་མཆོད་འབུལ་གནང་བའི་སྐབས་སུ། ཁོང་གི་སྲས་གཉིས་པོ་ཨ་དྲམ་མེ་ལེག་དང་ཤ་རེ་ཛེར་གཉིས་ཀྱིས་རལ་གྲིས་ཁོང་བཀྲོང་ནས་ཨ་ར་རད་ཀྱི་ཡུལ་དུ་བྲོས་སོ། ཁོང་གི་སྲས་གཞན་པ་ཨེ་སར་ཧད་དྷོན་ཁོང་གི་ཤུལ་འཛིན་དུ་རྒྱལ་པོ་ཆེན་པོར་འགྱུར་རོ༎

རྒྱལ་རབས་གཉིས་པ། 20

ཧེ་ཛི་ཀི་ཡཱ་ནད་ལས་དྲག་གསོ་བ།

(ཡེ་ཤ་ཡཱ་ ༣༨:༡-༨,༢༡-༢༢; ༢ སྔོན་རབས་ ༣༢:༢༤-༢༦)

1དུས་སྐབས་དེར་རྒྱལ་པོ་ཧེ་ཛི་ཀི་ཡཱ་སྙུང་ནས་གྲོངས་གྲབ་ཡོད་པ་དང། ཨ་མོཛ་གྱི་བུ་ལུང་སྟོན་པ་ཡེ་ཤ་ཡཱ་ཁོང་མཇལ་བར་ཕེབས་ནས་ཞུས་པ། ཁྱོད་ཀྱིས་ཐམས་ཅད་གྲ་སྒྲིག་བྱེད་ནས་འཛོག་ཤིག གང་ལ་ཟེར་ན། ཁྱོད་ཀྱི་ནད་དངས་བར་མི་འགྱུར། ཁྱོད་འཆི་བར་གྲ་སྒྲིག་བྱོས་ཞིག་ཞེས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་ཡོད་དོ། 2ཧེ་ཛི་ཀི་ཡཱས་རང་གི་ཞལ་རས་རྩིག་པའི་ཕྱོགས་སུ་བསྒྱུར་ནས་སྨོན་ལམ་འདི་ལྟར་བཏབ་པ། 3གཙོ་བོ་དཀོན་མཆོག་ངས་ཁྱེད་དང་དམ་ཚིག་བརྟན་པོ་དང་དད་པའི་ངང་ནས་ཞབས་ཕྱི་ཞུས་པ་མ་ཟད། ངས་དུས་རྟག་ཏུ་ཁྱེད་ཀྱི་ཐུགས་དགོངས་ལྟར་བྱེད་ཐབས་བྱས་པ་དེ་ཐུགས་ལ་དྲན་གསོས་པ་གནང་རོགས་ཅེས་ཞུས་ནས། ཁོང་ཤུགས་ཆེན་པོའི་ངང་བཤུམས་སོ། 4ཡེ་ཤ་ཡཱ་རྒྱལ་པོའི་མདུན་ནས་ཕོ་བྲང་གི་ཁྱམས་རའི་དཀྱིལ་དུ་ཕེབས་པའི་སྔོན་ལ་གཙོ་བོ་དཀོན་མཆོག་གིས་ཁོང་ལ། 5དཀོན་མཆོག་གིས་མི་མང་གི་རྒྱལ་པོ་ཧེ་ཛི་ཀི་ཡཱའི་སར་ཕྱིར་ལོག་ནས། ང་ཁྱེད་ཀྱི་མེས་པོ་དཱ་བིད་ཀྱི་གཙོ་བོ་དཀོན་མཆོག་གིས་ཁྱེད་ཀྱི་སྨོན་ལམ་ཐོས་པ་མ་ཟད་མིག་ཆུ་ཡང་མཐོང་བས། ངས་ཁྱོད་ཀྱི་ནད་དངས་བར་བྱེད་རྒྱུ་དང་ཉིན་གསུམ་པར་ཁྱོད་མཆོད་ཁང་དུ་འགྲོ་ཐུབ་པར་འགྱུར་རོ། 6ངས་ཁྱོད་ལ་ད་དུང་ལོ་བཅོ་ལྔའི་རིང་ཚེ་རིང་དུ་གཏོང་རྒྱུ་ཡིན་ནོ། ཨ་སུར་རྒྱལ་པོ་ཆེན་པོའི་ལག་ནས་ཁྱོད་དང་ཡེ་རུ་ཤ་ལེམ་གྱི་གྲོང་ཁྱེར་འདི་སྐྱོབས་རྒྱུ་ཡིན། ངས་ང་རང་གི་ལས་འགན་དང་ངའི་ཞབས་ཕྱི་དཱ་བིད་ལ་གྱིས་པའི་ཁས་ལེན་ལ་རྩིས་ནས་ངས་གྲོང་ཁྱེར་འདི་སྐྱོབས་རྒྱུ་ཡིན་ཞེས་ཤོད་དགོས་བཀའ་གནང་ངོ་། 7དེ་ནས་ཡེ་ཤ་ཡཱས་རྒྱལ་པོའི་སྐུ་འཁོར་ལ། ཁོང་གི་གཉན་འབུར་དེ་ལ་སེ་ཡབ་ཀྱི་སྐྱོ་མ་བཟོས་ནས་བྱུགས་ན། ཁོང་གསོས་ཡོང་གསུངས་སོ། 8རྒྱལ་པོ་ཧེ་ཛི་ཀི་ཡཱས། གཙོ་བོ་དཀོན་མཆོག་གི་ནད་ལས་དངས་གནང་བ་མ་ཟད། ཉིན་གསུམ་པར་ང་མཆོད་ཁང་དུ་འགྲོ་ཐུབ་རྒྱུའི་རྟགས་ཅི་ཡོད་ཅེས་དྲི་བ་ཞུས་པས། 9ཡེ་ཤ་ཡཱས་ལན་དུ། གཙོ་བོ་དཀོན་མཆོག་གིས་ཞལ་བཞེས་གནང་བ་སྒྲུབ་རྒྱུའི་རྟགས་ཤིག་ཁྱེད་ལ་གནང་བར་འགྱུར། ད་ཁྱེད་ཀྱིས་ཐུགས་འདོད་ལ་ཐེམ་རྐས་སྟེང་གི་གྲིབ་མ་དེ་གོམ་པ་བཅུ་མདུན་དུ་སྤོས་པའམ་བརྒྱབ་ཏུ་གོམ་པ་བཅུ་སྤོས་པར་གང་འདོད་དམ་གསུངས་པས། 10ལན་དུ། ཧེ་ཛི་ཀི་ཡཱས་གྲིབ་མ་དེ་མདུན་དུ་གོམ་པ་བཅུ་སྤོས་བཙུག་པར་ལས་སླའོ། དེ་རྒྱབ་ཏུ་གོམ་པ་བཅུ་སྤོས་བཅུག་པར་མཛོད། 11ཡེ་ཤ་ཡས་གཙོ་བོ་དཀོན་མཆོག་ལ་གསོལ་བ་བཏབ་པ། གཙོ་བོ་དཀོན་མཆོག་གིས་གྲིབ་མ་དེ་རྒྱལ་པོ་ཨ་ཧཛ་ཀྱིས་བཞེངས་པའི་ཐེམ་རྐས་སྟེང་གོམ་པ་བཅུ་ཕྱིར་ལོག་སྤོ་བར་མཛད་དོ༎

བྷེ་བྷི་ལོ་ནི་ཡ་གྱི་བང་ཆེན་རྣམས།

(ཡེ་ཤ་ཡཱ་ ༣༩:༡-༨)

12དུས་སྐབས་དེར་བྷེ་བྷི་ལོ་ནི་ཡ་གྱི་རྒྱལ་པོ་བྷ་ལ་དྷན་གྱི་བུ་མེ་རོ་དག་བྷ་ལ་དྷན་གྱིས་རྒྱལ་པོ་ཧེ་ཛི་ཀི་ཡཱ་སྙུང་གཞིན་པའི་གནས་ཚུལ་ཐོས་པ་དང་། ཁོང་ལ་ཕྱག་བྲིས་ཤིག་དང་འབུལ་བ་བཅས་བསྐུར་གནང་ངོ་། 13ཧེ་ཛི་ཀི་ཡཱས་བང་ཆེན་ཚོར་སྣེ་ལེན་གནང་བ་དང་། དེ་ཚོར་ཁོང་གི་རྒྱུ་ནོར་གསེར་དངུལ་སྨན་སྣ་དང་དྲི་བཟང་དང་དམག་མི་མཚོན་ཆ་བཅས་བསྟན་པ་གནང་ནས། ཁོང་གི་བང་མཛོད་དང་ཕོ་བྲང་གི་ས་ཁུལ་ཚང་མར་དེ་ཚོར་མ་བསྟན་པ་ཅི་ཡང་མ་ལུས་སོ། 14དེ་ནས་ལུང་སྟོན་པ་ཡེ་ཤ་ཡཱ་རྒྱལ་པོ་ཧེ་ཛི་ཀི་ཡཱའི་སར་ཕེབས་ནས་མི་འདི་ཚོ་གང་ནས་ཡོང་བ་དང་། དེ་ཚོས་ཁྱེད་ལ་ཅི་ཞུས་བྱུང་ངམ་ཞེས་བཀའ་འདྲི་གནང་བས། ལན་དུ་ཧེ་ཛི་ཀི་ཡཱས། དེ་ཚོ་ཐག་རིང་ཡུལ་བྷེ་བྷི་ལོ་ནི་ཡ་ནས་ཡོང་བ་ཡིན་ནོ་ཞུས་སོ། 15དེ་ཚོས་ཁྱེད་ཀྱི་ཕོ་བྲང་ནང་གང་མཐོང་སོང་ངམ། དེ་ཚོས་ཚང་མ་མཐོང་སོང་། ངའི་བང་མཛོད་ནང་དེ་ཚོ་ལ་མ་བསྟན་པ་གང་ཡང་མ་ལུས་སོ། 16དེ་ནས་ཡེ་ཤ་ཡཱས་རྒྱལ་པོ་ལ། མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་གིས་བཀའ་འདི་ལྟར་གནང་ངོ་། 17ཁྱོད་ཀྱི་ཕོ་བྲང་ནང་དུ་ཕ་མེས་ཚོ་ནས་དེང་སང་བར་དུ་བསགས་པའི་དངོས་པོ་གང་ཡོད་པ་རྣམས་བྷེ་བྷི་ལོ་ནི་ཡ་དུ་འཁྱེར་ནས་དེར་ཅི་ཡང་ལུས་པར་མི་འགྱུར་བའི་དུས་ཤིག་ཡོང་བར་འགྱུར་རོ། 18ཁྱོད་ཀྱི་རིགས་བརྒྱུད་འགའ་ཤས་ཀྱང་འཁྲིད་ནས་བྷེ་བྷི་ལོ་ནི་ཡ་གྱི་རྒྱལ་པོའི་ཕོ་བྲང་དུ་ཉུག་རུམ་པ་བཟོས་ནས་ཞབས་ཕྱི་ཞུ་བར་འགྱུར་ཅེས་གསུངས་སོ། 19རྒྱལ་པོ་ཧེ་ཛེ་ཀི་ཡས་ཁོང་རང་གི་སྐུ་ཚེའི་རིང་ཞི་བདེ་དང་སྲུང་སྐྱོབ་ཡོང་བ་མཁྱེན་ནས་གསུངས་སོ། ཁྱེད་ཀྱིས་ང་ལ་གཙོ་བོ་དཀོན་མཆོག་གི་བཀའ་གནང་བ་དེ་ལེགས་སོ༎

ཧེ་ཛི་ཀི་ཡཱས་རྒྱལ་སྲིད་ཀྱི་མཐའ་མ།

(༢ སྔོན་རབས་ ༣༢:༣༢-༣༣)

20རྒྱལ་པོ་ཧེ་ཛི་ཀི་ཡཱས། ཁོང་གི་མཐུ་སྟོབས་ཅན་གྱི་མཛད་པ་དང་གྲོང་ཁྱེར་དུ་ཆུ་འདྲེན་ཕྱིར་ཆུ་མཛོད་བཟོས་པ་དང་། ཡུར་བ་བྲུས་པའི་ལོ་རྒྱུས་བཅས་ཀྱི་སྐོར་ཡ་ཧུ་དཱའི་རྒྱལ་པོའི་རྒྱལ་རབས་ནང་བཀོད་ཡོད་དོ། 21ཧེ་ཛི་ཀི་ཡཱ་གྲོངས་པ་དང་ཁོང་གི་བུ་མ་ནསེ་སཱེ་དེ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

རྒྱལ་རབས་གཉིས་པ། 21

ཡ་ཧུ་དཱའི་རྒྱལ་པོ་མ་ནསེ་སཱེ།

(༢ སྔོན་རབས་ ༣༣:༡-༢༠)

1མ་ནསེ་སཱེ་ལོ་བཅུ་གཉིས་ལོན་དུས་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་རོ། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་ལྔ་ཅུ་ལྔེ་ལྔ་རིང་རྒྱལ་སྲིད་སྐྱངས་སོ། ཁོང་གི་ཡུམ་ནི་ཧེཕ་ཛི་བཱ་ཡིན་ནོ། 2གཙོ་བོ་དཀོན་མཆོག་ཁོང་རང་གི་མི་མང་མདུན་སྐྱོད་བྱེད་སྐབས་ཡུལ་ནས་ཕྱིར་བསྐྲོད་གནང་བའི་མི་རིགས་ཚོའི་སྐྱུག་བྲོའི་བྱ་སྤྱོད་རྗེས་སུ་འཇུག་ནས་མ་ནསེ་སཱེས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད། 3ཁོང་གི་རང་གི་ཡབ་ཧེ་ཛི་ཀི་ཡཱས་བཤིགས་པའི་ཕྱི་པའི་ལྷ་ལ་མཆོད་ཡུལ་རྣམས་སྐྱར་བཞེངས་བྱས་པ་དང་། ཨིསི་རཱཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱིས་མཛད་པ་ལྟར་ཁོང་གིས་བྷལ་གྱི་ཆེད་དུ་མཆོད་ཁྲི་བཞེངས་པ་དང་། ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་བཟོས་སོ། མ་ནསེ་སཱེས་ནམ་མཁའི་སྐར་མ་སོགས་ལ་ཡང་མཆོད་འབུལ་བྱས་སོ། 4གཙོ་བོ་དཀོན་མཆོག་གིས་ཁོང་ལ་མཆོད་པ་འབུལ་དགོས་གསུངས་པའི་མཆོད་ཁང་དེའི་ནང་དུ་ཁོང་གིས་ཕྱི་པའི་ལྷའི་མཆོད་ཁྲི་བཞེངས་སོ། 5མཆོད་ཁང་གི་ཁྱམས་ར་གཉིས་པའི་ནང་ལ་ཁོང་གིས་སྐར་མར་མཆོད་པའི་མཆོད་ཁྲི་བཞེངས་སོ། 6ཁོང་གིས་རང་གི་བུ་སྦྱིན་སྲེག་གི་དམར་མཆོད་དུ་ཕུལ་ལོ། ཁོང་གིས་མོ་རྒྱབ་པའི་ལུགས་སྲོལ་དང་སྔགས་དང་སྔོན་ཤེས་ཤོད་མཁན་དང་ལྷ་པ་བསྟེན་རྒྱུའི་ལུགས་སྲོལ་སྦྱངས་གནང་བ་དང་། ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་ཚབ་ཆེ་གྱིས་ནས་ཁོང་གི་ཐུགས་དཀྲུགས་སོ། 7ཁོང་གིས་མཆོད་ཁང་དུ་ལྷ་མོ་ཨ་ཤེ་རཱའི་འདྲ་སྐུའི་རྟགས་ཤིག་བཞག་གནང་ངོ་། དེའི་སྐོར་གཙོ་བོ་དཀོན་མཆོག་གིས་དཱ་བིད་དང་ཁོང་གི་བུ་སོ་ལོ་མོན་ལ་གསུངས་པ། ཡེ་རུ་ཤ་ལེམ་གྱི་མཆོད་ཁང་འདིར་ང་ལ་མཆོད་ཡུལ་ཨིསི་རཱཨེལ་གྱི་རིགས་བརྒྱུད་བཅུ་གཉིས་ཀྱི་ས་ཁུལ་ཡོངས་རྫོགས་ནས་འདམས་པ་ཡིན་ནོ། 8ཨིསི་རཱཨེལ་གྱི་མི་མང་ཚོས་ངའི་བཀའ་རྣམས་ལ་ཉན་པ་དང་། ངའི་ཞབས་ཕྱི་མོ་ཤེས་དེ་ཚོ་ལ་སྤྲད་པའི་བཀའ་ཁྲིམས་རྣམས་སྲུང་པ་ཡིན་ན། ངས་དེ་ཚོའི་ཕ་མེས་ཚོར་སྤྲད་པའི་ཡུལ་ནས་ཕྱིར་འབུད་མི་བྱའོ་ཞེས་བཀའ་གནང་ངོ་། 9འོན་ཀྱང་ཡ་ཧུ་དཱ་པའི་མི་མང་ནས་གཙོ་བོ་དཀོན་མཆོག་གི་བཀའ་མ་སྲུང་བར་མ་ནསེ་སཱེའི་མི་མང་ལ་སྣེ་འཁྲིད་བྱེད་སྐབས། གཙོ་བོ་དཀོན་མཆོག་གིས་ཕྱིར་འབུད་གནང་བའི་མི་མང་རྣམས་ནས་སྡིག་པ་ཚབ་ཆེ་བྱས་སོ། 10གཙོ་བོ་དཀོན་མཆོག་གིས་རང་གི་ཞབས་ཕྱི་ལུང་སྟོན་པ་ཚོའི་བརྒྱུད་ནས་བཀའ་གནང་བ། 11རྒྱལ་པོ་མ་ནསེ་སཱེས། དེ་སྔོན་གྱི་ཀ་ནན་པ་ཚོས་བགྱིས་པའི་སྡིག་པ་ལས་ལྷག་པ་མི་གཙང་བའི་ལས་རིགས་འདི་དག་བགྱིས་ཡོད། ཁོང་གི་སྐུ་འདྲ་དེ་ཚོའི་སྒོ་ནས་ཡ་ཧུ་དཱ་པའི་མི་མང་རྣམས་ལ་སྡིག་པར་སྣེ་འཁྲིད་བྱས་ཡོད་དོ། 12དེ་འདྲ་སོང་ཙང་ང་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱ་པ་རྣམས་མེད་པར་བཟོ་རྒྱུ་ཡིན་པས་དེ་ལྟར་སུས་ཐོས་ཀྱང་ཧོན་ཐོར་བར་འགྱུར་རོ། 13ས་མར་ཡ་དང་ཨིསི་རཱཨེལ་གྱི་རྒྱལ་པོ་ཨ་ཧབ་དང་ཁོང་གི་བརྒྱུད་པར་བྱས་པ་ལྟར། ངས་ཡེ་རུ་ཤ་ལེམ་ལ་ཆད་པ་གཏོང་རྒྱུ་ཡིན། སྡེར་མ་ཞིག་འཕྱི་ཞིང་གཙང་མ་བཟོས་ནས་ཁ་འབུབ་པ་ལྟར་ངས་ཡེ་རུ་ཤ་ལེམ་ལ་ཡང་འཕྱི་རྒྱུ་ཡིན་ནོ། 14ངས་གསོན་པོར་ལུས་པའི་མི་མང་རྣམས་སྤོང་རྒྱུ་དང་དེ་ཆོ་བཙན་འཛུལ་མཁན་དང་ཡུལ་ལ་འཕྲོག་བཅོམ་བྱེད་མཁན་དགྲ་བོ་ཚོའི་ལག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན། 15ངས་ངའི་མི་མང་ལ་དེ་ལྟར་བྱ་རྒྱུ་ཡིན། གང་ལ་ཟེར་ན། དེ་ཚོའི་ཕ་མེས་ཚོའི་ཐོག་མར་ཨི་ཇིབ་སྤངས་པ་ནས་ད་བར་ངའི་སྤྱན་སྔར་སྡིག་པ་གྱིས་པ་མ་ཟད་ངའི་སེམས་དཀྲུགས་ཡོད་ཅེས་བཀའ་གནང་ཡོད། 16མ་ནསེ་སཱེས་མི་མང་སྐྱོན་མེད་མང་པོ་བསད་པའི་རྐྱེན་གྱིས་ཡེ་རུ་ཤ་ལེམ་གྱི་ལམ་ཁག་ཏུ་ཁྲག་གི་ཁེངས་ནས་ཡོད་དོ། ཁོང་གིས་ཡ་ཧུ་དཱ་པའི་མི་མང་རྣམས་ལ་སྐུ་འདྲར་ཕྱག་མཆོད་བྱེད་དུ་སྣེ་འཁྲིད་བྱས་པའི་སྒོ་ནས་འདི་ཚོ་ལ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བྱེད་བཅུག་ཡོད་དོ། 17མ་ནསེ་སཱེའི་མཛད་པ་རྣམས་དང་ཁོང་གིས་སྡིག་པ་གྱིས་པ་རྣམས་ཡ་ཧུ་དཱ་པའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 18མ་ནསེ་སཱེ་གྲོངས་པ་དང་ཕོ་བྲང་གི་ལྡུམ་ར་ཨུ་རྫ་ཟེར་བའི་ནང་དུ་སྦས་པ་དང་། ཁོང་གི་སྲས་ཨམ་མོན་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

ཡ་ཧུ་དཱ་པའི་རྒྱལ་པོ་ཨ་མོན།

(༢ སྔོན་རབས་ ༣༣:༢༡-༢༥)

19ཨ་མོན་ལོ་གཉིས་ཤུ་ཅ་གཉིས་ལོན་དུས་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་རོ། ཁོང་གི་ཡེ་རུ་ཤ་ལེམ་དུ་ལོ་གཉིས་རིང་རྒྱལ་སྲིད་སྐྱངས་པ་དང་། ཁོང་གི་ཡུམ་ཧ་རུཛ་ཀྱི་བུ་མོ་མེ་ཤུལ་ལེ་མེད་ཞུ་བ་ཡོད་བཱའི་གྲོང་ཁྱེར་ནས་ཡིན་ནོ། 20ཁོང་གིས་རང་གི་ཡབ་མ་ནསེ་སཱེ་ལྟར་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བགྱིས་ཡོད་དོ། 21ཁོང་གིས་རང་གི་ཡབ་ཀྱིས་གནང་བ་ལྟར་ལས་ལྡོད་བྱས་ནས། ཁོང་གི་ཡབ་ཀྱིས་མཆོད་པའི་སྐུ་འདྲར་མཆོད་པ་དང་། 22ཁོང་གིས་རང་གི་ཕ་མེས་ཚོའི་དཀོན་མཆོག་ལ་སྤངས་པ་དང་། གཙོ་བོ་དཀོན་མཆོག་གི་བཀའ་ལ་མ་ཉན་པ་ཡིན་ནོ། 23ཨ་མོན་གྱི་ལས་བྱེད་པ་ཚོས་བྱུས་ངན་བརྩམས་ནས་ཁོང་ལ་ཕོ་བྲང་ནང་དུ་དཀྲོངས་སོ། 24ཡ་ཧུ་དཱ་པའི་མི་མང་ཚོས་ཨ་མོན་དཀྲོངས་མཁན་རྣམས་བསད་ནས། ཁོང་གི་བུ་ཡོ་ཤི་ཡཱ་རྒྱལ་པོར་བསྐོས་སོ། 25ཨ་མོན་གྱི་མཛད་པ་རྣམས་ཡ་ཧུ་དཱ་པའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 26ཨ་མོན་ལ་ཨུ་རྫའི་ལྡུམ་རའི་སྤུར་ཁང་དུ་སྦས་ནས། ཁོང་གི་བུ་ཡོ་ཤི་ཡཱ་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

རྒྱལ་རབས་གཉིས་པ། 22

ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱ།

(༢ སྔོན་རབས་ ༣༤:༡-༢)

1ཡོ་ཤི་ཡཱ་དགུང་ལོ་བརྒྱད་ལོན་དུས་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་རོ། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་གསུམ་ཅུ་སོ་གཅིག་རིང་རྒྱལ་སྲིད་སྐྱངས་སོ། ཁོང་གི་ཡུམ་ནི་བྷོཛ་ཀཱད་གྲོང་ཁྱེར་གྱི་ཨ་ད་ཡཱའི་བུ་མོ་ཡེ་དྷི་དཱ་ཞུ་བ་ཡིན་ནོ། 2ཡོ་ཤི་ཨཱས་གཙོ་བོ་དཀོན་མཆོག་གི་ཐུགས་མཉེས་པ་ཤ་སྟག་གནང་ཡོད་པ་དང་། ཁོང་གིས་རང་གི་མེས་པོ་དཱ་བིད་ཀྱི་རྗེས་སུ་འཇུག་ནས་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་རྣམས་གཙང་མར་སྲུང་ཡོད་དོ༎

བཀའ་ཁྲིམས་ཀྱི་དེབ་རྙེད་པ།

(༢ སྔོན་རབས་ ༣༤:༨-༢༨)

3ཁོང་གི་རྒྱལ་སྲིད་བཟུང་ནས་ལོ་ཅོ་བརྒྱད་སོང་བའི་སྐབས་སུ། རྒྱལ་པོ་ཡོ་ཤི་ཡཱས་ཁྲིམས་ཁང་གི་དྲུང་ཆེ་མེ་ཤུལ་ལམ་གྱི་ཚ་བོ་ཨ་ཛལ་ཡཱའི་བུ་ཤ་ཕན་ལ་བཀའ་འདི་དང་མཉམ་དུ་མཆོད་ཁང་དུ་བཏང་ངོ་། 4བླ་མ་ཆེན་པོ་ཧིལ་ཀི་ཡཱའི་དྲུང་དུ་སོང་ལ། བླ་མ་ལས་འགན་པས་མཆོད་ཁང་གི་འཛུལ་སྒོ་རུ་མི་མང་ནས་བསྡུས་པའི་དངུལ་གྱི་གྲངས་འབོར་ཇི་ཡོད་ཀྱི་ཐོ་ལེན་ཞིག 5དངུལ་དེ་ཚོ་མཆོད་ཁང་ཉམས་གསོ་བྱེད་མཁན་གྱི་འགོ་འཛིན་ལ་སྤྲོད་ཅིག 6དངུལ་དེ་ཚོ་ཤིང་བཟོ་བ་དང་ཁང་བཟོ་བ་དང་རྡོ་བཟོ་བར་བཅས་ལ་སྤྲོད་དགོས་པ་དང་། དེ་ཉམས་གསོས་བྱེད་རྒྱུའི་ཤིང་ཆ་དང་རྡོ་སོགས་ཉོ་དགོས་སོ། 7ལས་ཀའི་འགོ་འཛིན་རྣམས་ཧ་ཅང་དྲང་པོ་ཡིན། མ་དངུལ་དེ་ཚོ་རྩི་རྒྱག་བྱེད་མི་དགོས་སོ། 8ཤ་ཕན་གྱིས་རྒྱལ་པོའི་བཀའ་དེ་ཧིལ་ཀི་ཡཱ་ལ་སྤྲད་པ་དང་། ཧིལ་ཀི་ཡཱས་རང་ཉིད་ལ་དཀོན་མཆོག་གི་མཆོད་ཁང་ནང་དུ་ཁྲིམས་ཀྱི་དེབ་རྙེད་པའི་སྐོར་ཤ་ཕན་ལ་བཤད་དེ། ཧིལ་ཀི་ཡཱས་དེབ་དེ་ཤ་ཕན་ལ་སྤྲད་པ་དང་། ཁོང་གིས་དེབ་དེ་ཀློག་གོ། 9དེ་ནས་ཤ་ཕན་རྒྱལ་པོའི་སར་ཕྱིར་ལོག་ནས། ཁྱེད་ཀྱི་ཞབ་ཕྱི་ཚོས་མཆོད་ཁང་དུ་ཡོད་པའི་དངུལ་རྣམས་བླངས་ནས་ཉམས་གསོ་བྱེད་མཁན་འགོ་འཛིན་ཚོར་རྩིས་སྤྲོད་བྱས་སོང་ཞེས་ཞུས་སོ། 10དེ་ནས་ཁོང་གིས། ང་ལ་ཧིལ་ཀི་ཡཱས་གནང་བའི་དེབ་དེ་ཡོད་ཅེས་སྨྲས་ནས། ཁོང་གིས་སྐད་ཤུགས་ཆེན་པོས་དེབ་དེ་རྒྱལ་པོའི་དྲུང་དུ་ཀློག་གོ 11རྒྱལ་པོས་དེབ་དེ་ཀློག་པ་གསན་པ་དང་། ཐུགས་ཕམས་ཀྱིས་རང་གི་ན་བཟའ་ཧྲལ་ལོ། 12ཁོང་གིས་བླ་མ་ཧིལ་ཀི་ཡཱ་དང་ཤ་ཕན་གྱི་བུ་ཨ་ཧི་ཀམ་དང་མི་ཀ་ཡའི་བུ་ཨག་བྷོར་དང་ཁྲིམས་ཁང་གི་དྲུང་ཆེ་ཤ་ཕན་དང་རྒྱལ་པོའི་སྐུ་འགེར་གྱི་བསྒྲོས་སྟོན་པ་ཨ་ས་ཡཱ་བཅས་ལ་གཤམ་གསལ་བཀའ་རྣམས་གནང་ངོ་། 13སོང་ལ། ང་དང་ཡ་ཧུ་དཱ་པའི་མི་མང་ཚོའི་ཆེད་དུ་དེབ་འདི་སློབ་སྟོན་གྱིི་སྐོར་གཙོ་བོ་དཀོན་མཆོག་ལ་བཀའ་འདྲི་ཞུས་ཤིག གཙོ་བོ་དཀོན་མཆོག་ང་ཚོ་ལ་ཐུགས་ཁྲོ་བཞེས་གནང་ཡོད། གང་ལགས་ཟེར་ན། ང་ཚོའི་ཕ་མེས་ཚོས་དེབ་འདིའི་ནང་གང་བྱེད་དགོས་གསུངས་པ་རྣམས་ཉམས་ལེན་བྱས་མེད་དོ། 14ཧིལ་ཀི་ཡཱ་དང་ཨ་ཧི་ཀམ་དང་ཨག་བྷོར་དང་ཤ་ཕན་དང་ཨ་ས་ཡཱ་བཅས་ཡེ་རུ་ཤ་ལེམ་གྱི་ས་གནས་གསར་པ་ཞིག་ཏུ་སྡོད་མཁན་བུད་མེད་ལུང་སྟོན་མ་ཧུལ་དཱའི་རྩར་གྲོས་བྲིས་ཕྱིར་སོང་ནས། (ཏིག་ཝཱའི་བུ་དང་ཧར་ཧསེ་ཀྱི་ཚ་བོ་ཡིན་པ་ཤལ་ལུམ་ཟེར་བ་དེ་ནི་བུད་མེད་དེའི་ཁྱོ་ཡིན་ནོ། ཁོ་ནི་མཆོད་ཁང་གི་ན་བཟའི་འགོའ་འཛིན་ཡིན་པས།) དེ་ཚོས་མོ་ལ་ཇི་ལྟར་བྱུང་བ་རྣམས་ཀྱི་སྐོར་བཤད་དོ། 15མོས་དེ་ཚོ་ལ་རྒྱལ་པོའི་དྲུང་དུ་ཕྱིར་ལོག་ནས་ཁོང་ལ། 16གཙོ་བོ་དཀོན་མཆོག་གིས་བཤམ་གསལ་འཕྲིན་དེ་སྤྲོད་ཅིག་སྨྲས་སོ། རྒྱལ་པོས་ཀློག་པའི་དེབ་དེའི་ནང་བྲིས་པ་ལྟར་ཡེ་རུ་ཤ་ལེམ་དང་དེའི་མི་མང་རྣམས་ལ་ངས་ཆད་པ་གཏོང་རྒྱུ་ཡིན་ནོ། 17དེ་ཚོས་ང་སྤངས་ནས་ལྷ་གཞན་ལ་མཆོད་འབུལ་བྱས་ཡོད། དེ་ལྟར་དེ་ཚོས་བྱ་བ་ཚང་མས་ངའི་སེམས་ཁྲོ་རུ་བཅུག་ཡོད། ཡེ་རུ་ཤ་ལེམ་ཐོག་ངའི་ཁྲོ་བ་ལངས་ཡོད་པས་དེ་ཞི་བར་མི་འགྱུར་རོ། 18རྒྱལ་པོ་རང་ཉིད་ལ་ནི་ང་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་འདི་ལྟར་གཤོད་རྒྱུ་ཡིན། ཁྱོད་ཀྱིས་དེབ་ནང་གང་བྲིས་ཡོད་པར་ཉན་ཡོད་པ་དང་། 19ངས་ཡེ་རུ་ཤ་ལེམ་དང་དེའི་མི་མང་རྣམས་ལ་ཆད་པ་གཏོང་རྒྱུ་དང་དེ་ལ་འཇིགས་སུ་རུང་བའི་མཐོང་ཡུལ་དུ་བཟོས་རྒྱུ་ཡིན། ས་གནས་དེའི་མིང་མི་ཚོས་དམོད་པ་བཞིན་བེད་དཔྱོད་བྱེད་རྒྱུ་ཡིན་པ་ཉན་བརྡ་ཐོས་སྐབས། ཁྱོད་ཀྱིས་ངའི་མདུན་དུ་འགྱོད་བཤགས་གྱིས་ནས་ཉམས་ཆུང་བྱས་ཏེ། ངུ་ཞིང་རང་གི་གོས་ཧྲལ་བའི་རྐྱེན་ངས་ཁྱོད་ཀྱི་སྨོན་ལམ་ཐོས་ཡོད། 20ངས་ཡེ་རུ་ཤ་ལེམ་ཐོག་གཏོང་རྒྱུའི་ཆད་པ་དེ་ཁྱོད་ཤི་བའི་རྗེས་སུ་མ་གཏོགས་གཏོང་རྒྱུ་མིན་པས། ངས་ཁྱོད་ཞི་བའི་ངང་འཆི་རུ་འཇུག་རྒྱུ་ཡིན། མི་དེ་ཚོས་འཕྲིན་དེ་འཁྱེར་ནས་རྒྱལ་པོ་ཡོ་ཤི་ཡཱའི་སར་ཕྱིར་ལོག་གོ།

རྒྱལ་རབས་གཉིས་པ། 23

ཡོ་ཤི་ཡཱས་སྐུ་འདྲའི་མཆོད་པ་མེད་པར་བཟོས་པ།

(༢ སྔོན་རབས་ ༣༤:༣-༧,༢༩-༣༣)

1རྒྱལ་པོ་ཡོ་ཤི་ཡཱས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་འགོ་བྱེད་རྣམས་བཀའ་འགུག་གནང་ངོ་། 2རྒྱལ་པོ་དེ་ཚོ་དང་མཉམ་དུ་འཁྲིད་ནས་མཆོད་ཁང་དུ་སོང་ངོ། བླ་མ་ཚོ་དང་ལུང་སྟོན་པ་ཚོ་དང་ལྷག་ཕྲོས་གཞན་མི་མང་དབུལ་ཕྱུག་དང་བཅས་པ་ཚང་མ་ཁོ་ཚོ་མཉམ་དུ་ཕྱིན་ནོ། དེ་ཚོ་ཚང་མའི་མདུན་དུ་རྒྱལ་པོས་གསུང་སྐད་ཆེན་པོའི་མཆོད་ཁང་ནང་དུ་རྙེད་པའི་ཞལ་ཆད་ཀྱི་དེབ་དེ་ཆ་ཚང་ཀློག་གནང་ངོ་། 3ཁོང་ཀ་བའི་ཉེ་འགྲམ་དུ་བཞེངས་ནས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ནས། སེམས་ཀྱི་གཏིང་ནས་ཁོང་གི་བཀའ་ཁྲིམས་དང་བཀའ་རྒྱ་རྣམས་དེབ་ནང་བཀོད་ཡོད་པ་ལྟར་སྲུང་རྒྱུ་དང་དམ་བཅའ་དང་འབྲེལ་ཡོད་ཀྱི་དགོས་དོན་རྣམས་ལག་ལེན་ལྟར་རྒྱུའི་ཞལ་ཆད་འཇོག་གནང་ངོ་། དེ་ལྟར་མི་མང་ཚང་མས་ཀྱང་དམ་བཅའ་རྣམས་སྲུང་རྒྱུའི་ཞལ་ཆད་ཞུས་སོ། 4དེ་ནས་ཡོ་ཤི་ཡཱས་བླ་མ་ཆེན་པོ་ཧིལ་ཀི་ཡཱ་དང་ཁོང་གི་ལས་རོགས་བླ་མ་དང་མཆོད་ཁང་གི་འཛུལ་སྒོའི་ལས་འགན་ཡོད་པའི་སྐུ་སྲུང་པ་བཅས་ལ། མཆོད་ཁང་ནས་བྷལ་དང་ལྷ་མོ་ཨ་ཤེ་རཱ་དང་སྐར་ཚོགས་བཅས་ལ་མཆོད་རྒྱུར་བེད་སྤྱོད་བྱེད་པའི་དངོས་རིགས་རྣམས་ཕྱིར་འདོན་དགོས་པའི་བཀའ་གནང་ངོ་། རྒྱལ་པོས་དངོས་རིགས་དེ་ཚོ་ཚང་མ་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཀིད་རོན་གྱི་ལུང་གཤོང་ཉེ་འགྲམ་དུ་སྲེགས་ནས། གོག་ཐལ་དེ་ཚོ་བྷེ་ཐེལ་དུ་འཁྱེར་བཅུག་གོ 5ཁོང་གིས་ལས་ཁུངས་ནས་ཡ་ཧུ་དཱ་པའི་རྒྱལ་པོ་ཚོས་བསྐོས་གནང་བའི་ཡ་ཧུ་དཱ་པའི་གྲོང་ཁྱེར་ཁག་དང་། ཡེ་རུ་ཤ་ལེམ་གྱི་ས་ཁུལ་ཁག་གི་ཉེ་འགྲམ་དུ་མཆོད་ཁྲི་རྣམས་ལ་མཆོད་པ་འབུལ་མཁན་བླ་མ་རྣམས་དང་བྷལ་དང་ཉི་ཟླ་དང་རྒྱུ་སྐར་བཅས་ལ་མཆོད་པ་འབུལ་མཁན་བླ་མ་རྣམས་ཕྱིར་འབུད་གནང་ངོ་། 6ཁོང་གི་མཆོད་ཁང་ནས་ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་དེ་བཏོན་གནང་ནས་དེ་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཀིད་རོན་གྱི་ལུང་གཤོང་དུ་འཁྱེར་ནས་བསྲེགས་པ་དང་། དེ་ལ་རྡུལ་ལྟར་བཟོས་ནས་མི་མང་གི་དུར་ཁྲོད་དུ་གཏོར་གནང་ངོ་། 7ཁོང་གིས་ལྷ་ཁང་གི་སྨད་འཚོང་མ་ལ་དབང་བའི་སྡོད་ཁང་རྣམས་བཤིགས་སོ། དེ་ནི་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ནང་དུ་ཡོད་དོ། (དེར་བུད་མེད་ཚོས་ཨ་ཤེ་རཱ་ལ་མཆོད་པའི་སྐབས་སུ་གྱོན་པའི་ན་བཟའ་འཐག་བཞིན་ཡོད) 8ཁོང་གིས་ཡ་ཧུ་དཱ་པའི་གྲོང་ཁྱེར་ཁག་ནང་ཡོད་པའི་བླ་མ་རྣམས་ཡེ་རུ་ཤ་ལེམ་དུ་འཁྲིད་ཕེབས་པ་དང་། ཁོང་གིས་ཡུལ་ཡོངས་སུ་དེ་ཚོས་མཆོད་པ་འབུལ་བའི་མཆོད་ཁྲི་རྣམས་ཉམས་པར་བཟོས་ཏེ། ཁོང་གིས་གྲོང་ཁྱེར་ནང་འཛུལ་སྐབས་རྒྱལ་སྒོའི་གཡོན་ཕྱོགས་སུ་ཡོད་པའི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཡོ་ཤུ་ཨས་བཞེངས་པའི་རའི་འདྲེ་རྣམས་ལ་བསྔོ་བའི་མཆོད་ཁྲི་རྣམས་ཀྱང་བཤིགས་སོ། 9བླ་མ་དེ་ཚོའི་མཆོད་ཁང་ནང་ཞབས་ཞུ་བྱེད་མི་ཆོག་པ་དང་། འོན་ཀྱང་དེ་ཚོས་རོགས་པ་བླ་མ་ཚོས་ཟ་བའིི་ཆི་མན་མེད་པའི་བག་ལེབ་དེ་ཚོས་ཟ་ཆོག་པ་ཡིན་ནོ། 10སུས་ཀྱང་རང་གི་བུ་དང་བུ་མོ། མོ་ལེག་ལ་སྦྱིན་སྲེག་གི་མཆོད་པར་ཕུལ་མི་དགོས་པའི་ཕྱིར་རྒྱལ་པོ་ཡོ་ཤི་ཡཱས་ཧིན་ནོམ་གྱི་ལུང་གཤོང་གི་ཏོ་ཕེད་བྱ་བ་ཕྱི་པའི་ལྷ་ལ་མཆོད་ཡུལ་དེ་ཡང་མི་གཙང་བར་བཟོས་གནང་ངོ་། 11ཁོང་གིས། ཡ་ཧུ་དཱ་པའི་རྒྱལ་པོ་ཚོས་ཉི་མའི་ལྷ་ལ་མཆོད་པར་བསྔོ་བའི་རྟ་ཚོ་ཡང་ཕྱིར་འདོན་གནང་བ་དང་མཆོད་པ་འབུལ་སྐབས་བེད་སྤྱོད་བྱེད་པའི་ཤིང་རྟ་འཁོར་ལོ་དེ་ཚོ་མཆོད་ཁང་གི་འཁྱམ་རའི་ནང་བཞག་ཡོད་པ་རྣམས་མེར་བསྲེགས་གནང་ངོ་། དེ་ཚོ་ནི་རྒྱལ་སྒོའི་ཉེ་འགྲམ་དུ་ཡོད་པའི་ལས་བྱེད་པ་ཆེན་པོ་ན་ཐན་མེ་ལེག་གི་གཟིམ་ཤག་ནས་ཐག་ཉེ་བར་ཡོད་དོ། 12ཡ་ཧུ་དཱ་པའི་རྒྱལ་པོ་ཚོས་རྒྱལ་པོ་ཨ་ཧཛ་ཀྱི་གཟིམ་ཤག་གི་སྟེང་ཐོག་ལ་བཞེངས་པའི་མཆོད་ཁྲི་ཁག་དང་། རྒྱལ་པོ་ཡོ་ཤི་ཡཱས་མཆོད་ཁང་གི་འཁྱམ་ར་གཉིས་ནང་རྒྱལ་པོ་མ་ནསེ་སཱེས་བཞེངས་པའི་མཆོད་ཁྲི་ཁག་དང་མཉམ་དུ་རློག་པ་མ་ཟད། ཁོང་གིས་མཆོད་ཁྲི་དེ་ཚོ་དུམ་བུར་བཏང་ནས་ཀིད་རོན་གྱི་གྲོག་པོའི་ནང་དབྱུགས་སོ། 13ཡེ་རུ་ཤ་ལེམ་གྱི་ཤར་ཕྱོགས་སུ། རི་བོ་ཨོ་ལེབ་ཀྱི་ལྷོ་ཕྱོགས་སུ་རྒྱལ་པོ་སོ་ལོ་མོན་གྱིས། སི་དོན་པའི་ལྷ་མོ་ཨསེ་ཀྲར་ཀྲེ་དང་། མོ་ཨབ་པའི་ལྷ་ཀེ་མོཤ་དང་། ཨམ་མོན་གྱི་ལྷ་མོ་ལེག་བཅས་ལ་བཞེངས་པའི་མཆོད་ཁྲི་རྣམས་རྒྱལ་པོ་ཡོ་ཤི་ཡཱས་མི་གཙང་བར་བཟོས་སོ། 14རྒྱལ་པོ་ཡོ་ཤི་ཡཱས་རྡོའི་ཀ་བ་རྣམས་དུམ་བུར་བཅག་པ་དང་ལྷ་མོ་ཨ་ཤེ་རཱ་ལ་བསྔོ་བའི་སྐུ་འདྲ་རྣམས་ལ་བཅག་པ་མ་ཟད། དེ་ཚོ་ཡོད་པའི་ས་ཁུལ་དུ་མིའི་རུས་པའི་བཀབ་པ་གནང་ངོ་། 15ཨིསི་རཱཨེལ་པ་ཚོར་སྡིག་པར་སྣེ་འཁྲི་བྱེད་མཁན་ནེ་བྷད་ཀྱི་བུ་རྒྱལ་པོ་ཡེ་རོ་བྷམ་གྱི་བཞེངས་པའི་བྷེ་ཐེལ་གྱི་མཆོད་ཁྲི་དེ་ཡང་ཡོ་ཤི་ཡཱས་མར་བཤིགས་སོ། ཡོ་ཤི་ཨས་མཆོད་ཁྲི་བཤིགས་པའི་རྡོ་རྣམས་དུམ་བུར་བཅག་ནས་དེ་ཚོ་རྡུལ་ལྟར་བཟོས་པ་མ་ཟད། ཁོང་གིས་ཨ་ཤེ་རཱ་ཡི་སྐུ་འདྲ་ཡང་མེར་བསྲེགས་སོ། 16དེ་ནས་ཡོ་ཤ་ཡཱས་མཐའ་འཁོར་དུ་གཟིགས་པ་དང་རི་བོའི་སྟེང་དུ་སྤུར་ཁང་འགའ་ཞིག་གཟིགས་པས། དེ་ཚོ་ནས་རུས་པ་བླངས་ནས་མཆོད་ཁྲིའི་སྟེང་དུ་བསྲེགས་སོ། རྒྱལ་པོ་ཡེ་རོ་བྷམ་མཆོད་ཁྲིའི་ཉེ་འགྲམ་དུ་བཞེངས་བཞུགས་སྐབས་སུ། སྔོན་གྱི་ལུང་སྟོང་པས་ལུང་བསྟན་གནང་བ་ལྟར། ཁོང་གིས་མཆོད་ཁྲི་རྣམས་ཉམས་པར་གནང་ངོ་། རྒྱལ་པོ་ཡོ་ཤི་ཨས་མཐའ་འཁོར་དུ་གཟིགས་པས། ལུང་བསྟན་འདི་གནང་མཁན་ལུང་སྟོན་པ་དེའི་སྤུར་ཁང་གཟིགས་ནས། 17ཁོང་གིས། སྤུར་ཁང་འདི་སུའི་རེད་དམ་ཅེས་བཀའ་འདྲི་གནང་བས། ལན་དུ་བྷེ་ཐེལ་གྱི་མི་མང་ཚོས། དེ་ནི་ཁྱེད་ཀྱིས་ད་ལྟ་མཆོད་ཁྲི་དེར་ཇི་ལྟར་མཛད་པ་དེ་སྐོར་ལ་ལུང་སྟོན་མཁན་ཡ་ཧུ་དཱ་ནས་ཕེབས་པའི་ལུང་སྟོན་པ་དེའི་སྤུར་ཁང་རེད་ཅེས་ཞུས་སོ། 18ཡོ་ཤི་ཡཱས་དེ་ནི་ཇི་ལྟར་ཡོད་པ་བཞིན་འཇོག་གོ ཁོང་གིས་རུས་པ་དེ་ཚོར་མ་སྤོས་ཞིག་ཅེས་བཀའ་གནང་ངོ་། དེ་ལྟར་ཁོང་གིས་རུས་པ་རྣམས་སྤོས་མེད་དོ། ས་མར་ཡ་ནས་ཕེབས་པའི་ལུང་སྟོན་པའི་རུས་པ་ཡང་དེ་ལྟར་འཇོག་གནང་ངོ་། 19ཨིསི་རཱཨེལ་གྱི་རྒྱལ་པོ་ཚོས་གྲོང་ཁྱེར་ཚང་མར་ཕྱི་པའི་ལྷ་ལ་མཆོད་ཡུལ་བཞེངས་ནས་གཙོ་བོ་དཀོན་མཆོག་ཐུགས་ཁྲོ་རུ་བཅུག་པས་རྒྱལ་པོ་ཡོ་ཤི་ཡཱས་དེ་རྣམས་རློགས་པར་མཛད་ནས། མཆོད་ཁྲི་དེ་ཚོར་བྷེ་ཐེལ་དུ་མཛད་པ་ལྟར་གནང་ངོ་། 20ཁོང་གིས་ཕྱི་པའི་ལྷ་ལ་མཆོད་འབུལ་བྱེད་མཁན་བླ་མ་རྣམས་མཆོད་ཁྲི་དེ་ཚོའི་ཁར་བསད་ནས། ཁོང་གིས་མཆོད་ཁྲི་དེ་ཚོའི་ཁར་མིའི་རུས་པ་རྣམས་བསྲེགས་གནང་ནས། དེ་ནས་ཁོང་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་ཕེབས་སོ༎

ཡོ་ཤི་ཡཱས་ཐར་གྲོལ་གྱི་དུས་སྟོན་སྲུང་བརྩི་ཞུས་པ།

(༢ སྔོན་རབས་ ༣༥:༡-༡༩)

21རྒྱལ་པོ་ཡོ་ཤི་ཡཱས། མི་མང་ཚོར་དམ་བཅའི་དེབ་ནང་བཀོད་ཡོད་པ་ལྟར་དེ་ཚོ་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་ཐར་གྲོལ་གི་དུས་སྟོན་སྲུང་བརྩི་བྱོས་ཤིག་ཅེས་བཀའ་གནང་ངོ་། 22ཁྲིམས་དཔོན་གྱིས་རྒྱལ་ཁབ་འཛིན་སྐྱོངས་གནང་བའི་སྐབས་ནས་བཟུང་ཨིསི་རཱཨེལ་དང་ཡ་ཧུ་དཱ་པའི་རྒྱལ་པོ་སུས་ཀྱང་ཐར་གྲོལ་གྱི་དུས་སྟོན་དེ་འདྲ་སྲུང་བརྩི་ཞུས་མྱོང་མེད་དོ། 23འོན་ཀྱང་ཡོ་ཤི་ཨཱས་རྒྱལ་སྲིད་སྐྱོངས་བའི་ལོ་བཅོ་བརྒྱད་པར་ཡེ་རུ་ཤ་ལེམ་དུ་ཐར་གྲོལ་གྱི་དུས་ཆེན་སྲུང་བརྩི་ཞུས་སོ༎

ཡོ་ཤི་ཡཱས་སྒྱུར་བཅོས་གཞན་ཁག་གནང་བ།

24མཆོད་ཁང་ནང་ནས་བླ་མ་ཧིལ་ཀི་ཡཱས་རྙེད་པའི་དེབ་ནང་བཀོད་ཡོད་པའི་ཁྲིམས་རྣམས་ཆ་ཚང་སྒྲུབས་པའི་ཆེད་རྒྱལ་པོ་ཡོ་ཤི་ཡཱས་ཡེ་རུ་ཤ་ལེམ་དང་གཞན་ཡ་ཧུ་དཱ་པའི་ཡུལ་ནང་ཡོད་པའི་ལྷ་པ་དང་སྔོན་ཤེས་མཁན་དང་ཁང་པའི་ལྷ་སྐུ་དང་གཞན་ཕྱི་པའི་ལྷ་མོ་མཆོད་པའི་དངོས་པོ་རྣམས་མེད་པར་མཛད་དོ། 25སྔོན་དུ་ཁོང་དང་འདྲ་བའི་སེམས་ཀྱི་གཏིང་ནས་ལུས་ངག་ཡིད་གསུམ་ནས་གཙོ་བོ་དཀོན་མཆོག་གི་ཞབས་ཕྱི་ཞུ་མཁན་ཡིན་པ་མ་ཟད། མོ་ཤེའི་ཁྲིམས་ཚང་མ་སྲུང་མཁན་རྒྱལ་པོ་ཁོང་དང་འདྲ་བ་བྱུང་མེད་པ་མ་ཟད། དེ་ནས་བཟུང་སྟེ་ཁོང་དང་འདྲ་བའི་རྒྱལ་པོ་ནམ་ཡང་མ་བྱུང་ངོ་། 26འོན་ཀྱང་རྒྱལ་པོ་མ་ནསེ་སཱེས་ཇི་ལྟར་ལས་ངན་བྱས་པར་བརྟེན་ནས་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་དྲག་པོ་དེ་ཡ་ཧུ་དཱ་པའི་ཐོག་ཏུ་ཡོད་པ་མ་ཟད། ད་ལྟ་ཡང་དེ་ཞི་མེད་དོ། 27གཙོ་བོ་དཀོན་མཆོག་གིས། ངས་ཨིསི་རཱཨེལ་པ་ཚོར་ཇི་ལྟར་བཏོན་པ་བཞིན་ཡ་ཧུ་དཱ་པ་ཚོ་ལ་ཡང་བཏོན་རྒྱུ་ཡིན་པ་མ་ཟད། ངས་ཡ་ཧུ་དཱ་པའི་མི་མང་རྣམས་ལ་ཡང་ངས་མཐོང་ས་ནས་ཐག་རིང་དུ་འཇོག་རྒྱུ་དང་། ངས་འདམས་པའི་གྲོང་ཁྱེར་ཡེ་རུ་ཤ་ལེམ་དང་། ང་ལ་མཆོད་དགོས་ཅེས་ངས་དམ་བཅའ་བྱས་པའི་ས་ཁུལ་དེར་ཡོད་པའི་མཆོད་ཁང་འདི་ཡང་སྤངས་རྒྱུ་ཡིན་ཞེས་བཀའ་གནང་ངོ་༎

ཡོ་ཤི་ཡཱའི་རྒྱལ་སྲིད་ཀྱི་མཐའ་མ།

(༢ སྔོན་རབས་ ༣༥:༢༠—༣༦:༡)

28ཡོ་ཤི་ཡཱས་མཛད་པ་རྣམས་ཡ་ཧུ་དཱ་པའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད། 29ཡོ་ཤི་ཡཱས་རྒྱལ་པོ་གནང་སྐབས་ཨི་ཇིབ་ཀྱི་རྒྱལ་པོ་ནི་ཀོས་ཨ་སུར་གྱི་རྒྱལ་པོ་ཆེན་པོ་ལ་རོགས་བྱེད་ཕྱིར་དམག་དཔུང་འཁྲིད་ནས་གཙང་པོ་ཡུབ་རད་བར་དུ་ཕྱིན་ནོ། རྒྱལ་པོ་ཡོ་ཤི་ཡཱས་ཨི་ཇིབ་ཀྱིི་དམག་དཔུང་རྣམས་མེ་གི་དྷོ་རུ་འགོག་ཐབས་གནང་སྐབས་ནི་ཀོས་ཁོང་ལ་བསད་དོ། 30ཁོང་གི་ལས་བྱེད་པ་ཚོས་ཁོང་གི་སྐུ་ཕུང་ཤིང་རྟ་འཁོར་ལོ་ཞིག་གི་ནང་དུ་བཞག་སྟེ་ཡེ་རུ་ཤ་ལེམ་དུ་འཁྱེར་ནས་ཁོང་ལ་རྒྱལ་པོའི་དུར་ཁང་ནང་སྦས་སོ། ཡ་ཧུ་དཱ་པའི་མི་མང་ནས་ཡོ་ཤི་ཡཱའི་བུ་ཡོ་ཨ་ཧཛ་ལ་འདམས་ནས་རྒྱལ་པོར་བཀོད་དོ།།

ཡ་ཧུ་དཱའི་རྒྱལ་པོ་ཡོ་ཨ་ཧཛ།

(༢ སྔོན་རབས་ ༣༦:༢-༤)

31ཡོ་ཨ་ཧཛའི་དགུང་ལོ་གཉིས་ཤུ་ཅ་གསུམ་ལོན་དུས་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་རོ། ཁོང་གིས་ཡེ་རུ་ཤ་ལེམ་དུ་ཟླ་བ་གསུམ་རིང་རྒྱལ་སྲིད་བསྐྱངས་སོ། ལིབ་ནཱའི་གྲོང་ནས་ཡིན་པ་ཡེར་མི་ཡཱའི་བུ་མོ་ཧ་མུ་ཏལ་བྱ་བ་ནི་ཁོང་གི་ཡུམ་ཡིན་ནོ། 32ཁོང་གི་ཕ་མེས་ཚོའི་བྱས་པ་ལྟར། གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད་དོ། 33ཨི་ཇིབ་ཀྱི་རྒྱལ་པོ་ནི་ཀོས་ཁོང་ལ་ཧ་མད་ཡུལ་གྱི་རིབ་ལཱ་རུ་བཙོན་དུ་འཁྱེར་བའི་སྐབས་སུ་ཁོང་གི་རྒྱལ་སྲིད་ཀྱི་མཐའ་མར་བྱུང་ངོ། ཡ་ཧུ་དཱ་པ་ཚོར་དངུལ་ཀི་ལོ་གྷ་རམ་ ༣,༤༠༠ དང་གསེར་ཀི་ལོ་གྷ་རམ་གསུམ་ཅུ་སོ་བཞི་དཔྱ་ཁྲལ་གྱི་ཚུལ་དུ་འཕུལ་བཅུག་གོ 34རྒྱལ་པོ་ནི་ཀོས་ཡོ་ཤི་ཨཱའི་སྲས་ཨིལ་ཡ་ཀིམ་ལ་ཁོང་གི་ཡབ་ཡོ་ཤི་ཨཱའི་ཤུལ་འཛིན་དུ་ཡ་ཧུ་དཱའི་རྒྱལ་པོར་བསྐོས་ནས། ཁོང་གི་མཚན་ཡེ་ཧོ་ཡ་ཀིམ་དུ་བསྒྱུར་བ་ཡིན་ནོ། རྒྱལ་པོ་ནི་ཀོས་ཡོ་ཨ་ཧཛལ་ཨི་ཇིབ་ཡུལ་དུ་འཁྲིད་ནས་ཁོང་དེར་གྲོངས་སོ༎

ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཡ་ཀིམ།

(༢ སྔོན་རབས་ ༣༦:༥-༨)

35ཨི་ཇིབ་ཀྱི་རྒྱལ་པོའི་བཀའ་བཞིན་དུ་དཔྱ་ཁྲལ་འཇལ་བའི་ཕྱིར་རྒྱལ་པོ་ཡེ་ཧོ་ཡ་ཀིམ་གྱིས་མི་མང་གི་རྒྱུ་ནོར་ལ་གཞིར་བཟུང་ལྟར་དཔྱ་ཁྲལ་བསྡུས་སོ། 36ཡེ་ཧོ་ཡ་ཀིམ་གྱིས་རྒྱལ་སྲིད་བཟུང་བའི་སྐབས་དགུང་ལོ་གཉིས་ཤུ་ཅ་ལྔ་ཡིན་པ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་བཅུ་གཅིག་རིང་རྒྱལ་སྲིད་སྐྱངས་ནས། ཁོང་གི་ཡུམ་ནི་རུ་མཱའི་གྲོང་ཁྱེར་གྱི་པེ་དྷ་ཡཱའི་བུ་མོ་ཛེ་བི་དཱ་ཡིན་ནོ། 37རང་གི་ཕ་མེས་ཚོས་བྱས་པ་ལྟར་ཡེ་ཧོ་ཡ་ཀིམ་གྱིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་སོ༎

རྒྱལ་རབས་གཉིས་པ། 24

1ཡེ་ཧོ་ཡ་ཀིམ་རྒྱལ་པོ་ཡིན་པའི་སྐབས་སུ་བྷེ་བྷི་ལོ་ནི་ཡ་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཡ་ཧུ་དཱ་པའི་ཡུལ་དུ་བཙན་འཛུལ་བྱས་ནས་ལོ་གསུམ་རིང་ཡེ་ཧོ་ཡ་ཀིམ་ཁོང་གི་དབང་བསྒྱུར་འོག་ཏུ་གནས་དགོས་བྱུང་བ་དང་། དེ་ནས་ཁོང་གིས་ངོ་ལོག་བྱས་སོ། 2གཙོ་བོ་དཀོན་མཆོག་གིས་རང་གི་ཞབས་ཏོག་པ་ལུང་སྟོན་པ་ཚོའི་བརྒྱུད་ནས་གསུངས་པ་ལྟར། བྷེ་བྷི་ལོན་པ་དང་། སི་རི་ཡ་པ་དང་། མོ་ཨབ་པ་དང་། ཨམ་མོན་པ་བཅས་ཀྱི་དཔུང་དམག་རྣམས་ཡ་ཧུ་དཱ་མེད་པར་བཟོ་བའི་ཕྱིར་ཡེ་ཧོ་ཡ་ཀིམ་གྱི་ཐོག་ཏུ་བཏང་ངོ་། 3རྒྱལ་པོ་མ་ནསེ་སཱེས་སྡིག་པ་གྱིས་པ་ལ་བརྟེན་ནས་ཡ་ཧུ་དཱ་པའི་མི་མང་རྣམས་གཙོ་བོ་དཀོན་མཆོག་གི་སྤྱན་སྔ་ནས་མཐར་སྤྲོད་གཏོང་བའི་ཕྱིར་གཙོ་བོ་དཀོན་མཆོག་གི་བཀའ་ལྟར་གནས་ཚུལ་འདི་བྱུང་བ་ཡིན་ནོ། 4ཁྱད་པར་དུ་མ་ནསེ་སཱེས་མི་མང་ཉེས་མེད་རྣམས་ལ་བསད་ཡོད་པ་དང་། གཙོ་བོ་དཀོན་མཆོག་གིས་མ་ནསེ་སཱེ་ལ་བཤགས་པ་གནང་བར་ཐུགས་འདོད་མི་གནང་ངོ། 5ཡེ་ཧོ་ཡ་ཀིམ་གྱིས་མཛད་པ་རྣམས་ཡ་ཧུ་དཱ་པའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད། 6ཡེ་ཧོ་ཡ་ཀིམ་གྲོངས་པའི་རྗེས་སུ་ཁོང་གི་སྲས་ཡེ་ཧོ་ཡ་ཀིན་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ། 7ཨི་ཇིབ་ཀྱི་རྒྱལ་པོ་དང་ཁོང་གི་དམག་དཔུང་རྣམས་ཨི་ཇིབ་ནས་ཡང་སྐྱར་ཕྱིར་མ་ཡོང་ངོ་། གང་ལགས་ཟེར་ན། བྷེ་བྷི་ལོན་གྱི་རྒྱལ་པོས་ཨི་ཇིབ་ལ་བདག་པའི་ས་ཁུལ་ཡོངས་དང་གཙང་པོ་ཡུབ་རད་ནས་བྱང་ཨི་ཇིབ་ཀྱི་ས་མཚམས་བར་དུ་བདག་དབང་བྱས་སོ༎

ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཡ་ཀིན།

(༢ སྔོན་རབས་ ༣༦:༩-༡༠)

8ཡེ་ཧོ་ཡ་ཀིན་ལོ་ཅོ་བརྒྱད་ལོན་དུས་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་རོ། ཁོང་གིས་ཡེ་རུ་ཤ་ལེམ་དུ་ཟླ་བ་གསུམ་རིང་རྒྱལ་སྲིད་སྐྱངས་སོ། ཁོང་གི་ཡུམ་ནི་ཡེ་རུ་ཤ་ལེམ་གྱི་ཨེལ་ན་ཐན་གྱི་སྲས་མོ་ནེ་ཧུཤ་ཏ་ཡིན་ནོ། 9ཁོང་གི་ཡབ་ཀྱི་གནང་བ་ལྟར་ཡེ་ཧོ་ཡ་ཀིན་གྱིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད་དོ། 10ཁོང་གི་རྒྱལ་སྲིད་སྐྱོང་སྐབས་སུ་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱི་དམག་དཔོན་ཚོའི་བཀའ་གོང་བཞིན་བྷེ་བྷི་ལོན་པའི་དམག་དཔུང་གིས་ཡེ་རུ་ཤ་ལེམ་ཐོག་ཏུ་འཐབ་ནས་གྲོང་ཁྱེར་ལ་མཐའ་སྐོར་རོ། 11དེར་མཐའ་སྐོར་བའི་སྐབས་སུ་ནེ་བུ་ཀད་ནེ་ཛར་ཁོང་རང་ཡེ་རུ་ཤ་ལེམ་དུ་སླེབས་སོ། 12རྒྱལ་པོ་ཡེ་ཧོ་ཡ་ཀིན་དང་ཁོང་གི་ཡུམ་དང་བུ་ཚོ་དང་དཔོན་པོ་ཚོ་དང་ཕོ་བྲང་གི་ལས་བྱེད་པ་དང་བཅས་པས་བྷེ་བྷི་ལོན་པ་ཚོར་མགོ་སྒུར་རོ། ནེ་བུ་ཀད་ནེ་ཛར་གྱིས་རྒྱལ་སྲིད་བཟུང་བའི་ལོ་བརྒྱད་པར་ཡེ་ཧོ་ཡ་ཀིན་བཙོན་དུ་བཅུག་པ་དང་། 13བྷ་བྷིལ་ལོན་དུ་ཡོད་པའི་མཆོད་ཁང་དང་ཕོ་བྲང་གི་རྒྱུ་དངོས་ཡོངས་རྫོགས་འཁྱེར་རོ། གཙོ་བོ་དཀོན་མཆོག་གིས་སྔོན་དུ་བཀའ་གནང་བ་ལྟར། ནེ་བུ་ཀད་ནེ་ཛར་གྱིས། རྒྱལ་པོ་སོ་ལོ་མོན་གྱིས་མཆོད་ཁང་གི་ཆེད་དུ་བཟོས་པའི་གསེར་གྱི་ཡོ་བྱད་རྣམས་བཅག་པ་མ་ཟད། 14ནེ་བུ་ཀད་ནེ་ཛར་གྱིས་ཡེ་རུ་ཤ་ལེམ་གྱི་མི་འབངས་དང་རྒྱལ་སྲས་ཚང་མ་དང་མི་གཙོ་དྲག་ཁག་བཅས་བསྡོམས་ ༡༠,༠༠༠ བཙོན་པར་འཁྲིད་དོ། ལག་ཤེས་མཁས་པ་ཁག་དང་མགར་བ་དང་བཅས་པ་རྣམས་བཙོན་དུ་འཁྲིད་ནས་ཡ་ཧུ་དཱ་རུ་མི་སྐྱོ་ཤོས་འབའ་ཞིག་བཞག་གོ 15ནེ་བུ་ཀད་ནེ་ཛར་གྱིས་ཡེ་ཧོ་ཡ་ཀིན་དང་ཁོང་གི་ཡུམ་དང་ཆུང་མ་ཚོ་དང་ལས་བྱེད་པ་ཚོ་དང་ཡ་ཧུ་དཱ་པའི་གལ་ཆེའི་མི་སྣ་ཁག་བྷ་བྷིལ་ལོན་དུ་བཙོན་པར་འཁྲིད་དོ། 16ནེ་བུ་ཀད་ནེ་ཛར་གྱིས་མི་གལ་ཆེ་རྣམས་བྷ་བྷེལ་ལོ་ནི་ཡ་དུ་འཁྲིད་པའི་གྲངས་ ༧,༠༠༠ དང་མགར་བ་དང་ལག་ཤེས་མཁན་མི་གྲངས་ ༡,༠༠༠ བཅས་དེ་ཚོ་ཚང་མ་ནི་སྟོབས་ཤུགས་ལྡན་པ་དང་དམག་འཐབ་ཐུབ་མཁན་འབའ་ཞིག་ཡིན་ནོ། 17ནེ་བུ་ཀད་ནེ་ཛར་གྱིས་ཡེ་ཧོ་ཡ་ཀིན་གྱི་ཨ་ཁུ་མ་ཏན་ཡཱ་ལ་ཡ་ཧུ་དཱ་པའི་རྒྱལ་པོར་བསྐོས་ནས་ཁོང་གི་མིང་ལ་ཛེ་དེ་ཀི་ཡཱ་ཞེས་བཏགས་སོ༎

ཡ་ཧུ་དཱ་པའི་རྒྱལ་པོ་ཛེ་དེ་ཀི་ཡཱ།

(༢ སྔོན་རབས་ ༣༦:༡༡-༡༢; ཡེར་མི་ཡཱ་ ༥༢:༡-༣)

18ཛེ་དེ་ཀི་ཡཱ་དགུང་ལོ་གཉིས་ཤུ་ཅ་གཅིག་ལོན་དུས་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་རོ། ཁོང་གི་ཡེ་རུ་ཤ་ལེམ་དུ་ལོ་བཅུ་གཅིག་རྒྱལ་སྲིད་སྐྱངས་སོ། ཁོང་གི་ཡུམ་ནི་ལིབ་ནཱའི་གྲོང་ཁྱེར་གྱི་ཡེར་མི་ཡཱའི་སྲས་མོ་ཧ་མུ་ཏལ་ཞུ་བ་དེ་ཡིན་ནོ། 19རྒྱལ་པོ་ཡེ་ཧོ་ཡ་ཀིམ་གྱིས་མཛད་པ་ལྟར་རྒྱལ་པོ་ཛེ་དེ་ཀི་ཡཱས་ཀྱང་གཙོ་བོ་དཀོན་མཆོག་གིས་སྤྱན་སྔར་སྡིག་པ་གྱིས་སོ། 20གཙོ་བོ་དཀོན་མཆོག་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱ་པའི་མི་མང་ཚོ་དང་ཐུགས་ཧ་ཅང་ཁྲོ་བའི་རྐྱེན་གྱིས། དེ་ཚོར་ཁོང་གི་སྤྱན་སྔ་ནས་ཕྱིར་འབུད་གནང་བ་ཡིན་ནོ༎

རྒྱལ་རབས་གཉིས་པ། 25

ཡེ་རུ་ཤ་ལེམ་སྟོངས་པ།

(༢ སྔོན་རབས་ ༣༦:༡༣-༢༡; ཡེར་མི་ཡཱ་ ༥༢:༣-༡༡)

1ཛེ་དེ་ཀི་ཡཱས་བྷེ་བྷི་ལོ་ནི་ཡ་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་རྒྱལ་པོ་ནེ་བུ་ཀད་ནེ་ཛར་རང་གི་དམག་དཔུང་དང་བཅས་པ་ཡེ་རུ་ཤ་ལེམ་དུ་ཡོང་ནས་བཙན་རྒོལ་བྱས་པ་དང་། དེ་ནི་ཛེ་དེ་ཀི་ཡཱས་རྒྱལ་སྲིད་སྐྱོངས་བའི་ལོ་དགུ་པའི་ཟླ་བ་བཅུ་པའི་ཚེས་བཅུའི་ཉིན་ཡིན་པ་དང་། དེ་ཚོས་གྲོང་ཁྱེར་གྱི་ཕྱི་རོལ་དུ་སྡོད་སྒར་རྒྱབ་པ་དང་དེའི་མཐའ་འཁོར་དུ་འཛིངས་ར་རྩིགས་སོ། 2ཛེ་དེ་ཀི་ཡཱས་ལོ་བཅུ་གཅིག་མ་སླེབས་བར་དུ་དེར་དམག་དཔུང་གིས་བསྐོར་ནས་བཞག་གོ 3ལོ་དེའི་ཟླ་བ་བཞི་པའི་ཚེས་དགུའི་ཉིན་ནས་མུ་གེ་ཚབ་ཆེ་བྱུང་ནས་མི་མང་ལ་ཟ་རྒྱུ་གང་ཡང་མ་ལྷག་གོ 4གྲོང་ཁྱེར་གྱི་ལྕགས་རི་བཤིགས་ཡོད་དོ། བྷེ་བྷི་ལོན་པ་ཚོས་གྲོོང་ཁྱེར་ལ་མཐའ་བསྐོར་ཡོད་ན་ཡང་དམག་མི་ཚང་མ་མཚན་དེ་རང་ལ་རྒྱལ་པོའི་ལྡུམ་རའི་ལམ་ནས་ལྕགས་རི་གཉིས་འབྲེལ་གྱི་རྒྱལ་སྒོ་བརྒྱུད་ཡོར་དན་ལུང་གཤོང་གི་ཕྱོགས་སུ་བྲོས་སོ། 5འོན་ཀྱང་བྷེ་བྷི་ལོན་པའི་དམག་མི་ཚོས་རྒྱལ་པོ་ཛེ་དེ་ཀི་ཡཱ་ལ་རྗེས་དེད་བྱས་ནས་ཡེ་རི་ཀོའི་ཉེ་འགྲམ་གྱི་ཐང་དུ་ཁོང་ལ་བཟུང་བ་དང་། ཁོང་གི་དམག་མི་རྣམས་ནས་ཁོང་ལ་སྤངས་སོ། 6རྒྱལ་པོ་ནེ་བུ་ཀད་ནེ་ཛར་རིབ་ལཱའི་གྲོང་ཁྱེར་དུ་ཡོད་སྐབས་ཛེ་དེ་ཀི་ཡཱ་ལ་རྒྱལ་པོའི་སར་འཁྲིད་ཡོང་བ་དང་། དེར་ནེ་བུ་ཀད་ནེ་ཛར་གྱིས་ཁོང་ལ་ཉེས་ཆད་ཀྱི་གསལ་སྒྲགས་གནང་ངོ་། 7ཛེ་དེ་ཀི་ཡཱའི་མདུན་དུ་ཁོང་གི་སྲས་ཚོ་བསད་པ་མ་ཟད་ནེ་བུ་ཀད་ནེ་ཛར་གྱིས་ཛེ་དེ་ཀི་ཡཱའི་སྤྱན་གཉིས་ཀ་ཕྱིར་བཏོན་བཅུག་གོ ཁོང་ལ་ལྕགས་ཐག་རྒྱབ་ནས་བྷེ་བྷི་ལོན་དུ་འཁྲིད་དོ༎

མཆོད་ཁང་སྟོར་བ།

(ཡེར་མི་ཡཱ་ ༥༢:༡༢-༢༣)

8བྷེ་བྷི་ལོ་ནི་ཡ་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱི་རྒྱལ་སྲིད་བཟུང་བའི་ལོ་བཅུ་དགུ་དང་ཟླ་བ་ལྔ་པའི་ཚེས་བདུན་ཉིན་རྒྱལ་པོའི་སྒྲོས་སྟོན་པ་དང་དམག་མིའི་དམག་སྤྱི་ནེ་བུ་ཛ་ར་དྷན་བྱ་བ་ཡེ་རུ་ཤ་ལེམ་དུ་སླེབས་སོ། 9ཁོས་མཆོད་ཁང་དང་ཕོ་བྲང་དང་ཡེ་རུ་ཤ་ལེམ་དུ་གནས་ཡོད་མི་སྣ་གཙོ་བོ་ཚང་མའི་ཁང་ཁྱིམ་རྣམས་མེར་བསྲེག་བཏང་ངོ་། 10ཁོའི་དམག་མི་ཚོས་གྲོང་ཁྱེར་གྱི་ལྕགས་རི་རྣམས་བཤིགས་སོ། 11ནེ་བུ་ཛ་ར་དྷན་གྱིས་གྲོང་ཁྱེར་དུ་ལྷག་འཕྲོས་ལུས་པའི་ལག་ཤེས་མཁས་པ་དང་བྷེ་བྷི་ལོན་པ་ཚོའི་ཕྱོགས་བྱེད་མཁན་ཚང་མར་བྷེ་བྷི་ལོ་ནི་ཡ་དུ་འཁྲིད་དོ། 12འོན་ཀྱང་ཁོས་ཡ་ཧུ་དཱ་པར་རྒྱུ་དངོས་མེད་མཁན་སྐྱོ་ཤོས་ཁ་ཤས་རྒུན་ཚལ་གྱི་ཞིང་ཁར་ལས་བྱེད་པའི་ཕྱིར་དུ་དེར་བཞག་གོ 13བྷེ་བྷི་ལོན་པ་ཚོས་ལིའི་ཀ་བ་དང་མཆོད་ཁང་ནང་དུ་ཡོད་པའི་ཤིང་རྟ་འཁོར་ལོ་དང་ལིའིི་ཆུ་མཛོད་ཆེན་པོ་དང་བཅས་པ་དུམ་བུར་བཅག་ནས་ལི་ཚང་མ་བྷེ་བྷི་ལོན་དུ་འཁྱེར་རོ། 14དེ་ཚོས་ཁང་ཁྱིམ་དང་མཆོད་ཁྲི་བཟོ་སྐབས་བེད་སྤྱོད་བྱེད་པའི་སྣོད་དང་མཆོད་མེའི་ཡོ་བྱད་དང་། དམར་མཆོད་ཀྱི་ཁྲག་ལེན་པའི་དཀར་ཡོལ་དང་སྤོས་སྤོར་བའི་སྤོས་གཞོང་དང་མཆོད་ཁང་དུ་བེད་སྤྱོད་བྱེད་པའི་ལིའིི་དངོས་པོ་ཚང་མ་འཁྱེར་རོ། 15དེ་ཚོས་གསེར་དངུལ་ལས་བཟོས་པའི་དངོས་པོ་ཚང་མ་དང་མེའི་སོལ་ལ་ལེན་པའི་སྣོད་དང་། སླ་དང་བཅས་པ་ཡང་འཁྱེར་རོ། 16སོ་ལོ་མོན་གྱི་མཆོད་ཁང་གི་ཆེད་དུ་བཟོས་པའི་ལིའི་ཀ་བ་གཉིས་དང་ཤིང་རྟ་འཁོར་ལོ་རྣམས་དང་ཆུ་མཛོད་ཆེན་པོ་དང་བཅས་ཡར་འདེགས་མ་ཐུབ་པ་ཧ་ཅང་ལྗིད་པོ་ཞིག་ཡོད་དོ། 17ཀ་བ་གཉིས་པོ་དེ་འདྲ་མཚུངས་ཡོད་པ་དང་། དེ་ཚོ་རེ་རེར་མི་ཀྲར་བརྒྱད་ཀྱི་མཐོ་ཚད་ཡོད་པ་དང་མི་ཀྲར་གཅིག་དང་གྲངས་ཆ་གསུམ་གྱི་མཐོ་ཚད་ཡོད་པའི་ལིའི་ཀ་གཞུའི་སྟེང་དུ་ཡོད། ཀ་གཞུ་རེ་རེའི་མཐའ་འཁོར་དུ་ལིའི་སེ་འབྲུ་རྣམས་ཀྱི་བརྒྱན་པའི་ལིའི་བྲ་བ་ཡོད་དོ༎

ཡ་ཧུ་དཱ་པའི་མི་མང་རྣམས་བྷེ་བྷི་ལོ་ནི་ཡ་དུ་འཁྲིད་པ།

(ཡེར་མི་ཡཱ་ ༥༢:༢༤-༢༧)

18དེ་ནས་དམག་སྤྱི་ནེ་བུ་ཛ་ར་དྷན་གྱིས་བླ་མ་ཆེན་པོར་སེ་ར་ཡཱ་དང་དེའི་འོག་གི་བླ་མ་ཛེ་ཕན་ཡཱ་དང་གཞན་མཆོད་ཁང་གི་ལས་བྱེད་པ་གཙོ་ཆེ་གསུམ་བཅས་འཁྲིད་དོ། 19ཁོང་གིས་གྲོང་ཁྱེར་ནས་དམག་དཔོན་བྱེད་མྱོང་བའི་དམག་སྤྱི་ཞིག་དང་། ད་བར་གྲོང་ཁྱེར་དུ་གནས་ཡོད་པའི་རྒྱལ་པོའི་གྲོས་སྟོན་པ་ལྔ་དང་། དམག་མིའི་ཡིག་ཆའི་འགོ་འཛིན་ཡིན་པ་དམག་སྤྱིའི་ལས་རོགས་དང་། གཞན་མི་གཙོ་ཆེ་དྲུག་བཅུ་ཐམ་པ་བཅས་འཁྲིད་དོ། 20བྷེ་བྷི་ལོ་ནི་ཡ་གྱི་རྒྱལ་པོ་རིབ་ལཱའི་གྲོང་ཁྱེར་དུ་བཞུགས་སྐབས་ནེ་བུ་ཛ་ར་དྷན་གྱིས་དེ་ཚོར་རྒྱལ་པོའི་དྲུང་དུ་འཁྲིད་དོ། 21ཧ་མདའི་མངའ་ཁུལ་གྱི་རིབ་ལཱ་དེ་རང་ལ་རྒྱལ་པོས་དེ་ཚོ་ལ་ཉེས་བརྡུང་བཏང་ནས་བསད་དོ། དེར་བརྟེན་ཡ་ཧུ་དཱ་པའི་མི་མང་རྣམས་རང་ཡུལ་ནས་བཙོན་དུ་འཁྲིད་དོ།

ཡ་ཧུ་དཱ་པའི་སྲིད་སྐྱོངས་པ་གྷེ་དལ་ཡཱ།

(ཡེར་མི་ཡཱ་ ༤༠:༧-༩; ༤༡:༡-༣)

22བྷེ་བྷི་ལོ་ནི་ཡ་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཨ་ཧི་ཀམ་གྱི་བུ་ཤ་ཕན་གྱི་ཚ་བོ་ཡིན་པ་གྷེ་དལ་ཡཱ་ལ། ཡ་ཧུ་དཱ་པའི་སྲིད་སྐྱོངས་སུ་བསྐོ་གཞག་གིས་བྷེ་བྷི་ལོ་ནི་ཡ་དུ་མ་འཁྲིད་པ་ཚོའི་འགོ་འཛིན་དུ་བཞག་གོ 23མགོ་བཏགས་མ་ཞུས་པའི་ཡ་ཧུ་དཱའི་དཔོན་རིགས་རྣམས་དང་དམག་མི་ཚོས་མི་དེའི་སྐོར་ཐོས་ནས། མིཛ་པཱ་རུ་གྷེ་དལ་ཡཱའི་གི་ཕྱོགས་སུ་ཡོང་ངོ་། དཔོན་རིགས་དེ་ཚོ་ནི་ནེ་ཐན་ཡཱའི་བུ་ཨིཤ་མ་ཨེལ་དང་། ཀ་རི་ཨའི་བུ་ཡོ་ཧ་ནན་དང་། ནེ་ཏོ་ཕཱ་གྲོང་ཁྱེར་གྱི་ཏན་ཧུ་མེད་ཀྱི་བུ་སེ་ར་ཡཱ་དང་། མ་ཀཱ་ནས་ཡེ་ཛ་ནི་ཡཱ་བཅས་ཡོད་དོ། 24དེ་ནས་གྷེ་དལ་ཡཱས་དེ་ཚོ་ལ། ཁྱོད་ཚོ་བྷེ་བྷི་ལོན་པའི་ལས་བྱེད་པ་ཚོར་འཇིགས་མི་དགོས་པ་ངས་ཁས་ལེན་བྱེད་རྒྱུ་ཡིན། ཡུལ་འདིར་གནས་སྡོད་བྱས་ནས་བྷེ་བྷི་ལོ་ནི་ཡ་གྱི་རྒྱལ་པོའི་ཞབས་ཕྱི་ཞུས་ཤིག་ཁྱོད་ཚོར་སྐྱོན་གང་ཡང་མི་ཡོང་ཞེས་སྨྲས་སོ། 25འོན་ཀྱང་ལོ་དེའི་ཟླ་བ་བདུན་པར་ནེ་ཐན་ཡཱའི་བུ་ཨེ་ལི་ཤ་མའི་ཚ་བོ་རྒྱལ་པོའི་ཁྱིམ་ཚང་གི་ནང་མི་ཨིཤ་མ་ཨེལ་མིཛ་པཱ་རུ་མི་བཅུ་དང་མཉམ་དུ་ཕྱིན་ནས་གྷེ་དལ་ཡཱ་ལ་འཐབ་རྒོལ་བྱས་ནས་ཁོང་ལ་བསད་དོ། ཁོས་དེར་ཁོང་དང་མཉམ་དུ་ཡོད་པའི་ཨིསི་རཱཨེལ་པ་དང་བྷེ་བྷི་ལོན་པའི་མི་རྣམས་ཀྱང་བསད་དོ། 26དེ་ནས་ཨིསི་རཱཨེལ་པ་ཚང་མ་དབུལ་ཕྱུག་མེད་པ་དམག་མིའི་དཔོན་རིགས་ཚོ་དང་མཉམ་དུ་ཐོན་ནས་ཨི་ཇིབ་ཏུ་སོང་ངོ། གང་ལགས་ཟེར་ན། དེ་ཚོ་བྷེ་བྷི་ལོན་པ་ཚོར་འཇིགས་ཀྱི་ཡོད་དོ༎

ཡེ་ཧོ་ཡ་ཀིན་བཙོན་ནས་གློད་བཀྲོལ་བཏང་བ།

(ཡེར་མི་ཡཱ་ ༥༢:༣༡-༣༤)

27ཨེ་ཝིལ་མེ་རོ་དག་བྷེ་བྷི་ལོ་ནི་ཡའི་རྒྱལ་པོར་འགྱུར་བའི་ལོ་དེ་ལ། ཁོང་གིས་ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཡ་ཀིན་ལ་སྙིང་རྗེ་བྱས་ནས། ཁོང་བཙོན་དུ་བཅུག་པའི་ལོ་ངོ་གསུམ་ཅུ་སོ་བདུན་པའི་ཟླ་བ་བཅུ་གཉིས་པའི་ཚེས་གཉིས་ཤུ་ཅ་བདུན་ཉིན་ཁོང་ལ་བཙོན་ནས་ཕྱིར་བཏོན་པ་ཡིན་ནོ། 28ཨེ་ཝིལ་མེ་རོ་དག་གིས་ཁོང་ལ་རྒྱུད་འཇམ་པོ་གནང་བ་དང། ཁོང་མཉམ་དུ་བྷེ་བྷི་ལོ་ནི་ཡ་དུ་བཙོན་དུ་ཡོད་པའི་རྒྱལ་པོ་གཞན་ལས་ཀྱང་ཁོང་ལ་གོ་གནས་ཆེ་བ་གནང་ཡོད་དོ། 29དེར་བརྟེན་ཡེ་ཧོ་ཡ་ཀིན་གྱིས་བཙོན་པའི་ན་བཟའ་བརྗེ་པོ་རྒྱབ་ནས་ཁོང་གི་སྐུ་ཚེའི་རིང་རྒྱལ་པོའི་གསོལ་ལྕོག་སྟེང་ནས་གསོལ་ཚིག་བཞེས་བཅུག་གོ 30ཁོང་གི་སྐུ་ཚེའི་རིང་ཉིན་རེ་བཞིན་ཁོང་གི་ཐུགས་མཁོ་རྣམས་ཀྱི་ཆེད་ཕོགས་སྣོན་ཆད་མེད་ཐོབ་ཀྱི་ཡོད་དོ༎

སྔོན་རབས་དང་པོ། 1

ཨ་དམ་ནས་ཨབ་ར་ཧམ་བར།

(བཀོད་པ་ ༥:༡-༣༢; ༡༠:༡-༣༢; ༡༡:༡༠-༢༦)

1ཨ་དམ་ནི་སེད་ཀྱི་ཕ་དང་། སེད་ནི་ཨེ་ནོཤའི་ཕ་དང་། ཨེ་ནོཤ་ནི་ཀེ་ནན་གྱི་ཕ་དང་། 2ཀེ་ནན་ནི་མ་ཧ་ལ་ལེལ་གྱི་ཕ་དང་། མ་ཧ་ལ་ལེལ་ནི་ཡ་རེད་ཀྱི་ཕ་དང་། 3ཡ་རེད་ནི་ཧ་ནོག་གི་ཕ་དང་། ཁོ་ནི་མ་ཐུ་སེ་ལཱའི་ཕ་དང་། མ་ཐུ་སེ་ལཱ་ནི་ལ་མེག་གིི་ཕ་དང་། 4ཁོ་ནི་ནོ་ཨའི་ཕ་དང་། ནོ་ཨ་ལ་བུ་གསུམ་ཡོད་པ་ནི་ཤེམ་དང་ཧམ་དང་ཡ་ཕེད་ཡིན་ནོ། 5ཡ་ཕེད་ཀྱི་བུ་གྷོ་མེར་དང་མ་གྷོག་དང་མ་དའི་དང་ཡ་ཝན་དང་ཏུ་བྷལ་དང་མེ་ཤེག་དང་ཏི་རསེ་བཅས་པ་དེ་ཚོའི་མིང་ཐོག་པའི་མི་མང་ཚོའི་མེས་པོ་རྣམས་ཡིན་ནོ། 6གྷོ་མེར་གྱི་མི་བརྒྱུད་རྣམས་ཨཤ་ཀེ་ནཛ་དང་རི་ཕད་དང་ཏོ་གར་མཱ་བཅས་ཀྱི་མི་མང་ཚོ་ཡིན་ནོ། 7ཡ་ཝན་གྱི་མི་བགྱུད་རྣམས་ནི་ཨེ་ལི་ཤཱ་དང་ཨིསི་པེན་དང་ས་ཡི་པེརེསེ་དང་རོ་དྷ་ནིམ་གྱི་མི་མང་རྣམས་ཡིན་ནོ། 8ཧམ་གྱི་བུ་རྣམས་ནི་ཀུཤ་དང་ཨི་ཇིབ་དང་ལིབ་ཡ་དང་ཀ་ནན་བཅས་དེ་ཚོའི་མིང་ཐོག་པའི་མི་མང་གི་མེས་པོ་ཡིན་ནོ། 9ཀུཤའི་བརྒྱུད་པ་རྣམས་ནི་སེ་བྷ་དང་ཧ་ཝི་ལཱ་དང་སབ་ཏཱ་དང་ར་མཱ་དང་སབ་ཏེ་ཀ་བཅས་ཀྱི་མི་མང་ཡིན་ནོ། ར་མཱའི་མི་བརྒྱུད་རྣམས་ནི་ཤེ་བྷ་དང་དྷེ་དན་གྱི་མི་མང་ཡིན་ནོ། 10(ཀུཤ་ལ་ནིམ་རོད་ཟེར་བའི་བུ་ཞིག་ཡོད་པ་དང་། དེ་ནི་འཛམ་གླིང་གྱི་དབང་བསྒུར་མཁན་དང་པོར་འགྱུར་རོ།) 11ཨི་ཇིབ་ཀྱི་མི་བརྒྱུད་རྣམས་ཀྱི་མི་མང་ནི་ལི་ཌི་ཡ་དང་ཨ་ནམ་དང་ལེ་ཧབ་དང་ནབ་ཐུ་དང་། 12པ་ཐརུསེ་དང་ཀསེ་ལུ་དང་ཀ་རིཊ་བཅས་ཡིན་ནོ། (དེ་ཚོ་ནས་ཕེ་ལེ་ཤེད་པའི་མི་བརྒྱུད་རྣམས་བྱུང་བ་ཡིན་ནོ།) 13ཀ་ནན་གྱི་བུ་རྒན་ཤོས་ནི་སི་དོན་དང་ཧེད་བཅས་ནི་དེ་ཚོའི་མིང་ཐོག་པའི་མི་མང་ཚོའི་མེས་པོ་ཡིན་ནོ། 14ཀ་ནན་གྱི་མེས་པོ་གཞན་རྣམས་ནི་ཡེ་བུ་སི་པ་དང་ཨ་མོར་པ་དང་གི་ར་གྷིར་ག་ཤི་པ་རྣམས་དང་། 15-16ཧི་ཝི་པ་དང་ཨར་ཀི་པ་དང་། སི་ནི་པ་དང་ཨར་ཝ་དི་པ་དང་ཛེ་མ་རི་པ་དང་ཧ་མད་པ་བཅས་ཀྱི་མེས་པོ་ཡིན་ནོ། 17ཤེམ་གྱི་བུ་རྣམས་ནི་ཨེ་ལམ་དང་ཨསེ་ཤུར་དང་ཨར་པག་ཤད་དང་ལུད་དང་ཨ་རམ་དང་ཨུཛ་དང་ཧུལ་དང་གྷེ་དེར་དང་མེ་ཤེག་བཅས་ཡིན་པ་དང་། དེ་ཚོ་ནི་དེ་ཆོའི་མིང་ཐོག་པའི་མི་མང་རྣམས་ཀྱི་མེས་པོ་ཡིན་ནོ། 18ཨར་པག་ཤད་ནི་ཤེ་ལཱའི་ཕ་ཡིན་པ་དང་། ཁོ་ནི་ཨེ་བྷེར་གྱི་ཕ་ཡིན་ནོ། 19ཨེ་བྷེར་ལ་བུ་གཉིས་ཡོད་པས་གཅིག་ལ་པེ་ལེག་བཏགས་ཡོད། གང་ལ་ཟེར་ན། ཁོང་གི་སྐུ་དུས་སུ་འཛམ་གླིང་གི་མི་མང་རྣམས་སོ་སོར་འགྱུར་ཡོད་པ་དང་། གཞན་དེ་ལ་ཡོག་ཏན་བཏགས་ཡོད། 20ཡོག་ཏན་གྱི་མི་བརྒྱུད་རྣམས་ཨལ་མོ་དད་དང་ཤེ་ལེཕ་དང་ཧ་ཛར་མ་ཝེད་དང་ཡེ་རཱ་དང་། 21ཧ་དྷོ་རམ་དང་ཨུ་ཛལ་དང་དྷིག་ལཱ་དང་། 22ཨེ་བལ་དང་ཨ་བྷི་མ་ཨེལ་དང་ཤེ་བྷ་དང་། 23ཨོ་ཕིར་དང་། ཧ་ཝི་ལཱ་དང་ཡོ་བྷབ་བཅས་ཀྱི་མི་མང་ཡིན་ནོ། 24ཤེམ་ནས་ཨབ་རམ་བར་གྱི་ཁྱིམ་ཚང་གི་རིམ་པ་གཤམ་གསལ་ལྟར་ཡིན་ནོ། ཤེམ་དང་ཨར་པག་ཤད་དང་ཤེ་ལཱ་དང་། 25ཨེ་བྷེར་དང་པེ་ལེག་དང་རུ་དང་། 26སེ་རུག་དང་ན་ཧོར་དང་ཏེ་རཱ་དང་། 27ཨབ་རམ་བཅས་ཡིན་ནོ། (ཨབ་རམ་ལ་ཨབ་ར་ཧམ་ཡང་ཟེར་རོ།)

ཨིསི་མ་ཨེལ་གྱི་མི་བརྒྱུད།

(བཀོད་པ་ ༢༥:༡༢-༡༦)

28ཨབ་ར་ཧམ་ལ་བུ་གཉིས་ཡོད་པ་དང་། ཨི་སཱག་དང་ཨིཤ་མ་ཨེལ་ཡིན་ནོ། 29ཨིཤ་མ་ཨེལ་གྱི་བུ་རྣམས་སྡེ་རིགས་བཅུ་གཉིས་ཀྱི་འགོ་པར་འགྱུར་རོ། ནེ་བ་ཡོད་དང་། (ཨིསི་མ་ཨེལ་གྱི་བུ་རྒན་ཤོས་ཀྱི་མིང་ནས།) ཀེ་དར་དང་ཨད་བིལ་དང་མིབ་སམ་དང་། 30མིཤི་མ་དང་དྷུ་མཱ་དང་མསེ་ས་དང་ཧ་དྷད་དང་ཏེ་མ་དང་། 31ཡེ་ཏུར་དང་ན་ཕིཤི་དང་ཀེ་དེ་མཱ་བཅས་སོ། 32ཨབ་ར་ཧམ་ལ་ཟུར་གྲོགས་མ་མིང་ལ་ཀེ་ཏུ་རཱ་ཟེར་བ་དེ་ལ་བུ་དྲུག་སྐྱེས་སོ། ཛིམ་རན་དང་ཡོག་ཤན་དང་། མེ་དན་དང་མིད་ཡན་དང་། ཨིཤི་བག་དང་ཤུ་ཨཱ་བཅས་ཡིན་ནོ། ཡོག་ཤན་ལ་བུ་གཉིས་ཡོད་པ་ནི་ཤེ་བྷ་དང་དྷེ་དན་ཡིན་ནོ། 33མི་དི་ཡན་ལ་བུ་ལྔ་ཡོད་པ་ནི་ཨེ་ཕ་དང་ཨེ་ཕེར་དང་ཧ་ནོག་དང་ཨ་བྷི་ད་དང་། ཨེལ་དཱ་བཅས་ཡིན་ནོ༎

ཨེ་སོའི་མི་བརྒྱུད།

(བཀོད་པ་ ༣༦:༡-༡༩)

34ཨབ་ར་ཧམ་གྱི་བུ་ཨི་སཱག་ལ་བུ་གཉིས་ཡོད་པ་ནི་ཨེ་སའོ་དང་ཡ་ཀོབ་ཡིན་ནོ། 35ཨེ་སའོའི་བུ་རྣམས་ནི་ཨེ་ལི་ཕཛ་དང་རུ་ཨེལ་དང་ཡེ་ཨུཤེ་དང་། ཡ་ལམ་དང་ཀོ་རཱ་བཅས་ཡིན་ནོ། 36ཨེ་ལི་ཕཛའི་རིགས་བརྒྱུད་ནི་ཏེ་མན་དང་ཨོ་མར་དང་ཛེ་ཕི་དང་གྷ་ཏམ་དང་ཀེ་ནཛ་དང་ཏིམ་ན་དང་ཨ་མ་ལེག་བཅས་ཀྱི་མེས་པོར་འགྱུར་རོ། 37རི་ཨུལ་ནི་ན་ཧད་དང་ཛེ་ར་དང་ཤ་མ་དང་མི་ཛ་བཅས་ཀྱི་མེས་པོར་འགྱུར་རོ༎

ཨེ་དྷོམ་གྱི་སྔར་གྱི་ཡུལ་མི་ངོ་མ།

(བཀོད་པ་ ༣༦:༢༠-༣༠)

38-42ཨེ་དྷོམ་གྱི་སྔར་གྱི་ཡུལ་མི་ངོ་མ་རྣམས་ནི་གཤམ་གསལ་སེ་ཨིར་གྱི་བུ་རྣམས་ཡིན་ནོ། ལོ་ཏན་ནི་ཧོ་རི་དང་ཧོ་མམ་གྱི་རིགས་རུས་ཀྱི་མེས་པོ་ཡིན་ནོ། (ལོ་ཏན་ལ་ཏིམ་ན་ཟེར་བའི་སྲིང་མོ་ཞིག་ཡོད་དོ།) ཤོ་བལ་ནི་ཨལ་ཝན་དང་མ་ན་ཧད་དང་ཨེ་བལ་དང་ཤེ་ཕི་དང་ཨོ་ནམ་བཅས་ཀྱི་མི་བརྒྱུད་ཀྱི་མེས་པོ་ཡིན་ནོ། ཛི་བི་ཨོན་ལ་བུ་ཨེ་ཡཱ་དང་ཨ་ན་གཉིས་ཡོད། ཨ་ནཱ་ནི་དྷི་ཤོན་གྱི་ཕ་ཡིན་པ་དང་། དྷི་ཤོན་གྱི་རིགས་རུས་ཧམ་རན་དང་ཨེཤེ་བྷན་དང་ཨིཐ་རན་དང་ཀེ་རན་བཅས་ཀྱི་མེས་པོ་ཡིན་ནོ། ཨེ་ཛེར་གྱི་རིགས་རུས་བྷིལ་ཧན་དང་ཛ་བན་དང་ཡཱ་ཀན་བཅས་ཀྱི་མེས་པོ་ཡིན་ནོ། དྷི་ཤན་ནི་ཨུཛ་དང་ཨ་རན་རིགས་རུས་གཉིས་ཀྱི་མེས་པོ་ཡིན་ནོོོ༎

ཨེ་དྷོམ་གྱི་རྒྱལ་པོ་རྣམས།

(བཀོད་པ་ ༣༦:༣༡-༤༣)

43-50ཨིསི་རཱཨེལ་དུ་རྒྱལ་པོ་ཡོད་པའི་སྔོན་དུ་ཨེ་དྷོམ་ཡུལ་དུ་གཤམ་གསལ་རྒྱལ་པོ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱི་རྒྱལ་སྲིད་བསྐྱངས་སོ། དྷིན་ཧ་བཱ་ནས་ཡིན་པའི་བྷི་ཨོར་གྱི་བུ་བྷེ་ལ་དང་། བྷོཛ་རཱ་ནས་ཛེ་རཱའི་བུ་ཡོ་ཧབ་དང་། ཏེ་མན་མངའ་ཁུལ་ནས་ཧུ་ཤམ་དང་། ཨ་བིད་ནས་བེ་དད་ཀྱི་བུ་ཧ་དྷད་དང་། (ཁོང་གི་མོ་ཨབ་ཀྱི་ཡུལ་གྱི་དམག་སར་མིད་ཡན་པ་རྣམས་ཕམ་པར་བྱས་སོ།) མསེ་རེ་ཀཱ་ནས་སམ་ལཱ་དང་། ཆུ་འགྲམ་རེ་ཧོ་བོད་ནས་ཤ་ཨུལ་དང་། པའུ་ནས་ཧ་དྷད་དང་། (ཁོང་གི་ཆུང་མ་མེ་ཧེ་ཏ་བྷེལ་ནི་མེ་ཛ་ཧབ་ཀྱི་ཚ་མོ་དང་མེ་ཏྲེ་རེཌ་ཀྱི་བུ་མོ་ཡིན་ནོ།) 51ཨེ་དྷོམ་གྱི་མི་མང་རྣམས་ནི་གཤམ་གསལ་སྡེ་རིགས་རྣམས་སོ་སོར་བགོས་ཡོད། ཏིམ་ན་དང་ཨལ་ཝཱ་དང་ཡེ་ཐེད་དང་། 52ཨོ་ཧོ་ལི་བ་མཱ་དང་ཨེ་ལཱ་དང་པི་ནོན་དང་། 53ཀེ་ནཛ་དང་ཏེ་མན་དང་མིབ་ཛར་དང་། 54མག་དྷི་ཨེལ་དང་ཨི་རམ་བཅས་སོ༎

སྔོན་རབས་དང་པོ། 2

ཡ་ཧུ་དཱའི་རིགས་བརྒྱུད་རྣམས།

1ཡ་ཀོབ་ལ་བུ་བཅུ་གཉིས་ཡོད་པ་ནི་རུ་བྷེན་དང་སིམ་ཨོན་དང་ལེ་ཝི་དང་ཡ་ཧུ་དཱ་དང་ཨི་ས་ཀར་དང་ཛེ་བུ་ལུན་དང་། 2དྷན་དང་ཡོ་སེབ་དང་བྷེན་ཡ་མིན་དང་ནཕ་ཏ་ལི་དང་གྷཌ་དང་ཨ་ཤེར་བཅས་སོ། 3ཡ་ཧུ་དཱ་ལ་བུ་ལྔ་ཡོད་པ་ནི། ཀ་ནན་ཡུལ་ནས་ཡིན་པ་ཁོང་གི་ཆུང་མ་བྷད་ཤུ་ཨ་ལས་བུ་གསུམ་ཡོད་པ་ནི། ཨེར་དང་ཨོ་ནན་དང་ཤེ་ལཱ་བཅས་ཡིན་ནོ། ཁོང་གི་བུ་རྒན་ཤོས་ཨེར་ནི་ཧ་ཅང་གི་ངན་པ་ཡོད་སྟབས་གཙོ་བོ་དཀོན་མཆོག་གིས་ཁོ་ལ་བསད་གནང་ངོ་། 4ཁོང་གི་བུའི་ཆུང་མ་ཏ་མཱར་ནས་ཡ་ཧུ་དཱ་ལ་ཡང་བུ་གཉིས་ཡོད་པ་ནི་པེ་རེཛ་དང་ཛེ་རཱ་ཡིན་ནོ། 5པེ་རེཛ་ལ་བུ་གཉིས་ཡོད་པ་ནི། ཧེཛ་རོན་དང་ཧ་མུལ་ཡིན་ནོ། 6ཁོའི་སྤུན་ཛེ་རཱ་ལ་བུ་ལྔ་ཡོད་པ་ནི། ཛིམ་རི་དང་ཨེ་ཐན་དང་ཧེ་མན་དང་ཀལ་ཀོལ་དང་དྷར་དྷ་བཅས་ཡིན་ནོ། 7ཛེ་རཱའི་བརྒྱུད་པ་ནི་ཀར་མིའི་བུ་ཨ་ཀན་གྱིས་དཀོན་མཆོག་ལ་བསྔོ་བའི་བཅོམ་ནོར་བདག་ཉར་གྱིས་པར་བརྟེན་ནས་ཨིསི་རཱཨེལ་གྱི་མི་མང་ལ་རྐྱེན་ངན་བསླང་བ་ཡིན་ནོ། 8ཨི་ཐན་ལ་བུ་ཨ་ཛར་ཡཱ་གཅིག་པོ་ཡིན་ནོ༎

རྒྱལ་པོ་དཱ་བིད་ཀྱི་ཁྱིམ་ཚང་རིགས་བརྒྱུད།

9ཧེཛ་རོན་ལ་བུ་གསུམ་ཡོད་པ་ནི། ཡེ་རཱ་མིལ་དང་རམ་དང་ཀ་ལེབ་བཅས་ཡིན་ནོ། 10རམ་ནས་ཡི་ཤེ་བར་ཁྱིམ་ཚང་གི་རིམ་པ་ནི་གཤམ་གསལ་ལྟར་ཡིན་ནོ། རམ་དང་ཨམ་མི་ན་དྷབ་དང་ནཱ་ཤོན་དང་། (ཡ་ཧུ་ད་པའི་རིགས་བརྒྱུད་ཀྱི་མི་གཙོ་ཆེ་ཞིག་དང་།) 11སལ་མོན་དང་བྷོ་ཨཛ་དང་། 12ཨོ་བེད་དང་ཡི་ཤེ་ཡིན་ནོ། 13ཡི་ཤེ་ལ་བུ་བདུན་ཡོད་པ་ནི། དེ་ཚོའི་ལོའི་རྒན་གཞོན་རིམ་པ་ལྟར་ཨེ་ལི་ཨབ་དང་ཨ་བྷི་ན་དྷབ་དང་ཤམ་མཱ་དང་། 14ནེ་ཐ་ནེལ་དང་ར་དའི་དང་། 15ཨོ་ཛེམ་དང་དཱ་བིད་བཅས་ཡིན་ནོ། 16ཁོང་ལ་བུ་མོ་ཡང་ཡོད་པ་ནི། ཛེ་རུ་ཡཱ་དང་ཨ་བྷི་གེལ་གཉིས་ཡིན་ནོ། ཡི་ཤེའི་བུ་མོ་ཛི་རུ་ཡཱ་ལ་ཨ་བྷི་ཤེའི་དང་ཡོ་ཨབ་དང་ཨ་ས་ཧེལ་བཅས་བུ་བསུམ་ཡོད་དོ། 17ཁོའི་བུ་མོ་གཞན་པ་ཨ་བྷི་གལ་དང་། ཨིསི་མ་ཨེལ་གྱི་བརྒྱུད་པ་ཡེ་ཐེར་དང་ཆང་ས་རྒྱབ་ནས་ཁོང་གཉིས་ལ་བུ་ཨ་མ་ས་ཞེས་པ་གཅིག་ཡོད་དོ༎

ཧེཛ་རོན་གྱི་རིགས་བརྒྱུད་རྣམས།

18ཧེཛ་རོན་གྱི་བུ་ཀ་ལེབ་ཀྱིས་ཨ་ཛུ་བཱ་དང་ཆང་ས་རྒྱབ་ནས་ཁོ་ལ་བུ་མོ་ཡེ་རི་ཨོད་ཟེར་བ་ཞིག་དང་། མོ་ལ་ཡེ་ཤེར་དང་ཤོ་བྷབ་དང་ཨར་དྷོན་བཅས་བུ་གསུམ་ཡང་ཡོད་དོ། 19ཨ་ཛུ་བཱ་གྲོངས་པའི་རྗེས་སུ་ཀ་ལེབ་ཀྱིས་ཨེཕ་རད་དང་ཆང་ས་རྒྱབ་ནས་དེ་ཚོ་ལ་བུ་ཧུར་ཟེར་བ་ཞིག་ཡོད་དོ། 20ཧུར་གྱི་བུ་ནི་ཨུ་རི་དང་ཁོའི་ཚ་བོ་བྷེ་ཛ་ལེལ་ཡིན་ནོ། 21ཧེཛ་རོན་ལོ་དྲུག་བཅུ་ལོན་པ་དང་། ཁོས་མ་ཀིར་གྱི་བུ་མོ་གྷིལ་ཨད་ཀྱི་སྲིང་མོ་དང་ཆང་ས་རྒྱབ་ནས། དེ་ཚོ་ལ་བུ་སེ་གུབ་བྱ་བ་ཞིག་བྱུང་བ་དང་། 22སེ་གུབ་ལ་བུ་ཡ་ཨིར་ཟེར་བ་ཞིག་ཡོད། ཡ་ཨིར་གྱིས་གྷིལ་ཨད་མངའ་ཁུལ་དུ་གྲོང་ཁྱེར་ཉི་ཤུ་རྩ་གསུམ་ནང་རྒྱལ་སྲིད་བསྐྱངས་སོ། 23འོན་ཀྱང་གྷེ་ཤུར་དང་ཨ་རམ་གྱི་རྒྱལ་ཁབ་ཀྱིས་ས་ཁུལ་དུ་གྲོང་ཁྱེར་དྲུག་བཅུ་དབང་བསྒྱུར་བྱས་པ་མ་ཟད། ཡ་ཨིར་དང་ཀེ་ནད་གྲོང་གསེབ་དང་ཉེ་འགྲམ་གྱི་གྲོང་ཁྱེར་ཁག་བཅས་ལ་དབང་བསྒྱུར་བྱས་སོ། དེར་ཡོད་པའི་མི་མང་རྣམས་ནི་གྷིལ་ཨད་ཀྱི་ཕ་མ་ཀིར་གྱི་རིགས་བརྒྱུད་ཡིན་ནོ། 24ཧེཛ་རོན་གྲོངས་པའི་རྗེས་སུ་ཁོང་གི་བུ་ཀ་ལེབ་ཀྱིས་ཁོང་གི་ཕ་འདས་པའི་སྐུ་ཟླ་ཨེཕ་རཐ་དང་ཆང་ས་རྒྱབ་ནས། ཁོ་གཉིས་ལ་བུ་ཨ་ཤུར་ཟེར་བ་ཞིག་བྱུང་བ་དེས། ཏེ་ཀོ་ཨའི་གྲོང་ཁྱེར་བཟོས་སོ༎

ཡེ་རཱ་མིལ་གྱི་རིགས་བརྒྱུད་རྣམས།

25ཧེཛ་རོན་གྱི་བུ་རྒན་ཤོས་ཡེ་རཱ་མིལ་ལ་བུ་ལྔ་ཡོད་པ་དང་། རྒན་ཤོས་རམ་དང་དེ་རྗེས་བྷུ་ནཱ་དང་ཨོ་རེན་དང་ཨོ་ཛེམ་དང་ཨ་ཧི་ཡཱ་བཅས་ཡིན་ནོ། 26-27རམ་ལ་མཛ་དང་ཡ་མིན་དང་ཨེ་ཀར་བཅས་བུ་གསུམ་ཡོད། ཡེ་རཱ་མིལ་ལ་ཨ་ཏ་རཱ་ཟེར་བའི་ཆུང་མ་གཞན་ཞིག་ཡོད་པས་དེ་ལ་བུ་ཨོ་ནམ་ཟེར་བ་ཞིག་བྱུང་ངོ་། 28ཨོ་ནམ་ལ་ཤམ་མའི་དང་ཡ་ད་བཅས་བུ་གཉིས་ཡོད་པ་དང་། ཤམ་མའི་ལ་ཡང་ན་དྷབ་དང་ཨ་བྷི་ཤུར་བཅས་བུ་གཉིས་ཡོད་དོ། 29ཨ་བྷི་ཤུར་གྱི་ཆུང་མ་ཨ་བྷི་ཧེལ་ཟེར་བ་ཞིག་དང་ཆང་ས་རྒྱབ་ནས། བུ་གཉིས་བྱུང་བ་ནི། ཨ་བན་དང་མོ་ལིད་ཡིན་ནོ། 30ཨ་བྷི་ཤུར་གྱི་སྤུན་ན་དྷབ་ལ་བུ་གཉིས་ཡོད་པ་ནི་སེ་ལེད་དང་ཨ་པ་ཨིམ་ཡིན་པ་དང་། འོན་ཀྱང་སེ་ལེད་ལ་བུ་མེད་པར་གྲོངས་སོ། 31ཨ་པ་ཨིམ་ནི་ཨི་ཤིའི་ཕ་ཡིན་པ་དང་། ཨི་ཤི་ནི་ཤེ་ཤན་གྱི་ཕ་དང་། ཤེ་ཤན་ནི་ཨ་ཧ་ལའི་ཕ་ཡིན་ནོ། 32ཤམ་མའི་ཀྱི་ནུ་བོ་ཡ་ད་ལ་ནི་ཡེ་ཐེར་དང་ཡོ་ན་ཐན་བཅས་བུ་གཉིས་ཡོད་པ་ནས་ཡེ་ཐེར་ནི་བུ་མེད་པར་གྲོངས་སོ། 33ཡོ་ན་ཐན་ལ་བུ་གཉིས་ཡོ་པ་ནི་པེ་ལེཐ་དང་ཛ་ཛ་ཡིན་ནོ། དེ་ཚོ་ཚང་མ་ཡེ་རཱ་མིལ་གྱི་རིགས་བརྒྱུད་ཡིན་ནོ། 34ཤེ་ཤན་ལ་བུ་མེད་པ་དང་བུ་མོ་ཀྱང་ཡོད་དོ། ཁོ་ལ་ཨི་ཇིབ་པའི་གཡོག་པོ་ཡར་ཧ་ཟེར་བ་ཞིག་ཡོད་པས། 35ཁོས་བུ་མོ་ཞིག་མནའ་མར་བཏང་ངོ་། དེ་ཚོ་ལ་བུ་ཨ་ཏའི་ཟེར་བ་ཞིག་ཡོད་དོ། 36ཨ་ཏའི་ནས་ཨི་ལི་ཤ་མེའི་བར་ཁྱིམ་ཚང་གི་རིམ་པ་གཤམ་གསལ་ལྟར་ཡིན་ནོ། ཨ་ཏའི་དང་ན་ཐན་དང་ཛ་བྷད་དང་། 37ཨེཕ་ལལ་དང་། ཨོ་བེད་དང་། 38ཡེ་ཧུ་དང་ཨ་ཛར་ཡཱ་དང་། 39ཧེ་ལེཛ་དང་ཨེ་ལི་སཱ་དང་། 40སིསི་མའི་དང་ཤལ་ལུམ་དང་། 41ཡེ་ཀ་མ་ཡ་དང་ཨི་ལི་ཤ་མ་བཅས་ཡིན་ནོ༎

ཀ་ལེབ་ཀྱི་རིགས་བརྒྱུད་གཞན་ཁག།

42ཡེ་རཱ་མིལ་གྱི་ནུ་བོ་ཀ་ལེབ་ཀྱི་བུ་རྒན་ཤོས་ཀྱི་མིང་ལ་མེ་ཤ་བཏགས་ཡོད་པ་དང་། མེ་ཤ་ནི་ཛིཕ་ཀྱི་ཕ་ཡིན་པ་དང་། ཁོ་ནི་མ་རེ་ཤའི་ཕ་དང་། ཁོ་ནི་ཧེབ་རོན་གྱི་ཕ་ཡིན་ནོ། 43ཧེབ་རོན་ལ་བུ་བཞི་ཡོད་པ་ནི། ཀོ་རཱ་དང་ཏ་པུ་ཨ་དང་རེེ་ཀེམ་དང་ཤེ་མ་བཅས་ཡིན་ནོ། 44ཤེ་མ་ནི་ར་ཧམ་གྱི་ཕ་དང་ཡོར་ཀིམ་གྱི་པོ་པོ་ཡིན་ནོ། ཤེ་མའི་ནུ་བོ་རེ་ཀེམ་ནི་ཤམ་མའི་ཕ་ཡིན་ནོ། 45ཁོ་མ་ཨོན་གྱི་ཕ་དང་བེད་ཇུར་གྱི་ཕ་ཡང་ཡིན་ནོ། 46ཀ་ལེབ་ལ་ཟུར་གྲོགས་མ་ཨེ་ཕཱ་ཟེར་བ་ཞིག་ཡོད་པ་ལས་ཁོང་ལ་བུ་གསུམ་ཡོད་པ་ནི། ཧ་རན་དང་མོ་ཛ་དང་གྷ་ཛེཛ་དང་བཅས་ཡིན་ནོ། ཧ་རན་ལ་ཡང་བུ་གྷ་ཛེཛ་ཟེར་བ་ཞིག་ཡོད་དོ། 47(ཡཱ་དའི་ཟེར་བའི་མི་ཞིག་ལ་བུ་རེ་གེམ་དང་ཡོ་ཐམ་དང་གྷེར་ཤོན་དང་པེ་ལེད་དང་ཨེ་ཕཱ་དང་ཤཱཕ་བཅས་དྲུག་ཡོད་དོ།) 48ཀ་ལེབ་ལ་གཞན་ཟུར་གྲོགས་མ་མ་ཀཱ་ཟེར་བ་ཞིག་ཡོད་པ་ལས་བུ་ཤེ་བྷེར་དང་ཏིར་ཧ་ནཱ་གཉིས་སྐྱེས་སོ། 49རྗེས་སུ་མོ་ལ་བུ་གཉིས་སྐྱེས་པས་ཤཱཕ་ཀྱི་གྲོང་ཁྱེར་མཱད་མན་ནཱ་དང་ཤེ་ཝས་གྲོང་ཁྱེར་མག་བྷེ་ནཱ་དང་གྷི་བི་ཡ་བཅས་་འཛུགས་པ་ཡིན་ནོ། དེའི་ཐོག་ཀ་ལེབ་ལ་བུ་མོ་ཨག་ས་ཟེར་བ་ཞིག་ཀྱང་ཡོད་དོ། 50ཀ་ལེབ་ཀྱི་མི་བརྒྱུད་ནི་གཤམ་གསལ་ལྟར་ཡིན་ནོ། ཧུར་ནི་ཀ་ལེབ་ཀྱི་བུ་རྒན་ཤོས་ཡིན་པ་དང་། ཁོང་གི་ཆུང་མ་ཨེཕ་རེད་ཡིན་ནོ། ཧུར་གྱི་བུ་ཤོ་བལ་གྱིས་ཀིར་ཡད་ཡ་རིམ་ཡང་བཟོས་སོ། 51ཁོའི་བུ་གཉིས་པ་སལ་མས་བྷེད་ལེ་ཧེམ་བཟོས་པ་དང་། ཁོའི་བུ་གསུམ་པ་ཧ་རེཕ་ཀྱིས་བྷེད་ག་དེར་བཟོས་སོ། 52ཀིར་ཡད་ཡ་རིམ་བཟོ་མཁན་ཤོ་བལ་ནི་ཧ་རོ་ཨཱེ་ས་ཁུལ་གྱི་མི་མང་ཡོངས་དང་མེ་ནུ་ཧོཐ་ཡུལ་མི་ཕྱེད་ཀའི་མེས་པོ་ཡིན་ནོ། 53གཤམ་གསལ་རིགས་རུས་རྣམས་ནི་ཀིར་ཡད་ཡ་རིམ་དུ་སྡོད་པ་ཡིན་ནོ། ཨིད་རི་པ་དང་པུ་དི་རི་པ་དང་ཤུ་མ་ཐི་པ་དང་མིཤ་རེ་པ་བཅས་སོ། (ཛོ་རཱ་དང་ཨེཤ་ཏ་ཨོལ་འམ་གྲོང་ཁྱེར་གྱི་མི་མང་རྣམས་རིགས་རུས་དེ་ཚོའི་འཐུས་མི་ཡིན་ནོ།) 54བྷེད་ལེ་ཧེམ་བཟོ་མཁན་སལ་མ་ནི་ནེ་ཏོ་ཕཏ་དང་ཨཏ་རོད་བྷེད་ཡོ་ཨབ་དང་ཛོ་རི་པ་བཅས་ཀྱི་ཕ་མེས་ཡིན་པ་དང་། དེ་ཚོ་མ་ན་ཧད་ཀྱི་རིགས་རུས་ཁོང་ནས་གཉིས་ཡིན་ནོ། 55(གཤམ་གསལ་ཁག་ཡ་བྷེཛ་གྲོང་ཁྱེར་དུ་གནས་པའི་ཡིག་ཆ་ཁག་འབྲི་མཁན་དང་བཤུས་མཁན་རིགས་རུས་མཁས་པ་རྣམས་ནི། ཏི་ར་ཐི་པ་དང་། ཤི་མའི་ཐི་པ་དང་སུ་ཀ་ཐི་པ་བཅས་ཡིན་ནོ། དེ་ཚོ་ཀེ་ནི་པ་ནི་རེ་ཀབ་པ་མཉམ་དུ་ཕན་ཚུན་འབྲེལ་ནས་ཆང་ས་རྒྱབ་པ་ཡིན་ནོ།)

སྔོན་རབས་དང་པོ། 3

རྒྱལ་པོ་དཱ་བིད་ཀྱི་བུ་ཕྲུག་རྣམས།

1-3དཱ་བིད་ཧེབ་རོན་དུ་བཞུགས་སྐབས་འཁྲུངས་པའི་བུ་ཕྲུག་རྣམས་ཀྱི་ལོའི་གོ་རིམ་གཤམ་གསལ་ལྟར་ཡིན་ནོ། ཡེཛ་རིལ་པ་ཨ་ཧི་ནོ་ཨམ་གྱི་བུ་ཨམ་ནོན། ཀར་མེལ་པ་ཨ་བྷི་གེལ་གྱི་བུ་དྷ་ནི་ཨེལ། གྷེ་ཤུར་གྱི་རྒྱལ་པོ་ཏལ་མཨེའི་བུ་མོ་མ་ཀཱའི་བུ་ཨབ་ས་ལོམ། ཧ་གྷིད་ཀྱི་བུ་ཨ་དྷོ་ནི་ཡཱ། ཨ་བྷི་ཏལ་གྱི་བུ་ཤེ་ཕཏ་ཡཱ། ཨེག་ལཱའི་བུ་ཨིཐ་རིམ་བཅས་ཡིན་ནོ། 4དཱ་བིད་ཀྱི་ལོ་བདུན་དང་ཕྱེད་ཀ་ཧེབ་རོན་དུ་རྒྱལ་སྲིད་སྐྱོངས་སྐབས་བུ་དྲུག་པོ་དེར་འཁྲུངས་སོ། ཡེ་རུ་ཤ་ལེམ་དུ་ཁོང་གིས་རྒྱལ་པོ་ལྟར་ལོ་སུམ་ཅུ་སོ་གསུམ་རྒྱལ་སྲིད་བསྐྱངས་སོ། 5དེར་ཁོང་ལ་བུ་ཕྲུག་མང་པོ་འཁྲུངས་སོ། ཁོང་གི་བཙུན་མོ་ཨ་མི་ཨེལ་གྱི་བུ་མོ་བྷད་ཤེ་བྷ་ལ་ཤི་མི་དང་ཤོ་བྷབ་དང་ན་ཐན་དང་སོ་ལོ་མོན་བཅས་བུ་བཞི་འཁྲུངས་སོ། 6ཁོང་ལ་བུ་གཞན་དགུ་ཡོ་པ་ནི། ཨི་བར་དང་ཨེ་ལི་ཤུ་ཨ་དང་། ཨེལ་པེ་ལེད་དང་། 7ནོ་གཱ་དང་ནེ་ཕེག་དང་ཡ་ཕི་ཨ་དང་། 8ཨེ་ལི་ཤ་མ་དང་ཨེལ་ཡ་དྷ་དང་ཨེ་ལི་ཕེ་ལེཏི་བཅས་ཡིན་ནོ། 9དེའི་ཐོག་ཏུ་དཱ་བིད་ཀྱི་ཟུར་གྲོགས་མ་ཚོའི་བུ་རྣམས་ཀྱང་ཡོད། ཁོང་ལ་བུ་མོ་ཏ་མཱར་ཟེར་བ་ཡང་ཡོད་དོ༎

རྒྱལ་པོ་སོ་ལོ་མོན་གྱི་རིགས་བརྒྱུད།

10རྒྱལ་པོ་སོ་ལོ་མོན་གྱི་རིགས་བརྒྱུད་ནི་ཕ་ནས་བུའི་བར་འདི་ལྟར་ཡིན་ནོ། སོ་ལོ་མོན་དང་རེ་ཧོ་བྷམ་དང་ཨ་བྷི་ཡཱ་དང་། ཨ་ས་དང་ཡེ་ཧོ་ཤ་ཕད་དང་། 11ཡེ་ཧོ་རམ་དང་ཨ་ཧ་ཛ་ཡཱ་དང་ཡོ་ཨཱཤ་དང་། 12ཨ་མ་ཛ་ཡཱ་དང་ཨུ་ཛི་ཡཱ་དང་ཡོ་ཐོམ་དང་། 13ཨ་ཧཛ་དང་ཧེ་ཛི་ཀི་ཡཱ་དང་མ་ནསེ་སཱེ་དང་། 14ཨ་མོན་དང་ཡོ་ཤི་ཡ་བཅས་ཡིན་ནོ། 15ཡོ་ཤི་ཡཱ་ལ་བུ་བཞི་ཡོད་པ་ནི། ཡོ་ཧ་ནན་དང་ཡེ་ཧོ་ཡ་ཀིམ་དང་ཛེ་དེ་ཀི་ཡཱ་དང་ཡོ་ཨ་ཧཛ་ཡིན། 16ཡེ་ཧོ་ཡ་ཀིམ་ལ་བུ་གཉིས་ཡོད་པ་ནི་ཡེ་ཧོ་ཡ་ཀིན་དང་ཛེ་དེ་ཀི་ཡཱ་བཅས་གཉིས་ཡོད་དོ༎

རྒྱལ་པོ་ཡེ་ཧོ་ཡ་ཀིན་གྱི་རིགས་བརྒྱུད་རྣམས།

17རྒྱལ་པོ་ཡེ་ཧ་ཡ་ཀིན་གྱི་རིགས་བརྒྱུད་བྷེ་བྷི་ལོན་པ་ཚོས་བཙོན་པར་འཁྲིད་པ་རྣམས་ནི་གཤམ་གསལ་ལྟར་ཡིན་ནོ། ཡེ་ཧོ་ཡ་ཀིན་ལ་བུ་བདུན་ཡོད་པ་ནི། ཤལ་ཏི་ཨེལ་དང་། 18མལ་ཀི་རམ་དང་པེ་དྷ་ཡཱ་དང་ཤེ་ན་ཛར་དང་ཡེ་ཀ་མི་ཡཱ་དང་ཧོ་ཤ་མ་དང་ནེ་ད་བི་ཨ་བཅས་སོ། 19པེ་དྷ་ཡཱ་ལ་ཛེ་རུ་བྷ་བྷེལ་དང་ཤིམ་ཨི་བུ་གཉིས་ཡོད་དོ། ཛེ་རུ་བྷ་བྷེལ་ལ་བུ་མེ་ཤུ་ལམ་དང་ཧ་ནན་ཡཱ་བཅས་གཉིས་དང་། ཤེ་ལོ་མིད་ཟེར་བའི་བུ་མོ་གཅིག་ཡོད་པ་ཡིན་ནོ། 20ཁོང་ལ་བུ་གཞན་ལྔ་ཡོད་པ་ནི། ཧ་ཤུ་བྷ་དང་ཨོ་ཧེལ་དང་བྷེ་རེ་ཀི་ཡཱ་དང་ཧ་ས་ད་ཡཱ་དང་ཡུ་ཤབ་ཧེ་སེད་བཅས་ཡིན་ནོ། 21ཧ་ནན་ཡཱ་ལ་པེ་ལཏ་ཡཱ་དང་ཡེ་ཤ་ཡཱ་བཅས་བུ་གཉིས་ཡོད། ཡེ་ཤ་ཡཱ་ནི་རེ་ཕ་ཡཱའི་ཕ་ཡིན་པ་དང་། ཁོ་ཨར་ནན་གྱི་ཕ་དང་། ཁོ་ཨོ་བ་དི་ཡཱའི་ཕ་དང་། ཁོ་ཤེ་ཀན་ཡཱའི་ཕ་ཡིན་ནོ། 22ཤེ་ཀན་ཡཱའི་བུ་རྣམས་ནི། ཤེ་མ་ཡཱ་དང་གཞན་ཚ་བོ་ལྔ་ནི་ཧ་ཏུཤེ་དང་ཨི་གྷལ་དང་བྷ་རི་ཡཱ་དང་ནི་རི་ཨ་དང་ཤ་ཕཏ་བཅས་ལྔ་ཡོད་དོ། 23ནི་རི་ཨ་ལ་བུ་ཨེ་ལི་ཨོ་ནེ་དང་ཧིཛ་ཀི་ཡཱ་དང་ཨཛ་རི་ཀམ་བཅས་གསུམ་ཡོད་དོ། 24ཨེ་ལི་ཧོ་ནེ་ལ་བུ་བདུན་ཡོད་པ་ནི། ཧོ་ད་ཝི་ཨ་དང་ཨེལ་ཡ་ཤིབ་དང་པེ་ལ་ཡཱ་དང་ཨ་ཀུབ་དང་ཡོ་ཧ་ནན་དང་དྷེ་ལའི་ཡཱ་དང་ཨ་ན་ནི་བཅས་ཡིན་ནོ༎

སྔོན་རབས་དང་པོ། 4

1ཡ་ཧུ་དཱའི་རིགས་བརྒྱུད་འགའ་ཞིག་ནི་པེ་རེཛ་དང་ཧེཛ་རོན་དང་ཀར་མི་དང་ཧུར་དང་ཤོ་བལ་བཅས་ཡིན་ནོ། 2ཤོ་བལ་ནི་རེ་ཨ་ཡཱའི་ཕ་དང་། ཁོ་ནི་ཡ་ཧད་ཀྱི་ཕ་དང་ཁོ་ནི་ཨ་ཧུ་མའི་དང་ལ་ཧད་ཀྱི་ཛོ་རཱ་ཁུལ་དུ་གནས་སྡོད་བྱེད་པའི་མི་མང་གི་ཕ་མེས་ཀྱི་ཕ་ཡིན་ནོ། 3-4ཧུར་ནི་ཕ་ཀ་ལེབ་ཀྱི་ཆུང་མ་ཨེཕ་རདའི་བུ་རྒན་ཤོས་དང་ཁོང་གི་རིགས་བརྒྱུད་ཚོས་བྷེད་ལེ་ཧེམ་གྱི་གྲོང་ཁྱེར་བཟོས་པ་ཡིན་ནོ། ཧུར་ལ་བུ་ཨེ་ཏམ་དང་པེ་ནུ་ཨེལ་དང་ཨེ་ཛེར་བཅས་གསུམ་ཡོད་དོ། ཨེ་ཏམ་ལ་བུ་གསུམ་ཡོད་པ་ནི། ཡེཛ་རིལ་དང་ཨིཤ་མ་དང་ཨིད་བྷཤ་དང་བུ་མོ་ཧ་ཛེ་ལེལ་པོ་ནི་ཟེར་བ་གཅིག་ཡོད་དོ། པེ་ནུ་ཨེལ་གྱིས་གྷེ་དོར་གྱི་གྲོང་ཁྱེར་བཟོས་པ་དང་། ཨེ་ཛེར་གྱིས་ཧུ་ཤཱ་བཟོས་པ་ཡིན་ནོ། 5ཊེ་ཀོ་ཨའི་གྲོང་ཁྱེར་བཟོ་མཁན་ནི་ཨཤ་ཤུར་ལ་ཆུང་མ་ཧེ་ལཱ་དང་ནཱ་རཱ་བཅས་གཉིས་ཡོད་དོ། 6ཁོ་དང་ནཱ་རཱ་ལ་བུ་ཨ་ཧུཛ་ཛམ་དང་ཧེ་ཕར་དང་ཏེ་མི་ནི་དང་ཧ་ཧཤ་ཏ་རི་བཅས་བཞི་ཡོད་དོ། 7ཨཤ་ཤུར་དང་ཧེ་ལཱ་ལ་ཛེ་རེད་དང་ཨིཛ་ཧར་དང་ཨེད་ནན་བཅས་བུ་གསུམ་ཡོད་དོ། 8ཀོཛེ་ནི་ཨ་ནུབ་དང་ཛོ་བེ་བཱའི་ཕ་ཡིན་པ་དང་། རིགས་རུས་ཧ་རུམ་གྱི་བུ་ཨ་ཧར་ཧེལ་ལས་ཆད་པའི་ཕ་མེས་ཡིན་ནོ། 9ཡ་བྷེཛ་ཟེར་བའི་མི་ཞིག་ཡོད་པ་དང་། དེའི་ཁྱིམ་ཚང་ནས་ཁོང་ལ་གུས་ཞབས་ཆེ་ཤོས་ཞུ་བའི་ནང་མི་ཡིན་ནོ། ཁོང་གི་མས་ཁོ་ལ་མིང་ཡ་བྷེཛ་ཞེས་བཏགས་ཡོད་དོ། གང་ལགས་ཟེར་ན། ཁོང་སྐྱེས་སྐབས་ནད་ཟུག་ཧ་ཅང་ཆེན་པོ་རྒྱབ་ཡོད་དོ། 10འོན་ཀྱང་ཡ་བེཛས་ཨིསི་རཱཨེལ་གྱི་དཀོན་མཆོག་ལ། དཀོན་མཆོག་ང་ལ་བྱིན་རླབས་གནང་རོགས། ང་ལ་ས་ཆ་མང་པོ་གནང་རོགས། ང་མཉམ་དུ་བཞུགས་ནས་ང་ལ་སྡུག་བསྔལ་ཡོང་བའི་ངན་པའི་རིགས་ནས་སྐྱོབས་རོགས་གནང་ཞེས་གསོལ་བ་འདེབས་ནས་དཀོན་མཆོག་གིས་ཁོང་གིས་ཞུས་པ་ལྟར་ལན་གནང་ངོ་༎

ཁྱིམ་ཚང་གཞན་ཚོའི་ཐོ་ནི།

11ཤུ་ཧཱའི་སྤུན་ཀ་ལེབ་ལ་བུ་ཞིག་ཡོད་པ་དེ་ལ་མེ་ཧིར་ཟེར་རོ། མེ་ཧིར་ནི་ཨེཤ་ཏོན་གྱི་ཕ་ཡིན་ནོ། 12ཁོང་ལ་བུ་གསུམ་ཡོད་པ་ནི། བྷེད་ར་ཕ་དང་པ་སེ་ཨ་དང་ཏེ་ཧིན་ནཱ་བཅས་ཡིན་ནོ། ཏེ་ཧིན་ནཱས་ན་ཧཤེའི་གྲོང་ཁྱེར་བཟོས་སོ། མི་དེ་ཚོའི་རིགས་བརྒྱུད་རྣམས་རེ་ཀཱ་རུ་གནས་སྡོད་བྱས་སོ། 13ཀེ་ནཛ་ལ་བུ་འོད་ནི་ཨེལ་དང་སེ་ར་ཡཱ་གཉིས་ཡོད། ཨོཐ་ནི་ཨེལ་ལ་ཡང་བུ་ཧ་ཐཏ་དང་མི་ཨོ་ནོ་ཐའི་བཅས་གཉིས་ཡོད་དོ། 14མི་ཨོ་ནོ་ཐའི་ནི་ཨོཕ་རཱའི་ཕ་ཡིན་ནོ། སེ་ར་ཡཱ་ནི་ཡོ་ཨབ་ཀྱི་ཕ་དང་། ཁོང་ནི་ལག་ཤེས་མཁས་པའི་ལུང་ཤོང་དེ་བཟོ་མཁན་ཡིན་པ་དང་། དེར་གནས་པའི་མི་ཚང་མ་ལག་ཤེས་མཁས་པ་ཡིན་ནོ། 15ཡེ་ཕུ་ནཱེའི་བུ་ཀ་ལེབ་ཀྱི་བུ་རྣམས་ནི་ཨི་རུ་དང་ཨེ་ལཱ་དང་ནམ་བཅས་གསུམ་ཡོད་དོ། ཨེ་ལཱ་ནི་ཀེ་ནཛའི་ཕ་ཡིན་ནོ། 16ཡེ་ཧལ་ལེ་ལེལ་ལ་བུ་བཞི་ཡོད་པ་ནི། ཛིཕ་དང་ཛི་ཕཱ་དང་ཏིར་ཡ་དང་ཨ་ས་རེལ་བཅས་ཡིན་ནོ། 17-18ཨེཛ་རཱ་ལ་བུ་བཞི་ཡོད་པ་ནི། ཡེ་ཐེར་དང་མེ་རེད་དང་ཨེ་ཕར་དང་ཡ་ལོན་བཅས་ཡིན་ནོ། མེ་རེད་ཀྱི་ཨི་ཇིབ་ཀྱི་རྒྱལ་པོའི་བུ་མོ་བྷི་ཐི་ཨ་དང་ཆང་ས་རྒྱབ་ནས། དེ་གཉིས་ལ་བུ་མོ་མིར་ཡམ་བྱ་བ་ཞིག་དང་། བུ་ཤམ་མའི་དང་ཨིཤ་བཱ་བཅས་གཉིས་ཡོད་དོ། ཨིཤ་བཱས་ཨེཤ་ཏེ་མོ་གྲོང་ཁྱེར་བཟོས་སོ། མེ་རེད་ཀྱིས་ཀྱང་ཡ་ཧུ་དཱ་པའི་སྡེ་རིགས་ཀྱི་བུད་མེད་ཞིག་དང་ཆང་ས་རྒྱབ་ནས། དེ་གཉིས་ལ་བུ་གསུམ་ཡོད་པ་ནས་ཡེ་རེད་ཀྱིས་གྷེ་དོར་གྱིས་གྲོང་ཁྱེར་བཟོས་པ་དང་། ཧེ་བྷེར་གྱིས་སོ་ཀོའི་གྲོང་ཁྱེར་བཟོས་པ་དང་། ཡེ་ཀུ་ཐི་ཨེལ་གྱིས་ཛ་ནོ་ཨའི་གྲོང་ཁྱེར་བཟོས་པ་ཡིན་ནོ། 19ཧོ་དི་ཡཱས་ན་ཧམ་གྱི་སྲིང་མོ་དང་ཆང་ས་རྒྱབ་པ་དང་། དེ་ཚོའི་རིགས་བརྒྱུད་ཀྱིས་ཀི་ལཱའི་གྲོང་ཁྱེར་དུ་སྡོད་པའི་ག་རམ་གྱི་རིགས་རུས་དང་། ཨེཤ་ཏེ་མོ་གྲོང་ཁྱེར་དུ་སྡོད་པའི་མ་ཀདའི་རིགས་རུས་འགོ་འཚུགས་སོ། 20ཤི་མོན་ལ་བུ་ཨམ་ནོན་དང་རིན་ནཱ་དང་བྷེན་ཧ་ནན་དང་ཏི་ལོན་བཅས་བཞི་ཡོད་དོ། ཨི་ཤི་ལ་བུ་ཛོ་ཧེད་དང་བྷེན་ཛོ་ཧེད་བཅས་གཉིས་ཡོད་དོ།

ཤེ་ལཱའི་རིགས་བརྒྱུད་རྣམས།

21ཤེ་ལཱ་ནི་ཡ་ཧུ་དཱའི་བུའི་ནང་ནས་གཅིག་ཡིན་ནོ། ཁོང་གི་རིགས་བརྒྱུད་ཀྱིས་ཨེར་དང་ལེ་ཀཱའི་གྲོང་ཁྱེར་བཟོས་པ་དང་། ལཱ་དཱས་མ་རེ་ཤའི་གྲོང་ཁྱེར་བྷེད་ཨཤ་བི་ཨའི་གྲོང་ཁྱེར་ལ་སྡོད་པའི་འཐག་མཁན་གྱི་སྡེ་རིགས་དང་། 22ཀོ་ཛེ་བྷའི་གྲོང་ཁྱེར་ལ་སྡོད་པའི་ཡོ་ཀིམ་དང་ཁོང་གི་མི་མང་དང་ཡོ་ཨཱཤ་དང་ས་རཕ་ནས་མོ་ཨབ་པའི་བུད་མེད་དང་མཉམ་དུ་ཆང་ས་རྒྱབ་ནས། བྷེད་ལེ་ཧེམ་དུ་བཞིས་ཆགས་སོ། (སྲོལ་དེ་ནི་ཧ་ཅང་རྙིང་པ་ཡིན་ནོ།) 23དེ་ཚོ་ནི་ནེ་ཏེམ་དང་གེ་དེ་རའི་གྲོང་ཁྱེར་དུ་གནས་སྡོད་བྱས་པའི་རྒྱལ་པོའི་ཞབས་ཞུ་བ་རྫ་མཁན་རྣམས་ཡིན་ནོ༎

སིམ་ཨོན་གྱི་རིགས་བརྒྱུད་རྣམས།

24སིམ་ཨོན་ལ་བུ་ནེ་མུ་ཨེལ་དང་ཡ་མིན་དང་ཡ་རིབ་དང་ཛེ་རཱ་དང་ཤ་ཨུལ་བཅས་ལྔ་ཡོད་དོ། 25ཤ་ཨུལ་གྱི་བུ་ཤལ་ལུམ་དང་ཚ་བོ་མིབ་སམ་དང་ཚ་བོའི་ཚ་བོ་མིཤི་མ་ཡིན་ནོ། 26མིཤི་མ་ནས་ཧམ་མུ་ཨེལ་དང་ཛ་ཀུར་དང་ཤིམ་ཨི་བཅས་ཀྱི་རིགས་བརྒྱུད་བྱུང་བ་ཡིན་ནོ། 27ཤིམ་ཨི་ལ་བུ་བཅུ་དྲུག་དང་བུ་མོ་དྲུག་ཡོད་དོ། འོན་ཀྱང་ཁོང་གི་གཉེན་ཚན་ཚོར་ཕྲུ་གུ་ཉུང་ཉུང་ལས་མེད་སྟབས། སིམ་ཨོན་གྱི་སྡེ་རིགས་ནི་ཡ་ཧུ་དཱ་པའི་སྡེ་རིགས་ལྟར་འཕེལ་མེད་དོ། 28རྒྱལ་པོ་དཱ་བིད་ཀྱི་བར་སིམ་ཨོན་གྱི་རིགས་བརྒྱུད་རྣམས་གཤམ་གསལ་གྲོང་ཁྱེར་ཁག་ནང་གནས་སྡོད་བྱས་ཡོད་དོ། བྷིར་ཤེ་བྷ་དང་མོ་ལ་དཱ་དང་ཧ་ཛར་ཤུ་ཨལ་དང་། 29བྷིལ་ཧཱ་དང་ཨེ་ཛེམ་དང་ཏོ་ལད་དང་། 30བེ་ཐུ་ཨེལ་དང་ཧོར་མཱ་དང་ཛིག་ལག་དང་། 31བྷེད་མར་ཀ་བོད་དང་། ཧ་ཛར་སུ་སིམ་དང་། བེད་བི་རི་དང་ཨ་ཤ་ར་ཨིམ་བཅས་སོ། 32དེ་ཚོ་ནི་ཨེ་ཏམ་དང་ཨ་ཨིན་དང་རིམ་མོན་དང་ཏོ་ཀེན་དང་ཨ་ཤན་བཅས་ས་ཁུལ་གཞན་ཁག་ལྔའི་ནང་དང་། 33དེའི་མཐའ་འཁོར་ལྷོ་ནུབ་ཀྱི་གྲོང་གསེབ་ནས་བྷ་ལདའི་གྲོང་ཁྱེར་བར་དུ་གནས་སྡོད་བྱས་ཡོད་དོ། དེ་ཚོའི་ཁྱིམ་ཚང་དང་གནས་སྡོད་བྱ་ཡུལ་བཅས་ཀྱི་དེབ་བཀོད་ཅིག་དེ་ཚོས་བདག་ཉར་བྱས་ཡོད་དོ། 34-38གཤམ་གསལ་མི་རྣམས་ནི་རིགས་རུས་ཀྱི་འགོ་པ་ཡིན་ནོ། མེ་ཤོ་བྷབ་དང་ཡམ་ལེག་དང་ཨ་མ་ཛ་ཡཱའི་བུ་ཡོ་ཤཱ་དང་ཡོ་ཨེལ་དང་། ཡེ་ཧུ་ནི་(ཡོ་ཤི་བྷི་ཨའི་བུ་དང་སེ་ར་ཡཱའི་བུ་དང་ཨ་སི་ཨེལ་གྱི་བུ་དང་།) ཨེ་ལི་ཨོ་ནེ་དང་ཡ་ཀོ་བཱ་དང་ཡེ་ཤོ་ཧ་ཡཱ་དང་ཨ་ས་ཡཱ་དང་ཨ་དེ་ཨེལ་དང་ཡི་ཤེ་མི་ཨེལ་དང་བྷེ་ན་ཡཱ་དང་། ཛི་ཛ་དང་(ཤི་ཕིའི་བུ་དང་ཨ་ལོན་གྱི་བུ་དང་ཡེ་དྷ་ཡཱ་དང་ཤིམ་རི་དང་ཤེ་མ་ཡཱའི་རིགས་བརྒྱུད་བཅས་ཡིན་ནོ།) དེ་ཚོའི་ཁྱིམ་ཚང་ཁག་མུ་མཐུད་འཕེལ་སྟབས། 39དེ་ནུབ་ཕྱོགས་སུ་ཕལ་ཆེར་གྲོང་ཁྱེར་གྷེ་རར་བར་དུ་ཁྱབ་པ་དང་། དེ་ཚོའི་ལུག་རྣམས་གྲོང་ཁྱེར་ཆགས་ཁུལ་གྱི་ལུང་ཤོང་གི་ཤར་ཕྱོགས་རྩ་ཁར་འཚོ་བཞིན་ཡོད་དོ། 40དེ་ཚོ་ལ་ཙ་ཁ་བཟང་པོའི་ས་ཆ་ཧ་ཅང་རྒྱ་ཁྱོན་ཆེན་པོ་དང་ཁ་ཁུ་སིམ་པོ་དང་ཞི་བདེའི་ཁུལ་རྙེད་དོ། དེར་སྔོན་དུ་གནས་སྡོད་བྱེད་པའི་མི་མང་རྣམས་ཧ་མི་པ་ཚོ་ཡིན་ནོ། 41ཡ་ཧུ་དཱ་པའི་རྒྱལ་པོ་ཧེ་ཛི་ཀི་ཡཱའི་དུས་སུ་གོང་དུ་མིང་བཀོད་པའི་མི་ཚོ་གྷེ་རར་དུ་ཕྱིན་ནས་དེར་གནས་སྡོད་བྱེད་པའི་མི་མང་ཚོའི་གུར་དང་ཁང་ཆུང་རྣམས་མེད་པར་བཟོས་སོ། དེ་ཚོས་མི་མང་རྣམས་ཕྱིར་འབུད་བྱས་ནས་དེར་བཏན་དུ་བཞིས་ཆགས་སོ། གང་ལ་ཟེར་ན། དེར་དེ་ཚོའི་ལུག་གི་ཆེད་རྩ་ཁ་ཧ་ཅང་བཟང་པོ་ཡོད་པ་དང་། 42གཞན་སིམ་ཨོན་གྱི་སྡེ་རིགས་ ༥༠༠ ཐམ་པ་ཨེ་དྷོམ་གྱི་ཤར་ཕྱོགས་སུ་ཕྱིན་ནོ། དེ་ཚོ་ཨི་ཤིའི་བུ་པེ་ལཏ་ཡཱ་དང་ནི་རི་ཨ་དང་རེ་ཕ་ཡཱ་དང་ཨུ་ཛི་ཨེལ་བཅས་ནས་སྣེ་འཁྲིད་བྱས་ཡོད་དོ། 43དེར་དེ་ཚོས་གསོན་པོ་ལྷག་པ་ཨ་མ་ལེག་པ་རྣམས་བསད་ནས། དེ་ནས་བཟུང་སྟེ་དེ་ཚོ་དེར་གནས་སྡོད་བྱས་སོ༎

སྔོན་རབས་དང་པོ། 5

རུ་བྷན་གྱི་རིགས་བརྒྱུད་རྣམས།

1ཡ་ཀོབ་ཀྱི་བུ་རྒན་ཤོས་རུ་བྷེན་གྱི་རིགས་བརྒྱུད་རྣམས་འདི་ལྟར་ཡིན་ནོ། (གང་ལ་ཟེར་ན། ཁོས་རང་གི་ཡབ་ཀྱི་ཟུར་གྲོགས་མ་ཞིག་དང་མཉམ་དུ་འཁྲིད་སྤྱོད་བྱེད་སྟབས། རང་གི་བུ་ལ་བདག་པའི་སྔོན་སྐྱེས་ཀྱི་ཐོབ་ཐང་དེ་ཡོ་སེབ་ལ་སྤྲད་ཡོད་དོ། 2དེ་ནི་ཡ་ཧུ་དཱ་པའི་སྡེ་རིགས་ཡིན་ནོ། འོན་ཀྱང་དེ་ནི་སྟོབས་ཤུགས་ཆེ་ཤོས་སུ་འགྱུར་བ་མ་ཟད། སྡེ་རིགས་ཚང་མའི་རྒྱལ་པོ་ཁོའི་དབང་འོག་ཏུ་བཅུག་ཡོད་དོ།) 3ཡ་ཀོབ་ཀྱི་བུ་རྒན་ཤོས་རུ་བྷེན་ལ་བུ་ཧ་ནོག་དང་པལ་ལུ་དང་ཧེཛ་རོན་དང་ཀར་མི་བཅས་བཞི་ཡོད་དོ། 4-6ཡོ་ཨེལ་གྱི་མི་རབས་ནས་མི་རབས་བར་གྱི་མི་བརྒྱུད་འདི་ལྟར་ཡིན་ནོ། ཤེ་མ་ཡཱ་དང་གྷོག་དང་ཤིམ་ཨི་དང་མི་ཀཱ་དང་རེ་ཨ་ཡཱ་དང་བྷལ་དང་བྷི་རཱ་བཅས་ཡིན་ནོ། ཨ་སུར་པའི་རྒྱལ་པོ་ཆེན་པོ་ཏིག་ལད་པི་ལེ་སེར་གྱིས་སྡེ་རིགས་ཀྱི་འགོ་དཔོན་ཡིན་པ་བྷི་རཱ་ལ་བཟུང་ནས་ཁོང་ཕྱིར་འབུད་བྱས་སོ། 7ཁྱིམ་ཚང་གི་དེབ་ཐོའི་ནང་རུ་བྷེན་གྱི་སྡེ་རིགས་ནང་ནས་རིགས་རུས་ཀྱི་འགོ་པ་རྣམས་གཤམ་གསལ་ལྟར་ཡིན་ནོ། ཡི་ཨེལ་དང་ཛ་ཀར་ཡཱ་དང་། 8ཡོ་ཨེལ་གྱི་རིགས་རུས་ཤེ་མའི་ཚ་བོ་ཨ་ཛ་ཛལ་གྱི་བུ་བེ་ལ་དང་། རིགས་རུས་དེ་ནི་ཨ་རོ་ཨེར་དུ་གནས་སྡོད་བྱེད་པ་དང་དེའི་ས་ཁུལ་ནི་དེ་ནས་བྱང་དུ་ནེ་བྷོ་དང་བྷལ་མི་ཨོན་བར་དུ་ཡོད་དོ། 9དེ་ཚོ་ལ་གྷིལ་ཨད་ཡུལ་དུ་ཕྱུགས་ཀྱི་ཁྱུ་ཚོ་ཆེན་པོ་ཡོད་པ་དང་། ས་ཆ་ཤར་དུ་བྱེ་ཐང་ནས་གཙང་པོ་ཡུབ་རད་བར་བདག་བཟུང་བྱས་ཡོད་དོ། 10རྒྱལ་པོ་ཤ་ཨུལ་གྱི་དུས་སུ་རུ་བྷན་གྱི་སྡེ་རིགས་ཧ་གར་པ་རྣམས་ལ་བཙན་གནོན་བྱས་ནས་དེ་ཚོ་དམག་སར་བསད་པ་དང་། དེ་ཚོས་གྷིལ་ཨད་ཀྱི་ཤར་ཕྱོགས་ཁུལ་གྱི་ས་ཁུལ་ཡང་དབང་འཛིན་བྱས་སོ༎

གྷཌ་ཀྱི་རིགས་བརྒྱུད་རྣམས།

11གྷཌ་ཀྱི་སྡེ་རིགསརྣམས་རུ་བྷེན་གྱི་བྱང་ཕྱོགས་བྷ་ཤཱན་གྱི་ཡུལ་ས་ལེ་ཀཱའི་ཤར་ཕྱོགས་བར་གནས་སྡོད་བྱས་ཡོད་དོ། 12ཡོ་ཨེལ་ནི་རིགས་རུས་གཙོ་ཆེ་བ་འགོ་འཛུགས་མཁན་དང་ཤ་ཕམ་ནི་རིགས་རུས་གཙོ་ཆེ་འགོ་འཛུགས་མཁན་གཉིས་པ་ཡིན་ནོ། ཡ་ནའི་དང་ཤ་ཕཏ་ནི་བྷ་ཤཱན་གྱི་རིགས་རུས་གཞན་པ་ཚོའི་འགོ་འཛུགས་མཁན་ཡིན། 13སྡེ་རིགས་གཞན་གྱི་མི་རྣམས་གཤམ་གསལ་རིགས་རུས་མི་ཀ་ཨེལ་དང་མེ་ཤུ་ལམ་དང་ཤེ་བྷ་དང་ཡོ་རའི་དང་ཡ་ཀན་དང་ཛི་ཨའི་དང་ཨེ་བྷེར་བཅས་བདུན་ལ་བདག་ཡོད་དོ། 14དེ་ཚོ་ཧུ་རིའི་བུ་ཨ་བྷི་ཧེལ་གྱི་རིགས་བརྒྱུད་ཡིན་པ་དང་། དེ་ཚོའི་མེས་པོ་རྣམས་གཤམ་གསལ་ལྟར་ཡིན་ནོ། ཨ་བྷི་ཧེལ་དང་ཧུ་རི་དང་ཡ་རོ་ཨ་དང་གྷིལ་ཨད་དང་མི་ཀ་ཨེལ་དང་ཡེ་ཤི་ཤའི་དང་ཡཱ་དྷོ་དང་བྷཛ་བཅས་ཡིན་ནོ། 15ཨབ་དི་ཨེལ་གྱི་བུ་ཨ་ཧི་དང་གྷུ་ནིའི་ཚ་བོ་ནི་རིགས་རུས་དེ་ཚོའི་འགོ་པ་ཡིན་ནོ། 16དེ་ཚོ་བྷ་ཤཱན་དང་གྷིལ་ཨད་ཀྱི་མངའ་ཁུལ་དང་དེའི་གྲོང་ཁྱེར་ཁག་དང་ཤ་རོན་གྱི་རྩ་ཁའི་ས་ཁུལ་ཡོངས་སུ་གནས་སྡོད་བྱེད་དོ། 17(ལོ་རྒྱུས་འདི་ཚོ་ཡ་ཧུ་དཱ་པའི་རྒྱལ་པོ་ཡོ་ཐམ་དང་ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་རོ་བྷམ་གྱི་སྐུ་དུས་སུ་བྱུང་བ་ཡིན་ནོ།)

ཤར་ཕྱོགས་ཀྱི་སྡེ་རིགས་རྣམས་ཀྱི་དམག་དཔུང།

18རུ་བྷེན་དང་གྷཌ་དང་ཤར་མ་ནསེ་སཱེའི་སྡེ་རིགས་ནང་ཁྲབ་དང་རལ་གྲི་དང་མདའ་གཞུ་བེད་སྤྱོད་བྱེད་རྒྱུའི་སྦྱོངས་དར་ལེགས་པར་ཟིན་པའི་དམག་མིའི་གྲངས་ ༤༤,༧༦༠ ཡོད་དོ། 19དེ་ཚོས་ཡེ་ཏུར་དང་ན་ཕིཤི་དང་ནོ་དྷབ་བཅས་ཀྱི་ཧ་གྷར་པའི་སྡེ་རིགས་དང་མཉམ་དུ་དམག་འཐབ་བྱས་སོ། 20དེ་ཚོས་དཀོན་མཆོག་ལ་བློས་འགེལ་ནས་རོགས་རམ་ཡོང་བའི་སྐྱབས་འཇུག་ཞུས་སོ། དཀོན་མཆོག་གིས་དེ་ཚོའི་ཞུས་པ་ལ་གསན་ནས་དེ་ཚོ་ལ་ཧ་གྷར་པ་དང་ཁོ་ཚོའི་མཐུན་ཕྱོགས་ལས་རྒྱལ་ཁ་གནང་ངོ་། 21དེ་ཚོས་དགྲ་བོའི་རྔ་མོང་གྲངས་ ༥༠,༠༠༠ དང་། ལུག་གྲངས་ ༢༥༠,༠༠༠། བོང་བུའི་གྲངས་ ༢,༠༠༠ དང་། དམག་གི་བཙོན་པའི་གྲངས་ ༡༠༠,༠༠༠ བཅས་འཁྲིད་དོ། 22དེ་ཚོས་དགྲ་བོ་མང་པོ་བསད་ཡོད་དོ། གང་ལ་ཟེར་ན། དམག་འཐབ་དེ་དཀོན་མཆོག་གི་ཐུགས་དགོངས་ལྟར་གྱི་ཡིན་ཅིང་། དེ་ཚོ་བཙན་བྱོལ་དུ་འགྲོ་དགོས་མ་བྱུང་བར་དུ་དེར་གནས་སྡོད་བྱས་སོ༎

ཤར་མ་ནསེ་སཱེའི་མི་མང།

23ཤར་མ་ནསེ་སཱེའི་མི་མང་རྣམས་བྷ་ཤཱན་མངའ་ཁུལ་བྱང་བྷལ་ཧར་མོན་དང་སེ་ནིར་དང་རི་བོ་ཧར་མོན་བར་གཞིས་ཆགས་བྱས་ནས། དེ་ཚོའི་མི་མང་ཧ་ཅང་འཕེལ་ལོ། 24གཤམ་གསལ་ཁག་ནི་དེ་ཚོའི་རིགས་རུས་ཁག་གི་འགོ་པ་ཡིན་ནོ། ཨེ་ཕེར་དང་ཨི་ཤི་དང་ཨེ་ལི་ཨེལ་དང་ཨ་ཇ་རི་ཨེལ་དང་ཡེ་རེམ་ཡ་དང་ཧོ་ད་ཝི་ཨ་དང་ཡ་དི་ཨེལ་བཅས་ཡིན་ནོ། དེ་ཚོ་ཚང་མ་ཕུལ་དུ་བྱུང་བའི་དམག་མི་དང་ཚང་མས་ངོ་ཤེས་པའི་རིགས་རུས་འགོ་པ་ཡིན་ནོ༎

ཤར་ཕྱོགས་ཀྱི་སྡེ་རིགས་ཁག་ཕྱིར་འབུད་བྱས་པ།

25འོན་ཀྱང་མི་མང་ཚོས་རང་གི་ཕ་མེས་ཀྱི་དཀོན་མཆོག་ལ་དམ་ཚིག་མི་གཙང་བ་གིས་ནས་ཁོང་ལ་སྤང་ནས། དཀོན་མཆོག་གིས་ཡུལ་ནས་ཕྱིར་འབུད་གནང་བའི་མི་མང་ཚོའི་དཀོན་མཆོག་ལ་མཆོད་བྱེད་འགོ་བཙུགས་སོ། 26དེ་འདྲ་སོང་ཙང་དཀོན་མཆོག་གིས་ཨ་སུར་པའི་རྒྱལ་པོ་ཆེན་པོ་པུལ་(མིང་ལ་ཏིག་ལད་པི་ལེ་སེར་ཡང་ཞུ་བ་ཡིན་ནོ།) དེ་ཚོའི་ཡུལ་དུ་བཙན་འཛུལ་བྱེད་བཅུག་པ་དང་། ཁོང་གིས་རུ་བྷེན་དང་གྷཌ་དང་ཤར་མ་ནསེ་སཱེའི་སྡེ་རིགས་རྣམས་ཕྱིར་འབུད་གནང་ནས། དེ་ཚོ་ཧ་ལཱ་དང་ཧ་བྷོར་དང་ཧ་ར་དང་གཙང་པོ་གྷོ་ཛན་གྱི་ཉེ་འགྲམ་དུ་གཏན་འཇགས་གཞིས་ཆགས་སུ་འཇུགས་སོ༎

སྔོན་རབས་དང་པོ། 6

བླ་ཆེན་ཚོའི་ཁྱིམ་ཚང་གི་བརྒྱུད་པ།

1ལེ་ཝི་ལ་གྷེར་ཤོན་དང་ཀོ་ཧད་དང་མེ་ར་རི་བཅས་བུ་གསུམ་ཡོད་དོ། 2ཀོ་ཧད་ལ་བུ་བཞི་ཡོད་པ་ནི། ཨམ་རམ་དང་ཨིཛ་ཧར་དང་ཧེབ་རོན་དང་ཨུ་ཛི་ཨེལ་བཅས་ཡིན་ནོ། 3ཨམ་རམ་ལ་བུ་ཨ་རོན་དང་མོ་ཤེ་བཅས་གཉིས་དང་། བུ་མོ་མིར་ཡམ་ཞེས་པ་གཅིག་ཡོད་དོ། ཨ་རོན་ལ་བུ་ན་དྷབ་དང་ཨ་བྷི་ཧུ་དང་ཨི་ལི་ཛར་དང་ཨི་ཐ་མར་བཅས་བཞི་ཡོད་དོ། 4ཨེ་ལི་ཛར་གྱི་མི་བརྒྱུད་ནི་མི་རབས་ནས་མི་རབས་བར་གཤམ་གསལ་ལྟར་ཡིན་ནོ། ཕིན་ཧསི་དང་ཨ་བྷི་ཤུ་ཨ་དང་། 5བྷུག་ཀི་དང་ཨུ་ཛི་དང་། 6ཛེ་ར་ཡཱ་དང་མེ་ར་ཡོད་དང་། 7ཨ་མར་ཡཱ་དང་ཨ་ཧི་ཏུབ་དང་། 8ཛ་དཱོག་དང་ཨ་ཧི་མཛ་དང་། 9ཨ་ཛར་ཡཱ་དང་ཡོ་ཧ་ནན་དང་། 10ཨ་ཛར་ཡཱ་(ནི་རྒྱལ་པོ་སོ་ལོ་མོན་གྱིས་ཡེ་རུ་ཤ་ལེམ་དུ་བཞེངས་པའི་མཆོད་ཁང་གི་ཞབས་ཞུ་མཁན་ཞིག་ཡིན་ནོ།) 11ཨ་མར་ཡཱ་དང་ཨ་ཧི་ཏུབ་དང་། 12ཛ་དཱོག་དང་ཤལ་ལུམ་དང་། 13ཧིལ་ཀི་ཡཱ་དང་ཨ་ཛར་ཡཱ་དང་། 14སེ་ར་ཡཱ་དང་ཡེ་ཧོ་ཛ་དག་བཅས་ཡིན་ནོ། 15རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཡེ་ཧོ་ཛ་དག་དང་གཞན་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་གཙོ་བོ་དཀོན་མཆོག་གིས་བཙན་བྱོལ་དུ་བཏང་བ་རྣམས་ཕྱིར་འབུད་བྱས་སོ༎

ལེ་ཝིའི་རིགས་བརྒྱུད་གཞན་རྣམས།

16ལེ་ཝི་ལ་གྷེར་ཤོན་དང་། ཀོ་ཧད་དང་མེ་ར་རི་བཅས་བུ་གསུམ་ཡོད་དོ། 17དེ་ཚོ་རེ་རེ་ལ་ཡང་བུ་ཚོ་ཡོད་དོ། ལིབ་ནི་དང་ཤིམ་ཨིའི་ཕ་གྷེར་ཤོན་དང་། 18ཨམ་རམ་དང་ཨིཛ་ཧར་དང་ཧེབ་རོན་དང་ཨུ་ཛི་ཨེལ་བཅས་ཀྱི་ཕ་ཀོ་ཧད་དང་། 19མཱ་ལི་དང་མུ་ཤིའི་ཕ་ནི་མི་ར་རི་ཡིན་ནོ། 20གྷེར་ཤོན་གྱི་རིགས་བརྒྱུད་ནི་མི་རབས་ནས་མི་རབས་བར་གཤམ་གསལ་ལྟར་ཡིན་ནོ། ལིབ་ནི་དང་ཡ་ཧད་དང་ཛིམ་མཱ་དང་། 21ཡ་ཨ་དང་ཨིད་དྷོ་དང་ཛེ་རཱ་དང་ཡ་ཐེ་རའི་བཅས་ཡིན་ནོ། 22ཀོ་ཧདའི་རིགས་བརྒྱུད་ནི་མི་རབས་ནས་མི་རབས་བར་གཤམ་གསལ་ལྟར་ཡིན་ནོ། ཨམ་མི་ན་དྷབ་དང་ཀོ་རཱ་དང་ཨསི་སིར་དང་། 23ཨེལ་ཀ་ནཱ་དང་ཨེ་བྷི་ཨ་སཕ་དང་ཨསི་སིར་དང་། 24ཏ་ཧད་དང་ཨུ་རི་ཨེལ་དང་ཨུ་ཛི་ཡཱ་དང་ཤ་ཨུལ་བཅས་ཡིན་ནོ། 25ཨེལ་ཀ་ནཱ་ལ་བུ་ཨ་མ་སེ་དང་ཨ་ཧི་མོད་བཅས་གཉིས་ཡོད་དོ། 26ཨ་ཧི་མོདའི་རིགས་བརྒྱུད་ནི་མི་རབས་ནས་མི་རབས་བར་འདི་ལྟར་ཡིན། ཨེལ་ཀ་ནཱ་དང་ཛོ་ཕའི་དང་ན་ཧད་དང་། 27ཨེ་ལི་ཨབ་དང་ཡེ་རོ་ཧམ་དང་ཨེལ་ཀ་ནཱ་བཅས་ཡིན་ནོ། 28ཤ་མུ་ཨེལ་ལ་བུ་རྒན་ཤོས་ཡོ་ཨེལ་དང་ཆུང་བ་ཨ་བྷི་ཡཱ་བཅས་གཉིས་ཡོད་དོ། 29མི་ར་རིའི་རིགས་བརྒྱུད་ནི་མི་རབས་ནས་མི་རབས་བར་འདི་ལྟར་ཡིན། མཱ་ལི་དང་ལིབ་ནི་དང་ཤིམ་ཨི་དང་ཨུཛ་ཛཱ་དང་། 30ཤི་མ་ཨ་དང་ཧག་གི་ཡཱ་དང་ཨ་ས་ཡཱ་བཅས་ཡིན་ནོ༎

མཆོད་ཁང་གི་རོལ་མོ་མཁན་རྣམས།

31དམ་བཅའི་སྒྲོམ་དེ་ཡེ་རུ་ཤ་ལེམ་དུ་གནས་སྤོས་བྱས་པའི་རྗེས་སུ། རྒྱལ་པོ་དཱ་བིད་ཀྱིས་དེའི་མཆོད་འབུལ་བྱེད་ཡུལ་གྱི་རོལ་མོའི་འགོ་འཛིན་བསྐོས་པའི་མི་འདི་ཚོ་ཡིན་ནོ། 32རྒྱལ་པོ་སོ་ལོ་མོན་གྱིས་མཆོད་ཁང་བཞེངས་པའི་སྔོན་དུ་དེ་ཚོས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པར་རེ་མོས་ཀྱི་ལས་འཁུར་ཞུས་སོ། 33ལས་འགན་དེ་ཞུ་མཁན་གྱི་ཁྱིམ་ཚང་གི་བརྒྱུད་པ་ནི་གཤམ་གསལ་ལྟར་ཡིན་ནོ། ཀོ་ཧད་ཀྱི་རིགས་རུས་ལས་མགུར་མ་དང་པོ་ལེན་མཁན་གྱི་འགོ་པ་ཧེ་མན་ནི་ཡོ་ཨེལ་གྱི་བུ་ཡིན་ནོ། ཁོང་གི་ཁྱིམ་ཚང་གི་བརྒྱུད་པ་ཡ་ཀོབ་བར་གཤམ་གསལ་ལྟར་ཡིན་ནོ། ཧེ་མན་དང་ཡོ་ཨེལ་དང་ཤ་མུ་ཨེལ་དང་། 34ཨེལ་ཀ་ནཱ་དང་ཡེ་རོ་ཧམ་དང་ཨེ་ལི་ཨེལ་དང་ཊོ་ཨ་དང་། 35ཛུཕ་དང་ཨེལ་ཀ་ནཱ་དང་མ་ཧད་དང་ཨ་མ་སེ་དང་། 36ཨེལ་ཀ་ནཱ་དང་ཡོ་ཨེལ་དང་ཨ་ཛར་ཡཱ་དང་ཛེ་ཕན་ཡཱ་དང་། 37ཏ་ཧད་དང་ཨསི་སིར་དང་ཨེ་བྷི་ཨ་སཕ་དང་། ཀོ་རཱ་ཡི་དང་། 38ཨིཛ་ཧར་དང་ཀོ་ཧད་དང་། ལེ་ཝི་དང་ཡ་ཀོབ་བཅས་ཡིན་ནོ། 39ཨ་སཕེ་ནི་མགུར་མ་ལེན་མཁན་གཉིས་པའི་འགོ་པ་ཡིན། ཁོང་གི་ཁྱིམ་ཚང་གི་བརྒྱུད་པ་ལེ་ཝི་བར་གཤམ་གསལ་ལྟར་ཡིན། ཨ་སཕེ་དང་བྷེ་རེ་ཀི་ཡཱ་དང་ཤི་མི་དང་། 40མི་ཀ་ཨེལ་དང་བ་སི་ཡཱ་དང་མལ་ཀི་ཡཱ་དང་། 41ཨེད་ནི་དང་ཛེ་རཱ་དང་ཨ་ད་ཡཱ་དང་། 42ཨེ་ཐན་དང་ཛིམ་མཱ་དང་ཤིམ་ཨི་དང་། 43ཡ་ཧད་དང་གྷེར་ཤོན་དང་ལེ་ཝི་བཅས་ཡིན་ནོ། 44མེ་ར་རིའི་རིགས་རུས་ཀྱི་ཨེ་ཐན་ནི་མགུར་མ་ལེན་མཁན་གྱི་འགོ་པ་གསུམ་པ་ཡིན་ནོ། ཁོང་གི་ཁྱིམ་ཚང་གི་བརྒྱུད་པ་ལེ་ཝི་བར་གཤམ་གསལ་ལྟར་ཡིན་ནོ། ཨེ་ཐན་དང་ཀི་ཤི་དང་ཨབ་དི་དང་མལ་ལུག་དང་། 45ཧ་ཤབ་ཡཱ་དང་ཨ་མ་ཛ་ཡཱ་དང་ཧིལ་ཀི་ཡཱ་དང་། 46ཨམ་ཛི་དང་བ་ནི་དང་ཤེ་མེར་དང་། 47མཱ་ལི་དང་མུ་ཤི་དང་མེ་ར་རི་དང་ལེ་ཝི་བཅས་ཡིན་ནོ། 48དེ་ཚོའི་ལེ་ཝི་པའི་རོགས་པ་གཞན་རྣམས་མཆོད་པ་འབུལ་ཡུལ་གྱི་ལས་འགན་གཞན་མངགས་ཡོད་དོ༎

ཨ་རོན་གྱི་རིགས་བརྒྱུད་རྣམས།

49ཨ་རོན་དང་ཁོང་གི་རིགས་བརྒྱུད་རྣམས་ཀྱི་སྤོས་ཀྱི་མཆོད་པ་འབུལ་བ་དང་། མཆོད་ཁྲིར་སྦྱིན་སྲེག་གི་མཆོད་པ་འབུལ་གྱི་ཡོད་དོ། དེ་ཚོ་ལ་ཤིན་ཏུ་དམ་པའི་གནས་མཆོག་ཏུ་མཆོད་པ་འབུལ་རྒྱུ་ཚང་མའི་འགན་འཁྲིད་ཡོད་པ་དང་། དེར་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོའི་སྡིག་པར་བཟོད་གསོལ་གནང་བཞིན་ཡོད། དེ་ཚོས་དཀོན་མཆོག་གི་ཞབས་ཕྱི་མོ་ཤེས་སློབ་སྟོན་གནང་བ་ལྟར་བྱེད་སྒོ་ཁག་བྱེད་བཞིན་ཡོད་དོ། 50ཨ་རོན་གྱི་རིགས་བརྒྱུད་ཀྱི་རིམ་པ་འདི་ལྟར་ཡིན། ཨེ་ལི་ཛར་དང་ཕེན་ཧསི་དང་ཨ་བྷི་ཤུ་ཨ་དང་། 51བྷུག་ཀི་དང་ཨུ་ཛི་དང་ཛེ་ར་ཡཱ་དང་། 52མེ་ར་ཡོད་དང་ཨ་མར་ཡཱ་དང་ཨ་ཧི་ཏུབ་དང་། 53ཛ་དོག་དང་ཨ་ཧི་མཛ་བཅས་ཡིན་ནོ༎

ལེ་ཝི་པ་ཚོའི་སྡོད་གནས་རྣམས།

54འདི་ཚོ་ཀོ་ཧདའི་རིགས་རུས་ཨ་རོན་གྱི་མི་བརྒྱུད་ལ་སྤྲད་པའི་མངའ་ཁུལ་ཡིན་ནོ། ལེ་ཝི་པ་ལ་སྤྲད་པའི་ས་ཆའི་ཐོབ་སྐལ་དང་པོ་དེ་དེ་ཚོ་ལ་ཐོབ་བོ། 55དེ་ཚོའི་ནང་ཡ་ཧུ་དའི་མངའ་ཁུལ་ཧེབ་རོན་དང་དེའི་མཐའ་འཁོར་གྱི་རྩ་ཁ་རྣམས་འཚུད་ཡོད་དོ། 56ཞིང་ཁ་ཁག་དང་གྲོང་གསེབ་ཁག་གྲོང་ཁྱེར་ཁག་ལ་བདག་པ་རྣམས་ཡེ་ཕུ་ནཱེའི་བུ་ཀ་ལེབ་ལ་སྤྲད་དོ། 57-59གཤམ་གསལ་གྲོང་ཁྱེར་རྣམས་ཨ་རོན་གྱི་རིགས་བརྒྱུད་ལ་སྤྲད་ཡོད་དོ། སྐྱབས་བཅོལ་གྱི་གྲོང་ཁྱེར་ཧེབ་རོན་དང་ཡ་ཏིར་དང་ལིབ་ནཱ་དང་ཨེཤ་ཏེ་མོ་དང་ཧི་ལེན་དང་དྷེ་བིར་དང་ཨ་ཤན་དང་བྷེད་ཤེ་མེཤི་གྲོང་ཁྱེར་རྣམས་དང་དེའི་རྩ་ཁའི་ས་ཁུལ་ཁག་བཅས་ཡིན་ནོ། 60བྷེན་ཡ་མིན་གྱི་མངའ་ཁུལ་དུ་དེ་ཚོ་ལ་གཤམ་གསལ་གྲོང་ཁྱེར་དང་རྩ་ཁ་བཅས་སྤྲད་ཡོད་དོ། གྷེ་བཱ་དང་ཨ་ལེ་མེད་དང་ཨ་ན་ཐོད་བཅས་ཡོད་དོ། དེ་ཚོའི་ཁྱིམ་ཚང་ཚང་མ་སྡོད་པའི་ཕྱིར་བསྡོམས་གྲོང་ཁྱེར་བཅུ་གསུམ་བྱུང་ཡོད་དོ། 61ནུབ་མ་ནསེ་སཱེའི་མངའ་ཁུལ་གྱི་གྲོང་ཁྱེར་བཅུ་ཐམ་པ་ཁྱིམ་ཚང་རེ་རེ་བཞིན་ཀོ་ཧདའི་རིགས་རུས་ལྷག་མ་རྣམས་ལ་རྒན་ཤོག་ལུག་ནས་ཐོབ་སྐལ་སྤྲད་དོ། 62གྷེར་ཤོན་གྱི་རིགས་རུས་ཀྱི་ཁྱིམ་ཚང་རེ་རེ་བཞིན་ཨི་ས་ཀར་དང་ཨ་ཤེར་དང་ནཕ་ཏ་ལི་དང་བྷ་ཤཱན་གྱི་ཤར་མ་ནསེ་སཱེའི་མངའ་ཁུལ་གྱི་གྲོང་ཁྱེར་བཅུ་གསུམ་སྤྲད་དོ། 63དེ་ལྟར་རུ་བྷེན་དང་གྷཌ་དང་ཛེ་བུ་ལུན་གྱི་མངའ་ཁུལ་གྲོང་ཁྱེར་བཅུ་གཉིས་ནི་མེ་ར་རིའི་རིགས་རུས་ཀྱི་ཁྱིམ་ཚང་རེ་རེ་ལྟར་སྤྲད་དོ། 64དེ་ལྟར་ཨིསི་རཱཨེལ་གྱི་མི་མང་ཚོས་ལེ་ཝི་པ་ཚོར་སྡོད་པའི་ཕྱིར་གྲོང་ཁྱེར་ཁག་དང་དེའི་མཐའ་འཁོར་གྱི་རྩ་ཁ་བཅས་མཉམ་དུ་སྤྲད་དོ། 65(གོང་དུ་བརྗོད་པའི་ཡ་ཧུ་དཱ་དང་སིམ་ཨོན་དང་བྷེན་ཡ་མིན་བཅས་ཀྱི་ས་ཁུལ་གྱི་གྲོང་ཁྱེར་རྣམས་ནི་རྒྱན་རྒྱབས་ནས་སྤྲད་དོ།) 66ཀོ་ཧདའི་རིགས་རུས་ཀྱི་ཁྱིམ་ཚང་འགའ་ཞིག་ལ་ཨེཕ་ར་ཡིམ་གྱི་མངའ་ཁུལ་དུ་གྲོང་ཁྱེར་དང་རྩ་ཁ་རྣམས་སྤྲད་པ་དང་། 67ཨེཕ་ར་ཡིམ་གྱི་རི་ཁུལ་དུ་སྐྱབས་བཅོལ་གྱི་གྲོང་ཁྱེར་ཤེ་ཀེམ་དང་གེ་ཟེར་དང་། 68ཡོག་མིམ་དང་བྷེད་ཧོ་རོན་དང་། 69ཨེ་ཡ་ལོན་དང་གྷད་རིམ་མོན་བཅས་སྤྲད་ཡོད་དོ། 70དེ་ཚོ་ལ་ནུབ་མ་ནསེ་སཱེའི་མངའ་ཁུལ་དུ་ཨ་ནེར་དང་བྷི་ལམ་དང་མཉམ་དུ་དེའི་མཐའ་འཁོར་གྱི་རྩ་ཁ་རྣམས་སྤྲད་ཡོད་དོ། 71གྷེར་ཤོན་གྱི་རིགས་རུས་ཀྱི་ཁྱིམ་ཚང་ལ་གཤམ་གསལ་གྲོང་དང་དེའི་མཐའ་འཁོར་གྱི་རྩ་ཁའི་ས་ཁུལ་རྣམས་སྤྲད་ཡོད་དོ། ཤར་མ་ནསེ་སཱེའི་མངའ་ཁུལ་དུ་བྷ་ཤཱན་གྱི་གྷོ་ལན་དང་ཨཤ་ཏ་རོད་དང་། 72ཨི་ས་ཀར་གྱི་མངའ་ཁུལ་དུ་ཀེ་དྷེཤི་དང་དྷ་བེ་རཱཐ་དང་། 73ར་མོད་དང་ཨ་ནེམ་དང་། 74ཨ་ཤེར་གྱི་མངའ་ཁུལ་དུ་མ་ཤལ་དང་ཨབ་དྷོན་དང་། 75ཧུ་ཀོག་དང་རེ་ཧོབ་དང་། 76ནཕ་ཏ་ལིའི་མངའ་ཁུལ་དུ་ག་ལིལ་གྱི་ནང་གི་ཀེ་དྷེཤི་དང་ཧམ་མོན་དང་ཀི་རི་ཡ་ཐེམ་དང་། 77མེ་ར་རིའི་རིགས་རུས་ཀྱི་ཁྱིམ་ཚང་ལྷག་འཕྲོས་རྣམས་ལ་གཤམ་གསལ་གྲོང་དང་དེའི་མཐའ་འཁོར་གྱི་རྩ་ཁའི་ས་ཁུལ་ཁག་སྤྲད་ཡོད་དོ། ཛེ་བུ་ལུན་གྱི་མངའ་ཁུལ་དུ་རིམ་མོ་ནོ་དང་ཏ་བྷོར་དང་། 78ཡེ་རི་ཀོ་རྒལ་ནས་ཤར་ཕྱོགས་ཀྱི་གཙང་པོ་ཡོར་དན་རུ་བྷེན་གྱི་མངའ་ཁུལ་དུ་ཐང་གི་ལྗོངས་བྷེ་ཛེར་དང་ཡ་ཛཱ་དང་། 79ཀེ་དེ་མོད་དང་མེ་ཕད་དང་། 80གྷཌ་ཀྱི་མངའ་ཁུལ་དུ་གྷིལ་ཨད་ཀྱི་ར་མོད་དང་མ་ཧ་ནེམ་དང་། 81ཧེཤ་བྷོན་དང་ཡ་ཛེར་བཅས་སྤྲད་དོ༎

སྔོན་རབས་དང་པོ། 7

ཨི་ས་ཀར་གྱི་རིགས་བརྒྱུད་རྣམས།

1ཨི་ས་ཀར་ལ་ཏོ་ལ་དང་། པུ་ཨ་དང་། ཡ་ཤུབ་དང་། ཤིམ་རོན་བཅས་བུ་བཞི་ཡོད་དོ། 2ཏོ་ལ་ལ། ཨུ་ཛི་དང་རེ་ཕ་ཡཱ་དང་ཡེ་རི་ཨེལ་དང་ཡ་མའི་དང་ཨིབ་སམ་དང་ཤེ་མུ་ཨེལ་བཅས་བུ་དྲུག་ཡོད་དོ། དེ་ཚོ་ཏོ་ལའི་རིགས་རུས་ཀྱི་ཁྱིམ་ཚང་ཚོའི་འགོ་པ་དང་སྙན་གྲགས་ཅན་གྱི་དམག་མི་ཡིན་ནོ། རྒྱལ་པོ་དཱ་བིད་ཀྱི་སྐུ་དུས་སུ་དེ་ཚོའི་མི་བརྒྱུད་ཀྱི་གྲངས་འབོར་ནི་ ༢༢,༦༠༠ ཡོད་དོ། 3ཨུ་ཛི་ལ། ཨིཛ་ར་ཧི་ཡཱ་ཟེར་བའི་བུ་གཅིག་ཡོད་དོ། ཨིཛ་ར་ཧི་ཡཱ་ལ་བུ་མི་ཀ་ཨེལ་དང་། ཨོ་བ་དི་ཡཱ་དང་ཡོ་ཨེལ་དང་ཨི་ཤི་ཨ་བཅས་བུ་བཞི་ཡོད་པ་ཚང་མ་ཁྱིམ་ཚང་གི་འགོ་པ་རྣམས་ཡིན་ནོ། 4དེ་ཚོ་ལ་ཆུང་མ་དང་བུ་ཕྲུག་ཧ་ཅང་མང་པོ་ཡོད་སྟབས་དེ་ཚོའི་རིགས་བརྒྱུད་ནས་དམག་མི་གྲངས་འབོར་ ༣༦,༠༠༠ སྤྲོད་ཐུབ་ཀྱི་ཡོད་དོ། 5གཞུང་འབྲེལ་དེབ་བཀོད་ནང་ཨི་ས་ཀར་སྡེ་རིགས་ཀྱི་ཁྱིམ་ཚང་ཚང་མའི་སྐྱེས་པ་དམག་གི་ཞབས་ཕྱིའི་ནང་ཆ་རྐྱེན་ཚང་བའི་གྲངས་འབོར་ ༨༧,༠༠༠ ཡོད་དོ༎

བྷེན་ཡ་མིན་དང་དཱན་གྱི་རིགས་བརྒྱུད་རྣམས།

6བྷེན་ཡ་མིན་ལ་བུ་བེ་ལ་དང་བྷེ་ཀེེར་དང་ཡེ་དྷི་ཨེལ་བཅས་གསུམ་ཡོད་དོ། 7བེ་ལ་ལ་ཨེཛ་བྷོན་དང་ཨུ་ཛི་དང་ཨུ་ཛི་ཨེལ་དང་ཡེ་རི་མོད་དང་ཨི་རི་བཅས་ལྔ་ཡོད་དོ། དེ་ཚོའི་རིགས་རུས་ནང་ཁྱིམ་ཚང་ཚོའི་འགོ་པ་ཚང་མ་སྙན་གྲགས་ཅན་གྱི་དམག་མི་ཡིན་ནོ། དེ་ཚོའི་རིགས་བརྒྱུད་ནང་དམག་གི་ཞབས་ཕྱི་ཆ་རྐྱེན་ཚང་བའི་དམག་མི་གྲངས་ ༢༢,༠༣༤ ཡོད་དོ། 8བྷེ་ཀེར་ལ་ཛེ་མི་རཱ་དང་ཡོ་ཨཱཤ་དང་ཨེ་ལི་ཨེ་ཛེར་དང་ཨེ་ལི་ཨོ་ནེ་དང་ཨོམ་རི་དང་ཡེ་རེ་མོད་དང་ཨ་བྷི་ཡཱ་དང་ཨ་ན་ཐོད་དང་ཨ་ལེ་མེད་བཅས་བུ་དགུ་ཡོད་དོ། 9གཞུང་འབྲེལ་དེབ་བཀོད་ནང་དེ་ཚོའི་རིགས་བརྒྱུད་ཀྱི་ཁྱིམ་ཚང་ཚོའི་ནང་དམག་གི་ཞབས་ཕྱིའི་ནང་ཆ་རྐྱེན་ཚང་བའི་མི་གྲངས་ ༢༠,༢༠༠ ཡོད་དོ། 10ཡེ་དྷི་ཨེལ་ལ་བིལ་ཧན་ཟེར་བའི་བུ་གཅིག་ཡོད་དོ། བྷིལ་ཧན་ལ་ཡེ་ཨུཤེ་དང་བྷེན་ཡ་མིན་དང་ཨེ་ཧུད་དང་ཀེ་ན་ནཱ་དང་ཛེ་ཐན་དང་ཏར་ཤིཤ་དང་ཨ་ཧི་ཤ་ཧར་བཅས་བུ་བདུན་ཡོད་དོ། 11དེ་ཚོའི་རིགས་རུས་ནང་ཁྱིམ་ཚང་ཚོའི་འགོ་པ་དང་ཚང་མ་སྙན་གྲགས་ཅན་གྱི་དམག་མི་ཡིན་ནོ། དེ་ཚོའི་རིགས་བརྒྱུད་ནང་དམག་གི་ཞབས་ཕྱི་ལ་ཆ་རྐྱེན་ཚང་བའི་སྐྱེས་པ་གྲངས་ ༡༧,༢༠༠ ཡོད་དོ། 12ཤུ་པིམ་དང་ཧུ་པིམ་ཡང་སྡེ་རིགས་དེ་ལ་བདག་པ་ཡིན་ནོ། དཱན་ལ་ཧུ་ཤིམ་ཟེར་བའི་བུ་གཅིག་ཡོད་དོ།

ནཕ་ཏ་ལིའི་རིགས་བརྒྱུད་རྣམས།

13ནཕ་ཏ་ལི་ལ་ཡཱ་ཛི་ཨེལ་དང་གྷུ་ནི་དང་ཡེ་ཛེར་དང་ཤལ་ལུམ་བཅས་བུ་བཞི་ཡོད་དོ། (དེ་ཚོ་བྷིལ་ཧཱའི་རིགས་བརྒྱུད་ཡིན་ནོ།)

མ་ནསེ་སཱེའི་རིགས་བརྒྱུད་རྣམས།

14མ་ནསེ་སཱེ་ལ་ཨ་རམ་པའི་ཟུར་གྲོགས་མ་ལ་བུ་ཨསེ་རི་ཨེལ་དང་མ་ཀིར་བཅས་གཉིས་ཡོད་དོ། མ་ཀིར་ནི་གྷིལ་ཨད་ཀྱི་ཕ་ཡིན་ནོ། 15མ་ཀིར་གྱི་ཧུ་པིམ་དང་ཤུ་པིམ་ལ་ཆུང་མ་རེར་བླངས་སོ། ཁོའི་སྲིང་མོའི་མིང་ལ་མ་ཀཱ་ཟེར་བ་ཡིན་ནོ། མ་ཀིར་གྱི་བུ་གཉིས་པ་དེ་ཛེ་ལོ་ཕེ་ཧད་ཟེར་བ་དང་། ཁོ་ལ་བུ་མོ་མ་གཏོག་མེད་པ་ཡིན་ནོ། 16མ་ཀིར་གྱི་ཆུང་མ་མ་ཀཱ་ནས་སྐྱེས་པའི་བུ་ཚོའི་མིང་ལ་པེ་རེཤ་དང་ཤེ་རེཤ་ཟེར་རོ། པེ་རེཤ་ལ་བུ་ཨུ་ལམ་དང་ར་ཀེམ་བཅས་ཡོད་པ་དང་། 17ཨུ་ལམ་ལ་བུ་བྷེ་དན་ཟེར་བ་ཞིག་ཡོད་དོ། འདི་ཚོ་རྣམས་མ་ཀིར་གྱི་བུ་དང་། མ་ནསེ་སཱེའི་ཚ་བོ་གྷིལ་ཨད་ཀྱི་རིགས་བརྒྱུད་རྣམས་ཡིན་ནོ། 18གྷིལ་ཨད་ཀྱི་སྲིང་མོ་ཧམ་མོ་ལེ་ཀེད་ལ་ཨི་ཤོད་དང་ཨ་བྷི་ཨེ་ཛར་དང་མཱ་ལཱ་བཅས་བུ་གསུམ་ཡོད་དོ། 19(ཤེ་མི་དྷ་ལ་བུ་ཨ་ཧི་ཡན་དང་ཤེ་ཀེམ་དང་ལི་ཁི་དང་ཨ་ནིི་ཨམ་བཅས་བཞི་ཡོད་དོ།)

ཨེཕ་ར་ཡིམ་གྱི་རིགས་བརྒྱུད་རྣམས།

20ཨེཕ་ར་ཡིམ་གྱི་རིགས་བརྒྱུད་ནི་མི་རབས་ནས་མི་རབས་བར་འདི་ལྟར་ཡིན་ནོ། ཤུ་ཐེ་ལཱ་དང་བེ་རེད་དང་ཏ་ཧད་དང་ཨེ་ལི་དཱ་དང་ཏ་ཧད་དང་། 21ཛ་བྷད་དང་ཤུ་ཐེ་ལཱ་བཅས་ཡིན་ནོ། ཨེཕ་ར་ཡིམ་ལ་བུ་ཤུ་ཐེ་ལཱ་མིན་པའི་གཞན་བུ་ཨེ་ཛེར་དང་ཨེ་ལིད་བཅས་གཉིས་ཡོད་པ་ཡིན་ནོ། གྷད་ཀྱི་ཡུལ་མི་གནས་སྡོད་པ་ཚོར་བདག་པའི་ཕྱུགས་རྣམས་འཕྲོག་བཅོམ་བྱས་སྐབས་བསད་དོ། 22དེ་ཚོའི་ཕ་ཨེཕ་ར་ཡིམ་ནི་དེ་ཚོའི་ཆེད་དུ་ཞག་མང་པོ་མྱ་ངན་བྱས་པ་དང་ཁོང་གི་སྤུན་གྱི་ཁོང་ལ་སེམས་གསོ་གཏོང་བར་སླེབས་སོ། 23དེ་ནས་ཁོང་རང་གི་ཆུང་མ་མཉམ་དུ་ཡང་སྐྱར་འཁྲིག་སྤྱོད་བྱས་པས་མོ་ལ་ཕྲུག་གུ་སྐྱེས་རྒྱུ་ཆགས་པ་དང་བུ་གཅིག་སྐྱེས་སོ། ཁོང་ཚོས་ཁོའི་བུའི་མིང་ལ་བྷེ་རི་ཡཱ་ཞེས་བཏགས་སོ། གང་ལ་ཟེར་ན། ཁོ་ཚོའི་ཁྱིམ་དུ་རྐྱེན་ངན་བྱུང་བའི་རྐྱེན་གྱིས་ཡིན་ནོ། 24ཨེཕ་ར་ཡིམ་ལ་བུ་མོ་ཤི་རཱ་ཟེར་བ་ཞིག་ཡོད། མོས་བྷེད་ཧོ་རོན་གྱི་གྲོང་ཁྱེར་སྟེང་འོག་གཉིས་དང་ཨུ་ཛེན་ཤི་རཱ་བཅས་འཛུགས་མཁན་ཡིན་ནོ། 25ཨེཕ་ར་ཡིམ་ལ་བུ་རེ་ཕཱ་ཟེར་བ་ཞིག་ཡང་ཡོད་པས་ཁོའི་རིགས་བརྒྱུད་གཤམ་གསལ་ལྟར་ཡིན་ན། རེ་ཤེཕ་དང་ཏེ་ལཱ་དང་ཏ་ཧན་དང་། 26ལ་དན་དང་ཨམ་མི་ཧུད་དང་ཨེ་ལི་ཤ་མ་དང་། 27ནུན་དང་ཡོ་ཤུ་ཨ་བཅས་ཡིན་ནོ། 28དེ་ཚོས་ས་ཁུལ་བླངས་ནས་གཞིས་ཆགས་བྱས་པའི་ནང་། བྷེ་ཐེལ་དང་དེའི་མཐའ་འཁོར་གྱི་གྲོང་ཁྱེར་ཤར་དུ་ན་རན་བར་དང་ནུབ་ཏུ་གྷེ་ཛེར་བར་དང་དེའི་མཐའ་འཁོར་གྱི་གྲོངཁྱེར་ཁག་བཅས་ཡོད་དོ། དེའི་ཐོག་ཏུ་ཤེ་ཀེམ་དང་ཨ་ཡི་ཡཱའི་གྲོང་ཁྱེར་དང་དེའི་མཐའ་འཁོར་གྱི་གྲོང་ཁྱེར་བཅས་པ་ཡོད་དོ། 29མ་ནསེ་སཱེའི་རིགས་བརྒྱུད་ཚོའི་གྲོང་ཁྱེར་བྷེད་ཤཱན་དང་ཏ་ནག་དང་མེ་གི་དྷོ་དང་ཌོར་དང་དེའི་མཐའ་འཁོར་གྱི་གྲོང་ཁྱེར་རྣམས་དབང་འཛིན་བྱས་ཡོད་དོ། ས་ཁུལ་དེར་ཡ་ཀོབ་ཀྱི་བུ་ཡོ་སེབ་ཀྱི་རིགས་བརྒྱུད་གནས་སྡོད་བྱས་པ་ཡིན་ནོ།

ཨ་ཤེར་གྱི་རིགས་བརྒྱུད་རྣམས།

30ཨ་ཤེར་གྱི་རིགས་བརྒྱུད་ནི་འདི་ལྟར་ཡིན། ཁོ་ལ་བུ་ཨིམ་ནཱ་དང་ཨིཤ་ཝ་དང་ཨིཤ་ཝི་དང་བྷེ་རི་ཡཱ་བཅས་བཞི་དང་བུ་མོ་སེ་རཱ་ཟེར་བ་ཞིག་ཡོད་དོ། 31བྷེ་རི་ཡཱ་ལ་བུ་ཧེ་བྷེར་དང་མལ་ཀི་ཨེལ་བཅས་གཉིས་ཡོད་དོ། མལ་ཀི་ཨེལ་གྱི་བྷིར་ཛེདའི་གྲོང་ཁྱེར་བཟོས་སོ། 32ཧེ་བྷེར་ལ་བུ་ཡཕ་ལེད་དང་ཤོ་མེར་དང་ཧོ་ཐམ་བཅས་གསུམ་དང་བུ་མོ་ཤུ་ཨ་ཟེར་བ་ཞིག་ཡོད་དོ། 33ཡཕ་ལེད་ལ་བུ་པ་སག་དང་བྷིམ་ཧལ་དང་ཨཤ་ཝད་བཅས་གསུམ་ཡོད་དོ། 34ཁོའི་སྤུན་ཤོ་མེར་ལ་བུ་རཱོ་གཱ་དང་ཡེ་ཧུབ་བཱ་དང་ཨ་རམ་བཅས་གསུམ་ཡོད་དོ། 35ཁོའི་སྤུན་ཧོ་ཐམ་ལ་བུ་ཛོ་ཕཱ་དང་ཨིམ་ན་དང་ཤེ་ལེཤེ་དང་ཨ་མལ་བཅས་བཞི་ཡོད་དོ། 36ཛོ་ཕཱའི་རིགས་བརྒྱུད་རྣམས་ནི་སུ་ཨ་དང་ཧར་ནེ་ཕེར་དང་ཤུ་ཨལ་དང་བེ་རི་དང་ཨིམ་རཱ་དང་། 37བྷེ་ཛེར་དང་ཧོད་དང་ཤམ་མ་དང་ཤིལ་ཤཱ་དང་ཨིཐ་རན་དང་བྷི་རཱ་བཅས་ཡིན་ནོ། 38ཡེ་ཐེར་གྱི་རིགས་བརྒྱུད་རྣམས་ནི་ཡེ་ཕུ་ནཱེའི་དང་པིསི་པ་དང་ཨ་ར་དང་། 39ཨུལ་ལའི་རིགས་བརྒྱུད་རྣམས་ནི་ཨ་རཱ་དང་ཧན་ནི་ཨེལ་དང་རི་ཛི་ཨ་བཅས་ཡིན་ནོ། 40འདི་ཚོ་ཨ་ཤེར་གྱི་རིགས་བརྒྱུད་ཡིན་ནོ། དེ་ཚོའི་ཁྱིམ་ཚང་གི་འགོ་པ་དང་སྙན་གྲགས་ཅན་གྱི་དམག་འཐབ་མཁན་དང་ཁྱད་དུ་འཕགས་པའི་འགོ་འཛིན་ཡིན་ནོ། ཨ་ཤེར་གྱི་རིགས་བརྒྱུད་ཀྱི་མི་གྲངས་ ༢༦'༠༠༠ དམག་གི་ཞབས་ཕྱི་ཆ་རྐྱེན་ཚང་བ་འབའ་ཞིག་ཡོད་དོ༎

སྔོན་རབས་དང་པོ། 8

བྷེན་ཡ་མིན་གྱི་རིགས་བརྒྱུད་རྣམས།

1བྷེན་ཡ་མིན་ལ་བུ་ལྔ་ཡོད་པ་དང་། དེ་ཚོའི་ལོའི་རིམ་པ་ལྟར་བེ་ལ་དང་ཨཤ་བྷེལ་དང་ཨ་ཧ་རཱ་དང་། 2ནོ་ཧཱ་དང་ར་ཕ་བཅས་ཡིན་ནོ། 3བེ་ལའི་རིགས་བརྒྱུད་ནི། ཨད་དཱར་དང་གྷེ་ར་དང་ཨ་བྷི་ཧུད་དང་། 4ཨ་བྷི་ཤུ་ཨ་དང་ན་མན་དང་ཨ་ཧོ་ཨ། 5གྷེ་ར་དང་ཤེ་ཕུ་ཕན་དང་ཧུ་རམ་བཅས་ཡིན་ནོ། 6-7ཨེ་ཧུདའི་རིགས་བརྒྱུད་རྣམས་ནི། ན་མན་དང་ཨ་ཧི་ཡཱ་དང་གྷེ་ར་བཅས་ཡིན་ནོ། དེ་ཚོ་ནི་གྷེ་བཱ་རུ་སྡོད་མཁན་ཚོའི་ཁྱིམ་ཆང་གི་འགོ་པ་ཡིན་ནོ། འོན་ཀྱང་དེ་ཚོ་ལ་ཕྱིར་འབུད་བྱས་པ་ལྟར་མ་ན་ཧད་ལ་གནས་སྡོད་བྱེད་པར་ཕྱིན་པ་དང་། ཨུ་རྫ་དང་ཨ་ཧི་ཧུདའི་ཕ་གེ་རའི་སྐབས་དེར་དེ་ཚོའི་སྣེ་འཁྲིད་ཡིན་ནོ། 8-9ཤ་ཧ་ར་ཨིམ་གྱིས་རང་གི་ཆུང་མ་ཧུ་ཤིམ་དང་བ་ར་གཉིས་དང་ཁ་བྲལ་ལོ། རྗེས་སུ་ཁོ་མོ་ཨབ་ཀྱི་ལུང་པར་བསྡད་སྐབས་ཁོས་ཧོ་དེཤ་མཉམ་དུ་ཆང་ས་རྒྱབ་ནས། བུ་ཡོ་བྷབ་དང་ཛི་བི་ཨ་དང་མེ་ཤ་དང་མལ་ཀམ་དང་། 10ཡེ་ཨུཛེ་དང་ས་ཀི་ཨ་དང་མིར་མཱ་བཅས་བུ་བདུན་བྱུང་ངོ་། ཁོའི་བུ་ཚང་མ་ཁྱིམ་ཚང་གི་འགོ་པར་འགྱུར་རོ། 11ཁོ་ལ་ཧུ་ཤིམ་ལས་ཀྱང་བུ་གཉིས་ཡོད་པ་ནི་ཨ་བྷི་ཏུབ་དང་ཨེལ་པལ་ཡིན་ནོ། 12ཨེལ་པལ་ལ་བུ་ཨེ་བེར་དང་མི་ཤམ་དང་ཤེ་མེད་གསུམ་ཡིན་ནོ། ཤེ་མེདས་ཨོ་ནོ་དང་ལོད་གཉིས་ཀྱི་གྲོང་ཁྱེར་དང་དེའི་མཐའ་ཁོར་གྱི་གྲོང་གསེབ་རྣམས་བཟོས་སོ༎

བྷེན་ཡ་མིན་པ་ཚོ་གྷད་དང་ཨེ་ཡ་ལོན་དུ་གཞིས་ཆགས་པ།

13བྷེ་རི་ཡཱ་དང་ཤེ་མ་གཉིས་ཨེ་ཡ་ལོན་གྱི་གྲོང་ཁྱེར་དུ་གཞིས་ཆགས་པའི་ཁྱིམ་ཚང་ཚོའི་འགོ་པ་ཡིན་པ་དང་། གྷད་གྲོང་ཁྱེར་དུ་སྡོད་པའི་མི་མང་རྣམས་ཕྱིར་འབུད་བྱས་སོ། 14བྷེ་རི་ཡཱའི་རིགས་བརྒྱུད་ནང་ཨ་ཧི་ཡོ་དང་ཤ་ཤག་དང་ཡེ་རེ་མོད་དང་། 15ཛེ་བ་དི་ཡཱ་དང་། ཨ་རད་དང་ཨེ་དྷེར་དང་། 16མི་ཀ་ཨེལ་དང་ཨིཤ་པ་དང་ཡོ་ཧ་བཅས་ཡོད་དོ༎

བྷེན་ཡ་མིན་པ་ཚོ་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱས་པ།

17ཨེལ་པལ་གྱི་རིགས་བརྒྱུད་ནང་། ཛེ་བ་དི་ཡཱ་དང་མེ་ཤུ་ལམ་དང་ཧིཛ་ཀི་དང་ཧེ་བྷེར་དང་། 18ཨིཤ་མེ་རའི་དང་ཨིཛ་ལི་ཡཱ་དང་ཡོ་བྷབ་བཅས་ཡོད་དོ། 19ཤིམ་ཨིའི་རིགས་བརྒྱུད་ནང་། ཡ་ཀིམ་དང་ཛིག་རི་དང་ཛབ་དཱི་དང་། 20ཨི་ལི་ཨེ་ནེ་དང་ཛིལ་ལེ་ཐའི་དང་ཨེ་ལི་ཨེལ་དང་། 21ཨ་ད་ཡཱ་དང་བྷེ་ར་ཡཱ་དང་ཤིམ་རད་བཅས་ཡིན་ནོ། 22ཤ་ཤག་གི་རིགས་བརྒྱུད་ནང་། ཨིཤ་པན་དང་ཨེ་བྷེར་དང་ཨེ་ལི་ཨེལ་དང་། 23ཨབ་དྷོན་དང་ཛིག་རི་དང་ཧ་ནན་དང་། 24ཧ་ནན་ཡཱ་དང་ཨེ་ལམ་དང་ཨན་ཐོ་ཐི་ཡཱ་དང་། 25ཨིཕ་དི་ཨ་དང་པེ་ནུ་ཨེལ་བཅས་ཡིན་ནོ། 26ཡེ་རེ་ཧམ་གྱི་རིགས་བརྒྱུད་ནང་། ཤམ་ཤེ་རའི་དང་ཤེ་ཧར་ཡཱ་དང་ཨ་ཐལ་ཡཱ་དང་། 27ཡ་རེ་ཤཡཱ་དང་ཨེ་ལི་ཡཱ་དང་ཛིག་རི་བཅས་ཡིན་ནོ། 28དེ་ཚོ་ནི་ཕ་མེས་ཀྱི་ཁྱིམ་ཚང་ཚོའི་འགོ་པ་དང་རིགས་བརྒྱུད་ཀྱི་གཙོ་བོ་ཡེ་རུ་ཤ་ལེམ་དུ་སྡོད་མཁན་ཡིན་ནོ༎

བྷེན་ཡ་མིན་པ་ཚོ་གྷི་བི་ཨོན་དང་ཡེ་རུ་ཤ་ལེམ་དུ་གཞིས་ཆགས་པ།

29ཡི་ཨེལ་གྱི་གྷི་བི་ཨོན་གྱི་གྲོང་ཁྱེར་བཙུགས་ནས་དེར་གཞིས་ཆགས་སོ། ཁོང་གི་ཆུང་མའི་མིང་ལ་མ་ཀཱ་དང་། 30བུ་རྒན་པ་ལ་ཨབ་དྷོན་ཟེར་རོ། ཁོའི་བུ་གཞན་རྣམས་ནི་ཛུར་དང་། ཀིཤེ་དང་བྷལ་དང་ནེར་དང་ན་དྷབ་དང་། 31གྷེ་དོར་དང་ཨ་ཧི་ཡོ་དང་ཛེ་ཀེར་དང་། 32ཤི་མེ་ཨའི་ཕ་མིག་ལོད་བཅས་ཡིན་ནོ། དེ་ཚོའི་རིགས་བརྒྱུད་རྣམས་ནི་ཡེ་རུ་ཤ་ལེམ་དུ་དེ་ཚོའི་རིགས་རུས་ཀྱི་ཁྱིམ་ཚང་གཞན་ཚོའི་ཉེ་འགྲམ་དུ་བསྡད་དོ༎

རྒྱལ་པོ་ས་ཨུལ་གྱི་ཁྱིམ་ཚང།

33ནེར་ནི་ཀིཤེའི་ཕ་དང་། ཀིཤེ་ནི་རྒྱལ་པོ་ས་ཨུལ་གྱི་ཕ་ཡིན་ནོ། ས་ཨུལ་ལ་བུ་བཞི་ཡོད་པ་ནི། ཡོ་ན་ཐན་དང་མལ་ཀི་ཤུ་ཨ་དང་ཨ་བྷི་ན་དྷབ་དང་ཨེཤེ་བྷལ་བཅས་ཡིན་ནོ། 34ཡོ་ན་ཐན་ནི་མེ་རི་བྷལ་གྱི་ཕ་ཡིན་པ་དང་། ཁོ་མི་ཀཱའི་ཕ་ཡིན་ནོ། 35མི་ཀཱ་ལ་བུ་བཞི་ཡོད་པ་ནི། པི་ཐོན་དང་མེ་ལེག་དང་ཏ་རི་ཨ་དང་ཨ་ཧཛ་བཅས་བཞི་ཡིན་ནོ། 36ཡེ་ཧོ་ཨ་དཱ་ཀྱི་ཕ་ཨ་ཧཛ་ཡིན་པ་དང་། ཁོ་ནི་ཨ་ལེ་མེད་དང་ཨཛ་མ་ཝེད་དང་ཛིམ་རི་བཅས་བུ་གསུམ་གྱི་ཕ་ཡིན་ནོ། ཛིམ་རི་ནི་མོ་ཛའི་ཕ་དང་། 37མོ་ཛ་ནི་བྷི་ནི་ཨའི་ཕ་དང་བྷི་ནི་ཨ་ནི་ར་ཕའི་ཕ་དང་། ར་ཕ་ནི་ཨེ་ལི་སཱའི་ཕ་དང་། ཨི་ལི་ས་ནི་ཨ་ཛེལ་གྱི་ཕ་ཡིན་ནོ། 38ཨ་ཛེལ་ལ་བུ་དྲུག་ཡོད་པ་ནི་ཨཛ་རི་ཀམ་དང་བྷོ་ཀེ་རུ་དང་ཨིཤ་མ་ཨེལ་དང་ཤི་རི་ཡཱ་དང་ཨོ་བ་དི་ཡཱ་དང་ཧ་ནན་བཅས་ཡིན་ནོ། 39ཨ་ཛེལ་གྱི་ནུ་བོ་ཨེ་ཤེག་ལ་བུ་གསུམ་ཡོད་པ་ནི་ཨུ་ལམ་དང་ཡེ་ཨུཤེ་དང་ཨེ་ལི་ཕེ་ལེཏ་བཅས་ཡིན་ནོ། 40ཨུ་ལམ་གྱི་བུ་རྣམས་དམག་མི་དང་མདའ་པ་ཡིན་ནོ། ཁོ་ལ་བུ་དང་ཚ་བོ་བསྡོམས་ ༡༥༠ ཡོད། གོང་དུ་སྨྲས་པའི་མི་རྣམས་བྷེན་ཡ་མིན་གྱི་སྡེ་རིགས་ཡིན་ནོ༎

སྔོན་རབས་དང་པོ། 9

བཙོན་འོག་ནས་ཕྱིར་ལོག་པའི་མི་མང་རྣམས།

1ཨིསི་རཱཨེལ་གྱི་མི་མང་རྣམས་དེ་ཚོའི་ཁྱིམ་ཚང་གཞིར་བཟུང་གི་མིང་ཐོ་བྲིས་ཡོད་པ་དང་། གནས་ཚུལ་འདི་ཚོ་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་དེབ་ནང་བཀོད་ཡོད་དོ། ཡ་ཧུ་དཱ་པའི་མི་མང་རྣམས་ཁོ་རང་ཚོའི་སྡིག་པའི་ཆད་པར་བྷ་བྷེལ་ལོན་དུ་བཏང་ངོ་། 2རང་གི་རྒྱུ་ནོར་ཡོད་པའི་ས་གནས་སུ་ཐོག་མར་ཕྱིར་ལོག་བྱས་པའི་ནང་ནས། ཨིསི་རཱཨེལ་གྱི་ཡུལ་མི་དང་བླ་མ་ཚོ་དང་ལེ་ཝི་པ་ཚོ་དང་མཆོད་ཁང་གི་ལས་བྱེད་པ་ཚོ་བཅས་ཡོད་དོ། 3ཡ་ཧུ་དཱ་དང་བྷེན་ཡ་མིན་དང་ཨེཕ་ར་ཡིམ་དང་མ་ནསེ་སཱེ་བཅས་ཀྱི་སྡེ་རིགས་རྣམས་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་པར་ཕྱིན་ནོ། 4-6ཡ་ཧུ་དཱའི་སྡེ་རིགས་ཀྱི་ཁྱིམ་ཚང་གི་གྲངས་ ༦༩༠ ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་པ་ཡིན་ནོ། ཡ་ཧུ་དཱའི་བུ་པེ་རེཛ་ཀྱི་རིགས་བརྒྱུད་ལ་ཨོམ་རིའི་ཚ་བོ་དང་ཨམ་མི་ཧུད་ཀྱི་བུ་ཨུ་ཐཡེ་ནི་དེ་ཚོའི་འགོ་པར་ཡོད་དོ། ཁོའི་མེས་པོ་གཞན་ཚོའི་ཁོངས་སུ་ཨིམ་རི་དང་བྷ་ནི་བཅས་ཡོད་དོ། ཡ་ཧུ་དཱའི་བུ་ཤེ་ལཱའི་རིགས་བརྒྱུད་ལ་དེ་ཚོའི་འགོ་པར་ཨ་ས་ཡཱ་ཡང་ཡོད་པ་དང་། ཁོ་ནི་ཁྱིམ་ཚང་གི་འགོ་པ་ཡིན་ནོ། ཡ་ཧུ་དཱའི་བུ་ཛེ་རཱའི་རིགས་བརྒྱུད་ལ་དེ་ཚོའི་འགོ་པར་ཡུ་ཨེལ་ཡང་ཡོད་དོ། 7-8བྷེན་ཡ་མིན་གྱི་སྡེ་རིགས་ཀྱི་འཐུས་མི་རྣམས་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་མཁན་གཤམ་གསལ་རྣམས་ཡིན་ནོ། སལ་ལུ་ནི་མེ་ཤུ་ལམ་གྱི་བུ་དང་ཁོ་ནི་ཧོ་ད་ཝི་ཨའི་བུ་དང་ཁོ་ནི་ཧ་སི་ནུ་ཨའི་བུ་ཡིན་པ་དང་། ཡེ་རོ་ཧམ་གྱི་བུ་ཨིབ་ནི་ཡཱ་དང་། མིག་རིའི་ཚ་བོ་དང་ཨུ་ཛིའི་བུ་ཨེ་ལཱ་དང་། ཤེ་ཕཏ་ཡཱའི་བུ་མེ་ཤུ་ལམ་དང་ཁོ་ནི་རུ་ཨེལ་གྱི་བུ་དང་། ཁོ་ནི་ཨིབ་ནི་ཡའི་བུ་ཡིན་ནོ། 9དེར་སྡེ་རིགས་དེ་ཚོའི་ཁྱིམ་ཚང་ནི་གྲངས་ ༩༥༦ གནས་སྡོད་བྱེད་པ་དང་། གོང་གསལ་མིང་རྣམས་ཁྱིམ་ཚང་གི་འགོ་པ་འབའ་ཞིག་ཡིན་ནོ༎

ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་པའི་བླ་མ་རྣམས།

10-12གཤམ་གསལ་བླ་མ་རྣམས་ཡེ་རུ་ཤ་ལེམ་དུ་བསྡད་ཡོད་པ་ནི། ཡེ་དྷ་ཡཱ་དང་ཡེ་ཧོ་ཡ་རིབ་དང་ཡ་ཀིན་དང་། ཧིལ་ཀི་ཡཱའི་བུ་ཨ་ཛར་ཡཱ་ནི། (མཆོད་ཁང་གི་ལས་བྱེད་པ་གཙོ་བོ་ཡིན་པ་དང་) ཁོའི་མེས་པོའི་ཁོངས་སུ་མེ་ཤུ་ལམ་དང་ཛ་དཱོག་དང་མེ་ར་ཡོད་དང་ཨ་ཧི་ཏུབ་བཅས་ཡོད་དོ། ཨ་ད་ཡཱ་ནི་ཡེ་རོ་ཧམ་གྱི་བུ་དང་ཁོའི་མེས་པོའི་ཁོངས་སུ་པ་ཤུར་དང་མལ་ཀི་ཡཱ་ཡོད་དོ། མ་སའི་ནི་ཨ་དི་ཨེལ་གྱི་བུ་དང་ཁོའི་མེས་པོའི་ཁོངས་སུ་ཡ་ཛེ་རཱ་དང་མེ་ཤུ་ལམ་དང་མེ་ཤི་ལེ་མིད་དང་ཨིམ་མེར་བཅས་ཡོད་དོ། 13ཁྱིམ་ཚང་གི་འགོ་པ་བླ་མའི་གྲངས་འབོར་བསྡོམས་ ༡,༧༦༠ ཡོད་པ་དང་། དེ་ཚོ་ཚང་མ་མཆོད་ཁང་དུ་ལས་བྱེད་པའི་ལས་རིགས་རྣམས་ལ་མཁས་པ་ཡིན་ནོ༎

ཡེ་རུ་ཤ་ལེམ་དུ་བསྡད་མཁན་ལེ་ཝི་པ་རྣམས།

14-16གཤམ་གསལ་ལེ་ཝི་པ་རྣམས་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་པ་དང་། ཤེ་མ་ཡཱ་ནི་ཧ་ཤུབ་ཀྱི་བུ་དང་། ཁོའི་མེས་པོའི་ཁོངས་སུ་མེ་ར་རིའི་རིགས་རུས་ཨཛ་རི་ཀམ་དང་ཧ་ཤབ་ཡཱ་དང་། བྷག་བྷ་ཀར་དང་ཧེ་རེཤེ་དང་གྷ་ལལ་དང་། མི་ཀའི་བུ་མ་ཏན་ཡཱ་དང་ཁོ་ཚོའི་མེས་པོའི་ཁོངས་སུ་ཛིག་རི་དང་ཨ་སཕེ་ཡོད་པ་དང་། ཤེ་མ་ཡཱའི་བུ་ཨོ་བ་དི་ཡཱ་དང་། དེ་ཆོའི་མེས་པོའི་ཁོངས་སུ་གྷ་ལལ་དང་ཡེ་དུ་ཐུན་ཡོད་པ་དང་། བྷེ་རེ་ཀི་ཡཱ་ཨ་སའི་བུ་ནི་ཨེལ་ཀ་ནཱའི་ཚ་བོ་ཡིན་པ་དང་། དེ་ཆོ་གྲོང་ཁྱེར་ནེ་ཏོ་ཕཱ་ལ་བདག་པའི་མངའ་ཁུལ་དུ་གནས་སྡོད་བྱེད་དོོ༎

ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་པའི་མཆོད་ཁང་གི་སྐུ་སྲུང་བ་རྣམས།

17གཤམ་གསལ་མཆོད་ཁང་ནང་གི་སྐུ་སྲུང་བ་རྣམས་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་པ་དང་། ཤལ་ལུམ་དང་ཨ་ཀུབ་དང་ཏལ་མོན་དང་ཨ་ཧི་མོན་དང་། ཤལ་ལུམ་ནི་དེ་ཚོའི་འགོ་འཛིན་ཡིན་ནོ། 18དུས་སྐབས་དེའི་བར་དུ་དེ་ཚོའི་རིགས་རུས་ཀྱི་འཐུས་མི་རྣམས་རྒྱལ་པོའི་སྒོའི་ཤར་ཕྱོགས་ཀྱི་འཛུལ་སྒོར་བཞག་ཡོད་པ་དང་། ཐོག་མར་དེ་ཚོ་ལེ་ཝི་སྒར་གྱི་རྒྱལ་སྒོ་སྲུང་བར་གནས་སོ། 19ཀོར་གྱི་བུ་དང་ཨེ་བྷི་ཨ་སཕ་ཀྱི་ཚ་བོ་ཤལ་ལུམ་དང་གཞན་ཀོ་རཱའི་རིགས་རུས་ཀྱི་འཐུས་མི་མཉམ་དུ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་སྒོའི་སྲུང་བྱ་བར་བསྐོས་ཡོད་པ་ཡིན་ནོ། དེ་བཞིན་དེ་ཚོའི་ཕ་མེས་ཀྱང་གཙོ་བོ་དཀོན་མཆོག་གི་ཞུ་སྒར་ཡང་སྲུང་གི་ཡོད་པ་ཡིན་ནོ། 20སྐབས་ཤིག་ལ་ཨེ་ལི་ཛར་གྱི་བུ་ཕིན་ཧསི་ནི་གཙོ་བོ་དཀོན་མཆོག་ཁོ་དང་མཉམ་དུ་ཡོད་པས་དེ་ཚོ་ལ་ཁོང་གིས་བལྟ་རྟོགས་གནང་ངོ་། 21མེ་ཤེ་ལེམ་ཡཱའི་བུ་ཛ་ཀར་ཡཱ་དང་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་སྒོའི་སྐུ་སྲུང་བ་ཡིན་ནོ། 22འཛུལ་སྒོ་ཁག་དང་རྒྱལ་སྒོའི་སྒོ་སྲུང་བར་བསྡོམས་མི་གྲངས་ ༢༡༢ འདམས་ཡོད། དེ་ཚོ་སྡོད་པའི་གྲོང་གསེབ་གཞིར་བཟུང་ལྟར་དེབ་བཀོད་བྱས་ཡོད་དོ། རྒྱལ་པོ་དཱ་བིད་དང་ལུང་སྟོན་པ་ཤ་མུ་ཨེལ་གཉིས་ནས་དེ་ཚོའི་མེས་པོ་ཚོ་གནས་ཡོད་ཀྱི་ལས་འགན་དེའི་ནང་འཇོག་གནང་བ་ཡིན་ནོ། 23དེ་ཚོ་དང་དེ་ཚོའི་མི་བརྒྱུད་ཚོས་མུ་མཐུད་མཆོད་ཁང་གི་རྒྱལ་སྒོ་སྲུང་གི་ཡོད་པ་དང་། 24ཤར་དང་ལྷོ་དང་ནུབ་དང་བྱང་བཅས་པར་སྒོ་ཁ་ཐུག་ཡོད་པ་དང་རེ་རེར་སྒོ་སྲུང་བ་གཙོ་བོ་ཞིག་ཡོད་པ་དང་། 25སྒོ་སྲུང་བ་དེ་ཚོ་ལ་དེ་ཚོའི་སྤུན་གྲོང་གསེབ་ལ་ཡོད་པ་ཚོས་རོགས་བྱེད་པ་དང་། དེ་ཚོས་སྒོ་སྲུང་གི་ལས་འགན་ཐེངས་རེར་ཉིན་བདུན་རེར་བྱེད་དགོས་སོ། 26སྒོ་སྲུང་གཙོ་བོ་བཞི་ནི་ལེ་ཝི་པ་ཡིན་པ་དང་། དེ་ཚོ་ལ་ལས་འགན་མཐའ་མ་དེ་ཡོད་དོ། དེ་ཚོ་ལ་མཆོད་ཁང་གི་ཁང་མིག་ཁག་དང་དེར་འཇོག་པའི་དགོས་མཁོ་ཁག་གི་ལས་འགན་ཡོད་པ་དང་། 27དེ་ཚོ་མཆོད་ཁང་གི་ཉེ་འགྲམ་དུ་སྡོད་དགོས་སོ། གང་ལགས་ཟེར་ན། དེ་སྲུང་རྒྱུད་དང་དེར་ཉིན་ལྟར་ཞོག་པ་སྒོ་ཕྱེས་རྒྱུ་བཅས་ཀྱི་ལས་འགན་ཡོད་དོ༎

ལེ་ཝི་པ་གཞན་ཚོ།

28ལེ་ཝི་པ་གཞན་ཚོར་མཆོད་པའི་ཡོ་བྱད་བེད་སྤྱོད་བྱེད་པའི་འགན་ཡོད་དོ། དེ་ཚོས་དེ་རྣམས་བེད་སྤྱོད་ནམ་བྱེད་ལ་ཕྱིར་འདོན་པ་དང་ནང་ལ་བླུགས་པའི་སྐབས་བལྟ་རྟོགས་བྱེད་དགོས་སོ། 29དངོས་ཆས་གཞན་དམ་པ་རྣམས་དང་གྲོ་ཞིབ་དང་ཆང་དང་སྐྱུ་རུའི་སྣུམ་དང་སྤོས་དང་སྨན་སྣ་བཅས་ཀྱི་འགན་འཁུར་ཡོད་དོ། 30འོན་ཀྱང་སྨན་སྣ་བསྲེས་རྒྱུའི་ལས་འགན་བླ་མ་ཚོ་ལ་ཡོད་དོ། 31ལེ་ཝི་པ་མ་ཏི་ཐི་ཡཱ་ཟེར་བ་ཤལ་ལུམ་གྱི་བུ་རྒན་ཤོས་ཀོ་རཱའི་རིགས་རུས་ནས་ཡིན་པ་དེ་ལ་སྲེག་པའི་བག་ལེབ་བཟོ་བ་དང་འབུལ་རྒྱུའི་ལས་འགན་ཡོད་དོ། 32ཀོ་ཧདའི་ཁྱིམ་སྡེའི་ནང་མི་རྣམས་ལ་རྒྱུན་དུ་ངལ་གསོ་བའི་ཞག་ལ་མཆོད་ཁང་ནང་བག་ལེབ་དམ་པ་བཟོ་རྒྱུའི་ལས་འགན་ཡོད་དོ། 33ལེ་ཝི་པའི་ཁྱིམ་ཚང་འགའ་ཤས་ལ་མཆོད་ཁང་གི་རོལ་མོའི་ལས་འགན་ཡོད་པ་དང་། ཁྱིམ་ཚང་དེ་ཚོའི་འགོ་པ་ཁ་ཤས་མཆོད་ཁང་གི་ཁང་པ་འགའ་ཤས་ནང་སྡོད་པ་ཚོ་ལས་འགན་གཞན་སྒྲུབ་མི་དགོས་སོ། གང་ལ་ཟེར་ན། དེ་ཚོ་ཉིན་མཚན་མེད་པར་མཆོད་ཁང་གི་ལས་ཀར་ཨང་སར་དགོས་པའི་རྐྱེན་གྱིས་ཡིན་ནོ། 34གོང་གསལ་སྨྲས་པའི་མིང་རྣམས་ཁོང་རང་ཚོའི་ཕ་མེས་ཀྱི་རིམ་པ་ལྟར་གྱི་ལེ་ཝི་པའི་ཁྱིམ་ཚང་གི་འགོ་པ་ཡིན་ནོ༎

རྒྱལ་པོ་ས་ཨུལ་གྱི་ཕ་མེས་དང་བརྒྱུད་པ།

35ཡི་ཨེལ་གྱིས་གྷི་བི་ཨོན་གྱི་གྲོང་ཁྱེར་བཚུགས་ནས་དེར་གཞིགས་ཆགས་པ་དང་། ཁོང་གི་ཆུང་མའི་མིང་ལ་མ་ཀཱ་ཟེར་དང་། 36ཁོང་གི་བུ་རྒན་ཤོས་ཨབ་དྷོན་དང་། བུ་གཞན་རྣམས་ཛུར་དང་ཀིཤེ་དང་བྷལ་དང་ནེར་དང་ན་དྷབ་དང་། 37གྷེ་དོར་དང་ཨ་ཧི་ཡོ་དང་ཛ་ཀར་ཡཱ་དང་མིག་ལོད་ཟེར་བ་ནི། 38ཤི་མི་ཨའི་ཕ་ཡིན་ནོ། དེ་ཚོའི་བརྒྱུད་པ་རྣམས་ཡེ་རུ་ཤ་ལེམ་དུ་དེ་ཚོའི་ཁྱིམ་ཚང་གཞན་ཚོའི་རིགས་རུས་ཀྱི་ཉེ་འགྲམ་དུ་བསྡད་དོ། 39ནེར་ཟེར་བ་ནི་ཀིཤེ་ཀྱི་ཕ་དང་ཀིཤེ་ནི་ས་ཨུལ་གྱི་ཕ་ཡིན་ནོ། ས་ཨུལ་ལ་བུ་བཞི་ཡོད་པ་ནི། ཡོ་ན་ཐན་དང་མལ་ཀི་ཤུ་ཨ་དང་ཨ་བྷི་ན་དྷབ་དང་ཨེཤི་བྷལ་བཅས་ཡིན་ནོ། 40ཡོ་ན་ཐན་ནི་མེ་རི་བྷལ་གྱིི་ཕ་ཡིན་པ་དང་། ཁོ་ནི་མེ་ཀཱའི་ཕ་ཡིན་ནོ། 41མི་ཀཱ་ལ་བུ་བཞི་ཡོད་པ་ནི། པི་ཐོན་དང་མེ་ལེག་དང་ཏ་རི་ཨ་དང་ཨ་ཧཛ་བཅས་ཡིན་ནོ། 42ཨ་ཧཛ་ནི་ཡ་རཱའི་ཕ་དང་། ཁོ་ནི་ཨ་ལེ་མེད་དང་ཨཛ་མ་བེད་དང་ཛིམ་རི་བཅས་བུ་གསུམ་གྱི་ཕ་ཡིན་ནོ། ཛིམ་རི་ནི་མོ་ཛའི་ཕ་དང་། 43མོ་ཛ་ནི་བྷི་ནི་ཨའི་ཕ་དང་། བྷི་ནི་ཨ་ནི་རེ་ཕ་ཡཱའི་ཕ་དང་། རེ་ཕ་ཡཱ་ནི་ཨེ་ལི་སཱའི་ཕ་དང་། ཨི་ལི་ས་ནི་ཨ་ཛེལ་གྱི་ཕ་ཡིན་ནོ། 44ཨ་ཛེལ་ལ་བུ་དྲུག་ཡོད་པ་ནི། ཨཛ་རི་ཀམ་དང་བྷོ་ཀེ་རུ་དང་ཨིཤ་མ་ཨེལ་དང་ཤི་རི་ཡཱ་དང་ཨོ་བ་དི་ཡཱ་དང་ཧ་ནན་བཅས་ཡིན་ནོ༎

སྔོན་རབས་དང་པོ། 10

རྒྱལ་པོ་ས་ཨུལ་གྲོངས་པ།

(༡ ཤ་མུ་ཨེལ། ༣༡:༡-༡༣)

1ཕེ་ལེ་ཤེད་པ་ཚོས་རི་བོ་གྷིལ་བོ་རུ་ཨིསི་རཱཨེལ་པ་ཚོ་མཉམ་དུ་དམག་འཐབ་བྱས་ནས། དེར་ཨིསི་རཱཨེལ་པ་མང་པོ་བསད་པ་དང་། དེ་འཕྲོས་རྒྱལ་པོ་ས་ཨུལ་དང་ཁོང་གི་སྲས་ཚོ་དང་བཅས་བྲོས་སོ། 2འོན་ཀྱང་ཕེ་ལེ་ཤེད་པ་ཚོས་དེ་ཚོ་བཟུང་ནས། རྒྱལ་པོའི་སྲས་ཡོ་ན་ཐན་དང་ཨ་བྷི་ན་དྷབ་དང་མལ་ཀི་ཤུ་ཨ་བཅས་སྲས་གསུམ་བསད་དོ། 3ས་ཨུལ་གྱི་མཐའ་འཁོར་དུ་དམག་འཐབ་ཤུགས་ཆེ་ཐུག་པ་དང་ཁོང་ལ་དགྲ་བོའི་མདའ་ཕོག་སྟེ་ཚབ་ཆེ་རྨས་སོ། 4ཁོང་གི་རང་གི་མཚོན་ཆ་འཁུར་མཁན་མི་ན་གཞོན་དེ་ལ་དཀོན་མཆོག་མེད་པའི་ཕེ་ལེ་ཤེད་པ་འདི་ཚོས་ང་ལ་འཕྱ་བའི་སྔོན་དུ་ཁྱོད་ཀྱིས་རལ་གྲི་བཏོན་ནས་ང་ལ་གསོད་ཅིག་ཅེས་སྨྲས་སོ། འོན་ཀྱང་མི་ན་གཞོན་དེས་དེ་ལྟར་བྱེད་རྒྱུར་ཧ་ཅང་འཇིགས་སོ། དེ་འདྲ་སོང་ཙང་ས་ཨུལ་གྱིས་རང་གི་རལ་གྲི་བཏོན་ནས་དེའི་སྟེང་དུ་རིལ་བ་དང་། 5མི་ན་གཞོན་དེས་ས་ཨུལ་གྲོངས་པ་མཐོང་པ་དང་། ཁོ་རང་ཡང་རལ་གྲིའི་སྟེང་དུ་རིལ་ནས་ཤིའོ། 6དེ་ལྟར་རྒྱལ་པོ་ས་ཨུལ་དང་ཁོང་གི་སྲས་གསུམ་པོ་མཉམ་དུ་གྲོངས་པ་དང་ཁོང་གི་རྒྱལ་སྲིད་སྟོངས་སོ། 7ཡེཛ་རིལ་གྱི་ལུང་གཤོང་དུ་སྡོད་པའི་ཨིསི་རཱཨེལ་པ་ཚོའི་དམག་མི་རྣམས་བྲོས་པ་དང་། ས་ཨུལ་དང་ཁོང་གི་སྲས་གསུམ་པོ་གྲོངས་པའི་སྐོར་ཐོས་ནས། དེ་ཚོས་ཡུལ་དེ་སྤངས་ནས་བྲོས་སོ། དེ་ནས་ཕེ་ལེ་ཤེད་པ་ཚོ་ཡོང་ནས་ས་གནས་དེ་དབང་བ་ཡིན་ནོ། 8དམག་འཐབ་དེའི་ཉིན་རྗེས་མར་ཕེ་ལེ་ཤེད་པ་ཚོས་རོ་བཅོམ་པར་སོང་བ་དང་། དེ་ཚོས་རི་བོ་གྷིལ་བོའི་སྟེང་ས་ཨུལ་དང་ཁོང་གི་སྲས་གསུམ་པོའི་སྐུ་ལུས་རྙེད་དོ། 9དེ་ཚོས་ས་ཨུལ་གྱི་མགོ་བཅད་པ་དང་ཁྲབ་དེ་བཤུས་ནས་དེ་ཚོའི་ལྷ་སྐུ་དང་མི་མང་ལ་གཏམ་བཟང་ཤོད་དུ་ཕེ་ལེ་ཤེད་ཀྱི་ཡུལ་ཡོངས་སུ་བང་ཆེན་རྣམས་བཏང་ངོ་། 10དེ་ཚོས་ཁོང་གི་མཚོན་ཆ་རྣམས་དེ་ཚོའི་ལྷ་ཁང་ཞིག་ཏུ་བཞག་པ་དང་། ཁོང་གི་མགོ་དེ་དེ་ཚོའི་ལྷ་དྷ་གོན་གྱི་ལྷ་ཁང་དུ་བཀལ་ལོ། 11ཕེ་ལེ་ཤེད་པ་ཚོས་ས་ཨུལ་ལ་ཇི་ལྟར་བྱས་པའི་སྐོར་གྷིལ་ཨད་ནང་གི་ཡ་བྷེཤའི་མི་མང་ཚོས་ཐོས་པ་དང་། 12མི་བློ་སྟོབས་ཆེ་ཤོས་ཚོ་སོང་ནས་ས་ཨུལ་དང་ཁོང་གི་སྲས་ཚོའི་སྐུ་ལུས་བླངས་ནས་ཡ་བྷེཤ་རུ་འཁྱེར་ནས། དེ་ཚོས་དེ་རྣམས་བེ་ཤིང་གི་འོག་ཏུ་སྦས་ནས་ཉིན་བདུན་རིང་སྨྱུང་གནས་སྲུང་ངོ་། 13ས་ཨུལ་གྲོངས་སོ། གང་ལ་ཟེར་ན། ཁོང་ནི་གཙོ་བོ་དཀོན་མཆོག་ལ་དམ་ཚིག་གཙང་མ་མེད་པ་དང་། ཁོང་གིས་གཙོ་བོ་དཀོན་མཆོག་གི་བཀའ་ལ་མི་ཉན་པར། ཁོས་མི་ཤི་བའི་རྣམ་ཤེས་ནས་ལམ་སྟོན་ཞུ་ཐབས་བྱས་སོ། 14གཙོ་བོ་དཀོན་མཆོག་ནས་བཀའ་བསྡུར་ཞུ་གི་མེད་དོ། དེ་འདྲ་སོང་ཙང་གཙོ་བོ་དཀོན་མཆོག་གིས་ཁོང་བསད་གནང་ནས་རྒྱལ་སྲིད་ཀྱི་དབང་ཆ་ཡི་ཤེའི་སྲས་དཱ་བིད་ལ་གནང་ངོ་༎

སྔོན་རབས་དང་པོ། 11

དཱ་བིད་ནི་ཨིསི་རཱཨེལ་དང་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར།

(༢ ཤ་མུ་ཨེལ་ ༥:༡-༡༠)

1ཨིསི་རཱཨེལ་གྱི་མི་མང་ཚང་མ་ཧེབ་རོན་དུ་དཱ་བིད་ཀྱི་སར་སོང་ནས་ཁོང་ལ་ཞུས་པ། ང་ཚོ་སྐུ་ཉིད་ཀྱི་ཤ་ཁྲག་ཡིན་ནོ། 2འདས་པའི་དུས་སུ་ས་ཨུལ་ང་ཚོའི་རྒྱལ་པོ་ཡིན་པའི་སྐབས་སུ། ཁྱེད་ཀྱིས་ཨིསི་རཱཨེལ་གྱི་མི་མང་རྣམས་དམག་ལ་སྣེ་འཁྲིད་གནང་བ་དང་། གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་གིས། ཁྱེད་ཀྱིས་ཁོང་གི་མི་མང་རྣམས་ལ་སྣེ་འཁྲིད་གནང་རྒྱུ་དང་། ཁྱེད་དེ་ཚོའི་སྲིད་སྐྱོངས་པ་འགྱུར་རྒྱུའི་དམ་བཅའ་གནང་ཡོད་ཅེས་སོ། 3དེ་འདྲ་སོང་ཙང་ཨིསི་རཱཨེལ་གྱི་འགོ་པ་རྣམས་དཱ་བིད་ཀྱི་སར་ཧེབ་རོན་དུ་སླེབས་སོ། ཁོང་གིས་དེ་ཚོ་མཉམ་དུ་དམ་པའི་ཞལ་ཆད་ཅིག་འཇོག་གནང་བ་དང་། གཙོ་བོ་དཀོན་མཆོག་གིས་ཤ་མུ་ཨེལ་བརྒྱུད་ཞལ་བཞེས་གནང་བ་ལྟར་དེ་ཚོས་ཁོང་ལ་སྣུམ་བྱུག་སྟེ་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་རོ། 4རྒྱལ་པོ་དཱ་བིད་དང་ཨིསི་རཱཨེལ་གྱི་མི་མང་ཡོངས་ནས་ཡེ་རུ་ཤ་ལེམ་གྱི་གྲོང་ཁྱེར་ལ་འཐབ་རྒོལ་བྱས་སོ། སྐབས་དེར་ཡེ་བྷུསེ་ཞེས་གྲགས་པ་དང་ཡེ་བུ་སི་པ་ཞེས་པའི་ཐོག་མའི་ཡུལ་མི་རྣམས་དེར་སྡོད་མུས་ཡིན་ནོ། 5ཡེ་བུ་སི་པ་ཚོས་དཱ་བིད་ལ་ཁོང་གྲོང་ཁྱེར་ནང་རྩ་བ་ནས་ཡོང་མི་ཐུབ་བརྗོད་ན་ཡང་། དཱ་བིད་ཀྱིས་དེ་ཚོའི་ཛི་ཡོན་གྱི་འཛིངས་རགས་དབང་བཟུང་བྱས་ནས། དེ་དཱ་བིད་ཀྱི་གྲོང་ཁྱེར་ཞེས་གྲགས་སོ། 6དཱ་བིད་ཀྱིས་ཡེ་བྷུསེ་པ་གསོད་མཁན་མི་དང་པོ་དེ་ལ་དམག་མིའི་དམག་སྤྱིར་འགྱུར་ཞེས་བཀའ་གནང་ངོ་། ཛེ་རུ་ཡཱའི་བུ་ཡོ་ཨབ་ཀྱི་དམག་གི་སྣེ་འཁྲིད་བྱས་པ་དང་ཁོ་དམག་སྤྱིར་འགྱུར་རོ། 7དཱ་བིད་འཛིངས་རགས་དེར་བཞུགས་པར་ཕེབས་པ་དང་། དེ་ལ་དཱ་བིད་ཀྱི་གྲོང་ཁྱེར་ཞེས་གྲགས་སོ། 8རི་བོའི་ཤར་ཕྱོགས་སུ་སས་བཀང་བའི་ས་གནས་དེ་ནས་འགོ་འཛུགས་ཀྱི་ཁོང་གིས་གྲོང་ཁྱེར་དེ་སྐྱར་བཟོ་གནང་བ་དང་། ཡོ་ཨབ་ཀྱིས་དེ་འགྲོང་ཁྱེར་ལྷག་འཕྲོས་རྣམས་སླར་གསོ་གནང་ངོ་། 9དཱ་བིད་སྟོབས་ཆེ་རུ་ཆེ་རུ་ཕྱིན་ཡོད་གང་ལ་ཟེར་ན། མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་ཁོང་དང་མཉམ་དུ་ཡོད་པ་ཡིན་ནོ༎

དཱ་བིད་ཀྱི་སྙན་གྲགས་ཅན་གྱི་དམག་མི་རྣམས།

(༢ ཤ་མུ་ཨེལ་ ༢༣:༨-༣༩)

10དཱ་བིད་ཀྱི་སྙན་གྲགས་ཅན་གྱི་དམག་མི་ཚོའི་མིང་ཐོ་འདི་ལྟར་ཡིན། དེ་ཚོས་ཨིསི་རཱཨེལ་གྱི་མི་མང་གཞན་ཚོ་མཉམ་དུ་གཙོ་བོ་དཀོན་མཆོག་གིས་ཞལ་བཞེས་གནང་བ་ལྟར། ཁོང་རྒྱལ་པོར་འགྱུར་རྒྱུ་རོགས་བྱས་པ་དང་། ཁོང་གིས་རྒྱལ་ཁབ་སྟོབས་ཤུགས་ཆེན་པོ་བཟོས་གནང་ངོ། 11དང་པོ་དེ་ཡ་ཤོ་བྷིམ་བྱ་བ་དེ་ཧཅ་མོན་གྱི་རིགས་རུས་གུསམ་པོའི་ནང་ནས་འགོ་པ་དེ་ཡིན་ནོ། ཁོས་རང་གི་མདུང་གིས་མི་ ༣༠༠ དང་འཐབ་ནས་དེ་ཚོ་ཚང་མ་དམག་བརྒྱབ་ཐེངས་གཅིག་ལ་བསད་དོ། 12སྙན་གྲགས་ཅན་གསུམ་པའི་རྗེས་མ་དེ་དྷོ་དྷོའི་བུ་ཨེ་ལི་ཛར་ཟེར་བ་ཨ་ཧོའི་རིགས་རུས་དེ་ཡིན་ནོ། 13ཁོས་དཱ་བིད་ཀྱི་ཕྱོགས་ནས་ཕེ་ལེ་ཤེད་པ་ཚོ་མཉམ་དུ་པསེ་ད་མིམ་དུ་དམག་འཐབ་བྱས་སོ། ཨིསི་རཱཨེལ་པ་ཚོ་བྲོས་འགོ་ཚུགས་དུས་ཁོ་ནས་ཀྱི་ཞིང་ཁར་ཡོད་པ་ཡིན་ནོ། 14དེ་འདྲ་སོང་ཙང་ཁོ་དང་ཁོའི་མི་མང་རྣམས་ཞིང་ཁའི་དཀྱིལ་དུ་ལངས་ནས་ཕེ་ལེ་ཤེད་པ་ཚོར་དམག་འཐབ་བྱས་སོ། གཙོ་བོ་དཀོན་མཆོག་གིས་ཁོ་ལ་རྒྱལ་ཁ་ཆེན་པོ་གནང་ངོ་། 15ཕེ་ལེ་ཤེད་པ་ཚོ་ཞིག་རེ་ཕ་ཨིམ་གྱི་ལུང་གཤོང་དུ་སྒར་བཏབ་ནས་བསྡད་ཡོད་པའི་སྐབས་སུ། ཉིན་ཞིག་དམག་གི་གཙོ་ཆེ་སུམ་ཅུའི་ནང་ནས་གསུམ་ནི་ཨ་དུལ་ལམ་གྱི་བྲག་ཕུག་གི་ཉེ་འགྲམ་དུ་དཱ་བིད་བསྡད་ཡོད་པའི་བྲག་དུ་ཕྱིན་ནོ། 16སྐབས་དེར་དཱ་བིད་འཛིངས་རགས་ཅན་གྱི་རི་བོར་ཡོད་པ་དང་། ཕེ་ལེ་ཤེད་པ་ཚོ་ཞིག་གིས་བྷེད་ལེ་ཧེམ་དབང་བཟུང་བྱས་ཡོད་དོ། 17དཱ་བིད་ཀྱི་རང་གི་ཁྱིམ་དྲན་པ་དང་། སུ་ཞིག་གིས་བྷེད་ལེ་ཧེམ་གྱི་སྒོའི་ཁྲོན་པའི་ཆུ་ངས་འཐུང་ཆེད་ལ་འཁུར་ཡོང་ན་ལེགས་ཞེས་གསུངས་སོ། 18དམག་མི་སྙན་གྲགས་ཅན་གསུམ་པོ་དེས། ཕེ་ལེ་ཤེད་པའི་སྒར་བརྒྱུར་སོང་ནས། ཁྲོན་པའི་ནང་ནས་ཆུ་ཕྲན་བུ་བཅུས་ནས་དཱ་བིད་ཀྱི་སར་འཁྱེར་ཡོང་ངོ་། འོན་ཀྱང་དཱ་བིད་ཀྱིས་དེ་མ་བཞེས་པར་དེ་གཙོ་བོ་དཀོན་མཆོག་ལ་མཆོད་པའི་ཚུལ་དུ་བཤོས་བ་དང་། 19ངས་ཆུ་འདི་རྩ་བ་ནས་འཐུང་མི་ཐུབ། དེ་ནི་མི་ཚེ་བློས་གཏོང་བའི་མི་འདི་ཚོའི་ཁྲག་འཐུང་བ་དང་འདྲ་ཞེས་གསུངས་སོ། དེ་འདྲ་སོང་ཙང་ཁོང་གིས་དེ་མ་བཞེས་སོ། འདི་ཚོ་ནི་སྙན་གྲགས་ཅན་གྱི་མི་ཚོའི་བློ་སྟོབས་ཅན་གྱི་བྱ་བ་ཡིན་ནོ། 20ཡོ་ཨབ་ཀྱི་ནུ་བོ་ཨ་བྷི་ཤེ་ནི་སྙན་གྲགས་ཅན་གྱི་མི་གསུམ་ཅུའི་འགོ་པ་ཡིན་ནོ། ཁོའི་མདུང་གིས་མི་ ༣༠༠ དང་འཐབ་ནས་དེ་ཆོ་བསད་པ་དང་སུམ་ཅུ་པོའི་ནང་ནས་སྙན་གྲགས་ཅན་དུ་འགྱུར་རོ། 21ཁོ་སུམ་ཅུའི་ནང་ནས་སྙན་གྲགས་ཆེ་ཤོས་ཡིན་སྟབས། དེ་ཚོའི་འགོ་པར་འགྱུར་ཡོད་དོ། འོན་ཀྱང་ཁོ་ནི་གཞན་གསུམ་པོ་ལྟར་སྙན་གྲགས་ཆེན་པོ་མེད་དོ། 22ཀབ་ཛིལ་ནས་ཡིན་པའི་ཡེ་ཧོ་ཡ་དྷའི་བུ་བྷེ་ན་ཡཱས་དམག་མི་སྙན་གྲགས་ཅན་ཞིག་ཡིན་པས། ཁོས་བློ་སྟོབས་ཅན་གྱི་བྱ་བ་མང་པོ་བྱས་པའི་ནང་མོ་ཨབ་པའི་དམག་མི་སྟོབས་ཅན་གཉིས་ཡང་བསད་ཡོད་དོ། ཐེངས་གཅིག་གངས་རྒྱབ་པའི་ཉིན་ས་དོང་ཞིག་ནང་ཕྱིན་ནས་སེང་གེ་ཞིག་བསད་དོ། 23ཁོས་ཨི་ཇིབ་པ་མི་ཆེན་པོ་མི་ཀྲར་གཉིས་ལས་ལྷག་རིང་བ་མདུང་ཚད་ལས་འགལ་བའི་ཆེན་པོ་དང་གོ་ལག་ཡོད་མཁན་ཞིག་བསད་པ་དང་། བྷེ་ན་ཡཱས་ཁོ་ལ་བེར་ཀས་འཐབ་ནས་ཨི་ཇིབ་པའི་ལག་གི་མདུང་འཕྲོག་ནས་དེས་ཁོ་བསད་དོ། 24དེ་ཚོ་ནི་བྷེ་ན་ཡཱས་ཀྱི་བློ་སྟོབས་ཅན་གྱི་བྱ་བ་ཡིན་པ་དང་། ཁོ་ནི་སུམ་ཅུའི་ནང་ནས་གཅིག་ཡིན་ནོ། 25ཁོ་ནི་སུམ་ཅུའི་ནང་ནས་སྙན་གྲགས་ཅན་ཞིག་ཡིན་ནོ། འོན་ཀྱང་ཁོ་ནི་གསུམ་པོ་ལྟར་སྙན་གྲགས་ཅན་མིན་ནོ། དཱ་བིད་ཀྱི་ཁོ་ལ་རང་གི་སྐུ་སྲུང་བའི་འགོ་པར་བཀོས་སོ། 26-47འདི་ཚོ་ནི་སྙན་གྲགས་ཅན་གྱི་དམག་མི་གཞན་ཚོ་ཡིན་ནོ། ཡོ་ཨབ་ཀྱི་ནུ་བོ་ཨ་ས་ཧེལ་དང་། བྷེད་ལེ་ཧེམ་གྱི་དྷོ་དྷོའི་བུ་ཨེལ་ཧ་ནན་དང་། ཧ་རོད་ནས་ཤམ་མོད་དང་། པེ་ལེད་ནས་ཧེ་ལེཛ་དང་། ཊེ་ཀོ་ཨ་ནས་ཨི་ཀེཤའི་བུ་ཨི་ར་དང་། ཨ་ན་ཐོད་ནས་ཨ་བྷི་ཨེ་ཛར་དང་། ཧུ་ཤཱ་ནས་སི་བྷི་ཀའིི་དང་། ཨ་ཧོ་ནས་ཨི་ལའི་དང་། ནེ་ཏོ་ཕཱ་ནས་མ་ཧ་རའི་དང་། ནི་ཏོ་ཕཱ་ནས་བྷ་ནཱའི་བུ་ཧེ་ལེད་དང་། བྷེན་ཡ་མིན་གྱི་གྷི་བི་ཨཱ་ནས་རི་བའི་བུ་ཨི་ཐའི་དང་། པེ་ར་ཐོན་ནས་བྷེ་ན་ཡཱ་དང་། གྷཤའི་ཉེ་འགྲམ་གྱི་ལུང་གཤོང་རྣམས་ནས་ཧུ་རའི་དང་། ཨར་བཱ་ནས་ཨ་བྷི་ཨེལ་དང་། བྷ་གུ་རུམ་ནས་ཨཛ་མ་བེད་དང་། ཤཱལ་བྷོན་ནས་ཨེལ་ཡཱ་བ་དང་། གི་ཛོན་ནས་ཧ་ཤེམ་དང་། ཧ་རར་ནས་ཤ་གིའི་བུ་ཡོ་ན་ཐན་དང་། ཧ་རར་ནས་ས་ཀར་གྱི་བུ་ཨ་ཧི་ཨམ་དང་། ཨུར་གྱི་བུ་ཨེ་ལི་ཕལ་དང་། མེ་ཀེ་ར་ནས་ཧེ་ཕར་དང་། པེ་ལོན་ནས་ཨ་ཧི་ཡཱ་དང་། ཀར་མེལ་ནས་ཧེཛ་རོ་དང་། ཨེཛ་བའི་བུ་ན་རའི་དང་། ན་ཐན་གྱི་སྤུན་ཡོ་ཨལ་དང་། ཧག་རིའི་བུ་མི་བར་དང་། ཨམ་མོན་ནས་ཛེ་ལེག་དང་། བྷི་རོད་ནས་ཡོ་ཨབ་ཀྱི་གོ་ཁྲབ་འཁུར་མཁན་ན་ཧ་རེ་དང་། ཡ་ཏིར་ནས་ཨི་ར་དང་གྷ་རེབ་དང་། ཧི་ཏི་པ་ཨུ་རི་ཡཱ་དང་། ཨ་ཧ་ལའི་བུ་ཛ་བྷད་དང་། ཤི་ཛའི་བུ་ཨ་དི་ན་ནི། (རུ་བྷེན་གྱི་སྡེ་རིགས་འཐུས་མི་གཙོ་ཆེ་དང་ཁོང་རང་ཉིད་ཀྱི་དམག་མི་སུམ་ཅུའི་ཚོགས་ཞིག་ཡོད་དོ།) མ་ཀཱའི་བུ་ཧ་ནན་དང་། མི་ཐན་ནས་ཡོ་ཤ་ཕད་དང་། ཨཤ་ཏེ་ར་ནས་ཨུ་ཛི་ཨ་དང་། ཨ་རོ་ཨེར་ནས་ཧོ་ཐམ་གྱི་བུ་ཤམ་མ་དང་ཡི་ཨེལ། ཏིཛ་ནས་ཤིམ་རིའི་བུ་ཡེ་དྷི་ཨེལ་དང་ཡོ་ཧ། མ་ཧ་ཝ་ནས་ཨེ་ལི་ཨེལ་དང་། ཨེལ་ནམ་གྱི་བུ་ཡེ་རི་བའི་དང་ཡོ་ཤ་ཝི་ཨ། མོ་ཨབ་ནས་ཨིཐ་མཱ། ཛོ་བཱ་ནས་ཨེ་ལི་ཨེལ་དང་ཨོ་བེད་དང་ཡ་སི་ཨེལ་བཅས་སོ༎

སྔོན་རབས་དང་པོ། 12

བྷེན་ཡ་མིན་གྱི་སྡེ་རིགས་ནས་དཱ་བིད་ཀྱི་ཐོག་མའི་རྗེས་འཇུག་རྣམས།

1དཱ་བིད་ནི་རྒྱལ་པོ་ས་ཨུལ་ནས་བྲོས་ཕྱིར་ཕེབས་ཏེ། ཛིག་ལག་ཏུ་ཁོང་བཞུགས་སྐབས་ཁོང་སར་ཉམས་མྱོང་ཅན་དང་བློས་འཁེལ་བའི་དམག་མི་མང་པོ་ཁོང་གི་ཕྱོགས་སུ་འཛུགས་སོ། 2དེ་ཚོ་བྷེན་ཡ་མིན་སྡེ་རིགས་ཀྱི་མི་རྣམས་ཡིན་ནོ། ས་ཨུལ་ཡང་སྡེ་རིགས་དེ་ནས་ཡིན་ནོ། དེ་ཚོས་ལག་པ་གཡས་གཡོན་གཉིས་ཀས་མདའ་ཞུ་ཐུབ་པ་དང་འུར་རྡོ་ཡང་དབྱུགས་ཐུབ་ཀྱི་ཡོད་དོ། 3-7དེ་ཚོ་གྷི་བི་ཨཱ་པ་ཤེ་མཱའི་བུ་ཨ་ཧི་ཨེ་ཛར་དང་ཡོ་ཨཱཤས་གཉིས་ཀྱི་མངའ་འོག་ཏུ་ཡོད་དོ། དམག་མི་འདི་ཚོ་ནི། ཨཛ་མ་ཝེད་ཀྱི་བུ་ཡེ་ཛི་ཨེལ་དང་པེ་ལེད། ཨ་ན་ཐོད་ནས་བེ་ར་ཀ་དང་ཡེ་ཧུ། གྷི་བི་ཨོན་པ་སྙན་གྲགས་ཅན་གྱི་དམག་མི་སུམ་ཅུའི་འགོ་པའི་ནང་ནས་གཅིག་ཨིཤ་མ་ཡཱ། གྷེ་དེ་རཱ་ནས་ཡེར་མི་ཡཱ་དང་ཡ་ཧ་ཛི་ཨེལ་དང་ཡོ་ཧ་ནན་དང་ཡོ་ཛ་བྷད་དང་། ཧ་རིཕ་ནས་ཨེ་ལུ་ཛེ་དང་ཡེ་རི་མོད་དང་བྷི་ལི་ཨཱ་དང་ཤེ་མར་ཡཱ་དང་ཤེ་ཕཏ་ཡཱ་དང་། ཀོ་རཱའི་རིགས་རུས་ནས་ཨེལ་ཀ་ནཱ་དང་ཨི་ཤི་ཨ་དང་ཨ་ཛ་རེལ་དང་ཡོ་ཛར་དང་ཡ་ཤོ་བྷིམ་དང་། གྷེ་དོར་ནས་ཡེེ་རོ་ཧམ་གྱི་བུ་ཡོོ་ལཱ་དང་ཛེ་བ་དི་ཡཱ་བཅས་སོོ༎

གྷཌ་ཀྱི་སྡེ་རིགས་ནས་དཱ་བིད་ཀྱི་རྗེས་འཇུག་རྣམས།

8དཱ་བིད་བྱེ་ཐང་གི་མཁར་དུ་བསྡད་སྐབས་གྷཌ་ཀྱི་སྡེ་རིགས་སྙན་གྲགས་ཅན་དང་ཉམས་མྱོང་ཅན་གྱི་དམག་མིའི་ཁོང་གི་དམག་དཔུང་ནང་བཞུགས་པའི་མིང་འདི་ལྟར་ཡིན་ནོ། དེ་ཚོ་ནི་ཕུབ་དང་མདུང་ལ་མཆོག་ཏུ་འགྱུར་བ་སེང་གེ་བཞིན་འཇིགས་སུ་རུང་བ་དང་རིའི་ཤ་བ་བཞིན་མགྱོགས་པོ་ཡོད་དོ། 9-13དེ་ཚོ་གཤམ་གསལ་ལྟར་གོ་རིམ་དང་པོ་ནས་འཛུག་བར་དུ་འདི་ལྟར་ཡིན། ཨེ་ཛེར་དང་ཨོ་བ་དི་ཡཱ་དང་ཨེ་ལེ་ཨབ་དང་མིཤི་མ་ནཱ་དང་ཡེར་མི་ཡཱ་དང་ཨ་ཏའི་དང་ཨེ་ལི་ཨེལ་དང་ཡོ་ཧ་ནན་དང་ཨེལ་ཛ་བད་དང་ཡེེར་མི་ཡཱ་དང་མག་བྷན་ནའི་བཅས་སོ། 14མི་དེ་ཚོ་འགའ་ཤས་གྷཌ་ཀྱི་སྡེ་རིགས་ནས་ཡིན་པ་དང་། འགོ་འཛིན་རྒན་པ་རྣམས་མི་སྟོང་ཕྲག་གི་འགོ་པ་དང་། འགོ་འཛིན་གཞོན་པ་རྣམས་མི་བརྒྱའི་འགོ་པ་ཡིན་ནོ། 15ལོའི་ཟླ་བ་དང་པོར་གཙང་པོ་ཡོར་དན་གྱི་མཐའ་འཁོར་དུ་ཆུ་ལུད་སྐབས་དེ་ཚོས་གཙང་པོ་རྒལ་བ་དང་། ལུང་གཤོང་གི་གཙང་པོའི་ཤར་དང་ནུབ་གཉིས་ལ་སྡོད་མཁན་མི་མང་རྣམས་ཁ་འཐོར་ནས་ཡོད་དོ༎

བྷེན་ཡ་མིན་དང་ཡ་ཧུ་དཱ་ནས་རྗེས་འཇུག་པ་རྣམས།

16དུས་ཤིག་ལ་བྷེན་ཡ་མིན་དང་ཡ་ཧུ་དཱ་པའི་སྡེ་རིགས་ཚོ་གཅིག་དཱ་བིད་བཞུགས་པའི་མཁར་དུ་ཕྱིན་ནོ། 17དཱ་བིད་དེ་ཚོ་དང་མཇལ་བར་ཕེབས་ནས། ཁྱོད་ཚོ་ང་ལ་རོགས་བྱེད་པར་གྲོགས་པོ་ལྟར་ཡོང་བ་ཡིན་ན། ཁྱོད་ཚོར་དགའ་བསུ་ཡོད། འོན་ཀྱང་ཁྱོད་ཚོས་ང་ལ་བསླུ་འཁྲིད་ཀྱིས་དགྲ་བོའི་ལག་ཏུ་གཏད་པར་ཡོང་བ་ཡིན་ན། ངས་ཁྱོད་ཚོར་གནོད་འཚེ་བྱེད་ཐབས་མ་བྱས་ན་ཡང་ང་ཚོའི་ཕ་མེས་ཀྱི་དཀོན་མཆོག་གིས་དེ་མཁྱེན་ནས་ཆད་པ་གཏོང་གནང་གི་རེད་ཅེས་གསུངས་སོ། 18དེ་ཚོ་སུམ་ཅུའི་ནང་ནས་ཅིག་ཨ་མ་སེའི་ཐོག་ཏུ་དཀོན་མཆོག་གི་ཐུགས་ཉིད་ཀྱི་དབང་བསྒྱུར་གནང་བ་དང་། ཁོང་གི་སྨྲས་པ། ཁོས་ཡི་ཤེའི་བུ་དཱ་བིད་ང་ཚོ་ཁྱེད་ཀྱི་ཕྱོགས་ཡིན། ཁྱེད་དང་ཁྱེད་ལ་རོགས་གནང་མཁན་ལ་རྒྱལ་བར་ཤོག། དཀོན་མཆོག་ཁྱེད་ཀྱི་ཕྱོགས་སུ་ཡོད་ཅེས་སྨྲས་སོ། ཁོང་ནི་རྗེས་སུ་སུམ་ཅུའི་དམག་སྤྱིར་འགྱུར་དང། དཱ་བིད་ཀྱིས་དེ་ཚོ་ལ་དགའ་བསུ་གནང་བ་དང་། ཁོང་གི་དམག་མིའི་ནང་དུ་ཁོ་ཚོ་ལ་དཔོན་པོར་བསྐོས་སོོ༎

མ་ནསེ་སཱེ་པའི་རྗེས་འཇུག་པ་རྣམས།

19མ་ནསེ་སཱེ་སྡེ་རིགས་ཀྱི་དམག་མི་འགའ་ཤས་དཱ་བིད་ཀྱི་ཕྱོགས་སུ་ཕྱིན་ནོ། དེའི་སྐབས་སུ་དཱ་བིད་ཕེ་ལེ་ཤེད་པ་མཉམ་དུ་རྒྱལ་པོ་ས་ཨུལ་ཐོག་ཏུ་འཐབ་པར་འགྲོ་བཞིན་ཡོད་པ་དང། ཁོང་གིས་ཕེ་ལེ་ཤེད་པ་ཚོར་དངོས་སུ་རོགས་གནང་མེད་དོ། གང་ལ་ཟེར་ན། དེ་ཚོའི་རྒྱལ་པོ་ཚོ་ནི་ཁོང་གི་སྔོན་གྱི་ཇོ་བོ་ས་ཨུལ་སར་ཕྱིན་ནས། ཁོ་ཚོར་བསླུ་འཁྲིད་བྱེད་ཀྱི་རད་བསམ་ནས་ཁོང་ལ་ཛིག་ལག་ཏུ་ཕྱིར་ལོག་བཏང་ངོ་། 20ཁོང་ཕྱིར་ལོག་བྱེད་སྐབས་དཱ་བིད་ཀྱི་ཕྱོགས་སུ་ཡོང་མཁན་མ་ནསེ་སཱེའི་དམག་མི་རྣམས་འདི་ཚོ་ཡིན་ནོ། ཨད་ནཱ་དང་ཡོ་ཛ་བྷད་དང་ཡེ་དྷི་ཨེལ་དང་མི་ཀ་ཨེལ་དང་ཡོ་ཛ་བྷད་དང་ཨེ་ལི་ཧུ་དང་ཛིལ་ལེ་ཐའི་བཅས་ཡིན་ནོ། མ་ནསེ་སཱེ་པ་དེ་ཚོ་ལ་སྟོང་དམག་གཅིག་གི་དམག་ཚོ་ཡོད་དོ། 21དེ་ཚོས་དཱ་བིད་ཀྱི་དམག་དཔུང་ནང་དམག་དཔོན་གྱི་ཞབས་ཞུ་ཞུས་ཡོད། གང་ལ་ཟེར་ན། དེ་ཚོ་ཚང་མ་དམག་མི་ཁྱད་འཕགས་འབའ་ཞིག་ཡིན་ནོ། རྗེས་སུ་དེ་ཚོ་ཨིསི་རཱཨེལ་གྱི་དམག་དཔོན་དུ་འགྱུར་རོ། 22ཕལ་ཆེར་ཉིན་ལྟར་རེ་ཞིག་དཱ་བིད་ཀྱི་དམག་མིའི་ནང་མི་གསར་པ་འཛུལ་གྱི་ཡོད་པ་དང། ཁོང་གི་དམག་དཔུང་འཕྲལ་དུ་ཧ་ཅང་ཁྱོན་ཆེན་པོར་འགྱུར་རོ༎

དཱ་བིད་ཀྱི་དམག་མིའི་མིང་ཐོ།

23-37གཙོ་བོ་དཀོན་མཆོག་གིས་ཞལ་བཞེས་གནང་བ་ལྟར། དཱ་བིད་ས་ཨུལ་གྱི་ཚབ་ཏུ་རྒྱལ་པོར་བཟོ་བའི་ཆེད་དམག་སྦྱོང་ཟིན་པའི་དམག་མི་མང་པོས་རོགས་བྱེད་པའི་ཆེད་ཁོང་གི་དམག་མིའི་ནང་འཛུལ་ནས། དེ་ཚོའི་གྲངས་ནི་གཤམ་གསལ་ལྟར་ཡིན་ནོ། ཡ་ཧུ་དཱ་པ་གོ་མཚོན་ལེགས་པ་ཕུབ་དང་མདུང་ཡོད་པའི་མི་གྲངས་ ༦,༨༠༠ ཡོད་དོ། སིམ་ཨོན་པ་དམག་སྦྱོངས་ལེགས་པར་ཟིན་པ་མི་གྲངས་ ༧,༡༠༠ དང་། ལེ་ཝི་པ་མི་གྲངས་ ༤,༦༠༠ དང་། ཡེ་ཧོ་ཡ་དྷའི་རྗེས་འཇུག་པ་ཨ་རོན་གྱི་བརྒྱུད་པ་མི་གྲངས་ ༣,༧༠༠ དང་། ན་གཞོན་དམག་འཐབ་རྩལ་དང་ལྡན་པ་ཛ་དཱོག་གི་སྤུན་སྣེ་འཁྲིད་མཁན་གྲངས་ཉེར་གཉིས་དང་། བྷེན་ཡ་མིན་པ་(ས་ཨུལ་ཉིད་ཀྱི་སྡེ་རིགས)མི་གྲངས་ ༣,༠༠༠ དང་། (བྷེན་ཡ་མིན་གྱི་མི་མང་མང་ཆེ་བ་ས་ཨུལ་ལ་བློ་གཏད་ཞུས་ཡོད་པ་དང་།) ཨེཕ་ར་ཡིམ་པ་རང་གི་རིགས་རུས་ནང་སྙན་གྲགས་ཅན་མི་གྲངས་ ༢༠,༨༠༠ དང་། ནུབ་མ་ནསེ་སཱེ་ནས་དཱ་བིད་ལ་རྒྱལ་པོར་བཟོ་རྒྱུར་འགྲོ་བར་འདམས་པའི་མི་གྲངས་ ༡༨,༠༠༠ དང་། ཨི་ས་ཀར་གྱི་འགོ་འཛིན་མི་གྲངས་ ༢༠༠ དང་། དེ་ཚོའི་མངའ་འོག་གི་འགོ་འཛིན་དེ་ཚོས་ཨིསི་རཱཨེལ་གྱི་ཅི་བྱེད་དགོས་པ་དང་དེ་ལྟར་བྱ་རྒྱུའི་དུས་སྐབས་ཇི་ལྟར་ཡིན་པ་ཤེས་ཀྱི་ཡོད་པ་ཡིན་ནོ། ཛེ་བུ་ལུན་ཞེན་ཁོག་དང་བློས་འཁེལ་པོ་མཚོན་ཆ་འདྲ་མིན་ཚང་མ་བེད་སྤྱོད་བྱ་རྒྱུར་སྦྱོངས་དར་ཡོད་པ་མི་གྲངས་ ༥༠,༠༠༠ དང་། ནཕ་ཏ་ལི་པ་ཕུབ་དང་མདུང་འཁྱེར་ཡོད་པའི་སྐྱེས་པའི་གྲངས་ ༣༧,༠༠༠ དང་། འགོ་འཛིན་མི་གྲངས་ ༡,༠༠༠ དང་། དཱན་གྱི་མི་སྦྱོངས་དར་ཅན་མི་གྲངས་ ༢༨,༦༠༠ དང་། ཨ་ཤེར་པ་དམག་ཏུ་གྲ་སྒྲིགས་ཡོད་པའི་མི་གྲངས་ ༤༠,༠༠༠ དང་། ཡོར་དན་གྱི་ཤར་ཕྱོགས་པ་དང་རུ་བྷེན་དང་གྷཌ་པ་དང་ཤར་མ་ནསེ་སཱེ་པ་བཅས་ནས་མཚོན་ཆ་འདྲ་མིན་ཚང་མ་བེད་སྤྱོད་བྱ་རྒྱུར་སྦྱོངས་དར་ཡོད་པ་མི་གྲངས་ ༡,༢༠,༠༠༠ བཅས་ཡོད་དོ། 38དམག་མི་དེ་ཚོ་ཚང་མ་དམག་ལ་གྲ་སྒྲིགས་ཡོད་པ་དང་། ཨིསི་རཱཨེལ་གྱི་མི་མང་རྣམས་ཀྱི་དམིགས་ཡུལ་དེ་ནི་དཱ་བིད་ལ་རྒྱལ་པོར་བཟོ་བའི་བསམ་བློ་གཅིག་སྒྲིལ་ཐོག་ནས་ཧེབ་རོན་དུ་ཕྱིན་ནོ། 39དེ་ཚོས་ཉིན་གསུམ་རིང་དེ་ཚོའི་མཆེད་གྲོགས་ཡུལ་མི་རྣམས་ནས་དེ་ཚོ་ལ་བཟོས་པའི་ཟ་འཐུང་སྤྱོད་བཞིན་པ་དང་དཱ་བིད་ཡང་ལྷན་དུ་བཞུགས་ཡོད་དོ། 40ཐག་རིང་བྱང་ཕྱོགས་ཀྱི་སྡེ་རིགས་ཨི་ས་ཀར་དང་ཛེ་བུ་ལུན་དང་ནཕ་ཏ་ལི་བཅས་ཀྱི་མི་མང་ནས། བོང་བུ་དང་། རྔ་མོང་དང་། དྲེལ་དང་། གླང་གོག་ལ་ཁ་ཟས་ཀྱི་ཕྱིར་གྲོ་ཞིབ་དང་སེ་ཡབ་དང་རྒུན་འབྲུམ་སྐམ་པོ་དང་རྒུན་ཆང་དང་སྐྱུ་རུའི་སྣུམ་བཅས་བསྐལ་ནས་འཁྱེར་ནས་ཡོང་ངོ་། དེ་ཚོས་བ་ཕྱུགས་དང་ལུག་བཅས་ཟ་རྒྱུའི་ཆེད་འཁྱེར་ཡོང་ངོ་། དེ་ཚོ་ཡུལ་ལུང་ཀུན་ཏུ་དགའ་བ་འཚོར་བའི་རྣམ་འགྱུར་དུ་འགྱུར་རོ༎

སྔོན་རབས་དང་པོ། 13

དམ་བཅའི་སྒྲོམ་དེ་ཀིར་ཡད་ཡ་རིམ་ནས་སྤོས་པ།

(༢ ཤ་མུ་ཨེལ་ ༦:༡-༡༡)

1རྒྱལ་པོ་དཱ་བིད་ཀྱིས་མི་སྟོང་ཚོ་དང་མི་བརྒྱ་ཚོའི་འགོ་འཛིན་རྣམས་དང་གྲོས་བསྡུར་གནང་ངོ་། 2དེ་ནས་ཁོང་གིས་ཨིསི་རཱཨེལ་གྱི་མི་མང་རྣམས་ལ་གསལ་བསྒྲགས་གནང་བ་ནི་ཁྱོད་ཚོས་མོས་མཐུན་བྱས་པ་དང་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གི་ཐུགས་འདོད་ཡོད་པ་ཡིན་ན། ང་ཚོའི་ཡུལ་མི་ལྷག་འཕྲོས་རྣམས་དང་བླ་མ་ཚོ་དང་ལེ་ཝི་པ་ཚོ་ཡོད་པའི་གྲོང་ཁྱེར་རྣམས་ལ་ཁོ་ཚོ་འདིར་ང་ཚོ་དང་མཉམ་དུ་འཛོམས་དགོས་རྒྱུར་བང་ཆེན་རྣམས་གཏོང་རྒྱུ་ཡིན་ནོ། 3དེ་ནས་རྒྱལ་པོ་ས་ཨུལ་རྒྱལ་པོ་ཡིན་སྐབས་དོ་སྣང་མེད་པར་བཞག་པའི་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ང་ཚོ་ཕྱིན་ནས་བླངས་རྒྱུ་ཡིན་ཞེས་སོ། 4མི་མང་རྣམས་གྲོས་མོལ་དེ་ལ་ཧ་ཅང་དགའ་ནས་དེ་ལ་མོས་མཐུན་བྱས་སོ། 5དེ་འདྲ་སོང་ཙང་དམ་བཅའི་སྒྲོམ་དེ་ཀིར་ཡད་ཡ་རིམ་ནས་ཡེ་རུ་ཤ་ལེམ་དུ་གདན་འདྲེན་ཞུ་བའི་ཆེད་དུ། དཱ་བིད་ཀྱིས་ཨིསི་རཱཨེལ་གྱི་མི་མང་རྣམས་ཡུལ་ཡོངས་ནས་ཨི་ཇིབ་ཀྱི་ས་མཚམས་བྱང་དུ་ཧ་མད་ལའི་ལྷོ་ཕྱོགས་བར་ཚང་མར་འཛོམས་བཅུག་གོ 6དཱ་བིད་དང་མི་མང་རྣམས་གྲོང་ཁྱེར་བྷ་ལཱར་དེ་ནི་ཡ་ཧུ་དཱའི་ས་མཚམས་ཀྱི་ཀིར་ཡད་ཡ་རིམ་དུ་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེར་ཀེ་རུབ་ཡོད་པའི་ཞུགས་ཁྲིའི་སྟེང་དུ་འཁོད་ཡོད་པ་དང་། གཙོ་བོ་དཀོན་མཆོག་གི་མཚན་ཡོད་པ་དེ་ལེན་པར་ཕེབས་སོ། 7དེ་ཚོས་ཨ་བྷི་ན་དྷབ་ཀྱི་ཁྱིམ་ནས་དམ་བཅའི་སྒྲོམ་དེ་འཁྱེར་ཡོང་ནས་ཤིང་རྟ་འཁོར་ལོ་གསར་པ་ཞིག་གི་སྟེང་དུ་བཞག་གོ ཨུཛ་ཛཱ་དང་ཨ་ཧི་ཡོས་སྣེ་འཁྲིད་བྱས་སོ། 8དཱ་བིད་དང་མི་མང་རྣམས་ཀྱིས་དཀོན་མཆོག་ལ་གུས་ཞབས་ཞུ་ཕྱིར་ནུས་ཤུགས་ཡོངས་ནས་ཞབས་བྲོ་ཁྲབ་པ་དང་། དེ་ཚོས་གཞས་གཏོང་བ་དང་། རོལ་དབྱངས་ཁག་པི་ཝང་དང་རྔ་དང་སྦུག་དང་དུང་སོགས་བཏང་ངོ་། 9དེ་ཚོ་ཀི་དོན་གྱི་གཡུལ་འཐག་སར་སླེབས་པ་དང་། གླང་རྣམས་རྐང་པ་འཁྱོར་བས་ཨུཛ་ཛཱས་རང་གི་ལག་པ་བརྐྱངས་ནས་དམ་བཅའི་སྒྲོམ་ཟིན་པ་དང་། 10དེ་མ་ཐག་ཏུ་གཙོ་བོ་དཀོན་མཆོག་ཨུཛ་ཛཱ་ལ་ཐུགས་ཧ་ཅང་ཁྲོས་པ་དང་སྒྲོམ་ལ་རེག་པའི་རྐྱེན་གྱིས་ཁོ་ལ་བསད་གནང་ངོ་། ཁོ་ནི་གཙོ་བོ་དཀོན་མཆོག་གི་ཞལ་ངོར་ཤིའོ། 11དེ་ནས་བཟུང་ས་ཆ་དེ་ལ་པེ་རེཛ་ཨུཛ་ཛཱ་ཞེས་གྲགས་སོ། དཱ་བིད་ཧ་ཅང་ཁྲོས་སོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་ཐུགས་ཁྲོས་ནས་ཨུཛ་ཛཱ་ལ་ཆད་པ་བཏང་གནང་བ་ཡིན་ནོ། 12དེ་ནས་དཱ་བིད་དཀོན་མཆོག་ལ་འཇིགས་ནས། ད་ངས་ཇི་ལྟར་ང་མཉམ་དུ་དམ་བཅའི་སྒྲོམ་དེ་འཁྱེར་ཐུབ་ཀྱི་རེད་དམ་སྨྲས་སོ། 13དེ་འདྲ་སོང་ཙང་དཱ་བིད་ཀྱིས་དམ་བཅའི་སྒྲོམ་དེ་ཡེ་རུ་ཤ་ལེམ་དུ་ཁོ་རང་མཉམ་དུ་མ་འཁྱེར་རོ། ཁོས་སྒྲོམ་དེ་གྷད་གྲོང་ཁྱེར་གྱི་ཡུལ་མི་ཨོ་བེད་ཨེ་དྷོམ་ཟེར་བ་དེའི་ཁྱིམ་དུ་བཞག་གོ 14དེར་སྒྲོམ་དེ་ཟླ་བ་གསུམ་རིང་གནས་པ་དང་གཙོ་བོ་དཀོན་མཆོག་གིས་ཨོ་བེད་ཨེ་དྷོམ་གྱི་ཁྱིམ་ཚང་དང་ཁོ་ལ་བདག་པ་ཚང་མར་བྱིན་རླབས་གནང་ངོ་༎

སྔོན་རབས་དང་པོ། 14

ཡེ་རུ་ཤ་ལེམ་དུ་དཱ་བིད་ཀྱི་མཛད་པ་རྣམས།

(༢ ཤ་མུ་ཨེལ་ ༥:༡༡-༡༦)

1ཊ་ཡར་གྱི་རྒྱལ་པོ་ཧི་རམ་གྱིས་དཱ་བིད་ཀྱི་སར་ཚོང་དོན་གྱི་ཚོགས་ཤིག་བཏང་ཞིང་། ཕོ་བྲང་བཞེངས་བྱད་འགྱམ་ཤིང་དང་རྡོ་རྩིག་མཁན་དང་ཤིང་བཟོ་བ་བཅས་བརྫངས་སོ། 2དེ་ནས་དཱ་བིད་ཀྱི་སེམས་ལ། གཙོ་བོ་དཀོན་མཆོག་གིས་ང་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོས་གནང་བ་དང། ཉིད་ཀྱི་མི་འབངས་ཚོའི་ཆེད་དུ་ཉིད་ཀྱི་རྒྱལ་སྲིད་ཡར་རྒྱས་གོང་འཕེལ་དུ་གཏོང་བ་གནང་བཞིན་པའི་སྐོར་ལ་ཤེས་རྟོགས་བྱུང་ངོ་། 3ཡེ་རུ་ཤ་ལེམ་དུ་དཱ་བིད་ཀྱིས་ཆུང་མ་མང་པོ་དང་ཆང་ས་རྒྱབ་ནས་བུ་དང་བུ་མོ་མང་པོ་བྱུང་ངོ་། 4གཤམ་གསལ་བུ་ཕྲུག་རྣམས་ཡེ་རུ་ཤ་ལེམ་དུ་སྐྱེས་སོ། ཤ་མུ་ཨ་དང་ཤོ་བྷབ་དང་ན་ཐན་དང་སོ་ལོ་མོན་དང་། 5ཨི་བར་དང་ཨེ་ལི་ཤུ་ཨ་དང་ཨེལ་པེ་ལེད་དང་། 6ནོ་གཱ་དང་ནེ་ཕེག་དང་ཡ་ཕི་ཨ་དང་། 7ཨེ་ལི་ཤ་མ་དང་བི་ལི་ཨ་ད་དང་ཨེ་ལི་ཕེ་ལེད་བཅས་ཡིན་ནོ༎

ཕེ་ལེ་ཤེད་པ་ཚོ་ལས་རྒྱལ་ཁ་ཐོབ་པ།

8ཕེ་ལེ་ཤེད་པ་ཚོས་དཱ་བིད་ཨིསི་རཱཨེལ་ཡུལ་ཁམས་ཡོངས་རྫོགས་ཀྱི་རྒྱལ་པོར་བསྐོས་པའི་སྐོར་ཐོས་པ་དང་། དེ་ཚོའི་དམག་མིས་ཁོང་བཟུང་བར་ཕྱིན་ནོ། 9ཕེ་ལེ་ཤེད་པ་ཚོ་རེ་ཕ་ཨིམ་གྱི་ལུང་གཤོང་དུ་འབྱོར་བ་དང་། དེ་ཚོས་འཕྲོག་བཅོམ་བྱེད་འགོ་འཚུགས་སོ། 10དཱ་བིད་ཀྱིས་གཙོ་བོ་དཀོན་ནཆོག་ལ། ངས་ཕེ་ལེ་ཤེད་པ་ཚོ་དང་འཐབ་རྒོལ་བྱེད་དམ། ཁྱེད་ཀྱིས་ང་ལ་རྒྱལ་ཁ་གནང་གི་ཡིན་ནམ་ཞེས་བཀའ་འདྲི་ཞུས་པས། གཙོ་བོ་དཀོན་མཆོག་གིས། ཕར་རྒོལ་བྱོས་ཤིག་དང་ངས་ཁྱོད་ལ་རྒྱལ་ཁ་སྤྲོད་རྒྱུ་ཡིན་ཞེས་བཀའ་གནང་ངོ་། 11དེ་འདྲ་སོང་ཙང་དཱ་བིད་ཀྱིས་དེ་ཚོ་ལ་བྷལ་པེ་ར་ཛིམ་དུ་ཕར་རྒོལ་གནང་ནས་ཁོ་ཚོ་ཕམ་པར་མཛད་དོ། ཁོང་གིས། དཀོན་མཆོག་གིས་ཆུ་ལོག་བཞིན་དགྲ་བོའི་དམག་མི་རྣམས་མེད་པར་བཟོ་རྒྱུའི་བེད་སྤྱོད་གནང་བྱུང་ཞེས་གསུངས་སོ། དེ་འདྲ་སོང་ཙང་ས་ཆ་དེར་བྷལ་པེ་ར་ཛིམ་ཞེས་མིང་བཏགས་སོ། 12ཕེ་ལེ་ཤེད་པ་ཚོ་བྲོས་སྐབས་དེ་ཚོའི་སྐུ་འདྲ་ཁག་དེར་ལུས་པ་དང་། དཱ་བིད་ཀྱིས་དེ་ཚོ་མེར་སྲེག་གཏོང་དགོས་པའི་བཀའ་གནང་ངོ་། 13ཕེ་ལེ་ཤེད་པ་ཚོ་ལུང་གཤོང་དུ་མགྱོགས་པོར་ཕྱིར་ལོག་ཡོང་བ་དང་ཡང་སྐྱར་འཕྲོག་བཅོམ་བྱེད་འགོ་འཚུགས་སོ། 14ཡང་སྐྱར་དཱ་བིད་ཀྱིས་དཀོན་མཆོག་ལ་བཀའ་བསྡུར་ཞུས་པ་དང་། ཁོང་གིས་འདི་ནས་ཁོ་ཚོར་འཐབ་རྒོལ་མ་བྱེད་ཅིག མཐའ་བསྐོར་སྟེ་སོང་ལ་ཨོ་སེ་ཤིང་གི་ཉེ་འགྲམ་གྱི་ཕྱོགས་གཞན་དེ་ནས་འཐབ་རྒོལ་བྱ་རྒྱུར་གྲ་སྒྲིགས་བྱོས་ཤིག 15ཁྱོད་ཅག་གིས་ཤིང་སྡོང་སྟེང་ནས་ཁོ་ཚོ་ཡོང་བའི་སྒྲ་ཐོས་པ་དང་དེ་ཚོར་འཐབ་རྒོལ་བྱོས་ཤིག གང་ལ་ཟེར་ན། ཕེ་ལེ་ཤེད་པའི་དམག་དཔུང་ཕམ་པར་བྱ་རྒྱུར་ང་ནི་ཁྱོད་ཚོའི་སྔོན་དུ་ཡོང་རྒྱུ་ཡིན་ཞེས་བཀའ་ལན་གནང་ངོ་། 16དཱ་བིད་ཀྱིས་དཀོན་མཆོག་གིས་བཀའ་གནང་བ་ལྟར་བྱས་པ་དང་། ཁོང་གིས་ཕེ་ལེ་ཤེད་པ་ཚོ་གྷི་བི་ཨོན་ནས་གྷེ་ཛེར་བར་ཕྱིར་འབུད་གནང་ངོ་། 17དཱ་བིད་ཀྱི་སྙན་གྲགས་ཕྱོགས་ཐམས་ཅད་ལ་ཁྱབ་པ་དང་། གཙོ་བོ་དཀོན་མཆོག་གིས་རྒྱལ་ཁབ་ཚང་མས་ཁོང་ལ་འཇིགས་དགོས་པ་བཟོས་གནང་ངོ་༎

སྔོན་རབས་དང་པོ། 15

དམ་བཅའི་སྒྲོམ་སྤོས་རྒྱུའི་གྲ་སྒྲིགས་གནང་བ།

1ཁོང་རང་ཉིད་ཀྱི་ཆེད་དུ་དཱ་བིད་ཀྱི་གྲོང་ཁྱེར་ནང་ཁང་པ་རྣམས་བཟོས་སོ། ཁོང་གིས་དཀོན་མཆོག་གི་དམ་བཅའི་སྒྲོམ་གྱི་ཆེད་དུ་ས་གནས་ཤིག་གྲ་སྒྲིགས་གནང་བ་དང་། དེའི་ཆེད་དུ་ཁོང་གིས་གུར་ཞིག་ཕུབ་བོ། 2དེ་ནས་ཁོང་གིས་ལེ་ཝི་པ་གཅིག་པུས་དམ་བཅའི་སྒྲོམ་དེ་འཁུར་དགོས་སོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་དེ་འཁུར་མཁན་དང་རྒྱུན་དུ་ཞབས་ཏོག་ཞུ་མཁན་ཁོ་ཚོ་ལ་འདམས་གནང་བ་ཡིན་ཞེས་བཀའ་གནང་ངོ་། 3དེ་འདྲ་སོང་ཙང་དཱ་བིད་ཀྱིས་ཁོང་གི་བཞུགས་ཡུལ་གྱི་ས་གནས་བཟོས་གནང་བ་དེར། དམ་བཅའི་སྒྲོམ་འཇོག་པའི་ཆེད་ཨིསི་རཱཨེལ་གྱི་མི་མང་རྣམས་ཡེ་རུ་ཤ་ལེམ་དུ་བཀའ་འགུགས་གནང་ངོ་། 4དེ་རྗེས་ཁོང་གིས་ཨ་རོན་གྱི་རིགས་བརྒྱུད་དང་ལེ་ཝི་པ་རྣམས་ཆེད་མངགས་འཛོམས་བཅུག་གོ 5ལེ་ཝི་པའི་ཀོ་ཧདའི་རིགས་རུས་ནས་མི་ ༡༢༠ འགོ་འཛིན་དུ་ཨུ་རི་ཨེལ་ཡོང་ངོ་། 6མེ་ར་རིའི་རིགས་རུས་ནས་མི་ ༢༢༠ འོག་འཛིན་དུ་ཨ་ས་ཡཱ་ཡོང་ངོ་། 7གྷེར་ཤོན་གྱི་རིགས་རུས་ནས་མི་ ༡༣༠ འགོ་འཛིན་དུ་ཡོ་ཨེལ་དུ་ཡོང་ངོ་། 8ཨེ་ལི་ཛ་ཕན་གྱི་རིགས་རུས་ནས་མི་ ༢༠༠ འགོ་འཛིན་དུ་ཤེ་མ་ཡཱ་ཡོང་ངོ་། 9ཧེབ་རོན་གྱི་རིགས་རུས་ནས་མི་བརྒྱད་ཅུ་ཐམ་པའི་འགོ་འཛིན་དུ་ཨེ་ལི་ཨེལ་ཡོང་ངོ་། 10ཨུ་ཛི་ཨེལ་གྱི་རིགས་རུས་ནས་མི་ ༡༡༢ ཀྱི་འགོ་འཛིན་དུ་ཨམ་མི་ན་དྷབ་ཡོང་ངོ་། 11དཱ་བིད་ཀྱིས་བླ་མ་ཛ་དཱོག་དང་ཨ་བྷི་ཡ་ཐར་དང་ལེ་ཝི་པ་དྲུག་ཨུ་རི་ཨེལ་དང་ཨ་ས་ཡཱ་དང་ཡོ་ཨེལ་དང་ཤེ་མ་ཡཱ་དང་ཨེ་ལི་ཨེལ་དང་ཨམ་མི་ན་དྷབ་བཅས་བོས་གནང་ངོ་། 12ཁོང་གིས་ལེ་ཝི་པ་ཚོར་ཁྱོད་ཚོ་ལེ་ཝི་པའི་རིགས་རུས་ཀྱི་འགོ་པ་ཡིན་པས། ཁྱོད་རང་ཚོ་དང་ཁྱོད་རང་ཚོའི་མཆེད་གྲོགས་ལེ་ཝི་པ་ཚོས་ངས་བཟོས་པའི་བཞུགས་ཡུལ་དུ་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་དམ་བཅའི་སྒྲོམ་དེ་གདན་འདྲེན་ཞུས་པའི་ཆེད་ཁྱོད་ཚོ་རང་ཉིད་ལ་གཙང་འདྲ་བྱོས་ཤིག 13གང་ལ་ཟེར་ན། དང་པོར་དེ་འཁུར་བར་ཁྱོད་ཚོ་དེར་མེད་པ་དང་། ང་ཚོས་ཁོང་ལ་ཇི་ལྟར་མཆོད་དགོས་པ་དེ་མ་མཆོད་པའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་ཁོང་གིས་ང་ཚོར་ཆད་པ་གཏོང་གནང་ཡོད་ཅེས་བཀའ་གནང་ངོ་། 14དེ་ནས་བླ་མ་ཚོ་དང་ལེ་ཝི་པ་ཚོས་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་འཁྱེར་བའི་ཆེད་དེ་ཚོ་ཚང་མ་གཙང་མ་བྱས་སོ། 15གཙོ་བོ་དཀོན་མཆོག་གིས་མོ་ཤེས་བརྒྱུད་བཀའ་གནང་བ་ལྟར། ལེ་ཝི་པ་ཚོས་དེ་དཔུང་པའི་སྟེང་རྒྱུག་པ་རྣམས་ཀྱི་ཐོག་ཏུ་འཁུར་རོ། 16དཱ་བིད་ཀྱིས་ལེ་ཝི་པའི་འགོ་པ་ཚོ་དང་ལེ་ཝི་པ་འདྲ་མིན་ཚོས་གཞས་གཏོང་བ་དང་སྒྲ་སྙན་དང་སྦུག་ཆོལ་ཐོག་དགའ་བའི་རོལ་མོ་གཏོང་དགོས་པའི་ལས་འགན་སྤྲོད་དགོས་པའི་བཀའ་གནང་ངོ་། 17-21གཞས་གཏོང་མཁན་གྱི་རིགས་རུས་ནས་རག་གི་སྦུག་ཆོལ་དཀྲོག་མཁན་ལ་གཤམ་གསལ་ཡོ་ཨེལ་གྱི་བུ་ཧེ་མན་དང་ཁོང་གི་སྤུན་བྷེ་རེ་ཀི་ཡཱའི་བུ་ཨ་སཕེ་དང་། མེ་ར་རིའི་རིགས་རུས་ཀྱི་ཀུ་ཤ་ཡའི་བུ་ཨེ་ཐན་བཅས་འདམས་སོ། དེ་ཚོ་ལ་རོགས་བྱེད་པའི་ཆེད་སྒྲ་སྙན་གདངས་མཐོ་པོ་གཏོང་མཁན་ལེ་ཝི་པ་གཤམ་གསལ་ཛ་ཀར་ཡཱ་དང་ཡ་ཛི་ཨེལ་དང་ཤེ་མི་ར་མོད་དང་ཡེ་ཧི་ཨེལ་དང་ཨུན་ནི་དང་ཨེ་ལི་ཨབ་དང་མ་སི་ཨ་དང་བྷེ་ན་ཡཱ་བཅས་ལ་འདམས་སོ། སྒྲ་སྙན་གདངས་དམའ་པོ་གཏོང་མཁན་དེ་ཚོས་གཤམ་གསལ་ལེ་ཝི་པ་མ་ཏི་ཐི་ཡཱ་དང་ཨེ་ལི་ཕེ་ལེ་ཧུ་དང་མིག་ནི་ཨ་དང་ཨ་ཛ་ཛ་ཡཱ་དང་། མཆོད་ཁང་གི་སྐུ་སྲུང་བ་ཨོ་བེད་ཨེ་དྷོམ་དང་ཡི་ཨེལ་བཅས་ལ་འདམས་སོ། 22ཀེ་ན་ནི་ཡཱ་བྱ་བའི་རོལ་མོའི་རྩལ་ལ་བརྟེན་ནས་ཁོང་ལེ་ཝི་པའི་རོལ་མོ་བ་ཚོའི་སྤྱི་ཁྱབ་ལ་འདམས་སོ། 23-24བེ་རེ་ཀི་ཡ་དང་ཨེལ་ཀ་ན་དང་མཉམ་དུ་ཨོ་བེད་ཨེ་དྷོམ་དང་ཡེ་ཧི་ཨ་དམ་བཅའི་སྒྲོམ་གྱི་སྐུ་སྲུང་བར་འདམས་སོ། བླ་མ་ཤེ་བ་ནི་ཡ་དང་ཡོ་ཤ་ཕད་དང་ནེ་ཐ་ནེལ་དང་ཨ་མ་ས་ཡི་དང་ཛེ་ཀར་ཡ་དང་བེ་ན་ཡ་དང་ཨེ་ལི་ཨ་ཛར་བཅས་པ་དམ་བཅའི་སྒྲོམ་གྱི་མདུན་དུ་དུང་འབུད་མཁན་ལ་འདམས་སོ༎

དམ་བཅའི་སྒྲོམ་ཡེ་རུ་ཤ་ལེམ་དུ་སྤོས་པ།

(༢ ཤ་མུ་ཨེལ་ ༦:༡༢-༢༢)

25དེ་འདྲ་སོང་ཙང་རྒྱལ་པོ་དཱ་བིད་དང་ཨིསི་རཱཨེལ་གྱི་འགོ་འཛིན་རྣམས་དང་དམག་མིའི་དམག་སྤྱི་བཅས་ཨོ་བེད་ཨེ་དྷོམ་གྱི་ཁྱིམ་དུ་དམ་བཅའི་སྒྲོམ་ལེན་དུ་ཕྱིན་པ་དང་། དེ་ཚོས་མགྲོན་སྟོན་རྒྱ་ཆེ་བྱས་སོ། 26དེ་ཚོས་དཀོན་མཆོག་གི་དམ་བཅའི་སྒྲོམ་འཁུར་མཁན་ལེ་ཝི་པ་ཚོར་རོགས་བྱེད་པའི་ཆེད་གླང་བདུན་དང་ལུག་བདུན་མཆོད་པར་ཕུལ་ལོ། 27དཱ་བིད་ཀྱིས་རས་སྤུས་དག་གི་བཟོས་པའི་ན་བཟའ་ཞིག་གྱོན་གནང་ཡོད་པ་དང་། དེ་ལྟར་རོལ་མོ་མཁན་དང་དེ་ཚོའི་འགོ་འཛིན་ཀེ་ན་ནི་ཡཱ་དང་སྒྲོམ་འཁུར་ལེ་ཝི་པ་ཚོས་ཀྱང་གྱོན་ཡོད་དོ། དཱ་བིད་ཀྱིས་ཀ་ཤི་ཀའི་རས་ཀྱི་ཨེ་ཕོད་ཀྱང་གྱོན་གནང་ཡོད་དོ། 28དེ་འདྲ་སོང་ཙང་ཨིསི་རཱཨེལ་པ་ཡོངས་ཀྱིས་ཡེ་རུ་ཤ་ལེམ་བར་དུ་དགའ་བའི་སྐད་འབོད་དང་དུང་ཆེན་དང་རྒྱ་གླིང་དང་སྦུག་དང་སྒྲ་སྙན་གྱི་རོལ་མོའི་སྒྲ་དང་བཅས་ཐོས་སོ། 29གྲོང་ཁྱེར་དུ་སྒྲོམ་དེ་འཁུར་ཡོང་སྐབས་ས་ཨུལ་གྱི་སྲས་མོ་མི་ཀལ་གྱིས་སྒེ་ཁུང་ནས་བལྟ་སྐབས་རྒྱལ་པོ་དཱ་བིད་ཁྲབ་བཞིན་དགའ་སྤྲོས་མཆོངས་བཞིན་ཕེབས་པ་མཐོང་ནས། མོས་ཁོང་ལ་ཞེན་ལོག་བྱས་སོ༎

སྔོན་རབས་དང་པོ། 16

1དེ་ཚོས་དམ་བཅའི་སྒྲོམ་དེ་དྷ་བེད་ཀྱིས་ཕུབ་གནང་བའི་གུར་བར་འཁུར་ནས་དེའི་ནང་དུ་བཞག་གོ དེ་ཚོས་དཀོན་མཆོག་ལ་སྦྱིན་སྲེག་དང་མཐུན་འབྲེལ་ཀྱི་དམར་མཆོད་རྣམས་ཕུལ་ལོ། 2དཱ་བིད་ཀྱིས་དམར་མཆོད་ཕུལ་ཟིན་པ་དང་། ཁོང་གིས་གཙོ་བོ་དཀོན་མཆོག་གི་མཚན་ཐོག་མི་མང་ལ་བྱིན་རླབས་གནང་ངོ་། 3དེ་ཚོ་ཚང་མར་ཁ་ཟས་བགོས་འགྲེམས་གནང་བ་དང་། ཁོང་གི་ཨིསི་རཱཨེལ་གྱི་ཁྱོ་ག་དང་སྐྱེ་དམན་རེ་རེར་བག་ལེབ་རེ་རེ་དང་ཤ་མེར་སྲེག་བཏང་བ་དུམ་བུ་རེ་དང་རྒུན་འབྲུམ་སྐམ་པོ་ཕྲན་བུ་བཅས་གནང་ངོ་། 4དཱ་བིད་ཀྱིས་ལེ་ཝི་པ་འགའ་ཞིག་ལ་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ལ་དམ་བཅའི་སྒྲོམ་གྱི་མདུན་དུ་མགུར་མ་དང་བསྟོད་དབྱངས་ཀྱི་སྒོ་ནས་མཆོད་པ་འབུལ་རྒྱུའི་སྣེ་འཁྲིད་བྱེད་པར་བསྐོ་བཞག་གནང་ངོ་། 5འགོ་འཛིན་ཨ་སཕེ་དང་ཁོང་གི་ལས་རོགས་ཛ་ཀར་ཡཱ་དང་ཡི་ཨེལ་དང་ཤེ་མི་ར་མོད་དང་ཡེ་ཧི་ཨེལ་དང་མ་ཏི་ཐི་ཡཱ་དང་ཨེ་ལི་ཨབ་དང་བྷེ་ན་ཡཱ་དང་ཨོ་བེད་ཨེ་དྷོམ་དང་ཡི་ཨེལ་དང་བཅས་པ་ལ་སྒྲ་སྙན་གྱི་རོལ་མོ་གཏོང་མཁན་ལ་བསྐོ་བཞག་གནང་ངོ་། ཨ་སཕེ་ཀྱིས་སྦུག་ཆལ་ཁྲོལ་དགོས་པ་དང་། 6བླ་མ་བྷེ་ན་ཡཱ་དང་ཡ་ཧ་ཛི་ཨེལ་གཉིས་ནས་དམ་བཅའི་སྒྲོམ་གྱི་མདུན་ལ་རྒྱུན་དུ་དུང་ཆེན་འབུད་དགོས་སོ། 7དེ་ནས་དཱ་བིད་ཀྱིས་ཨ་སབ་དང་ཁོང་གི་རོགས་པ་ལེ་ཝི་པ་ཚོར་ཐོག་མར་དཀོན་མཆོག་ལ་བསྟོད་པའི་མགུར་མ་གཏོང་རྒྱུའི་ལས་འགན་གནང་ངོ་༎

བསྟོད་པའི་མགུར་མ་ཞིག།

(གསུང་མགུར་ ༡༠༥:༡-༡༥; ༩༦:༡-༡༣; ༡༠༦:༡,༤༧-༤༨)

8གཙོ་བོ་དཀོན་མཆོག་ཁོང་ལ་ཐུགས་རྗེ་ཞུས། ཁོང་གི་མཛད་འཕྲིན་ཆེན་པོར་གསལ་སྒྲགས་བྱོས། 9གཙོ་བོ་དཀོན་མཆོག་མཆོག་ལ་བསྟོད་མགུར་ཕུལ། ཁོང་གིས་ངོ་མཚར་མཛད་པ་རྣམས་བརྗོད་ཅིག། 10ང་ཚོ་ཁོང་ལ་བདག་པར་དགའ་ངོམ་གྱི། ཁོང་ལ་མཆོད་མཁན་དགའ་བ་བྱེད་བཅུག་ཅིག། 11སྐྱབས་ཞུའི་ཆེད་དུ་གཙོ་བོ་དཀོན་མཆོག་སར་རྒྱུགས་ཤིག། མུ་མཐུད་བྱས་ནས་ཁོང་ལ་མཆོད་པ་ཕུལ། 12-13ཁྱོད་ཚོ་དཀོན་མཆོག་གི་ཞབས་ཕྱི་ཡ་ཀོབ་མི་བརྒྱུད་རྣམས། དཀོན་མཆོག་གིས་འདམས་པའི་ཨིསི་རཱཨེལ་པ་ཡི་མི་བརྒྱུད་རྣམས། དཀོན་མཆོག་གིས་གནང་བའི་ཡ་མཚན་གྱི་མཛད་པ་དང། ཁོང་གིས་ཁྲིམས་དཔྱོད་གཏོང་གནང་དྲན་པར་གྱིས། 14གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ཡིན། ཁོང་གི་བཀའ་རྣམས་འཛམ་གླིང་ཡོངས་ཆེད་ཡིན། 15དཀོན་མཆོག་ཁོང་གི་དམ་བཅའ་ནམ་ཡང་མ་བརྗེད་ཅིག། རྟག་་ཏུ་གནས་ཕྱིར་ཁོང་གིས་བཟོས་གནང་བ། 16ཨབ་ར་ཧམ་ལ་མཛད་པའི་དམ་བཅའ་དང་། ཁོང་གིས་ཨི་སཱག་ལ་ནི་ཞལ་བཞེས་གནང་། 17གཙོ་བོ་དཀོན་མཆོག་ཁོང་གིས་དམ་བཅའ་ཡ་ཀོབ་ལ་གནང་། དེ་ནི་ཇི་སྲིད་ནམ་གནས་བར་དུ་གནས། 18ང་ཡི་ཁྱོད་ལ་ཀ་ནན་ཡུལ་སྤྲོད་རྒྱུ། དེ་ནི་ཁྱོད་ཀྱི་བདག་དབང་དུ་འགྱུར་གསུངས། 19ཁོང་གི་མི་མང་གྲངས་ཀ་ཉུང་ཉུང་དང་། ཀ་ནན་ཡུལ་དུ་རྒྱུས་མེད་གནས་ཡོད་དོ། 20དེ་ཚོ་ཡུལ་ནི་གཅིག་ནས་གཞན་བར་དང་། རྒྱལ་ཁབ་གཅིག་ནས་རྒྱལ་ཁབ་གཞན་དབར་འཁྱམས། 21ཁོང་གིས་དེ་ཚོར་བཙན་གནོན་བྱེད་བཅུག་མེད། དེ་ཚོ་སྐྱོབས་ཕྱིར་རྒྱལ་པོར་ཉེན་བརྡ་བཏང་། 22ང་ཡིས་འདམས་པའི་ཞབས་ཕྱིར་གནོད་མ་བྱེད། ང་ཡི་ལུང་སྟོན་པ་ཚོར་མ་རེག་གསུངས། 23འཇམ་གླིང་ཡོངས་ཀྱི་གཙོ་བོར་བསྟོད་དབྱངས་ཕུལ། ཉིན་ལྟར་ང་ཚོ་སྐྱོབས་པའི་འཕྲིན་བཟང་སྒྲོགས། 24རྒྱལ་ཁབ་ཡོངས་ལ་ཁོང་གི་བཟི་བརྗིད་དང་། སྨད་འབྱུང་མཛད་བཟང་འབངས་ལ་གནང་བ་སྒྲོགས། 25ཤིན་ཏུ་མངགས་འོས་སྟོབས་ཆེན་གཙོ་བོ་ཁོང་། དཀོན་མཆོག་གཞན་ལྷག་གུས་བཀུར་ཞུ་བར་འོས། 26རྒྱལ་ཁབ་གཞན་གྱི་ལྷ་རྣམས་འདྲ་སྐུ་ཡིན། འོན་ཀྱང་གཙོ་བོས་མཐོ་རིས་བསྐྲུན་གནང་ངོ་། 27དཔལ་དང་གཟི་བརྗིད་ཁོང་ལ་མཐའ་བསྐོར་རོ། སྟོབས་དང་དགའ་བས་ཁོང་གི་མཆོད་ཁང་ཁེངས། 28ས་གཞིའི་འབངས་ཡོངས་གཙོ་བོར་བསྟོད་པར་ཕུལ། ཁོང་གི་གཟི་བརྗིད་ནུས་མཐུར་བསྟོད་པར་ཕུལ། 29གཙོ་བོ་དཀོན་མཆོག་གི་མཚན་གཟི་བརྗིད་ཅན་ལ་བསྟོད་པ་ཕུལ། འབུལ་བ་འཁྱེར་ནས་ཁོང་གི་མཆོད་ཁང་དུ་ཤོག། དམ་པ་མཆོག་མཇལ་དུས་ཁོང་ལ་ཕྱག་འཚོལ་ཞིག། 30ས་གཞི་ཡོངས་ནི་ཁོང་སར་འཇིགས་ཤིང་འདར། ས་གཞི་བརྟན་པོར་མཛད་པས་གཡོ་མི་ཐུབ། 31ས་གཞི་དང་ནི་ནམ་མཁའ་དགའ་ངོམ་གྱི། རྒྱལ་ཁབ་ཀུན་ལ་གཙོ་བོར་རྒྱལ་པོར་སྨྲོས། 32རྒྱ་མཚོ་དང་ནི་སེམས་ཅན་འུར་སྒྲ་འདོན། ཞིང་དང་དེར་ཡོད་ཚང་མས་དགའ་ངོམས་བྱོས། 33ས་གཞིར་རྒྱལ་སྲིད་སྐྱོངས་བར་ཁོང་ཕེབས་སྐབས། ནགས་ཀུན་གཙོ་བོའི་དྲུང་དུ་དབྱངས་ལེན་ཞིག། 34ཁོང་ནི་བཟང་པོ་ཡིན་སྟབས་གཙོ་བོ་དཀོན་མཆོག་ལ་ཐུགས་རྗེ་ཞུས། ཁོང་གི་བྱམས་རྩེ་དེ་ནི་མཐའ་མེད་ཡིན། 35ཁོང་ལ་དེ་ལྟར་ཞུས་ཞིག། ཀྱེ་དཀོན་མཆོག། ང་ཚོའི་སྐྱབས་དགོན། ང་ཚོར་སྐྱབས་རོགས་གནང་། ང་ཚོར་མཉམ་དུ་བསྡུས་འཛོམས་གནང་རོགས་གནང་། མི་རིགས་གཞན་ལས་སྐྱབས་རོགས་གནང། དེ་བས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་ཐུབ་ཤོག། ཁྱེད་ཀྱི་དམ་པའི་མཚན་ལ་བསྟོད་པ་ཕུལ། 36ཨིསི་རཱཨེལ་པ་ཡི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ། གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་པ་ཕུལ། ད་ལྟ་དང་ནི་རྟག་ཏུ་ཁོང་ལ་བསྟོད། དེ་ནས་མི་མང་རྣམས་ནས་ཨ་མེན་ཞེས་ཞུས་ནས་གཙོ་བོ་དཀོན་མཆོག་ལ་བསྟོད་པ་ཕུལ་ལོ།

ཡེ་རུ་ཤ་ལེམ་དང་གྷི་བི་ཨོན་དུ་མཆོད་པ་འབུལ་བ།

37རྒྱལ་པོ་དཱ་བིད་ཀྱིས་ཨ་སཕེ་དང་ཁོང་གི་མཆེད་གྲོགས་ལེ་ཝི་པ་ཚོ་དམ་བཅའི་སྒྲོམ་འཇོག་ཡུལ་གྱི་མཆོད་པ་འབུལ་བའི་འགོ་འཛིན་དུ་གཏན་འཇགས་བཞག་གནང་ངོ་། དེ་ཚོས་ཉིན་རེ་བཞིན་དེར་ལས་འགན་སྒྲུབ་དགོས་སོ། 38ཡེ་དུ་ཐུན་གྱི་བུ་ཨོ་བེད་ཨེ་དྷོམ་དང་དེའི་རིགས་རུས་ཀྱི་མི་དྲུག་ཅུ་རེ་བརྒྱད་ཀྱིས་དེ་ཚོ་ལ་རོགས་བྱེད་དགོས་སོ། ཧོ་སཱ་དང་ཨོ་བེད་ཨེ་དྷོམ་གཉིས་རྒྱལ་སྒོ་སྲུང་རྒྱུའི་འགོ་འཛིན་ཡིན་ནོ། 39བླ་མ་ཛ་དཱོག་དང་ཁོང་གི་མཆེད་གྲོགས་བླ་མ་རྣམས་གྷི་བི་ཨོན་དུ་གཙོ་བོ་དཀོན་མཆོག་ལ་མཆོད་པ་འབུལ་ཡུལ་གྱི་ས་གནས་སུ་གཙོ་བོ་དཀོན་མཆོག་ལ་མཆོད་པ་འབུལ་རྒྱུའི་འགོ་འཛིན་ཡིན་ནོ། 40གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་གནང་བའི་བཀའ་ཁྲིམས་ནང་ཇི་ལྟར་བྲིས་ཡོད་པ་ལྟར་ཉིན་ལྟར་སྔ་དགོང་གཉིས་ལ་སྦྱིན་སྲེག་གི་དམར་མཆོད་ཆ་ཚང་འབུལ་དགོས་སོ། 41དེར་དེ་ཚོ་དང་མཉམ་དུ་ཧེ་མན་དང་ཡེ་དུ་ཐུན་དང་གཞན་ཚོས་གཙོ་བོ་དཀོན་མཆོག་གི་མཐའ་མེད་པའི་བྱམས་བརྩེའི་ཆེད་ཁོང་ལ་བསྟོད་དབྱངས་ལེན་མཁན་དམིགས་བསལ་གྱི་འདམས་པ་ཚོ་ཡོད་དོ། 42ཧེ་མན་དང་ཡེ་དུ་ཐུན་གཉིས་ནི་བསྟོད་པའི་མགུར་མ་ལེན་སྐབས་སུ། དུང་དང་སྦུག་ཆོལ་དང་གཞན་རོལ་ཆས་གཏོང་མཁན་ཚོའི་འགོ་འཛིན་ཡང་ཡིན། ཡེ་དུ་ཐུན་གྱི་རིགས་རུས་ཀྱི་མི་རྣམས་རྒྱལ་སྒོ་སྲུང་རྒྱུའི་འགོ་འཛིན་ཡིན་ནོ། 43དེ་ནས་ཚང་མ་ཁྱིམ་དུ་ལོག་པ་དང་དཱ་བིད་ཡང་ཁྱིམ་དུ་ནང་མི་ཚོ་མཉམ་དུ་དུས་ཡུན་ཐུང་ངུ་ཞིག་བཞུགས་པར་ཕེབས་སོ༎

སྔོན་རབས་དང་པོ། 17

ན་ཐན་གྱི་དཱ་བིད་ལ་འཕྲིན།

(༢ ཤ་མུ་ཨེལ་ ༧:༡-༡༧)

1རྒྱལ་པོ་དཱ་བིད་ཕོ་བྲང་དུ་བཞུགས་ཡོད་སྐབས། ཉིན་ཞིག་ཁོང་གི་ལུང་སྟོན་པ་ན་ཐན་ལ་བོས་གནང་ནས། ཁོང་ལ་ང་འདིར་འགྱམ་ཤིང་གིས་བཟོས་པའི་ཁང་པའི་ནང་སྡོད་བཞིན་ཡོད། འོན་ཀྱང་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་གུར་ནང་བཞག་ཡོད་ཅེས་གསུངས་སོ། 2ན་ཐན་གྱིས་ལན་དུ་ཁྱེད་ཀྱི་ཐུགས་ནང་ཇི་ཡོད་པ་གནོང་ཞིག གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་ཁྱེད་དང་མཉམ་དུ་ཡོད་ཅེས་ཞུས་སོ། 3འོན་ཀྱང་མཚན་མོ་དེར་དཀོན་མཆོག་གིས་ན་ཐན་ལ་བཀའ་གནང་བ། 4སོང་ལ་ངའི་བྲན་པོ་དཱ་བིད་ལ་འདི་ལྟར་སྨྲོས་ཤིག ང་སྡོད་པའི་ཕྱིར་མཆོད་ཁང་བཟོ་མཁན་ཁྱོད་མིན་ནོ། 5ངས་ཨིསི་རཱཨེལ་གྱི་མི་མང་ཚོ་ཨི་ཇིབ་ནས་སྐྱོབས་པ་ནས་དུས་ད་བར་ང་མཆོད་ཁང་ནང་བསྡད་མེད་དོ། ང་རྟག་ཏུ་གུར་ནང་བསྡད་པ་མ་ཟད་ས་ཁུལ་གཅིག་ནས་གཞན་དུ་སྤོས་བཞིན་ཡོད། 6ང་ཨིསི་རཱཨེལ་གྱི་མི་མང་མཉམ་དུ་འགྲོ་བའི་རིང་ངས་བསྐོས་པའི་འགོ་འཛིན་སུ་ལ་ཡང་ང་ལ་འགྱམ་ཤིང་ལས་བཟོས་པའི་མཆོད་ཁང་དེ་ཚོས་ཅིའི་ཕྱིར་བཞེངས་མེད་དམ་ཞེས་རྩ་བ་ནས་འདྲི་མེད་དོ། 7དེ་འདྲ་སོང་ཙང་ངའི་བྲན་པོ་དཱ་བིད་ལ། ང་མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་གིས་ཁོ་ལ་ངས་ཞིང་ཁར་ལུག་འཚོལ་བཞིན་ཡོད་པའི་སྐབས་སུ་ངའི་ཨིསི་རཱཨེལ་གྱི་མི་མང་ཚོའི་རྒྱལ་པོར་བསྐོས་པ་ཡིན། 8ཁྱོད་གང་དུ་འགྲོ་སར་ང་ཁྱོད་དང་མཉམ་དུ་འགྲོ་ཡོད་པ་དང་། ཁྱོད་འགྲུལ་སྐྱོད་བྱ་སྐབས་ཁྱོད་ཀྱི་དགྲ་བོ་རྣམས་ཕམ་པར་བྱས་ཡོད། འཛམ་གླིང་གི་དབུ་འཁྲིད་ཆེ་ཤོས་ལྟར་ཁྱོད་ངས་སྙན་གྲགས་ཅན་ཟོས་པ་ཡིན་ནོ། 9-10ངས་ངའི་ཨིསི་རཱཨེལ་གྱི་མི་མང་ཚོར་ས་ཆ་ཞིག་འདམས་ནས་དེ་ཚོ་དེར་གཞིས་ཆགས་སུ་བཅུག་ཡོད། དེར་དེ་ཚོ་སུས་ཀྱང་མནར་གཅོད་བྱེད་མཁན་མེད་པར་གནས་ཡོད་དོ། དེ་ཚོ་ས་ཆ་དེར་འཛུལ་བ་ནས་བཟུང་མི་དྲག་པོ་ཚོས་འཐབ་འཛིང་བྱས་ཡོད་ཀྱང་། ད་ནས་བཟུང་དེ་ལྟར་ཡང་སྐྱར་མི་ཡོང་ངོ་། ངས་ཁྱོད་ཀྱི་དགྲ་བོ་ཚང་མ་ཕམ་པ་བྱེད་རྒྱུ་དང་། ཁྱོད་ལ་རིགས་བརྒྱད་རྣམས་སྤྲོད་རྒྱུའི་དམ་བཅའ་བྱ་རྒྱུ་ཡིན་ནོ། 11ཁྱོད་འཆི་ནས་ཕ་མེས་ཚོ་མཉམ་དུ་སྦས་པ་དང་། ངས་ཁྱོད་ཀྱི་བུ་ཞིག་རྒྱལ་པོར་བཟོ་རྒྱུ་དང་། ཁོའི་རྒྱལ་ཁབ་དེ་སྟོབས་ཤུགས་ཆེན་པོ་བཟོ་རྒྱུ་ཡིན་ནོ། 12ཁོ་ངའི་ཆེད་དུ་མཆོད་ཁང་བཟོ་མཁན་ཞིག་ཡིན་པ་དང་། ཁོའི་རིགས་བརྒྱུད་ནི་དུས་རྟག་ཏུ་གནས་པ་བྱ་རྒྱུ་ཡིན། ང་ཁོའི་ཕ་དང་ཁོ་ངའི་བུ་ཡིན་པར་འགྱུར། 13ཁྱོད་རྒྱལ་པོར་འགྱུར་བའི་ཆེད་ངས་ས་ཨུལ་ལ་ཕྱིར་འཐེན་བྱས་པ་ལྟར། ངས་ཁྱོད་ལ་ཕྱིར་འཐེན་ནམ་ཡང་བྱ་རྒྱུ་མིན་ནོ། 14ངས་ཁོ་ལ་ངའི་མི་མང་དང་རྒྱལ་ཁབ་ཀྱི་འགོ་འཛིན་ཇི་སྲིད་ནམ་གནས་བར་བཟོ་རྒྱུ་ཡིན་ནོ། ཁོའི་རྒྱལ་རྒྱུད་ནི་ནམ་ཡང་ཆད་མི་ཡོང་ཞེས་སྨྲོས་ཤིག་ཅེས་བཀའ་གནང་ངོ་། 15ན་ཐན་གྱིས། དཀོན་མཆོག་གིས་ཁོང་ལ་གང་གསུངས་པ་རྣམས་མངོན་གསལ་སྟོན་གནང་བ་ལྟར་ཆ་ཚང་དཱ་བིད་ལ་ཞུས་སོ༎

དཱ་བིད་ཀྱི་ཐུགས་རྗེའི་སྨོན་ལམ།

(༢ ཤ་མུ་ཨེལ་ ༧:༡༨-༢༩)

16དེ་ནས་རྒྱལ་པོ་དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་ནང་ཕེབས་ནས། དེར་བཞུགས་ཏེ་སྨོན་ལམ་འདེབས་གནང་བ། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ལ་སྔོན་དུ་ཇི་ལྟར་མཛད་ཡོད་པར་ང་ནི་འོས་པ་མེད་པ་མ་ཟད་ངའི་ཁྱིམ་ཚང་ཡང་མི་འོས་སོ། 17འོན་ཀྱང་ད་ཆ་ཁྱེད་ཀྱིས་དེ་ལས་ལྷག་པ་གནང་གི་ཡོད། ཁྱེད་ཀྱིས་མ་འོངས་པའི་ཆེད་དུ་ངའི་རིགས་བརྒྱུད་ཀྱི་ཆེད་དུ་ཞལ་བཞེས་གནང་ཡོད་པ་དང་། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་མི་སྙན་གྲགས་ཅན་ལྟར་ཆ་འཛིན་གནང་བཞིན་ཡོད་དོ། 18དེ་ལས་ལྷག་པ་ངས་ཁྱེད་ལ་ཅི་ཞུ་ཐུབ་བམ། ཁྱེད་ཀྱིས་ང་ལ་ལེགས་པར་མཁྱེན་གྱི་ཡོད། འོན་ཀྱང་ཁྱེད་ཀྱིས་ང་ཁྱེད་ཀྱི་ཞབས་ཕྱིར་གུས་བརྩེ་གནང་ཡོད། 19ང་ལ་དེ་ལྟར་མཛད་རྒྱུད་དང་ངའི་མ་འོངས་པ་རླབས་ཆེན་མངོན་པར་གནང་རྒྱུ་དེ་ནི་ཁྱེད་ཀྱི་ཐུགས་དགོངས་ལྟར་ཡིན་ནོ། 20གཙོ་བོ་དཀོན་མཆོག་ཁྱེད་ལྟར་སུ་ཡང་མེད། ང་ཚོས་རྟག་ཏུ་ཁྱེད་གཅིག་པུ་དཀོན་མཆོག་ཡིན་པ་ཤེས་ཀྱི་ཡོད། 21ས་གཞི་འདིའི་སྟེང་དུ་ཨིསི་རཱཨེལ་གྱི་མི་མང་དང་འདྲ་བ་སུ་ཡང་མེད། དེ་ལ་ཁྱེད་ཀྱི་བྱམས་པར་བཟོ་གནང་བ་དང་། ཚེ་གཡོག་ནས་སྐྱོབས་པར་མཛད་མཁན་གང་དུ་ཡང་མེད་དོ། དེ་ཚོ་ལ་ཁྱེད་ཀྱིས་མཛད་པ་ངོ་མཚར་ཅན་གནང་བའི་རྐྱེན་གྱིས་ཁྱེད་ཀྱི་མཚན་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་ཡོད་དོ། ཁྱེད་སྐུ་ཉིད་ཀྱི་ཆབ་འབངས་ཨི་ཇིབ་ནས་སྐྱོབས་གནང་ཡོད་བ་དང་། ཁྱེད་ཀྱི་མི་མང་གི་མདུན་བསྐྱོད་གནང་སྐབས་མི་རིགས་གཞན་རྣམས་ཕྱིར་འབུད་གནང་ངོ་། 22ཁྱེད་ཀྱིས་གཏན་གྱི་ཆེད་ཨིསི་རཱཨེལ་པ་སྐུ་ཉིད་ཀྱི་མི་མང་བཟོས་གནང་བ་དང་། ཁྱེད་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་ལ་འགྱུར་རོ། 23ད་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་དང་ངའི་རིགས་བརྒྱུད་ལ་ཞལ་བཞེས་གནང་བ་དང་། ཁྱེད་ཀྱིས་ཇི་ལྟར་བཀའ་གནང་བ་ལྟར་མཛད་རྒྱུ་ཡིན་གསུངས་པ་རྣམས་སྒྲུབ་པར་མཛོད་ཅིག 24ཁྱེད་ཀྱི་མཚན་སྙན་གྲགས་ཆེན་པོར་འགྱུར་བ་དང་། མི་མང་ཡོངས་ནས་དུས་རྟག་ཏུ་གཙོ་བོ་དཀོན་མཆོག་མཐུ་སྟོབས་ཅན་གྱིས་དཀོན་མཆོག་ཨིསི་རཱཨེལ་པ་དང་མཉམ་དུ་ཡོད་ཅེས་བརྗོད་པར་བྱའོ། ཁྱེད་ཀྱིས་ངའི་རྒྱལ་བརྒྱུད་རྟག་ཏུ་སྲུང་བར་མཛད་པ་དང་། 25ང་ལ་གསོལ་འདེབས་འདི་བྱ་རྒྱུའི་བློ་སྟོབས་ཡོད་དོ། གང་ལ་ཟེར་ན། ཁྱེད་ཀྱིས་ང་ཁྱེད་ཀྱི་བྲན་པོར་འདི་ཚོ་ཚང་མ་མངོན་པར་གནང་བ་དང་། ཁྱེད་ཀྱིས་ངའི་རིགས་བརྒྱུད་ཚོ་རྒྱལ་པོར་བསྐོ་གནང་གི་ཡིན་གསུངས་ཡོད་དོ། 26གཙོ་བོ་དཀོན་མཆོག་ཁྱེད་ནི་དཀོན་མཆོག་ཡིན་པ་དང་། ཁྱེད་ཀྱིས་ང་ལ་ངོ་མཚར་ཅན་གྱི་ཞལ་བཞེས་དེ་ཚོ་གནང་ཡོད་དོ། 27ངས་ངའི་རིགས་བརྒྱུད་ཚོས་ཁྱེད་ཀྱི་ཐུགས་རྗེ་མུ་མཐུད་ཐོབ་པའི་ཕྱིར་དེ་ཚོ་ལ་བྱིན་རླབས་གནང་རོགས་ཞུ་རྒྱུ་ཡིན། ཁྱེད་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་བྱིན་རླབས་གནང་བ་དང་། ཁྱེད་ཀྱི་བྱིན་རླབས་དེ་དེ་ཚོ་ལ་གཏན་དུ་གནས་པར་འགྱུར་ཞེས་སོ༎

སྔོན་རབས་དང་པོ། 18

དཱ་བིད་ཀྱི་དམག་གི་རྒྱལ་ཁ་རྣམས།

(༢ ཤ་མུ་ཨེལ་ ༨:༡-༡༨)

1དུས་ཡུན་ཐུང་ངུ་ཞིག་གི་རྗེས་སུ་རྒྱལ་པོ་དཱ་བིད་ཀྱིས། ཕེ་ལེ་ཤེད་པ་ཚོར་ཡང་སྐྱར་འཐབ་པ་དང་དེ་ཚོ་ཕམ་པར་མཛད་དོ། དེ་ཚོས་དབང་བསྒྱུར་བྱེད་པའི་གྲོང་ཁྱེར་གྷད་དང་དེའི་ཉེ་འགྲམ་གྱི་གྲོང་གསེབ་རྣམས་བླངས་སོ། 2ཁོང་གིས་མོ་ཨབ་པ་ཚོ་ཡང་ཕམ་པར་མཛད་པ་དང་། དེ་ཚོ་ཁོང་གི་མི་མང་དུ་འགྱུར་བས་ཁོང་ལ་དཔྱ་ཁྲལ་ཕུལ་ལོ། 3དེ་རྗེས་དཱ་བིད་ཀྱིས་ཧ་མད་ཀྱི་མངའ་ཁུལ་གྱི་ཉེ་འགྲམ་གྱི་ཛོ་བཱ་མངའ་སྡེའི་སི་རི་ཡ་པའི་རྒྱལ་པོ་ཧ་དྷད་ཨེ་ཟེར་ལ་དམག་དྲངས་སོ། གང་ལ་ཟེར་ན། ཧ་དྷད་ཨེ་ཟེར་གྱི་ཐོད་ཡུབ་རད་གཙང་པོའི་མངའ་ཁུལ་ལ་དབང་འཛིན་ཐུབ་ཐབས་བྱེད་བཞིན་ཡོད་པ་དང་། 4དཱ་བིད་ཀྱིས་དེ་ཚོ་ལས་ཤིང་རྟ་འཁོར་ལོ་ ༡,༠༠༠ དང་རྟ་དམག་ ༧,༠༠༠ དང་རྐང་དམག་ ༢༠,༠༠༠ བཅས་འཛིན་བཟུང་གནང་ངོ་། ཁོང་གིས་ཤིང་རྟ་འཁོར་ལོ་ ༡༠༠ ལ་ལྡང་བའི་རྟ་འཇོག་གནང་བ་དང་དེ་འཕྲོས་ཚང་མ་རྐང་ཀྱོག་བཟོས་གནང་ངོ་། 5དྷ་མསེ་ཀསེ་ཀྱི་སི་རི་ཡ་པ་ཚོས་རྒྱལ་པོ་ཧ་དྷད་ཨེ་ཟེར་ལ་རོགས་བྱེད་པར་དམག་མི་བཏང་བ་དང་། དཱ་བིད་ཀྱིས་དེ་ཚོ་ལ་འཐབ་འཛིང་གནང་ནས་མི་ ༢༢,༠༠༠ བསད་དོ། 6དེ་ནས་ཁོང་གི་དེ་ཚོའི་མངའ་ཁུལ་དུ་དམག་སྒར་ཚུགས་པ་དང་། དེ་ཚོ་ཁོང་གི་མི་སེར་ལ་འགྱུར་ནས་ཁོང་ལ་ཁྲལ་ཕུལ་ལོ། གཙོ་བོ་དཀོན་མཆོག་གིས་དཱ་བིད་ལ་ས་གནས་གང་སར་རྒྱལ་ཁ་གནང་ངོ་། 7དཱ་བིད་ཀྱིས་ཧ་དྷད་ཨེ་ཟེར་གྱི་ལས་བྱེད་པ་ཚོས་འཁྱེར་བའི་གསེར་གྱི་ཁྲབ་རྣམས་བླངས་ནས་ཡེ་རུ་ཤ་ལེམ་དུ་འཁྱེར་རོ། 8ཁོང་གིས་ཧ་དྷད་ཨེ་ཟེར་གྱིས་རྒྱལ་སྲིད་སྐྱོངས་བའི་གྲོང་ཁྱེར་ཏིབ་ཧད་དང་ཀུན་གཉིས་ནས་ལིའི་གན་ཁྱོན་ཆེ་འཁྱེར་རོ། (རྗེས་སུ་སོ་ལོ་མོན་གྱིས་ལིའི་གན་དེ་ཚོ་མཆོད་ཁང་གི་ཆུ་མཛོད་དང་ཀ་བ་དང་ལིའི་གན་གྱི་ཡོ་བྱད་བཟོ་བའི་ཕྱིར་བེད་སྤྱོད་གནང་ངོ་།) 9དཱ་བིད་ཀྱིས་ཧ་དྷད་ཨེ་ཟེར་གྱི་དམག་དཔུང་ཡོངས་རྫོགས་ཕམ་པར་བྱས་པ་ཧ་མད་ཀྱི་རྒྱལ་པོ་ཏོ་ཨིས་ཐོས་པ་དང་། 10ཁོང་གིས་རང་གི་བུ་ཡོ་རམ་ཟེར་བ་དེས་རྒྱལ་པོ་དཱ་བིད་ལ་འཚམས་འདྲི་ཞུ་བ་དང་། ཁོང་གིས་ཧ་དྷད་ཨེ་ཟར་གྱི་ཐོག་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་བར་བཏང་ངོ་། གང་ལ་ཟེར་ན། ཏོ་ཨིས་ཁོང་མཉམ་དུ་ཐེངས་མང་པོ་དམག་འཐབ་བྱེད་ཡོད་དོ། ཡོ་རམ་གྱིས་དཱ་བིད་ལ་གསེར་དངུལ་དང་ལིའི་གན་ལས་བཟོས་པའི་འབུལ་བ་མང་པོ་འཁྱེར་རོ། 11རྒྱལ་པོ་དཱ་བིད་ཀྱིས་དབང་འསྒྱུར་གནང་བའི་རྒྱལ་ཁབ་དེ་ཚོ་ནི། ཨེ་དྷོམ་དང་མོ་ཨབ་དང་ཨམ་མོན་དང་ཕེ་ལེ་ཤེད་དང་། ཨ་མ་ལེག་བཅས་ནས་བླངས་བའི་གསེར་དངུལ་བཅས་མཆོད་པའི་ཕྱིར་བེད་སྤྱོད་གནང་བར་བསྔོས་པ་གནང་ངོ་། 12ཡུམ་ཛེ་རུ་ཡཱའི་བུ་ཨ་བྷི་ཤེས་ཚའི་ལུང་གཤོང་དུ་ཨེ་དྷོམ་པ་ ༡༨,༠༠༠ བསད་ནས་དེ་ཚོ་ཕམ་པར་མཛད་དོ། 13ཁོང་གིས་ཨེ་དྷོམ་གྱི་ཡུལ་ཡོངས་སུ་དམག་སྒར་འཚུགས་པ་དང་། དེར་ཡོད་པའི་མི་མང་རྣམས་རྒྱལ་པོ་དཱ་བིད་ཀྱི་མངའ་འབངས་སུ་འགྱུར་རོ། གཙོ་བོ་དཀོན་མཆོག་གིས་དཱ་བིད་ལ་ས་གནས་གང་དུ་སོང་ཡང་རྒྱལ་བར་མཛད་དོ། 14དཱ་བིད་ཀྱིས་ཨིསི་རཱཨེལ་ཡུལ་ཡོངས་སུ་རྒྱལ་སྲིད་སྐྱོངས་གནང་བ་དང་། ཁོང་གིས་རང་གི་མི་མང་རྣམས་རྟག་ཏུ་དྲང་པོ་དང་བདེན་པའི་ཐོག་གཟིགས་སྐྱོངས་གནང་ངོ་། 15ཨ་བྷི་ཤེའི་སྤུན་ཡོ་ཨབ་ནི་དམག་མིའི་དམག་སྤྱི་དང་། ཨ་ཧི་ལུད་ཀྱི་བུ་ཡེ་ཧོ་ཤ་ཕད་ནི་དམག་གི་ལོ་རྒྱུས་འབྲི་མཁན་གྱི་འགོ་འཛིན་ཡིན་ནོ། 16ཨ་ཧི་ཏུབ་ཀྱི་བུ་ཛ་དཱོག་དང་ཨ་བྷི་ཡ་ཐར་གྱི་བུ་ཨ་ཧི་མེ་ལེག་ནི་བླ་མ་དང་། སེ་ར་ཡཱ་ནི་ཁྲིམས་ཁང་གི་དྲུང་ཡིག་དང་། 17ཡེ་ཧོ་ཡ་དྷའི་བུ་བྷེ་ན་ཡཱ་ནི་དཱ་བིད་ཀྱི་སྲུང་བའི་འགོ་འཛིན་དང་། རྒྱལ་པོ་དཱ་བིད་ཀྱི་སྲས་ཚོས་གཞུང་ཞབས་ཀྱི་ནང་གོ་གནས་མཐོ་པོ་བཟུང་ཡོད་དོ༎

སྔོན་རབས་དང་པོ། 19

དཱ་བིད་ཀྱིས་ཨམ་མོན་པ་དང་སི་རི་ཡ་པ་ཕམ་པར་མཛད་པ།

(༢ ཤ་མུ་ཨེལ་ ༡༠:༡-༡༩)

1དུས་ཚོད་ཐུང་ངུའི་རྗེས་སུ་ཨམ་མོན་གྱི་རྒྱལ་པོ་ན་ཧཤེ་གྲོངས་པ་དང་། ཁོང་གི་སྲས་ཧ་ནུན་རྒྱལ་པོར་འགྱུར་རོ། 2རྒྱལ་པོ་དཱ་བིད་ཀྱིས་ངས་ཧ་ནུན་ལ། ཁོང་གི་ཡབ་ན་ཧཤེས་ང་ལ་མཛའ་མཐུན་གྱི་རྣམ་པ་སྟོན་པ་ལྟར་ངས་ཀྱང་ཁོ་ལ་དེ་ལྟར་འདོན་དགོས་ཤེས་གསུངས་སོ། དེ་ལྟར་དཱ་བིད་ཀྱིས་རང་གི་ཞབས་ཕྱི་ཚོ་ལ་ཁོང་གི་སྲས་ཧ་ནུན་ལ་སེམས་གསོ་གཏོང་བའི་ཆེད་དུ་བཏང་ངོ་། དེ་ཚོ་ཨམ་མོན་དུ་སླེབས་ནས། རྒྱལ་པོ་ཧ་ནུན་སར་བཅར་རོ། 3ཨམ་མོན་པའི་དཔོན་རིགས་ཚོས་རྒྱལ་པོ་ལ། ཁྱེད་ཀྱི་ཐུགས་ལ་མི་འདི་ཆོ་དཱ་བིད་ཀྱིས་ཁྱེད་ཀྱི་ཡབ་ལ་ཆེ་མཐོང་གིས་སེམས་གསོ་ཞུ་བར་བཏང་བ་རེད་དགོངས་ཀྱི་འདུག་གམ། དེ་ལྟར་རྩ་བ་ནས་མ་ཡིན། ཁོང་གིས་དེ་ཚོ་ས་ཆ་འདི་བཙན་འཕྲོག་བྱེད་པར་གསང་ཉུལ་ལ་བཏང་བ་ཡིན་ནོ་ཅེས་ཞུས་སོ། 4ཧ་ནུན་གྱིས་དཱ་བིད་ཀྱི་བང་ཆེན་ཚོ་བཟུང་ནས་ཁོ་ཚོའི་སྨ་ར་བྲེགས་པ་དང་། ཁོ་ཚོའི་དཔྱི་མགོ་བར་གྱི་གྱོན་གོས་བཏུབ་ནས་ཕྱིར་བཏང་ངོ་། 5དེ་ཚོ་ཁྱིམ་དུ་ལོག་རྒྱུ་ཧ་ཅང་ངོ་ཚའོ། དཱ་བིད་ཀྱིས་ཇི་ལྟར་བྱུང་བ་གསན་པ་དང་དེ་ཚོའི་སྨར་ཡང་སྐྱར་མ་སྐྱེས་བར་དུ་ཡེ་རི་ཀོ་རུ་བསྡད་ནས་ཕྱིར་མ་ལོག་ཅེས་པའི་ལོན་བསྐུར་རོ། 6རྒྱལ་པོ་ཧ་ནུན་དང་ཨམ་མོན་པ་དེ་ཚོས་རྒྱལ་པོ་དཱ་བིད་ལ་དགྲ་བཟོས་པ་ཤེས་སོ། དེ་འདྲ་སོང་ཙང་དེ་ཚོས་མེ་སོ་པོ་ཊ་མི་ཡ་སྟེང་དང་སི་རི་ཡ་པའི་མངའ་སྡེ་མ་ཀཱ་དང་ཛོ་བཱ་བཅས་ཤིང་རྟ་འཁོར་ལོ་དང་ཤིང་རྟ་འཁོར་ལོའི་ཁ་ལོ་པ་གཡར་ཕྱིར་དངུལ་ཀི་ལོ་གྷ་རམ་ ༣༤,༠༠༠ སྤྲད་དོ། 7དེ་ཚོའི་ཤིང་རྟ་འཁོར་ལོ་གྲངས་ ༣༢,༠༠༠ གཡར་བ་དང་། རྒྱལ་པོ་མ་ཀཱའི་དམག་དཔུང་ཡོང་བ་དང་མེ་དྷེ་བྷའི་ཉེ་འགྲམ་དུ་སྒར་ཕུབ་བོ། ཨམ་མོན་པ་ཚོ་ཡང་རང་གི་གྲོང་ཁྱེར་ཚང་མ་ནས་ཡོང་སྟེ་དམག་འཐབ་བྱེད་པར་གྲ་སྒྲིགས་བྱས་སོ། 8དཱ་བིད་ཀྱིས་ཇི་ལྟར་ཡོང་བཞིན་པ་གསན་པ་དང་། ཁོང་གིས་ཡོ་ཨབ་དང་དམག་དཔུང་རྣམས་བཏང་ངོ་། 9ཨམ་མོན་པ་རྣམས་ཕྱིར་ཐོན་ནས་དེ་ཚོའི་གྲོང་ཁྱེར་གཙོ་བོ་རབ་བཱའི་འཛུལ་སྒོར་རུ་དམག་གྲ་སྒྲིགས་པ་དང་། དེ་ཚོ་ལ་རྒྱབ་སྐྱོར་བྱེད་པར་ཡོང་བའི་རྒྱལ་པོ་ཚོས་གྲོང་ཁུལ་གྱི་ས་སྟོང་ལ་དམག་གྲ་སྒྲིགས་སོ། 10ཡོ་ཨབ་ཀྱིས་དགྲ་བོའི་དམག་དཔུང་ཚོས་ཁོང་ལ་རྒྱབ་མདུན་གཉིས་ནས་འཐབ་རྒྱུ་ཡིན་པ་མཁྱེན་སྟབས། ཁོང་གིས་ཨིསི་རཱཨེལ་གྱི་དམག་མི་ལེགས་ཤོས་ཚོ་འདམས་ནས་སི་རི་ཡ་པ་ཚོར་ཁ་བལྟས་ནས་དམག་གྲ་སྒྲིགས་སོ། 11ཁོང་གིས་དམག་དཔུང་གི་ལྷག་འཕྲོས་རྣམས་རང་གི་གཅུང་པོ་ཨ་བྷི་ཤེའི་མངའ་འོག་ཏུ་བཞག་པ་དང་། ཁོང་གིས་ཨམ་མོན་པ་ཚོར་ཁ་བལྟས་ནས་དམག་གྲ་སྒྲིགས་སོ། 12ཡོ་ཨབ་ཀྱིས་ཁོང་ལ། ཁྱེད་ཀྱིས་སི་རི་ཡ་པ་ཚོས་ང་ཕམ་པར་བྱེད་པ་མཐོང་ན་ངའི་སར་རོགས་བྱེད་དུ་ཤོག་ཅིག གལ་ཏེ་ཨམ་མོན་པ་ཚོས་ཁྱོད་ཕམ་པར་བྱས་ན་ངས་ཁྱོད་ལ་རོགས་བྱེད་པར་ཡོང་ངོ་། 13ཤུགས་ཆེན་པོ་དང་བློ་སྟོབས་ཆེན་པོ་བྱོས་ཤིག་དང་། ང་ཚོས་ང་ཚོའི་མི་མང་དང་དཀོན་མཆོག་གི་གྲོང་ཁྱེར་གྱི་ཆེད་དུ་དམག་ཤུགས་ཆེན་པོ་རྒྱབ་དགོས་སོ། གཙོ་བོ་དཀོན་མཆོག་གི་ཐུགས་དགོངས་ལྟར་སྒྲུབ་པར་ཤོག་ཅེས་གསུངས་སོ། 14ཡོ་ཨབ་དང་ཁོང་གི་དམག་མི་རྣམས་ནས་ཕར་རྒོལ་བྱེད་པར་ཐོན་པ་དང་སི་རི་ཡ་པ་ཚོ་བྲོས་སོ། 15ཨམ་མོན་པ་ཚོས་སི་རི་ཡ་པ་བྲོས་པ་མཐོང་བ་དང་། དེ་ཚོ་ཀྱང་ཨ་བྷི་ཤེ་ནས་བྲོས་ནས་གྲོང་ཁྱེར་ནང་ཕྱིར་ལོག་བྱས་སོ། དེ་ནས་ཡོ་ཨབ་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་ཕེབས་སོ། 16སི་རི་ཡ་པ་ཚོས་དེ་ཚོ་ཕམ་པར་བྱས་པ་ཤེས་པ་དང་། དེ་ཚོས་སི་རི་ཡ་པའི་གཙང་པོ་ཡུབ་རད་ཀྱི་ཤར་ཕྱོགས་ཀྱི་མངའ་སྡེ་ཚོ་ནས་དམག་དཔུང་འཁྲིད་ཡོང་ནས་དེ་ཚོ་ཛོ་བཱའི་རྒྱལ་པོ་ཧ་དྷད་ཨེ་ཟེར་གྱི་དམག་སྤྱི་ཤོ་བྷག་གི་མངའ་འོག་ཏུ་བཞག་གོ 17དཱ་བིད་ཀྱིས་དེ་ལྟར་གསན་པ་དང་། ཁོང་གིས་ཨིསི་རཱཨེལ་གྱི་དམག་དཔུང་འདུས་པ་དང་། ཡོར་དན་རྒལ་ནས་སི་རི་ཡ་པ་ཚོའི་ཕྱོགས་སུ་ཁ་བལྟས་ནས་དམག་གྲ་སྒྲིགས་སོ། དམག་འགོ་ཚུགས་པ་དང་། 18ཨིསི་རཱཨེལ་པ་ཚོས་སི་རི་ཡ་པའི་དམག་དཔུང་ཕྱིར་འབུད་བྱས་སོ། དཱ་བིད་དང་ཁོང་གི་དམག་མི་ཚོས་སི་རི་ཡ་པའི་ཤིང་རྟ་འཁོར་ལོའི་ཁ་ལོ་པ་གྲངས་ ༧,༠༠༠ དང་རྐང་དམག་ ༤༠,༠༠༠ བཅས་བསད་དོ། དེ་ཚོས་སི་རི་ཡ་པའི་དམག་སྤྱི་ཤོ་བྷག་ཡང་བསད་དོ། 19ཧ་དྷད་ཨེ་ཟེར་དང་ཨི་ཇིབ་པའི་རྒྱལ་པོ་ཚོས་ཨིསི་རཱཨེལ་པ་ཚོས་དེ་ཚོ་ལ་ཕམ་པར་བྱས་པ་ཤེས་པ་དང་། དེ་ཚོས་དཱ་བིད་མཉམ་དུ་འཆིང་སྒྲིགས་བྱས་ཏེ་དེ་ཚོ་ཁོང་གི་མངའ་འབངས་སུ་འགྱུར་རོ། དེ་ནས་སི་རི་ཡ་པ་ཚོས་དུས་ནམ་ཡང་ཨམ་མོན་པ་ཚོར་རོགས་བྱེད་འདོད་མེད་པར་འགྱུར་རོ༎

སྔོན་རབས་དང་པོ། 20

དཱ་བིད་ཀྱིས་ར་བཱ་དབང་བ།

(༢ ཤ་མུ་ཨེལ་ ༡༢:༢༦-༣༡)

1ལོ་རྗེས་མའི་དཔྱིད་ཀར་རྒྱལ་པོ་རྣམས་དམག་རྒྱབ་པར་ཕེབས་པའི་ལོ་དུས་ལ། ཡོ་ཨབ་ཀྱིས་དམག་མི་འཁྲིད་ནས་ཨམ་མོན་གྱི་ཡུལ་དུ་བཙན་འཛུལ་བྱས་སོ། འོན་ཀྱང་རྒྱལ་པོ་དཱ་བིད་ཡེ་རུ་ཤ་ལེམ་དུ་བཞུགས་སོ། དེ་ཚོས་རབ་བཱའི་གྲོང་ཁྱེར་བཟུང་བའི་ཕྱིར་དེར་ཕར་རྒོལ་བྱས་ནས་སྟོར་སྐྱོན་བཏང་ངོ་། 2ཨམ་མོན་པའི་སྐུ་འདྲ་མོ་ལེག་ལ་གསེར་ཀི་ལོ་གྷ་རམ་སུམ་ཅུ་སོ་བཞི་ཙམ་ཡོད་པའི་ཅོད་པཎ་ཞིག་ཡོད་པ་དང་། དེ་ལ་ཡོད་པའི་ནོར་བུའི་ཁྲ་རྒྱན་དེ་བླངས་ནས་དཱ་བིད་ཀྱིས་རང་གི་ཅོད་པཎ་ལ་རྒྱབ་བོ། ཁོང་གིས་གྲོང་ཁྱེར་ནས་རྒྱུ་ནོར་འཕོན་ཆེ་འཕྲོག་བཅོམ་བྱས་སོ། 3ཁོང་གིས་གྲོང་ཁྱེར་ནས་མི་མང་འཁྲིད་ནས་དེ་ཚོ་ལ་སོག་ལེ་དང་ལྕགས་ཀྱི་གསལ་ཤིང་སྟ་རེ་བཅས་ཀྱི་ལས་བྱེད་དུ་བཅུག་གོ ཁོང་གིས་དེ་ལྟར་ཨམ་མོན་པའི་གྲོང་ཁྱེར་ཚང་མའི་མི་མང་ཚོ་ལ་ཡང་བྱེད་དུ་བཅུག་གོ དེ་ནས་ཁོང་དང་ཁོང་གི་མི་མང་རྣམས་ཡེ་རུ་ཤ་ལེམ་དུ་ལོག་ཕེབས་སོ༎

ཕེ་ལེ་ཤེད་པའི་མི་བོ་ཆེ་ཚོ་དང་དམག་འཐབ་པ།

(༢ ཤ་མུ་ཨེལ་ ༢༡:༡༥-༢༢)

4རྗེས་སུ་གྷ་ཛེར་དུ་ཕེ་ལེ་ཤེད་པ་ཚོ་མཉམ་དུ་དམག་འཁྲུགས་བྱུང་ངོ་། དེ་ནི་ཧུ་ཤཱ་ནས་སི་བྷི་ཀའི་ཀྱིིས་མི་བོ་ཆེན་པོ་སིབ་པའི་བྱ་བ་དེ་བསད་པ་དང་ཕེ་ལེ་ཤེད་པ་ཚོ་ཕམ་པར་བྱས་པའི་སྐབས་ཡིན་ནོ། 5ཕེ་ལེ་ཤེད་པ་ཚོ་མཉམ་དུ་དམག་འཐབ་གཞན་ཞིག་བྱུང་བ་དང་། ཡ་ཨིར་གྱི་བུ་ཨེལ་ཧ་ནན་གྱིས་གྷད་ཀྱི་གྷོ་ལི་ཡད་ཀྱི་ནུ་བོ་ལཱ་མི་ལ་བསད་དོ། ལ་མིའི་མདུང་ནི་ཡུ་བ་ཐག་མཁན་གྱི་ཐག་བཞིན་སྦོམ་པོ་ཡོད་དོ། 6གྷད་དུ་དམག་འཐབ་གཞན་ཞིག་བྱུང་བ་དང་། དེར་མི་བོ་ཆེ་ལག་པ་རེར་མཛུབ་མོ་དྲུག་རེ་དང་རྐང་པ་རེར་མཛུབ་མོ་དྲུག་རེ་བྱ་བ་ཞིག་ཡོད་པ་དང་། ཁོ་སྔར་གྱི་མི་བོ་ཆེེའི་བརྒྱུད་པ་ཡིན་ནོ། 7ཁོས་ཨིསི་རཱཨེལ་པ་ཚོར་འགྲེན་དུར་བྱས་པ་དང་། དཱ་བིད་ཀྱི་སྐུ་མཆེད་ཤམ་མཱའི་བུ་ཡོ་ན་ཐན་གྱིས་ཁོ་ལ་བསད་པ་ཡིན་ནོ། 8དཱ་བིད་དང་ཁོང་གི་དམག་མིས་བསད་པ་དེ་ཚོ་གསུམ་ནི་གྷད་ཀྱི་མི་བོ་ཆེའི་རྒྱུད་པ་ཡིན་ནོ༎

སྔོན་རབས་དང་པོ། 21

དཱ་བིད་ཀྱིས་་གྲངས་གཤེར་གནང་བ།

(༢ ཤ་མུ་ཨེལ་ ༢༤:༡-༢༥)

1བདུད་ཀྱིས་ཨིསི་རཱཨེལ་མི་མང་དབར་དཀའ་ངལ་སློང་འདོད་ཡོད་སྟབས། ཁོས་དཱ་བིད་ཀྱི་སེམས་ཉིད་ལ་མི་མང་གྲངས་གཤེར་གྱི་ཐག་གཅོད་བྱེད་དུ་བཅུག་གོ 2དཱ་བིད་ཀྱིས་ཡོ་ཨབ་དང་འགོ་འཛིན་གཞན་ཚོར། ཨིསི་རཱཨེལ་ཡོངས་ཀྱི་ཡུལ་མཐའ་གཅིག་ནས་མཐའ་གཞན་བར་སོང་ལ་མི་མང་རྣམས་གྲངས་ཀ་རྩིས་ཤིག གང་ལ་ཟེར་ན། ངས་མི་མང་གྲངས་འབོར་ཇི་ཙམ་ཡོད་མེད་ཤེས་འདོད་འདུག་ཅེས་བཀའ་གནང་ངོ་། 3ཡོ་ཨབ་ཀྱིས་ལན་དུ། གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་མི་མང་རྣམས་ད་ལྟ་ཡོད་པ་ལས་ལྡབ་བརྒྱ་མང་བ་བཟོ་གནང་བར་ཤོག མི་དབང་ཆེན་པོ་དེ་ཚོ་ཚང་མ་ཁྱེད་ཀྱི་མི་སེར་རེད། ཁྱེད་ཀྱིས་ཅིའི་ཕྱིར་དེ་ལྟར་གནང་ནས་རྒྱལ་ཁབ་ཀྱི་མི་མང་ཡོངས་རྫོགས་ཉེས་ཅན་བཟོ་བར་འདོད་དམ་ཞེས་ཞུས་སོ། 4འོན་ཀྱང་རྒྱལ་པོས་ཡོ་ཨབ་ལ་ཁོང་གི་བཀའ་ལ་ཉན་བཅུག་གོ ཡོ་ཨབ་ཐོན་ནས་ཨིསི་རཱཨེལ་གྱི་ཡུལ་ཡོངས་སུ་ཕྱིན་ནས་ཡེ་རུ་ཤ་ལེམ་དུ་ལོག་ཡོང་ངོ་། 5ཁོས་རྒྱལ་པོ་དཱ་བིད་ལ་ཨིསི་རཱཨེལ་དུ་དམག་ལ་འོས་པའི་སྐྱེས་པ་གྲངས་ ༡,༡༠༠,༠༠༠ དང་། ཡ་ཧུ་དཱ་ལ་སྐྱེས་པ་གྲངས་ ༤༧༠,༠༠༠ འདུག་ཅེས་སྙན་སེང་ཞུས་སོ། 6ཡོ་ཨབ་ཀྱིས་རྒྱལ་པོའི་བཀའ་ལ་དང་ལེན་བྱེད་ཀྱི་མེད་སྟབས། ཁོས་ལེ་ཝི་དང་བྷེན་ཡ་མིན་གྱི་སྡེ་རིགས་ཀྱི་གྲངས་གཤེར་བྱས་མེད་དོ། 7དཀོན་མཆོག་ནི་ལས་དེ་ལྟར་བྱས་པར་ཐུགས་མ་མཉེས་ནས་ཨིསི་རཱཨེལ་པ་ལ་ཆད་པ་གཏོང་གནང་ངོ་། 8དཱ་བིད་ཀྱིས་དཀོན་མཆོག་ལ། ངས་ལས་འདི་ལྟར་གྱིས་ནས་སྡིག་པ་ཚབ་ཆེ་བསགས་ཡོད་པས། ཁྱེད་ཐུགས་རྗེ་གཟིགས་ནས་ང་ལ་བཟོད་གསོལ་གནང་རོགས། གང་ལ་ཟེར་ན། ངས་གླེན་པ་ལྟར་བྱས་ཡོད་ཅེས་ཞུས་སོ། 9དེ་ནས་གཙོ་བོ་དཀོན་མཆོག་གིས། དཱ་བིད་ཀྱི་ལུང་སྟོན་པ་གྷཌ་ལ། 10སོང་ལ་དཱ་བིད་ལ་འདམས་ཁ་གསུམ་སྤྲོད་རྒྱུ་ཡིན་པས། ཁོས་ཇི་ལྟར་འདམས་པ་ངས་བྱ་རྒྱུ་ཡིན་ཞེས་སྨྲོས་ཤིག་ཅེས་བཀའ་གནང་ངོ་། 11གྷཌ་ཕྱིན་ནས་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་ལྟར་དཱ་བིད་ལ་སྨྲས་པ། ཁྱོད་གང་འདོད་དམ། 12ལོ་གསུམ་གྱི་རིང་ལ་མུ་གེ་བྱུང་བའམ། ཟླ་བ་གསུམ་གྱི་རིང་ལ་ཁྱོད་ཀྱི་དགྲ་བོའི་དམག་མི་ཚོའི་ས་ནས་བྲོས་བྱོལ་དུ་འགྲོ་རྒྱུའམ། ཉིན་གསུམ་རིང་གཙོ་བོ་དཀོན་མཆོག་གིས་ཁོང་གི་རལ་གྲིས་ཁོད་ལ་རྒོལ་གནང་ནས། ཁོང་རང་གི་ཕོ་ཉས་བེད་སྤྱོད་གནང་ནས་ཨིསི་རཱཨེལ་ཡོངས་སུ་འཆི་བ་དང་། ནད་ཡམས་གཏོང་བར་འདོད་དམ། ངས་གཙོ་བོ་དཀོན་མཆོག་ལ་ལན་ཇི་ལྟར་ཞུའམ་ཞེས་འདྲི་བས། 13དཱ་བིད་ཀྱིས་གྷཌ་ལ། ང་ནི་གནས་ལྟངས་ཧ་ཅང་ཐབས་སྡུག་ངང་གནས་ཡོད། ང་ལ་མི་གཞན་གྱི་ཆད་པ་བཏང་བར་འདོད་པ་མེད་པས། གཙོ་བོ་དཀོན་མཆོག་ཁོང་རང་གིས་ང་ལ་ཆད་པ་གཏོང་གནང་བར་ཤོག གང་ལ་ཟེར་ན། ཁོང་ནི་སྙིང་རྗེ་ཅན་རེད་ཅེས་སྨྲས་སོ། 14དེ་འདྲ་སོང་ཙང་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་མི་མང་ལ་ནད་ཡམས་གཏོང་གནང་ནས། དེ་ཚོ་ ༧༠,༠༠༠ འཆིའོ། 15དེ་ནས་གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་སྟོར་བའི་ཕྱིར་ཕོ་ཉ་གཏོང་གནང་ངོ་། འོན་ཀྱང་ཁོང་གི་ཐུགས་དགོངས་ལ་བསྒྱུར་བ་གཏོང་གནང་ནས། ཕོ་ཉ་ལ་མཚམས་འཇོག་བྱེད་ཅིག། དེ་རང་གི་བསྒྲིགས་སོང་ཞེས་བཀའ་གནང་ངོ་། ཕོ་ཉ་དེ་ཡེ་བྷུསེ་པ་ཨ་རོ་ནཱའིི་གཡུལ་ཁའི་ཉེ་འགྲམ་དེར་ལངས་ཡོད་དོ། 16དཱ་བིད་ཀྱིས་ཕོ་ཉ་དེ་བར་སྣང་གི་དཀྱིལ་དུ་ཕྱག་ཏུ་རལ་གྲི་འཕྱར་ནས་ཡེ་རུ་ཤ་ལེམ་སྟོར་གནང་རྒྱུར་བཞེངས་ཡོད་པ་གཟིགས་སོ། དེ་ནས་དཱ་བིད་དང་མི་མང་གི་འགོ་འཁྲིད་ཚང་མ་རྩ་ཕད་ཀྱི་གོས་གྱོན་ཡོད་པ་ཚོས། རང་གི་གདོང་པ་ས་ལ་རེག་ནས་ཕྱག་འབུལ་ཞུས་སོ། 17དེ་ནས་དཱ་བིད་ཀྱིས། གཙོ་བོ་དཀོན་མཆོག་ལ། ཀྱེ་དཀོན་མཆོག་ནོར་འཁྲུལ་བྱས་མཁན་ང་ཡིན། མི་མང་གྲངས་གཤེར་བྱ་རྒྱུའི་བཀའ་གཏོང་མཁན་ང་ཡིན། མི་ཉམས་ཐག་འདི་ཚོས་ཅི་བྱས་ཡོད་པ་རེད་དམ། གཙོ་བོ་དཀོན་མཆོག་ཁྱེད་ངའི་དཀོན་མཆོག་ཁྱེད་ཀྱིས་ང་དང་ངའི་ནང་མིར་ཆད་པ་གཏོང་གནང་རོགས། ཁྱེད་ཀྱིས་མི་མང་རྣམས་ལ་ཐར་བཅུག་རོགས་གནང་ཞེས་གསོལ་བ་འདེབས་སོ། 18གཙོ་བོ་དཀོན་མཆོག་གི་ཕོ་་ཉས། གྷཌ་ལ། དཱ་བིད་ཀྱི་སར་ཕྱིན་ནས་ཨ་རོ་ནཱའི་གཡུལ་ཁ་རུ་གཙོ་བོ་དཀོན་མཆོག་ལ་མཆོད་ཁྲི་ཞིག་བཞེངས་དགོས་པའི་བཀའ་གཏོང་ཞིག་གསུངས་སོ། 19དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ནས། གྷཌ་ཀྱིས་སྨྲས་པ་ལྟར་གནང་བར་ཕེབས་སོ། 20གཡུལ་ཁ་དེར་ཨ་རོ་ནཱ་དང་ཁོའི་བུ་བཞི་པོ་གྲོ་ཕྱུགས་ཆག་བསྐོར་བཞིན་ཡོད་པ་དང་། དེ་ཚོས་ཕོ་ཉ་མཐོང་ནས། བུ་བཞི་པོ་བྲོས་ནས་ཡིབས་སོ། 21ཨ་རོ་ནཱའི་རྒྱལ་པོ་དཱ་བིད་ཕེབས་བཞིན་ཡོད་པ་མཐོང་མ་ཐག་ཏུ་ཁོ་གཡུལ་ཁ་ནས་ཕྱིན་ནས་རང་གི་གདོང་ས་ལ་རེགས་ནས་ཁོང་ལ་ཕྱག་འབུལ་ཞུས་སོ། 22དཱ་བིད་ཀྱིས་ཁོ་ལ། ཁྱོད་ཀྱི་གཡུལ་ཁ་དེ་ང་ལ་ཚོང་རོགས་གྱིས་ཤིག ངས་འདིར་ནད་ཡམས་འགོག་པའི་ཕྱིར་གཙོ་བོ་དཀོན་མཆོག་ལ་ལ་མཆོད་ཁྲི་ཞིག་བཞེངས་རྒྱུ་ཡིན་ནོ། ངས་ཁྱོད་ལ་རིན་པ་ཆ་ཚང་སྤྲོད་རྒྱུ་ཡིན་ཞེས་གསུངས་སོ། 23ཨ་རོ་ནཱས། མི་དབང་ཆེན་པོ་དེ་བཞེས་ནས་ཁྱེད་ཀྱི་ཐུགས་འདོད་ལྟར་གནང་རོགས། འདིར་མཆོད་ཁྲིའི་སྟེང་སྦྱིན་སྲེག་གི་དམར་མཆོད་འབུལ་ཕྱིར་གླང་གོག་འདི་ཚོ་དང་བུད་ཤིང་ཆེད་གཡུལ་ཁའི་སྤང་ལེབ་དང་འབྲུའི་མཆོད་པ་འབུལ་ཕྱིར་གྲོ་བཅས་ཡོད་དོ། ངས་འདི་ཚོ་ཚང་མ་ཁྱེད་ལ་འབུལ་གྱི་ཡིན་ཞེས་ཞུས་སོ། 24འོན་ཀྱང་རྒྱལ་པོས་བཀའ་ལན་དུ། དེ་ལྟར་མི་བྱས། ངས་ཁྱོད་ལ་རིན་འབབ་ཆ་ཚང་སྤྲོད་རྒྱུ་ཡིན། ངས་གཙོ་བོ་དཀོན་མཆོག་ལ་ཁྱོད་ལ་བདག་པའི་དངོས་པོ་དེ་རིན་འབབ་མ་སྤྲད་པའི་མཆོད་པ་འབུལ་གྱི་མིན་ཞེས་གསུངས་སོ། 25ཁོང་གིས་ཨ་རོ་ནཱ་ལ། གཡུལ་ཁའི་ཆེད་སྒེར་གྱི་གསེར་ཌམ་ ༦༠༠ གནང་ངོ་། 26དེར་ཁོང་གིས་གཙོ་བོ་དཀོན་མཆོག་ལ་མཆོད་ཁྲི་ཞིག་བཞེངས་པ་དང་། དེའི་སྟེང་སྦྱིན་སྲེག་གི་དམར་མཆོད་དང་མཐུན་བྲལ་གྱི་མཆོད་པ་ཕུལ་ལོ། ཁོང་གིས་གསོལ་བ་འདེབས་ནས་གཙོ་བོ་དཀོན་མཆོག་གིས། མཆོད་ཁྲིའི་སྟེང་གི་དམར་མཆོད་སྲེག་པའི་ཆེད་མཐོ་རིས་ནས་མེ་བཏང་གནང་ནས་ཁོང་གིས་གསན་བཞེས་གནང་ངོ་། 27གཙོ་བོ་དཀོན་མཆོག་གིས་ཕོ་ཉ་ལ། རལ་གྲི་ཤུབས་ནང་དུ་བཅུག་ཅེས་བཀའ་གནང་བ་ལྟར་ཕོ་ཉས་དེ་ལྟར་བྱས་སོ། 28སྐབས་དེར་དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་གིས་ཁོང་གི་གསོལ་འདེབས་ལ་གསན་པ་མཁྱེན་ནས། ཨ་རོ་ནཱའི་གཡུལ་ཁའི་མཆོད་ཁྲིའི་སྟེང་མཆོད་པ་ཕུལ་ལོ། 29མོ་ཤེས་འབྲོག་སྟོང་དུ་བཞེངས་པའི་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དང་། དམར་མཆོད་སྲེག་པའི་མཆོད་ཁྲི་དེ་དེང་དུས་ཀྱང་གྷི་བི་ཨོན་དུ་མཆོད་པ་འབུལ་བཞིན་ཡོད་དོ། 30འོན་ཀྱང་དཱ་བིད་མཆོད་འབུལ་བྱེད་པར་དེར་ཕེབས་ཐུབ་མེད་དོ། གང་ལ་ཟེར་ན། ཁོང་གཙོ་བོ་དཀོན་མཆོག་གི་ཕོ་ཉའི་རལ་གྲིར་འཇིགས་ཀྱི་ཡོད་དོ༎

སྔོན་རབས་དང་པོ། 22

1དེ་འདྲ་སོང་ཙང་དཱ་བིད་ཀྱིས་འདིར་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ཞིག་བྱུང་བར་འགྱུར། འདིར་ཨིསི་རཱཨེལ་གྱི་མི་མང་ཚོས་སྦྱིན་སྲེག་གི་མཆོད་པ་འབུལ་བའི་མཆོད་ཁྲི་ཡོད་ཅེས་གསུངས་སོ༎

མཆོད་ཁང་བཞེངས་རྒྱུའི་གྲ་སྒྲིགས།

2རྒྱལ་པོ་དཱ་བིད་ཀྱིས་ཨིསི་རཱཨེལ་གྱི་ཡུལ་དུ་སྡོད་པའི་ཕྱི་རྒྱལ་བ་རྣམས་འཛོམས་དགོས་པའི་བཀའ་གནང་བ་དང་། ཁོང་གིས་དེ་ཚོར་ལས་བྱེད་དུ་བཅུག་གོ། ཁོང་གིས་འགའ་ཤས་ལ་མཆོད་ཁང་བཞེངས་ཕྱིར་རྡོ་རྣམས་གྲ་སྒྲིགས་བྱས་སོ། 3ཁོང་གིས་ཤིང་གི་རྒྱལ་སྒོ་རྣམས་ཀྱི་གཟེར་དང་འཁོར་མིག་བཟོ་བའི་ལྕགས་ཁྱོན་ཆེ་དང་སུས་ཀྱང་ལྗིད་ཚད་བྱེད་མི་ཐུབ་པའི་ལི་ཁྱོན་ཆེ་གནང་ངོ་། 4ཁོང་ལ་ཊ་ཡར་དང་སི་དོན་གྱི་མི་མང་ཚོས་འགྱམ་ཤིང་གི་མདུང་མ་ཁྱོན་ཆེ་འཁྱེར་ཡོང་བའི་གོ་སྒྲིགས་གནང་ངོ་། 5དཱ་བིད་ཀྱི་ཐུགས་ལ་ཁོང་གི་སྲས་སོ་ལོ་མོན་གྱིས་བཞེངས་རྒྱུའི་མཆོད་ཁང་དེ་ངོ་མཚར་ཅན་དང་འཛམ་གླིང་ནང་སྙ་གྲགས་ཅན་ཞིག་དགོས་སོ། འོན་ཀྱང་ཁོང་ནི་ལོ་ཆུང་བ་དང་ཉམས་མྱོང་མེད་པ་ཞིག་ཡིན་པ་སོང་ཙང་ངས་དེའི་དོན་དུ་གྲ་སྒྲིགས་བྱེད་དགོས་སོ། དེ་འདྲ་སོང་ཙང་མ་གྲོང་པའི་སྔོན་དུ་རྒྱུ་ཆ་ཁྱོན་ཆེ་གྲ་སྒྲོགས་མཛད་དོ། 6ཁོང་གིས་རང་གི་སྲས་སོ་ལོ་མོན་ལ་སྐད་བཏང་ནས། ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཆེད་དུ་མཆོད་ཁང་ཞིག་བཞེངས་དགོས་པའི་བཀའ་གནང་ངོ་། 7དཱ་བིད་ཀྱིས་ཁོ་ལ། ངའི་བུ། ངའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་མཚན་མཐོང་ཆེད་ངས་མཆོད་ཁང་ཞིག་བཞེངས་འདོད་ཡོད་དོ། 8འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ང་ལ། ངས་མི་མང་ཧ་ཅང་མང་པོ་བསད་པ་དང་། དམག་འཐབ་ཤིན་ཏུ་མང་པོ་བྱས་ཡོད་ཅེས་ང་ལ་གསུངས་བྱུང་བས། དེ་འདྲ་སོང་ཙང་ངས་ཁྲག་ལས་མང་ཙམ་གྱིས་ཡོད་སྟབས། ཁོང་གི་ང་ལ་མཆོད་ཁང་བཞེངས་བཅུག་གནང་འདོད་མེད་དོ། 9བྱས་ན་ཡང་ཁོང་གིས་ང་ལ་ཞལ་བཞེས་ཤིག་གནང་བྱུང་། ཁོང་གིས་ཁྱོད་ལ་ཞི་བདེའི་ངང་རྒྱལ་སྲིད་སྐྱོངས་མཁན་བུ་ཞིག་བྱུང་ཡོང་། གང་ལ་ཟེར་ན། ངས་ཁོ་ལ་ཁོའི་དགྲ་བོ་ལས་ཞི་བདེ་སྤྲོད་རྒྱུད་ཡིན། ཁོའི་མིང་ལ་སོ་ལོ་མོན་ཞེས་གྲགས་སོ། གང་ལ་ཟེར་ན། ཁོའི་རྒྱལ་སྲིད་སྐྱོངས་སྐབས་ངས་ཨིསི་རཱཨེལ་ལ་ཞི་བདེ་དང་བདེ་འཇགས་སྤྲོད་རྒྱུ་ཡིན་ནོ། 10ཁོས་ངའི་ཆེད་དུ་མཆོད་ཁང་ཞིག་བཞེངས་ཡོང་། ཁོ་ནི་ངའི་བུ་རུ་འགྱུར་རྒྱུ་དང་ང་ནི་ཁོའི་ཕ་རུ་འགྱུར་རྒྱུ་ཡིན་ནོ། ཁོའི་རྒྱལ་རྒྱུད་ཀྱིས་དུས་རྟག་ཏུ་ཨིསི་རཱཨེལ་གྱི་རྒྱལ་སྲིད་སྐྱོངས་བར་བྱ་ཞེས་བཀའ་གནང་ངོ་། 11དཱ་བིད་ཀྱིས་མུ་མཐུད་ནས། ད་ངའི་བུ་ཁྱོད་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁྱོད་དང་མཉམ་དུ་བཞུགས་པ་དང་། ཁྱོད་ཀྱིས་ཁོང་ལ་ལམ་ལྷོང་ནང་མཆོད་ཁང་བཞེངས་ཐུབ་པའི་ཞལ་བཞེས་གནང་བ་དེ་སྒྲུབ་པར་ཤོག 12ཁྱོད་ཀྱོས་ཨིསི་རཱཨེལ་པ་རྣམས་ལ་ཁོང་གི་བཀའ་ཁྲིམས་བཞིན་འཛིན་སྐྱོངས་བྱེད་ཐུབ་པའི་ཤེས་རབ་དང་ནང་དོན་རྟོགས་པའི་ནུས་པ་གནང་བར་ཤོག 13གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་ཆེད་དུ་མོ་ཤེ་ལ་གནང་བའི་བཀའ་ཁྲིམས་རྣམས་ཁྱོད་ཀྱི་སྲུང་བ་ཡིན་ན་ཁྱོད་ཀྱི་དོན་རྣམས་སྒྲུབ་པར་འགྱུར་རོ། སེམས་ཐག་ཆོད་པོ་དང་བློ་སྟོབས་ཆེན་པོ་སྐྱེད་ཅིག གང་གིས་ཀྱང་ཁྱོད་འཇིགས་སུ་མ་བཅུག་ཅིག 14མཆོད་ཁང་བཞེངས་པར་བེད་སྤྱོད་བྱེད་པའི་ཆེད་དུ་ངས་དཀའ་ལས་རྒྱབ་ནས་གསེར་མི་ཀྲི་རིག་ཀྲོན་ ༣༤༠༠ ལྷག་དང་། དངུལ་མི་ཀྲི་རིག་ཀྲོན་ ༣༤༠༠ ལྷག་བསགས་ཡོད། དེ་མིན་ལི་དང་ལྕགས་ཀྱི་མཁོ་སྒྲུབ་དཔག་མེད་ཡོད། ང་ལ་ཤིང་དང་རྡོ་ཡང་གྲ་སྒྲིགས་ཡོད། འོན་ཀྱང་ཁ་སྣོན་ཡང་ཐབས་ཤེས་བྱེད་དགོས་སོ། 15ཁྱོད་ལ་ལས་མི་མང་པོ་ཡོད་པ་དང་། རྡོ་གཅོག་མཁན་གྱི་ལས་མི་དང་རྡོ་བཟོ་བ་དང་ཤིང་བཟོ་བ་དང་ལས་རིགས་འདྲ་མིན་ལས་མཁན་ལག་ཤེས་པ་ཧ་ཅང་ཁྱོན་ཆེ་དང་། 16གསེར་དངུལ་དང་ལི་དང་ལྕགས་བཅས་པའི་ལག་ཤེས་པ་ཡང་ཡོད། ད་ལས་ཀ་འགོ་འཚུགས་ཤིག་དང་གཙོ་བོ་དཀོན་མཆོག་ཁྱོད་དང་འགྲོགས་པར་ཤོག་ཅེས་བཀའ་གནང་ངོ་། 17དཱ་བིད་ཀྱིས་ཨིསི་རཱཨེལ་གྱི་འགོ་འཛིན་རྣམས་ལ་སོ་ལོ་མོན་ལ་རོགས་བྱེད་དགོས་པའི་བཀའ་གནང་ངོ་། 18ཁོང་གིས། ཁྱོད་ཚོའིི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁྱོད་དང་མཉམ་དུ་ཡོད་པ་མ་ཟད། ཕྱོགས་ཐམས་ཅད་ནས་ཁྱོད་ལ་ཞི་བདེ་གནང་ཡོད་དོ། ཁོང་གིས་སྔར་ཡུལ་འདིར་གནས་པའི་མི་རྣམས་ལ་ང་ལ་དབང་བསྒྱུར་བྱེད་འཇུག་གནང་བ་དང་། ད་ཆ་དེ་ཚོ་ཚང་མ་ཁྱོད་དང་གཙོ་བོ་དཀོན་མཆོག་གི་འབངས་ཡིན་ནོ། 19ད་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་སྙིང་གི་གཏིང་ནས་ཞབས་ཞུ་ཞུས་ཤིག ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དང་གཞན་མཆོད་འབུལ་སྐབས་བེད་སྤྱོད་བྱེད་པའི་ཡོ་བྱད་དམ་པའི་ཅ་དངོས་རྣམས་ནང་དུ་འཇོག་ཐུབ་པའི་ཕྱིར་མཆོད་ཁང་བཞེངས་འགོ་འཚུགས་ཤིག་ཅེས་བཀའ་གནང་ངོ་༎

སྔོན་རབས་དང་པོ། 23

1དཱ་བིད་ཧ་ཅང་དགུང་ལོ་བགྲེས་སྐབས་ཁོང་གིས་སོ་ལོ་མོན་ལ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོས་སོ༎

ལེ་ཝི་པ་རྣམས་ཀྱི་ལས་ཀ།

2རྒྱལ་པོ་དཱ་བིད་ཀྱིས་ཨིསི་རཱཨེལ་གྱི་འགོ་འཛིན་རྣམས་དང་བླ་མ་ཚོ་དང་ལེ་ཝི་པ་ཚོ་བཅས་ཚང་མ་མཉམ་དུ་འཛོམས་བཅུག་གོ 3ཁོང་གིས་ལེ་ཝི་པ་སྐྱེས་པ་ལོ་སུམ་ཅུ་ཡན་ཆད་རྣམས་གྲངས་གཤེར་གནང་ངོ་། བསྡོམས་ ༣༨,༠༠༠ ཡོད་དོ། 4རྒྱལ་པོས་མཆོད་ཁང་གི་ལས་ཀར་འཛིན་སྐྱོངས་བྱེད་མཁན་ ༢༤,༠༠༠ དང་། དྲུང་ཡིག་དང་རྩོད་གཞིར་ཐག་གཅོད་བྱེད་མཁན་བཅས་ ༦,༠༠༠ དང་། 5ལས་འགན་ལ་སྲུང་སྐྱོབས་བྱེད་མཁན་ ༤,༠༠༠ དང་། གཙོ་བོ་དཀོན་མཆོག་ལ་རྒྱལ་པོས་གནང་བས་རོལ་མོའི་ཡོ་བྱད་བེད་སྤྱོད་བྱས་ནས་བསྟོད་དབྱངས་ཕུལ་མཁན་ ༤,༠༠༠ བཅས་བགོས་གནང་ངོ་། 6དཱ་བིད་ཀྱིས་ལེ་ཝི་པ་རྣམས་དེ་ཚོའི་རིགས་རུས་བཞིན་གྷེར་ཤོན་དང་ཀ་ཧད་དང་མེ་ར་རི་བཅས་ཚོ་གསུམ་དུ་བགོས་སོ། 7གྷེར་ཤོན་ལ་ལ་དན་དང་ཤིམ་ཨི་བཅས་བུ་གཉིས་ཡོད་དོ། 8ལ་དན་ལ་ཡེ་ཧི་ཨེལ་དང་ཛེ་ཐམ་དང་ཡོ་ཨེལ་བཅས་བུ་གསུམ་ཡོད་དོ། 9དེ་ཚོ་ནི་ལ་དན་གྱི་རིགས་བརྒྱུད་ཀྱི་རིགས་རུས་ཀྱི་འགོ་པ་ཡིན་ནོ། (ཤིམ་ཨི་ལ་ཤེ་ལོ་མོད་དང་ཧ་ཛི་ཨེལ་དང་ཧ་རན་བཅས་བུ་གསུམ་ཡོད་དོ།) 10-11ཤིམ་ཨིའི་ལོའི་གོ་རིམ་ལྟར་ཡ་ཧད་དང་ཛི་ན་དང་ཡེ་ཨུཤེ་དང་བྷེ་རི་ཡཱ་བཅས་བུ་བཞི་ཡོད་དོ། ཡེ་ཨུཤ་དང་བེར་ཡ་ལ་རིགས་བརྒྱུད་མང་པོ་མེད་ཅིང་། དེ་འདྲ་སོང་ཙང་དེ་ཚོའི་རིགས་རུས་ཞིག་ལ་ངོས་འཛིན་བྱེད་དགོས། 12ཀོ་ཧད་ལ་ཨམ་རམ་དང་ཨིཛ་ཧར་དང་ཧེབ་རོན་དང་ཨུ་ཛི་ཨེལ་བཅས་བུ་བཞི་ཡོད་དོ། 13ཁོང་གི་བུ་རྒན་ཤོས་ཨམ་རམ་ནི་ཨ་རོན་དང་མོ་ཤེའི་ཕ་ཡིན་ནོ། (ཨ་རོན་དང་ཁོང་གི་རིགས་བརྒྱུད་རྣམས་རྟག་ཏུ་དམ་པའི་དངོས་རྫས་རྣམས་ཀྱི་འགོ་འཛིན་དང་། གཙོ་བོ་དཀོན་མཆོག་ལ་མཆོད་པའི་སྐབས་སྤོས་བདུག་མཁན་དང་། ཁོང་ལ་ཞབས་ཕྱི་ཞུ་མཁན་དང་། ཁོང་གི་མཚན་ནས་མི་མང་ལ་བྱིན་རླབས་གནང་མཁན་ལ་ཟུར་དུ་འཇོག་པ་གནང་ངོ་། 14འོན་ཀྱང་དཀོན་མཆོག་གི་སྐྱེས་བུ་མོ་ཤེའི་བུ་རྣམས་ལེ་ཝི་པའི་ཁོངས་སུ་རྩིས་སོ།) 15མོ་ཤེ་ལ་གྷེར་ཤོམ་དང་ཨེ་ལི་ཨེ་ཛེར་བཅས་བུ་གཉིས་ཡོད་དོ། 16གྷེར་ཤོམ་གྱི་འཕྲོད་ནས་བུ་ཤེ་བུ་ཨེལ་འགོ་འཛིན་ཡིན་ནོ། 17ཨེ་ལི་ཨེ་ཛེར་ལ་བུ་རེ་ཧབ་ཡཱ་ཟེར་བ་གཅིག་ཡོད་དོ། འོན་ཀྱང་རེ་ཧབ་ཡཱ་ལ་རིགས་བརྒྱུད་མང་པོ་ཡོད་དོ། 18ཀོ་ཧད་ཀྱི་བུ་གཉིས་པ་ཨིཛ་ཧར་ལ་བུ་ཤེ་ལོ་མིད་ཟེར་བ་རིགས་རུས་ཀྱི་འགོ་འཛིན་ཞིག་ཡོད་དོ། 19ཀོ་ཧད་ཀྱི་བུ་གསུམ་པ་ཧེབ་རོན་ལ་བུ་ཡེ་རི་ཨ་དང་ཨ་མར་ཡཱ་དང་ཡ་ཧ་ཛི་ཨེལ་དང་ཡེ་ཀ་མིམ་བཅས་བཞི་ཡོད་དོ། 20ཀོ་ཧད་ཀྱི་བུ་བཞི་པ་ཨུ་ཛི་ཨེལ་ལ་བུ་མི་ཀཱ་དང་ཨུ་ཤི་ཨ་བཅས་གཉིས་ཡོད་དོ། 21མེ་ར་རི་ལ་བུ་མ་ཧ་ལི་དང་མུ་ཤི་བཅས་གཉིས་ཡོད་དོ། མཱ་ལི་ལ་ཨེ་ལི་ཛར་དང་ཀིཤེ་བཅས་བུ་གཉིས་ཡོད་དོ། 22འོན་ཀྱང་ཨེ་ལི་ཛར་ལ་བུ་མེད་པར་བུ་མོ་ཡོད་ཀྱང་འདས་སོ། ཁོང་གི་བུ་མོ་ཚོས་དེ་ཚོའི་ཚ་བོ་ཀིཤེའི་བུ་ཚོ་མཉམ་དུ་གཉེན་རྒྱབ་བོ། 23མེ་ར་རིའི་བུ་གཉིས་པ་མུ་ཤི་ལ་མཱ་ལི་དང་ཨེ་དྷེར་དང་ཡེ་རེ་མོད་བཅས་བུ་གསུམ་ཡོད་དོ། 24འདི་ཚོ་ལེ་ཝིའི་རིགས་རུས་དང་ཁྱིམ་ཚང་བཅས་ཀྱི་རིགས་བརྒྱུད་རེ་རེ་བཞིན་མིང་ནས་དེབ་བསྐྱེལ་བྱས་ཡོད། ཁོང་གི་རིགས་བརྒྱུད་ལོ་ཉི་ཤུ་ཡན་ཆད་ཚང་མར་གཙོ་བོ་དཀོན་མཆོག་གི་མཆོད་ཁང་གི་ལས་ཀའི་ཐོབ་སྐལ་ཡོད་དོ། 25དཱ་བིད་ཀྱིས། ཨིསི་རཱཨེལ་གྱི་དཀོན་མཆོག་གཅོ་བོ་དཀོན་མཆོག་གིས། ཁོང་གི་མི་མང་ལ་ཞི་བདེ་གནང་བ་དང་ཁོང་ནི་གཏན་དུ་ཡེ་རུ་ཤ་ལེམ་དུ་བཞུགས་པར་འགྱུར། 26དེ་འདྲ་སོང་ཙང་ལེ་ཝི་པ་ཚོས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དང་མཆོད་པར་མཁོ་བའི་ཡོ་བྱད་རྣམས་ད་ནས་བཟུང་འཁྱེར་མི་དགོས་སོ་ཤེས་གསུངས་སོ། 27དཱ་བིད་ཀྱི་མཐའ་མའི་སློབ་སྟོན་རྣམས་ལ་གཞིར་བཞག་ནས་ལེ་ཝི་པ་རྣམས་ལོ་ཉི་ཤུ་སླེབས་སྐབས་ལས་བྱེད་པར་དེབ་བསྐྱེལ་བྱེད་དགོས་སོ། 28གཤམ་གསལ་ལྟར་ལས་འགན་རྩིས་སྤྲོད་བྱས་ཡོད། ཨ་རོན་གྱི་རིགས་བརྒྱུད་ནས་བྱུང་བ་བླ་མ་ཚོ་ལ་མཆོད་ཁང་གི་མཆོད་འབུལ་གྱི་ལས་ཀར་རོགས་བྱ་རྒྱུ་དང་། ཁྱམས་ར་དང་དེའི་ཁང་མིག་ལ་བདག་ཉར་བྱ་རྒྱུ་དང་། དམ་པའི་ཡོད་བྱད་རྣམས་གཙང་མར་འཇོག་རྒྱུད་དང་། 29དཀོན་མཆོག་ལ་ཕུལ་བའི་བག་ལེབ་དང་མཆོད་པར་བེད་སྤྱོད་བྱ་བའི་གྲོ་ཞིབ་དང་། ཆི་མན་མེད་པའི་བག་ལེབ་སྲེག་པའི་མཆོད་པ་དང་། གྲོ་ཞིབ་དང་ཁ་སྐྱུ་རུའི་སྣུམ་བསྲེས་པས་འགན་འཁྱེར་རྒྱུ་དང་། མཆོད་ཁང་གི་མཆོད་པ་འདེགས་རྒྱུ་དང་ཚད་རྒྱག་རྒྱུ་དང་། 30རྟག་ཏུ་སྔ་དགོང་གཉིས་ཀར་གཙོ་བོ་དཀོན་མཆོག་ལ་བསྟོད་པ་འབུལ་རྒྱུ་དང་། 31ངལ་གསོ་བའི་ཞག་དང་ཟླ་གསར་གྱི་དུས་ཆེན་ནམ་ཡིན་ལ་སྦྱིན་སྲེག་མཆོད་པ་གཙོ་བོ་དཀོན་མཆོག་ལ་ཕུལ་སྐབས་བསྔགས་བརྗོད་ཞུ་རྒྱུ་བཅས་ཡིན་ནོ། དུས་སྐབས་སོ་སོར་ལེ་ཝི་པའི་གྲངས་འབོར་ཇི་ཡོད་ལས་འགན་དུ་བསྐོས་སྐོར་གསལ་བརྗོད་ཀྱི་ཁྲིམས་བཟོས་ཡོད་དོ། ལེ་ཝི་པ་ཚོ་དུས་རྟག་ཏུ་གཙོ་བོ་དཀོན་མཆོག་ལ་མཆོད་པ་འབུལ་རྒྱུའི་ལས་འགན་དུ་བསྐོས་ཡོད་དོ། 32དེ་ཚོ་ལ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པར་བདག་འཛིན་བྱ་རྒྱུ་དང་། ཨ་རོན་གྱི་རིགས་བརྒྱུད་ནས་བྱུང་བའི་དེ་ཚོའི་སྤུན་བླ་མ་ཚོར་མཆོད་ཁང་དུ་མཆོད་འབུལ་ཞུ་སྐབས་རོགས་བྱ་རྒྱུའི་ལས་འགན་བཅས་ཀྱི་འགན་འཁུར་སྤྲད་ཡོད་དོ༎

སྔོན་རབས་དང་པོ། 24

བླ་མ་ཚོ་ལ་ལས་འགན་སྤྲད་པ།

1འདི་ཚོ་ཨ་རོན་གྱི་རིགས་བརྒྱུད་ལ་བདག་པའི་ཚོགས་པ་རྣམས་ཡིན་ནོ། ཨ་རོན་ལ། ན་དྷབ་དང་ཨ་བྷི་ཧུ་དང་ཨེ་ལི་ཛར་དང་ཨི་ཐ་མར་བཅས་བུ་བཞི་ཡོད་དོ། 2ན་དྷབ་དང་ཨ་བྷི་ཧུ་གཉིས་ནི་ཕའི་སྔོན་དུ་ཤི་བ་དང་། ཁོང་ཚོར་རིགས་བརྒྱུད་མེད་དོ། དེ་འདྲ་སོང་ཙང་དེ་ཚོའི་གཅུང་པོ་ཨེ་ལི་ཛར་དང་ཨི་ཐ་མར་གཉིས་བླ་མར་འགྱུར་རོ། 3རྒྱལ་པོ་དཱ་བིད་ཀྱིས། ཨ་རོན་གྱི་རིགས་བརྒྱུད་ཛ་དཱོག་དང་ཨི་ཐ་མར་གྱི་རིགས་བརྒྱུད་དང་ཨ་ཧི་མེ་ལེག་བཅས་ནས་རོགས་གནང་ངོ་། 4ཨེ་ལི་ཛར་གྱི་རིགས་བརྒྱུད་རྣམས་ཚོ་བཅུ་དྲུག་ལ་གོ་སྒྲིགས་གནང་བ་དང་། ཨི་ཐ་མར་གྱི་རིགས་བརྒྱུད་རྣམས་ཚོ་བརྒྱད་ལ་གོ་སྒྲིགས་གནང་ངོ་། དེ་ལྟར་གནང་དགོས་དོན་ནི་ཨེ་ལི་ཛར་གྱི་རིགས་བརྒྱུད་ནང་ཁྱིམ་ཚང་གི་འགོ་འཛིན་སྐྱེ་པ་ཕོ་མང་བ་ཡོད་དོ། 5ཨེ་ལི་ཛར་དང་ཨི་ཐ་མར་གྱི་རིགས་བརྒྱུད་ནང་མཆོད་ཁང་གི་ལས་བྱེད་པ་དང་ཆོས་ཀྱི་དབུ་འཛིན་བཅས་ཡོད་སྟོབས། དེ་ཚོའི་ལས་འགན་ལ་རྒྱན་ཤོག་རྒྱབ་ནས་བསྐོས་གནང་ངོ་། 6ཨེ་ལི་ཛར་དང་ཨི་ཐ་མར་གྱི་རིགས་བརྒྱུད་ཚོས་རེ་མོས་ཀྱི་རྒྱན་ཤོག་རྒྱབ་བོ། དེ་ནས་དེ་ཚོ་ལེ་ཝི་པའི་དྲུང་ཡིག་ནེ་ཐ་ནེལ་གྱི་བུ་ཤེ་མ་ཡཱས་དེབ་བསྐྱེལ་གནང་ངོ་། རྒྱལ་པོ་དང་ཁོང་གི་ལས་བྱེད་པ་དང་བླ་མ་ཛ་དཱོག་དང་ཨ་བྷི་ཡ་ཐར་གྱི་བུ་ཨ་ཧི་མེ་ལེག་དང་། བླ་མའི་ཁྱིམ་ཚང་གི་འགོ་པ་ཚོ་དང་ལེ་ཝི་པའི་ཁྱིམ་ཚང་ཚོ་བཅས་པ་ཚང་མ་དཔང་པོ་ཡིན་ནོ། 7-18ཁྱིམ་ཚང་ཉི་ཤུ་རྩ་བཞིའི་ཚོ་ཁག་ལ་གོ་རིམ་བཞིན་གཤམ་གསལ་ལས་འགན་འདི་ལྟར་ཡིན་ནོ། ༡) ཡེ་ཧོ་ཡ་རིབ། ༢) ཡེ་དྷ་ཡཱ། ༣) ཧ་རིམ། ༤) སི་ཨོ་རིམ། ༥) མལ་ཀི་ཡཱ། ༦) མི་ཡ་མིན། ༧) ཧག་ཀོཛ། ༨) ཨ་བྷི་ཡཱ། ༩) ཡེ་ཤུ་ཨ། ༡༠) ཤེ་ཀན་ཡཱ། ༡༡) ཨེལ་ཡ་ཤིབ། ༡༢) ཡ་ཀིམ། ༡༣) ཧུབ་པཱ། ༡༤) ཡེ་ཤེ་བྷིབ། ༡༥) བྷིལ་གཱ། ༡༦) ཨིམ་མེར ༡༧) ཧེ་ཛིར། ༡༨) ཧ་པི་ཛེཛ ༡༩) པེ་ཐ་ཡཱ། ༢༠) ཡེ་ཧེཛ་ཀེལ། ༢༡) ཡ་ཀིན། ༢༢) གྷ་མུལ། ༢༣) དྷེ་ལའི་ཡཱ། ༢༤) མ་ཛི་ཡཱ། 19མི་འདི་ཚོ་རང་རང་སོ་སོའི་ལས་འགན་བཞིན་མཆོད་ཁང་དུ་ཕྱིན་ནས། དེ་ཚོའི་མེས་པོ་གོང་མ་ཨ་རོན་གྱིས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ནས་གཏན་འབེབས་གནང་བའི་ལས་འགན་ཞུ་རྒྱུར་དེབ་སྐྱེལ་གནང་ཡོད་དོ༎

ལེ་ཝི་པ་ཚོའི་མིང་ཐོ།

20འདི་ཚོ་ལེ་ཝི་པའི་རིགས་བརྒྱུད་ལས་ཆད་པའི་ཁྱིམ་ཚང་ཚོའི་འགོ་འཁྲིད་གཞན་ཚོ་ཡིན་ནོ། ཤེ་བུ་ཨེལ་བརྒྱུད་ནས་ཨམ་རམ་གྱི་རིགས་བརྒྱུད་ཡེ་དི་ཡཱ། 21རེ་ཧབ་ཡཱའི་རིགས་བརྒྱུད་ཨི་ཤི་ཨ། 22ཤེ་ལོ་མིད་བརྒྱུད་ཨིཛ་ཧར་གྱི་རིགས་བརྒྱུད་ཡ་ཧད། 23ཧེབ་རོན་གྱི་བུ་རྣམས་ཀྱི་ལོའི་གོ་རིམ་ལྟར་ཡེ་རི་ཨ་དང་ཨ་མར་ཡཱ་དང་ཡེ་ཧ་ཛི་ཨེལ་དང་ཡེ་ཀ་མིམ། 24མི་ཀཱའི་བརྒྱུད་ཨུ་ཛི་ཨེལ་གྱི་རིགས་བརྒྱུད་ཤ་མིར། 25མི་ཀཱའི་སྤུན་ཨི་ཤི་ཨ་བརྒྱུད་ཨུ་ཛི་ཨེལ་གྱི་རིགས་བརྒྱུད་ཛ་ཀར་ཡཱ། 26མེ་ར་རིའི་རིགས་བརྒྱུད་མཱ་ལི་དང་མུ་ཤི་དང་ཡ་ཛི་ཡཱ་ཡིན་ནོ། 27ཡ་ཛི་ཡཱ་ལ་ཤོ་ཧམ་དང་ཛ་ཀུར་དང་ཨིབ་རི་བཅས་བུ་གསུམ་ཡོད་དོ། 28-29མཱ་ལི་ལ་བུ་ཨེ་ལི་ཛར་དང་ཀིཤེ་བཅས་གཉིས་ཡོད་དོ། ཨེ་ལི་ཛར་ལ་བུ་མེད་དོ། འོན་ཀྱང་ཀི་སི་ལ་བུ་ཡེ་རཱ་མིལ་ཟེར་བ་ཞིག་ཡོད། 30མུ་ཤི་ལ་མཱ་ལི་དང་ཨེ་དྷེར་དང་ཡེ་རེ་མོད་བཅས་བསུམ་ཡོད་དོ། ལེ་ཝི་པའི་ཁྱིམ་ཚང་རྣམས་ནི་འདི་ལྟར་ཡིན་ནོ། 31དེ་ཚོའི་གཉེན་ཚན་ཨ་རོན་གྱི་རིགས་བརྒྱུད་བླ་མ་ཚོས་གནང་བ་ལྟར། ཁྱིམ་ཚང་རེ་རེའི་འགོ་འཛིན་དང་ཁོང་གི་སྤུན་ཆུང་བ་ནང་ནས་གཅིག་གིས་ལས་འགན་གྱི་ཆེད་དུ་རྒྱན་ཤོག་རྒྱབ་བོ། རྒྱལ་པོ་དཱ་བིད་དང་ཛ་དཱོག་དང་ཨ་ཧི་མེ་ལེག་དང་བླ་མ་ཚོ་དང་ལེ་ཝི་པའི་ཁྱིམ་ཚང་རྣམས་ཀྱི་འགོ་པ་ཚོ་དཔང་པོ་ཡིན་ནོ༎

སྔོན་རབས་དང་པོ། 25

1རྒྱལ་པོ་དཱ་བིད་དང་ལེ་ཝི་པའི་འགོ་འཛིན་ཚོས་མཆོད་འབུལ་གྱི་ལས་འགན་འགོ་འཛུགས་མཁན་རྣམས་གཤམ་གསལ་ལྟར་ལེ་ཝི་རིགས་རུས་རྣམས་ནས་ཨ་སཕེ་དང་། ཧེ་མན་དང་། ཡེ་དུ་ཐུན་བཅས་འདམས་ཡོད་དོ། དེ་ཚོས་པི་ཝང་དང་སྤུབ་ཆལ་བཅས་ནས་གཙོ་བོ་དཀོན་མཆོག་གི་གསུང་འཕྲིན་གསལ་སྒྲགས་བྱ་དགོས་པ་དང་། དེ་ཚོའི་མིང་དང་ལས་འགན་འདི་ལྟར་ཡིན། 2ཨ་སཕེ་ཀྱི་བུ་རྣམས་ཛ་ཀུར་དང་ཡོ་སབ་དང་ནེ་ཐན་ཡཱ་དང་ཨ་ཤ་རེ་ལཱ་བཅས་བཞི་ཡོད། དེ་ཚོས་རྒྱལ་པོས་བཀའ་གནང་བ་ལྟར་གཙོ་བོ་དཀོན་མཆོག་གི་གསུང་འཕྲིན་གསལ་སྒྲགས་གནང་མཁན་ཨ་ས་ཕའི་དབུ་འཁྲིད་འོག་ཡོད་དོ། 3ཡེ་དུ་ཐུན་ལ་གྷེ་དལ་ཡཱ་དང་ཛེ་རི་དང་ཡེ་ཤ་ཡཱ་དང་ཤིམ་ཨི་དང་ཧ་ཤབ་ཡཱ་དང་མ་ཏི་ཐི་ཡཱ་བཅས་བུ་དྲུག་ཡོད། ཡབ་ཀྱི་དབུ་འཁྲིད་འོག་ཏུ་དེ་ཚོས་པི་ཝང་གི་རོལ་མོ་དང་བསྟོད་པའི་མགུར་མ་ལེན་པ་དང་། གཙོ་བོ་དཀོན་མཆོག་ལ་ཐུགས་རྗེ་ཞུ་བ་དང་ཆབ་ཅིག་དེ་ཚོས་དཀོན་མཆོག་གི་གསུང་འཕྲིན་གསལ་སྒྲགས་བྱས་སོ། 4ཧེ་མན་གྱི་བུ་བཅུ་བཞི་ནི་བྷུག་ཀི་ཡ་དང་མ་ཏན་ཡཱ་དང་ཨུ་ཛི་ཨེལ་དང་ཤེ་བུ་ཨེལ་དང་ཡེ་རི་མོད་དང་ཧ་ནན་ཡཱ་དང་ཧ་ན་ནི་དང་ཨེལ་ལའི་ཐ་དང་གྷི་དལ་ཏི་དང་རོ་མམ་ཏི་ཨེ་ཛེར་དང་ཡོཤ་བྷེ་ཀ་ཤཱ་དང་མ་ལོ་ཐི་དང་ཧོ་ཐིར་དང་མ་ཧ་ཛིི་ཨོད་བཅས་ཡིན་ནོ། 5རྒྱལ་པོའི་ལུང་སྟོན་པ་ཧེ་མན་ལ་མཐུ་སྟོབས་གནང་བའི་ཕྱིར་དཀོན་མཆོག་གིས་ཞལ་བཞེས་གནང་བ་ལྟར། ཁོང་ལ་བུ་བཅུ་བཞི་དང་བུ་མོ་གསུམ་ཡང་གནང་ངོ། 6ཁོང་གི་བུ་ཚང་མས་ཡབ་ཀྱི་དབུ་འཁྲིད་འོག་མཆོད་ཁང་གི་མཆོད་འབུལ་སྐབས་སྤུབ་ཆལ་དང་པི་ཝང་བཅས་གཏོང་གི་ཡོད་པ་དང་། ཨ་སཕ་དང་ཡེ་དུ་ཐུན་དང་ཧེ་མན་བཅས་པ་རྒྱལ་པོའི་བཀའ་འོག་ཏུ་ཡོད་དོ། 7མི་གྲངས་ཉི་ཤུ་རྩ་བཞི་ཡོད་པ་དེ་ཚོ་ཚང་མ་མཁས་པ་འབའ་ཞིག་ཡིན་པ་དང་། དེ་ཚོའི་རོགས་པ་ལེ་ཝི་པ་ཚོ་སྦྱོང་དར་ཡོད་པའི་རོལ་མོ་མཁན་ཡིན་ནོ། ཚང་མ་བསྡོམས་མི་གྲངས་ ༢༨༨ ཡོད་དོ། 8དེ་ཚོ་ལས་འགན་ཁག་སོ་སོ་ཐག་གཅོད་བྱེད་པར་ལོ་ཆེ་ཆུང་དང་མཁས་པ་དང་སྦྱོངས་དར་ཡིན་མིན་ལ་མ་ལྟོས་པར་རྒྱན་རྒྱབ་ནས་དབྱེ་བ་ཕྱེ་བ་དང་། 9-31མི་གྲངས་ ༢༨༨ ཡོད་པ་དེ་ཚོ་ཁྱིམ་ཚང་གཞིར་བཟུང་ལྟར་ཚོ་ཉི་ཤུ་རྩ་བཞི་ལ་བགོས་ཡོད་པ་དང་། ཚོ་རེར་མི་གྲངས་བཅུ་གཉིས་ཡོད་པ་དང་ཚོ་རེ་རེར་འགོ་འཛིན་རེར་ཡོད་དོ། ལས་འགན་གཞིར་བཟུང་གོ་རིམ་འདི་ལྟར་ཡིན་ནོ། ༡) ཨ་སཕེའི་ཁྱིམ་ཚང་གི་ཡོ་སེབ། ༢) གྷེ་དལ་ཡཱ། ༣) ཛ་ཀུར། ༤) ཛེ་རི། ༥) ནེ་ཐན་ཡཱ། ༦) བྷུ་ཀི་ཡཱ། ༧) ཨ་ཤ་རེ་ལཱ། ༨) ཡེེ་ཤ་ཡཱ། ༩) མ་ཏན་ཡཱ། ༡༠) ཤིམ་ཨི། ༡༡) ཨུ་ཛི་ཨེལ། ༡༢) ཧ་ཤབ་ཡཱ། ༡༣) ཤེ་བུ་ཨེལ། ༡༤) མ་ཏི་ཐི་ཡཱ། ༡༥) ཡེ་རི་མོད། ༡༦) ཧ་ནན་ཡཱ། ༡༧) ཡོཤ་བྷེ་ཀ་ཤཱ། ༡༨) ཧ་ན་ནི། ༡༩) མ་ལོ་ཐི། ༢༠) ཨི་ལའི་ཐ། ༢༡) ཧོ་ཐིར། ༢༢) གྷི་དལ་ཏི། ༢༣) མ་ཧ་ཛི་ཨོད། ༢༤) རོ་མམ་ཏི་ཨེ་ཛེར༎

སྔོན་རབས་དང་པོ། 26

མཆོད་ཁང་གི་སྐུ་སྲུང་པ་རྣམས།

1མཆོད་ཁང་གི་སྐུ་སྲུང་བ་ཚོའི་ལས་ཀའི་འགན་འདི་ལྟར་ཡིན། ཀོ་རཱའི་རིགས་རུས་ནས་ཨ་སཕེ་ཀྱི་ཁྱིམ་ཚང་གི་ཀོར་གྱི་བུ་མེ་ཤེ་ལེམ་ཡཱ་ཡིན་ནོ། 2ཁོང་ལ་བུ་བདུན་ཡོད་པ་ལོའི་གོ་རིམ་ལྟར་གྱི་མིང་ཐོ་ནི། ཛ་ཀར་ཡཱ་དང་ཡེ་དྷི་ཨེལ་དང་ཛེ་བ་དི་ཡཱ་དང་ཡད་ནི་ཨེལ་དང་། 3ཨེ་ལམ་དང་ཡེ་ཧོ་ཧ་ནན་དང་ཨེ་ལི་ཧོ་ནའི་བཅས་ཡིན་ནོ། 4ཨོ་བེད་ཨེ་དྷོམ་ཞེས་པ་ལ་བུ་བརྒྱད་ཡོད་པར་དཀོན་མཆོག་གིས་བྱིན་རླབས་གནང་བ་དེ་ཚོའི་ལོའི་གོ་རིམ་བཞིན་གྱི་མིང་ཐོ་ནི། ཤེ་མ་ཡཱ་དང་ཡེ་ཧོ་ཛ་བྷད་དང་ཡོ་ཨ་དང་ས་ཀར་དང་ནེ་ཐ་ནེལ་དང་། 5ཨ་མི་ཨེལ་དང་ཨི་ས་ཀར་དང་པེཨུ་ལེ་ཐའི་བཅས་ཡིན་ནོ། 6-7ཨོ་བེད་ཨེ་དྷོམ་གྱི་བུ་རྒན་ཤོས་ཤེ་མ་ཡཱ་ལ་བུ་ཨོད་ནི་དང་རེ་ཕ་ཨེལ་དང་ཨོ་བི་དང་ཨེལ་ཛ་བད་དང་ཨེ་ལི་ཧུ་དང་སེ་མ་ཀི་ཨ་བཅས་དྲུག་ཡོད་དོ། དེ་ཚོའི་འབྱོན་སྟངས་ལ་བརྟེན་ནས་རིགས་རུས་ནང་གི་མི་སྣ་གཙོ་ཆེ་ཚོ་ཡིན། ཆུང་ཤོས་གཉིས་པོ་ནི་དམིགས་བསལ་རྩལ་དང་ལྡན་པ་ཡིན་ནོ། 8ཨོ་བེད་ཨེ་དྷོམ་གྱི་ཁྱིམ་ཚང་ལ་ནང་མེ་སྐྱེས་པ་ལས་འགན་ཧ་ཅང་འབྱོན་སྟངས་ལེགས་པ་ཅན་དྲུག་ཅུ་རེ་གཉིས་ཡོད་དོ། 9མེ་ཤེ་ལེམ་ཡཱའི་ཁྱིམ་ཚང་ནང་སྐྱེས་པ་འབྱོན་སྟངས་ལེགས་པ་ཅན་བཅོ་བརྒྱད་ཡོད་དོ། 10མེ་ར་རིའི་རིགས་རུས་ཧོ་སཱ་ལ་བུ་བཞི་ཡོད་པ་ནི། ཤིམ་རི་(ཁོང་ནི་བུ་རྒན་ཤོས་མིན་ན་ཡང་ཕས་ཁོ་ལ་འགོ་པར་བསྐོས་སོ་)དང། 11ཧིལ་ཀི་ཡཱ་དང་ཏེ་བྷལ་ཡཱ་དང་ཛ་ཀར་ཡཱ་བཅས་ཡིན། ཧོ་སཱའི་ཁྱིམ་ཚང་ནང་མཆོད་ཁང་གི་སྐུ་སྲུང་བ་བསྡོམས་བཅུ་གསུམ་ཡོད་དོ། 12མཆོད་ཁང་གི་སྐུ་སྲུང་བ་རྣམས་ཁྱིམ་ཚང་གཞིར་བཟུང་ཚོ་སོ་སོར་བགོས་ཡོད་པ་དང་། ལེ་ཝི་པ་གཞན་ཚོ་ལྟར་དེ་ཚོ་ལ་མཆོད་ཁང་ནང་ལས་འགན་སྤྲད་ཡོད་དོ། 13ཁྱིམ་ཚང་ཆེ་ཆུང་ལ་མ་ལྟོས་པར་རེ་རེ་བཞིན་རྒྱལ་སྒོར་རང་གི་ལས་འགན་ཇི་ཡོད་རྒྱན་རྒྱབ་པ་ཡིན་ནོ། 14ཤེ་ལེམ་ཡཱ་ལ་ཤར་སྒོ་ཐོབ་པ་དང་། ཁོང་གི་བུ་རྟག་ཏུ་སློབ་སྟོན་བཟང་པོ་གནང་མཁན་ཛ་ཀར་ཡཱ་ལ་བྱང་སྒོ་ཐོབ་བོ། 15ཨོ་བེད་ཨེ་དྷོམ་ལ་ལྷོ་སྒོ་ཐོབ་པ་དང་། ཁོང་གི་བུ་ཚོར་བང་མཛོད་སྲུང་རྒྱུའི་ལས་འགན་ཐོབ་བོ། 16ཤུ་པིམ་དང་ཧོ་སཱ་ལ་ནུབ་སྒོ་ཐོབ་པ་དང་། ཤ་ལེ་ཀེད་ལ་ལམ་སྟེང་གི་རྒྱལ་སྒོ་ཐོབ་བོ། སྐུ་སྲུང་བ་ལས་འགན་གཅིག་གི་རྗེས་ལ་གཅིག་དུས་ཚོད་སོ་སོར་བགོས་ནས་སྤྲད་ཡོད་དོ། 17ཤར་ཕྱོགས་ལ་ཉིན་རེར་སྐུ་སྲུང་བ་དྲུག་རེ་ལས་འགན་དུ་ཡོད་པ་དང་། བྱང་ཕྱོགས་ལ་བཞི་དང་ལྷོ་ཕྱོགས་ལ་བཞི་བཅས་ཡོད་དོ། བང་མཛོད་རེ་རེར་མི་གཉིས་རེ་བཅས་བང་མཛོད་ཁང་གི་སྐུ་སྲུང་བ་བཞི་བསྐོས་ཡོད་དོ། 18ནུབ་ཕྱོགས་ཀྱི་ཁྱམས་རའི་ཉེ་འགྲམ་གྱི་ལམ་སྲང་ལ་སྐུ་སྲུང་བ་བཞི་དང་ཁྱམས་ར་རང་དུ་སྐུ་སྲུང་བ་གཉིས་ཡོད་དོ། 19དེ་ཚོ་ནི་ཀོ་ར་དང་མི་ར་རིའི་རིགས་རུས་ཀྱི་སྐུ་སྲུང་བའི་ལས་འགན་ཡིན་ནོ༎

མཆོད་ཁང་གི་ལས་འགན་གཞན་ཁག།

20ལེ་ཝི་པ་ཚོའི་རོགས་པ་གཞན་རྣམས་ཀྱི་མཆོད་ཁང་དུ་དཀོན་མཆོག་ལ་འབུལ་བ་བསྔོ་བའི་དངུལ་མཛོད་དང་བང་མཛོད་ཁག་གི་འགན་ཡོད་དོ། 21གྷེར་ཤོན་གྱི་བུ་ཡིན་པ་ལ་དན་ལ་ཁྱིམ་ཚང་ཚོ་ཁག་མང་པོ་ཡོད་པ་དང་། ཁོང་གི་བུ་ཡེ་ཧི་ཨེལ་གྱི་ཁྱིམ་ཚང་བཅས་པའི་མེས་པོ་ཡིན་ནོ། 22ལ་དན་གི་བུ་ཛེ་ཐམ་དང་ཡོ་ཨེལ་གཉིས་ནི་མཆོད་ཁང་གི་དངུལ་མཛོད་དང་བང་མཛོད་ཁག་གི་འགན་ཡོད་དོ། 23ཨམ་རམ་དང་ཨིཛ་ཧར་དང་ཧེབ་རོན་དང་ཨུ་ཛི་ཨེལ་གྱི་བརྒྱུད་པ་ཚོ་ལ་ཡང་ལས་འགན་སྤྲད་ཡོད་དོ། 24མོ་ཤེའི་བུ་གྷེར་ཤོམ་གྱི་རིགས་རུས་ཀྱི་ཤེ་བུ་ཨེལ་ནི་མཆོད་ཁང་གི་དངུལ་མཛོད་ཀྱི་འགན་འཁུར་བའི་ལས་བྱེད་པ་གཙོ་བོ་ཡིན་ནོ། 25གྷེར་ཤོམ་གྱི་སྤུན་ཨེ་ལི་ཨེ་ཛེར་བརྒྱུད་ནས་ཁོ་ནི་ཤེ་ལོ་མིད་ཀྱི་སྤུན་ཡིན་པ་དང་། ཨེ་ལི་ཨེ་ཛེར་ནི་རེ་ཧབ་ཡཱའི་ཕ་དང་། ཁོ་ནི་ཡེ་ཤི་ཨའི་ཕ་ཡིན་ནོ། ཇོ་རམ་གྱི་ཕ་དང་ཛིག་རིའི་ཕ་དང་ཤེ་ལོ་མིད་ཀྱི་ཕ་ཡིན་ནོ། 26ཤེ་ལོ་མིད་དང་ཁོའི་ཁྱིམ་ཚང་གི་ནང་མི་ཚོར་རྒྱལ་པོ་དཱ་བིད་དང་ཁྱིམ་ཚང་གི་གཙོ་བོ་ཚོ་དང་། རིགས་རུས་ཀྱི་ཚོ་སོ་སོའི་འགོ་པ་དང་དམག་དཔོན་ཚོ་བཅས་པས་དཀོན་མཆོག་ལ་བསྔོ་བའི་འབུལ་བ་ཚང་མའི་འགན་འཛིན་ཡོད་དོ། 27དེ་ཚོས་དམག་ས་ནས་བཅོམ་ནོར་ཕྲན་བུ་འཁྱེར་ཡོང་ནས་མཆོད་ཁང་གི་བེད་སྤྱོད་ཆེད་བསྔོ་བ་ཡིན་ནོ། 28ཤི་ལོ་མིད་དང་ཁོང་གི་ཁྱིམ་ཚང་ཚོ་མཆོད་ཁང་ནང་བེད་སྤྱོད་བྱེད་པའི་ཆེད་བསྔོ་བའི་རིགས་དང་ལུང་སྟོན་པ་ཤ་མུ་ཨེལ་གྱིས་བསྣམས་ཕེབས་པའི་འབུལ་བ་ཚོ་དང་། རྒྱལ་པོ་ཤ་ཨུལ་དང་ནེར་གྱི་བུ་ཨབ་ནེར་དང་ཛེ་རུ་ཡའི་བུ་ཡོ་ཨབ་བཅས་ཀྱི་འཁྱེར་ཡོང་བའི་འབུལ་བ་རྣམས་ཀྱི་ལས་འགན་འཁྲིད་ཡོད་དོ༎

ལེ་ཝི་པ་གཞན་ཚོའི་ལས་འགན་རྣམས།

29ཨིཛ་ཧར་གྱི་རིགས་བརྒྱུད་ཀེ་ན་ནི་ཡཱ་དང་ཁོའི་བུ་ཚོར་འཛིན་སྐྱོངས་ཀྱི་ཡིག་ཆ་བདག་ཉར་གྱི་ལས་འགན་དང་། ཨིསི་རཱཨེལ་མི་མང་ཚོའི་འཁོན་འཁྲུགས་ཞི་སྒྲིགས་བྱ་རྒྱུའི་ལས་འགན་ཡོད་དོ། 30ཧེབ་རོན་གྱི་རིགས་བརྒྱུད་ཀྱི་ཁྲོད་ནས་ཧ་ཤབ་ཡཱ་དང་། ཁོའི་སྤུན་གཞན་དང་མི་འདྲ་བ་ ༡,༧༠༠ ཡོད་པ་རྣམས་ནི་ཆོས་དང་མི་མང་གི་ལས་དོན་གྱི་འཛིན་སྐྱོངས་པའི་འགོ་འཛིན་དུ་ཨིསི་རཱཨེལ་གྱི་གཙང་པོ་ཡོར་དན་གྱི་ནུབ་ཕྱོགས་སུ་བཞག་གོ 31ཡེ་རི་ཨ་ནི་ཧེབ་རོན་གྱི་བརྒྱུད་པའི་འགོ་འཛིན་ཡིན་ནོ། རྒྱལ་པོ་དཱ་བིད་ཀྱིས་རྒྱལ་སྲིད་སྐྱོངས་བའི་ལོ་བཞི་བཅུ་པར་ཧེབ་རོན་གྱི་ཁྱིམ་ཚང་གི་བརྒྱུད་པ་དང་། ཁྱིམ་ཚང་དེའི་དམག་མི་གཞན་དང་མི་འདྲ་བ་ཚོའི་རྩད་ཞིབ་གནང་བ་དང་། དེ་ཚོ་གྷིལ་ཨད་ཀྱི་མངའ་ཁུལ་ཡ་ཛེར་དུ་གནས་སྡོད་བྱེད་བཞིན་ཡོད་པ་ཤེས་སོ། 32རྒྱལ་པོ་དཱ་བིད་ཀྱིས་ཡེ་རི་ཨའི་ཁྱིམ་ཚང་གི་འགོ་འཛིན་གཞན་དང་མི་འདྲ་བ་ ༢,༧༠༠ འདམས་གནང་བ་དང་། དེ་ཚོ་ཆོས་དང་ཞི་བའི་སྟི་གནས་མི་མང་གི་ལས་འགན་གྱི་འཛིན་སྐྱོངས་ཀྱི་འགོ་འཛིན་པར་ཡོར་དན་གཙང་པོའི་ཤར་ཕྱོགས་ཨིསི་རཱཨེལ་མངའ་ཁུལ་རུ་བྷེན་དང་། གྷཌ་དང་། ཤར་མ་ནསེ་སཱེ་བཅས་པར་བསྐོ་བཞག་གནང་ངོ་༎

སྔོན་རབས་དང་པོ། 27

དམག་སྡེ།

1འདི་ནི་ཨིསི་རཱཨེལ་གྱི་ཁྱིམ་ཚང་ཚོའི་འགོ་འཛིན་རྣམས་དང་རིགས་རུས་ཚོའི་འགོ་འཛིན་རྣམས་དང་། དེ་ཚོའི་རྒྱལ་ཁབ་ཀྱི་ལས་དོན་ལ་ལས་བྱེད་པ་འཛིན་སྐྱོངས་བྱ་མཁན་ཚོའི་ཐོ་ཡིན་ནོ། ལོ་གཅིག་ནང་ཟླ་རེར་ཚོ་མི་འདྲ་བ་མི་གྲངས་ ༢༤,༠༠༠ ལས་འགན་དུ་ཡོད་དོ། ཟླ་བ་དེའི་ཆེད་དུ་ཚོ་དེ་དམག་སྤྱི་ཞིག་གི་མངའ་འོག་ཏུ་ཡོད་དོ། 2-15གཤམ་གསལ་ཁག་ཟླ་བ་སོ་སོའི་ཚོ་མི་འདྲ་བའི་དམག་སྤྱི་རྣམས་ཡིན་ནོ། ཟླ་བ་དང་པོར། ཛབ་དི་ཨེལ་གྱི་བུ་ཡ་ཤོ་བྷིམ་ཡིན་པ་དང་། (ཁོ་ནི་ཡ་ཧུ་དཱའི་སྡེ་རིགས་ཀྱི་ཆ་ཤས་པེ་རེཛའི་རིགས་རུས་ཀྱི་མི་ཁོང་ཡིན་ནོ།) ཟླ་བ་གཉིས་པ། ཨ་ཧོ་ཧིའི་མི་བརྒྱུད་ཀྱི་དྷོ་དའི་ཡིན་པ་དང་། (ཁོའི་མངའ་འོག་ཨང་གཉིས་པ་ནི་མིག་ལོད་ཡིན་ནོ།) ཟླ་བ་གསུམ་པ། བླ་མ་ཡེ་ཧོ་ཡ་དྷའི་བུ་བྷེ་ན་ཡཱ་ཁོ་ནི་སུམ་ཅུ་པོའི་འགོ་པ་ཡིན་པ་དང་། (ཁོའི་བུ་ཨ་མི་ཛ་བྷ་ད་ཁོའི་ཚབ་ཏུ་ཚོ་དེའི་འགོ་འཛིན་དུ་འགྱུར་རོ།) ཟླ་བ་བཞི་པ། ཡོ་ཨབ་ཀྱི་བུ་ཨ་ས་ཧེལ་དང་། (ཁོའི་བུ་ཛེ་བ་དི་ཡཱ་ཁོའི་ཚབ་ཏུ་འགྱུར་རོ།) ཟླ་བ་ལྔ་པ། ཨིཛ་ཧར་གྱི་རིགས་བརྒྱུད་པ་ཤམ་ཧུད་དང་། ཟླ་བ་དྲུག་པ། ཊེ་ཀོ་ཨ་ནས་ཨི་ཀེཤའི་བུ་ཨི་ར་དང་། ཟླ་བ་བདུན་པ། པེ་ལོན་ནས་ཨེཕ་ར་ཡིམ་པ་ཧེ་ལེཛ་དང་། ཟླ་བ་བརྒྱད་པ། ཧུ་ཤཱ་ནས་སི་བྷི་ཀའི་དང་། (ཁོ་ནི་ཡ་ཧུ་དཱའི་སྡེ་རིགས་ཀྱི་ཆ་ཤས་ཀྱི་ཛེ་རཱའི་རིགས་རུས་ཀྱི་འཐུས་མི་ཡིན་ནོ།) ཟླ་བ་དགུ་པ། བྷེན་ཡ་མིན་གྱི་སྡེ་རིགས་ཀྱི་ས་ཁུལ་གྱི་ཨ་ན་ཐོད་ནས་ཨ་བྷི་ཨེ་ཛར་དང་། ཟླ་བ་བཅུ་པ། ནེ་ཏོ་ཕཱ་ནས་མ་ཧ་རའི་དང་། (ཁོ་ནི་ཛེ་རཱའི་ཁྱིམ་སྡེའི་འཐུས་མི་ཡིན་ནོ།) ཟླ་བ་བཅུ་གཅིག་པ། ཨེཕ་ར་ཡིམ་ཀྱི་སྡེ་རིགས་ཀྱི་ས་ཁུལ་གྱི་པི་ར་ཐོན་ནས་བྷེ་ན་ཡཱ་དང་། ཟླ་བ་བཅུ་གཉིས་པ། ནེ་ཏོ་ཕཱ་ནས་ཧེལ་དའི། (ཁོ་ནི་ཨོཐ་ནི་ཨེལ་གྱི་རིགས་བརྒྱུད་ཡིན་ནོ།)

ཨིསི་རཱཨེལ་སྡེ་རིགས་རྣམས་ཀྱི་འཛིན་སྐྱོངས་ཁག།

16-22གཤམ་གསལ་འདི་ཚོ་ཨིསི་རཱཨེལ་གྱི་སྡེ་རིགས་རྣམས་ཀྱི་འཛིན་སྐྱོངས་པ་ཚོའི་མིང་ཐོ་ཡིན་ནོ། སྡེ་རིགས། འཛིན་སྐྱོང་པ། རུ་བྷེན། ཛིག་རིའི་བུ་ཨེ་ལི་ཨེ་ཛེར། སིམ་ཨོན མ་ཀཱའི་བུ་ཤེ་ཕཏ་ཡཱ། ལེ་ཝི། ཀེ་མུ་ཨེལ་གྱི་བུ་ཧ་ཤབ་ཡཱ། ཨ་རོན། ཛ་དཱོག། ཡ་ཧུ་དཱ། རྒྱལ་པོ་དཱ་བིད་ཀྱི་སྐུ་མཆེད་ཨེ་ལི་ཧུ། ཨི་ས་ཀར། མི་ཀ་ཨེལ་གྱི་བུ་ཨོམ་རི། ཛེ་བུ་ལུན། ཨོ་བ་དི་ཡཱའི་བུ་ཨིཤ་མ་ཡཱ། ནཕ་ཏ་ལི། ཨཛ་རི་ཨེལ་གྱི་བུ་ཡེ་རེ་མོད། ཨེཕ་ར་ཡིམ། ཨ་ཛ་ཛ་ཡཱའི་བུ་ཧོ་ཤེ་ཡ། ནུབ་མ་ནསེ་སཱེ། པེ་དྷ་ཡཱའི་བུ་ཡོ་ཨེལ། ཤར་མ་ནསེ་སཱེ། ཛེ་ཀར་ཡཱའི་བུ་ཨིད་དྷོ། བྷེན་ཡ་མིན། ཨབ་ནེར་གྱི་བུ་ཡ་སི་ཨེལ། དཱན། ཡེ་རོ་ཧམ་གྱི་བུ་ཨ་ཛ་རེལ་བཅས་སོ། 23རྒྱལ་པོ་དཱ་བིད་ཀྱིས། མི་མང་རྣམས་ལོ་གྲངས་ཉི་ཤུ་མན་ཆད་གྲངས་གཤེར་གནང་མེད་དོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་མི་མང་རྣམས་ནམ་མཁའི་སྐར་ཚོགས་བཞིན་ཁྱོན་ཆེ་བཟོ་གནང་རྒྱུའི་ཞལ་བཞེས་གནང་ཡོད་དོ། 24ཡུམ་ཛེ་རུ་ཡའི་བུ་ཡོ་ཨབ་ཀྱིས་མི་འབོར་གྲངས་གཤེར་བྱ་འགོ་ཚུགས་ཀྱང་། ཁོའི་ཆ་ཚང་བྱས་ཐུབ་མེད་དོ། དཀོན་མཆོག་གིས་མི་འབོར་གྲངས་གཤེར་འདིའི་རྐྱེན་གྱིས་ཨིསི་རཱཨེལ་ལ་ཆད་པ་གཏོང་གནང་ཡོད། དེ་འདྲ་སོང་ཙང་རྒྱལ་པོ་དཱ་བིད་ཀྱི་གཞུང་འབྲེལ་ཡིག་ཆའི་ནང་གྲངས་འབོར་མཐའ་མ་དེ་བཀོད་མེད་དོ༎

རྒྱལ་པོའི་རྒྱུ་ནོར་གྱི་འཛིན་སྐྱོངས་པ།

25-31རྒྱལ་པོའི་ཁོངས་གཏོགས་ཀྱི་རྒྱུ་ནོར་གྱི་འཛིན་སྐྱོངས་པའི་མིང་ཐོ་གཤམ་གསལ་ལྟར་ཡིན་ནོ། རྒྱལ་པོའི་མཛོད་ཁང་། : ཨ་དིལ་གྱི་བུ་ཨཛ་མ་ཝེད། ས་གནས་ཀྱི་མཛོད་ཁང་། : ཨུ་ཛི་ཡཱའི་བུ་ཡོ་ན་ཐན། ཞིང་ཁའི་ལས་མི། : ཀེ་ལུབ་ཀྱི་བུ་ཨིཛི་རི། རྒུན་ཚལ་རྣམས། : ར་མཱ་ནས་ཤིམ་ཨི། ས་འོག་ཏུ་ཡོད་པའི་རྒུན་ཆང་གི་དོལ་ཁང་རྣམས། : ཤེ་ཕམ་ནས་ཛབ་དཱི། ནུབ་ཕྱོགས་ཀྱི་རི་གཤམ་འོག་ཏུ་ཡོད་པའི་ཁ་སྐྱུར་པོའི་ཤིང་དང་སེ་ཡབ་ཤིང་། : གྷེ་དྷེར་ནས་བྷལ་ཧ་ནན། ཁ་སྐྱུར་པོའི་སྣུམ་གྱི་གཉེར་ཚང། : ཡོ་ཨཱཤ། ཤ་རོན་གྱི་ཐང་གི་ཕྱུགས་ཟོག། : ཤ་རོན་ནས་ཤིར་ཏའི། ལུང་གཤོང་རྣམས་ཀྱི་ཕྱུགས་ཟོག། : ཨད་ལའི་བུ་ཤ་ཕཏ། རྔ་མོང་རྣམས། : ཨིཤ་མ་ཨེལ་པ་ཨོ་བྷིལ། བོང་བུ་རྣམས། : མེ་རོ་ནོད་ནས་ཡེ་དི་ཡཱ། ལུག་དང་ར་རྣམས། : ཧ་གྷར་པ་ཡ་ཛིཛ་བཅས་སོ།

དཱ་བིད་ཀྱི་སྐུ་སྒེར་གྱི་གྲོས་སྟོན་པ།

32རྒྱལ་པོ་དཱ་བིད་ཀྱི་ཨ་ཁུ་ཡོ་ན་ཐན་ནི་སློབ་སྟོན་ཚད་ལྡན་པ་མཁས་དབང་ཞིག་ཡིན་པ་དང་། ཁོང་དང་ཧག་མོ་ནིའི་བུ་ཡེ་ཧི་ཨེལ་གཉིས་རྒྱལ་པོའི་སྲས་ཚོའི་སློབ་སྦྱོངས་ཀྱི་འགོ་འཛིན་ཡིན་ནོ། 33ཨ་ཧི་ཐོ་ཕེལ་ནི་རྒྱལ་པོའི་གྲོས་སྟོན་པ་དང་། ཨར་ཀི་པ་ནི་ཧུ་ཤའི་རྒྱལ་པོའི་གྲོགས་པོ་དང་གྲོས་སྟོན་པ་ཡིན་ནོ། 34ཨ་ཧི་ཐོ་ཕེལ་གྲོངས་པའི་རྗེས་སུ་ཨ་བྷི་ཡ་ཐར་དང་བྷེ་ན་ཡཱའི་བུ་ཡེ་ཧོ་ཡ་དྷ་རྒྱལ་པོའི་གྲོས་སྟོན་པར་འགྱུར་རོ། ཡོ་ཨབ་ནི་རྒྱལ་པོའི་དམག་མིའི་དམག་དཔྱིར་བཀོད་བསྡོམས་བྱས་པ་ཡིན་ནོ༎

སྔོན་རབས་དང་པོ། 28

མཆོད་ཁང་གི་ཆད་དུ་དཱ་བིད་ཀྱི་སློབ་སྟོན་རྣམས།

1རྒྱལ་པོ་དཱ་བིད་ཀྱིས་ཨིསི་རཱཨེལ་གྱི་ལས་བྱེད་པ་རྣམས་ཡེ་རུ་ཤ་ལེམ་དུ་འཛོམས་དགོས་པའི་བཀའ་གནང་ངོ་། དེ་འདྲ་སོང་ཙང་སྡེ་རིགས་ཚོའིི་ལས་བྱེད་པ་ཚང་མ་དང་། རྒྱལ་ཁབ་ཀྱི་ལས་དོན་ཐོག་འཛིན་སྐྱོངས་གནང་མཁན་ལས་བྱེད་པ་ཚོ་དང་། རིགས་རུས་ཀྱིི་འགོ་པ་ཚོ་དང་། རྒྱལ་པོ་དང་སྲས་ཚོར་བདག་པའི་རྒྱུ་དངོས་དང་། ཕྱུགས་ཚོའི་བཀོད་ཁྱབ་པ་དང་། ཕོ་བྲང་གི་ལས་བྱེད་པ་ཚོ་དང་། དམག་མི་གལ་ཆེ་ཁག་དང་། མི་སྣ་གལ་ཆེ་བཅས་པ་ཡེ་རུ་ཤ་ལེམ་དུ་འཛོམས་སོ། 2དཱ་བིད་ཀྱིས་དེ་ཚོའི་མདུན་དུ་བཞེངས་ནས་གསུངས་བཤད་གནང་བ་ནི། ངའི་ཡུལ་མི་ཚོ་ང་ལ་ཉོན་ཞིག་དང་། ངས་དམ་བཅའི་སྒྲོམ་དེ་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཞབས་སྟེགས་ཞིག་བཞེངས་འདོད་ཡོད་པ་དང་། ངས་ཁོང་ལ་གུས་ཞབས་ཞུ་བའི་ཆེད་མཆོད་ཁང་ཞིག་བཞེངས་པའི་གྲ་སྒྲིགས་གྱིས་པ་ཡིན་ནོ། 3འོན་ཀྱང་ཁོང་གིས་དེ་ལྟར་བྱེད་པར་འགག་བྱ་གནང་བྱུང་། གང་ལ་ཟེར་ན། ང་དམག་མི་ཞིག་ཡིན་པས་མི་མང་པོ་བསད་ཡོད་པའི་རྐྱེན་གྱིས་ཡིན་ནོ། 4གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ང་དང་ངའི་རིགས་བརྒྱུད་ཀྱིས་ཨིསི་རཱཨེལ་གྱི་སྟེང་ཇི་སྲིད་ནམ་གནས་བར་རྒྱལ་སྲིད་སྐྱོངས་བར་འདམས་གནང་ཡོད། ཁོང་གི་ཡ་ཧུ་དཱའི་སྡེ་རིགས་ལ་དེད་དཔོན་དུ་འདམས་གནང་བ་དང་། ཡ་ཧུ་དཱ་པའི་ནང་ནས་ངའི་ཡབ་ཀྱི་ཁྱིམ་ཚང་ལ་འདམས་གནང་ཡོད། ཁྱིམ་ཚང་དེ་ཚོའི་ནང་ནས་ཁོང་གིས་ང་ལ་འདམས་གནང་ནས། ཨིསི་རཱཨེལ་ཡོངས་ཀྱི་རྒྱལ་པོར་བསྐོས་གནང་བར་ཐུགས་མཉེས་ཡོད། 5ཁོང་གིས་ང་ལ་བུ་མང་པོ་གནང་བ་དང་། དེ་ཚོའི་ཁོངས་ནས་ཁོང་གིས་སོ་ལོ་མོན་ལ་ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་གི་རྒྱལ་ཁབ་དེའི་སྟེང་རྒྱལ་སྲིད་སྐྱོངས་བར་འདམས་གནང་ཡོད་དོ། 6གཙོ་བོ་དཀོན་མཆོག་གིས་ཁྱོད་ཀྱི་བུ་སོ་ལོ་མོན་ནི་ངའི་མཆོད་ཁང་བཞེངས་མཁན་ཡིན། ངས་ཁོ་ལ་ངའི་བུ་འདམས་ཡོད་པ་དང་ང་ནི་ཁོའི་ཕ་ཡིན་ནོ། 7ཁོས་ད་ལྟ་བྱས་པ་བཞིན་ངའི་བཀའ་ཁྲིམས་རྣམས་ཟབ་ཟབ་བྱས་ནས་སྲུང་བརྩི་ཞུས་པ་ཡིན་ན། ངས་ཁོའི་རྒྱལ་སྲིད་དུས་རྒྱུན་གྱི་ཆེད་དུ་གནས་པར་བྱ་རྒྱུ་ཡིན་ཞེས་ང་ལ་བཀའ་གནང་བྱུང་ངོ་། 8དེ་འདྲ་སོང་ཙང་ངའི་མི་མང་ཚོ་ང་ཚོའི་དཀོན་མཆོག་དང་ཁོང་གི་མི་མང་ཨིསི་རཱཨེལ་པའི་འདུས་ཚོགས་འདིར་ཁྱོད་ཚོར་ས་ཆ་བཟང་པོ་མུ་མཐུས་བདག་པ་དང་། ཁྱོད་ཚོའི་མི་བརྒྱུད་རྗེས་མ་རྗེས་འཛིན་ཚོར་རྟག་ཏུ་རྩིས་སྤྲོད་ཐུབ་པའི་ཕྱིར་ང་ཚོའི་དཀོན་མཆོག་གི་ཇི་ལྟར་བཀའ་གནང་བ་བཞིན་ཟབ་ཟབ་ཀྱིས་སྲུང་བར་བྱོས་ཤིག་ཅེས་བསྐུལ་བར་བྱ་ཞེས་སོ། 9ཁོང་གིས་སོ་ལོ་མོན་ལ་ངའི་བུ་ངས་ཁྱོད་ཀྱིས་ཕའི་དཀོན་མཆོག་ལ་ངོས་ལེན་བྱས་ནས་ཐེ་ཚོམ་མེད་པར་འདོད་བཞིན་དུ། ཁོང་གི་ཞབས་ཞུ་བྱོས་ཤིག་ཅེས་ནན་བསྐུལ་བྱ་རྒྱུ་ཡིན། ཁོང་གིས་ང་ཚོའི་བསམ་བློ་དང་འདོད་པ་ཚང་མ་མཁྱེན་པ་དང་། ཁྱོད་ཁོང་སར་བཅར་ན་ཁོང་གིས་ཁྱོད་ལ་ངོས་ལེན་གནང་ཡོང་། འོན་ཀྱང་ཁྱོད་ཀྱིས་ཁོང་ནས་ཁ་བསྒྱུར་བ་ཡིན་ན་ཁོང་གིས་ཁྱོད་ལ་རྟག་ཏུ་འདོར་བ་གནང་བ་དང་། 10ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་གིས་དམ་པའི་མཆོད་ཁང་བཞེངས་བར་ཁྱོད་ལ་འདམས་གནང་བར་ཤེས་དགོས་སོ། ད་སེམས་ཐག་གཙང་མ་བཅད་ནས་དེ་ལྟར་བྱོས་ཤིག་ཅེས་བཀའ་གནང་ངོ་། 11དཱ་བིད་ཀྱིས་སོ་ལོ་མོན་ལ་མཆོད་ཁང་གི་ཁང་པ་ཡོངས་དང་མཛོད་ཁང་ཁག་དང་གཞན་ཁང་མིག་ཁག་དང་སྡིག་པ་སེལ་བའི་ཤིན་ཏུ་དམ་པའི་གནས་མཆོག་བཅས་པའི་འཆར་གཞི་ཚང་མ་གནང་ངོ་། 12ཁོང་གིས་ཐུགས་ནང་ཡོད་པའི་སྡེ་ཡངས་དང་དེའི་མཐའ་འཁོར་གྱི་ཁང་མིག་ཁག་དང་མཛོད་ཁང་དང་མཆོད་ཁང་གི་ཡོ་བྱད་དང་གཙོ་བོ་དཀོན་མཆོག་ལ་བསྔོ་བའི་འབུལ་བ་བཅས་ཀྱི་འཆར་གཞི་རྣམས་ཁོང་ལ་གནང་ངོ་། 13དཱ་བིད་ཀྱི་བླ་མ་དང་ལེ་ཝི་པ་རྣམས་ཀྱིས་རང་གི་ལས་འགན་ཁག་དང་། མཆོད་ཁང་གི་ལས་ཀ་ཁག་གནང་རྒྱུ་དང་། མཆོད་ཁང་གི་ཡོ་བྱད་རྣམས་བདག་ཉར་བྱ་རྒྱུ་བཅས་གོ་སྒྲིགས་བྱ་རྒྱུའི་འཆར་གཞི་ཡང་ཁོང་ལ་གནང་ངོ་། 14ཁོང་གིས་མཆོད་ཁང་གི་ཡོ་བྱད་བཟོ་བར་གསེར་དངུལ་ཇི་ལྟར་བེད་སྤྱོད་བྱེད་དགོས་པ་དང་། 15ཞུ་མར་དང་ཞུ་མར་གྱི་སྟེགས་བུ་དང་། 16དངུལ་གྱི་རྒྱ་ལྕོག་དང་དཀོན་མཆོག་ལ་ཕུལ་བའི་བཞེས་བག་འཇོག་པའི་གསེར་གྱི་རྒྱ་ལྕོག་རེར་གསེར་དང་དངུལ་ཇི་དགོས་བེད་སྤྱོད་བྱེད་དགོས་པའི་སློབ་སྟོན་གནང་ཡོད་དོ། 17ཤ་འཛིན་དང་མཆོད་ཞལ་དང་བུམ་པ་བཅས་བཟོ་བར་གསེར་ལྷད་མེད་ཇི་དགོས་པ་དང་། གསོལ་སྡེར་བཟོ་བར་གསེར་དངུལ་ཇི་དགོས་པ་དང་། 18བདུག་སྤོས་འབུལ་སའི་མཆོད་ཁྲི་དང་གཙོ་བོ་དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་སྟེང་ཀེ་རུབ་ཀྱི་ཤིང་རྟ་འཁོར་ལོ་བཟོ་བར་གསེར་ལྷད་མེད་ཇི་དགོས་སོགས་ཡང་སློབ་སྟོན་གནང་ཡོད་དོ། 19རྒྱལ་པོ་དཱ་བིད་ཀྱིས། འདི་ཚོ་ཚང་མ་འབྲི་བཀོད་གྱིས་པའི་འཆར་གཞི་རྣམས་གཙོ་བོ་དཀོན་མཆོག་སྐུ་ཉིད་ནས་ང་ལ་དེ་ལྟར་བྱེད་དགོས་པའི་བཀའ་གནང་བའི་ནང་དུ་གསལ་ཡོད་ཅེས་གསུངས་སོ། 20རྒྱལ་པོ་དཱ་བིད་ཀྱིས། རང་གི་སྲས་སོ་ལོ་མོན་ལ་བློས་གདེངས་དང་སེམས་ཐག་ཆོད་པོ་བྱོས་ཤིག་དང་། ལས་འགོ་འཚུགས་ལ་གང་གིས་ཀྱང་འགག་ཆ་མེད་པ་བྱོས་ཤིག་དང་། ངས་ཞབས་ཕྱི་ཞུ་བའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁྱོད་དང་མཉམ་དུ་ཡོད། ཁོང་གིས་ཁྱོད་ལ་སྤངས་མ་གནང་བར་ཁྱོད་ཀྱིས་ཁོང་གི་མཆོད་ཁང་བཞེངས་རྒྱུའི་ལས་ཀ་མ་ཚར་བར་ཁོང་ཁྱོད་དང་མཉམ་དུ་བཞུགས་པར་འགྱུར་རོ། 21བླ་མ་ཚོ་དང་ལེ་ཝི་པ་ཚོར་མཆོད་ཁང་འདི་ལ་བྱེད་དགོས་པའི་ལས་འགན་ཁག་སྤྲད་ཡོད་དོ། རྩལ་འདྲ་མིན་དང་ལྡན་ཡོད་པའི་ལས་མི་རྣམས་ཁྱོད་ལ་རོགས་བྱ་རྒྱུ་འདོད་པ་ཆེན་པོ་ཡོད་པ་དང་། མི་མང་ཡོངས་དང་དེ་ཚོའི་འགོ་པ་རྣམས་ཁྱོད་ཀྱི་མངའ་འོག་ཏུ་ཡོད་ཅེས་གསུངས་སོ༎

སྔོན་རབས་དང་པོ། 29

མཆོད་ཁང་བཞེངས་རྒྱུ་ཆེད་དུ་འཁྱེར་ཡོང་བའི་འབུལ་བ་རྣམས།

1རྒྱལ་པོ་དཱ་བིད་ཀྱིས་འདུས་ཚོགས་ཡོངས་ལ་གསལ་སྒྲགས་གནང་བ་ནི། ངའི་བུ་སོ་ལོ་མོན་ནི་དཀོན་མཆོག་གི་འདམས་གནང་བ་ཞིག་ཡིན་ནོ། འོན་ཀྱང་ཁོ་ལོ་ན་ཆུང་བ་དང་ཉམས་མྱོང་མེད་པས། ལས་འགན་དེ་ནི་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན་ནོ། གང་ལ་ཟེར་ན། དེ་ནི་མིའི་ཕོ་བྲང་ཞིག་མིན་པར་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཆེད་དུ་མཆོད་ཁང་ཞིག་ཡིན་ནོ། 2ངས་མཆོད་ཁང་གི་རྒྱུ་ཆའི་ཆེད་གསེར་དངུལ་དང་ལི་གན་དང་ལྕགས་དང་ཤིང་དང་རིན་ཆེན་ནོར་བུའི་རྡོ་དང་། རྡོ་བཟོ་བའི་ཆེད་རྡོ་ཀ་མ་རུ་པ་ལྡང་ངེས་བཅས་གྲ་སྒྲིགས་བྱ་རྒྱུར་ཐབས་གང་ཡོད་བྱས་ཡོད། 3དེ་ཚོ་ཚང་མ་སྒྲུབ་པའི་ཐོག་ང་རང་གི་རྒྱུ་དངོས་ནས་གསེར་དངུལ་ཡང་ཕུལ་ཡོད། གང་ལ་ཟེར་ན། ངས་དཀོན་མཆོག་གི་མཆོད་ཁང་ལ་མོས་གུས་བྱེད་ཀྱི་ཡོད། 4མཆོད་ཁང་གི་རྩིག་པར་རྒྱན་སྤྲོད་བྱེད་པར་ངས་གསེར་སྤུས་ཁ་ལེགས་ཤོས་མི་ཀྲིག་ཀྲོན་ ༡༠༠ ལྷག་དང་། དངུལ་སྤུས་ལེགས་མི་ཀྲིག་རིག་ཀྲོན་ ༢༤༠ ཙམ་ཕུལ་ཡོད། 5ད་གཙོ་བོ་དཀོན་མཆོག་ལ་སུ་ཞིག་གིས་ལྷག་བསམ་རྣམ་དག་གི་འབུལ་བ་འབུལ་འདོད་ཡོད་དམ་ཞེས་འདྲིས་སོ། 6དེ་ནས་རིགས་རུས་ཀྱི་འགོ་པ་དང་སྡེ་རིགས་ཚོའི་ལས་བྱེད་པ་ཚོ་དང་དམག་མིའི་དམག་སྤྱི་ཚོ་དང་རྒྱལ་པོའི་རྒྱུ་དངོས་ཀྱི་འཛིན་སྐྱོངས་པ་ཚོས་དང་བླངས་ཀྱིས། 7མཆོད་ཁང་གི་ལས་དོན་ཆེད་དུ་གསེར་མི་ཀྲིག་རིག་ཀྲོན་ ༡༧༠ ལྷག་དང་། དངུལ་མི་ཀྲིག་རིག་ཀྲོན་ ༣༤༠ ལྷག་དང་ལི་མི་ཀྲིག་རིག་ཀྲོན་ ༦༢༠ ཙམ་དང་། ལྕགས་མི་ཀྲིག་རིག་ཀྲོན་ ༣,༤༠༠ ལྷག་ཙམ་རང་གི་དང་བླངས་ཀྱི་ཕུལ་ལོ། 8རིན་པོ་ཆེའི་རྡོ་རིགས་ཡོད་མཁན་ཚོས་མཆོད་ཁང་གི་དཀོར་མཛོད་དུ་ཕུལ་ལོ། དེའི་འཛིན་སྐྱོངས་པ་ནི་གྷེར་ཤོན་གྱི་ལེ་ཝི་པའི་རིགས་རུས་ཀྱི་ཡེ་ཧི་ཨེལ་ཡིན་ནོ། 9མི་མང་ནས་རང་འདོད་བཞིན་དུ་གཙོ་བོ་དཀོན་མཆོག་ལ་དེ་ལྟར་ཕུལ་ཡོད་པ་དང་། དེ་ཚོ་ཚང་མས་དེ་ལྟར་འབུལ་ཐུབ་པར་དགའ་པོ་བྱུང་ངོ་། རྒྱལ་པོ་དཱ་བིད་ཀྱང་ཧ་ཅང་ཐུགས་དགྱེས་ཡོད་དོ༎

དཱ་བིད་ཀྱིས་དཀོན་མཆོག་ལ་བསྟོད་པ་ཕུལ་བ།

10མི་མང་འདུས་ཚོགས་སར་རྒྱལ་པོ་དཱ་བིད་ཀྱིས་དཀོན་མཆོག་ལ་བསྟོད་པ་ཕུལ་བ་ནི། ཁོང་གིས། ང་ཚོའི་ཕ་མེས་ཡ་ཀོབ་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁྱེད་ལ་རྒྱུན་ནས་རྒྱུན་དུ་བསྟོད་པ་ཕུལ་ལོ། 11ཁྱེད་ནི་རླབས་ཆེན་དང་མཐུ་སྟོབས་ཅན་དང་གཟི་བརྗིད་ཅན་དང་ཡ་ཆན་ཅན་དང་དཔའ་འོ་བཅས་ཡིན་པ་མ་ཟད། མཐོ་རིས་དང་ས་གཞིར་ཡོད་པ་ཚང་མ་ཁྱེད་ཀྱི་ཡིན་པ་དང་། ཁྱེད་ནི་རྒྱལ་པོ་དང་མི་རིགས་ཚང་མའི་ཆེས་མཐོའི་སྲིད་སྐྱོངས་པ་ཡིན་ནོ། 12རྒྱུ་ནོར་ཚང་མ་ཁྱེད་ནས་ཡོང་བ་ཡིན། ཁྱེད་ཀྱིས་ནུས་ཤུགས་དང་མཐུ་སྟོབས་ཀྱིས་ཚང་མར་དབང་བསྒྱུར་གནང་བ་དང་། ཁྱེད་ཀྱིས་ཚང་མ་ཆེན་པོ་དང་ནུས་ཤུགས་ཅན་བཟོ་གནང་ཐུབ་བོ། 13ད་ང་ཚོའི་དཀོན་མཆོག། ང་ཚོས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་ཀྱི་གཟི་བརྗིད་ཅན་གྱི་མཚན་ལ་བསྟོད་པ་འབུལ་རྒྱུ་ཡིན་ནོ། 14འོན་ཀྱང་ང་དང་ངའི་མི་མང་ནས་ཁྱེད་ལ་གང་ཡང་འབུལ་མི་ཐུབ་བོ། གང་ལ་ཟེར་ན། ཚང་མ་ཁྱེད་ཀྱི་གསོལ་རས་ཡིན་པ་དང་། སྔོན་དུ་ཁྱེད་ཀྱི་གང་ཡིན་པ་རྣམས་ང་ཚོས་ཕྱིར་འབུལ་གྱིས་ཡོད། 15ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་མཁྱེན་གསལ་ལྟར་ང་ཚོའི་ཕ་མེས་ཚོས་མྱོང་བ་ལྟར་ང་ཚོས་ཀྱང་བཙན་བྱོལ་དང་འགྲུལ་པའི་མི་ཚེ་མྱོང་ཡོད་དོ། ང་ཚོའི་མི་ཚེ་ཡལ་བའི་གྲིབ་ནག་ལྟར་ཡིན་པ་དང་ང་ཚོ་འཆི་བ་ནས་ཐར་མི་ཐུབ་བོ། 16ཀྱེ་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག། ང་ཚོས་ཁྱེད་ཀྱི་མཚན་དམ་པར་གུས་ཞབས་སུ་ཕྱིར་མཆོད་ཁང་བཞེངས་པའི་ཆེད་ནོར་འདི་རྣམས་བསྡུས་པ་ཡིན། འོན་ཀྱང་འདི་ཚོ་ཚང་མ་ཁྱེད་རང་ནས་ཡོང་བ་ཡིན་པས་ཁྱེད་ལ་བདག་པ་ཡིན་ནོ། 17ཁྱེད་ཀྱིས་མི་མང་ཚང་མའི་སེམས་ལ་རྟགས་དཔྱད་གནང་བ་དང་། མི་མང་གི་དྲང་པོའི་རིགས་གང་བྱེད་པ་ལ་ཁྱེད་ཐུགས་མཉེས་པོ་ཡོད་པ་དེ་ངས་ཤེས་ཀྱི་ཡོད། ངས་དྲང་པོ་དང་དད་གུས་ཐོག་ནས་རང་འདོད་བཞིན་དུ་འདི་ཚོ་ཁྱེད་ལ་ཕུལ་བ་ཡིན་ནོ། འདིར་འདུས་ཡོད་པའི་ཁྱེད་ཀྱི་མི་མང་རྣམས་ནས་ཁྱེད་ལ་འབུལ་བ་འཁྱེར་ཡོང་རྒྱུར་དགའ་སྤྲོ་ཇི་ལྟར་ཡོད་པ་ངས་མཐོང་བྱུང་། 18གཙོ་བོ་དཀོན་མཆོག་ང་ཚོའི་ཕ་མེས་ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་ཀྱི་དཀོན་མཆོག་ཁྱེད་ཀྱི་མི་མང་གི་སེམས་ནང་མོས་གུས་དེ་ལྟར་ཧ་ཅང་ཆེན་པོ་འཇོག་གནང་བ་དང་། དེ་ཚོ་ཚང་མས་རྟག་ཏུ་ཁྱེད་ལ་དམ་ཚིག་དང་ལྡན་པ་བཟོས་གནང་བར་མཛོད། 19ངའི་བུ་སོ་ལོ་མོན་ལ་ཁྱེད་ཀྱིས་བཀའ་ཇི་ལྟར་གནང་བ་ཚང་མ་སྒྲུབ་རྒྱུ་དང་། ངས་གྲ་སྒྲིགས་འདི་ལྟར་གྱིས་ནས་ཁྱེད་ཀྱི་ཆེད་དུ་མཆོད་ཁང་བཞེངས་རྒྱུར་སེམས་ཀྱི་གཏིང་ནས་འདོད་པ་དྲག་པོ་ཞིག་གནང་རོགས་གནང་ཞེས་བསྟོད་པ་ཕུལ་ལོ། 20དེ་ནས་དཱ་བིད་ཀྱིས་མི་མང་ལ། གཙོ་བོ་དཀོན་མཆོག་ལ་བསྟོད་པ་ཕུལ་ཞིག་ཅེས་བཀའ་གནང་ངོ་། འདུས་ཚོགས་ཡོངས་ནས་དེ་ཚོའི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བསྟོད་པ་ཕུལ་བ་དང་། དེ་ཚོ་ཧ་ཅང་མགོ་སྒུར་ནས་གཙོ་བོ་དཀོན་མཆོག་དང་རྒྱལ་པོ་ལ་ཡང་གུས་བཀུར་ཞུས་སོ། 21སང་ཉིན་དེར་དེ་ཚོས་དམར་མཆོད་ཆེད་དུ་སེམས་ཅན་བསད་ནས། དེ་ཚོ་གཙོ་བོ་དཀོན་མཆོག་ལ་བསྔོ་བར་བྱས་པ་དང་། དེ་ནས་དེ་ཚོ་མི་མང་ལ་ཟ་བའི་ཕྱིར་སྤྲད་དོ། དེའི་ཐོག་དེ་ཆོས་གླང་གོག་ ༡,༠༠༠ དང་ལུག་ཐུག་ ༡,༠༠༠ དང་ལུ་གུ་ ༡,༠༠༠ བཅས་དམར་མཆོད་ཕུལ་ནས། དེ་ཚོ་ཆ་ཚང་མཆོད་ཁྲིའི་སྟེང་དུ་བསྲེགས་སོ། དེ་ཚོས་རྒུན་ཆང་གི་མཆོད་པ་ཡང་འཁྱེར་ཡོད་དོ། 22དེ་འདྲ་སོང་ཙང་ཉིན་དེར་དེ་ཚོས་གཙོ་བོ་དཀོན་མཆོག་གི་དྲུང་དུ་ཟ་འཐུང་བྱས་སྟབས་ཧ་ཅང་དགའ་སྤྲོ་ཐོབ་བོ། དེ་ཚོས་ཐེངས་གཉིས་པར་སོ་ལོ་མོན་རྒྱལ་པོ་ཡིན་པར་གསལ་སྒྲགས་གྱིས་སོ། གཙོ་བོ་དཀོན་མཆོག་གི་མཚན་ལ་དེ་ཚོས་ཁོང་ལ་རང་གི་རྒྱལ་པོར་དང་ཛེ་དཱོག་ལ་བླ་མ་ལྟར་བསྔོས་འབུལ་བྱས་སོ། 23དེ་ལྟར་སོ་ལོ་མོན་གཙོ་བོ་དཀོན་མཆོག་གིས་བཟོས་གནང་བའི་རང་གི་ཡབ་དཱ་བིད་ཀྱི་རྒྱལ་ཁྲིའི་ཤུལ་འཛིན་དུ་འགྱུར་རོ། ཁོང་ནི་རྒྱལ་པོ་ལམ་ལྷོང་ཅན་ཞིག་ཡིན་པས། ཨིསི་རཱཨེལ་གྱི་རྒྱལ་ཁབ་ཡོངས་ནས་ཁོང་གི་བཀའ་ལ་བརྩི་བཀུར་ཞུས་སོ། 24ལས་བྱེད་པ་ཡོངས་དང་དམག་མི་ཡོངས་དང་དཱ་བིད་ཀྱི་སྲས་གཞན་ཚོ་བཅས་པས་སོ་ལོ་མོན་ལ་རྒྱལ་པོ་ཡིན་པར་དམ་ཚིག་སྲུང་རྒྱུའི་ཁས་ལེན་གྱིས་སོ། 25གཙོ་བོ་དཀོན་མཆོག་གིས་མི་མང་ཡོངས་ལ་སོ་ལོ་མོན་གྱི་གཟི་བརྗིད་ཅན་དང་ཨིསི་རཱཨེལ་ལ་རྒྱལ་སྲིད་སྐྱོངས་བའི་རྒྱལ་པོ་ཡོངས་ལས་ལྷག་པའི་ཡར་རྒྱས་ཅན་བཟོས་གནང་ངོ་༎

དཱ་བིད་ཀྱི་རྒྱལ་སྲིད་སྐྱོང་བའི་ལོ་རྒྱུས་མདོར་བསྡུས།

26ཡི་ཤེའི་སྲས་དཱ་བིད་ཀྱིས་ཨིསི་རཱཨེལ་ཡོངས་སུ། 27ལོ་བཞི་བཅུའི་རིང་རྒྱལ་སྲིད་བསྐྱངས་སོ། ཁོང་གིས་ཧེབ་རོན་དུ་ལོ་བདུན་དང་ཡེ་རུ་ཤ་ལེམ་དུ་ལོ་སུམ་ཅུ་སོ་གསུམ་རྒྱལ་སྲིད་བསྐྱངས་སོ། 28ཁོང་སྐུ་ན་བགྲེས་ནས་ལོངས་སྤྱོད་ཅན་དང་གུས་བརྩི་ཅན་ཐོག་གྲོངས་པ་དང་། ཁོང་གི་སྲས་སོ་ལོ་མོན་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ། 29རྒྱལ་པོ་དཱ་བིད་ཀྱི་རྒྱལ་རབས་མགོ་ནས་འཇུག་བར་ལུང་སྟོན་པ་ཤ་མུ་ཨེལ་དང་ན་ཐན་དང་གྷཌ་བཅས་གསུམ་གྱི་ལོ་རྒྱུས་ནང་བཀོད་ཡོད་དོ། 30ལོ་རྒྱུས་དེ་ཚོ་ཚང་མའི་ནང་ཁོང་གི་ཇི་ལྟར་རྒྱལ་སྲིད་སྐྱོངས་བ་དང་ཁོང་གི་སྟོབས་ཤུགས་ཇི་ལྟར་ཡོད་པ་དང་། ཁོང་དང་ཨིསི་རཱཨེལ་དང་ཉེ་འཁོར་གྱི་རྒྱལ་ཁབ་ཚང་མར་གང་བྱུང་བ་ཁག་བཀོད་ཡོད་དོ༎

སྔོན་རབས་གཉིས་པ། 1

རྒྱལ་པོ་སོ་ལོ་མོན་གྱིས་ཤེས་རབ་ཀྱི་ཆེད་དུ་གསོལ་འདེབས་ཞུས་པ།

(༡ རྒྱལ་རབས་ ༣:༡-༡༥)

1རྒྱལ་པོ་དཱ་བིད་ཀྱི་སྲས་སོ་ལོ་མོན་གྱིས་ཨིསི་རཱཨེལ་རྒྱལ་ཁབ་ཀྱི་རྒྱལ་སྲིད་བརྟན་པོར་བཟུང་ནས། གཙོ་བོ་དཀོན་མཆོག་ཁོང་གི་དཀོན་མཆོག་གིས་ཁོང་ལ་བྱིན་རླབས་གནང་བ་དང་ཁོང་ཧ་ཅང་མཐུ་སྟོབས་ཅན་བཟོས་གནང་ངོ་། 2རྒྱལ་པོ་སོ་ལོ་མོན་གྱིས་མི་ ༡,༠༠༠ ཚོའི་དཔོན་པོ་དང་མི་ ༡༠༠ དཔོན་པོ་ཡོངས་དང་གཞུང་གི་ལས་བྱེད་པ་ཡོངས་དང་ཁྱིམ་ཚང་གི་འགོ་འཛིན་ཚང་མ་དང་གཞན་མི་མང་རྣམས་ལ་སྐད་བཏང་གནང་ངོ། 3དེ་ཚོ་ཚང་མ་མཆོད་པ་འབུལ་སའི་གནས་གྷི་བི་ཨོན་དུ་འགྲོ་དགོས་བའི་བཀའ་གནང་བ་དང་དེ་ཚོ་དེར་སོང་ངོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དེར་ཡོད་དོ། དེ་ནི་གཙོ་བོ་དཀོན་མཆོག་གི་ཞབས་ཕྱི་མོ་ཤེས་མི་མེད་ལུང་སྟོང་དུ་བཟོས་པ་ཡིན་ནོ། 4(དམ་བཅའི་སྒྲོམ་དེ་རྒྱལ་པོ་དཱ་བིད་ཀྱིས་ཐོག་མར་ཀིར་ཡད་ཡ་རིམ་ནས་གདན་དྲངས་སྐབས་ཡེ་རུ་ཤ་ལེམ་དུ་ཕུབ་ཡོད་པའི་གུར་ནང་བཞག་ཡོད་དོ།) 5ཧུར་གྱི་ཚ་བོ་ཨུ་རིའི་བུ་བྷེ་ཛ་ལེལ་གྱི་བཟོས་པའི་ལིིའི་མཆོད་ཁྲི་དེ་གྷི་བི་ཨོན་དུ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དེའི་མདུན་དུ་ཡོད་དོ། རྒྱལ་པོ་སོ་ལོ་མོན་དང་མི་མང་ཡོངས་ནས་གཙོ་བོ་དཀོན་མཆོག་ལ་དེར་མཆོད་དོ། 6དབུ་གུར་དམ་པའི་མདུན་དུ་རྒྱལ་པོས་ལིའི་མཆོད་ཁྲིའི་སྟེང་དམར་མཆོད་རྣམས་ཕུལ་ནས་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་བྱས་སོ། ཁོང་གིས་སེམས་ཅན་ ༡,༠༠༠ བསད་ནས་མཆོད་ཁྲིད་སྟེང་དུ་སྦྱིན་སྲེག་གི་དམར་མཆོད་རྣམས་འཕུལ་ལོ། 7མཚན་མོ་དེར་སོ་ལོ་མོན་ལ་དཀོན་མཆོག་གི་ཞལ་གཟིགས་བྱུང་ནས། ཁྱོད་ལ་ཅི་དགོས་ཤེས་བཀའ་འདྲི་གནང་བས། 8སོ་ལོ་མོན་གྱིས། ཁྱེད་ཀྱིས་རྟག་ཏུ་ངའི་ཡབ་དཱ་བིད་ལ་ཐུགས་བརྩེ་ཆེན་པོ་གནང་བ་དང་། ང་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་བསྐོས་གནང་ངོ་། 9ཀྱེ་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ངའི་ཡབ་ལ་གནང་བ་ཞལ་བཞེས་རྣམས་སྒྲུབ་པར་མཛོད་ཅིག ཁྱེད་ཀྱིས་ང་ལ་མི་མང་ཁྱོན་ཆེ་གྲངས་འབོར་རྩིས་མི་ཐུབ་པའི་ཆེད་དུ་རྒྱལ་པོར་བསྐོས་གནང་ཡོད། 10དེ་འདྲ་སོང་ཙང་དེ་ཚོའི་ཐོག་རྒྱལ་སྲིད་སྐྱོངས་ཐུབ་པའི་ཤེས་རབ་དང་བློ་གྲོས་གནང་རོགས། དེ་མིན་ངས་ཁྱེད་ཀྱི་མི་མང་རྩ་ཆེ་དེ་ཚོའི་སྟེང་རྒྱལ་སྲིད་ཇི་ལྟར་སྐྱོངས་ཐུབ་བམ་ཞེས་ཞུས་པས། 11གཙོ་བོ་དཀོན་མཆོག་གིས་སོ་ལོ་མོན་ལ། ཁྱོད་ཀྱིས་ལེགས་པར་འདམས་ཡོད། ཁྱོད་ཀྱིས་རྒྱུ་ནོར་དང་ས་ཞིང་དང་སྙན་གྲགས་དང་ཁྱོད་ཀྱི་དགྲ་བོའི་འཆི་བ་དང་ཁྱོད་རང་གི་ཚེ་རིང་པོ་སློང་བའི་ཚབ་ཏུ་ངས་ཁྱོད་ལ་རྒྱལ་པོར་བསྐོས་པའི་ངའི་མི་མང་ཚོའི་ཐོག་རྒྱལ་སྲིད་སྐྱོངས་བའི་ཆེད་དུ་ཤེས་རབ་དང་བློ་གྲོས་ཞུས་ཡོད་དོ། 12ངས་ཁྱོད་ལ་ཤེས་རབ་དང་བློ་གྲོས་སྤྲོད་རྒྱུ་ཡིན། དེའི་ཐོག་ངས་སྔོན་བྱོན་རྒྱལ་པོ་དང་རྗེས་སུ་ཡོང་རྒྱུའི་རྒྱལ་པོ་སུ་ལ་ཡང་མེད་པའི་རྒྱུ་ནོར་དང་གཏེར་དང་སྙན་གྲགས་བཅས་ཁྱོད་ལ་སྤྲོད་རྒྱུ་ཡིན་ཞེས་བཀའ་གནང་ངོ་༎

རྒྱལ་པོ་སོ་ལོ་མོན་གྱི་སྟོབས་དང་རྒྱུ་ནོར།

(༡ རྒྱལ་རབས་ ༡༠:༢༦-༢༩)

13དེ་འདྲ་སོང་ཙང་སོ་ལོ་མོན་ནི་གྷི་བི་ཨོན་དུ་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་ཡོད་པའི་མཆོད་པ་འབུལ་ཡུལ་དེ་ནས་ཐོན་ཏེ་ཡེ་རུ་ཤ་ལེམ་དུ་ཕྱིར་ཕེབས་སོ། དེར་ཁོང་གིས་ཨིསི་རཱཨེལ་པའི་སྟེང་རྒྱལ་སྲིད་བསྐྱངས་སོ། 14ཁོང་གིས་ཤིང་རྟ་འཁོར་ལོ་གྲངས་ ༡,༤༠༠ དང་རྟ་དམག་ ༡༢,༠༠༠ ཡོད་པའི་དམག་དཔུང་བཅས་གོ་སྒྲིགས་གནང་ངོ་། དེ་ཚོ་འགའ་ཤས་ཡེ་རུ་ཤ་ལེམ་དུ་འཇོགས་གནང་བ་དང་དེ་འཕྲོས་རྣམས་གྲོང་ཁྱེར་འདྲ་མིན་ནང་བཞག་གནང་ངོ་། 15ཁོང་གི་སྐུ་དུས་སུ་ཡེ་རུ་ཤ་ལེམ་དུ་གསེར་དངུལ་ནི་རྡོ་བཞིན་འབོལ་པོ་དང་། འགྱམ་ཤིང་ནི་ཤིང་སེ་ཡབ་དཀྱུས་མ་ལྟར་འབོལ་པོ་ཡོད་དོ། 16རྒྱལ་པོའི་སྐུ་ཚབ་ཚོས་མུསེ་རི་དང་སི་ལི་སི་ཡ་ནས་རྟ་དང་། 17ཨི་ཇིབ་ནས་ཤིང་རྟ་འཁོར་ལོ་ཕྱིར་ཚོང་ལ་བཀག་བསྡོམ་བྱེད་དོ། དེ་ཚོས་ཧི་ཏི་པ་དང་སི་རི་ཡ་པའི་རྒྱལ་པོ་ཚོའི་རྟ་དང་ཤིང་རྟ་འཁོར་ལོ་ཚོང་འགྱུར་བྱེད་པ་དང་ཤིང་རྟ་འཁོར་ལོ་གཅིག་ལ་དངུལ་དུམ་བུ་ ༦༠༠ དང་རྟ་གཅིག་ལ་དངུལ་དུམ་བུ་ ༡༥༠ ཚོང་བཞིན་ཡོད་དོ༎

སྔོན་རབས་གཉིས་པ། 2

(༡ རྒྱལ་རབས་ ༥:༡-༡༨)

1རྒྱལ་པོ་སོ་ལོ་མོན་གྱིས་གཙོ་བོ་དཀོན་མཆོག་ལ་མཆོད་པ་འབུལ་ཡུལ་གྱི་མཆོད་ཁང་ཞིག་དང་། ཁོང་རང་བཞུགས་ཡུལ་ཕོ་བྲང་ཞིག་བཞེངས་རྒྱུའི་ཐུགས་ཐག་བཅད་པ་ཡིན་ནོ། 2ཁོང་གིས་འོར་འདྲེན་ཆེད་དུ་མི་ ༧༠,༠༠༠ དང་རྡོ་གཤག་མཁན་ ༨༠,༠༠༠ བསྐོ་བཞག་གནང་ངོ་། ལས་དོན་ལ་བལྟ་རྟོགས་བྱེད་མི་ ༣,༦༠༠ བཅས་ཡོད་དོ། 3སོ་ལོ་མོན་གྱིས། ཊ་ཡར་གྱི་རྒྱལ་པོ་ཧི་རམ་གྱི་རྩར་མི་ཞིག་བཏང་ནས། ངའི་ཡབ་དཱ་བིད་ལ་ཁོང་གི་ཕོ་བྲང་བཞེངས་པའི་ཆེད་འགྱམ་ཤིང་གི་ཚོང་འབྲེལ་གྱིས་པ་ལྟར་ང་དང་མཉམ་དུ་ཡང་ཚོང་འབྲེལ་གནོང་ཞིག་ཅེས་སྨྲས་སོ། 4ངའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་གུས་བརྩི་ཞུ་ཕྱིར་མཆོད་ཁང་ཞིག་ངས་བཞེངས་རྒྱུ་ཡིན། དེ་ནི་གནས་མཆོག་དམ་པ་ང་དང་ངའི་མི་མང་ཚོས་དྲི་བཟང་གི་སྤོས་ཕུལ་ནས་ཁོང་ལ་མཆོད་ཡུལ་དང་། ང་ཚོས་མུ་མཐུད་རྩ་ཆེའི་བཞེས་བག་འབུལ་ཡུལ་དང་ང་ཚོས་རྟག་ཏུ་སྔ་དགོང་གཉིས་དང་ངལ་གསོ་བའི་ཞག་རྣམས་དང་ཟླ་བ་གསར་པའི་དུས་ཆེན་རྣམས་དང་། གཞན་དམ་པའི་ཉིན་ཚོར་ལ་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་གུས་བརྩི་ཞུས་ནས་སྦྱིན་སྲེག་གི་མཆོད་པ་འབུལ་ཡུལ་དུ་འགྱུར་ཡོང་། ཁོང་གིས་ཨིསི་རཱཨེལ་པ་ཚོར་རྟག་ཏུ་དེ་ལྟར་བྱེད་དགོས་པའི་བཀའ་གནང་ཡོད། 5ང་ལ་མཆོད་ཁང་ངོ་མཚར་ཅན་ཞིག་བཞེངས་རྒྱུའི་འདོད་པ་དྲག་པོ་ཡོད། གང་ལག་ཟེར་ན། ང་ཚོའི་དཀོན་མཆོག་ནི་དཀོན་མཆོག་གཞན་ལས་ལྷག་པ་ཡིན་ནོ། 6འོན་ཀྱང་སུ་ཞིག་གིས་དངོས་སུ་དཀོན་མཆོག་ལ་མཆོད་ཁང་ཞིག་བཞེངས་མི་ཐུབ། གང་ལ་ཟེར་ན། མཐོ་རིས་རྒྱ་ཆེན་འདི་ཚོའི་ནང་ལ་ཡང་ཁོང་མི་ཤོང་ངོ་། དེ་འདྲ་སོང་ཙང་ངས་དཀོན་མཆོག་ལ་སྤོས་བདུག་ཡུལ་ཞིག་ལས་ལྷག་གཞན་མཆོད་ཁང་ཇི་ལྟར་བཞེངས་ནུས་སམ། 7ད་ངའི་སར་གསེར་དངུལ་དང་ལི་དང་ལྕགས་ལ་རི་མོ་བརྐོ་མཁན་དང་རེས་སྔོན་པོ་དང་མུ་མན་དང་དམར་པོ་བཟོས་མཁན་མི་མཁས་པ་ཞིག་གཏོང་རོགས་གནང། དེས་ངའི་ཡབ་དཱ་བིད་ཀྱིས་འདམས་གནང་བའི་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་ལག་ཤེས་པ་ཚོ་དང་མཉམ་དུ་ལས་བྱེད་པར་འགྱུར་རོ། 8ངས་ཁྱེད་ཀྱི་ཤིང་གི་ལས་མི་ཚོ་མཁས་པོ་ཇི་ལྟར་ཡོད་པ་ཤེས་པས་ཁྱེད་ཀྱིས་ལེ་བ་ནོན་ནས་འགྱམ་ཤིང་དང་སོམ་ཤིང་དང་ཤུག་ཤིག་གྱི་གདུང་མ་སོགས་གཏོང་བར་མཛོད། 9ཁྱེད་ཀྱི་ལས་མི་ཚོར་ཤིང་ཁྱོན་ཆེ་གྲ་སྒྲིག་བྱེད་ཕྱིར་རོགས་བྱེད་པར་ངའི་མེ་ཚོར་གཏོང་རྒྱུར་གྲ་སྒྲིག་ཡོད། གང་ལ་ཟེར་ན། ངས་བཞེངས་རྒྱུའི་མཆོད་ཁང་འདི་བཞིན་ཆེན་པོ་དང་ངོ་མཚར་ཅན་ཞིག་བཞེངས་འདོད་ཡོད། 10ལས་མི་ཚོའི་འཚོ་བའི་མཐུན་རྐྱེན་ཚེད་གྲོ་མི་ཀྲི་ཀྲོན་ ༢༠༠ དང་ནས་མི་ཀྲི་རིག་ཀྲོན་ ༢,༠༠༠ དང་རྒུན་ཆང་ལི་ཏར་ ༤༠༠,༠༠༠ དང་ཁ་སྐྱུ་རུའི་སྣུམ་ལི་ཏར་ ༤༠༠,༠༠༠ གཏོང་རྒྱུ་ཡིན་ཞེས་སྨྲས་སོ། 11རྒྱལ་པོ་ཧི་རམ་གྱིས་སོ་ལོ་མོན་ལ་ཡིག་ལན་ཞིག་གནང་བའི་ནང་། གཙོ་བོ་དཀོན་མཆོག་གིས་ཁོང་གི་མི་མང་ལ་མཉེས་པོ་གནང་གི་ཡོད་སྟབས། ཁོང་གིས་ཁྱེད་ལ་རྒྱལ་པོར་བསྐོས་གནང་ཡོད། 12ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་མཐོ་རིས་དང་ས་གཞི་བཀོད་པ་པོ་ལ་བསྟོད་པ་ཕུལ། ཁོང་གིས་རྒྱལ་པོ་དཱ་བིད་ལ་སྲས་ཤེས་རབ་ཅན་དང་བསམ་ཤེས་ཀྱི་ཕྱུག་པ་གཙོ་བོ་དཀོན་མཆོག་ལ་མཆོད་ཁང་དང་ཁོང་རང་གི་ཕོ་བྲང་བཅས་བཞེངས་མཁན་ཞིག་གནང་ཡོད། 13ངས་ཁྱོད་ལ་ཤེས་རབ་ཅན་དང་རྩལ་དང་ལྡན་པ་ལག་ཤེས་མཁས་པ་ཧུ་རམ་ཞེས་པ་དེ་གཏོང་རྒྱུ་ཡིན། 14ཁོའི་མ་ནི་དཱན་སྡེ་རིགས་ནས་ཡིན་པ་དང་ཕ་ནི་ཊ་ཡར་གྱི་ཡུལ་མི་ཡིན། ཁོས་གསེར་དངུལ་དང་ལི་དང་ལྕགས་དང་རྡོ་དང་ཤིང་སོགས་ནས་དངོས་རིགས་བཟོ་ཤེས་སོ། ཁོས་རས་གོས་སྔོན་པོ་དང་མུ་མན་དང་དམར་པོ་བཅས་ཀྱི་ལས་རིགས་བྱེད་ཐུབ་པ་དང་། ཁོས་རྐོས་བརྒྱབ་པའི་ལས་རིགས་ཚང་མ་བྱེད་ཤེས་པ་དང་། ཁོ་ལ་གང་མངགས་པའི་བཟོ་དབྱིབས་ཚང་མ་བཟོ་ཐུབ་བོ། ཁྱེད་ཀྱིས་ཁོ་ལ་རྩལ་དང་ལྡན་པའི་ལག་ཤེས་པ་ཚོ་དང་ཁྱེད་ཀྱི་ཡབ་རྒྱལ་པོ་དཱ་བིད་ཀྱི་ཆེད་དུ་ལས་བྱས་མཁན་ལས་བྱས་པ་ཚོ་མཉམ་དུ་ལས་བྱེད་དུ་བཅུག་རོགས་གནང། 15དེ་འདྲ་སོང་ཙང་ཁྱེད་ཀྱིས་ཞལ་བཞེས་གནང་བའི་གྲོ་དང་ནས་དང་ཆང་དང་ཁ་སྐྱུ་རུའི་སྣུམ་གཏོང་བར་མཛོད། 16ལེབ་ནོན་གྱི་རི་བོར་ང་ཚོས་ཁྱེད་ལ་དགོས་པའི་འགྱམ་ཤིང་བཅད་ནས་དེ་ཚོ་མཉམ་དུ་བསྡམས་ནས་ཡོ་པ་བར་དུ་ཆུ་ཐོག་གཏོང་བར་བྱེད། དེ་ནས་ཁྱེད་ཀྱིས་དེ་ཚོ་ཡེ་རུ་ཤ་ལེམ་དུ་ལེན་ཐུབ་ཅེས་དྲིས་ཡོད་དོ༎

མཆོད་ཁང་བཞེངས་འགོ་ཚུགས་པ།

(༡ རྒྱལ་རབས་ ༦:༡-༣༨)

17རྒྱལ་པོ་སོ་ལོ་མོན་གྱིས་ཁོང་གི་ཡབ་དཱ་བིད་ཀྱིས་མི་མང་གྲངས་གཤེར་གནང་བ་ལྟར། ཨིསི་རཱཨེལ་གྱི་ཡུལ་དུ་སྡོད་པའི་ཕྱི་རྒྱལ་བ་ཚང་མའི་གྲངས་གཤེར་གནང་ངོ་། དེར་ཕྱི་རྒྱལ་བ་གནས་སྡོད་བྱ་མིའི་གྲངས་ ༡༥༣,༦༠༠ ཡོད་དོ། 18ཁོང་གིས་དེ་ཚོ་གྲངས་ ༧༠,༠༠༠ ལ་ཅ་དངོས་འོར་འདྲེན་གྱི་ལས་འགན་དང་། གྲངས་ ༨༠,༠༠༠ ལ་རི་བོའི་སྟེང་རྡོ་གཤག་པའི་ལས་འགན་དང་། གྲངས་ ༣,༦༠༠ ལ་ལས་ཀ་ཇི་ལྟར་བྱ་བཞིན་ཡོད་མེད་བལྟ་རྟོགས་བྱེད་མཁན་ལ་བསྐོས་སོ༎

སྔོན་རབས་གཉིས་པ། 3

1སོ་ལོ་མོན་གྱི་ཡབ་རྒྱལ་པོ་དཱ་བིད་ཀྱིས་ཐོག་མ་ནས་མཆོད་ཁང་བཞེངས་པའི་ཆེད་དུ་ས་ཆ་གོ་སྒྲིགས་གནང་ཡོད། དེ་ནི་ཡེ་རུ་ཤ་ལེམ་གྱི་རི་བོ་མོ་རི་ཡའི་སྟེང་ཡེ་བྷསེ་པ་ཨ་རོ་ནཱའི་གཡུལ་ཁ་བྱ་ཡུལ་གནས་དེར་ཡིན་ནོ། དེར་རྒྱལ་པོ་དཱ་བིད་ལ་གཙོ་བོ་དཀོན་མཆོག་མངོན་པར་མཇལ་གནང་ཡོད་དོ། རྒྱལ་པོ་སོ་ལོ་མོན་གྱིས་དེའི་འཛུགས་བསྐྲུན་འགོ་ཆུགས་གནང་ངོ། 2ཁོང་རྒྱལ་པོ་གནང་བའི་ལོ་བཞི་པའི་ཟླ་བ་གཉིས་པའི་ནང་འགོ་འཛུགས་གནང་ཡོད། 3རྒྱལ་པོ་སོ་ལོ་མོན་གྱིས་བཞེངས་པའི་མཆོད་ཁང་དེའི་རིང་ཐུང་ལ་མི་ཀྲར་ཉི་ཤུ་རྩ་བདུན་དང་ཞེང་ཁར་མི་ཀྲར་དགུ་ཡོད་དོ། 4འཛུལ་སྒོའི་ཁང་མིག་དེ་མཆོད་ཁང་གི་ཞེང་ཁ་ལྟར་མི་ཀྲར་དགུ་དང་མཐོ་ཚད་མི་ཀྲར་ལྔ་བཅུ་ང་བཞི་ཡོད། ཁང་མིག་དེའི་ནང་གི་ས་མཐིལ་ནི་གསེར་སྤུས་དག་གིས་བཏུམ་ཡོད་དོ། 5ཁང་མིག་གཙོ་བོ་དེ་འགྱམ་ཤིང་གི་སྤང་ལེབ་ཀྱིས་བཀབ་ནས། དེར་གསེར་སྤུས་དག་གིས་གཡོགས་ཡོད་ཅིང་། དེ་ཚོའི་སྟེང་དུ་ཁ་ཟུར་ཤིང་དང་ཅག་ཐག་གི་བཟོ་དབྱིབས་བཀོད་ཡོད་དོ། 6རྒྱལ་པོས་མཆོད་ཁང་དེ་པར་ཝེམ་ཡུལ་ནས་འོར་འདྲེན་བྱས་པའི་རིན་ཆེན་རྡོ་མཛེས་པོ་དང་གསེར་གྱིས་ཕྲ་རྒྱན་གྱིས་སྤྲོས་གནང་ཡོད། 7རྒྱལ་པོས་མཆོད་ཁང་གི་རྩིག་པ་དང་མདུང་མ་དང་ཐེམ་ཀ་དང་སྒོ་བཅས་པར་གསེར་གིས་གཡོགས་གནང་ངོ་། རྩིག་པའི་སྟེང་ལག་ཤེས་པ་ཚོས་ཀེ་རུབ་ཀྱི་བཟོ་དབྱིབས་བརྐོས་ཡོད་དོ། 8ཁང་མིག་ནང་མ་ཤིན་ཏུ་དམ་པའི་གནས་ཟེར་བ་དེའི་རིང་ཐུང་མི་ཀྲར་དགུ་དང་ཞེང་ཁ་མི་ཀྲར་དགུ་བཅས་མཆོད་ཁང་གི་ཞེང་ཁ་ལྟར་ཡོད། ཤིན་ཏུ་དམ་པའི་གནས་ཀྱི་རྩིག་པ་བཏུམ་པར་གསེར་མི་ཀྲི་རིག་ཀྲོན་ཉི་ཤུ་ལྷག་པ་བེད་སྤྱོད་གནང་ངོ་། 9གསེར་གྷ་རམ་ ༥༧༠ དེས་གཟེར་བཟོས་སོ། སྟེང་གི་ཁང་མིག་ཚོའི་རྩིག་པ་ལ་ཡང་གསེར་གཡོགས་ཡོད་དོ། 10རྒྱལ་པོས་ལག་ཤེས་པ་ཚོར་གསེར་དངུལ་ཟངས་ལྕགས་རིགས་ཀྱི་ཀེ་རུབ་གཉིས་བཟོས་དགོས་པ་དང་། དེ་ཚོ་ལ་གསེར་གཡོགས་ནས་ཤིན་ཏུ་དམ་པའི་གནས་སུ་འཇོགས་དགོས་པའི་བཀའ་གནང་ངོ་། 11-13དེར་དེ་ཚོ་རྒྱལ་སྒོའི་འགྲམ་དུ་གཅིག་གིས་གཅིག་ལ་ཁ་བལྟས་ནས་བཞག་དགོས་སོ། རེ་རེ་ཤོག་པ་ཆ་གཅིག་དང་ཤོག་པ་རེ་རེེར་རིང་ཐུང་མི་ཀྲར་ ༢.༢ ཡོད་པ་དང་། དེ་ཚོ་ཁང་མིག་གི་དཀྱིལ་དུ་གཅིག་གི་གཅིག་ལ་རེག་པ་བྱས་ཏེ་བརྐྱངས་ཡོད་པ་དང་། ཁང་མིག་གི་གཡས་གཡོན་གྱི་རྩིག་པར་ཐུག་ཡོད་པར་མི་ཀྲར་དགུ་ཙམ་གྱི་ཞེངས་ཁ་ཚང་མ་བརྐྱངས་ཡོད་དོ། 14ཤིན་ཏུ་དམ་པའི་གནས་དེའི་ཡོལ་བ་དེ་ཀ་ཤི་ཀའི་རས་དང་གཞན་རྒྱུ་ཆ་ཚོན་མདོག་སྔོན་པོ་དང་མུ་མན་དང་དམར་པོའི་སྟེང་ཀེ་རུབ་ཀྱི་བཟོ་དབྱིབས་ཡོད་པ་བཟོས་ཡོད་དོ༎

(༡ རྒྱལ་རབས་ ༧:༡༥-༢༢)

15རྒྱལ་པོས་ཀ་བ་རེ་རེར་རིང་ཐུང་མི་ཀྲར་ ༡༥.༥ ཡོད་པ་གཉིས་བཟོས་གནང་བ་དང་དེ་གཉིས་མཆོད་ཁང་གི་མདུན་དུ་འཇོག་གནང་ངོ་། དེ་ཚོ་རེ་རེར་ཀ་གཞུ་རིང་ཐུང་མི་ཀྲར་ ༢.༢ བྱས་པ་ཡོད། 16ཀ་བ་དེ་ཚོའི་སྟེང་དུ་ཅག་ཐག་ཕར་འགྲེལ་ཚུར་འབྲེལ་གྱི་བཟོ་དབྱིབས་དང་ལིའི་སེ་འབྲུ་ ༡༠༠ ཐམ་པས་བརྒྱན་སྤྲོད་བྱས་ཡོད་དོ། 17ཀ་བ་དེ་ཚོ་མཆོད་ཁང་གི་འཛུལ་སྒོའི་ཉེ་འགྲམ་དུ་ཡོད་པ་དང་། དེ་ནས་གཅིག་ལྷོར་ཡོད་པ་དེ་ལ་ཡ་ཀིན་ཟེར་བ་དང་། བྱང་ལ་ཡོད་པ་དེ་ལ་བྷོ་ཨཛ་ཟེར་རོ༎

སྔོན་རབས་གཉིས་པ། 4

མཆོད་ཁང་ནང་གི་ཡོ་བྱད།

(༡ རྒྱལ་རབས་ ༧:༢༣-༥༡)

1རྒྱལ་པོ་སོ་ལོ་མོན་གྱིས་ལིའི་མཆོད་ཁྲི་རིང་ཐུང་དང་ཞེང་ཁ་མི་ཀྲར་ ༩ དང་མཐོ་ཚད་མི་ཀྲར་ ༤.༥ བཟོས་སོ། 2ཁོང་གི་ཆུ་མཛོད་མགོར་མགོར་ལིའི་བཟོས་པ་དེའི་གཏིང་མི་ཀྲར་ ༢.༢ དང་ཟུར་གཅིག་ནས་གཞན་བར་མི་ཀྲར་ ༤.༤ དང་མཐའ་འཁོར་དུ་མི་ཀྲར་ ༡༣.༢ ཡོད་དོ། 3ཆུ་མཛོད་ཀྱི་ཕྱིའི་མཐའ་འཁོར་གྱི་ཁ་གྲིལ་ལ་གྲལ་གཉིས་ཀྱི་རྒྱན་སྤྲོད་གཅིག་སྟེང་དང་གཅིག་འོག་ཏུ་ཡོད་དོ། རྒྱན་སྤྲོད་དེ་ཚོ་གླང་གི་དབྱིབས་ཡོད་པའི་ཆུ་མཛོད་དང་དུམ་བུ་གཅིག་ལས་བཟོས་ཡོད་དོ། 4ཕྱོགས་རེར་གསུམ་གསུམ་བྱས་ནས་ཕྱོགས་བཞིར་ཁ་བལྟས་ནས་ལངས་ཡོད་པ་ལིའི་གླང་གོག་བཅུ་གཉིས་ཀྱི་རྒྱབ་ལ་ཆུ་མཛོད་བཞག་ཡོད་དོ། 5ཆུ་མཛོད་ཀྱི་ཟུར་གྱི་སྲབ་མཐུབ་མི་ལི་མི་ཀྲར་བདུན་ཅུ་དོན་ལྔ་ཡོད། ཁ་གྲིལ་དེ་ཕོར་པའི་ཁ་གྲིལ་ལྟར་ཕྱི་ལོག་སེ་མེ་ཏོག་གི་འདབ་མ་ལྟར་ཕྱིར་ཀྱོག་ཙམ་ཡོད། ཆུ་མཛོད་དེའི་ནང་ཆུ་ལི་ཀྲར་ ༦༠,༠༠༠ ཅམ་ཤོང་པ་ཡོད། 6དེ་ཚོས་གཞོང་པ་བཅུ་ཡང་བཟོས་ཡོད་པ་དང་ལྔ་ནི་མཆོད་ཁང་གི་ལྷོ་ཕྱོགས་དང་ལྔ་ནི་བྱང་ཕྱོགས་སུ་འཇོག་རྒྱུ་ཡིན་ནོ། དེ་ཚོ་ནི་སྦྱིན་སྲེག་གི་དམར་མཆོད་ཕྱིར་འབུལ་བའི་ཡོ་བྱེད་རྣམས་འཁྲུ་བར་བེད་སྤྱོད་བྱ་རྒྱུ་ཡིན། ཆུ་མཛོད་ཆེ་བའི་ཆུ་དེ་བླ་མ་ཚོའི་ཁྲུས་ཀྱི་ཕྱིར་ཡིན་ནོ། 7-8དེ་ཚོས་སྤྱིར་སྟངས་ཀྱི་དཔེ་ཚད་ལྟར་གསེར་གྱི་གཞུ་འདེགས་བཅུ་དང་རྒྱ་ལྕོག་བཅུ་བཅས་བཟོས་ནས། མཆོད་ཁང་གི་ཁང་མིག་གཙོ་བོའི་ནང་གཞུ་འདེགས་ལྔ་དང་རྒྱ་ལྕོག་ལྔ་རེ་ཕྱོགས་རེར་བཞག་གོ དེ་ཚོས་གསེར་གྱི་ཕོར་པ་གྲངས་ ༡༠༠ ཐམ་པ་བཟོས་ཡོད་དོ། 9དེ་ཚོས་བླ་མ་རྣམས་ཀྱི་ཆེད་དུ་ཁྱམས་ར་ནང་མ་བཟོས་ཡོད་པ་དང་། ཁྱམས་ར་ཕྱི་མ་ཡང་བཟོས་ཡོད། ཁྱམས་ར་དབར་གྱི་རྒྱལ་སྒོའི་སྒོ་རྣམས་ལ་ལིས་གཡོགས་ཡོད་དོ། 10ཆུ་མཛོད་དེ་མཆོད་ཁང་གི་ཤར་ལྷོའི་ཟུར་དུ་བཞག་ཡོད་དོ། 11-16ཧུ་རམ་གྱིས་སྣོད་དང་ཁྱེམ་དང་ཕོར་པ་ཡང་བཟོས་ཡོད་དོ། ཁོས་རྒྱལ་པོ་སོ་ལོ་མོན་ལ་མཆོད་ཁང་གི་ཆེད་དུ་ཁས་ལེན་ཞུས་པའི་དངོས་པོ་ཚང་མ་བཟོས་གྲུབ་པ་ནི་གཤམ་གསལ་ལྟར་ཡིན། ཀ་བ་གཉིས་དང་། ཀ་བ་རེ་རེའི་སྟེང་དུ་ཕོར་པའི་དབྱིབས་ཅན་ཀ་གཞུ་གཉིས་དང་། ཀ་གཞུ་རེ་རེའི་སྟེང་ལྕགས་ཐག་ཕར་ཚུར་འཐག་པའི་དབྱིབས་ཅན་གཉིས་དང་། ཀ་གཞུ་རེ་རེའི་བཟོ་དབྱིབས་ཀྱི་མཐའ་འཁོར་དུ་གྲལ་གཉིས་སྒྲིགས་ཀྱི་ལིའི་སེ་འབྲུ་གྲངས་ ༤༠༠ ཐམ་པ་དང་། འདྲུད་འཁོར་བཅུ་དང་། གཞོང་པ་བཅུ་དང་། ཆུ་མཛོད་དང་། ཆུ་མཛོད་ལ་འདེགས་མཁན་གླང་གོག་བཅུ་གཉིས་དང་། སྣོད་དང་ཁྱེམ་དང་ཤ་འཛིན་དང་བཅས་སོ། རྒྱལ་པོ་སོ་ལོ་མོན་གྱིས་བཀའ་གནང་བ་ལྟར་གཙོ་བོ་དཀོན་མཆོག་གི་མཆོད་ཁང་གི་ཆེད་དུ་བེད་སྤྱོད་བྱ་རྒྱུར་དངོས་པོ་དེ་ཚོ་ཚང་མ་ལག་ཤེས་མཁས་པ་ཧུ་རམ་གྱིས་འོད་བརྒྱབ་པའི་ལི་ནས་བཟོས་སོ། 17རྒྱལ་པོས་དངོས་པོ་དེ་ཚོ་ཚང་མ་ཡོར་དན་གྱི་ལུང་གཤོང་སུ་ཀོད་དང་ཛེ་རེ་དཱ་དབར་གྱི་བླུག་ཁང་ནང་བཟོས་བཅུག་གོ 18དངོས་པོ་ཧ་ཅང་མང་པོ་བཟོས་ཡོད་སྟབས་ལི་མང་ཉུང་ཇི་ཙམ་སོང་ཡོད་མེད་སུས་ཀྱང་མི་ཤེས་སོ། 19རྒྱལ་པོ་སོ་ལོ་མོན་གྱིས་མཆོད་ཁང་གྱི་ཆེད་དུ་གསེར་གྱི་བཟོས་པའི་འཛིན་ཆས་རྣམས་ཡོད་དོ། གཙོ་བོ་དཀོན་མཆོག་ལ་ཕུལ་བའི་བཞེས་བག་གི་ཆེད་དུ་མཆོད་ཁྲི་དང་གསོལ་ལྕོག་དང་། 20འཆར་གཞི་ལྟར་ཤིན་ཏུ་དམ་པའི་གནས་མཆོག་གི་མདུན་དུ་འབུལ་བའི་གསེར་སྤུས་དག་གི་ཞུ་འདེགས་དང་ཞུ་མར། 21མེ་ཏོག་ཏི་རྒྱན་སྤྲོད་རྣམས་དང་ཞུ་མར་རྣམས་དང་སྐམ་པ་རྣམས་དང། 22སྡོང་རས་བཏུབ་པའིི་ཇེམ་ཙེ་རྣམས་དང་ཕོར་པ་རྣམས་དང་སྤོས་ཕོར་རྣམས་དང་མེ་ཁྱིམ་དང་བཅས། དངོས་པོ་དེ་ཚོ་ཚང་མ་གསེར་སྤུས་དག་ལས་བཟོས་ཡོད་དོ། མཆོད་ཁང་གི་རྒྱལ་སྒོ་ཕྱི་མ་དང་ཤིན་ཏུ་དམ་པའི་གནས་ཀྱི་སྒོ་རྣམས་ལ་གསེར་གཡོགས་ཡོད་དོ༎

སྔོན་རབས་གཉིས་པ། 5

1རྒྱལ་པོ་སོ་ལོ་མོན་གྱིས་མཆོད་ཁང་གི་ཕྱག་ལས་རྣམས་གྲུབ་པ་དང་། གསེར་དངུལ་དང་གཞན་དངོས་པོ་རྣམས་ཁོང་གི་ཡབ་དཱ་བིད་ཀྱིས་གཙོ་བོ་དཀོན་མཆོག་ལ་བསྔོ་བའི་མཆོད་ཁང་གི་བང་མཛོད་ནང་བཞག་གནང་ངོ་༎

དམ་བཅའི་སྒྲོམ་དེ་མཆོད་ཁང་ནང་གདན་དྲངས་བ།

(༡ རྒྱལ་རབས་ ༨:༡-༩)

2གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་ཛི་ཡོན་ནས་དཱ་བིད་ཀྱི་གྲོང་ཁྱེར་གྱི་མཆོད་ཁང་ནང་འཁྱེར་ཡོང་བར་རྒྱལ་པོ་སོ་ལོ་མོན་གྱིས་ཨིསི་རཱཨེལ་གྱི་སྡེ་རིགས་ཀྱི་འགོ་འཛིན་དང་རིགས་རུས་ཀྱི་འགོ་འཛིན་རྣམས་ཡེ་རུ་ཤ་ལེམ་དུ་འཛོམས་དགོས་པའི་བཀའ་གནང་ངོ་། 3དེ་ཚོ་ཚང་མ་རྩ་ཡབ་ཀྱི་དུས་ཆེན་སྐབས་སུ་འཛོམས་སོ། 4འགོ་འཛིན་རྣམས་ཚང་མ་འཛོམས་པ་དང་ལེ་ཝི་པས་དམ་བཅའི་སྒྲོམ་དེ་སྟེགས་ནས། 5མཆོད་ཁང་དུ་འཁྱེར་རོ། བླ་མ་དང་ལེ་ཝི་པ་ཚོས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པ་དང་དེའི་དངོས་པོ་ཚང་མ་མཆོད་ཁང་ནང་འཁྱེར་རོ། 6རྒྱལ་པོ་སོ་ལོ་མོན་དང་ཨིསི་རཱཨེལ་གྱི་མི་མང་རྣམས་དམ་བཅའི་སྒྲོམ་གྱི་མདུན་དུ་འཛོམས་ནས་ལུག་དང་བ་ཕྱུགས་གྲངས་ལས་འདས་པ་ཧ་ཅང་མང་པོ་དམར་མཆོད་དུ་ཕུལ་ལོ། 7དེ་ནས་བླ་མ་ཚོས་གཙོ་བོ་དཀོན་མཆོག་གི་དམ་བཅའི་སྒྲོམ་དེ་འཁྱེར་ནས་ཀེ་རུབ་ཚོའི་འགོ་ཏུ་ཤིན་ཏུ་དམ་པའི་གནས་སུ་འཇོག་གནང་ངོ་། 8དེ་ཚོས་ཤོག་པ་བརྐྱངས་ནས་ཡོད་པས་སྒྲོམ་དང་འཁུར་བྱེད་རྒྱུག་པ་རྣམས་དང་བཅས་པ་བཀབ་ཡོད་དོ། 9རྒྱུག་པའི་མཐའ་དེ་ཚོ་ཤིན་ཏུ་དམ་པའི་གནས་ཀྱི་མདུན་དུ་ཐད་ཀར་སྡོད་མི་ཚོས་མཐོང་བ་ལས་གཞན་གང་ནས་ཀྱང་མི་མཐོང་ངོ་། (རྒྱུག་པ་རྣམས་དེང་སང་ཡང་དེར་ཡོད་དོ།) 10དམ་བཅའི་སྒྲོམ་ནང་ཨིསི་རཱཨེལ་གྱི་མི་མང་རྣམས་ཨི་ཇིབ་ཡུལ་ནས་ཡོང་སྐབས་གཙོ་བོ་དཀོན་མཆོག་གིས་དེ་ཚོ་དང་དམ་བཅའ་མཛད་པའི་རྡོ་ལེབ་གཉིས་པོ་དེ་མོ་ཤེས་རི་བོ་སི་ནཡེའི་རུ་བཞག་པ་དེ་མ་གཏོགས་གཞན་གང་ཡང་དེར་མེད་དོ༎

གཙོ་བོ་དཀོན་མཆོག་གི་བཟི་བརྗིད།

11-14དེར་ཡོད་བླ་མ་ཚང་མ་ཚོ་ཁག་གང་ནས་ཡིན་རུང་རང་རང་སོ་སོར་གཙང་བར་བྱས་སོ། རོལ་མོ་མཁན་ལེ་ཝི་པ་ཡོངས་དང་། ཨ་སཕེ་དང་། ཧེ་མན་དང་ཡེ་དུ་ཐུན་དང་དེ་ཚོའི་རིགས་རུས་ཀྱི་མཐུས་མི་ནས་རས་ཀ་ཤི་ཀའི་གོས་གྱོན་ཡོད་དོ། ལེ་ཝི་པ་ཚོ་མཆོད་ཁྲིའི་ཤར་ཕྱོགས་ཀྱི་ཉེ་འགྲམ་དུ་སྦུབ་དང་སྒྲ་སྙན་དང་བཅས་ལངས་ནས་དེ་ཚོ་དང་མཉམ་དུ་དུང་འབུད་མཁན་བླ་མ་ ༡༢༠ ཡོད་པ་དང་། མགུར་མ་ལེན་མཁན་ཚོས་དུང་དང་སྦུབ་དང་གཞན་རོལ་ཆས་སྣ་ཚོགས་དང་བཅས་གཙོ་བོ་དཀོན་མཆོག་ལ་འདི་ལྟར་སྒྲ་དབྱངས་ཤིན་ཏུ་མཐུན་པོས་བསྟོད་པ་ཕུལ་ལོ། གཙོ་བོ་དཀོན་མཆོག་ལ་བསྟོད་པ་ཕུལ་ཤིག གང་ལགས་ཟེར་ན། ཁོང་ནི་བཟང་པོ་ཡིན་པ་དང་། ཁོང་གི་ཐུགས་བརྩེ་ནི་མཐའ་མེད་པ་ཡིན་ནོ། བླ་མ་ཚོ་མཆོད་ཁང་ནས་ཐོན་སྐབས་གཙོ་བོ་དཀོན་མཆོག་གི་བཞུགས་གནས་སུ་འོད་འཚེར་བའི་སྤྲིན་ཚོགས་ཀྱིས་དེ་ཁེངས་པ་དང་དེ་ཚོའི་མཆོད་པའི་མཛད་སྒོ་མུ་མཐུད་ནས་བྱས་མ་ཐུབ་བོ༎

སྔོན་རབས་གཉིས་པ། 6

སོ་ལོ་མོན་གྱིས་མི་མང་ལ་གསུང་བཤད་གནང་བ།

(༡ རྒྱལ་རབས་ ༨:༡༢-༢༡)

1དེ་ནས་རྒྱལ་པོ་སོ་ལོ་མོན་གྱིས་སྨོན་ལམ་འདེབས་སོ། གཙོ་བོ་དཀོན་མཆོག་ཁྱེད་ནི་སྤྲིན་དང་མུན་པའི་ནང་བཞུགས་པར་འདམས་གནང་ཡོད། 2ད་ཆ་ངས་ཁྱེད་ཀྱི་ཆེད་དུ་གཏན་དུ་བཞུགས་པའི་ངོ་མཚར་ཅན་གྱི་མཆོད་ཁང་ཞིག་བཞེངས་ཡོད། 3ཨིསི་རཱཨེལ་གྱི་མི་མང་རྣམས་དེར་ལངས་ཡོད། རྒྱལ་པོས་དེ་ཚོའི་ཕྱོགས་སུ་ཞལ་བསྒྱུར་ནས་དེ་ཚོ་ལ་དཀོན་མཆོག་གྱི་བྱིན་རླབས་ཞུས་སོ། 4ཁོང་གིས་གསུངས་པ། ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བསྟོད་པ་ཕུལ། ཁོང་གིས་ངའི་ཡབ་དཱ་བིད་ལ་ཞལ་བཞེས་གནང་བ་རྣམས་ཡོངས་སུ་སྒྲུབ་ཡོད་དོ། 5ཁོང་གིས་ངའི་མི་མང་རྣམས་ཨི་ཇིབ་ནས་ཕྱིར་བཏོན་པ་ནས་བཟུང་ད་བར་ངས་ཨིསི་རཱཨེལ་གྱི་ཡུལ་ནང་གྲོང་ཁྱེར་གང་དུ་ཡང་ང་ལ་མཆོད་པའི་ཕྱིར་མཆོད་ཁང་བཞེངས་པའི་ས་གནས་ཤིག་འདམས་མེད་དོ། 6ད་ཆ་ངས་ཡེ་རུ་ཤ་ལེམ་དེ་ངས་མཆོད་པའི་ཡུལ་དུ་འདམས་པ་དང་། དཱ་བིད་ཁྱོད་ནི་ངའི་མི་མང་གི་དབང་བསྒྱུར་བར་འདམས་པ་ཡིན་ཞེས་བཀའ་གནང་ཡོད་ཅེས་གསུངས་སོ། 7སོ་ལོ་མོན་གྱིས་མུ་མཐུད་ནས་བཀའ་གནང་བ། ངའི་ཡབ་དཱ་བིད་ཀྱིས་ཨིསི་རཱཨེལ་གྱི་དཀོན་མཆོག་་གཙོ་བོ་དཀོན་མཆོག་ལ་མཆོད་པའི་ཕྱིར་མཆོད་ཁང་ཞིག་བཞེངས་རྒྱུའི་འཆར་གཞི་གཏིང་གནང་ཡོད། 8འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ཁོང་ལ་ཁྱོད་ཀྱིས་ངའི་ཆེད་དུ་མཆོད་ཁང་བཞེངས་འདོད་པ་དེ་ལེགས་སོ། 9འོན་ཀྱང་ཁྱོད་ཀྱིས་དེ་ནམ་ཡང་བཞེངས་མི་ཡོང་། ཁྱོད་རང་ཉིད་ཀྱི་བུས་ངའི་མཆོད་ཁང་བཞེངས་པར་འགྱུར་ཞེས་བཀའ་གནང་ཡོད་དོ། 10ད་ཆ་གཙོ་བོ་དཀོན་མཆོག་གིས་ཞལ་བཞེས་སྒྲུབ་གནང་ཡོད། ང་ནི་ཨིསི་རཱཨེལ་གྱི་རྒྱལ་པོར་ངའི་ཡབ་ཀྱི་རྗེ་ཤུལ་འཛིན་གྱིས་ནས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་མཆོད་ཡུལ་མཆོད་ཁང་ཞིག་བཞེངས་ཡོད་དོ། 11གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་མི་མང་ལ་གནང་བའི་དམ་བཅའི་རྡོ་ལེབ་དེ་དམ་བཅའི་སྒྲོམ་དེའི་ནང་ངས་མཆོད་ཁང་ནང་དུ་བཞག་ཡོད་ཅེས་གསུངས་སོ༎

(༡ རྒྱལ་རབས་ ༨:༢༢-༥༣)

12དེ་ནས་མི་མང་གི་ཁྲོད་དུ་སོ་ལོ་མོན་ཕེབས་ནས། མཆོད་ཁྲིའི་མདུན་དུ་བཞེངས་ནས་ཕྱག་བརྐྱངས་ཏེ་སྨོན་ལམ་བཏབ་བོ། 13སོ་ལོ་མོན་གྱིས་ལིའིི་སྡྡིང་བྱ་ཞིག་བཟོས་ནས་ཁྱམས་རའི་དཀྱིལ་དུ་བཞག་གོ དེ་ལ་མི་ཀྲར་ ༢.༢ ཡོད་པ་གྲུ་བཞི་མཐོ་དམན་མི་ཀྲར་ ༡.༣ ཡོད་པ་དང་། ཁོང་གིས་དེའི་སྟེང་ཕེབས་ནས་ཚང་མས་མཐོང་ཡུལ་ཞིག་ཏུ་པུས་མོ་བཙུགས་ནས་མཐོ་རིའི་ཕྱོགས་སུ་ཕྱག་བརྐྱངས་སོ། 14ཁོང་གིས་འདི་ལྟར་སྨོན་ལམ་འདེབས་སོ། ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་མཐོ་རིས་དང་ས་གཞི་ནང་ཁྱེད་ལྟར་དཀོན་མཆོག་གཞན་མེད། ཁྱེད་ཀྱིས་ཁྱེད་ཀྱི་མི་མང་དབར་གྱི་དམ་བཅའ་སྲུང་བརྩི་གནང་བ་དང་། དེ་ཚོའི་སྙིང་ནས་ཁྱེད་ཀྱི་བཀའ་ལ་ངོས་ལེན་ཞུས་པ་ཡིན་ན། དེ་ཚོ་ལ་བརྩེ་བ་གནང་གི་ཡོད་དོ། 15ཁྱེད་ཀྱིས་ངའི་ཡབ་དཱ་བིད་ལ་གནང་བའི་ཞལ་ཆད་ལ་སྲུང་བརྩི་གནང་ནས་དེ་རིང་ཁྱེད་ཀྱི་བཀའ་རེ་རེ་བཞིན་སྒྲུབ་ཡོད་དོ། 16ངའི་ཡབ་ཀྱིས་ཁོང་གིས་བཀའ་ལ་སྲུང་བརྩི་གནང་བ་ལྟར་ཁྱོད་ཚོས་ཀྱང་ཟབ་ཟབ་ཀྱིས་ཁོང་གི་བཀའ་ལ་སྲུང་བརྩི་ཞུས་པ་ཡིན་ན། ཁོང་གི་རིགས་བརྒྱུད་ཞིག་གི་རྟག་ཏུ་ཨིསི་རཱཨེལ་གྱི་རྒྱལ་སྲིད་སྐྱོངས་ཡོང་གསུངས་པའི་ཞལ་ཆད་དེ་ཡང་སྒྲུབ་པར་མཛད་དོ། 17དེ་ལྟར་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ཁྱེད་ཀྱི་ཞབས་ཕྱི་དཱ་བིད་ལ་ཞལ་བཞེས་གནང་བ་ཚང་མ་སྒྲུབ་པར་མཛོད་ཅིག 18འོན་ཀྱང་དཀོན་མཆོག་ཁྱེད་ནི་འཇིག་རྟེན་འདིའི་ནང་སྐྱེས་པ་དང་བུད་མེད་མཉམ་དུ་བཞུགས་ཐུབ་བམ། མཐོ་རིས་ཡོངས་སུ་ཡང་ཁྱེད་ཤོང་བའི་ཆེན་པོ་མེད་སྟབས། ངས་བཞེངས་པའི་མཆོད་ཁང་འདིར་ཁྱེད་ཇི་ལྟར་ཤོང་ངམ། 19གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་ལགས། ང་ནི་ཁྱེད་ཀྱི་ཞབས་ཕྱིས་ཡིན། ངས་གསོལ་བ་འདེབས་པར་གསན་ནས། ངས་ཁྱེད་ལ་རེ་བསྐུལ་ཞུས་པ་རྣམས་གནང་བར་མཛོད་ཅིག 20ཉིན་མཚན་གཉིས་ཀར་མཆོད་ཁང་འདིར་འཟིགས་རོགས་གནང་། ཁྱེད་ཀྱིས་གནས་འདི་ནི་ཁྱེད་ལ་མཆོད་ཡུལ་ཡིན་པའི་ཞལ་བཞེས་གནང་ཡོད་སྟབས། ངས་མཆོད་ཁང་འདིར་ཁ་བལྟས་ནས་གསོལ་བ་འདེབས་པར་གསན་པར་མཛོད། 21གནས་འདིར་ཁ་བལྟས་ནས་ངས་གསོལ་བ་འདེབས་པ་དང་ཨིསི་རཱཨེལ་གྱི་མི་མང་ནས་གསོལ་བ་འདེབས་པར་གསན་རོགས་གནང་། ཁྱེད་ཀྱི་མཐོ་རིས་ཀྱི་བཞུགས་ཡུལ་ནས་ང་ཚོར་གསན་པ་དང་བཟོད་གསོལ་གནང་བར་མཛོད། 22གལ་ཏེ་མི་ཞིག་གིས་གཞན་ལ་གནོད་སྐྱོན་བྱས་པའི་སྐྱོན་བཏགས་པར་ཁོ་པ་སྐྱོན་མེད་ཡིན་པའི་མནའ་བསྐྱེལ་བར་མཆོད་ཁང་འདིར་ཁྱེད་ཀྱི་མཆོད་ཁྲིའི་མདུན་དུ་འཁྲིད་ཡོང་བ་ཡིན་ན། 23ཀྱེ་གཙོ་བོ་དཀོན་མཆོག། ཁྱེད་ཀྱིས་དེ་ཚོ་མཐོ་རིས་ནས་གསན་ནས་ཁྱེད་ཀྱི་ཞབས་ཕྱི་ཚོར་ཁྲིམས་ཀྱི་དཔྱད་མཚམས་གཏོང་བར་མཛོད་ཅིག ཉེས་ཅན་ལ་དགོས་ངེས་ཀྱི་ཆད་པ་དང་སྐྱོན་མེད་ལ་བདེན་པ་གནང་བར་མཛོད་ཅིག 24ཨིསི་རཱཨེལ་གྱི་མི་མང་ཚོས་ཁྱེད་ཀྱི་སྤྱན་སྔར་སྡིག་པ་གྱིས་པའི་རྐྱེན་གྱིས་དེ་ཚོའི་དགྲ་བོས་ཕམ་པར་བྱས་རྗེས་དེ་ཚོས་ཁྱེད་ལ་བལྟས་ནས་མཆོད་ཁང་འདིར་ཡོང་ནས་ཉམ་ཆུང་གིས་ཁྱེད་ལ་བཟོད་གསོལ་གནང་རོགས་ཞུས་པ་ཡིན་ན། 25མཐོ་རིས་ནས་དེ་ཚོ་ལ་གསན་པར་མཛོད་ཅིག ཁྱེད་ཀྱི་མི་མང་སྡེི་པར་བཟོད་གསོལ་གནང་ནས་དེ་ཚོ་དང་དེ་ཚོའི་ཕ་མེས་ཚོར་གནང་བའི་ཡུལ་དུ་འཁྲིད་པར་མཛོད་ཅིག 26ཁྱེད་ཀྱི་མི་མང་གིས་ཁྱེད་ཀྱི་སྤྱན་སྔར་སྡིག་པ་གྱིས་པའི་རྐྱེན་གྱིས་ཁྱེད་ཀྱིས་ཆར་པ་འགོག་པར་གནང་སྐབས། དེ་ཚོའི་འགྱོད་བཤགས་ཀྱིས་མཆོད་ཁང་འདིར་ཁ་བལྟས་ནས་ཉམ་ཆུང་གིས་ཁྱེད་ལ་གསོལ་བ་འདེབས་པ་ཡིན་ན། 27ཀྱེ་གཙོ་བོ་དཀོན་མཆོག། དེ་ཚོ་ལ་མཐོ་རིས་ནས་གསན་ནས་ཨིསི་རཱཨེལ་གྱི་མི་མང་ཁྱེད་ཀྱི་ཞབས་ཕྱི་ཚོའི་སྡིག་པར་བཟོད་གསོལ་གནང་ནས་དེ་ཚོའི་འོས་པ་ཇི་བྱེད་དགོས་སློབ་སྟོན་གནང་བར་མཛོད། དེ་ནས་ཀྱེ་གཙོ་བོ་དཀོན་མཆོག། ཁྱེད་ཀྱི་མི་མང་ཚོར་གཏན་དུ་བདག་པར་གནང་བའི་ཡུལ་འདིར་ཆར་པ་གཏོང་བར་མཛོད་ཅིག 28ཡུལ་དུ་མུ་གེའམ་ནད་ཡམས་སམ་སྟོན་ཐོག་ལ་རླུང་འཚུབ་སྐམ་པོས་ཚིག་པའམ་ཆ་ག་འབུའི་ཁྱུ་ཚོགས་ཀྱིས་མེད་པར་བཟོས་པའམ་ཁྱེད་ཀྱི་མི་མང་ལ་དགྲ་བོས་འཛིང་པའམ་དེ་ཚོའི་ཁྲོད་དུ་རིམ་ནད་ཀྱི་མནར་བའི་སྐབས་སུ། 29དེ་ཚོས་གསོལ་བ་འདེབས་པ་ལ་གསན་པར་མཛོད་ཅིག ཁྱེད་ཀྱི་ཨིསི་རཱཨེལ་གྱི་མི་མང་སུ་ཞིག་ལ་སྡུག་བསྔལ་དྲག་པོས་མཆོད་ཁང་འདིའི་ཕྱོགས་སུ་གསོལ་འདེབས་ཆེད་ལག་པ་བརྐྱངས་པ་ཡིན་ན། 30དེ་ཚོའི་གསོལ་འདེབས་ལ་གསན་པར་མཛོད་ཅིག དེ་ཚོ་ལ་ཁྱེད་ཀྱི་མཐོ་རིས་ཀྱི་བཞུགས་གནས་ནས་བཟོད་གསོལ་གནང་བར་མཛོད་ཅིག ཁྱེད་གཅིག་པུས་འགྲོ་བ་མིའི་སེམས་རྟོགས་ཐུབ་པ་དང་། མི་རེ་རེ་ལ་དགོས་ངེས་ཀྱི་འབྲེལ་བ་གནང་རོགས། 31དེ་བས་ཁྱེད་ཀྱིས་མི་མང་དེ་ཚོའི་ཕ་མེས་ཚོར་གནང་བའི་ཡུལ་དི་སྡོད་རིང་དུ་ཁྱེད་ལ་འཇིགས་པ་དང་ཁྱེད་ཀྱི་བཀའ་ལ་བརྩི་བཀུར་ཞུ་མཁན་དུ་འགྱུར་བར་གནང་བར་མཛོད་ཅིག 32ཐག་རིང་དུ་བསྡད་པའི་ཕྱི་རྒྱལ་བ་ཞིག་གིས་ཁྱེད་ཀྱི་མཚན་སྙན་གྲགས་དང་མཐུ་སྟོབས་ཅན་གྱི་རྟག་ཏུ་བྱ་བ་མཛད་རྒྱུར་གྲ་སྒྲིགས་ཡོད་པ་བཅས་མཐོང་ནས་མཆོད་ཁང་འདིར་ཁྱེད་ལ་གསོལ་བ་འདེབས་པར་ཡོང་བ་ཡིན་ན། 33ཁོའི་གསོལ་འདེབས་ལ་གསན་པར་མཛོད། མཐོ་རིས་སུ་ཁྱེད་ཀྱི་བཞུགས་ས་ནས་ཁོ་ལ་གསན་ནས་ཁོས་ཞུ་བ་ཕུལ་བ་ལྟར་གནང་བར་མཛོད། དེ་ལྟར་ཁྱེད་ཀྱི་མི་མང་ལ་ཨིསི་རཱཨེལ་པ་ཚོས་བྱས་པ་ལྟར་འཛམ་གླིང་མི་མང་ཡོངས་ནས་ཁྱེད་ལ་ངོ་ཤེས་པ་དང་། ཁྱེད་ཀྱི་བཀའ་ལ་བརྩི་མཁན་དུ་འགྱུར་བར་མཛོད་ཅིག དེ་ནས་དེ་ཚོས་ཁྱེད་ལ་ངས་བཞེངས་པའི་མཆོད་ཡུལ་གྱི་མཆོད་ཁང་འདི་ངོ་ཤེས་པར་འགྱུར་རོ། 34ཁྱེད་ཀྱིས་རང་གི་མི་མང་རྣམས་དགྲ་བོར་འཐབ་པར་གཡུལ་དུ་འགྲོ་དགོས་པའི་བཀའ་གནང་སྐབས། ཁྱེད་ཀྱིས་འདམས་གནང་བའི་གྲོང་ཁྱེར་འདི་དང་། ངས་ཁྱེད་ཀྱི་ཕྱིར་བཞེངས་པའི་མཆོད་ཁང་འདིར་ཁ་བལྟས་ནས། དེ་ཚོས་ས་གནས་གང་ནས་ཁྱེད་ལ་སྨོན་ལམ་འདེབས་པ་ཡིན་ན། 35དེ་ཚོའི་གསོལ་འདེབས་ལ་མཐོ་རིས་ནས་གསན་ནས་དེ་ཚོ་ལ་རྒྱལ་ཁ་གནང་བར་མཛོད་ཅིག 36ཁྱེད་ཀྱི་མི་མང་གིས་ཁྱེད་ཀྱི་སྤྱན་སྔར་སྡིག་པ་གྱིས་ཡོད་པ་དང་། སྡིག་པ་མི་གྱིས་མཁན་སུ་ཡང་མེད་པ་དང་། ཁྱེད་ཐུགས་ཁྲོས་ནས་དགྲ་བོས་དེ་ཚོ་ལ་ཕམ་པར་བྱས་ནས། ཡུལ་ཐག་རིང་ཐུང་ཇི་འདྲ་བཙོན་པར་འཁྲིད་ཡོད་ནས་ཡང་། 37ཁྱེད་ཀྱི་དེ་ཚོའི་སྨོན་ལམ་ལ་གསན་པར་མཛོད། ཡུལ་དེར་དེ་ཚོས་སྡིག་པ་དང་སྤྱོད་ངན་ཇི་ལྟར་བྱས་པར་ངོས་ལེན་གྱིས་ནས་ཁྱེད་ལ་གསོལ་བ་འདེབས་པ་ཡིན་ན། ཀྱེ་གཙོ་བོ་དཀོན་མཆོག་དེ་ཚོའི་གསོལ་འདེབས་ལ་གསན་པར་མཛོད་ཅིག 38ཡུལ་དེར་དེ་ཚོའི་དངོས་འབྲེལ་དང་དྲང་པོའི་ངང་ནས་འགྱོད་བཤགས་ཕུལ་ན། ཁྱེད་ཀྱིས་འདམས་པ་གནང་བའི་ང་ཚོའི་ཕ་མེས་ཚོར་གནང་བའི་ཡུལ་དང་། ངས་ཁྱེད་ཀྱི་ཆེད་དུ་བཞེངས་པའི་མཆོད་ཁང་འདིའི་ཕྱོགས་སུ་བལྟས་ནས་སྨོན་ལམ་འདེབས་པ་ཡིན་ན། 39དེ་ཚོའི་སྨོན་ལམ་ལ་གསན་པར་མཛོད་ཅིག ཁྱེད་ཀྱི་མཐོ་རིས་ཀྱི་བཞུགས་གནས་ནས་དེ་ཚོ་ལ་གསན་ནས་སྙིང་རྗེ་ཆེན་པོས་ཁྱེད་ཀྱི་མི་མང་ཚོའི་སྡིག་པ་རྣམས་ལ་བཟོད་གསོལ་གནང་བར་མཛོད་ཅིག 40ད་ངའི་དཀོན་མཆོག་ཁྱེད་ཀྱིས་ང་ཚོར་གཟིགས་ནས་གནས་འདིར་བཏབ་པའི་སྨོན་ལམ་ལ་གསན་པར་མཛོད་ཅིག 41ད་གཙོ་བོ་དཀོན་མཆོག་བཞེངས་ནས། ཁྱེད་ཀྱི་མཐུ་སྟོབས་ཀྱི་མཚན་རྟགས་དམ་བཅའི་སྒྲོམ་འདི་མཉམ་དུ་མཆོད་ཁང་ནང་གཤེགས་ནས་ཇི་སྲིད་ནམ་གནས་བར་དེར་བཞུགས་སུ་གསོལ། ཁྱེད་ཀྱི་བླ་མ་ཚོས་བྱེད་པའི་བྱ་བ་ཐམས་ཅད་ལ་བྱིན་རླབས་གནང་རོགས། ཁྱེད་ཀྱི་མི་མང་རྣམས་དགའ་སྐྱིད་ཡོང་བར་ཤོག། གང་ལ་ཟེར་ན། ཁྱེད་ཀྱིས་དེ་ཚོ་ལ་བཟང་པོ་གནང་བའི་ཕྱིར་རོ། 42གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་འདམས་གནང་བའི་རྒྱལ་པོ་ལ་མ་སྤངས་རོགས་གནང་། ཁྱེད་ཀྱི་ཞབས་ཕྱི་དཱ་བིད་ལ་ཡོད་པའི་ཐུགས་བརྩེ་བ་དེ་དྲན་གསོས་གནང་བར་མཛོད༎

སྔོན་རབས་གཉིས་པ། 7

མཆོད་ཁང་གི་བསྔོ་འབུལ།

(༡ རྒྱལ་རབས་ ༨:༦༢-༦༦)

1རྒྱལ་པོ་སོ་ལོ་མོན་གྱིས་སྨོན་ལམ་བཏབ་གྲུབ་པ་དང་། མཐོ་རིས་ནས་མེ་བབས་ནས་སྦྱིན་སྲེག་གི་དམར་མཆོད་ཕུལ་བ་རྣམས་བསྲེགས་པ་དང་། གཙོ་བོ་དཀོན་མཆོག་བཞུགས་པའི་ཤིན་ཏུ་འཚེར་བའི་འོད་ཀྱིས་མཆོད་ཁང་ཁེངས་སོ། 2མཆོད་ཁང་དུ་ཤིན་ཏུ་འཚེར་བའི་འོད་ཀྱིས་ཁེངས་ཡོད་སྟབས་དེའི་ནང་བླ་མ་ཚོ་ཡང་འཛུལ་མ་ཐུབ་བོ། 3ཨིསི་རཱཨེལ་གྱི་མི་མང་ཚོས་མཐོ་རིས་ནས་མེ་བབས་ནས་མཆོད་ཁང་ནང་འོད་ཀྱི་ཁེངས་པ་མཐོང་སྐབས། དེ་ཚོ་ཁྱམས་རར་ཁ་མར་འབུབ་ནས་དཀོན་མཆོག་ལ་མཆོད་པ་དང་། ཁོང་ནི་བཟང་པོ་དང་མཐའ་མེད་པའི་ཐུགས་བརྩེ་ལ་བསྟོད་མངགས་སོ། 4དེ་ནས་སོ་ལོ་མོན་དང་མི་མང་ཚང་མས་གཙོ་བོ་དཀོན་མཆོག་དམར་མཆོད་ཕུལ་ལོ། 5ཁོང་གི་བ་གླང་གྲངས་ ༢༢,༠༠༠ དང་། ལུག་གྲངས་ ༡༢༠,༠༠༠ མཐུན་བྲལ་ཀྱི་མཆོད་པ་ཕུལ་ལོ། དེ་ལྟར་ཁོང་དང་མི་མང་ཚང་མས་མཆོད་ཁང་ལ་བསྔོ་འབུལ་མཛད་དོ། 6བླ་མ་ཚོ་རང་རང་སོ་སོར་སྤྲད་པའི་ས་གནས་དེར་ལངས་སོ། དེ་ཚོའི་ཁ་བལྟས་སུ་ལེ་ཝི་པ་ཚོ་ལངས་ནས་བསྡད་ཡོད་པ་དང་། རྒྱལ་པོ་དཱ་བིད་ཀྱིས་མཁོ་སྒྲུག་གནང་བའི་རོལ་ཆས་རྣམས་དང་མཉམ་དུ་ཁོང་རང་ཉིད་ཀྱིི་བཀའ་བཀོད་གནང་བ་ལྟར་ཁོང་གི་བྱམས་པ་ནི་མཐའ་མེད་པ་ལགས་སོ་ཞེས་པའི་མགུར་མ་བཏང་བཞིན་ཡོད་དོ། མི་མང་ཚང་མ་ལངས་ནས་ཡོད་སྐབས་བླ་མ་ཚོས་དུང་འབུད་དོ། 7སོ་ལོ་མོན་མཆོད་ཁང་གི་མདུན་ཕྱོགས་ཀྱི་ཁྱམས་རའི་དབུས་དེར་ཁོང་གིས་བསྔོ་འབུལ་གནང་ནས། དེར་སྦྱིན་སྲེག་གི་དམར་མཆོད་རྣམས་དང་འབྲུའི་མཆོད་པ་རྣམས་དང་མཐུན་བྲལ་གྱི་མཆོད་པ་རྣམས་ཀྱི་ཚིལ་ལུ་ཕུལ་བ་བཅས་དེ་ལྟར་གནང་ཡོད་དོ། གང་ལ་ཟེར་ན། ཁོང་གིས་བཟོས་པའི་ལིའི་མཆོད་ཁྲི་དེ་ནི་མཆོད་པ་དེ་ཚོ་ལ་ཧ་ཅང་ཆུང་བའི་རྐྱེན་གྱིས་ཡིན་ནོ། 8སོ་ལོ་མོན་དང་ཨིསི་རཱཨེལ་གྱི་མི་མང་ཡོངས་ནས་སྐྱབས་གནས་ཀྱི་དུས་སྟོན་ཉིན་བདུན་རིང་སྲུང་བརྩི་ཞུས་སོ། དེར་བྱང་ཧ་མད་ཀྱི་ལ་ནས་ལྷོ་ཨི་ཇིབ་ཀྱི་ས་མཚམས་བར་གྱི་མི་ཚོགས་ཧ་ཅང་ཆེན་པོ་བསྡུས་ཡོད་དོ། 9དེ་ཚོས་མཆོད་ཁྲི་ལ་བསྔོ་འབུལ་ཉིནེ་བདུན་དང་ཡང་དུས་སྟོན་ཉིནེ་བདུན་སྲུང་བརྩི་ཞུས་སོ། ཉིན་མཐའ་མར་དེ་ཚོས་མཐའ་བསྡོམས་ཀྱི་དུས་སྟོན་བྱས་སོ། 10དེ་ནས་ཉིན་རྗེས་མ་ཟླ་བ་བདུན་པའི་ཚེས་ཉི་ཤུ་གསུམ་ཉིན་སོ་ལོ་མོན་གྱི་མི་མང་རྣམས་ཁྱིམ་དུ་ལོག་བཅུག་གོ རང་གི་མི་དབངས་ཨིསི་རཱཨེལ་དང་དཱ་བིད་དང་སོ་ལོ་མོན་བཅས་པར་བྱིན་རླབས་གནང་བར་ཚང་མ་དགའ་མགུར་འགྱུར་རོ༎

སོ་ལོ་མོན་གྱི་ཡང་སྐྱར་དཀོན་མཆོག་མཇལ་བ།

(༡ རྒྱལ་རབས་ ༩:༡-༩)

11རྒྱལ་པོ་སོ་ལོ་མོན་གྱི་མཆོད་ཁང་དང་ཕོ་བྲང་བཅས་ཁོང་གི་འཆར་གཞི་ཚང་མ་ལམ་ལྷོང་ལྡན་པ་སྒྲུབ་པའི་རྗེས་སུ། 12མཚན་མོ་ཞིག་ཁོང་ལ་གཙོ་བོ་དཀོན་མཆོག་མཇལ་ནས། ཁོང་གིས་ཁོང་ལ། ངས་ཁྱོད་ཀྱི་སྨོན་ལམ་ཐོས་བྱུང་བས་ངས་མཆོད་ཁང་འདི་ང་ལ་དམར་མཆོད་འབུལ་ཡུལ་དུ་ངོས་འཛིན་བྱ་རྒྱུ་ཡིན་ནོ། 13ངས་ཆར་པ་བཀག་པ་དང་ཆ་ག་འབུ་སྟོན་ཐོག་ཟ་བར་བཏང་བ་དང་ངའི་མི་མང་ལ་རིམ་ནད་གཏོང་སྐབས། 14ངའི་མི་མང་ཚོས་ང་ལ་གསོལ་བ་འདེབས་པ་དང་འགྱོད་བཤགས་ཕུལ་ནས་དེ་ཚོས་བྱ་བའི་སྡིག་པ་སྤོང་བ་ཡིན་ན། ངས་མཐོ་རིས་ནས་དེ་ཚོ་ལ་ཉན་རྒྱུ་དང་དེ་ཚོའི་སྡིག་པར་བཟོད་གསོལ་བྱས་ནས། ཡང་སྐྱར་དེ་ཚོའི་ཡུལ་དེ་ཕུན་སུམ་ཚོགས་པ་བཟོ་རྒྱུ་ཡིན་ནོ། 15ངས་མཆོད་ཁང་འདིར་བལྟ་རྟོགས་བྱ་རྒྱུ་དང་འདིར་འཏབ་པའི་སྨོན་ལམ་ཚང་མ་ཉན་རྒྱུར་གྲ་སྒྲིག་བྱ་རྒྱུ་ཡིན་ནོ། 16གང་ལ་ཟེར་ན། ངས་དེ་འདམས་པ་དང་ང་ལ་རྟག་ཏུ་མཆོད་པ་འབུལ་ཡུལ་དུ་དག་བྱང་བྱས་ཡོད། ངས་དེ་ལ་བལྟ་རྟོགས་བྱ་རྒྱུ་དང་དེ་རྟག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན་ནོ། 17ཁྱོད་ཀྱི་ཕ་དཱ་བིད་བཞིན་ཁྱོད་ཀྱིས་ལྷག་བསམ་རྣམ་དག་གིས་ངའི་ཞབས་ཕྱི་ཞུ་བ་དང་། ངའི་བཀའ་ཁྲིམས་ལ་ཉན་ནས་ངས་བཀའ་བཏང་བ་བཞིན་བྱས་པ་ཡིན་ན། 18ངས་ཁྱོད་ཀྱི་ཕ་དཱ་བིད་ལ་ཁོའི་བརྒྱུད་ཀྱི་རྟག་ཏུ་ཨིསི་རཱཨེལ་གྱི་རྒྱལ་སྲིད་སྐྱོངས་བར་འགྱུར་ཞེས་སྨྲས་ནས་དམ་བཅའ་བཞག་པར་ཆ་འཛིན་བྱ་རྒྱུ་ཡིན་ནོ། 19འོན་ཀྱང་ཁྱོད་དང་ཁྱོད་ཀྱི་མི་མང་ཚོས་ངས་བཏང་བའི་བཀའ་ཁྲིམས་དང་ངའི་བཀའ་རྒྱ་ལ་མ་ཉན་པར་ལྷ་གཞན་ལ་བསྟན་པ་ཡིན་ན། 20ངས་ཁྱོད་ལ་སྤྲད་པའི་ཡུལ་འདི་ནས་ཕྱིར་འབུད་བྱ་རྒྱུ་དང་། ངས་ང་ལ་མཆོད་ཡུལ་དུ་བསྔོ་འབུལ་བྱས་པའི་མཆོད་ཁང་འདི་སྤོང་རྒྱུ་ཡིན་ནོ། ས་ཁུལ་ཚང་མའི་མི་མང་ཚོས་དེ་ལ་སྣང་ཆུང་དང་འཕྱ་བའི་ཡུལ་དུ་འགྱུར་རོ། 21ད་ལྟ་མཆོད་ཁང་འདིར་གུས་བཀུར་ཆེན་པོ་ཞུས་ཡོད། འོན་ཀྱང་མི་ཆང་མ་འདི་བརྒྱུད་ནས་འགྲོ་མཁན་ཚོ་ཧང་སང་ནས་གཙོ་བོ་དཀོན་མཆོག་གིས་ཡུལ་འདི་དང་མཆོད་ཁང་འདིར་ཅིའི་ཕྱིར་འདི་འདྲ་མཛད་པ་ཡིན་ནམ་ཞེས་འདྲི་བར་འགྱུར་རོ། 22ལན་དུ་མི་མང་ཚོས། རང་གི་ཕ་མེས་ཚོ་ལ་ཨི་ཇིབ་ནས་འདོན་གནང་མཁན་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་དེ་ལ་དེ་ཚོས་སྤངས་ནས། ལྷ་གཞན་ལ་བསྟེན་ཅིང་མཆོད་པས་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་རྐྱེན་ངན་འདི་འཁྱེར་གནང་ཡོང་བ་ཡིན་ནོ་ཞེས་སྨྲ་འོང༎

སྔོན་རབས་གཉིས་པ། 8

སོ་ལོ་མོན་གྱི་སྒྲུབ་འབྲས།

(༡ རྒྱལ་རབས་ ༩:༡༠-༢༨)

1སོ་ལོ་མོན་གྱིས་མཆོད་ཁང་དང་ཕོ་བྲང་བཞེངས་པར་ལོ་ཉི་ཤུ་འགོར་ཡོད་ཅིང་། 2རྒྱལ་པོ་ཧི་རམ་གྱིས་ཁོང་ལ་གནང་བའི་གྲོང་ཁྱེར་ཁག་ཀྱང་སྐྱར་བཟོ་གནང་ནས། ཨིསི་རཱཨེལ་པ་ཚོ་དེར་གཞིས་ཆགས་སུ་བཏང་ངོ་། 3ཁོང་གིས་ཧ་མད་དང་ཛོ་བཱའི་མངའ་ཁུལ་ལ་དབང་བཟུང་གནང་ངོ་། 4བྱེ་ཐང་གི་པལ་མི་རའི་གྲོང་ཁྱེར་ལ་འཛིངས་རག་བཟོས་པ་དང་། ཁོང་གིས་ཧ་མད་ལ་ཡོད་པའི་བང་མཛོད་ཀྱི་གྲོང་ཁྱེར་ཚང་མ་སྐྱར་བཟོ་གནང་ངོ་། 5སོ་ལོ་མོན་གྱིས་བྷེད་ཧོ་རོན་སྟོད་སྨད་གཉིས་ལ་རྒྱལ་སྒོ་དང་ལྕགས་རི་བཅས་ཡོད་པའི་འཛིངས་རག་ཅན་གྱི་གྲོང་ཁྱེར་ཁག་སྐྱར་བཟོས་གནང་ངོ། 6བྷ་ལདའི་གྲོང་ཁྱེར་དང་དགོས་མཁོ་འཇོག་ཡུལ་གྲོང་ཁྱེར་ཚང་མ་དང་། རྟ་དང་ཤིང་རྟ་འཁོར་ལོ་འཇོག་ཡུལ་གྱི་གྲོང་ཁྱེར་རྣམས་སྐྱར་བཟོ་གནང་ངོ་། ཁོང་གིས་རྒྱལ་སྲིད་སྐྱོངས་བའི་མངའ་ཁུལ་ཡོངས་དང་ཡེ་རུ་ཤ་ལེམ་དང་ལེ་བ་ནོན་གྱི་སྐྱར་གསོའི་འཆར་གཞི་རྣམས་སྒྲུབ་གནང་ངོ་། 7-8སོ་ལོ་མོན་གྱིས་ཀ་ནན་མི་མང་གི་རིགས་བརྒྱུད་དེ་ཚོའི་ཡུལ་ཨིསི་རཱཨེལ་པ་ཚོས་བདག་བཟུང་བྱ་སྐབས་མ་བསད་པ་རྣམས་བཙན་ལས་བསྐུལ་གནང་ངོ་། དེ་ཚོའི་ནང་ཧི་ཏི་པ་དང་ཨ་མོར་པ་དང་པེ་རི་ཛི་པ་དང་ཧི་ཝི་པ་དང་ཡེ་བུ་སི་པ་བཅས་དེ་ཚོའི་རིགས་བརྒྱུས་ནི་དེང་སང་གི་བར་ཚེ་གཡོག་མུ་མཐུད་བྱས་མུས་ཡིན་ནོ། 9ཨིསི་རཱཨེལ་པ་ཚོ་བཙན་ལས་ལ་བེད་སྤྱོད་གནང་མེད་ཅིང་། དེ་ཚོས་དམག་མི་དང་དཔོན་པོ་དང་ཤིང་རྟ་འཁོར་ལོའི་བཀོད་ཁྱབ་པ་དང་རྟ་པ་བཅས་པའི་ཞབས་ཞུ་ཞུས་སོ། 10ཨར་ལས་ཀྱི་འཆར་གཞི་འདྲ་མིན་ནང་བཙན་ལས་བྱ་མཁན་གྱི་ལས་བྱེད་པ་གྲངས་ ༢༥༠ ཡོད་དོ། 11སོ་ལོ་མོན་གྱི་སྐུ་ཟླ་ནི་ཨི་ཇིབ་ཀྱི་རྒྱལ་པོའི་སྲས་མོ་དེ་དཱ་བིད་ཀྱི་གྲོང་ཁྱེར་ནས་ཁོང་གི་ཕྱིར་དུ་བཟོས་པའི་ཁང་པ་ཞིག་ནང་སྤོས་གནང་ངོ་། ཁོང་གིས་གསུངས་པ། བཙུན་མོ་དེ་ནི་ཨིསི་རཱཨེལ་གྱི་རྒྱལ་པོ་དཱ་བིད་ཀྱི་ཕོ་བྲང་ནང་སྡོད་མི་རུང་ངོ་། གང་ལ་ཟེར་ན། དམ་བཅའི་སྒྲོམ་འཇོག་ཡུལ་གྱི་ས་ཆ་དེ་དམ་པ་ཡིན་པའི་ཕྱིར་རོ། 12མཆོད་ཁང་གི་མདུན་དུ་སོ་ལོ་མོན་གྱིས་བཞེངས་པའི་མཆོད་ཁྲིའི་སྟེང་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གྱི་དམར་མཆོད་འབུལ་གནང་ངོ་། 13ཁོང་གིས་མོ་ཤེའི་བཀའ་ཁྲིམས་ཀྱི་དགོས་དོན་ལྟར་ཉིན་དམ་པ་རེ་རེར། ངལ་གསོ་བའི་ཞག་རྣམས་དང་གནང་གང་གི་དུས་སྟོན་རྣམས་དང། ལོའི་དུས་སྟོན་གསུམ་ཆི་མན་མེད་པའི་བག་ལེབ་ཀྱི་དུས་སྟོན་དང་སྟོན་ཐོག་གི་དུས་སྟོན་དང་རྩ་གཡབ་ཀྱི་དུས་སྟོན་བཅས་པར་སྦྱིན་སྲེག་གི་མཆོད་པ་ཕུལ་གནང་ངོ་། 14ཁོང་གིས་ཡབ་དཱ་བིད་ཀྱིས་ལུག་སྲོལ་སྟོན་གནང་བ་ལྟར། ཁོང་གིས་བླ་མ་ཚོའི་ཉིན་རེའི་ལས་འགན་དང་། ལེ་ཝི་པ་བླ་མ་ཚོར་མགུར་མ་གཏོང་རྒྱུར་དང་ལས་ཀ་གཞན་ལ་རོགས་བྱེད་ཕྱིར་ཉིན་རེའི་ལས་འགན་གོ་སྒྲིགས་གནང་ངོ་། དཀོན་མཆོག་གི་སྐྱེ་བོ་དཱ་བིད་ཀྱིས་བཀའ་གནང་བ་ལྟར། ཁོང་གིས་མཆོད་ཁང་གི་སྐུ་སྲུང་པ་ཚོས་ཉིན་རེ་བཞིན་རྒྱལ་སྒོ་རེ་རེར་ལས་འགན་ཇི་ཡོད་གོ་སྒྲིགས་གནང་ངོ་། 15དཱ་བིད་ཀྱིས་བླ་མ་ཚོ་དང་ལེ་ཝི་པ་ཚོར་མཛོད་ཁང་དང་གནས་དོན་གཞན་སྐོར་སློབ་སྟོན་གནང་བ་རྣམས་ཞིབ་གསལ་གནང་བཞིན་ཡོད་དོ། 16དུས་སྐབས་དེར་སོ་ལོ་མོན་གྱིས་འཆར་གཞི་རྣམས་སྒྲུབ་ཟིན་པ་དང་། གཙོ་བོ་དཀོན་མཆོག་གི་མཆོད་ཁང་གི་རྨང་གཞི་བཏིང་བ་ནས་དེ་སྒྲུབ་པའི་བར་ལ་ལས་དོན་ཚང་མ་ལམ་ལྷོང་བྱུང་ཡོད་དོ། 17དེ་ནས་སོ་ལོ་མོན་ཨེ་དྷོམ་ཡུལ་གྱི་རྒྱ་མཚོ་དམར་པོ་ཉེ་འགྲམ་གི་གྲུ་ཁ་ཨེ་ཛི་ཨོན་གྷེ་བྷེར་དང་ཨེ་ལད་བར་ཕེབས་སོ། 18རྒྱལ་པོ་ཧི་རིམ་གྱིས་རང་གི་འགོ་འཛིན་དང་ཉམས་མྱོང་ཅན་གྱི་གྲུ་པ་རྣམས་ཀྱི་མངའ་འོག་ཏུ་གྲུ་རྣམས་ཁོང་སར་བཏང་ངོ་། དེ་ཚོས་སོ་ལོ་མོན་གྱི་འགོ་འཛིན་ཚོ་མཉམ་དུ་ཨོ་ཕིར་ཡུལ་དུ་གྲུ་ནང་ཕེབས་ནས་གསེར་ཀི་ལོ་གྷ་རམ་ ༡༥,༠༠༠ ལྷག་ཙམ་འཁྱེར་ཡོང་ནས་སོ་ལོ་མོན་ལ་ཕུལ་ལོ༎

སྔོན་རབས་གཉིས་པ། 9

(༡ རྒྱལ་རབས་ ༡༠:༡-༡༣)

1ཤེ་བྷའི་རྒྱལ་མོས་རྒྱལ་པོ་སོ་ལོ་མོན་གྱི་སྙན་གྲགས་ཀྱི་སྐོར་ཐོས་པ་དང་། མོས་དྲི་བ་ཁག་པོ་ཁག་གིས་ཁོང་ལ་རྟགས་དཔྱད་གནང་བར་ཡེ་རུ་ཤ་ལེམ་དུ་ཕེབས་སོ། ཁོང་གིས་ཁོང་དང་མཉམ་དུ་འཁོར་གཡོག་མང་པོ་དང་རྔ་མོང་ཚོའི་ཐོག་སྨན་སྣ་དང་ནོར་བུའི་རིགས་དང་གསེར་ཁྱོན་ཆེན་གྱི་དོད་པོ་བཀལ་ཡོད་པ་དང་། ཁོང་གིས་སོ་ལོ་མོན་ལ་མཇལ་བ་དང་ཁོང་གིས་ཐུགས་དྲན་གསོས་པའི་དྲི་བ་ཚང་མ་བཀའ་འདྲི་གནང་ངོ་། 2ཁོང་གིས་དེ་ཚོ་ཚང་མ་ལ་ལན་གནང་ངོ་། ཁོང་ལ་དེ་ཚོར་འགྲེལ་བརྗོད་གནང་རྒྱུར་སྐུ་ངལ་མ་བྱུང་ངོ་། 3ཤེ་བྷའི་རྒྱལ་མོས་སོ་ལོ་མོན་གྱི་ཤེས་རབ་ཀྱི་སྐོར་ལ་གསན་པ་དང་། ཁོང་གིས་བཞེངས་པའི་ཕོ་བྲང་གཟིགས་སོ། 4ཁོང་གིས་གསོལ་ལྕོག་སྟེང་སྒྲིགས་པའི་གསོལ་ཚིག་དང་ལས་བྱེད་པ་ཚོའི་གཟིམ་ཤག་དང་ཕོ་བྲང་གི་ལས་བྱའི་སྒྲིག་འཛུག་དང་དེ་ཚོ་དགྲིག་ཆས་དང་། ཁོང་ལ་གསོལ་སྟོན་སྐབས་སྒུག་བསྡད་པའི་ཞབས་ཕྱི་ཚོའི་ན་བཟའ་དང་མཆོད་ཁང་ནང་ཁོང་གིས་ཕུལ་བའི་དམར་མཆོད་བཅས་གཟིགས་ནས། དེ་ཚོས་ཁོང་ཧོན་འཐོར་བ་དང་ཧང་སང་ངོ་། 5ཤེ་བྷའི་རྒྱལ་མོས་རྒྱལ་པོ་ལ། ངས་ངའི་ཡུལ་དུ་ཁྱེད་དང་ཁྱེད་ཀྱི་ཤེས་རབ་ཀྱི་སྐོར་ཐོས་པ་བདེན་པ་རང་རེད་འདུག 6ང་རང་འདིར་ཡོང་ནས་མ་མཐོང་བར་དུ་དེ་ཚོས་བཤད་པར་ཡིད་མ་ཆེས་སོ། ངས་ཁྱེད་ཀྱི་ཤེས་རབ་ཀྱི་སྐོར་ཕྱེད་ཀ་ཡང་ཐོས་མི་འདུག མིས་བཤད་པ་ལས་ཁྱེད་ཀྱི་ཤེས་རབ་ཆེ་བ་འདུག་གོ 7ཁྱེད་ལ་ཞབས་ཕྱི་ཞུ་མཁན་ཚོ་རྟག་ཏུ་ཁྱེད་དྲུང་ཡོད་པ་དང་། ཁྱེད་ཀྱི་ཤེས་རབ་ཅན་གྱི་གསུང་ཐོས་པའི་གོ་སྐབས་ཡོད་མཁན་ཚོ་ཧ་ཅང་བསོད་ནམས་ཅན་ཞིག་ཡིན་ནོ། 8གཙོ་བོ་དཀོན་མཆོག་ལ་བསྟོད་པ་ཕུལ། ཁོང་གིས་ཁྱེད་རྒྱལ་པོར་བསྐོས་ནས་ཁོང་གིས་མཚན་ནས་རྒྱལ་སྲིད་སྐྱོངས་བཅུག་ནས་ཁོང་ཇི་ལྟར་ཁྱེད་མཉམ་དུ་ཐུགས་མཉེས་པ་བསྟོན་གནང་ངོ་། གང་ལ་ཟེར་ན། ཁོང་གི་ཨིསི་རཱཨེལ་གྱི་མི་མང་ཚོར་ཐུགས་བརྩེ་ཡོད་པ་དང་། དེ་ཚོ་རྟག་ཏུ་གནས་པར་གནང་འདོད་ཡོད་སྟབས། ཁྱེད་ཀྱིས་ཁྲིམས་དང་བདེན་པ་སྲུང་བའི་ཕྱིར་ཁྱེད་རྒྱལ་པོར་བསྐོས་གནང་བ་ཡིན་ཅེས་གསུངས་སོ། 9ཁོང་གིས་འཁྱེར་ཡོང་བའི་འབུལ་བ་གསེར་ཀི་ལོ་གྷ་རམ་ ༤,༠༠༠ ལྷག་དང་སྨན་སྣ་དང་ནོར་བུའི་རིགས་ཁྱོན་ཆེ་བཅས་རྒྱལ་པོ་སོ་ལོ་མོན་ལ་ཕུལ་ལོ། ཤེ་བྷའི་རྒྱལ་མོས་རྒྱལ་པོ་སོ་ལོ་མོན་ལ་ཕུལ་བའི་སྨན་སྣ་དེ་བཞིན་སྨན་སྣ་སྤུས་ལེགས་དེ་ལྟར་གཞན་མེད་དོ། 10(རྒྱལ་པོ་ཧི་རམ་དང་རྒྱལ་པོ་སོ་ལོ་མོན་གྱི་མི་ཚོས་ཨོ་ཕིར་ནས་གསེར་འཁྱེར་ཡོང་སྐབས་ཙན་དན་གྱི་ཤིང་དང་རིན་ཆེན་ཁག་ཀྱང་འཁྱེར་ཡོད་དོ། 11སོ་ལོ་མོན་གྱིས་ཤིང་དེ་ཚོ་མཆོད་ཁང་དང་ཁོང་རང་གི་ཕོ་བྲང་དང་ཐེམ་སྐས་དང་རོལ་མོ་མཁན་ཚོའི་སྒྲ་སྙན་དང་པི་ཝང་བཟོ་བར་བེད་སྤྱོད་གནང་ངོ་། སྔོན་དུ་ཡ་ཧུ་དཱ་པའི་ཡུལ་དུ་དེ་ལྟར་རྩ་བ་ནས་མཐོང་མྱོང་མེད་དོ།) 12རྒྱལ་པོ་སོ་ལོ་མོན་གྱི་ཤེ་བའི་རྒྱལ་མོས་ཅི་ཞུས་པ་ཐམས་ཅད་གནང་ངོ་། དེ་ཚོ་ནི་མོས་ཁོང་ལ་ཕུལ་བའི་འབུལ་བ་ཚོའི་ལས་མང་བ་ཡིན་ནོ། དེ་ནས་རྒྱལ་མོ་དང་མོའི་འཁོར་གཡོག་རྣམས་ཤེ་བའི་ཡུལ་དུ་ཕྱིར་ལོག་ཕེབས་སོ༎

(༡ རྒྱལ་རབས་ ༡༠:༡༤-༢༥)

13ལོ་ལྟར་རྒྱལ་པོ་སོ་ལོ་མོན་ལ་གསེར་ཀི་ལོ་གྷ་རམ་ ༢༣,༠༠༠ ཙམ་འབྱོར་གྱི་ཡོད་པ་དང་། 14དེའི་ཐོག་ཚོང་པ་ཚོས་དཔྱ་ཁྲལ་ཕུལ་གྱི་ཡོད་དོ། ཨ་ར་བི་ཡའི་རྒྱལ་པོ་ཚོ་དང་ཨིསི་རཱཨེལ་གྱི་རྫོང་གི་སྲིད་སྐྱོངས་པ་ཚོས་ཁོང་ལ་གསེར་དངུལ་ཕུལ་གྱི་ཡོད། 15སོ་ལོ་མོན་གྱིས་ཕུབ་ཆེན་ ༢༠༠ བཟོས་པ་དེ་ཚོ་ཕུབ་རེ་རེར་གསེར་ལྗང་བརྡུང་ཀི་ལོ་གྷ་རམ་བདུན་ཙམ་གཡོགས་ཡོད་པ་དང་། 16དེ་ལྟར་ཕུབ་ཆུང་བ་གྲངས་ ༣༠༠ བཟོས་པ་དེ་ཚོ་རེ་རེར་གསེར་ལྗང་བརྡུང་ཀི་ལོ་གྷ་རམ་གསུམ་ཙམ་གཡོགས་ཡོད་དོ། ཁོང་གིས་དེ་ཚོ་ཚང་མ་ལེ་བ་ནོན་གྱི་ཤིང་ནགས་ཀྱི་ཕོ་བྲང་དུ་འཇོག་གནང་ཡོད་དོ། 17རྒྱལ་པོས་རྒྱལ་ཁྲི་ཆེན་པོ་ཞིག་ཡང་བཟོས་བཅུག་ཡོད་པ་དང་། དེའི་ཆ་ཤས་ཤིག་ལ་བ་སོས་བཀབ་ཡོད་པ་དང་དེའི་ལྷག་འཕྲོས་རྣམས་གསེར་སྤུས་དག་གི་གཡོག་ཡོད་དོ། 18ཁྲི་བར་དུ་ཐེམ་སྐས་དྲུག་ཡོད་པ་དང་། དེ་ལ་གསེར་གྱི་གཡོགས་པའི་རྐང་སྟེགས་བྲལ་ཡོད་དོ། ཁྲི་དེའི་ཕྱོགས་རེར་ལག་པ་འཇོག་ཡུལ་ཡོད་པ་དང་ཕྱོགས་རེར་སེང་གེའི་དབྱིབས་ཅན་ལངས་ཡོད་དོ། 19ཐེམ་སྐས་དྲུག་གི་ཕྱོགས་གཉིས་ཀར་སེང་གེའི་དབྱིབས་ཅན་རེ་རེ་རྩིས་པའི་སྡོམ་བཅུ་གཉིས་ཡོད་དོ། རྒྱལ་ཁབ་གཞན་དུ་ཁྲི་འདི་ལྟར་རྩ་བ་ནས་བྱུང་མེད་དོ། 20རྒྱལ་པོ་སོ་ལོ་མོན་གྱི་ཞལ་དཀར་རྣམས་གསེར་ལས་བཟོས་ཡོད་པ་དང་། ལེ་བ་ནོན་གྱི་ཤིང་ནགས་ཀྱི་ཕོ་བྲང་གི་ཐབ་ཆས་རྣམས་གསེར་སྤུས་དག་འབའ་ཞིག་ལས་སྒྲུབ་པ་ཡིན་ནོ། སོ་ལོ་མོན་གྱི་སྐུ་དུས་སུ་དངུལ་ལ་དེ་ལྟར་རིང་ཐང་རྩིས་སྲོལ་མེད་དོ། 21ཁོང་ལ་མཐའི་རྒྱ་མཚོ་ཆེན་པོར་རྒལ་བའི་གྲུ་གཟིང་ཡོད་པ་རྣམས་རྒྱལ་པོ་ཧི་རམ་གྱི་གྲུ་དང་མཉམ་དུ་མཚོ་ལ་འགྲོ་གི་ཡོད། ལོ་གསུམ་རེའི་མཚམས་ཁོང་གི་གྲུ་གཟིང་ཚོའི་ནང་གསེར་དངུལ་དང་བ་སོ་དང་མི་རྒོད་དང་དང་སྤྲེའུ་བཅས་པ་འཁྱེར་ནས་ཡོང་ངོ་། 22རྒྱལ་པོ་སོ་ལོ་མོན་ནི་འཛམ་གླིང་གི་རྒྱལ་པོ་གཞན་ཚོ་ལས་ཕྱུག་པ་དང་ཤེས་རབ་དང་ལྡན་པ་ཡོད་དོ། 23དེ་ཚོ་ཚང་མས་ཁོང་ལ་དཀོན་མཆོག་གིས་གནང་བའི་ཤེས་རབ་ལ་ཉན་ཕྱིར་གོ་བསྡུར་ཞུ་བཞིན་ཡོད་དོ། 24དེ་ཚོ་རེ་རེར་སོ་ལོ་མོན་ལ་གསེར་དངུལ་གྱི་དངོས་པོ་དང་ན་བཟའ་དང་མཚོན་ཆ་དང་སྨན་སྣ་དང་རྟ་དྲེལ་བཅས་ཕུལ་གྱི་ཡོད་དོ། དེ་ལྟར་ལོ་ནས་ལོ་བསྟུད་བྱ་བཞིན་ཡོད་དོ། 25རྒྱལ་པོ་སོ་ལོ་མོན་ལ་ཤིང་རྟ་འཁོར་ལོ་དང་རྟའི་ཕྱིར་རྟ་ར་ ༤,༠༠༠ དང་། རྟ་དམག་གི་རྟ་ ༡༢,༠༠༠ ཡོད། དེ་ཚོ་འགའ་ཤས་ཡེ་རུ་ཤ་ལེམ་དུ་འཇོག་པ་དང་། དེ་འཕྲོས་རྣམས་གྲོང་ཁྱེར་ཁག་ནང་འཇོག་གནང་ཡོད་དོ། 26ཁོང་ནི་གཙང་པོ་ཡུབ་རད་ནས་ཕེ་ལེ་ཤེད་དང་ཨི་ཇིབ་ཀྱི་ས་མཚམས་ཁུལ་གྱི་རྒྱལ་པོ་ཚང་མའི་གཙོ་བོ་ཡིན་ནོ། 27ཁོང་གི་སྐུ་དུས་སུ་ཡེ་རུ་ཤ་ལེམ་དུ་དངུལ་ནི་རྡོ་བཞིན་དཀྱུས་མ་ལྟར་དང་འགྱམ་ཤིང་ནི་ཡ་ཧུ་དཱའི་རི་གཤམ་ཏུ་ཡོད་པའི་ཤིང་སེ་ཡབ་དཀྱུས་མ་ལྟ་བུ་འབོལ་པོ་ཡོད་དོ། 28སོ་ལོ་མོན་གྱིས་རྟ་དེ་རྣམས་མུསི་རི་དང་གཞན་ཡུལ་ཚང་མ་ནས་ཉོས་གནང་ངོ་༎

སོ་ལོ་མོན་གྱི་རྒྱལ་སྲིད་སྐྱོངས་བའི་ལོ་རྒྱུས་མདོར་བསྡུས།

(༡ རྒྱལ་རབས་ ༡༡:༤༡-༤༣)

29སོ་ལོ་མོན་གྱི་རྒྱལ་རབས་གཞན་རྣམས་འགོ་ནས་འཇུག་བར་ལུང་སྟོན་པ་ན་ཐན་གྱི་རྒྱལ་རབས་དང་། ཤི་ལཱོའི་ཨ་ཧི་ཡཱའི་ལུང་བསྟན་དང་ལུང་སྟོན་པ་ཨིད་དྷོའི་ཞལ་གཟིགས་རྣམས་ནང་དེབ་བཀོད་གྱིས་ཡོད་དོ། ཨིད་དྷོའི་ཡིག་ཆ་དེའི་ནང་ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་རོ་བྷམ་གྱི་རྒྱལ་སྲིད་ཀྱི་སྐོར་ལ་ཡང་དེབ་བཀོད་གྱིས་ཡོད་དོ། 30སོ་ལོ་མོན་གྱི་ཨིསི་རཱཨེལ་ཡོངས་ལ་ཡེ་རུ་ཤ་ལེམ་དུ་ལོ་བཞི་བཅུའི་རིང་རྒྱལ་སྲིད་བསྐྱངས་སོ། 31ཁོང་གྲོངས་ནས་དཱ་བིད་ཀྱི་གྲོང་ཁྱེར་ནང་སྦས་པ་དང་ཁོང་གི་སྲས་རེ་ཧོ་བྷམ་ཁོང་གི་ཚབ་ཏུ་རྒྱལ་པོར་འགྱུར་རོ༎

སྔོན་རབས་གཉིས་པ། 10

བྱང་ཕྱོགས་ཀྱི་སྡེ་རིགས་ཚོའི་ངོ་རྒོལ།

(༡ རྒྱལ་རབས་ ༡༢:༡-༢༠)

1རེ་ཧོ་བྷམ་ཤེ་ཀེམ་དུ་བསླེབས་པ་དང་དེར་ཨིསི་རཱཨེལ་གྱི་བྱང་ཕྱོགས་ཀྱི་མི་མང་ཡོངས་ནས་ཁོང་ལ་རྒྱལ་པོར་བསྐོ་བར་འཛོམས་སོ། 2ནེ་བྷད་ཀྱི་བུ་ཡེ་རོ་བྷམ་སོ་ལོ་མོན་ནས་ཐར་བའི་ཕྱིར་ཨི་ཇིབ་དུ་བྲོས་ནས་བསྡད་ཡོད་པ་དེས། གཏམ་དེ་ཐོས་པ་དང་ཁྱིམ་དུ་ཕྱིར་ལོག་གོ 3བྱང་ཕྱོགས་སུ་ཡོད་པའི་སྡེ་རིགས་ཀྱི་མི་མང་ཚོས་ཁོང་ལ་འཚོལ་བར་སོང་ནས། དེ་ཚོ་ཚང་མ་མཉམ་དུ་རེ་ཧོ་བྷམ་སར་ཡོང་ནས་ཞུས་པ། 4ཁྱེད་ཀྱི་ཡབ་ཀྱི་ང་ཚོར་འཁུར་ལྗིད་པོ་བཀལ་ཡོད། ཁྱེད་ཀྱིས་ང་ཚོར་འཁུར་ཡང་དུ་བཏང་ནས་ང་ཚོའི་མི་ཚེ་ལྷོད་དུ་བཏང་ན་ང་ཚོ་ཁྱེད་ཀྱི་དམ་ཚིག་ཅན་གྱི་མི་སེར་ལ་འགྱུར་བར་བྱ་ཞེས་སྨྲས་སོ། 5ལན་དུ་རེ་ཧོ་བྷམ་གྱིས། དོན་གནས་དེར་བསམ་བློ་ཞིབ་པར་གཏོང་བ་ལ་ང་ལ་ཉིན་གསུམ་གྱི་དུས་ཚོད་སྤྲོད་རོགས། དེ་རྗེས་ཁྱོད་ཚོ་ཤོག་ཅེས་སྨྲས་སོ། དེ་འདྲ་སོང་ཙང་མི་མང་ཚོ་ཕྱིར་ལོག་གོ 6རྒྱལ་པོ་རེ་ཧོ་བྷམ་གྱིས། ཁོང་གི་ཡབ་རྒྱལ་པོ་སོ་ལོ་མོན་གྱི་སློབ་སྟོན་གྱི་ལས་འགན་འཁུར་མྱོང་བས་མི་རྒན་པ་ཚོར་བཀའ་འདྲི་ཞུས་སོ། ཁོང་གིས། ཁྱོད་ཚོས་ངས་མི་མང་ཆོར་ལན་སྤྲད་རྒྱུར་སློབ་སྟོན་ག་རེ་ཡོད་དམ་ཞེས་སྨྲས་སོ། 7དེ་ཚོས་ལན་དུ། གལ་སྲིད་ཁྱེད་ཀྱི་མི་མང་ཚོར་དགའ་བའི་ཕྱིར་བྱམས་བརྩེའི་དགོངས་བཞེས་ཀྱིས་ལན་གནང་བ་ཡིན་ན། དེ་ཚོས་རྟག་ཏུ་ལྷག་བསམ་རྣམ་དག་གིས་ཁྱེད་ཀྱི་ཞབས་ཕྱི་ཞུ་གི་རེད་ཞུས་སོ། 8འོན་ཀྱང་ཁོང་གིས་མི་རྒན་པ་ཚོའི་བསླབ་བྱར་བརྩི་མེད་གནང་ངོ་། ཁོང་དང་མཉམ་དུ་འཚར་ལོང་བྱུང་བའི་ལོ་ན་གཞོན་པ་དང་དེའི་སྐབས་སུ་ཁོང་གིས་གྲོས་སྟོན་པ་ཡིན་པ་ཚོའི་སར་ཕེབས་ནས། 9ཁོང་གིས་ཁྱོད་ཚོས་ངས་གང་བྱེད་དགོས་པའི་སློབ་སྟོན་སྤྲོད་རྒྱུ་ཡོད་དམ། མི་མང་དེ་ཚོའི་འཁུར་པོ་ཡང་དུ་གཏོང་རོགས་ཞུ་མཁན་དེ་ཚོ་ལ་ངས་ག་རེ་ལན་འདེབས་སམ་ཞེས་བཀའ་འདྲི་གནང་ངོ་། 10དེ་ཚོས་ལན་དུ། ཁྱེད་ཀྱིས་ངའི་མཐེབ་ཆུང་ནི་ངའི་ཡབ་ཀྱི་སྐུ་རྐེད་ལས་སྦོམ་པ་ཡོད་གསུངས་དགོས་སོ། 11ཁྱེད་ཀྱིས། ངའི་ཡབ་ཀྱིས་ཁྱོད་ཚོར་འཁུར་ལྗིད་པོ་བཀལ་ཡོད་ཅིང་། ངས་དེ་ལས་ཡང་འཁུར་ལྗིད་རུ་གཏོང་གིན་ཡིན། ཁོང་གིས་ཁྱོད་ཚོར་རྟག་ལྕག་གིས་བཅུན་གནང་ཡོད་ན། ངས་ཁྱོད་ཚོར་རྟ་པོའི་རྟ་ལྕག་གིས་བཅུན་རྒྱུ་ཡིན་ཞེས་གསུང་དགོས་ཤེས་སྨྲས་སོ། 12ཁོང་གིས་བཀའ་གནང་བ་ལྟར་ཡེ་རོ་བྷམ་དང་མི་མང་ཚོ་རྒྱལ་པོ་རེ་ཧོ་བྷམ་སར་ཉིན་གསུམ་གྱི་རྗེས་སུ་སླེབས་སོ། 13རྒྱལ་པོས་མི་རྒན་པ་ཚོའི་བསླབ་བྱར་བརྩི་མེད་གནང་ནས། མི་མང་ལ་ཚིག་རྩུབ་པོས། 14ན་གཞོན་ཚོས་གྲོས་སྟོན་ཕུལ་བ་ལྟར་ལན་གནང་ངོ་། ཁོང་གིས་ངའི་ཡབ་ཀྱིས་ཁྱོད་ཚོར་འཁུར་ལྗིད་པོ་བཀལ་ཡོད་པ་དང་། ངས་དེ་ལས་ལྗིད་རུ་གཏོང་རྒྱུ་ཡིན་ནོ། ཁོང་གིས་ཁྱོད་ཚོར་རྟ་ལྕག་གིས་བཅུན་ཡོད་པ་དང་། ངས་ཁྱོད་ཚོར་རྟ་པོའི་རྟ་ལྕག་གིས་བཅུན་རྒྱུ་ཡིན་ཞེས་སྨྲས་སོ། 15དེ་ནི་གཙོ་བོ་དཀོན་མཆོག་གི་ཐུགས་དགོངས་ལྟར་ཤི་ལཱོ་ནས་ལུང་སྟོན་པ་ཨ་ཧི་ཡཱ་བརྒྱུད་ནེ་བྷད་ཀྱི་བུ་ཡེ་རོ་བྷམ་ལ་བཀའ་གནང་བ་སྒྲུབ་པའི་ཕྱིར་ཡིན་ནོ། དེའི་རྐྱེན་གྱིས་རྒྱལ་པོས་མི་མང་ལ་སྣང་མེད་བྱས་པ་ཡིན་ནོ། 16མི་མང་ཚོས། རྒྱལ་པོས་ཁོང་ཚོའི་ཞུ་བ་ལ་གསན་རྒྱུ་མིན་པ་ཧ་གོ་བ་དང་། དེ་ཚོས་དཱ་བིད་དང་ཁོང་གི་ཁྱིམ་ཚང་འཇིགས་པར་འགྱུར་ཞེས་སྐད་འབོད་བྱས་སོ། དེ་ཚོས་ང་ཚོར་འབྲེལ་བ་ཅི་ཡོད་དམ། ཨིསི་རཱཨེལ་གྱི་མི་མང་ཚོ་ང་ཚོ་ཁྱིམ་དུ་ལོག་འགྲོ། རེ་ཧོ་བྷམ་ཁོང་རང་ཉིད་ཀྱིས་བལྟ་རྟོགས་བྱེད་བཅུག་ཅེས་སྐད་འབོད་བྱབ་སོ། དེ་འདྲ་སོང་ཚང་ཨིསི་རཱཨེལ་གྱི་མི་མང་ཚོས་ངོ་ལོག་བྱས་སོ། 17རེ་ཧོ་བྷམ་ནི་ཡ་ཧུ་དཱའི་མངའ་ཁུལ་གྱི་མི་མང་ཚོའི་རྒྱལ་པོ་གཅིག་པུར་འགྱུར་རོ། 18དེ་ནས་རྒྱལ་པོ་རེ་ཧོ་བྷམ་གྱིས། བཙན་ལས་ཀྱི་དོ་དམ་པ་ཨ་དྷོ་ནི་རམ་ཨིསི་རཱཨེལ་པ་ཚོའི་སར་བཏང་ངོ་། འོན་ཀྱང་དེ་ཚོས་ཁོ་ལ་རྡོ་རུབ་བཏང་ནས་བསད་དོ། སྐབས་དེར་རེ་ཧོ་བྷམ་མགྱོགས་པོར་རང་གི་ཤིང་རྟ་འཁོར་ལོར་བཞོན་ནས་ཡེ་རུ་ཤ་ལེམ་དུ་བྲོས་སོ། 19སྐབས་དེ་ནས་བཟུང་ཨིསི་རཱཨེལ་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་མི་མང་རྣམས་དཱ་བིད་ཀྱི་རྒྱལ་བརྒྱུད་ལ་ངོ་རྒོལ་བྱ་མཁན་དུ་འགྱུར་རོ༎

སྔོན་རབས་གཉིས་པ། 11

(༡ རྒྱལ་རབས་ ༡༢:༢༡-༢༤)

1རྒྱལ་པོ་རེ་ཧོ་བྷམ་ཡེ་རུ་ཤ་ལེམ་དུ་སླེབས་པ་དང་། ཁོང་གིས་བྷེན་ཡ་མིན་དང་ཡ་ཧུ་དཱའི་སྡེ་རིགས་ཀྱི་དམག་མི་ཡག་ཤོས་གྲངས་ ༡༨༠,༠༠༠ འཛོམས་བཅུག་གོ། ཁོང་གིས་ཨིསི་རཱཨེལ་གྱི་བྱང་ཕྱོགས་ཀྱི་སྡེ་རིགས་ཚོ་སྐྱར་དུ་དབང་བསྒྱུར་བྱེད་པའི་ཆེད་དམག་རྒྱབ་འདོད་ཡོད་དོ། 2འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་ཤེ་མ་ཡཱ་ལ། 3རྒྱལ་པོ་རོ་ཧོ་བྷོམ་དང་ཡ་ཧུ་དཱ་དང་བྷེན་ཡ་མིན་སྡེ་རིགས་ཀྱི་མི་མང་ལ་འཕྲིན་འདི་ལྟར་སྤྲོད་དགོས་པའི་བཀའ་གནང་ངོ་། 4ཁྱོད་ཚོས་ཨིསི་རཱཨེལ་གྱི་སྤུན་ཟླ་ཚོར་མ་འཛིང་པར་ཁྱོད་ཚོ་ཚང་མ་རང་གི་ཁྱིམ་དུ་ལོག་ཅིག ཇི་བྱུང་བ་ཚང་མ་ངའི་འདོད་པ་ལྟར་ཡིན་ཞེས་སོ། དེ་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ནས་ཡེ་རོ་བྷོམ་མཉམ་དུ་འཐབ་པར་མ་ཕྱིན་ནོ༎

རེ་ཧོ་བྷམ་གྱི་གྲོང་ཁྱེར་ཁག་ལ་འཛིང་རག་གི་བསྐོར་བ།

5རེ་ཧོ་བྷམ་ཡེ་རུ་ཤ་ལེམ་དུ་བཞུགས་ནས་ཡ་ཧུ་དཱ་དང་བྷེན་ཡ་མིན་གྱི་གཤམ་གསལ་གྲོང་ཁྱེར་ཁག་ལ་འཛིང་རག་བསྐོར་བ་ནི། 6བྷེད་ལེ་ཧེམ་དང་ ཨེ་ཏམ་དང་། ཊེ་ཀོ་ཨ་དང་། 7བྷེད་ཛུར་དང་། སོ་ཀོ་དང་། ཨ་དུལ་ལམ་དང་། 8གྷད་དང་། མ་རེ་ཤ་དང་། ཛིཕ་དང་། 9ཨ་དྷོ་རེམ་དང་། ལ་ཀིཤི་དང་། ཨ་ཛི་ཀཱ་དང་། 10ཛོ་རཱ་དང་། ཨེ་ཡ་ལོན་དང་། ཧེབ་རོན་བཅས་སོ། 11ཁོང་གིས་གྲོང་ཁྱེར་དེ་ཚོ་ལ་འཛིང་རག་བརྟན་པོ་བཟོས་པ་དང་། དེ་ཚོ་རེ་རེར་དམག་སྤྱི་རེ་རེ་བསྐོས་ནས་མཁོ་སྒྲུབ་ཀྱི་ཟས་དང་ཁ་སྐྱུར་པོའི་སྣུམ་དང་རྒུན་ཆང་སྤྲད་དོ། 12ཕུབ་དང་མདུང་རྣམས་བཅས་པ་བཏང་ངོ་། དེ་ལྟར་ཁོང་གིས་ཡ་ཧུ་དཱ་དང་བྷེན་ཡ་མིན་རང་གི་མངའ་འོག་ཏུ་བཞག་གོ

བླ་མ་དང་ལེ་ཝི་པ་རྣམས་ཡ་ཧུ་དཱར་ཕེབས་པ།

13ཨིསི་རཱཨེལ་གྱི་མངའ་ཁུལ་ཡོངས་ནས་བླ་མ་ཚོ་དང་ལེ་ཝི་པ་རྣམས་ཡ་ཧུ་དཱའི་ལྷོ་ཕྱོགས་སུ་ཡོང་ངོ་། 14ལེ་ཝི་པ་ཚོས་རང་གི་རྩྭ་ཁ་རྣམས་དང་ས་ཞིང་རྣམས་སྤངས་ནས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་དུ་གནས་སྤོས་བྱས་སོ། གང་ལ་ཟེར་ན། རྒྱལ་པོ་ཡེ་རོ་བྷམ་དང་ཁོང་གི་ཤུལ་འཛིན་ཨིསི་རཱཨེལ་གྱི་རྒྱལ་པོ་ཚོས་དེ་ཚོ་ལ་གཙོ་བོ་དཀོན་མཆོག་གི་བླ་མའི་ཞབས་ཞུ་བྱེད་དུ་བཅུག་གི་མེད་དོ། 15ཡེ་རོ་བྷམ་གྱིས་ཕྱི་པའི་ལྷ་མཆོད་ཡུལ་དང་བདུད་དང་གླང་གོག་གི་དབྱིབས་སུ་བཟོས་པའི་འདྲ་སྐུར་མཆོད་པར་ཁོང་རང་རང་ཉིད་ཀྱིས་བླ་མ་རྣམས་བསྐོས་ཡོད་དོ། 16ཨིསི་རཱཨེལ་གྱི་སྡེ་རིགས་ཡོངས་ནས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་ལྷག་བསམ་རྣམ་དག་གིས་མཆོད་འདོད་ཡོད་མི་ཚོས། དེ་ཚོའི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་དམར་མཆོད་ཕུལ་ཐུབ་པའི་ཆེད། ཡེ་རུ་ཤ་ལེམ་དུ་ལེ་ཝི་པ་ཚོའི་རྗེས་སུ་འབྲངས་སོ། 17དེས་ཡ་ཧུ་དཱའི་རྒྱལ་ཁབ་ཀྱི་ནུས་ཤུགས་ཇེ་ཆེར་ཕྱིན་པ་དང་། དེ་ཚོས་ལོ་གསུམ་རིང་སོ་ལོ་མོན་གྱི་སྲས་རེ་ཧོ་བྷོམ་གྱི་རྒྱབ་སྐྱོར་གྱིས་པ་དང་། དེ་ཚོ་རྒྱལ་པོ་དཱ་བིད་དང་རྒྱལ་པོ་སོ་ལོ་མོན་གྱི་རྒྱལ་སྲིད་སྐྱོངས་བའི་དུས་སྐབས་ལྟར་གནས་སོ༎

རེ་ཧོ་བྷམ་གྱི་ཁྱིམ་ཚང་།

18རེ་ཧོ་བྷམ་གྱིས་མ་ཧ་ལད་དང་ཆང་ས་རྒྱབ་བོ། དེའི་ཡབ་ནི་རྒྱལ་པོ་དཱ་བིད་ཀྱི་སྲས་ཡེ་རི་མོད་དང་ཡུམ་ནི་ཡི་ཤེའི་ཚ་མོ་དང་ཨེ་ལི་ཨབ་ཀྱི་བུ་མོ་ཨ་བྷི་ཧེལ་ཡིན་ནོ། 19དེ་ཚོ་ལ་བུ་ཡེ་ཨུཤེ་དང་ཤེ་མར་ཡཱ་དང་ཛ་ཧམ་བཅས་གསུམ་ཡོད་དོ། 20རྗེས་སུ་ཁོང་གིས་ཨབ་ས་ལོམ་གྱི་སྲས་མོ་མ་ཀཱ་དང་ཆང་ས་རྒྱབ་ནས། དེ་ཚོ་ལ་བུ་ཨ་བྷི་ཡཱ་དང་ཨ་ཏའི་དང་ཛི་ཛ་དང་ཤེ་ལོ་མིད་དང་བཅས་བཞི་ཡོད་དོ། 21རེ་ཧོ་བྷམ་ལ་ཆུང་མ་བསྡོམས་བཅོ་བརྒྱད་དང་སྙིང་སྡུག་དྲུག་ཅུ་ཡོད་པ་དང་། ཁོང་ནི་བུ་ཉི་ཤུ་རྩ་བརྒྱད་དང་བུ་མོ་དྲུག་ཅུའི་ཕ་ཡིན་ནོ། ཁོང་གི་ཆུང་མ་དང་སྙིང་སྡུག་ཚང་མ་ལས་མ་ཀཱ་ལ་བྱམས་ཤོས་གནང་བ་དང་། 22མོའི་བུ་ཨ་བྷི་ཡཱ་ལ་བུ་ཚང་མ་ལས་དགའ་པོ་གནང་བ་དང་། ཁོང་གི་ཁོ་ལ་རྗེས་འཛིན་དུ་རྒྱལ་པོར་འདམས་གནང་ངོ་། 23རེ་ཧོ་བྷམ་གྱིས་ཤེས་རབ་ལྡན་པའི་ཐོག་ནས་རང་གི་བུ་སོ་སོར་ལས་འགན་གནང་ཡོད་པ་དང་། དེ་ཡ་ཧུ་དཱ་དང་བྷེན་ཡ་མིན་གྱི་འཛིང་ར་བཟོས་པའི་གྲོང་ཁྱེར་ཡོངས་སུ་འཇོག་གནང་ཡོད། ཁོང་གིས་དེ་ཚོ་ལ་གཟིགས་སྐྱོངས་ཆེན་པོས་དགོས་མཁོ་ཁག་གནང་བ་དང་། དེ་ཚོ་ལ་ཆུང་མ་གང་མང་བསླངས་སོ༎

སྔོན་རབས་གཉིས་པ། 12

ཨི་ཇིབ་པས་ཡ་ཧུ་དཱ་ལ་བཙན་འཛུལ་བྱས་པ།

(༡ རྒྱལ་རབས་ ༡༤:༢༥-༢༨)

1རེ་ཧོ་བྷམ་རྒྱལ་པོའི་ཚུལ་དུ་དབང་བཟུང་བྱས་མ་ཐག་ཏུ་ཁོང་དང་ཁོང་གི་མི་མང་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་སྤངས་སོ། 2རེ་ཧོ་བྷམ་གྱིས་རྒྱལ་སྲིད་སྐྱོངས་བའི་ལོ་ལྔ་པའི་སྐབས་སུ་དེ་ཚོས་གཙོ་བོ་དཀོན་མཆོག་ལ་དམ་ཚིག་མི་གཙང་བའིརྐྱེན་གྱིས་ཆད་པ་གནང་ངོ་། ཨི་ཇིབ་ཀྱི་རྒྱལ་པོ་ཤི་ཤག་གིས་ཡེ་རུ་ཤ་ལེམ་དུ་བཙན་འཛུལ་བྱས་པར། 3དམག་མིའི་ཤིང་རྟ་འཁོར་ལོ་གྲངས་ ༡,༢༠༠ དང་། རྟ་དམག་ ༦༠,༠༠༠ དང་ལིབ་ཡ་པ་དང་སུག་ཀི་པ་དང་ཨི་ཐི་ཨོ་པི་ཡ་པའི་དམག་དཔུང་བཅས་པ་དམག་མི་གྲངས་ལས་འདས་པ་ཡོད་དོ། 4ཁོང་གིས་ཡ་ཧུ་དཱའི་འཛིང་རག་ཅན་གྱི་གྲོང་ཁྱེར་ཁག་བཙན་བཟུང་བྱས་པ་དང་། ཐག་རིང་པོ་ཡེ་རུ་ཤ་ལེམ་བར་དུ་སླེབས་སོ། 5ལུང་སྟོན་པ་ཤེ་མ་ཡཱ་ནི་རྒྱལ་པོ་རེ་ཧོ་བྷམ་དང་ཡ་ཧུ་དཱ་པའི་འགོ་འཁྲིད་རྩར་ཡེ་རུ་ཤ་ལེམ་དུ་ཤི་ཤག་ནས་བྲོས་ཕྱིར་འཛོམས་ཡོད་སར་སླེབས་སོ། ཁོང་གིས་དེ་ཚོ་ལ་དཀོན་མཆོག་གི་གསུང་འཕྲིན་གནང་བ་འདི་ལྟར་ཡིན། ཁྱོད་ཚོས་ང་སྤངས་པས་རྐྱེན་གྱིས་ངས་ཁྱོད་ཚོ་སྤངས་ནས་ཤི་ཤག་ལ་རྩིས་སྤྲད་པ་ཡིན་ཞེས་གསུངས་སོ། 6རྒྱལ་པོ་དང་འགོ་འཛིན་ཚོས་སྡིག་པ་གྱིས་པར་ཁས་ལེན་བྱས་པ་དང་། དེ་ཚོས་གཙོ་བོ་དཀོན་མཆོག་གི་ཇི་མཛད་པ་རྣམས་དྲང་བདེན་རེད་ཅེས་སྨྲས་སོ། 7གཙོ་བོ་དཀོན་མཆོག་གིས་དེ་ལྟར་གཟིགས་པ་དང་ཁོང་གིས་ཤེ་མ་ཡཱ་ལ་བཀའ་གནང་ནས་གསུངས་པ། དེ་ཚོས་རང་གི་སྡིག་པར་ངོས་ལེན་བྱས་པའི་རྐྱེན་གྱིས་ངས་དེ་ཚོ་མེད་པར་བྱ་རྒྱུ་མ་ཡིན་ནོ། འོན་ཀྱང་ཤི་ཤག་གིས་བཙན་འཛུལ་བྱ་སྐབས་དེ་ཚོ་དཀའ་ངལ་གྱི་ངང་ཐར་བར་འགྱུར། ཡེ་རུ་ཤ་ལེམ་གྱི་ངའི་ཁྲོ་བ་ཆ་ཚང་འཚོར་བར་མི་འགྱུར། 8འོན་ཀྱང་ཤི་ཤག་གིས་དེ་ཚོ་དབང་བར་བྱ་བ་དང་། དེ་ཚོས་ང་ལ་ཞབས་ཞུ་བྱ་བ་དང་འཇིག་རྟེན་གྱི་རྒྱལ་པོ་ཚོར་ཞབས་ཞུ་བྱ་བ་གཉིས་ཀྱི་ཁྱད་པར་ཤེས་པར་འགྱུར་ཞེས་སོ། 9རྒྱལ་པོ་ཤི་ཤག་ཡེ་རུ་ཤ་ལེམ་དུ་ཡོང་ནས་མཆོད་ཁང་དང་ཕོ་བྲང་ནས་རིན་ཆེན་གྱི་བང་མཛོད་རྣམས་འཁྱེར་རོ། ཁོང་གིས་རྒྱལ་པོ་སོ་ལོ་མོན་གྱིས་བཟོས་གནང་བའི་གསེར་གྱི་ཕུབ་དང་བཅས་པ་ཚང་མ་འཁྱེར་རོ། 10དེའི་ཚབ་ལ་རེ་ཧོ་བྷམ་གྱིས་ལིའི་ཕུབ་བཟོས་ནས་ཕོ་བྲང་གི་རྒྱལ་སྒོ་སྲུང་བའི་འབྲེལ་ཡོད་ཀྱི་འགོ་འཛིན་ཚོར་རྩིས་སྤྲོད་གནང་ངོ་། 11རྒྱལ་པོ་མཆོད་ཁང་དུ་ཕེབས་རིན་བཞིན་དུ་སྐུ་སྲུང་བས་ཕུབ་དེ་ཚོ་ཐོག་པ་དང་། དེ་ནས་དེ་ཚོ་སྐུ་སྲུང་བའི་ཁང་མིག་ནང་འཇོག་བཞིན་ཡོད། 12ཁོང་གིས་གཙོ་བོ་དཀོན་མཆོག་ལ་ཉམ་ཆུང་བྱ་སྐབས་གཙོ་བོ་དཀོན་མཆོག་གི་ཁྲོ་བས་ཁོ་ལ་ཆ་ཚང་མེད་པར་མ་མཛད་པ་དང་ཡ་ཧུ་དཱའི་གནས་སྟངས་ལེགས་པར་འགྱུར་རོ༎

རེ་ཧོ་བྷམ་གྱིས་རྒྱལ་སྲིད་ཀྱི་ལོ་རྒྱུས་མདོར་བསྡུས།

13རེ་ཧོ་བྷམ་གྱིས་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་སྐྱོངས་བ་དང་ཁོང་ནི་རྒྱལ་པོའི་ཚུལ་བཞིན་སྟོབས་ཤུགས་འཕེལ་ལོ། ཁོང་རྒྱལ་པོར་འགྱུར་སྐབས་དགུང་ལོ་བཞི་བཅུ་ཞེ་གཅིག་ཡིན་པ་དང་། ཨིསི་རཱཨེལ་གྱི་མངའ་ཁུལ་ཡོང་ནས་གཙོ་བོ་དཀོན་མཆོག་ལ་མཆོད་ཡུལ་འདམས་གནང་བའི་གྲོང་ཁྱེར་ཡེ་རུ་ཤ་ལེམ་དུ་ལོ་བཅུ་བདུན་རིང་རྒྱལ་སྲིད་བསྐྱངས་སོ། རེ་ཧོ་བྷམ་གྱི་ཨ་མ་ནི་ཨམ་མོན་ཡུལ་གྱི་ན་མཱ་ཟེར་བ་དེ་ཡིན་ནོ། 14ཁོང་གིས་བྱ་བ་ངན་པ་འབའ་ཞིག་བྱས་ཡོད་དོ། གང་ལ་ཟེར་ན། ཁོང་གིས་གཙོ་བོ་དཀོན་མཆོག་གི་དགོངས་པ་ཇི་ཡིན་ཤེས་ཐབས་བྱས་མེད་དོ། 15རེ་ཧོ་བྷམ་གྱི་བྱ་བ་སྔ་ཕྱི་རྣམས་འགོ་ནས་འཇུག་བར་དང་། ཁོང་གི་ཁྱིམ་ཚང་གི་མིང་ཐོ་བཅས་པ་ལུང་སྟོན་པ་ཤེ་མ་ཡཱའི་རྒྱལ་རབས་དང་ལུང་སྟོན་པ་ཨིད་དྷོའི་རྒྱལ་རབས་ནང་གསལ་ཡོད་དོ། རེ་ཧོ་བྷམ་དང་ཡེ་རོ་བྷམ་གཉིས་ཕན་ཚུན་ཡང་ཡང་དམག་འཁྲུགས་རྒྱབ་བཞིན་ཡོད་དོ། 16རེ་ཧོ་བྷམ་གྲོངས་པ་དང་དཱ་བིད་ཀྱི་གྲོང་ཁྱེར་གྱི་རྒྱལ་པའོ་པུར་ཁང་ནང་སྦས་སོ། ཁོང་གི་བུ་ཨ་བྷི་ཡཱ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

སྔོན་རབས་གཉིས་པ། 13

ཨ་བྷི་ཡཱས་ཡེ་རོ་བྷམ་དང་མཉམ་དུ་དམག་འཐབ་པ།

(༡ རྒྱལ་རབས་ ༡༥:༡-༨)

1ཨིསི་རཱཨེལ་དུ་ཡེ་རོ་བྷམ་གྱིས་རྒྱལ་སྲིད་སྐྱོངས་བའི་ལོ་བཅོ་བརྒྱད་སོང་བའི་སྐབས་སུ། ཨ་བྷི་ཡཱ་ནི་ཡ་ཧུ་དཱའི་རྒྱལ་པོར་འགྱུར་བ་དང་། 2ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་གསུམ་རིང་རྒྱལ་སྲིད་སྐྱངས་སོ། ཁོང་གི་ཡུམ་ནི་གྷི་བི་ཨཱའི་གྲོང་ཁྱེར་ནས་ཡིན་པ་ཨུ་རི་ཨེལ་གྱི་བུ་མོ་མི་ཀ་ཡ་ཟེར་བ་ཡིན་ནོ། ཨ་བྷི་ཡཱ་དང་ཡེ་རོ་བྷམ་གཉིས་དབར་དམག་འཁྲུགས་ལངས་སོ། 3ཨ་བྷི་ཡཱས་ད་དུང་དམག་མི་ ༤༠༠,༠༠༠ བཙུགས་པ་དང་། ཡེ་རོ་བྷམ་གྱིས་དམག་དཔུང་ ༨༠༠,༠༠༠ ཀྱིས་དམག་ལན་སློག་གོ 4དམག་མི་རྣམས་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཀྱི་གྲོང་དུ་འཛོམས་སོ། རྒྱལ་པོ་ཨ་བྷི་ཡཱས་ཛེ་མ་རེམ་གྱི་རི་བོའི་སྟེང་ཡོང་ནས། ཡེ་རོ་བྷམ་དང་ཨིསི་རཱཨེལ་པ་ཚོར། ང་ལ་ཉོན་ཞིག་སྨྲས་སོ། 5ཁྱོད་ཚོས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་དྷ་བདི་ལ་ཁོང་དལ་ཁོང་དང་ཁོང་གི་བརྒྱུད་པ་ཚོས་རྟག་ཏུ་ཨིསི་རཱཨེལ་གྱི་རྒྱལ་པོར་བསྐོས་གནང་རྒྱུའི་ཞལ་ཆད་བརྟན་པོ་གནང་ཡོད་པ་དེ་ཤེས་ཀྱི་མེད་དམ། 6ནེ་བྷད་ཀྱི་བུ་ཡེ་རོ་བྷམ་གྱིས་ཁོས་རྒྱལ་པོ་སོ་ལོ་མོན་ལ་ངོ་ལོག་བྱས་པའི་རྗེས་སུ། 7ཁོས་སྙིང་པོ་མེད་པའི་མི་ངན་འགའ་ཞིག་ཚོགས་བཅུག་ནས། རྒྱལ་པོ་སོ་ལོ་མོན་གྱི་སྲས་རེ་ཧོ་བྷམ་སྐུ་ན་ཧ་ཅང་ཆུང་ཆུང་ཡིན་ཞིང་། ཁོ་ལ་ཁ་ཐེབ་བཅོག་རྒྱུའི་ཉམས་མྱོང་མེད་པར་དེ་ཚོས་བཙན་དབང་གིས་ཁོ་པའི་འདོད་པ་ལྟར་བྱེད་དུ་བཅུག་གོ 8ད་ཆ་ཁྱོད་ཚོས་གཙོ་བོ་དཀོན་མཆོག་གིས་དཱ་བིད་ཀྱི་བརྒྱུད་པར་གནང་བའི་རྒྱལ་པོའི་དབང་ཆ་ལ་འཐབ་རྒྱུའི་གྲ་སྒྲིགས་བྱེད་བཞིན་ཡོད་དམ། ཁྱོད་ཚོར་དམག་དཔུང་ཁྱོན་ཆེ་དང་ཡེ་རོ་བྷམ་གྱིས་ཁྱོད་ཚོའི་དཀོན་མཆོག་ལྟར་བཟོས་པའི་གསེར་གྱི་བ་གླང་ཚོ་ཡོད་དོ། 9ཁྱོད་ཚོས་ཨ་རོན་གྱི་བརྒྱུད་པའི་གཙོ་བོ་དཀོན་མཆོག་གི་བླ་མ་ཚོ་དང་ལེ་ཝི་པ་ཚོ་ཕྱིར་འབུད་བྱས་ནས། ཁྱོད་ཚོས་དེའི་ཚབ་ལ་རྒྱལ་ཁབ་གཞན་གྱིས་བྱས་པ་ལྟར་བླ་མ་བསྐོས་ཡོད། སུ་ཞིག་གིས་བ་གླང་ངམ་ལུག་བདུན་མཉམ་དུ་ཡོང་བ་ཡིན་ན། ཁོ་ལ་ཁྱོད་ཚོའི་ལྷ་ཡིན་ཟེར་བའི་བླ་མར་བསྔོ་འབུལ་བྱེད་བཞིན་ཡོད་དོ། 10འོན་ཀྱང་ང་ཚོས་ད་དུང་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་སྤངས་མེད། ཨ་རོན་གྱི་བརྒྱུད་པའི་བླ་མ་ཚོས་རང་གི་ལས་འགན་བྱེད་པ་དང་ལེ་ཝི་པ་ཚོས་དེ་ཚོར་རོགས་བྱེད་བཞིན་ཡོད་དོ། 11དེ་ཚོས་ཉིན་ལྟར་སྔ་དགོང་གཉིས་ལ་ཁོང་ལ་སྤོས་དང་སེམས་ཅན་གྱི་དམར་མཆོད་ཆ་ཚང་སྲེག་ནས་མཆོད་པ་ཕུལ་ལོ། དེ་ཚོས་ཆོ་ག་ལྟར་གཙང་བའི་རྒྱ་ལྕོག་གི་སྟེང་དུ་བཞེས་བག་གི་འབུལ་བ་སྒྲིགས་པ་དང་། དགོང་རེ་བཞིན་གསེར་གྱི་ཞུ་སྟེགས་སྟེང་མཆོད་མེ་སྤར་གྱི་ཡོད་དོ། ང་ཚོས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ལྟར་སྒྲུབ་ཀྱི་ཡོད་དོ། འོན་ཀྱང་ཁྱོད་ཚོས་ཁོང་ལ་སྤངས་ཡོད་དོ། 12གཙོ་བོ་དཀོན་མཆོག་ཁོང་རང་ང་ཚོའི་དབུ་འཁྲིད་ཡིན་པ་དང་། ཁོང་གི་བླ་མ་ཚོས་དམག་དུང་འཁྱེར་ནས་ཁྱོད་ཚོ་དང་མཉམ་དུ་དམག་འཐབ་ལ་ང་ཚོར་འབོད་དུ་གཏོང་རྒྱུར་གྲ་སྒྲིགས་ཡོད། ཨིསི་རཱཨེལ་གྱི་མི་མང་ཚོ་ཁྱོད་ཚོའི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་དང་མཉམ་དུ་དམག་འཁྲུགས་མ་བྱེད་ཅིག ཁྱོད་ཚོ་ལ་རྒྱལ་ཁ་མི་ཐོབ་ཅེས་སོ། 13སྐབས་དེར་ཡེ་རོ་བྷམ་གྱིས་ཡ་ཧུ་དཱ་པའི་དམག་དཔུང་ལ་འཇབ་དམག་བྱེད་པ་ཁོ་རང་གི་དམག་མི་འགའ་ཤས་རྒྱབ་ཕྱོགས་ནས་བཏང་བ་དང་། དེ་བྱིང་གིས་མདུན་ཕྱོགས་ནས་ཁ་བལྟས་སོ། 14ཡ་ཧུ་དཱ་པ་ཚོས་བལྟ་སྐབས་དེ་ཚོ་མཐའ་བསྐོར་ནས་ཡོད་པ་མཐོང་ནས། དེ་ཚོས་གཙོ་བོ་དཀོན་མཆོག་ལ་རོགས་རམ་ཆེད་དུ་སྐད་འབོད་བྱེད་པ་དང་བླ་མ་ཚོས་དུང་འབུད་དོ། 15ཡ་ཧུ་དཱ་པ་ཚོས་སྐད་འབོད་བྱས་པ་དང་། ཨ་བྷི་ཡཱས་སྣེ་འཁྲིད་ཀྱིས་ཕར་རྒོལ་བྱས་སོ། དཀོན་མཆོག་གིས་ཡེ་རོ་བྷམ་དང་ཨིསི་རཱཨེལ་གྱི་དམག་དཔུང་ཚོ་ལ་ཕམ་པར་མཛད་དོ། 16ཨིསི་རཱཨེལ་པ་ཚོ་ཡ་ཧུ་དཱ་པའི་ས་ནས་བྲོས་པ་དང་། དཀོན་མཆོག་གིས་ཡ་ཧུ་དཱ་པ་ཚོ་དེ་ཚོ་ལ་དབང་བསྒྱུར་བྱེད་དུ་བཅུག་གནང་ངོ་། 17ཨ་བྷི་ཡཱ་དང་ཁོང་གི་དམག་དཔུང་ཚོས་ཨིསི་རཱཨེལ་པ་ཚོར་ཕམ་ཉེས་ཚབ་ཆེ་བཟོས་པ་དང་། ཨིསི་རཱཨེལ་གྱི་དམག་མི་དཔའ་རྩལ་ལྡན་པ་འབུམ་ལྔ་བསད་དོ། 18དེ་ལྟར་ཡ་ཧུ་དཱ་པའི་མི་མང་རྣམས་ཨིསི་རཱཨེལ་པ་ཚོ་ལས་རྒྱལ་བར་འགྱུར་རོ། གང་ལ་ཟེར་ན། དེ་ཚོས་རང་གི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ཡོད་པ་ཡིན་ནོ། 19ཨ་བྷི་ཡཱས་ཡེ་རོ་བྷམ་གྱི་དམག་དཔུང་གི་རྗེས་དེད་བྱས་པ་དང་། ཁོང་གི་གྲོང་ཁྱེར་འགའ་ཤས་བྷེ་ཐེལ་དང་ཡེ་ཤ་ནཱ་དང་ཨེཕ་རོན་དང་གྲོང་ཁྱེར་དེ་ཚོ་རེ་རེའི་ཉེ་འགྲམ་གྱི་གྲོང་གསེབ་རྣམས་དབང་བཟུང་བྱས་སོ། 20ཨ་བྷི་ཡཱའི་རྒྱལ་སྲིད་སྐྱོངས་བའི་རིང་ཡེ་རོ་བྷམ་གྱིས་རང་གི་སྟོབས་ཤུགས་སླར་གསོ་རྩ་བ་ནས་བྱེད་མ་ཐུབ་བོ། མཐའ་མར་གཙོ་བོ་དཀོན་མཆོག་གིས་ཁོ་པར་ཞུས་ནས་ཁོ་ཤིའོ། 21གང་ལྟར་ཨ་བྷི་ཡཱ་སྟོབས་ཤུགས་ཆེ་རུ་སོང་ངོ་། ཁོང་ལ་ཆུང་མ་གྲངས་བཅུ་བཞི་ཡོད་པ་དང་། བུ་ཉི་ཤུ་རྩ་གཉིས་དང་བུ་མོ་བཅུ་དྲུག་གི་ཕ་ཡིན་ནོ། 22ཨ་བྷི་ཡཱའི་རྒྱལ་རབས་ལྷག་འཕྲོས་ཁོང་གིས་སྨྲས་པ་དང་གང་བྱས་པ་རྣམས་ལུང་སྟོན་པ་ཨིད་དྷོའི་རྒྱལ་རབས་ནང་བཀོད་ཡོད་དོ༎

སྔོན་རབས་གཉིས་པ། 14

རྒྱལ་པོ་ཨ་སས་ཨི་ཐི་ཨོ་པི་ཡ་ལ་ཕམ་པ།

1རྒྱལ་པོ་ཨ་བྷི་ཡཱ་གྲོངས་པ་དང་ཁོང་ལ་དཱ་བིད་ཀྱི་གྲོང་ཁྱེར་གྱི་རྒྱལ་པོའི་དུར་ཁང་ནང་སྦས་སོ། ཁོང་གི་སྲས་ཨ་ས་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་བ་དང་། ཨ་སའི་རྒྱལ་སྲིད་སྐྱོངས་བའི་ལོ་བཅུ་བར་དུ་ཡུལ་དེར་ཞི་བདེར་གནས་སོ། 2ཨ་སས་བདེན་པ་དང་ལེགས་པ་འབའ་ཞིག་གནང་ནས། གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་མཛད་དོ། 3ཁོང་གིས་ཕྱི་རྒྱལ་བའི་མཆོད་ཁྲི་དང་ཕྱི་པའི་ལྷ་མཆོད་ཡུལ་རྣམས་ཕྱིར་འབུད་གནང་བ་དང་། རྡོའི་དམ་པའི་ཀ་བ་རྣམས་བཅག་པ་དང་ལྷ་མོ་ཨ་ཤེ་རཱའི་མཚན་མ་རྣམས་བཅད་དོ། 4ཁོང་གིས་ཡ་ཧུ་དཱ་པའི་མི་མང་ཚོར་དེ་ཚོ་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཐུགས་དགོངས་ལྟར་བྱེད་དགོས་པ་དང་། ཁོང་གི་སློབ་སྟོན་དང་བཀའ་ལ་ཉན་དགོས་པའི་བཀའ་གནང་ངོ་། 5ཡ་ཧུ་དཱ་པའི་ཡུལ་ཡོངས་ནས་ཁོང་གིས་ཕྱི་པའི་ལྷ་མཆོད་ཡུལ་དང་སྤོས་ཀྱི་མཆོད་ཁྲི་ཡོངས་རྫོགས་མེད་པར་བཟོ་གནང་བའི་རྐྱེན་གྱིས་ཁོང་གི་སྐུ་དུས་རྒྱལ་ཁབ་ནང་བདེ་སྐྱིད་བྱུང་ངོ་། 6ཁོང་གི་སྐུ་དུས་ཡ་ཧུ་དཱའི་གྲོང་ཁྱེར་ནང་འཛིང་རག་བཟོས་གནང་བ་དང་། ལོ་མང་པོའི་རིང་དམག་འཁྲུགས་མ་བྱུང་ངོ་། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་ཁོང་ལ་ཞི་བདེ་གནང་ཡོད་དོ། 7ཁོང་གིས་ཡ་ཧུ་དཱའི་མི་མང་ལ། ང་ཚོས་གྲོང་ཁྱེར་ཁག་ལ་རྩིག་པ་དང་གན་དྷོ་ལ་དང་རྒྱལ་སྒོ་ཕྱེ་རྒྱུ་དང་རྒྱབ་རྒྱུ་ཡོད་པ་བཟོས་ནས་བཙན་པོར་བཟོས་དགོས་སོ། ང་ཚོར་ཡུལ་གྱི་དབང་ཆ་ཚང་ཡོད་དོ། གང་ལ་ཟེར་ན། ང་ཚོས་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཐུགས་དགོངས་ལྟར་བྱས་ཡོད་པས། ཁོང་གིས་ང་ཚོར་སྲུང་སྐྱོབས་གནང་བ་དང་ཕྱོགས་ཚང་མར་བཙན་པོར་འཛོག་གནང་ཡོད། རྒྱལ་པོས་གསུངས་པ་ལྟར་དེ་ཚོས་བཟོས་ནས་ཕུན་སུམ་ཚོགས་པ་འགྱུར་རོ། 8ཡ་ཧུ་དཱ་ནས་རྒྱལ་པོ་ཨ་ས་ལ་དམག་མི་ཕུབ་དང་མདུང་གི་གོ་མཚོན་རང་སྒྲིགས་ཅན་ ༣༠༠,༠༠༠ དང་། བྷེན་ཡ་མིན་ནས་དམག་མི་ཕུབ་དང་མདའ་གཞུ་རང་སྒྲིགས་ཅན་ ༢༨༠,༠༠༠ ཡོད་དོ། དེ་ཚོ་ཚང་མ་བློ་སྟོབས་ཅན་དང་སྦྱོངས་འདར་ལེགས་པར་ཟིན་པ་འབའ་ཞིག་ཡིན་ནོ། 9ཨི་ཐི་ཨོ་པི་ཡ་པ་ཛེ་རཱ་ཟེར་བ་ཞིག་གིས། ཡ་ཧུ་དཱར་དམག་མི་ ༡༠,༠༠,༠༠༠ དང་ཤིང་རྟ་འཁོར་ལོ་ ༣༠༠ བཅས་པས་བཙན་འཛུལ་བྱས་ནས། དེ་ཚོ་མ་རེ་ཤ་བར་སླེབས་སོ། 10ཨ་ས་ཁོ་མཉམ་དུ་འཐབ་པར་ཕྱིན་པ་དང་ཕན་ཆུན་གཉིས་ཀ་མ་རེ་ཤའི་ཉེ་འགྲམ་དུ་ཛེ་ཕ་ཐའི་ལུང་གཤོང་དུ་དམག་གྲ་སྒྲིགས་སོ། 11ཨ་སས་ཁོང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་དམག་མི་སྐྱོ་པོ་ཞིག་ལ་སྟོབས་ཤུགས་ཆེན་པོའི་ཐོག་ཏུ་རོགས་གནང་ཐུབ་མཁན་ཁྱེད་མ་རྟོགས་གཞན་མེད་དོ། ཀྱེ་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ང་ཚོར་རོགས་མཛོད་ཅིག གང་ལགས་ཟེར་ན། ང་ཚོས་ཁྱེད་ལ་བློ་བཅོལ་ཡོད་པ་དང་། ཁྱེད་ཀྱི་མཚན་ནས་ང་ཚོས་དམག་དཔུང་ཆེན་པོ་འདི་མཉམ་དུ་འཐབ་པར་ཡོང་བ་ཡིན། གཙོ་བོ་དཀོན་མཆོག་ཁྱེད་ནི་ང་ཚོའི་དཀོན་མཆོག་ཡིན་པས་ཁྱེད་ལ་ཕམ་པར་བྱ་རྒྱུའི་རེ་བ་སུས་ཀྱང་གཏོང་མི་ཐུབ་ཅེས་གསོལ་བ་འདེབས་སོ། 12ཨ་ས་དང་ཡ་ཧུ་དཱའི་དམག་དཔུང་ཚོས། ཨི་ཐི་ཨོ་པི་ཡ་པའི་དམག་དཔུང་ལ་འཐབ་པས་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ཕམ་པར་མཛད་ནས། དེ་ཚོ་བྲོས་སོ། 13ཨ་ས་དང་ཁོང་གི་དམག་དཔུང་ཚོས་དེ་ཚོ་གྷེ་རར་བར་དུ་དེད་དོ། ཨི་ཐི་ཨོ་པི་ཡ་པའི་དམག་མི་ཁྱོན་ཆེ་བསད་ཡོད་སྟབས་དེ་ཚོ་ཡང་སྐྱར་དམག་རྒྱབ་མི་ཐུབ་བོ། གཙོ་བོ་དཀོན་མཆོག་གིས་དེ་ཚོའི་དམག་དཔུང་དབང་བསྒྱུར་གནང་བས་རྐྱེན་གྱིས་དམག་མི་ཚོས་བཅོམ་ནོར་ཁྱོན་ཆེ་འཁྱེར་རོ། 14དེ་ནས་དེ་ཚོས་གྷེ་རར་གྱི་མཐའ་འཁོར་གྱི་གྲོང་ཁྱེར་རྣམས་མེད་པར་བཟོ་ཐུབ་བོ། གང་ལ་ཟེར་ན། མི་མང་རྣམས་གཙོ་བོ་དཀོན་མཆོག་ལ་ཤིན་ཏུ་འཇིགས་ཡོད་དོ། དམག་མི་ཚོས་གྲོང་ཁྱེར་དེ་ཚོ་ཚང་མ་བཅོམ་པ་དང་བཅོམ་ནོར་ཁྱོན་ཆེ་འཁྱེར་རོ། 15དེ་ཚོས་ལུག་རྫིའི་སྡོད་སྒར་འགའ་ཞིག་ལ་འཐབ་ནས་ལུག་དང་རྔ་མོང་གྲངས་འབོར་ཁྱོན་ཆེ་དབང་བཟུང་བྱས་སོ། དེ་ནས་དེ་ཚོ་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་གོ།

སྔོན་རབས་གཉིས་པ། 15

ཨ་སའི་ལེགས་བཅོས་རྣམས།

1དེ་ནས་ཨོ་དེད་ཀྱི་བུ་ཨ་ཛར་ཡཱ་ལ་དཀོན་མཆོག་གི་ཐུགས་ཉིད་བབས་པ་དང་། 2ཁོང་གིས་རྒྱལ་པོ་ཨ་ས་མཇལ་བར་ཕེབས་ནས། ཁོང་གིས་ཞུས་པ། རྒྱལ་པོ་ཨ་ས་དང་ཡ་ཧུ་དཱ་དང་བྷེན་ཡ་མིན་གྱི་མི་མང་རྣམས་ང་ལ་ཉོན་ཞིག ཁྱོད་ཚོ་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་ཡོད་རིང་། ཁོང་ཡང་ཁྱོད་ཚོ་དང་མཉམ་དུ་ཡོད་དོ། ཁྱོད་ཚོས་ཁོང་ལ་འཚོལ་ན་ཁོང་གིས་ཁྱོད་ཚོར་རྙེད་པ་གནང་ཡོང་། ཁྱོད་ཚོས་ཁོང་ནས་ཁ་བསྒྱུར་ན་ཁོང་གིས་ཁྱོད་ཚོར་སྤངས་བ་གནང་ཡོང་། 3དུས་ཡུན་རིང་པོའི་རིང་ཨིསི་རཱཨེལ་པ་ཚོ་དཀོན་མཆོག་ངོ་མ་མེད་པར་མི་ཚེ་སྐལ་བ་དང་། སློབ་སྟོན་གནང་མཁན་བླ་མ་མེད་པ་དང་ཁྲིམས་མེད་པར་གནས་ཡོད་དོ། 4འོན་ཀྱང་དཀའ་ངལ་བྱུང་སྐབས་དེ་ཚོས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་ཁ་བསྒྱུར་རོ། དེ་ཚོས་ཁོང་ལ་འཚོལ་བས་ཁོང་རྙེད་དོ། 5སྐབས་དེར་སུ་ཡང་བརྟན་པོར་འགྲོ་བསྐྱོད་བྱེད་མི་ཐུབ་བོ། གང་ལ་ཟེར་ན། སྐབས་དེར་ཡུལ་ཁམས་ཚང་མར་རྩོད་རྙོག་ཡོད་པ་དང་བདེ་འཇགས་མེད་དོ། 6རྒྱལ་ཁབ་གཅིག་གིས་གཞན་ལ་མནར་གཅོད་བྱེད་པ་དང་། གྲོང་ཁྱེར་གཅིག་གིས་གཞན་ལ་མནར་གཅོད་བྱ་བཞིན་ཡོད་དོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་དཀའ་ངལ་དང་སྡུག་བསྔལ་འཁྱེར་གནང་བཞིན་ཡོད་དོ། 7འོན་ཀྱང་ཁྱོད་ཚོ་སྟོབས་ཤུགས་ཆེན་པོ་བྱེད་དགོས་པ་དང་སེམས་ཤུགས་ཆགས་མི་རུང་། ཁྱོད་ཚོས་ལས་ཀ་གྱིས་པ་དེ་ལ་བྱ་དགའ་ཐོབ་པར་འགྱུར་ཞེས་སོ། 8ཨ་སས་ཨོ་དེད་ཀྱི་བུ་ཨ་ཛར་ཡཱས་གསུངས་པའི་ལུང་བསྟན་གསན་པ་དང་བློ་སྟོབས་འཕེལ་ལོ། ཁོང་གིས་ཡ་ཧུ་དཱ་དང་བྷེན་ཡ་མིན་གྱི་ཡུལ་དུ་སྐུ་འདྲ་རྣམས་དང་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཡུལ་གྱི་གྲོང་ཁྱེར་ཁོང་གིས་དབང་འཛིན་གནང་བ་ཚོའི་ནང་ཡོད་པའི་སྐུ་འདྲ་ཚང་མ་མེད་པར་བཟོས་སོ། ཁོང་གིས་མཆོད་ཁང་གི་ཁྱམས་རར་ཡོད་པའི་གཙོ་བོ་དཀོན་མཆོག་གི་མཆོད་ཁྲི་དེ་ཚོ་ཉམས་གསོ་གནང་ངོ་། 9ཨེཕ་ར་ཡིམ་དང་། མ་ནསེ་སཱེ་དང་། སིམ་ཨོན་ནས་ཨ་སའི་ཕྱོགས་སུ་ཁོང་གི་རྒྱལ་ཁབ་ཏུ་གནས་སྡོད་བྱེད་པར་མི་མང་མང་པོ་ཡོང་ཡོད་པ་ཡིན་ནོ། གང་ལ་ཟེར་ན། དེ་ཚོས་གཙོ་བོ་དཀོན་མཆོག་ཁོང་དང་མཉམ་དུ་ཡོད་པ་མཐོང་བ་ཡིན་ནོ། ཨ་སས་དེ་ཚོ་ཚང་མ་དང་ཡ་ཧུ་དཱ་དང་བྷེན་ཡ་མིན་གྱི་མི་མང་རྣམས་བཀའ་འགུག་གནང་ངོ་། 10ཨ་ས་རྒྱལ་པོར་འགྱུར་བའི་ལོ་བཅོ་ལྔ་དང་ཟླ་བ་གསུམ་པ་ལ་དེ་ཚོ་ཡེ་རུ་ཤ་ལེམ་དུ་འཛོམས་སོ། 11ཉིན་དེར་དེ་ཚོས་འཁྱེར་ཡོང་བའི་བཅོམ་ནོར་ནས་གཙོ་བོ་དཀོན་མཆོག་ལ་བ་ཕྱུགས་ ༧༠༠ དང་ལུག་ ༧,༠༠༠ དམར་མཆོད་ཕུལ་ལོ། 12དེ་ཚོའི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་ལྷག་བསམ་རྣམ་དག་གིས་མཆོད་རྒྱུའི་ཁས་ལེན་གྱི་དམ་བཅའ་ཞིག་བཟོས་སོ། 13གཞོན་ནུའམ་ལོ་ན་རྒས་པོ་སྐྱེས་པའམ་བུད་མེད་སུ་ཞིག་ཁོང་ལ་མ་མཆོད་མཁན་ཡོད་ན་སྲོག་ཐོག་གཏོང་རྒྱུ་བྱས་སོ། 14དེ་ཚོས་སྐད་ཤུགས་ཆེན་པོས་གཙོ་བོ་དཀོན་མཆོག་གི་མཚན་ནས་དམ་བཅའ་སྲུང་རྒྱུའི་མནའ་བསྐྱེལ་ལོ། དེ་ནས་དེ་ཚོས་སྐད་འབོད་བྱས་པ་དང་དུང་འབུད་དོ། 15ཡ་ཧུ་དཱ་པའི་མི་མང་རྣམས་དགའ་པོ་བྱུང་ཡོད། གང་ལ་ཟེར་ན། དེ་ཚོས་སེམས་ཀྱི་གཏིང་ནས་དམ་བཅའ་བཞག་པ་དང་། གཙོ་བོ་དཀོན་མཆོག་ལ་མཆོད་རྒྱུར་དགའ་སྤྲོ་བྱེད་པ་དང་། ཁོང་གིས་དེ་ཚོ་ལ་ངོས་ལེན་གནང་བ་དང་ཕྱོགས་ཚང་མར་ཞི་བདེ་གནང་ངོ་། 16རྒྱལ་པོ་ཨ་སས་རང་གི་རྨོ་རྨོ་མ་ཀཱ་ལ་ཡུམ་རྒྱལ་མོའི་གོ་གནས་ནས་མར་ཕབ་བོ། གང་ལ་ཟེར་ན། མོས་ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་སྐྱོག་དྲོ་པོ་ཞིག་བཟོས་ཡོད་དོ། ཨ་སས་སྐུ་འདྲ་དེ་བཅག་པ་དང་དུམ་བུར་བཏུབ་ནས་ཀིད་རོན་གྱི་ལུང་གཤོང་དུ་མེར་བསྲེགས་བཏང་ངོ་། 17ཨ་སས་ཕྱི་པའི་ལྷ་མཆོད་ཡུལ་ཚང་མ་མེད་པར་བཟོས་མེད་ན་ཡང་། ཁོང་གི་སྐུ་ཚེའི་རིང་གཙོ་བོ་དཀོན་མཆོག་ལ་དམ་ཚིག་གཙང་མར་གནས་སོ། 18ཁོང་གི་ཡབ་ཨ་བྷི་ཡཱས་གཙོ་བོ་དཀོན་མཆོག་ལ་བསྔོ་བའི་དངོས་པོ་རྣམས་དང་ཁོང་རང་ཉིད་ཀྱིས་བསྔོ་བའི་གསེར་དངུལ་གྱི་དངོས་པ་རྣམས་མཆོད་ཁང་ནང་བཞག་གནང་ངོ་། 19ཁོང་གིས་རྒྱལ་སྲིད་སྐྱོངས་བའི་ལོ་ངོ་སུམ་ཅུ་སོ་ལྔའི་རིང་དམག་འཁྲུགས་གཞན་མ་བྱུང་ངོ་༎

སྔོན་རབས་གཉིས་པ། 16

ཨིསི་རཱཨེལ་དུ་དཀའ་ངལ།

(༡ རྒྱལ་རབས་ ༡༥:༡༧-༢༢)

1ཡ་ཧུ་དཱ་པའི་རྒྱལ་པོ་ཨ་སས་རྒྱལ་སྲིད་སྐྱོངས་བའི་ལོ་སུམ་ཅུ་སོ་དྲུག་པའི་སྐབས་སུ། ཨིསི་རཱཨེལ་གྱི་རྒྱལ་པོ་བྷ་ཤས་ཡ་ཧུ་དར་བཙན་འཛུལ་བྱས་པ་དང་། ཡ་ཧུ་དཱར་ཕྱི་དང་ནང་ཡོང་བ་འགོག་པའི་ཕྱིར་ར་མཱར་འཛིང་ར་བཟོ་འགོ་འཛུགས་སོ། 2རྒྱལ་པོ་ཨ་སས་མཆོད་ཁང་དང་ཕོ་བྲང་གི་བང་མཛོད་ནས་གསེར་དངུལ་བླངས་ནས། དྷ་མསེ་ཀསེ་ཏུ་སི་རི་ཡའི་རྒྱལ་པོ་བྷེན་ཧ་དྷད་སར་འཕྲིན་འདི་མཉམ་དུ་འདི་ལྟར་བཏང་ངོ་། 3ང་ཚོའི་ཡབ་ཚོ་ལྟར་ང་ཚོས་ཀྱང་མཐུན་ཕྱོགས་བྱེད་དགོས། གསེར་དངུལ་འདི་ཚོ་ཁྱེད་ལ་ཕྱག་རྟགས་ཡིན། ད་ཁྱེད་ཀྱིས་ཨིསི་རཱཨེལ་གྱི་རྒྱལ་པོ་བྷ་ཤ་མཉམ་དུ་ཡོད་པའི་མཐུན་ཕྱོགས་དེ་ལ་བརྩི་མ་གནང་རོགས་གནང། དེ་ནས་ཁོས་ངའི་མངའ་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་པར་འགྱུར་ཞེས་བཀོད་ཡོད་དོ། 4བྷེན་ཧ་དྷད་ཀྱིས་ཨ་སའི་གྲོལ་མོལ་དེ་ལ་མོས་མཐུན་གནང་ནས། ཁོང་གིས་དམག་སྤྱི་ཚོ་དང་། དམག་དཔུང་བཅས་པར་ཨིསི་རཱཨེལ་གྱི་གྲོང་ཁྱེར་ཁག་ལ་འཐབ་པར་བཏང་ངོ་། དེ་ཚོས་ཨི་ཡོན་དང་དྷན་དང་ཧ་བེལ་བྷེད་མ་ཀཱ་དང་། དགོས་མཁོ་རྣམས་གསོགས་པའི་ནཕ་ཏ་ལའི་གྲོང་ཁྱེར་རྣམས་བཙན་བཟུང་བྱས་སོ། 5རྒྱལ་པོ་བྷ་ཤས་ཇི་ལྟར་བྱུང་བཞིན་ཡོད་པ་གསན་པ་དང་། ར་མཱའི་འཛིང་ར་བཟོ་བའི་ལས་ཀ་དེ་མཚམས་བཞག་གོ 6དེ་ནས་རྒྱལ་པོ་ཨ་སས་ཡ་ཧུ་དཱ་པའི་ཡུལ་ཡོངས་ཀྱི་མི་བསྡུས་ནས། བྷ་ཤས་ར་མར་བེད་སྤྱོད་བྱེད་པའི་རྡོ་དང་གདུང་མ་རྣམས་འཁྱེར་ནས་གྷེ་བ་དང་མིཛ་པཱའི་གྲོང་ཁྱེར་རྣམས་ལ་འཛིང་རག་བཟོ་དགོས་པའི་བཀའ་གནང་ངོ་༎

ལུན་སྟོན་པ་ཧ་ན་ནི།

7དུས་སྐབས་དེར་ལུང་སྟོན་པ་ཧ་ན་ནི་རྒྱལ་པོ་ཨ་སའི་སར་ཕེབས་ནས། ཁྱེད་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ཞུ་བའི་ཚབ་ཏུ་སི་རི་ཡའི་རྒྱལ་པོར་བློ་བཅོལ་བྱས་ཡོད་སྟབས། ཨིསི་རཱཨེལ་གྱི་རྒྱལ་པོའི་དམག་མི་རྣམས་ཁྱེད་ནས་བྲོས་ཐར་བ་རེད། 8ཨི་ཐི་ཨོ་པི་ཡ་དང་ལིབ་ཡ་ལ་དམག་མི་ཁྱོན་ཆེ་ཡོད་པ་དང་ཤིང་རྟ་འཁོར་ལོ་དང་རྟ་དམག་མང་པོ་ཡོད་པ་མ་རེད་དམ། འོན་ཀྱང་ཁྱེད་ཀྱིས་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ཡོད་སྟབས་ཁོང་གིས་ཁྱེད་ལ་རྒྱལ་ཁ་གནང་ཡོད་དོ། 9གཙོ་བོ་དཀོན་མཆོག་གིས་ཁོང་ལ་སྙིང་ནས་བློ་བཅོལ་མཁན་ཚོར་སྟོབས་ཤུགས་གནང་བ་ལ་འཛམ་གླིང་ཡོངས་ལ་གཟིགས་ཞིབ་ཟབ་མོ་གནང་བཞིན་ཡོད། ཁྱེད་ཀྱིས་གླེན་པའི་ལས་གནང་ཡོད་སྟབས། ད་ནས་བཟུང་ཁྱེད་ལ་དམག་འཁྲུགས་ཡང་ཡང་འབྱུང་བར་འགྱུར་ཞེས་གསུངས་སོ། 10དེའི་རྐྱེན་གྱིས་ཨ་སས་ལུང་སྟོན་པར་ཐུགས་ཧ་ཅང་ཁྲོས་པ་དང་ཁོང་ལ་ལྕགས་ཐག་གི་བརྡམས་གནང་ངོ་། དུས་སྐབས་དེར་ཨ་སས་མི་མང་འགའ་ཤས་ལ་སྡུག་རྩུབ་གནང་སྒོ་ཚུགས་སོ༎

ཨ་སའི་རྒྱལ་སྲིད་ཀྱི་མཐའ་མ།

(༡ རྒྱལ་རབས་ ༡༥:༢༣-༢༤)

11ཨ་སའི་རྒྱལ་སྲིད་སྐྱོངས་བའི་གནས་ཚུལ་མགོ་ནས་འཇུག་བར་ཡ་ཧུ་དཱ་དང་ཨིསི་རཱཨེལ་གྱི་རྒྱལ་པོ་ཚོའི་རྒྱལ་རབས་ནང་བཀོད་ཡོད་དོ། 12ཨ་ས་རྒྱལ་པོར་འགྱུར་ནས་ལོ་ངོ་སུམ་ཅུ་སོ་དགུར་སླེབས་པའི་སྐབས་སུ། ཁོང་ལ་རྐང་ནད་ཚབ་ཆེ་ཞིག་གིས་ཞ་བོར་འགྱུར་རོ། འོན་ཀྱང་ཁོང་གིས་གཙོ་བོ་དཀོན་མཆོག་ལ་རོགས་རམ་མ་ཞུས་པར་སྨན་པར་སྐྱབས་འཇུག་ཞུས་སོ། 13ལོ་གཉིས་ཀྱི་རྗེས་སུ་ཁོང་གྲོངས་སོ། 14ཁོང་རང་ཉིད་ཀྱི་ཆེད་དུ་ཁོང་ནས་རྐོས་གནང་བའི་དཱ་བིད་ཀྱི་གྲོང་ཁྱེར་གྱི་བྲག་གི་སྤུར་ཁང་ནང་སྦས་སོ། དེ་ཚོས་སྨན་སྣ་དང་དྲི་བཟང་གི་སྣུམ་བྱུགས་ནས་སྐུ་དུར་དུ་བཞག་པར་གྲ་སྒྲིག་བྱས་སོ། དེ་ཚོས་ཁོང་གྲོངས་བར་མྱ་ངན་ཞུ་བར་མེ་སྐོང་ཆེན་པོ་བཟོས་སོ༎

སྔོན་རབས་གཉིས་པ། 17

ཡེ་ཧོ་ཤ་ཕད་རྒྱལ་པོར་འགྱུར་བ།

1ཡེ་ཧོ་ཤ་ཕད་རང་གི་ཡབ་རྒྱལ་པོ་ཨ་སའི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་བ་དང་། ཁོང་གིས་ཨིསི་རཱཨེལ་ལས་རང་གི་གནས་སྟངས་སྟོབས་ཤུགས་ཆེ་རུ་བཏང་ངོ་། 2ཁོང་གིས་ཡ་ཧུ་དཱའི་འཛིང་རག་ཅན་གྱི་གྲོང་ཁྱེར་རྣམས་དང་ཡ་ཧུ་དཱའི་གྲོང་སེབ་དང་རྒྱལ་པོ་ཨ་སས་དབང་འཛིན་གནང་བའི་ཨེཕ་ར་ཡིམ་གྱི་མངའ་ཁུལ་དུ་དམག་དཔུང་རྣམས་འཇོག་གནང་ངོ་། 3གཙོ་བོ་དཀོན་མཆོག་གིས་ཡེ་ཧོ་ཤ་ཕད་ལ་བྱིན་རླབས་གནང་ཡོད། གང་ལ་ཟེར་ན། ཁོང་གིས་ཁོང་རང་གི་ཡབ་ཀྱི་ཐོག་མའི་སྐུ་དུས་དཔེའི་རྗེས་སུ་འབྲངས་ནས། བྷལ་ལ་མཆོད་མེད་དོ། 4ཁོང་གི་ཡབ་ཀྱི་དཀོན་མཆོག་གི་ཞབས་ཕྱི་ཞུ་གནང་བ་དང་། དཀོན་མཆོག་གི་བཀའ་ལ་གསན་པ་དང་ཨིསི་རཱཨེལ་གྱི་རྒྱལ་པོ་ཚོས་མཛད་པ་བཞིན་གནང་མེད་དོ། 5གཙོ་བོ་དཀོན་མཆོག་གིས་ཡེ་ཧོ་ཤ་ཕད་ལ་ཡ་ཧུ་དཱ་པའི་རྒྱལ་ཁབ་ཏུ་སྐུ་དབང་བརྟན་པོར་གནང་ཡོད་པ་དང་། མི་མང་ཚང་མས་ཁོང་ལ་འབུལ་བ་འཁྱེར་ཡོང་བ་དང་། ཁོང་ཕྱུག་པོ་དང་སྙན་གྲགས་ཅན་དུ་འགྱུར་རོ། 6ཁོང་གིས་གཙོ་བོ་དཀོན་མཆོག་གི་ཞབས་ཕྱི་ཞུ་རྒྱུར་སྤོབས་པ་གནང་ནས། ཡ་ཧུ་དཱ་པའི་ཡུལ་གྱི་ཕྱི་པའི་ལྷ་མཆོད་ཡུལ་ཆང་མ་དང་ལྷ་མོ་ཨ་ཤེ་རཱའི་རྟགས་མཚན་རྣམས་མེད་པར་མཛད་དོ། 7ཁོང་གིས་རྒྱལ་སྲིད་སྐྱོངས་བའི་ལོ་གསུམ་པའི་སྐབས་སུ། ཁོང་གིས་ལས་བྱེད་པ་རྣམས་བྷེན་ཧེལ་དང་ཨོ་བ་དི་ཡཱ་དང་ཛ་ཀར་ཡཱ་དང་ནེ་ཐ་ནེལ་དང་མི་ཀ་ཡ་བཅས་པ་ཡ་ཧུ་དཱའི་གྲོང་ཁྱེར་ཁག་ནང་སློབ་སྟོན་བྱ་བར་མངགས་སོ། 8དེ་ཚོ་དང་མཉམ་དུ་ལེ་ཝི་པ་དགུ་དང་བླ་མ་གཉིས་ཡོད། ལེ་ཝི་པ་ཚོ་ནི་ཤེ་མ་ཡཱ་དང་། ནེ་ཐན་ཡཱ་དང་། ཛེ་བ་དི་ཡཱ་དང་། ཨ་ས་ཧེལ་དང་། ཤེ་མི་ར་མོད་དང་། ཡེ་ཧོ་ན་ཐན་དང་། ཨ་དྷོ་ནི་ཡཱ་དང་། ཏོ་བྷི་ཡཱ་དང་ཏོ་བྷ་དོ་ནི་ཡཱ་བཅས་ཡིན་པ་དང་། བླ་མ་ནི་ཨེ་ལི་ཤ་མ་དང་ཡེ་ཧོ་རམ་གཉིས་ཡིན་ནོ། 9དེ་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་དེབ་འཁྱེར་ནས་ཡ་ཧུ་དཱའི་ཡུལ་ཡོངས་སུ་མི་མང་ལ་སློབ་སྟོན་བྱེད་པར་ཕེབས་སོ༎

ཡེ་ཧོ་ཤ་ཕད་ཀྱི་རླབས་ཆེན།

10གཙོ་བོ་དཀོན་མཆོག་གིས་ཉེ་འཁོར་གྱི་རྒྱལ་ཁབ་ཚང་མས་རྒྱལ་པོ་ཡེ་ཧོ་ཤ་ཕད་མཉམ་དུ་དམག་འཐབ་བྱེད་པར་འཇིགས་པ་བཟོ་གནང་ངོ་། 11ཕེ་ལེ་ཤེད་པ་འགའ་ཞིག་གིས་ཁོང་ལ་རིན་ཆེན་དངུལ་ཁྱོན་ཆེ་དང་གཞན་འབུལ་བ་ཁག་འཁྱེར་ཡོང་བ་དང་། ཨ་རབ་པ་འགའ་ཞིག་གིས་ཁོང་ལ་ལུག་ ༧,༧༠༠ དང་། ར་ ༧,༧༠༠ བཅས་འཁྱེར་ཡོང་ངོ་། 12དེ་ལྟར་ཡེ་ཧོ་ཤ་ཕད་ཀྱི་སྟོབས་ཤུགས་ཇེ་ཆེར་འཕེལ་བ་དང་། ཡ་ཧུ་དཱ་ཡུལ་ཡོངས་སུ་ཁོང་གི་འཛིངས་རག་དང་གྲོང་ཁྱེར་ཁག་བཟོས་པ་དང་། 13དེ་ཚོའི་ནང་མཁོ་སྒྲུབ་ཧ་ཅང་ཁྱོན་ཆེ་བསགས་སོ། ཡེ་རུ་ཤ་ལེམ་དུ་ཁོང་གི་འགོ་འཛིན་མཁས་པ་རྣམས་བཞག་གནང་ངོ་། 14དེ་ཚོ་ནི་དེ་ཚོའི་རིགས་རུས་ལྟར་ཡིན་ནོ། ཨད་ནཱ་ནི་ཡ་ཧུ་དཱ་པའི་རིགས་རུས་ཀྱི་དམག་དཔུང་གི་དམག་སྤྱི་ཡིན་པ་དང་། ཁོང་གི་འོག་དམག་མི་ ༣༠༠,༠༠༠ ཡོད་དོ། 15གོ་རིམ་གཉིས་པ་ལ་ཡེ་ཧོ་ཧ་ནན་ལ་དམག་མི་ ༢༨༠,༠༠༠ ཡོད་པ་དང་། 16གོ་རིམ་གསུམ་པ་ལ་ཛིག་རིའི་བུ་ཨ་མ་ས་ཡཱ་ལ་དམག་མི་ ༢༠༠,༠༠༠ ཡོད་དོ། (ཨ་མ་ས་ཡཱས་གཙོ་བོ་དཀོན་མཆོག་གིས་ཞབས་ཕྱི་ཞུ་རྒྱུར་ཁས་ལེན་ཞུས་སོ།) 17བྷེན་ཡ་མིན་གྱི་རིགས་རུས་ཀྱི་དམག་དཔུང་གི་དམག་སྤྱི་ཁྱད་དུ་འཕགས་པ་ཨེལ་ཡ་དྷ་ཡིན་པ་དང་། ཁོང་གི་མངའ་འོག་ཏུ་དམག་མི་ ༢༠༠,༠༠༠ ཕུབ་དང་གཞུ་བཅས་རང་སྒྲིགས་ཡོད་དོ། 18ཁོང་གི་མངའ་འོག་རིམ་པ་གཉིས་པ་ཡེ་ཧོ་ཛ་བྷད་ལ་དམག་མི་ ༡༨༠,༠༠༠ ཡོད་པ་རྣམས་དམག་འཁྲུགས་ཀྱི་ཆེད་དུ་གོ་མཚོན་གང་ལེགས་ལྡན་པ་ཡོད་དོ། 19མི་འདི་ཚོས་ཡེ་རུ་ཤ་ལེམ་དུ་རྒྱལ་པོའི་ཞབས་ཞུ་ཞུ་བ་དང་། དེ་མ་ཟད་ཁོང་གིས་གཞན་ཡ་ཧུ་དཱའི་འཛིང་རག་ཅན་གྱི་གྲོང་ཁྱེར་ནང་དམག་མི་འཕར་མ་རྣམས་བཞག་གནང་ཡོད་དོ༎

སྔོན་རབས་གཉིས་པ། 18

(༡ རྒྱལ་རབས་ ༢༢:༡-༢༨)

1ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཕྱུག་པོ་དང་སྙན་གྲགས་ཆེན་པོར་འགྱུར་བ་དང་། ཁོང་གིས་ཁོང་རང་གི་ཁྱིམ་ཚང་གི་ནང་མི་ཞིག་ལ་ཨིསི་རཱཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱི་ཁྱིམ་ཚང་དབར་ཆང་སའི་གོ་སྒྲིགས་གནང་ངོ་། 2ལོ་འགའ་ཤས་རྗེས་སུ་ཡེ་ཧོ་ཤ་ཕད་གྲོང་ཁྱེར་ས་མར་ཡ་རུ་ཨ་ཧབ་མཇལ་བར་ཕེབས་སོ། ཡེ་ཧོ་ཤ་ཕད་དང་ཁོང་མཉམ་དུ་ཡོད་པ་ཚོར་སྣེ་ལེན་ཟབ་རྒྱས་ཞུ་བའི་ཕྱིར་ཨ་ཧབ་ཀྱིས་གསོལ་སྟོན་ཆེད་ལུག་དང་གླང་གོག་ཁྱོན་ཆེ་བསད་དོ། ཁོང་གིས་ཡེ་ཧོ་ཤ་ཕད་ལ་གྷིལ་ཨད་ཀྱི་ར་མོད་གྲོང་ཁྱེར་ལ་དམག་འདྲེན་པར་མཉམ་འབྲེལ་ཡོང་བའི་ཐབས་ཤེས་གནང་ངོ་། 3ཁོང་གིས་ར་མོད་ལ་དམག་འདྲེན་པར་ཁྱེད་ང་དང་མཉམ་དུ་ཕེབས་ཀྱི་ཡིན་ནམ་ཞེས་དྲིས་པས། ཡེ་ཧོ་ཤ་ཕད་ཀྱིས་ཁྱེད་གྲ་སྒྲིགས་ཡོད་ན། ང་དང་ངའི་དམག་མི་ཚོ་ཡང་གྲ་སྒྲིགས་ཡོད། ང་ཚོ་ཁྱེད་མཉམ་དུ་འགྲོ་རྒྱུ་ཡིན་ཞེས་ལན་གསུངས་སོ། 4དེ་ནས་ཁོང་གིས་ཐོག་མར་ང་ཚོས་གཙོ་བོ་དཀོན་མཆོག་ལ་གོ་བསྡུར་ཞུ་དགོས་སོ་གསུངས་སོ། 5དེ་འདྲ་སོང་ཙང་ཨ་ཧབ་ཀྱིས་ལུང་སྟོན་པ་ ༤༠༠ ཙམ་བཀའ་འགུགས་གནང་ནས་དེ་ཚོ་ལ། ངས་ར་མོད་ལ་དམག་འཐབ་བྱེད་རུང་ངམ་མི་རུང་ཞེས་བཀའ་འདྲི་གནང་བས། དེ་ཚོས་དམག་འཐབ་བྱོས་ཤིག་དང་། དཀོན་མཆོག་གིས་ཁྱེད་ལ་རྒྱལ་ཁ་གནང་བར་བྱ་ཞེས་ཞུས་སོ། 6འོན་ཀྱང་ཡེ་ཧོ་ཤ་ཕད་ཀྱིས། ང་ཚོས་གཙོ་བོ་དཀོན་མཆོག་ལ་གོ་བསྡུར་ཞུ་བའི་ལུང་སྟོན་པ་གཞན་ཞིག་མེད་དམ་ཞེས་བཀའ་འདྲི་གནང་ངོ་། 7ཨ་ཧབ་ཀྱིས། ཨིམ་ལཱའི་བུ་མི་ཀ་ཡ་བྱ་བ་ཞིག་ཡོད་དོ། འོན་ཀྱང་ང་ཁོ་ལ་དགའ་གི་མེད། གང་ལ་ཟེར་ན། ཁོས་ང་ལ་ལུང་བསྟན་ངན་པ་འབའ་ཞིག་མ་གཏོགས་ལེགས་པ་རྩ་བ་ནས་རྒྱབ་ཀྱི་མེད་ཅེས་ལན་ཞུས་སོ། ཡེ་ཧོ་ཤ་ཕད་ཀྱིས། ཁྱེད་ཀྱིས་དེ་ལྟར་གསུངས་མི་རུང་ཞེས་གསུངས་སོ། 8དེ་འདྲ་སོང་ཙང་རྒྱལ་པོ་ཨ་ཧབ་ཀྱིས། ཕོ་བྲང་གི་ལས་བྱེད་པ་ཚོ་བཀའ་འགུགས་གནང་ནས་མི་ཀ་ཡ་ལ་འཕྲལ་དུ་འཚོལ་དགོས་པའི་བཀའ་གནང་ངོ་། 9རྒྱལ་པོ་གཉིས་ཀ་རྒྱལ་ཆས་བཞེས་ནས་ས་མར་ཡའི་རྒྱལ་སྒོའི་ཕྱི་ལོག་གཡུལ་ཁ་རུ་རྒྱལ་ཁྲིའི་སྟེང་བཞུགས་པ་དང་། ཁོང་གཉིས་ཀྱི་མདུན་དུ་ལུང་སྟོན་པ་ཚོས་ལུང་བསྟན་བརྒྱབ་བཞིན་ཡོད་དོ། 10དེ་ཚོའི་ནང་ནས་ཀེ་ན་ནཱའི་བུ་ཛེ་དེ་ཀི་ཡཱ་ཟེར་བ་དེས་ལྕགས་ཀྱི་རྭ་ཅོ་བཟོས་ནས་ཨ་ཧབ་ལ་སྨྲས་པ། གཙོ་བོ་དཀོན་མཆོག་གིས་འདི་ལྟར་གསུངས་པ། ཁྱེད་ཀྱིས་རྭ་ཅོ་དེ་ཚོས་སི་རི་ཡ་པ་ཚོ་མཉམ་དུ་དམག་འཐབ་ནས་དེ་ཚོ་ཡོངས་སུ་ཕམ་པར་འགྱུར། 11ལུང་སྟོན་པ་གཞན་ཚོས་ཀྱང་དེ་ལྟར་སྨྲས་སོ། དེ་ཚོས་ར་མོད་ལ་ཕེབས་ཤིག་དང་ཁྱེད་ལ་རྒྱལ་ཁ་ཐོབ་པར་འགྱུར། གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་རྒྱལ་ཁ་གནང་བར་འགྱུར་ཞེས་སྨྲས་སོ། 12དུས་སྐབས་དེར་མི་ཀ་ཡ་འབོད་དུ་འགྲོ་མཁན་ལས་བྱེད་པ་དེས་ཁོང་ལ་ལུང་སྟོན་པ་གཞན་ཚང་མས་ཁོང་གི་དགོས་དོན་སྒྲུབ་པའི་ལུང་བསྟན་གནང་ཡོད་སྟབས། ཁྱེད་ཀྱིས་དེ་ལྟར་གནང་ན་ལེགས་ཞུས་སོ། 13འོན་ཀྱང་མེ་ཀ་ཡས་འཚོ་བཞིན་པའི་གཙོ་བོ་དཀོན་མཆོག་དཔང་དུ་བཙུགས་ནས། ངའི་དཀོན་མཆོག་གིས་ང་ལ་ཇི་ལྟར་སྨྲ་དགོས་པའི་བཀའ་གནང་བ་ལྟར་ཤོད་ཀྱི་ཡིན་གསུངས་སོ། 14ཁོང་རྒྱལ་པོ་ཨ་ཧབ་ཀྱི་མདུན་དུ་སླེབས་པ་དང་། རྒྱལ་པོས་ཁོང་ལ་མི་ཀ་ཡ། རྒྱལ་པོ་ཡེ་ཧོ་ཤ་ཕད་དང་ང་གཉིས་ནས་ར་མོད་ལ་ཕར་རྒོལ་བྱས་ན་ལེགས་སམ་ཡང་ན་མ་བྱས་ན་ལེགས་སམ་ཞེས་འདྲི་བ་གནང་ཡོང། ལན་དུ་མི་ཀ་ཡས། ཕར་རྒོལ་གནོང་ཞིག་ཁྱེད་ལ་ཏན་ཏན་རྒྱལ་ཁ་ཐོབ་པར། གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་རྒྱལ་ཁ་གནང་ཡོང། 15འོན་ཀྱང་ཨ་ཧབ་ཀྱིས། ཁྱེད་ཀྱིས་གཙོ་བོ་དཀོན་མཆོག་གི་མཚན་ནས་བརྗོད་སྐབས། ང་ལ་བདེན་པ་སྨྲོས་ཤིག། ངས་ཁྱེད་ལ་དེ་ལྟར་ཐེངས་ཇི་ཙམ་བརྗོད་དགོས་སམ་ཞེས་གསུངས་སོ། 16མི་ཀ་ཡས། ངས་ཨིསི་རཱཨེལ་གྱི་དམག་མི་རྣམས་ནི་རིའི་སྟེང་དུ་ལུག་རྫི་མེད་པའི་ལུག་ལྟར་ཁ་འཐོར་བ་མཐོང་ངོ་། གཙོ་བོ་དཀོན་མཆོག་གིས་མི་འདི་ཚོ་ལ་འགོ་འཁྲིད་མེད་པའི་འདི་ཚོ་ཞི་བདེར་འགྲོར་བཅུག་ཅེས་གསུངས་བྱུང་ཞེས་ཞུས་སོ། 17ཨ་ཧབ་ཀྱིས་ཡེ་ཧོ་ཤ་ཕད་ལ། ངས་ཁྱེད་ལ་སྔོན་དུ་ཞུས་མ་བྱུང་ངམ། ཁོས་ང་ལ་རྟག་ཏུ་ལུང་བསྟན་ངན་པ་ཞིག་མ་གཏོགས་བཟང་པོ་རྩ་བ་ནས་རྒྱབ་ཀྱི་མེད་ཅེས་སྨྲས་སོ། 18མུ་མཐུད་ནས་མེ མི་ཀ་ཡས། ད་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་གསུངས་པར་གསན་ཞིག ངས་གཙོ་བོ་དཀོན་མཆོག་ནི་བཞུགས་ཁྲིའི་སྟེང་ནམ་མཁར་བཞུགས་པ་དང་། ཁོང་གི་ཕོ་ཉ་རྣམས་ཁོང་གི་འགྲམ་དུ་བཞེངས་ནས་ཡོད་པ་མཐོང་བྱུང་། 19གཙོ་བོ་དཀོན་མཆོག་གིས། ཨ་ཧབ་ལ་ར་མོད་དུ་གསོད་ཕྱིར་མགོ་བསྐོར་གཏོང་བར་སུ་འགྲོ་གི་ཡིན་ནམ། ཞེས་བཀའ་འདྲི་གནང་བར། ཕོ་ཉ་འགའ་ཞིག་གིས། ལན་ཁག་གཅིག་ཞུ་བ་དང་། འགའ་ཞིག་གིས་ལན་ཞིག་ཞུས་སོ། 20མཐའ་མར་རྣམ་ཤེས་ཤིག་གཙོ་བོ་དཀོན་མཆོག་གི་དྲུང་དུ་བཅར་ནས། ངས་ཁོ་ལ་མགོ་བསྐོར་གཏོང་བར་བྱ་ཞེས་ཞུས་སོང་། གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བྱ་རྒྱུ་ཡིན་ནམ་ཞེས་བཀའ་འདྲི་གནང་བར། 21རྣམ་ཤེས་དེས། ངས་ཕྱིན་ནས་ཨ་ཧབ་ཀྱི་ལུང་སྟོན་པ་ཚོར་ལུང་བསྟན་རྫུན་མ་ཤོད་དུ་འཇུག་གི་ཡིན་ཞུས་སོང་། གཙོ་བོ་དཀོན་མཆོག་གིས་ཁྱོད་སོང་ལ་བསླུ་འཁྲིད་བྱོས་ཤིག ཁྱོད་ཀྱིས་དེ་ལྟར་བྱེད་ཐུབ་པར་འགྱུར་ཞེས་བཀའ་གནང་སོང་། 22མཐའ་མར་མེ མི་ཀ་ཡས། དེ་ཚོ་ནི་ཇི་ལྟར་བྱུང་བ་ཁག་ཡིན། གཙོ་བོ་དཀོན་མཆོག་གིས་ཁྱེད་ཀྱི་ལུང་སྟོན་པ་ཚོར་རྫུན་ཤོད་དུ་བཅུག་གནང་ཡོད། འོན་ཀྱང་གཙོ་བོ་དཀོན་མཆོག་ཁོང་རང་གི་ཁྱེད་ལ་རྐྱེན་ངན་འཕྲད་པར་གནང་རྒྱུའི་དགོངས་ཆར་གནང་ཡོད་ཅེས་མཐའ་མར་གསུངས་སོ། 23དེ་ནས་ལུང་སྟོན་པ་ཛེ་དེ་ཀི་ཡཱ་མེ་ཀ་ཡའི་ཉེ་འགྲམ་དུ་སོང་ནས། ཁོང་ལ་འགྲམ་ལྕག་ཞིག་རྒྱབ་ནས། གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་ང་ནས་ཐོན་ནས་ཁྱོད་ལ་ག་དུས་བཀའ་གནང་བྱུང་ངམ་ཞེས་དྲིས་པས། 24མེ་ཀ་ཡས། ཁྱོད་རྒྱབ་ཀྱི་ཁང་མི་ཞིག་ནང་ཡིབ་པར་འགྲོ་སྐབས་དེ་ཤེས་པར་འགྱུར་སྨྲས་སོ། 25དེ་ནས་རྒྱལ་པོ་ཨ་ཧབ་ཀྱིས། ཁོང་གི་འགོ་འཛིན་ཞིག་ལ་མི་ཀ་ཡ་འཛིན་བཟུང་གིས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཨ་མོན་དང་རྒྱལ་སྲས་ཡོ་ཨཱཤེའི་སར་འཁྲིད་ཅིག 26ཁོང་ཚོར་ང་སྐྱོན་མེད་མ་ཡོང་བར་ཁོ་བཙོན་ཁང་དུ་བག་ལེབ་དང་ཆུ་གཅིག་པུ་སྟེར་ནས་འཇོག་དགོས་སྨྲོས་ཤིག་ཅེས་བཀའ་གནང་ངོ་། 27མི་ཀ་ཡས། གལ་སྲིད་ཁྱེད་སྐྱོན་མེད་འབྱོར་བ་ཡིན་ན། གཙོ་བོ་དཀོན་མཆོག་གིས་ང་བརྒྱུད་ནས་བཀའ་གནང་མེད། ངས་བཤད་པ་ཚང་མར་ཉོན་ཞིག་ཅེས་སྨྲས་སོ༎

(༡ རྒྱལ་རབས་ ༢༢:༢༩-༣༥)

28དེ་ནས་ཨིསི་རཱཨེལ་གྱི་རྒྱལ་པོ་ཨ་ཧབ་དང་ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཤ་ཕད་གཉིས་གྷིལ་ཨད་ཀྱི་ར་མོད་གྲོང་ཁྱེར་དུ་འཐབ་པར་ཕྱིན་ནོ། 29ཨ་ཧབ་ཀྱིས་ཡེ་ཧོ་ཤ་ཕད་ལ། ང་གཉིས་དམག་ཏུ་འགྲོ་སྐབས་ངས་ཆས་རྫུན་མ་གྱོན་རྒྱུ་ཡིན། ཁྱེད་ཀྱིས་རྒྱལ་ཆས་གྱོན་གནང་དགོས་ཤེས་སྨྲས་སོ། དེ་ལྟར་ཨིསི་རཱཨེལ་གྱི་རྒྱལ་པོ་ཆས་རྫུན་མ་གྱོན་ནས་དམག་སར་ཐོན་ནོ། 30སི་རི་ཡའི་རྒྱལ་པོས་ཁོང་གི་ཤིང་རྟ་འཁོར་ལོའི་དམག་སྤྱི་ཚོར། ཨིསི་རཱཨེལ་གྱི་རྒྱལ་པོ་གཅིག་པུར་མ་གཏོགས་གཞན་སུ་ལ་ཡང་འཐབ་རྒོལ་བྱེད་མི་དགོས་པའི་བཀའ་གནང་ངོ་། 31དེར་བརྟེན་དེ་ཚོས་རྒྱལ་པོ་ཡེ་ཧོ་ཤ་ཕད་མཐོང་བ་དང་། ཁོང་ཨིསི་རཱཨེལ་གྱི་རྒྱལ་པོ་རེད་བསམ་ནས་ཁོང་ལ་འཐབ་རྒོལ་བྱེད་པར་ཁ་བསྒྱུར་རོ། འོན་ཀྱང་ཡེ་ཧོ་ཤ་ཕད་ཀྱིས་སྐད་ཅིག་རྒྱབ་པས། གཙོ་བོ་དཀོན་མཆོག་གིས་ཁོང་ལ་སྐྱབས་གནང་བ་དང་། འཐབ་རྒོལ་བྱ་མི་ཚོ་ཁོང་གི་ཕྱོགས་ནས་ཁ་བསྒྱུར་རོ། 32ཤིང་རྟ་འཁོར་ལོའི་དམག་སྤྱི་ཚོས་ཁོང་ཨིསི་རཱཨེལ་གྱི་རྒྱལ་པོ་མིན་པ་ཤེས་ནས། རྗེད་དེད་བྱས་པར་མཚམས་འཇོག་བྱས་སོ། 33སྐབས་ཤིག་ལ་སི་རི་ཡ་པའི་དམག་མི་ཞིག་གིས་མདའ་ཞིག་འཕེན་པས། དེས་རྒྱལ་པོ་ཨ་ཧབ་ཀྱི་ཁྲབ་ཀྱི་འཐུད་མཚམས་བརྒྱུད་ཁོང་ལ་ཕོག་ནས། ཁོང་གི་ཤིང་རྟ་གཏོང་མཁན་ལ་སྐད་རྒྱབ་ནས་ང་རྨས་སོང་། ཁ་བསྒུར་ནས་དམག་ས་ནས་ཕྱིར་ཐོན་ཞིག་ཅེས་གསུངས་སོ། 34དམག་འཐབ་དྲབ་པོ་རྒྱབ་བཞིན་པའི་སྐབས་སུ། རྒྱལ་པོ་ཨ་ཧབ་རང་གི་ཤིང་རྟ་འཁོར་ལོའི་ནང་སྙེས་ནས་སི་རི་ཡ་པ་ཚོར་ཁ་བལྟས་ནས་བསྡད་དོ། ཉི་མ་རྒས་མཚམས་སུ་ཁོང་གྲོངས་སོ༎

སྔོན་རབས་གཉིས་པ། 19

ལུང་སྟོན་པ་ཞིག་གིས་ཡེ་ཧོ་ཤ་ཕད་ལ་བཀའ་སྐྱོན་གནང་བ།

1ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཤ་ཕད་སྐྱོན་མེད་ཡེ་རུ་ཤ་ལེམ་དུ་རང་གི་ཕོ་བྲང་དུ་ཕྱིར་ཕེབས་གནང་ངོ་། 2ཧ་ན་ནིའི་བུ་ལུང་སྟོན་པ་ཡེ་ཧུས་རྒྱལ་པོ་མཇལ་དུ་ཕྱིན་ནས་ཁོང་ལ། ཁྱེད་ཀྱི་ཐུགས་ལ་སྤྱོད་ངན་ལ་རོགས་བྱ་རྒྱུ་དང་གཙོ་བོ་དཀོན་མཆོག་ལ་སྡང་མཁན་ཚོའི་ཕྱོགས་བྱེད་རྒྱུ་འོས་པ་རེད་དགོངས་ཀྱི་འདུག་གམ། ཁྱེད་ཀྱིས་ཇི་མཛད་པར་གཙོ་བོ་དཀོན་མཆོག་ཁྱེད་ལ་ཐུགས་ཁྲོ་བར་འགྱུར་ཡོད་དོ། 3འོན་ཀྱང་ཁྱེད་ཀྱི་རང་ལ་ལེགས་པ་ཁ་ཤས་གནང་ཡོད། མི་མང་ཚོས་མཆོད་པའི་ལྷ་མོ་ཨ་ཤེ་རའི་འདྲ་སྐུ་ཚང་མར་ཁྱེད་ཀྱིས་ཕྱིར་འབུད་གནང་བ་དང་། ཁྱེད་ཀྱིས་དཀོན་མཆོག་གི་ཐུགས་དགོངས་ཀྱི་རྗེས་སུ་འཇུག་ཡོད་ཅེས་སྨྲས་སོ༎

ཡེ་ཧོ་ཤ་ཕད་ཀྱི་བསྒྱུར་བཅོས་རྣམས།

4རྒྱལ་པོ་ཡེ་ཧོ་ཤ་ཕད་ཡེ་རུ་ཤ་ལེམ་དུ་བཞུགས་ན་ཡང་། ཁོང་ནི་མི་མང་གི་ཁྲོད་དུ་རང་གི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་འགུག་པའི་ཕྱིར་ལྷོ་བྷིར་ཤེ་བྷ་ནས་བྱང་ཨེཕ་ར་ཡིམ་གྱི་རི་བརྒྱུད་ཡུལ་གྱི་མཐའ་བར་རྟག་ཏུ་ཕེབས་ཀྱི་ཡོད། 5ཁོང་གིས་ཡ་ཧུ་དཱ་པའི་གྲོང་ཁྱེར་བཙན་པོར་བཟོས་པ་རེ་རེའི་ནང་ཁྲིམས་དཔོན་བསྐོས་གནང་བ་དང་། 6དེ་ཚོ་ལ་ཁྱོད་ཚོས་ཁྲིམས་ཀྱི་དཔྱད་མཚམས་གཏོང་སྐབས་ཟབ་ཟབ་བྱ་དགོས་སོ། ཁྱོད་ཚོས་མིའི་དབང་ཆ་བེད་སྤྱོད་མི་བྱེད་པར་གཙོ་བོ་དཀོན་མཆོག་གི་སྐུ་དབང་བེད་སྤྱོད་བྱ་བཞིན་ཡོད་པ་དང་། ཁྱོད་ཚོས་ཁྲིམས་ཀྱི་དཔྱད་མཚམས་གཏོང་སྐབས་ཁོང་ཁྱོད་ཚོ་མཉམ་དུ་ཡོད། 7གཙོ་བོ་དཀོན་མཆོག་ལ་འཇིགས་ཤིང་ཟབ་ཟབ་བྱ་དགོས། གང་ལ་ཟེར་ན། ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་རྫུན་དང་ཕྱོགས་ཞེན་དང་ལྐོག་རྔན་སོགས་ལ་ཐུགས་རྩ་བ་ནས་མི་མཉེས་སོ་ཤེས་སློབ་སྟོན་གནང་ངོ་། 8ཡེ་རུ་ཤ་ལེམ་དུ་ཡེ་ཧོ་ཤ་ཕད་ཀྱིས། གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལས་འགལ་བ་དང་། གྲོང་ཁྱེར་ནང་གི་ཡུལ་མིའི་ཁྲིམས་ཀྱི་རྩོད་རྙོག་ཐག་གཅོད་བྱ་མཁན་ནི་ལེ་ཝི་པ་དང་། བླ་མ་ཚོ་དང་ཡུལ་གྱི་གནས་ཡོད་མི་སྣ་ཁག་བཅས་ཁྲིམས་དཔོན་དུ་བསྐོ་བཞག་གནང་ངོ་། 9ཁོང་གིས་དེ་ཚོ་ལ་སློབ་སྟོན་འདི་ལྟར་གནང་ངོ་། ཁྱོད་ཚོས་ལས་དོན་བྱ་སྒོ་ཚང་མར་གཙོ་བོ་དཀོན་མཆོག་ལ་འཇིགས་ཤིང་ཁོང་གི་བཀའ་རྣམས་སྲུང་ཞིང་རང་གི་ལས་འགན་སྒྲུབ་དགོས་སོ། 10གྲོང་ཁྱེར་གང་རུང་ཞིག་ནས་ཁྱོད་རང་ཚོའི་ཡུལ་གྱི་མི་ཚོས་མི་གསོད་པ་འམ་ཁྲིམས་ལས་འགལ་བ་འམ་བཀའ་དང་འགལ་བའི་ཁ་མཆུ་ཁྱོད་ཚོའི་སར་འཁྱེར་ཡོང་ན། དེ་ཚོས་གཙོ་བོ་དཀོན་མཆོག་གི་མདུན་དུ་སྡིག་པ་མི་གྱིས་པའི་ཆེད་དུ་དེ་ཚོས་ཁ་མཆུའི་སྐབས་སྤྱོད་ཚུལ་ཇི་ལྟར་བྱ་དགོས་སློབ་སྟོན་ཟབ་ཟབ་བྱ་དགོས། ཁྱོད་ཚོས་དེ་ལྟར་མ་བྱས་པ་ཡིན་ན། ཁྱོད་ཚོས་ཁྱོད་ཚོའི་ཡུལ་མི་ཚོར་གཙོ་བོ་དཀོན་མཆོག་ཐུགས་ཁྲོ་བའི་ནུས་པ་ཡོང་བར་འཚོར་བར་འགྱུར་རོ། འོན་ཀྱང་ཁྱོད་ཚོས་རང་གི་ལས་འགན་ལྟར་བྱས་པ་ཡིན་ན་ཁྱོད་ཚོར་ཉེས་སྐྱོན་མི་ཡོང་ངོ་། 11བླ་མ་ཆེན་པོ་ཨ་མར་ཡཱ་ལ་ཆོས་ཀྱི་སྐོར་གྱི་ཁ་མཆུ་ཚང་མའི་དབང་ཆ་ཚང་ཡོད་པ་དང་། ཡ་ཧུ་དཱ་པའི་སྤྱི་ཁྱབ་པ་ཨིཤ་མ་ཨེལ་གྱི་བུ་ཛེ་བ་དི་ཡཱ་ལ་མི་མང་གི་ཁ་མཆུ་ཚང་མའི་དབང་ཆ་ཡོད། ལེ་ཝི་པ་ཚོར་ཁྲིམས་ཀྱི་ཐག་གཅོད་ཆ་ཚང་ཏན་ཏན་བྱས་ཡོད་མེད་བལྟ་བའི་ལས་འགན་ཡོད། སྙིང་སྟོབས་སྐྱེད་ནས་སློབ་སྟོན་རྣམས་ལས་འགན་ལྟར་གྱིས་ཤིག་དང་། གཙོ་བོ་དཀོན་མཆོག་བདེན་པའི་ཕྱོགས་སུ་གནས་པར་ཤོག།

སྔོན་རབས་གཉིས་པ། 20

ཨེ་དྷོམ་དང་མཉམ་དུ་དམག་འཁྲུགས།

1དུས་ཚོད་ཡུན་ཙམ་རྗེས་སུ་མོ་ཨབ་དང་ཨམ་མོན་དང་དེ་ཚོའི་མཐུན་ཕྱོགས་མེ་འུན་བཅས་ཀྱི་དམག་མིས་ཡ་ཧུ་དཱར་བཙན་འཛུལ་བྱས་སོ། 2བང་ཆེན་འགའ་ཤས་རྒྱལ་པོ་ཡེ་ཧོ་ཤ་ཕད་ལ་འཆི་བའི་རྒྱ་མཚོའི་ཕྱོགས་ནས་ཁྱེད་ལ་དམག་འཐབ་བྱེད་པར་ཨེ་དྷོམ་པའི་དམག་དཔུང་ཁྱོན་ཆེ་ཡོང་འདུག་པས། དེ་ཚོས་ཧ་ཛ་ཛོན་ཏ་མཱར་བཙན་བཟུང་བྱས་ཟིན་སོང་ཞེས་ཞུས་སོ། (དེའི་མིང་གཞན་ནི་ཨེན་གྷེ་ཌི་ཟེར་བའོ།) 3ཡེ་ཧོ་ཤ་ཕད་ཧ་ཅང་འཇིགས་ནས་གཙོ་བོ་དཀོན་མཆོག་ལ་ལམ་སྟོན་གྱི་ཕྱིར་གསོལ་འདེབས་ཞུས་སོ། དེ་ནས་ཁོང་གིས་ཡུལ་ཁམས་ཀུན་ནང་སྨྱུང་གནས་བྱེད་དགོས་པའི་བཀའ་གནང་ངོ་། 4ཡ་ཧུ་དཱ་པའི་གྲོང་ཁྱེར་ཡོངས་ཀྱི་མི་མང་ཡེ་རུ་ཤ་ལེམ་དུ་གཙོ་བོ་དཀོན་མཆོག་ལ་ལམ་སྟོན་ཞུ་བར་ཡོང་ངོ་། 5དེ་ཚོ་དང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་མཆོད་ཁང་གི་ཁྱམས་ར་གསར་པའི་ནང་འཛོམས་སོ། རྒྱལ་པོ་ཡེ་ཧོ་ཤ་ཕད་ཕེབས་ནས་དེ་དག་གི་མདུན་དུ་བཞེངས་ཏེ། 6གསུང་སྐད་ཆེན་པོས་ཐུགས་སྨོན་གནང་བ་དང་། ཁྱེད་ང་ཚོའི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག། ཁྱེད་ཀྱིས་མཐོ་རིས་ནས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཚོར་རྒྱལ་སྲིད་སྐྱོངས་གནང་བཞིན་ཡོད། ཁྱེད་ནི་སྟོབས་ཤུགས་དང་ནུས་མཐུ་ལྡན་པ་ཡིན་སྟབས་ཁྱེད་ལ་སུས་ཀྱང་འགྲན་པར་མི་ནུས་སོ། ཁྱེད་ནི་ང་ཚོའི་དཀོན་མཆོག་ཡིན་ནོ། 7ཁྱེད་ཀྱིས་ཨིསི་རཱཨེལ་གྱི་མི་མང་རྣམས་ཡུལ་འདིར་གནས་སྤོས་བྱ་སྐབས་སུ། ཁྱེད་ཀྱིས་ཡུལ་འདིར་གནས་པའི་མི་མང་ཕྱིར་འབུད་གནང་ནས། ཁྱེད་ཀྱི་གྲོགས་པོ་ཨབ་ར་ཧམ་གྱི་མི་བརྒྱུད་ཚོར་རྟག་ཏུ་བདག་པའི་ཕྱིར་གནང་བ་ཡིན་ནོ། 8དེ་ཚོ་འདིར་བསྡད་ནས་ཁྱེད་ལ་གུས་ཞབས་ཞུས་བའི་ཕྱིར་མཆོད་ཁང་ཞིག་བཞེངས་པར་མཁྱེན་གསལ་ལྟར། 9དེ་ཚོ་ལ་ཉེས་པ་གཏོང་བའི་ཆེད་རྐྱེན་ངན་དང་། དམག་འཁྲུགས་དང་། རིམ་ནད་དང་། མུ་གེ་བཅས་བྱུང་བ་ཡིན་ན། དེ་ཚོ་ཡོངས་ནས་ཁྱེད་ལ་མཆོད་པའི་མཆོད་ཁང་འདིའི་མདུན་དུ་ལངས་ཐུབ་བོ། དེ་ཚོས་ཁོ་ཚོའི་དཀའ་སྡུག་ཆེད་ཁྱེད་ལ་གསོལ་འདེབས་ཞུ་ཐུབ་པ་དང་། ཁྱེད་ཀྱིས་དེ་ཚོ་གསན་ནས་དེ་ཚོ་ལ་སྐྱོབ་པར་འགྱུར་རོ། 10ད་ཆ་ང་ཚོར་ཨམ་མོན་དང་མོ་ཨབ་དང་ཨེ་དྷོམ་བཅས་ཀྱི་མི་མང་ནས་འཐབ་རྒོལ་བྱས་ཡོད། ང་ཚོའི་ཕ་མེས་ཚོར་ཨི་ཇིབ་ནས་ཐོན་སྐབས། ཁྱེད་ཀྱིས་ཁོ་ཚོ་ཡུལ་དེ་ཚོའི་ནང་འཛུལ་བཅུག་གནང་མེད་པ་དང་། ང་ཚོའི་ཕ་མེས་ཚོ་དེ་ཚོ་ལ་བསྐོར་ནས་ཕྱིན་ཏེ་དེ་ཚོ་མེད་པར་བཟོས་མེད་དོ། 11དེ་ཚོ་ནས་དྲིན་ལན་འཇལ་སྟངས་འདི་ལྟར་ཡིན། དེ་ཚོ་ཁྱེད་ཀྱིས་ང་ཚོར་གནང་བའི་ཡུལ་ནས་ང་ཚོ་ཕྱིར་འབུད་བྱེད་པར་ཡོང་བ་ཡིན་ནོ། 12ཁྱེད་ང་ཚོའི་དཀོན་མཆོག་ཡིན། ཁྱེད་ཀྱིས་དེ་ཚོ་ལ་ཆད་པ་གཏོང་གནང་རོགས། གང་ལ་ཟེར་ན། དམག་དཔུང་ཁྱོན་ཆེའི་མདུན་དུ་ང་ཚོར་བཙན་རྒོལ་བྱ་བའི་རེ་ཐབས་བྲལ་ཡོད། ང་ཚོས་ཅི་བྱེད་དགོས་ཤེས་ཀྱི་མེད་སྟབས། ང་ཚོས་ཁྱེད་ཀྱི་སྐྱབས་རོགས་ལ་རེ་བ་བཅོལ་ཡོད་ཅེས་ཞུས་སོ། 13ཡ་ཧུ་དཱ་པའི་སྐྱེས་པ་རྣམས་དེ་ཚོའི་ཆུང་མ་དང་བུ་ཕྲུག་དང་བཅས་པ་མཆོད་ཁང་དུ་ལངས་ནས་ཡོད། 14མི་ཚོགས་ཀྱི་ཁྲོད་དུ་ཡོད་པའི་ལེ་ཝི་པ་ཞིག་ལ། གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་བབས་ནས། ཁོ་ནི་ཛེ་ཀར་ཡཱའི་བུ་ཡ་ཧ་ཛི་ཨེལ་ཟེར་བ་དེ་ཡིན་ནོ། ཁོ་ནི་ཨ་སཕེ་ཀྱི་རིགས་རུས་ནས་ཡིན་པ་དང་། ཁོ་ཨ་སཕེ་ཀྱི་བརྒྱུད་པ་མ་ཏན་ཡཱ་དང་ཡི་ཨེལ་དང་བྷེ་ན་ཡཱ་བཅས་ནས་ཡིན་ནོ། 15ཡ་ཧ་ཛི་ཨེལ་གྱིས། མི་དབང་ཆེན་པོ་དང་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ལྷན་རྒྱས་ཚོ་ལ། གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོ་དམག་དཔུང་ཁྱོན་ཆེ་འདིར་གདོང་ལེན་བྱེད་པར་སེམས་ཤུགས་ཆགས་པ་དང་འཇིགས་པ་བཅས་མ་བྱེད་ཅིག དམག་འཁྲུགས་དེ་དཀོན་མཆོག་ལ་རགས་ལུས་པ་མ་གཏོགས་ཁྱོད་ཚོར་རགས་ལུས་མེད་དོ། 16སང་ཉིན་དེ་ཚོ་ཛིཛི་ལ་རུ་སླེབས་སྐབས་དེ་ཚོ་ལ་ཕར་རྒོལ་བྱོས་ཤིག ཁྱོད་ཚོས་དེ་ཚོའི་ཤུལ་ཙམ་མ་ལུས་པར་ཡེ་རུ་ཨེལ་གྱི་ཉེ་འགྲམ་དུ་འགྲོ་བའི་ལུང་གཤོང་གི་མཐར་འཕྲད་པར་འགྱུར་རོ། 17ཁྱོད་ཚོས་དམག་འདི་རྒྱབ་མི་དགོས། ཁྱོད་ཚོ་གྲ་སྒྲིགས་བྱས་ནས་སྒུག་སྡོད་ལ་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་རྒྱལ་ཁ་གནང་བ་མཐོང་བར་འགྱུར་རོ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ཚོ་ཐེ་ཚོམ་དང་མ་འཇིགས་ཤིག དམག་ཏུ་སོང་ཞིག་དང་གཙོ་བོ་དཀོན་མཆོག་ཁྱོད་ཚོ་དང་མཉམ་དུ་ཡོད་ཅེས་གསུངས་བྱུང་ཞེས་སྨྲས་སོ། 18དེ་ནས་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱིས་ཤིན་ཏུ་མར་སྒུག་ནས་གདོང་ས་ལ་རེག་ནས་ཕྱག་འཚལ་བ་དང་། མི་མང་ཚོས་ཀྱང་ཁོང་མཉམ་དུ་ཕྱག་འཚལ་ནས་གཙོ་བོ་དཀོན་མཆོག་ལ་མཆོད་དོ། 19ལེ་ཝི་པ་ཀོ་ཧད་དང་ཀོ་རཱའི་རིགས་རུས་ཀྱི་འཐུས་མི་ཚོ་ཡར་ལངས་ནས་སྐད་ཆེན་པོས། ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བསྟོད་པ་ཕུལ་ལོ། 20སང་ཞོག་སྔ་པོ་མི་མང་རྣམས་ཊེ་ཀོ་ཨའི་ཉེ་འགྲམ་ཡུལ་གྱི་འབྲོག་སྟོང་དུ་ཕྱིན་ནོ། དེ་ཚོ་འགྲོ་བའི་སྐབས་སུ་ཡེ་ཧོ་ཤ་ཕད་ཀྱིས་མི་མང་ལ་ཚིག་འདི་ལྟར་བཀའ་གནང་ངོ་། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་པ་ཁྱོད་ཚོ་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ཞིག་དང་ཁྱེད་རྣམས་བརྟན་པོར་གནས་ཐུབ་བོ། ལུང་སྟོན་པས་ཇི་ལྟར་གསུངས་བར་ཡིད་ཆེས་བྱོས་ཤིག་དང་། ཁྱོད་ཚོའི་བསམ་དོན་སྒྲུབ་པར་འགྱུར་ཞེས་སོ། 21རྒྱལ་པོས་མི་མང་ཚོ་དང་གོ་བསྡུར་གནང་བའི་རྗེས་སུ། རོལ་མོ་མཁན་འགའ་ཞིག་ལ་དུས་ཆེན་རྩ་ཆེན་སྐབས་སུ་གྱོན་བཞིན་པའི་ན་བཟའ་གྱོན་ཞིང་དམག་མིའི་སྔོན་དུ་ཕྱིན་ནས། གཙོ་བོ་དཀོན་མཆོག་ལ་བསྟོད་པ་ཕུལ་ཞིག། ཁོང་གི་ཐུགས་བརྩེ་མཐའ་མེད་པ་ཡིན་ཞེས་པའི་མགུར་མ་གཏོང་བཞིན་འགྲོ་དགོས་པའི་བཀའ་གནང་ངོ་། 22དེ་ཚོས་མགུར་མ་འགོ་ཚུགས་པ་དང་གཙོ་བོ་དཀོན་མཆོག་གིས་བཙན་འཛུལ་བྱེད་པའི་དམག་མི་ཚོའི་ཐོག་འཇིགས་སྐྲག་གཏོང་གནང་ངོ་། 23ཨམ་མོན་པ་ཚོ་དང་མོ་ཨབ་པ་ཚོས་ཨེ་དྷོམ་པའི་དམག་དཔུང་དང་འཐབ་ནས། དེ་ཚོ་ཆ་ཚང་རྩ་མེད་བཟོས་པ་དང་། དེ་རྗེས་དེ་ཚོ་རང་རང་སོ་སོ་གཅིག་གིས་གཅིག་ལ་འཛིང་རེ་ཙབ་ཆེན་བྱས་སོ། 24ཡ་ཧུ་དཱ་པའི་དམག་མི་རྣམས་བྱེ་ཐང་དུ་ཡོད་པའི་གན་དྷོ་ལར་སླེབས་པ་དང་། དེ་ཚོས་དགྲ་བོའི་ཕྱོགས་སུ་བལྟ་སྐབས་དེ་ཚོ་ཚང་མ་སའི་སྟེང་དུ་རིལ་ནས་འཆི་ཡོད་པ་མཐོང་ངོ་། དེ་ཚོ་གཅིག་ཀྱང་ཐར་མེད་དོ། 25ཡེ་ཧོ་ཤ་ཕད་དང་ཁོང་གི་དམག་དཔུང་རྣམས་འཕྲོག་བཅོམ་གྱི་རྒྱུ་དངོས་ལེན་དུ་ཡོང་སྐབས། དེ་ཚོ་བ་ཕྱུགས་མང་པོ་དང་མཁོ་རྒྱགས་དང་། གྱོན་གོས་དང་གཞན་དངོས་པོ་རྩ་ཆེ་མང་པོ་རྙེད་དོ། ཁོ་ཚོ་འཕྲོག་ནོར་བསྡུ་བར་ཉིན་གསུམ་བསྡད་ན་ཡང་དེར་དངོས་པོ་ཧ་ཅང་ཁྱོན་ཆེ་ཡོད་སྟབས་ཆ་ཚང་འཁྱེར་མ་ཐུབ་བོ། 26ཉིན་བཞི་པར་ཁོང་ཚོ་བྷེ་ར་ཀའི་ལུང་གཤོང་དུ་འཛོམས་ནས། གཙོ་བོ་དཀོན་མཆོག་གིས་ཇི་ལྟར་མཛད་པར་བསྟོད་པ་ཕུལ་ལོ། དེའི་རྐྱེན་གྱིས་ལུང་གཤོང་དེ་ལ་བྷེ་ར་ཀ་ཞེས་བརྗོད་ཀྱི་ཡོད་དོ། 27ཡེ་ཧོ་ཤ་ཕད་ཀྱི་རང་གི་དམག་དཔུང་རྣམས་ཡེ་རུ་ཤ་ལེམ་དུ་རྒྱལ་ཁའི་ངང་སྣེ་འཁྲིད་གནང་ངོ་། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་ཁོ་ཚོའི་དགྲ་བོ་རྣམས་ཕམ་པར་མཛད་ཡོད་དོ། 28དེ་ཚོ་གྲོང་ཁྱེར་དུ་འབྱོར་སྐབས་དེ་ཚོ་མཆོད་ཁང་དུ་རོལ་མོ་དང་པི་ཝང་དང་དུང་བཅས་གཏོང་བར་འབྱོར་རོ། 29རྒྱལ་ཁབ་ཚང་མས་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་དགྲ་བོ་རྣམས་ཇི་ལྟར་ཕམ་པར་མཛད་པ་ཐོས་པ་དང་འཇིགས་སྐྲག་སྐྱེས་སོ། 30དེ་འདྲ་སོང་ཙང་ཡེ་ཧོ་ཤ་ཕད་ཀྱིས་ཞི་བདེའི་ངང་རྒྱལ་སྲིད་བསྐྱངས་པ་དང་དཀོན་མཆོག་གིས་ཁོང་ལ་ཕྱོགས་ཚང་མ་ནས་སྲུང་སྐྱོབ་གནང་ངོ་༎

ཡེ་ཧོ་ཤ་ཕད་ཀྱི་རྒྱལ་སྲིད་མཐའ་མ།

(༡ རྒྱལ་རབས་ ༢༢:༤༡-༥༠)

31ཡེ་ཧོ་ཤ་ཕད་དགུང་ལོ་སུམ་ཅུ་སོ་ལྔར་ཕེབས་སྐབས་ཡ་ཧུ་དཱའི་རྒྱལ་པོར་འགྱུར་བ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་ཉི་ཤུ་རྩ་ལྔའི་རིང་རྒྱལ་སྲིད་བསྐྱངས་སོ། ཁོང་གི་ཡུམ་ཤིལ་ཧིའི་བུ་མོ་ཨ་ཛུ་བཱ་ཟེར་བ་ཡིན་ནོ། 32སྔར་ཁོང་གི་ཡབ་ཨ་ས་ལྟར་ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་དྲང་བདེན་གང་ཡིན་པ་འབའ་ཞིག་གནང་ཡོད་དོ། 33འོན་ཀྱང་ཕྱི་པའི་ལྷ་མཆོད་ཡུལ་ཁག་མེད་པར་བཟོས་གནང་མེད་པ་དང་། མི་མང་རྣམས་རང་གི་ཕ་མེས་ཀྱི་དཀོན་མཆོག་ལ་བློ་གཅིག་སེམས་གཅིགས་གིས་མཆོད་པ་བྱེད་མཁན་དུ་འགྱུར་ཐུབ་མེད་དོ། 34ཡེ་ཧོ་ཤ་ཕད་ཀྱི་མཛད་པ་ཡོངས་རྫོགས་ཁོང་གིས་རྒྱལ་སྲིད་བཟུང་བའི་འགོ་ནས་འཇུག་བར་ཧ་ན་ནིའི་བུ་ཡེ་ཧུའི་རྒྱལ་རབས་ཨིསི་རཱཨེལ་གྱི་རྒྱལ་པོ་ཚོའི་རྒྱལ་རབས་བཅས་ཀྱི་ཆ་ཤས་ཡིན་པ་དེའི་ནང་བཀོད་ཡོད་དོ། 35དུས་སྐབས་ཤིག་ལ། ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱིས་ཨིསི་རཱཨེལ་གྱི་རྒྱལ་པོ་ཨ་ཧ་ཛ་ཡཱ་མཉམ་དུ་མཐུན་སྒྲིགས་གནང་ཡོད་པ་དང་། ཨ་ཧ་ཛ་ཡཱས་མཛད་ཚུལ་ངན་པ་ཧ་ཅང་མང་པོ་མཛད་ཡོད་དོ། 36ཨེ་ཛི་ཨོན་གྷེ་བྷེར་གྱི་གྲུ་ཁར་ཁོ་ཚོས་རྒྱ་མཚོར་རྒལ་བའི་གྲུ་བཟོད་ཡོད་དོ། 37འོན་ཀྱང་མ་རེ་ཤའི་གྲོང་ཁྱེར་ནས་ཡིན་པ་དྷོ་ད་བ་ཧུའི་བུ་ཨེ་ལི་ཨེ་ཛེར་གྱིས་ཡེ་ཧོ་ཤ་ཕད་ལ། ཁྱེད་ཀྱིས་ཨ་ཧ་ཛ་ཡཱ་དང་མཉམ་དུ་མཐུན་སྒྲིགས་གནང་ཡོད་སྟབས་གཙོ་བོ་དཀོན་མཆོག་གིས་ཁྱེད་ཀྱིས་བཟོས་པ་རྣམས་མེད་པར་མཛད་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཡོད། དེ་ལྟར་གྲུ་རྣམས་བཞིགས་པ་དང་རྒྱ་མཚོར་མ་ཕྱིན་ནོ༎

སྔོན་རབས་གཉིས་པ། 21

1ཡེ་ཧོ་ཤ་ཕད་གྲོངས་པ་དང་ཁོང་དཱ་བིད་ཀྱི་གྲོང་ཁྱེར་གྱི་རྒྱལ་པོའི་དུར་ཁང་ནང་སྦས་ནས། ཁོང་གི་སྲས་ཡེ་ཧོ་རམ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་རོ༎

(༢ རྒྱལ་རབས་ ༨:༡༧-༢༤)

2རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱི་སྲས་ཡེ་ཧོ་རམ་ལ་སྐུ་མཆེད་ཨ་ཛར་ཡཱ་དང་། ཡེ་ཧི་ཨེལ་དང་། ཛ་ཀར་ཡཱ་དང་། ཨ་ཛར་ཡེ་ཧུ་དང་མི་ཀ་ཨེལ་དང་ཤེ་ཕཏ་ཡཱ་བཅས་དྲུག་ཡོད་དོ། 3ཁོ་ཚོའི་ཡབ་ཀྱིས་ཁོ་ཚོར་གསེར་དངུལ་དང་གཞན་རྩ་ཆེའི་དངོས་པོ་ཧ་ཅང་ཁྱོན་ཆེ་གནང་བ་དང་། དེ་ཚོ་ཚང་མ་རེ་རེ་བཞིན་ཡ་ཧུ་དཱ་པའི་གྲོང་ཁྱེར་བཙན་པོར་བཟོས་པ་རེ་རེའི་འགོ་པ་ཚོར་སྤྲད་དོ། ཡེ་ཧོ་རམ་ནི་བུ་རྒན་ཤོས་ཡིན་སྟབས་ཡེ་ཧོ་ཤ་ཕད་ཀྱིས་ཁོང་ལ་ཁོང་གི་ཤུལ་འཛིན་དུ་བསྐོས་གནང་ངོ་། 4ཡེ་ཧོ་རམ་ལ་རྒྱལ་ཁབ་དབང་བསྒྱུར་བརྟན་པོ་ཡོད་སྟབས། ཁོང་གི་སྐུ་མཆེད་རྣམས་དང་གཞན་ཨིསི་རཱཨེལ་གྱི་ལས་བྱེད་པ་འགའ་ཤས་བསད་དོ། 5ཡེ་ཧོ་རམ་དགུང་ལོ་སུམ་ཅུ་སོ་གཉིས་ཕེབས་སྐབས་རྒྱལ་པོར་འགྱུར་བ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་བརྒྱད་རིང་རྒྱལ་སྲིད་བསྐྱངས་སོ། 6ཁོང་གིས་རྒྱལ་པོ་ཨ་ཧབ་དང་གཞན་ཨིསི་རཱཨེལ་གྱི་རྒྱལ་པོ་གཞན་ཚོའི་མཛད་ཚུལ་ངན་པའི་རྗེས་སུ་འཇུག་གནང་ཡོད་དོ། གང་ལ་ཟེར་ན། ཁོང་གིས་ཨ་ཧབ་ཀྱི་སྲས་མོ་ཞིག་དང་ཆང་ས་རྒྱབ་ཡོད་པ་དང་། ཁོང་གིས་གཙོ་བོ་དཀོན་མཆོག་གིས་སྤྱན་སྔར་སྡིག་པ་གྱིས་ཡོད་དོ། 7འོན་ཀྱང་གཙོ་བོ་དཀོན་མཆོག་ལ་དཱ་བིད་ཀྱི་རིགས་བརྒྱུད་མེད་པར་མཛད་རྒྱུའི་ཐུགས་འདོད་མེད་དོ། གང་ལ་ཟེར་ན། ཁོང་གིས་དཱ་བིད་ཀྱི་རིགས་བརྒྱུད་ཀྱི་རྟག་ཏུ་རྒྱལ་སྲིད་བཟུང་རྒྱུའི་དམ་བཅའ་གནང་ཡོད་དོ། 8ཡེ་ཧོ་རམ་གྱི་སྐུ་དུས་སུ་ཨེ་དྷོམ་པས་ཡ་ཧུ་དཱ་པར་ངོ་ལོག་བྱས་པ་དང་། ཁོང་ཚོ་རང་བཙན་གྱི་རྒྱལ་ཁབ་ཏུ་འགྱུར་རོ། 9དེ་འདྲ་སོང་ཙང་ཁོང་དང་ཁོང་གི་འགོ་འཛིན་ཚོ་ཤིང་རྟ་འཁོར་ལོ་དང་བཅས་ཨེ་དྷོམ་པར་འཐབ་རྒོལ་བྱེད་པར་ཐོན་ནོ། དེར་ཨེ་དྷོམ་པའི་དམག་མི་ཚོས་ཁོ་ཚོའི་མཐའ་བསྐོར་རོ། འོན་ཀྱང་མཚན་མོའི་སྐབས་སུ་དེ་ཚོ་བྲོས་ཐར་ཐུབ་བོ། 10དེ་ནས་བཟུང་ཨེ་དྷོམ་པ་རྣམས་ཡ་ཧུ་དཱ་པ་ནས་རང་བཙན་ངང་གནས་སོ། ཡེ་ཧོ་རམ་ནས་གཙོ་བོ་དཀོན་མཆོག་ཕ་མེས་ཀྱི་དཀོན་མཆོག་སྤངས་པའི་རྐྱེན་གྱིས་དུས་སྐབས་དེ་རང་ལ་ལིབ་ནཱའི་གྲོང་ཁྱེར་གྱི་ཀྱང་ངོ་ལོག་བྱས་སོ། 11ཁོང་གིས་ཡ་ཧུ་དཱ་པའི་རི་བརྒྱུད་ཀྱི་ཁུལ་དུ་ཕྱི་པའི་ལྷ་ལ་མཆོད་ཡུལ་ཁག་བཞེངས་པ་དང་། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་ལས་སུ་སྣེ་འཁྲིད་བྱས་སོ། 12ལུང་སྟོན་པ་ཨེ་ལི་ཡཱས་ཡེ་ཧོ་རམ་ལ་ཡི་གེ་ཞིག་བཏང་བའི་ནང་། ཁྱེད་ཀྱི་མེས་པོ་དཱ་བིད་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་སྐྱོན་བརྫོད་མཛད་ཡོད་དོ། གང་ལ་ཟེར་ན། ཁྱེད་ཀྱིས་རང་གི་ཕ་ཡེ་ཧོ་ཤ་ཕད་དང་པོ་པོ་རྒྱལ་པོ་ཨ་ས་གཉིས་ཀྱི་བྱས་པ་ལྟར་ཇེས་སུ་འབྲངས་མེད་དོ། 13དེ་མ་ཟད་ཁྱེད་ཀྱིས་ཨ་ཧབ་ཀྱི་ཤུལ་འཛིན་རིམ་པས་ཨིསི་རཱཨེལ་གྱི་མི་མང་རྣམས་དམ་ཉམས་སུ་སྣེ་འཁྲིད་བྱས་པ་ལྟར། ཁྱེད་ཀྱི་རྒྱལ་པོ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་དཀོན་མཆོག་ལ་དད་པ་དང་དམ་ཚིག་མེད་པ་བཟོ་བར་སྣེ་འཁྲིད་བྱ་མཁན་ཚོའི་རྗེས་སུ་འཇུག་ཡོད། ཁྱེད་ཀྱིས་རང་གི་སྤུན་ཁྱེད་ལས་ལེགས་པ་ཚོ་ཡང་བསད་ཡོད་དོ། 14དེའི་འབྲས་བུར་གཙོ་བོ་དཀོན་མཆོག་གིས་ཁྱེད་ཀྱི་མི་མང་དང་བུ་ཕྲུག་དང་ཆུང་མ་རྣམས་ལ་ཉེས་པ་ཚབ་ཆེ་གཏོང་གནང་རྒྱུ་དང་། ཁོང་གིས་ཁྱེད་ཀྱི་བདག་དབང་རྣམས་མེད་པར་བཟོ་གནང་ཡོང་། 15ཁྱེད་རང་ཡང་རྒྱུ་ནད་དྲག་པོ་ཞིག་གིས་མནར་ནས་དེ་ཇེ་སྡུག་ཇེ་སྡུག་ཏུ་འགྲོ་གི་རེད་ཅེས་འཀོད་ཡོད་དོ། 16ཕེ་ལེ་ཤེད་པ་དང་ཨ་རམ་པ་འགའ་ཤས་རྒྱ་མཚོའི་འགྲམ་དུ་གཞིས་ཆགས་ནས་གནས་སྡོད་བྱེད་པ་ཨི་ཐི་ཨོ་པི་པ་ཚོའི་ཉེ་འགྲམ་སྡོད་ཀྱི་ཡོད། གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ཡེ་ཧོ་རམ་མཉམ་དུ་དམག་འཁྲུགས་བྱེད་རྒྱུ་སྐུལ་སློང་གནང་ངོ་། 17དེ་ཚོས་ཡ་ཧུ་དཱར་བཙན་འཛུལ་བྱས་ནས་རྒྱལ་པོའི་ཕོ་བྲང་ནང་འཕྲོག་བཅོམ་བྱས་པ་དང་རྒྱལ་པོའི་སྲས་ཆུང་ཤོས་ཨ་ཧ་ཛ་ཡཱ་མ་གཏོགས་གཞན་རྒྱའ་པོའི་སྲས་ཚོ་དང་བཙུན་མོ་དང་བཅས་པ་ཚང་མ་བཙོན་པར་འཁྲིད་དོ། 18དེ་ཚོ་ཚང་མ་བྱུང་བའི་རྗེས་ལ་གཙོ་བོ་དཀོན་མཆོག་གིས་རྒྱལ་པོ་ལ་རྒྱུ་ནད་དྲག་པོ་ཞིག་གཏོང་གནང་ངོ་། 19ལོ་གཉིས་ཙམ་བར་དེ་ཇི་སྡུག་ཏུ་སོང་བ་དང་མཐའ་མར་ཁོང་ཐབས་སྡུག་ངང་གྲོངས་སོ། ཁོང་གི་མི་མང་ཚོས་དེ་ཚོའི་ཕ་མེས་ཚོར་བྱས་པ་ལྟར་མྱ་ངན་ཞུ་བའི་མེ་སྤུང་སྤར་མེད་དོ། 20ཡེ་ཧོ་རམ་ལོ་སུམ་ཅུ་སོ་གཉིས་ཕེབས་སྐབས་རྒྱལ་པོར་འགྱུར་ནས། ལོ་བརྒྱད་རིང་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བསྐྱངས་སོ། ཁོང་གྲོངས་པ་ལ་སུ་ལ་ཡང་བློ་ཕམ་བྱུང་མེད་དོ། དེ་ཚོས་ཁོང་དཱ་བིད་ཀྱི་གྲོང་ཁྱེར་དུ་སྦས་ན་ཡང་རྒྱལ་པོའི་དུར་ཁང་ནང་སྦས་མེད་དོ༎

སྔོན་རབས་གཉིས་པ། 22

(༢ རྒྱལ་རབས་ ༨:༢༥-༢༩; ༩:༢༡-༢༨)

1ཨ་རབ་པ་འགའ་ཤས་ཀྱིས་དམག་དྲངས་ནས་རྒྱལ་པོ་ཡེ་ཧོ་རམ་གྱི་སྲས་ཆུང་ཤོས་ཨ་ཧ་ཛ་ཡཱ་མ་གཏོགས་གཞན་ཚང་མ་བསད་དོ། དེ་འདྲ་སོང་ཙང་ཡེ་རུ་ཤ་ལེམ་གྱི་མི་མང་ཚོས་ཨ་ཧ་ཛ་ཡཱ་ཁོང་གི་ཡབ་ཀྱི་ཤུལ་འཛིན་དུ་རྒྱལ་པོར་བསྐོས་སོ། 2-3ཨ་ཧ་ཛ་ཡཱ་དགུང་ལོ་ཉི་ཤུ་རྩ་གཉིས་ཕེབས་སྐབས་རྒྱལ་པོར་འགྱུར་བ་དང་། ཁོང་གིས་ལོ་གཅིག་རིང་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བསྐྱངས་སོ། ཨ་ཧ་ཛ་ཡཱས་རྒྱལ་པོ་ཨ་ཧབ་ཀྱི་ཁྱིམ་ཚང་གི་བྱས་པ་ལྟར་རྗེས་སུ་འཇུག་གོ ཁོང་གི་མ་ཨ་ཐལ་ཡཱ་ཟེར་བ་ནི། རྒྱལ་པོ་ཨ་ཧབ་ཀྱི་བུ་མོ་དང་ཨིསི་རཱཨེལ་གྱི་རྒྱལ་པོ་ཨོམ་རིའི་ཚ་མོ་ཡིན་སྟབས། ཁོང་ལ་བསླབ་བྱ་སྐྱོན་པས་ངན་པའི་ལམ་དུ་ལྷུང་ངོ་། 4ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད། གང་ལ་ཟེར་ན། ཁོང་གི་ཡབ་གྲོངས་པའི་རྗེས་སུ་རྒྱལ་པོ་ཨ་ཧབ་ཀྱི་ཁྱིམ་ཚང་གི་ནང་མི་རྣམས་ཁོང་གི་སློབ་སྟོན་པར་འགྱུར་བ་དང་དེ་ཚོའི་བརྒྱུད་པའི་ལམ་དུ་འཁྲིད་དོ། 5དེ་ཚོའི་བསླབ་བྱར་གསན་ནས་ཨིསི་རཱཨེལ་གྱི་རྒྱལ་པོ་ཡོ་རམ་དང་མཉམ་དུ་བཞུགས་ཀྱིས་སི་རི་ཡའི་རྒྱལ་པོ་ཧ་ཛ་ཨེལདང་འཐབ་བོ། དམག་དཔུང་ཚོ་གྷིལ་ཨད་ཀྱི་ར་མོད་དུ་འཐབ་པ་དང་དམག་སར་རྒྱལ་པོ་ཡོ་རམ་རྨས་སོ། 6ཁོང་གྲོང་ཁྱེར་ཡེཛ་རིལ་དུ་སྨན་བཅོས་གནང་བར་ཕྱིར་ལོག་པ་དང་། ཨ་ཧ་ཛ་ཡཱ་ཁོང་མཇལ་བར་དེར་ཕེབས་སོ། 7དཀོན་མཆོག་གིས་ཁོང་གི་མཇལ་འཕྲད་དེ་ཨ་ཧ་ཛ་ཡཱ་ཉམས་རྒུད་གཏོང་རྒྱུར་བེད་སྤྱོད་གནང་ངོ་། ཨ་ཧ་ཛ་ཡཱ་དེར་ཡོད་སྐབས་ཁོང་དང་ཡོ་རམ་གཉིས་ནས་གཙོ་བོ་དཀོན་མཆོག་གིས་ཨ་ཧབ་ཀྱི་རྒྱལ་བརྒྱུད་མེད་པར་བཟོ་མཁན་དུ་འདམས་གནང་བའི་ནིམ་ཤིའི་བུ་ཡེ་ཧུ་དང་འཕྲད་དོ། 8ཇེ་ཧུས་རྒྱལ་བརྒྱུད་ལ་དཀོན་མཆོག་གི་ཆད་པ་གནང་བའི་ཕྱིར་འགྲོ་་དེ་འཁྱེར་ཡོང་སྐབས། ཁོང་དང་ཡ་ཧུ་དཱ་པའི་འགོ་འཛིན་གྱི་ཚོ་ཞིག་དང་ཨ་ཧ་ཛ་ཡཱའི་ཚ་བོ་ཚོ་ཁོང་དང་མཉམ་དུ་མཇལ་འཕྲད་དུ་ཡོང་མཁན་ཚོ་དང་འཕྲད་ནས། ཇེ་ཧུས་དེ་ཚོ་ཚང་མ་བསད་དོ། 9ཨ་ཧ་ཛ་ཡཱ་ལ་འཚོལ་བས་ཁོང་ས་མར་ཡ་རུ་ཡིབ་ནས་བསྡད་ཡོད་པ་རྙེད་དོ། དེ་ཚོས་ཁོང་ཇེ་ཧུའི་སར་འཁྲིད་པས་ཁོང་ལ་བསད་དུ་འཇུག་གོ ཁོང་གི་པོ་པོ་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱིས་གཙོ་བོ་དཀོན་མཆོག་གི་ཞབས་ཞུ་གང་ཐུབ་ཞུ་གནང་བར་བརྟེན་ཁོང་གི་སྐུ་ལུས་དེ་གུས་ཞབས་དང་བཅས་སྦས་སོ། རྒྱལ་ཁབ་ཀྱི་རྒྱལ་སྲིད་སྐྱོངས་མཁན་ཨ་ཧ་ཇེའི་ནང་མི་སུ་ཡང་ལྷག་མེད་དོ།

ཡ་ཧུ་དཱ་པའི་རྒྱལ་མོ་ཨ་ཐལ་ཡཱ།

(༡ སྔོན་རབ་ ༡༡:༡-༣)

10རྒྱལ་པོ་ཨ་ཧ་ཛ་ཡཱའི་མ་ཨ་ཐལ་ཡཱས་རང་གི་བུ་ཇི་ལྟར་བསད་པའི་སྐོར་ཤེས་པ་དང་། ཁོང་གིས་ཡ་ཧུ་དཱ་པའི་རྒྱལ་བརྒྱུད་ཀྱི་ནང་མི་ཚང་མ་གསོད་དགོས་པའི་བཀའ་གནང་ངོ་། 11ཨ་ཧ་ཛ་ཡཱ་ལ་ཕ་གཅིག་པའི་སྲིང་མོ་ཡེ་ཧོ་ཤེ་བྷ་ཟེར་བ་ཞིག་ཡོད་པས། བླ་མ་ཡེ་ཧོ་ཡ་དྷ་དང་མཉམ་དུ་ཆང་ས་རྒྱབ་ཡོད། མོ་གསང་བའི་ཐོག་ནས་ཨ་ཧ་ཛ་ཡཱའི་སྲས་ཡོ་ཨཱཤེ་ཟེར་བ་ལ་སྐྱབས་ནས་རྒྱལ་སྲས་གཞན་ཚོ་གསོད་གྲབ་ཡོད་པ་ནས་འཁྱེར་ནས་སྦས་ཏེ་མཆོད་ཁང་གི་ཉལ་ཁང་ཞིག་གི་ནང་གསོ་སྐྱོངས་བྱས་སོ། མོས་ཁོང་སྦས་པའི་རྐྱེན་གྱིས་ཁོང་ཨ་ཐལ་ཡཱས་གསོད་པ་ལས་སྐྱབས་སོ། 12རྒྱལ་མོ་ཨ་ཐལ་ཡཱས་རྒྱལ་སྲིད་བཟུང་བའི་རིང་ཁོང་ལོ་དྲུག་དེར་ཡིབ་ནས་བཞུགས་སོ༎

སྔོན་རབས་གཉིས་པ། 23

ཨ་ཐལ་ཡཱ་ལ་ངོ་ལོག་བྱས་པ།

(༢ རྒྱལ་རབས་ ༡༡:༤-༡༦)

1ལོ་དྲུག་སྒུག་པའི་རྗེས་སུ་བླ་མ་ཡེ་ཧོ་ཡ་དྷས་ལས་འགུལ་བྱེད་དགོས་པའི་ཐག་བཅད་ནས། ཁོང་གིས་དམག་མིའི་འགོ་འཛིན་ཡེ་རོ་ཧམ་གྱི་བུ་ཨ་ཛར་ཡཱ་དང་ཡེ་ཧོ་ཧ་ནན་གྱི་བུ་ཨིཤ་མ་ཨེལ་དང་ཨོ་བྷེདའི་བུ་ཨ་ཛར་ཡ་དང་ཨ་ད་ཡཱའི་བུ་མ་སི་ཨ་དང་ཛིག་རིའི་བུ་ཨེ་ལི་ཤ་ཕད་བཅས་ལྔ་པོ་མཉམ་དུ་མཐུན་སྒྲིགས་བཞག་གོ 2དེ་ཚོས་ཡ་ཧུ་དཱ་པའི་གྲོང་ཁྱེར་ཡོངས་སུ་བསྐོར་ནས་ལེ་ཝི་པ་ཚོ་དང་རིགས་རུས་ཀྱི་འགོ་འཁྲིད་ཚང་མ་ཡེ་རུ་ཤ་ལེམ་དུ་འཁྲིད་ཡོང་ངོ་། 3དེ་ཚོ་ཚང་མ་མཆོད་ཁང་དུ་འཛོམས་ནས་རྒྱལ་པོའི་སྲས་ཡོ་ཨཱཤེ་མཉམ་དུ་དམ་བཅའ་བཞག་གོ ཡེ་ཧོ་ཡ་དྷས་དེ་ཚོ་ལ་རྒྱལ་པོ་གྲོང་པའི་སྲས་འདིར་ཡོད། གཙོ་བོ་དཀོན་མཆོག་གིས་རྒྱལ་པོ་དཱ་བིད་ལ་ཞལ་བཞེས་གནང་བ་ལྟར། ད་ཁོང་གི་རྒྱལ་བརྒྱུད་དུ་རྒྱལ་པོར་འགྱུར་དགོས་སོ། 4ང་ཚོས་དེ་ལྟར་བྱ་འོ། བླ་མ་ཚོ་དང་ལེ་ཝི་པ་ཚོ་ངལ་གསོ་བའི་ཞག་ལ་ལས་འགན་དུ་ཕེབས་སྐབས་སུ། དེ་ཚོ་གསུམ་ཆ་གཅིག་གི་མཆོད་ཁང་གི་རྒྱལ་སྒོ་སྲུང་བར་བྱ་རྒྱུ་དང་། 5གསུམ་ཆ་གཞན་དེས་རྒྱལ་པོའི་ཕོ་བྲང་སྲུང་བར་བྱ་རྒྱུ་དང་། དེ་འཕྲོས་རྣམས་རྨང་གཞིའི་རྒྱལ་སྒོར་འཇོག་པར་བྱའོ། མི་མང་ཚང་མ་མཆོད་ཁང་གི་ཁྱམས་རར་འཛོམས་དགོས་སོ། 6མཆོད་ཁང་གི་ནང་བླ་མ་དང་ལེ་ཝི་པ་ལས་འགན་ཡོད་མཁན་ཚོ་མ་གཏོགས་གཞན་ཡང་འཛུལ་མི་ཆོག གང་ལ་ཟེར་ན། དེ་རྣམས་དམ་པར་མཛད་ཡོད་སྟབས་འཛུལ་ཆོག་གོ དེ་འཕྲོས་རྣམས་གཙོ་བོ་དཀོན་མཆོག་གི་སློབ་སྟོན་ལ་ཉན་ནས་ཕྱི་ལོག་ཏུ་སྡོད་དགོས་སོ། 7ལེ་ཝི་པ་ཚོས་རང་གི་རལ་གྲི་འདོན་ནས་རྒྱལ་པོའི་མཐའ་འཁོར་དུ་སྡོད་དགོས་པ་དང་། རྒྱལ་པོ་གང་དུ་ཕེབས་སར་དེ་ཚོ་དེར་འགྲོ་དགོས་སོ། མཆོད་ཁང་ནང་འཛུལ་ཐབས་བྱེད་མཁན་སུ་ཡིན་ཡང་དེ་གསོད་དགོས་ཤེས་བཀའ་གནང་ངོ་། 8ལེ་ཝི་པ་དང་ཡ་ཧུ་དཱ་པའི་མི་མང་རྣམས་ནས་ཡེ་ཧོ་ཡ་དྷ་ནས་སློབ་སྟོན་གནང་བ་ལྟར་བྱས་སོ། ངལ་གསོ་བའི་ཞག་ལ་ལས་འགན་དུས་ཚོད་ཡོལ་ནས་འགྲོ་མཁན་གྱི་མི་རྣམས་དགོངས་པ་སྤྲད་མེད་དོ། དེར་བརྟེན་དམག་སྤྱི་ཚོ་ལ་ལས་ཀར་ཡོང་མཁན་དང་ལས་ཀ་ནས་དུས་ཚོད་ཡོལ་ནས་འགྲོ་མཁན་གཉིས་ཀ་ཐོབ་པ་ཡིན་ནོ། 9ཡེ་ཧོ་ཡ་དྷས་མཆོད་ཁང་ནང་དུ་བཞག་ཡོད་པའི་རྒྱལ་པོ་དཱ་བིད་ཀྱི་མདུང་དང་ཕུབ་རྣམས་འགོ་འཛིན་ཚོར་གནང་ངོ་། 10ཁོང་གིས་རྒྱལ་པོ་སྐྱོབ་པའི་ཆེད་མི་རལ་གྲི་འདོན་ནས་ཡོད་པ་རྣམས་མཆོད་ཁང་གི་མདུན་དུ་མཐའ་བསྐོར་ནས་བཞག་གོ 11དེ་ནས་ཡེ་ཧོ་ཡ་དྷས་ཡོ་ཨཱཤེ་ལ་ཕྱིར་འདོན་གནང་ནས། ཁོང་གི་དབུ་ལ་ཅོད་པན་གཡོགས་པ་དང་ཁོང་ལ་རྒྱལ་བརྒྱུད་འཛིན་པའི་ཁྲིམས་ཡིག་གི་དཔེ་ཞིག་ཕུལ་ནས། དེ་ལྟར་ཁོང་རྒྱལ་པོར་བསྐོས་སོ། བླ་མ་ཡེ་ཧོ་ཡ་དྷ་དང་ཁོང་གི་བུ་ཚོས་ཡོ་ཨཱཤེ་ལ་སྣུམ་བྱུགས་པ་དང་ཚང་མས་རྒྱལ་པོ་སྐུ་ཚེ་རིང་པོ་གནས་པར་ཤོག་ཅེས་སྐད་འབོད་བྱས་སོ། 12ཨ་ཐལ་ཡཱས་མི་མང་གིས་རྒྱལ་པོར་ཆེ་བསྟོད་ཞུས་པ་ཐོས་པ་དང་། མི་ཚོགས་མཆོད་ཁང་དུ་བསྡུས་ནས་ཡོད་པ་མཐོང་བས་མགྱོགས་པོར་ཕེབས་སོ། 13དེར་ཁོང་གིས་རྒྱལ་པོ་གསར་པ་མཆོད་ཁང་དུ་འཛུལ་ས་དེར། རྒྱལ་པོ་ཚོ་བཞུགས་ཡུལ་ཀ་བའི་འགྲམ་དུ་བཞེངས་ཡོད་པ་དང་། དམག་མིའི་འགོ་འཛིན་ཚོ་དང་དུང་པ་ཚོས་མཐའ་བསྐོར་ནས་ཡོད་པ་མཐོང་བ་དང་། མི་མང་རྣམས་དགའ་སྤྲོའི་ངང་སྐད་འབོད་བྱེད་པ་དང་། དུང་གཏོང་བཞིན་ཡོད་པ་དང་མཆོད་ཁང་གི་རོལ་མོ་བ་ཚོས་རོལ་ཆས་དང་བཅས་དུས་སྟོན་ལ་སྣེ་འཁྲིད་བྱེད་བཞིན་ཡོད་པ་མཐོང་ནས། མོས་རང་གི་སྡུག་བསྔལ་གྱིས་གོས་ཧྲལ་ནས་བསླུ་འཁྲིད་བསླུ་འཁྲིད་ཅེས་སྐད་རྒྱབ་བོ། 14ཡེ་ཧོ་ཡ་དྷས་ཨ་ཐལ་ཡཱ་མཆོད་ཁང་གི་མངའ་ཁུལ་དུ་གསོད་པའི་ཐུགས་འདོད་མེད་སྟབས། ཁོང་གིས་དམག་མིའི་འགོ་འཛིན་ཚོ་འབོད་གནང་ནས། མོ་ལ་སྐུ་སྲུང་བའི་རུའི་དབར་འཁྲིད་ནས། མོ་ལ་སྐྱོབས་པར་སུ་ཞིག་ཡོང་ན་ཡང་གསོད་ཅེས་བཀའ་གནང་ངོ་། 15དེ་ཚོས་མོ་ལ་བཟུང་ནས་མོ་རང་གི་ཕོ་བྲང་དུ་འཁྲིད་ནས་དེར་རྟའི་རྒྱལ་སྒོར་མོ་ལ་བསད་དོ༎

ཡེ་ཧོ་ཡ་དྷའི་བསྒྱུར་བཅོས་རྣམས།

(༢ རྒྱལ་རབས་ ༡༡:༡༧-༢༠)

16བླ་མ་ཡེ་ཧོ་ཡ་དྷས་རྒྱལ་པོ་ཡོ་ཨཱཤེ་དང་མི་མང་བཅས་པར་གཙོ་བོ་དཀོན་མཆོག་གི་མི་འབངས་བྱ་རྒྱུའི་དམ་བཅའ་ཞིག་འཇོག་གནང་ངོ་། 17དེ་ནས་ཁོང་རྣམས་ཐམས་ཅད་བྷལ་གྱི་ལྷ་ཁང་དུ་ཕེབས་ནས་དེ་མར་བཤིགས་སོ། དེ་ཚོས་མཆོད་ཁྲི་དང་དེར་ཡོད་པའི་སྐུ་འདྲ་དང་བཅས་པ་དུམ་བུར་བཅག་པ་དང་། མཆོད་ཁྲིའི་མདུན་དུ་བྷལ་གྱི་བླ་མ་མཏ་ཏན་ལ་བསད་དོ། 18ཡེ་ཧོ་ཡ་དྷས་བླ་མ་དང་ལེ་ཝི་པ་རྣམས་མཆོད་ཁང་གི་ལས་ཀའི་འགོ་འཛིན་དུ་བསྐོ་བཞག་གནང་ངོ་། དེ་ཚོས་རྒྱལ་པོ་དཱ་བིད་ཀྱིས་བསྐོས་གནང་བའི་ལས་འགན་རྣམས་སྒྲུབ་རྒྱུ་དང་། མོ་ཤེའི་བཀའ་ཁྲིམས་ལྟར་གཙོ་བོ་དཀོན་མཆོག་ལ་ཕུལ་བའི་དམར་མཆོད་རྣམས་སྲེག་རྒྱུ་ཡིན་པ་དང་། དེ་ཚོ་རོལ་མོ་དང་དུས་སྟོན་གྱི་འགོ་འཛིན་ཡང་ཡིན་ནོ། 19ཡེ་ཧོ་ཡ་དྷས་ཆོ་ག་ལྟར་མི་གཙང་བ་སུ་ཞིག་ཡིན་རུང་འགོག་ཕྱིར་མཆོད་ཁང་གི་རྒྱལ་སྒོར་སྐུ་སྲུང་བ་རྣམས་འཇོག་གནང་ཡོད་དོ། 20དམག་མིའི་དམག་དཔོན་ཚོ་དང་ཡུལ་གྱི་གནས་ཡོད་མི་སྣ་དང་ལས་བྱེད་པ་ཚོ་དང་མི་མང་ཡོངས་རྫོགས་དང་བཅས་པ། ཡེ་ཧོ་ཡ་དྷ་མཉམ་དུ་རྒྱལ་པོ་ལ་མཆོད་ཁང་ནས་ཕོ་བྲང་བར་དུ་རུ་སྒྲིགས་ཐོག་གདན་འདྲེན་ཞུས་པ་དང་། དེ་ཚོ་རྒྱལ་སྒོ་ལྟེ་བ་ནས་ནང་དུ་བཞུགས་ནས་རྒྱལ་པོ་བཞུགས་ཁྲིའི་སྟེང་བཞུགས་སོ། 21མི་མང་རྣམས་དགའ་སྤྲོས་ཁེངས་པ་དང་གྲོང་ཁྱེར་ཁ་ཁུ་སིམ་པོར་གནས་ཡོད། གང་ལགས་ཟེར་ན། དེ་དུས་ཨ་ཐལ་ཡཱ་བསད་ཟིན་ཡོད་དོ༎

སྔོན་རབས་གཉིས་པ། 24

ཡ་ཧུ་དཱ་པའི་རྒྱལ་པོ་ཡོ་ཨཱཤེ།

(༢ རྒྱལ་རབས་ ༡༢:༡-༡༦)

1ཡོ་ཨཱཤེ་དགུང་ལོ་བདུན་ལ་ཕེབས་སྐབས་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་བ་དང་། ཁོང་གིས་ལོ་བཞི་བཅུའི་རིང་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བསྐྱངས་སོ། ཁོང་གི་ཡུམ་ནི་བྷིར་ཤེ་བྷྷ་གྲོང་ཁྱེར་གྱི་ཛི་བི་ཨཱ་ཡིན་ནོ། 2བླ་མ་ཡེ་ཧོ་ཡ་དྷ་སྐུ་གསོན་རིང་ཁོང་གིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པ་འབའ་ཞིག་གནང་ཡོད་དོ། 3ཡེ་ཧོ་ཡ་དྷས་ཡོ་ཨཱཤེ་ལ་ཆུང་མ་གཉིས་འདམས་གནང་བ་དང་། དེ་ཚོ་ལ་ཁོང་གི་བུ་དང་བུ་མོ་སྐྱེས་སོ། 4ཁོང་རྒྱལ་པོར་འགྱུར་ནས་དུས་ཡུན་ཐུང་ངུའི་རྗེས་སུ། ཡོ་ཨཱཤེས་མཆོད་ཁང་ཉམས་གསོ་གནང་རྒྱུའི་ཐུགས་ཐག་བཅད་དོ། 5ཁོང་གིས་བླ་མ་ཚོ་དང་ལེ་ཝི་པ་ཚོར་ཡ་ཧུ་དཱ་པའི་གྲོང་ཁྱེར་ཁག་ནང་ཕྱིན་ནས་ལོ་འཁོར་གྱི་མཆོད་ཁང་ཉམས་གསོ་བྱ་རྒྱུའི་དགོས་ངེས་དངུལ་བསྡུས་དགོས་པའི་བཀའ་གནང་ནས། ཁོང་གིས་དེ་ཚོ་ལ་འཕྲལ་དུ་ལས་འགུལ་མགྱོགས་པོ་བྱེད་དགོས་པའི་བཀའ་གནང་ཡང་ལེ་ཝི་པ་ཚོས་དུས་འགྱངས་བྱས་སོ། 6དེའི་རྐྱེན་ཁོང་གིས་ཡེ་ཧོ་ཡ་དྷ་དང་དེ་ཚོའི་འགོ་འཛིན་ཚོ་ལ་བཀའ་འགུགས་གནང་ནས། གཙོ་བོ་དཀོན་མཆོག་གི་ཞབས་ཕྱི་མོ་ཤེའི་དགོངས་དོན་ལྟར་མི་མང་ནས་གཙོ་བོ་དཀོན་མཆོག་གནས་པའི་དབུ་གུར་དམ་པའི་འཛིན་སྐྱོངས་བྱེད་པར་འབུལ་བའི་ཁྲལ་ལེ་ཝི་པ་ཚོས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་ནས་ཙི་ཕྱིར་མ་བསྡུ་བ་ཡིན་ཞེས་བཀའ་འདྲི་གནང་ངོ་། 7(རྒྱུ་ངན་ཟ་མཁན་ཨ་ཐལ་ཡཱའི་རྗས་བྲངས་པ་རྣམས་ཀྱིས་མཆོད་ཁང་ལ་སྐྱོན་བཏང་བ་དང་། དངོས་པོ་རྩ་ཆེ་མང་པོ་བྷལ་ལ་མཆོད་རྒྱུར་བེད་སྤྱོད་བྱས་ཡོད།) 8རྒྱལ་པོས་ལེ་ཝི་པ་ཚོར་ཞལ་འདེབས་ཀྱི་ཆེད་དུ་སྒམ་ཞིག་བཟོས་ནས། མཆོད་ཁང་གི་རྒྱལ་སྒོར་འཇོག་དགོས་པའི་བཀའ་གནང་ངོ་། 9དེ་ཚོས་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱ་ཡུལ་ཡོངས་སུ་མི་མང་ཆང་མར་ཐོག་མར་དཀོན་མཆོག་གི་ཞབས་ཕྱི་མོ་ཤེས་མི་མེད་ལུང་སྟོང་དུ་བསྡུ་བའི་ཁྲལ་དེ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་འཁྱེར་ཡོང་དགོས་བའི་ལན་བཏང་ངོ་། 10དེས་མི་མང་དང་དེ་ཚོའི་འགོ་འཛིན་དང་བཅས་པ་དགའ་བར་འགྱུར་ནས། དེ་ཚོས་ཁྲལ་གྱི་དངུལ་འཁྱེར་ཡོང་ནས་སྒམ་དེ་བཀང་ངོ་། 11ཉིན་ལྟར་ལེ་ཝི་པ་ཚོས་སྒམ་དེ་རྒྱལ་པོའི་ལས་བྱེད་པ་དོ་དམ་པའི་སར་འཁྱེར་གྱི་ཡོད་པ་དང་། དེ་ནམ་ཁེངས་སྐབས་རྒྱལ་པོའི་དྲུང་ཡིག་དང་བླ་མ་གཙོ་བོའི་སྐུ་ཚབ་ཀྱིས་དངུལ་རྣམས་མར་འདོན་ནས་སྒམ་དེ་འཇོག་ཡུལ་དུ་ཕྱིར་ལོག་གཏོང་གནང་བཞིན་ཡོད། དེ་ལྟར་དེ་ཚོས་དངུལ་ཁྱོན་ཆེ་བསྡུས་སོ། 12རྒྱལ་པོ་དང་ཡེ་ཧོ་ཡ་དྷས་དངུལ་རྣམས་མཆོད་ཁང་ཉམས་གསོའི་འགོ་འཛིན་ཚོར་གནང་བ་དང་། དེ་ཚོས་མཆོད་ཁང་ཉམས་གསོའི་ཆེད་རྡོ་བཟོ་བ་དང་ཤིང་བཟོ་བ་དང་ལྕགས་བཟོ་བ་བཅས་ཀྱི་མི་ལ་གླ་གནང་ངོ་། 13ལས་མི་ཚང་མས་ལས་ཀ་ཧུར་ཐག་བྱས་ནས་མཆོད་ཁང་དེ་སྔར་བཞིན་ཉམས་གསོ་བརྟན་པོ་གནང་བ་དང་། 14ཉམས་གསོ་ཚར་བ་དང་གསེར་དངུལ་ལྷག་མ་རྣམས་རྒྱལ་པོ་དང་ཡེ་ཧོ་ཡ་དྷ་ལ་ཕུལ་བ་དང་། ཁོང་ཚོས་དེ་ཚོ་མཆོད་ཁང་གི་བཞེས་ཕོར་དང་གཞན་ཡོ་བྱད་བཟོ་བར་བེད་སྤྱོད་གནང་ངོ་༎

ཡེ་ཧོ་ཡ་དྷའི་སྲིད་བྱུས་ལ་བསྒྱུར་བཅོས།

ཡེ་ཧོ་ཡ་དའི་སྐུ་ཚེའི་རིང་མཆོད་ཁང་དུ་སྦྱིན་སྲེག་གི་མཆོད་པ་ཉིན་ལྟར་ཕུལ་གྱི་ཡོད་པ་དང་། 15ཁོང་དགུང་ལོ་ཧ་ཅང་མཐོ་ཞིང་དགུང་ལོ་ ༡༣༠ ཕེབས་སྐབས་ཁོང་གྲོངས་སོ། 16ཁོང་གིས་ཨིསི་རཱཨེལ་གྱི་མི་མང་དང་དཀོན་མཆོག་དང་མཆོད་ཁང་བཅས་པར་ཞབས་ཞུ་གནང་བར་ངོས་ལེན་གྱི་ཆེད་དུ། ཁོང་དཱ་བིད་ཀྱི་གྲོང་ཁྱེར་གྱི་དུར་ཁང་ནང་སྦས་སོ། 17ཡེ་ཧོ་ཡ་དྷ་གྲོངས་པའི་རྗེས་སུ་ཡ་ཧུ་དཱ་པའི་འགོ་འཛིན་ཚོས་རྒྱལ་པོ་ཡོ་ཨཱཤེ་ལ་དེ་ཚོ་ལ་གཏམ་ལ་གསན་དགོས་པའི་བསྐུལ་མ་ཞུས་སོ། 18དེ་ལྟར་མི་མང་ཚོས་རང་གི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་མཆོད་རྒྱུ་བར་མཚམས་བཞག་ནས། ཁོ་ཚོས་ལྷ་མོ་ཨ་ཤེ་རཱ་དང་སྐུ་འདྲ་གཞན་རྣམས་མཆོད་འགོ་འཚུགས་སོ། དེ་ཚོའི་སྡིག་པའི་ཉེས་པའི་ཕྱིར་གཙོ་བོ་དཀོན་མཆོག་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་ལ་ཐུགས་ཁྲོ་བར་འགྱུར་རོ། 19གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་བརྒྱུད། ཁོང་གི་ཕྱོགས་སུ་ཕྱིར་ལོག་དགོས་པའི་ཉེན་བརྡ་བཏང་གནང་ཡང་མི་མང་ཚོས་ཉན་མེད་དོ། 20དེ་ནས་གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་དེ་བླ་མ་ཡེ་ཧོ་ཡ་དྷའི་བུ་ཛ་ཀར་ཡཱ་ལ་བཞུགས་སོ། ཁོང་མི་མང་གི་མཐོང་སར་ལངས་ནས། གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོས་ཁོང་གི་བཀའ་ལ་མ་ཉན་པར་ཁྱོད་ཚོའི་ཐོག་ཏུ་རྐྱེན་ངན་ཅི་ལ་ལེན་བཞིན་ཡོད་དམ། ཁྱོད་ཚོས་ཁོང་སྤངས་སྐབས་ཁོང་གིས་ཁྱོད་ཚོ་སྤངས་བ་ཡིན་ཞེས་བཀའ་གནང་བྱུང་ཞེས་གསུངས་སྐད་ཆེན་པོ་སྐྱོན་ནོ། 21རྒྱལ་པོ་ཡོ་ཨཱཤེས་ཛ་ཀར་ཡཱ་ལ་བྱ་བ་ངན་བྱུས་ནང་བཞུགས་ནས། རྒྱལ་པོའི་བཀའ་བཞིན་མི་མང་གིས་ཛ་ཀར་ཡཱ་ལ་མཆོད་ཁང་གི་ཁྱམས་རར་རྡོ་རུབ་བཏང་ནས་བསད་དོ། 22རྒྱལ་པོས་ཛེ་ཀར་ཡཱའི་ཡབ་ཡེ་ཧོ་ཡ་དས་ཁོང་ཕྱོགས་སུ་གནང་བའི་ལྷག་བསམ་རྣམ་དག་གི་བྱས་རྗེས་རྣམས་བརྗེད་ནས་ཁོང་གིས་ཛེ་ཀར་ཡཱ་ལ་བསད་དུ་འཇུག་གོ ཛེ་ཀར་ཡཱ་གྲོངས་སྐབས་ཁོང་གིས། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོས་ཇི་བྱེད་པ་གཟིགས་ནས་ཆད་པ་གཏོང་གནང་བར་ཤོག་ཅེས་གསུངས་སྐད་སྐྱོན་ནོ༎

ཡོ་ཨཱཤེའི་སྲིད་སྐྱོང་ཀྱི་མཐའ་མ།

23ལོ་དེའི་སྟོན་ཀར་སླེབས་པ་དང་སི་རི་ཡ་པའི་དམག་མི་ཚོས་ཡ་ཧུ་དཱ་དང་ཡ་རུ་ཤ་ལེམ་དུ་བཙན་འཛུལ་བྱས་ཏེ་འགོ་འཛིན་ཚང་མ་བསད་ནས། བཅོམ་ནོར་ཁྱོན་ཆེ་དྷ་མསེ་ཀསེ་དུ་འཁྱེར་རོ། 24སི་རི་ཡ་པའི་དམག་དཔུང་ཉུང་ཉུང་ཡིན་རུང་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ཡ་ཧུ་དཱ་པའི་དཔུང་དམག་སྟོབས་ཆེན་ལ་ཕམ་དུ་འཇུག་གནང་ཡོད། གང་ལ་ཟེར་ན། དེ་ཚོས་རང་གི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་སྤངས་ཡོད་པའི་ཕྱིར་རོ། དེ་ལྟར་རྒྱལ་པོ་ཡོ་ཨཱཤེ་ལ་ཆད་པ་གཏོང་གནང་ཡོད། 25ཁོང་ཧ་ཅང་ཚབ་ཆེ་རྨས་པ་དང་དགྲ་བོ་ཚོ་ཕྱིར་འཐེན་བྱ་སྐབས། ཁོང་གི་ལས་བྱེད་པ་གཉིས་ཀྱིས་གྲོས་ངན་གཏིང་ནས་བླ་མ་ཡེ་ཧོ་ཡ་དྷའི་བུ་བསད་པར་དགྲ་ཤ་ལེན་པའི་ཆེད་ཁོང་གི་ཉལ་ཁྲིའི་སྟེང་དུ་ཁོང་ལ་བཀྲོངས་སོ། ཁོང་དཱ་བིད་ཀྱི་གྲོང་ཁྱེར་ནང་སྦས་ན་ཡང་རྒྱལ་པོའི་དུར་ཁང་ནང་སྦས་མེད་དོ། 26(ཁོང་ལ་གྲོས་ངན་གཏིང་མཁན་ཚོ་ནི་ཨམ་མོན་པའི་བུད་མེད་ཤིམ་ཡད་ཟེར་བའི་བུ་ཛ་བྷད་དང་མོ་ཨབ་པའི་བུད་མེད་ཤིམ་རིད་ཟེར་བའི་བུ་ཡེ་ཧོ་ཛ་བྷད་ཡིན་ནོ།) 27རྒྱལ་པོའི་དེབ་ཀྱི་འགྲེལ་བརྗོད་ནང་ཡོ་ཨཱཤེའི་སྲས་ཚོའི་ལོ་རྒྱུས་དང་། ཁོང་ཐོག་ངོ་རྒོལ་གནང་བའི་ལུང་བསྟན་རྣམས་དང་ཁོང་གིས་མཆོད་ཁང་གིས་མཆོད་ཁང་ཇི་ལྟར་སྐྱར་བཞེངས་གནང་བ་བཅས་ཀྱི་སྐོར་འཁོད་ཡོད་དོ། ཁོང་གི་སྲས་ཨ་མ་ཛ་ཡཱ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

སྔོན་རབས་གཉིས་པ། 25

ཡ་ཧུ་དཱ་པའི་རྒྱལ་པོ་ཨ་མ་ཛ་ཡཱ།

(༢ རྒྱལ་རབས་ ༡༤:༢-༦)

1ཨ་མ་ཛ་ཡཱ་དགུང་ལོ་ཉི་ཤུ་རྩ་ལྔར་རྒྱལ་པོར་འགྱུར་བ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་ཉི་ཤུ་རྩ་དགུའི་རིང་རྒྱལ་སྲིད་བསྐྱངས་སོ། ཁོང་གི་ཡུམ་ནི་ཡེ་རུ་ཤ་ལེམ་གྱི་ཡེ་ཧོ་ཨ་དྷིན་ཟེར་བ་ཡིན་ནོ། 2ཁོང་གིས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པ་འབའ་ཞིག་གནང་ཡང་། དེ་ཚོ་རང་གི་སྙིང་ཐག་པ་ནས་བྱས་མེད་དོ། 3ཁོང་གི་དབང་བརྟན་པོར་འགྱུར་མ་ཐག། ཁོང་གིས་རང་གི་ཡབ་བཀྲོང་མཁན་ལས་བྱེད་པ་རྣམས་དམར་གསོད་བཏང་ངོ་། 4འོན་ཀྱང་ཁོང་གིས་དེ་ཚོའི་བུ་ཕྲུག་ཚོ་ལ་བསད་མེད་དོ། ཁོང་གིས་གཙོ་བོ་དཀོན་མཆོག་གི་བཀའ་མོ་ཤེའི་བཀའ་ཁྲིམས་ནང་བུ་ཕྲུག་ཚོས་ཉེས་པ་གྱིས་པར་ཕ་མ་འཆི་རུ་མི་རུང་བ་དང་། ཕ་མ་ཚོས་ཉེས་པ་གྱིས་པར་བུ་ཕྲུག་ཚོ་འཆི་བར་འཇུག་མི་རུང་། དེ་ཚོ་རང་ཉིད་ནས་ཉེས་པ་གྱིས་པར་བརྟེན་འཆི་བར་འཇུག་དགོས་སོ། ཤེས་བཀའ་གནང་ཡོད་པ་ལྟར་ཕྱག་ལེན་གནང་ངོ་༎

ཨེ་དྷོམ་པ་དང་དམག་འཁྲུགས་བྱུང་བ།

(༢ རྒྱལ་རབས་ ༡༤:༧)

5རྒྱལ་པོ་ཨ་མ་ཛ་ཡཱས་ཡ་ཧུ་དཱ་དང་བྷེན་ཡ་མིན་གྱི་སྡེ་རིགས་རྣམས་ཀྱི་ཀྱེ་པ་ཚོར། དེ་ཚོའི་རིགས་རུས་གང་ནས་ཡིན་རུང་དམག་མིའི་སྡེ་མཚན་དུ་གོ་སྒྲིགས་གནང་བ་དང་། མི་གྲངས་ ༡,༠༠༠ གི་སྡེ་ཚན་དང་། མི་གྲངས་ ༡༠༠ སྡེ་ཚན་ལ་འགོ་འཛིན་བསྐོ་བཞག་གནང་ཡོད། དེའི་ནང་མི་ལོ་ཉི་ཤུ་ཡན་གྱི་མི་ཚང་མ་ཡོད་པའི་བསྡོམས་གྲངས་ ༣༠༠,༠༠༠ ཡོད། དེ་ཚོ་ནི་དམག་འཐབ་ལ་གྲ་སྒྲིགས་ཡོད་པ་རྣམས་འདམས་སྒྲུག་བྱས་པ་དང་། མདུང་དང་ཕུབ་ལ་བེད་སྤྱོད་བྱ་རྒྱུར་མཁས་པོ་ཤ་ཏག་ཡིན་ནོ། 6དེའི་ཐོག་ཁོང་གིས་ཨིསི་རཱཨེལ་ལ་དངུལ་ཀི་ལོ་གྷ་རམ་ ༣,༤༠༠ སྤྲད་དེ་དམག་མི་ ༡༠༠,༠༠༠ གཡར་ཡོད་དོ། 7འོན་ཀྱང་ལུང་སྟོན་པ་རྒྱལ་པོའི་སར་ཕེབས་ནས་ཁོང་ལ། ཨིསི་རཱཨེལ་གྱི་མི་དེ་ཚོ་ཁྱེད་དང་མཉམ་དུ་མ་འཁྲིད་ཅིག གཙོ་བོ་དཀོན་མཆོག་ནི་བྱང་ཕྱོགས་ཀྱི་རྒྱལ་ཁབ་ནས་ཡིན་པའི་མི་དེ་ཚོ་དང་མཉམ་དུ་མེད་དོ། 8ཁྱེད་ཀྱི་ཐུགས་ལ་དེ་ཚོས་དམག་སར་ཁྱེད་ལ་སྟོབས་ཤུགས་ཆེར་རུ་གཏོང་གི་རེད་བསམ་གྱི་ཡོད་དམ། འོན་ཀྱང་རྒྱལ་བ་དང་ཕམ་ཉེས་གཏོང་གནང་རྒྱུའི་མཐུ་སྟོབས་དེ་གཙོ་བོ་དཀོན་མཆོག་ཁོང་ལ་ཡོད་པ་དང་། ཁོང་གིས་ཁྱེད་ཀྱི་དགྲ་བོ་ཚོས་ཁྱེད་ལ་ཕམ་པར་བྱེད་དུ་བཅུག་གནང་གི་རེད་ཅེས་ཞུས་སོ། 9ཨ་མ་ཛ་ཡཱས་ལུང་སྟོན་པ་ལ། ངས་སྤྲད་ཟིན་པའི་དངུལ་དེའི་སྐོར་ལ་ཅི་བྱེད་ཅེས་བཀའ་འདྲི་ཞུས་སོ། ལན་དུ་ལུང་སྟོན་པས། གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་དེ་ལས་ལྷག་པ་གནང་ཐུབ་ཅེས་ཞུས་སོ། 10དེ་འདྲ་སོང་ཙང་ཨ་མ་ཛ་ཡཱས་དམག་དཔུང་གླས་པ་རྣམས་ཕྱིར་གཏོང་བྱས་ནས་དེ་ཚོ་ལ་ཁྱིམ་དུ་ལོག་ཅིག་གསུངས་སོ། དེ་བས་ན་དེ་ཚོ་ཁྱིམ་དུ་ལོག་པ་དང་ཡ་ཧུ་དཱ་པའི་མི་མང་ལ་ཤིན་ཏུ་ཁྲོས་སོ། 11ཨ་མ་ཛ་ཡཱས་བློ་སྟོབས་སྐྱེད་དེ་ཁོང་གིས་རང་གི་དམག་དཔུང་རྣམས་ཚའི་ལུང་གཤོང་དུ་འཁྲིད་དོ། དེར་དེ་ཚོས་འཐབ་པ་དང་ཨེ་དྷོམ་པའི་དམག་མི་ ༡༠,༠༠༠ བསད་ནས། 12༡༠,༠༠༠ འཛིན་བཟུང་བྱས་སོ། དེ་ཚོས་བཙོན་པ་རྣམས་གྲོང་ཁྱེར་སེ་ལའི་བྲག་གི་རྩེ་མོར་འཁྲིད་ནས་དེ་ཚོ་གཤམ་དུ་ཡོད་པའི་བྲག་གི་སྟེང་གསོད་པའི་ཕྱིར་དེ་ཚོ་གཡང་དུ་སྐྱུར་རོ། 13སྐབས་དེར་ཨ་མ་ཛ་ཡཱས་ཨིསི་རཱཨེལ་གྱི་དམག་མི་ཁོང་དང་མཉམ་དུ་དམག་ཏུ་འགྲོ་མ་བཅུག་པ་ཚོས། ས་མར་ཡ་དང་བྷེད་ཧོ་རོན་དབར་གྱི་ཡ་ཧུ་དཱ་པའི་གྲོང་ཁྱེར་ཁག་ལ་བཙན་བཟུང་བྱས་ནས། མི་ ༣,༠༠༠ བསད་པ་དང་བཅོམ་ནོར་ཁྱོན་ཆེ་དབང་བཟུང་བྱས་སོ། 14ཨ་མ་ཛ་ཡཱས་ཨེ་དྷོམ་པ་ཕམ་པར་བྱས་ནས་ཕྱིར་ཕེབས་དུས། ཁོང་དང་མཉམ་དུ་འཁྱེར་ཡོང་བའི་སྐུ་འདྲ་དེ་ཚོ་སྒྲིགས་ཏེ་དེ་ཚོ་ལ་མཆོད་པ་དང་སྤོས་བདུག་གོ 15དེའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་ཐུགས་ཁྲོས་པ་དང་། ཁོང་གིས་ལུང་སྟོན་པ་ལ་ཨ་མ་ཛ་ཡཱའི་སར་གཏོང་གནང་ངོ་། ལུང་སྟོན་པས་ཁྱེད་ཀྱིས་ཕྱི་རྒྱལ་བའི་ལྷ་རང་གི་མི་མང་རྣམས་ལ་ཁྱེད་ཀྱི་མཐུ་སྟོབས་ལས་སྐྱོབས་མི་ཐུབ་མཁན་ཚོར་མཆོད་པ་ཡིན་ནམ་ཞེས་བཀའ་འདྲི་གནང་ངོ་། 16ཨ་མ་ཛ་ཡཱས་གླེང་མོལ་བྱེད་དུ་མ་བཅུག་པར། ང་ཚོས་ཁྱེད་ལ་རྒྱལ་པོའི་སློབ་སྟོན་པར་ག་དུས་བསྐོས་བྱུང་ངམ། ངས་ཁྱོད་གསོད་པའི་སྔོན་ལ་ཁ་རོག་སྡོད་ཅེས་གསུངས་སོ། ལུང་སྟོན་པ་ཁ་རོག་བཞུགས་པའི་སྔོན་ལ། ཁོང་གིས་ད་ངས་གཙོ་བོ་དཀོན་མཆོག་གིས་ཁྱེད་མེད་པར་མཛད་རྒྱུའི་ཐུགས་ཐག་བཅད་པ་ཤེས་སོང་། གང་ལ་ཟེར་ན། ཁྱེད་ཀྱི་འདི་ཚོ་ཚང་མ་གནང་བ་དང་ངའི་སླབ་བྱར་རྩིས་མེད་གནང་སོང་ཞེས་སྨྲས་སོ།

ཨིསི་རཱཨེལ་དང་དམག་འཐབ་པ།

(༢ རྒྱལ་རབས་ ༡༤:༨-༢༠)

17ཡ་ཧུ་དཱ་པའི་རྒྱལ་པོ་ཨ་མ་ཛ་ཡཱ་དང་ཁོང་གི་སློབ་སྟོན་པ་ཚོས་ཨིསི་རཱཨེལ་ལ་བྱུས་ངན་བརྩམས་པ་དང་། དེ་ནས་ཁོང་གིས་ཡེ་ཧུའི་ཚ་བོ་དང་ཡེ་ཧོ་ཨ་ཧཛའི་བུ་ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨཤེ་ལ་དམག་འཐབ་ཀྱི་འགྲན་བསྡུར་བྱ་དགོས་པའི་འཕྲིན་ཞིག་བཏང་ངོ་། 18དེའི་ལན་དུ། ཡེ་ཧོ་ཨཤེས་ཨ་མ་ཛ་ཡཱ་ལ། སྔར་ལེ་བ་ནོན་གྱི་རི་བོའི་སྟེང་གི་ལྗང་ཚེར་གྱིས་འགྱམ་ཤིང་ཞིག་ལ་ཁྱོད་ཀྱི་བུ་མོ་ངའི་བུའི་མནའ་མར་སྤྲོད་དགོས་ཤེས་ལོན་ཞིག་བཏང་ངོ་། དེ་ནས་ནགས་ཀྱི་སེམས་ཅན་རྒོད་པོ་ཞིག་ལྗང་ཚེར་ལ་རྡོག་བརྫིས་བཏང་ངོ་། 19ད་ཨ་མ་ཛ་ཡཱ་ཁྱེད་ནས་ཨེ་དྷོམ་པ་ཚོ་ཕམ་པར་བྱས་པར་འབོར་ཤོད་གནང་བཞིན་ཡོད་པས། ངས་ཁྱེད་རང་གཟིམ་ཁང་དུ་བཞུགས་དགོས་པའི་བསླབ་བྱ་ཞུ་རྒྱུ་ཡིན། ཁྱེད་དང་ཁྱེད་ཀྱི་མི་མང་ལ་རྐྱེན་ངན་ཡོང་བའི་རྙོག་སྒྲ་སློང་བཞིན་ཡོད་དམ་ཞེས་སྨྲས་སོ། 20འོན་ཀྱང་ཨ་མ་ཛ་ཡཱས་དེ་ལ་ཉན་པར་མ་འདོད་དོ། གང་ལ་ཟེར་ན། ཁོང་གིས་ཨེ་དྷོམ་པའི་སྐུ་འདྲ་མཆོད་ཡོད་པའི་རྐྱེན་གྱིས་དཀོན་མཆོག་གི་དགོངས་པར་ཨ་མ་ཛ་ཡཱ་ཕམ་པར་མཛད་འདོད་ཡོད་དོ། 21དེ་འདྲ་སོང་ཙང་ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨཤེས་ཡ་ཧུ་དཱ་པའི་རྒྱལ་པོ་ཨ་མ་ཛ་ཡཱ་དང་འཐབ་པར་སླེབས་སོ། དེ་ཚོ་ཡ་ཧུ་དཱ་པའི་བྷེད་ཤེ་མེཤི་རུ་འཕྲད་དོ། 22ཡ་ཧུ་དཱ་པའི་དམག་མི་རྣམས་ཕམ་པ་དང་རང་གི་ཁྱིམ་དུ་བྲོས་སོ། 23ཡེ་ཧོ་ཨཤེས་ཨ་མ་ཛ་ཡཱ་བཟུང་ནས་ཡེ་རུ་ཤ་ལེམ་དུ་འཁྲིད་དོ། དེར་ཁོང་གིས་གྲོང་ཁྱེར་གྱི་ལྕགས་རི་ཨེཕ་ར་ཡིམ་གྱི་རྒྱལ་སྒོ་ནས་ཟུར་གྱི་རྒྱལ་སྒོའི་བར་རིང་ཚད་མི་ཀྲར་ ༢༠༠ ཙམ་ཡོད་པ་དེ་བཤིགས་སོ། 24ཁོང་གི་མཆོད་ཁང་གི་གསེར་དངུལ་ཡོངས་དང་ཨོ་བེད་ཨེ་དྷོམ་གྱི་རིགས་བརྒྱུད་ནས་སྲུང་སྐྱོབས་བྱེད་པའི་མཆོད་ཁང་གི་ཡོ་བྱད་དང་ཕོ་བྲང་གི་གཏིར་མཛོད་རྣམས་ས་མར་ཡ་རུ་བཅོམ་ནོར་དུ་འཁྱེར་རོ། དེ་ཙམ་མ་ཟད་ཁོང་གིས་གཏའ་མར་བཞག་ཡོད་པའི་མི་རྣམས་ཀྱང་མཉམ་དུ་འཁྲིད་གནང་ངོ་། 25ཡ་ཧུ་དཱ་པའི་རྒྱལ་པོ་ཨ་མ་ཛ་ཡཱ་ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨཤེ་ལས་ལོ་བཅོ་ལྔ་མང་བ་འཚོ་བཞུགས་གནང་ངོ་། 26ཨ་མ་ཛ་ཡཱའི་མཛད་པ་གཞན་རྣམས་མགོ་ནས་རྒྱལ་སྲིད་བཟུང་བའི་མཐའ་མའི་བར་ཡ་ཧུ་ད་དང་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 27ཁོང་གིས་གཙོ་བོ་དཀོན་མཆོག་ལ་ངོ་ལོག་གནང་བ་ནས་བཟུང་ཡེ་རུ་ཤ་ལེམ་དུ་ཁོང་ལ་བྱུས་ངན་བརྩམས་མཁན་བྱུང་ངོ་། མཐའ་མར་ཁོང་ནི་ལ་ཀིཤི་རུ་བྲོས་ཕེབས་ཀྱང་ཁོང་གི་དགྲ་བོ་ཚོས་ཁོང་གི་རྗེས་སུ་རྒྱུགས་ནས་ཁོང་བཀྲོངས་སོ། 28ཁོང་གི་སྐུ་ལུས་ཡེ་རུ་ཤ་ལེམ་དུ་རྟའི་སྟེང་ལ་འཁྱེར་ནས་དཱ་བིད་ཀྱི་གྲོང་ཁྱེར་གྱི་རྒྱལ་པོའི་དུར་ཁང་ནང་སྦས་སོ༎

སྔོན་རབས་གཉིས་པ། 26

ཡ་ཧུ་དཱ་པའི་རྒྱལ་པོ་ཨུ་ཛི་ཡཱ།

(༢ རྒྱལ་རབས་ ༡༤:༢༡-༢༢; ༡༥:༡-༧)

1ཡ་ཧུ་དཱ་པའི་མི་མང་རྣམས་ནས་ཨ་མ་ཛ་ཡཱའི་སྲས་ཨུ་ཛི་ཡཱ་དགུང་ལོ་བཅུ་དྲུག་ལ་ཕེབས་པ་དེ་ལ་ཡབ་ཀྱི་ཤུལ་འཛིན་དུ་རྒྱལ་པོར་བསྐོས་སོ། 2(ཨ་མ་ཛ་ཡཱ་གྲོངས་པའི་རྗེས་སུ་ཨུ་ཛི་ཡཱས་ཨེ་ལད་སྐྱར་བཟུང་གནང་ནས་གྲོང་ཁྱེར་རྣམས་སྐྱར་བཟོ་གནང་ངོ་།) 3ཨུ་ཛི་ཡཱ་དགུང་ལོ་བཅུ་དྲུག་ལ་རྒྱལ་པོར་འགྱུར་བ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་ལྔ་བཅུ་ང་གཉིས་རིང་རྒྱལ་སྲིད་བསྐྱངས་སོ། ཁོང་གི་ཡུམ་ཡེ་རུ་ཤ་ལེམ་གྱི་ཡེ་ཀོལ་ཡཱ་ཟེར་བ་དེ་ཡིན་ནོ། 4ཁོང་གིས་རང་གི་ཡབ་རྒྱལ་པོའི་རྗེས་སུ་འཇུག་ནས་གཙོ་བོ་དཀོན་མཆོག་གིས་ཐུགས་མཉེས་པ་འབའ་ཞིག་གནང་ཡོད་དོ། 5ཁོང་གི་ཆོས་ཀྱི་སློབ་སྟོན་པ་ཛེ་ཀར་ཡ་ལ་འཚོ་བཞུགས་རིང་ཁོང་གིས་གཙོ་བོ་དཀོན་མཆོག་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཞུས་པ་དང་དཀོན་མཆོག་གིས་ཁོང་ལ་བྱིན་རླབས་གནང་ངོ་། 6ཨུ་ཛི་ཡཱས་ཕེ་ལེ་ཤེད་པ་མཉམ་དུ་དམག་འཐབ་གནང་བ་དང་། ཁོང་གིས་གྲོང་ཁྱེར་གྷད་དང་ཛམ་ནི་ཨ་དང་ཨཤ་དྷོད་ཀྱི་ལྕགས་རི་རྣམས་བཤིགས་པ་དང་། ཨཤ་དྷོད་ཀྱི་ཉེ་འགྲམ་དང་ཕེ་ལེ་ཤེད་ཀྱི་གྲོང་ཁྱེར་ལྷག་ལུས་རྣམས་བཙན་པོར་བཟོས་སོ། 7དཀོན་མཆོག་གིས་ཕེ་ལེ་ཤེད་པ་དང་གྷུར་བྷལ་དུ་སྡོད་མཁན་ཨ་རབ་པ་ཚོ་དང་མུ་ནི་པ་བཅས་ལ་ཕམ་པར་བྱེད་རྒྱུར་ཁོང་ལ་རོགས་གནང་ངོ་། 8ཨམ་མོན་པ་ཚོས་ཨུ་ཛི་ཡཱ་ལ་དཔྱ་ཁྲལ་ཕུལ་བ་དང་ཁོང་ཧ་ཅང་སྟོབས་ཤུགས་ཆེན་པོར་འགྱུར་སྐབས་ཁོང་གི་སྙན་གྲགས་ནི་ཨི་ཇིབ་དུ་ཡང་ཁྱབ་བོ། 9ཨུ་ཛི་ཡཱས། ཟུར་གྱི་རྒྱལ་སྒོ་ཁག་དང་ལུང་གཤོང་གི་རྒྱལ་སྒོ་དང་ལྕགས་རི་བསྐོར་ཀྱོག་ཁག་ལ་གན་དྷོ་ལ་རིང་པོ་བརྩིགས་ནས་ཡེ་རུ་ཤ་ལེམ་བཙན་པོ་བཟོས་ནས་ཤུགས་ཆེར་བཏང་ངོ་། 10ཁོང་གིས་ཡུལ་གྱི་ས་སྟོང་ཁུལ་དུ་གན་དྷོ་ལ་རིང་པོ་བཙན་པོ་བཟོས་པ་དང་ཆུ་མཛོད་མང་པོ་བྲུས་སོ། གང་ལ་ཟེར་ན། ཁོང་ལ་ནུབ་ཕྱོགས་རི་གཤམ་དང་ཐང་ཁུལ་དུ་བ་ཕྱུགས་ཀྱི་ཁྱུ་ཚོགས་མང་པོ་ཡོད་དོ། ཁོང་ནི་ཞིང་ལས་ལ་མཉེས་པོ་ཡོད་སྟབས། ཁོང་གིས་མི་མང་ལ་རི་ཁུལ་ཡུལ་ཁག་ཏུ་རྒུན་ཚལ་འདེབས་པ་དང་ས་ལུད་འཛོམས་པའི་ས་ཆར་ས་ཞིང་འདེབས་དགོས་པའི་སེམས་ཤུགས་སྤྲོད་གནང་གི་ཡོད་དོ། 11ཁོང་ལ་དམག་གི་ཕྱིར་དམག་དཔུང་ཁྱོན་ཆེ་གྲ་སྒྲིགས་ཡོད་དོ། དེ་ཚོའི་ལོ་རྒྱུས་ཁོང་གི་དྲུང་ཡིག་ཡི་ཨེལ་དང་མ་སི་ཨ་ནས་རྒྱལ་པོའི་ལས་བྱའི་འཐུས་མི་ཧ་ནན་ཡཱའི་ལམ་སྟོན་འོག་བཀོད་པ་བཏང་གི་ཡོད། 12དམག་དཔོན་ ༢,༦༠༠ དམག་མི་རྣམས་ལ་བཀའ་བཀོད་གནང་གི་ཡོད། 13དེ་ཚོའི་འོག་ཏུ་རྒྱལ་པོའི་དགྲ་བོ་ཚོར་དམག་ནུས་ཤུགས་ཀྱི་རྒྱབ་ཐུབ་མཁན་འབྱོན་སྟངས་ཅན་གྱི་དམག་མི་རྩལ་ལྡན་ ༣༠༧,༥༠༠ ཡོད་དོ། 14ཨུ་ཛི་ཡཱས་དམག་མི་རྣམས་ལ་ཕུབ་དང་མདུང་དང་རྨོག་དང་གོ་ཁྲབ་དང་གཞུ་དང་འུར་རྡོ་བཅས་མཁོ་སྒྲུབ་གནང་ངོ་། 15ཡེ་རུ་ཤ་ལེམ་དུ་ཁོང་གི་གསར་དུ་བཟོ་མཁན་ཚོས་མདའ་འཕེན་པའི་ཡོ་བྱད་དང་གྲོང་ཁྱེར་གྱི་ལྕགས་རི་གན་དྷོ་ལ་རིང་པོ་ནས་རྡོ་ཤིན་ཏུ་ཆེན་པོ་དབྱུགས་བྱེད་ཡོ་བྱད་བཟོས་སོ། ཁོང་ལ་གཙོ་བོ་དཀོན་མཆོག་གིས་རོགས་པ་ཐོབ་པའི་རྐྱེན་གྱིས་ཁོང་མཚན་སྙན་གྲགས་ཡོངས་སུ་ཁྱབ་པ་དང་ཁོང་ཧ་ཅང་སྟོབས་ཤུགས་ཆེན་པོར་འགྱུར་རོ༎

ཨུ་ཛི་ཡཱའི་ང་རྒྱལ་ལ་བརྟེན་ནས་ཆད་པ་བཏང་བ།

16འོན་ཀྱང་རྒྱལ་པོ་ཨུ་ཛི་ཡཱ་སྟོབས་ཆེ་རུ་ཕྱིན་པ་དང་། ཁོང་ང་རྒྱལ་ཇི་ཆེར་འགྱུར་བ་དེ་ལས་ཉམས་རྒུད་ཀྱི་རྐྱེན་དུ་འགྱུར་རོ། ཁོང་གིས་སྤོས་བདུག་པའི་མཆོད་ཁྲིའི་སྟེང་སྤོས་བདུག་པར་ཕེབས་ནས། ཁོང་གིས་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བརྩི་མེད་ཞུས་སོ། 17བླ་མ་ཨ་ཛར་ཡཱ་དང་ཁོང་མཉམ་བློ་སྟོབས་ཅན་གྱི་བླ་མ་བརྒྱད་བཅུ་རྒྱལ་པོའི་རྗེས་སུ་ཕེབས་ནས། 18ཁོང་ལ་སྐྱོན་བརྗོད་གནང་ནས། དེ་ཚོས་ཨུ་ཛི་ཡཱ་ཁྱེད་འདིར་གཙོ་བོ་དཀོན་མཆོག་ལ་སྤོས་བདུག་པར་ཕེབས་པའི་ཐོབ་ཐང་མེད། ཨ་རོན་གྱི་བརྒྱུད་ལས་ཆད་པའི་བླ་མ་རྣམས་ལ་དེ་ལྟར་བྱེད་པར་བསྔོ་འབུལ་མཛད་ཡོད། གནས་དམ་པ་འདི་ནས་ཐོན་ཞིག། ཁྱེད་ཀྱིས་གཙོ་བོ་དཀོན་མཆོག་གི་བཀའ་ལས་འགལ་ཡོད་པས་ཁྱེད་ལ་ཁོང་གི་བྱིན་རླབས་མེད་ཅེས་ཞུས་སོ། 19ཨུ་ཛི་ཡཱ་མཆོད་ཁང་ནང་དུ་བདུག་སྤོས་ཀྱི་མཆོད་ཁྲིའི་ཉེ་འགྲམ་དུ་བཞེངས་ཡོད་པ་དང་། ཕྱག་ཏུ་བདུག་སྤོས་འཁྱེར་ནས་ཡོད། ཁོང་བླ་མ་ཚོ་ལ་ཐུགས་ཁྲོས་པ་དང་། དེ་མ་ཐག་ཁོང་གི་དཔྲལ་བར་པགས་ནད་ཚབ་ཆེ་ཞིག་ཐོན་ནོ། 20ཨ་ཛར་ཡཱ་དང་གཞན་བླ་མ་ཆོས་རྒྱལ་པོའི་དཔྲལ་བར་འཇིགས་སྐྲག་ངང་བལྟས་ནས་ཁོང་མཆོད་ཁང་ནས་བཙན་དབང་གི་ཕྱིར་འབུད་གནང་ངོ་། ཁོང་རང་ཡང་མགྱོགས་པོར་ཕྱིར་ཐོན་ནོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་ཁོང་ལ་ཆད་པ་གཏོང་གནང་ཡོད་དོ། 21ན་ཚ་དེས་རྒྱལ་པོ་ཨུ་ཛི་ཡཱའི་སྐུ་ཚེའི་ཁྲོད་རྣམས་ཆོ་ག་ལྟར་མི་གཙང་བར་འགྱུར་བའོ། མཆོད་ཁང་དུ་ཕེབས་མི་ཆོག་པས་ཁོང་རང་ཉིད་ཀྱི་གཟིམ་ཁང་ནང་བཞུགས་དགོས་པ་དང་། ཁོང་རང་གི་ཕྱག་ལས་ཚང་མ་མཚམས་བཞག་པ་དང་། ཁོང་གི་སྲས་ཡོ་ཐམ་གྱིས་ཡུལ་གྱི་འཛིན་སྐྱོངས་གནང་ངོ་། 22ཨ་མོཛའི་བུ་ལུང་སྟོན་པ་ཨེ་ཤ་ཡཱས་རྒྱལ་པོ་ཨུ་ཛི་ཡཱའི་སྐུ་དུས་རིང་གི་མཛད་པ་རྣམས་དེབ་བཀོད་གཞན་ནང་བཀོད་ཡོད་དོ། 23ཨུ་ཛི་ཡཱ་གྲོངས་པ་དང་རྒྱལ་བརྒྱུད་དུ་སྦས་ཡོད་ན་ཡང་། ཁོང་གི་ནད་ཀྱི་རྐྱེན་ཀྱིས་རྒྱལ་པོའི་དུར་ཁང་ནང་སྦས་མེད་དོ། ཁོང་གི་སྲས་ཡོ་ཐམ་ནི་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

སྔོན་རབས་གཉིས་པ། 27

ཡ་ཧུ་དཱ་པའི་རྒྱལ་པོ་ཡོ་ཐམ།

(༢ རྒྱལ་རབས་ ༡༥:༣༢-༣༨)

1ཡོ་ཐམ་དགུང་ལོ་ཉི་ཤུ་རྩ་ལྔ་ལོན་ནས་རྒྱལ་པོར་འགྱུར་བ་དང་། ཁོང་གིས་ལོ་བཅུ་དྲུག་རིང་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བསྐྱངས་སོ། ཁོང་གི་ཡུམ་ནི་ཛ་དཱོག་གི་སྲས་མོ་ཡེ་རུ་ཤཱ་ཟེར་བ་དེ་ཡིན་ནོ། 2ཁོང་གིས་རང་གི་ཡབ་ཀྱི་མཛད་པ་ལྟར་གཙོ་བོ་དཀོན་མཆོག་གི་ཐུགས་མཉེས་པ་འབའ་ཞིག་གནང་ན་ཡང་། ཁོང་གི་ཡབ་ལྟར་མཆོད་ཁང་དུ་བདུག་སྤོས་བདུག་པའི་སྡིག་པ་གནང་མེད་དོ། འོན་ཀྱང་མི་མང་རྣམས་ནས་སྡིག་པ་བྱས་བཞིན་གནས་སོ། 3ཡོ་ཐམ་གྱིས་མཆོད་ཁང་གི་བྱང་གི་རྒྱལ་སྒོ་བཟོས་པ་དང་། ཡེ་རུ་ཤ་ལེམ་གྱི་ས་ཁུལ་ཨོ་ཕེལ་ཞེས་པར་གྲོང་ཁྱེར་གྱི་ལྕགས་རིའི་ལས་འགུལ་རྒྱ་ཆེ་གནང་ངོ་། 4ཁོང་གིས་ཡ་ཧུ་ད་པའི་རི་བོའི་ཁུལ་དུ་གྲོང་ཁྱེར་ཁག་བཟོས་པ་དང་། ཤིང་ནག་ནང་ཁོང་གིས་མཁར་དང་གན་དྷོ་ལ་ཁག་བཟོས་སོ། 5ཁོང་གིས་ཨམ་མོན་གྱི་རྒྱལ་པོ་དང་འཐབ་ནས་དེ་ཚོའི་དམག་མི་རྣམས་ཕམ་པར་མཛད་དོ། དེ་ནས་ཁོང་གིས་ཨམ་མོན་པ་ཚོར་ལོ་གསུམ་རིང་ལོ་ལྟར་དངུལ་ཀི་ལོ་གྷ་རམ་ ༣,༤༠༠ དང་། གྲོ་ཀྲོན་ ༡,༠༠༠ དང་། ནད་ཀྲོན་ ༡,༠༠༠ ཁྲལ་ཕུལ་དགོས་པ་བཟོས་སོ། 6ཡོ་ཐམ་གྱི་ཁོང་གི་གཙོ་བོ་དཀོན་མཆོག་ལ་ལྷག་བསམ་རྣམ་དག་གིས་བཀའ་ལ་ཉན་ནས་ཁོང་གི་སྟོབས་ཤུགས་ཆེ་རུ་འཕེལ་ལོ། 7ཡོ་ཐམ་གྱི་སྲིད་སྐྱོང་སྐབས་ཀྱི་གནས་ཚུལ་གཞན་ཁག་ནི། དམག་འཁྲུགས་དང་ཁོང་གི་སྲིད་བྱུས་སོགས་ཚང་མ་ཨིསི་རཱཨེལ་དང་ཡ་ཧུ་དཱ་པའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 8ཡོ་ཐམ་རྒྱལ་པོར་འགྱུར་སྐབས་དགུང་ལོ་ཉི་ཤུ་རྩ་ལྔ་ཡིན་པ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་བཅུ་དྲུག་རིང་རྒྱལ་སྲིད་བཟུང་ངོ་། 9ཁོང་གྲོངས་ནས་དཱ་བིད་ཀྱི་གྲོང་ཁྱེར་ནང་སྦས་པ་དང་། ཁོང་གི་སྲས་ཨ་ཧཛ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

སྔོན་རབས་གཉིས་པ། 28

ཡ་ཧུ་དཱ་པའི་རྒྱལ་པོ་ཨ་ཧཛ།

(༢ རྒྱལ་རབས་ ༡༦:༡-༤)

1ཨ་ཧཛ་དགུང་ལོ་ཉི་ཤུ་ཕེབས་སྐབས་ཁོང་ནི་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་བ་དང་། ཁོང་གིས་ལོ་བཅུ་དྲུག་རིང་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བསྐྱངས་སོ། ཁོང་གིས་རང་གི་མེས་པོ་རྒྱལ་པོ་དཱ་བིད་ཀྱི་དཔེ་བཟང་པོའི་རྗེས་སུ་འཇུག་མེད་པ་དང་། ཁོང་གིས་གཙོ་བོ་དཀོན་མཆོག་ཐུགས་མ་མཉེས་པ་འབའ་ཞིག་གནང་ཡོད་དོ། 2ཁོང་གིས་ཨིསི་རཱཨེལ་གྱི་རྒྱལ་པོ་ཚོའི་དཔེའི་རྗེས་སུ་འཇུག་ནས། ཁོང་གིས་བྷལ་གྱི་འདྲ་སྐུ་རྣམས་བཟོས་པ་དང་། 3ཧི་ནོམ་གྱི་ལུང་གཤོང་དུ་སྤོས་བདུག་པ་དང་། ཨིསི་རཱཨེལ་པ་རྣམས་ཡུལ་དེ་ནས་གཙོ་བོ་དཀོན་མཆོག་གིས་ཕྱིར་འབུད་གནང་བའི་མི་མང་ཚོའི་ཞན་ལོག་གི་ལུགས་སྲོལ་ལ་དཔེ་གཟིགས་ནས་ཁོང་རང་ཉིད་ཀྱི་སྲས་ཚོ་ཡང་འདྲ་སྐུར་སྦྱིན་སྲེག་གི་ཚུལ་དུ་དམར་མཆོད་ཕུལ་ལོ། 4ཕྱི་པའི་ལྷ་མཆོད་ཡུལ་རི་བོའི་སྟེང་དང་ཤིང་སྡོང་གི་གྲིབ་སིལ་འོག་ཏུ་ཨ་ཧཛས་དམར་མཆོད་ཕུལ་བ་དང་སྤོས་བདུག་གོ།

སི་རི་ཡ་དང་ཨིསི་རཱཨེལ་མཉམ་དུ་དམག་འཁྲུགས།

(༢ རྒྱལ་རབས་ ༡༦:༥)

5-6རྒྱལ་པོ་ཨ་ཧཛས་སྡིག་པ་གནང་ཡོད་སྟབས། གཙོ་བོ་དཀོན་མཆོག་གིས་སི་རི་ཡའི་རྒྱལ་པོའི་འོག་ཏུ་ཁོང་ལ་ཕམ་བཅུག་པ་དང་། ཡ་ཧུ་དཱ་པ་ཧ་ཅང་ཁྱོན་ཆེན་པོ་དྷ་མསེ་ཀསེ་ཏུ་བཙོན་པར་འཁྲིད་བཅུག་པར་གནང་ངོ། གཙོ་བོ་དཀོན་མཆོག་གིས་རེ་མལ་ཡཱའི་བུ་ཨིསི་རཱཨེལ་གྱི་རྒྱལ་པོ་པེ་ཀཱས་ཨ་ཧ་ཛ་ལ་ཕམ་དུ་བཅུག་པ་དང་། ཁོང་གི་ཡ་ཧུ་དཱ་པའི་དམག་མི་བློ་སྟོབས་ཆེ་ཤོས་གྲངས་ ༡༢༠,༠༠༠ ཉིན་གཅིག་ལ་བསད་བཅུག་གནང་ངོ་། དེ་ཚོའི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་དེ་ལྟར་བྱུང་དུ་འཇུག་གནང་ཡོད་དོ། གང་ལ་ཟེར་ན། ཡ་ཧུ་དཱ་པའི་མི་མང་ཆོས་ཁོང་ལ་སྤངས་ཡོད་དོ། 7ཨིསི་རཱཨེལ་གྱི་དམག་མི་ཛིག་རི་ཟེར་བ་ཞིག་གིས་རྒྱལ་པོ་ཨ་ཧཛའི་སྲས་མ་སི་ཨ་དང་ཕོ་བྲང་གི་འཛིན་སྐྱོངས་པ་ཨཛ་རི་ཀམ་དང་རྒྱལ་པོའི་འོག་ཏུ་གོ་རིམ་གཉིས་པ་ཡིན་པ་ཨེལ་ཀ་ནཱ་བཅས་གསུམ་བསད་དོ། 8ཡ་ཧུ་དཱ་པ་ཚོ་ཨིསི་རཱཨེལ་པ་ཚོ་དང་སྤུན་གྲོགས་ཡིན་ན་ཡང་། དེ་ཚོའི་དམག་མིས་བུད་མེད་དང་བུ་ཕྲུག་གྲངས་ ༢༠༠,༠༠༠ དང་བཅོམ་ནོར་ཁྱོན་ཆེ་བཅས་མཉམ་དུ་ས་མར་ཡ་རུ་འཁྲིད་དོ༎

ལུང་སྟོན་པ་ཨོ་དེད།

9གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་མིང་ལ་ཨོ་དེད་ཟེར་བ་ཞིག་ས་མར་ཡའི་གྲོང་ཁྱེར་དུ་སྡོད་བཞིན་ཡོད་པ་དང་། ཨིསི་རཱཨེལ་གྱི་དམག་མིས་ཡ་ཧུ་དཱ་པའི་བཙོན་པ་རྣམས་འཁྲིད་ནས་ཕྱིར་ལོག་མཁན་ཚོ་ཁོང་དང་འཕྲད་དོ། དེ་ཚོ་གྲོང་ཁྱེར་ནང་འཛུལ་གྲབ་ཡོད་སྟབས། ཁོང་གིས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་ཕ་མེས་ཚོའི་དཀོན་མཆོག་ཡ་ཧུ་དཱ་པ་ཚོར་ཁྲོས་གནང་ཡོད་སྟབས། ཁོང་གིས་ཁྱོད་ཚོར་དེ་ཚོ་དང་ཕམ་དུ་འཇུག་གནང་ཡོད། འོན་ཀྱང་ད་ཆ་ཁོང་གིས་ཁྱོད་ཚོས་དེ་ཚོར་སྡུག་རྩུབ་ངང་སྡེབ་གསོད་གཏོང་བ་གསན་ཡོད་དོ། 10ད་ཆ་ཁྱོད་ཚོས་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱ་པའི་སྐྱེས་པ་དང་བུད་མེད་རྣམས་ཁྱོད་ཚོའི་ཚེ་གཡོག་ཏུ་བཟོ་རྩིས་བྱེད་ཀྱི་ཡོད། ཁྱོད་ཚོས་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་ཤེས་ཀྱི་མེད་དམ། 11ང་ལ་ཉོན་ཞིག། བཙོན་པ་འདི་ཚོ་ནི་ཁྱོད་ཚོའི་སྤུན་ཚ་ཡིན་ནོ། དེ་ཚོ་ལ་ཁྱིམ་དུ་ལོག་བཅུག་ཅིག། དེ་མིན་གཙོ་བོ་དཀོན་མཆོག་ཐུགས་ཁྲོས་ནས་ཁྱོད་ཚོར་ཆད་པ་གཏོང་གནང་བར་འགྱུར་ཞེས་གསུངས་སོ། 12བྱང་ཕྱོགས་རྒྱལ་ཁབ་ཏུ་གནས་ཡོད་མི་སྣ་བཞི་ཡེ་ཧོ་ཧ་ནན་གྱི་བུ་ཨ་ཛར་ཡཱ་དང་། མེ་ཤི་ལི་མོདའི་བུ་བྷེ་རེ་ཀི་ཡཱ་དང་ཤལ་ལུམ་གྱི་བུ་ཡེ་ཧིཛ་ཀི་ཡཱ་དང་། ཧད་ལའི་བུ་ཨ་མ་ས་བཅས་ཀྱིས་ཀྱང་དམག་མིའི་ཚོའི་བྱ་སྤྱོད་ལ་ངོ་རྒོལ་བྱས་སོ། 13དེ་ཚོས་བཙོན་པ་དེ་ཚོ་འདིར་འཁྲིད་མ་ཡོང་ཞིག ང་ཚོས་ཐོག་མ་ནས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་དང་། ཁོང་གིས་ང་ཚོར་ཆད་པ་གཏོང་བའི་ཕྱིར་ཁོང་གི་ཐུགས་ཁྲོ་དཀྲུགས་ཡོད། ད་ཆ་ཁྱོད་ཚོས་ཉེས་པ་དེ་ལས་ཆེ་བར་འགྲོ་བའི་བྱ་བ་བྱ་འདོད་ཡོད་དམ་ཞེས་གསུངས་སོ། 14དེ་འདྲ་སོང་ཙང་དམག་མི་ཚོས་བཙོན་པ་དང་བཅོམ་ནོར་རྣམས་མི་མང་དང་དེ་ཚོའི་འགོ་འཛིན་ཚོར་རྩིས་འབུལ་ཞུས་སོ། 15དེ་ཚོས་བཙོན་པ་ཚོར་གོས་དང་བཅོམ་ནོར་རྣམས་སྤྲོད་མཁན་དུ་མི་བཞི་པོ་དེ་ལ་བསྐོས་སོ། དེ་ཚོས་དེ་ཚོ་ལ་གྱོན་གོས་དང་ལྷམ་དང་ཟ་འཐུང་འདང་ངེ་སྤྲད་པ་དང་། དེ་ཚོའི་རྨ་ལ་སྐྱུ་རུའི་སྣུམ་བྱུགས་སོ། གོམ་པ་རྒྱབ་མི་ཐུབ་མཁན་ཚོར་བོང་བུའི་ཐོག་སྐྱོན་ནས་བཙོན་པ་ཚང་མ་ཡ་ཧུ་དཱ་པའི་མངའ་ཁུལ་ཁ་ཟུར་ཤིང་གི་གྲོང་ཁྱེར་ཡེ་རི་ཀོ་ལ་ཕྱིར་ལོག་འཁྲིད་དོ། དེ་ནས་ཨིསི་རཱཨེལ་པ་ཚོ་རང་གི་ཡུལ་ས་མར་ཡ་རུ་ཕྱིར་ལོག་གོ།

ཨ་ཧཛས་ཨ་སུར་པ་ཚོར་རོགས་རམ་ཆེད་དུ་འབོད་བསྐུལ།

(༢ རྒྱལ་རབས་ ༡༦:༧-༩)

16-17ཨེ་དྷོམ་པ་ཚོས་ཡང་སྐྱར་ཡ་ཧུ་དཱར་བཙན་འཛུལ་བྱས་ནས་བཙོན་པ་མང་པོར་འཛིན་བཟུང་བྱས་པར་བརྟེན། རྒྱལ་པོ་ཨ་ཧཛས་ཨ་སིར་ཡའི་རྒྱལ་པོ་ཆེན་པོ་ཏིག་ལད་པི་ལེ་སེར་རོགས་རམ་གནང་བར་འབོད་བསྐུལ་ཞུས་སོ། 18དུས་སྐབས་དེར་ཕེ་ལེ་ཤེད་པ་ཚོ་ཡང་ནུབ་ཕྱོགས་རི་གཤམ་གྱི་གྲོང་ཁྱེར་ཁག་དང་། ཡ་ཧུ་དཱ་པའི་ལྷོ་ཕྱོགས་ཁུལ་དུ་བཙན་འཛུལ་བྱས་སོ། དེ་ཚོས་གྲོང་ཁྱེར་བྷེད་ཤེ་མེཤི་དང་ཨེ་ཡ་ལོན་དང་གྷེ་དེ་རོད་དང་གྲོང་ཁྱེར་སོ་ཀོ་དང་ཏིམ་ནཱ་དང་གྷིམ་ཛོ་བཅས་གྲོང་གསེབ་ཁག་དབང་བཟུང་བྱས་ནས་དེར་གཏན་འཇགས་གཞིས་ཆགས་སོ། 19ཡ་ཧུ་དཱ་པའི་རྒྱལ་པོ་ཨ་ཧཛས་རང་གི་མི་མང་ཚོའི་ཐོབ་ཐང་ལ་བརྩི་མེད་བྱས་པ་དང་གཙོ་བོ་དཀོན་མཆོག་ལ་ངོ་རྒོལ་བྱས་སྟབས། གཙོ་བོ་དཀོན་མཆོག་གིས་ཡ་ཧུ་དཱ་པར་དཀའ་ངལ་དེ་ཚོ་གནང་ངོ་། 20ཨ་སུར་པའི་རྒྱལ་པོ་ཆེན་པོས་ཨ་ཧཛ་ལ་རོགས་བྱེད་རྒྱུའི་ཚབ་ལ་ངོ་རྒོལ་གནང་ནས་དཀའ་ངལ་མང་པོ་བཟོས་སོ། 21དེ་འདྲ་སོང་ཙང་ཨ་ཧཛས་མཆོད་ཁང་དང་ཕོ་བྲང་དང་མི་མང་ཚོའི་འགོ་འཛིན་ཚོའི་ཁྱིམ་ནས་གསེར་བླངས་ནས་རྒྱལ་པོ་དེ་ལ་ཕུལ་ན་ཡང་དེས་ཕན་ཐོག་གང་ཡང་མ་བྱུང་ངོ་༎

ཨ་ཧཛའི་སྡིག་པ་རྣམས།

22ཁོང་ལ་དཀའ་ངལ་ཁག་ཅི་ཆེའི་སྐབས། ཨ་ཧཛས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་དེ་ལས་ལྷག་པ་བྱས་ཡོད་དོ། 23ཁོང་གིས་རང་ཉིད་ལ་ཕམ་པར་བྱེད་མཁན་སི་རི་ཡ་པའི་ལྷ་ཚོར་མཆོད་པ་ཕུལ་ལོ། སི་རི་ཡ་པའི་ལྷ་ཚོས་སི་རི་ཡའི་རྒྱལ་པོ་ཚོར་རོགས་གནང་གི་ཡོད་སྟབས། ཁོང་གིས་ང་ཚོས་དེ་ཚོ་ལ་མཆོད་ན་ང་ཚོ་ལ་ཡང་རོགས་གནང་སྲིད་ཀྱི་རེད་ཅེས་གསུངས་སོ། དེས་ཁོང་དང་ཁོང་གི་རྒྱལ་ཁབ་ལ་རྐྱེན་ངན་འཁྱེར་ཡོང་ངོ་། 24དེའི་རྗེས་སུ་ཁོང་གིས་མཆོད་ཁང་གི་ཡོ་བྱད་རྣམས་འཁྱེར་ནས་དུམ་བུར་བཅག་སྟེ། མཆོད་ཁང་གི་སྒོ་རྒྱབ་པ་དང་། ཡེ་རུ་ཤ་ལེམ་གྱི་ས་ཁུལ་ཡོངས་སུ་མཆོད་ཁྲི་བརྩིགས་སོ། 25ཡེ་རུ་ཤ་ལེམ་གྱི་གྲོང་དང་གྲོང་ཁྱེར་ཚང་མར་ཁོང་གིས་ཕྱི་པའི་ལྷ་ལ་མཆོད་ཡུལ་བཞེངས་པ་དང་། ཕྱི་པའི་ལྷ་ཚོར་སྤོས་བདུག་གོ དེ་ལྟར་ཁོང་གིས་གཙོ་བོ་དཀོན་མཆོག་རང་གི་ཕ་མེས་ཚོའི་དཀོན་མཆོག་གི་ཐུགས་དགོངས་དཀྲུགས་ཡོད་དོ། 26ཁོང་གི་སྲིད་སྐྱོང་སྐབས་ཀྱིིི་གནས་ཚུལ་གཞན་འགོ་ནས་འཇུག་བར་ཡ་ཧུ་དཱ་དང་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 27རྒྱལ་པོ་ཨ་ཧཛ་གྲོངས་པ་དང་ཡེ་རུ་ཤ་ལེམ་དུ་སྦས་སོ། འོན་ཀྱང་རྒྱལ་པོའི་དུར་ཁང་ནང་སྦས་མེད་དོ། ཁོང་གི་སྲས་ཧེ་ཛི་ཀི་ཡཱ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

སྔོན་རབས་གཉིས་པ། 29

ཡ་ཧུ་དཱ་པའི་རྒྱལ་པོ་ཧེ་ཛི་ཀི་ཡཱ།

(༢ རྒྱལ་རབས་ ༡༨:༡-༣)

1ཧེ་ཛི་ཀི་ཡཱ་དགུང་ལོ་ཉི་ཤུ་རྩ་ལྔར་ཕེབས་སྐབས་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་བ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་ཉི་ཤུ་རྩ་དགུའི་རིང་རྒྱལ་སྲིད་བསྐྱངས་སོ། ཁོང་གི་ཡུམ་ནི་ཛེ་ཀར་ཡཱའི་བུ་མོ་ཨ་བྷི་ཡཱ་ཟེར་བ་དེ་ཡིན་ནོ། 2ཁོང་གི་མེས་པོ་རྒྱལ་པོ་དཱ་བིད་ཀྱི་རྗེས་སུ་འཇུག་གནང་ནས། ཁོང་གིས་གཙོ་བོ་དཀོན་མཆོག་གིས་ཐུགས་མཉེས་པ་འབའ་ཞིག་གནང་ཡོད་དོ༎

མཆོད་ཁང་གཙང་མར་མཛད་པ།

3ཧེ་ཛི་ཀི་ཡཱ་རྒྱལ་པོར་འགྱུར་བའི་ལོ་དང་པོའི་ཟླ་བ་དང་པོའི་རྗེས་སུ། ཁོང་གིས་མཆོད་ཁང་གི་རྒྱལ་སྒོ་ཁག་ཡང་སྐྱར་སྒོ་ཕྱེས་ནས་དེ་ཚོ་ཉམས་གསོ་བྱས་སོ། 4ཁོང་གིས་བླ་མ་དང་ལེ་ཝི་པ་ཁག་གཅིག་མཆོད་ཁང་གི་ཤར་ཕྱོགས་ཀྱི་ཁྱམས་རར་འཛོམས་བཅུག་ནས། 5ཁོང་གིས་དེ་ཚོ་ལ་བཀའ་གནང་བར། ལེ་ཝི་པ་ཁྱོད་ཚོས་ཁྱེད་རང་ཚོ་དམ་པའི་ཁྲུས་བྱས་ནས། ཁྱོད་རང་ཚོའི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་མཆོད་ཁང་གཙང་མ་བཟོས་དགོས་སོ། མཆོད་ཁང་ནང་གྲིབ་ཅན་མི་གཙང་བ་ཡོད་པ་རྣམས་ཕྱིར་འབུད་བྱོས་ཤིག 6ང་ཚོའི་ཕ་མེས་ཚོས་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་དམ་ཚིག་གཙང་མ་བྱས་མེད་པ་དང་། ཁོང་གིས་ཐུགས་མ་མཉེས་པ་འབའ་ཞིག་བྱས་ནས། དེ་ཚོས་ཁོང་ལ་སྤངས་པ་དང་ཁོང་བཞུགས་ཡུལ་དུ་རྒྱབ་བསྟན་ཡོད་དོ། 7དེ་ཚོས་མཆོད་ཁང་གི་སྒོ་རྒྱབ་པ་དང་མཆོད་མེ་དཀྲོང་བཅུག་པ་དང་། ཨིསི་རཱཨེལ་གྱི་དཀོན་མཆོག་གི་མཆོད་ཁང་ནང་སྤོས་མ་བདུག་པ་དང་མཆོད་པ་ཕུལ་མེད་པ་དང་། 8དེེའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་ཡ་ཧུ་དཱ་པ་དང་ཡེ་རུ་ཤ་ལེམ་པ་ཚོར་ཐུགས་ཁྲོས་ཡོད་པ་དང་། ཁོང་གིས་དེ་ཚོ་ལ་ཇི་གནང་བ་ལ་ཚང་མས་ཧང་སང་བ་དང་འཇིགས་སྐྲག་སྐྱེས་ཡོད་དོ། དེ་ནི་ཁྱོད་ཚོས་གསལ་པོ་ཤེས་ཀྱི་ཡོད་དོ། 9ང་ཚོའི་ཕ་ཚོར་དམག་སར་བསད་པ་དང་ང་ཚོའི་ཆུང་མ་དང་བུ་ཕྲུག་ཚོ་བཙོན་དུ་འཁྲིད་ཡོད་དོ། 10ངས་ཁོང་གི་ཐུགས་ཁྲོ་བ་དེ་ཞི་བར་བྱེད་པའི་ཆེད། གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་དང་མཉམ་དུ་དམ་བཅའ་ཞིག་འཇོག་རྒྱུ་ཡིན་ནོ། 11ངའི་བུ་ཚོ་དུས་ཚོད་ཆུད་ཟོས་སུ་མ་གཏོང་ཞིག ཁྱོད་ཚོ་གཙོ་བོ་དཀོན་མཆོག་ལ་སྤོས་བདུག་པ་དང་མི་མང་ཚོས་ཁོང་ལ་མཆོད་པར་སྣེ་འཁྲིད་བྱ་མཁན་དུ་འདམས་པ་ཡིན་ཞེས་གསུངས་སོ། 12-14དེར་གཤམ་གསལ་གྱི་ལེ་ཝི་པ་ཚོ་ཡང་ཡོད་དོ། ཀོ་ཧདའི་རིགས་རུས་ནས་ཨ་མ་སེའི་བུ་མ་ཧད་དང་ཨ་ཛར་ཡཱའི་བུ་ཡོ་ཨེལ་དང་། མེ་ར་རིའི་རིགས་རུས་ནས་ཛབ་དཱིའི་བུ་ཀིཤེ་དང་ཡེ་ཧ་ལེ་ལེལ་གྱི་བུ་ཨ་ཛར་ཡ་དང་། གྷེར་ཤོན་གྱི་རིགས་རུས་ནས་ཛིམ་ནའི་བུ་ཡོ་ཨ་དང་ཡོ་ཨའི་བུ་ཨེ་དྷེན་དང་། ཨེ་ལི་ཛ་ཕན་གྱི་རིགས་རུས་ནས་ཤིམ་རི་དང་ཡུ་ཨེལ། ཨ་སཕེ་ཀྱི་རིགས་རུས་ནས་ཛ་ཀར་ཡཱ་དང་མ་ཏན་ཡཱ་དང་། ཧེ་མན་གྱི་རིགས་རུས་ནས་ཡེ་ཧུ་ཨེལ་དང་ཤིམ་ཨི་དང་། ཡེ་དུ་ཐུན་གྱི་རིགས་རུས་ནས་ཤེ་མ་ཡཱ་དང་ཨུ་ཛི་ཨེལ་བཅས་ཡིན་ནོ། 15མི་དེ་ཚོས་རང་གི་སྤུན་ལེ་ཝི་པ་རྣམས་བསྡུས་ནས་དེ་ཚོ་ཚང་མ་ཆོ་གའི་སྒོ་ནས་གཙང་མ་བཟོས་སོ། དེ་ནས་དེ་ཚོ་ལ་རྒྱལ་པོས་ཇི་ལྟར་བྱེད་དགོས་པའི་བཀའ་གནང་བ་ལྟར། གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་བཞིན་མཆོད་ཁང་དེ་ཚོ་ཆོ་གའི་སྒོ་ནས་གཙང་མ་བཟོས་སོ། 16བླ་མ་ཚོ་མཆོད་ཁང་ནང་གཙང་མ་བཟོ་བར་ཕེབས་པ་དང་། མཆོད་ཁང་གི་ཁྱམས་རའི་ནང་ཆོ་ག་ལྟར་གྲིབ་ཅན་ཡིན་པ་རྣམས་ཕྱིར་འདོན་གནང་ནས། ལེ་ཝི་པ་ཚོས་དེ་ཚོ་གྲོང་གྱི་ཕྱིར་ལོག་ཀིད་རོན་གྱི་ལུང་གཤོང་དུ་འཁྱེར་རོ། 17ཟླ་བ་དང་པོའི་ཚེས་གཅིག་ཉིན་ལས་འགོ་འཛུགས་པ་དང་། ཚེས་བརྒྱད་པར་དེ་ཚོས་མཆོད་ཁང་གི་འཛུལ་སྒོའི་ཁང་མིག་དང་བཅས་ཚང་མ་སྒྲུབ་བོ། དེ་ནས་དེ་ཚོས་ཟླ་བ་དེའི་ཚེས་བཅུ་དྲུག་བར་ཉིན་བརྒྱད་མཆོད་ཁང་ནང་མཆོད་འབུལ་འཕར་མ་གྲ་སྒྲིགས་ཀྱི་ཕྱག་ལེན་གནང་ངོ་༎

མཆོད་ཁང་ལ་ཡང་སྐྱར་བསྔོ་འབུལ་བྱེད་པ།

18ལེ་ཝི་པ་ཚོས་རྒྱལ་པོ་ཧེ་ཛི་ཀི་ཡཱ་ལ་གཤམ་གསལ་ལྟར་སྙན་གསེང་ཞུས་པ། ང་ཚོས་མཆོད་ཁང་ཡོངས་རྫོགས་དང་སྦྱིན་སྲེག་ཕུལ་བའི་མཆོད་ཁྲི་དང་། དམ་པའི་བཞེས་བག་གི་གསོལ་ལྕོག་དང་། གཞན་ཡོ་བྱད་ཡོངས་རྫོགས་ཆོ་ག་ལྟར་གཙང་མ་ལེགས་པར་ཟིན་པ་ཡིན་ཞེས་ཞུས་སོ། 19ང་ཚོས་རྒྱལ་པོ་ཨ་ཧཛ་དཀོན་མཆོག་གི་ཕྱོགས་སུ་དམ་ཚིག་མི་གཙང་བའི་དུས་སུ་འཁྱེར་བའིི་ཡོ་བྱད་ཚང་མ་སྐྱར་དུ་ཕྱིར་ལོག་འཁྱེར་ཡོང་ནས་དེ་ཚོ་ཚང་མ་སྐྱར་དུ་བསྔོ་འབུལ་བྱས་པ་ཡིན། དེ་རྣམས་གཙོ་བོ་དཀོན་མཆོག་གི་མཆོད་ཁྲིའི་མདུན་དུ་ཡོད་ཅེས་སོ། 20རྒྱལ་པོ་ཧེ་ཛི་ཀི་ཡཱས་དུས་ཚོད་འགོར་པོ་མ་གནང་བར་གྲོང་ཁྱེར་གྱི་གནས་ཡོད་མི་སྣ་རྣམས་འཛོམས་བཅུག་ནས། དེ་ཚོ་དང་མཉམ་དུ་མཆོད་ཁང་དུ་ཕེབས་སོ། 21རྒྱལ་པོའི་ཁྱིམ་ཚང་དང་ཡ་ཧུ་དཱ་པའི་མི་མང་རྣམས་ཀྱི་སྡིག་པ་སེལ་བ་དང་། མཆོད་ཁང་གཙང་མ་བཟོ་བའི་མཆོད་པའི་ཆེད་ཁོང་ཚོས་བ་གླང་བདུན་དང་། ལུག་བདུན་དང་། ལུག་གུ་བདུན་དང་། ར་བདུན་བཅས་འཁྲིད་ནས། རྒྱལ་པོས། ཨ་རོན་གྱི་རིགས་བརྒྱུད་ཀྱི་བླ་མ་ཚོར་མཆོད་ཁྲིར་སེམས་ཅན་དེ་ཚོ་དམར་མཆོད་ཕུལ་དགོས་པའི་བཀའ་གནང་ངོ་། 22བླ་མ་ཚོས་དང་པོ་བ་གླང་བསད་པ་དང་། དེ་ནས་ལུག་དང་ལུག་གུ་བཅས་རིམ་བཞིན་བསད་ནས་དམར་མཆོད་རེ་རེའི་ཁྲག་མཆོད་ཁྲིའི་སྟེང་སྟོར་རོ། 23མཐའ་མར་ཁོང་ཚོས་ར་དེ་ཚོ་རྒྱལ་པོ་དང་གཞན་མཆོད་ཁན་ཚོའི་སར་འཁྲིད་ནས་ཁོ་ཚོས་དེ་ཚོའི་སྟེང་ལག་པ་བཞག་གོ 24དེ་ནས་བླ་མ་ཚོས་ར་རྣམས་བསད་ནས་མི་མང་རྣམས་ཀྱི་སྡིག་པ་སེལ་བའི་མཆོད་པར་དེ་ཚོའི་ཁྲག་མཆོད་ཁྲིའི་སྟེང་གཤོས་སོོ། གང་ཡིན་ཟེར་ན། རྒྱལ་པོས་ཨིསི་རཱཨེལ་པ་ཡོངས་ཀྱི་ཆེད་དུ་སྦྱིན་སྲེག་གི་མཆོད་པ་དང་སྡིག་པའི་ཆེད་མཆོད་པ་ཕུལ་དགོས་པའི་བཀའ་གནང་ཡོད་དོ། 25གཙོ་བོ་དཀོན་མཆོག་གིས། རྒྱལ་པོ་དཱ་བིད་ལ་རྒྱལ་པོའི་ལུང་སྟོན་པ་གྷཌ་དང་ལུང་སྟོན་པ་ན་ཐན་བརྒྱུད་སློབ་སྟོན་གནང་བ་ལྟར་རྒྱལ་པོས་མཛད་ནས། ཁོང་གིས་ལེ་ཝི་པ་ཚོ་ལ་པི་ཝང་དང་སྦུག་ཆལ་བཅས་མཉམ་དུ་མཆོད་ཁང་ནང་ལངས་བཅུག་གོ 26རོལ་མོའི་ཡོ་བྱད་ནི་རྒྱལ་པོ་དཱ་བིད་ཀྱིས་བེད་སྤྱོད་གནང་བ་ལྟར་ཡོད། དེར་བླ་མ་ཚོས་ཡང་དུང་ཆེན་འཁྱེར་ནས་ལངས་བ་ཡང་ཡོད་དོ། 27ཧེ་ཛི་ཀི་ཡཱས་སྦྱིན་སྲེག་གི་མཆོད་པ་འཁྱེར་ཡོང་དགོས་པའི་བཀའ་གནང་བ་དང་། མཆོད་པ་ཕུལ་སྐབས་མི་མང་ཚོས་གཙོ་བོ་དཀོན་མཆོག་ལ་བསྟོད་པའི་མགུར་མ་ཕུལ་ནས། རོལ་མོ་མཁན་ཚོས་དུང་ཆེན་དང་གཞན་རོལ་མོའི་ཡོ་བྱད་ཚང་མ་བཏང་འགོ་ཚུགས་སོ། 28དེར་ཡོད་པའི་མི་མང་རྣམས་ནས་མཆོད་འབུལ་བྱས་པ་དང་མགུར་མ་ལེན་པར་མཉམ་བཞུགས་བྱས་པ་དང་། རོལ་མོ་ཁག་དམར་མཆོད་རྣམས་མ་འཚིག་བར་དུ་མུ་མཐུད་ནས་བཏང་ངོ་། 29དེ་ནས་རྒྱལ་པོ་ཧེ་ཛི་ཀི་ཡཱ་དང་མི་མང་རྣམས་ནས་པུས་མོ་བཙུགས་ནས་དཀོན་མཆོག་ལ་མཆོད་དོ། 30རྒྱལ་པོ་དང་མི་མང་གི་འགོ་འཛིན་ཚོས། ལེ་ཝི་པ་ཚོར་གཙོ་བོ་དཀོན་མཆོག་ལ་བསྟོད་པའི་མགུར་མ་རྣམས་རྒྱལ་པོ་དཱ་བིད་དང་ལུང་སྟོན་པ་ཨ་སཕེ་ཀྱིས་བྲིས་གནང་བ་རྣམས་གཏོང་ཞིག་གསུངས་སོ། དེ་ནས་ཚང་མས་པུས་མོ་བཙུགས་ནས་དཀོན་མཆོག་ལ་མཅོད་པ་དང་དགའ་སྤྲོའི་ངང་མགུར་མ་བཏང་ངོ་། 31ཧེ་ཛི་ཀི་ཡཱས་མི་མང་ཚོ་ལ། ད་ཁྱོད་ཚོ་ཆོ་ག་ལྟར་གཙང་མ་ཡིན་པས་གཙོ་བོ་དཀོན་མཆོག་ལ་བཀའ་འདྲིན་གཏང་རག་གི་ཆེད་འབུལ་བའི་མཆོད་པ་རྣམས་འཁྱེར་ཤོག་ཅེས་གསུངས་སོ། དེ་ལྟར་དེ་ཚོས་ཉན་ནས་འགའ་ཤས་ཀྱི་དང་བླང་ཐོག་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་པ་ཕུལ་བའི་སེམས་ཅན་འཁྱེར་ཡོང་ངོ་། 32དེ་ཚོས་སྦྱིན་སྲེག་གི་མཆོད་པའི་ཆེད་དུ་གླང་བདུན་ཅུ་དང་ལུག་ ༡༠༠ དང་ལུག་གུ་ ༢༠༠ བཅས་འཁྱེར་ཡོང་ངོ་། 33དེ་ཚོས་མི་མང་གི་ཟ་བའི་ཆེད་མཆོད་པར་གླང་ ༦༠༠ དང་ལུག་ ༣,༠༠༠ ཡང་འཁྱེར་ཡོང་ངོ་། 34སེམས་ཅན་དེ་ཚོ་ཚང་མ་གསོད་པའི་བླ་མ་ལྡང་བ་མེད་སྟབས་ལས་ཀ་མ་ཚར་བར་དུ་ལེ་ཝི་པ་ཚོས་རོགས་བྱས་སོ། སྐབས་དེར་བླ་མ་མང་པོས་གཙང་མའི་ཁྲུས་བྱས་ཡོད་དོ། (ལེ་ཝི་པ་ཚོ་ཆོ་ག་བཞིན་གཙང་མ་བྱ་རྒྱུར་བླ་མ་གཞན་ལས་ཀྱང་དམ་ཚིག་ཅན་ཡོད་དོ།) 35བླ་མ་ཚོར་མཆོད་པ་ཆ་ཚང་བསྲེག་ནས་ཕུལ་རྒྱུའི་ཐོག་མི་མང་གི་ཟ་བའི་མཆོད་པའི་ཚིལ་ལུ་ཕུལ་རྒྱུ་དང་། སྦྱིན་སྲེག་གི་མཆོད་པ་མཉམ་དུ་ཕུལ་བའི་རྒུན་ཆང་བླུག་རྒྱུའི་ལས་འགན་ཡང་ཡོད་དོ། དེ་ལྟར་མཆོད་ཁང་དུ་མཆོད་རྒྱུ་དེ་ཡང་སྐྱར་འགོ་ཚུགས་སོ། 36རྒྱལ་པོ་ཧེ་ཛི་ཀི་ཡཱ་དང་མི་མང་རྣམས་དགའ་སྤྲོའི་ངང་གནས་ཡོད། གང་ལ་ཟེར་ན། དཀོན་མཆོག་གི་དེ་ཚོ་ཚང་མ་མགྱོགས་པོ་བྱ་རྒྱུར་ཁོང་ཚོར་རོགས་གནང་ངོ་༎

སྔོན་རབས་གཉིས་པ། 30

ཐར་གྲོལ་གྱི་དུས་སྟོན་གྱི་ཆེད་དུ་གྲ་སྒྲིགས།

1-3མི་མང་ཚོས་ཐར་གྲོལ་གྱི་དུས་སྟོན་དེ་ཟླ་བ་དང་པོར་དུས་སྐབས་སུ་སྲུང་ཐུབ་མེད་དོ། གང་ལ་ཟེར་ན། ཆོ་ག་ལྟར་བླ་མ་རྣམས་གཙང་མ་མེད་པ་དང་། མི་མང་ཁྱོན་ཆེ་ཡེ་རུ་ཤ་ལེམ་དུ་འཛོམས་ཐུབ་མེད་དོ། དེ་འདྲ་སོང་ཙང་རྒྱལ་པོ་ཧེ་ཛི་ཀི་ཡཱ་དང་ཁོང་གི་ལས་བྱེད་པ་ཚོ་དང་། ཡེ་རུ་ཤ་ལེམ་གྱི་མི་མང་ཚོས་ཟླ་བ་གཉིས་པར་སྲུང་བརྩི་བྱ་རྒྱུའི་མོས་མཐུན་བྱུང་བ་དང་། རྒྱལ་པོས་ཨིསི་རཱཨེལ་དང་ཡ་ཧུ་དཱ་པའི་མི་མང་ཡོངས་ལ་དེ་ལྟར་ལོན་བཏང་ངོ་། རྒྱལ་པོས་ཨབ་ར་ཡིམ་དང་མ་ནསེ་སཱེའི་སྡེ་རིགས་ཚོའི་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་གུས་ཞབས་ཀྱི་ཆེད་དུ། ཐར་གྲོལ་གྱིི་དུས་སྟོན་སྲུང་ཆེན་སྲུང་རྒྱུར་ཡེ་རུ་ཤ་ལེམ་དུ་གདན་ཞུའི་ཕྱག་བྲིས་གཏོང་གནང་རྒྱུའི་དམིགས་བསལ་ཐུགས་འཁུར་བཞེས་སོ། 4འཆར་གཞི་དེ་ལ་རྒྱལ་པོ་དང་མི་མང་རྣམས་དགའ་མོས་བྱུང་ངོ་། 5དེ་ཚོས་ཨིསི་རཱཨེལ་དང་བྱང་ཕྱོགས་དཱན་ནས་ལྷོ་ཕྱོགས་བྷིར་ཤེ་བྷ་བར་ཚང་མ་བཀའ་ཁྲིམས་ལྟར་ཐར་གྲོལ་གྱི་དུས་སྟོན་ཆེད་ཡེ་རུ་ཤ་ལེམ་དུ་སྔར་ལས་འདུ་ཚོགས་ཆེན་པོས་སྲུང་བརྩི་གནང་རྒྱུར་གདན་ཞུ་གནང་ངོ་། 6བང་ཆེན་རྣམས་རྒྱལ་པོ་དང་ཁོང་གི་ལས་བྱེད་པ་ཚོའི་བཀའ་ལྟར་ཡ་ཧུ་དཱ་དང་ཨིསི་རཱཨེལ་ཡོངས་སུ་གཤམ་གསལ་མགྲོན་བརྡ་དང་མཉམ་དུ་ཐོན་ནོ། ཨིསི་རཱཨེལ་གྱི་མི་མང་ཚོ་ཨ་སུར་པའི་ཁྱོད་ཚོའི་ཡུལ་བཙན་འཛུལ་བྱས་པ་ལས་ཁྱོད་ཚོ་ཐར་ཡོད། ད་ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་སར་ཚུར་ལོག་ཅིག ཁོང་ཡང་ཁྱོད་ཚོའི་སར་ཕེབས་ཡོང་ངོ་། 7ཁྱོད་ཚོའི་ཕ་མེས་ཚོ་དང་ཁྱོད་ཚོའི་སྤུན་ཟླ་ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་ཁོ་ཚོའི་དཀོན་མཆོག་ལ་དམ་ཚིག་མི་གཙང་བ་ལྟར་ཁྱོ་ཚོས་མ་བྱེད་ཅིག ཁྱོད་ཚོས་མཐོང་བ་ལྟར་ཁོང་གིས་དེ་ཚོ་ལ་ཆད་པ་ཚབ་ཆེ་གཏོང་གནང་ཡོད་དོ། 8ཁྱོད་ཚོ་ལ་ཁོ་ཚོ་ལྟར་གྱོང་པོ་མ་བྱས་པར་གཙོ་བོ་དཀོན་མཆོག་གི་བཀའ་ཉོན་ཞིག གཙོ་བོ་དཀོན་མཆོག་གིས་གཏན་གྱི་ཕྱིར་དམ་པར་མཛད་པའི་ཡེ་རུ་ཤ་ལེམ་གྱི་མཆོད་ཁང་དེར་ཡོང་ནས་ཁོང་ལ་མཆོད་ཅིག དེ་བས་ན་ཁོང་ཁྱོད་ཚོར་མུ་མཐུད་ནས་ཐུགས་ཁྲོ་བར་མི་མཛད་དོ། 9ཁྱོད་ཚོ་ཁོང་གི་སར་ཕྱིར་ལོག་པ་ཡིན་ན། ཁྱོད་ཚོའི་སྤུན་བཙོན་པར་འཁྲིན་མཁན་ཚོས་དེ་ཚོ་ལ་སྙིང་རྗེ་སྐྱེས་ནས་ཁྱོད་ཚོའི་སར་ཁྱིམ་དུ་ལོག་བཅུག་པར་བྱའོ། ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ནི་བྱམས་པ་དང་སྙིང་རྗེ་ཅན་ཡིན་པ་དང་། ཁྱོད་ཚོ་ཁོང་གི་སར་ལོག་པ་ཡིན་ན་ཁོང་གིས་ཁྱོད་ཚོ་ལ་ངོས་ལེན་གནང་གི་རེད་ཅེས་བཀོད་ཡོད་དོ། 10བང་ཆེན་རྣམས་ཨེཕ་ར་ཡིམ་དང་མ་ནསེ་སཱེའི་སྡེ་རིགས་ཀྱི་གྲོང་ཁྱེར་ཚང་མ་དང་བྱང་ཛེ་བུ་ལུན་གྱི་སྡེ་རིགས་ཀྱི་མངའ་ཁུལ་བཅས་པར་ཕྱིན་པ་དང་། འོན་ཀྱང་མི་མང་ཚོས་ཁོ་ཚོར་གད་མོ་གད་པ་དང་ཁྱད་གསོས་བྱས་སོ། 11འོན་ཀྱང་ཨ་ཤེར་དང་མ་ནསེ་སཱེ་དང་ཛེ་བུ་ལུན་སྡེ་རིགས་འགའ་ཤས་ཡེ་རུ་ཤ་ལེམ་དུ་ཡོང་འདོད་ཡོད་དོ། 12དཀོན་མཆོག་ཀྱང་ཡ་ཧུ་དཱར་ཕྱག་ལས་གནང་བཞིན་ཡོད་པ་དང་། མི་མང་ཡོངས་ནས་རྒྱལ་པོ་དང་འགོ་འཛིན་ཚོའི་བཀའ་ལ་ཉན་ནས་ཁོང་གི་ཐུགས་དགོངས་སྒྲུབ་རྒྱུར་གཅིག་སྒྲིལ་བྱས་རྒྱུར་ཁོང་གིས་བཟོས་གནང་ངོ་༎ 13ཟླ་བ་གཉིས་པར་སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་སྲུང་བརྩི་ཞུ་བར་ཡེ་རུ་ཤ་ལེམ་དུ་མི་མང་གྲངས་འབོར་ཆེན་པོ་འཛོམས་སོ། 14དེ་ཚོ་ཡེ་རུ་ཤ་ལེམ་དུ་དམར་མཆོད་ཕུལ་བྱེད་དང་སྤོས་བདུག་པའི་མཆོད་ཁྲི་བེད་སྤྱོད་བྱ་བ་རྣམས་བླང་ནས་ཀིད་རོན་ལུང་གཤོང་དུ་དབྱུགས་སོ། 15དེ་ནས་ཟླ་བ་དེའི་ཚེས་བཅུ་བཞིའི་ཉིན་དེ་ཚོས་ཐར་གྲོལ་གྱི་དུས་སྟོན་ཆེད་ལུ་གུ་རྣམས་བསད་དོ། བླ་མ་དང་ལེ་ཝི་པ་ཆོ་ག་ལྟར་གཙང་མ་མིན་པ་རྣམས་ཤིན་ཏུ་ངོ་ཚ་བའི་སྟབས། དེ་ཚོ་རང་རང་གིས་གཙོ་བོ་དཀོན་མཆོག་ལ་བསྔོས་པ་དང་། དེ་ནས་དེ་ཚོས་རང་གི་རང་ལ་གཙང་མ་བཟོས་ནས་མཆོད་ཁང་ནང་སྦྱིན་སྲེག་གི་མཆོད་པ་ཕུལ་ཐུབ་པར་འགྱུར་རོ། 16དེ་ཚོས་དཀོན་མཆོག་གི་སྐྱེ་བོ་མོ་ཤེའི་བཀའ་ཁྲིམས་ཀྱི་སློབ་སྟོན་བཞིན་མཆོད་ཁང་ནང་རང་གི་སྡོད་གནས་སུ་བསྡད་དོ། ལེ་ཝི་པ་ཚོས་དམར་མཆོད་རྣམས་ཀྱི་ཁྲག་བླ་མ་ཚོར་ཕུལ་བ་དང་ཁོང་ཚོས་དེ་ཚོ་མཆོད་ཁྲིའི་སྟེང་སྟོར་རོ། 17མི་མང་པོ་ཆོ་ག་ལྟར་གཙང་མ་མིན་སྟབས། དེ་ཚོས་ཐར་གྲོལ་གྱི་ལུ་གུ་རྣམས་གསོད་མི་ཆོག་པས་ལེ་ཝི་པ་ཚོས་ཁོ་ཚོའི་ཚབ་བྱས་ནས་ལུ་གུ་དེ་ཚོ་གཙོ་བོ་དཀོན་མཆོག་ལ་བསྔོ་སོ། 18དེའི་ཐོག་ཨེཕ་ར་ཡིམ་དང་མ་ནསེ་སཱེ་དང་ཨི་ས་ཀར་དང་ཛེ་བུ་ལུན་གྱི་སྡེ་རིགས་མང་པོ་ཞིག་གིས་ཆོ་ག་ལྟར་གཙང་མ་གྱིས་མེད་དོ། དེ་ཚོས་ཐར་གྲོལ་གྱི་དུས་སྟོན་དེ་ལུགས་མཐུན་ལྟར་སྲུང་བརྩི་ཞུས་མེད་དོ། དེ་ཚོའི་ཆེད་དུ་རྒྱལ་པོ་ཧེ་ཛི་ཀི་ཡཱས་སྨོན་ལམ་འདི་ལྟར་བཏབ་གནང་ངོ་། 19ཀྱེ་གཙོ་བོ་དཀོན་མཆོག་ང་ཚོའི་ཕ་མེས་ཀྱི་དཀོན་མཆོག་ཁྱེད་ལ་སེམས་ཀྱི་གཏིང་ནས་མཆོད་ཁན་ཚོ་ཆོ་ག་ལྟར་གཙང་མ་མིན་ན་ཡང་། ཁྱེད་ཀྱིས་ཐུགས་བཟང་པོས་དེ་ཚོ་ལ་བཟོད་གསོལ་གནང་རོགས་གནང་ཞེས་སོ། 20གཙོ་བོ་དཀོན་མཆོག་གིས་ཧེ་ཛི་ཀི་ཡཱའི་གསོལ་འདེབས་ལ་གསན་ནས། མི་མང་ལ་གནོད་འཚེ་མ་གནང་བར་བཟོད་གསོལ་གནང་ངོ་། 21ཉིན་བདུན་གྱི་རིང་ཡེ་རུ་ཤ་ལེམ་དུ་འཛོམས་པའི་མི་མང་རྣམས་ནས་རུ་མ་མེད་པའི་བག་ལེབ་ཀྱི་དུས་ཆེན་དེ་དགའ་སྤྲོའི་ངང་སྲུང་བརྩི་ཞུས་པ་དང་། ལེ་ཝི་པ་ཚོ་དང་བླ་མ་ཚོས་ནུས་ཤུགས་ཡོངས་ཀྱིས་གཙོ་བོ་དཀོན་མཆོག་ལ་ཉི་མ་གཅིག་རྗེས་གཉིས་མཐུད་ཀྱིས་བསྟོད་པ་ཕུལ་ལོ། 22ཧི་ཛི་ཀི་ཡཱས་ལེ་ཝི་པ་ཚོས་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་གོ་སྒྲིགས་བྱས་པར་སྦྱོང་དར་ལ་བསྟོད་བསྔགས་གནང་ངོ་༎

དུས་སྟོན་གཉིས་པ།

དེ་ཚོས་གཙོ་བོ་དཀོན་མཆོག་ཕ་མེས་ཀྱི་དཀོན་མཆོག་ལ་ཉིན་བདུན་རིང་བསྟོད་ཅིང་དམར་མཆོད་ཕུལ་བའི་རྗེས་སུ། 23དེ་ཚོས་ཡང་སྐྱར་ཉི་མ་བདུན་རིང་དུས་སྟོན་བྱ་རྒྱུའི་ཐག་གཅོད་བྱས་ནས། དེ་ལྟར་དགའ་སྤྲོའི་ངང་དུས་སྟོན་སྲུང་བརྩི་བྱས་སོ། 24རྒྱལ་པོ་ཧེ་ཛི་ཀི་ཡཱས་བ་གླང་ ༡,༠༠༠ དང་ལུག་ ༧,༠༠༠ བསད་ནས་མི་མང་ལ་ཟ་བའི་ཆེད་ཞལ་འདེབས་གནང་བ་དང་། ལས་བྱེད་པ་ཚོས་ཀྱང་དེ་ཚོ་ལ་བ་གླང་ ༡,༠༠༠ དང་ལུག་ ༡༠,༠༠༠ གནང་ངོ་། བླ་མ་ཁྱོན་ཆེ་བའི་གཙང་སྦྲའི་ཆོ་ག་ལེན་གནང་ངོ་། 25དེ་འདྲ་སོང་ཙང་ཡ་ཧུ་དཱ་པའི་མི་མང་དང་བླ་མ་ཚོ་དང་ལེ་ཝི་པ་ཚོ་དང་བྱང་ཕྱོགས་ནས་ཡོང་བའི་མི་མང་རྣམས་དང་། ཨིསི་རཱཨེལ་དང་ཡ་ཧུ་དཱར་གཏན་དུ་གཞི་ཆགས་ནས་སྡོད་མཁན་གྱི་ཕྱི་རྒྱལ་བ་དང་བཅས་པ་ཚང་མ་དགའ་བར་འགྱུར་རོ། 26ཡེ་རུ་ཤ་ལེམ་གྱི་གྲོང་ཁྱེར་དགའ་སྤྲོས་ཁེངས་ཡོད་དོ། གང་ལ་ཟེར་ན། དཱ་བིད་ཀྱི་སྲས་རྒྱལ་པོ་སོ་ལོ་མོན་གྱི་སྐབས་སུ་ཡང་། དེ་ལྟར་རྩ་བ་ནས་བྱུང་མྱོང་མེད་དོ། 27བླ་མ་ཚོ་དང་ལེ་ཝི་པ་ཚོས་མི་མང་ལ་གཙོ་བོ་དཀོན་མཆོག་ནས་བྱིན་རླབས་ཞུས་སོ། ཁོང་གི་རང་གི་བཞུགས་གནས་མཐོ་རིས་ནས་དེ་ཚོའི་སྨོན་ལམ་གསན་པ་དང་དེ་ཚོ་ལ་དཀོན་མཆོག་གི་ངོས་ལེན་གནང་བར་འགྱུར་རོ༎

སྔོན་རབས་གཉིས་པ། 31

ཧེ་ཛི་ཀི་ཡཱས་ཆོས་ཀྱི་སྒྱུར་བཅོས།

1དུས་སྟོན་རྫོགས་པའི་རྗེས་སུ་ཨིསི་རཱཨེལ་གྱི་མི་མང་རྣམས་ཡ་ཧུ་དཱ་པའི་གྲོང་ཁྱེར་རེ་རེ་ལ་ཕྱིན་ནས་རྡོའི་ཀ་བ་རྣམས་བཅག་པ་དང་། ལྷ་མོ་ཨ་ཤེ་རཱ་ལ་བསྔོ་བའི་འདྲ་སྐུ་རྣམས་བཏུབ་པ་དང་། ཕྱི་པའི་ལྷ་མཆོད་ཡུལ་དང་མཆོད་ཁྲི་རྣམས་མེད་པར་བཟོས་པ་དང་། དེ་ཚོས་ཡ་ཧུ་དཱ་པའི་ས་ཁུལ་ཡོངས་རྫོགས་དང་བྷེན་ཡ་མིན་དང་ཨེཕ་ར་ཡིམ་དང་མ་ནསེ་སཱེའི་མངའ་ཁུལ་ཡོངས་སུ་ཡང་དེ་ལྟར་བྱས་སོ། དེ་ནས་ཚང་མ་རང་རང་གི་ཁྱིམ་དུ་ལོག་གོ 2རྒྱལ་པོ་ཧེ་ཛི་ཀི་ཡཱས་བླ་མ་ཚོ་དང་ལེ་ཝི་པ་ཚོའི་སྒྲིགས་འཛུག་ལ་སྐྱར་བཟོ་གནང་བ་དང་། དེ་ཚོ་རེ་རེར་དམིགས་བསལ་ལས་འགན་རེ་རེ་ཡོད་པ་དང་། ལས་འགན་དེའི་ནང་སྦྱིན་སྲེག་གི་མཆོད་པ་ཕུལ་རྒྱུ་དང་ཐུན་འབྲེལ་གྱི་མཆོད་པ་ཕུལ་རྒྱུ་དང་མཆོད་ཁང་དུ་མཆོད་སྐབས་སྐལ་བ་ལེན་རྒྱུ་དང་། མཆོད་ཁང་གི་ཁང་མིག་འདྲ་མིན་ནང་བསྟོད་པ་ཕུལ་རྒྱུ་དང་ཐུགས་རྗེ་ཞུ་རྒྱུ་བཅས་ཀྱང་ཡོད་དོ། 3ཁོང་རང་གི་ཁྱུ་དང་བ་ཚང་ནང་ནས་སྔ་དགོངས་ཀྱི་སྦྱིན་སྲེག་དང་ངལ་གསོ་བའི་ཞག་ཆེད་དང་ཟླ་བ་གསར་པའི་དུས་ཆེན་གྱི་ཆེད་དང་གཞན་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལྟར་དུས་ཆེན་ཁག་ལ་སེམས་ཅན་རྣམས་གནང་གི་ཡོད་དོ། 4དེའི་ཐོག་རྒྱལ་པོས་ཡེ་རུ་ཤ་ལེམ་གྱི་མི་མང་ལ། བླ་མ་ཚོ་དང་ལེ་ཝི་པ་ཚོས་རང་གི་དུས་ཚོད་ཚང་མ་གཙོ་བོ་དཀོན་མཆོག་གི་ཁྲིམས་ལྟར་ལས་བྱས་པར་བེད་སྤོད་གཏོང་བའི་ཆེད་དེ་ཚོའི་ཐོབ་སྐལ་གྱི་འབུལ་བ་རྣམས་འཁྱེར་ཡོང་དགོས་པའི་བཀའ་གནང་བ་དང་། 5བཀའ་གནང་ཟིན་མ་ཐག་ཏུ་ཨིསི་རཱཨེལ་གྱི་མི་མང་ཚོས་དེ་ཚོའི་འབུལ་བ་བཟང་ཤོས་འབྲུ་དང་རྒུན་ཆང་དང་ཁ་སྐྱུ་པོའི་སྣུམ་དང་སྦྲང་རྩི་དང་གཞན་ཞིང་ཁའི་ལོ་ཐོག་བཅས་དང་དེ་ཚོར་ཡོད་པའི་ཚང་མའི་བཅུ་ཆ་གིཅག་བཅས་འཁྱེར་ཡོང་ངོ་། 6ཡ་ཧུ་དཱའི་གྲོང་ཁྱེར་ཁག་ཏུ་སྡོད་མཁན་ཚང་མས་དེ་ཚོའི་བ་ཕྱུགས་དང་ལུག་གི་བཅུ་ཆ་གཅིག་དང་གཞན་འབུལ་བ་ཁྱོན་ཆེ་འཁྱེར་ཡོང་ནས། དེ་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བསྔོས་སོ། 7འབུལ་བ་རྣམས་ཟླ་བ་གསུམ་པར་འཁྱེར་འགོ་ཚུགས་ནས་ཟླ་བ་བཞིའི་རིང་ལ་ཕུང་པོ་མང་པོ་སྤུངས་སོ། 8རྒྱལ་པོ་ཧེ་ཛི་ཀི་ཡཱ་དང་ལས་བྱེད་པ་ཚོས་ཧ་ཅང་འབུལ་བ་ཁྱོན་ཆེ་ཕུལ་ཡོད་པ་གཟིགས་ནས། དེ་ཚོས་གཙོ་བོ་དཀོན་མཆོག་ལ་བསྟོད་པ་དང་། ཁོང་གིས་ཨིསི་རཱཨེལ་གྱི་མི་མང་ལ་བསྟོད་མངགས་གནང་ངོ་། 9རྒྱལ་པོས་བླ་མ་ཚོ་དང་ལེ་ཝི་པ་ཚོ་ལ་འབུལ་བའི་སྐོར་ལ་བཀའ་གནང་བ་ནི། 10བླ་མ་ཆེན་པོ་ཛ་དཱོག་གི་བརྒྱུད་པ་ཨ་ཛར་ཡཱས་ཁོང་ལ། མི་མང་ཚོས་མཆོད་ཁང་དུ་འབུལ་བ་འཁྱེར་ཡོང་འགོ་ཚུགས་པ་དང་། ཁ་ཟས་འདང་ངེས་ཐོག་ལྷག་འཕྲོས་ཁྱོན་ཆེ་ཡོད་དོ། གཙོ་བོ་དཀོན་མཆོག་གིས་ཁོང་གི་མི་མང་ལ་བྱིན་རླབས་གནང་བའི་རྐྱེན་ང་ཚོར་འདི་ཚོ་ཚང་མ་བྱུང་བ་ཡིན་ནོ་ཞེས་ཞུས་སོ། 11རྒྱལ་པོས་བཀའ་ལྟར་དེ་ཚོས་མཆོད་ཁང་གི་ས་ཁུལ་ཞིག་ཏུ་གཉེར་ཚང་བཟོས་ནས། 12དེའི་ནང་འབུལ་བ་ཚང་མ་དང་བཅུ་ཆ་གཅིག་པོ་བརྟན་པོར་བདག་ཉར་ཆེད་དུ་བཞག་གོ དེ་ཚོས་ལེ་ཝི་པ་ཀོ་ན་ནི་ཡཱ་ཟེར་བ་འགོ་འཛིན་གྱི་གཙོ་བོར་བསྐོས་པ་དང་། ཁོང་གི་སྤུན་ཤིམ་ཨི་ནི་ལས་རོགས་སུ་བསྐོས་སོ། 13དེ་ཚོའི་འོག་ཏུ་ཡེ་ཧི་ཨེལ་དང་ཨ་ཛ་ཛ་ཡཱ་དང་ན་ཧད་དང་ཨ་ས་ཧེལ་དང་ཡེ་རི་མོད་དང་ཡོ་ཛ་བྷད་དང་ཨེ་ལི་ཨེལ་དང་ཨིསི་མ་ཀི་ཡཱ་དང་མ་ཧད་དང་བྷེ་ན་ཡཱ་བཅས་ལེ་ཝི་པ་བཅུ་ལ་ལས་འགན་སྤྲད་དོ། འདི་ཚོ་ཚང་མ་རྒྱལ་པོ་ཧེ་ཛི་ཀི་ཡཱ་དང་བླ་མ་ཆེན་པོ་ཨ་ཛར་ཡཱའི་མངའ་འོག་ཏུ་བྱས་ཡོད་དོ། 14ལེ་ཝི་པ་ཨིམ་ནཱའི་བུ་ཀོར་ཟེར་བ་མཆོད་ཁང་གི་ཤར་སྒོའི་སྐུ་སྲུང་བ་གཙོ་བོ་ཡིན་པ་དེས་གཙོ་བོ་དཀོན་མཆོག་ལ་ཕུལ་བའི་འབུལ་བ་ཁག་ལེན་པ་དང་། དེ་ཚོ་བགོས་འགྲེམས་བྱས་པའི་འགོ་འཛིན་ཡིན་ནོ། 15བླ་མ་བཞུགས་སའི་གྲོང་ཁྱེར་གཞན་དུ་ཁོང་ལ། གཞན་ལེ་ཝི་པ་ཨེ་དྷེན་དང་མིན་ཡ་མིན་དང་ཡེ་ཤུ་ཨ་དང་ཤེ་མ་ཡཱ་དང་ཨ་མར་ཡཱ་དང་ཤེ་ཀན་ཡཱ་བཅས་ནས་ལྷག་བསམ་རྣམ་དག་གིས་རོགས་བྱེད་བཞིན་ཡོད། དེ་ཚོས་རང་གི་སྤུན་ཟླ་ལེ་ཝི་པ་ཚོར་དེ་ཚོའི་ལས་འགན་བཞིན་ཁ་ཟས་ཆ་སྙོམ་གྱིས་བགོས་འགྲེམས་བྱེད་པ་ལས། 16རིགས་རུས་ལྟར་བྱེད་ཀྱི་མེད་དོ། དེ་ཚོས་མཆོད་ཁང་ནང་ཉིན་ལྟར་ལས་འགན་ཡོད་པའི་སྐྱེས་པ་ལོ་སུམ་ཅུ་ལོན་པ་ཡན་ཆད་ལ་རང་གི་གོ་གནས་ལྟར་སྐལ་བ་སྤྲད་དོ། 17བླ་མ་ཚོ་ལ་རིགས་རུས་བཞིན་ལས་འགན་སྤྲད་པ་དང་། ལེ་ཝི་པ་ལོ་ཉི་ཤུ་ལོན་པ་ཡན་ལ་དེ་ཚོའི་སྡེ་ཚན་སྡེ་ཆན་ལྟར་ལས་འགན་སྤྲད་དོ། 18དེ་ཚོ་རྣམས་རང་གི་ཆུང་མ་དང་བུ་ཕྲུག་དང་དེ་ཚོ་ལ་འཚོ་གོས་བརྟེན་དགོས་པའི་མི་རྣམས་དང་བཅས་པ་མཉམ་དུ་དེབ་བཀོད་བྱས་ཡོད་དོ། གང་ལ་ཟེར་ན། དེ་ཚོས་ལས་འགན་དམ་པ་རྣམས་དུས་ཚོད་གང་དུ་ཡང་བྱ་རྒྱུར་གྲ་སྒྲིགས་ངང་བསྡད་དགོས་སོ། 19ཨ་རོན་གྱི་རིགས་བརྒྱུད་ཀྱི་ཆེད་དུ་དབྱེ་བའི་གྲོང་ཁྱེར་ཁག་ཡང་ན་གྲོང་ཁྱེར་དེ་ཚོར་བདག་པ་རྩ་ཁ་ཚོར་སྡོད་མཁན་བླ་མ་ཚོའི་ཁྲོད་དུ་བླ་མའི་ཁྱིམ་ཚང་ཚོ་དང་ལེ་ཝི་པའི་རིགས་རུས་ཀྱི་མིང་ཐོའི་ནང་ཡོད་མཁན་སྐྱེ་པ་ཚང་མར་ཁ་ཟས་བགོས་འགྲེམས་བྱས་པའི་ལས་འགན་ཡོད་པའི་མི་རྣམས་ཡོད་དོ། 20ཡ་ཧུ་དཱ་ཡོངས་སུ་རྒྱལ་པོ་ཧེ་ཛི་ཀི་ཡཱས་ཁོང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཐུགས་མཉེས་པ་འབའ་ཞིག་དྲང་བདེན་གནང་བ་ཡིན་ནོ། 21ཁོང་ལ་བྱ་བ་ཚང་མར་ལམ་འགྲོ་བྱུང་ཡོད་དོ། གང་ལ་ཟེར་ན། ཁོང་གིས་མཆོད་ཁང་གི་ཆེད་དུ་གང་བྱས་པ་རྣམས་དང་། བཀའ་ཁྲིམས་རྣམས་ལ་ཉམས་ལེན་གནང་བ་དང་། དཀོན་མཆོག་ལ་བློས་འཁེལ་ཆ་ཚང་དང་དད་གུས་ཆ་ཚང་ཐོག་ནས་གནང་ཡོད་དོ༎

སྔོན་རབས་གཉིས་པ། 32

ཡེ་རུ་ཤ་ལེམ་པ་ཚོར་ཨ་སུར་པ་ཚོས་འཇིགས་སྣང་བསྐུལ་བ།

(༢ རྒྱལ་རབས་ ༡༨:༡༣-༣༧; ༡༩:༡༤-༡༩,༣༥-༣༧; ཡེ་ཤ་ཡཱ་ ༣༦:༡-༢༢; ༣༧:༨-༣༨)

1རྒྱལ་པོ་ཧེ་ཛི་ཀི་ཡཱས་གཙོ་བོ་དཀོན་མཆོག་ལ་དམ་ཚིག་ཐོག་ཞབས་ཕྱི་ཞུས་པའི་གནས་སྟངས་དེ་ཚོའི་རྗེས་སུ། ཨ་སུར་གྱི་རྒྱལ་པོ་ཆེན་པོ་སེན་ན་ཀེ་རིབ་ཀྱིས་ཡ་ཧུ་དཱ་རུ་བཙན་འཛུལ་བྱས་སོ། བཙན་པོར་བཟོས་པའི་གྲོང་ཁྱེར་རྣམས་ཁོང་གིས་མཐའ་སྐོར་ནས། དམག་མི་རྣམས་ཀྱིས་ལྕགས་རི་སྟོར་ནས་ནང་དུ་འགྲོ་དགོས་པའི་བཀའ་གནང་ངོ་། 2ཧེ་ཛི་ཀི་ཡཱས། སེན་ན་ཀེ་རིབ་ཀྱིས་ཡེ་རུ་ཤ་ལེམ་ལ་བཙན་འཛུལ་བྱེད་འདོད་ཡོད་པ་མཐོང་སྐབས། 3-4ཁོང་དང་ཁོང་གི་ལས་བྱེད་པ་ཚོས། ཨ་སུར་པ་ཚོ་ཡེ་རུ་ཤ་ལེམ་གྱི་ཉེ་འགྲམ་དུ་སླེབས་སྐབས། དེ་ཚོ་ལ་ཆུ་མི་སྤྲོད་པའི་ཆེད་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཡོད་པའི་ཆུ་རྣམས་འགོག་རྒྱུར་ཐག་བཅད་ནས། ལས་བྱེད་པ་ཚོས་མི་ཁྱོན་ཆེ་འཁྲིད་ནས་ཆུ་མིག་ནས་ཆུ་མི་ཐོབ་པའི་ཆེད་དེ་ཚོ་ཚང་མ་བཀབ་བོ། 5རྒྱལ་པོས་ལྕགས་རི་ཉམས་གསོ་བྱས་ནས་དེའི་སྟེང་གན་དྷོ་ལ་བཟོས་པ་དང་ཕྱི་རོལ་གྱི་ལྕགས་རི་བརྩིགས་ནས། གྲོང་ཁྱེར་གྱི་སྲུང་སྐྱོབས་ཤུགས་ཆེ་རུ་བཏང་ངོ་། དེའི་ཐོག་ཤར་ཕྱོགས་སུ་ཡོད་པའི་ཡེ་རུ་ཤ་ལེམ་རྙིང་པའི་ས་ཆའི་སྟེང་བཟོས་པའི་སྲུང་སྐྱོབས་རྣམས་ཉམས་གསོ་བྱས་ནས། མདུང་དང་ཕུབ་ཡང་མང་པོ་བཟོས་བཅུག་གོ 6ཁོང་གིས་གྲོང་ཁྱེར་ནང་ཡོད་པའི་མི་རྣམས་དམག་དཔོན་ཚོའི་བཀོད་ཁྱབ་འོག་འཇོག་གནང་བ་དང་། གྲོང་ཁྱེར་གྱི་རྒྱལ་སྒོའི་ཉེ་འགྲམ་དུ་ཡོད་པའི་ས་སྟོང་དུ་དེ་ཚོ་ཚང་མ་འཛོམས་དགོས་པའི་བཀའ་གནང་ནས། ཁོང་གིས་དེ་ཚོ་ལ། 7ཚང་མ་སེམས་ཐག་ཆོད་པོ་དང་བློས་འཁེལ་པོ་བྱོས་ཤིག ཨ་སུར་པའི་རྒྱལ་པོ་ཆེན་པོ་ཡང་ན་ཁོས་སྣེ་འཁྲིད་བྱས་པའི་དམག་དཔུང་ལ་འཇིགས་མི་དགོས། ཁོང་ལས་ང་ཚོ་སྟོབས་ཤུགས་ཆེ་བ་ཡོད། 8ཁོང་ལ་མིའི་སྟོབས་ཤུགས་གཅིག་པོ་ཡོད་པ་དང་། ང་ཚོར་རོགས་པ་གནང་མཁན་དང་ང་ཚོའི་ཚབ་ཏུ་དམག་སྐྱོན་མཁན་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡོད་ཅེས་བཀའ་གནང་ངོ་། རྒྱལ་པོའི་བཀའ་སློབ་དེ་ཚོས་མི་མང་གི་སེམས་ཤུགས་འཕར་རོ། 9དུས་ཚོད་ཐུང་ངུའི་རྗེས་སུ་སེན་ན་ཀེ་རིབ་དང་ཁོང་གི་དམག་དཔུང་རྣམས་ནི་ལ་ཀིཤི་རང་དུ་ཡོད་པའི་སྐབས་སུ། ཁོང་གིས་གཤམ་གསལ་འཕྲིན་འདི་ཚོ་ཧེ་ཛི་ཀི་ཡཱ་དང་ཡེ་རུ་ཤ་ལེམ་དུ་ཡོད་པའི་ཡ་ཧུ་དཱ་པའི་མི་མང་རྣམས་ལ་བཏང་ངོ་། 10ང་ཨ་སུར་གྱི་རྒྱལ་པོ་ཆེན་པོ་སེན་ན་ཀེ་རིབ་ཀྱིས་འདི་ལྟར་འདྲི་རྒྱུ་ཡིན་ནོ། ཁྱོད་ཚོ་གང་གི་ཐོག་ཏུ་བློ་བཙོལ་ནས་མཐའ་འཁོར་ནང་ཚུད་པའི་ཡེ་རུ་ཤ་ལེམ་དུ་བསྡད་ཀྱི་ཡོད་དམ། 11ཧེ་ཛི་ཀི་ཡཱས། ཁྱོད་ཚོ་ང་ཚོའི་སྟོབས་ཤུགས་ནས་ཁྱོད་ཚོ་ཐར་བར་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་སྐྱོབས་ཀྱི་རེད་ཅེས་སྨྲས་ཡོད་པས། འོན་ཀྱང་ཁོང་གིས་ཁྱོད་ཚོར་མགོ་བསྐོར་བཏང་ནས་ཁྱོད་ཚོ་བཀྲེས་སྐོམ་ངང་འཆི་བར་འཇུག་འདོད་ཡོད་དོ། 12ཁོང་ནི་དཀོན་མཆོག་གི་ལྷ་ཁང་ནང་གི་མཆོད་ཁྲི་བཤིགས་ནས། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་ལ་མཆོད་ཁྲི་གཅིག་རང་ལ་མཆོད་པ་དང་སྤོས་བདུག་དགོས་ཟེར་མཁན་དེ་ཡིན་ནོ། 13ང་དང་ངའི་ཕ་མེས་ཚོས་རྒྱལ་ཁབ་གཞན་གྱི་མི་མང་ལ་ག་རེ་བྱས་ཡོད་མེད་ཁྱོད་ཚོས་ཤེས་ཀྱི་མེད་དམ། ཨ་སུར་གྱི་རྒྱལ་པོ་ཆེན་པོའི་ལག་ནས་རྒྱལ་ཁབ་གཞན་གྱི་ལྷ་ཚོས་རང་གི་མི་མང་ལ་སྐྱོབས་ཡོད་པ་རེད་དམ། 14ཡུལ་དེ་ཚོའི་ལྷ་ཚོས་རང་གི་ཡུལ་དེ་ང་ཚོའི་ལག་ནས་ག་དུས་སྐྱོབས་ཐུབ་ཡོད་པ་རེད་དམ། དེ་བས་ན་ཁྱོད་ཚོའི་དཀོན་མཆོག་གིས་ཁྱོད་ཚོ་ལ་སྐྱོབས་པའི་བསམ་བློ་ཇི་ལྟར་འཁོར་བྱུང་ངམ། 15ད་ཧེ་ཛི་ཀི་ཡཱས་ཁྱོད་ཚོར་མགོ་བསྐོར་གཏོང་མ་འཇུག་ཅིག ཁོང་གིས་དེ་ལྟར་ཁྱོད་ཚོ་ལམ་ངན་དུ་འཁྲིད་མ་འཇུག་པར། ཁོང་ལ་ཡིད་ཆེས་མ་བྱེད་ཅིག། རྒྱལ་ཁབ་སུ་ཞིག་གི་ལྷ་ཚོས་རང་གི་མི་མང་ལ་ད་བར་དུ་ཨ་སུར་པའི་རྒྱལ་པོ་ཆེན་པོ་ལས་སྐྱོབས་ཐུབ་མེད་དོ། དེ་འདྲ་སོང་ཙང་ཁྱོད་ཚོའི་དཀོན་མཆོག་གིས་ཀྱང་ཁྱོད་ཚོ་རྩ་བ་ནས་སྐྱོབས་ཐུབ་ཀྱི་མ་རེད་ཅེས་སོ། 16ཨ་སུར་པའི་ལས་བྱེད་པ་ཚོས། གཙོ་བོ་དཀོན་མཆོག་དང་ཁོང་གི་ཞབས་ཕྱི་ཧེ་ཛི་ཀི་ཡཱ་ལ་དེ་ལས་ངན་པའི་གཏམ་སྨྲས་ཡོད། 17རྒྱལ་པོ་ཆེན་པོས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་དམའ་འབེབས་བྱས་པའི་ཡི་གེ་ཞིག་བྲིས་ཡོད། དེའི་ནང་ངའི་སྟོབས་ཤུགས་ནས་རྒྱལ་ཁབ་ཀྱི་ལྷ་ཚོས་རང་གི་མི་མང་རྣམས་སྐྱོབས་ཐུབ་མེད་པ་དང་། ཧེ་ཛི་ཀི་ཡཱའི་དཀོན་མཆོག་གིས་ཀྱང་རང་གི་མི་མང་ང་ལས་སྐྱོབས་མི་ཐུབ་ཅེས་འཁོད་ཡོད་དོ། 18ལས་བྱེད་པ་ཚོས་ཡེ་རུ་ཤ་ལེམ་གྱི་མི་མང་ལྕགས་རིའི་སྟེང་ཡོད་པ་ཚོར་འཇིགས་ནང་བསྐུལ་ནས་སེམས་ཤུགས་ཆག་བཅུག་པ་དང་། ཁོང་ཚོས་གྲོང་ཁྱེར་ལས་སླ་པོར་དབང་བཟུང་བྱ་བའི་ཆེད་ཨིབ་རི་པའི་སྐད་ནང་སྐད་ཅོར་རྒྱབ་བོ། 19དེ་ནས་དེ་ཚོས། མི་མང་གཞན་ཚོས་མིའི་ལག་པས་བཟོས་པའི་ལྷ་དང་འདྲ་སྐུའི་སྐོར་བཤད་པ་ལྟར་ཡེ་རུ་ཤ་ལེམ་གྱི་དཀོན་མཆོག་གི་སྐོར་ལ་ཡང་དེ་ལྟར་བཤད་དོ། 20དེ་ནས་རྒྱལ་པོ་ཧེ་ཛི་ཀི་ཡཱ་དང་ཨ་མོཛའི་བུ་ལུང་སྟོན་པ་ཡེ་ཤ་ཡཱས་དཀོན་མཆོག་ལ་གསོལ་བ་བཏབ་ནས་ཁོང་ལ་རོགས་རམ་སྐྱབས་འཇུག་ཞུས་སོ། 21གཙོ་བོ་དཀོན་མཆོག་གིས་ཕོ་ཉ་ཞིག་བཏང་གནང་བ་དེས། ཨ་སུར་པའི་དམག་དཔུང་གི་དཔོན་པོ་དང་དམག་མི་རྣམས་བསད་དོ། དེ་འདྲ་སོང་ཙང་རྒྱལ་པོ་ཆེན་པོ་ངོ་ཚ་ནས་ཨ་སུར་གྱི་ཡུལ་དུ་ཕྱིར་ལོག་གོ ཉིན་ཞིག་ཁོང་རང་ལྷའི་ལྷ་ཁང་ནང་ཡོད་སྐབས་རང་གི་སྲས་འགའ་ཤས་ཀྱིས་རལ་གྲིས་ཁོང་ལ་བཀྲོངས་སོ། 22དེ་ལྟར་གཙོ་བོ་དཀོན་མཆོག་གིས་རྒྱལ་པོ་ཧེ་ཛི་ཀི་ཡཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་ལ། ཨ་སུར་གྱི་རྒྱལ་པོ་ཆེན་པོ་སེན་ན་ཀེ་རིབ་ཀྱི་དབང་དང་དེ་མིན་དེ་ཚོའི་དགྲ་བོ་གཞན་ཚོ་ལས་ཡང་སྐྱབས་གནང་ཡོད། ཁོང་གིས་མི་མང་རྣམས་ཁྱིམ་ཚེས་རྒྱལ་ཁབ་ཚང་མ་དང་མཉམ་དུ་ཞི་བདེའི་ངང་གནས་བཅུག་པ་གནང་ངོ་། 23མི་མང་མང་པོ་གཙོ་བོ་དཀོན་མཆོག་ལ་མཆོད་པ་དང་ཧི་ཛི་ཀི་ཡཱ་ལ་འབུལ་བ་རྣམས་ཡེ་རུ་ཤ་ལེམ་དུ་འཁྱེར་ཡོང་ངོ་། དེ་ནས་བཟུང་རྒྱལ་ཁབ་ཚང་མས་ཧེ་ཛི་ཀི་ཡཱ་ལ་གུས་བརྩི་ཆེན་པོ་ཞུས་སོ༎

ཧེ་ཛི་ཀི་ཡཱའི་སྙུང་གཞི་དང་ང་རྒྱལ།

(༢ རྒྱལ་རབས་ ༢༠:༡-༣,༡༢-༡༩; ཡེ་ཤ་ཡཱ་ ༣༨:༡-༣; ༣༩:༡-༨)

24སྐབས་དེ་ཙམ་ལ་རྒྱལ་པོ་ཧེ་ཛི་ཀི་ཡཱ་སྙུང་ནས་གྲོངས་གྲབ་ཡོན་པ་བ་དང་། ཁོང་གིས་གཙོ་བོ་དཀོན་མཆོག་ལ་གསོལ་བ་བཏབ་ནས། ཁོང་ཡང་སྐྱར་གསོས་པའི་རྟགས་མཚན་གནང་ངོ་། 25འོན་ཀྱང་ཧེ་ཛི་ཀི་ཡཱས་གཙོ་བོ་དཀོན་མཆོག་གིས་ཁོང་ལ་ཇི་ལྟར་གནང་བར་སྐུ་དྲིན་བསམ་བཞེས་མ་གནང་བས་སྤོབ་པ་ཧ་ཅང་མཐོ་པོ་གནང་སྟབས། དེའི་འབྲས་བུ་དེ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་པར་མྱོང་དགོས་བྱུང་ངོ་། 26གང་ལྟར་མཐའ་མར་ཧི་ཛི་ཀི་ཡཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་ནས་ཉམས་ཆུང་བྱས་སྟབས། གཙོ་བོ་དཀོན་མཆོག་གིས་ཧི་ཛི་ཀི་ཡཱ་མ་གྲོངས་བར་དུ་མི་མང་ལ་ཆད་པ་གཏོང་གནང་མེད་དོ༎

ཧེ་ཛི་ཀི་ཡཱའི་རྒྱུ་ནོར་དང་གཟི་བརྗིད།

27རྒྱལ་པོ་ཧེ་ཛི་ཀི་ཡཱ་ཧ་ཅང་རྒྱུ་ནོར་ཆེན་པོར་འགྱུར་སྟབས། ཚང་མས་ཁོང་ལ་མཚན་མཐོང་ཆེན་པོ་ཞུ་བཞིན་ཡོད་པ་དང་། ཁོང་རང་གསེར་དངུལ་དང་རྩ་ཆེའི་རྡོ་དང་སྨན་སྣ་དང་ཕུབ་དང་གཞན་རྩ་ཆེའི་དངོས་པོ་རྣམས་ཀྱི་ཆེད་དུ་མཛོད་ཁང་ཞིག་བཟོས་ཡོད་དོ། 28དེ་མིན་ཁོང་གིས་རང་གི་འབྲུ་རིགས་དང་ཆང་དང་ཁ་སྐྱུ་པོའི་སྣུམ་གྱི་ཆེད་དུ་མཛོད་ཁང་དང་། བ་ཕྱུགས་ཀྱི་ཆེད་དུ་འབྲུ་ཁང་དང་ལུག་གུ་ཆེད་དུ་ལྕགས་རི་བཅས་བཟོས་གནང་ཡོད། 29དེ་ཚོའི་ཐོག་དཀོན་མཆོག་གིས་ཁོང་ལ་ལུག་དང་བ་ཕྱུགས་དང་གཞན་རྒྱུ་ནོར་མང་པོ་གནང་སྟབས་ཁོང་གིས་གྲོང་ཁྱེར་མང་པོ་བཟོས་གནང་ཡོད་དོ། 30རྒྱལ་པོ་ཧེ་ཛི་ཀི་ཡཱས་གྷི་ཧོན་གྱི་རྒྱུགས་ཆུའི་ཡུར་བ་དེ་བཀབ་པ་དང་ཆུ་དེ་ཡུར་བ་བརྒྱུད་ནས་ས་འོག་གི་རྒྱུགས་ལམ་བཟོས་ཡོད་པ་ནས་ཡེ་རུ་ཤ་ལེམ་གྱི་ལྕགས་རིའི་བར་དུ་རྒྱུགས་པ་བཟོས་སོ། ཧི་ཛི་ཡའི་མཛད་པ་རྣམས་ལ་ལམ་ལྷོང་བྱུང་བ་དང་། 31ཁོང་གི་ཡུལ་དུ་ངོ་མཚར་ཅན་བྱུང་བའི་སྐོར་འདྲི་རྩད་གནང་བར་བྷེ་བྷི་ལོན་གྱི་གཞུང་ཚབ་ཀྱང་ཕེབས་སོ། གཙོ་བོ་དཀོན་མཆོག་གིས་ཧི་ཛི་ཀི་ཡཱའི་སྤྱོད་ལམ་ལ་རྟགས་ཞིབ་གནང་བའི་ཆེད་ཁོང་གི་ཐུགས་འདོད་ལྟར་གནང་བཅུག་གོ།

ཧེ་ཛི་ཀི་ཡཱའི་སྲིད་སྐྱོང་གི་མཐའ་མ།

(༢ རྒྱལ་རབས་ ༢༠:༢༠-༢༡)

32རྒྱལ་པོ་ཧེ་ཛི་ཀི་ཡཱའི་མཛད་པ་རྣམས་དང་ཁོང་གི་གཙོ་བོ་དཀོན་མཆོག་ལ་དད་དམ་གཙང་མ་ཞུས་པ་རྣམས་ཨ་མོཛའི་བུ་ལུང་སྟོན་པ་ཡེ་ཤ་ཡཱའི་ཞལ་གཟིགས་དང་ཡ་ཧུ་དཱ་དང་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 33ཧེ་ཛི་ཀི་ཡཱ་གྲོངས་པ་དང་རྒྱལ་པོའི་དུར་ཁང་སྟེང་གྱི་ཕྱོགས་སུ་སྦས་སོ། ཁོང་གྲོངས་པ་ལ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་ནས་གུས་ཞབས་ཆེན་པོ་ཞུས་སོ། ཁོང་གི་སྲས་མ་ནསེ་སཱེ་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

སྔོན་རབས་གཉིས་པ། 33

ཡ་ཧུ་དཱ་པའི་རྒྱལ་པོ་མ་ནསེ་སཱེ།

(༢ རྒྱལ་རབས་ ༢༡:༡-༩)

1མ་ནསེ་སཱེ་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་སྐབས་ཁོང་དགུང་ལོ་བཅུ་གཉིས་ཡིན་པ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་ལྔ་བཅུ་ང་ལྔའི་རིང་རྒྱལ་སྲིད་བསྐྱངས་སོ། 2ཨིསི་རཱཨེལ་གྱི་མི་མང་རྣམས་གཙོ་བོ་དཀོན་མཆོག་གིས་ཡུལ་དེ་ནས་ཕྱིར་འབུད་གནང་བའི་རྒྱལ་ཁབ་ཀྱི་ཡུལ་མི་དེ་ཚོའི་བྱ་ལུགས་ཞེན་ལོག་ཅན་དེ་ཚོའི་རྗེས་སུ་འཇུག་ནས་མ་ནསེ་སཱེ་ནས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད། 3ཁོང་གིས་རང་གི་ཡབ་རྒྱལ་པོ་ཧེ་ཛི་ཀི་ཡཱས་བཤིགས་གནང་བའི་ཕྱི་པའི་ལྷ་མཆོད་ཡུལ་རྣམས་སྐྱར་བཞེངས་བྱས་སོ། ཁོང་གིས་བྷལ་ལ་མཆོད་པའི་ཆེད་མཆོད་ཁྲི་བཞེངས་པ་དང་། ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་བཟོས་པ་དང་། སྐར་ཚོགས་ལ་ཡང་མཆོད་ཡོད་དོ། 4ཁོང་གིས་གཙོ་བོ་དཀོན་མཆོག་ལ་རྟག་ཏུ་མཆོད་དགོས་པའི་བཀའ་གནང་བའི་མཆོད་ཁང་ནང་ཕྱི་པའི་ལྷའི་མཆོད་ཁྲི་བཟོས་སོ། 5ཁོང་གིས་མཆོད་ཁང་གི་ཁྱམས་ར་གཉིས་པོར་སྐར་ཆོགས་ལ་མཆོད་པའི་མཆོད་ཁྲི་བཟོས་པ་དང་། 6ཁོང་གིས་རང་གི་བུ་ཚོར་ཧིན་ནོམ་གྱི་ལུང་གཤོང་དུ་སྦྱིན་སྲེག་གི་མཆོད་པར་དམར་མཆོད་ཕུལ་ལོ། ཁོང་གིས་མོ་ལུང་དང་ངན་མངགས་སོགས་ཕྱག་ལེན་གནང་བ་དང་། སྔོན་ཤེས་མཁན་དང་ལྷ་པར་ཐུགས་རྟགས་ཞུས་པ་སོགས་གནང་གི་ཡོད་པ་དང་། ཁོང་གི་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཧ་ཅང་སྡིག་པ་ཆེན་པོ་བྱས་ནས། ཁོང་གི་ཐུགས་ཧ་ཅང་དཀྲུགས་ཡོད་དོ། 7ཁོང་གི་མཆོད་ཁང་ནང་འདྲ་སྐུ་ཞིག་བཞག་གནང་བ་དང་། མཆོད་ཁང་དེའི་སྐོར་གཙོ་བོ་དཀོན་མཆོག་གིས། དཱ་བིད་དང་ཁོང་གི་སྲས་སོ་ལོ་མོན་ལ། ཡེ་རུ་ཤ་ལེམ་གྱི་མཆོད་ཁང་འདི་བཞིན་ངས་ཨིསི་རཱཨེལ་གྱི་སྡེ་རིགས་བཅུ་གཉིས་ཀྱི་བརྒྱུད་ནས་ང་ལ་མཆོད་པའི་གནས་སུ་ངས་འདམས་ཡོད་དོ། 8གལ་ཏེ་ཨིསི་རཱཨེལ་གྱི་མི་མང་རྣམས་ནས་ངའི་བཀའ་ཚང་མས་ཉན་ནས་ངས་ངའི་ཞབས་ཕྱི་མོ་ཤེས་ལ་སྤྲད་པའི་བཀའ་ཁྲིམས་ཡོངས་ལ་སྲུང་བརྩི་བྱས་པ་ཡིན་ན། ངས་དེ་ཚོའི་ཕ་མེས་ཚོ་ལ་སྤྲད་པའི་ཡུལ་ནས་དེ་ཚོ་ཕྱིར་འབུད་བྱེད་དུ་འཇུག་གི་མིན་ཞེས་བཀའ་གནང་ཡོད་དོ། 9མ་ནསེ་སཱེ་གཙོ་བོ་དཀོན་མཆོག་གིས་ཁོང་གི་མི་མང་རྣམས་ཡུལ་ནང་དུ་འཛུལ་སྐབས་ཕྱིར་སྐྲོད་གནང་བའི་རྒྱལ་ཁབ་ཚོའི་མི་མང་གིས་བྱས་པ་ལས་ལྷག་པའི་སྡིག་པ་ཚབ་ཆེ་བ་ཡ་ཧུ་དཱ་པའི་མི་མང་རྣམས་ལ་བྱེད་བཅུག་གནང་ཡོད་དོ༎

མ་ནསེ་སཱེ་འགྱོད་བཤགས།

10གཙོ་བོ་དཀོན་མཆོག་གིས་མ་ནསེ་སཱེ་དང་ཁོང་གི་མི་མང་ལ་ཉེན་བརྡ་གཏོང་གནང་ཡོད་ན་ཡང་དེ་ཚོས་མ་ཉན་ནོ། 11དེ་འདྲ་སོང་ཙང་གཙོ་བོ་དཀོན་མཆོག་གིས་ཨ་སུར་པའི་དམག་མིའི་དམག་དཔོན་ཚོར་ཡ་ཧུ་དར་བཙན་འཛུལ་བྱེད་དུ་འཇུག་གནང་ངོ་། དེ་ཚོས་མ་ནསེ་སཱེ་ལ་བཟུང་བ་དང་ལྕགས་ཀྱུ་རྒྱབ་པ་དང་ལྕགས་ཐག་རྒྱབ་སྟེ་བྷ་བྷི་ལོན་དུ་འཁྲིད་དོ། 12དཀའ་ངལ་དེའི་སྐབས་ཁོང་ཉམ་ཆུང་དུ་འགྱུར་བ་དང་གཙོ་བོ་དཀོན་མཆོག་ལ་རོགས་རམ་སྐྱབས་འཇུག་ཞུས་སོ། 13གཙོ་བོ་དཀོན་མཆོག་གིས་ཁོང་གི་གསོལ་འདེབས་ལ་གསན་ནས། མ་ནསེ་སཱེས་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་འགྲོ་འཇུག་གནང་ནས་ཡང་སྐྱར་རྒྱལ་སྲིད་སྐྱོངས་འཇུག་གནང་ངོ་། དེའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་ཁོང་ནི་དཀོན་མཆོག་ཡིན་པར་མ་ནསེ་སཱེ་ལ་ཡིད་ཆེས་བྱུང་ངོ་། 14དེ་རྗེས་མ་ནསེ་སཱེས་དཱ་བིད་ཀྱི་གྲོང་ཁྱེར་གྱི་ཤར་ཕྱོགས་ཕྱིའི་ལྕགས་རི་ནས་གྷི་ཧོན་གྱི་རྒྱུགས་ཆུའི་ཉེ་འགྲམ་གྱི་ལུང་གཤོང་ནས་ཉའི་རྒྱལ་སྒོ་དང་གྲོང་ཁྱེར་ཨོ་ཕེལ་ཟེར་བའི་མངའ་ཁུལ་བར་མཐོ་རུ་བཏང་ངོ་། ཡ་ཧུ་དཱ་པའི་གྲོང་ཁྱེར་བཙན་པོ་བཟོས་པ་རེ་རེའི་ནང་དམག་དཔུང་ཚོ་ཁག་རེ་རེའི་ནང་བཀོད་ཁྱབ་པའི་ཆེད་དམག་དཔོན་རེར་འཇོག་གནང་ངོ་། 15ཁོང་གིས་མཆོད་ཁང་ནང་ནས་ཕྱི་པའི་ལྷ་རྣམས་དང་དེར་ཁོང་གིས་འཇོགས་གནང་བའི་འདྲ་སྐུ་ཁག་དང་མཆོད་ཁང་ཡོད་སར་ཕྱི་པའི་ལྷའི་མཆོད་ཁྲི་དང་། ཡེ་རུ་ཤ་ལེམ་གྱི་ས་ཁུལ་གཞན་ཚང་མར་ཡོད་པ་རྣམས་ཕྱིར་འབུད་གནང་ནས། ཁོང་གིས་དེ་ཚོ་ཚང་མ་གྲོང་ཁྱེར་གྱི་ཕྱི་རོལ་དུ་འཁྱེར་ནས་དབྱུགས་སོ། 16དེ་མ་ཟད་ཁོང་གིས་གཙོ་བོ་དཀོན་མཆོག་ལ་མཆོད་ཡུལ་གྱི་མཆོད་ཁྲི་རྣམས་ཉམས་གསོ་གནང་བ་དང་། དེའི་སྟེང་མཐུན་འབྲེལ་ཀྱི་མཆོད་པ་དང་བཀའ་དྲིན་གཏང་རག་གི་མཆོད་པ་ཕུལ་བ་དང་། ཁོང་གིས་ཡ་ཧུ་དཱ་པའི་མི་མང་རྣམས་ལ་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་མཆོད་དགོས་པའི་བཀའ་གནང་ངོ་། 17མི་མང་ནས་མཆོད་ཡུལ་གཞན་ཁག་ལ་མཆོད་པ་མུ་མཐུད་འབུལ་མི་ཡོད་ན་ཡང་། དེ་ཚོས་གཙོ་བོ་མཆོག་རང་ཉིད་ལ་ཕུལ་གྱི་ཡོད་དོ༎

མ་ནསེ་སཱེའི་རྒྱལ་སྲིད་ཀྱི་མཐའ་མ།

(༢ རྒྱལ་རབས་ ༢༡:༡༧-༡༨)

18མ་ནསེ་སཱེའི་མཛད་པ་གཞན་རྣམས་ནི། ཁོང་གིས་རང་གི་དཀོན་མཆོག་ལ་གསོལ་བ་བཏབ་པ་དང་། ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་མཚན་ནས་ལུང་སྟོན་པས་ཁོང་ལ་གསུང་འཕྲིན་གནང་བ་བཅས་ཨིསི་རཱཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 19རྒྱལ་པོའི་གསོལ་འདེབས་ལ་དཀོན་མཆོག་གིས་བཀའ་ལན་གནང་བ་དང་། ཁོང་གིས་འགྱོད་བཤགས་ཕུལ་བའི་ཐོག་མར་སྡིག་པ་བསགས་པའི་ལོ་རྒྱུས་དང་། ཁོང་གིས་སྤྱོད་ངན་གྱི་རིགས་གནང་བ་དང་། ཕྱི་པའི་ལྷ་ལ་མཆོད་ཡུལ་ཁག་དང་ལྷ་མོ་ཨ་ཤེ་རཱའི་མཚན་རྟགས་བཟོས་གནང་བ་དང་། ཁོང་གིས་འདྲ་སྐུར་མཆོད་པར་བཅས་ཀྱི་སྐོར་ལུང་སྟོན་པ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། 20མ་ནསེ་སཱེ་གྲོངས་ནས་ཕོ་བྲང་ནང་སྦས་སོ། ཁོང་གི་སྲས་ཨམ་མོན་ཁོང་གི་ཤུལ་འཛིན་དུ་རྒྱལ་པོར་འགྱུར་རོ༎

(༢ རྒྱལ་རབས་ ༢༡:༡༩-༢༦)

21ཨ་མོན་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་སྐབས་དགུང་ལོ་ཉི་ཤུ་རྩ་གཉིས་ཡིན་པ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་གཉིས་རིང་རྒྱལ་སྲིད་བཟུང་ངོ་། 22ཁོང་གིས་རང་གི་ཡབ་མ་ནསེ་སཱེས་གནང་བ་ལྟར་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་བྱས་ནས། ཁོང་གི་ཡབ་ཀྱིས་མཆོད་པའི་སྐུ་འདྲ་ལ་མཆོད་དོ། 23འོན་ཀྱང་ཁོང་གིས་རང་གི་ཡབ་ལྟར་ཉམ་ཆུང་དུ་མ་འགྱུར་ནས། གཙོ་བོ་དཀོན་མཆོག་ལ་བློ་གཏད་ཞུས་མེད་པ་དང་། ཁོང་རང་གི་ཡབ་ལས་ཀྱང་ཧ་ཅང་སྡིག་པ་ཆེ་བ་བྱས་ཡོད་དོ། 24ཨ་མོན་གྱི་ལས་བྱེད་པ་ཚོས་ཁོང་ལ་བྱུས་ངན་གཏིང་ནས་ཁོང་ལ་ཕོ་བྲང་ནང་བཀྲོངས་སོ། 25ཡ་ཧུ་དཱ་པའི་མི་མང་རྣམས་ནས་ཨ་མོན་བཀྲོངས་མཁན་དེ་ཚོ་བསད་པ་དང་། ཁོང་གི་སྲས་ཡོ་ཤི་ཡཱ་ལ་རྒྱ་པོར་བསྐོས་སོ༎

སྔོན་རབས་གཉིས་པ། 34

ཡ་ཧུ་དཱ་པའི་རྒྱལ་པོ་ཡོ་ཤི་ཡཱ།

(༢ རྒྱལ་རབས་ ༢༢:༡-༢)

1ཡོ་ཤི་ཡཱ་ཡ་ཧུ་དཱ་པའི་རྒྱལ་པོ་འགྱུར་སྐབས་ལོ་བརྒྱད་ཡིན་པ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ལོ་སུམ་ཅུ་སོ་གཅིག་རིང་རྒྱལ་སྲིད་བཟུང་ངོ་། 2ཁོང་གིས་གཙོ་བོ་དཀོན་མཆོག་གིས་ཐུགས་མཉེས་པ་འབའ་ཞིག་གནང་བ་དང་། ཁོང་གིས་རང་གི་མེས་པོ་རྒྱལ་པོ་དཱ་བིད་ཀྱི་དཔེ་བཟང་པོའི་རྗེས་སུ་འཇུག་ནས་དཀོན་མཆོག་གི་བཀའ་ཁྲིམས་ཚང་མ་ལ་སྲུང་བརྩི་ཞུས་སོ༎

ཡོ་ཤི་ཡཱས་ཕྱི་པའི་ལྷ་མཆོད་ཡུལ་ལ་ངོ་རྒོལ་གནང་བ།

3ཡོ་ཤི་ཡཱས་སྲིད་སྐྱོངས་བྱེད་པའི་ལོ་བརྒྱད་པར་སླེབས་དུས་ཁོང་དགུང་ལོ་ཆུང་བ་ཡིན་ན་ཡང་རྒྱལ་སྲིད་བཟུང་ནས། ཁོང་གིས་རང་གི་ཕ་མེས་རྒྱལ་པོ་དཱ་བིད་ཀྱི་དཀོན་མཆོག་ལ་མཆོད་འགོ་ཚུགས་སོ། ལོ་བཞིའི་རྗེས་སུ་ཁོང་གིས་ཕྱི་པའི་ལྷ་ལ་མཆོད་ཡུལ་རྣམས་དང་ལྷ་མོ་ཨ་ཤེ་རཱའི་རྟགས་མཚན་དང་གཞན་སྐུ་འདྲ་རྣམས་མེད་པར་བཟོ་རྒྱུ་འགོ་ཚུགས་པ་གནང་ངོ་། 4ཁོང་གི་སློབ་སྟོན་པའི་འོག་ཁོང་གི་མི་ཚོས། བྷལ་ལ་མཆོད་ཡུལ་གྱི་མཆོད་ཁྲི་དེ་བཅག་པ་དང་། དེ་ཚོའི་ཉེ་འགྲམ་དུ་ཡོད་པའི་སྤོས་ཀྱི་མཆོད་ཁྲི་ཡང་བཤིགས་པ་དང་། དེ་ཚོས་ལྷ་མོ་ཨ་ཤེ་རཱའི་འདྲ་སྐུ་དང་སྐུ་འདྲ་གཞན་རྣམས་ཐལ་བ་ལྟར་བཟོས་ནས། དེ་ཚོ་ལ་དམར་མཆོད་ཕུལ་བའི་མི་མང་གི་རོ་ཁང་སྟེང་སྟོར་རོ། 5ཁོང་གིས་ཕྱི་པའི་ལྷ་ལ་མཆོད་མཁན་གྱི་བླ་མ་རྣམས་ཀྱི་རུས་པ་དེ་ཚོ་ནི་མཆོད་པའི་མཆོད་ཁྲིའི་སྟེང་བསྲེགས་སོ། ཁོང་གིས་དེ་ལྟར་གནང་བའི་རྗེས་སུ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གཉིས་ལ་ཆོ་གའི་ཐོག་ནས་གཙང་མ་བཟོས་གནང་ངོ་། 6ཁོང་གིས་དེ་ལྟར་གྲོང་ཁྱེར་ཁག་ནང་གནང་བ་དང་། མ་ནསེ་སཱེ་དང་ཨེཕ་ར་ཡིམ་དང་སིམ་ཨོན་དང་བྱང་དུ་ཡོད་པའི་ནཕ་ཏ་ལི་བར་གྱི་ས་ཁུལ་ཚང་མར་ཡང་དེ་ལྟར་བྱས་སོ། 7རྒྱལ་ཁབ་ཀྱི་བྱང་ཕྱོགས་ཀྱི་ས་ཁུལ་ཡོངས་སུ་ཁོང་གིས་མཆོད་ཁྲི་རྣམས་དང་ཨ་ཤེ་རའི་རྟགས་མཚན་བཅག་པ་དང་། སྐུ་འདྲ་རྣམས་ཐལ་བ་ལྟར་བཟོས་པ་དང་སྤོས་ཀྱི་མཆོད་ཁྲི་རྣམས་ཀྱང་དུམ་བུར་བཅག་གོ དེ་ནས་ཁོང་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་ཕེབས་སོ༎

(༢ རྒྱལ་རབས་ ༢༢:༣-༢༠)

8ཁོང་གིས་རྒྱལ་སྲིད་བཟུང་བའི་ལོ་བཅོ་བརྒྱད་པའི་སྐབས་སུ། ཁོང་གིས་ཕྱི་པའི་ལྷ་མཆོད་སྲོལ་རྣམས་མཚམས་འཇོག་གནང་ནས། ཡུལ་ཁག་དང་མཆོད་ཁང་བཅས་པར་དམ་པར་མཛད་པའི་རྗེས་སུ། རྒྱལ་པོ་ཡོ་ཤི་ཡཱས་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ཉམས་གསོ་བྱེད་པའི་ཆེད་དུ་ཨ་ཛལ་ཡཱའི་བུ་ཤ་ཕན་དང་ཡེ་རུ་ཤ་ལེམ་གྱི་སྤྱི་ཁྱབ་པ་མ་སི་ཨ་དང་ཡོ་ཨ་ཧཛ་ཀྱི་བུ་ལས་བྱེད་པ་མཐོ་པོ་ཡོ་ཨ་བཅས་ལ་བཏང་གནང་ངོ་། 9མཆོད་ཁང་ནང་ལེ་ཝི་པ་སྐུ་སྲུང་བ་རྣམས་ནས་བསྡུས་པའི་དངུལ་རྣམས་བླ་མ་ཆེན་པོ་ཧིལ་ཀི་ཡཱ་ལ་རྩིས་སྤྲོད་གནང་ངོ་། (དེ་ཚོ་ཨེཕ་ར་ཡིམ་དང་མ་ནསེ་སཱེ་དང་བྱང་ཕྱོགས་རྒྱལ་ཁབ་ཀྱི་ས་ཁུལ་ཡོངས་དང་། ཡ་ཧུ་དཱ་པ་དང་བྷེན་ཡ་མིན་དང་ཡེ་རུ་ཤ་ལེམ་གྱི་མི་མང་བཅས་ནས་བསྡུས་པ་དེ་ཡིན་ནོ།) 10དེ་ནས་དངུལ་དེ་ཚོ་མཆོད་ཁང་གི་ཉམས་གསོའི་འགོ་འཛིན་གསུམ་ལ་གནང་བ་དང་། 11དེ་ཚོས་ཡ་ཧུ་དཱ་པའི་རྒྱལ་པོས་བཀའ་ཁྲོལ་གནང་བ་ལྟར་མཆོད་ཁང་ཉམས་གསོའི་ཆེད་རྡོ་དང་ཤིང་གི་གདུང་མ་ཉོ་བར་ཤིང་བཟོ་བ་དང་བཟོ་པ་ཚོར་གནང་ངོ་། 12ལས་ཀ་བྱེད་མཁན་ཚོ་ནི་ཧ་ཅང་གི་མི་དྲང་པོ་འབའ་ཞིག་ཡིན་པ་དང་། དེ་ཚོ་ལ་མེ་ར་རིའི་རིགས་རུས་ནས་ཡ་ཧད་དང་ཨོ་བ་དི་ཡཱ་དང་ཀོ་ཧད་ཀྱི་རིགས་རུས་ནས་ཛ་ཀར་ཡཱ་དང་། མེ་ཤུ་ལུམ་བཅས་ལེ་ཝི་པ་བཞི་ནི་སློབ་སྟོན་བྱ་མཁན་ཡིན་ནོ། (ལེ་ཝི་པ་ཚོ་ཚང་མ་རོལ་མོ་ལ་མཁས་པ་འབའ་ཞིག་ཡིན་ནོ།) 13ལེ་ཝི་པ་གཞན་ཚོ་ཅ་དངོས་འོར་འདྲེན་གྱི་འགོ་འཛིན་དང་ལས་རིགས་འདྲ་མིན་ལ་སློབ་སྟོན་བྱ་མཁན་དང་ལོ་རྒྱུས་འབྲི་མཁན་དང་སྐུ་སྲུང་བའི་ལས་འགན་བཅས་ཡིན་ནོ། 14མཛོད་ཁང་ནས་དངུལ་ཕྱིར་འདོན་སྐབས་སུ་ཧིལ་ཀི་ཡཱ་ལ་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་དེབ་དཀོན་མཆོག་གིས་མོ་ཤེ་ལ་གནང་བ་དེ་རྙེད་དོ། 15ཁོང་གིས་ཤ་ཕན་ལ། ང་ལ་མཆོད་ཁང་ནང་ནས་བཀའ་ཁྲིམས་ཀྱི་དེབ་ཅིག་རྙེད་བྱུང་གསུངས་ནས། ཁོང་གིས་ཤ་ཕན་ལ་དེབ་དེ་གནང་ངོ་། 16ཤ་ཕན་གྱིས་དེབ་དེ་རྒྱལ་པོའི་སར་འཁྱེར་ནས། ཤ་ཕན་གྱིས་ཁྱེད་ཀྱིས་བཀའ་གནང་བ་ཐམས་ཅད་ང་ཚོས་སྒྲུབ་པ་ཡིན་པས། 17ང་ཚོས་མཆོད་ཁང་ནང་བཞག་པའི་དངུལ་བླངས་ནས། དེ་ཚོ་ནི་ལས་མི་དང་སློབ་སྟོན་པ་ཚོར་ཕུལ་བ་ཡིན་ཞེས་སྙན་གསེང་ཞུས་སོ། 18དེ་ནས་ཁོང་གིས་ང་ལ་ཧིལ་ཀི་ཡཱས་གནང་བའི་དེབ་དེ་འདིར་ཡོད་ཅེས་ཞུས་སོ། དེ་ནས་ཁོང་གིས་དེབ་དེ་གསུང་སྐད་ཆེན་པོས་རྒྱལ་པོ་ཡོད་སར་ཀློག་གོ 19རྒྱལ་པོས་དེབ་ཀློག་པ་གསན་པ་དང་ཐུགས་འགྱོད་ཆེན་པོས་རང་གི་ན་བཟའ་ཧྲལ་ལོ། 20ཧིལ་ཀི་ཡཱ་དང་ཤ་ཕན་གྱི་བུ་ཨ་ཧི་ཀམ་དང་མེ་ཀ་ཡའི་བུ་ཨབ་དྷོན་དང་ཤ་ཕན་དང་ཁྲིམས་ཁང་གི་དྲུང་ཡིག་དང་རྒྱལ་པོའི་སྐུ་བཅར་བ་ཨ་ས་ཡཱ་བཅས་ལ། 21སོང་ལ་གཙོ་བོ་དཀོན་མཆོག་ལ། ང་དང་ད་ལྟ་ཨིསི་རཱཨེལ་དང་ཡ་ཧུ་དཱ་པར་སྡོད་པའི་མི་མང་ཚོའི་ཆེད་བཀའ་སློབ་ཞུས་ཤིག དེབ་དེའི་བ་སླབ་བྱའི་སྐོར་འདྲི་ཞིབ་བྱོས་ཤིག་དང་། གཙོ་བོ་དཀོན་མཆོག་ང་ཚོར་ཐུགས་ཁྲོས་ཡོད། གང་ལ་ཟེར་ན། ང་ཚོའི་ཕ་མེས་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་མེད་པ་དང་དེབ་དེ་ནང་གསལ་བ་ལྟར་བྱས་མེད་ཅེས་བཀའ་གནང་ངོ་། 22རྒྱལ་པོའི་བཀའ་ལྟར་ཧིལ་ཀི་ཡཱ་དང་མི་གཞན་ཚོ་བུད་མེད་ཧུལ་དཱ་ཟེར་བ་ལུང་སྟོན་མ་ཡིན་པ་ཡེ་རུ་ཤ་ལེམ་གསར་པའི་ནང་ཡོད་པ་དེའི་སར་ལུང་བསྟན་ཞུ་བར་ཐོན་ནོ། (མོའི་ཁྱོ་ནི་ཤལ་ལུམ་ནི་ཏིག་ཝཱའི་བུ་དང་ཧར་ཧསེ་ཀྱི་ཚ་བོ་དང་མཆོད་ཁང་གི་ན་བཟའི་དོ་དམ་པ་ཡིན་ནོ།) དེ་ཆོས་མོ་ལ་ཇི་བྱུང་བ་རྣམས་ཀྱི་སྐོར་འགྲེལ་བཤད་རྒྱབ་བོ། 23མོས་དེ་ཆོ་ལ་རྒྱལ་པོའི་སར་ཕྱིར་ལོག་ནས་ཁོང་ལ། 24གཙོ་བོ་དཀོན་མཆོག་གི་གསུང་འཕྲིན་དེའི་ནང་ལ། ངས་ཡེ་རུ་ཤ་ལེམ་དང་དེའི་མི་མང་རྣམས་ལ་རྒྱལ་པོར་ལྗགས་ཀློག་ཞུས་པའི་དེབ་ནང་དམོད་ཚིག་བྲིས་ཡོད་པ་ལྟར་ཆད་པ་གཏོང་རྒྱུ་ཡིན། 25དེ་ཚོས་ང་སྤངས་ནས་དཀོན་མཆོག་གཞན་ལ་མཆོད་པ་ཕུལ་བ་དང་། དེ་ཆོས་གྱིས་པ་ཐམས་ཅད་ཀྱིས་ངའི་སེམས་དཀྲུགས་ཡོད་དོ། ཡེ་རུ་ཤ་ལེམ་ཐོག་ངའི་ཁྲོ་བ་ཤིན་ཏུ་འབར་ཡོད་སྟབས་དེ་ཞི་བར་མི་འགྱུར་རོ། 26རྒྱལ་པོ་རང་ཉིད་ལ་ང་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དེབ་ནང་ཇི་ལྟར་བྲིས་ཡོད་པར་ཉན་པ་དང་། 27ཁྱེད་ཀྱིས་ཡེ་རུ་ཤ་ལེམ་དང་དེའི་མི་མང་ལ་ཆད་པ་ཇི་ལྟར་གཏོང་རྒྱུའི་སྐོར་ངས་ཐོས་པ་དང་། ཁྱོད་ཀྱིས་འགྱོད་བཤགས་ཕུལ་ནས་ངའི་མདུན་དུ་ཉམས་ཆུང་བྱས་ནས་རང་གི་གོས་ཧྲལ་ནས་ངུས་ཡོད་པ་དང་། ངས་ཁྱོད་ཀྱི་སྨོན་ལམ་ཐོས་བྱུང་། 28ངས་ཡེ་རུ་ཤ་ལེམ་ཐོག་ཆད་པ་གཏོང་རྒྱུ་དེ་ཚོ་ཁྱོད་མ་ཤི་བའི་སྔོན་དུ་མི་གཏོང་ངོ་། ངས་ཁྱོད་ཞི་བའི་ངང་དུ་འཆི་རུ་འཇུག་རྒྱུ་ཡིན་ཞེས་བསྐོས་ཡོད་པ་དེ་བསྐུར་རོ། མི་མང་རྣམས་ནས་གསུང་འཕྲིན་དེ་དང་བཅས་རྒྱལ་པོའི་དྲུང་དུ་འཁྱེར་རོོ༎

ཡོ་ཤི་ཡཱས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་རྒྱུའི་དམ་བཅའ་བཞག་པ།

(༢ རྒྱལ་རབས་ ༢༣:༡-༢༠)

29རྒྱལ་པོ་ཡོ་ཤི་ཡཱས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་འགོ་འཛིན་རྣམས་ལ་བཀའ་འགུག་གནང་ནས། 30ཁོ་ཚོ་དང་མཉམ་དུ་བླ་མ་ཚོ་དང་ལེ་ཝི་པ་ཚོ་དང་དབུལ་ཕྱུགས་འདྲ་མཉམ་གྱི་མི་མང་རྣམས་མཆོད་ཁང་དུ་འཛོམས་སོ། དེ་ཚོ་ཚང་མ་ཡོད་སར་རྒྱལ་པོས་གསུང་སྐད་ཆེན་པོས། མཆོད་ཁང་ནང་རྙེད་པའི་དེབ་དེ་ཆ་ཚང་ལྗགས་ཀློག་གནང་ངོ་། 31ཁོང་ནི་རྒྱལ་པོའི་ཀ་བའི་མདུན་དུ་བཞེངས་ནས་གཙོ་བོ་དཀོན་མཆོག་ལ་ཁོང་གི་བཀའ་ཉན་རྒྱུ་དང་། ཁྲིམས་དང་བཀའ་རྒྱ་རྣམས་སྙིང་གི་གཏིང་ནས་སྲུང་བརྩི་ཞུ་རྒྱུ་དང་། དེབ་དེའི་ནང་བཀོད་ཡོད་པ་ལྟར་དམ་བཅའ་དང་ཚུང་པའི་ཕྱག་ལེན་གནང་རྒྱུའི་དམ་བཅའ་ཞིག་འཇོག་གནང་ངོ་། 32ཁོང་གིས་ཞལ་ཆད་རྣམས་སྲུང་བརྩི་ཞུ་རྒྱུའི་དམ་བཅའ་ཕུལ་བའི་ཆེད་བྷེན་ཡ་མིན་དང་མི་ཚང་མ་འཛོམས་སོ། དེ་འདྲ་སོང་ཙང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་ནས་དེ་ཚོའི་ཕ་མེས་ཀྱི་དཀོན་མཆོག་མཉམ་དུ་བཞག་པའི་ཞལ་ཆད་ཀྱི་དགོངས་དོན་རྣམས་ལ་བརྩི་སྲུང་ཞུས་སོ། 33རྒྱལ་པོ་ཡོ་ཤི་ཡཱས་ཨིསི་རཱཨེལ་ལ་བདག་པའི་མངའ་ཁུལ་ཡོངས་ཀྱི་སྐུ་འདྲ་ཞེན་ལོག་རྣམས་མེད་པར་བཟོ་བ་དང་ཁོང་བཞུགས་རིང་མི་མང་རྣམས་ནས་རང་གི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཞབས་ཕྱི་ཞུ་དགོས་པ་བཟོས་གནང་ངོ་༎

སྔོན་རབས་གཉིས་པ། 35

(༢ རྒྱལ་རབས་ ༢༣:༢༡-༢༣)

1རྒྱལ་པོ་ཡོ་ཤི་ཡཱས། ཡེ་རུ་ཤ་ལེམ་དུ་གཙོ་བོ་དཀོན་མཆོག་ལ་གུས་བཀུར་ཞུ་བར་ཐར་གྲོལ་གྱི་དུས་སྟོན་སྲུང་བརྩི་ཞུས་སོ། ཟླ་བ་དང་པོའི་ཚེས་བཅུ་བཞིའི་ཉིན་དུས་ཆེན་གྱི་ཆེད་དུ་སེམས་ཅན་རྣམས་བསད་དོ། 2ཁོང་གིས་བླ་མ་ཚོར་རང་རང་སོ་སོའི་མཆོད་ཁང་ནང་བྱེད་དགོས་པའི་ལས་འགན་རྣམས་བསྐོས་གནང་བ་དང་། དེ་ཚོས་ལེགས་པར་བྱེད་དགོས་རྒྱུར་ཚང་མར་སེམས་ཤུགས་སྤར་གནང་ངོ་། 3ཁོང་གིས་ཨིསི་རཱཨེལ་གྱི་སློབ་དཔོན་ལེ་ཝི་པ་གཙོ་བོ་དཀོན་མཆོག་ལ་བསྔོ་བ་ཚོར་སློབ་སྟོན་འདི་ལྟར་གནང་ངོ་། དམ་བཅའི་སྒྲོམ་དམ་པ་དེ་བཞིན་དཱ་བིད་ཀྱི་སྲས་རྒྱལ་པོ་སོ་ལོ་མོན་གྱིས་བཞེངས་པའི་མཆོད་ཁང་ནང་འཇོག་ཅིག་དང་། ད་ནས་བཟུང་ཁྱོད་ཚོས་དེ་ནི་ས་ཆ་གཅིག་ནས་གཞན་དུ་འཁྱེར་མི་དགོས་སོ། འོན་ཀྱང་ཁྱོད་ཚོས་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་དང་ཁོང་གི་ཨིསི་རཱཨེལ་གྱི་མི་མང་གི་ཞབས་ཕྱི་ཞུ་དགོས་སོ། 4ཁྱོད་ཚོར་རྒྱལ་པོ་དཱ་བིད་དང་ཁོང་གི་སྲས་སོ་ལོ་མོན་གྱིས་ལས་འགན་བསྐོས་གནང་བ་ལྟར། རིགས་རུས་བཞིན་མཆོད་ཁང་ནང་རང་རང་གི་ས་གནས་བཟུང་ཞིག 5ཁྱོད་ཚོ་འགའ་ཞིག་གིས་ཨིསི་རཱཨེལ་གྱི་ཁྱིམ་ཚང་རེ་རེ་ལ་རོགས་ཡོང་བ་བྱ་རྒྱུར་གོ་སྒྲིགས་བྱོས་ཤིག 6ཁྱོད་ཚོས་ཐར་གྲོལ་གྱི་དུས་སྟོན་གྱི་ལུག་དང་ར་རྣམས་གསོད་དགོས་སོ། ད་ཁྱོད་རང་ཚོ་ཆོ་ག་ལྟར་གཙང་མ་བཟོས་ནས་གཙོ་བོ་དཀོན་མཆོག་གིས་མོ་ཤེ་བརྒྱུད་སློབ་སྟོན་གནང་བ་རྣམས་ཀྱི་རྗེས་སུ་ཁྱོད་ཚོའི་སྤུན་ཟླ་ཨིསི་རཱཨེལ་པ་ཚོས་རྗེས་སུ་འཇུག་པའི་ཕྱིར་དམར་མཆོད་གྲ་སྒྲིགས་བྱོས་ཤིག་ཅེས་སོ། 7ཐར་གྲོལ་གྱི་དུས་སྟོན་ལ་མི་མང་ཚོ་ལ་སྤྲོད་པའི་ཆེད། རྒྱལ་པོ་ཡོ་ཤི་ཡཱས་ཁོང་རང་གིས་ཕྱུགས་ཁྱུ་དང་ལུག་ཁྱུ་ནས་ལུག་དང་ལུ་གུ་དང་ར་ཕྲུག་ ༣༠,༠༠༠ ཁྲི་གསུམ་དང་བ་གླང་ ༣,༠༠༠ ཞལ་འདེབས་སུ་གནང་ངོ་། 8ཁོང་གི་ལས་བྱེད་པ་ཚོས་མི་མང་དང་བླ་མ་ཚོ་དང་ལེ་ཝི་པ་ཚོའི་བེད་སྤྱོད་ཆེད་ཞལ་འདེབས་ཕུལ་ཡོད། མཆོད་ཁང་གི་དོ་ལས་བྱེད་པ་ཧིལ་ཀི་ཡཱ་དང་བླ་མ་ཆེན་པོ་དང་ཛ་ཀར་ཡཱ་དང་ཡེ་ཧི་ཨེལ་བཅས་ནས་དུས་ཆེན་སྐབས་དམར་མཆོད་ཕུལ་བའི་ཆེད་བླ་མ་ཚོར་ལུ་གུ་དང་ར་ཕྲུག་ ༢,༦༠༠ དང་བ་གླང་ ༣༠༠ བཅས་གནང་ངོ་། 9ལེ་ཝི་པའི་འགོ་པ་ཀོ་ན་ནི་ཡཱ་དང་ཤེ་མ་ཡཱ་དང་ཁོའི་སྤུན་ནེ་ཐ་ནེལ་དང་ཧ་ཤབ་ཡཱ་དང་ཡི་ཨེལ་དང་ཡོ་ཛ་བྷད་བཅས་ནས་ལེ་ཝི་པ་ཚོར་དམར་མཆོད་ཕུལ་བའི་ཆེད་ལུ་གུ་དང་ར་ཕྲུག་གྲངས་ ༥,༠༠༠ དང་བ་གླང་ ༥༠༠ ཞལ་འདེབས་སུ་ཕུལ་ལོ། 10ཐར་གྲོལ་གྱི་དུས་སྟོན་གྱི་ཆེད་ཚང་མ་གྲ་སྒྲིགས་བྱས་ཟིན་པའི་རྗེས་སུ། རྒྱལ་པོའི་བཀའ་ལྟར་བླ་མ་ཚོ་དང་ལེ་ཝི་པ་ཚོ་རང་རང་གི་གནས་སུ་བཞུགས་སོ། 11ལུ་གུ་དང་ར་རྣམས་བསད་པའི་རྫེས་སུ་ལེ་ཝི་པ་ཚོས་དེ་ཚོའི་པགས་པ་བཤུགས་པ་དང་བླ་མ་ཚོས་དེ་ཚོའི་ཁྲག་མཆོད་ཁྲིའི་སྟེང་སྟོར་རོ། 12དེ་ནས་དེ་ཚོས་མོ་ཤེའི་བཀའ་ཁྲིམས་ནང་བཀོད་པ་ལྟར། སེམས་ཅན་སྦྱིན་སྲེག་གི་མཆོད་པར་ཕུལ་བའི་ཆེད་མི་མང་རྣམས་ལ་ཁྱིམ་ཚོ་རེ་རེ་བཞིན་སྦྱིན་སྲེག་གི་མཆོད་པའི་སེམས་ཅན་རྣམས་ཐོབ་ཐང་ལྟར་བགོས་སོ། 13དེ་ནས་ལུགས་སྲོལ་ལྟར་ལེ་ཝི་པ་ཚོས་ཐར་གྲོལ་གྱི་དུས་སྟོན་གྱི་མཆོད་པ་རྣམས་བསྲེགས་པ་དང་། མཆོད་པ་དམ་པ་རྣམས་སྣོད་དང་ཚོགས་ཀྱི་སྣོད་དང་སླ་ངའི་ནང་བཀོལ་ནས་ཤ་རྣམས་མི་མང་ལ་མགྱོགས་པོར་བགོས་འགྲེམས་བྱས་སོ། 14དེ་ཚོ་བྱས་ཟིན་པའི་རྗེས་ལ་ལེ་ཝི་པ་ཚོས་ཁོ་རང་ཚོ་དང་ཨ་རོན་གྱི་བརྒྱུད་ནས་ཆད་པའི་བླ་མ་ཚོར་ཤ་རྣམས་བགོས་འགྲེམས་བྱས་སོ། གང་ལ་ཟེར་ན། བླ་མ་རྣམས་མཚན་གང་སེམས་ཅན་ཆ་ཚང་གི་སྦྱིན་སྲེག་གི་མཆོད་པ་དང་ཚིལ་ལུའི་མཆོད་པ་བཅས་བསྲེགས་རྒྱུར་བྲེལ་བས་མ་ཅོག་ཤིག་ཤིག་ཡོད་དོ། 15རྒྱལ་པོ་དཱ་བིད་ཀྱི་སློབ་སྟོན་ལྟར་ལེ་ཝི་པ་ཨ་སཕེའི་རིགས་རུས་ཀྱི་རོལ་མོ་མཁན་རྣམས་གཤམ་གསལ་ལྟར་ཨ་སཕེ་དང་ཧེ་མན་དང་རྒྱལ་པོའི་ལུང་སྟོན་པ་ཡེ་དུ་ཐུན་བཅས་རང་སོ་སོར་སྤྲད་པའི་གནས་སུ་འཁོད་དོ། མཆོད་ཁང་གི་རྒྱལ་སྒོའི་སྐུ་སྲུང་བ་ཚོས་རང་གི་ལས་འགན་བཞག་མི་རུང་ངོ་། གང་ལ་ཟེར་ན། ལེ་ཝི་པ་གཞན་ཚོས་ཁོ་ཚོའི་པེ་སག་གི་གྲ་སྒྲིགས་བྱས་ཡོད་དོ། 16དེ་ལྟར་རྒྱལ་པོ་ཡོ་ཤི་ཡཱས་བཀའ་གནང་བ་ལྟར། གཙོ་བོ་དཀོན་མཆོག་ལ་མཆོད་རྒྱུ་དང་ཐར་གྲོལ་གྱི་དུས་སྟོན་སྲུང་རྒྱུ་དང་མཆོད་ཁྲིའི་སྟེང་སྦྱིན་སྲེག་གི་མཆོད་པ་འབུལ་རྒྱུ་སོགས་ཆ་ཚང་ཉིན་དེ་རང་ལ་སྒྲུབ་བོ། 17དེར་ཡོད་པའི་ཨིསི་རཱཨེལ་གྱི་མི་མང་རྣམས་ནས་ཉིན་བདུན་རིང་ཐར་གྲོལ་གྱི་དུས་སྟོན་དང་ཆི་མན་མེད་པའི་བག་ལེབ་ཀྱི་དུས་ཆེན་སྲུང་བརྩི་ཞུས་སོ། 18ལུང་སྟོན་པ་ཤ་མུ་ཨེལ་གྱི་སྐུ་དུས་ནས་བཟུང་ཐར་གྲོལ་གྱི་དུས་སྟོན་དེ་ལྟར་རྩ་བ་ནས་སྲུང་བརྩི་ཞུས་མྱོང་མེད་དོ། སྔོན་བྱོན་གྱི་རྒྱལ་པོ་སུས་ཀྱང་རྒྱལ་པོ་ཡོ་ཤི་ཡཱ་དང་བླ་མ་ཚོ་དང་ལེ་ཝི་པ་ཚོ་དང་ཡ་ཧུ་དཱ་དང་ཨིསི་རཱཨེལ་པ་དང་ཡེ་རུ་ཤ་ལེམ་གྱི་མི་མང་བཅས་པས་ཐར་གྲོལ་གྱི་དུས་སྟོན་སྲུང་བརྩི་ཞུས་པ་དེ་ལྟར་ནམ་ཡང་ཞུས་མྱོང་མེད་དོ། 19དེ་ནི་ཡོ་ཤི་ཡཱས་རྒྱལ་སྲིད་བཟུང་བའི་ལོ་བཅོ་བརྒྱད་པའི་སྐབས་སུ་ཡིན་ནོ༎

ཡོ་ཤི་ཡཱས་རྒྱལ་སྲིད་བཟུང་བའི་མཐའ་མ།

(༢ རྒྱལ་རབས་ ༢༣:༢༨-༣༠)

20མཆོད་ཁང་གི་ཆེད་དུ་རྒྱལ་པོ་ཡོ་ཤི་ཡཱས་དེ་ལྟར་མཛད་ཟིན་པའི་རྗེས་སུ། ཨི་ཇིབ་ཀྱི་རྒྱལ་པོ་ནི་ཀོས་དམག་དཔུང་འཁྲིད་ནས་དམག་རྒྱབ་པའི་ཆེད་དུ་གཙང་པོ་ཡུབ་རད་ཁུལ་དུ་ཀར་ཀེ་མིཤ་བྱ་བར་སླེབས་པ་དང་ཡོ་ཤི་ཡས་ཁོ་ཚོ་འགོག་ཐབས་གནང་ངོ་། 21འོན་ཀྱང་ནི་ཀོས་ཡོ་ཤི་ཡཱ་ལ་ངས་དམག་རྒྱབ་བཞིན་པ་འདི་ཁྱེད་ཡ་ཧུ་དཱ་པའི་རྒྱལ་པོ་ལ་མ་ཡིན་ནོ། ང་ཁྱེད་མཉམ་དུ་དམག་རྒྱབ་པར་ཡོང་མེད་ཅིང་། ངའི་དགྲ་བོ་ཆོར་དམག་རྒྱབ་པར་ཡོང་བ་ཡིན་པ་དང་། དཀོན་མཆོག་གིས་དེ་ལྟར་མགྱོགས་པོ་བྱེད་དགོས་པའི་བཀའ་གནང་བྱུང་། དཀོན་མཆོག་ངའི་ཕྱོགས་སུ་ཡོད་སྟབས། ང་ལ་ངོ་རྒོལ་མ་གནང་ཞིག། དེ་མིན་ཁོང་གིས་ཁྱེད་མེད་པར་བཟོ་གནང་གི་རེད་ཅེས་པའི་འཕྲིན་བཏང་ངོ་། 22འོན་ཀྱང་ཡོ་ཤི་ཡཱ་དམག་རྒྱབ་པར་ཐག་བཅད་ཡོད། དཀོན་མཆོག་གིས་རྒྱབ་པོ་ནི་ཀོ་བརྒྱུད་བཀའ་གནང་བར། ཁོང་གིས་མ་གསན་པར་མེ་གི་དྷོའི་ཐང་དུ་དམག་སར་མྱུར་དུ་ཕྱིན་ནས། 23དམག་སར་དམག་རྒྱབ་སྐབས་རྒྱལ་པོ་ཡོ་ཤི་ཡཱ་ལ་ཨི་ཇིབ་པའི་མདའ་ཕོག་པ་དང་། ཁོང་གིས་ཞབས་ཕྱི་ཚོར་ང་མགྱོགས་པོར་ཕྱིར་འཁྲིད་ཅིག ང་ཚབ་ཆེ་རྨས་སོང་ཞེས་སྨྲས་སོ། 24དེ་ཚོས་ཁོང་ལ་ཡར་ཀྱགས་ནས་དེར་ཡོད་པའི་ཤིང་རྟ་འཁོར་ལོ་གཉིས་པ་དེའི་ནང་བཞག་ནས་ཡེ་རུ་ཤ་ལེམ་དུ་གདན་དྲངས་སོ། དེར་ཁོང་གྲོངས་པ་དང་རྒྱལ་པོའི་དུར་ཁང་ནང་སྦས་སོ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་ནས་ཁོང་གྲོངས་པར་མྱ་ངན་ཞུས་སོ། 25ལུང་སྟོན་པ་ཡེར་མི་ཡཱས་རྒྱལ་པོ་ཡོ་ཤི་ཡཱ་ལ་མྱ་ངན་གྱི་མགུར་མ་ཞིག་བརྩོམས་ནས། དེ་ནས་ཨིསི་རཱཨེལ་གྱི་སྐྱེས་པ་དང་བུད་མེད་གཞས་གཏོང་མཁན་ཚོས་ཁོང་ལ་མྱ་ངན་ཞུས་སྐབས་སུ་མགུར་མ་དེ་ལེན་རྒྱུ་ལུགས་སྲོལ་ཞིག་ཏུ་འགྱུར་རོ། མགུར་མ་དེ་ནི་མྱ་ངན་གྱི་མགུར་མའི་ཕྱོགས་སྒྲིགས་ཀྱི་ནང་ཡོད་དོ། 26དེ་ནས་རྒྱལ་པོ་ཡོ་ཤི་ཡཱས་བྱ་བ་གཞན་རྣམས་དང་། གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ནང་བྲིས་ཡོད་པ་ལྟར། 27ཁོང་གིས་གནང་བའི་བྱ་བ་སྔ་ཕྱི་རྣམས་ནི་ཨིསི་རཱཨེལ་དང་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བྲིས་ཡོད་དོ༎

སྔོན་རབས་གཉིས་པ། 36

(༢ རྒྱལ་རབས་ ༢༣:༣༠-༣༥)

1ཡ་ཧུ་དཱ་པའི་མི་མང་ཚོས་ཡོ་ཤི་ཡཱའི་སྲས་ཡོ་ཨ་ཧཛ་ལ་འདམས་ནས་ཡེ་རུ་ཤ་ལེམ་དུ་རྒྱལ་པོར་བསྐོས་སོ། 2ཡོ་ཨ་ཧཛ་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་སྐབས་ཁོང་དགུང་ལོ་ཉི་ཤུ་རྩ་གསུམ་ཡིན་པ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ཟླ་བ་གསུམ་གྱི་རིང་རྒྱལ་སྲིད་བསྐྱངས་སོ། 3ཨི་ཇིབ་ཀྱི་རྒྱལ་པོ་ནི་ཀོས་ཁོང་བཙོན་དུ་འཁྲིད་པ་དང་། ཡ་ཧུ་དཱ་པར་ཁྲལ་གྱི་ཕྱིར་དངུལ་ཀི་ལོ་གྷ་རམ་ ༣,༤༠༠ དང་གསེར་ཀི་ལོ་གྷ་རམ་སུམ་ཅུ་སོ་བཞི་འབུལ་དུ་བཅུག་གོ 4ནེ་ཀོས་ཡོ་ཧཛའི་སྤུན་ཨེ་ལི་ཨ་ཀིམ་ཡ་ཧུ་དཱ་པའི་རྒྱལ་པོར་བསྐོས་པ་དང་། ཁོང་གི་མིང་ལ་ཡེ་ཧོ་ཡ་ཀིམ་དུ་འགྱུར་རོ། ནེ་ཀོས་ཡོ་ཧཛ་ལ་ཨི་ཇིབ་ཏུ་འཁྲིད་དོ༎

(༢ རྒྱལ་རབས་ ༢༣:༣༦—༢༤:༧)

5ཡེ་ཧོ་ཡ་ཀིམ་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་སྐབས་དགུང་ལོ་ཉི་ཤུ་རྩ་ལྔ་ཡིན་པ་དང་། ཁོང་གིས་ལོ་བཅུ་གཅིག་རིང་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བསྐྱངས་སོ། ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པས། 6བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཡ་ཧུ་དཱར་བཙན་འཛུལ་བྱས་ནས། ཡེ་ཧོ་ཡ་ཀིམ་བཟུང་ནས་བྷེ་བྷི་ལོ་ནི་ཡ་དུ་ལྕགས་ཐག་རྒྱབ་ཏེ་འཁྲིད་དོ། 7ནེ་བུ་ཀད་ནེ་ཛར་གྱིས་མཆོད་ཁང་གི་ནོར་རྩ་ཆེན་ཕྲན་བུ་འཁྱེར་ནས་བྷ་བྷི་ལོན་དུ་ཁོང་རང་གི་ཕོ་བྲང་དུ་བཞག་གོ 8ཡོ་ཧའི་ཨ་ཀིམ་གྱིས་སྐྱུག་བྲོའི་ཕྱག་ལེན་དང་ངན་རིགས་མཛད་པ་རྣམས་ཨིསི་རཱཨེལ་དང་ཡ་ཧུ་དཱ་པའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ནང་བཀོད་ཡོད་དོ། ཁོང་གི་སྲས་ཡེ་ཧོ་ཡ་ཀིན་ཁོང་གི་ཤུལ་འཛིན་རྒྱལ་པོར་འགྱུར་རོ༎

(༢ རྒྱལ་རབས་ ༢༤:༨-༡༧)

9ཡེ་ཧོ་ཡ་ཀིན་ཡ་ཧུ་དཱ་པའི་རྒྱལ་པོ་འགྱུར་སྐབས་ཁོང་དགུང་ལོ་བཅོ་བརྒྱད་ཡིན་པ་དང་། ཁོང་གིས་ཡེ་རུ་ཤ་ལེམ་དུ་ཟླ་བ་གསུམ་དང་ཉིན་བཅུའི་རིང་རྒྱལ་སྲིད་བརྐྱངས་སོ། ཁོང་གིས་ཀྱང་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད། 10དཔྱིད་ཀ་ཤར་བ་དང་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཡེ་ཧོ་ཡ་ཀིན་བྷེ་བྷི་ལོ་ནི་ཡ་དུ་བཙོན་པར་འཁྲིད་དོ། ཁོང་གིས་མཆོད་ཁང་གི་གཏེར་མཛོད་རྣམས་ཀྱང་འཁྱེར་རོ། དེ་ནས་ནེ་བུ་ཀད་ནེ་ཛར་གྱིས་ཡེ་ཧོ་ཡ་ཀིན་གྱི་ཨ་ཁུ་ཛེ་དེ་ཀི་ཡཱ་ལ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་རྒྱལ་པོར་བསྐོས་སོ༎

(༢ རྒྱལ་རབས་ ༢༤:༡༨-༢༠; ཡེ་ཤ་ཡཱ་ ༥༢:༡-༣)

11ཛེ་དེ་ཀི་ཡཱ་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་སྐབས་ཁོང་དགུང་ལོ་ཉི་ཤུ་ཙ་གཅིག་ཡིན་པ་དང་། ཁོང་གིས་ལོ་བཅུ་གཅིག་རིང་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བརྐྱངས་སོ། 12ཁོང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་དང་། ལུང་སྟོན་པ་ཡེ་རེམ་ཡཱས་གཙོ་བོ་དཀོན་མཆོག་གི་བཀའ་རྣམས་གསུངས་པ་ལ་ཉམ་ཆུང་གིས་གསན་བཞེས་གནང་མེད་དོ༎

ཡེ་རུ་ཤ་ལེམ་ཤོར་བ།

(༢ རྒྱལ་རབས་ ༢༥:༡-༢༡; ཡེ་ཤ་ཡཱ་ ༥༢:༣-༡༡)

13རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་གཙོ་བོ་དཀོན་མཆོག་གི་མཚན་ནས་དྲང་པོ་བྱ་རྒྱུར་བཙན་དབང་གིས་མནའ་བསྐྱེལ་དུ་བཅུག་མཁན་ལ་ཛེ་དེ་ཀི་ཡཱས་ངོ་ལོག་རྒྱབ་བོ། ཁོང་གིས་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་སེམས་གྱོང་པོས་འགྱོད་བཤགས་མ་ཕུལ་ནས་ཁོང་གི་དྲུང་དུ་ཕྱིར་ལོག་བྱ་རྒྱུར་ཁས་ལེན་བྱས་མེད་དོ། 14དེའི་ཐོག་ཡ་ཧུ་དཱ་པའི་འགོ་འཛིན་ཚོ་དང་བླ་མ་ཚོ་དང་མི་མང་བཅས་ནས་ཉེ་འགྲམ་གྱི་རྒྱལ་ཁབ་གཞན་གྱི་གྱིས་པའི་སྡིག་པའི་རྗེས་སུ་འབྲངས་ནས་སྐུ་འདྲ་ལ་མཆོད་པ་དང་གཙོ་བོ་དཀོན་མཆོག་རང་ཉིད་ནས་དམ་པར་མཛད་པའི་མཆོད་ཁང་དེ་མི་གཙང་བ་བཟོས་སོ། 15དེ་ཚོས་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་རང་གི་མི་མང་གི་སར་ལུང་སྟོན་པ་ལ་ཉེན་བརྡ་གཏོང་བར་ཡང་ཡང་གཏོང་གནང་ཡོད། གང་ལ་ཟེར་ན། ཁོང་གིས་མི་མང་དང་མཆོད་ཁང་ལ་སྐྱོབས་པར་མཛད་འདོད་ཡོད་དོ། 16འོན་ཀྱང་དེ་ཚོས་དཀོན་མཆོག་གི་བང་ཆེན་ཚོར་འཕྱ་བ་དང་། ཁོང་གི་བཀའ་ལ་བརྩི་མེད་དང་ཁོང་གི་ལུང་སྟོན་པ་ཚོར་ཁྲེལ་གད་གད་པ་དང་། དེ་ལྟར་མཐའ་མར་གཙོ་བོ་དཀོན་མཆོག་ནས་མི་མང་ལ་ཐུགས་ཧ་ཅང་ཚབ་ཆེ་ཁྲོ་བར་འགྱུར་ནས། དེ་ལས་ཐར་བའི་ལམ་མེད་པར་འགྱུར་བར་བྱས་སོ། 17དེ་འདྲ་སོང་ཙང་གཙོ་བོ་དཀོན་མཆོག་གིས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་དེ་ཚོ་ལ་བཙན་འཛུལ་བྱེད་པར་འཁྲིད་ཕེབས་སོ། རྒྱལ་པོས་ཡ་ཧུ་དཱ་པའི་སྐྱེས་པ་ན་གཞོན་ཚོ་ལ་ཡང་མཆོད་ཁང་ནང་དུ་བསད་དོ། ཁོང་གིས་གཞོན་དང་རྒས་ཁོག་དང་། སྐྱེས་པ་དང་བུད་མེད་དང་། ནད་པ་དང་བདེ་ཐང་ཅན་སུ་ལ་ཡང་སྙིང་རྗེ་མི་བྱེད་དོ། དཀོན་མཆོག་གིས་དེ་ཚོ་ཚང་མ་ཁོང་ལ་རྩིས་སྤྲོད་གནང་ངོ་། 18བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་མཆོད་ཁང་དང་མཆོད་ཁང་གི་བང་མཛོད་དང་རྒྱལ་པོ་དང་ཁོང་གི་ལས་བྱེད་པ་ཚོའི་རྒྱུ་ནོར་བཅས་པ་འཕྲོག་བཅོམ་བྱས་ནས་ཚང་མ་བྷེ་བྷི་ལོན་དུ་འཁྱེར་རོ། 19ཁོང་གིས་མཆོད་ཁང་དང་གྲོང་ཁྱེར་དང་། ཕོ་བྲང་ཡོངས་དང་དེའི་རྒྱུ་ནོར་བཅས་པ་བསྲེག་པ་དང་གྲོང་ཁྱེར་གྱི་ལྕགས་རི་རྣམས་བཤིགས་སོ། 20གསོན་པོ་རྣམས་བྷེ་བྷི་ལོ་ནི་ཡ་དུ་འཁྲིད་པ་དང་། དེར་དེ་ཚོ་པར་ཤི་ཡའི་རྒྱལ་ཁམས་མ་གྲོལ་བར་ཁོང་དང་ཁོང་གི་རིགས་བརྒྱུད་ཚོས་ཚེ་གཡོག་གྱི་ལས་བྱེད་དགོས་བྱུང་ངོ་། 21དེ་ལྟར་གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་ཡེ་རེམ་ཡཱ་བརྒྱུད་ངལ་གསོ་བའི་ཞག་སྲུང་བ་དེ་གསབ་པའི་ཆེད་དུ་ཡུལ་ཁམས་དེ་ཚོ་ལ་ལོ་བདུན་ཅུ་རིང་ལུང་སྟོང་དུ་གནས་པར་འགྱུར་ཞེས་ལུང་བསྟན་གནང་བ་སྒྲུབ་བོ༎

སའི་རསེས་ཡ་ཧུ་དཱ་པ་ཚོ་ཕྱིར་ལོག་བྱེད་དགོས་པའི་བཀའ།

(ཨེཛ་ར ༡:༡-༤)

22སའི་རསེ་པར་སི་ཡའི་རྒྱལ་པོ་ཆེན་པོ་གནང་བའི་ལོ་དང་པོ་དེར་གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་ཡེར་མི་ཡཱ་བརྒྱུད་ནས་ཇི་ལྟར་བཀའ་གནང་བར་བདེན་པར་འགྱུར་བ་མཛད་དོ། ཁོང་གིས་འཕྲལ་དུ་སའི་རསེ་ཀྱི་བཀའ་རྣམས་གཤམ་གསལ་ཡིག་ཐོག་དུ་བཀོད་ནས་ཁོང་གི་རྒྱལ་ཁབ་ཡོངས་སུ་སྐད་ཆེན་པོས་ཀློག་དགོས་པ་བཟོས་གནང་ངོ་། 23པར་སི་ཡའི་རྒྱལ་པོ་ཆེན་པོ་སའི་རསེ་ཀྱི་བཀའ་གནང་བ་འདི་ལྟར་ཡིན། གཙོ་བོ་དཀོན་མཆོག་མཐོ་རིསི་དཀོན་མཆོག་གིས་ང་ལ་འཛམ་གླིང་ཡོངས་ཀྱི་རྒྱལ་པོ་བཟོས་གནང་བ་དང་། ཁོང་གིས་ང་ལ་ཡ་ཧུ་དཱ་པའི་ཡུལ་ཡེ་རུ་ཤ་ལེམ་དུ་ཁོང་ལ་མཆོད་ཁང་ཞིག་བཞེངས་དགོས་པའི་ལས་འགན་གནང་བྱུང་། ད་དཀོན་མཆོག་གི་སྐྱེ་བོ་ཡིན་པ་ཁྱོད་ཚོ་ཚང་མ་དེར་སོང་ལ། ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁྱོད་ཚོ་མཉམ་དུ་འགྲོགས་པར་ཤོག་ཅེས་སོ༎

ཨེཛ་ར 1

སེའི་རསེ་ཀྱིས་ཡ་ཧུ་དཱ་པ་རྣམས་ཕྱིར་ལོག་དགོས་པའི་བཀའ་གནང་བ།

1སེའི་རསེ་པར་སི་ཡའི་རྒྱལ་པོ་ཆེན་པོ་ཡིན་པའི་ལོ་དང་པོར། གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་ཡེར་མི་ཡཱ་བརྒྱུད་ནས་ཇི་སྟར་བཀའ་གནང་བ་རྣམས་བདེན་པར་འགྱུར་བར་མཛད་དོ། ཁོང་གིས་སེའི་རསེ་ལ་གཤམ་གསལ་བཀའ་རྣམས་སྤེལ་བར་བསྐུལ་ཞིང་ཡིག་ཐོག་བསྐོས་ནས་ཁོང་གི་རྒྱལ་ཁམས་ཡོངས་སུ་སྐད་ཤུགས་ཆེན་པོས་ཀློག་ཕྱིར་གཏོང་བར་མཛད་དོ། 2པར་སི་ཡའི་རྒྱལ་པོ་ཆེན་པོ་སའི་རསེ་ལ་བཀའ་གནང་བ་འདི་ལྟར་ཡིན། གཙོ་བོ་དཀོན་མཆོག་མཐོ་རིས་ཀྱི་དཀོན་མཆོག་གིས་འཛམ་གླིང་ཡོངས་ཀྱི་ཐོག་ཏུ་ང་ལ་རྒྱལ་པོར་བཀོད་གནང་བ་དང། ཁོང་གིས་ང་ལ་ཡ་ཧུ་དཱའི་ཡེ་རུ་ཤ་ལེམ་དུ་ཁོང་གི་ཆེད་དུ་མཆོད་ཁང་ཞིག་བཞེངས་དགོས་པའི་ལས་འགན་གནང་བྱུང་ངོ། 3ཁོང་གི་མི་མང་ཡིན་པ་ཁྱོད་ཚོ་དང་མཉམ་དུ་དཀོན་མཆོག་བཞུགས་པར་ཤོག ཁྱོད་ཚོ་ཡེ་རུ་ཤ་ལེམ་དུ་འགྲོ་དགོས་པ་དང། ཡེ་རུ་ཤ་ལེམ་གྲོང་ཁྱེར་དུ་བཞུགས་ཡོད་པའི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གི་མཆོད་ཁང་དེ་སྐྱར་བཞེངས་དགོས་སོ། 4བཙན་བྱོལ་དུ་ཡོད་པའི་ཁོང་གི་སྐྱེ་བོ་ཚོར་ཕྱིར་ལོག་བྱེད་པའི་རོགས་དགོས་པ་ཡིན་ན། དེ་ཚོའི་ཁྱིམ་མཚེས་ཚོས་དེ་ལྟར་རོགས་བྱེད་དགོས། དེ་ཚོས་གསེར་དངུལ་དགོས་མཁོ་དང་སེམས་ཅན་སོགས་ཡེརུཤ་ལེམ་གྱི་དཀོན་མཆོག་གི་མཆོད་ཁང་དུ་མཁོ་བའི་འབུལ་བ་བཅས་དེ་ཚོས་མཁོ་སྒྲུབ་བྱ་དགོས། 5དེ་ནས་ཡ་ཧུ་དཱ་དང་བྷེན་ཡ་མིན་གྱི་སྡེ་རིགས་ཀྱི་རིགས་རུས་རྣམས་ཀྱི་འགོ་འཛིན་ཚོ་དང་བླ་མ་དང་ལེ་ཝི་པ་རྣམས་དང་གཞན་དཀོན་མཆོག་གིས་སུ་སུ་ལ་སེམས་འགུལ་གནང་བ་ཚང་མ་ཡེ་རུ་ཤ་ལེམ་དུ་གཙོ་བོ་དཀོན་མཆོག་གི་མཆོད་ཁང་བཞེངས་ཕྱིར་འགྲོ་བར་གྲ་སྒྲིགས་བྱས་སོ། 6དེ་ཚོའི་ཁྱིམ་མཚེས་ཚང་མས་དེ་ཚོ་ལ་དངུལ་གྱི་སྣོད་ཆས་དང་གསེར་དང་དགོས་མཁོ་ཁག་དང་ཁྱིམ་གྱི་ཟོག་སེམས་ཅན་དང་གཞན་རིན་ཐང་ཅན་གྱི་དངོས་རིགས་དང་མཆོད་ཁང་གི་འབུལ་བ་ཁག་བཅས་ཕུལ་ནས་རོགས་གྱིས་སོ། 7རྒྱལ་པོ་ནེེ་བུ་ཀད་ནེ་ཛར་གྱིས་ཡེ་རུ་ཤ་ལེམ་གྱི་མཆོད་ཁང་ནང་ནས་འཁྱེར་ནས་རང་གི་སྐུ་འདྲའི་མཆོད་ཁང་དུ་བཞག་པའི་ཕོར་པ་དང་དཀར་ཡོལ་རྣམས་སེའི་རསེ་ཀྱིས་ཕྱིར་ལོག་སྤྲད་དོ། 8ཁོང་གིས་དེ་ཚོ་རྒྱལ་ཁབ་ཀྱི་བང་མཛོད་ཀྱི་འགོ་བྱེད་མིད་རེ་དད་ལ་རྩིས་སྤྲད་པ་དང་། ཁོས་ཡ་ཧུ་དཱ་པའི་སྤྱི་ཁྱབ་པ་ཤེཤེ་བྷ་ཛར་གྱི་ཆེད་དུ་དེའི་སྐོར་གྱི་དངོས་ཐོ་ཞིག་བཟོས་པ་ནི། 9-10གཤམ་གསལ་ལྟར་ཡིན། བུལ་བའི་ཆེད་གསེར་གྱི་ཕོར་པ་གྲངས་ ༣༠ འབུལ་བའི་ཆེད་དུ་དངུལ་གྱི་ཕོར་པ་ ༡,༠༠༠ གཞན་ཕོར་པ་ ༢༩ གསེར་གྱི་ཕོར་པ་ཆུང་བ་ ༣༠ དངུལ་གྱི་ཕོར་པ་ཆུང་བ་ ༤༡༠ གཞན་སྣོད་ཆས་ ༡,༠༠༠ 11ཤེཤེ་བྷ་ཛར་དང་གཞན་ཚོ་བྷེ་བྷི་ལོན་ནས་ཡེ་རུ་ཤ་ལེམ་དུ་བཙན་བྱོལ་དུ་འགྲོ་སྐབས་ཁོང་མཉམ་དུ་འཁྱེར་ཡོང་བའི་གསེར་དངུལ་གྱི་ཕོར་པ་དང་གཞན་དངོས་པོ་བཅས་གྲངས་ ༥,༤༠༠ ཡོད༎

ཨེཛ་ར 2

བཙན་བྱོལ་ལས་ཕྱིར་ལོག་བྱེད་མཁན་ཚོའི་མིང་ཐོ།

(ནེ་ཧེམ་ཡ་ ༧:༤-༧༣)

1བཙན་བྱོལ་བ་མང་པོ་བྷེ་བྷི་ལོན་གྱི་མངའ་སྡེ་ནས་ཐོན་སྟེ་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱ་བཅས་པར་རང་རང་གི་གྲོང་ཁྱེར་ཁག་ནང་ཕྱིར་ལོག་བྱས་སོ། དེ་ཚོའི་ཁྱིམ་ཚང་ཚོ་ནེ་བུ་ཀད་ནེ་ཛར་གྱི་བཙོན་དུ་འཁྲིད་པ་ནས་བཟུང་དེ་ཚོ་བྷེ་བྷི་ལོ་ནི་ཡ་དུ་བཙན་བྱོལ་དུ་གནས་ཡོད། 2དེ་ཚོའི་འགོ་བྱེད་རྣམས་ནི་ཛེ་རུ་བྷ་བྷེལ་དང། ཡོ་ཤུ་ཨ་དང། ནེ་ཧེམ་ཡཱ་དང། སེ་ར་ཡཱ་དང། རི་ལ་ཡཱ་དང་མོར་དོ་ཀཡེ་དང། བྷིལ་ཤཱན་དང། མིསེ་པར་དང། བྷིག་ཝཡི་དང་རེ་ཧུམ་དང་བྷ་ནཱ་བཅས་ཡིན་ནོ། ཨིསི་རཱཨེལ་གྱི་རིགས་རུས་ཀྱི་མིང་ཐོ་ནོ། བཙན་བྱོལ་ནས་ཕྱིར་ལོག་མཁན་རིགས་རུས་སོ་སོའི་གྲངས་འབོར་གྱི་མིང་ཐོ་ནི་འདི་ལྟར་ཡིན་ནོ། 3-20པ་རོཤི་ - ༢,༡༧༢ ཤེ་ཕཏ་ཡཱ - ༣༧༢ ཨོ་རཱ - ༧༧༥ པ་ཧད་མོ་ཨབ་(ཡེ་ཤུ་ཨ་དང་ཡོ་ཨབ་ཀྱི་རིགས་བརྒྱུད།) - ༢,༨༡༢ ཨེ་ལམ - ༡,༢༥༤ ཛཏ་ཏུ - ༩༤༥ ཛག་ཀཡི - ༧༦༠ བྷ་ནི - ༦༤༢ བྷེ་བྷཨི - ༦༢༣ ཨཛ་གད - ༡,༢༢༢ ཨ་དྷོ་ནི་ཀམ - ༦༦༦ བྷིག་ཝཡི - ༢,༠༥༦ ཨ་དིན - ༤༥༤ ཨ་ཏེར་(ཧེ་ཛི་ཀི་ཡཱ་ཡང་ཟེར) - ༩༨ བྷེ་ཛཨེ - ༣༢༣ ཡོ་ར - ༡༡༢ ཧ་ཤུམ - ༢༢༣ གྷི་བར - ༩༥ 21-35ཕ་མེས་རྣམས་གཤམ་གསལ་གྱི་གྲོང་ཁྱེར་ཁག་ནང་སྡེད་མཁན་མི་མང་ཕྱིར་ལོག་བྱེད་མི་ཚོའི་གྲངས། བྷེད་ལེ་ཧེམ - ༡༢༣ ནེ་ཏོ་ཕཱ - ༥༦ ཨ་ན་ཐོད - ༡༢༨ ཨཛ་མ་ཝེད - ༤༢ ཀིར་ཡད་ཡ་རིམ་དང་ཀེ་ཕི་རཱ་དང་བྷི་རོད་ - ༧༤༣ ར་མཱ་དང་གྷེ་བཱ - ༦༢༡ མིག་མཤེ - ༡༢༢ བྷེ་ཐེལ་དང་ཨེ - ༢༢༣ ནེ་བྷོ - ༥༢ མག་བྷིཤ - ༡༥༦ གཞན་ཨེ་ལམ - ༡,༢༥༤ ཧ་རིམ - ༣༢༠ ལོཌ་དང་ཧ་དྷིད་དང་ཨོ་ནོ - ༧༢༥ ཡེ་རི་ཀོ - ༣༤༥ སེ་ནཱ - ༣,༦༣༠ 36-39བླ་མ་ཚོའི་རིགས་རུས་བཙན་བྱོལ་ལས་ཕྱིར་ལོག་པ་ཚོའི་མིང་ཐོ་ནི་འདི་ལྟར་ཡིན། ཡེ་དྷ་ཡཱ (ཡེ་ཤུ་ཨའི་རིགས་བརྒྱུད) - ༩༧༣ ཨིམ་མེར - ༡,༠༥༢ པ་ཤུར - ༡,༢༤༧ ཧ་རིམ - ༡,༠༡༧ 40-42ལེ་ཝིའི་རིགས་རུས་བཙན་བྱོལ་ལས་འབྱོར་པ་ཚོའི་མིང་ཐོ་ནི། ཡེ་ཤུ་ཨ་དང་ཀད་མི་ཨེལ (ཧོ་ད་ཝི་ཨའི་རིགས་བརྒྱུད) - ༧༤ མཆོད་ཁང་གི་རོལ་མོ་མཁན (ཨ་སཕེ་ཀྱི་རིགས་བརྒྱུད) - ༡༢༨ མཆོད་ཁང་གི་སྐུ་སྲུང་བ (ཤལ་ལུམ་དང་ཨ་ཏེར་དང་ཏལ་མོན་དང་ཨ་ཀུབ་དང་ཧ་ཏི་ཏ་དང་ཤོ་བཡེ་རིགས་བརྒྱུད) - ༡༣༩ 43-54མཆོད་ཁང་ལས་བྱེད་བཙན་བྱོལ་ལས་ཕྱིར་ལོག་པ་ཚོའི་རིགས་རུས་ནི། ཛི་ཧ་དང་ཧ་སུ་ཕ་དང་ཏབ་བྷ་ཨོཏ་དང། ཀེ་རོསེ་དང་སི་ཨ་ཧ་དང་པ་དོན་དང་། ལེ་བ་ན་དང་ཧ་གྷ་བཱ་དང་ཨ་ཀུབ་དང། ཧ་གྷབ་དང་ཤམ་ལཡེ་དང་ཧ་ནན་དང། གྷིད་དེལ་དང་གྷ་ཧར་དང་རེ་ཨ་ཡཱ་དང། རེ་ཛིན་དང་ནེ་ཀོ་ད་དང་གྷཛ་ཛམ་དང། ཨུ་རྫ་དང་པ་སེ་ཨ་དང་བྷེ་སའི། ཨསེ་ནཱ་དང་མིའུ་ནིམ་དང་ནེ་ཕི་སིམ་དང། བྷག་བྷུག་དང་ཧ་ཀུ་ཕ་དང་ཧར་ཧུར་དང། བྷཛ་ལུད་དང་མེ་ཧི་ད་དང་ཧར་ཤ་དང། བྷྷར་ཀོསེ་དང་སི་སེ་ར་དང་ཏེ་མཱ་དང། ནེ་ཛི་ཡཱ་དང་ཧ་ཏི་ཕ་བཅས་ཡིན། 55-57སོ་ལོ་མོན་གྱི་ཞབས་ཕྱི་བཙན་བྱོལ་ལས་ཕྱིིར་ལོག་པ་རྣམས་ཀྱི་རིགས་རུས་ནི། སོ་ཏཡེ་དང་ཧ་སོ་ཕེ་རེད་དང་པེ་རུ་ད་དང། ཡ་ལཱ་དང་དྷར་ཀོན་དང་གྷིད་དེལ་དང། ཤེ་ཕཏ་ཡཱ་དང་ཧ་ཏིལ་དང་པོ་ཀེ་རེད་ཧ་ཛེ་བེམ་དང་ཨ་མི་བཅས་ཡིན། 58མཆོད་ཁང་གི་ཞབས་ཕྱིའི་རིགས་བརྒྱུད་དང་སོ་ལོ་མོན་གྱི་གཡོག་པོ་རྣམས་བཙན་བྱོལ་ལས་ཕྱིར་ལོག་པའི་གྲངས་འབོར་བསྡོམས་ ༣༩༢ ཡོད། 59-60ཏེལ་མེ་ལཱ་དང་ཏེལ་ཧར་ཤ་དང་ཀེ་རུབ་དང་ཨད་དན་དང་ཨིམ་མེར་གྲོང་ཁྱེར་ནས་ཡོང་མཁན་གྱི་གྲངས་ ༦༥༢ ཡོད་རུང། འོན་ཀྱང་དེ་དག་ནི་དྷེ་ལའི་ཡཱ་དང་ཏོ་བྷི་ཡཱ་དང་ནེ་ཀོ་དའི་རིགས་རུས་ལ་བདག་པ་ཡིན་ནོ། དེ་ཚོས་རང་ཉིད་ཨིསི་རཱཨེལ་གྱི་རིགས་བརྒྱུད་ཡིན་པས་སྟོན་མ་ཐུབ་བོ། 61-62གཤམ་གསལ་བླ་བརྒྱད་ཀྱི་རིགས་རུས་ཧ་བ་ཡཱ་དང་ཧག་ཀོཛ་དང་བྷར་ཛི་ལའི་དེ་ཚོའི་རིགས་བརྒྱུད་ཁུངས་བསྐྱེལ་བྱེད་པའི་ལོ་རྒྱུས་གང་ཡང་མ་རྙེད་དོ། (བླ་མའི་རིགས་རུས་བྷར་ཛི་ལའི་ཕ་མེས་ཀྱིས་གྷིལ་ཨད་ཀྱི་བྷར་ཛི་ལའི་བུ་མེད་ཞིག་དང་ཆང་ས་བརྒྱབ་པ་དང་རང་གི་ཆུང་མའི་ཕའི་རིགས་རུས་ཀྱི་མིང་བཏགས་ཡོད) དེ་ཚོས་རང་གི་ཕ་མེས་ཚོ་ཁུངས་བསྐྱེལ་བྱེད་མ་ཐུབ་པས་དེ་ཚོར་བླ་མར་ངོས་ལེན་བྱས་མེད་དོ། 63ཡ་ཧུ་དཱའི་སྲིད་སྐྱོངས་ཀྱིས་དེ་ཚོར་བླ་མའི་རྟགས་དཔྱད་བྱེད་པའི་དངོས་པོ་ཨུ་རིམ་དང་ཐུམ་མིམ་དཔེ་སྤྱོད་བྱ་མཁན་བླ་མ་ཞིག་མེད་པའི་རིང་དེ་ཚོས་དཀོན་མཆོག་ལ་ཕུལ་བའི་ཁ་ཟས་ཟ་མི་ཆོག་གསུངས་སོ། 64-67བཙན་བྱོལ་ལས་ཕྱིར་ལོག་མཁན་གྱི་གྲངས་འབོར་བསྡོམས་ - ༤༢,༣༦༠ དེ་ཚོའི་གཡོག་པོ་ཕོ་མོ་རྣམས - ༧,༣༣༧ རོལ་མོ་མཁན་ཕོ་མོ་རྣམས - ༢༠༠ རྟ་རྣམས་ - ༧༣༦ དྲེལ་རྣམས་ - ༢༤༥ རྔ་མོང་རྣམས་ - ༤༣༥ བོང་བུ་རྣམས་ - ༦,༧༢༠ 68བཙན་བྱོལ་པ་ཡེ་རུ་ཤ་ལེམ་དུ་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་སླེབས་སྐབས་རིགས་རུས་ཚོའི་འགོ་པ་འགའ་ཞིག་གིས་སྔོན་གྱི་ས་ཁུལ་དུ་མཆོད་ཁང་སྐྱར་བཞེངས་ཀྱི་རོགས་བྱེད་པའི་ཆེད་རང་གི་འདོད་མོས་བཞིན་མཆོད་པ་ཕུལ་ལོ། 69དེ་ཚོས་བྱ་བ་དེའི་ཆེད་རང་གིས་གང་ཐུབ་ཐུབ་ཕུལ་བ་དང། དེ་ཚོས་བསྡོམས་གསེར་ཀི་ལོ་ ༥༠༠ དང་དངུལ་ཀི་ལོ་ ༢,༨༠༠ བླ་མའི་ཆེད་ན་བཟའ་ ༡༠༠ བྱུང་ཡོད། 70བླ་མ་ཚོ་དང་ལེ་ཝི་པ་རྣམས་དང་མི་མང་འགའ་ཤས་ཡེ་རུ་ཤ་ལེམ་དང་དེའི་ཉེ་འགྲམ་དུ་གཞིས་ཆགས་ནས་གནས་པ་དང་རོལ་མོ་མཁན་དང་མཆོད་ཁང་གི་སྐུ་སྲུང་བ་དང་མཆོད་ཁང་གི་ལས་བྱེད་པ་ཚོའི་ཉེ་འགྲམ་ཀྱི་གྲོང་ཁྱེར་ཚོར་གཞིས་ཆགས་ནས་གནས་པ་དང་གཞན་ཨིསི་རཱཨེལ་པ་ཚོ་དེ་ཚོའི་ཕ་མེས་ཚོ་གནས་སྡོད་བྱ་ཡུལ་གྱི་གྲོང་ཚོའི་ནང་གཞིས་ཆགས་ནས་གནས་སོ༎

ཨེཛ་ར 3

སླར་ཡང་མཆོད་པ་འགོ་ཚུགས་པ།

1ཟླ་བ་བདུན་པའི་བར་ཨིསི་རཱཨེལ་གྱི་མི་མང་རྣམས་རང་རང་གི་གྲོང་ཁྱེར་ཚོའི་ནང་གཞིས་ཆགས་ནས་གནས་ཡོད་པ་དང་། དེ་ནས་དེ་ཚོ་ཚང་མ་ཡེ་རུ་ཤ་ལེམ་དུ་འདུ་འཛོམས་བྱས་པ་རེད། 2ཡེ་ཧོ་ཛ་དག་གི་བུ་ཡོ་ཤུ་ཨ་དང་ཁོང་གི་མཆེད་གྲོགས་བླ་མ་ཚོ་དང་ཤལ་ཏི་ཨེལ་གྱི་བུ་ཛེ་རུ་བྷ་བྷེལ་དང་ཁོང་གི་སྤུན་ཚོ་དང་མཉམ་འབྲེལ་གྱིས་དཀོན་མཆོག་གི་སྐྱེ་བོ་མོ་ཤེའི་བཀའ་ཁྲིམས་ནང་བཀོད་པའི་སློབ་སྟོན་ལྟར་སྦྱིན་སྲེག་གི་མཆོད་པ་འབུལ་བའི་ཆེད་ཨིསི་རཱཨེལ་གྱི་དཀོན་མཆོག་གི་མཆོད་ཁྲི་སྐྱར་བཞེངས་གནང་ངོ། 3བཙན་བྱོལ་ནས་ཕྱིར་ལོག་ཡོང་མཁན་ཚོ་ཡུལ་དེར་གནས་སྡོད་བྱ་མཁན་གྱི་ཡུལ་མི་ཚོར་འཇིགས་ཀྱི་ཡོད་ན་ཡང་དེ་ཚོས་སྔར་ཡོད་ས་ཁུལ་དེ་རང་དུ་མཆོད་ཁྲི་སྐྱར་བཞེངས་བྱས་ཤིང། དེ་ནས་དེ་ཚོས་སླར་ཡང་དུས་རྟགས་ཏུ་སྔ་དགོངས་གཉིས་ཀར་སྦྱིན་སྲེག་གི་མཆོད་པ་འབུལ་འགོ་ཚུགས་སོ། 4དེ་ཚོས་ལམ་སྲོལ་ལྟར་སྲུང་སྐྱོབས་ཀྱི་དུས་ཆེན་སྲུང་བརྩི་ཞུས་ཤིང། ཉིན་དེར་དགོས་པའི་མཆོད་པ་ཉིན་ལྟར་ཕུལ་བ་དང། 5དེའི་ཐོག་དེ་ཚོས་རྒྱུན་དུ་འབུལ་དགོས་པའི་སྦྱིན་སྲེག་གི་མཆོད་པ་ཆ་ཚང་སྲེག་དགོས་པ་དང། ཟླ་གསར་གྱི་དུས་ཆེན་གྱི་འབུལ་བ་དང་རྒྱུན་དུ་འདུ་འཛོམས་སྐབས་གཙོ་བོ་དཀོན་མཆོག་ལ་མཆོད་འབུལ་བྱེད་སྐབས་འབུལ་རྒྱུ་དང་གཞན་རང་མོས་ཐོག་གཙོ་བོ་དཀོན་མཆོག་ལ་འབུལ་རྒྱུའི་འབུལ་བ་རྣམས་ཆ་ཚང་ཕུལ་ལོ། 6མི་མང་གིས་མཆོད་ཁང་སྐྱར་བཞེངས་བྱ་འགོ་ཚུགས་མེད་ན་ཡང་དེ་ཚོས་ཟླ་བ་བདུན་པའི་ཚེས་དང་པོར་གཙོ་བོ་དཀོན་མཆོག་ལ་དམར་མཆོད་སྲེག་འགོ་ཚུགས་སོ༎

མཆོད་ཁང་སྐྱར་བཞེངས་འགོ་ཚུགས་པ།

7མི་མང་ཚོས་རྡོ་བཟོ་དང་ཤིང་བཟོ་བ་ཚོར་དངུལ་སྤྲད་པ་དང་ལེ་བ་ནོན་ནས་འགྱམ་ཤིང་རྣམས་ཡོ་པ་རུ་མཚོ་ཐོག་ཏུ་འཁྱེར་ཡོང་བའི་ལན་དུ་ཁ་ཟས་དང་ཆང་དང་ཁ་སྐྱུ་པོའི་སྣུམ་བཅས་ཊ་ཡར་གྱི་དང་སི་དོན་གྱི་གྲོང་ཁྱེར་དུ་བཏང་ངོ། དེ་ཚོ་པར་སི་ཡའི་རྒྱལ་པོ་ཆེན་པོ་སའི་རསེ་ཀྱིས་བཀའ་འཁྲོལ་ལྟར་གྱིས་སོ། 8དེར་བརྟེན་དེ་ཚོ་ཡེ་རུ་ཤ་ལེམ་གྱི་མཆོད་ཁང་གི་ས་ཁུལ་དུ་ཕྱིར་ལོག་སླེབས་པའི་ལོ་རེའི་ཟླ་བ་གཉིས་པར་དེ་ཚོས་ལས་འགོ་ཚུགས་ཤིང། ཛེ་རུ་བྷ་བྷེལ་དང་ཡོ་ཤུ་ཨ་དང་དེ་ཚོའི་ཡུལ་མི་ཚོ་དང་བླ་མ་དང་ལེ་ཝི་པ་དང་དེ་མིན་ཡེ་རུཤ་ལེམ་དུ་བརྩན་བྱོལ་དུ་འབྱོར་བ་ཚང་མས་ཀ་མཉམ་བཞུགས་བྱས་སོ། ལེ་ཝི་པ་ལོ་ན་ཉི་ཤུ་ལོན་པ་ནས་ལོ་ན་མཐོ་བ་ཚང་མ་མཆོད་ཁང་བཞེངས་རྒྱུའི་ལས་འགུལ་གྱི་འགོ་འཛིན་དུ་བསྐོ་གཞག་བྱས་སོ། 9ལེ་ཝི་པ་ཡེ་ཤུ་ཨ་དང་ཁོང་གི་སྲས་དང་སྤུན་རྣམས་དང་ཀད་མི་ཨེལ་དང་ཁོང་གི་སྲས་རྣམས་(ཧོ་ད་ཝི་ཨའི་རིགས་རུས་ནས་ཡིན་པ་)ཚོ་དང་མཉམ་དུ་མཆོད་ཁང་བཞེངས་རྒྱུའི་འགོ་འཛིན་གྱི་ལས་འཁུར་ནང་བཞུགས་སོ། (དེ་ཚོ་ལ་ཧེ་ན་དཱད་ཀྱི་རིགས་རུས་ནས་ཡིན་པ་ལེ་ཝི་པ་ཚོས་རོགས་རམ་བྱས་སོ།) 10མི་དེ་ཚོས་རྨང་གཞི་བཏིང་འགོ་ཚུགས་སྐབས་སུ་བླ་མ་ཚོས་ན་བཟའ་གྱོན་བཞིན་རང་གི་ལག་ཏུ་དུང་འཁྱེར་ནས། རང་གནས་སུ་བཞུགས་པ་དང། ཨ་སཕེ་ཀྱི་རིགས་རུས་ཀྱི་ལེ་ཝི་པ་ཚོས་རོལ་མོ་དང་མཉམ་དུ་དེར་ལངས་ནས། དེ་ཚོས་རྒྱལ་པོ་དཱ་བིད་ཀྱི་དུས་སྐབས་ནས་ལམ་སྟོན་ལྟར། གཙོ་བོ་དཀོན་མཆོག་ལ་བསྟོད་དོ། 11དེ་ཚོས་གཙོ་བོ་དཀོན་མཆོག་ལ་བསྟོད་པའི་མགུར་མ་ལེན་པ་དང། མགུར་མའི་ཚིག་བཅད་འདི་ཡང་ཡང་ལེན་ནོ། གཙོ་བོ་དཀོན་མཆོག་ནི་བཟང་པོ་ཡིན་པ་དང། ཁོང་གིས་ཨིསི་རཱཨེལ་ལ་བྱམས་པ་མཐའ་མེད་པ་མཛད་པ་ཡིན། ཚང་མས་སྐད་ཤུགས་ཆེན་པོས་གཙོ་བོ་དཀོན་མཆོག་ལ་བསྟོད་པ་ཕུལ་ལོ། གང་ལགས་ཟེར་ན། མཆོད་ཁང་གི་རྨང་གཞིའི་ལས་འགོ་ཚུགས་ཡོད་དོ། 12བླ་མ་འགྲེས་སོང་མང་པོ་དང་ལེ་ཝི་པ་དང་རིགས་རུས་ཀྱི་འགོ་འཛིན་རྣམས་དང་བཅས་པ་སྔར་གྱི་མཆོད་ཁང་མཐོང་མྱོང་བ་མང་པོས་མཆོད་ཁང་གི་རྨང་གཞི་འདིང་བ་གཟིགས་སྐབས་སྐད་རྒྱབ་པ་དང་ངུས་སོ། འོན་ཀྱང་གཞན་དེར་ཡོད་པ་ཚོས་དགའ་སྤྲོས་སྐད་འབོད་བྱས་སོ། 13མི་སུ་ཀྱང་དགའ་སྤྲོའི་སྐད་འབོད་དང་ངུ་བ་གཉིས་ཀྱི་བར་དབྱེ་བརྗེད་མ་ཐུབ་བོ། གང་ལ་ཟེར་ན། དེཚོའི་སྐུ་ཅོའི་སྒྲ་དེ་ཤུགས་ཆེན་པོ་ཡོད་སྟབས་ཐག་རིང་པོར་ཐོས་བཞིན་ཡོད་དོ༎

ཨེཛ་ར 4

མཆོད་ཁང་སྐྱར་བཞེངས་ཕྱིར་བྱེད་པར་ངོ་རྒོལ་བྱེད་པ།

1ཡ་ཧུ་དཱ་དང་བྷེན་ཡ་མིན་གྱི་མི་མང་ཚོའི་དགྲ་བོ་ཚོས་བཙན་བྱོལ་ནས་ཕྱིར་ལོག་ནས་ཡོང་མཁན་ཚོས་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གྱི་མཆོད་ཁང་སྐྱར་བཞེངས་བྱེད་བཞིན་ཡོད་པ་ཐོས་སོ། 2དེར་བརྟེན་དེ་ཚོས་ཛེ་རུ་བྷ་བྷེལ་དང་རིགས་རུས་ཚོའི་འགོ་འཛིན་ཚོ་དང་འཕྲད་པར་ཡོང་ནས། ང་ཚོ་ཡང་ཁྱོད་ཚོ་དང་མཉམ་དུ་མཆོད་ཁང་བཞེངས་དུ་འཇུག་རོགས་གནང། ཁྱོད་ཚོས་མཆོད་པའི་དཀོན་མཆོག་དེ་རང་ལ་ང་ཚོས་ཀྱང་མཆོད་ཅིང། ང་ཚོས་ཁོང་ལ་ཨ་སུར་གྱི་རྒྱལ་པོ་ཆེན་པོ་ཨེ་སར་ཧད་དྷོན་གྱིས་ང་ཚོ་འདིར་གནས་སྡོད་བྱེད་པར་གོཏང་གནང་བ་ནས་བཟུང་མཆོད་པ་འབུལ་བཞིན་ཡོད་ཅེས་སྨྲས་སོ། 3ཛེ་རུ་བྷ་བྷེལ་དང་ཡོ་ཤུ་ཨ་དང་རིགས་རུས་རྣམས་ཀྱི་འགོ་འཛིན་ཚོས་དེ་ཚོ་ལ། ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གྱི་མཆོད་ཁང་བཞེངས་རྒྱུར་ཁྱོད་ཚོས་རོགས་བྱེད་མི་དགོས། པར་སི་ཡའི་རྒྱལ་པོ་ཆེན་པོ་སའི་རསེ་ཀྱིས་ཇི་ལྟར་བཀའ་གནང་བ་ལྟར་ང་ཚོ་རང་ཉིད་ཀྱིས་དེ་བཞེངས་རྒྱུ་ཡིན་ཞེས་སྨྲས་སོ། 4དེ་ནས་ཡུལ་དེར་གནས་སྡོད་བྱེད་པའི་ཡུལ་མི་ཚོས་ཡ་ཧུ་དཱ་པ་ཚོར་སེམས་ཤུགས་ཉམ་ཆད་འཇིགས་སྣང་བསྐུལ་ཐབས་བྱས་པ་ཟད། དེ་ཚོས་མཆོད་ཁང་བཞེངས་རྒྱུར་བཀག་འགོག་བྱས་སོ། 5དེ་ཚོས་པར་ཤི་ཡའི་གཞུང་གི་ལས་བྱེད་པ་ཚོར་རྒྱབ་འགལ་བྱ་རྒྱུར་ལྐོག་རྔན་སྤྲད་ཅིང། སའི་རསེ་དང་དྷ་རི་ཡསེ་ཀྱི་རྒྱལ་དུས་རིང་དེ་ཚོས་དེ་ལྟར་མུ་མཐུད་བྱས་སོ༎

ཡེ་རུ་ཤ་ལེམ་སྐྱར་བཞེངས་བྱ་རྒྱུར་ངོ་རྒོལ་བྱེད་པ།

6རྒྱལ་པོ་ཆེན་པོ་ཨ་ཧ་སུ་རསེ་གྱི་རྒྱལ་དུས་ཀྱི་མགོ་ཚུགས་སྐབས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་པའི་མི་མང་གི་དགྲ་བོ་ཚོས་དེ་ཚོའི་ཐོག་ཏུ་སྐྱོན་བརྗོད་ཀྱི་ཡི་གེ་བྲིས་ནས་འཁྱེར་ཡོང་ངོ། 7སླར་ཡང་པར་སི་ཡའི་རྒྱལ་པོ་ཆེན་པོ་ཨར་ཐག་ཤས་ཐའི་རྒྱལ་དུས་སུ་ཀྱང་བྷིཤ་ལམ་དང་མིད་རེ་དད་དང་ཏ་བྷིལ་བཅས་དང་དེ་ཚོའི་འབྲེལ་ཡོད་བཅས་པས་རྒྱལ་པོ་ཆེན་པོར་ཞུ་ཡིག་ཞིག་བྲིས་སོ། ཞུ་ཡིག་དེ་ནི་ཨ་རམ་པའི་སྐད་དུ་བྲིས་ཡོད་པ་དང་ཡི་གེ་ཀློག་སྐབས་སྐད་བསྒྱུར་བྱེད་དགོས་སོ། 8སྤྱིད་ཁྱབ་པ་རེ་ཧུམ་དང་མངའ་སྡེའི་དྲུང་ཡིག་ཤིམ་ཤེ་ནས་ཨར་ཐག་ཤས་ཐ་ལ་ཡེ་རུ་ཤ་ལེམ་གྱི་སྐོར་ལ་གཤམ་གསལ་ལྟར་བྲིས་ཡོད་དོ། 9སྤྱིད་ཁྱབ་པ་རེ་ཧུམ་དང་མངའ་སྡེའི་དྲུང་ཡིག་ཤིམ་ཤེ་དང་དེ་ཚོའི་འབྲེལ་ཡོད་ཚོ་དང་ཁྲིམས་དཔོན་ཚོ་དང་ལས་བྱེད་པ་ཚོ་དང་པར་ཤི་ཡའི་མི་ཚོ་དང་བྷེ་བྷི་ལོན་པ་དང་ཨེ་ལམ་ཡུལ་གྱི་སུ་ས་བཅས་ནས་ཡིན་པའི་སྐྱེ་བོ་ཚོ་དང། 10མཉམ་དུ་སྙན་གྲགས་དང་སྟོབས་ཤུགས་ཅན་ཨ་ཤུར་བ་ནི་པལ་གྱི་རང་རང་གི་ཁྱིམ་ནས་རྒྱང་འབུད་གྱིས་ནས་ས་མར་ཡའི་གྲོང་ཁྱེར་དང་ནུབ་ཡུབ་རད་གཙང་པོའི་མངའ་སྡེའི་ཁུལ་གྱི་ས་གནས་གཞན་དུ་གཞིས་ཆགས་པའི་མི་གཞན་ཚོ་ནས། 11གནས་བྲིས་ཀྱི་འདྲ་བཤུས་འདི་ལྟར་ཡིན། རྒྱལ་པོ་ཆེན་པོ་ཨར་ཐག་ཤས་ཐ་ལ་ཁོང་གི་ཞབས་ཕྱི་རྣམས་ནུབ་ཡུབ་རད་གཙང་པོའི་མི་ཚོ་ནས་འབུལ་རྒྱུ། 12ང་ཚོའི་མི་དབང་ཁྱེད་ཀྱིས་མངའ་ཁུལ་གཞན་ཁག་ནས་ཡོང་མཁན་ཡ་ཧུ་དཱ་པ་ཚོ་ཡེ་རུ་ཤ་ལེམ་དུ་གཞིས་ཆགས་པ་དང་གྲོང་ཁྱེར་ངན་པ་དང་ངོ་ལོག་ཅན་དེ་སྐྱར་བཞེངས་བྱེད་བཞིན་པ་མཁྱེན་པར་མཛོད། དེ་ཚོའི་རྩིག་པ་ཁག་སྐྱར་བཞེངས་བྱེད་འགོ་ཚུགས་པ་མ་ཟད། དེ་དག་མགྱོགས་པོར་ཚར་བར་བྱེད་དོ། 13མི་དབང་ཆེན་པོ། གལ་ཏེ་གྲོང་ཁྱེར་འདི་བཞིན་སྐྱར་བཞེངས་བྱེད་པ་དང་དེའི་རྩིག་པ་རྣམས་ཚར་བ་ཡིན་ན། མི་མང་ཚོས་ཁྲལ་དང་རྒྱལ་ཁག་ཀྱི་དཔྱ་ཁྲལ་འབུལ་རྒྱུ་མཚམས་འཇོགས་བྱེད་པར་འགྱུར། 14གང་ལགས་ཟེར་ན། ང་ཚོས་ཁྱེད་ལ་གྲོས་མོལ་ཞུ་རྒྱུར། ད་ཆ་མི་དབང་ཁྱེད་ཀྱི་ང་ཚོར་བཀའ་དྲིན་ཆེ་བས། ང་ཚོས་ཁྱེད་ལ་དེ་ལྟར་བྱུང་བ་མཐོང་བར་མི་འདོད་དོ། 15ཁྱེད་ཀྱིས་ཕ་མེས་ཚོས་འཇོག་གནང་བའི་སྔོན་གྱི་ལོ་རྒྱུས་རྣམས་ལ་འཚོལ་ཞིབ་བྱེད་རྒྱུའི་བཀའ་གནང་བར་མཛོད། གལ་སྲིད་ཁྱེད་ཀྱིས་དེ་ལྟར་མཛད་པ་ཡིན་ན་གྲོང་ཁྱེར་འདི་བཞིན་རྟག་ཏུ་ངོ་ལོག་ཅན་དང་སྔ་མོའི་དུས་ནས་རྒྱལ་པོ་ཚོ་དང་མངའ་སྡེའི་སྲིད་སྐྱོང་པ་ཚོར་དཀའ་ངལ་སྤྲོད་བཞིན་ཡོད་པ་རྙེད་པར་འགྱུར། གྲོང་ཁྱེར་འདིས་མི་མང་ཚོ་ལ་སྲིད་སྐྱོང་བྱ་རྒྱུར་རྟག་ཏུ་དཀའ་ངལ་ཡོད་པས་རྐྱེན་གྱིས་གྲོང་ཁྱེར་འདི་མེད་པར་བཟོས་སོ། 16དེ་འདྲ་སོང་ཙང་གྲོང་ཁྱེར་འདི་བཞིན་སྐྱར་བཞེངས་བྱས་པ་དང་འདིའི་རྩིག་པ་རྣམས་ཆ་ཚང་ཚར་བ་ཡིན་ན། མི་དབང་ཁྱེད་ཀྱིས་ནུབ་ཡུབ་རད་གཙང་པོའི་མངའ་སྡེར་ཡུན་རིང་དབང་བསྒྱུར་གནང་བར་དཀའ་ངལ་ཆགས་པའི་ངས་བཏན་ཡོད་ཅེས་སོ། 17རྒྱལ་པོ་ཆེན་པོས་ཡིག་ལན་གཏོང་བ་འདི་སྐད་དུ། སྤྱིད་ཁྱབ་པ་རེ་ཧུམ་དང་དྲུང་ཡིག་ཤིམ་ཤེ་དང་ས་མར་ཡ་དུ་དང་ནུབ་ཡུབ་རད་གཙང་པོའི་གཞན་ས་ཁུལ་དུ་གནས་སྡོད་བྱ་མཁན་དེ་ཚོའི་འབྲེལ་ཡོད་ཚོར་སྤྲོད་རྒྱུའི་འཚམས་འདྲི་ཡོད། 18ཁྱོད་ཚོས་བཏང་བའི་ཡི་གེ་འདི་བཞིན་སྐད་བསྒྱུར་གྱིས་ནས་ང་ལ་ཀློག་བྱུང། 19ངས་རྩད་ཞིབ་བྱ་རྒྱུའི་བཀའ་བཏང་བ་ལྟར་སྔ་དུས་ནས་ཡེ་རུ་ཤ་ལེམ་གྱི་རྒྱལ་པོའི་སྐུ་དབང་ལ་ངོ་རྒོལ་གྱིས་པ་དང། ངོ་རྒོལ་མཁན་དང་དཀའ་སྡུག་བཟོ་མཁན་གྱིས་ཁེངས་ཡོད་པ་ངེས་བརྟན་རྙེད་བྱུང། 20སྟོབས་ཤུགས་ཅན་གྱི་རྒྱལ་པོ་ཚོས་དེར་རྒྱལ་སྲིད་སྐྱོངས་བ་དང་ནུབ་ཡུབ་རད་གཙང་པོའི་མངའ་སྡེ་ཡོངས་ལ་དབང་བསྒྱུར་གནང་ནས་ཁྲལ་དང་ས་ཞིང་གི་འཁྲལ་རྣམས་བསྡུས་ཀྱི་ཡོད་པ་དང། 21དེ་འདྲ་སོང་ཙང་ཁྱོད་ཚོས་ངས་བཀའ་བཏང་བ་ལྟར་མི་དེ་ཚོས་གྲོང་ཁྱེར་གསར་བཞེངས་བྱ་རྒྱུ་དེ་ནི། ངས་བཀའ་གཞན་མ་བཏང་བར་དུ་མཚམས་འཇོག་དགོས་པའི་བཀའ་གཏོང་དགོས་སོ། 22ངའི་མཁེ་ཕན་ལ་གནོད་འཚེ་མི་ཡོང་བའི་ཆེད་དེ་ལྟར་ཕྲལ་དུ་བྱོས་ཤིག 23རེ་ཧུམ་དང་ཤིམ་ཤེ་དང་དེ་ཚོའི་འབྲེལ་ཡོད་ཚོར་ཨར་ཐག་ཤས་ཐའི་བཀའ་ཡིག་དེ་བཞིན་ཀློག་ཟིན་མ་ཐག་དུ། དེ་ཚོ་མགྱོགས་པོར་ཡེ་རུ་ཤ་ལེམ་དུ་སོང་ནས་ཡ་ཧུ་དཱ་པ་ཚོར་གྲོང་ཁྱེར་སྐྱར་བཞེངས་བྱ་རྒྱུ་འཚམས་འཇོགས་བྱེད་དུ་བཅུག་པ་རེད༎

མཆོད་ཁང་གི་ལས་ཀ་སླར་ཡང་འགོ་བཙུགས་པ།

24པར་སི་ཡའི་རྒྱལ་པོ་ཆེན་པོ་དྷ་རི་ཡསེ་ཀྱིས་རྒྱལ་སྲིད་བཟུང་བའི་ལོ་གཉིས་བར་མཆོད་ཁང་གི་ལས་ཀ་འཚམས་འཇོག་བྱས་ནས་འགུལ་མེད་ཆགས་པ་རེད༎

ཨེཛ་ར 5

1དུས་སྐབས་དེར་ཧག་གྷཨེ་དང་ཨིད་དྷོའི་བུ་ཛ་ཀར་ཡཱ་བཅས་ལུང་སྟོན་པ་གཉིས་ནས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱ་མཁན་ཡ་ཧུ་དཱ་པ་ཚོར་ཨིསི་རཱཨེལ་གྱི་དཀོན་མཆོག་གི་མཚན་ཐོག་བཀའ་མོལ་གནང་འགོ་ཚུགས་སོ། 2དེ་ནས་ཤལ་ཏི་ཨེལ་གྱི་སྲས་ཛེ་རུ་བྷ་བྷེལ་དང་ཡེ་ཧོ་ཛ་དག་གི་སྲས་ཡོ་ཤུ་ཨ་གཉིས་ནས་དེ་ཚོའི་གསུང་འཕྲིན་ཐོས་སྐབས་ཡེ་རུ་ཤ་ལེམ་གྱི་མཆོད་ཁང་བཞེངས་འགོ་ཚུགས་པ་དང། དེ་ཚོ་ལ་ལུང་སྟོན་པ་གཉིས་ནས་རོགས་རམ་གནང་ངོ། 3ཕལ་ཆེར་དེ་མ་ཐག་ཏུ་ནུབ་ཡུབ་རད་གཙང་པོའི་སྤྱིད་ཁྱབ་པ་ཀྲ་ཀྲེ་ནཡེ་དང་ཤེ་ཐར་བྷོ་ཛི་ནེ་དང་དེ་ཚོའི་ལས་རོགས་ལས་བྱེད་པ་ཚོ་དང་བཅས་པ་ཡེ་རུ་ཤ་ལེམ་དུ་འབྱོར་ནས། ཁྱོད་ཚོར་མཆོད་ཁང་བཞེངས་རྒྱུ་དང་དེར་གོ་སྒྲིགས་བྱ་རྒྱུ་སུས་བཀའ་གནང་བྱུང་ངམ་ཞེས་འདྲི་རྩད་བྱས་པས། 4དེ་ཚོས་མཆོད་ཁང་བཞེངས་རྒྱུར་རོགས་བྱ་མཁན་ཚང་མའི་མིང་ཡང་དྲིས་སོ། 5འོན་ཀྱང་དཀོན་མཆོག་གིས་ཡ་ཧུ་དཱ་པ་ཚོའི་སྟེང་དུ་གཟིགས་བཞིན་ཡོད་སྟབས། པར་སི་ཡའི་ལས་བྱེད་པ་དེ་ཚོས་དྷ་རི་ཡསེ་ལ་ཕྱག་བྲིས་ཤིག་ཕུལ་ནས་དེའི་ལན་མ་འབྱོར་བར་དུ་གང་ཡང་མི་བྱ་རྒྱུའི་ཐག་ཆོད་བྱས་སོ། 6དེ་ཚོས་རྒྱལ་པོར་ཕུལ་བའི་སྙན་ཞུ་ནི་གཤམ་གསལ་ལྟར་ཡིན། 7རྒྱལ་པོ་ཆེན་པོ་དྷ་རི་ཡསེ་ལ་འབུལ་རྒྱུའི་ཡི་གེ་ནང་འཁོད། ཁྱེད་ཀྱི་རྒྱལ་སྲིད་ཞི་བདེའི་ངང་སྐྱོངས་བར་ཤོག 8མི་དབང་ཁྱད་ཀྱི་མཁྱེན་དགོས་རྒྱུར། ང་ཚོ་ཡ་ཧུ་དཱའི་མངའ་སྡེར་འབྱོར་ནས། དེར་རླབས་ཆེན་དཀོན་མཆོག་གི་མཆོད་ཁང་དེ་བཞིན་རྡོ་ལེབ་ཆེན་པོ་དང་རྩིག་པར་ཤིང་གི་མདུང་མ་བཙུགས་ནས་སྐྱར་བཞེངས་བྱེད་པ་དང། ལས་ཀ་རྣམས་ཧ་ཅང་ཟབ་ཟབ་དང་མུ་མཐུད་བརྟན་པོའི་ངང་བྱེད་བཞིན་ཡོད་པ་ཤེས་རྟོགས་འབྱུང། 9དེ་ནས་ང་ཚོས་མི་མང་གི་འགོ་འཛིན་ཚོ་ལ་མཆོད་ཁང་སྐྱར་བཞེངས་ཀྱི་གོ་སྒྲིགས་བྱ་རྒྱུའི་དབང་ཆ་སུ་ཡི་སྤྲད་བྱུང་ངམ་ཞེས་དྲིས་པ་ཡིན་ནོ། 10ལས་ཀའི་འགོ་འཛིན་དེ་སུ་ཡིན་ཁྱེད་ལ་ཞུ་བའི་ཆེད་དུ་ང་ཚོས་དེ་ཚོའི་མིང་ཡང་དྲིས་པ་ཡིན་ནོ། 11དེ་ཚོས་ལན་དུ། ངེད་རྣམས་མཐོ་རིས་དང་ས་གཞིའི་དཀོན་མཆོག་གི་ཞབས་ཕྱི་ཡིན་པ་དང་ང་ཚོས་ལོ་མང་པོའི་སྔོན་དུ་ཨིསི་རཱཨེལ་གྱི་མཐུ་སྟོབས་ཅན་གྱི་རྒྱལ་པོས་གོ་སྒྲིགས་གནང་ནས་བཞེངས་པའི་མཆོད་ཁང་དེ་ང་ཚོས་སྐྱར་བཞེངས་བྱེད་བཞིན་ཡོད་ཅེས་ཞུས་སོ། 12ང་ཚོའི་ཕ་མེས་ཚོས་མཐོ་རིས་ཀྱི་དཀོན་མཆོག་གི་ཐུགས་དཀྲུགས་ཡོད་སྟབས། ཁོང་གིས་ཀལ་དི་རྒྱལ་བརྒྱུད་ཡིན་པའི་རྒྱལ་པོ་བྷེ་བྷིལ་ལོ་ནི་ཡའིི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་དེ་ཚོའི་ཐོག་དབང་བསྒྱུར་བྱེད་དུ་འཇུག་གནང་ནས། མཆོད་ཁང་དེ་བཞིན་བཤིག་ནས་མི་མང་རྣམས་བྷེ་བྷི་ལོ་ནི་ཡ་དུ་བཙན་བྱོལ་དུ་འཁྲིད་དོ། 13དེ་ནས་བྷེ་བྷི་ལོན་ནི་ཡའི་རྒྱལ་པོ་ཆེན་པོ་སའི་རསེ་ཀྱི་རྒྱལ་སྲིད་སྐྱངས་པའི་ལོ་དང་པོར་སའི་རསེ་ཀྱི་མཆོད་ཁང་སྐྱར་བཞེངས་དགོས་པའི་བཀའ་བཀྲམས་པར་མཛད་དོ། 14ཁོང་གིས་ནེ་བུ་ཀད་ནེ་ཛར་གྱིས་ཡེ་རུ་ཤ་ལེམ་གྱི་མཆོད་ཁང་ནས་འཁྱེར་ནས་བྷེ་བྷི་ལོན་གྱི་མཆོད་ཁང་དུ་བཞག་ཡོད་པའི་གསེར་དངུལ་གྱི་ཡོ་བྱད་རྣམས་སླར་གསོ་མཛད་པ་དང། སེ་རསེ་ཀྱིས་ཡོ་བྱད་དེ་ཚོ་ཁོང་གིས་སྤྱིད་ཁྱབ་སུ་བསྐོས་བའི་སྐྱེ་བོ་ཤེཤེ་བྷ་ཛར་ཟེར་བར་རྩིས་སྤྲོད་གནང་ངོ། 15རྒྱལ་པོ་ཆེན་པོས་ཁོ་ལ་དེ་ཚོ་འཁྱེར་ནས་ཡེ་རུ་ཤ་ལེམ་གྱི་མཆོད་ཁང་ལ་ཕྱིར་སློག་ནས་སྔར་མཆོད་ཁང་ཡོད་ས་དེར་མཆོད་ཁང་སྐྱར་བཞེངས་བྱོས་ཤིག་གསུངས་སོ། 16དེར་བརྟེན་ཤེཤེ་བྷ་ཛར་ཕེབས་ནས་མཆོད་ཁང་གི་རྨང་གཞི་བཏིང་བ་ནས་བཟུང་དབར་བཟོ་བསྐྲུན་མུ་མཐུད་གནང་ན་ཡང་མཆོད་ཁང་ད་བར་མ་ཚར་རོ། 17ད་ཆ་མི་དབང་ཁྱེད་ཀྱི་ཐུགས་མཉེས་པ་ཡིན་ན་། བྷེ་བྷི་ལོན་གྱི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་སའི་རསེ་ཀྱིས་ཡེ་རུ་ཤ་ལེམ་གྱི་མཆོད་ཁང་དེ་བཞིན་བཞེེངས་དགོས་པའི་བཀའ་གནང་ཡོད་མེད་འཚོལ་ཞིབ་གནང་ནས་ཁྱེད་ཀྱི་དེའི་ཐོག་ཐུགས་དགོངས་ཇི་ཡོད་ཕྲན་ཚོར་བཀའ་གསལ་ཡོད་པ་ཞུ་ཅེས་སོ༎

ཨེཛ་ར 6

སའི་རསེ་ཀྱི་བཀའ་དེ་སླར་རྙེད་པ། 1དེར་བརྟེན་རྒྱལ་པོ་ཆེན་པོ་དྷ་རི་ཡསེ་ཀྱིས་བྷེ་བྷི་ལོན་གྱི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ཡིག་མཛོད་ནང་ལ་འཚོལ་ཞིབ་དགོས་པའི་བཀའ་རྒྱ་གནང་བར་མཛད་དོ། 2འོན་ཀྱང་མ་དཱའི་མངའ་སྡེའི་གྲོང་ཁྱེར་ཨེག་བྷ་ཏ་ནར་ཤོག་སྒྲིལ་ཞིག་རྙེད་པའི་ནང་གཤམ་གསལ་གྱི་ལོ་རྒྱུས་ཁག་བཀོད་ཡོད་དོ། 3སེའི་རསེ་རྒྱལ་པོ་ཆེན་པོས་རྒྱལ་སྲིད་བཟུང་བའི་ལོ་དང་པོར་ཁོང་གིས་ཡེ་རུ་ཤ་ལེམ་གྱི་མཆོད་ཁང་དུ་དམར་མཆོད་འབུལ་རྒྱུ་དང་སྦྱིན་སྲེག་གི་མཆོད་པ་རྣམས་འབུལ་ཡུལ་དེ་སྐྱར་བཞེངས་དགོས་པའི་བཀའ་གནང་ངོ། མཆོད་ཁང་དེ་བཞིན་མཐོ་ཚད་མི་ཀྲར་ཉི་ཤུ་རྩ་བདུན་དང་ཞེང་དུ་མི་ཀྲར་ཉི་ཤུ་རྩ་བདུན་དགོས་སོ། 4རྩིག་པའི་རྡོ་རྣམས་གྲལ་རིམ་གསུམ་གསུམ་གྱི་སྟེང་ལ་ཤིང་གི་གྲལ་རིམ་རེ་རེར་དགོས་སོ། འགྲོ་སོང་ཆ་ཚང་རྒྱལ་ཁབ་ཀྱི་བང་མཛོད་ནས་གཏོང་དགོས། 5དེ་མིན་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཡེ་རུ་ཤ་ལེམ་གྱི་མཆོད་ཁང་ནས་བྷེ་བྷི་ལོན་དུ་འཁྱེར་ཡོང་བ་གསེར་དངུལ་གྱི་ཡོ་བྱད་རྣམས་ཡེ་རུ་ཤ་ལེམ་གྱི་མཆོད་ཁང་དུ་རང་རང་གི་བཞུགས་གནས་སོ་སོར་ཕྱིར་སློག་བྱེད་དགོས་ཅེས་སྨྲས་སོ༎

དྷ་རི་ཡསེ་ཀྱིས་ལས་ཀ་མུ་མཐུད་བྱེད་དགོས་པའི་བཀའ་གནང་བ།

6དེ་ནས་དྷ་རི་ཡསེ་ཀྱིས་གཤམ་གསལ་གྱི་བཀའ་ལན་གནང་བ་ནི། ནུབ་ཡུབ་རད་གཙང་པོའི་སྤྱིད་ཁྱབ་པ་ཀྲ་ཀྲེ་ནཡེ་དང་ཤེ་ཐར་བྷོ་ཛི་ནེ་དང་བཅས་ཁྱོད་ཚོའི་ནུབ་ཡུབ་རད་གཙང་པོའི་ལས་བྱེད་པ་ལས་རོགས་ཚོར་སྤྲོད་རྒྱུ། མཆོད་ཁང་ནས་ཐག་རིང་དུ་སྡོད་ཅིག། 7ཁྱོད་ཚོས་བཞེངས་བཟོའི་ལས་ལ་བར་མ་ཆད་པ་བྱེད་ཅིག ཡ་ཧུ་དཱའི་སྤྱིད་ཁྱབ་པ་དང་ཡ་ཧུ་དཱ་པའི་འགོ་འཛིན་ཚོར་སྔར་དཀོན་མཆོག་གི་མཆོད་ཁང་ཡོད་ས་རང་དུ་སྐྱར་བཞེངས་བྱེད་དུ་འཇུག་ཅིག 8མཆོད་ཁང་སྐྱར་བཞེངས་བྱ་རྒྱུར་ཁྱོད་ཚོས་དེ་ཚོ་ལ་རོགས་བྱེད་དགོས་པའི་བཀའ་གཏོང་རྒྱུ་ཡིན། ལས་ཀར་བར་མ་ཆད་པའི་ཆེད་དེ་ཚོ་ལ་འགྲོ་གྲོན་རྣམས་ནུབ་ཡུབ་རད་གཙང་པོའི་དཔྱ་ཁྲལ་བྱུང་བའི་རྒྱལ་ཁབ་ཀྱི་མ་དངུལ་ནས་འཕྲལ་དུ་སྤྲོད་དགོས་སོ། 9ཉིན་རེ་བཞིན་ཡེ་རུ་ཤ་ལེམ་གྱི་བླ་མ་ཚོས་མཐོ་རིས་ཀྱི་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་པ་འབུལ་དགོས། བེའུ་དང་ལུག་གམ་ལུག་ཁྱུ་དང་གྲོ་དང་ཚ་དང་རྒུན་ཆང་ངམ་སྐྱུ་རུའི་སྣུམ་བཅས་དེ་ཚོ་ལ་ཇི་དགོས་པ་རྣམས་ཁྱོད་ཚོས་ཆད་མེད་སྤྲོད་དགོས་སོ། 10དེ་ལྟར་དེ་ཚོས་ནམ་མཁའི་དཀོན་མཆོག་ལ་མཉེས་པའི་དམར་མཆོད་འབུལ་ཐུབ་པ་དང་ང་དང་ངའི་བུ་ཚོའི་ཆེད་དུ་བྱིན་རླབས་དང་གསོལ་འདེབས་ཞུ་ཐུབ་པ་ཆེད་བྱེད་དགོས་སོ། 11ངས་མུ་མཐུད་ནས་བཀའ་གཏོང་རྒྱུར། སུ་ཞིག་ནས་བཀའ་འདི་ལ་བརྩི་བཀུར་མ་ཞུས་པ་ཡིན་ན། ཁོའི་ཁྱིམ་ནས་ཤིང་གི་མདུང་ཞིག་བཏོན་ནས་རྩེ་རྣོ་པོ་བཟོས་ནས་ཁོའི་གཟུགས་པོར་བཙུགས་དགོས་པ་མ་ཟད། ཁོའི་ཁྱིམ་དེ་ཡང་ལུད་ཀྱི་ཕུང་པོ་ཞིག་ལྟ་བུར་བཟོ་དགོས་སོ། 12ཡེ་རུ་ཤ་ལེམ་འདི་བཞིན་ཁོང་ལ་མཆོད་པ་འབུལ་ཡུལ་དུ་འདམས་པ་གནང་མཁན་གྱི་དཀོན་མཆོག་ཁོང་གི་བཀའ་འདི་ལ་བརྩི་མེད་བྱ་མཁན་རྒྱལ་པོའམ་རྒྱལ་ཁབ་དང་མཆོད་ཁང་མེད་པར་བཟོ་ཐབས་བྱ་མཁན་ཚོ་འཕམ་པར་མཛད་པར་ཤོག་ཅིག ང་དྷ་རི་ཡསེ་ཀྱིས་བཀའ་འདི་བསྒོ་བ་ཡིན་པས་། འདི་ཆ་ཚང་སྲུང་བརྩི་ཞུ་དགོས་ཅེས་སྨྲས་སོ༎

མཆོད་ཁང་ལ་བསྔོ་འབུལ་བྱས་པ།

13སྤྱིད་ཁྱབ་པ་ཀྲ་ཀྲེ་ནཡེ་དང་ཤེ་ཐར་བྷོ་ཛི་ནེ་དང་དེ་ཚོའི་ལས་རོགས་ལས་བྱེད་པ་ཚོ་བཅས་ནས་རྒྱལ་པོ་ཆེན་པོས་ཇི་ལྟར་བཀའ་གནང་བ་ལྟར་གྱིས་སོ། 14ཡ་ཧུ་དཱ་པའི་འགོ་འཛིན་ཚོས་མཆོད་ཁང་བཞེངས་རྒྱུར་ལུང་སྟོན་པ་ཧག་གྷཨེ་དང་ཛ་ཀར་ཡཱ་ནས་བློ་སྟོབས་སྤར་ནས་ཡར་རྒྱས་མང་པོ་བྱུང་ཡོད་དོ། དེ་ཚོ་ལ་ཨིསི་རཱཨེལ་གྱི་དཀོན་མཆོག་དང་པར་སི་ཡའི་རྒྱལ་པོ་ཆེན་པོ་རྣམས་སའི་རསེ་དང་དྷ་རི་ཡསེ་དང་ཨར་ཐག་ཤས་ཐ་བཅས་ནས་བཀའ་གནང་བ་ལྟར་མཆོད་ཁང་ཆ་ཚང་སྒྲུབ་བར་གྱིས་སོ། 15དེ་ཚོས་རྒྱལ་པོ་ཆེན་པོ་དྷ་རི་ཡསེ་ཀྱི་རྒྱལ་སྲིད་བཟུང་བའི་ལོ་དྲུག་པ་དང་ཨ་དྷར་ཟླ་བའི་ཚེས་གསུམ་ཉིན་མཆོད་ཁང་བཞེངས་སྒྲུབས་སོ། 16དེ་ནས་ཨིསི་རཱཨེལ་གྱི་མི་མང་དང་བླ་མ་ཚོ་དང་ལེ་ཝི་པ་ཚོ་དང་གཞན་བཙན་བྱོལ་ལས་ཕྱིར་ལོག་ཡོང་མཁན་ཚང་མས་དགའ་སྤྲོའི་ངང་མཆོད་ཁང་ལ་བསྔོ་འབུལ་མཛད་དོ། 17བསྔོ་འབུལ་གྱི་ཆེད་དུ་དེ་ཚོས་གླང་ ༡༠༠ དང་ལུག་ ༢༠༠ དང་ལུ་གུ་གྲངས་ ༤༠༠ དམར་མཆོད་དུ་འཕུལ་བ་དང་ར་བཅུ་གཉིས་དེ་ཨིསི་རཱཨེལ་གྱི་སྡིག་བཤགས་ཀྱི་ཆེད་དུ་སྡེ་རིགས་རེར་རྩིས་ནས་ཕུལ་ལོ། 18དེ་མིན་མོ་ཤེ་མདོ་ཡི་ནང་བཀོད་ཡོད་པ་ལྟར་དེ་ཚོས་ཡེ་རུ་ཤ་ལེམ་དུ་མཆོད་ཁང་གི་ཞབས་ཞུར་བླ་མ་ཚོ་དང་ལེ་ཝེ་པ་རྣམས་ལ་གོ་སྒྲིགས་གྱིས་སོ༎

པེ་སག་གི་དུས་ཆེན།

19བཙན་བྱོལ་ལས་ཕྱིར་ལོག་ཡོང་མཁན་གྱི་མི་མང་ཚོས་ལོ་རྗེས་མ་དེའི་ཟླ་བ་དང་པོའི་ཚེས་བཅུ་བཞིའི་ཉིན་པེ་སག་གི་དུས་ཆེན་སྲུང་བརྩི་ཞུས་སོ། 20བླ་མ་ཚོ་དང་ལེ་ཝི་པ་ཚང་མས་རང་ཉིད་ལ་གཙང་མར་བཟོས་ནས་ཆོ་ག་ལྟར་གཙང་བར་འགྱུར་རོ། ལེ་ཝི་པ་ཚོས་པེ་སག་དུས་ཆེན་གྱི་དམར་མཆོད་ཀྱི་ཆེད་དུ་དང་ཕྱིར་ལོག་ཡོང་མཁན་གྱི་མི་མང་ཚོའི་ཆེད་དང་བླ་མ་ཚོ་དང་དེ་ཚོ་རང་ཉིད་ཚོའི་ཆེད་དུ་ལུ་གུ་ཞིག་བསད་ནས། 21དམར་མཆོད་འབུལ་བ་དེ་ཚོ་བཙན་བྱོལ་ལས་ཕྱིར་ལོག་ཡོང་མཁན་ཨིསི་རཱཨེལ་པ་དང། ཡུལ་དེར་གནས་སྡོད་བྱ་མཁན་ཀླ་ཀློའི་ལྷ་ལ་མཆོད་མཁན་མི་མང་གི་ལམ་སྲོལ་སྤོང་མཁན་དང། གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ལ་མཆོད་པར་ཡོང་མཁན་ཚང་མས་ཟས་སོ། 22ཉིན་བདུན་གྱི་རིང་དེ་ཚོས་དགའ་སྤྲོའི་ངང་ལ་ཆི་མན་མེད་པའི་བག་ལེབ་ཀྱི་དུས་ཆེན་སྲུང་བརྩི་ཞུས་སོ། དེ་ཚོ་དགའ་སྤྲོས་ཁེངས་ཡོད། གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་དཀོན་མཆོག་གི་མཆོད་ཁང་སྐྱར་དུ་བཞེངས་བྱེད་འགྱུར་དེ་ཚོ་ལ་ཨ་སུར་གྱི་རྒྱལ་པོས་རྒྱབ་སྐྱོར་ཡོང་བའི་ཆེད་དུ་ཁོང་ཁོ་ཚོའི་ཕྱོགས་སུ་མཐུན་པར་མཛད་ཡོད་དོ༎

ཨེཛ་ར 7

ཨེཛ་ར་ཡེ་རུ་ཤ་ལེམ་དུ་འབྱོར་བ།

1ལོ་མང་པོའི་རྗེས་པར་སི་ཡའི་རྒྱལ་པོ་ཆེན་པོ་ཨར་ཐག་ཤས་ཐ་ཡིན་སྐབས་སྐྱེ་བོ་ཨེཛ་ར་ཞུ་བ་ཞིག་ཡོད་པས། ཁོང་གི་རིགས་བརྒྱུད་ཡིན་པའི་བླ་མའི་གཙོ་བོ་ཨ་རོན་བརྒྱུད་ནས་ཆད་ཡོད་པ་གཤམ་གསལ་ལྟར་ཡིན་ནོ། ཨེཛ་ར་ནི་སེ་ར་ཡཱའི་བུ་དང་ཁོང་ནི་ཨ་ཛར་ཡཱའི་བུ་དང་ཁོང་ནི་ཧིལ་ཀི་ཡཱའི་བུ་དང། 2ཁོང་ནི་ཤལ་ལུམ་གྱི་བུ་དང་ཁོང་ནི་ཛ་དཱོག་གི་བུ་དང་ཁོང་ནི་ཨ་ཧི་ཏུབ་ཀྱི་བུ་དང། 3ཁོང་ནི་ཨ་མར་ཡཱའི་བུ་དང་ཁོང་ནི་ཨ་ཛར་ཡཱའི་བུ་དང་ཁོང་ནི་མེ་ར་ཡོད་ཀྱི་བུ་དང། 4ཁོང་ནི་ཛེ་ར་ཡཱའི་བུ་དང་ཁོང་ནི་ཨུ་ཛིའི་བུ་དང་ཁོང་ནི་བྷུག་ཀིའི་བུ་དང། 5ཁོང་ནི་ཨ་བྷི་ཤུ་ཨའི་བུ་དང་ཁོང་ནི་ཕིན་ཧསི་ཀྱི་བུ་དང་ཁོང་ནི་ཨེ་ལི་ཛར་གྱི་བུ་དང་ཁོང་ནི་ཨ་རོན་གྱི་བུ་ཡིན་ནོ། 6-7ཨེཛ་ར་ནི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་མོ་ཤེ་ལ་གནང་བའི་བཀའ་ཁྲིམས་ཀྱི་སྐོར་མཁྱེན་ཡོན་ཅན་དང་མཁས་དབང་ཞིག་ཡིན་ནོ། ཨེཛ་ར་ལ་གཙོ་བོ་དཀོན་མཆོག་ཁོང་གི་དཀོན་མཆོག་གི་བྱིན་རླབས་ཡོད་སྟབས། རྒྱལ་པོ་ཆེན་པོས་ཁོང་གི་ཐུགས་འདོད་ཇི་ཡོད་ཞུས་པ་ཆ་ཚང་གནང་ངོ། ཨར་ཐག་ཤས་ཐས་རྒྱལ་སྲིད་བཟུང་བའི་ལོ་བདུན་པར་ཨེཛ་ར་དང་བླ་མ་ཚོ་དང་ལེ་ཝི་པ་ཚོ་དངམཆོད་ཁང་གི་རོལ་མོ་མཁན་དང་མཆོད་ཁང་གི་སྐུ་སྲུང་བ་དང་ལས་མི་བཅས་ཡོད་པའི་ཨིསི་རཱཨེལ་པ་ཚོ་ཞིག་མཉམ་དུ་བྷེ་བྷི་ལོ་ནི་ཡ་ནས་ཡེ་རུ་ཤ་ལེམ་དུ་ཐོན་ནོ། 8-9དེ་ཚོ་བྷེ་བྷི་ལོ་ནི་ཡ་ནས་ཟླ་བ་དང་པོའི་ཚེས་གཅིག་ལ་ཐོན་པ་དང། དཀོན་མཆོག་གི་ཐུགས་རྗེས་ཡེ་རུ་ཤ་ལེམ་དུ་ཟླ་བ་ལྔ་པའི་ཚེས་གཅིག་ལ་བྱོར་རོ། 10ཨེཛ་རས་ཁོང་གི་སྐུ་ཚེ་ཧྲིལ་པོ་གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལ་སློབ་གཉེར་གནང་རྒྱུ་དང་དེ་ཚོར་ཉམས་ལེན་གནང་རྒྱུ་དང་ཨིསི་རཱཨེལ་གྱི་མི་མང་ཚོར་བཀའ་ཁྲིམས་དང་ལམ་ལུགས་ཡོང་རྡོགས་ལ་སློབ་སྟོན་གནང་རྒྱུར་བེད་སྤྱོད་མཛད་དོ༎

ཨར་ཐག་ཤས་ཐས་ཨེཛ་ར་ལ་གནང་བའི་ཡིག་ཆ།

11ཨར་ཐག་ཤས་ཐས་བླ་མ་དང་མཁྱེན་ཡོན་ཅན་ལ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་བཀའ་ཁྲིམས་དང་བཀའ་རྒྱ་ཡོངས་ཀྱི་མཁྱེན་ཡོན་ཆ་ཚང་ཡོད་མཁན་ཨེཛ་ར་ལ་གཤམ་གསལ་གྱི་ཡིག་ཆ་གནང་ངོ། 12རྒྱལ་པོ་ཆེན་པོ་ཨར་ཐག་ཤས་ཐ་ནས་མཐོ་རིས་ཀྱི་དཀོན་མཆོག་གི་བཀའ་ཁྲིམས་གྱི་སྐོར་ལ་མཁྱེན་ཡོན་ལྡན་པ་བླ་མ་ཨེཛ་ར་ལ་སྤྲོད་རྒྱུར། 13ངས་ཨིསི་རཱཨེལ་གྱི་མི་མང་དང་བླ་མ་ཚོ་དང་ལེ་ཝི་པ་ཚོ་ཁྱོད་དང་མཉམ་དུ་ཡེ་རུ་ཤ་ལེམ་དུ་འགྲོ་བར་འདོད་མཁན་ཚོ་ལ་འགྲོ་ཆོག་པའི་བཀའ་ངའི་རྒྱལ་ཁམས་ཡོངས་སུ་གཏོང་བར་བྱའོ། 14ང་དང་ངའི་གྲོས་སྟོན་པ་བདུན་པོས། ཁྱོད་ལ་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱར་ཁྱོད་ཀྱི་དཀོན་མཆོག་གི་བཀའ་ཁྲིམས་ཁྱོད་ལ་བློས་འགེལ་གྱིས་རྩིས་གནང་བ་དེ་ཚོ་ལེགས་པོ་ཇི་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པ་གཟིགས་བའི་ཆེད་རྩད་ཞིབ་བྱེད་པར་གཏོང་རྒྱུ་ཡིན། 15ཁྱོད་ཀྱིས་ང་དང་ངའི་གྲོས་སྟོན་པ་ཚོས་ཡེ་རུ་ཤ་ལེམ་དུ་ཡོད་པའི་ཨིསི་རཱཨེལ་གྱི་དཀོན་མཆོག་མཆོད་ཁང་ལ་འབུལ་བར་འདོད་པའི་གསེར་དངུལ་རྣམས་ཁྱོད་དང་མཉམ་དུ་འཁྱེར་དགོས། 16དེ་མིན་ཁྱོད་ཀྱིས་བྷེ་བྷི་ལོན་གྱི་མངའ་སྡེ་ཡོངས་ནས་སྡུད་པའི་གསེར་དངུལ་དང། ཨིསི་རཱཨེལ་གྱི་མི་མང་དང་དེ་ཚོའི་བླ་མ་ཚོས་ཡེ་རུ་ཤ་ལེམ་དུ་ཡོད་པའི་དཀོན་མཆོག་གི་མཆོད་ཁང་ལ་འབུལ་བའི་འབུལ་བ་རྣམས་འཁྱེར་དགོས་སོ། 17ཁྱོད་ཀྱི་དངུལ་འདི་ཚོ་ཟབ་ཟབ་ངང་བེད་སྤྱོད་གནང་ནས་གླང་དང་ལུག་ཐུག་དང་ལུ་གུ་དང་འབྲུ་དང་ཆང་རྣམས་དང་བཅས་ཉོས་ནས་དེ་ཚོ་ཡེ་རུ་ཤ་ལེམ་གྱི་མཆོད་ཁང་གི་མཆོད་ཁྲིར་འབུལ་དགོས་སོ། 18གསེར་དངུལ་ལྷག་མ་རྣམས་ཁྱོད་ཀྱི་དཀོན་མཆོག་གི་ཐུགས་དགོངས་ལྟར། ཁྱོད་དང་ཁྱེད་ཀྱི་ཡུལ་མི་ཚོའི་གང་ལེགས་པ་ལྟར་བེད་སྤྱོད་བྱེད་ཆོག་གོ 19ཁྱོད་ཀྱི་ཡེ་རུ་ཤ་ལེམ་དུ་དཀོན་མཆོག་གི་མཆོད་ཁང་ལ་བཀུར་སྟི་ཞུས་བའི་ཆེད་དུ་བེད་སྤྱོད་བྱེད་པའི་སྣོད་ཆས་རྣམས་དཀོན་མཆོག་ལ་འབུལ་དགོས་སོ། 20དེ་མིན་ཁྱོད་ལ་མཆོད་ཁང་གི་ཆེད་དུ་དགོས་མཁོ་ཡོད་པ་རྣམས་ཁྱོད་ཀྱིས་རྒྱལ་པོའི་བང་མཛོད་ནས་ལེན་ཆོག་པ་ཡིན་ནོ། 21ངས་ནུབ་ཡུབ་རད་གཙང་པོའི་མངའ་སྡེའི་རྒྱལ་པོའི་བང་མཛོད་ཀྱྱི་ལས་བྱེད་པ་ཡོངས་ལ་བླ་མ་དང་མཐོ་རིས་ཀྱི་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་མཁས་དབང་ཨེཛ་ར་ལ་ཇི་འདྲ་དགོས་གསུངས་པ་འཕྲལ་དུ་འབུལ་དགོས་པའི་བཀའ་གཏོང་རྒྱུ་ཡིན་ནོ། 22དེའི་ཚད་ནི་དངུལ་ཀྱི་ལོ་ག་རམ་ ༣,༤༠༠ བར་དང་གྲོ་ཀི་ལོ་ག་རམ་ ༡༠,༠༠༠ བར་དང་རྒུན་ཆང་ལི་ཀྲར་ ༢,༠༠༠ བར་དང། ཁ་སྐྱུ་པོའི་སྣུམ་ལི་ཀྲར་ ༢,༠༠༠ བར་དང། ཚ་དགོས་ངེས་ལྟར་བཅས་ཡིན་ནོ། 23ཁྱོད་ཀྱིས་མཐོ་རིས་ཀྱི་དཀོན་མཆོག་ཁོང་གི་མཆོད་ཁང་ལ་གང་དགོས་པ་རྣམས་འབུལ་རྒྱུར་བརྟེན་པོ་གནང་དགོས་པ་དང། ཁོང་ང་དང་ངའི་རྗེས་སུ་རྒྱལ་སྲིད་བཟུང་མཁན་ལ་ནམ་ཡང་ཐུགས་མི་ཁྲོ་བ་བྱས་དགོས་སོ། 24ཁྱེད་ཀྱིས་བླ་མ་ཚོ་དང་ལེ་ཝི་པ་ཚོ་དང་རོལ་མོ་མཁན་ཚོ་དང་སྐུ་སྲུང་བ་ཚོ་དང་ལས་མི་ཚོ་དང་ཡང་ན་མཆོད་ཁང་དང་འབྲེལ་བ་ཡོད་མཁན་སུ་ཞིག་ནས་དཔྱ་ཁྲལ་ལེན་མི་ཆོག་གོ 25ཨེཛ་ར་ཁྱོད་ཀྱིས་དཀོན་མཆོག་གིས་ཁྱེད་ལ་གནང་བའི་ཤེས་རབ་ལ་བེད་སྤྱོད་གནང་ནས་ཁྱེད་ཀྱི་དཀོན་མཆོག་གི་བཀའ་ཁྲིམས་ལྟར་གནས་སྡོད་བྱ་མཁན་ནུབ་ཡུབ་རད་གཙང་པོའི་མི་མང་ཚོར་དབང་བསྒྱུར་བྱད་མཁན་དང་ཁྲིམས་དཔོན་བསྐོས་ཤིག བཀའ་ཁྲིམས་དེ་ཚོ་མི་ཤེས་མཁན་ལ་ངེས་པར་དུ་སློབ་སྟོན་བྱེད་དགོས་སོ། 26སུ་ཞིག་ནས་ཁྱོད་ཀྱི་དཀོན་མཆོག་གི་བཀའ་ཁྲིམས་སམ་ཡང་ན་རྒྱལ་ཁམས་ཀྱི་ཁྲིམས་ལ་སྲུང་བརྩི་མ་ཞུས་པ་ཡིན་ན། དེ་ཚོར་སྲོག་ཐོག་གམ་ཡང་ན་མཐའ་འབུད་དམ་རྒྱུ་ནོར་གཞུང་བཞེས་སམ་བཙོན་འཇུག་གིས་ཉེས་པ་འཕྲལ་དུ་གཏོང་དགོས་ཅེས་སོ༎

ཨེཛ་རས་དཀོན་མཆོག་ལ་བསྟོད་པ།

27ཨེཛ་རས་གསུངས་པ། ང་ཚོའི་ཕ་མེས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བསྟོད་པ་ཕུལ། ཁོང་གིས་རྒྱལ་པོ་ཆེན་པོ་ལ་ཡེ་རུ་ཤ་ལེམ་གྱི་དཀོན་མཆོག་གི་མཆོད་ཁང་ལ་གུས་ཞབས་ཞུ་འདོད་ཅན་བཟོས་པར་མཛད་དོ། 28དཀོན་མཆོག་གི་ཐུགས་རྗེ་ལས་ང་ལ་རྒྱལ་པོ་དང་ཁོང་གི་བཀའ་གྲོས་མཁན་ཚོ་དང་ཁོང་གི་དབང་ཡོད་ཅན་གྱི་ལས་བྱེད་པ་ཚང་མ་མགོ་འདྲེན་ཐོབ་པ་དང་གཙོ་བོ་དཀོན་མཆོག་ང་ཡིས་དཀོན་མཆོག་གིས་ང་ལ་བདག་ལ་བློ་སྟོབས་གནང་བ་དང། ང་ཡིས་ཨིསི་རཱཨེལ་གྱི་རིགས་རུས་ཚོའི་འགོ་འཛིན་མང་པོ་ང་དང་མཉམ་དུ་ཕྱིར་ལོག་རྒྱུར་འབོད་བསྐུལ་ཐུབ་པ་བྱུང་སོང་ཞེས་སྨྲས་སོ༎

ཨེཛ་ར 8

བཙན་བྱོལ་ལས་ཕྱིར་ལོག་མཁན་མི་མང་རྣམས།

1ཨར་ཐག་ཤས་ཐ་རྒྱལ་པོ་ཆེན་པོ་ཡིན་སྐབས་རིགས་རུས་ཚོའི་འགོ་འཛིན་རྣམས་བྷེ་བྷི་ལོ་ནི་ཡ་དུ་བཙན་བྱོལ་དུ་གནས་ཡོད་པ་དང། ཨེཛ་ར་དང་མཉམ་དུ་ཡེ་རུ་ཤ་ལེམ་དུ་ཡོང་མཁན་གྱི་མིང་ཐོ་འདི་ལྟར་ཡིན། 2-14ཕིིན་ཧསི་ཀྱི་རིགས་རུས་ནས་གྷེར་ཤོམ་དང། ཨི་ཐ་མར་གྱི་རིགས་རུས་ནས་དྷ་ནི་ཨེལ་དང། དཱ་བིད་ཀྱི་རིགས་རུས་ནས་ཤེ་ཀན་ཡཱའི་བུ་ཧ་ཏུཤེ་དང། པ་རོཤི་ཀྱི་རིགས་རུས་ནས་ཛ་ཀར་ཡཱ་དང་ཁོང་གི་རིགས་རུས་ཀྱི་སྐྱེས་པ་ ༡༥༠། (དེ་ཚོའི་ཕ་མེས་ཚོའི་ཐོ་བཀོད་བྱེད་ཡོད།) པ་ཧད་མོ་ཨབ་ཀྱི་རིགས་རུས་ནས་ཛེ་ར་ཡཱའི་བུ་ཨེ་ལི་ཧོ་ནེ་དང་མཉམ་དུ་སྐྱེས་པ་ ༢༠༠། ཛཏ་ཏུའི་རིགས་རུས་ནས་ཡ་ཧ་ཛི་ཨེལ་གྱི་བུ་ཤེ་ཀན་ཡཱ་དང་མཉམ་དུ་སྐྱེས་པ་ ༣༠༠། ཨ་དིན་གྱི་རིགས་རུས་ནས་ཡོ་ན་ཐན་གྱི་བུ་ཨེ་བྷེད་དང་མཉམ་དུ་སྐྱེས་པ་ ༥༠། ཨེ་ལམ་གྱི་རིགས་རུས་ནས་ཨ་ཐལ་ཡཱའི་བུ་ཡེ་ཤ་ཡཱ་དང་མཉམ་དུ་སྐྱེས་པ་ ༧༠། ཤེ་ཕཏ་ཡཱའི་རིགས་རུས་ནས་མི་ཀ་ཨེལ་གྱི་བུ་ཛེ་བ་དི་ཡཱ་དང་མཉམ་དུ་སྐྱེས་པ་ ༨༠། ཡོ་ཨབ་ཀྱི་རིགས་རུས་ནས་ཡེ་ཧི་ཨེལ་གྱི་བུ་ཨོ་བ་དི་ཡཱ་དང་མཉམ་དུ་སྐྱེས་པ་ ༢༡༨། བྷ་ནིའི་རིགས་རུས་ནས་ཡོ་སི་ཕི་ཡཱའི་བུ་ཤེ་ལོ་མིད་དང་མཉམ་དུ་སྐྱེས་པ་ ༡༦༠། བྷེ་བྷཨིའི་རིགས་རུས་ནས་བྷེ་བྷཨིའི་བུ་ཛ་ཀར་ཡཱ་དང་མཉམ་དུ་སྐྱེས་པ་ ༢༨། ཨཛ་གད་ཀྱི་རིགས་རུས་ནས་ཧག་ཀ་ཏན་གྱི་བུ་ཡོ་ཧ་ནན་དང་མཉམ་དུ་སྐྱེས་པ་ ༡༡༠། ཨ་དྷོ་ནི་ཀམ་གྱི་རིགས་རུས་ནས་ཨེ་ལི་ཕེ་ལེཏ་དང་ཡུ་ཨེལ་དང་ཤེ་མ་ཡཱ་བཅས་མཉམ་དུ་སྐྱེས་པ་ ༦༠། (དེ་ཚོ་རྗེས་སུ་ལོག་ཡོད་པ་ཚོ་ཡིན།) བྷིག་ཝཡིའི་རིགས་རུས་ནས་ཨུ་ཐཡེ་དང་ཛ་ཀུར་མཉམ་དུ་སྐྱེས་པ ༧༠ བཅས་སོ།

ཨེཛ་རས་མཆོད་ཁང་གི་ཆེད་དུ་ལེ་ཝི་པ་རྣམས་འཚོལ་བ།

15ང་ཚོའི་ཚོ་ཁག་ཡོངས་རྫོགས་ཨ་ཧ་ཝའི་གྲོང་ཁྱེར་ཕྱོགས་སུ་རྒྱུགས་པའི་ཡུར་པོ་དེར་ཉིན་གསུམ་གྱི་རིང་སྒར་བཏབ་ཡིན། ང་ཚོའི་ཚོ་ཁག་ནང་བླ་མ་རྙེད་ན་ཡང་དེ་ཚོའི་ནང་ལེ་ཝི་པ་མི་འདུག 16ངས་ཨེ་ལི་ཨེ་ཛེར་དང་ཨ་རི་ཨེལ་དང་ཤེ་མ་ཡཱ་དང། ཨེལ་ན་ཐན་དང། ཡ་རིབ་དང། ཨེལ་ན་ཐན་དང། ན་ཐན་དང། ཛ་ཀར་ཡཱ་དང། མེ་ཤུལ་ལམ་བཅས་འགོ་འཁྲིད་དགུ་དང་ཡོ་ཡ་རིབ་དང། ཨེལ་ན་ཐན་བཅས་དགེ་རྒན་གཉིས་བཏང་བ་ཡིན། 17ངས་དེ་ཚོ་ཀ་སི་ཕི་ཡར་མི་སྡེའིི་འགོ་འཁྲིད་ཨིད་དྷོའི་སར་ཁོང་དང་ཁོང་གི་ལས་རོགས་མཆོད་ཁང་གི་ལས་བྱ་ཚོར་ང་ཚོར་མཆོད་ཁང་ནང་དུ་དཀོན་མཆོག་ལ་ཞབས་ཕྱིར་ཞུ་མཁན་མི་གཏོང་ཤོ་ཅེས་འབོད་པར་བཏང་བ་ཡིན། 18དཀོན་མཆོག་གི་ཐུགས་རྗེ་ལས་དེ་ཚོས་སྐྱེ་བོ་ནུས་པ་དང་ལྡན་པ་ཤེ་རེབ་ཡཱ་དང་མཱ་ལིའི་རིགས་རུས་ཀྱི་ལེ་ཝི་པ་ཞིག་བཏང་བ་དང་ཁོའི་བུ་དང་སྤུན་བཅོ་བརྒྱད་ཀྱང་མཉམ་དུ་བཏང་ངོ། 19དེ་ཚོས་ཧ་ཤབ་ཡཱ་དང་མེ་ར་རིའི་རིགས་རུས་ཀྱི་ཡེ་ཤ་ཡཱ་དང་དེ་ཚོའི་གཉེན་ཚན་ཉི་ཤུ་ཡང་བཏང་ངོ། 20དེའི་ཐོག་ལེ་ཝི་པ་ཚོར་རོགས་བྱེད་པར་རྒྱལ་པོ་དཱ་བིད་དང་ཁོང་གི་ལས་བྱ་པ་ཚོས་བསྐོ་གཞག་གནང་བའི་རིགས་བརྒྱུད་ནས་ཆད་པའི་མཆོད་ཁང་གི་ལས་བྱ་ ༢༢༠ ཡོད། དེ་ཚོའི་མིང་ཐོ་ཚང་མ་བཀོད་ཡོད་དོ༎

ཨེཛ་རས་མི་མང་རྣམས་ལ་སྨྱུང་གནས་དང་སྨོན་ལམ་ཐོག་སྣེ་འཁྲིད་གནང་བ།

21དེ་ནས་ངས་ཨ་ཧ་ཝའི་ཡུར་པོའི་འགྲམ་དུ་ང་ཚོ་ཚང་མ་སྨྱུང་གནས་སུ་སྲུང་དགོས་པ་དང་ང་ཚོའི་དཀོན་མཆོག་གི་སྤྱན་སྔར་ཉམ་ཆུང་གྱིས་ནས་ཁོང་ལ་ང་ཚོའི་འགྲུལ་ལམ་གྱི་སྣེ་འཁྲིད་དང་ང་ཚོ་དང་ང་ཚོའི་བུ་ཕྲུག་དང་བདག་དབང་བཅས་པར་སྲུང་སྐྱོབས་གནང་རོགས་ཞུ་དགོས་པའི་བཀའ་བཏང་བ་ཡིན་ནོ། 22ངས་རྒྱལ་པོར་ང་ཚོའི་འགྲུལ་བསྐྱོད་སྐབས་དགྲ་བོ་ཚོ་ལས་སྐྱོབས་པའི་ཆེད་དུ་དམག་དཔུང་དང་རྟ་དམག་གཏོང་རོགས་གནང་ཞུ་རྒྱུར་ངོ་ཚ་བར་བྱུང་ངོ། གང་ལགས་ཟེར་ན། ངས་ཁོང་ལ་ང་ཚོའི་དཀོན་མཆོག་ལ་བློ་བཅོལ་མཁན་ཚང་མར་བྱིན་རླབས་གནང་བ་དང། ཁོང་ལས་ངོ་ལོག་བྱེད་མཁན་རྣམས་ལ་ཐུགས་མ་མཉེས་པ་དང་ཉེས་ཆད་དྲག་པོ་གཏོང་གནང་གི་རེད་ཅེས་ཞུ་ཡོད་དོ། 23དེར་བརྟེན་ང་ཚོས་སྨྱུང་གནས་སྲུང་བ་དང་ང་ཚོ་ལ་སྲུང་སྐྱོབས་ཡོང་བའི་ཆེད་སྨོན་ལམ་བཏབ་པས་ཁོང་གིས་ང་ཚོའི་སྨོན་ལམ་ལ་གསན་བཞེས་གནང་ངོ༎

མཆོད་ཁང་ལ་འབུལ་བ།

24དེ་ནས་ངས་བླ་མའི་འགོ་འཁྲིད་ཚོ་ནས་ཤེ་རེབ་ཡཱ་དང་ཧ་ཤབ་ཡཱ་དང་བཅས་གཞན་བཅུ་འདམས་པ་ཡིན། 25དེ་ནས་ང་ཡིས་རྒྱལ་པོ་དང་ཁོང་གི་སློབ་སྟོན་པ་དང་ལས་བྱེད་པ་རྣམས་དང་ཨིསི་རཱཨེལ་གྱི་མི་མང་ཚོས་མཆོད་ཁང་གྱི་བེད་སྤྱོད་ཆེད་འབུལ་བ་གསེར་དངུལ་དང་སྣོད་བཅས་པ་རྣམས་འདེགས་ནས་དེ་ཆོ་བླ་མ་ཚོར་ཕུལ་ལོ། 26-27ངས་ཁོང་ཚོར་འབུལ་བ་རྣམས་འདི་ལྟར་ཡིན། དངུལ་ཀྲོན - ༢༢ དངུལ་གྱི་སྣོད་ ༡༠༠ - ལྗིད་ཚད་ཀི་ལོ་ག་རམ་ ༧༠ གསེར - ཀི་ལོ་ག་རམ་ ༣,༤༠༠ གསེར་གྱི་ཕོར་པ་ ༢༠ - ཀི་ལོ་གྷ་རམ་ ༨.༤ གསེར་གྱི་ཕོར་པའི་རིན་ཐང་ཅན་དང་འདྲ་བ་ལིའི་ཕོར་པ་སྤུས་ལེགས ༢། 28དེ་ནས་ངས་དེ་ཚོ་ལ། ཁྱོད་ཚོ་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་ཕ་མེས་ཀྱི་དཀོན་མཆོག་གི་ཆེད་དུ་དམ་པ་ཡིན་ནོ། དེ་ལྟར་རང་འདོད་ཀྱིས་ཚུལ་དུ་ཕུལ་བའི་འབུལ་བ་གསེར་དངུལ་དང་སྣོད་ཆས་རྣམས་ཀྱང་དམ་པ་ཡིན་ནོ། 29ཁྱོད་ཚོ་མཆོད་ཁང་དུ་མ་འབྱོར་བར་དུ་དེ་ཚོ་ཟབ་ཟབ་ཀྱིས་སྲུང་ནས། དེ་ཚོ་བླ་མ་ཚོའི་ཁང་མིག་ནང་འདེགས་ནས་བླ་མ་ཚོའི་དབུ་འཛིན་དང་ལེ་ཝི་པ་ཚོ་དང་ཡེ་རུ་ཤ་ལེམ་དུ་ཡོད་པའི་ཨིསི་རཱཨེལ་གྱི་འགོ་འཁྲིད་ཚོར་རྩིས་སྤྲོད་བྱོས་ཤིག་ཅེས་སྨྲས་པ་ཡིན་ནོ། 30དེར་བརྟེན་བླ་མ་ཚོ་དང་ལེ་ཝི་པ་ཚོས་གསེར་དངུལ་དང་སྣོད་བཅས་ཡེ་རེ་ཤ་ལེམ་གྱི་མཆོད་ཁང་དུ་འཁྱེར་རྒྱུའི་ཆེད་རྩིས་བླངས་སོ༎

ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་པ།

31ང་ཚོ་ཟླ་བ་དང་པོའི་ཚེས་བཅུ་གཉིས་ཉིན་ཨ་ཧ་ཝའི་ཡུར་པོ་ནས་ཡེ་རུ་ཤ་ལེམ་དུ་ཐོན་ནོ། ང་ཚོ་འགྲུལ་བསྐྱོད་སྐབས་དཀོན་མཆོག་ང་ཚོ་མཉམ་དུ་ཡོད་པ་དང་ཁོང་གིས་ང་ཚོ་དགྲ་བོའི་འཐབ་རྒོལ་དང་འཇབ་རྒོལ་ལས་སྐྱོབས་པར་མཛད་དོ། 32ང་ཚོ་ཡེ་རུ་ཤ་ལེམ་དུ་འབྱོར་ནས་ཉིན་གསུམ་རིང་ངལ་བསོ་གྱིས་པ་ཡིན། 33དེ་ནས་ཉིན་བཞི་པར་ང་ཚོ་མཆོད་ཁང་དུ་སོང་ནས་གསེར་དངུལ་དང་སྣོད་རྣམས་འདེགས་ནས་དེ་ཚོ་ཨུ་རི་ཡཱའི་བུ་བླ་མ་མེ་རེ་མོད་ལ་རྩིས་འབུལ་ཞུས་པ་ཡིན། ཁོང་མཉམ་དུ་ཕིན་ཧསི་ཀྱི་བུ་ཨེ་ལི་ཛར་དང་ཡེ་ཤུ་ཨའི་བུ་ཡོ་ཛ་བྷད་དང་བྷིན་ནུཨིའི་བུ་ནོ་དྷི་ཡཱ་ལེ་ཝི་པ་གཉིས་བཅས་ཡོད་དོ། 34དེ་ཚོ་རེ་རེ་བཞིན་ཚང་མ་གྲངས་གཤེར་དང་བ་དང་འདེགས་ནས་དུས་མཚུངས་དེབ་ཐོ་ཆ་ཚང་ཞིག་བཀོད་དོ། 35བཙན་བྱོལ་ལས་ཕྱིར་ལོག་ཡོང་མཁན་ཚང་མས་ཨིསི་རཱཨེལ་གྱི་དཀོན་མཆོག་ལ་སྦྱིན་སྲེག་གི་དམར་མཆོད་འབུལ་བའི་ཆེད་འབུལ་བ་ཁག་འཁྱེར་ཡོང་ངོ། དེ་ཚོས་ཨིསི་རཱཨེལ་ཡོངས་ཀྱི་ཆེད་དུ་གླང་གོག་བཅུ་གཉིས་དང་ལུག་ཐུག་དགུ་ཅུ་གོ་དྲུག་དང་ལུ་གུ་བདུན་ཅུ་དོན་བདུན་ཕུལ་བ་དང་དེ་ཚོ་རང་ཉིད་ཀྱིས་སྡིག་པ་ལས་གཙང་བར་བྱེད་པའི་ཆེད་ར་བཅུ་གཉིས་ཀྱང་ཕུལ་ལོ། སེམས་ཅན་དེ་ཚོ་ཚང་མ་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་ཀྱི་དམར་མཆོད་དུ་སྲེགས་སོ། 36རྒྱལ་པོ་ཆེན་པོས་དེ་ཚོ་ལ་གནང་བའི་བཀའ་ཡིག་བླངས་ནས་ནུབ་ཡུབ་རད་གཙང་པོའི་མངའ་སྡེའི་སྤྱིད་ཁྱབ་དང་ལས་བྱེད་པ་ཚོར་ཕུལ་བའི་རྗེས་སུ་དེ་ཚོས་མི་མང་དང་མཆོད་ཁང་ལ་མཆོད་འབུལ་བྱེད་ཆོག་སྐོར་ལ་རྒྱབ་སྐྱོར་གནང་ངོ༎

ཨེཛ་ར 9

མི་རིགས་གཞན་དང་མཉམ་དུ་ཆང་ས་བརྒྱབ་པ་ཨེཛ་རས་ཤེས་པ།

1དེ་ལྟར་ཚང་མ་གྱིས་པའི་རྗེས་ལ་ཨིསི་རཱཨེལ་གྱི་མི་མང་གི་འགོ་འཁྲིད་འགའ་ཤས་ངའི་སར་ཡོང་ནས། ང་ལ་མི་མང་དང་བླ་མ་དང་ལེ་ཝི་པ་ཚོས་རང་ལ་ཁྱིམ་མཚེས་རྒྱལ་ཁབ་ཨམ་མོན་དང་མོ་ཨབ་དང་ཨི་ཇིབ་ཀྱི་མི་མང་དང་ཡང་ན་ཀ་ནན་པ་དང་ཧི་ཏི་པ་དང་པེ་རི་ཛི་པ་དང་ཡེ་བུ་སི་པ་དང་ཨ་མོར་པ་བཅས་ནས་ལོག་སུ་མ་བསྡད་པར་དེ་ཚོས་བྱེད་པའི་ཞེན་ལོག་ཅན་གྱི་བྱ་བ་རྣམས་བྱེད་བཞིན་ཡོད་པའི་སྐོར་ང་ལ་སྨྲས་བྱུང། 2ཡ་ཧུ་དཱ་པ་ཁྱོད་ཚོས་ཕྱི་རྒྱལ་བའི་བུད་མེད་ཚོ་དང་ཆང་ས་བརྒྱབ་བཞིན་ཡོད་སྟབས་དཀོན་མཆོག་གི་མི་མང་དམ་པ་ཚོ་གྲིབ་ཅན་དུ་གྱུར་བ་དང། འགོ་འཁྲིད་ཚོ་དང་ལས་བྱེད་པ་ཚོ་ཁྲིམས་འགལ་བྱ་མཁན་གཙོ་བོ་དེ་ཚོ་ཡིན་ནོ། 3ང་ཡིས་དེ་ལྟར་ཐོས་སྐབས་སེམས་སྡུག་གི་རང་གི་གོས་ཧྲལ་བ་དང་སྐྲ་དང་རྨ་ར་འཐེན་ནས་མྱ་ངན་གྱིས་ནོན་ནས་ས་ཁར་བསྡད་པ་ཡིན། 4ང་དེར་དགོངས་དྲོའི་དམར་མཆོད་འབུལ་མ་རན་བར་དུ་མྱ་ངན་བྱེད་བཞིན་བསྡད་པ་དང། ཨིསི་རཱཨེལ་གྱི་དཀོན་མཆོག་གིས་བཙན་བྱོལ་ལས་ཕྱིར་ལོག་མཁན་ཚོའི་སྡིག་པའི་སྐོར་ཇི་ལྟར་བཀའ་གནང་བར་འཇིགས་མཁན་གྱི་མི་མང་རྣམས་རིམ་བཞིན་ངའི་མཐའ་འཁོར་དུ་བསྡད་དོ། 5དགོངས་དྲོའི་དམར་མཆོད་འབུལ་བའི་དུས་ཚོད་ལ་སླེབས་སྐབས་རང་གི་གོས་རལ་པ་དེ་གྱོན་བཞིན་དུ་མྱ་ངན་བྱ་ཡུལ་ས་གནས་དེ་ནས་ཡར་ལངས་ཏེ་སྤུས་མོ་བཙུགས་ནས་སྨོན་ལམ་འདེབས་བཞིན་གཙོ་བོ་དཀོན་མཆོག་ང་ཡི་དཀོན་མཆོག་གི་ཕྱོགས་སུ་ལག་པ་བརྐྱངས་ནས། 6ངས་ཞུས་པར་ཀྱེ་དཀོན་མཆོག་ཁྱེད་ཀྱི་སྐུ་དྲུང་དུ་ངའི་མགོ་བོ་ཡར་འདེགས་རྒྱུར་ཧ་ཅང་ངོ་ཚ་བཞིན་འདུག ང་ཚོའི་སྡིག་པ་རྣམས་སྤུངས་ཡོད་པ་དང་ང་ཚོའི་མགོ་བོ་ལས་མཐོ་པོར་འགྱུར་ཡོད་པས་དེ་ཚོ་མཐོ་རིས་བར་དུ་སླེབས་ཡོད་དོ། 7ང་ཚོའི་ཕ་མེས་ཀྱི་དུས་ནས་དེ་རིང་བར་དུ་ང་ཚོ་ཁྱོད་ཀྱི་མི་མང་ཚོས་སྡིག་པ་ཆེན་པོ་བསགས་ཡོད། ང་ཚོའི་སྡིག་པའི་རྐྱེན་གྱིས་ང་ཚོ་དང་ང་ཚོའི་རྒྱལ་པོ་ཚོ་དང་བླ་མ་ཚོ་བཅས་པ་ཕྱི་རྒྱལ་གྱི་རྒྱལ་པོའི་ལག་ཏུ་ཤོར་ནས་ང་ཚོ་དམར་གསོད་བཏང་བ་དང་ཇག་བཅོམ་གྱིས་ནས་བཙོན་པ་ལྟར་འཁྲིད་ཡོད་དོ། དེ་རིང་བར་དུ་ང་ཚོར་དམའ་འབེབས་ཆ་ཚང་གྱིས་ནང་དུ་གནས་ཡོད་དོ། 8ད་ཆ་དུས་ཚོད་ཐུང་ཐུང་ཞིག་རིང་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ཁྱེད་ཀྱིས་ང་ཚོར་བཀའ་དྲིན་ཆེན་པོའི་སྒོ་ནས་ང་ཚོ་འགའ་ཤས་ཚེ་གཡོག་ལས་ཐར་དུ་འཇུག་གནང་ནས་གནས་དམ་པ་འདིར་བདེ་འཇགས་ངང་གནས་སུ་འཇུག་གནང་ཡོད། ང་ཚོ་ཚེ་གཡོག་ཡིན་བཞིན་དུ་ཁྱེད་ཀྱིས་ང་ཚོར་མི་ཚེ་གསར་བ་གནང་ངོ། 9ཁྱེད་ཀྱིས་ང་ཚོ་ཚེ་གཡོག་ཏུ་གནས་སུ་འཇུག་གནང་མེད། ཁྱེད་ཀྱིས་པར་སི་ཡའི་རྒྱལ་པོ་ཆེན་པོ་རྣམས་ང་ཚོར་ཐུགས་རྗེ་དང་ང་ཚོ་འཚོ་བར་གནས་བཅུག་པ་དང། ཁྱེད་ཀྱི་མཆོད་ཁང་གྱང་གོག་ཏུ་སོང་བ་དེ་སྐྱར་བཞེངས་བྱེད་རྒྱུ་དང་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་དུ་བདེ་འཇགས་སུ་གནས་པ་བཅས་ཡོང་བ་བཟོས་གནང་ཡོད་དོ། 10འོན་ཀྱང་ཀྱེ་དཀོན་མཆོག་ད་ཆ་དེ་ལྟར་ཚང་མ་བྱུང་བའི་རྗེས་ལ་ང་ཚོས་ཁྱེད་ལ་གང་ཞུས་ཐུབ་བམ། ང་ཚོས་སླར་ཡང་ཁྱེད་ཀྱི་བཀའ་རྣམས་ལ་སྲུང་བརྩི་ཞུས་མེད་དོ། 11བཀའ་དེ་ཚོ་ཁྱེད་ཀྱིས་ཞབས་ཕྱི་ལུང་སྟོན་པ་རྣམས་བརྒྱུད་ནས་གནང་ཡོད། དེ་ཚོས་ང་ཚོའི་དབང་བར་བྱེད་པའི་ཡུལ་དེ་བཞིན་མི་གཙང་བ་ཡིན། གང་ལགས་ཟེར་ན། དེར་གནས་སྡོད་བྱེད་པའི་མི་མང་ཚོས་ཡུལ་གྱི་མཐའ་གཅིག་ནས་གཞན་བར་ཞེན་ལོག་དང་སྐྱུག་བྲོའི་བྱ་བས་བཀང་ཡོད་ཅེས་གསུངས་སོ། 12དེ་ཚོས་ང་ཚོའི་ཡུལ་དེ་བཞིན་དབང་བར་འདོད་ཅིང་ང་ཚོའི་རིགས་བརྒྱུད་རྗེས་མ་ཚོར་གཏན་དུ་སྤྲད་པར་འདོད་ན་ང་ཚོས་མི་མང་དེ་ཚོ་མཉམ་དུ་ནམ་ཡངཆང་ས་བརྒྱབ་མི་ཆོག་པ་དང། དེ་ཚོ་འཕེལ་རྒྱས་དང་ལམ་ལྟོང་བྱུང་བར་ནམ་ཡང་རོགས་བྱེད་མི་རུང་གསུངས་སོ། 13འོན་ཀྱང་ང་ཚོའི་སྡིག་པ་དང་ནོར་འཁྲུལ་རྣམས་ལ་ཉེས་ཆད་ཚང་མ་བྱུང་བའི་རྗེས་ལ་ང་ཚོས་ང་ཚོའི་དཀོན་མཆོག་ཁྱེད་ཀྱིས་ང་ཚོར་དགོས་ངེས་ཀྱི་ཉེས་ཆད་ལས་ཉུང་བར་གཏོང་གནང་ནས་ང་ཚོ་འཚོ་རུ་འཇུག་གནང་བ་ཤེས་ཀྱི་ཡོད་དོ། 14དེ་བས་ན་ང་ཚོས་སླར་ཡང་ཁྱེད་ཀྱི་བཀའ་ལ་བརྩི་མེད་ཀྱིས་མི་མང་སྤྱོད་ངན་དེ་ཚོ་མཉམ་དུ་ཇི་ལྟར་ཆང་ས་བརྒྱབ་ཐུབ་བམ། གལ་སྲིད་དེ་ལྟར་ང་ཚོས་གྱིས་པ་ཡིན་ན་ཁྱེད་ཧ་ཅང་ཐུགས་ཁྲོ་བར་འགྱུར་ནས་ཁྱེད་ཀྱིས་ང་ཚོ་ཆ་ཚང་འཇིགས་པར་མཛད་ནས་སུ་ཡང་འཚོ་བར་མི་འཇུག་གོ 15གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ཁྱེད་དྲང་བདེན་ཡིན་པས་ཀྱིས་ང་ཚོ་འཚོ་རུ་འཇུག་གནང་ཡོད། ང་ཚོའི་སྐྱོན་རྣམས་ང་ཚོས་ཁྱེད་ལ་ངོས་ལེན་ཞུ་རྒྱུ་ཡིན། ང་ཚོ་ཁྱེད་ཀྱི་དྲུང་དུ་བཅར་བ་དབང་ཆ་མེད་ཅེས་ཞུས་སོ༎

ཨེཛ་ར 10

ཕྱི་རྒྱལ་བ་དང་ཆང་ས་བརྒྱབ་རྒྱུ་འགོག་པའི་འཆར་གཞི།

1ཨེཛ་རས་མཆོད་ཁང་གི་མདུན་དུ་ཕྱག་འཚལ་ཞིང་ཐུགས་སྨོན་གནང་བ་དང་བཤུམས་ཤིང་སྡིག་པ་དེ་ཚོ་ལ་འགྱོད་བཤགས་ཕུལ་གནང་སྐབས་སྐྱེས་པ་དང་བུད་མེད་ཕྲུ་གུ་བཅས་ཀྱི་ཨིསི་རཱཨེལ་པའི་ཚོ་ཆེན་པོ་ཞིག་ཁོང་གི་མཐའ་འཁོར་དུ་དྲག་པོར་ངུ་བཞིན་འདུས་སོ། 2དེ་ནས་ཨེ་ལམ་གྱི་རིགས་རུས་ཀྱི་ཡེ་ཧི་ཨེལ་གྱི་བུ་ཤེ་ཀན་ཡཱས་ཨེཛ་ར་ལ་སྨྲས་པ། ང་ཚོས་ཕྱི་རྒྱལ་གྱི་བུད་མེད་མཉམ་དུ་ཆང་ས་བརྒྱབ་ནས་དཀོན་མཆོག་དང་དམ་ཚིག་འགལ་ཡོད་ན་ཡང་། ད་དུང་ཨིསི་རཱཨེལ་པ་ཚོར་རེ་བ་ཡོད། 3ང་ཚོས་བུད་མེད་འདི་ཚོ་དང་འདི་ཚོའི་བུ་ཕྲུག་ཚོ་ཕྱིར་ལོག་གཏོང་རྒྱུའི་དམ་བཅའ་བརྟན་པོ་ཞིག་དཀོན་མཆོག་ལ་ཕུལ་དགོས། ང་ཚོས་ཁྱེད་དང་དཀོན་མཆོག་གི་བཀའ་ལ་དང་ལེན་ཞུ་མཁན་ཚོས་ཇི་ལྟར་སློབ་སྟོན་གནང་བ་ལྟར་ཞུ་རྒྱུ་ཡིན། ང་ཚོས་དཀོན་མཆོག་གི་བཀའ་ཁྲིམས་ནང་གང་ཡོད་པ་ཞུ་རྒྱུ་ཡིན་ནོ། 4ལས་ཀ་འདི་རྣམས་ཁྱེད་ཀྱི་ལས་འགན་ཡིན། ང་ཚོ་ཁྱེད་ཀྱི་རྗེས་སུ་ཡོད་པས་ཇི་ལྟར་བྱེད་དགོས་པ་རྣམས་ཁྱེད་ཀྱི་གནོང་ཞིག་ཅེས་ཞུས་སོ། 5དེར་བརྟེན་ཨེཛ་རས་ཤེ་ཀན་ཡཱས་ཀྱིས་ཇི་ལྟར་གྲོས་སྟོན་གྱིས་པ་ལྟར་བླ་མ་ཚོའི་དབུ་འཛིན་ཚོ་དང། ལེ་ཝི་པ་ཚོ་དང། གཞན་མི་མང་བཅས་པས་ཇི་ལྟར་བྱ་རྒྱུ་ཡིན་པའི་དམ་བཅའ་ཕུལ་ལོ། 6དེ་ནས་ཁོང་མཆོད་ཁང་གི་མདུན་དུ་ཨེལ་ཡ་ཤིབ་ཀྱི་བུ་ཡོ་ཧོ་ཧ་ནན་གྱི་གཟིམ་ཤག་ཏུ་ཕེབས་ནས། བཙན་བྱོལ་པ་ཚོའི་དམ་ཚིག་མི་གཙང་བའི་ཆེད་མྱ་ངན་གནང་བཞིན་མཚན་དེ་ལ་དེར་བཞུགས་ནས། ཁོང་གིས་བཟའ་འཐུང་གང་ཡང་གནང་མེད་དོ། 7ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱ་ཡོངས་སུ་བཙན་བྱོལ་ནས་ཕྱིར་ལོག་ཡོང་མཁན་རྣམས་ཡེ་རུ་ཤ་ལེམ་དུ་འཛོམས་དགོས་པའི་འཕྲིན་ཞིག་བཏང་ངོ་། 8མི་མང་གི་འགོ་འཁྲིད་ཚོའི་བཀའ་ལྟར་ཉིན་གསུམ་གྱི་ནང་དུ་མ་ཡོང་མཁན་ཚོའི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་མ་ཟད། ང་ཚོའི་མི་སྡེའི་འཐུས་མིའི་ཐོབ་ཐང་རྣམས་ཤོར་རྒྱུ་ཡིན་ནོ། 9ཉིན་གསུམ་གྱི་ནང་ཟླ་བ་དགུ་པའི་ཚེས་ཉི་ཤུ་ཉིན་ཡ་ཧུ་དཱ་དང་བྷེན་ཡ་མིན་དུ་གནས་སྡོད་བྱ་མཁན་སྐྱེས་པ་ཚང་མ་ཡེ་རུ་ཤ་ལེམ་དུ་ཡོང་ནས་མཆོད་ཁང་གི་ཁྱམས་རར་འཛོམས་སོ། གང་ལགས་ཟེར་ན། སྐབས་དེར་ཆར་པ་ཤུགས་ཆེན་པོ་འབབ་བཞིན་ཡོད་པ་དང་དེར་འཛོམས་དགོས་དོན་གལ་ཆེ་ཡིན་པའི་རྐྱེན་གྱིས་ཚང་མ་འདར་བཞིན་དེར་འཛོམས་སོ། 10བླ་མ་ཨེཛ་ར་ཡར་བཞེངས་ནས་དེ་ཚོ་ལ་བཀའ་སློབ་གནང་ནས། ཁོང་གིས་གསུངས་པ། ཁྱོད་ཚོ་དམ་ཚིག་མི་ལྡན་པ་གྱིས་པ་དང་ཕྱི་རྒྱལ་གྱི་བུད་མེད་མཉམ་དུ་ཆང་ས་བརྒྱབ་ནས་ཨིསི་རཱཨེལ་སྟེང་ཉེས་པ་འཕེལ་ཡོད་དོ། 11དེ་བས་ན་ད་ཆ་ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་ཕ་མེས་ཀྱི་དཀོན་མཆོག་གི་མདུན་དུ་འགྱོད་བཤགས་ཕུལ་ནས་ཁོང་ཐུགས་མཉེས་པ་ལྟར་བྱོས་ཤིག ང་ཚོའི་ཡུལ་དུ་གནས་སྡོད་བྱ་མཁན་ཕྱི་རྒྱལ་བ་ཚོ་ནས་ལོག་སུ་བསྡོད་ཅིག ཁྱོད་ཚོའི་ཕྱི་རྒྱལ་བའི་ཆུང་མ་རྣམས་སྤོངས་ཤིག་ཅེས་སོ། 12ལན་དུ་མི་མང་ནས། ཁྱེད་ཀྱིས་ཇི་ལྟར་བཀའ་གནང་བ་ལྟར་ང་ཚོས་ཞུ་རྒྱུ་ཡིན་ཞེས་སྐད་ཤུགས་ཆེན་པོས་ཞུས་སོ། 13ཡང་དེ་ཚོས་ཞུས་པ། མི་ཚོགས་ཧ་ཅང་ཆེན་པོ་ཡོད་པ་དང་ཆར་པ་ཡང་ཤུགས་ཆེན་པོ་འབབ་བཞིན་ཡོད་པས། ང་ཚོ་འདིར་ཕྱི་རོལ་དུ་ལངས་མི་ཐུབ། ལས་ཀ་འདི་བཞིན་ང་ཚོས་ཉིན་གཅིག་ལ་བྱེད་ཐུབ་པའི་ལས་ཀ་མིན་ནོ། གང་ལགས་ཟེར་ན་། ང་ཚོ་སྡིག་པ་དང་འདིར་འབྲེལ་བ་མང་པོ་ཡོད་དོ། 14ང་ཚོའི་ལས་བྱེད་པ་ཚོ་ཡེ་རུ་ཤ་ལེམ་དུ་བཞུགས་བཅུག་གནས་དོན་གནས་འདིའི་སྐོར་འགན་ལེན་དུ་འཇུག། དེ་ནས་དུས་ཚོད་བཀག་ནས་ཕྱི་རྒྱལ་བ་ཆུང་མ་ཡོད་མཁན་ཡོངས་དང། འགོ་འཁྲིད་དང། གྲོང་ཁྱེར་གྱི་ཁྲིམས་དཔོན་ཚོ་བཅས་ཡོང་དུ་འཇུག། དེ་ལྟར་བྱེད་པའི་སྒོ་ནས་དོན་གནས་འདིའི་ཐོག་དཀོན་མཆོག་ཐུགས་ཁྲོ་བ་དེ་སེལ་ཐུབ་པ་ཡོད་ཅེས་སྨྲས་སོ། 15འཆར་གཞི་དེར་ཨ་ས་ཧེལ་གྱི་བུ་ཡོ་ན་ཐན་དང་ཏིག་ཝཱའི་བུ་ཡ་ཛི་ཨ་དང་མེ་ཤུལ་ལམ་དང་ལེ་ཝི་པ་ཤབ་བེ་ཐཡེ་རྒྱབ་སྐྱོར་ཡོང་མཁན་མ་གཏོགས་སུས་ཀྱང་ངོ་རྒོལ་བྱས་མེད་དོ། 16བཙན་བྱོལ་ལས་ཕྱིར་ལོག་ཡོང་མཁན་ཚོས་འཆར་གཞི་དེར་ཁས་ལེན་གྱིས་པའི་རྐྱེན་བླ་མ་ཨཛ་རས་རིགས་རུས་ཚོའི་འགོ་འཛིན་ཚོ་ལས་མི་བསྐོ་གཞག་གནང་བ་དང་དེ་ཚོའི་མིང་དེབ་བཀོད་མཛད་དོ། ཟླ་བ་བཅུ་པའི་ཚེས་གཅིག་ནས་དེ་ཚོའི་ཞིབ་གཤེར་འགོ་ཚུགས་སོ། 17ཟླ་བ་གསུམ་གྱི་ནང་དེ་ཚོའི་ཕྱི་རྒྱལ་བ་ཆུང་མ་ཡོད་མཁན་ཚང་མའི་གནས་སྟངས་ཞིབ་གཤེར་གྱིས་སོ༎

ཕྱི་རྒྱལ་བ་ཆུང་མ་ཡོད་མཁན་སྐྱེས་པ་རྣམས།

18སྐྱེས་པ་ཕྱི་རྒྱལ་བ་ཆུང་མ་ཡོད་མཁན་གྱི་མིང་ཐོ་འདི་ལྟར་ཡིན༎

བླ་མ་ཚོ་རིགས་རུས་གཞིར་བཟུང་ཐོ་བཀོད་པར།

ཡོ་ཤུ་ཨའི་རིགས་རུས་དང་ཁོང་གི་སྤུན་ཚོ་དང་ཡེ་ཧོ་ཛ་དག་གི་བུ་ཚོ་ནས་མ་སི་ཨ་དང་ཨེ་ལི་ཨེ་ཛེར་དང་ཡ་རིབ་དང་གྷེ་དལ་ཡཱ་བཅས་ཡིན་ནོ། 19དེ་ཚོས་རང་གི་ཆུང་མ་དང་ཁ་བྲལ་རྒྱུའི་དམ་བཅའ་ཕུལ་བ་དང་དེ་ཚོའི་སྡིག་སེལ་ཆེད་ལུག་ཐུག་ཞིག་མཆོད་པར་ཕུལ་ལོ། 20ཨིམ་མེར་གྱི་རིགས་རུས་ནས་ཧ་ན་ནི་དང་ཛེ་བ་དི་ཡཱ། 21ཧ་རིམ་གྱི་རིགས་རུས་ནས་མ་སི་ཨ་དང་ཨེ་ལི་ཡཱ་དང་ཤེ་མ་ཡཱ་དང་ཡེ་ཧི་ཨེལ་དང་ཨུ་ཛི་ཡཱ། 22པ་ཤུར་གྱི་རིགས་རུས་ནས་ཨེ་ལི་ཨོ་ནེ་དང་མ་སི་ཨ་དང་ཨིཤ་མ་ཨེལ་དང་ནེ་ཐ་ནེེལ་དང་ཡོ་ཛ་བྷད་དང་ཨེ་ལ་སཱ༎ 23

ལེ་ཝི་པ་ཚོ།

ཡོ་ཛ་བྷད་དང་ཤིམ་ཨི་དང་ཀེ་ལ་ཡཱ་དང་(ཀི་ལི་ཏ་ཡང་ཟེར)པེ་ཐ་ཡཱ་དང་ཡ་ཧུ་དཱ་དང་ཨེ་ལི་ཨེ་ཛེར། 24

རོལ་མཁན།

ཨེལ་ཡ་ཤིབ།

མཆོད་ཁང་གི་སྐུ་སྲུང་བ་རྣམས།

ཤལ་ལུམ་དང་ཏེ་ལེམ་དང་ཨུ་རི། 25

གཞན་ཚོ།

པ་རོཤི་ཀྱི་རིགས་རུས་ནས་ར་མ་ཡཱ་དང་ཡི་ཛི་ཡཱ་དང་མལ་ཀི་ཡཱ་དང་མི་ཡ་མིན་དང་ཨེ་ལི་ཛར་དང་མལ་ཀི་ཡ་དང་བྷེ་ན་ཡཱ། 26ཨེ་ལམ་གྱི་རིགས་རུས་ནས་མ་ཏན་ཡཱ་དང་ཛ་ཀར་ཡཱ་དང་ཡེ་ཧི་ཨེལ་དང་ཨབ་དི་དང་ཡེ་རེ་མོད་དང་ཨེ་ལི་ཡཱ། 27ཛཏ་ཏུའི་རིགས་རུས་ནས་ཨེ་ལི་ཨོ་ནེ་དང་ཨེལ་ཡ་ཤིབ་དང་མ་ཏན་ཡཱ་དང་ཡེ་རེ་མོད་དང་ཛ་བྷད་དང་ཨ་ཛི་ཛ། 28བྷེ་བྷཨིའི་རིགས་རུས་ནས་ཡེ་ཧོ་ཧ་ནན་དང་ཧ་ནན་ཡཱ་དང་ཛབ་བཡེ་དང་ཨད་ལའི། 29བྷ་ནིའི་རིགས་རུས་ནས་མེ་ཤུལ་ལམ་དང་མལ་ལུག་དང་ཨ་ད་ཡཱ་དང་ཡ་ཤུབ་དང་ཤིལ་དང་ཡེ་རེ་མོད་དང། 30པ་ཧད་མོ་ཨབ་ཀྱི་རིགས་རུས་ནས་ཨད་ན་དང་ཀེ་ལལ་དང་བྷེ་ན་ཡཱ་དང་མ་སི་ཨ་དང་མ་ཏན་ཡཱ་དང་བྷེ་ཛ་ལེལ་དང་བྷིན་ནུཨི་དང་མ་ནསེ་སཱེ། 31-32ཧ་རིམ་གྱི་རིགས་རུས་ནས་ཨེ་ལི་ཨེ་ཛེར་དང་ཨི་ཤི་ཡཱ་དང་མལ་ཀི་ཡཱ་དང་ཤེ་མ་ཡཱ་དང་ཤིམ་ཨོན་དང་བྷེན་ཡ་མིན་དང་མལ་ལུག་དང་ཤེ་མར་ཡཱ། 33ཧ་ཤུམ་གྱི་རིགས་རུས་ནས་མ་ཏེ་ནེ་དང་མ་ཏ་ཏཱ་དང་ཛ་བྷད་དང་ཨེ་ལི་ཕེ་ལེཏ་དང་ཡེ་རེ་མའི་དང་མ་ནསེ་སཱེ་དང་ཤིམ་ཨི། 34-37བྷ་ནིའི་རིགས་རུས་ནས་མ་དའི་དང་ཨམ་རམ་དང་ཨུ་ཨེལ་དང་བྷེ་ན་ཡཱ་དང་བེ་དེ་ཡ་དང་ཀེ་ལུ་ཧི་དང་ཝ་ནི་ཡཱ་དང་མེ་རེ་མོད་དང་ཨེལ་ཡ་ཤིབ་དང་མ་ཏན་ཡཱ་དང་མ་ཏེ་ནེ་དང་ཡ་སུ། 38-42བྷིན་ནུཨིའི་རིགས་རུས་ནས་ཤིམ་ཨི་དང་ཤེ་ལེམ་ཡཱ་དང་ན་ཐན་དང་ཨ་ད་ཡཱ་དང་མག་ན་དེ་བེ་དང་ཤ་ཤཡེ་དང་ཤ་རཡེ་དང་ཨ་ཛ་རེལ་དང་ཤེ་ལེམ་ཡཱ་དང་ཤེ་མར་ཡཱ་དང་ཤལ་ལུམ་དང་ཨ་མར་ཡཱ་དང་ཡོ་སེབ། 43ནེ་བྷོའི་རིགས་རུས་ནས་ཡི་ཨེལ་དང་མ་ཏི་ཐི་ཡཱ་དང་ཛ་བྷད་དང་ཛེ་བི་ན་དང་ཡ་དའི་དང་ཡོ་ཨེལ་དང་བྷེ་ན་ཡཱ། 44སྐྱེས་པ་འདི་ཚོ་ཚང་མར་ཕྱི་རྒྱལ་བའི་ཆུང་མ་ཡོད། དེ་ཚོས་དེ་ཚོ་དང་ཁ་བྲལ་ནས་དེ་ཚོའི་བུ་ཕྲུག་དང་བཅས་པ་ཕྱིར་ལོག་བཏང་ངོ༎

ནེ་ཧེམ་ཡཱ 1

1ཧ་ཀལ་ཡཱའི་བུ་ནེ་ཧེམ་ཡཱས་ཅི་བྱས་པའི་གནས་ཚུལ་ཁག་ནི་གཤམ་གསལ་ལྟར་ཡིན༎

ནེ་ཧེམ་ཡཱས་ཡེ་རུ་ཤ་ལེམ་གྱི་ཆེད་དུ་དོ་སྣང་བྱས་པ།

རྒྱལ་པོ་ཨར་ཐག་ཤས་ཐ་ཀྱིས་ཕ་རཱསེ་ཡུལ་དུ་སྲིད་སྐྱོངས་བྱས་པའི་ལོ་ཉི་ཤུ་པའི་སྐབས་སུ། ཀིསེ་ལེབ་ཞེས་པའི་ཟླ་དུས་སུ་ནེ་ཧེམ་ཡཱ་ང་རང་པར་སི་ཡའི་ཡུལ་གྱི་རྒྱལ་ས་སུ་ས་རུ་ཡོད་དོ། 2སྐབས་དེར་ངའི་སྤུན་ཧ་ན་ནི་ཞེས་པ་དེ་མི་ཁ་ཤས་དང་མཉམ་དུ་ཡ་ཧུ་དཱ་པའི་ཡུལ་ནས་བསླེབས་པ་དང་། ངས་ཁོ་ཚོར་ཡེ་རུ་ཤ་ལེམ་གྱི་སྐོར་དང་བྷེ་བྷི་ལོ་ནི་ཡའི་བཙོན་ནས་ཐར་བའི་ཡ་ཧུ་དཱ་པ་རྣམས་ཀྱི་སྐོར་ལ་གནས་ཚུལ་དྲིས་པའི་ལན་དུ། 3དེ་ཚོས། བཙོན་ཁང་ནས་ཐར་བའི་ཁྱིམ་དུ་ལོག་པའི་ཡ་ཧུ་དཱ་པ་རྣམས་དཀའ་ངལ་ཆེན་པོའི་ནང་ཡོད་པ་དང་། ཡུལ་གྱི་ཉེ་འཁོར་ལ་ཡོད་པའི་ཕྱི་རྒྱལ་བ་ཚོས་ཁོ་ཚོ་ལ་བརྙས་བཅོས་བྱས་པ་དང་། སྔར་ཡེ་རུ་ཤ་ལེམ་གྱི་ལྕགས་རི་རྣམས་གཞིག་པ་རྣམས། ད་བར་གནས་སྟངས་དེ་རང་དུ་ཡོད་པ་དང་། སྔར་མེས་འཚིག་པའི་གཞུང་སྒོ་རྣམས་ཀྱང་ད་བར་ཉམས་གསོ་བྱས་མེད་ཅེས་སྨྲས་སོ། 4དེ་ཐོས་མ་ཐག་ཏུ་ང་ས་ལ་བསྡད་ནས་ངུས་པ་ཡིན། དེ་རྗེས་ངས་མྱ་ངན་བྱས་ཏེ་ཉིན་ཞག་མང་པོའི་རིང་དུ་ཁ་ཟས་མ་ཟས་པར་དཀོན་མཆོག་ལ་སྨོན་ལམ་ཞུས་ཤིང་འདི་སྐད་དུ། 5ཀྱེ་མཐོ་རིས་ཀྱི་གཙོ་བོ་དཀོན་མཆོག། ཁྱེད་ནི་མངའ་ཐང་ཆེ་ཞིང་། ང་ཚོས་ཁྱེད་ལ་ཞུ་གི་ཡོད། ཁྱེད་ཀྱི་བཀའ་སྲུང་ཞིང་ཁྱེད་ལ་བརྩེ་བ་ཞུ་མཁན་ཆོ་ལ་དམ་བཅའ་གང་གནང་བ་དེ་ཁྱེད་ཀྱིས་ངེས་པར་སྒྲུབ་པ་གནང་གི་ཡོད། 6ང་ལ་ཐུགས་རྗེས་གཟིགས་ཤིང་ངས་ཞུ་བར་གསན་པ་གནང་རོགས་གནང་། ངས་ཉིན་མཚན་ཀུན་ཏུ་ཁྱེད་ཀྱི་ཞབས་ཏོག་པ་ཨིསི་རཱཨེལ་པ་ཚོའི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡོད། ང་ཚོ་ཨིསི་རཱཨེལ་པ་ཚོས་སྡིག་པ་བྱས་པར་ངས་ངོས་ལེན་ཞུ་གི་ཡོད། ང་ཚོའི་མེས་པོ་རྣམས་དང་ངས་ཀྱང་དེ་བཞིན་སྡིག་པ་བྱས་ཡོད། 7ང་ཚོས་ཁྱེད་ཀྱི་ཐུགས་དགོངས་དང་འགལ་བའི་ལས་ངན་ཤ་སྟག་བྱས་ཤིང་། སྔར་ཁྱེད་ཀྱིས་ཉིད་ཀྱི་ཞབས་ཏོག་པ་མོ་ཤེའི་བརྒྱུད་ནས་གནང་བའི་བཀའ་ཁྲིམས་རྣམས་ང་ཚོས་རྩིས་སྲུང་བྱས་མེད། 8སྔར་མོ་ཤེ་ལ་ཁྱེད་ཀྱིས་གནང་བའི་བཀའ་རྣམས་ཐུགས་དྲན་གསོས་པ་གནང་རོགས་གནང་། གལ་ཏེ་ཨིསི་རཱཨེལ་པ་རྣམས་ནས་ང་ལ་དད་ལོག་བྱས་པ་ཡིན་ན་ངས་ཁྱོད་ཚོ་མི་རིགས་གཞན་གྱི་ཁྲོད་དུ་ཁ་གཏོར་རྒྱུ་ཡིན། 9གལ་ཏེ་ཁྱོད་ཚོ་སེམས་བསྒྱུར་ནས་ངའི་ཕྱོགས་སུ་ལོག་སྟེ། ངའི་བཀའ་ཁྲིམས་རྣམས་སྲུང་ན་ཁྱོད་ཚོ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁ་འཐོར་ནས་བསྡད་ཡོད་རུང་། ཁྱོད་ཚོ་ཚང་མར་ངས་འདམས་པའི་ང་ལ་མཆོད་པའི་གནས་དེར་ཕྱོགས་གཅིག་ཏུ་བསྡུ་རྒྱུ་ཡིན། 10ཀྱེ་གཙོ་བོ་དཀོན་མཆོག། དེ་ཚོ་ནི་ཁྱེད་ཀྱི་ཞབས་ཏོག་པ་དང་ཁྱེད་ཀྱི་མི་འབངས་ཡིན་ཅིང་། དེ་ཚོར་ཁྱེད་ཀྱི་མཐུ་སྟོབས་ཆེན་པོས་སྐྱབས་པ་གནང་བ་ཡིན་པས། 11ད་ངའི་ཞུ་བར་གསན་པ་གནང་རོགས་གནང་། དེ་བཞིན་ཁྱེད་ལ་མོས་གུས་ཞུ་མཁན་ཁྱེད་ཀྱི་ཞབས་ཏོག་པ་གཞན་ཚང་མའི་ཞུ་བར་གསན་པ་གནང་རོགས་གནང་། དེ་རིང་ངའི་ལས་དོན་སྒྲུབ་པར་མཛད་ཅིང། རྒྱལ་པོ་ལ་ངའི་ཐོག་ཏུ་སྙིང་རྗེ་ཅན་བཟོ་བ་གནང་རོགས་གནང་། སྐབས་དེར་ང་ནི་རྒྱལ་པོར་རྒུན་ཆང་འདྲེན་མཁན་གསོལ་དཔོན་ཞིག་ཡིན་ནོ༎

ནེ་ཧེམ་ཡཱ 2

ནེ་ཧེམ་ཡཱ་ཡེ་རུ་ཤ་ལེམ་དུ་ཕྱིན་པ།

1དེ་ནས་ཟླ་བ་བཞིའི་རྗེས་སུ་ཉིན་གཅིག་རྒྱལ་པོ་ཆེན་པོ་ཨར་ཐག་ཤས་ཐ་གསོལ་ཚིག་བཞེས་སྐབས་ངས་ཁོང་ལ་རྒུན་ཆང་ཕུལ་བ་དང་། རྒྱལ་པོ་ཆེན་པོས་ང་སེམས་སྐྱོ་བ་དེ་སྔ་ནམ་ཡང་གཟིགས་མེད་དོ། 2དེར་བརྟེན་ཁོང་གིས་ང་ལ། ཁྱོད་རང་དེ་འདྲ་སེམས་སྐྱོ་པོ་མཐོང་བ་དེ་གང་ཡིན་ནམ། ཁྱོད་རང་ན་མི་འདུག། ཁྱོད་རང་ངེས་པར་དུ་སེམས་མ་སྐྱིད་པ་ཡིན་ནོ་ཞེས་གསུངས་པ་དང་། ང་འཇིགས་སོ། 3ཞུ་ལན་དུ། ཀྱེ་མི་དབང་ཆེན་པོ་སྐུ་ཚེ་རྒྱུན་དུ་བརྟན་པར་ཤོག ངའི་མེས་པོ་རྣམས་ཀྱི་སྐུ་ཕུང་སྦས་པའི་གྲོང་ཁྱེར་དེ་སྟོངས་ཤིང་འཇིག་པ་དང་། དེའི་གཞུང་སྒོ་རྣམས་མེས་ཡོངས་སུ་འཚིག་ཡོད་པས། ངའི་སེམས་མི་སྐྱོ་བ་ཇི་ལྟར་སྲིད་ཅེས་ཞུས་པ་དང་། 4རྒྱལ་པོས། ཁྱོད་ལ་ག་རེ་དགོས་པ་འདུག་ཅེས་བཀའ་འདྲི་གནང་བས། ངས་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཞུས་པ་ཡིན། 5རྒྱལ་པོ་ལ། ཀྱེ་མི་དབང་ཆེན་པོ། སྐུ་ཉིད་ཐུགས་མཉེས་ཤིང་བྲན་པོའི་ཞུ་བར་ཁས་ལེན་གནང་ན་ང་ལ་ཡ་ཧུ་དཱའི་ཡུལ་དུ་འགྲོ་བཅུག་རོགས་གནང་། ཡུལ་དེར་ངའི་མེས་པོ་རྣམས་ཀྱི་སྐུ་ཕུང་སྦས་ཡོད་པས། ངས་གྲོང་ཁྱེར་དེ་ཉམས་གསོ་བྱེད་ཆོག་པ་གནང་རོགས་གནང་ཞེས་ཞུ་བ་འབུལ་ལོ། 6རྒྱལ་པོ་དང་བཙུན་མོ་ལྷན་དུ་བཞུགས་ཡོད་སྐབས་རྒྱལ་པོས་ངའི་ཞུ་བར་ངོས་ལེན་གནང་ཏེ། ང་ལ། ཁྱོད་ལམ་དུ་ག་ཚོད་འགོར་ཡོང་ངམ། ག་དུས་ཕྱིར་ལོག་བྱེད་དམ་ཞེས་བཀའ་འདྲི་གནང་བའི་ལན་ཚང་མ་ངས་རྒྱལ་པོ་ལ་ཞུས་པ་ཡིན། 7དེ་རྗེས་ངས་རྒྱལ་པོ་ལ། གཙང་པོ་ཡུབ་རད་ཕ་རོལ་དུ་ཡོད་པའི་ནུབ་ཕྱོགས་ས་ཁུལ་གྱི་མངའ་སྡེའི་སྲིད་ཚབ་རྣམས་ལ་བསྟན་པའི་ཕྱིར་དུ་ང་རང་ཡ་ཧུ་དཱའི་ཡུལ་བར་དུ་འགྲོ་ཆོག་པའི་ལག་འཁྱེར་ཞིག་ང་ལ་གནང་རོགས་གནང་ཞེས་ཞུས་པ་ཡིན། 8ཡང་དེ་བཞིན་མཆོད་ཁང་སྲུང་སྐྱོབ་བྱེད་ཕྱིར་བརྩིགས་པའི་རྫོང་གི་གཞུང་སྒོ་ཆེ་ཆུང་ཁག་དང་གྲོང་ཁྱེར་གྱི་ལྕགས་རིར་མཁོ་བྱེད་དང་། གཞན་ཡང་ངའི་ཁང་པ་རྒྱབ་སྐབས་མཁོ་བའི་ཤིང་ཆས་ཁག་སྒྲུབ་དགོས་ཤེས་རྒྱལ་པོའི་ཤིང་ནགས་དོ་དམ་པ་ཨ་སཕེ་ཀྱི་མིང་ཐོག་ཏུའང་བཀའ་ཤོག་གཅིག་ཞུས་པ་ཡིན། དཀོན་མཆོག་ང་དང་མཉམ་དུ་འགྲོགས་པའི་རྐྱེན་གྱིས་ངའི་དགོས་མཁོ་ཚང་མ་རྒྱལ་པོས་སྒྲུབ་པ་གནང་བྱུང་། 9དེ་ནས་རྒྱལ་པོ་ཆེན་པོས་རྟ་པ་དང་དམག་དཔོན་འགའ་ཤས་ང་དང་མཉམ་དུ་གཏོང་བ་གནང་ནས་གཙང་པོ་ཡུབ་རད་ཕ་རོལ་གྱི་ནུབ་ཕྱོགས་མངའ་སྡེ་ཁུལ་དུ་བསླེབས་ཤིང་། ངས་དེ་གའི་སྲིད་ཚབ་རྣམས་ལ་རྒྱལ་པོས་གནང་བའི་བཀའ་ཤོག་རྣམས་བསྟན་མོད། 10འོན་ཀྱང་གྲོང་ཁྱེར་བྷེད་ཧོ་རོན་དུ་གནས་སྡོད་བྱེད་མཁན་སན་བྷ་ལཏ་དང་། ཨམ་མོན་མངའ་སྡེའི་ཁུལ་དུ་གནས་སྡོད་བྱེད་མཁན་མིང་ལ་ཏོ་བྷི་ཡཱ་ཞེས་པ་ལས་བྱེད་པ་ཚོས་ཨིསི་རཱཨེལ་པ་རྣམས་ལ་རོགས་བྱེད་མཁན་མི་ཞིག་བསླེབས་བཞག་ཅེས་ཐོས་ནས་ཧ་ཅང་ཁྲོས་སོ། 11དེ་རྗེས་ང་ཡེ་རུ་ཤ་ལེམ་དུ་འབྱོར་ནས་ཉིན་ཞག་གསུམ་གྱི་རྗེས་ལ་མ་གཏོགས། 12གཙོ་བོ་དཀོན་མཆོག་གིས་ང་ལ་ཡེ་རུ་ཤ་ལེམ་དུ་ག་རེའི་དོན་ལ་གཏོང་བ་གནང་བ་ཡིན་པ་དེའི་སྐོར་ངས་སུ་ལའང་མ་བཤད་པ་ཡིན། དེ་ནས་ནམ་ཕྱེད་ཙམ་ལ་ངས་མི་འགའ་ཤས་མཉམ་དུ་འཁྲིད་ནས་ཕྱི་ལོགས་སུ་ཐོན་སྐབས། མཚན་དེ་ལ་ང་རང་བཞོན་པའི་བོང་བུ་དེ་མ་གཏོགས་ང་ཚོ་དང་མཉམ་དུ་སེམས་ཅན་གཞན་མེད་ཅིང་། 13གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པའི་ལུང་གཤོང་གི་གཞུང་སྒོ་བརྒྱུད་དེ་གྲོང་ཁྱེར་ནས་ཕྱིར་ཐོན་ཏེ། ལྷོ་ཕྱོགས་སུ་འབྲུག་གི་ཆུ་མིག་བརྒལ་ནས་བཙོག་སྙིགས་དབྱུགས་སའི་རྒྱལ་སྒོའི་བར་དུ་ཕྱིན་ཞིང་། གྲོང་ཁྱེར་གྱི་ལྕགས་རི་གཞིགས་པ་རྣམས་དང་མེས་འཚིག་པའི་གཞུང་སྒོ་རྣམས་ངས་བརྟག་དཔྱད་བྱས་པ་ཡིན། 14དེ་ནས་གྲོང་ཁྱེར་གྱི་ཤར་ཕྱོགས་ནས་བྱང་ངོས་སུ་ཕྱིན་ཏེ་ཆུ་མིག་གི་རྒྱལ་སྒོ་དང་རྒྱལ་པོའི་རྫིང་བུའི་བར་དུ་བསླེབས་པ་དང་། ང་བཞོན་པའི་བོང་བུ་དེས་རྡོ་ཧྲུག་དཀྱིལ་དུ་འགྲོ་ས་མ་རྙེད་པས། 15ཀིད་རོན་ལུང་གཤོང་དུ་མར་བབས་ནས་ལྕགས་རི་རྣམས་བརྟག་ཞིབ་བྱེད་བཞིན་ལམ་དེ་རང་བརྒྱུད་དེ་ལུང་གཤོང་གི་རྒྱལ་སྒོར་འཛུལ་ནས་གྲོང་ཁྱེར་དུ་ཕྱིན་པ་ཡིན། 16ང་གང་དུ་ཕྱིན་པ་དང་ག་རེ་བྱས་པའི་སྐོར་ལ་ས་གནས་ཀྱི་ལས་བྱེད་པ་སུས་ཀྱང་མ་ཤེས་པ་དང་། དེའི་སྐོར་ལ་ངས་ཡ་ཧུ་དཱ་པའི་སྤུན་ཟླ་རྣམས་ལའང་ད་བར་གང་ཡང་བཤད་མེད་ཅིང་། ངའི་ལས་དོན་དེའི་སྐོར་ལ་བླ་མ་འགོ་བྱེད་དང་མི་མང་གི་ལས་བྱེད་པ་དང་། གཞན་ཡང་ལས་སྣེ་རྣམས་ལ་ངས་རོགས་ཞུ་དགོས་པ་ཡིན། འོན་ཀྱང་དེ་བར་ཁོ་ཚོར་ངས་གང་ཡང་བཤད་མེད་པ་ཡིན་ནོ། 17ངས་ཁོ་ཚོ་ལ། ལྟོས་དང་། ང་ཆོའི་གནས་སྟངས་ཐབས་སྡུག་པོ་འདི་འདྲ་ཞིག་ལ་ཐུག་ཡོད། ཡེ་རུ་ཤ་ལེམ་ནི་འཇིག་ནས་རྩ་མེད་ཆགས་ཤིང་། དེའི་རྒྱལ་སྒོ་རྣམས་ཀྱང་མེས་ཡོངས་སུ་འཚིག་འདུག་པས། ད་ང་ཚོས་གྲོང་ཁྱེར་གྱི་ལྕགས་རི་རྣམས་སྐྱར་དུ་གསར་རྩིག་བྱས་ཏེ་ང་ཚོར་འཕོག་པའི་མིང་རྗེས་ངན་པ་དེ་མེད་པར་བྱེད་དགོས་ཅེས་སྨྲས་པ་ཡིན། 18ངས་ཁོ་ཚོ་ལ་དཀོན་མཆོག་ང་དང་མཉམ་དུ་འགྲོགས་ཤིང་། ཁོང་གིས་ང་ལ་སྐྱབས་གྲོགས་ཇི་ལྟར་མཛད་པའི་སྐོར་དང་། རྒྱལ་པོས་གང་དང་གང་གསུངས་པའི་སྐོར་ཚང་མ་བཤད་པ་ཡིན། དེའི་ལན་དུ་ཁོ་ཚོས། ད་ང་ཚོ་གྲོང་ཁྱེར་དང་གྲོང་ཁྱེར་གྱི་ལྕགས་རི་རྣམས་གསར་རྩིག་བྱ་རྒྱུའི་ལས་འགོ་འཛུགས་དགོས་ཅེས་སྨྲས་ནས་ཨར་ལས་བྱེད་རྒྱུའི་གྲ་སྒྲིག་བྱས་པ་ཡིན། 19སྐབས་དེར་སན་བྷ་ལཏ་དང་། ཏོ་བྷི་ཡཱ་དང་། ཨ་རབ་པའི་མི་གྷེ་ཤེམ་ཞེས་པའི་མི་གསུམ་གྱིས། ང་ཚོས་གང་བྱེད་རྩི་ཡིན་པ་དེའི་སྐོར་གོ་ཐོས་ཀྱིས། ང་ཚོར་འཕྱ་གཏམ་བཤད་དེ་སྨྲས་པ། ཁྱོད་ཚོས་གང་བྱེད་རྩི་ཡོད། ཁྱོད་ཚོས་རྒྱལ་པོར་ངོ་རྒོལ་ཞུ་རྩིས་བྱེད་ཀྱི་ཡོད་དམ། 20དེའི་ལན་དུ་ངས། མཐོ་རིས་ཀྱི་དཀོན་མཆོག་གི་སྐུ་དྲིན་གྱིས་ང་ཚོའི་ལས་དོན་འགྲུབ་རྒྱུ་ཡིན་པ་དང་། ང་ཚོ་ནི་ཁོང་གི་ཞབས་ཏོག་པ་ཡིན་པས། གྲོང་ཁྱེར་དང་ལྕགས་རི་རྣམས་གསར་དུ་བརྩིགས་ཐབས་བྱེད་ཀྱི་ཡོད། འོན་ཀྱང་ཡེ་རུ་ཤ་ལེམ་གྱི་རྒྱུ་དངོས་གང་གི་ཐོག་ཏུའང་ཁྱོད་ཚོར་ཐོབ་སྐལ་དང་དབང་ཆ་སོགས་མེད་པ་དང་། ཡུལ་གྱི་ལུགས་སྲོལ་སོགས་ལའང་ཁྱོད་ཚོར་ཐེ་བྱུས་གང་ཡང་མེད་ཅེས་སྨྲས་པ་ཡིན༎

ནེ་ཧེམ་ཡཱ 3

ཡེ་རུ་ཤ་ལེམ་གྱི་ལྕགས་རི་རྣམས་སྐྱར་དུ་རྩིག་པ།

1གྲོང་ཁྱེར་གྱི་ལྕགས་རི་རྩིག་ཚུལ་ནི་གཤམ་གསལ་ལྟར་ཡིན་ཅིང་། བླ་མ་རྣམས་ཀྱི་གཙོ་བོ་ཨེལ་ཡ་ཤིབ་ཀྱིས་གཙོས་པའི་ཁོང་གི་ལས་རོགས་བླ་མ་གཞན་རྣམས་ཀྱིས་ལུག་གི་རྒྱལ་སྒོ་ཞེས་པ་དེ་བརྩིགས་ཤིང་། དེ་ལ་རབ་གནས་བྱས་ཏེ་རྒྱལ་སྒོ་དེ་རང་སར་དུ་བསྒྲིགས་སོ། དེ་རྗེས་ཁོ་ཚོས་བརྒྱ་ཕྲག་ཅེས་པའི་མཁར་རྫོང་ མཁར་རྫོང: གན་དྷོ་ལ་ལྟ་བུའི་དབྱིབས་སུ་བཞེངས་ཡོད་ཀྱང་དེ་ནི་ལྕགས་རི་སྲུང་མཁན་དམག་མི་རྣམས་བསྡད་ས་ཡིན། ཐོག་མའི་བརྡ་སྒྱུར་ལྟར་སྤེའུ་ཞེས་གསལ་ཡོད། མཐོན་པོ་དང་། ཧ་ན་ནེལ་གྱི་མཁར་རྫོང་མཐོན་པོའི་བར་གྱི་ལྕགས་རི་རྣམས་ཉམས་གསོ་བྱས་ཤིང་དེ་དག་ལ་རབ་གནས་བྱས་པ་ཡིན་ནོ། 2ལྕགས་རིའི་ཆ་ཤས་གཞན་ཤིག་ཡེ་རི་ཀོའི་ཡུལ་མི་རྣམས་ཀྱིས་བརྩིགས་ཤིང་། ཨིམ་རིའི་བུ་ཛ་ཀུར་གྱིས་ཀྱང་དེ་འཕྲོས་ཆ་ཤས་ཤིག་བརྩིགས་སོ། 3དེ་ནས་ཧ་སི་ནཱའི་རིགས་རུས་ཀྱིས་ཉ་སྒོ་ཉ་སྒོ: ཡེ་རུ་ཤ་ལེམ་གྱི་རྒྱལ་སྒོ་ཞིག་གི་མིང་སྟེ། ཕལ་ཆེར་རྒྱལ་སྒོ་དེ་བརྒྱུད་ནས་ཉ་རྣམས་གྲོང་ཁྱེར་ནང་དུ་འཁྱེར་ཡོང་བའམ། ཡང་ན་རྒྱལ་སྒོ་དེའི་ཉེ་འགྲམ་དུ་ཉ་ཤ་ཉོ་འཚོང་བྱས་པའི་རྐྱེན་གྱིས་རྒྱལ་སྒོ་དེའི་མིང་ལ་ཉ་སྒོ་ཞེས་གྲགས་པར་སྲིད་དོ། ཞེས་པའི་གཞུང་སྒོ་དེ་བརྩིགས་ཤིང་། གདུང་མ་དང་སྒོ་རྣམས་བཟོས་ཏེ་དེར་སྒོ་ལྕགས་དང་སྒོ་གཏན་རྣམས་བསྒྲིགས་པ་ཡིན་ནོ། 4དེ་འཕྲོས་ལྕགས་རིའི་ཆ་ཤས་ཤིག་ཧག་ཀོཛའི་ཚ་བོའམ་ཨུ་རི་ཡཱའི་བུ་མེ་རེ་མོད་ཀྱིས་བརྩིགས་ཤིང་། དེ་འཕྲོས་མེ་ཤེ་ཛ་བྷེལ་གྱི་ཚ་བོའམ་བྷེ་རེ་ཀི་ཡཱའི་བུ་མེ་ཤུལ་ལམ་གྱིས་བརྩིགས་པ་དང་། ཡང་དེ་འཕྲོས་བྷ་ནའི་བུ་ཛ་དཱོག་གིས་བརྩིགས་པ་ཡིན་ནོ། 5དེ་རྗེས་ཊེ་ཀོ་ཨའི་ཡུལ་མི་རྣམས་ཀྱིས་ལྕགས་རིའི་འཕྲོས་དེ་བརྩིགས་མོད། འོན་ཀྱང་ཨར་ལས་དོ་དམ་པ་ཚོས་ལས་ཀ་བསྐུལ་བ་བཞིན་གྲོང་ཁྱེར་གྱི་ཡུལ་མི་ཆེ་ཁག་ཚོས་ངལ་རྩོལ་བྱེད་འདོད་མ་བྱས་པ་དང་། 6པ་སེ་ཨའི་བུ་ཡོ་ཡཱ་དྷ་དང་། བྷེ་སོ་དྷི་ཡཱའི་བུ་མེ་ཤུལ་ལམ་གྱིས་ཡེ་ཤ་ནཱ་ཞེས་པའི་རྒྱལ་སྒོ་དེ་ཉམས་གསོ་བྱས་ཤིང་། དེར་གདུང་མ་དང་སྒོ་རྣམས་དང་། གཞན་ཡང་སྒོ་ལྕགས་དང་སྒོ་གཏན་སོགས་བཟོས་པ་ཡིན་ནོ། 7གྷི་བི་ཨོན་གྱི་ཡུལ་མི་མེ་ལཏ་ཡཱ་དང་། མེ་རོ་ནོད་ཀྱི་ཡུལ་མི་ཡ་དྷོན་དང་། ཡང་གྷི་བི་ཨོན་དང་མིཛ་པཱའི་ཡུལ་མི་མཐུན་མོང་ནས་ཡུབ་རད་ནུབ་ཕྱོགས་མངའ་ཁུལ་གྱི་སྲིད་ཚབ་ཀྱི་བཞུགས་ཡུལ་བར་དུ་ལྕགས་རི་དེ་ཉམས་གསོ་བྱས་པ་ཡིན་ནོ། 8ཡང་གསེར་བཟོ་བ་ཧར་ཧ་ཡཱའི་བུ་ཨུ་ཛི་ཨེལ་གྱིས་ལྕགས་རི་ལྷག་འཕྲོས་དེ་བརྩིགས་ཤིང་། དྲི་བཟང་བཟོ་མཁན་ཧ་ནན་ཡཱས་ལྕགས་རི་རྩིག་འཕྲོས་ལུས་པའི་ཕྱོགས་གཞན་དེ་ནས་ཁ་ཞེང་ཆེ་བའི་རྒྱལ་སྒོར་བར་དུ་སྐྱར་རྩིག་བྱས་པ་ཡིན་ནོ། 9ཡེ་རུ་ཤ་ལེམ་གྱི་རྫོང་སྡེ་ཕྱེད་ཀའི་ཐོག་ཏུ་སྲིད་སྐྱོང་བྱེད་མཁན་ཧུར་གྱི་བུ་རེ་ཕ་ཡཱས་ལྕགས་རི་འཕྲོས་དེ་ཉམས་གསོ་བྱས་པ་ཡིན་ནོ། 10དེ་རྗེས་ཧ་རུ་མཕ་ཀྱི་བུ་ཡེ་དྷ་ཡཱས་རང་གི་ཁང་པའི་ཉེ་འགྲམ་དུ་ཡོད་པའི་ལྕགས་རི་དེ་བརྩིགས་ཤིང་། དེ་འཕྲོས་ཧ་ཤབ་ནི་ཨའི་བུ་ཧ་ཏུཤེ་ཀྱིས་ཉམས་གསོ་བྱས་པ་ཡིན་ནོ། 11དེ་བཞིན་ཧ་རིམ་གྱི་བུ་མལ་ཀི་ཡཱ་དང་པ་ཧཱཊ་མོ་ཨབ་ཀྱི་བུ་ཧ་ཤུབ་ཀྱིས་ལྕགས་རི་རྩིག་འཕྲོས་ཁག་གཅིག་དང་མེ་ཐབ་ཀྱི་མཁར་རྫོང་མཐོན་པོ་ཞེས་པ་དེ་བརྩིགས་པ་ཡིན་ནོ། 12དེ་རྗེས་ཧལ་ལོ་ཧེཤ་ཀྱི་བུ་ཤལ་ལུམ་གྱི་གཙོས་པས་ཁོའི་བུ་མོ་རྣམས་ཀྱིས་ལྕགས་རི་འཕྲོས་དེ་བརྩིགས་པ་ཡིན་ཏེ། ཡང་ཤཱ་ལམ་ནི་ཡེ་རུ་ཤ་ལེམ་གྱི་རྫོང་སྡེ་ཕྱེད་ཀའི་རྫོང་སྲིད་སྐྱོང་པ་ཡིན་ནོ། 13ཡང་ལུང་གཤོང་གི་གཞུང་སྒོ་དེ་ནི་གྲོང་ཁྱེར་ཧ་ནུན་དང་ཛ་ནོ་ཨའི་ཡུལ་མི་རྣམས་ཀྱིས་བཞེངས་ཏེ། དེར་སྒོ་དང་སྒོ་ལྕགས་དང་སྒོ་གཏན་སོགས་སྒར་ནས་རང་སར་བསྒྲིགས་པ་དང་། ས་ཁུལ་དེ་ནས་བཙོག་སྙིགས་དབྱུགས་སའི་རྒྱལ་སྒོ་བར་དུ་ལྕགས་རི་རིང་ཚད་མི་ཊར ༤༤༠ ཙམ་ཡོད་པ་ཞིག་བརྩིགས་པ་ཡིན་ནོ། 14བཙོག་སྙིགས་དབྱུགས་སའི་རྒྱལ་སྒོ་དེ་ནི་བྷེད་ཧག་ཀེ་རེམ་གྱི་རྫོང་སྲིད་སྐྱོང་པ་རེ་ཀབ་ཀྱི་བུ་མལ་ཀི་ཡཱ་ཞེས་པ་དེས་བརྩིགས་ནས་དེར་སྒོ་དང་སྒོ་ལྕགས་དང་། གཞན་ཡང་སྒོ་གཏན་སོགས་སྒར་ཞིང་དེ་དག་རང་སར་བསྒྲིགས་པ་ཡིན་ནོ། 15མིཛ་པཱའི་རྫོང་སྲིད་སྐྱོང་པ་ཀོལ་ཧོ་ཛཱེའི་བུ་ཤལ་ལུམ་གྱིས་ཆུ་མིག་གི་རྒྱལ་སྒོ་དེ་བརྩིགས་ནས་དེར་ཐོག་དང་སྒོ་དང་སྒོ་ལྕགས་སྒོ་གཏན་སོགས་བཟོས་ཤིང་། རྒྱལ་པོའི་ལྡུམ་རའི་མདུན་དུ་ཡོད་པའི་ཤེ་ལཱའི་རྫིང་བུའི་ཉེ་འགྲམ་ནས་དཱ་བིད་ཀྱི་གྲོང་ཁྱེར་དུ་འབབ་སའི་རྡོའི་ཐེམ་སྐས་བར་དུ་ལྕགས་རི་དེ་ཉམས་གསོ་བྱས་པ་དང་། 16བྷེད་ཛུར་གྱི་རྫོང་སྡེ་ཕྱེད་ཀའི་རྫོང་སྲིད་སྐྱོང་པ་ཨཛ་བྷུག་གི་བུ་ནེ་ཧེམ་ཡཱས་ལྕགས་རི་རྩིག་འཕྲོས་དེ་མུ་འཐུད་ནས་དཱ་བིད་ཀྱི་སྤུར་ཁང་དང་། དེའི་ཉེ་འགྲམ་དུ་ཡོད་པའི་རྫིང་བུ་དང་། གཞན་ཡང་དམག་སྒར་བར་དུ་བཞིག་གསོས་བྱས་པ་ཡིན་ནོ༎

ལྕགས་རི་ཉམས་གསོ་བྱེད་མཁན་ལེ་ཝི་པ་རྣམས།

17དེ་རྗེས་ལྕགས་རི་རྩིག་འཕྲོས་རྣམས་གཤམ་གསལ་ལེ་ཝི་པ་རྣམས་ཀྱིས་བརྩིགས་པ་དང་། དེ་འཕྲོས་ལྕགས་རིའི་ཆ་ཤས་གཅིག་བྷ་ནིའི་བུ་རེ་ཧུམ་གྱིས་བརྩིགས་ཤིང་། དེ་འཕྲོས་ཀི་ལཱའི་རྫོང་སྡེ་ཕྱེད་ཀའི་རྫོང་སྲིད་སྐྱོང་པ་ཧ་ཤབ་ཡཱས་རང་གི་རྫོང་སྡེའི་ཁོངས་ནས་བརྩིགས་སོ། 18དེ་འཕྲོས་ཀི་ལཱའི་རྫོང་སྡེ་ཕྱེད་ཀའི་རྫོང་སྲིད་སྐྱོང་པ་ཧེ་ན་དཱད་ཀྱི་བུ་བྷབ་ཝའི་ཀྱིས་བརྩིགས་སོ། 19ཡང་མིཛ་པཱའི་དཔོན་པོ་ཡེ་ཤུ་ཨའི་བུ་ཨེ་ཛེར་གྱིས་གོ་མཚོན་ཁང་གི་མདུན་ཕྱོགས་ནས་ལྕགས་རི་ཚུར་གུག་པའི་ལམ་ཀྱི་ཟུར་བར་དུ་ལྕགས་རི་བཞིགས་གསོས་བྱས་པ་དང་། 20དེ་བཞིན་ཛབ་བཡེའི་བུ་བྷ་རུག་གིས་བླ་མ་གཙོ་བོ་ཨེལ་ཡ་ཤིབ་ཀྱི་ཁང་པའི་སྒོའི་བར་དུ་ལྕགས་རི་དེ་ཉམས་གསོ་བྱས་པ་དང་། 21ཡང་དེ་ནས་ཁང་པ་དེའི་ཟུར་བར་གྱི་ལྕགས་རི་དེ་ཧག་ཀོཛ་གྱི་ཚ་བོ་ཨུ་རི་ཡཱའི་བུ་མེ་རེ་མོད་ཀྱིས་བརྩིགས་པ་ཡིན་ནོ༎

ལྕགས་རི་ཉམས་གསོ་བྱེད་མཁན་བླ་མ་རྣམས།

22ལྕགས་རི་རྩིག་འཕྲོས་ཁག་ནི་གཤམ་གསལ་བླ་མ་རྣམས་ཀྱིས་སྐྱར་དུ་བརྩིགས་པ་དང་། ལྕགས་རིའི་འཕྲོས་གཅིག་ནི་ཡེ་རུ་ཤ་ལེམ་ཕན་ཚུན་གྱི་བླ་མ་རྣམས་ཀྱིས་བརྩིགས་སོ། 23བྷེན་ཡ་མིན་དང་ཧ་ཤུབ་ཀྱིས་རང་གི་ཁང་པའི་མདུན་དུ་འཁེལ་བའི་ལྕགས་རི་དེ་དང་། ཨ་ན་ན་ཡཱའི་ཚ་བོའམ་མ་སི་ཨའི་བུ་ཨ་ཛར་ཡཱས་ཀྱང་རང་གི་ཁང་པའི་མདུན་དུ་འཁེལ་བའི་ལྕགས་རི་དེ་བརྩིགས་པ་ཡིན་ནོ། 24དེ་བཞིན་ཨ་ཛར་ཡཱའི་ཁང་པ་ནས་ལྕགས་རིའི་ཟུར་བར་དུ་ཧེ་ན་དཱད་ཀྱི་བུ་བྷིན་ནུཨིས་ཉམས་གསོ་བྱས་པ་དང་། 25-26རྩིག་ཟུར་དེ་ནས་སྒོ་སྲུང་པ་རྣམས་ཀྱི་ཁྱམས་རའི་ཉེ་འགྲམ་དུ་ཡོད་པའི་ཕོ་བྲང་གོང་མའི་མཁར་རྫོང་མཐོན་པོའི་བར་གྱི་ལྕགས་རི་དེ་ཨུ་ཛཡེ་གྱི་བུ་པ་ལཱལ་གྱིས་བཞིག་གསོས་བྱས་ཤིང་། ཤར་ངོས་སུ་ཆུའི་རྒྱལ་སྒོ་དང་མཆོད་ཁང་སྲུང་ཆའི་ཆེད་དུ་བཞེངས་པའི་མཁར་རྫོང་མཐོན་པོ་དེའི་བར་གྱི་ལྕགས་རི་དེ་དག་པ་རོཤི་གྱི་བུ་པེ་དྷ་ཡཱས་བརྩིགས་པ་དང་། ཡང་ས་ཁུལ་དེ་ནི་མཆོད་ཁང་གི་ལས་བྱེད་པ་རྣམས་གནས་སྡོད་བྱེད་བཞིན་པ་གྲོང་ཁྱེར་ནང་གི་ཨོ་ཕེལ་ཞེས་པའི་ས་གནས་དེ་ཡིན་ནོ།

ཉམས་གསོ་བྱེད་མཁན་གཞན་རྣམས།

27དེ་བཞིན་ཊེ་ཀོ་ཨའི་ཡུལ་མི་ཚོས་མཆོད་ཁང་སྲུང་ཆའི་ཆེད་དུ་བཞེངས་པའི་མཁར་རྫོང་མཐོན་པོའི་མདུན་ནས་ཨོ་ཕེལ་གྱི་ལྕགས་རི་བར་དུ་ཉམས་གསོ་བྱས་པ་དང་། ལྕགས་རིའི་ཆ་ཤས་དེ་ནི་ཁོ་ཚོས་རྩིགས་ཐེངས་གཉིས་པར་བརྩིགས་པ་ཡིན་ནོ། 28ཡང་བླ་མ་རྣམས་ཀྱི་ཚོགས་གཅིག་གིས་རང་རང་སོ་སོའི་ཁང་པའི་མདུན་གྱིས་རྟའི་ཀྱི་རྒྱལ་སྒོ་ནས་བྱང་ངོས་སུ་ཕྱིན་པའི་ལྕགས་རི་དེ་དག་བཞིག་གསོས་བྱས་པ་དང། 29ཨིམ་མེར་གྱི་བུ་ཛ་དཱོག་གིས་རང་གི་ཁང་པའི་མདུན་གྱི་རྩིག་པའི་ཆ་ཤས་དེ་བརྩིགས་པ་དང་། དེ་བཞིན་ཤར་གྱི་རྒྱལ་སྒོ་སྲུང་མཁན་ཤེ་ཀན་ཡཱའི་བུ་ཤེ་མ་ཡཱས་དེའི་ཉེ་འགྲམ་གྱི་རྩིག་པ་དེ་ཉམས་གསོ་བྱས་སོ། 30ཤེ་ལེམ་ཡཱའི་བུ་ཧ་ནན་ཡཱ་དང་ཛ་ལཱཕ་ཀྱི་བུ་དྲུག་པ་ཧ་ནུན་གྱིས་ལྕགས་རིའི་ཁག་གཅིག་ཉམས་གསོ་བྱས་ཤིང་། ཡང་དེ་ནི་ཁོ་ཚོས་ཉམས་གསོ་བྱེད་ཐེངས་གཉིས་པ་དེ་ཡིན་ནོ། བྷེ་རེ་ཀི་ཡཱའི་བུ་མེ་ཤུལ་ལམ་གྱིས་རང་གི་ཁང་པའི་མདུན་དུ་ཡོད་པའི་ཆ་ཤས་དེ་བརྩིགས་པ་ཡིན་ནོ། 31མལ་ཀི་ཡཱ་ཟེར་བས་གསེར་བཟོ་བས་ལྕགས་རི་ཁག་གཅིག་འགོ་མཛུགས་ཏེ་མཆོད་ཁང་གི་ལས་བྱེད་པ་རྣམས་དང་ཚོང་པ་རྣམས་ཀྱིས་བེད་སྤྱོད་བྱས་པའི་ཚོགས་ཁང་ཆེན་པོའི་བར་དུ་བརྩིགས་ཤིང་། ཚོགས་ཁང་དེ་ནི་བྱང་ཤར་མཚམས་སུ་ཡོད་པའི་ལྕགས་རིའི་ཐོད་ཀྱི་ཁང་མིག་དང་ཉེ་བའི་མིཕ་ཀཱད་མིཕ་ཀཱད: སྲུང་ཆའི་རྒྱལ་སྒོ་ཡང་ཟེར་བ་ཡིན་ནོ། ཅེས་པའི་རྒྱལ་སྒོའི་འགྲམ་དུ་ཡོད་པ་ཡིན་ནོ། 32གོང་གསལ་ཁང་མིག་དེ་ནས་ལུག་སྒོའི་བར་གྱི་ལྕགས་རི་རྩིག་འཕྲོས་མཐའ་མ་དེ་ནི་གསེར་བཟོ་པ་དང་ཚོང་པ་རྣམས་ཀྱིས་ཉམས་གསོ་བྱས་པ་ཡིན་ནོ༎

ནེ་ཧེམ་ཡཱ 4

ནེ་ཧེམ་ཡཱས་རང་གི་ལས་ཀ་ལ་རྒྱབ་འགལ་བྱེད་མཁན་རྣམས་དབང་དུ་སྡུད་པ།

1ང་ཚོ་ཡ་ཧུ་དཱ་པ་ཚོས་ལྕགས་རི་བརྩིགས་རྒྱུ་འགོ་འཛུགས་པའི་གནས་ཚུལ་དེ་ཐོས་ནས་སན་བྷ་ལཏ་ཧ་ཅང་ཁོང་ཁྲོ་ལངས་ནས་ང་ཚོར་དམའ་འབེབས་དང་འཕྱ་གཏམ་བཤད་དེ། 2རང་གི་མཛའ་གྲོགས་དང་ས་མར་ཡ་པའི་དམག་མི་རྣམས་ཀྱི་མདུན་དུ། ཡ་ཧུ་དཱ་པ་སྐྱོ་པོ་འདི་ཚོས་ག་རེ་བྱེད་དགོས་བས་མ་གྱི་ཡོད་དམ། ཁོ་ཚོས་གྲོང་ཁྱེར་དེ་གསར་དུ་འཛུགས་བསྐྲུན་བྱེད་དགོས་ཅེས་བསམ་པ་ཡིན་ནམ། ཁོ་ཚོས་དམར་མཆོད་སོགས་འབུལ་བའི་སྒོ་ནས་ལས་དོན་ཚང་མ་ཉི་མ་གཅིག་རང་ལ་འགྲུབ་ཡོང་ཞེས་བསམ་པ་ཡིན་ནམ། ཁོ་ཚོས་མེས་འཚིག་པའི་རྡོ་ཧྲུག་དེ་ཚོའི་ནང་ནས་ཁང་པ་རྩིག་བྱེད་རྡོ་རྣམས་བཟོ་བསྐྲུན་བྱེད་ཐུབ་ཅེས་བརྗོད་དམ་ཞེས་སྨྲས་པ་དང་། 3ཁོའི་ཉེ་འགྲམ་དུ་ལངས་ནས་བསྡད་ཡོད་པའི་ཏོ་བྷི་ཡཱས། ཁོ་ཚོས་ལྕགས་རི་གང་འདྲ་ཞིག་བཟོ་འགྲོ་ཡོད་དམ། དེ་ནི་ཝ་མོ་ཞིག་གིས་ཀྱང་སྟོར་བཤིག་བཏང་ཐུབ་ངེས་རེད་ཅེས་སྨྲས་སོ། 4དེ་ནས་ངས་སྨོན་ལམ་འདེབས་ཤིང་། ཀྱེ་དཀོན་མཆོག། ཁོ་ཚོས་ང་ཚོར་འཕྱ་གཏམ་བཤད་པ་དེར་གསན་རོགས་གནང་། ཁོ་ཚོས་བཤད་པའི་འཕྱ་གཏམ་དང་དམའ་འབེབས་ཀྱི་ཚིག་ངན་ཚང་མ་ཁོ་ཚོ་རང་གི་ཐོག་ཏུ་ཕོག་པར་ཤོག ཁོ་ཚོའི་རྒྱུ་དངོས་ཚང་མ་རྐུན་མས་འཕྲོག་བཅོམ་བྱས་ཏེ། མཐར་ཁོ་ཚོ་ཡུལ་གཞན་དུ་བཙོན་རར་འགྲོ་དགོས་པར་ཤོག 5ཁོ་ཚོས་ང་ཚོ་ལྕགས་རི་རྩིག་མཁན་རྣམས་ལ་དམའ་འབེབས་བྱས་པ་ཡིན། ཁྱེད་ཀྱིས་ཁོ་ཚོའི་ལས་ངན་དང་ཉེས་སྡིག་རྣམས་མ་བསྙེལ་བ་གནང་རོགས་གནང་ཞེས་ཞུས་པ་ཡིན། 6ང་ཚོས་ལས་མཚམས་མ་བཞག་པར་ལྕགས་རི་མུ་མཐུད་དེ་བརྩིགས་པས། རིང་མིན་ལྕགས་རིའི་མཐོ་ཚད་ཕྱེད་ཀར་བསླེབས་པ་ནི་མི་མང་ལ་ལས་ཀའི་སེམས་ཤུགས་ཡོད་པའི་རྐྱེན་གྱིས་ཡིན་ནོ། 7ང་ཚོའི་ལྕགས་རི་ཉམས་གསོ་དང་སྐྱར་དུ་རྩིག་རྒྱུའི་ལས་ཀ་དེ་ཡར་རྒྱས་འགྲོ་བཞིན་པའི་སྐོར་ཐོས་ནས། སན་བྷ་ལཏ་དང་། ཏོ་བྷི་ཡཱ་དང་། གཞན་ཡང་ཨ་ར་བི་ཡ་དང་ཨམ་མོན་དང་ཨཤ་དྷོད་ཀྱི་མི་མང་ཧ་ཅང་ཁོང་ཁྲོ་ལངས་སོ། 8ཡེ་རུ་ཤ་ལེམ་དུ་དམག་དྲངས་ཏེ་དེར་ཟིངས་འཁྲུགས་བསླང་ཐབས་བྱས་མོད། 9འོན་ཀྱང་ང་ཚོས་དཀོན་མཆོག་ལ་སྨོན་ལམ་ཞུས་པ་དང་ཆབས་ཅིག་ཉིན་མཚན་མེད་པར་དགྲ་བོའི་ཐོག་ཏུ་སྲུང་ཆ་བཞག་པ་ཡིན། 10སྐབས་དེར་ཡ་ཧུ་དཱ་པ་ཚོའི་དཀྱིལ་ལ་གླུ་གཞས་ཤིག་བཏང་སྲོལ་ཡོད་པ་ནི་གཤམ་གསལ་ལྟར་ཡིན་ཏེ། ང་ཚོས་ཁལ་ལྗིད་འཁྱེར་དགོས་བྱུང་བས་ན། ལུས་ཀྱི་སྟོབས་ཤུགས་ཚང་མ་ཉམས་ཤིང་རྒུད། རྡོ་ཧྲུག་མང་པོ་དེ་ཙམ་འཁྱེར་དགོས་པས། དེ་རིང་ལྕགས་རི་བརྩིགས་པ་ཇི་ལྟར་སྲིད། 11ང་ཚོའི་དགྲ་བོ་རྣམས་ཀྱི་བསམ་ཚུལ་ལ། ང་ཚོས་ཁོ་ཚོར་མཐོང་མེད་ཅིང་། ཁོང་ཚོས་གང་བྱས་སྐོར་ལ་ང་ཚོས་གང་ཡང་ཤེས་ཀྱི་མེད་གཤག་དང་། ཁོ་ཚོས་ང་ཚོའི་ཐོག་ཏུ་དམག་དྲངས་ཤིང་ང་ཚོ་བསད་དེ་ང་ཚོའི་ལས་ཀར་གནོད་སྐྱོན་མ་བཏང་བར་དུ་ང་ཚོས་གང་ཡང་ཤེས་ཀྱི་མ་རེད་ཅེས་བསམ་མོད། 12འོན་ཀྱང་ཁོ་ཚོས་ང་ཚོའི་ཐོག་ཏུ་བྱུས་ངན་གང་བཤམས་པའི་སྐོར་ལ་དགྲ་བོའི་དཀྱིལ་དུ་གནས་སྡོད་བྱེད་མཁན་ཡ་ཧུ་དཱ་པ་རྣམས་ཀྱིས་ང་ཚོར་ལན་བསྐྱལ་ཏེ་དེའི་སྐོར་ལ་ཡང་ཡང་ཟོན་བརྡ་བྱས་པས། 13ངས་མི་མང་རྣམས་ལ་གྲི་དང་མདུང་དང་མདའ་གཞུ་སོགས་འཁྱེར་བཅུག་ནས་རང་རང་སོ་སོའི་རིགས་བརྒྱུད་བཞིན་ལྕགས་རི་རྩིག་འཕྲོས་ལུས་པའི་ས་གནས་སོ་སོར་སྲུང་ཆར་བཞག་པ་ཡིན། 14སྐབས་དེར་མི་རྣམས་སེམས་ཁྲལ་བྱས་པ་མཐོང་ནས་ཁོ་ཚོའི་འགོ་བྱེད་དང་། ལས་སྣེ་དང་བཅས་པ་ཁོ་ཚོ་ཚང་མར། ཁྱོད་ཚོ་དགྲ་བོ་རྣམས་ལ་ཞེད་མི་དགོས། གང་ལགས་ཟེར་ན། ང་ཚོའི་གཙོ་བོ་དཀོན་མཆོག་ནི་གང་འདྲའི་མངའ་ཐང་ཆེ་ཞིང་། གཟིལ་དངངས་ཆེན་པོ་ཡིན་པ་དེ་དྲན་གསོ་བྱོས་ཤིག དེ་བས་ན་ཁྱོད་ཚོས་རང་གི་ཡུལ་མི་རྣམས་དང་། སྐྱེ་དམན་བུ་ཕྲུག་རྣམས་དང་གཞན་ཡང་སོ་སོའི་ཁང་ཁྱིམ་སྐྱབས་པའི་ཕྱིར་དགྲ་བོར་རྒོལ་འཛིང་བྱེད་དགོས་ཅེས་སྨྲས་པ་ཡིན། 15དགྲ་བོའི་བྱུས་ངན་ཚང་མ་ང་ཚོས་ཧ་གོ་བ་དང་། དཀོན་མཆོག་གིས་ཁོ་ཚོའི་ཐབས་བྱུས་ངན་པ་རྣམས་ལམ་ལྷོང་དུ་འགྲོ་མ་བཅུག་པ་དེ་ཁོ་ཚོས་ཤེས་རྟོགས་བྱས་སོ། འོན་ཀྱང་ང་ཚོ་ནི་སྔར་བཞིན་ལྕགས་རི་ཉམས་གསོ་བྱེད་སར་ཕྱིར་ལོག་བྱས་པ་ཡིན། 16དེ་ནས་བཟུང་སྟེ་ངའི་མི་མང་ཕྱེད་ཀས་ཨར་ལས་བྱས་ཤིང་། ཕྱེད་ཀས་གོ་ཁྲབ་གྱོན་ཏེ་མདུང་དང་ཕུབ་དང་མདའ་གཞུ་བཅས་འཁྱེར་ནས་སྲུང་ཆར་བསྡད་ཅིང་། དེ་བཞིན་ང་ཚོའི་འགོ་བྱེད་ཚོས་ཀྱང་། 17ལྕགས་རི་ཉམས་གསོ་བྱེད་མཁན་རྣམས་ལ་གང་སྤྱིའི་རོགས་དང་རྒྱབ་སྐྱོར་ཆ་ཚང་བྱས་པ་ཡིན། ལྕགས་རི་ཉམས་གསོར་མཁོ་བའི་ལག་ཆ་འཁྱེར་མཁན་ཨར་ལས་པ་ཚོས་ལག་པ་ཡ་གཅིག་གིས་ཨར་ལས་བྱས་ཤིང་། ལག་པ་ཡ་གཅིག་ཏུ་གོ་མཚོན་འཁྱེར་ནས་བསྡད་ཀྱི་ཡོད་དོ། 18དེ་བཞིན་ཨར་ལས་བྱེད་མཁན་ཚང་མས་རང་གི་སྐེད་པར་གྲི་བཏགས་ཤིང་། དམག་དུང་འབུད་དེ་ཟོན་བརྡ་བསྐུལ་མཁན་མི་དེ་ང་དང་མཉམ་དུ་གནས་ཀྱི་ཡོད་པ་ཡིན། 19ངས་འགོ་དཔོན་དང་ལས་སྣེ་རྣམས་ཀྱིས་གཙོས་པའི་མི་མང་བྱིངས་རྣམས་ལ། ད་ང་ཚོའི་ལྕགས་རི་ཉམས་གསོ་བྱེད་རྒྱུའི་ལས་ཀ་དེ་རྒྱ་ཆེར་ཁྱབ་ཡོད་པས་ང་ཚོ་ཕན་ཚུན་རྒྱང་རིང་དུ་གནས་དགོས་བྱུང་ཡོད། 20དེ་བས་ན་ཁྱོད་ཚོས་དམག་དུང་གི་སྐད་དེ་ཐོས་མ་ཐག་ཏུ་ཁྱོད་ཚོ་མཐའ་འཁོར་བཞི་ནས་ངའི་རྩར་འདུ་འཛོམས་བྱེད་དགོས། གང་ལགས་ཟེར་ན། དཀོན་མཆོག་གིས་ང་ཚོའི་ཕྱོགས་གནང་སྟེ་དགྲ་བོར་འཐབ་པ་གནང་གི་རེད་ཅེས་སྨྲས་པ་ཡིན། 21དེ་བཞིན་ཉིན་ལྟར་ཞོགས་པ་ནམ་ལངས་ནས་ཕྱི་དྲོ་སྐར་མ་མ་ཤར་བར་དུ་ང་ཚོའི་མི་འབོར་ཕྱེད་ཀས་ལྕགས་རི་ཉམས་གསོ་བྱས་ཤིང་། དེ་འཕྲོས་མི་འབོར་ཕྱེད་ཀས་མདུང་ལག་པར་འཁྱེར་ནས་སྲུང་ཆར་བསྡད་པ་ཡིན། 22སྐབས་དེར་ངས་མི་མང་གི་འགོ་བྱེད་རྣམས་ལ། ཁྱོད་ཚོ་རང་གི་ལས་རོགས་རྣམས་དང་མཉམ་དུ་མཆན་མོའང་ཡེ་རུ་ཤ་ལེམ་དུ་གནས་དགོས། དེ་ལྟར་བྱས་ན་ང་ཚོས་མཚན་ལ་སྲུང་ཆར་བསྡད་དེ་ཉིན་མོར་ལས་ཀ་བྱེད་ཐུབ་པའི་ཁྱད་པར་འདུག་ཅེས་སྨྲས་པ་ཡིན། 23དེ་དུས་ང་དང་ངའི་ལས་རོགས་དང་། དེ་བཞིན་འཁོར་གཡོག་གཞན་དང་ལྕགས་རི་སྲུང་མཁན་དམག་མི་དང་བཅས་པ་སུས་ཀྱང་མཚན་ལ་རང་གི་གོས་མ་ཕུད་པར་གོ་མཆོན་འཁྱེར་ནས་བསྡད་ཀྱི་ཡོད་པ་ཡིན་ནོ༎

ནེ་ཧེམ་ཡཱ 5

དབུལ་པོ་རྣམས་ལ་མནར་གཅོད་བཏང་བ།

1དེ་ནས་ནམ་ཞིག་རྗེས་སུ་སྐྱེ་ཕོ་མོ་མང་པོས་རང་རིགས་ཡ་ཧུ་དཱ་པ་རྣམས་ལ་སྐྱོན་བརྗོད་འདོན་ཞིང་སྨྲས་པ། 2ང་ཚོ་ནང་མི་མང་པོ་ཡིན་པས་ང་ཚོ་འཚོ་ཐབས་སུ་འབྲུ་རིགས་སོགས་དགོས་ཡོད། 3མུ་གེ་དུས་སུ་འབྲུ་རིགས་ལྡང་ངེས་བཞིན་པ་ཐོབ་པའི་ཕྱིར་རང་གི་ས་ཞིང་དང་། ཁང་པ་རྒུན་ཚལ་དང་བཅས་པ་གཏའ་མར་བཞག་ནས་འབྲུ་རིགས་སོགས་ཉོ་དགོས་བྱུང་ཞེས་སྨྲས་པ་དང་། 4ལ་ལས་ང་ཚོའི་ས་ཞིང་སོགས་ཀྱི་གཞུང་ཁྲལ་འཇལ་བའི་ཕྱིར་དངུལ་གཡར་སྐྱེན་ལེན་དགོས་བྱུང་བ་དང་། 5ཡ་ཧུ་དཱ་པ་གཞན་དང་མཚུངས་པར་ང་ཚོའང་ཡ་ཧུ་དཱ་པའི་རིགས་བརྒྱུད་གཅིག་པ་ཡིན་པ་དང་། ང་ཚོའི་བུ་ཕྲུག་རྣམས་ཁོ་ཚོའི་བུ་ཕྲུག་ནང་བཞིན་ལེགས་པ་མི་འདུག་གམ། འོན་ཀྱང་ང་ཚོས་རང་གི་བུ་ཕྲུག་རྣམས་གཞན་གྱི་བྲན་གཡོག་ཏུ་བཏང་དགོས་བྱུང་བ་དང་། ང་ཚོའི་བུ་མོ་རྣམས་ཀྱང་གཞན་གྱི་བྲན་འཁོལ་དུ་བཙོང་དགོས་བྱུང་བ་དང་། དེ་བཞིན་ང་ཚོའི་ས་ཞིང་དང་རྒུན་ཚལ་ཚང་མ་མི་གཞན་གྱི་བདག་དབང་དུ་ཤོར་བས། ང་ཚོ་བྱ་ཐབས་བྲལ་ནས་བསྡད་ཡོད་ཅེས་སྨྲས་པ་དང་། 6གནས་ཚུལ་དེ་ཐོས་ནས་ང་ཧ་ཅང་ཁོང་ཁྲོ་ལངས་ཤིང་། 7དེའི་སྐོར་ལ་ཐབས་ཤེས་ཤིག་བྱེད་དགོས་འདུག་བསམ་ནས་ངས་མི་མང་གི་འགོ་བྱེད་དང་ལས་སྣེ་རྣམས་ལ་གཤེ་གཤེ་བཏང་ཞིང་། ཁྱོད་ཚོས་རང་གི་སྤུན་ཟླ་རྣམས་ལ་མནར་གཅོད་བཏང་གི་འདུག་ཅེས་སྨྲས་པ་ཡིན། དེ་ནས་དཀའ་ངལ་དེ་སེལ་ཐབས་སུ་ངས་མི་མང་གི་ཚོགས་འདུ་རྒྱས་འཛོམས་ཤིག་བཀུག་ནས་དེ་དག་ལ། 8ཕྱི་མིའི་ལག་ཏུ་བྲན་འཁོལ་དུ་འཚོང་ཟིན་པའི་ང་ཚོའི་ཡ་ཧུ་དཱ་པའི་སྤུན་ཟླ་རྣམས་ང་ཚོས་ཅི་ནུས་ཀྱིས་སྐྱར་དུ་ཚུར་བླུ་ཐབས་བྱེད་བཞིན་པའི་ཁར། ཁྱོད་ཚོ་ཡ་ཧུ་དཱ་པའི་སྤུན་ཟླ་ནང་ཁོངས་སུ་གཅིག་གིས་གཅིག་ལ་བཙོང་གི་ཡོད་པ་དེ་གང་ཡིན་ནམ་ཞེས་འདྲི་རྩད་བྱས་སྐབས། འགོ་བྱེད་རྣམས་ལན་འདེབས་བྱེད་མ་ནུས་པར་ཁུ་སིམ་མེར་གནས་པ་ཡིན་ནོ། 9ངས་སྐྱར་དུ་ཁོ་ཚོ་ལ། ཁྱོད་ཚོའི་ལས་ཀ་དེ་ནོར་འཁྲུལ་བྱས་བཞག། ད་ཁྱོད་ཚོས་དཀོན་མཆོག་ལ་རྩིས་གུས་ཞུས་ཏེ། གང་རིགས་ཤིང་འོས་པ་དེ་བྱོས་ཤིག། དེ་ལྟར་བྱས་ན་དགྲ་བོས་ང་ཚོར་འཕྱ་གཏམ་བཤད་ཐུབ་པའི་རྐྱེན་ཐོབ་མི་ཡོང་། 10ངས་མི་མང་ལ་འབྲུ་དང་དངུལ་སོགས་སྐྱིན་པར་བཏང་ཡོད། ངའི་ལས་རོགས་དང་ལས་བྱེད་པ་རྣམས་ཀྱིས་ཀྱང་དེ་བཞིན་སྐྱིན་པར་བཏང་ཡོད་མོད། འོན་ཀྱང་ང་ཚོས་བུ་ལོན་དེ་དག་ཚུར་ལེན་རྩིས་མ་བྱས་པར་ཆག་ཡང་གཏོང་དགོས། 11དེ་སྔ་གཡར་སྐྱིན་དུ་བཏང་བའི་དངུལ་དང་། འབྲུ། རྒུན་ཆང་དང་སྣུམ་ལ་སོགས་པ་ཚང་མ་ཆག་ཡང་གཏོང་དགོས་པ་དང་། དེ་ཚོའི་ས་ཞིང་དང་། རྒུན་ཚལ་དང་། སྐྱུ་རུ་རའི་ཚལ་ཞིང་དང་། ཁང་པ་བཅས་པ་ཚང་མ་ཁོ་ཚོར་ཕྱིར་སྤྲོད་བྱེད་དགོས་ཅེས་སྨྲས་སོ། 12མི་མང་གི་འགོ་བྱེད་ཚོས། ང་ཚོས་ཁྱེད་རང་གིས་ཅི་གསུངས་བཀའ་སྒྲུབ་ཞུས་ཏེ། ཁོ་ཚོའི་རྒྱུ་དངོས་ཚང་མ་ཕྱིར་སྤྲོད་བྱས་ཤིང་། དེ་ཚོའི་བུ་ལོན་ཡོངས་སུ་ཆག་ཡང་བྱེད་ཀྱི་ཡིན་ཞེས་སྨྲས་པ་དང་། དེ་ནས་ངས་བླ་མ་རྣམས་ལ་སྐད་བཏང་ནས་ཁོ་ཚོའི་མདུན་དུ་མི་མང་གི་འགོ་བྱེད་རྣམས་ལ་སོ་སོས་བྱས་པའི་ཁ་ཆད་རྣམས་སྲུང་གི་ཡིན་ཞེས་དམ་བཅའ་བྱེད་བཅུག་སྟེ། 13ངས་རང་གི་སྐེ་རགས་བཀྲོལ་ནས་རྡབ་རྡབ་བཏང་ཞིང་། གལ་ཏེ་ཁྱོད་ཚོས་རང་གི་དམ་བཅའ་ནས་འགལ་ན་དཀོན་མཆོག་གིས་ཀྱང་ཁྱོད་ཚོའི་ཁང་ཁྱིམ་དང་། རྒྱུ་དངོས་ཚང་མ་ཁྱོད་ཚོའི་ལག་ནས་རྡབ་རྡབ་བཏང་བ་གནང་ཞིང་། ཁྱོད་ཚོ་ཚང་མ་ལག་པ་སྟོང་པར་བཟོས་པ་གནང་རྒྱུ་ཡིན་ཞེས་སྨྲས་པ་ལ། དེར་འདུ་འཛོམས་བྱས་པའི་མི་ཚང་མས་ཨ་མེན་ཞེས་བརྗོད་ནས་གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་ཞུས་ཤིང། མི་མང་གི་འགོ་བྱེད་ཚོས་ཀྱང་རང་རང་སོ་སོས་བྱས་པའི་དམ་བཅའ་རྣམས་འགལ་མེད་རྩིས་སྲུང་བྱས་པ་ཡིན་ནོ།

ནེ་ཧེམ་ཡཱས་ལྷག་བསམ་རྣམ་དག་གིས་སྲི་ཞུ་ཞུས་པ།

14རྒྱལ་པོ་ཨར་ཐག་ཤས་ཐ་ཀྱི་ཆབ་སྲིད་སྐྱོང་ལོ་ཉི་ཤུ་པ་ནས་སུམ་ཅུ་སོ་གཉིས་བར་དུ་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་ང་ཡ་ཧུ་དཱའི་ཡུལ་གྱི་སྲིད་ཚབ་བྱས་ཏེ་བསྡད་མོད། འོན་ཀྱང་ལོ་ངོ་བཅུ་གཉིས་དེའི་རིང་དུ་ང་དང་ངའི་ནང་མི་བཅས་པས་སྲིད་ཚབ་ཀྱི་ཐོབ་ཐང་བཞིན་གྱི་ཁ་ཟས་བཟང་པོ་དགོས་ཅེས་ལབ་རྒྱུ་མ་བྱུང་། 15འོན་ཀྱང་ངའི་སྔོན་དུ་བྱུང་བའི་སྲིད་ཚབ་རྣམས་ཀྱིས་མི་མང་ནས་ཆང་དང་ལྟོ་དོད་ཚོན་བྱེད་ཉིན་རེར་དངུལ་ཊམ་བཞི་བཅུ་རེ་ལེན་ཏེ་མི་མང་ལ་དཀའ་ངལ་ཆེན་པོ་བཟོས་པ་དང་། ཁོ་ཚོའི་གཡོག་པོ་ཚོས་ཀྱང་མི་མང་སུན་པོ་བྱས་ཀྱི་ཡོད་པ་དང་། འོན་ཀྱང་ང་ནི་དཀོན་མཆོག་ལ་གུས་བཀུར་ཞུ་མཁན་ཞིག་ཡིན་པས་དེ་ལྟར་མ་བྱས་པ་ཡིན། 16ངས་རང་གི་ནུས་ཤུགས་ཚང་མ་ལྕགས་རི་ཉམས་གསོའི་ཆེད་དུ་བེད་སྤྱོད་བཏང་བས། རང་གི་ཆེད་དུ་རྒྱུ་ནོར་སོགས་གང་ཡང་གསོག་འཇོག་བྱེད་རྒྱུ་མ་བྱུང་། དེ་ཙམ་མ་ཟད་ངའི་མངའ་འོག་ཏུ་ལས་ཀ་བྱེད་མཁན་ཚོས་ཀྱང་ལྕགས་རི་ཉམས་གསོ་བྱས་སོ། 17ཡུལ་གྱི་ཕྱོགས་བཞི་ནས་ང་ལ་ཐུགས་འཕྲད་དུ་ཡོང་མཁན་རྣམས་མ་རྩིས་པར་ཡ་ཧུ་དཱ་པ་བརྒྱ་དང་ལྔ་བཅུ་ཐམ་པ་དང་དེ་ཚོའི་འགོ་བྱེད་ཚོས་ཉིན་ལྟར་རེ་བཞིན་ང་དང་མཉམ་དུ་ཁ་ཟས་ཟ་གི་ཡོད་པ་དང་། 18ཉིན་རེའི་ཁ་ཟས་སུ་ངས་གླང་གཅིག་དང་ལུག་རྒྱག་པ་དྲུག་དང་གཞན་ཡང་བྱ་དེ་མང་པོ་གྲ་སྒྲིག་བྱས་པ་དང་། ཉིན་ཞག་བཅུ་རེའི་ཐོག་ཏུ་རྒུན་ཆང་གསར་པ་རེ་དྲངས་ཀྱི་ཡོད། མི་མང་དཀའ་ངལ་ཆེན་པོ་ཡོད་པ་དེ་ངས་ཤེས་པས། སྲིད་ཚབ་ཀྱི་ཐོབ་ཐང་དེ་ངས་མ་ལེན་པར་བཞག་པ་ཡིན། 19ཀྱེ་གཙོ་བོ་དཀོན་མཆོག། ངས་མི་རིགས་འདིའི་དོན་ལ་སྲི་ཞུ་གང་ཞུས་པ་ཚང་མ་ཁྱེད་ཀྱི་ཐུགས་ལ་ངེས་པ་གནང་རོགས་གནང་ཞེས་ཞུ་གི་ཡོད༎

ནེ་ཧེམ་ཡཱ 6

ནེ་ཧེམ་ཡཱའི་ཐོག་ཏུ་ངན་བྱུས་བཤམས་པ།

1ང་ཚོས་རྩིག་པ་རྡོལ་བ་རྣམས་སྐྱར་དུ་བརྩིགས་ཏེ་ལྕགས་རི་ཆ་ཚང་ཉམས་གསོ་བྱས་པའི་སྐོར་ལ་སན་བྷ་ལཏ་དང་། ཏོ་བྷི་ཡཱ་དང་གྷེ་ཤེམ་གྱིས་གཙོས་པའི་ང་ཚོའི་དགྲ་བོ་གཞན་རྣམས་ཀྱིས་གོ་ཐོས་བྱུང་བ་དང་། འོན་ཀྱང་སྐབས་དེར་ང་ཚོས་ལྕགས་རིའི་རྒྱལ་སྒོ་རྣམས་བཟོས་ཚར་མེད་པ་ཡིན་ནོ། 2དེར་བརྟན་སན་བྷ་ལཏ་དང་གྷེ་ཤེམ་གཉིས་ཀྱིས་ང་ཨོ་ནོའི་ཐང་དུ་ཡོད་པའི་གྲོང་གསེབ་ཞིག་ཏུ་ཁོ་གཉིས་དང་ཐུགས་འཕྲད་བྱེད་པར་ཡོང་དགོས་ཅེས་ལན་བཏང་མོད། འོན་ཀྱང་དེ་ནི་ང་ལ་གནོད་འཚེ་གཏོང་རྒྱུའི་ངན་བྱུས་ཤིག་བཤམས་པ་ཡིན་ནོ། 3ངས་བང་ཆེན་རྣམས་བཏང་ནས་དེར་ལན་འདེབས་བྱས་པ་ཡིན། ང་ལ་ལས་ཀ་གལ་ཆེན་པོ་ཞིག་ཡོད་པས། ལས་ཀ་དེ་བཞག་ནས་ང་ཡོང་ཐུབ་པ་མིན་འདུག ང་ཁྱོད་ཚོ་དང་ཐུག་འཕྲད་བྱེད་པའི་ཕྱིར་ངའི་ལས་དོན་གལ་ཆེན་པོ་དེ་འཚམས་འཛོག་བྱེད་ཐུབ་པ་མི་འདུག 4ཁོ་ཚོས་ང་ལ་ཐེངས་བཞི་པར་ལན་དེ་རང་བཏང་ཡང་ངས་ཀྱང་ཐེངས་བཞི་ཀར་ཡང་གོང་བཞིན་ལན་འདེབས་བྱས་པ་ཡིན། 5དེ་རྗེས་སན་བྷ་ལཏ་ཀྱིས་བང་ཆེན་ཞིག་གི་ལག་ཏུ་ལན་ཐེངས་ལྔ་པར་ཡི་གེ་ཞིག་བསྐུར་ཞིང་། ཡང་ཡི་གེ་དེ་ནི་ཡིག་ཀོག་ཁ་མ་རྒྱབ་པར་ཡིག་ཀོག་ཁ་མ་རྒྱབ་པར: ཡིག་ཀོག་ཁ་མ་རྒྱབ་པའི་དོན་ནི། ཡི་གེའི་ནང་དོན་རྣམས་ཚང་མས་ཤེས་ཐུབ་པའི་ཕྱིར་ཆེད་མངགས་དེ་ལྟར་བྱེད་སྲོལ་ཡོད་པ་ཡིན་ནོ། བཏང་ཡོད་པ་དང་། 6ཡེ་གེ་དེའི་ནང་གསལ། ཁྱོད་ཀྱིས་ངོ་རྒོལ་བྱེད་རྩིས་བྱས་པའི་གནས་ཚུལ་དེ་ལ་བརྟེན་ནས་ཁྱོད་དང་ཡ་ཧུ་དཱ་པ་ཚོས་ལྕགས་རི་ཉམས་གསོ་བྱས་ཤིང་། ཁྱོད་རང་རྒྱལ་པོ་བྱེད་འདོད་ཡོད་པ་དང་། 7ཁྱོད་རང་ཡ་ཧུ་དཱའི་རྒྱལ་པོ་རེད་ཅེས་ཡེ་རུ་ཤ་ལེམ་དུ་ཁྱབ་སྒྲགས་བྱེད་བཅུག་པའི་ཕྱིར་ལུང་སྟོན་པ་རྣམས་གྲ་སྒྲིགས་བྱས་ཡོད་པའི་སྐོར་གྷེ་ཤེམ་གྱིས་ང་ལ་སྨྲས་བྱུང་། གནས་ཚུལ་དེ་རྒྱལ་པོས་གསན་ངེས་པ་ཡིན་པས། ང་གཉིས་ངོ་འཛོམས་ཀྱིས་དེའི་སྐོར་ལ་གྲོས་མོལ་བྱེད་དགོས་ཅེས་བྲིས་ཡོད་པ་ཡིན་ནོ། 8དེའི་ལན་དུ་ངས། ཁྱོད་ཀྱིས་གང་བཤད་པ་དེ་ནི་གཅིག་ཀྱང་མི་བདེན་ཞིང་། དེ་ནི་ཁྱོད་ཀྱི་བསམ་བློའི་གནས་ཚུལ་བཅོས་མ་ཞིག་རེད་ཅེས་སྨྲས་པ་ཡིན། 9ཁོ་ཚོས་ང་ཚོའི་ལས་ཀ་ལ་བཀག་འགོག་བྱེད་པའི་ཕྱིར་སྡིག་ར་བསྐུལ་གྱི་ཡོད་པས། ངས་དཀོན་མཆོག་ལ། ང་ལ་སེམས་ཤུགས་གནང་རོགས་གནང་ཞེས་སྨོན་ལམ་འདེབས་པ་ཡིན། 10སྐབས་དེར་ང་དྷེ་ལའི་ཡཱའི་བུའམ་མེ་ཧེ་ཏ་བྷེལ་གྱི་ཚ་བོ་ཤེ་མ་ཡཱ་དང་ཐུག་འཕྲད་བྱེད་པར་ཕྱིན་ཞིང་། ཡང་ཁོ་ནི་རང་གི་ཁང་པའི་ཕྱིར་ལོགས་སུ་ཐོན་ཐུབ་ཀྱི་མེད་པ་ཡིན་ནོ། ཁོས་ང་ལ། ང་གཉིས་མཆོད་ཁང་གི་གནས་མཆོག་དམ་པའི་ནང་དུ་ཕྱིན་ཏེ་ནང་ལོགས་ནས་སྒོ་རྒྱབ་ཅིང་གབ་ནས་བསྡད་དགོས། གང་ལགས་ཟེར་ན། ཁོ་ཚོས་ཁྱོད་བསད་པར་ཡོང་ཉེན་ཡོད། ཁོ་ཚོས་ཁྱོད་བསད་པར་མཚན་མོའི་དུས་སྐབས་ངེས་མེད་ཞིག་ལ་ངེས་པར་ཡོང་ཉེན་ཡོད་ཅེས་བརྗོད་པ་དང་། 11དེའི་ལན་དུ་ངས། ང་ནི་དེ་བཞིན་བྲོས་མཁན་དང་གབ་མཁན་གྱི་མི་ཞིག་མ་ཡིན་གྱིས། ཡང་ངས་རང་སྲོག་སྐྱབས་ཕྱིར་མཆོད་ཁང་ནང་དུ་གབ་པར་འགྲོ་གི་རེད་ཅེས་བསམ་བྱུང་ངམ། ངས་དེ་འདྲ་ནམ་ཡང་བྱེད་མི་ཡོང་ཞེས་སྨྲས་པ་ཡིན། 12དེ་རྗེས་ངས་བསམ་བློ་ཞིབ་པར་བཏང་བས། ཏོ་བྷི་ཡཱ་དང་། སན་བྷ་ལཏ་གཉིས་ཀྱིས་ཤེ་མ་ཡཱ་ལ་ལྐོག་རྔན་སྟེར་ནས་དེ་ལྟར་བཤད་བཅུག་པ་ཡིན་པ་ལས། ཁོའི་བརྒྱུད་ནས་དཀོན་མཆོག་གིས་ལུང་བསྟན་གནང་བ་ཞིག་མ་ཡིན་པར་ངས་ཤེས་བྱུང་། 13ང་ལ་སྡིག་ར་བསྐུལ་ཞིང་ང་སྡིག་པར་ལྷུང་བཅུག་པའི་ཕྱིར་ཤེམ་ཡཱ་ལ་གླས་པ་དང་། ཁོ་ཚོས་ང་ལ་མིང་རྗེས་ངན་པ་དམའ་འབེབ་ཡོང་བའི་ཕྱིར་རོ། 14དེ་ནས་ངས་སྨོན་ལམ་འདེབས་ཤིང་། ཀྱེ་གཙོ་བོ་དཀོན་མཆོག་ཏོ་བྷི་ཡཱ་དང་སན་བྷ་ལཏ་གཉིས་ཀྱིས་གང་བྱས་པ་ཚང་མ་ཐུགས་ལ་བཞེས་ནས་དེ་གཉིས་ལ་ཉེས་ཆད་གནང་བར་མཛོད། དེ་ཙམ་མ་ཟད་ང་ལ་སྡིག་ར་བསྐུལ་མཁན་བུད་མེད་ནོ་དྷི་ཡཱ་ཞེས་པ་དེས་གཙོས་པས་ལུང་སྟོན་པ་གཞན་དག་ཚང་མ་ཁྱེད་ཀྱི་ཐུགས་ལ་དྲན་གསོ་གནང་རོགས་གནང་ཞེས་ཞུས་པ་ཡིན༎

ཉམས་གསོའི་ལས་བསྡོམས་མཇུག་བསྡུས་བྱས་པ།

15ཉིན་ཞག་ལྔ་བཅུ་ང་གཉིས་བར་དུ་ཨར་ལས་བྱས་ཏེ། ཨེ་ལུལ་ཞེས་པའི་ཟླ་བའི་ཚེས་ 25 ཉིན་ལྕགས་རི་ཡོངས་རྫོགས་ཉམས་གསོ་བྱས་ཟིན་པ་དང་། 16ཁྱིམ་མཚེས་ཡུལ་གྲུ་ཁག་ཏུ་ཡོད་པའི་ང་ཚོའི་དགྲ་བོ་རྣམས་ཀྱིས་གནས་ཚུལ་དེ་ཐོས་ནས། དཀོན་མཆོག་གི་སྐྱབས་གྲོགས་ཀྱིས་ལས་དོན་དེ་ལམ་ལྷོང་བྱུང་བ་ཡིན་པ་དེ་ཁོ་ཚོས་ཤེས་ནས་ཧ་ཅང་ངོ་ཚ་པོ་བྱུང་བ་ཡིན་ནོ། 17དེ་ཡུན་རིང་ལ་ཡ་ཧུ་དཱ་པའི་འགོ་བྱེད་ཚོས་ཏོ་བྷི་ཡཱ་དང་མཉམ་དུ་ཡིག་འགྲུལ་བྱེད་བཞིན་ཡོད་པ་དང་། 18ཨ་རཱའི་བུ་ཤེ་ཀན་ཡཱ་ནི་ཡ་ཧུ་དཱ་ནས་ཡིན་ཅིང་། ཡང་ཁོ་ནི་ཏོ་བི་ཡའི་གྱོས་པོ་གྱོས་པོ: གྱོས་པོ་ཞེས་པ་ནི་མག་པ་དང་མནའ་མའི་ཕ་ལ་ཟེར་རོ། ཡིན་པས། ཡ་ཧུ་དཱའི་ཡུལ་མི་མང་པོས་ཏོ་བི་ཡའི་ཕྱོགས་གཏོགས་བྱས་པ། ཁོའི་བུ་ཡེ་ཧོ་ཧ་ནན་ནི་བྷེ་རེ་ཀི་ཡཱའི་བུ་མེ་ཤུལ་ལམ་གྱི་བུ་མོ་དང་ཆང་ས་བརྒྱབ་ཡོད་དེ། ཡང་མེ་ཤུ་ལམ་ནི་བྷེ་རེ་ཀྱའི་བུ་ཡིན་ནོ། 19མི་ཚོས་ངའི་མདུན་དུ་ཡོང་ནས་ཏོ་བྷི་ཡཱས་ལས་ཀ་ཡག་པོ་བྱས་པའི་སྐོར་ང་ལ་བཤད་ཅིང་། དེ་བཞིན་ངས་གང་སྨྲས་པ་ཚང་མ་ཁོའི་རྩར་སྐྱེལ་གྱི་ཡོད་པས། ཁོས་ང་ལ་སྡིག་ར་བསྐུལ་ནས་རྒྱུན་དུ་ཡི་གེ་བཏང་གི་ཡོད་པ་ཡིན་ནོ༎

ནེ་ཧེམ་ཡཱ 7

1ད་ལྕགས་རི་ཆ་ཚང་ཉམས་གསོ་བྱས་ཟིན་ཅིང་། སྒོ་རྣམས་རང་གནས་སུ་སོ་སོར་བསྒྲིགས་ཏེ། མཆོད་ཁང་དུ་སྲུང་ཆ་བསྡད་མཁན་རྣམས་དང་། མགུར་དབྱངས་ལེན་མཁན་རྣམས་དང་། གཞན་ཡང་ལེ་ཝི་པ་རྣམས་ལ་རང་རང་སོ་སོའི་ལས་འགན་བཀལ་ཟིན་ཡོད་པ་དང་། 2ངས་གྲོང་ཁྱེར་ཡེ་རུ་ཤ་ལེམ་དུ་སྲིད་སྐྱོང་བྱེད་མཁན་མི་གཉིས་བསྐོ་གཞག་བྱས་པའི་ནང་ནས་གཅིག་ནི་ངའི་སྤུན་ཧ་ན་ནི་དང་གཞན་དེ་མཁར་རྗོང་གི་དམག་སྤྱི་ཧ་ནན་ཡཱ་ཡིན་ཏེ། ཡང་ཧ་ནན་ཡཱ་ནི་བློས་ཁེལ་པོ་དང་དཀོན་མཆོག་ལ་རྩིས་གུས་ཞུ་མཁན་ཞིག་ཡིན་ཅིང་། ཁོ་དང་མཚུངས་པའི་མི་འོས་པ་གཞན་ཞིག་མེད་པ་ཡིན་ནོ། 3ངས་ཁོ་གཉིས་ལ། ཞོགས་པ་ཉི་མ་མ་དྲོས་བར་དུ་ཡེ་རུ་ཤ་ལེམ་གྱི་གཞུང་སྒོ་རྣམས་ཕྱེས་མ་བཅུག་ཅིག ཡང་དེ་བཞིན་དགོང་དྲོ་ཉི་མ་ནུབ་སྐབས་སྒོ་སྲུང་བ་རྣམས་ནང་ལ་ཕྱིར་ལོག་མ་བྱས་གོང་དུ་རྒྱལ་སྒོ་རྒྱབ་སྟེ་དེ་དག་ལ་སྒོ་གཏན་དམ་པོར་རྒྱབ་བཅུག་དགོས་ཅེས་མངགས་བྱ་བྱས་པ་ཡིན། སྒོ་སྲུང་བ་རྣམས་ཡེ་རུ་ཤ་ལེམ་རང་གི་ཡུལ་མིའི་ཁོངས་ནས་བསྐོ་གཞག་བྱེད་དགོས་ཤིང་། དེ་དག་ས་གནས་དོ་གལ་ཆེ་སར་སྲུང་ཆར་བཞག་དགོས། ཡང་མི་གཞན་རྣམས་ལ་རང་རང་སོ་སོའི་ཁང་པའི་གཡས་གཡོན་དུ་ས་སྲུང་བྱེད་བཅུག་དགོས་ཅེས་མངགས་བྱ་བྱས་པ་ཡིན༎

སྐྱབས་བཅོལ་ནས་ཕྱིར་ལོག་བྱས་མཁན་ཚོའི་མིང་ཐོ།

(ཨེཛ་རཱ ༢:༡-༧༠)

4གྲོང་ཁྱེར་ཡེ་རུ་ཤ་ལེམ་ནི་རྒྱ་ཆེ་རུང་དེར་གནས་སྡོད་བྱེད་མཁན་ཡུལ་མི་ཉུང་ཞིང་། ཁང་པའང་ཉུང་ཉུང་ཞིག་ལས་བརྩིགས་མེད་པ་ཡིན་ནོ། 5དེ་ནས་མི་མང་གི་འགོ་བྱེད་རྣམས་དང་ལས་སྣེ་པ་རྣམས་ཀྱིས་གཙོས་པས་མི་མང་ཚང་མ་བཀོང་ནས་ཁོ་ཚོའི་རིགས་བརྒྱུད་གྲངས་གཤེར་བྱེད་པའི་བསྐུལ་མ་ཞིག་ངས་དཀོན་མཆོག་གི་ཕྱོགས་ནས་ཐོབ་པ་བཞིན། བཙོན་ནས་ཐར་ཏེ་ཐོག་མར་འབྱོར་མཁན་ཚོའི་རིགས་བརྒྱུད་ཀྱི་མིང་ཐོ་ཞིག་ངས་བརྙེད་བྱུང་། ཡང་དེའི་ནང་གསལ། 6སྐྱབས་བཅོལ་པ་མང་ཆེ་བ་ནི་བྷེ་བི་ལོན་མངའ་སྡེའི་ཁོངས་ནས་ཡོང་སྟེ། ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱ་རུ་རང་རང་སོ་སོའི་གྲོང་ཁྱེར་ཁག་ཏུ་ཕྱིན་ཡོད་པ་ཡིན་ཏེ། དེ་ཚོའི་ནང་མི་དང་བཅས་པ་སྔར་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་འཛིན་བཟུང་བྱས་ནས་བཟུངས་ཏེ་ཁོ་ཚོ་བྷེ་བྷི་ལོ་ནི་ཡ་རང་དུ་གནས་སྡོད་བྱས་སོ། 7ཁོ་ཚོའི་འགོ་བྱེད་རྣམས་ནི་ཛེ་རུ་བྷ་བྷེལ་དང་། ཡོ་ཤུ་ཨ། ནེ་ཧེམ་ཡཱ། ཨ་ཛར་ཡཱ། རཱམ་ཡཱ། ན་ཧ་མཱ་ནི། མོར་དོ་ཀཡེ། བྷིལ་ཤཱན། མིསི་པེརེཐ། བྷིག་ཝཡི། ནེ་ཧུམ་དང་བྷ་ནཱ་བཅས་ཡིན་ནོ། 8-25བཙོན་ནས་ཐར་བའི་ཨིསི་རཱཨེལ་པ་རྣམས་ཀྱི་རང་རང་སོ་སོའི་རིགས་བརྒྱུད་ཀྱི་མིང་ཐོ་དང་གྲངས་འབོར་ནི་གཤམ་གསལ་ལྟར་ཡིན་ཅིང་། པ་རོཤི - ༢,༡༧༢ ཨ་རཱ - ༦༥༢ པ་ཧད་མོ་ཨབ (ཡེ་ཤུ་ཨ་དང་ཡོ་ཨབ་ཀྱི་རིགས་བརྒྱུད་ནས་ཡིན་པ) - ༢,༨༡༨ ཛཏ་ཏུ - ༨༤༥ བྷིན་ནུཨི - ༦༤༨ བྷེ་བྷཨི - ༦༢༨ ཨཛ་གད - ༢,༣༢༢ ཨ་དྷོ་ནི་ཀམ - ༦༦༧ བྷིག་ཝཨི - ༢,༠༦༧ ཨ་དིན - ༦༥༥ ཨ་ཏེར (ཧེ་ཛི་ཀི་ཡཱ་ཡང་ཟེར) - ༩༨ ཧ་ཤུམ - ༣༢༨ བྷེ་ཛཨེ - ༣༢༤ ཧ་རིཕ - ༡༡༢ གྷི་བི་ཨོན - ༩༥ 26-38རང་རང་སོ་སོའི་མེས་པོའི་གྲོང་ཁྱེར་དུ་མི་རྣམས་ཕྱིར་ལོག་བྱེད་པའི་གྲོང་ཁྱེར་གྱི་མིང་ཐོ་ནི་གཤམ་གསལ་ལྟར་ཡིན་ནོ། བྷེད་ལེ་ཧེམ་དང་ནེ་ཏོ་ཕཱ - ༡༨༨ བྷེད་ཨཛ་མཱ་བེད - ༤༢ ཀིར་ཡད་ཡ་རིམ། ཀེ་ཕི་རཱ་དང་བྷི་རོད་བཅས་ - ༧༤༣ མིཀ་མཱསི - ༡༢༢ བྷེ་ཐེལ་དང་ཨེ - ༡༢༣ ནེ་བྷོ་གཞན་དག - ༥༢ ཨེ་ལམ་གཞན་དག - ༡,༢༥༤ ལོཌ། ཧ་དྷིད་དང་ཨོ་ནོ་བཅས - ༧༢༡ སེ་ནཱ - ༣,༩༣༠ 39-42དེ་བཞིན་སྐྱབས་བཅོལ་ནས་ཐར་བའི་བླ་མ་རྣམས་ཀྱི་སྡེ་རིགས་ཀྱི་ཐོ་ནི་གཤམ་གསལ་ལྟར་ཡིན། ཡེ་དྷ་ཡཱ (ཡེ་ཤུ་ཨའི་རིགས་བརྒྱུད་ནས་ཡིན་པ) - ༩༧༣ 43-45སྐྱབས་བཅོལ་ནས་ཐར་བའི་ལེ་ཝི་པ་རྣམས་ཀྱི་སྡེ་རིགས་ནི། ཡེ་ཤུ་ཨ་དང་ཀད་མི་ཨེལ (ཧོ་ད་ཝི་ཨའི་རིགས་བརྒྱུད་ནས་ཡིན་པ) - ༧༤ མཆོད་ཁང་གི་རོལ་དབྱངས་མཁན་རྣམས (ཨ་སཕེ་ཀྱི་རིགས་བརྒྱུད་ནས་ཡིན་པ) - ༡༤༨ མཆོད་ཁང་སྲུང་མཁན་རྣམས (ཤལ་ལུམ། ཨ་ཏེར། ཏལ་མོན། ཨ་ཀུབ། ཧ་ཏི་ཏ་དང་། ཤོ་བཡེ་ཀྱི་རིགས་བརྒྱུད་ནས་ཡིན་པ) - ༡༣༨ 46-56སྐྱབས་བཅོལ་ནས་ཐར་བའི་མཆོད་ཁང་གི་ཞབས་ཏོག་པ་རྣམས་ཀྱི་སྡེ་རིགས་ནི། ཛི་ཧ། ཧ་སུ་ཕ། ཏབ་བྷ་ཨོཏ། ཀེ་རོསེ། སི་ཨ། པ་དོན། ལེ་བྷ་ན། ཧ་གྷ་བ། ཤལ་མཡེ། ཧ་ནན། གྷིད་དེལ། གྷ་ཧར། རེ་ཨ་ཡཱ། རེ་ཛེཕ། ནེ་ཀོ་ད། གྷཛ་ཛམ། ཨུ་རྫ། པ་སེ་ཨ། བྷེ་སའི། མིའུ་ནིམ། ནེ་ཕུ་ཤེ་སིམ། བྷག་བྷུག། ཧ་ཀུ་ཕ། ཧར་ཧུར། བྷཛ་ལིཏ། མེ་ཧི་ད། ཧར་ཤ། བྷར་ཀོསེ། སི་སེ་ར། ཏེ་མཱ། ནེ་ཛི་ཡཱ་དང་ཧ་ཏི་ཕ་བཅས་ཡིན་ནོ། 57-59སྐྱབས་བཅོལ་ནས་ཐར་བའི་སོ་ལོ་མོན་གྱི་ཞབས་ཕྱི་རྣམས་ཀྱི་སྡེ་རིགས་ནི། སོ་ཏཡེ། སོ་ཕེ་རེཏ། པེ་རི་ད། ཡ་ལཱ། དྷར་ཀོན། གྷིད་དེལ། ཤེ་ཕཏ་ཡཱ། ཧ་ཏིལ། པོ་ཀེ་རེད། ཧ་ཛེ་བྷེམ་དང་ཨ་མོན་བཅས་ཡིན་ནོ། 60སྐྱབས་བཅོལ་ནས་ལོག་ཡོང་བའི་མཆོད་ཁང་གི་ཞབས་ཏོག་པ་དང་སོ་ལོ་མོན་གྱི་ཞབས་ཕྱི་རྣམས་ཀྱི་རིགས་བརྒྱུད་ནི་ཁྱོན་བསྡོམས་པའི་མི་གྲངས ༣༩༢ ཡོད་པ་ཡིན་ནོ། 61-62དྷེ་ལའི་ཡཱ། ཏོ་བྷི་ཡཱ་དང་ནེ་ཀོ་དའི་སྡེ་རིགས་ནས་ཡིན་པའི་མི་གྲངས ༦༤༢ ཏེལ་མེ་ལཱ། ཏེལ་ཧར་ཤ། ཀེ་རུབ། ཨད་དྷོན་དང་ཨིམ་མེར་བཅས་གོང་གསལ་གྲོང་ཁྱེར་ཁག་ནས་བསླེབས་ཡོད་རུང་། དེ་ཚོས་རང་ཉིད་ཨིསི་རཱཨེལ་པ་ཡིན་པའི་ཁུངས་སྐྱེལ་བྱས་མ་ཐུབ་བོ།། 63-64བླ་མའི་སྡེ་རིགས་ནས་ཡིན་པ། ཧོ་བཱ་ཡཱ། ཧག་ཀོཛ་དང་བྷར་ཛི་ལའི་ནང་མི་ཚོས་རང་གི་མེས་པོའི་རིགས་བརྒྱུད་ཀྱི་མིང་ཐོ་དེ་མ་རྙེད་པས། བླ་མའི་སྡེ་རིགས་ཀྱི་བྷར་ཛི་ལའི་ཁོངས་ཀྱི་མི་ཞིག་གིས། གྷིལ་ཨད་ས་ཁོངས་ཀྱི་བྷར་ཛི་ལའི་སྡེ་རིགས་ནས་ཡིན་པའི་བུད་མེད་ཞིག་དང་ཆང་ས་བརྒྱབ་ཏེ། བྷར་ཛི་ལའི་ཞེས་རང་གི་གྱོས་པོའི་རིགས་བརྒྱུད་ཀྱི་མིང་འཁྱེར་མོད། འོན་ཀྱང་ཁོ་ཚོས་རང་གི་མེས་པོའི་རིགས་བརྒྱུད་དེ་ཁུངས་སྐྱེལ་ངེས་གཏན་བྱས་མ་ཐུབ་པར་བརྟེན། ཁོ་ཚོ་བླ་མའིི་ཁོངས་སུ་མ་ཚུད་དོ། 65དེ་ནས་ཡ་ཧུ་དཱའི་སྲིད་ཚབ་ཀྱིས་ཨུ་རིམ་དང་ཐུམ་མིམ་བལྟ་ཤེས་མཁན་བླ་མ་ཞིག་མ་འབྱོར་བར་དུ། དཀོན་མཆོག་ལ་མཆོད་པ་ཕུལ་བའི་ཁ་ཟས་ནས་ཁོ་ཚོས་ཟ་མི་ཆོག་ཅེས་བཀའ་གནང་ངོ་། 66-69སྐྱབས་བཅོལ་ནས་ཕྱིར་ལོག་བྱས་པའི་མིའི་ཁ་གྲངས་ཁྱོན་བསྡོམས ༤༢,༣༦༠ ཡོད་ཅིང་། དེ་ཚོའི་གཡོག་པོ་དང་གཡོག་མོ་རྣམས་ཀྱི་ཁ་གྲངས - ༧,༣༣༧ བསྟོད་དབྱངས་ལེན་མཁན་ཕོ་མོ་བསྡོམས་པས - ༢༤༥ རྟ་ - ༧༣༦ དྲེལ་ - ༢༤༥ རྔ་མོང་ - ༤༣༥ བོང་བུ་ - ༦,༧༢༠ བཅས་ཡོད་པ་ཡིན་ནོ། 70-72མཆོད་ཁང་ཉམས་གསོའི་ཆེད་དུ་མི་མང་པོས་ཞལ་འདེབས་ཕུལ་བ་གཤམ་གསལ་ལྟར་ཡིན་ནོ། སྲིད་ཚབ་ནས གསེར་ཀི་ལོ་གྷ་རམ ༨ མཆོད་ཏིང ༥༠ བླ་མའི་ན་བཟའ ༥༣༠ སྡེ་རིགས་སོ་སོའི་སྡེ་དཔོན་ནས གསེར་ཀི་ལོ་གྷ་རམ་ ༡༦༨ དངུལ་ཀི་ལོ་གྷ་རམ ༡,༢༥༠ མི་མང་བྱིངས་ནས གསེར་ཀི་ལོ་གྷ་རམ ༡༦༨ དངུལ་ཀི་ལོ་གྷ་རམ ༡༤༠ བླ་མའི་ན་བཟའ ༦༧ 73དེ་རྗེས་བླ་མ་རྣམས། ལེ་ཝི་པ་རྣམས། མཆོད་ཁང་དུ་སྲུང་ཆ་བྱེད་མཁན་དམག་མི་རྣམས། བསྟོད་དབྱངས་ལེན་མཁན་རྣམས། གཞན་ཡང་མཆོད་ཁང་དུ་ཞབས་ཞུ་བྱེད་མཁན་དང་བཅས་པའི་ཨིསི་རཱཨེལ་མི་མང་ཚང་མ་ཡ་ཧུ་དཱ་ཡུལ་གྱི་གྲོང་སྡེ་སོ་སོར་གཞིས་ཆགས་ཤིང་བསྡད་དོ༎

ནེ་ཧེམ་ཡཱ 8

ཨེཛ་རས་བཀའ་ཁྲིམས་སྒྲོག་སྦྱང་བྱེད་པ།

1ཟླ་བ་བདུན་པའི་ནང་ཨིསི་རཱཨེལ་མི་མང་ཡོངས་རྫོགས་རང་རང་སོ་སོའི་གྲོང་སྡེ་ཁག་ཏུ་གཞིས་ཆགས་ཟིན་ཅིང་། དེའི་སྔོན་དུ་ཟླ་བ་དེ་ཀའི་ཚེས་གཅིག་གི་ཉིན་ལ་དེ་ཚོ་ཚང་མ་ཡེ་རུ་ཤ་ལེམ་དུ་ཆུའི་རྒྱལ་སྒོའི་ནང་ལོགས་ཀྱི་སྡེ་ཡངས་སུ་འདུ་འཛོམས་བྱས་ཏེ། ཁོ་ཚོས་བཀའ་ཁྲིམས་མཁས་པ་བླ་མ་ཨེཛ་ར་ལ། སྔར་གཙོ་བོ་དཀོན་མཆོག་གིས་མོ་ཤེའི་བརྒྱུད་ནས་ཨིསི་རཱཨེལ་པ་རྣམས་ལ་གནང་བའི་བཀའ་ཁྲིམས་ཀྱི་དེབ་དེ་སྡེ་ཡངས་སུ་འཁྱེར་ཡོང་དགོས་ཅེས་སྨྲས་པས། 2ཨེཛ་རས་མི་མང་འདུ་འཛོམས་བྱས་ཡོད་པའི་གནས་དེར་བཀའ་ཁྲིམས་ཀྱི་དེབ་དེ་འཁྱེར་ཡོང་བ་དང་། དེར་སྐྱེ་ཕོ་མོ་རྣམས་དང་གཞན་ཡང་བྱིས་པ་ལོ་ན་ལོན་ཞིང་བསམ་ཤེས་སྡན་པ་རྣམས་ཀྱང་འཛོམས་ཡོད་ཅིང་། 3ཨེཛཱ་རས་རྒྱལ་སྒོའི་ཉེ་འགྲམ་གྱི་སྡེ་ཡངས་དུ་ཐོ་རངས་ནམ་ལངས་ནས་ཉིན་གུང་བར་བཀའ་ཁྲིམས་ཀྱི་དེབ་དེ་སྒྲོག་སྦྱང་བྱས་པ་དང་། དེར་མི་མང་ཚོས་ཧ་ཅང་དོ་སྣང་ཆེན་པོས་ཉན་པ་ཡིན་ནོ། 4དེའི་དོན་དུ་ཤིང་གི་སྟེགས་ཤིག་བཟོས་ཡོད་པས། ཨེཛ་ར་དེའི་སྟེང་དུ་ལངས་ཤིང་། ཁོང་གི་གཡས་སུ་མ་ཏི་ཐི་ཡཱ། ཤེ་མ། ཨ་ན་ཡཱ། ཨུ་རི་ཡཱ། ཧིལ་ཀི་ཡཱ། མ་སི་ཨ་བཅས་དང་། གཡོན་དུ་པེ་དྷ་ཡཱ། མི་ཤ་ཨེལ། མལ་ཀི་ཡཱ། ཧ་ཤུམ། ཧཤ་བ་དཱ་ནཱ། ཛ་ཀར་ཡཱ་དང་། མེ་ཤུལ་ལམ་བཅས་ལངས་ནས་བསྡད་ཡོད་པ་ཡིན་ནོ། 5ཨེཛ་ར་ཤིང་གི་སྟེགས་དེའི་སྒང་དུ་ལངས་ནས་བསྡད་སྐབས་མི་མང་ཚོས་ཁོང་ལ་སེམས་མ་གཡེང་བར་ལྟ་བཞིན་བསྡད་པ་དང་། ཁོང་གི་བཀའ་ཁྲིམས་ཀྱི་དེབ་དེ་ཁ་ཕྱེས་མ་ཐག་ཏུ་མི་མང་ཚང་མ་ཡར་ལངས་སོ། 6ཨེཛ་རས། གཙོ་བོ་དཀོན་མཆོག་རླབས་ཆེན་དཀོན་མཆོག་ལ་བསྟོད་བསྔགས་འབུལ་ཞིག་ཅེས་འབོད་བསྐུལ་བྱས་པ་དང་། དེ་རྗེས་མི་མང་ཚང་མས་ལག་པ་གནམ་ལ་ཡར་ཀྱག་སྟེ་ཨ་མེན། ཨ་མེན་ཞེས་བརྗོད་ཅིང་། པུས་མོ་བཅུག་ནས་གདོང་ས་ལ་རེག་སྟེ་གཙོ་བོ་དཀོན་མཆོག་ལ་གུས་བཀུར་བྱས་སོ། 7རྗེས་སུ་ཁོ་ཚོ་ཡར་ལངས་པ་དང་གཤམ་གསལ་ལེ་ཝི་པ་རྣམས་ཀྱིས་མི་མང་ལ་བཀའ་ཁྲིམས་ཀྱི་འབྲེལ་བཤད་བརྒྱབ་པ་རེད། ཡེ་ཤུ་ཨ། བྷ་ནི། ཤེ་རེབ་ཡཱ། ཡ་མིན། ཨ་ཀུབ། ཤབ་བེ་ཐཡེ། ཧོ་དི་ཡཱ། མ་སི་ཨ། ཀེ་ལི་ཏ། ཨ་ཛར་ཡཱ། ཡོ་ཛ་བྷད། ཧ་ནན་དང་པེ་ལ་ཡཱ་བཅས་ཡིན་ནོ། 8ཁོ་ཚོས་ངག་ཐོག་ཏུ་བཀའ་ཁྲིམས་ཀྱི་མདོ་དེ་ཕལ་སྐད་དུ་བསྒྱུར་ཕལ་སྐད་དུ་བསྒྱུར: བཀའ་ཁྲིམས་དེ་ནི་ཨིབ་རི་པའི་སྐད་དུ་བྲིས་ཡོད་དེ། འོན་ཀྱང་ཡ་ཧུ་དཱ་པ་ཚོས་བྷེ་བྷི་ལོ་ནི་ཡ་དུ་ཡོད་སྐབས་ཨ་རམ་པའི་སྐད་སྦྱངས་ཡོད་ཅིང་། དེར་གོམས་འདྲིས་ཆེ་བས། བཀའ་ཁྲིམས་འབྲེལ་བཤད་བྱེད་སྐབས་ཕལ་སྐད་དུ་བརྡ་བསྒྱུར་བྱས་དགོས་བྱུང་བ་ཡིན་ནོ། ནས་འབྲེལ་བཤད་བརྒྱབས་པས། མི་མང་ཚོས་དེའི་གོ་དོན་གསལ་པོར་རྟོགས་ཐུབ་པ་དང་། 9བཀའ་ཁྲིམས་ཀྱི་ཚིགས་དོན་རྣམས་མི་ཚོའི་སེམས་ལ་ནོན་ཞིང་གཟུག་པོ་བྱུང་བས་མི་རྣམས་ངུས་པ་དང་། སྲིད་ཚབ་ནེ་ཧེམ་ཡཱ་དང་། བཀའ་ཁྲིམས་ལ་མཁས་པ་བླ་མ་ཨེཛ་ར་དང་སློབ་སྟོན་བྱེད་བཞིན་པའི་ལེ་ཝི་པ་རྣམས་ཀྱིས་ཁོ་ཚོ་ལ། ང་ཚོའི་གཙོ་བོ་དཀོན་མཆོག་གི་ཆེད་དུ་དེ་རིང་ནི་ཉིན་ཞག་དམ་པ་ཞིག་ཡིན་པས། ཁྱོད་ཚོས་མྱ་ངན་བྱས་པ་དང་ངུས་པ་སོགས་གང་ཡང་བྱེད་མི་རུང་། 10ད་སོ་སོའི་ནང་ལ་ཕྱིན་ནས་ཐུགས་སྤྲོ་གཏོང་ཞིག གང་ཡང་མེད་པ་རྣམས་ལ་ཁྱོད་ཚོས་རང་གི་སྐལ་བ་ནས་ཟས་དང་རྒུན་ཆང་སོགས་བགོས་ནས་སྟེར་ཞིག ང་ཚོའི་གཙོ་བོ་དཀོན་མཆོག་གི་ཆེད་དུ་དེ་རིང་ནི་ཉིན་ཞག་དམ་པ་ཞིག་ཡིན་པས། ཁྱོད་ཚོས་མྱ་ངན་མ་བྱེད་ཅིག གཙོ་བོ་དཀོན་མཆོག་ནས་ཐོབ་པའི་དགའ་སྤྲོ་ཆེན་པོས་ཁྱོད་ཚོ་ཁམས་བདེ་ཞིང་ལུས་སྟོབས་རྒྱས་པར་འགྱུར་རོ། 11ལེ་ཝི་པ་ཚོས་མི་མང་གི་དཀྱིལ་ལ་ཕྱིན་ནས་དེ་དག་ལ་སེམས་གསོ་བཏང་ཞིང་། དེ་ལྟ་བུའི་ཉིན་ཞག་དམ་པར་མྱ་ངན་བྱེད་མི་རུང་ཞེས་སྨྲས་སོ། 12དེ་རྗེས་ཨིསི་རཱཨེལ་པ་ཡོངས་རྫོགས་རང་རང་སོ་སོའི་ཁང་པར་ཕྱིར་ལོག་བྱས་ཏེ། དགའ་སྤྲོའི་ངང་དུ་ཟ་བཏུང་བྱས་པ། མི་གཞན་ལའང་རང་གི་ཁ་ཟས་ནས་བགོས་པ་ཡིན་ནོ། གང་ལགས་ཟེར་ན། ཁོ་ཚོས་བཀའ་ཁྲིམས་ཀྱི་གནད་དོན་གསལ་པོར་ཤེས་པའི་ཕྱིར་རོ༎ 13དེའི་སང་ཉིན་མི་སྡེ་རིགས་སོ་སོའི་འགོ་བྱེད་རྣམས་དང་། བླ་མ་རྣམས་དང་། གཞན་ཡང་ལེ་ཝི་པ་རྣམས་ཨེཛ་རའི་དྲུང་དུ་སློབ་སྦྱོང་ཞུ་བར་བཅར་རོ། 14གཙོ་བོ་དཀོན་མཆོག་གིས་མོ་ཤེའི་བརྒྱུད་ནས་གནང་བའི་བཀའ་ཁྲིམས་ནང་གསལ་འཕྲལ་སེལ་གནས་ཁང་གི་དུས་སྟོན་རིང་ལ་མི་མང་རྣམས་སོ་སོའི་ཁང་པའི་ནང་མ་བསྡད་པར་རྩ་ཁང་གི་གཡབ་སོགས་བརྒྱབ་ནས་ཉིན་ཤས་དུས་ཆེན་གྱི་རིང་དེར་བསྡད་དགོས་ཀྱི་ཡོད་པ་དེ་ཁོ་ཚོས་དེ་དུས་ཤེས་པ་ཡིན་ནོ། 15དེ་བས་ན་ཁོ་ཚོས་ཡེ་རུ་ཤ་ལེམ་དང་། དེ་མིན་གྲོང་ཁྱེར་ཀུན་གྱི་མི་རྣམས་ལ་ལོན་བཏང་ཞིང་སྨྲས་པ། ཁྱོད་ཆོ་རི་བརྒྱུད་ཁག་ཏུ་ཕྱིན་ནས་ཤུག་པའི་ཤིང་དང་། ཁ་སྐྱུར་པོའི་ཤིང་དང་། ཐང་ཤིང་དང་། ཁ་ཟུར་ལ་སོགས་པའི་ཤིང་གི་ཡལ་ག་རྣམས་འཁྱེར་ཡོང་ནས། བཀའ་ཁྲིམས་ནང་དུ་གསུངས་པ་བཞིན་ང་ཚོས་འཕྲལ་སེལ་གནས་ཁང་ཁག་བརྒྱབ་དགོས་སོ། 16དེ་ནས་མི་མང་ཚོས་གོང་གསལ་ཤིང་གི་ཡལ་ག་རྣམས་འཁྱེར་ཡོང་ནས། ཁང་པའི་ཁྱམས་སྟོད་དང་། སྒོ་ར་དང་། མཆོད་ཁང་གི་སྡེ་ཡངས་དང་། དེ་བཞིན་ཆུའི་རྒྱལ་སྒོ་དང་ཨེཕ་ར་ཡིམ་རྒྱལ་སྒོའི་ཉེ་འགྲམ་གྱི་སྡེ་ཡངས་སོགས་ལ་འཕྲལ་སེལ་གནས་ཁང་ཁག་བརྒྱབ་བོ། 17དེ་བཞིན་བཙོན་ནས་ཐར་ཡོང་བའི་མི་ཚོས་ཀྱང་འཕྲལ་སེལ་གནས་ཁང་སོགས་བརྒྱབ་ནས་བསྡད་པ་དང་། ནུན་གྱི་བུ་ཡོ་ཤུ་ཨའི་དུས་ནས་བཟུངས་ད་རེ་ཐོག་མར་ཁོ་ཚོས་དེ་བཞིན་འཕྲལ་སེལ་གྱི་གནས་ཁང་བརྒྱབ་ནས་བསྡད་པ་ཡིན་པས། མི་མང་ཚོའི་སེམས་ལ་དགའ་ཚོར་དང་སེམས་ཤུགས་ཆེན་པོ་བསྐྱེད་ཡོད་པ་ཡིན་ནོ། 18དུས་སྟོན་གྱི་ཉིན་ཞག་དང་པོ་ནས་ཉིན་ཞག་མཐའ་མའི་བར་ཁོ་ཚོས་ཉིན་རེ་བཞིན་བཀའ་ཁྲིམས་ཀྱི་ཆ་ཤས་ཤིག་སྒྲོགས་སྦྱང་གིས། ཉིན་བདུན་བར་དུ་དུས་སྟོན་སྲུང་རྩི་བྱས་ཏེ། བཀའ་ཁྲིམས་གཞིར་བཟུང་ཞག་བརྒྱད་པའི་ཐོག་ཏུ་ཁོ་ཚོ་དུས་སྟོན་དེ་མཇུག་བསྡོམས་བྱས་པ་ཡིན་ནོ༎

ནེ་ཧེམ་ཡཱ 9

མི་མང་གིས་རང་རང་སོ་སོའི་སྡིག་པ་ངོ་ལེན་ཞུས་པ།

1-2ཟླ་བ་དེ་གའི་ཚེས་ཉི་ཤུ་བཞིའི་ཉིན་ཨིསི་རཱཨེལ་མི་མང་རྣམས་ནས་རང་གི་སྡིག་པར་འགྱོད་བཤགས་འབུལ་ཞིང་། སྨྱུང་གནས་སྲུང་བར་ཕྱོགས་གཅིག་ཏུ་འདུ་འཛོམས་བྱས་པ་དང་། ཁོ་ཚོས་ཕྱི་རྒྱལ་བ་ཚང་མའི་ཁྲོད་ནས་ཐོན་ཏེ་ཟུར་དུ་གནས་ཡོད་པ་དང་། མྱ་ངན་མཚོན་ཕྱིར་རང་གི་མགོ་བོར་ཐལ་ལ་བྱུགས་ཏེ་ལུས་ལ་རྩ་རས་གྱོན་ཞིང་། ཡར་ལངས་ཏེ་སོ་སོས་བྱས་པའི་སྡིག་པ་དང་རང་གི་ཕ་མེས་བརྒྱུད་ནས་བསགས་པའི་སྡིག་པར་འགྱོད་བཤགས་ཕུལ་ལོ། 3ཆུ་ཚོད་གསུམ་ཙམ་གྱི་རིང་ཁོ་ཚོར་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་གི་བཀའ་ཁྲིམས་ནས་སྒྲོག་སྦྱངས་བྱས་ཤིང་། དེ་རྗེས་ཆུ་ཚོད་གསུམ་ཙམ་གྱི་རིང་དུ་ཁོ་ཚོས་རང་གི་སྡིག་པར་འགྱོད་བཤགས་ཕུལ་ཏེ། གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་ལ་བསྙེན་བཀུར་ཞུས་པ་ཡིན་ནོ། 4ལེ་ཝི་པ་ཚོའི་ཆེད་དུ་སྡིངས་བྱ་ཞིག་བཟོས་ཡོད་ཅིང་། དེའི་སྟེང་དུ་ཡེ་ཤུ་ཨ་དང་། བྷ་ནི། ཀད་མི་ཨེལ། ཤེ་བྷན་ཡཱ། བྷུན་ནི། ཤེ་རེབ་ཡཱ། བྷ་ནི་དང་། ཀེ་ན་ནི་བཅས་ལངས་ཏེ། སྐད་ཤུགས་ཆེན་པོས་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་ལ་སྨོན་ལམ་འདེབས་སོ། 5དེ་ནས་ཡེ་ཤུ་ཨ་དང་། ཀད་མི་ཨེལ། བྷ་ནི། ཧ་ཤབ་ནི་ཨ། ཤེ་རེབ་ཡཱ། ཧོ་དི་ཡཱ། ཤེ་བྷན་ཡཱ་དང་པེ་ཐ་ཡཱ་ཞེས་པའི་གོང་གསལ་ལེ་ཝི་པ་རྣམས་ནས་མཆོད་འབུལ་བྱེད་ཕྱིར་མི་མང་ལ་འབོད་བསྐུལ་བྱས་ཏེ་སྨྲས་སོ། ཡར་ལངས་ཤིང་རང་གི་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་ལ་བསྟོད་བསྔགས་འབུལ་ཞིག། དུས་གཏན་དུ་ཁོང་ལ་བསྟོད་བསྔོགས་ཤིག། འགྲོ་བ་མིས་གཙོ་བོ་དཀོན་མཆོག་གི་མངའ་ཐང་དང་འཚམ་ཞིང་འོས་པའི་བསྟོད་བསྔགས་འབུལ་མི་ཐུབ་ན་ཡང། གཟི་བརྗིད་ལྡན་པའི་ཁོང་གི་མཚན་ལ་བསྟོད་བསྔགས་འབུལ་དགོས་སོ།

སྡིག་པར་ངོས་ལན་བྱས་པའི་སྨོན་ལམ།

6དེ་ནས་ཨིསི་རཱཨེལ་མི་མང་རྣམས་ཀྱིས་འདི་ལྟར་སྨོན་ལམ་འདེབས་སོ། ཀྱེ་གཙོ་བོ་དཀོན་མཆོག། ཁྱེད་གཅིག་པུ་གཙོ་བོ་དཀོན་མཆོག་ལགས་ཤིང་། ཁྱེད་ཀྱིས་མཐོ་རིས་དང་། གནམ་གྱི་སྐར་མའི་ཚོགས་དང་། དེ་བཞིན་ས་གཞི་དང་རྒྱ་མཚོ་དང་དེའི་ནང་གི་སྲོག་ཆགས་ཚང་མ་བཀོད་ཅིང་། དེ་དག་ལ་ཁྱེད་ཀྱི་སྲོག་གནང་བར་མཛད་དོ། མཐོ་རིས་སྟོབས་ཀྱིས་ཁྱེད་ལ་གུས་པ་ཆེན་པོས་བསྙན་བཀུར་ཞུ་གི་ཡོད། 7ཀྱེ་གཙོ་བོ་དཀོན་མཆོག། ཁྱེད་ཀྱིས་ཨབ་རམ་ལ་འདེམས་སྒྲུག་གནང་སྟེ་བྷེ་བྷི་ལོ་ནིཡའི་ཨུར་ཞེས་པའི་ས་གནས་ནས་བཏོན་ཏེ་འཁྲིད་ཕེབས་པ་གནང་ཞིང་། ཁོའི་མིང་ལ་ཨབ་ར་ཧམ་ཞེས་བརྒྱུར་བར་མཛད་དོ། 8ཁོའི་དད་པ་བརྟན་པོ་ཡིན་པ་དེ་ཁྱེད་ཀྱིས་གཟིགས་ནས། ཁྱེད་ཀྱིས་ཁོ་ལ་དམ་བཅའ་ཞིག་མཛད་ཅིང་། ཀ་ན་ཨན་པ་དང། ཧེད་པ། ཨ་མོར་པ། ཕེ་རི་ཟི་པ། ཡེ་བུ་ཟི་པ་དང་། གྷིར་ག་སི་པའི་ཡུལ་རྣམས་ཁོའི་རིགས་བརྒྱུད་ཚོ་ལ་གནང་རྒྱུའི་ཞལ་བཞེས་གནང་བ་ཡིན། ཁྱེད་ནི་དམ་ཚིག་ཅན་ཡིན་པས་ཉིད་ཀྱི་ཞལ་བཞེས་གང་གནང་བ་དེ་སྒྲུབ་པར་མཛད་དོ། 9ཨི་ཇིབ་དུ་ང་ཚོའི་མེས་པོ་རྣམས་ཀྱི་དཀའ་ངལ་རྣམས་ཁྱེད་ཀྱིས་གཟིགས་ཏེ། རྒྱ་མཚོ་དམར་པོར་ཁོ་ཚོས་སྨྲེ་ངག་འདོན་པ་ལ་ཁྱེད་ཀྱིས་གསན་པ་གནང་བ་ཡིན། 10ཨི་ཇིབ་ཡུལ་གྱི་རྒྱལ་པོ་དང་། ཁོའི་ལས་བྱེད་པ་རྣམས་དང་། དེ་བཞིན་ཁོའི་མི་འབངས་རྣམས་ཀྱི་མདུན་དུ་ཁྱེད་ཀྱིས་ངོ་མཚར་ཆེ་བའི་མཛད་འཕྲིན་མཛད་དོ། གང་ལ་ཟེར་ན། ཨི་ཇིབ་པ་ཚོས་ཉིད་ཀྱི་མི་འབངས་རྣམས་ལ་མནར་གཅོད་ཇི་ལྟར་བཏང་བ་དེ་ཁྱེད་ཀྱིས་མཁྱེན་ཡོད། དེ་ལྟར་ཁྱེད་ལ་མཚན་སྙན་གྲགས་ཆེན་པོ་བྱུང་བ་དེ་ནི་ད་ལྟའང་ཉམས་མེད་དུ་གནས་ཡོད་དོ། 11རྒྱ་མཚོའི་དབུས་སུ་ཁྱེད་ཀྱིས་མི་མང་གི་ཆེད་དུ་འགྲུལ་ལམ་ཞིག་བཟོས་པ་གནང་ཞིང་། དེའི་ཁར་ཉིད་ཀྱི་མི་འབངས་ས་སྐམ་སར་འགྱུད་ནས་འགྲུལ་ལོ། ཁོ་ཚོའི་རྗེས་སུ་དེད་མཁན་རྣམས་ནི་རྦ་རླབས་དྲག་པོའི་དཀྱིལ་དུ་རྡོ་ནུབ་པ་བཞིན། རྒྱ་མཚོ་གཏིང་རིང་པོར་ནུབ་སྟེ་ཡོངས་སུ་ཤི་བ་ཡིན་ནོ། 12ཁྱེད་ཀྱིས་ཉིན་མོར་སྤྲིན་གྱིས་ཀ་བ་དང་མཚན་མོར་མེའི་ཀ་བས་ལམ་སྟོན་མཛད་ནས་དེ་དག་ལ་དབུ་འཁྲིད་མཛད་དོ། 13ཁྱེད་མཐོ་རིས་ཀྱི་གནས་ནས་རི་བོ་སི་ནཨའི་སྟེང་དུ་ཕེབས་ཏེ་ཉིད་ཀྱི་མི་འབངས་རྣམས་དང་གསུང་གླེང་མཛད་ཅིང་། དེ་དག་ལ་ཡང་དག་པའི་བཀའ་ཁྲིམས་དང་སློབ་སྟོན་བཟང་པོ་དག་གནང་ངོ་། 14ཁྱེད་ཀྱིས་དེ་ཚོར་ངལ་གསོ་བའི་ཞག་དེ་ཉིན་ཞག་དམ་པ་ཞིག་ཏུ་བརྩི་སྲུང་བྱེད་དགོས་པའི་སྐོར་ལ་སློབ་སྟོན་གནང་ངོ་། ཁྱེད་ཀྱིས་ཉིད་ཀྱི་ཞབས་ཏོག་པ་མོ་ཤེའི་བརྒྱུད་ནས་བཀའ་ཁྲིམས་ཀྱང་གནང་ངོ། 15དེ་ཚོ་ལྟོགས་པའི་དུས་སུ་ཁྱེད་ཀྱིས་མཐོ་རིས་ནས་བག་ལེབ་དང་། སྐོམ་པའི་དུས་སུ་བྲག་རི་ནས་ཆུ་བཏོན་ཏེ་གནང་ངོ་། ཁྱེད་ཀྱིས་དེ་ཚོར་གནང་གི་ཡིན་ཞེས་དམ་བཅའ་གནང་བའི་ཡུལ་དེར་དབང་འཛིན་བྱེད་ཚོག་པའི་ཞལ་བཞེས་གནང་ངོ་། 16འོན་ཀྱང་ང་ཚོའི་མེས་པོ་རྣམས་ནི་ང་རྒྱལ་ཆེ་ཞིང་སེམས་གཤིས་གྱོང་བས། ཁྱེད་ཀྱི་བཀའ་ལ་རྩིས་གུས་མ་ཞུས་པ་དང་། 17ཁོ་ཚོས་ཁྱེད་ཀྱི་བཀའ་ལ་བརྩི་མེད་ཞུས་ཤིང་། ཁྱེད་ཀྱིས་མཛད་པའི་ངོ་མཚར་ཅན་གྱི་མཛད་འཕྲིན་རྣམས་ཁོ་ཚོས་བརྗེད་དོ། ང་རྒྱལ་སྐྱེད་ནས་སྐྱར་དུ་ཨི་ཇིབ་ཀྱི་བྲན་འཁོལ་དུ་ཕྱིར་ལོག་བྱེད་ཕྱིར་འགོ་འཁྲིད་ཞིག་ཀྱང་བསྐོས་མོད། འོན་ཀྱང་ཁྱེད་ནི་སྡིག་སེལ་གནང་བར་ཐུགས་མཉེས་ཤིང་ཐུགས་བརྩེ་ཅན་དང་ཐུགས་བཟོད་ཆེ་བ་ལགས་སོ། ཁྱེད་ཀྱིས་དེ་ཚོར་བདག་མེད་དུ་སྤངས་མ་གནང་བ་དང་། 18དེ་ཚོས་བེའུའི་དབྱིབས་སུ་འདྲ་སྐུ་ཞིག་བཟོས་ཏེ། ང་ཚོ་ཨི་ཇིབ་ནས་འཁྲིད་ཡོང་མཁན་དཀོན་མཆོག་ནི་འདི་རང་ཡིན་ནོ་ཞེས་བརྗོད་དེ། སྐུ་འདྲ་དེ་ལ་བསྙེན་བཀུར་ཞུས་པ་དང་། ཀྱེ་གཙོ་བོ་དཀོན་མཆོག། ཁོ་ཚོས་ཁྱེད་ལ་དེ་ལྟ་བུའི་དམའ་བེབས་ཞུས་མོད། 19འོན་ཀྱང་ཁྱེད་ནི་ཐུགས་བརྩེ་ཆེན་པོ་ཡིན་པས། ཁྱེད་ཀྱིས་དེ་ཚོར་འབྲོག་སྟོང་ནང་བདག་མེད་དུ་བོར་བ་མ་གནང་བ་དང་། དེ་བཞིན་ཁོ་ཚོར་ལམ་སྟོན་བྱེད་མཁན་ཉིན་མོའི་སྤྲིན་པ་དང་མཚན་གྱི་མེ་དེའང་ཕར་བསྡུས་པ་མ་གནང་བ་ཡིན་ནོ། 20ཁྱེད་ནི་ཐུགས་གཤིས་བཟང་པོ་ཡིན་པས། དེ་ཆོར་རྒྱུན་ཆད་མེད་པར་སློབ་སྟོན་མཛད་དེ། དེ་ཚོར་ཟས་སུ་མན་ནཱ་དང་འཐུང་བའི་ཕྱིར་ཆུ་གནང་ངོ་། 21ཁོ་ཚོ་འབྲོག་སྟོང་ནང་ལོ་ངོ་བཞི་བཅུའི་བར་དུ་གནས་ཡུན་རིང་ལ་ཁྱེད་ཀྱིས་ཁོ་ཚོའི་དགོས་མཁོ་ཚང་མ་སྒྲུབ་པ་གནང་བ་དང་། དེ་ཡུན་རིང་ལ་ཁོ་ཚོའི་ལུས་ཀྱི་གྱོན་གོས་སོགས་ནམ་ཡང་མ་རལ་ལོ། ཁོ་ཚོའི་རྐང་པར་ནད་ཟུག་དང་སྦོས་པ་སོགས་གང་ཡང་མ་བྱུང་ངོ་། 22དེ་ཙམ་མ་ཟད་ཁྱེད་ཀྱིས་ཡུལ་མི་དང་བཅས་པའི་ཡུལ་གྲུ་དག་ཁོ་ཚོར་གནང་ཞིང་། ཁོ་ཚོའི་ས་མཚམས་གཡས་གཡོན་གྱི་ཡུལ་ཁག་རྣམས་ཀྱང་ཁོ་ཚོའི་བདག་དབང་དུ་གནང་ངོ་། ཁོ་ཚོས་རྒྱལ་པོ་སི་ཧོན་གྱི་ཡུལ་ཧེཤ་བྷོན་དང་། རྒྱལ་པོ་ཨོག་གི་ཡུལ་བྷ་ཤཱན་བཅས་དབང་དུ་བསྡུས་པ་ཡིན་ནོ། 23ཁྱེད་ཀྱིས་དེ་ཚོར་སྐར་མའི་ཚོགས་དང་འདྲ་བའི་བུ་བརྒྱུད་གྲངས་མང་གནང་ཞིང་། སྔར་ཁྱེད་ཀྱིས་དེ་ཚོའི་མེས་པོ་རྣམས་ལ་ཞལ་བཞེས་གནང་བའི་ཡུལ་དེ་ཁོ་ཚོས་དབང་འཛིན་བྱས་ཏེ་དེར་གནས་སྡོད་བྱས་སོ། 24ཁོ་ཚོས་ཀ་ནན་ཡུལ་དབང་དུ་བསྡུས་ཤིང་། ཁྱེད་ཀྱིས་དེ་གའི་ཡུལ་མི་རྣམས་བཏུལ་བར་མཛད་དོ། ཉིད་ཀྱི་མི་འབངས་ཨིསི་རཱཨེལ་པ་ཚོས་ཀ་ནཱན་ཡུལ་གྱི་མི་མང་དང་རྒྱལ་པོ་རྣམས་ལ་རང་གི་འདོད་པ་གང་ཡོད་བྱེད་བཅུག་པའི་ཕྱིར་དེ་དག་ཁོ་ཚོའི་ལག་ཏུ་རྩིས་སྤྲོད་གནང་ངོ་། 25ཁྱེད་ཀྱི་མི་འབངས་རྣམས་ནས་ལྕགས་རིས་བསྐོར་བའི་གྲོང་ཁྱེར་ཁག་དང་། ས་ལུད་འཛོམས་པའི་ཡུལ་དང་། རྒྱུ་ནོར་ལྡན་པའི་ཁང་ཁྱིམ་སོགས་དང་། སྔོན་ནས་བྲུས་ཏེ་གྲ་སྒྲིག་བྱས་ཡོད་པའི་ཁྲོན་པ་རྣམས་དང་། དེ་བཞིན་རྒུན་ཚལ་དང་། ཁ་སྐྱུར་པོའི་ཚལ་ཞིང་སོགས་དབང་འཛིན་བྱས་ཏེ། དེ་དག་ཟས་ནས་ལུས་སྟོབས་རྒྱས་ཤིང་། ཁྱེད་ཀྱིས་གནང་བའི་གནང་སྦྱིན་བཟང་པོ་ཀུན་ལ་ལོངས་སྤྱོད་པ་དང་། 26འོན་ཀྱང་དེ་ཚོས་ཁྱེད་ཀྱི་བཀའ་ལ་རྩིས་མེད་ཞུས་ཏེ་ཁྱེད་ལ་ངོ་རྒོལ་ཞུས་ཤིང་། ཁྱེད་ཀྱི་བཀའ་ཁྲིམས་ལ་རྒྱབ་འགལ་ཞུས་སོ། འགྱོད་བཤགས་ཕུལ་ནས་ཁྱེད་ཀྱི་ཕྱོགས་སུ་སེམས་བསྒྱུར་དགོས་ཅེས་འབོད་བསྐུལ་བྱེད་མཁན་ལུང་སྟོན་པ་རྣམས་ཁོ་ཚོས་བསད་དོ། ཁྱེད་ལ་ཡང་ཡང་དམའ་འབེབས་ཞུས་པས། 27དེར་བརྟེན་ཁྱེད་ཀྱིས་ཁོ་ཚོའི་དགྲ་བོ་རྣམས་ལ་ཁོ་ཚོའི་ཐོག་ཏུ་དབང་བྱེད་དུ་བཅུག་གོ། འོན་ཀྱང་ཁོ་ཆོས་དཀའ་ངལ་གྱི་དུས་སུ་ཁྱེད་ལ་སྐྱབས་ཞུས་པས། ཁྱེད་ཀྱིས་མཐོ་རིས་ནས་ཁོ་ཚོའི་ཞུ་བར་གསན་ཏེ་ཁོ་ཚོར་བཀའ་ལན་གནངོ་ངོ་། ཁོ་ཚོ་དགྲ་བོའི་ལག་ནས་སྲུང་སྐྱོབས་གནང་ཕྱིར་ཁྱེད་ཀྱི་ཐུགས་བརྩེ་ཆེན་པོས་ཁོ་ཚོར་འགོ་འཁྲིད་བྱེད་མཁན་རྣམས་ཀྱང་བཏང་བ་གནང་ངོ་། 28འོན་ཀྱང་ཞི་བདེ་ལྷིང་འཇག་བྱུང་བའི་རྗེས་ལ་ཁོ་ཚོས་ཡང་སྐྱར་སྡིག་པ་བྱས་པས། ཁྱེད་ཀྱིས་དེ་ཚོའི་དགྲ་བོ་རྣམས་ལ་ཁོ་ཆོའི་ཐོག་ཏུ་རྒྱལ་ཁ་གནང་བ་དང་། རྗེས་སུ་ཁོ་ཆོས་ཡང་སྐྱར་འགྱོད་བཤགས་ཕུལ་ནས་སྐྱབས་གྲོགས་མཛད་རོགས་གནང་ཞེས་ཞུ་བ་ཕུལ་སྐབས། མཐོ་རིས་ནས་ཁྱེད་ཀྱིས་དེ་ཚོའི་ཞུ་བར་གསན་ཏེ། ཁྱེད་ཀྱི་སྙིང་རྗེ་ཆེན་པོས་ཁོ་ཚོར་ཡང་ནས་ཡང་དུ་སྐྱབས་གྲོགས་མཛད་དོ། 29དེ་ཚོས་བཀའ་ཁྲིམས་སྲུང་ཕྱིར་ཁྱེད་ཀྱིས་དེ་ཚོར་ཟོན་བསྐུལ་གནང་། འོན་ཀྱང་ཁོ་ཚོས་ང་རྒྱལ་བྱས་ནས་ཁྱེད་ཀྱི་བཀའ་ཁྲིམས་རྣམས་ལ་སྤངས་པ་དང་། ཁྱེད་ཀྱི་བཀའ་ཁྲིམས་སྲུང་རྒྱུ་དེ་ནི་གསོན་པོར་གནས་པའི་ཐབས་ལམ་དེ་ཡིན་ནོ། འོན་ཀྱང་དེ་ཚོས་སེམས་གཤིས་གྱོང་པོ་བྱས་ནས་དེ་དག་ལ་རྩིས་མེད་ཞུས་སོ། 30ཁྱེད་ཀྱི་ལོ་མང་བར་དུ་དེ་ཚོར་ཐུགས་བཟོད་་མཛད་དེ་ཟོན་བསྐུལ་གནང་ཞིང་། ཉིད་ཀྱི་ཐུགས་ཉིད་ཀྱི་བསྐུལ་མས་ལུང་སྟོན་པ་རྣམས་བརྒྱུད་དེ་ཁྱེད་ཀྱིས་དེ་ཚོར་ལུང་བསྟན་གནང་རུང་། ཁྱེད་ཀྱི་མི་འབངས་རྣམས་ཀྱིས་རྣ་བ་འོན་པ་ལྟར་བྱས་ནས་དེར་ཉན་ཚོག་མ་བྱས་པ་དང་། དེ་བས་ན་ཁྱེད་ཀྱིས་མི་རིགས་གཞན་རྣམས་ལ་ཁོ་ཚོའི་ཐོག་ཏུ་དབང་བསྒྱུར་བྱེད་བཅུག་གོ། 31འོན་ཀྱང་ཁྱེད་ཀྱི་སྙིང་རྗེ་ཆེན་པོའི་སྒོ་ནས་དེ་དག་ལ་མ་སྤངས་བ་དང་འཇིགས་པར་ཡང་མ་གནང་ངོ་། གང་ལགས་ཟེར་ན། ཁྱེད་ནི་སྙིང་རྗེ་དང་ཐུགས་རྗེ་ལྡན་པའི་དཀོན་མཆོག་ལགས་པའི་ཕྱིར་རོ། 32ཀྱེ་དཀོན་མཆོག། ང་ཚོའི་དཀོན་མཆོག་ཁྱེད་ནི་མངའ་ཐང་ཆེ་ཞིང་། བཀའ་བཙན་པོ་དང་། མཐུ་སྟོབས་དང་ལྡན་ནོ། ཁྱེད་ཀྱིས་དམ་ཚིག་ཅན་གྱི་སྒོ་ནས་ཞལ་བཞེས་ཚང་མ་སྒྲུབ་པར་མཛད་པ་དང་། སྔར་ཨ་སུར་པའི་རྒྱལ་པོ་རྣམས་ཀྱིས་ང་ཚོར་མནར་གཅོད་བཏང་བ་ནས་བཟུང་ད་བར་ང་ཚོས་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད། ང་ཚོའི་རྒྱལ་པོ་རྣམས་དང་འགོ་བྱེད་རྣམས་དང་། དེ་བཞིན་བླ་མ་རྣམས་དང་ལུང་སྟོན་པ་རྣམས་དང་གཞན་ཡང་ང་ཚོའི་མེས་པོ་རྣམས་ཀྱིས་གཙོས་པའི་ང་ཚོ་ཚང་མས་མྱངས་དགོས་བྱུང་བའི་དཀའ་སྡུག་རྣམས་ཁྱེད་ཀྱིས་ཐུགས་དྲན་གསོས་པ་གནང་རོགས་གནང་། 33ཁྱེད་ཀྱིས་ང་ཚོའི་ཐོག་ཏུ་ཉེས་ཆད་གཏོང་གནང་བ་དེ་ནི་དྲང་ཞིང་འོས་པ་ཡིན་པ་དང་། ང་ཚོས་ཉེས་སྡིག་བྱས་རུང་ཁྱེད་ནི་དམ་ཚིག་ངང་དུ་ཞུགས་སོ། 34ང་ཚོའི་མེས་པོ་རྣམས་དང་རྒྱལ་པོ་རྣམས་དང་དེ་བཞིན་འགོ་བྱེད་དང་བླ་མ་རྣམས་ཀྱིས་ཁྱེད་ཀྱི་བཀའ་ཁྲིམས་ལ་བརྩིས་མེད་བྱས་པ་དང་། ཁྱེད་ཀྱི་བཀའ་རྒྱ་དང་ཟོན་བསྐུལ་རྣམས་ལ་མ་ཉན་པ་ཡིན་ནོ། 35ཁྱེད་ཀྱི་ཐུགས་རྗེ་བྱིན་རླབས་ཀྱི་སྒོ་ནས་རྒྱལ་པོ་རྣམས་ཀྱིས་ཁྱེད་ཀྱི་མི་འབངས་ཀྱི་ཐོག་ཏུ་སྲིད་སྐྱོང་བྱས་སོ། དེ་དག་ས་ལུད་འཛོམས་ཤིང་ཡུལ་ལྗོངས་རྒྱ་ཚེའི་ནང་དུ་གནས་སྡོད་བྱས་སྐབས། དེ་ཚོས་རང་གི་སྡིག་པ་སྤངས་ནས་ཁྱེད་ལ་ཞབས་ཏོག་མ་ཞུས་སོ། 36ད་ཁྱེད་ཀྱིས་ང་ཚོར་གནང་བའི་ས་ལུད་འཛོམས་ཤིང་ང་ཚོར་ཁ་ཟས་སྦྱིན་མཁན་ཡུལ་འདི་གའི་ནང་དུ་ང་ཚོ་བྲན་འཁོལ་དུ་ཚུད་ཡོད་དོ། 37ང་ཚོས་ཉེས་དམིགས་བྱས་པའི་རྐྱེན་གྱིས་ང་ཚོའི་ཐོག་ཏུ་བཀོད་གནང་བ་རྒྱལ་པོ་ཚོའི་རྩར་ང་ཚོའི་སྟོན་ཐོག་ཚང་མ་སྐྱེལ་དགོས་བྱུང་བ་དང་། ཁོ་ཚོས་ང་་ཚོ་དང་ང་ཚོའི་ལུག་ཕྱུགས་སེམས་ཅན་རྣམས་ཀྱི་ཐོག་ཏུ་འདོད་པ་གང་ཡོད་བྱས་པས་ངེད་རྣམས་དཀའ་ངལ་ཆེན་པོའི་ནང་དུ་ཚུད་ཡོད་དོ༎

མི་དམངས་ཚོས་བཅའ་ཡིག་ལ་མིང་རྟགས་བཀོད་པ།

38དེ་སྔ་གནས་ཚུལ་གང་བྱུང་བ་དེ་ལ་བརྟེན་པས། ང་ཚོ་ཨིསི་རཱཨེལ་མི་མང་་ཡོངས་ནས་བཅའ་ཡིག་བརྟན་པོ་འདི་བཞིན་འབུལ་གྱི་ཡོད། བཅའ་ཡིག་དེར་ང་ཚོའི་འགོ་བྱེད་རྣམས་དང་ལེ་ཝི་པ་རྣམས་དང་། དེ་བཞིན་བླ་མ་བཅས་ཀྱིས་མཚན་རྟགས་བཀོད་ཡོད་དོ༎

ནེ་ཧེམ་ཡཱ 10

1བཅའ་ཡིག་གི་ཐོག་མར་མིང་རྟགས་བཀོད་མཁན་ནི། ཧ་ཀལ་ཡཱའི་བུ་སྲིད་ཚབ་ནེ་ཧེམ་ཡཱ་དང་། དེ་རྗེས་ཛེ་དེ་ཀི་ཡཱས་མིང་རྟགས་བརྒྱབ་པ་དང་། གཤམ་གསལ་རྣམས་ནས་ཀྱང་རང་རང་སོ་སོའི་མིང་རྟགས་བཀོད་པ་རེད༎ 2-8

བླ་མ་རྣམས།

སེ་ར་ཡཱ། ཨ་ཛར་ཡཱ། ཡེར་མི་ཡཱ། པ་ཤུར། ཨ་མར་ཡཱ། མལ་ཀི་ཡཱ། ཧ་ཏུཤེ། ཤེ་བྷན་ཡཱ། མལ་ལུག། ཧ་རིམ། མེ་རེ་མོད། ཨོ་བ་དི་ཡཱ། དྷ་ནི་ཨེལ། གྷིན་ནེ་ཐོན། བྷ་རུག། མེ་ཤུལ་ལམ། ཨ་བྷི་ཡཱ། མི་ཡ་མིན། མ་ཛི་ཡཱ། བྷིལ་གྷཨི་དང་ཤེ་མ་ཡཱ་བཅས་ཡིན་ནོ། 9-13

ལེ་ཝི་པ་རྣམས།

ཨ་ཛན་ཡཱའི་བུ་ཡེ་ཤུ་ཨ། ཧེ་ན་དཱད་ཀྱི་སྡེ་རིགས་ནས་ཡིན་པའི་བྷིན་ནུཨི། ཀད་མི་ཨེལ། ཤེ་བྷན་ཡཱ། ཧོ་དི་ཡཱ། ཀེ་ལི་ཏ། པེ་ལ་ཡཱ། ཧ་ནན། མི་ཀ། རེ་ཧོབ། ཧ་ཤབ་ཡཱ། ཛ་ཀུར། ཤེ་རེབ་ཡཱ། ཤེ་བྷན་ཡཱ། ཧོ་དི་ཡཱ། བྷ་ནི་དང་། བྷེ་ནི་ནུ་བཅས་སོ། 14-27

མི་མང་གི་འགོ་བྱེད་རྣམས།

པ་རོཤི། པ་ཧད་མོ་ཨཱབ། ཨེ་ལམ། ཛཏ་ཏུ། བྷ་ནི། བྷུན་ནི། ཨཛ་གད། བྷེ་བྷཨི། ཨ་དྷོ་ནི་ཡཱ། བྷིག་ཝཨི། ཨ་དིན། ཨ་ཏེར། ཧེ་ཛི་ཀི་ཡཱ། ཨ་ཛུར། ཧོ་དི་ཡཱ། ཧ་ཤུམ། བྷེ་ཛཨེ། ཧ་རིཕ། ཨ་ན་ཐོད། ནེ་བཨེ། མག་པི་ཨཱཤི། མེ་ཤུལ་ལམ། ཧེ་ཛིར། མེ་ཤེ་ཛ་བྷེལ། ཛ་དཱོག། ཡ་དྷུ་ཨ། པེ་ལཏ་ཡཱ། ཧ་ནན། ཨ་ན་ཡཱ། ཧོ་ཤེ། ཧ་ནན་ཡཱ། ཧ་ཤུབ། ཧལ་ལོ་ཧེཤ། པིལ་ཧ། ཤོ་བེག། རེ་ཧུམ། ཧ་ཤབ་ནཱ། མ་སེ་ཡཱ། ཨ་ཧི་ཡཱ། ཧ་ནན། ཨ་ནན། མལ་ལུག། ཧ་རིམ་དང་བྷ་ནཱ་བཅས་སོ།

བཅའ་ཡིག།

28ང་ཚོ་ཨིསི་རཱཨེལ་མི་མང་རྣམས་དང་། བླ་མ་རྣམས་དང་། ལེ་ཝི་པ་དང་། མཆོད་ཁང་གི་སྒོ་སྲུང་པ་རྣམས་དང་། མགུར་དབྱངས་མཁན་གྱི་ཚོགས་དང་། ལས་སྣེ་པ་རྣམས་དང་གཞན་ཡང་དཀོན་མཆོག་གི་བཀའ་ཁྲིམས་ལ་རྩིས་སྲུང་ཞུས་ཏེ། ཡུལ་གྱི་ཕྱི་རྒྱལ་བའི་མི་རྣམས་ནས་རང་ཉིད་ལོགས་སུ་དབྱེ་ཞིང་། རང་རང་སོ་སོའི་སྐྱེ་དམན་དང་བུ་ཕྲུག་ལོ་ན་ལོན་ཞིང་བསམ་ཤེས་ཡོད་པ་དང་བཅས། 29ང་ཚོའི་འགོ་བྱེད་རྣམས་དང་བློ་སེམས་རྩེ་གཅིག་གི་ཐོག་ནས་སྔར་གཙོ་བོ་དཀོན་མཆོག་གིས་མོ་ཤེའི་བརྒྱུད་ནས་གནང་བའི་བཀའ་ཁྲིམས་བཞིན་དུ་འགྲུལ་རྒྱུའི་དམ་བཅའ་འབུལ་གྱི་ཡོད། གལ་སྲིད་ང་ཚོ་དམ་བཅའ་འདི་དང་འགལ་ན་ང་ཚོའི་ཐོག་ཏུ་གཙོ་བོ་དཀོན་མཆོག་གི་ཆད་པ་དྲག་པོ་དེ་ངེས་པར་འཕོག་འོས་པ་ཡིན། དེ་བས་ན་ང་ཚོས་གཙོ་བོ་དཀོན་མཆོག་ང་ཚོའི་གཙོ་བོའི་བཀའ་དགོངས་སྒྲུབ་ཅིང་། ཁོང་གི་བཀའ་ཁྲིམས་ཡོངས་རྫོགས་རྩིས་སྲུང་ཞུ་རྒྱུ་ཡིན་ནོ། 30ང་ཚོའི་ཡུལ་དུ་གནས་སྡོད་བྱེད་པའི་ཕྱི་རྒྱལ་བའི་མི་རིགས་རྣམས་དང་མཉམ་དུ་ཆང་ས་བརྒྱབ་བཅུག་རྒྱུ་མིན་ནོ། 31ཕྱི་རྒྱལ་བ་དེ་ཚོས་ངལ་གསོ་བའི་ཞག་འམ་དེ་བཞིན་ཉིན་ཞག་དམ་པ་གཞན་གྱི་སྐབས་སུ་བཙོང་རྒྱུ་འཁྱེར་ཡོང་བའི་འབྲུ་ལ་སོགས་པའི་དངོས་རིགས་ཁག་ང་ཚོས་ཉོ་རྒྱུ་མ་ཡིན་ནོ། ལོ་བདུན་རེའི་ཐོག་ལ་ས་ཞིང་རྨོ་བ་དང་འདེབས་ལས་བྱེད་རྒྱུ་སྤངས་སྟེ། བུ་ལོན་ལེན་རྒྱུ་ཡོད་པ་རྣམས་ཀྱང་ཕྱིར་འཐེན་རྒྱུ་ཡིན་ནོ། 32མཆོད་ཁང་གི་འགྲོ་གྲོན་ཆེད་དུ་ང་ཚོ་རེ་རེས་ལོ་ལྟར་རེ་བཞིན་དངུལ་གྷ་རམ་ལྔ་རེ་འབུལ་རྒྱུ་ཡིན་ནོ། 33མཆོད་ཁང་ལ་མཁོ་བའི་མཆོད་པའི་ཡོ་བྱད་གཤམ་གསལ་རྣམས་ཀྱང་འབུལ་རྒྱུ་ཡིན་པ་དང་། བག་ལེབ་དམ་པ་དང་། ཉིན་རེའི་འབྲུའི་འབུལ་བ་དང་། སྦྱིན་སྲེག་ལ་མཁོ་བའི་སེམས་ཅན་རྣམས་དང་། ངལ་གསོ་བའི་ཞག་དང་གནམ་གང་དང་གཞན་ཡང་དུས་ཆེན་སོ་སོར་མཁོ་བའི་འབུལ་བ་ཁག་དང་། ཨིསི་རཱཨེལ་གྱི་སྡིག་བཤགས་ཀྱི་འབུལ་བ་དང་། དེ་བཞིན་མཆོད་ཁང་གི་མཁོ་བྱད་ཁག་བཅས་སོ། 34བཀའ་ཁྲིམས་གཞིར་བཟུང་ལྟར། གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ལ་དམར་མཆོད་སྲེག་ཕྱིར་མཁོ་བའི་ཤིང་རྣམས་འཁྱེར་ཡོང་བའི་ཕྱིར། ང་ཚོ་བླ་མ་རྣམས་དང་། ལེ་ཝི་པ་དང་མི་མང་རྣམས་ཀྱི་ལོ་ལྟར་རེ་བཞིན་རྒྱན་ཤོག་བླུགས་ཏེ། སྡེ་རིགས་གང་གི་ཐོག་ཏུ་རྒྱན་ཤོག་བབ་པ་དེས་རེ་མོས་བཞིན་ཤིང་རྣམས་འཁྱེར་ཡོང་དགོས་པའི་ཐག་གཅོད་བྱ་རྒྱུ་ཡིན། 35སོ་སོའི་ས་ཞིང་གི་སྟོན་ཐོག་དང་ཤིང་འབྲས་སོགས་ཀྱི་ཕུད་དེ་ལོ་ལྟར་རེ་བཞིན་མཆོད་ཁང་དུ་འབུལ་རྒྱུ་དང་། 36བཀའ་ཁྲིམས་གཞིར་བཟུང་ལྟར། ང་ཚོའི་བུ་སྔོན་སྐྱེས་ཚང་མ་མཆོད་ཁང་དུ་འཁྲིད་ནས་གཙོ་བོ་དཀོན་མཆོག་ལ་བསྔོ་འབུལ་ཞུ་རྒྱུ་དང་། དེ་བཞིན་ང་ཚོའི་བ་ཕྱུགས་ཀྱི་བེའུ་སྔོན་སྐྱེས་དང་ར་ལུག་རྣམས་ཀྱི་སྔོན་སྐྱེས་ཚང་མ་དཀོན་མཆོག་ལ་འབུལ་རྒྱུ་ཡིན་ནོ། 37ང་ཚོའི་ཐོག་མའི་འབྲུའི་སྟོན་ཐོག་ནས་བརྫིད་པའི་གྲོ་ཞིབ་དང་། སྐྱུ་རུའི་སྣུམ་དང་། གཞན་ཡང་རྒུན་ཆང་དང་ཤིང་འབྲས་ཀྱི་རིགས་ཚང་མ་ནས་ལོ་ལྟར་རེ་བཞིན་མཆོད་ཁང་དུ་འཁྱེར་ཡོང་ནས་བླ་མ་ལ་འབུལ་རྒྱུ་ཡིན་ནོ། གྲོང་ཚོ་ཁག་ཏུ་བཅུ་ཁག་བཅུ་ཁག: མོ་ཤེའི་བཀའ་ཁྲིམས་གཞིར་བཟུང་སྟོན་ཐོག་དང་ར་ལུག་སེམས་ཅན་ལ་སོགས་པ་དང་། དེ་བཞིན་ཡོང་བབ་ཀུན་གྱི་བརྒྱ་ཆ་བཅུ་ཁག་གྱི་ཚུལ་དུ་མཆོད་ཁང་ལ་འབུལ་དགོས་པ་དེ་ཡིན་ནོ། བསྡུ་བའི་ཕྱིར་བསྐོ་བཞག་བྱས་པའི་ལེ་ཝི་པ་རྣམས་ལ་ང་ཚོས་སྟོན་ཐོག་གི་བཅུ་ཁག་འབུལ་རྒྱུ་ཡིན་ནོ། 38བཅུ་ཁག་བསྡུ་བའི་སྐབས་སུ་ཨ་རོན་གྱི་རིགས་བརྒྱུད་ནས་ཡིན་པའི་བླ་མ་རྣམས་ལེ་ཝི་པ་རྣམས་དང་མཉམ་དུ་གནས་དགོས་ཏེ། བཅུ་ཁག་གྱི་འབུལ་བའི་ཁོངས་ནས་ཀྱང་ཁག་ཅིག་ལེ་ཝི་པ་ཚོས་མཆོད་ཁང་གི་འགྲོ་གྲོན་ཆེད་དུ་མཆོད་ཁང་གི་བང་མཛོད་དུ་འབུལ་རྒྱུ་ཡིན་ནོ། 39དེ་བཞིན་ཨིསི་རཱཨེལ་མི་མང་དང་ལེ་ཝི་པ་ཚོས་འབུལ་བར་ཕུལ་བའི་སྟོན་ཐོག་དང་། རྒུན་ཆང་དང་སྐྱུ་རུའི་སྣུམ་སོགས་མཆོད་ཁང་གི་སྣོད་ཆས་བཞག་སའི་བང་མཛོད་དུ་བཞག་དགོས་ཏེ། བང་མཛོད་དེའི་ཉེ་འགྲམ་དུ་མཆོད་ཁང་གི་སྐུ་གཉེར་དང་། སྒོ་སྲུང་བ་དང་མགུར་དབྱངས་ལེན་མཁན་རྣམས་ཀྱི་གནས་ཁང་སོགས་ཡོད་པ་དང་། གཙོ་བོ་དཀོན་མཆོག་གི་བཞུགས་ཡུལ་མཆོད་ཁང་དེ་ལ་ང་ཚོས་ནམ་ཡང་སྣང་མེད་ཞུ་གི་མིན་ཞེས་དམ་བཅའ་ཞུས་ཀྱི་ཡོད་དོ༎

ནེ་ཧེམ་ཡཱ 11

ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་མི་རྣམས།

1ཨིསི་རཱཨེལ་མི་མང་གི་འགོ་བྱེད་རྣམས་ཡེ་རུ་ཤ་ལེམ་དུ་གཞིས་ཆགས་ཤིང་། དེ་འཕྲོས་མི་མང་རྣམས་རྒྱན་ཤོག་བླུགས་ནས་མི་ཚང་བཅུ་རེའི་ཐོག་ནས་མི་གཅིག་ཡེ་རུ་ཤ་ལེམ་དུ་ཕྱིན་ནས་གནས་སྡོད་བྱས་པ་དང་། དེ་བྱིངས་མི་ཚང་གཞན་རྣམས་གྲོང་ཁྱེར་གཞན་དག་ཏུ་གནས་སྡོད་བྱས་སོ། 2དང་བླངས་ཀྱི་ཐོག་ནས་ཡེ་རུ་ཤ་ལེམ་དུ་གནས་སྡོད་མཁན་རྣམས་ལ་མི་མང་གིས་བསྔགས་བརྫོད་བྱེད་ཀྱི་ཡོད་པ་དང་། 3གྲོང་ཁྱེར་གཞན་དག་ཏུ་ཨིསི་རཱཨེལ་གྱི་མི་རྣམས་དང་། བླ་མ་རྣམས་དང་། ལེ་ཝི་པ་རྣམས་དང་། མཆོད་ཁང་གི་ལས་སྣེ་ཁག་དང་། གཞན་ཡང་སོ་ལོ་མོན་གྱི་ཞབས་ཕྱིའི་རིགས་བརྒྱུད་རྣམས་དང་བཅས་རང་རང་སོ་སོའི་གྲོང་ཁྱེར་གྱི་ས་ཁོངས་སུ་གནས་སྡོད་བྱས་པ་དང་། ཡ་ཧུ་དཱའི་མངའ་ཁོངས་ནས་ཡོང་སྟེ་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱས་པའི་ཡུལ་མི་གཙོ་དྲག་རྣམས་ནི་གཤམ་གསལ་ལྟར་ཡིན་ནོ༎ 4

ཡ་ཧུ་དཱའི་སྡེ་རིགས་ཀྱི་མི་རྣམས།

ཨུ་ཛི་ཡཱའི་བུའམ་ཛ་ཀར་ཡཱའི་ཚ་བོ་ཨ་ཐ་ཡཱ། ཁོའི་མེས་པོ་གཞན་རྣམས་ནི་ཨ་མར་ཡཱ། ཤེ་ཕཏ་ཡཱ་་དང་མ་ཧ་ལ་ལེལ་བཅས་ཡིན་ཏེ། དེ་ཚོ་ཚང་མ་པེ་རེཛ་ཀྱི་བུ་ཡ་ཧུ་དཱའི་རིགས་བརྒྱུད་ནས་ཡིན་ནོ། 5བྷ་རུག་གི་བུའམ་ཀོལ་ཧོ་ཛཱེའི་ཚ་བོ་མ་སི་ཨ། ཁོའི་མེས་པོ་གཞན་རྣམས་ནི་ཧ་ཛ་ཡཱ། ཨ་ད་ཡཱ། ཡོ་ཡ་རིབ་དང་ཛ་ཀར་ཡཱ་བཅས་ཡིན་ཏེ། དེ་ཚོ་ཚང་མ་ཡ་ཧུ་དཱའི་བུ་ཤེ་ལཱའི་རིགས་བརྒྱུད་ནས་ཡིན་ནོ། 6པེ་རེཛ་ཀྱི་རིགས་བརྒྱུད་ཁོངས་ནས་སྙན་གྲགས་ལྡན་པའི་མི་གྲངས་ ༤༦༨ ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱས་ཀྱི་ཡོད་པ་ཡིན་ནོ༎ 7

བྷེན་ཡ་མིན་གྱི་སྡེ་རིགས་ཀྱི་མི་རྣམས༎

མེ་ཤུལ་ལམ་གྱི་བུའམ་ཡོ་ཨེད་ཀྱི་ཚ་བོ་སལ་ལུ་དང་། ཡང་ཁོའི་མེས་པོ་གཞན་རྣམས་ནི། པེ་དྷ་ཡཱ། ཀོ་ལ་ཡཱ། མ་སི་ཨ། ཨི་ཏི་ཨེལ་དང་ཡེ་ཤ་ཡཱ་བཅས་ཡིན་ནོ། 8སལ་ལུའི་ཉེ་དུ་རྣམས་ནི་གྷབ་བའི་དང་། སལ་ལཨེ་བཅས་ཡིན་ཏེ། དེ་བཞིན་བྷིན་ཡ་མིན་པ་ཁྱོད་བསྡོམས ༩༢༨ ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་ཀྱི་ཡོད། 9ཛིག་རིའི་བུ་ཡོ་ཨེལ་ནི་ཁོ་ཚོའི་འགོ་བྱེད་དེ་ཡིན་ནོ། ཧ་སི་ནུ་ཨའི་བུ་ཡ་ཧུ་དཱ་ནི་གྲོང་ཁྱེར་ནང་ལས་བྱེད་པ་གོ་རིམ་གཉིས་པ་དེ་ཡིན་ནོ༎ 10

བླ་མ་རྣམས༎

ཡོ་ཡ་རིབ་ཀྱི་བུ་ཡེ་དྷ་ཡཱ། ཡ་ཀིན། 11ཧིལ་ཀི་ཡཱའི་བུའམ་མེ་ཤུལ་ལམ་གྱི་ཚ་བོ་སེ་ར་ཡཱ། ཁོའི་མེས་པོ་གཞན་རྣམས་ནི་ཛ་དཱོག། མེ་ར་ཡོད་དང་བླ་ཆེན་ཨ་ཧི་ཏུབ་བཅས་ཡིན་ནོ། 12སྡེ་འདིའི་ཁོངས་ནས་ཁྱོན་བསྡོམས་པས་མི་གྲངས ༨༢༢ ནས་མཆོད་ཁང་དུ་ཞབས་ཏོག་ཞུས་ཀྱི་ཡོད་དོ༎ ཡེ་རོ་ཧམ་གྱི་བུའམ་པེ་ལ་ལི་ཡཱའི་ཚ་བོ་ཨ་ད་ཡཱ་ཡིན་ཅིང་། ཁོའི་མེས་པོ་གཞན་རྣམས་ནི། ཨམ་ཛི། ཛ་ཀར་ཡཱ། པ་ཤུར་དང་མལ་ཀི་ཡཱ་བཅས་ཡིན་ནོ། 13སྡེ་འདིའི་ཁོངས་ནས་ཁྱོན་བསྡོམས་མི་གྲངས་ ༢༤༢ ནི་མི་ཚང་སོ་སོའི་ནང་མི་གཙོ་བོ་དག་ཡིན་ནོ༎ ཨ་ཛ་རེལ་གྱི་བུའམ་ཨ་ཛཡེའི་ཚ་བོ་ཨ་མ་ཤཡེ། ཁོའི་མེས་པོ་གཞན་རྣམས་ནི། མེ་ཤེལ་ལེ་མོཏ་དང་ཨིམ་མེར་བཅས་ཡིན་ནོ། 14སྡེ་འདིའི་ཁོངས་ནས་དཔའ་རྩལ་ལྡན་པའི་དམག་མི་ཁ་གྲངས ༡༢༨ བྱུང་ཞིང་། དེ་ཚོའི་དམག་དཔོན་ནི་མི་ཚང་གཙོ་དྲག་ཞིག་གི་ནང་མི་ཛབ་དི་ཨེལ་ཞེས་པ་དེ་ཡིན་ནོ༎ 15

ལེ་ཝི་པ་རྣམས༎

ཧ་ཤུབ་ཀྱི་བུའམ་ཨཛ་རི་ཀམ་གྱི་ཚ་བོ་ཤེ་མ་ཡཱ། ཁོའི་མེས་པོ་གཞན་རྣམས་ནི། ཧ་ཤབ་ཡཱ་དང་བྷུན་ནི་བཅས་ཡིན་ནོ། 16མཆོད་ཁང་གི་ཕྱི་ལོགས་སུ་ཞབས་ཏོག་ཞུ་མཁན་ལེ་ཝི་པ་གཙོ་བོ་གཉིས་ནི། ཤབ་བེ་ཐཡེ་དང་ཡོ་ཛ་བྷད་བཅས་ཡིན་ནོ༎ 17མི་ཀའི་བུའམ་ཛབ་དཱིའི་ཚ་བོ་མ་ཏན་ཡཱ་ཡིན་སྟེ། ཛབ་དི་ནི་ཨ་སཕེ་ཀྱི་རིགས་བརྒྱུད་ནས་ཡིན་པ་དང་། ཐུགས་རྗེ་ལེགས་གསོལ་གྱི་གཏང་རག་འབུལ་སྐབས་མ་ཏན་ཡཱས་མགུར་དབྱངས་ཚོགས་པའི་དབུ་འཁྲིད་བྱེད་ཀྱི་ཡོད་དོ༎ བྷག་བུ་ཀི་ཡཱ་ནི་མ་ཏན་ཡཱའི་ལས་རོགས་བྱེད་ཀྱི་ཡོད་དོ། ཤམ་མུཨའི་བུའམ་གྷ་ལཱལ་གྱི་ཚ་བོ་ཨབ་ད་ཡིན་ཏེ། གྷ་ལལ་ནི་ཡེ་དུ་ཐུན་གྱི་རིགས་བརྒྱུད་ལས་ཡིན་ནོ། 18དེ་བཞིན་ཁྱོན་བསྡོམས་ལེ་ཝི་པ ༢༨༤ ཡེ་རུ་ཤ་ལེམ་གྱི་གྲོང་ཁྱེར་དམ་པའི་ནང་དུ་གནས་སྡོད་བྱེད་ཀྱི་ཡོད་པ་ཡིན་ནོ༎ 19

མཆོད་ཁང་གི་སྒོ་སྲུང་པ་རྣམས༎

ཨ་ཀུབ་དང་ཏལ་མོན་དང་ཁོ་ཚོའི་གཉེན་མཚན་བཅས་ཁྱོན་བསྡོམས་མི་གྲངས ༡༧༢ ཡོད་པ་ཡིན་ནོ། 20དེ་འཕྲོས་ཨིསི་རཱཨེལ་མི་མང་རྣམས་དང་། བླ་མ་དང་ལེ་ཝི་པ་རྣམས་ཡ་ཧུ་དཱའི་ཡུལ་གྱི་གྲོང་ཁྱེར་གཞན་དག་ཏུ་རང་རང་སོ་སོའི་ས་ཁུལ་དུ་གནས་སྡོད་བྱས་པ་དང་། 21མཆོད་ཁང་གི་ལས་བྱེད་པ་རྣམས་ནི་ཡེ་རུ་ཤ་ལེམ་གྱི་ཨོ་ཕེལ་ཞེས་པའི་ས་གནས་སུ་བསྡད་དེ། ཛི་ཧ་དང་གྷིཤ་པ་ཞེས་པའི་ལས་དཔོན་གྱི་མངའ་འོག་ཏུ་ལས་ཀ་བྱེད་ཀྱི་ཡོད་དོ། 22བྷ་ནིའི་བུའམ་ཧ་ཤབ་ཡཱའི་ཚ་བོ་ཨུ་ཛི་ནི་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་བཞིན་པའི་ལེ་ཝི་པ་རྣམས་ཀྱི་འགོ་བྱེད་ཡིན་པ་དང་། ཡང་ཁོའི་མེས་པོ་རྣམས་ནི་ཨ་སཕེ་ཀྱི་སྡེ་ནས་ཡིན་པའི་མ་ཏན་ཡཱ་དང་མི་ཀ་གཉིས་ཡིན་ཅིང་། སྡེ་འདིའི་ལས་འགན་ནི་མཆོད་ཁང་དུ་མགུར་དབྱངས་ལེན་རྒྱུ་དེ་ཡིན་ནོ། 23རྒྱལ་པོས་གཏན་འབེབས་གནང་བའི་སྒྲིག་་ཚུགས་བཞིན་དུ་སྡེ་རྣམས་ཉིན་ལྟར་རེ་བཞིན་རེ་མོས་བྱས་ནས་མཆོད་ཁང་དུ་མགུར་དབྱངས་ལེན་དགོས་ཀྱི་ཡོད་པ་ཡིན་ནོ། 24ཡ་ཧུ་དཱའི་སྡེ་རིགས་དང་ཛེ་རཱའི་སྡེ་ནས་ཡིན་པ་མེ་ཤེ་ཛ་བྷེལ་གྱི་བུ་པེ་ཐ་ཡཱ་ནི་པར་སི་ཡའི་རྒྱལ་པོའི་ཕོ་བྲང་དུ་ཨིསི་རཱཨེལ་པ་རྣམས་ཀྱི་འཐུས་མིར་བསྐོས་ཡོད་པ་ཡིན་ནོ༎

གྲོང་ཁྱེར་གཞན་དུ་གནས་སྡོད་བྱེད་མཁན་མི་རྣམས།

25ཡུལ་མི་མང་ཆེ་བ་རང་རང་སོ་སོའི་གཞིས་ཀའི་ཉེ་འགྲམ་དུ་ཡོད་པའི་གྲོང་ཁྱེར་ཁག་ཏུ་གནས་སྡོད་བྱས་པ་དང་། ཡ་ཧུ་དཱའི་སྡེ་རིགས་ཀྱི་མི་རྣམས་གྲོང་ཁྱེར་ཀིར་ཡད་ཨར་བྷ། དྷི་བྷོན། ཡེ་ཀབ་ཛཱིལ་བཅས་དང་དེའི་ཉེ་འཁོར་གྱི་གྲོང་གསེབ་ཁག་ཏུ་གནས་སྡོད་བྱེད་ཀྱི་ཡོད་དོ། 26དེ་ཙམ་མ་ཟད་ཁོ་ཚོ་གྲོང་ཁྱེར་ཡེ་ཤུ་ཨ། མོ་ལ་དཱ། བྷེད་པེ་ལེད། 27ཧ་ཛར་ཤུ་ཨལ་དང་བྷིར་ཤེ་བྷ་བཅས་དང་དེའི་ཉེ་འཁོར་གྱི་གྲོང་གསེབ་ཁག་དང་། 28གཞན་ཡང་གྲོང་ཁྱེར་ཟིག་ལཱག་དང་མེ་ཀོ་ནཱ་བཅས་དང་དེའི་ཉེ་འཁོར་གྱི་གྲོང་གསེབ་ཁག་དང་། 29དེ་བཞིན་གྲོང་ཁྱེར་ཨེན་རིམ་མོན། ཛོ་རཱ། ཡར་མུད། 30ཛ་ནོ་ཨ། ཨ་དུལ་ལམ་བཅས་དང་དེའི་ཉེ་འཁོར་གྱི་གྲོང་གསེབ་ཁག་དང་། ལ་ཀིཤི་དང་དེའི་ཉེ་འཁོར་གྱི་ས་ཞིང་ཁག་དང་། གཞན་ཡང་ཨ་ཛི་ཀཱ་དང་དེའི་ཉེ་འཁོར་གྱི་གྲོང་གསེབ་ཁག་ཏུ་གནས་སྡོད་བྱས་པ། ཡ་ཧུ་དཱའི་མི་རྣམས་ལྷོ་ཕྱོགས་བྷིར་ཤི་བྷ་ནས་བྱང་ཕྱོགས་སུ་ཧིན་ནོམ་གྱི་ལུང་གཤོང་བར་དུ་གནས་སྡོད་བྱེད་ཀྱི་ཡོད་དོ། 31བྷེན་ཡ་མིན་སྡེ་རིགས་མི་རྣམས་ནི་གྷེ་བཱ་དང་། མིཀ་མཱས། ཨེ། བྷེ་ཐེལ་དང་། དེའི་ཉེ་འཁོར་གྱི་གྲོང་གསེབ་ཁག་དང་། 32ཨ་ན་ཐོད། ནོབ། ཨ་ན་ན་ཡཱ། 33ཧ་ཛོར། ར་མཱ། གྷིད་ཏེམ། 34ཧ་དྷིད། ཛེ་བོ་ཨིམ། ནེ་བ་ལཱཏ། 35ལོཌ། ཨོ་ནོ་དང་ལག་ཤེས་པའི་ལུང་གཤོང་ཁུལ་དུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། 36ཡ་ཧུ་དཱའི་ས་ཁུལ་དུ་གནས་སྡོད་བྱས་བཞིན་པའི་ལེ་ཝི་པ་འགའ་ཤས་ནི་བྷེན་ཡ་མིན་གྱི་མི་རྣམས་དང་མཉམ་དུ་གནས་སྡོད་བྱེད་བཅུག་པ་ཡིན་ནོ༎

ནེ་ཧེམ་ཡཱ 12

ལེ་ཝི་པ་དང་བླ་མ་རྣམས་ཀྱི་མིང་ཐོ་ནི།

1ཤལ་ཏི་ཨེལ་གྱི་བུ་ཛེ་རུ་བྷ་བྷེལ་དང་བླ་མ་རྣམས་ཀྱི་གཙོ་བོ་ཡོ་ཤུ་ཨ་དང་མཉམ་དུ་སྐྱབས་བཅོལ་ནས་ཕྱིར་ལོག་བྱས་པའི་བླ་མ་དང་ལེ་ཝི་པ་རྣམས་ཀྱི་མིང་ཐོ་ནི་གཤམ་གསལ་ལྟར་ཡིན་ནོ༎ 2-7 སེ་ར་ཡཱ། ཡེར་མི་ཡཱ། ཨེཛ་ར། ཨ་མར་ཡཱ། མལ་ལུག། ཧ་ཏུཤེ། ཤེ་ཀན་ཡཱ། རེ་ཧུམ། མེ་རེ་མོད། ཨིད་དྷོ། གྷིན་ན་ཏོཨི། ཨ་བྷི་ཡཱ། མི་ཡ་མིན། མ་དི་ཡཱ། བྷིལ་གཱ། ཤེ་མ་ཡཱ། ཡོ་ཡ་རིབ། ཡེ་དྷ་ཡཱ། སལ་ལུ། ཨ་མོག། ཧིལ་ཀི་ཡཱ་དང་ཡེ་ད་ཡཱ་བཅས་སོ། ཡོ་ཤུ་ཨའི་དུས་སུ་བླ་མ་རྣམས་ཀྱི་འགོ་བྱེད་ནི་གོང་གསལ་རྣམས་ཡིན་ནོ༎ 8 ཐུགས་རྗེ་ལེགས་གསོལ་གྱི་མགུར་མ་བཏང་མཁན་ནི་གཤམ་གསལ་རྣམས་ཡིན་ནོ། ཡེ་ཤུ་ཨ། བྷིན་ནུཨི། ཀད་མི་ཨེལ། ཤེ་རེབ་ཡཱ། ཡ་ཧུ་དཱ་དང་མ་ཏན་ཡཱ་བཅས་སོ། 9བྷག་བུ་ཀི་ཡཱ་དང་། ཨུན་ནོ་དང་ལེ་ཝི་པ་གཞན་རྣམས་ནས་གོང་གསལ་མགུར་མའི་ལན་འདེབས་མགུར་མ་བཏང་གི་ཡོད་པ་ཡིན་ནོ༎

བླ་མ་གཙོ་བོ་ཡོ་ཤུ་ཨའི་རིགས་བརྒྱུད།

10ཡོ་ཤུ་ཨ་ནི་ཡོ་ཡ་ཀིམ་གྱི་ཕ་དང་། ཡོ་ཡ་ཀིམ་ནི་ཨེལ་ཡ་ཤིབ་ཀྱི་ཕ་དང་། ཡང་ཨེལ་ཡ་ཤིབ་ནི་ཡོ་ཡཱ་དྷའི་ཕ་དང་། 11དེ་བཞིན་ཡོ་ཡཱ་དྷ་ནི་ཡོ་ན་ཐཱན་གྱི་ཕ་དང་། ཡང་ཡོ་ན་ཐན་ནི་ཡ་དྷུ་ཨའི་ཕ་ཡིན་ནོ༎

བླ་མའི་རིགས་རུས་གཙོ་བོ་རྣམས།

12-21ཡོ་ཡ་ཀིམ་བླ་མ་རྣམས་ཀྱི་གཙོ་བོ་བྱེད་པའི་དུས་སུ་གཤམ་གསལ་རྣམས་ནི་བླ་མའི་རིགས་རུས་ཀྱི་གཙོ་བོ་ཁག་ཡིན་ནོ། བླ་མ རིགས་རུས མེ་ར་ཡཱ སེ་ར་ཡཱ ཧ་ནན་ཡཱ ཡེར་མི་ཡཱ མེ་ཤུལ་ལམ ཨེཛ་ར ཡེ་ཧོ་ཧ་ནན ཨ་མར་ཡཱ ཡོ་ན་ཐན མལ་ལུ་ཀི ཡོ་སེབ ཤེ་བྷན་ཡཱ ཨད་ན ཧ་རིམ ཧེལ་ཀཡེ མེ་ར་ཡོད ཛ་ཀར་ཡཱ ཨིད་དྷོ མེ་ཤུལ་ལམ གྷིན་ནེ་ཏོན ཛིག་རི ཨ་བྷི་ཡཱ … མིན་ཡ་མིན པིལ་ཏཡི མོཧ་དི་ཡཱ ཤ་མུ་ཨ བྷིལ་གཱ ཡེ་ཧོ་ན་ཐན ཤེ་མ་ཡཱ མ་ཏེ་ནཡེ ཡོ་ཡ་རིབ ཨུ་ཛི ཡེ་དྷ་ཡཱ ཀལ་ལཡེ སལ་ལཡེ ཨེ་བྷེར ཨ་མོག ཧ་ཤབ་ཡཱ ཧིལ་ཀི་ཡཱ ནེ་ཐ་ནེལ ཡེ་ད་ཡཱ

བླ་མ་དང་ལེ་ཝི་པ་རྣམས་ཀྱི་ནང་མིའི་མིང་ཐོ་ནི།

22བླ་མ་རྣམས་ཀྱི་གཙོ་བོ་ཨེལ་ཡ་ཤིབ་དང་། ཡོ་ཡཱ་དྷ། ཡོ་ན་ཐན་དང་ཡ་དྷུ་ཨའི་དུས་ཡུན་རིང་ལ་ལེ་ཝི་པ་དང་བླ་མ་རྣམས་ཀྱི་ནང་མི་གཙོ་བོ་ཁག་གི་མིང་ཐོ་ཞིག་བཞག་ཡོད་ཅིང་། མིང་ཐོ་དེ་ནི་པར་སི་ཡའི་རྒྱལ་པོ་དྷ་རི་ཡསེ་ཀྱི་སྲིད་སྐྱོང་སྐབས་སུ་བྲིས་ཟིན་ཡོད་དོ། 23ལེ་ཝིའི་རིགས་བརྒྱུད་ཀྱི་ནང་མི་གཙོ་བོ་ཁག་གི་མིང་ཐོ་དེ་ནི། ཨེལ་ཡ་ཤིབ་ཀྱི་ཚ་བོ་ཡོ་ན་ཐན་གྱི་དུས་སྐབས་བར་དུ་གཞུང་འབྲེལ་ཡིག་ཐོག་ཁག་ཏུ་བཀོད་ཡོད་པ་ཡིན་ནོ༎

མཆོད་ཁང་གི་ལས་འགན་སྤྲད་པ།

24ལེ་ཝི་པ་རྣམས་ཁག་སོ་སོར་བགོས་ཡོད་ཅིང་། ཡང་དེ་ཚོའི་སྡེ་དཔོན་རྣམས་ནི་ཧ་ཤབ་ཡཱ། ཤེ་རེབ་ཡཱ། ཡེ་ཤུ་ཨ། བྷིན་ནུཨི་དང་ཀད་མི་ཨེལ་བཅས་ཡིན་པ་དང་། དཀོན་མཆོག་གི་སྐྱེ་བོ་རྒྱལ་པོ་དཱ་བིད་ཀྱིས་བཀའ་གནང་བ་བཞིན་དུ་ཐེངས་གཅིག་རང་ལ་སྡེ་ཁག་གཉིས་ཀྱིས་དཀོན་མཆོག་ལ་བསྟོད་པ་དང་། གཏང་རག་འབུལ་གྱི་ཡོད་པ་ཡིན་ནོ། 25གཤམ་གསལ་སྒོ་སྲུང་བ་རྣམས་ནས་མཆོད་ཁང་གི་གཞུང་སྒོའི་འགྲམ་དུ་ཡོད་པའི་བང་མཛོད་རྣམས་སྲུང་གི་ཡོད་པ་དང་། མ་ཏན་ཡཱ། བྷག་བུ་ཀི་ཡཱ། ཨོ་བ་དི་ཡཱ། མེ་ཤུལ་ལམ། ཏལ་མོན་དང་ཨ་ཀུབ་བཅས་ཡིན་ནོ། 26ཡོ་ཤུ་ཨའི་བུའམ་ཡེ་ཧོ་ཛ་དག་གི་ཚ་བོ་ཡོ་ཡ་ཀིམ་གྱི་དུས་སུ་མི་དེ་རྣམས་ལ་དེ་བཞིན་ལས་འགན་སྤྲད་ཡོད་ཅིང་། སྐབས་དེར་ནེ་ཧེམ་ཡཱས་སྲིད་ཚབ་དང་བཀའ་ཁྲིམས་མཁས་པ་ཨེཛ་རས་བླ་མ་བྱེད་ཀྱི་ཡོད་པ་ཡིན་ནོ༎

ནེ་ཧེམ་ཡཱས་གྲོང་ཁྱེར་གྱི་ལྕགས་རི་རབ་གནས་བྱས་པ།

27གྲོང་ཁྱེར་གྱི་ལྕགས་རི་རབ་གནས་བྱེད་སྐབས་སིལ་སྙན་དང་པི་ཝང་དང་སྒྲ་སྙན་སོགས་བཏང་བཞིན་ཐུགས་རྗེ་ལེགས་གསོལ་གི་བཏང་རག་འབུལ་ཕྱིར་ལེ་ཝི་པ་རྣམས་ཕྱོགས་གང་ས་ནས་ཡེ་རུ་ཤ་ལེམ་དུ་འཛོམས་སོ། 28ལེ་ཝི་པའི་མགུར་དབྱངས་ལེན་མཁན་ནང་མི་ཁག་རྣམས་ཡེ་རུ་ཤ་ལེམ་གྱི་ནེ་འཁོར་གྱི་ས་ཁུལ་ཁག་དང་ནེ་ཏོ་ཕཱའི་ཉེ་འཁོར་གྱི་གྲང་ཁྱེར་ཁག་དང་། 29བྷེད་གྷིལ་གྷལ། གྷེ་བཱ་དང་ཨཛ་མཱ་ཝེཐ་བཅས་ནས་ཡོང་སྟེ་ཕྱོགས་གཅིག་ཏུ་འདུ་འཛོམས་བྱས་སོ། 30དེ་ནས་བླ་མ་དང་ལེ་ཝི་པ་ཚོས་སྲོལ་ལྟར་རང་ཉིད་གཙང་བར་བྱས་པ་དང་། ཁོ་ཚོས་མི་གཞན་ལའང་གཙང་བར་བྱས་ཤིང་། གཞུང་སྒོ་དང་ལྕགས་རི་རྣམས་ཀྱང་གཙང་མ་བྱས་སོ། 31ངས་ཡ་ཧུ་དཱའི་འགོ་བྱེད་རྣམས་ལྕགས་རིའི་སྟེང་དུ་བོས་ནས་གྲོང་ཁྱེར་གྱི་མཐའ་འཁོར་དུ་བསྐོར་བ་རྒྱབ་ཅིང་དཀོན་མཆོག་ལ་ཐུགས་རྗེ་ལེགས་གསོལ་གྱི་གཏང་རག་འབུལ་མཁན་སྡེ་ཁག་ཆེན་པོ་གཉིས་ཀྱི་འགོ་བྱེད་དུ་བསྐོ་གཞག་བྱས་པ་ཡིན། སྡེ་ཁག་གཅིག་ལྕགས་རིའི་ཐོད་ནས་གཡས་ངོས་སུ་བཙོག་སྙིགས་དབྱུགས་སའི་རྒྱལ་སྒོའི་ཕྱོགས་སུ་ཕྱིན་པ་དང་། 32མགུར་དབྱངས་ལེན་མཁན་རྣམས་ཀྱི་རྗེས་སུ་ཧོ་ཤ་ཡཱ་དང་། ཁོའི་རྗེས་སུ་ཡ་ཧུ་དཱའི་འགོ་བྱེད་ཕྱེད་ཀ་ཙམ་ཕྱིན་ཡོད་དོ། 33-35དེ་རྗེས་དུང་འབུད་དེ་བླ་མ་ཨ་ཛར་ཡཱ། ཨེཛ་ར། མེ་ཤུལ་ལམ། ཡ་ཧུ་དཱ། བྷེན་ཡ་མིན། ཤེ་མ་ཡཱ་དང་ཡེར་མི་ཡཱ་བཅས་ཕྱིན་པ་དང་། དེ་ཚོའི་རྗེས་སུ་ཡོ་ན་ཐན་གྱི་བུའམ་ཤེ་མ་ཡཱའི་ཚ་བོ་ཛ་ཀར་ཡཱ་ཕྱིན་པ་དང་། དེའི་མེས་པོ་རྣམས་ནི་ཨ་སཕེ་ཀྱི་སྡེ་ནས་ཡིན་པ་མ་ཏན་ཡཱ། མི་ཀཱ་ཡཱ་དང་ཛ་ཀུར་བཅས་ཡིན་ནོ། 36ཁོའི་རྗེས་སུ་ཁོ་རང་གི་རིགས་རུས་ནས་ཡིན་པ་ཤེ་མ་ཡཱ་དང་ཨ་ཛ་རེལ། མི་ལཱ་ལཡེ། གྷི་ལ་ལཡེ། མ་ཡེ། ནེ་ཐ་ནེལ། ཡ་ཧུ་དཱ་དང་ཧ་ན་ནི་བཅས་ཕྱིན་པ་དང་། ཁོ་ཚོས་དཀོན་མཆོག་གི་སྐྱེས་བུ་རྒྱལ་པོ་དཱ་བིད་ཀྱི་རོལ་བྱ་ནང་བཞིན་རང་རང་སོ་སོའི་ལག་ཏུ་འཁྱེར་ཡོད་པ་དང་། བཀའ་ཁྲིམས་མཁས་པ་ཨེཛ་རས་ཁོ་ཚོའི་འགོ་འཁྲིད་བྱས་སོ། 37ཆུ་མིག་གི་རྒྱལ་སྒོར་བསླེབས་ཏེ་དཱ་བིད་ཀྱི་གྲོང་ཁྱེར་ཕྱོགས་སུ་འགྲོ་སའི་ཐེམ་སྐས་ནས་ཡར་འཛེགས་ཏེ་དཱ་བིད་ཀྱི་ཕོ་བྲང་བརྒལ་ནས་ཕར་ཕྱིན་པ་དང་། དེ་ནས་ཚུར་འཁོར་ཞིང་གྲོང་ཁྱེར་གྱི་ཤར་ངོས་ཀྱི་ཆུའི་རྒྱལ་སྒོ་བར་དུ་ཕྱིན་ནོ། 38དེ་བཞིན་སྡེ་ཁག་གཞན་དེའང་ཐུགས་རྗེ་ལེགས་གསོལ་ཀྱི་བསྟོད་དབྱངས་ལེན་ཞིང་ལྕགས་རིའི་ཐོད་ནས་གཡོན་ཕྱོགས་སུ་ཕྱིན་པ་དང་། ང་ཡང་མི་ཚོགས་ཕྱེད་ཀ་འཁྲིད་ནས་དེ་ཚོའི་རྗེས་སུ་འབྲངས་ཏེ། ང་ཚོ་ཨོ་བེན་གྱི་མཁར་རྗོང་རྒལ་ནས་ལྕགས་རི་རྒྱ་ཆེན་པོ་བར་དུ་ཕྱིན་པ་ཡིན། 39དེ་ནས་ཨེཕ་ར་ཡིམ་གྱི་རྒྱལ་སྒོ་དང་། ཡ་ཤ་ནཱའི་རྒྱལ་སྒོ། ཉ་སྒོ་ཞེས་པའི་གཞུང་སྒོ་དང་དེ་བཞིན་ཧ་ན་ནེལ་ཞེས་པའི་མཁར་རྫོང་དང་། བརྒྱ་ཐམ་པའི་མཁར་རྫོང་མཐོན་པོ་བརྒྱུད་ནས་ལུག་ཁྱུའི་རྒྱལ་སྒོར་བསླེབས་ནས་མཆོད་ཁང་གི་གཞུང་སྒོ་བར་དུ་ཕྱིན་པ་ཡིན། 40དེ་བཞིན་གཏང་རག་འབུལ་བའི་སྡེ་ཚོགས་གཉིས་ཀ་མཆོད་ཁང་གི་ཉེ་འགྲམ་དུ་བསླེབས་པ་དང་། ང་དང་མཉམ་དུ་ཡོད་པའི་འགོ་བྱེད་རྣམས་རྩིས་པས། 41གཤམ་གསལ་བླ་མ་རྣམས་ཀྱང་དུང་འབུད་དེ་ངའི་སྡེ་ཚོགས་ཁོངས་སུ་ཡོད་པ་དང་། དེ་དག་ནི་ཨེལ་ཡ་ཀིམ། མ་སི་ཨ། མིན་ཡ་མིན། མི་ཀཱ་ཡཱ། ཨེ་ལི་ཨོ་ནེ། ཛ་ཀར་ཡཱ་དང་ཧ་ནན་ཡཱ་བཅས་ཡིན་ནོ། 42ཡང་དེ་ཚོའི་རྗེས་སུ་མ་སི་ཨ། ཤེ་མ་ཡཱ། ཨེ་ལི་ཛར། ཨུ་ཛི། ཡེ་ཧོ་ཧ་ནན། མལ་ཀི་ཡཱ། ཨེ་ལམ་དང་ཨེ་ཛེར་བཅས་ཕྱིན་ཞིང་། ཡེཛ་ར་ཧི་ཡཱས་འགོ་འཁྲིད་བྱས་པའི་མགུར་དབྱངས་ལེན་མཁན་ཚོས་སྐད་སང་མཐོན་པོའི་ངང་དུ་མགུར་དབྱངས་ལེན་པ་ཡིན་ནོ། 43དེ་ཉིན་མི་མང་གིས་དམར་མཆོད་རྒྱ་ཆེན་པོ་འབུལ་བས། དཀོན་མཆོག་གིས་དེ་ཚོ་ལ་དགའ་སྐྱིད་ཆེན་པོ་ཞིག་གནང་སྟེ། དེ་ཚོའི་བུད་མེད་དང་ཕྲུ་གུ་བཅས་པས་དགའ་སྟོན་ཆེན་པོ་ཞིག་བྱས་པས། དེ་ཚོའི་དགའ་སྟོན་གྱི་འུར་སྒྲ་དེ་ཐག་རིང་བར་དུ་གོ་གི་ཡོད་པ་ཡིན་ནོ༎

མཆོད་ཁང་དུ་མཆོད་པའི་ཕྱིར་གྲ་བསྒྲིགས་བྱས་པ།

44སྐབས་དེར་མཆོད་ཁང་གི་གཉེར་ཚང་ལ་བལྟ་རྟོག་བྱེད་མཁན་གཉེར་པ་རྣམས་བསྐོ་གཞག་བྱས་ཤིང་། བཅུ་ཁག་གྱི་འབུལ་བ་དང་སྟོན་ཐོག་དང་ཤིང་འབྲས་ཀྱི་ལོ་ཕུད་སོགས་ཀྱང་གཉེར་ཚང་དེར་བཞག་གི་ཡོད་པ་དང་། ཉེ་འཁོར་དུ་ཡོད་པའི་གྲོང་ཁྱེར་གྱི་ཉེ་འགྲམ་གྱི་ས་ཞིང་ཁག་ནས་ཕུལ་བའི་འབུལ་བའི་ཁོངས་ནས་བཀའ་ཁྲིམས་གཞིར་བཟུང་བླ་མ་དང་ལེ་ཝི་པ་ཚོའི་ཐོབ་སྐལ་རྣམས་ཀྱང་གཉེར་པ་དེ་ཚོས་བསྡུ་སྒྲུག་བྱེད་དགོས་ཀྱི་ཡོད་པ་དང་། ཡ་ཧུ་དཱའི་མི་མང་ཡོངས་རྫོགས་ནས་བླ་མ་དང་ལེ་ཝི་པ་རྣམས་ཀྱི་ལས་ཀར་དགའ་མོས་བྱེད་ཀྱི་ཡོད་པ་ཡིན་ནོ། 45གང་ལགས་ཟེར་ན། དཀོན་མཆོག་གི་བཀའ་དགོངས་བཞིན་དུ་དེ་ཚོས་སྒྲིབ་སྦྱངས་ལ་སོགས་པའི་ཆོ་གའི་རིགས་ཚང་མ་བཤམས་ཀྱི་ཡོད་པ་དང་། མཆོད་ཁང་དུ་མགུར་དབྱངས་ལེན་མཁན་དང་སྒོ་སྲུང་པ་ཚོས་ཀྱང་རྒྱལ་པོ་དཱ་བིད་དང་ཁོང་གི་སྲས་སོ་ལོ་མོན་གྱིས་གཏན་འབེབས་གནང་བའི་སྒྲིག་ཚུགས་གཞིར་བཟུང་རང་རང་སོ་སོའི་ལས་ཀ་རྣམས་བྱས་ཀྱི་ཡོད་པ་དང་། 46རྒྱལ་པོ་དཱ་བིད་དང་དེའི་གོང་གི་མགུར་དབྱངས་མཁན་ཚོས་ཨ་སཕེ་ཀྱི་མགུར་དབྱངས་རྣམས་ལེན་ནས་མགུར་དབྱངས་མཁན་ཚོས་དཀོན་མཆོག་ལ་བསྟོད་པ་དང་གཏང་རག་ཕུལ་ལོ། 47ཛེ་རུ་བྷ་བྷེལ་དང་ནེ་ཧེམ་ཡཱའི་དུས་སྐབས་སུ། ཨིསི་རཱཨེལ་མི་མང་རྣམས་ནས་མཆོད་ཁང་དུ་མགུར་དབྱངས་ལེན་མཁན་དང་སྒོ་སྲུང་བ་རྣམས་ཀྱི་འཚོ་རྟེན་དུ་ཉིན་ལྟར་འབུལ་བ་ཕུལ་གྱི་ཡོད་པ་དང་། མི་མང་ཚོས་ལེ་ཝི་པ་རྣམས་ལ་འབུལ་བ་དམ་པ་ཕུལ་བ་དང་། ཡང་ལེ་ཝི་པ་ཚོས་འབུལ་བ་དེའི་ཁོངས་ནས་བླ་མ་རྣམས་ལ་ཁོ་ཚོའི་ཐོབ་སྐལ་བཞིན་གྱི་འབུལ་བ་ཕུལ་བ་ཡིན་ནོ༎

ནེ་ཧེམ་ཡཱ 13

ཕྱི་རྒྱལ་བའི་ཁོངས་ནས་ལོགས་སུ།

1མོ་ཤེའི་བཀའ་ཁྲིམས་དེ་མི་མང་རྣམས་ལ་སྐད་ཤུགས་ཆེན་པོས་སྒྲོགས་སྦྱངས་བྱེད་སྐབས། ཨམ་མོན་པ་དང་མོ་ཨབ་པ་རྣམས་དཀོན་མཆོག་གི་མི་ཚོགས་དང་མཉམ་དུ་འབྲེལ་ལས་བྱེད་མི་ཆོག་ཅེས་བྲིས་ཡོད་པ་དེ་ཁོ་ཚོས་ཐོས་པ་ཡིན་ནོ། 2དེ་གང་ལགས་ཟེར་ན། ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ནས་ཐོན་ཡོང་སྐབས་ལམ་དུ་ཁོ་ཚོར་ཨམ་མོན་པ་དང་མོ་ཨབ་པ་ཚོས་ཁ་ཟས་དང་ཆུ་སོགས་གང་ཡང་མ་སྟེར་བ་དང་། ཁོ་ཚོད་བྷ་ལམ་བྷ་ལམ: མེསེ་པོ་ཊ་མིཡཱའི་ཡུལ་གྱི་གྲོང་ཁྱེར་པེ་ཐོར་ཞེས་པར་གནས་སྡོད་བྱེད་མཁན་ཕྱི་པའི་ངན་སྔགས་མཁན་ཞིག་ལ་ཟེར་བ་ཡིན། ལ་དངུལ་སྟེར་ནས་ཨིསི་རཱཨེལ་པའི་ཐོག་ཏུ་དམོད་པ་འདེབས་བཅུག་པ་ཡིན་པས་ཕྱིར་རོ། འོན་ཀྱང་གཙོ་བོ་དཀོན་མཆོག་གིས་དམོད་པ་དེ་བྱིན་རླབས་སུ་བསྒྱུར་བར་མཛད་པ་ཡིན་ནོ། 3བཀའ་ཁྲིམས་ཀྱི་དོན་ཚན་དེའི་སྐོར་ཐོས་ནས་ཨིསི་རཱཨེལ་པ་ཚོས་རང་གི་མི་སྡེའི་ཁོངས་ནས་ཕྱི་རྒྱལ་མི་རིགས་ཚང་མ་ཕྱིར་འདོན་བྱས་པ་ཡིན་ནོ༎

ནེ་ཧེམ་ཡཱའི་ལེགས་བཅོས་རྣམས།

4མཆོད་ཁང་གི་གཉེར་ཚང་ཁག་ལ་བལྟ་རྟོག་བྱེད་མཁན་བླ་མ་ཨེལ་ཡ་ཤིབ་དང་ཏོ་བྷི་ཡཱའི་བར་ལ་ཡུན་རིང་སྔོན་ནས་འབྲེལ་བ་ཡག་པོ་ཡོད་དོ། 5ཁོས་ཏོ་བྷི་ཡཱ་ལ་མཆོད་ཁང་གི་ཁང་མིག་ཆེན་པོ་ཞིག་བེད་སྤྱོད་བྱེད་པའི་ཕྱིར་སྤྲད་དོ། དེ་སྔོན་ཁང་མིག་དེར་མཆོད་ཁང་དུ་ཕུལ་བའི་འབྲུ་དང་། བདུག་སྤོས་དང་། མཆོད་ཁང་གི་སྣོད་ཆས། གཞན་ཡང་བླ་མ་རྣམས་ལ་ཕུལ་བའི་འབུལ་བ་ཁག་དང་། དེ་བཞིན་ལེ་ཝི་པ་རྣམས་དང་མགུར་དབྱངས་ལེན་མཁན་དང་མཆོད་ཁང་གི་སྒོ་སྲུང་པ་རྣམས་ལ་ཕུལ་བའི་འབྲུ་རིགས་ཀྱི་བཅུ་ཁག་དང་། རྒུན་ཆང་དང་། སྐྱུ་རུའི་སྣུམ་ལ་སོགས་པ་བཞག་གི་ཡོད་པ་ཡིན་ནོ། 6སྐབས་དེར་ང་ནི་ཡེ་རུ་ཤ་ལེམ་དུ་བསྡད་མེད་ཅིང་། རྒྱལ་པོ་ཨར་ཏ་ཤེསེ་ཀྱི་རྒྱལ་སྲིད་སྐྱོང་ལོ་སུམ་ཅུ་སོ་གཉིས་པའི་སྐབས་སུ་རྒྱལ་པོར་ངས་རང་གི་ལས་ཀའི་སྐོར་སྙན་གསན་ཞུ་བར་བྷེ་བྷི་ལོན་དུ་ཕྱིན་ཡོད་པ་ཡིན། ནམ་ཞིག་རྗེས་སུ་རྒྱལ་པོ་ནས་བཀའ་འཁྲོལ་ཐོབ་ནས། 7ང་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་པ་ཡིན། དེར་ཨེལ་ཡ་ཤིབ་ཀྱིས་མཆོད་ཁང་གི་ཁང་མིག་དེ་ཏོ་བྷི་ཡཱ་ལ་སྟེར་བའི་སྐོར་ཤེས་རྟོགས་བྱུང་སྟེ་ང་ཧ་ཅང་ཡ་མཚན་དང་བཅས་བློ་ཕམ་ཆེན་པོ་བྱུང་ངོ་། 8ཧ་ཅང་ཁོང་ཁྲོ་ལངས་ནས་ངས་ཏོ་བྷི་ཡཱའི་འཛིན་ཆས་དངོས་རིགས་ཚང་མ་ཕྱི་ལོགས་ལ་དབྱུགས་པ་ཡིན། 9དེ་རྗེས་ངས་མཆོད་ཁང་གི་ཁང་མིག་ཚང་མ་དག་སྦྱངས་བྱེད་བཅུག་སྟེ། དེར་མཆོད་ཁང་གི་སྣོད་ཆས་དང་། འབུལ་བའི་འབྲུ་རིགས་ཁག་དང་། བདུག་སྤོས་སོགས་སྔར་གནས་སུ་རང་འཇགས་བཞག་བཅུག་པ་ཡིན་ནོ། 10མཆོད་ཁང་གི་མགུར་དབྱངས་ལེན་མཁན་དང་ལེ་ཝི་པ་རྣམས་ཡེ་རུ་ཤ་ལེམ་སྤངས་ནས་རང་རང་སོ་སོའི་ས་གཞིས་ཁར་ཕྱིར་ལོག་བྱས་ཟིན་པའི་སྐོར་ངས་ཧ་གོ་བྱུང་། གང་ལགས་ཟེར་ན། མི་མང་ཚོས་ཁོ་ཚོའི་འཚོ་རྟེན་དུ་འབུལ་བ་ལྡང་ངེས་བཞིན་པ་འབུལ་གྱི་མེད་པ་ཡིན་པས་ཕྱིར་རོ། 11དེ་བཞིན་མཆོད་ཁང་གི་ལས་དོན་ལ་སྣང་མེད་ལྷོད་ཡང་བྱས་པའི་རྐྱེན་གྱིས་ངས་མཆོད་ཁང་གི་ལས་བྱེད་པ་རྣམས་ལ་གཤེ་གཤེ་བཏང་སྟེ། ལེ་ཝི་པ་དང་མགུར་དབྱངས་ལེན་མཁན་རྣམས་སླར་མཆོད་ཁང་དུ་འཁྲིད་ཡོང་ནས་སྔར་བཞིན་རང་རང་སོ་སོའི་ལས་ཀ་བྱེད་བཅུག་པ་ཡིན། 12དེ་རྗེས་སླར་ཡང་ཨིསི་རཱཨེལ་མི་མང་ཚང་མས་འབྲུ་དང་རྒུན་ཆང་དང་སྐྱུ་རུའི་སྣུམ་ལ་སོགས་པའི་བཅུ་ཁག་གྱི་འབུལ་བ་ཁག་མཆོད་ཁང་གི་གཉེར་ཚང་དུ་འཁྱེར་ཡོང་ངོ་། 13མཆོད་ཁང་གི་གཉེར་ཚང་ལ་བལྟ་རྟོག་བྱེད་པའི་ཕྱིར་དུ་ངས་བླ་མ་ཤེ་ལེམ་ཡཱ་དང་། བཀའ་ཁྲིམས་མཁས་པ་ཛ་དཱོག་དང་ལེ་ཝི་པ་པེ་དྷ་ཡཱ་བཅས་ལ་བསྐོ་གཞག་བྱས་ཤིང་། ཛ་ཀུར་གྱི་བུའམ་མ་ཏན་ཡཱའི་ཚ་བོ་ཧ་ནན་ལ་ཁོ་ཆོའི་ལས་རོགས་སུ་བསྐོ་གཞག་བྱས་པ་ཡིན། མི་འདི་ཆོས་དངོས་པོ་ཚང་མ་ལས་བྱེད་པ་གཞན་ཚོའི་དཀྱིལ་ལ་དྲང་པོ་བྱེད་ནས་བགོ་བཤའ་རྒྱབ་ཡོང་བསམ་པའི་ང་ལ་ཡིད་བརྟན་ཆེན་པོ་ཡོད་པ་ཡིན་ནོ། 14ཀྱེ་ངའི་གཙོ་བོ་དཀོན་མཆོག། ངས་མཆོད་ཁང་དང་དེར་མཆོད་འབུལ་བྱེད་ཆོག་གང་སྤྱིའི་སྐོར་ལ་སྲི་ཞུ་ཞབས་ཏོག་གང་ཞུས་པ་ཚང་མ་ཐུགས་ལ་དྲན་གསོ་གནང་རོགས་གནང་། 15དེ་དུས་ཡ་ཧུ་དཱའི་མི་མང་ཚོས་ངལ་གསོ་བའི་ཞག་རྒུན་ཆང་བཙིར་བ་དང་། དེ་བཞིན་མི་གཞན་ཚོས་འབྲུ་དང་། རྒུན་ཆང་དང་། རྒུན་འབྲུམ། སེ་ཡབ་ཀྱི་ཤིང་འབྲས་སོགས་བོང་བུར་བཀལ་ནས་ཡེ་རུ་ཤ་ལེམ་དུ་སྐྱེལ་གྱི་ཡོད་པ་དེ་ངས་མཐོང་བས། ངས་དེ་ཚོར་ངལ་གསོ་བའི་ཞག་ལ་ཉོ་འཚོང་སོགས་གང་ཡང་བྱེད་མི་ཆོག་ཅེས་ཟོན་བརྡ་ནན་བསྐུལ་བཏང་བ་ཡིན། 16དེ་དུས་ཊ་ཡར་གྱི་ཡུལ་མི་འགའ་ཤས་ཀྱང་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་ཀྱི་ཡོད་པས། དེ་ཚོས་ངལ་གསོ་བའི་ཞག་ལ་ཉ་དང་དངོས་རིགས་སྣ་ཚོགས་ཡེ་རུ་ཤ་ལེམ་དུ་འཚོང་བའི་ཕྱིར་འཁྱེར་ཡོང་གི་ཡོད་དོ། 17དེ་བས་ན་ངས་ཡ་ཧུ་དཱ་པའི་འགོ་བྱེད་རྣམས་ལ་གཤེ་གཤེ་བཏང་ཞིང་། ཁྱོད་ཚོས་ངལ་གསོ་བའི་ཞག་དེ་རྩིས་མེད་ཞུས་པའི་ལས་ངན་འདི་ལྟ་བུ་ཞིག་བྱས་པ་དེ་གང་ཡིན་ནམ། 18སྔར་རྒྱུ་རྐྱེན་དེ་རང་ལ་བརྟེན་པས་གྲོང་ཁྱེར་འདིའི་ཐོག་ཏུ་འཇིག་སྐྱོན་ཆེན་པོ་བྱུང་བ་དང་། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་ཕ་མེས་རྣམས་ལ་ཉེས་ཆད་གནང་བ་ཡིན་མོད། འོན་ཀྱང་ཁྱོད་ཚོས་ངལ་གསོ་བའི་ཞག་དམ་པ་དེ་ལ་རྩིས་མེད་ཞུས་ཏེ་དཀོན་མཆོག་གི་ཐུགས་ཁྲོ་དེ་སྔར་ལས་ལྷག་པར་ཨིསི་རཱཨེལ་གྱི་ཐོག་ཏུ་འབབས་བཅུག་གི་འདུག་ཅེས་སྨྲས་པ་ཡིན་ནོ། 19དེ་རྗེས་ས་རུབ་ཁར་ས་རུབ་ཁར: ཡ་ཧུ་དཱ་པའི་ཉིན་ཞག་བརྩི་སྲོལ་ལྟར་དགོང་དྲོ་ཉི་མ་ནུབ་མཚམས་ནས་ཉིན་ཞག་འགོ་འཛུགས་ཀྱི་ཡོད་པ་ཡིན་ནོ། ངལ་གསོ་བའི་ཞག་འགོ་ཚུགས་པ་དང་ཆབས་ཅིག་གྲོང་ཁྱེར་གྱི་གཞུང་སྒོ་ཚང་མ་རྒྱབ་སྟེ་ངལ་གསོ་བའི་ཞག་མ་རྫོགས་བར་དུ་རྒྱལ་སྒོ་དེ་དག་ཕྱེས་མི་ཆོག་ཅེས་ངས་བཀའ་བསྒོས་ནན་ཏན་བྱས་པ་དང་། ངལ་གསོ་བའི་ཞག་ལ་མི་སུས་ཀྱང་ཚོང་ཟོག་བཅས་འཁྱེར་ནས་གྲོང་ཁྱེར་ནང་དུ་འཛུལ་མ་ཐུབ་པའི་ཕྱིར་ངས་རྒྱལ་སྒོ་སོ་སོར་སྲུང་མཁན་བཞག་པ་ཡིན། 20ལན་ཐེངས་འགའ་ཤས་ཚོང་ཟོག་སྣ་ཚོགས་འཁྱེར་ཡོང་བའི་ཚོང་པ་རྣམས་གཟའ་པ་སངས་ཀྱི་དགོང་མོ་རང་ནས་གྲོང་ཁྱེར་གྱི་ལྕགས་རིའི་ཕྱི་ལོགས་སུ་ཉལ་མོད། 21འོན་ཀྱང་ངས་ཁོ་ཚོར། ཁྱོད་ཚོ་ལྕགས་རིའི་ཕྱི་ལོགས་སུ་དེ་འདྲ་ཉལ་དགོས་པ་དེ་གང་ཡིན་ནམ། ཁྱོད་ཚོས་ཡང་སྐྱར་དེ་འདྲ་བྱས་པ་ཡིན་ན་ངས་ཁྱོད་ཚོར་ཉེས་ཆད་དྲག་པོ་བཏང་ངེས་པ་ཡིན་ཞེས་ཟོན་བརྡ་བསྐུལ་བས། དེ་ཕྱིན་ཁོ་ཚོ་ངལ་གསོ་བའི་ཞག་ཡོང་རྒྱུ་དེ་བཞག་པ་དང་། 22དེ་ནས་ངས་ལེ་ཝི་པ་རྣམས་རང་ཉིད་ལ་གཙང་བར་བྱས་ཏེ་གཞུང་སྒོར་སོ་སོར་སྲུང་ཆ་བསྡད་པའི་སྒོ་ནས་ངལ་གསོ་བའི་ཞག་དམ་པ་ཞིག་ཏུ་རྩིས་སྲུང་བྱེད་དགོས་ཅེས་ངས་བཀའ་བསྒོས་བྱས་པ་ཡིན་ནོ། ཀྱེ་གཙོ་བོ་དཀོན་མཆོག། དོན་གནད་འདིའང་ཁྱེད་ཀྱི་ཐུགས་ལ་དྲན་གསོ་གནང་སྟེ། ཁྱེད་ཀྱི་ཐུགས་བརྩེ་ཆེན་པོས་ང་ལ་སྐྱབས་པར་མཛད་རོགས་གནང་། 23དེ་དུས་ཡ་ཧུ་དཱ་པ་མང་པོས་ཨཤ་དྷོད་དང་། ཨམ་མོན་དང་། མོ་ཨབ་ཡུལ་གྱི་བུད་མེད་རྣམས་དང་མཉམ་དུ་ཆང་ས་བརྒྱབ་ཡོད་པ་དེ་ངས་ཤེས་བྱུང་། 24ཁོ་ཚོའི་ཕྲུ་གུ་རྣམས་ནས་ཕྱེད་ཀ་ཙམ་གྱིས་ཨཤ་དྷོད་པའི་སྐད་དང་དེ་མིན་སྐད་རིགས་གཞན་ཞིག་ཤེས་པ་མ་གཏོགས། ང་ཚོའི་ཡ་ཧུ་དཱ་པའི་སྐད་ཤེས་ཀྱི་མེད་པ་ཡིན་ནོ། 25ངས་མི་དེ་ཚོ་ལ་གཤེ་གཤེ་བཏང་ཞིང་དམོད་དང་ཉེས་རྡུང་བྱས་པ་དང་། མགོའི་སྐྲ་སོགས་འཐེན་ཏེ། སླད་ཕྱིན་ཁོ་ཆོའི་བུ་དང་བུ་མོ་ཚོས་ཕྱི་པའི་མི་རིགས་རྣམས་དང་མཉམ་དུ་ནམ་ཡང་ཆང་ས་བརྒྱབ་ཀྱི་མིན་ཞེས་གཙོ་བོ་དཀོན་མཆོག་གི་མཚན་གྱི་ངང་ལ་དམ་བཅའ་འབུལ་བཅུག་པ་ཡིན། 26དེ་ནས་ངས་ཁོ་ཚོ་ལ། སྔར་ཕྱི་པའི་བུད་མེད་རྣམས་ཀྱི་རྐྱེན་གྱིས་རྒྱལ་པོ་སོ་ལོ་མོན་ཡང་སྡིག་པར་ལྷུང་བ་ཡིན། ཁོང་ནི་རྒྱལ་ཁབ་གཞན་གྱི་རྒྱལ་པོ་ཀུན་ལས་མངའ་ཐང་ཆེ་བ་ཡིན་པ་དང་། གཙོ་བོ་དཀོན་མཆོག་གིས་ཁོང་ལ་ཐུགས་བརྩེ་ཆེན་པོ་གནང་ནས་ཨིསི་རཱཨེལ་རྒྱལ་ཡོངས་ཀྱི་རྒྱལ་པོར་བསྐོས་པ་གནང་རུང་། མཐར་ཁོང་ནི་སྡིག་པར་ལྷུང་ངོ་། 27དེ་བས་ན་ང་ཚོས་ཀྱང་ཁྱོད་ཚོའི་དཔེ་བླངས་ནས་ཕྱི་པའི་བུད་མེད་རྣམས་དང་ཆང་ས་བརྒྱབ་སྟེ་གཙོ་བོ་དཀོན་མཆོག་གི་བཀའ་དང་འགལ་དགོས་སམ་ཞེས་སྨྲས་པ་ཡིན། 28བླ་མ་ཆེན་པོ་ཨེལ་ཡ་ཤིབ་ཀྱི་བུ་ཡོ་ཡཱ་དྷའི་བུ་གཅིག་གིས་བྷེད་ཧོ་རོན་པ་སན་བྷ་ལཏ་ཀྱི་བུ་མོ་དང་མཉམ་དུ་ཆང་ས་བརྒྱབ་ཡོད་པས། ངས་ཡོ་ཡཱ་དྷ་ལ་ཡེ་རུ་ཤ་ལེམ་སྤངས་ནས་འགྲོ་དགོས་ཅེས་སྨྲས་པ་ཡིན། 29ཀྱེ་གཙོ་བོ་དཀོན་མཆོག། མི་འདི་ཚོས་བླ་མ་གྱི་གནས་ཚད་མཐོ་པོ་དེ་དང་། སྔར་ཁྱེད་ཀྱིས་བླ་མ་དང་ལེ་ཝི་པ་རྣམས་ལ་གནང་བའི་ཞལ་ཆད་དེ་དག་མཚན་ཤས་ངན་པ་བཟོས་པ་དེ་ཁྱེད་ཀྱིས་ཐུགས་དྲན་གསོ་བ་གནང་རོགས་གནང་། 30དེ་བཞིན་ངས་མི་མང་རྣམས་ཕྱི་རྒྱལ་གྱི་ཤུལ་ཐམས་ཅད་ལས་དག་སྦྱངས་བྱས་ཏེ། བླ་མ་དང་ལེ་ཝི་པ་རྣམས་ནས་རང་རང་སོ་སོའི་ལས་འགན་ཤེས་རྟོགས་བྱེད་ཕྱིར་ངས་ལས་ཀའི་སྒྲིག་གཞི་ཁག་གཏན་འབེབས་བྱས་པ་ཡིན། 31དེ་བཞིན་གཏན་འབེབས་བྱེད་པའི་དུས་ཚོད་ལ་འབུལ་བ་སྲེག་ཕྱིར་ཤིང་དང་སྟོན་ཐོག་ཤིང་འབྲས་སོགས་ཀྱི་ལོ་ཕུད་རྣམས་མཆོད་ཁང་དུ་འཁྱེར་ཡོང་བའི་ཕྱིར་གྲ་སྒྲིག་བྱས་བ་ཡིན། ཀྱེ་དཀོན་མཆོག། གོང་གསལ་ལྟར་ངས་སྲི་ཞུ་གང་ཞུས་པ་ཚང་མ་ཐུགས་ལ་དྲན་ནས་ང་ལ་ཐུགས་རྗེ་གནང་བར་མཛོད་ཅིག།

ཨེསེ་ཐར 1

བཙུན་མོ་ཝསེ་ཏིས་རྒྱལ་པོ་ཨ་ཧ་སུ་རསེ་ཀྱི་བཀའ་ལ་བརྩི་མེད་ཞུས་པ་།

1-2རྒྱལ་པོ་ཨ་ཧ་སུ་རསེ་ཀྱིས་པར་སི་ཡའི་ཡུལ་གྱི་རྒྱལ་ས་སུ་ས་རུ་རྒྱལ་ཁྲི་བཟུང་ཞིང་། རྒྱ་གར་ནས་བཟུང་སྟེ་ཨི་ཐི་ཨོ་པི་ཡ་བར་དུ་ཡུལ་སྡེ་ ༡༢༧ ལ་རང་གི་རྒྱལ་སྲིད་སྐྱོང་བཞིན་ཡོད་པ་དང། 3རང་གི་ཆབ་སྲིད་སྐྱོང་ལོ་གསུམ་པའི་སྐབས་སུ་ལས་བྱེད་པ་ཁག་དང་གཞུང་ཞབས་པ་རྣམས་ལ་གསོལ་སཏོན་རྒྱ་ཆེན་པོ་ཞིག་བཤམས་སོ། པར་སི་ཡ་དང་མ་དཱའི་ཡུལ་གྱི་དམག་དཔོན་རྣམས་དང་ཡུལ་ལྗོངས་སོ་སོའི་སྤྱི་ཁྱབ་དང་མི་སྣ་གཙོ་དྲག་ཁག་བཅས་གསོལ་སྟོན་དེར་འཛོམས་ཡོད་ཅིང་། 4ཟླ་བ་དྲུག་གི་བར་དུ་རང་གི་ཕོ་བྲང་གི་རྒྱུ་ནོར་དང་དེའི་མངའ་ཐང་དང་གཟི་བཇིད་ཕུན་སུམ་ཚོགས་པ་རྣམས་འགྲེམས་སྟོན་མཛད་དོ། 5དེ་རྗེས་རྒྱལ་པོས་རྒྱལ་ས་སུ་ས་རུ་ཡོད་པའི་སྐྱེ་བོ་མཆོག་དམན་ཀུན་ལ་གསོལ་སྟོན་ཆེན་པོ་ཞིག་བཤམས་སོ། ཡང་གསོལ་སྟོན་དེ་ནི་ཕོ་བྲང་གི་ལྡུམ་རའི་ནང་དུ་བདུན་ཕྲག་གཅིག་གི་རིང་ལ་བཤམས་སོ། 6ཁྱམས་ར་དེ་ནི་ཀ་ཤི་ཀའི་རས་ཀྱི་ཡོལ་བ་དཀར་པོ་དང་སྔོན་པོས་བརྒྱན་ཡོད་ཅིང་། ཀ་ཤི་ཀའི་ཐག་པ་སྤུས་ལེགས་མུ་མན་གྱི་དེ་ལ་དངུལ་གྱི་ཨ་ལོང་ནང་བརྒྱུད་དེ་རྡོ་ཀ་མ་རུ་པ་ལས་བཟོས་པའི་ཀ་བ་ཁག་ལ་བཏགས་ཡོད་དོ། རྡོ་ཀ་མ་རུ་པ་དཀར་པོ་དང་། རིན་ཐང་ཆེ་བའི་རྡོ་དམར་པོ་དང་། ཉ་ཕྱིད་བཀྲགས་མདངས་ཆེ་བ་དང། གཞན་ཡང་གཡུ་སོགས་བརྒྱན་པའི་རྡོ་གཅལ་སྟེང་དུ་གསེར་དང་དངུལ་གྱི་མལ་ཁྲི་རྣམས་བཞག་ཡོད་དོ། 7མགྲོན་པོ་རྣམས་ཀྱི་བཏུང་བའི་གསེར་ཕོར་ནི་བཟོ་དབྱིབས་གཅིག་ལས་གཅིག་མི་འདྲ་བ་ཡོད་ཅིང། རྒྱལ་པོས་ཕངས་སེམས་མེད་པར་རྒུན་ཆང་མང་པོ་དྲངས་སོ། 8ཡང་རྒུན་ཆང་མང་ཉུང་ཇི་ཙམ་འཏུང་དགོས་པའི་ཚད་སོགས་མེད་པ་ནི་ཕོ་བྲང་གི་གཡོག་པོ་རྣམས་ལ་མགྲོན་པོ་སོ་སོའི་འདོད་མོས་ལྟར་དྲངས་དགོས་ཤེས་བཀའ་གནང་ཡོད་པ་ཡིན་ནོ། 9སྐབས་དེར་བཙུན་མོ་ཝསེ་ཏིས་ཀྱང་རྒྱལ་པོའི་ཕོ་བྲང་ནང་དུ་སྐྱེས་དམན་རྣམས་ལ་མགྲོན་སྟོན་ཞིག་བཤམས་བཞིན་ཡོད་པ་དང་། 10མགྲོན་གྱི་ཉིན་ཞག་བདུན་པའི་ཉིན་མཆོད་ཆང་གིས་རྒྱལ་པོའི་ཐུགས་ཡོངས་སུ་བདེ་བའི་ཚེ་རང་གི་དྲུང་དུ་གནས་པའི་མེ་ཧུ་མན་དང། བཧིསེ་ཐ་དང་། ཧར་བོ་ན་དང། བྷིག་ཐ་དང་། ཨ་བག་ཐ་དང། ཛེ་ཐར་དང། ཀར་ཀསེ་བྱ་བའི་ཉུག་རུམ་བདུན་པོ་ལ་བོས་ཏེ་འདི་སྐད་དུ། 11བཙུན་མོ་ཝསེ་ཏི་ལ་ཅོད་པན་སྒྲོན་ནས་འདིར་འཁྲིད་ཤོག་། བཙུན་མོ་དེ་ནི་བཞིན་རས་མཛེས་པས། རྒྱལ་པོའི་ལས་བྱེད་པ་ཁག་དང་སྐུ་མགྲོན་ཚོར་བཙུན་མོའི་མཛེས་ཆ་མིག་སྟོན་བྱེད་པར་དགོངས་སོ། 12དེ་ནས་ཞབས་ཕྱི་ཚོས་རྒྱལ་པོའི་བཀའ་དེ་བཙུན་མོ་ཝསེ་ཏི་ལ་ཞུས་ཀྱང་། བཙུན་མོས་ང་མི་འགྲོ་གསུངས་པས། རྒྱལ་པོ་ཐུགས་ཁྲོ་བར་འགྱར་རོ། 13རྒྱལ་པོས་རང་གི་ཕྱག་ལས་ཐམས་ཅད་ཡུལ་གྱི་བཀའ་ཁྲིམས་ཤེས་པའི་མཁས་པ་རྣམས་དང་བསྟུན་ཏེ་གནང་སྲོལ་ཡོད་པ་བཞིན་ཁོང་གིས་དེ་དག་དང་བཀའ་གྲོས་གནང་ངོ། 14ཁོང་གིས་རྒྱུན་དུ་བཀའ་གནང་ས་རྒྱལ་ཁམས་ནང་གྲལ་འགོ་འཛིན་མཁན་པར་སི་ཡ་དང་མ་དཱའི་ས་ཁོངས་ཀྱི་ལས་བྱེད་པ་བདུན་པོ་རྣམས་ནི། ཀར་ཤེ་ན་དང། ཤེ་ཐར་དང། ཨད་མ་ཐ་དང། ཏར་ཤིཤ་དང། མེ་རེསི་དང། མར་སེ་ན་དང། མེ་མུ་ཀན་བཅས་ཡིན་ནོ། 15ཁོང་གིས་དེ་དག་ལ་། ང་ཨ་ཧ་སུ་རསེ་རྒྱལ་པོས་བཙུན་མོ་ཝསེ་ཏིའི་མདུན་དུ་རང་གི་འཁོར་གཡོག་རྣམས་བཏང་སྟེ་བཀའ་བསྒོས་ཤིག་སྨྲས་པར་མོས་དེར་བརྩི་མེད་བྱས་པས། ཁྲིམས་སྲོལ་ལྟར་མོ་ལ་གང་བྱེད་དགོས་སམ་ཞེས་བཀའ་འདྲི་གནང་བ་དང། 16མེ་མུ་ཀན་གྱིས་རྒྱལ་པོ་དང་ཁོང་གི་ལས་བྱེད་པ་རྣམས་ཀྱི་དྲུང་དུ་གསལ་བསྒྲགས་བྱས་གསལ། བཙུན་མོ་ཝསེ་ཏིས་རྒྱལ་པོ་ཙམ་མ་ཟད། ལས་བྱེད་པ་རྣམས་དང་གཞན་ཡང་རྒྱལ་ཁམས་ནང་དུ་ཡོད་པའི་སྐྱེས་པ་རེ་རེར་དམའ་འབེབས་བྱས་པ་ཡིན་ཅིང། 17བཙུན་མོས་གང་གནང་བའི་སྐོར་ཐས་མ་ཐག་ཏུ་རྒྱལ་ཁམས་ནང་དུ་ཡོད་པའི་བུད་མེད་རེ་རེས་ཀྱང་རང་རང་སོ་སོའི་ཁྱོ་རྣམས་ལ་རྩི་མེད་ཀྱིས་དམའ་འབེབས་བྱེད་ངེས་སོ། དེ་ཚོས། རྒྱལ་པོ་ཨ་ཧ་སུ་རསེ་ཀྱིས་བཙུན་མོ་ཝསེ་ཏི་ལ་བཀའ་བསྒོས་ཤིག་གནང་རུང། བཙུན་མོས་དེར་རྩིས་མེད་ཞུས་སོ་ཞེས་བརྗོད་ཉེན་ཡོད། 18དེ་ལྟ་བུའི་བཙུན་མོའི་སྤྱོད་ཚུལ་སྐོར་པར་སིི་ཡ་དང་མ་དཱའི་ནང་གི་རྒྱལ་པོའི་ལས་བྱེད་པ་ཁག་གི་ཆུང་མ་ཚོས་གོ་ཐོས་བྱུང་ཚེ། རང་རང་སོ་སོའི་ཁྱོ་རྣམས་ལ་དེ་རིང་རང་དེའི་སྐོར་ལ་གཏམ་གླེང་བྱེད་ཡོང་། ས་ཕྱོགས་ཀུན་ཏུ་ཆུང་མ་ཚོས་རང་རང་སོ་སོའི་ཁྱོ་ལ་རྩིས་གུས་མི་བྱེད་པས། ཁྱོ་རྣམས་རང་གི་ཆུང་མར་ཁྲོ་བ་བྱེད་ཉེན་ཡོད། 19དེ་བས་ན་རྒྱལ་པོ་ཐུགས་དགྱེས་ཚེ་། པར་སི་ཡ་དང། མ་དཱའི་ཡུལ་ཁྲིམས་འགྱུར་མེད་བཞིན་དུ་རྒྱལ་པོས་བཀའ་རྒྱ་ཞིག་སྤྲིང་བར་མཛོད། དེའི་ནང་དུ་ཝསེ་ཏིས་ནི་ད་ཕྱིན་ནམ་ཡང་རྒྱལ་པོའི་དྲུང་དུ་བཅར་མི་ཆོག་ཅེས་བྲིས་དགོས། དེ་ནས་མོའི་ཚབ་ཏུ་དེ་ལས་ལྷག་པའི་བཟང་མོ་ཞིག་ལ་རྒྱལ་པོའི་བཙུན་མོའི་གོ་ས་གནང་བར་མཛོད། 20ཁྱེད་ཀྱི་བཀའ་རྒྱ་དེ་བཞིན་རྒྱལ་ཁམས་ཆེན་པོ་འདིར་ཡོངས་སུ་ཁྱབ་པར་བྱེད་སྐབས། བུད་མེད་རེ་རེས་རང་གི་ཁྱོའི་གོ་ནས་ཆེ་ཆུང་འཇིན་འདྲ་ཡིན་རུང་ཁོང་ཚོར་གུས་ཞབས་བྱེད་པར་འགྱུར། 21གྲོས་འཆར་དེ་ལ་རྒྱལ་པོ་དང་ལས་བྱེད་པ་རྣམས་ཐུགས་རབ་ཏུ་དགྱེས་ནས་རྒྱལ་པོས་ཀྱང་མེ་མུ་ཀན་གྱིས་གང་སྨྲས་པ་བཞིན་མཛད་དོ། 22དེ་རྗེས་རྒྱལ་པོས་མངའ་སྡེ་ཐམས་ཅད་ལ་བཀའ་རྒྱ་དེ་བཞིན་མི་བརྒྱུད་རེ་རེའི་སྐད་ཡིག་ཏུ་སྐྱེས་པ་ཀུན་གྱིས་རང་རང་སོ་སོའི་ཁང་ཁྱིམ་དུ་རང་གཙོ་བྱེད་དེ་ལས་དོན་གང་སྤྱིར་ཐག་གཅོད་མཐའ་མ་དེ་སྐྱེས་པས་བྱེད་དགོས་ཅེས་བྲིས་ནས་སྤེལ་བར་མཛད་དོ༎

ཨེསེ་ཐར 2

ཨེསི་ཐར་བཙུན་མོར་འཁོད་པ་།

1རྗེས་སུ་རྒྱལ་པོའི་ཐུགས་ཁྲོ་ཞི་ནའང། བཙུན་མོ་ཝསེ་ཏིས་གང་བྱས་པའི་སྐོར་དང། དེར་རྒྱལ་པོས་བཀའ་རྒྱ་གང་གནང་བའི་སྐོར་ལ་ཐུགས་དྲན་གསོ་ཞིང་བཞུགས་སོ། 2དེར་བརྟེན་རྒྱལ་པོ་དང་ཉེ་པོ་ཡོད་པ་གྲོས་སྟོན་པ་འགའ་ཤས་ཀྱིས་རྒྱལ་པོ་ལ་། སྐུ་ཉིད་ཀྱི་དོན་དུ་ན་ཆུང་མཛེས་མ་འཚོལ་བའི་བཀའ་ཞིག་གནང་ན་ལེགས་སམ་ཞེས་གྲོས་འཆར་ཕུལ་ལོ། 3རྒྱལ་པོས་རྒྱལ་ཁམས་སུ་ཡོད་པའི་སྡེ་ཐམས་ཅད་ལ་ལས་བྱེད་པ་བསྐོ་གཞག་གནང་སྟེ། དེ་ཚོས་ན་ཆུང་མཛེས་མ་ཇི་ཡོད་གྲོང་ཁྱེར་སུ་ས་རུ་བུད་མེད་ཀྱི་སྒེར་ཁང་དུ་བསྡུས་ནས། ཁྱེད་ཀྱི་བུད་མེད་རྣམས་ཀྱི་དོ་དམ་པ་ཉུག་རུམ་པ་ཧེ་གཡེ་ལག་ཏུ་གཏད་དེ། ན་ཆུང་མ་དེ་དག་ལ་མཁོ་བའི་མཛེས་རྒྱན་གྱི་སྨན་བཅོས་རྣམས་གནང་བར་མཛོད། 4དེ་ནས་རྒྱལ་པོའི་ཐུགས་མཉེས་པའི་ན་ཆུང་མ་དེ་ནི་བཙུན་མོ་ཝསེ་ཏིའི་ཚབ་ཏུ་བཙུན་མོར་བཞེས་པར་མཛོད། ཞུས་པའི་གྲོས་འཆར་དེ་རྒྱལ་པོའི་ཐུགས་ལ་བབ་ནས་དེ་བཞིན་མཛད་དོ། 5སུ་ས་རུ་ཡ་ཧུ་དཱ་པ་མིང་ལ་མོར་དོ་ཀཡེ་ཞེས་པ་ཞིག་ཡོད་པས་དེ་ནི་ཡ་ཨིར་གྱི་བུ་ཡིན་པ་དང། བྷེན་ཡ་མིན་གྱི་སྡེ་རིགས་དང། ཀིཤེ་དང། ཤིམ་ཨིའི་རིགས་བརྒྱུད་ལས་འཆད་པ་ཞིག་ཡིན་ནོ། 6བྷེ་བྷི་ལོན་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡ་ཀིན་ལ་ཡེ་རུ་ཤ་སེམ་ནས་འཛིན་བཟུང་བྱས་་ཏེ་འཁྲིད་སྐབས་མོར་དོ་ཀཡེ་ཀྱང་བཙན་བྱོལ་པ་དང་མཉམ་དུ་ཡོད་དོ། 7ཁོའི་ཨ་ཁུའི་བུ་མོ་ཨེསི་ཐར་རམ་ཡ་ཧུ་ད་པའི་མིང་ལ་ཧ་ད་སཱ་ཞེས་པ་གཞོན་ནུ་མ་བྱད་གཟུགས་ཤིན་ཏུ་ལེགས་པ་ཞིག་ཡོད་པ་ཡིན་ཏེ། མོའི་ཕ་མ་གཉིས་ཀ་གྲོངས་པའི་རྗེས་སུ་མོར་དོ་ཀཡེས་མོ་ལ་རང་གི་བུ་མོའི་ཚབ་ཏུ་བདག་ཉར་བྱས་སོ། 8རྒྱལ་པོའི་བཀའ་རྒྱ་དེ་ཐོས་ནས་ན་ཆུང་མ་མང་པོ་སུ་ས་རུ་བསྡུས་ཡོད་པ་དང། ཨེསི་ཐར་ཡང་དེ་ཚོའི་ཁོངས་སུ་ཡོད་པས། མོའང་ཕོ་བྲང་ནང་བུད་མེད་ཚོའི་སྒེར་ཁང་དུ་ཧེ་གཡེ་ལག་ཏུ་རྩིས་སྤྲོད་བྱས་ཡོད་དོ། 9ཧེ་གཡེ་ཨེསི་ཐར་ལ་དགའ་བས་ཁོང་གིས་མོ་ལ་ཐུགས་རྗེ་གནང་ཞིང། དེ་མ་ཉིད་དུ་མོ་ལ་མཁོ་བའི་མཛེས་རྒྱན་གྱི་ཡོ་བྱད་དང། བྱུགས་པ་དང། དེ་བཞིན་དམིགས་བསལ་གྱི་ཁ་ཟས་སོགས་གོ་སྒྲིགས་གནང་ཞིང། ཕོ་བྲང་ནང་བུད་མེད་ཚོའི་སྒེར་ཁང་ཡག་ཤོས་དེར་བཞག་སྟེ། ཕོ་བྲང་ནས་འདེམས་བསྐོས་བྱས་པའི་ཞལ་ཏ་མ་བདུན་མོའི་ཞབས་ཕྱིར་བསྐོ་གཞག་བྱས་སོ། 10མོར་དོ་ཀཡེ་གྲོས་སྟོན་པ་བཞིན་ཨེསི་ཐར་གྱིས་རང་ཉིད་ཡ་ཧུ་ད་པ་ཞིག་ཡིན་པ་དེ་སུ་ལའང་མ་བཤད་པར་གསང་བར་བཞག་གོ 11མོར་དོ་ཀཡེས་ཉིན་ལྟར་རེ་བཞིན་ཨེསི་ཐར་ཇི་འདྲ་ཡོད་མེད་སྐོར་དང། མོ་ལ་གནས་ཚུལ་གང་བྱུང་མིན་སྐོར་ཤེས་རྟོགས་བྱེད་ཕྱིར་བུད་མེད་ཚོའི་སྒེར་ཁང་གི་ཚོམས་ཀྱི་མདུན་དུ་ཡར་འགྲུལ་མར་འགྲུལ་བྱེད་ཀྱི་ཡོད་དོ། 12བུ་མོ་ན་ཆུང་རྣམས་ལ་མཛེས་ཆ་སྟོན་པའི་ལས་དེ་ལོ་གཅིག་བར་དུ་འགོར་ཞིང། དེའང་ཟླ་བ་དྲུག་རིང་གུ་གུལ་གྱི་སྣུམ་དང། ་དེ་འཕྲོས་ཟླ་བ་དྲུག་རིང་དུ་ཐང་མར་གྱི་སྣུམ་གྱི་བྱུགས་པ་བྱས་པ་དང། དེ་རྗེས་བུ་མོ་རྣམས་རེས་མོས་བཞིན་དུ་རྒྱལ་པོ་ཨ་ཧ་སུ་རསེ་ཀྱི་དྲུང་དུ་འཁྲིད་ཀྱི་ཡོད་དོ། 13བུ་མོ་དེ་བུད་མེད་ཚོའི་སྒེར་ཁང་ནས་རྒྱལ་པོའི་ཕོ་བྲང་དུ་བཅར་སྐབས་རང་གི་འདོད་མོས་བཞིན་དུ་གྱོན་གོས་དང་རྒྱན་ཆ་སོགས་གྱོན་ནས་འགྲོ་ཆོག་གི་ཡོད་པ་དང། 14ཡང་བུ་མོ་དེ་རྣམས་དགོང་མོ་ཕོ་བྲང་དུ་བཅར་ནས། སང་ཞོགས་བུད་མེད་ཚོའི་སྒེར་ཁང་གཞན་ཞིག་ཏུ་བསྐྱེལ་ནས། རྒྱལ་པོའི་ཟུར་གྲོགས་མ་ཟུར་གྲོགས་མ: ཁྲིམས་སྲོལ་བཞིན་དུ་བག་སྟོན་མ་བྱེད་པར་ཟུར་དུ་བཞག་པའི་ཆུང་མ་ལ་གོ་དགོས། རྣམས་ལ་ལྟ་རྟོགས་བྱེད་མཁན་ཉུག་རུམ་པ་མིང་ལ་ཤསི་གྷཛི་ཞེས་པ་དེའི་ལག་ཏུ་རྩིས་སྤྲོད་བྱེད་པ་དང། རྒྱལ་པོ་ཐུགས་མཉེས་ཏེ་བུ་མོའི་མིང་བཇོད་ཅིང་ཡང་སྐྱར་མ་བོས་བར་དུ་མོ་རྒྱལ་པོའི་དྲུང་དུ་བཅར་མི་ཆོག་པ་ཡིན་ནོ། 15དེ་རྗེས་ཨེསི་ཐར་རྒྱལ་པོའི་དྲུང་དུ་བཅར་བའི་རེ་མོས་ལ་བབ་བོ། ཨེསི་ཐར་ནི་མོར་དོ་ཀཡེ་ཀྱི་ཨ་ཁུ་ཨ་བྷི་ཧེལ་གྱི་བུ་མོ་ཡིན་པ་དང། མོར་དོ་ཀཡེས་མོ་ལ་རང་གི་བུ་མོའི་ཚབ་ཏུ་བདག་ཉར་བྱས་ཡོད་པ་ཡིན་ཏེ། སུས་ཀྱང་མོ་ལ་མཐོང་བ་ཙམ་གྱི་དགའ་སྣང་ཆེན་པོས་བསྔགས་བརྗོད་བྱེད་ཀྱི་ཡོད་དོ། ད་མོ་རྒྱལ་པོའི་དྲུང་དུ་བཅར་བའི་རེ་མོས་ལ་བབ་པས། བུད་མེད་ཚོའི་སྒེར་ཁང་གི་དོ་དམ་པ་ཧེ་གཨེས་གང་ལབ་པའི་གྱོན་གོས་དང་མཛེས་རྒྱན་སོགས་མ་གཏོགས་གང་ཡང་མ་གྱོན་ནོ། 16དེར་བརྟེན་རྒྱལ་པོ་ཨ་ཧ་སུ་རསེ་ཀྱི་རྒྱལ་སྲིད་སྐྱོང་ལོ་བདུན་པའི་ཏེ་བེཐི་ཟེར་བའི་ཟླ་བ་བཅུ་པར་ཨེསི་ཐར་རྒྱལ་པོ་ཨ་ཧ་སུ་རསེ་ཀྱི་དྲུང་དུ་ཕོ་བྲང་ནང་འཁྲིད་ཡོད་དོ། 17དེ་ནས་རྒྱལ་པོས་བུད་མེད་ཚང་མའི་ནང་ནས་ཨེསེ་ཐར་ལ་ཐུགས་གཅེས་པར་མཛད་ཅིང། ཁོང་གིས་ན་ཆུང་མ་ཚང་མའི་ནང་ནས་མོ་ལ་ཐུགས་རྗེ་དང་བརྩེ་བ་མཛད་ཅིང་། བཙུན་མོའི་ཅོད་པན་དེ་མོའི་དབུ་ལ་སྒྲོན་ནས། ཝསེ་ཏིའི་ཚབ་ཏུ་མོ་བཙུན་མོར་བཞེས་སོ། 18དེ་རྗེས་རྒྱལ་པོས་བཙུན་མོ་ཨེསི་ཐར་ལ་ཆེས་བསྟོད་ཞུ་ཕྱིར་མགྲོན་སྟོན་རྒྱས་པོ་ཞིག་བཤམས་ཏེ། དེར་གཞུང་ཞབས་ཁག་དང་ལས་བྱེད་པ་ཐམས་ཅད་སྐུ་མགྲོན་དུ་བོས་ཤིང། རྒྱལ་ཁམས་ཡོངས་སུ་གུང་སངས་གུང་སངས: གུང་སངས་ཡང་ན་དཔྱ་ཁྲལ་སོགས་ཆག་ཡང་གནང་བ་རེད། ཀྱི་གསལ་བསྒྲགས་བྱས་ཏེ་རྒྱལ་པོར་འོས་པའི་གནང་སྦྱིན་སོགས་གནང་ངོ༎

མོར་དོ་ཀཡེས་རྒྱལ་པོའི་སྐུ་ཚེར་སྐྱབ་བ།

19སྐབས་དེར་མོར་དོ་ཀཡེས་ནི་གཞུང་ཞབས་སུ་འཁོད་ཡོད་པ་དང། 20བཙུན་མོ་ཨེསི་ཐར་གྱིས་རང་ཉིད་ཡ་ཧུ་ད་པ་ཞིག་ཡིན་པའི་སྐོར་སུ་ལའང་བཤད་མེད་པ་དེ་ནི། མོར་དོ་ཀཡེས་ཨེསི་ཐར་ལ་དེའི་སྐོར་སུ་ལའང་མ་བཤད་ཅིག་ཅེས་སྨྲས་པ་ལྟར་། མོས་དེ་བཞིན་རྩིས་སྲུང་ཞུས་པ་ཡིན་ནོ། ཡང་ཨེསི་ཐར་ནི་ཆུང་དུས་སུ་མོར་དོ་ཀཡེས་འཚོ་སྐྱོང་བྱེད་སྐབས་ནས་བཟུང་ཁོས་གང་སྨྲས་པ་ཚང་མར་ཉན་གི་ཡོད་པ་ཡིན་ནོ། 21མོར་དོ་ཀཡེ་རྒྱལ་པོའི་ཕོ་བྲང་དུ་གཞུང་ཞབས་ཀྱི་འགོ་འཛིན་བྱེད་སྐབས་རྒྱལ་པོའི་གཟིམས་ཆུང་གི་སྒོ་སྲུང་པ་མིང་ལ་བྷིག་ཐན་ན་དང་ཏེ་རེཤི་ཞེས་པའི་ཉུག་རུམ་པ་གཉིས་ཀྱིས་རྒྱལ་པོ་ཨ་ཧ་སུ་རསེ་ལ་རྒོལ་སེམས་ཞུས་ཏེ་ཁོང་ལ་བཀྲོང་ཐབས་བྱས་སོ། 22མོར་དོ་ཀཡེས་བྱུས་ངན་དེའི་སྐོར་ཧ་གོ་ནས་བཙུན་མོ་ཨེསི་ཐར་ལ་བཤད་པ་དང། བཙུན་མོས་དེའི་སྐོར་རྒྱལ་པོ་ལ་ཞུས་པས། 23དེ་ནས་རྒྱལ་པོས་བྱ་བ་དེར་ཞིབ་དཔྱོད་ལེགས་པར་གནང་ནས་གནས་ཚུལ་དེ་ནི་བདེན་པ་ཡིན་པར་མཁྱེན་ནས་མི་དེ་གཉིས་ལ་ཤིང་གི་ཁར་འཕྱར་ནས་ཉེས་པ་སྲོག་ཐོག་ཏུ་བཏང་ངོ་། ལོ་རྒྱུས་དེ་ནི་ཡུལ་གྱི་གཞུང་དེབ་ནང་དུ་བཀོད་དགོས་ཅེས་རྒྱལ་པོས་བཀའ་བསྒོས་གནང་ངོ་༎

ཨེསེ་ཐར 3

ཧ་མན་གྱིས་ཡ་ཧུ་ད་པ་རྣམས་རྩ་མེད་བཟོ་རྒྱུ་བྱུས་ངན་བརྩམས་པ་།

1ནམ་ཞིག་རྗེས་སུ་རྒྱལ་པོ་ཨ་ཧ་སུ་རསེ་ཀྱིས་ཧ་མན་ཞེས་པའི་མི་ཞིག་ལ་གོ་གནས་སྤར་ནས་སྲིད་བློན་གྱི་གོ་སར་བཀོད་ཅིང། ཧ་མན་ནི་ཨ་གྷག་ཨ་གྷག: ཨ་མ་ལེག་པའི་རྒྱལ་པོ་ཞིག་ཡིན་པ་དང་། དེའི་མི་འབངས་རྣམས་ནི་སྔར་ནས་རང་ཨིསི་རཱཨེལ་གྱི་དགྲ་བོ་ཡིན་པ་རེད། གི་རིགས་བརྒྱུད་ལས་ཡིན་པ་ཧམ་མེ་དྷ་ཐའི་བུ་ཡིན་ནོ། 2སྐབས་དེར་རྒྱལ་པོས་རང་གི་ལས་བྱེད་པ་ཚང་མར། ཧ་མན་ལ་མགོ་བོ་བཏུད་དེ་ཕྱག་འཚལ་ཞིང་གུས་བཏུད་ཞུ་དགོས་ཅེས་བཀའ་གནང་བ་བཞིན། མོར་དོ་ཀཡེ་མ་གཏོགས་གཞན་ཚང་མས་རྒྱལ་པོའི་བཀའ་དེར་རྩིས་སྲུང་ཞུས་སོ། 3རྒྱལ་པོའི་ལས་བྱེད་པ་གཞན་ཚོས་ཁོ་ལ། ཁྱོད་རྒྱལ་པོའི་བཀའ་ལ་རྩི་སྲུང་མ་ཞུས་པ་དེ་གང་ཡིན་ནམ་ཞེས་བརྗོད་དེ། 4ཉིན་ལྟར་རེ་བཞིན་ཁོ་ལ་ནན་བསྐུལ་བྱས་རུང། ཁོས་དེ་ཚོར་མ་ཉན་ནོ། ཁོས། ང་ནི་ཡ་ཧུ་ད་པ་ཞིག་ཡིན་པས། ཧ་མན་ལ་ཕྱག་འཚལ་བར་མི་རུང་ངོ་ཞེས་སྨྲས་པ་དང། ཁོ་ཚོས་དེའི་སྐོར་ཧ་མན་ལ་བཤད་དེ། ཁོས་མོར་དོ་ཀཡེའི་སྤྱོད་ཚུལ་དེ་འདྲར་བཟོད་སྲན་བྱེད་ཐུབ་མིན་རྟོགས་ཞིབ་བྱས་སོ། 5ཧ་མན་ལ་མོར་དོ་ཀཡེས་ཕྱག་འཚལ་ཏེ་གུས་བཏུད་ཞུ་གི་མེད་པའི་སྐོར་ལ་ཐོས་ནས་ཁོ་ཧ་ཅང་ཁྲོས་སོ། 6མོར་དོ་ཀཡེ་ཡ་ཧུ་ད་པ་ཞིག་ཡིན་པའི་སྐོར་ཐོས་ནས། མོར་དོ་ཀཡེ་ལ་ཉེས་ཆད་བཏང་བ་ལས་ལྷག་པ་ཞིག་བྱེད་དགོས་འདུག་ཅེས་ཐག་གཅོད་བྱས་ཏེ། པར་སི་ཡའི་རྒྱལ་ཁམས་ཀུན་ཏུ་གནས་པའི་ཡ་ཧུ་ད་པ་ཐམས་ཅད་གསོད་རྒྱུའི་འཆར་གཞི་ངན་པ་ཞིག་བརྩམས་སོ། 7རྒྱལ་པོ་ཨ་ཧ་སུ་རསེ་ཀྱི་རྒྱལ་སྲིད་སྐྱོང་ལོ་བཅུ་གཉིས་པའི་ནི་སན་ཞེས་པའི་ཟླ་བ་དང་པོར་རང་གི་བརྩམས་པའི་ཐབས་བྱུས་དེ་བཞིན་ཟླ་དུས་ཚེ་གྲངས་གང་གི་ཐོག་ཏུ་ལག་ལེན་བསྟར་ན་རིགས་སམ་ཞེས་བརྟག་དཔྱད་བྱེད་དགོས་ཤེས་ཧ་མན་གྱིས་པུ་རིམ་ཞེས་པའི་རྒྱན་འཕེན་པའི་བཀའ་བསྒོས་བྱས་པས། ཨ་དྷར་ཞེས་པའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་གྱི་ཉིན་མོ་དེར་འཁེལ་ལོ། 8དེར་བརྟེན་ཧ་མན་གྱིས་རྒྱལ་པོ་ལ། ཁྱེད་ཀྱི་རྒྱལ་ཁམས་ཀྱི་མངའ་སྡེ་ཚང་མའི་ནང་དུ་མི་བརྒྱུད་གཅིག་ཁ་འཐོར་ནས་གནས་སྡོད་བྱེད་བཞིན་འདུག་པས། དེ་ཚོས་མི་གཞན་དང་མི་འདྲ་བའི་ཁྲིམས་སྲོལ་རྩིས་ཀྱི་ཡོད་པ་དང་། དེ་ཚོས་རྒྱལ་ཁམས་ཀྱི་ཡུལ་ཁྲིམས་ལའང་རྩིས་སྲུང་མི་བྱས་པས། དེ་ཚོ་ལ་ཐུགས་བཟོད་གནང་རྒྱུ་དེ་ནི་ཁྱེད་ལ་ཕན་ཐོག་མི་ཡོང་། 9གལ་ཏེ་རྒྱལ་པོ་ཐུགས་དགྱེས་ན་དེ་དག་ལ་ཉེས་པ་སྲོག་ཐོག་ཏུ་གཏོང་དགོས་ཅེས་པའི་བཀའ་ཤོག་ཅིག་གནང་བར་མཛོད། དེ་ལྟ་བུའི་བཀའ་བསྒོས་ཤིག་གནང་བ་ཡིན་ན་། གཞུང་དོན་ལ་ཕན་ཕྱིར་ངས་རྒྱལ་པོའི་བང་མཛོད་དུ་དངུལ་ཀི་ལོ་གྷ་རམ ༣༤༠,༠༠༠ འབུལ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན་ཞུས་སོ། 10དེར་རྒྱལ་པོས་བཀའ་ཤོག་ལ་དམ་ཕྲུག་གནང་ཕྱིར་རང་གི་ཕྱག་གི་སོར་གདུབ་དེ་ཕུད་ནས། ཡ་ཧུ་ད་པའི་དགྲ་བོ་ཨ་གག་གི་རིགས་བརྒྱུད་ལས་ཡིན་པ་ཧམ་མེ་དྷ་ཐའི་བུ་ཧ་མན་ལ་གནང་ངོ། 11རྒྱལ་པོས་ཁོ་ལ་མི་རིགས་དེ་ཚོའི་རྒྱུ་དངུལ་དང་མི་བཅས་པ་ཚང་མ་ཁྱོད་ལ་དག་པ་ཡིན་པས། ཁྱོད་ཀྱིས་དེ་ཚོར་གང་དགའ་བར་གྱིས་ཤིག་ཅེས་བཀའ་གནང་ངོ། 12དེ་ནས་ཟླ་བ་དང་པོའི་ཚེས་བཅུ་གསུམ་པར། ཧ་མན་གྱིས་རྒྱལ་པོའི་དྲུང་ཡིག་རྣམས་བཀོང་ནས་བཀའ་ཤོག་གཅིག་འབྲི་བཅུག་པ་དང་། རྒྱལ་ཁམས་ཀྱི་སྐད་ཡིག་ཚང་མའི་ཐོག་ཏུ་བསྒྱུར་ནས། སྲིད་ཀྱོང་པ་ཀུན་དང་། སྤྱིད་ཁྱབ་དང། ལས་བྱེད་པ་བཅས་ལ་གཏོང་དགོས་པའི་བཀའ་བསྒོས་བྱས་སོ། བཀའ་ཤོག་དེ་ནི་རྒྱལ་པོ་ཨ་ཧ་སུ་རསེ་ཀྱི་མཚན་ཐོག་ཏུ་བྲིས་ཏེ། དེར་རྒྱལ་པོས་སོར་གདུབ་ཀྱི་ཐེ་རྩེ་རྒྱབ་ཡོད་དོ། 13ཨ་དྷར་ཟླ་བའི་ཚེས་བཅུ་གསུམ་པར། ཡ་ཧུ་ད་པ་ཕོ་མོ་རྒན་གཞོན་བྱིས་པ་དང་བཅས་པ་ཉི་མ་གཅིག་རང་ལ་བསད་དེ། བྱམས་དང་སྙིང་རྗེ་མེད་པར་དེ་དག་ཚར་གཅོད་བཏང་ཞིང་དེ་ཚོའི་རྒྱུ་དངོས་ཚང་མ་འཕྲོག་བཅོམ་བྱེད་དགོས་ཅེས་པའི་བཀའ་རྒྱ་དེ་བང་ཆེན་ཚོས་རྒྱལ་ཁམས་ཀྱི་མངའ་སྡེ་ཡོངས་སུ་བསྐྱེལ་ལོ། 14བཀའ་རྒྱའི་འདྲ་ཤུས་རེ་མངའ་སྡེ་རེ་རེའི་ནང་ཡོངས་སུ་གསལ་བསྒྲགས་བྱས་ཤིང། དེ་ལྟར་བྱེད་དགོས་དོན་ནི་ཉིན་ཞག་དེའི་དོན་དུ་ཚང་མས་གྲ་སྒྲིགས་བྱས་ནས་སྡོད་ཐུབ་པའི་ཕྱིར་ཡིན་ནོ། 15རྒྱལ་པོས་ཇི་ལྟར་བཀའ་བསྒོས་གནང་བ་བཞིན། བཀའ་ཤོག་དེ་རྒྱལ་ས་སུ་ས་རུ་ཁྱབ་བསྒྲགས་བྱས་ཏེ། བང་ཆེན་ཚོས་གནས་ཚུལ་དེ་མངའ་སྡེ་སོ་སོར་བསྐྱལ་སོ། རྒྱལ་ས་སུ་ས་རུ་དངས་ཚབ་ཆེ་བའི་ཛ་དྲག་གི་གནས་སྟངས་དེ་ལྟ་བུ་ཆགས་སྐབས་སུའང་རྒྱལ་པོ་དང་ཧ་མན་གཉིས་ཆང་རག་འཐུང་སྟེ་དགའ་སྤྲོའི་ངང་དུ་རོལ་ཞིང་གནས་སོ༎

ཨེསེ་ཐར 4

མོར་དོ་ཀཡེས་ཨེསི་ཐར་ལ་སྐྱབས་གྲོགས་ཞུས་པ་།

1མོར་དོ་ཀཡེས་གནས་ཚུལ་དེ་ཐམས་ཅད་ཤེས་ནས་མྱ་ངན་དྲག་པོས་རང་གི་གྱོན་གོས་ཧྲལ་ཏེ། རྩ་རས་ཀྱི་གོས་གྱོན་ཞིང། མགོ་ལ་གོག་ཐལ་བྱུགས་ནས་གྲོང་ཁྱེར་གྱི་གཞུང་ལམ་བརྒྱུད་དེ། སྐད་ཤུགས་ཆེན་པོས་སྨྲེ་ངག་འདོན་ནོ། 2ཕོ་བྲང་གི་གཞུང་སྒོ་བར་དུ་སླེབས་དུས། ཁོང་ནང་དུ་མ་འཛུལ་ལོ། གང་ལ་ཟེར་ན། རྩ་རས་ཀྱི་གོས་གྱོན་པ་སུའང་ཕོ་བྲང་གི་ནང་དུ་འཛུལ་མི་ཆོག་པ་ཡིན་ནོ། 3རྒྱལ་པོའི་བཀའ་རྒྱ་བསླེབས་པའི་མངའ་སྡེ་ཁག་ཏུ། ཡ་ཧུ་ད་པ་རྣམས་ཀྱི་ཁྲོད་དུ་ངུ་འབོད་དང་སྨྲེ་ངག་ཤུགས་ཆེ་འདོན་པ་དང། སྨྱུང་གནས་སྲུངཞིང། དེ་ཚོ་མང་ཆེ་བས་ལུས་ལ་རྩ་་རས་གྱོན་ཏེ། གོག་ཐལ་ནང་དུ་ཉལ་ནས་བསྡད་དོ། 4དེ་ནས་ཨེསི་ཐར་གྱི་ཞལ་ཏ་མ་རྣམས་དང་ཉུག་རུམ་པ་ཚོས་ཁོང་ལ་མོར་དོ་ཀཡེས་གང་བྱེད་བཞིན་པའི་སྐོར་ལ་ཞུས་པས། དེར་བཙུན་མོ་ཤིན་ཏུ་ཐུགས་འཁྲུགས་ཤིང། མོར་དོ་ཀཡེ་ལ་རྩ་རས་ཀྱི་གོས་ཕུད་དེ་གྱོན་པའི་ཕྱིར་གྱོན་གོས་གཞན་ཞིག་བཏང་རུང། འོན་ཀྱང་ཁོས་གྱོན་གོས་དེ་མ་བླལས་སོ། 5དེ་ནས་བཙུན་མོའི་ཞབས་ཕྱི་ཞུ་ཕྱིར་ཕོ་བྲང་ནས་ཆེད་བསྐོས་བྱས་པའི་ཉུག་རུམ་པ་ཚོའི་ནང་ནས་ཧ་ཐག་ཟེར་བས་དེ་ལ་བཙུན་མོས་འབོས་ནས། གནས་ཚུལ་གང་བྱུང་མིན་དང་ག་རེའི་དོན་དུ་དེ་ལྟར་བྱུང་བའི་སྐོར་མོར་དོ་ཀཡེ་ལ་འདྲི་རྩད་བྱེད་དགོས་ཅེས་བཀའ་བསྒོས་གནང་ངོ་། 6ཧ་ཐག་ཕོ་བྲང་གི་གཞུང་སྒོའི་མདུན་དུ་ཡོད་པའི་ཁྱམས་རའི་ནང་མོར་དོ་ཀཡེའི་རྩར་ཕྱིན་ནོ། 7མོར་དོ་ཀཡེས་ཧ་ཐག་ལ་རང་ཉིད་ཐོག་ཏུ་གནས་ཚུལ་གང་བྱུང་བའི་སྐོར་དང། གལ་ཏེ་ཡ་ཧུ་ད་པ་རྣམས་རྩ་མེད་དུ་བཏང་བ་ཡིན་ན་། ཧ་མན་གྱིས་རྒྱལ་པོའི་བང་མཛོད་ནང་དངུལ་འབོར་ག་ཚོད་འབུལ་རྒྱུའི་ཁས་ལེན་བྱས་པའི་སྐོར་ལ་ཆ་ཚང་བཤད་དོ། 8ཡང་ཁོས་ཧ་ཐག་ལ་སུ་ས་རུ་ཁྱབ་བསྒྲགས་བྱས་པའི་བཀའ་རྒྱའི་ངོ་ཤུས་ཤིག་ཀྱང་སྤྲད་པ་དང། ཡང་བཀའ་རྒྱ་དེའི་ནང་ཡ་ཧུ་ད་པ་རྣམས་རྩ་མེད་གཏོང་དགོས་ཅེས་གསལ་ཡོད་པ་དང། མོར་དོ་ཀཡེས་ཁོ་ལ་བརྗོད་པ་། བཀའ་རྒྱ་དེ་འཁྱེར་ནས་ཨེསི་ཐར་ལ་འབུལ་ནས། བཙུན་མོ་ལ་གནས་སྟངས་དེངི་སྐོར་ཞིབ་པར་གསལ་བཤད་ཞུས་ཤིག བཙུན་མོས་རྒྱལ་པོའི་དྲུང་དུ་བཅར་ནས་སོ་སོའི་མི་རིགས་རྣམས་ལ་སྲུང་སྐྱབས་བྱེད་ཕྱིར་ནན་ཏན་ཆེན་པོས་ཞུ་འབུལ་གནང་དགོས་ཅེས་ཁྱོད་ཀྱིས་ཞུ་དགོས། 9དེ་ནས་ཧ་ཐག་གིས་དེ་བཞིན་བྱས་པས། 10ཡང་ཨེསི་ཐར་གྱིས་ཁོ་ལ་མོར་དོ་ཀཡེ་རྩར་ལོན་ཞིག་བསྐྱེལ་བར་བཏང་བ་ནི་འདི་ལྟ་སྟེ། 11ཕོ་མོ་སུ་འདྲ་ཞིག་ཡིན་རུང་རྒྱལ་པོའི་བཀའ་མེད་པར་ཚོམས་སྐོར་ནང་མར་ཕྱིན་ནས་རྒྱལ་པོ་བཇལ་བ་ཡིན་ན། དེ་ནི་ངེས་པར་ཤི་དགོས་པ་ཡིན་ནོ། དེ་ནི་ཁྲིམས་ཡིན་ནོ། མཐོ་བ་རྒྱལ་པོའི་གྲོས་དཔོན་ནས་བཟུང་དམའ་བ་མངའ་སྡེ་ཁག་གི་ཡུལ་མི་ཕལ་པ་ཚང་མས་ཤེས་གསལ་ཡིན་པ་དང། ཁྲིམས་དེ་ལས་ཐར་བར་ཐབ་ལམ་གཅིག་རང་ཡོད། གལ་ཏེ་རྒྱལ་པོས་གསེར་གྱི་ཕྱག་བེར་དེ་མི་དེ་ཕྱོགས་སུ་འདེགས་པ་ཡིན་ན་མི་དེ་གསོན་པོར་གནས་ཐུབ་པར་འགྱུར། འོན་ཀྱང་རྒྱལ་པོས་ང་ལ་རྒྱལ་པོའི་དྲུང་དུ་མ་བོས་པར་ཉིན་ཞག་སུམ་ཅུ་སོང་ངོ་། 12མོར་དོ་ཀཡེས་ཨེསི་ཐར་གྱིས་བཏང་བའི་ལོན་དེ་འབྱོར་བ་དང། 13ཁོས། ཁྱེད་རང་རྒྱལ་པོའི་ཕོ་བྲང་དུ་ཡོད་པའི་རྐྱེན་གྱིས། ཡ་ཧུ་ད་པ་གཞན་ལས་ཉེན་ཁ་ཆུང་བ་ཡོད་ཅེས་མ་སེམས་ཤིག 14དུས་ཚོད་འདིའ་ལྟ་བུ་ཞིག་ལ་ཁྱེད་རང་ཁ་རོགས་བསྡད་པ་ཡིན་ན། ཡ་ཧུ་ད་པ་རྣམས་ལ་མཐོ་རིས་ནས་སྐྱབས་གྲོགས་མཛད་ཅིང་དེ་དག་ཐར་བར་འགྱུར་སྲིད། འོན་ཀྱང་ཁྱོདཤི་ངེས་ཤིང་ཁྱོད་ཀྱི་ཕ་བརྒྱུད་ཀྱང་སྟོངས་བར་འགྱུར། གཅིག་བྱས་ན་དུས་ཚོད་འདི་ལྟ་བུའི་ཕྱིར་ཁྱེད་རང་བཙུན་མོའི་གོ་གནས་སུ་འཁོད་པ་ཡིན་པར་སུས་ཤེས་སའམ་ཞེས་ཟོན་བརྡ་བསྐུལ་བའི་ལོན་ཞིག་བཏང་ངོ། 15དེའི་ལན་དུ་ཨེསི་ཐར་གྱིས་མོར་དོ་ཀཡེ་ལ། 16ད་ཁྱོད་ཕྱིན་ནས་སུ་ས་རུ་ཡོད་པའི་ཡ་ཧུ་ད་པ་ཚང་མ་ཕྱོགས་གཅིག་ཏུ་བཀོང་ནས་དེ་དག་ལ། སྨྱུང་གནས་སྲུང་སྟེ་ངའི་དོན་དུ་སྨོན་ལམ་འདེབས་དགོས་པ་དང། ཉིན་མཚན་གསུམ་གྱི་རིང་ལ་བཟའ་བཏུང་སོགས་གང་ཡང་མ་བྱས་པར་སྨྱུང་གནས་སྲུང་དགོས་ཅེས་སྨྲོས་ཤིག ཡང་ང་དང་ངའི་ཞལ་ཏ་མ་ཚོས་ཀྱང་དེ་བཞིན་བྱེད་རྒྱུ་ཡིན། དེ་རྗེས་ཡུལ་ཁྲིམས་དང་འགལ་རུང། ང་རྒྱལ་པོའི་དྲུང་དུ་ངེས་པར་བཅར་གྱི་ཡིན། དེ་ལྟར་བྱས་པའི་རྐྱེན་གྱིས་ང་ཤི་དགོས་བྱུང་ནའང་ང་ལ་འགྱོད་པ་གང་ཡང་མེད་ཅེས་སྨྲས་སོ། 17དེ་ནས་མོར་དོ་ཀཡེ་ཕྱིན་ནས་ཨེསི་ཐར་གྱིས་སྨྲས་པ་བཞིན་ཐམས་ཅད་བསྒྲུབས་སོ༎

ཨེསེ་ཐར 5

ཨེསི་ཐར་གྱིས་རྒྱལ་པོ་དང་ཧ་མན་ལ་གསོལ་སྟོན་དུ་གདན་ཞུས་པ།

1དེ་ནས་སྨྱུང་གནས་ཀྱི་ཉིན་ཞག་གསུམ་པའི་ཐོག་ཏུ། ཨེསི་ཐར་གྱིས་བཙུན་མོའི་ན་བཟའ་བཞེས་ཏེ། ཕོ་བྲང་གི་ཚོམས་སྐོར་ནང་མར་རྒྱལ་ཁྲི་ཡོད་པའི་གཟིམས་ཆུང་གི་མདུན་དུ་ཞལ་བསྒྱུར་ནས་བཞངས་སོ། རྒྱལ་པོ་ནི་གཟིམས་ཆུང་ནང་དུ་རྒྱལ་ཁྲིའི་སྟེང་ནས་གཟིམས་སྒོའི་ཕྱོགས་སུ་ཞལ་བསྒྱུར་ནས་བཞུགས་ཡོད་ཅིང། 2རྒྱལ་པོས་བཙུན་མོ་ཨེསི་ཐར་ཚོམས་སྐོར་ནང་བཞེངས་ནས་བཞུགས་ཡོད་པ་གཟིགས་མ་ཐག་ཏུ། བཙུན་མོ་རྒྱལ་པོའི་དྲུང་དུ་མཇལ་བའི་ཐུགས་རྗེ་རྙེད་ནས། རྒྱལ་པོས་རང་གི་ཕྱག་ཏུ་བསྣམས་པའི་གསེར་གྱི་ཕྱག་འབེར་དེ་བཙུན་མོ་ཨེསི་ཐར་གྱི་ཕྱོགས་སུ་བཏེགས་པར་མཛད་པས། བཙུན་མོ་ཨེསི་ཐར་ཡང་རྒྱལ་པོའི་པྱོགས་སུ་ཉེ་བར་བཅར་ཏེ། ཕྱག་འབེར་གྱི་རྩེ་དེ་བཙུན་མོས་འཕྱང་བར་མཛད་དོ། 3དེ་ནས་རྒྱལ་པོས། བཙུན་མོ་ཨེསི་ཐར་ཁྱེད་ལ་གང་འདོད་དམ། ཁྱེད་ལ་གང་དགོས་པ་དེ་ང་ལ་སྨྲོས་ཤིག་དང། ངས་རང་གི་རྒྱལ་སྲིད་ཕྱེད་ཀ་བར་དུའང་ཁྱེད་ལ་སྦྱིན་པར་བྱའོ་ཞེས་གསུངས་པས། 4ལན་དུ་བཙུན་མོ་ཨེསི་ཐར་གྱིས་ཞུས་པ། ཀྱེ། མི་དབང་ཆེན་པོ། ཁྱེད་ཀྱི་ཁོ་མོར་ཐུགས་དགྱེས་ན། རྒྱལ་པོ་ཉིད་དང་ཧ་མན་བཅས་དོ་དགོང་ཁོ་མོས་བཤམས་པའི་གསོལ་སྟོན་དུ་ཕེབས་སུ་གསོལ་ཞེས་ཞུས་པས། 5བཙུན་མོས་ཞུས་པ་ལྟར། རྒྱལ་པོས་ཧ་མན་ལ། འགྲོ་གྲབ་གྱིས་ཤིག་ཅེས་བཀའ་གནང་སྟེ། བཙུན་མོ་ཨེསི་ཐར་གྱིས་བཤམས་པའི་གསོལ་སྟོན་དུ་རྒྱལ་པོ་དང་ཧ་མན་གཉིས་ཕེབས་སོ། 6རྒུན་ཆང་ཞུ་བའི་སྐབས་སུ་རྒྱལ་པོས་བཙུན་མོར། ཁྱེད་ལ་ཞུ་བ་ཅི་འདྲ་ཞིག་ཡོད། ཁྱེད་ལ་གང་འདོད་པ་ཚང་མ་སྒྲུབ་པར་བྱ་རྒྱུའི་ཁས་ལེན་བྱེད་རྒྱུ་ཡིན། ངས་རང་གི་རྒྱལ་སྲིད་ཕྱེད་ཀ་བར་དུའང་ཁྱེད་ལ་སྦྱིན་པར་བྱའོ་ཞེས་གསུངས་པའི་ལན་དུ། 7བཙུན་མོ་ཨེསི་ཐར་གྱིས་ཞུས་པ། 8གལ་ཏེ་ཁོ་མོར་རྒྱལ་པོའི་སྤྱན་སྔར་གཟིགས་པ་རྙེད་ན། རྒྱལ་པོ་ཁྱེད་དང་ཧ་མན་གཉིས་ཁོ་མོས་བཤམས་པའི་གསོལ་སྟོན་དུ་སང་ཉིན་སླར་ཡང་ཕེབས་པར་མཛོད། སྐབས་དེར་ཁོ་མོས་གང་དགོས་པ་དེ་ཞུ་བར་བྱའོ་ཞེས་ཞུས་སོ༎

ཧ་མན་གྱིས་མོར་དོ་ཀཡེ་གསོད་རྒྱུའི་བྱུས་ངན་བཤམས་པ།

9ཐུགས་སྤྲོ་གྲོལ་སྐབས་ཧ་མན་ཡིད་དགའ་ཞིང་བློ་བདེ་ཆེན་པོསི་ངང་དུ་འཐོན་ནོ། འོན་ཀྱང་ཁོས་ཕོ་བྲང་གི་གཞུང་སྒོའི་འགྲམ་དུ་མོར་དོ་ཀཡེ་ལ་མཐོང་བ་དང། མོར་དོ་ཀཡེས་ཡར་ལངས་ཏེ་ཁོ་ལ་གུས་ཞབས་སོགས་གང་ཡང་མ་བྱས་པས། ཁོ་ཧ་ཅང་ཁྲོས་སོ། 10འོན་ཀྱང་སྐབས་དེར་ཁོས་བཟོད་སྒོམ་བྱས་ཤིང་རང་གི་ཁྱིམ་དུ་ཕྱིན་ནས། མཛའ་གྲོགས་རྣམས་དང་རང་གི་ཆུང་མ་ཛེ་རེཤེ་ལ་བོས་ནས། 11ང་ལ་རྒྱལ་པོ་ཆེན་པོས། རང་གི་དཔལ་འབྱོར་ལོངས་སྤྱོད་དང། ཁོ་ལ་བུ་མང་ཉུང་ཇི་ཡོད་དང། རྒྱལ་པོས་ཁོ་ལ་ཇི་ལྟར་གོ་ས་སྤར་བའི་སྐོར་དང། རྒྱལ་པོའི་ལས་བྱེད་པ་གཞན་ལས་ཁོ་རང་ཇི་ཙམ་གལ་ཆེན་པོ་ཡིན་པའི་སྐོར་རང་བསྟོད་བྱེད་དོ། 12གཏམ་གྱི་གླེང་འཕྲོ་མ་བཅད་པར་ཧ་མན་གྱིས། བཙུན་མོ་ཨེསི་ཐར་གྱིས་བཤམས་པའི་གསོལ་སྟོན་ལ། རྒྱལ་པོ་དང་ལྷན་དུ་ང་མ་གཏོགས་པར་གཞན་སུའང་བོས་མི་འདུག རྒྱལ་པོ་དང་ལྷན་དུ་ང་ལ་སང་ཉིན་ཡང་མགྲོན་དུ་བོས་ཡོད། 13འོན་ཀྱང་ཡ་ཧུ་ད་པ་མོར་དོ་ཀཡེ་ཞེས་པ་དེ་ཕོ་བྲང་གི་གཞུང་སྒོར་ལངས་ནས་བསྡད་པའི་མཐོང་ཚད་རིང་ལ་གོང་གསལ་ཆེས་བསྟོད་ཚང་མས་ང་ཚིམས་པར་མི་འགྱུར་ཞེས་སྨྲས་སོ། 14དེར་བརྟེན་ཁོའི་ཆུང་མ་དང་མཛའ་གྲོགས་ཚང་མས་ཁོ་ལ་། མི་ཏར་ཉི་ཤུ་རྩ་གཉིས་བྱས་པའི་སྲོག་ཉེས་འཕྱར་ཤིང་ཞིག་བཟོས་ཏེ། མོར་དོ་ཀཡེ་དེའི་ཁར་འཕྱར་དགོས་ཞེས་སང་ཞོག་རྒྱལ་པོར་ཞུས་ཤིག དེ་ནས་ཁྱེད་ཐུགས་དགའ་སྣང་ཆེན་པོའི་ངང་གསོལ་སྟོན་དུ་ཕེབས་ཚོག་གི་རེད་ཅེས་ཞུས་པས། ཧ་མན་གྱི་སེམས་ལ་གྲོས་འཆར་དེ་ཡག་པོ་ཞིག་འདུག་བསམ་ནས་སྲོག་ཉེས་འཕྱར་ཤིང་དེ་བཟོ་རུ་བཅུག་གོ།

ཨེསེ་ཐར 6

རྒྱལ་པོས་མོར་དོ་ཀཡེ་ལ་ཆེས་བསྟོད་གནང་བ།

1མཚན་དེར་རྒྱལ་པོ་ལ་མནལ་མ་ཁུགས་པས། གཞུང་དོན་སྐོར་གྱི་ཐོ་དེབ་རྣམས་ཁོང་གི་དྲུང་དུ་འཁྱེར་ཡོང་ནས་བཀློག་བཅུག་གོ 2དེ་ཚོས་ཀློག་པའི་ཐོ་དེབ་ཀྱི་ཆ་ཤས་དེའི་ནང་སྔར་མོར་དོ་ཀཡེས་རྒྱལ་པོའི་ཉུག་རུམ་པ་བྷིག་ཐན་ན་དང་ཏེ་རེཤི་ཞེས་པའི་སྒོ་སྲུང་པ་གཉིས་ཀྱིས་རྒྱལ་པོ་བཀྲོང་ཐབས་བྱས་པའི་བྱུས་ངན་དེ་ཧ་གོ་བའི་སྐོར་གསལ་ཡོད་དོ། 3དེར་རྒྱལ་པོས་མོར་དོ་ཀཡེ་ལ་ང་ཚོས་བྱ་དགའ་དང་ཆེས་བསྟོད་སོགས་གང་བྱས་མིན་སྐོར་བཀའ་འདྲི་གནང་བར། རྒྱལ་པོའི་འཁོར་གཡོག་རྣམས་ཀྱིས། ང་ཚོས་ཁོང་ལ་དེ་ལྟ་བུའི་ཆེས་བསྟོད་སོགས་གང་ཡང་ཞུས་མེད་ཅེས་ཞུས་སོ། 4རྒྱལ་པོས། ཕོ་བྲང་ནང་དུ་ངའི་ལས་བྱེད་པ་རྣམས་སུ་འདུག་གམ་ཞེས་བཀའ་འདྲི་གནང་བས། སྐབས་དེར་ཧ་མན་ནི་རང་གི་བཟོས་པའི་འཕྱར་ཤིང་ཁར་མོར་དོ་ཀཡེ་ལ་བརྐྱངས་ནས་བསད་པར་མཛོད་ཅེས་ཞུ་བའི་ཕྱིར་ཕོ་བྲང་གི་ཚོམས་སྐོར་ནང་བསླེབས་མ་ཐག་ཏུ་ཡིན་པས། 5དེར་བརྟེན་འཁོར་གཡོག་རྣམས་ཀྱིས། ཧ་མན་ནི་སྐུ་ཉིད་ཀྱི་ཞལ་མཇལ་ཞུ་ཕྱིར་ཕེབས་སྒུག་གནང་ནས་བཞུགས་འདུག་ཅེས་ཞུས་པ་དང། རྒྱལ་པོས། ཁོ་ནང་དུ་འོང་ཆུག་ཅིག་ཅེས་བཀའ་གནང་ངོ། 6དེ་ནས་ཧ་མན་ནང་དུ་བཅར་བ་དང་རྒྱལ་པོས། ངས་མི་ཞིག་ལ་ཆེས་བསྟོད་ཞུ་དགོས་པ་འདུག་པས། ངས་མི་དེ་ལ་གང་བྱེད་ན་ལེགས་སམ་ཞེས་བཀའ་འདྲི་གནང་བར། ཧ་མན་གྱིས་སེམས་ལ། རྒྱལ་པོས་ཆེས་བསྟོད་གནང་བར་འདོད་པའི་མི་དེ་ནི་ང་མ་གཏོགས་པར་གཞན་སུ་ཞིག་ཡོད་དམ་ཞེས་བསམ་མོ། 7-8ཁོས་རྒྱལ་པོར་ཞུས་པ། རྒྱལ་པོ་རང་ཉིད་ཀྱིས་བཞེས་པའི་ན་བཟའ་དེ་འཁྱེར་ཡོང་དགོས་ཅེས་བཀའ་གནང་དགོས། དེ་ཙམ་མ་ཟད་རྒྱལ་པོ་ཆིབས་པའི་ཆིབས་པ་དེའི་ཁར་རྒྱལ་པོའི་མཛེས་རྒྱན་ རྒྱལ་པོའི་མཛེས་རྒྱན: ཅོད་པན་ལྟ་བུའི་དབུ་རྒྱན་ཞིག་ལ་གོ་དགོས་སོ། གྱིས་བརྒྱན་ཏེ། 9སྐུ་ཉིད་ཀྱི་མཐོ་ཤོས་ཀྱི་མི་གཙོ་དྲག་ཅིག་བོས་ནས། དེས་མི་དེ་ལ་རྒྱལ་པོའི་ན་བཟས་རྒྱན་སྤྲོས་བྱས་ཤིང། ཆིབས་པ་དེའི་ཁར་བསྐྱེལ་ནས། རྒྱལ་སའི་ལམ་འཛོམ་ཁག་ཏུ་འཁྲིད་དེ། རྒྱལ་པོས་ཆེས་བསྟོད་གནང་བར་མཉེས་པའི་མི་དེ་ལ་། འདི་ལྟར་མཛད་དོ་ཞེས་གསལ་བསྒྲགས་བྱེད་དགོས། 10དེར་རྒྱལ་པོས་ཧ་མན་ལ། ད་མགྱོགས་པོ་བྱས་ནས་ན་བཟའ་དང་ཆིབས་པ་དེ་འཁྲིད་དེ། ཁྱོད་ཀྱིས་གྲོས་འཆར་བསྟན་པ་བཞིན། ཕོ་བྲང་གི་གཞུང་སྒོའི་འགྲམ་དུ་བསྡད་ཡོད་པའི་ཡ་ཧུ་ད་པ་མོར་དོ་ཀཡེ་ལ་དེ་བཞིན་ཆེས་བསྟོད་ཆ་ཚང་བྱོས་ཤིག་ཅེས་བཀའ་གནང་ངོ། 11དེར་བརྟེན་ཧ་མན་གྱིས་རྒྱལ་པོའི་ན་བཟའ་དང་ཆིབས་པ་དེ་འཁྲིད་དེ། མོར་དོ་ཀཡེ་ལ་ན་བཟའ་གཡོགས་ཤིང་ཆིབས་པར་བསྐྱོན་ཏེ། རྒྱལ་སའི་ལམ་འཛོམས་ཁག་ཏུ་འཁྲིད་ཅིང། རྒྱལ་པོས་ཆེས་བསྟོད་གནང་བར་མཉེས་པའི་མི་དེ་ལ། འདི་ལྟར་མཛད་དོ་ཞེས་མི་མང་ལ་གསལ་བསྒྲགས་བྱེད་བཞིན་ཕྱིན་ནོ། 12དེ་ནས་མོར་དོ་ཀཡེ་ནི་ཕོ་བྲང་གི་གཞུང་སྒོར་ཕྱིར་ལོག་བྱས་སོ། ཧ་མན་ནི་ངོ་ཚས་རང་གི་ངོ་སྦས་ནས་བྲེལ་ཚབ་དང་བཅས་རང་གི་ནང་དུ་ལོག་ཕྱིན་ནོ། 13དེ་རྗེས་མོར་དོ་ཀཡེས་རང་གི་ཐོག་ཏུ་གནས་ཚུལ་གང་བྱུང་བའི་སྐོར་རང་གི་ཆུང་མ་དང་མཛའ་གྲོགས་རྣམས་ལ་ཆ་ཚང་བཤད་པས། དེར་ཁོའི་ཆུང་མ་དང་མཛའ་གྲོགས་མཁས་པ་རྣམས་ཀྱིས་ཁོ་ལ་། ད་མོར་དོ་ཀཡེ་མདུན་དུ་ཁྱོད་ཀྱིས་དབང་དེ་ཉམས་ནས་འགྲོ་བཞིན་ཡོད་པ་དང་། ཁོ་ནི་ཡ་ཧུ་ད་པ་ཞིག་ཡིན་པས་ཁྱོད་ཀྱིས་ཁོའི་ཐོག་ཏུ་དབང་སྣོན་བྱེད་མི་ཐུབ་ཅིང། ཁོས་ཁྱོད་ལ་ངེས་པར་དུ་འཕམ་པར་བྱེད་རྒྱུ་ཡིན་ཞེས་སྨྲས་སོ༎

ཧ་མན་ལ་ཉེས་པ་སྲོག་ཐོག་ཏུ་བཏང་བ།

14དེ་ཚོས་གཏམ་གླེང་བྱེད་བཞིན་པའི་སྐབས་སུ། ཕོ་བྲང་གི་ཉུག་རུམ་པ་རྣམས་བྲེལ་ཚབ་ཆེན་པོ་དང་བཅས་ཧ་མན་ལ་བཙུན་མོ་ཨེསི་ཐར་གྱི་སྐུ་མགྲོན་དུ་གདན་ཞུ་བར་བཅར་རོ༎

ཨེསེ་ཐར 7

1དེ་ནས་རྒྱལ་པོ་དང་ཧ་མན་གཉིས་བཙུན་མོ་ཨེསི་ཐར་གྱི་གསོལ་སྟོན་དུ་ཕེབས་སོ། 2གསོལ་སྟོན་ཐེངས་གཉིས་པར། རྒུན་ཆང་མཆོད་པའི་སྐབས་སུ་རྒྱལ་པོས་ཡང་སྐྱར་བཙུན་མོ་ལ། ད་བཙུན་མོ་ཨེསི་ཐར་ཁྱེད་ལ་ཞུ་བ་ཅི་ཡོད། ཁྱེད་ལ་གང་འདོད་པ་དེ་ཞུས་ཤིག་དང་ངས་དེ་སྒྲུབ་པར་བྱེད་རྒྱུ་ཡིན། ངས་ཁྱེད་ལ་རང་གི་རྒྱལ་སྲིད་ཕྱེད་ཀ་བར་དུའང་སྟེར་བར་བྱའོ་ཞེས་གསུངས་སོ། 3དེའི་ལན་དུ་བཙུན་མོ་ཨེསི་ཐར་གྱིས། ཀྱེ་རྒྱལ་པོ། ཁྱེད་ཐུགས་མཉེས་པ་ཡིན་ན་ངས་ཉམས་ཆུང་གི་སྒོ་ནས་ཞུས་པའི་ཞུ་བར་ཁས་ལེན་གནང་བར་མཛོད། ཁོ་མོས་ཞུ་བ་འབུལ་བའི་སྙིང་དོན་ནི། ཁོ་མོ་རང་ཉིད་གསོན་པོར་གནས་ཆོག་པ་མ་ཟད། ཁོ་མོའི་མི་བརྒྱུད་རྣམས་ཀྱང་དེ་བཞིན་གསོན་པོར་གནས་ཆོག་པའི་ཁེ་དབང་གནང་རོགས་གནང། 4ཁོ་མོ་དང་ཁོ་མོའི་མི་བརྒྱུད་དང་བཅས་པ་སྡེབ་གསོད་གཏོང་བའི་ཕྱིར་གཞན་གྱི་ལག་ཏུ་བཙོང་ཟིན་འདུག གལ་ཏེ་ང་ཚོ་བྲན་འཁོལ་དུ་བཙོང་ཟིན་པའི་གནས་ཚུལ་ཅིག་པོ་ཡིན་པ་ཡིན་ན། ཁོ་མོ་ཁ་རོགས་བསྡད་པ་ཡོད། དེའི་སྐོར་ཁྱེད་ལ་ཐུགས་བསུན་ནམ་ཡང་ཞུས་པ་མེད། འོན་ཀྱང་ང་ཚོ་ནི་ཡོངས་སུ་རྩ་མེད་གཏོང་བའི་དུས་ལ་རན་པས་ཕྱིར་རོ་ཞེས་ཞུས་སོ། 5དེ་ནས་ཨ་ཧ་སུ་རསེ་རྒྱལ་པོས་བཙུན་མོ་ཨེསི་ཐར་ལ། ལས་ངན་དེ་ལྟ་བུ་བྱེད་ནུས་མཁན་དེ་སུ་ཡིན་ནམ། མི་དེ་གང་དུ་ཡོད་དམ། ཞེས་གསུངས་པའི་བཀའ་ལན་དུ། 6བཙུན་མོ་ཨེསི་ཐར་གྱིས། ང་ཚོའི་དགྲའོ། ང་ཚོའི་མནར་གཅོད་གཏོང་མཁན་མི་འདི་ནི་ཧ་མན་ངན་པ་དེ་རང་ཡིན་ནོ་ཞེས་ཞུས་པ་དང། ཧ་མན་དངངས་སྐྲག་ཆེན་པོ་དང་བཅས་རྒྱལ་པོ་དང་བཙུན་མོ་གཉིས་ལ་བལྟས་སོ། 7རྒྱལ་པོ་ཐུགས་རབ་ཏུ་ཁྲོས་ཤིང། གཟིམས་ཆུང་ནས་ཕྱིར་ཐོན་ཏེ་ཕོ་བྲང་གི་ལྡུམ་རའི་ནང་དུ་ཕེབས་པ་དང། ཧ་མན་གྱི་སེམས་ལ། ད་རྒྱལ་པོས་ང་ལ་ཉེས་ཆད་གནང་རྒྱུ་ཐུགས་ཐག་ཆོད་བཞག་བསམ་ནས། བཙུན་མོ་ཨེསི་ཐར་ལ་ཁོའི་སྲོག་སྐྱོབས་རོགས་གནང་ཞེས་ཞུ་བའི་ཕྱིར་རང་གནས་སུ་གནས་པ་དང། 8རྒྱལ་པོ་ལྡུམ་ར་ནས་རང་གི་གཟིམས་ཆུང་དུ་ཕྱིར་ལོག་ཕེབས་སྐབས། ཧ་མན་གྱིས་བཙུན་མོ་ཨེསི་ཐར་ཐུགས་རྗེ་གཟིགས་རོགས་གནང་ཞེས་ཞུ་འབུལ་བྱེད་ཕྱིར། བཙུན་མོའི་གཟིམས་ཁྲིའི་ཁར་ཁ་འབུབ་ཏུ་འགྱེལ་ཡོད་པ་དང། རྒྱལ་པོས་དེ་གཟིགས་ནས་གསུང་སྐད་ཆེན་པོས། མི་འདིས་ངའི་ཕོ་བྲང་ནང་དུ་ངས་མཐོང་ངོར་བཙུན་མོ་ལ་བཙན་དབང་བྱེད་པར་འདོད་དམ། རྒྱལ་པོའི་ཞལ་ནས་གསུངས་སྐད་དེ་འཐོན་མ་ཐག་ཏུ། ཉུག་རུམ་པ་ཚོས་ཧ་མན་གྱི་མགོ་བཏུམས་སོ། 9དེ་ནས་ཉུག་རུམ་པའི་ནང་ནས་ཧར་བོ་ན་ཞེས་པ་དེས། རྒྱལ་པོའི་སྐུ་སྲོག་སྐྱོབ་མཁན་མོར་དོ་ཀཡེ་ལ་རྐྱོང་བའི་ཕྱིར་ཧ་མན་གྱིས་མི་ཊར་ཉི་ཤུ་རྩ་གཉིས་བྱེད་པའི་འཕྱར་ཤིང་ཞིག་ཀྱང་རང་གི་ཁང་པའི་མདུན་དུ་བསླངས་བཞག་ཅེས་ཞུས་པ་དང། རྒྱལ་པོས་དེའི་ཁར་ཁོ་རང་རྐྱོངས་ཤིག་ཅེས་བཀའ་གནང་ངོ་། 10དེར་བརྟནེ་ཧ་མན་གྱི་མོར་དོ་ཀཡེ་ཆེད་དུ་བཟོས་པའི་འཕྱར་ཤིང་དེའི་ཁར་ཁོ་རང་ལ་འཕྱར་དགོས་བྱུང་ངོ། དེ་རྗེས་རྒྱལ་པོའི་ཐུགས་ཁྲོ་ཞི་བར་གྱུར་ཏོ༎

ཨེསེ་ཐར 8

ཡ་ཧུ་ད་པ་ཚོས་གཞན་ལ་འཐབ་རྒོལ་བྱེད་ཆོག་པའི་དབང་ཆ་ཐོབ་པ།

1ཉིན་མོ་དེ་རང་ལ་རྒྱལ་པོ་ཨ་ཧ་སུ་རསེ་ཀྱིས་ཡ་ཧ་ད་པ་རྣམས་ཀྱི་དགྲ་བོ་ཧ་མན་གྱི་རྒྱུ་དངོས་ཚང་མ་བཙུན་མོ་ཨེསི་ཐར་ལ་གནང་ངོ། དེ་རྗེས་ཨེསི་ཐར་གྱིས་མོར་དོ་ཀཡེ་ནི་མོའི་གཉེན་མཚན་ཡིན་པའི་སྐོར་རྒྱལ་པོ་ལ་ཞུས་པས། ཉིན་དེ་ནས་བཟུང་མོར་དོ་ཀཡེ་རྒྱལ་པོའི་དྲུང་དུ་བཅར་ཆོག་པ་ཡིན་ནོ། 2དེ་ནས་རྒྱལ་པོས་ཧ་མན་ནས་ཕྱིར་སློག་བླངས་པའི་ཉིད་ཀྱི་ཐམ་ག་བརྒྱབ་པའི་སོར་གདུབ་དེ་ཕྱག་ནས་ཕུད་དེ། མོར་དོ་ཀཡེ་ལ་གནང་ངོ་། ཨེསི་ཐར་གྱིས་མོར་དོ་ཀཡེ་ལ་ཧ་མན་གྱི་རྒྱུ་དངོས་ཚང་མའི་དོ་དམ་པར་བསྐོས་སོ། 3དེ་རྗེས་ཨེསི་ཐར་གྱིས་སླར་ཡང་རྒྱལ་པོའི་ཞབས་ལ་དབུ་བཏུད་དེ། སྤྱན་ཆབ་བསིལ་བཞིན་དུ། ཨ་གག་རིགས་བརྒྱུད་ལས་ཡིན་པ་ཧ་མན་གྱིས་ཡ་ཧུ་ད་པ་རྣམས་ལ་གནོད་འཚེ་བྱེད་ཕྱིར་བཤམས་པའི་བྱུས་ངན་དེ་འགོག་ཐབས་ཡོན་བ་ཞིག་མཛད་དུ་གསོལ་ཞེས་ཞུ་འབུལ་བྱས་པ་དང། 4རྒྱལ་པོས་ཨེསི་ཐར་གྱི་ཕྱོགས་གསེར་གྱི་ཕྱག་བེར་དེ་བཏེགས་པས། ཁོང་རྒྱལ་པོའི་དྲུང་དུ་ཡར་བཞེངས་ནས། 5གལ་ཏེ་རྒྱལ་པོས་ཁོ་མོར་ཐུགས་དགྱེས་ཤིང་རྒྱལ་པོའི་གཟིགས་པ་རྙེད་དེ། ཁོ་མོའི་ཞུ་འབོད་དེ་རྒྱལ་པོའི་གཟིགས་ངོར་འོས་པ་ཞིག་དགོངས་ན་། ཨ་གག་རིགས་བརྒྱུད་པ་ཧ་མེ་དྷ་ཐའི་བུ་ཧ་མན་གྱིས་རྒྱལ་ཁམས་ཀུན་ཏུ་ཡོད་པའི་ཡ་ཧུ་ད་པ་ཚང་མ་མེད་པར་བཟོ་ཕྱིར་ཁྱབ་བསྒྲགས་བྱས་པའི་བཀའ་དེ་བརྩི་མེད་བཟོས་ཕྱིར། སྐུ་ཉིད་ནས་བཀའ་ཤོག་གཅིག་འབྲི་བར་མཛོད། 6ཁོ་མོའི་མི་བརྒྱུད་ལ་གནོད་སྐྱོན་འདི་ལྟབུ་ཞིག་བྱུང་སྟེ། ཁོ་མོའི་གཉེན་མཚན་རྣམས་ཤི་དགོས་པ་བྱུང་ན། ངས་དེ་ལ་ཇི་ལྟར་བལྟ་ཞིང་བཟོད་པར་ནུས་ཞེས་ཞུས་པ་དང། 7རྒྱལ་པོ་ཨ་ཧ་སུ་རསེ་ཀྱིས་བཙུན་མོ་ཨེསི་ཐར་དང་ཡ་ཧུ་ད་པ་མོར་དོ་ཀཡེ་གཉིས་ལ་བཀའ་བསྒོ་བ། ལྟོས་ཤིག། ཧ་མན་གྱིས་ཡ་ཧུ་ད་པ་རྣམས་ལ་བྱུས་ངན་བཤམས་པའི་ཉེས་ལན་དུ། ངས་ཁོ་ལ་འཕྱར་ཤིང་ལ་བརྐྱངས་པ་ཡིན། དེ་ཙམ་མ་ཟད་ཁོའི་རྒྱུ་དངོས་ཚང་མ་ངས་ཨེསི་ཐར་ལ་སྟེར་བ་ཡིན། 8འོན་ཀྱང་རྒྱལ་པོའི་མིང་ཐོག་ཏུ་བྲིས་པའི་བཀའ་ཤོག་དེའི་ཁར། རྒྱལ་པོའི་སོར་གདུབ་ཀྱི་ཐམ་ག་བརྒྱབ་ཟིན་པ་དེ་ནི། མི་སུས་ཀྱང་བསྒྱུར་ཟློག་བྱེད་མི་ཐུབ། དེ་བས་ཡ་ཧུ་ད་པ་རྣམས་ལ་ཁྱོད་ཚོའི་འདོད་མོས་ལྟར་གྱི་དོན་གནད་གཞན་ཞིག་ངའི་མིང་ཐོག་ཏུ་བྲིས་ཏེ། དེར་ངའི་སོར་གདུབ་ཀྱི་ཐམ་ག་བརྒྱབ་ནས་གཏོང་ཞིག 9ཡང་གནས་ཚུལ་དེ་ནི་སི་ཝན་ཞེས་པའི་ཟླ་བ་གསུམ་པའི་ཚེས་ཉེར་གསུམ་གྱི་ཉིན་བྱུང་ཞིང། མོར་དོ་ཀཡེས་རྒྱལ་པོའི་དྲུང་ཡིག་རྣམས་བོས་ཏེ། རྒྱ་གར་ནས་ཨི་ཐི་ཨོ་པི་ཡ་བར་མངའ་སྡེ་ ༡༢༧ ཁག་ཏུ་ཡོད་པའི་ཡ་ཧུ་དཱ་པ་རྣམས་དང། སྲིད་ཚབ་རྣམས་དང། དེ་བཞིན་གཞུང་ཞབས་དང་ལས་བྱེད་པ་ཁག་ལ། མངའ་སྡེ་སོ་སོའི་སྐད་ཡིག་དང་འབྲི་སྲོལ་བཞིན་དུ་ཡི་གེ་འབྲི་རུ་བཅུག་ཅིང། 10ཡང་ཡི་གེ་དེ་དག་ནི་རྒྱལ་པོའི་མཚན་ཐོག་ཏུ་བྲིས་ཏེ། རྒྱལ་པོའི་སོར་གདུབ་ཀྱི་ཐམ་ག་བརྒྱབ་ནས། རྒྱལ་པོའི་ཆིབས་ར་ནས་བང་ཆེ་བའི་རྟ་པ་རྣམས་བརྒྱུད་དེ་ཡུལ་སོ་སོར་བཏང་ངོ། 11བཀའ་ཤོག་དེ་དག་གི་ནང་དུ། རྒྱལ་པོའི་གྲོང་ཁྱེར་ཀུན་ཏུ་གནས་པའི་ཡ་ཧུ་ད་པ་རྣམས་ལ། རང་རང་སོ་སོའི་སྲུང་སྐྱོབ་ཀྱི་ལས་འགུལ་བྱེད་ཆོག་པའི་བཀའ་བྲིས་ཡོད་པ་དང། དེ་ཙམ་མ་ཟད་མངའ་སྡེ་གང་རུང་དུ་ཁོ་ཚོར་མི་རིགས་སུ་འདྲ་ཞིག་གིས་ཀྱང་དམག་འཐབ་པ་ཡིན་ན། དེར་ཁོ་ཚོས་ཕར་རྒོལ་བྱེད་དེ། དགྲ་བོའི་སྐྱེ་དམན་བུ་ཕྲུག་དང་བཅས་པ་ཚར་གཅོད་བྱདེ་ཅིང། དེ་ཚོའི་མི་མཐའ་མར་མ་ཐུག་བར་དུ་སྡེབ་གསོད་བཏང་སྟེ། དེ་ཚོའི་རྒྱུ་དངོས་ཚང་མ་འཕྲོག་བཅོམ་བྱེད་ཆོག་ཅེས་གསལ་ཡོད་པ་ཡིན་ནོ། 12ཡང་བཀའ་རྒྱ་དེ་ནི། སྔར་ཡ་ཧུ་ད་པ་རྣམས་ལ་སྡེབ་གསོད་གཏོང་རྒྱུའི་གཏན་འབེབས་བྱས་པའི་ཉིན་ཞག་གམ། ཨ་དྷར་ཞེས་པའི་ཟླ་བ་བཅུ་གཉིས་པའི་ཆེས་བཅུ་གསུམ་གྱི་ཉིན་མོ་ནས་བཟུང་སྟེ། པར་ཤི་ཡའི་རྒྱལ་ཁམས་ཀུན་ཏུ་ལག་ལེན་བསྟར་རྒྱུར་ངེས་པ་ཡིན་ནོ། 13ཡ་ཧུ་ད་པ་རྣམས་ཀྱིས་རང་གི་དགྲ་ཤ་ལེན་ཕྱིར་གྲ་སྒྲིགས་བྱས་ནས་བསྡད་པའི་ཆེད་དུ། མངའ་སྡེ་རེ་རེའི་ནང་བཀའ་རྒྱ་དེབཞིན་ཡུལ་ཁྲིམས་ཀྱི་ཚུལ་དུ་མི་རེ་རེར་ཁྱབ་བསྒྲགས་བྱེད་རྒྱུར་ཐག་གཅོད་བྱས་ཏེ། 14རྒྱལ་པོའི་བཀའ་བསྒོས་བཞིན་བང་མགྱོགས་ཆེ་བའི་རྟ་པ་རྣམས་ཕྱིན་ཏེ། བཀའ་རྒྱ་དེ་བཞིན་རྒྱལ་ས་སུ་ས་རུའང་ཁྱབ་བསྒྲགས་བྱས་སོ། 15དེར་མོར་དོ་ཀཡེས་ལུས་ལ་རས་ཀ་ཤི་ཀ་ལས་བཟོས་པའི་རྒྱལ་པོའི་ན་བཟའ་ཚོས་གཞི་སྔོན་པོ་དང་དཀར་པོ་དང་དེའི་ཁར་སྟོད་གོས་མུ་མན་བྱས་པ་ཞིག་གྱོན་ཏེ། དེ་བཞིན་མགོ་ལ་གསེར་གྱི་ཅོད་པན་རྒྱས་སྤྲོས་ལྡན་པ་ཞིག་གྱོན་ནས་ཕོ་བྲང་ནས་ཕྱིར་ཐོན་པ་དང། རྒྱ་ས་སུ་སའི་གཞུང་ལམ་ཁུལ་དུ་དགའ་མགུའི་སྐད་དབྱངས་ཆེན་པོས་གང་ངོ། 16གང་ལ་ཟེར་ན་། ཡ་ཧུ་དཱ་པའི་མི་བརྒྱུད་རྣམས་ཀྱི་དཀྱིལ་དུ་བདེ་སྐྱིད་དང་དགའ་ཚོར་ཆེན་པོ་བྱུང་བ་དང་། རྒྱལ་ཁ་ཐོབ་པ་ལྟ་བུའི་དགའ་སྣང་ཆེན་པོ་ཞིག་བྱུང་ངོ། 17རྒྱལ་པོའི་བཀའ་ཤོག་སྒྲོག་སྦྱང་བྱས་པའི་གྲོང་ཁྱེར་དང་མངའ་སྡེ་རེ་རེར་ཡ་ཧུ་དཱ་པ་ཚོས་དགའ་སྟོན་ཆེན་པོའི་མགྲོན་ཞིག་བཤམས་ཏེ། ཉིན་དེ་ལ་ཚང་མས་གུང་སངས་བཏང་བ་དང་། མི་མང་པོ་ཡ་ཧུ་དཱ་པ་རྣམས་ལ་ཞེད་ནས་ཁོ་ཚོའང་ཡ་ཧུ་ད་པའི་ལུགས་སུ་བཞུགས་སོ༎

ཨེསེ་ཐར 9

ཡ་ཧུ་དཱ་པ་ཚོས་རང་གི་དགྲ་བོ་བཏུལ་བ།

1དེ་ནས་ཨ་དྷར་ཟླ་བའི་ཚེས་བཅུ་གསུམ་གྱི་ཉིན་མོར། རྒྱལ་པོའི་བཀའ་ཤོག་ལག་ལེན་བསྟར་བའི་དུས་ལ་བབས་ཏེ། ཡ་ཧུ་དཱ་པའི་དགྲ་བོ་རྣམས་ཀྱིས་ཁོ་ཚོར་དབང་འཛིན་བྱེད་པའི་རེ་འདོད་བྱས་སོ། འོན་ཀྱང་དེ་བཞིན་མ་བྱུང་བར། ཡ་ཧུ་ད་པ་ཚོས་ཁོ་ཚོའི་ཐོག་ཏུ་དབང་འཛིན་བྱས་སོ། 2ཡ་ཧུ་ད་པ་རྣམས་གནས་སྡོད་བྱས་པའི་ཡུལ་གྱི་གྲོང་ཁྱེར་ཀུན་ཏུ། ཁོ་ཚོར་དབང་སྣོན་བྱེད་མཁན་རྣམས་ལ་འཐབ་རྒོལ་བྱེད་རྒྱུའི་གྲ་སྒྲིགས་བྱས་པས། ས་ཕྱོགས་ཀུན་གྱི་མི་རྣམས་ཁོ་ཚོར་ཞེད་ཅིང། སུས་ཀྱང་ཁོ་ཚོར་གདོང་ལེན་བྱེད་མ་ནུས་སོ། 3མངའ་སྡེ་སོ་སོའི་ལས་བྱེད་པ་ཁག་དང། སྲིད་ཚབ་དང། གཞུང་ཞབས་ཁག་དང། གཞན་ཡང་རྒྱལ་པོའི་སྐུ་ཚབ་ཚོས་ཡ་ཧུ་དཱ་པ་རྣམས་ལ་རོགས་རམ་བྱེད་ཀྱི་ཡོད་པ་དང་། གང་ལ་ཟེར་ན་དེ་དག་ཚང་མས་མོར་དོ་ཀཡེས་ལ་ཞེད་ཀྱི་ཡོད་དོ། 4མོར་དོ་ཀཡེ་ཕོ་བྲང་ནང་དུ་དབང་ཆེན་པོར་འགྱུར་ཡོད་པ་དང་། ད་དུང་ཁོའི་དབང་ཤུགས་ཇེ་ཆེར་འགྲོ་གི་ཡོད་པའི་གནས་ཚུལ་དེ་ནི་ཡུལ་ཀུན་ཏུ་ཡོངས་གྲགས་ཤིག་ཆགས་ཡོད་དོ། 5དེ་ལྟར་ཡ་ཧུ་དཱ་པ་ཚོས་རང་གི་དགྲ་བོ་ཚང་མར་རལ་གྲིས་བསད་པ་དང་ཚར་གཅད་དོ། རང་ཉིད་ལ་སྡང་བར་བྱེད་མཁན་རྣམས་ཀྱི་ཐོག་ཏུ་དེ་ཚོས་རང་འདོད་བཞིན་བྱས་སོ། 6རྒྱལ་ས་སུ་ས་རང་དུ་ཡ་ཧུ་ད་པ་ཚོས་མི་གྲངས་ ༥༠༠ བསད་ཡོད་ཅིང་། 7-10དེའི་ཁོངས་སུ་ཧ་མན་གྱི་བུ་བཅུ་དང། ཡ་ཧུ་ད་པ་རྣམས་ཀྱི་དགྲ་བོ་ཧ་མེ་དྷ་ཐའི་བུ་དང། པར་ཤན་དྷ་ཐ་དང། དྷལ་ཕོན་དང། ཨསི་པ་ཐ་དང། པོ་ར་ཐ་དང། ཨ་ད་ལི་ཡ་དང། ཨ་རི་དྷ་ཐ་དང། པར་མ་ཤི་ཐ་དང། ཨ་རི་སཨེ་དང། ཨ་རི་དའི་དང་ཝཡེ་ཛ་ཐ་བཅས་ཡོད་པ་ཡིན་ནོ། ཡང་སྐབས་དེར་སུས་ཀྱང་འཕྲོག་བཅོམ་སོགས་གང་ཡང་མ་བྱས་སོ། 11སུ་ས་རུ་སྲག་སྐྱོན་བཏང་བའི་མིའི་གྲངས་འབོར་གྱི་སྐོར་ལ། ཉིན་དེ་རང་ལ་རྒྱལ་པོར་སྙན་གསན་ཞུས་སོ། 12རྒྱལ་པོས་བཙུན་མོ་ཨེསི་ཐར་ལ། ཡ་ཧུ་ད་པ་ཚོས་སུ་ས་རུ་གཅིག་པུར་མི་གྲགས་ ༥༠༠ བསད་བཞག། དེའི་ཁོངས་སུ་ཧ་མན་གྱི་བུ་བཅུའང་བསད་བཞག། མངའ་སྡེ་གཞན་དུ་ཁོ་ཚོས་དེ་ལས་ལྷག་པར་གང་བྱས་ཡོད་དམ། ད་དུང་ཁྱེད་ལ་གང་དགོས་པ་དེ་ང་ལ་སྨྲོས་ཤིག་དང། ཁྱེད་ཀྱི་འདོད་མོས་བཞིན་དུ་ངས་སྒྲུབ་པར་བྱའོ་ཞེས་གསུངས་པ་དང། 13བཙུན་མོ་ཨེསི་ཐར་གྱི་ཞུ་ལན་དུ། གལ་ཏེ་རྒྱལ་པོས་ཁོ་མོར་ཐུགས་མཉེས་ན། སུ་སའི་ཡ་ཧུ་ད་པ་རྣམས་ལ་དེ་རིང་གང་བྱེད་བཅུག་པ་བཞིན་སང་ཉིན་ཡང་དེ་བཞིན་བྱེད་ཆོག་པ་དང། ཧ་མན་གྱི་བུ་བཅུ་པོའི་རོ་དེ་འཕྱར་ཤིང་ལ་བརྐྱང་དགོས་པའི་བཀའ་གནང་བར་མཛོད་ཅེས་ཞུས་པ་བཞིན། 14རྒྱལ་པོས་དེ་བཞིན་རྒྱལ་ས་སུ་ས་རུ་བཀའ་ཤོག་གནང་སྟེ། ཧ་མན་གྱི་བུ་བཅུ་པོའི་རོ་དེ་མི་ཚང་མས་མཐོང་སར་འཕྱར་ཤིང་ལ་བརྐྱངས་སོ། 15དེ་ནས་ཨ་དྷར་ཟླ་བའི་ཚེས་བཅུ་བཞིའི་ཉིན་སུ་ས་རུ་ཡོད་པའི་ཡ་ཧུ་དཱ་པ་རྣམས་ཕྱོགས་གཅིག་ཏུ་འདུས་ཏེ། དེ་ཉིན་ཡང་མི་གྲགས་སུམ་བརྒྱ་བསད་དེ། སླར་ཡང་ཁོ་ཚོས་འཕྲོག་བཅོམ་སོགས་གང་ཡང་མ་བྱས་སོ། 16ཡང་མངའ་སྡེ་གཞན་དུ་ཡོད་པའི་ཡ་ཧུ་ད་པ་ཚོས་ཀྱང་རང་རང་སོ་སོའི་སྲུང་སྐྱོབ་བྱེད་ཕྱིར་གོ་སྒྲིགས་བྱས་ཤིང། ཁོ་ཚོར་སྡང་སེམས་བྱེད་པའི་དགྲ་བོ་ ༧༥,༠༠༠ བདུན་ཁྲི་ལྔ་སྟོང་བསད་དེ། དགྲ་བོས་འཇིགས་པ་ལས་ཐར་བར་བྱས་སོ། འོན་ཀྱང་འཕྲོག་བཅོམ་སོགས་གང་ཡང་མ་བྱས་སོ། 17ཡང་ཨ་དྷར་ཟླ་བའི་ཚེས་བཅུ་གསུམ་གྱི་ཉིན་འཁེལ་བ་ཡིན་ཏེ། དེའི་སང་ཉིན་ཚེས་བཅུ་བཞིའི་ཉིན་མོར་སྲོག་གཅོད་སོགས་གང་ཡང་མ་བྱས་པར། མགྲོན་དང་དགའ་སྟོན་བྱེད་པའི་ཉིན་མོར་རྩིས་སྲུང་བྱས་སོ། 18སུ་ས་རུ་གནས་སྡོད་བྱེད་པའི་ཡ་ཧུ་དཱ་པ་རྣམས་ཀྱིས་ཚེས་བཅུ་གསུམ་དང་བཅུ་བཞིའི་ཉིན་མོར་རང་གི་དགྲ་བོ་རྣམས་སྡེབ་གསོད་བྱས་ཤིང། ཚེས་བཅོ་ལྔར་དམག་འཐབ་ཀྱི་ལས་འགུལ་དེ་མཚམས་འཇོག་བྱས་ཏེ། དེ་ཉིན་ཁོ་ཚོས་གུང་སངས་རྩིས་སོ། 19དེར་བརྟེན་གྲོང་སྡ་ལ་ཆུང་ཁག་ཏུ་གནས་པའི་ཡ་ཧུ་ད་པ་ཚོས། ཨ་དྷར་ཟླ་བའི་ཚེས་བཅུ་བཞི་དེ་ནི། དགའ་སྟོན་བྱེད་པའི་སྤྲོ་སངས་ཀྱི་ཉིན་མོ་དང། ཕན་ཚུན་གཅིག་གིས་གཅིག་ལ་ཁ་ཟས་ཀྱི་གནང་སྦྱིན་སྐལ་བ་གཏོང་ལེན་བྱེད་པའི་ཉིན་ཞག་ཞིག་ཏུ་རྩིས་སྲོལ་ཡོད་པ་ཡིན་ནོ༎

པུ་རིམ་གྱི་དུས་སྟོན།

20མོར་དོ་ཀཡེས་གནས་ཚུལ་དེ་དག་ཡིག་ཐོག་ཏུ་བཀོད་དེ། པར་ཤི་ཡའི་རྒྱལ་ཁམས་ཀྱི་ས་གནས་ཉེ་འགྱངས་ཀུན་ཏུ་གནས་པའི་ཡ་ཧུ་ད་པ་རྣམས་ལ་བཏང་བ་དང། 21ཡང་ཡི་གེ་དེའི་ནང་གསལ། ཨ་དྷར་ཟླ་བའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ནི་ལོ་ལྟར་གུང་སངས་ཀྱི་ཚུལ་དུ་རྩིས་དགོས་སོ། 22གང་ལ་ཟེར་ན་། ཉིན་དེ་གཉིས་ལ་ཡ་ཧུ་དཱ་པ་རྣམས་རང་གི་དགྲ་བོར་ཚར་བཅད་ནས། སྡུག་བསྔལ་དང་རེ་ཐབས་བྲལ་བའི་གནས་སྟངས་ལས་གྲོལ་ཏེ། དགའ་སྐྱིད་ཀྱི་གནས་སུ་འཁོད་པའི་ཟླ་དུས་ཡིན་པས་ཕྱིར་རོ། དེ་བས་ན་ཉིན་དེ་གཉིས་ལ་མགྲོན་དང་དགའ་སྟོན་བཤམས་ཏེ། དབུལ་པོ་རྣམས་ལ་ཁ་ཟས་སྦྱིན་པ་དང། ཕན་ཚུན་སོ་སོར་ཁ་ཟས་སོགས་ཀྱི་གནང་སྦྱིན་གཏོང་ལེན་བྱེད་པའི་དུས་བཟང་ཞིག་ཏུ་རྩིས་དགོས་པའི་བཀའ་བསྒོས་བྱུང་བ་བཞིན། 23ཡ་ཧུ་ད་པ་རྣམས་ཀྱིས་མོར་དོ་ཀཡེའི་བཀའ་ལ་རྩིས་ཏེ། དུས་སཏོན་དེ་ནི་ལོ་རེར་རྩིས་དགོས་པའི་ལམ་སྲོལ་ཞིག་ཏུ་ཆགས་སོ། 24ཨ་གག་རིགས་བརྒྱུད་ལས་ཡིན་པ། ཡ་ཧུ་ད་པ་རྣམས་ཀྱི་དགྲ་བོ་ཧ་མེ་དྷ་ཐའི་བུ་ཧ་མན་གྱིས་སྔར་ཡ་ཧུ་ད་པ་རྣམས་རྩ་མེད་བཟོ་ཕྱིར་བཤམས་པའི་བྱུས་ངན་དེ་བཞིན་ཉིན་ཞག་གང་གི་ཐོག་ཏུ་ལག་ལེན་བསྟར་ན་ལེགས་སམ་ཞེས་པུ་རིམ་ཞེས་པའི་མོ་བཏབ་བོ། 25འོན་ཀྱང་བཙུན་མོ་ཨེསི་ཐར་རྒྱལ་པོའི་དྲུང་དུ་བཅར་བས། དེའི་སྐོར་རྒྱལ་པོའི་བཀའ་ཤོག་གནང་བའི་འགྲུབ་འབྲས་སུ། ཡ་ཧུ་དཱ་པ་རྣམས་ལ་བཤམས་པའི་བྱུས་ཉེས་དེ་ཧ་མན་རང་གི་ཐོག་ཏུ་འཁོར་ནས། ཁོ་རང་ཕ་བུ་དང་བཅས་པ་འཕྱར་ཤིང་ཁར་འཕྱར་དགོས་བྱུང་ངོ། 26དེར་བརྟེན་དུས་སྟོན་དེའི་མིང་ལ་པུ་རིམ་ཞེས་གྲགས་པ་ཡིན་ནོ། ཡང་མོར་དོ་ཀཡེས་བྲིས་པའི་བཀའ་ཡིག་གཞིར་བཟུང་དང། དེ་ཚོའི་ཐོག་ཏུ་གང་བྱུང་བའི་གནས་ཚུལ་གཞིར་བཟུང་ལྟར། 27ཡ་ཧུ་དཱ་པ་ཚོས་ད་ཕྱིན་ཁོ་ཚོ་དང་ཁོ་ཚོའི་བུ་བརྒྱུད་རྣམས་དང། དེ་བཞིན་ཡ་ཧུ་དཱ་པའི་ལུགས་སུ་ཞུགས་མཁན་སུ་ཡིན་རུང། དེ་ཚོས་མོར་དོ་ཀཡེའི་བཀའ་དགོངས་ལྟར་ལོ་ལྟར་རེ་བཞིན་ཟླ་དུས་སོ་སོར་ཉིན་ཞག་དེ་གཉིས་ཆག་མེད་དུ་རྩིས་སྲུང་བྱེད་དགོས་པའི་ཁྲིམས་ཤིག་བཟིས་སོ། 28མངའ་སྡེ་ཀུན་གྱི་གྲོང་ཁྱེར་ཚང་མར་མ་འོངས་པ་ན་ཡ་ཧུ་ད་པའི་རིགས་བརྒྱུད་ཀྱི་ཁྱིམ་ཚང་རེ་རེས་པུ་རིམ་གྱི་ཞག་དུས་དེ་རྣམས་དུས་ཀུན་ཏུ་དྲན་གསོ་བྱེད་ཅིང། དེ་དག་རྩིས་སྲུང་བྱེད་དགོས་རྒྱུའི་ཐག་གཅོད་བྱས་པ་ཡིན་ནོ། 29པུ་རིམ་གྱི་སྐོར་ལ་སྔར་མོར་དོ་ཀཡེས་བྲིས་པའི་ཡི་གེའི་རྒྱབ་སྣོན་དུ། ཨ་བྷི་ཧེལ་གྱི་བུ་མོ་ཨེསི་ཐར་ནས་ཀྱང་ནུས་ཤུགས་ལྡན་པའི་རྒྱབ་སྐྱོར་དང་བཅས་བཀའ་ཡིག་གཅིག་བྲིས་ཏེ། 30ཡི་གེ་དེ་ཡ་ཧུ་ད་པ་ཚང་མའི་མིང་ཐོག་ཏུ་བྲིས་ཤིང། དེའི་ངོ་ཤུས་ཁག་ནི་པར་ཤི་ཡའི་རྒྱལ་ཁམས་ཀྱི་མངའ་སྡེ་ ༡༢༧ ཚང་མར་བཏང་ངོ། ཡང་བཀའ་ཡིག་དེའི་ནང་གསལ། ཡ་ཧུ་ད་པ་རྣམས་ལ་ཞི་བདེ་དང་སྲུང་སྐྱོབ་ཡོང་བའི་སྨོན་ཚིག་བཅས་འཁོད་ཡོད་དོ། 31སྨྱུང་གནས་སྲུང་ཆོག་སྐོར་དང། མྱ་ངན་བྱེད་ཆོག་སྐོར་གྱི་ཁྲིམས་སྲོལ་བརྩི་སྲུང་བྱེད་བཞིན། པུ་རིམ་གྱི་དུས་སྟོན་དེའང་ལོ་དུས་སོ་སོར་བཙི་སྲུང་བྱེད་དགོས་ཅེས་ཁོ་ཚོ་དང་ཁོ་ཚོའི་མ་འོངས་པའི་བུ་བརྒྱུད་རྣམས་ལ་བཀའ་བཏང་ཡོད་པ་དང། གོང་གསལ་བཀའ་དེ་ནི་མོར་དོ་ཀཡེ་དང་བཙུན་མོ་ཨེསི་ཐར་གྱི་ཕྱོགས་ནས་བཏང་བ་ཡིན་ནོ། 32ཡང་པུ་རིམ་གྱི་དུས་སྟོན་སྲུང་ཆོག་སྐོར་གྱི་ཁྲིམས་སྲོལ་དེ་ལ་བཙུན་མོ་ཨེསི་ཐར་གྱིས་རྒྱ་སྣོན་གནང་བའི་བཀའ་ཡིག་དེ་ནི་ཤོག་སྒྲིལ་ཞིག་ཏུ་བྲིས་ཡོད་པ་ཡིན་ནོ༎

ཨེསེ་ཐར 10

རྒྱལ་པོ་ཨ་ཧ་སུ་རསེ་དང་མོར་དོ་ཀཡེ་མངའ་ཐང་།

1རྒྱལ་པོ་ཨ་ཧ་སུ་རསེ་ཀྱིས་རང་གི་རྒྱལ་ཁམས་ཀྱི་དབུས་ཀྱི་ས་ཁུལ་ཁག་དང། རྒྱ་མཚོའི་མཐའ་མཚམས་ཀྱི་ས་ཁུལ་ཁག་ཏུ་མི་ངས་རྩོལ་བྱེད་བཅུག་གོ 2རང་གིས་བྱས་པའི་མཛད་པ་རླབས་ཆེན་དང་ངོ་མཚར་ཆེ་བ་རྣམས་ཀྱི་སྐོར་དང། མོར་དོ་ཀཡེ་ལ་ཇི་ལྟར་གོ་གནས་སྤར་བའི་སྐོར་གྱི་ལོ་རྒྱུས་ཚང་མ་པར་སི་ཡ་དང་མ་དཱའི་རྒྱལ་པོ་རྣམས་ཀྱི་གཞུང་དེབ་ནང་དུ་བཀོད་ཡོད་དོ། 3ཡང་ཡ་ཧུ་ད་པ་མོར་དོ་ཀཡེ་ནི་རྒྱལ་པོའི་འོག་ཏུ་གོ་གནས་རིམ་པ་གཉིས་པར་འཁོད་ཡོད་པ་དང། རང་རིགས་གཅིག་པའི་ཡ་ཧུ་ད་པ་ཚོས་ཁོང་ལ་གུས་བཀུར་ཞུས་པ་དང་། ཚང་མས་ཁོང་ལ་མོས་གུས་ཆེན་པོ་ཞུ་གི་ཡོད་དོ། ཡང་ཁོང་གིས་རང་གི་མི་རིགས་ཀྱི་བདེ་དོན་དང། དེ་ཚོའི་མི་བརྒྱུད་ཚང་མའི་སྲུང་སྐྱོབ་ཀྱི་ལས་འགུལ་ལ་འབད་བརྩོན་ཆེན་པོ་གནང་ངོ༎

ཡོབ 1

བདུད་ཀྱིས་ཡོབ་ལ་ཚོད་བལྟ་བྱས་པ།

1ཨུཛ་ཀྱི་ཡུལ་དུ་ཡོབ་ཅེས་པའི་སྐྱེ་བོ་ཞིག་ཡོད་པས། ཁོང་ནི་དཀོན་མཆོག་ལ་བསྙེན་བཀུར་ཞུས་པ་དང་དམ་ཚིག་ཅན་ཞིག་ཡོད་དོ། ཁོང་ནི་སྐྱེ་བོ་བཟང་པོ་ཞིག་ཡིན་པ་དང་། ངན་པ་གང་ཡང་མི་བྱ་རྒྱུར་ཟབ་ཟབ་བྱེད་ཀྱི་ཡོད་དོ། 2ཁོང་ལ་བུ་བདུན་དང་བུ་མོ་གསུམ་ཡོད་དོ། 3ལུག་བདུན་སྟོང་དང་། རྔ་མོང་གསུམ་སྟོང་། བ་གླང་ཆིག་སྟོང་། བོང་བུ་ལྔ་བརྒྱ་ཡོད་པ་དང་། ཁོང་ལ་གཡོག་པོ་དང་གཡོག་མོ་སོགས་གྲངས་མང་པོ་ཡོད་པ་དང་། ཤར་ཕྱོགས་ཀྱི་མི་ཚོའི་ནང་ནས་ཁོང་ཕྱུག་ཤོས་ཞིག་ཡིན་ནོ། 4ཡོབ་ཀྱི་བུ་ཚོས་རེ་མོས་ཀྱིས་འཛོམས་ནས་ཐུགས་སྤྲོ་གཏོང་བ་དང་གཞན་ཚང་མ་ཡང་དེར་ཡོང་བ་དང་། དེ་ཚོས་རྟག་ཏུ་རང་གི་སྲིང་མོ་གསུམ་ཡང་མཉམ་དུ་འཛོམས་པའི་ཆེད་དུ་མགྲོན་འབོད་བྱེད་ཀྱི་ཡོད་དོ། 5ཕྲུ་གུ་རེ་རེའི་ཐུགས་སྤྲོ་ཚར་བའི་སང་ཉིན་དེར། ཡོབ་ཞོག་པ་སྔ་པོ་ལངས་ནས་རང་གི་བུ་ཕྲུག་རེ་རེའི་བཞིན་དག་སྦྱང་བྱས་པའི་ཆེད་དམར་མཆོད་འབུལ་གྱི་ཡོད་དོ། གང་ལ་ཟེར་ན། ཁོའི་བསམ་པར་དེ་ཚོའི་ནང་ནས་གཅིག་གིས་མ་ཤེས་པར་དཀོན་མཆོག་ལ་དམའ་འབེབས་ཞུས་ནས་སྡིག་པ་གྱིས་ཡོད་འགྲོ་བསམ་གྱི་ཡོད་པས། ཁོང་གིས་རྒྱུན་དུ་དེ་ལྟར་བྱེད་ཀྱི་ཡོད་དོ། 6ཕོ་ཉ་རྣམས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་བཅར་བའི་ཉི་མོ་དེར་བདུད་དེ་ཚོའི་ཁྲོད་དུ་ཡོད་དོ། 7གཙོ་བོ་དཀོན་མཆོག་གིས་བདུད་ལ། ཁྱོད་ག་རེ་བྱེད་ཀྱི་ཡོད་དམ་ཞེས་བཀའ་འདྲི་གནང་བས། བདུད་ཀྱིས་ལན་དུ། ང་ཕར་ཚུར་འགྲོ་ནས་འཛམ་གླིང་ལ་འཁོར་ནས་ཡོང་བ་ཡིན་ཞེས་ཞུས་པས། 8གཙོ་བོ་དཀོན་མཆོག་གིས་བདུད་ལ། ཁྱོད་ཀྱི་ངའི་ཞབས་ཕྱི་ཡོབ་ལ་དོ་སྣང་བྱུང་ངམ། འཛམ་གླིང་གི་ནང་ན་ཁོ་ལྟར་དམ་ཚིག་ཅན་དང་མི་བཟང་པོ་སུ་ཡང་མེད། ཁོས་ང་ལ་བསྙེན་བཀུར་ཞུས་པ་དང་ངན་པ་གང་ཡང་མི་བྱ་རྒྱུར་ཟབ་ཟབ་བྱེད་ཀྱི་ཡོད་དོ་ཞེས་གསུངས་པས། 9བདུད་ཀྱིས་ལན་དུ། ཡོབ་ཀྱིས་ཁེ་ཕན་མེད་པར་ཁྱེད་ལ་མཆོད་ཀྱི་རེད་དམ། 10ཁྱེད་ཀྱིས་རྒྱུན་དུ་ཁོ་དང་ཁོའི་ནང་མི་དང་། ཁོའི་རྒྱུ་དངོས་རྣམས་ལ་སྲུང་སྐྱོབས་གནང་གི་ཡོད་དོ། ཁྱེད་ཀྱིས་ཁོའི་ལས་ཅི་གྱིས་པ་རྣམས་ལ་བྱིན་རླབས་གནང་བ་དང། ཁྱེད་ཀྱིས་ཁོ་ལ་ཡུལ་ཡོངས་རྫོགས་ཁེངས་པའི་སྒོ་ཕྱུགས་གནང་ཡོད་དོ། 11འོན་ཀྱང་ཁྱེད་ཀྱིས་ད་ལྟ་ཁོ་ལ་གང་ཡོད་པ་རྣམས་ཚུར་བཞེས་པ་ཡིན་ན་ཁོས་ཁྱེད་ཀྱི་ཞལ་ངོར་དམོད་པར་འགྱུར་ཞེས་ཞུས་སོ། 12དེ་ནས་གཙོ་བོ་དཀོན་མཆོག་གིས་བདུད་ལ། དེ་འདྲ་ཡིན་ན་ཁོ་ལ་གང་ཡོད་པ་རྣམས་ཁྱོད་ཀྱི་དབང་དུ་ཡོད་པས། འོན་ཀྱང་ཁྱོད་ཀྱིས་ཡོབ་ཁོ་རང་ལ་གནོད་པ་གང་ཡང་བྱེད་མི་རུང་ངོ་ཞེས་བཀའ་གནང་ངོ་། དེར་བརྟེན་བདུད་དེ་གཙོ་བོ་དཀོན་མཆོག་གི་སྤྱན་སྔ་ནས་ཕྱིན་ནོ༎

ཡོབ་ཀྱི་བུ་ཕྲུག་དང་རྒྱུ་ནོར་རྣམས་མེད་པར་བཟོས་པ།

13ཉིན་ཞིག་ཡོབ་ཀྱི་བུ་ཕྲུག་རྣམས། བུ་རྒན་ཤོས་ཀྱི་ཁྱིམ་དུ་ཐུགས་སྤྲོ་གཏོང་བ་སྐབས་སུ། 14བང་ཆེན་ཞིག་ཡོབ་ཀྱི་སར་རྒྱུགས་ཡོང་ནས་སྨྲས་པ། ང་ཚོ་བ་གླང་གི་ཞིང་རྨོ་བཞིན་ཡོད་པ་དང་། བོང་བུ་རྣམས་ཉེ་འགྲམ་གྱི་རྩ་ཁར་ཡོད་སྐབས་སུ། 15གློ་བུར་དུ་ས་བན་པ་ཚོས་ང་ཚོའི་ཐོག་ཏུ་འཐབ་རྒོལ་བྱེད་ནས་དེ་ཚོ་ཚང་མ་འཕྲོག་པ་མ་ཟད། ཁྱེད་ཀྱི་ཞབས་ཕྱི་ང་མ་གཏོགས་གཞན་ཚང་མ་བསད་སོང་། ང་གཅིག་པོ་ཁྱེད་ལ་ལན་སྐྱེལ་ཕྱིར་ཐར་བྱུང་ཞེས་སྨྲས་སོ། 16ཁོས་དེ་ལྟར་སྨྲས་མ་ཚར་བའི་སྔོན་དུ། གཡོག་པོ་གཞན་ཞིག་ཡོང་ནས། ལུག་དང་ལུག་རྫིའི་སྟེང་དུ་ཐོག་རྒྱབ་ནས་དེ་ཚོ་ཚང་མ་ཤིའོ། ང་གཅིག་པོ་ཁྱེད་ལ་ལན་སྐྱེལ་ཕྱིར་ཐར་བྱུང་ཞེས་སྨྲས་སོ། 17ཁོས་དེ་ལྟར་སྨྲས་མ་ཚར་བའི་སྔོན་དུ། གཡོག་པོ་གཞན་ཞིག་ཡོང་ནས། ཀལ་དི་ཡན་ཇག་པ་ཚོ་གསུམ་ཀྱིས་ང་ཆོའི་ཐོག་ཏུ་འཐབ་རྒོལ་བྱས་ཏེ་རྔ་མོང་ཚང་མ་འཕྲོག་པ་མ་ཟད། ང་མ་གཏོགས་ཞབས་ཕྱི་གཞན་ཚང་མ་བསད་སོང་། ང་གཅིག་པུ་ཁྱེད་ལ་ལན་སྐྱེལ་ཕྱིར་ཐར་བྱུང་ཞེས་སྨྲས་སོ། 18ཁོས་དེ་ལྟར་སྨྲས་མ་ཚར་བའི་སྔོན་དུ། གཡོག་པོ་གཞན་ཞིག་ཡོང་ནས། ཁྱེད་ཀྱི་བུ་ཕྲུག་རྣམས་བུ་རྒན་ཤོས་ཀྱི་ཁྱིམ་དུ་ཐུགས་སྤྲོ་གཏོང་གི་ཡོད་པ་དང་། 19སྐབས་དེར་བྱེ་ཐང་ནས་རླུང་འཚུབ་དྲག་པོ་ཞིག་རྒྱབ་ནས། དེས་ཁང་ཁྱིམ་ལ་འཕོག་ནས་ཁང་པ་དེ་བརྡིབས་ནས་ཁོ་ཚོ་ཚང་མ་ཤི་སོང་། ང་གཅིག་པུ་ཁྱེད་ལ་ལན་སྐྱེལ་ཕྱིར་ཐར་བྱུང་ཞེས་སྨྲས་སོ། 20དེ་ནས་ཡོབ་ཡར་ལངས་ནས་མྱ་ངན་གྱིས་རང་གི་གོས་ཧྲལ་ནས། རང་གི་དབུ་སྐྲ་བཞར་ནས་ཞལ་ས་ལ་ཁ་འབུབ་ནས་སའི་སྟེང་དུ་འགྱེལ་གནང་ངོ་། 21ཁོང་གིས་ང་སྐྱེས་དུས་སུ་གཅེར་བུར་སྐྱེས་པ་བཞིན་འཆི་བའི་དུས་སུ་ཡང་གཅེར་བུར་འཆི་བར་འགྱུར་རོ། གཙོ་བོ་དཀོན་མཆོག་གིས་ང་ལ་གང་གནང་བ་རྣམས་ཁོང་གིས་དེ་ཚོ་ཕྱིར་བསྣམས་པས། ཁོང་གི་མཚན་ལ་བསྟོད་པ་ཕུལ་ལོ་ཞེས་སྨྲས་སོ། 22དེ་ལྟར་ཚང་མ་བྱུང་བའི་རྗེས་སུ་ཡང་ཁོང་གི་དཀོན་མཆོག་ལ་སྐྱོན་འརྗོད་ཞུས་ནས་སྡིག་པ་གང་ཡང་མ་བྱས་སོ༎

ཡོབ 2

བདུད་ཀྱིས་ཡོབ་ལ་སླར་ཡང་ཚོད་བལྟ་བྱས་པ།

1ཕོ་ཉ་རྣམས་སླར་ཡང་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་བཅར་བའི་ཉི་མོ་དེར་བདུད་དེ་ཚོའི་ཁྲོད་དུ་ཡོད་དོ། 2གཙོ་བོ་དཀོན་མཆོག་གིས་ཁོ་ལ། ཁྱོད་གང་དུ་ཕྱིན་པ་ཡིན་ནམ་ཞེས་བཀའ་འདྲི་གནང་བས། ལན་དུ་བདུད་ཀྱིས། ང་འཛམ་གླིང་ལ་མཐའ་བསྐོར་ནས་ཡོང་བ་ཡིན་ཞེས་ཞུས་པ་དང་། 3གཙོ་བོ་དཀོན་མཆོག་གིས། ཁྱོད་ཀྱིས་ངའི་ཞབས་ཕྱི་ཡོབ་ལ་དོ་སྣང་བྱས་ཡོད་དམ། ས་གཞིའི་སྟེང་དུ་ཁོ་ལྟ་བུའི་དམ་ཚིག་ཅན་དང་མི་བཟང་པོ་ཞིག་མེད་དོ། ཁོས་ང་ལ་བསྙེན་བཀུར་ཞུས་པ་དང་ངན་པ་གང་ཡང་མི་བྱ་རྒྱུར་ཟབ་ཟབ་བྱེད་ཀྱི་ཡོད་དོ། ཁྱོད་ཀྱིས་ང་ལ་རྒྱུ་མཚན་མེད་པར་ཡོབ་ལ་འཐབ་རྒོལ་བྱེད་པར་ནན་བསྐུལ་བྱས་པ་ཡིན་ན་ཡང་། ཡོབ་ནི་སྔར་ལྟར་དམ་ཚིག་བརྟན་པོ་གནས་ཡོད་ཅེས་བཀའ་གནང་བས། 4བདུད་ཀྱིས་ལན་དུ། མི་ཞིག་གིས་རང་ཉིད་གསོན་པོར་གནས་པའི་ཕྱིར་དུ་རང་ལ་གང་ཡོད་པ་ཚང་མ་སྤྲད་ཡོང་། 5འོན་ཀྱང་ད་ཆ་ཁྱེད་ཀྱིས་ཁོས་གཟུགས་པོར་གནོད་འཚེ་གནང་བ་ཡིན་ན། ཁོས་ཁྱེད་ཀྱི་ཞལ་ངོར་དམོད་པར་འགྱུར་ཞེས་ཞུས་སོ། 6གཙོ་བོ་དཀོན་མཆོག་གིས་བདུད་ལ། དེ་བས་ན་ཁོ་ནི་ཁྱོད་ཀྱི་དབང་འོག་ཏུ་ཡོད་དོ། འོན་ཀྱང་ཁྱོད་ཀྱིས་ཁོ་ལ་གསོད་པར་མི་རུང་ཞེས་བཀའ་གནང་ངོ་། 7དེ་ནས་བདུད་དེ་གཙོ་བོ་དཀོན་མཆོག་གི་སྤྱན་སྔ་ནས་ཕྱིར་ཐོན་པ་དང་། ཡོབ་ཀྱི་ལུས་ཡོངས་སུ་རྨ་ཐོན་བཅུག་གོ 8དེ་ནས། ཡོབ་གོ་ཐལ་གྱི་ཕུང་པོའི་སྟེང་བསྡད་ནས་རྫ་མའི་ཆག་དུམ་ཆུང་ཆུང་ཞིག་བླངས་ནས་རང་གི་རྨ་ལ་འབྲད་དོ། 9དེ་ནས་ཁོའི་ཆུང་མས་ཁོ་ལ་ཁྱེད་ད་དུང་ཡང་སྔར་ལྟར་དམ་ཚིག་བརྟན་པོར་གནས་ཡོད་དམ། ཁྱེད་ཀྱི་ཅིའི་ཕྱིར་དཀོན་མཆོག་ལ་དམོད་ནས་མ་འཆི་འམ་ཞེས་སྨྲས་སོ། 10ཡོབ་ཀྱིས་ལན་དུ། ཁྱོད་ཀྱིས་སྐད་ཆ་ཆོ་མེད་ལབ་བཞིན་འདུག དཀོན་མཆོག་གིས་ང་ཚོར་ལེགས་པ་ཞིག་གནང་སྐབས་ང་ཚོས་དེ་ལ་དགའ་བསུ་ཞུ་གི་ཡོད། འོན་ཀྱང་ཁོང་གིས་ང་ཚོར་དཀའ་ངལ་གནང་སྐབས་ང་ཚོས་ཁོང་ལ་སྐྱོན་བརྗོད་ཇི་ལྟར་བྱེད་ཐུབ་བམ་ཅེས་ལན་འདེབས་བྱས་སོ། བཀའ་ངལ་ཇི་ལྟར་བྱུང་ན་ཡང་ཡོབ་ཀྱི་དཀོན་མཆོག་ལ་རྒོལ་ཕྱིར་ཅི་ཡང་མ་ཞུས་སོ༎

ཡོབ་ཀྱི་གྲོགས་པོ་ཚོ་ཡོང་བ།

11ཏེ་མན་གྲོང་ཁྱེར་ནས་ཨེ་ལི་ཕཛ་དང་ཤུ་ཨཱ་ནས་བྷིལ་དད་དང་ན་མཱ་ནས་ཛོ་ཕར་བཅས་དེ་གསུམ་ནི་ཡོབ་ཀྱི་གྲོགས་པོ་ཡིན་ནོ། དེ་ཚོས་ཡོབ་ལ་སྡུག་བསྔལ་ཇི་ཙམ་མྱོང་བཞིན་ཡོད་པ་ཐོས་ནས། ཁོང་ལ་སེམས་གསོ་གཏོང་ཕྱིར་ཡོང་ངོ་། 12དེ་ཚོས་ཁོང་ལ་ཐག་རིང་ནས་མཐོང་བས་དེ་ཚོས་ཡོབ་ཡིན་པ་ངོ་མ་ཤེས་སོ། དེ་ཚོས་ངོ་ཤེས་པ་དང་ངུ་ཞིང་མྱ་ངན་བྱེད་ཅིང་རང་གོས་ཧྲལ་ནས་རང་གི་མགོའི་སྟེང་གནམ་ལ་ཐལ་ལ་སྟོར་རོ། 13དེ་ནས་དེ་ཚོས་ཁོ་དང་མཉམ་དུ་སའི་སྟེང་དུ་ཉིན་བདུན་དང་མཚན་བདུན་ཅི་ཡང་མ་སྨྲས་པར་བསྡད་དོ། གང་ལ་ཟེར་ན། དེ་ཚོས་ཁོ་ལ་སྡུག་བསྔལ་ཇི་ཙམ་མྱོང་བཞིན་ཡོད་པ་མཐོང་ཡོད་དོ༎

ཡོབ 3

ཡོབ་ཀྱིས་དཀོན་མཆོག་ལ་སྐྱོན་བརྗོད་ཞུ་བ།

1མཐའ་མར་ཡོབ་ཀྱིས་རང་གི་ཁ་ཕྱེས་ནས། ཁོ་རང་སྐྱེས་པའི་ཉིན་དེར་དམོད་པ་རྒྱབ་བོ།

ཡོབ་ཀྱི་སྨྲས་པ།

2-3ཀྱེ་དཀོན་མཆོག་ང་ནི་སྐྱེས་པའི་ཉིན་དེ་དང་། མངལ་དུ་ཆགས་པའི་མཚན་དེར་དམོད་པར་མཛོད། 4དཀོན་མཆོག་ཉིན་མོ་དེ་ནི་མུན་པར་མཛོད། སླར་ཡང་ཉིན་དེ་དྲན་པར་མ་འགྱུར་ཅིག། དེའི་སྟེང་འོད་ཞིག་ནམ་ཡང་མ་ཤར་ཤོག། 5ཉིན་མོ་དེ་ནི་ཡི་མུག་དང་མུན་ནག་བསྟུག་པོར་མཛོད། ཉིན་མོ་དེ་ནི་སྤྲིན་གྱིས་འགེབས་པར་མཛོད། མུན་ནག་གིས་དེ་ལ་འཇིག་སྣང་བཀུལ་བར་མཛོད། 6ལོ་ཡི་ཉིན་རྣམས་ནང་ནས་མཚན་དེ་ཤུབ་པརཤོག། ཟླ་བ་གང་དུ་དེ་ཡི་གྲངས་མ་རྩིས་ཤོག། 7མཚན་མོ་དེ་ནི་འབྲས་མེད་དགའ་བདེ་མེད་པར་མཛོད། 8རྒྱ་མཚོའི་སེམས་ཅན་དྲག་པོར་དབང་བསྒྱུར་མཁན། ངན་སྔགས་མཁན་ཚོས་ཉིན་དེར་དམོད་པར་ཤོག། 9སྔ་དྲོའི་སྐར་མའི་འོད་དེ་ཤར་མ་འཇུག། མཚན་དེར་ཐོ་རངས་རེ་བ་མ་སྤྲོད་ཅིག། 10ང་ལ་སྐྱེས་སུ་འཇུག་མཁན་མཚན་མོ་དེར། ང་ལ་སྡུག་བསྔལ་རྣམས་དང་མྱ་ངན་ལ། འགྱུར་དུ་འཇུག་མཁན་དེ་ལ་དམོད་པར་མཛོད། 11ང་ནི་མ་ཡི་མངལ་དུ་ཅིའི་ཕྱིར་མ་འཆི་བའམ། ཡང་ན་སྐྱེས་མ་ཐག་ཏུ་ཅིའི་ཕྱིར་མ་འཆི་བའམ། 12ཨ་མས་ང་ལ་ཅིའི་ཕྱིར་པང་སྟེང་བཟུང་ནས་ནི། ཅི་ལ་ང་ལ་ནུ་ཞོ་གཏེར་ནས་གསོས། 13སྐབས་དེར་ང་རང་འཆི་བར་ཡིན་པས་ན། ད་ལྟ་ང་རང་ངལ་གསོར་གནས་ཤིང་ཡོད། 14སྔོན་གྱི་ཕོ་བྲང་སྐྱར་གསོ་བྱ་མཁན་རྒྱལ་པོ་དང་། སྲིད་ཚབ་ཚོ་ལྟར་ང་ནི་ཉལ་བཞིན་བསྡད་པ་ཡོད། 15རང་གི་ཁྱིམ་ནང་གསེར་དངུལ་གྱིས། བཀང་མཁན་རྒྱལ་སྲས་ཚོ་ལྟར་ང་ནི་གཉིད་ཉལ་ཡོད། 16ཡང་ན་ཕྲུ་གུ་ཤི་སྐྱེས་ལྟ་བུ་ང་ནི་གཉིད་ཉལ་ཡོད། 17སྤྱོད་ངན་བྱེད་པའི་མི་ཚོས་སྤུར་ཁང་ནང་། ངན་པའི་ལས་རྣམས་མཚམས་འཇོགས་བྱེད་པ་དང་། ལས་ཀར་ཐང་ཆད་པ་ཡི་མི་རྣམས་ནི། མཐའ་མར་དེ་ཚོར་ངལ་གསོ་ཐོབ་པར་འགྱུར། 18བཙོན་པ་རྣམས་ཀྱི་དེ་རུ་ཞི་བདེ་རྙེད། དེ་ཚོས་བཀའ་བསྒོ་དྲག་པོའི་སྐད་ཆེན་མི་ཐོས་སོ། 19མི་ནི་ཆེ་ཆུང་ཚང་མ་དེར་ཡོད་ཅིང་། ཚེ་གཡོག་རྣམས་ཀྱང་མཐའ་མར་རང་དབང་ཐོབ། 20ཅི་ལ་མི་ཚོར་སྡུག་བསྔལ་ནང་དུ་གསོན་བཅུག་གོ། ཅི་ལ་མྱ་ངན་ནང་དུ་ཚུལ་རྣམས་འོད་སྤྲད་དགོས། 21དེ་ཚོ་འཆི་བར་སྒུག་ཀྱང་དེ་མི་བསླེབས། དེ་ཚོ་ནོར་ལས་ཀྱང་དུར་ཁང་དགའ་བར་བྱས། 22འཆི་ནས་དུར་ཁུང་ནང་དུ་མ་སྦས་པར། དེ་ཚོར་དགའ་བ་ཐོབ་པར་མི་འགྱུར་རོ། 23དཀོན་མཆོག་ཁོང་གིས་དེ་ཚོའི་མ་འོངས་པ་ནི་སྦས་ནས་འཛོག་གནང་ཡོད། ཁོང་གི་དེ་ཚོའི་ཕྱོགས་བཞིར་མཐའ་ལྕགས་བརྒྱབ་གནང་ཞིང་། 24ཁ་ཟས་ཚབ་ལ་ང་ཡིས་མྱ་ངན་བྱེད། ང་ཡིས་སྨྲེས་སྔགས་འདོན་པ་ནམ་ཡང་བཀག་མི་ཐུབ། 25གནས་ཚུལ་གང་ཞིག་གི་ནི་ང་ལ་འཇིག་སྣང་བསྐུལ། ང་ནི་གནས་ཚུལ་གང་ཞིག་མཉམ་དུ་སྐྲག། དེ་རྣམས་ངའི་ཐོག་བདེན་པར་འབབ། 26ང་ལ་ཞི་བདེ་ངལ་གསོ་མེད་པ་དང་། ང་ཡི་སྡུག་བསྔལ་དེ་ལ་མཐའ་མེད་དོ༎

ཡོབ 4

གཏམ་གླེང་དང་པོ།

༤:༡—༡༤:༢༢

ཨེ་ལི་ཕཛས་སྨྲས་པ།

1-2གལ་ཏེ་ང་ཡིས་ཁྱེད་ལ་གཏམ་སྨྲས་ན། ཁྱེད་ཀྱིས་ང་ལ་ཁོང་ཁྲོ་ཟ་ཡོང་ངམ། ང་སྐད་ཆ་མ་སྨྲས་སྡོད་ཐུབ་ཀྱི་མེད། 3མང་པོར་ཁྱེད་ཀྱི་སློབ་སྟོན་གནང་བ་དང་། ལག་པ་སྟོབས་མེད་རྣམས་ལ་སྟོབས་ཤུགས་གནང་། 4སུ་ཞིག་སྟོབས་མེད་རྣམས་ཀྱང་ཐང་ཆད་ནས། འགྱེལ་བ་ཡིན་ན་ཁྱེད་ཀྱིས་བཀའ་ཡིས་ཡར་ལང་བར་སེམས་ཤུགས་གནང་། 5ད་ལྟ་དཀའ་ངལ་འཕོག་པའི་རེ་མོས་ཁྱོད་ཡིན་པས། དེ་ལ་གདོང་ལེན་བྱ་རྒྱུར་ཧོན་འཐོར་ཡོད། 6ཁྱོད་ཀྱིས་དཀོན་མཆོག་ལ་མཆོད་པས། སྐུ་ཚེར་ཉེས་སྐྱོན་གང་ཡང་མེད་པ་དང་། ཡིད་ཆེས་རེ་བ་ཆེན་པོ་ཡོད་དགོས་སོ། 7ད་ནི་ཐུགས་ལ་དགོངས་ནས་བསྟན་རོགས་གནང་། དྲང་བདེན་མི་ནི་ག་དུས་འཇིག་ཡོད་དམ། 8མི་ཚོས་ས་ཞིང་ངན་པ་རྨོ་བ་དང་། དེ་ནང་ངན་པའི་ས་བོན་འདེབས་མཁན་ཚོས། ད་ཆ་དེ་ཚོས་རང་གི་བཏབ་པའི། ལོ་ཏོག་ངན་པ་བསྡུ་བ་ངས་མཐོང་བྱུང་། 9དཀོན་མཆོག་ཁོང་ནི་ཐུགས་ཁྲོའི་ངང། རླུང་འཚུབ་ལྟ་བུར་དེ་དག་མེད་པར་མཛད། 10མི་ངན་རྣམས་ཀྱིས་སེང་གེའི་ངར་སྐད་ལྟར། དྲག་པོར་འདོན་སྐབས་དཀོན་མཆོག་གིས། དེ་ཚོར་ངར་སྐད་མེད་པར་མཛད་པ་དང་། དེ་ཚོའི་སོ་ཡང་བཅག་པར་མཛད་གནང་ངོ་། 11གང་ཡང་བསད་རྒྱུ་མ་ཐོབ་ནས། ཟ་རྒྱུ་མེད་པ་སེང་གེ་རྣམས་ལྟར་དེ་ཚོ་འཆི་བ་དང་། དེ་ཚོའི་བུ་ཕྲུག་ཚོ་ཁ་འཐོར་རོ། 12ཐེངས་གཅིག་གསང་བར་གཏམ་ཞིག་སླེབས། གཏམ་དེ་གསལ་པོ་མེད་པའི་ངས་གོ་དཀའ། 13མཚན་གྱི་རྨི་ལམ་འཚུབ་པོ་ལྟར་དེ་ཡིས་ངའི་གཉིད་དཀྲུགས། 14འཇིགས་སྣང་གིས་ང་འགུལ་ཞིང་འདར། གཟུགས་པོ་ཡོངས་རྫོགས་འཇིགས་པས་གཡོ་འགུལ་བྱས། 15འཇམ་པོའི་རླུང་ཞིག་ང་ཡི་གདོང་ལ་ཕོག། འཇིགས་ནས་ལུས་ཀྱི་བ་སྤུ་ཡར་ལངས་སོ། 16དེ་རུ་ང་ཡི་གཟུགས་དབྱིབས་ཞིག་མཐོང་བས། དེ་ནི་ཇི་འདྲ་ཡིན་པ་བརྗོད་མི་ཐུབ། དེ་ནས་ང་ཡིས་སྒྲ་ཆུང་ཞིག་ཐོས་བྱུང་། 17དཀོན་མཆོག་ཁོང་གི་སྤྱན་སྔ་རུ། མི་ནི་དྲང་བདེན་ཞིག་ཏུ་འགྱུར་སྲིད་དམ། རང་གི་བཀོད་པ་པོ་ཡི་སྤྱན་སྔ་རུ་མི་ཞིག་་དམ་པ་འབྱུང་ཐུབ་བམ། 18དཀོན་མཆོག་མཐོ་རིས་ཀྱི་ཞབས་ཕྱིར་ཡིད་མི་ཆེས། ཕོ་ཉ་ཚོ་ལ་སྐྱོན་ཞིག་ཡོད་པར་གཟིགས། 19ཉིད་ཀྱི་བསམ་བློར་ཁོང་གིས་འདམ་རྫབ་ཀྱི་སྲོག་ཆགས། ཡང་ན་མུག་པ་ལྟ་བུ་རྡོག་རྫི་གཏོང་ཐུབ་པའི་རྡུལ་གྱི་དངོས་པོར་ཡིད་ཆེས་གནང་སྲིད་དམ། 20མི་ཞིག་སྔ་དྲོ་གསོན་པོ་ཡིན་ན་ཡང་། ཕྱི་དྲོ་མ་སླེབས་གོང་དུ་འཆི་བར་སྲིད། 21ཁོ་ལ་ཇི་ཡོད་པ་རྣམས་ཕྱིར་ལེན་ནས། ཤེས་རབ་མེད་པར་ཁོ་འཆིའོ༎

ཡོབ 5

1ཡོབ་ཁྱེད་ཀྱིས་སྐད་བཏང་ནས་ལན་འདེབས་བྱ་མཁན་སུ་འདྲ་ཞིག་ཡོད་མེད་ལྟོས་ཤིག་དང་། ཁྱེད་ཀྱི་བློ་ཅོལ་བའི་ཕོ་ཉ་ཞིག་འདུག་གམ། 2རང་གི་ཁོང་ཁྲོས་འཆི་བར་སེམས་ཁྲལ་བྱེད། སེམས་ཁྲལ་བྱེད་པ་དོན་མེད་གླེན་པ་ཡིན། 3གླེན་པར་བློ་བདེར་ཡོད་པ་ངས་མཐོང་བས། དེ་ཚོའི་ཁྱིམ་དུ་འཕྲལ་དུ་དམོད་པར་འཕོག། 4དེ་ཚོའི་བུ་ཕྲུག་ཚོར་བདེ་བ་མི་རྙེད་ཅིང་། ཁྲིམས་ཁང་ནང་དུ་སུས་ཀྱང་སྐྱོབ་མི་ཡོང། 5གླེན་པའི་སྟོན་ཐོག་ཚེར་ཁྲོད་སྐྱེས་ན་ཡང་། མི་མང་ལྟོགས་པས་དེ་ཚོ་ཟ་བར་བྱེད། མི་མང་སྐོམ་པས་ཁོའི་རྒྱུར་ཕྲག་དོག་བྱེད། 6ངན་པ་རྣམས་ནི་ས་ནས་མི་སྐྱེ་བར། མ་ཟད་ས་ནས་སྡུག་བསྔལ་སྐྱེས་མི་སྲིད། 7མི་ཡིས་རང་ཐོག་སྡུག་བསྔལ་འབེབས་པ་ནི། མེ་ནས་མེ་ལྕེ་འཕུར་བ་དང་འདྲའོ། 8གལ་སྲིད་ང་ནི་ཁྱེད་རང་ཡིན་ན་ནི། གཙོ་བོ་དཀོན་མཆོག་དྲུང་དུ་ང་བཅར་ནས། ང་ཡི་གནས་སྟངས་ཁོང་ལ་ཞུ་བར་བྱེད། 9ཁོང་གིས་གནང་བའི་བྱ་བ་རླབས་ཆེན་དང་། རྫུ་འཕྲུལ་ཐོག་མཐའ་མེད་པ་ང་ཚོས་རྟོགས་མི་ཐུབ། 10ཁོང་གིས་ས་གཞིར་ཆར་པ་གཏོང་གནང་ནས། ཁོང་གིས་ས་གཞིང་ཐོག་ཏུ་ཆར་ཆུ་བླུག་པར་མཛད། 11ཁོང་གིས་ཉམས་ཆུང་རྣམས་ལ་ཡར་འདེགས་གནང་། མྱ་ངན་བྱ་མཁན་རྣམས་ལ་དགའ་སྤྲོ་གནང་། 12-13ཁོང་གིས་གཡོ་སྒྱུ་ཅན་ཚོའི་འཆར་གཞི་དང་། ཤེས་རབ་ཅན་ཚོའི་འཆར་གཞི་རྙི་ནང་འཚུད། དེ་ཚོས་བྱ་བ་གང་བྱས་སྒྲུབ་མི་འགྱུར། 14དེ་ཚོས་ཉིན་གུང་ཡིན་ཡང་མཚན་ལྟར་སྦ་ཡུར་རྒྱབ། 15དབུལ་པོ་ཚོ་ལ་གཙོ་བོ་དཀོན་མཆོག་གིས། འཆི་བ་ལས་ཀྱང་སྐྱོབས་པར་གནང་བ་དང་། དགོས་མཁོ་ཅན་ཚོར་མནར་གཅོད་ལས་སྐྱོབ་བོ། 16དེའི་ཕྱིར་ཁོང་གིས་དབུལ་པོར་རེ་བ་གནང་། སྤྱོད་ངན་དེ་ཚོའི་ཁ་ནི་བཀག་པར་མཛད། 17ཁོང་གིས་བསྒྱུར་བཅོས་གནང་བའི་སྐྱེ་བོ་བདེ། ཁོང་གི་བཀའ་བཀྱོན་ལ་སྨད་པ་མ་བྱེད་ཅིག། 18དཀོན་མཆོག་ཁོང་གིས་བཟོས་པའི་རྨ་དེ་ལ། ཁོང་ཉིད་རང་གི་རྨ་རས་དཀྲིས་གནང་ཡོང་། ཁོང་གིས་ཕྱག་གི་ཁྱོད་ལ་རྨས་ན་ཡང་། ཁོང་གི་ཕྱག་གི་དེ་ལ་གསོ་བར་མཛད། 19ཡང་ཡང་ཁྱོད་ལ་གནོད་འཚེ་བྱུང་ན་ཡང་། ཁོང་གིས་གནོད་འཚེ་དེ་ལས་སྐྱོབས་པ་གནང་། 20ཁྱོད་ལ་མུ་གེ་འབྱུང་སྐབས་གསོན་པོར་འཇོག། དམག་འཁྲུགས་སྐབས་སུ་ཁོང་གིས་འཆི་བར་སྐྱབས། 21ཁོང་གིས་ཁྱོད་ལ་གཞན་སྐྱོན་སོགས་ལས་སྐྱོབ། འཇིགས་པའི་དུས་སུ་ཁོང་གིས་ཁྱོད་ལ་སྐྱོབ། 22ཟིང་འཁྲུག་སྐབས་སུ་བཀྲེས་སྐོམ་བྱུང་བའི་དུས། ཁྱོད་ནི་གད་མོ་གད་ཅིང་གནས་པར་འགྱུར། ནགས་ཀྱི་གཅན་གཟན་རྣམས་ལ་འཇིགས་མི་ཡོང། 23ཁྱོད་ཀྱིས་རྨོས་པའི་ཞིང་དེར་རྡོ་དང་བྲལ། ནགས་ཀྱི་གཅན་གཟན་ཚོ་ཡིས་ཁྱོད་མི་རྒོལ། 24དེ་ནས་ཁྱོད་རང་གུར་ནང་ཞི་བདེར་གནས། རང་གི་ལུག་ཚོར་བལྟ་སྐབས་སྐྱོན་མེད་མཐོང་། 25རྩ་ཐང་སྟེང་དུ་རྩ་རྣམས་འཕེལ་བ་ལྟར། ཁྱོད་ལ་བུ་ཕྲུག་མངོ་པོ་ཡོང་བར་འགྱུར། 26གྲོ་ཡི་སྟོན་ཐོག་དུས་སུ་སྨིན་པ་ལྟར། ཁྱོད་རང་འཚེ་ནི་རིང་པོར་འཚོ་བར་འགྱུར། 27ཡོབ། ང་ཚོས་འདི་ཚོ་རྒྱུན་རིང་སྦྱངས་པ་དང་། དེ་ཚོ་བདེན་པ་ཡིན་པ་ངོས་ལེན་གྱིས༎

ཡོབ 6

ཡོབ་ཀྱིས་སྨྲས་པ།

1-2ཡོབ་ཀྱིས་ང་ཡི་སེམས་ཀྱི་དཀའ་ངལ་དང་། སྡུག་བསྔལ་དེ་རྣམས་ཉ་གར་འདེགས་པ་ན། 3དེ་ཚོ་རྒྱ་མཚོའི་བྱེ་མ་ལས་ཀྱང་ལྗིད། དེའི་ཕྱིར་ང་ཡི་ཚིག་རྩུབ་རྣམས་ལ་ནི། ཁྱོད་ཀྱི་དེ་ལ་ཡ་མཚན་བྱེད་མི་དགོས། 4ཀུན་དབང་ལྡན་པའི་དཀོན་མཆོག་ཁོང་གི་མདའ་རྣམས་ང་ལ་བཙུགས། དེ་ཡི་དུག་རྣམས་གཟུགས་པོ་ཡོངས་སུ་ཁྱབ། ཁོང་གི་འཇིགས་སྐྲག་ང་ཡི་ཐོག་ཏུ་བཞག། 5བོང་བུས་རྩ་རྣམས་ཟ་སྐབས་ཚིམས་པ་དང་། གླང་གི་སོག་མ་ཟ་སྐབ་ཁུ་སིམ་བསྡད། 6འོན་ཀྱང་སུ་ཞིག་བྲོ་བ་མེད་པ་དང་། ཚ་མེད་པ་ཟས་ཟ་ཐུབ་བམ། སྒོ་ངའི་དཀར་པོར་བྲོ་བ་ཅི་ཞིག་ཡོད། 7དེ་ལྟ་བུའི་ཟས་དེ་བཟའ་འདོད་མེད། དེ་ནི་ང་ཡི་ཆེད་དུ་སྐྱུགས་མིན་ལངས། 8ང་ཡི་དཀོན་མཆོག་ཁོང་ལ་གང་ཞུས་པ། དེ་ནི་ང་ལ་ཅི་ཕྱིར་མི་གནང་ངམ། ང་ཡི་ཞུས་པའི་སྨོན་ལམ་ལ། ཁོང་གིས་ལན་འདེབས་ཅི་ལ་མི་གནང་ངམ། 9གལ་སྲིད་ཁོང་གི་ཕྱག་གིས། ང་ལ་བསད་པ་ཡིན་ན་ཅི་མ་རུང་། 10ཁོང་གིས་དེ་ལྟར་གནང་བ་ངས་ཤེས་ན། ང་ལ་ནད་ཟུག་ཆེ་ཡང་ངའི་སེམས་དགའ། དཀོན་མཆོག་ཁོང་ནི་དམ་པ་ཡིན་པས་ན། ཁོང་གི་བཀའ་ལ་རྩིས་མེད་ཞུས་མེད་དོ། 11གསོན་པོར་གནས་པའི་སྟོབས་ཤུགས་གང་ཡང་མེད། ང་ལ་རེ་བ་གང་ཡང་མེད་པས་ཅི་ཕྱིར་གསོན་པོར་གནས། 12ང་ནི་རྡོ་ལས་བཟོས་པ་ཡིན་ནམ། ཡང་ན་ང་ཡི་གཟུགས་པོ་ལིའི་ཡིན་ནམ། 13རང་ལ་སྐྱོབ་པའི་ནུས་ཤུགས་ང་ལ་མེད། ང་ལ་སྐྱབས་རོགས་ཐོབ་པའི་རེ་བ་མེད། 14ང་ཡིས་དཀོན་མཆོག་ཁོང་ལ་སྤང་བ་ཡིན་ན་མ་སྤང་བ་ཡིན་ན་ཡང་། སྡུག་བསྔལ་དེ་འདྲའི་སྐབས་སུ་དམ་ཚིག་ཅན་གྱི་གྲོགས་པོ་དགོས། 15འོན་ཀྱང་ང་ཡི་གྲོགས་པོ་ཁྱེད་རྣམས་ཀྱིས། ཆར་པ་མེད་པའི་རྐྱེན་གྱི་རྒྱུགས་ཆུ་སྐམ་པ་ལྟར། ཁྱོད་ཚོས་ང་ལ་བསླུ་ཁྲིད་བྱས་ཡོད་དོ། 16རྒྱུགས་ཆུ་གངས་དང་འཁྱགས་པས་འགག་ཡོད་དོ། 17འོན་ཀྱང་དྲོས་སླེབས་དུས་དེ་ཚོ་ཡལ་བར་འགྱུར། རྒྱུགས་ཆུ་ཅི་ཡང་མེད་ཅིང་སྐམ་པོར་འགྱུར། 18འགྲུལ་པའི་ཆུ་རྣམས་འཚོལ་བཞིན་འགྲོ་བ་དང་། དེ་ཚོ་བྱེ་ཐང་ནང་དུ་འཆི་བར་འགྱུར། 19ཤེ་བྷའི་དང་ཏེ་མའི་འགྲུལ་པ་རྣམས་ཀྱིས་ཆུ་རྣམས་འཚོལ། 20འོན་ཀྱང་དེ་ཚོའི་རེ་བ་ཅི་ཡོད་པ། རྒྱུགས་ཆུ་སྐམ་པོའི་ཉེས་འགྲམ་དེ་ཚོའི་རེ་བ་རླགས་པར་འགྱུར། 21ངའི་དོན་ཁྱོད་ཚོ་རྒྱུགས་ཆུ་དེ་དང་འདྲ། ཁྱོད་ཚོས་ང་ཡི་བྱུས་ཉེས་མཐོང་བ་དང་། ཁྱོད་ཚོ་འཇིགས་ནས་ཕྱིར་འཐེན་བྱེད་པའོ། 22ང་ཡིས་ཁྱོད་ཚོར་འབུལ་བ་དགོས་སྨྲས་སམ། ཡང་ན་ངའི་ཆེད་སུ་ཞིག་ལ་ལྐོག་རྔན་སྤྲོད་སྨྲས་སམ། 23ཡང་ན་དགྲ་དང་བཙན་དབང་ལག་ནས་ང་ལ་སྐྱབས་རོགས་ཟེར་རམ། 24དེ་བས་ང་ལ་སློབ་སྟོན་གནང་རོགས་མཛོད། ང་ལ་གང་ཡོད་སྐྱོན་རྣམས་གསུངས་རོགས་གནང་། ང་ནི་ཅི་ཡང་མ་སྨྲས་ཁྱོད་ཚོར་ཉན། 25དྲང་པོའི་མི་ཡི་གཏམ་ལ་ཡིད་ཆེས་འོས། འོན་ཀྱང་ཁྱོད་ཚོས་དོན་མེད་གཏམ་རྣམས་བརྗོད། 26ཁྱོད་ཚོའི་བསམ་པར་ངའི་གཏམ་དོན་མེད་ཡིན། དེ་བས་ཁྱོད་ཚོས་ང་ཡི་སྡུག་བསྔལ་གྱི། གཏམ་ལ་ཅི་ཕྱིར་ལན་འདེབས་བྱས་མམ། 27ཁྱོད་ཚོས་ད་ཕྲུག་ཚེ་གཡོག་རྣམས་ལ་བཞགས་ནས་ཤོ་བརྒྱབ་བོ། ཁྱོད་ཚོའི་གྲོགས་པོ་ཉེ་ཤོས་རྣམས་བཙོང་ནས། དེ་ཡི་རང་ཉིད་ཕྱུག་པོ་བཟོས་བཞིན་ཡོད། 28ང་ཡི་གདོང་ལ་ཁྱོད་ལྟོས་དང་། ཁྱོད་ཀྱི་མདུན་དུ་ནམ་ཡང་རྫུན་མི་ཤོས། 29ཁྱོད་ཚོས་ཧ་ཅང་མང་པོའི་གཏམ་མཛོད་དོ། དྲང་བདེན་མིན་པའི་གཏམ་ལ་མཚམས་འཇོགས་བྱོས། ང་ལ་སྐྱོན་བརྗོད་མ་བྱེད་ང་བདེན་ནོ། 30ཁྱོད་ཚོའི་བསམ་བློར་ང་ནི་རྫུན་ཅན་བསམ། ང་ཡིས་དྲང་ཉེས་དབྱེ་མི་ཐུབ་པར་ཁྱོད་ཚོས་བསམ༎

ཡོབ 7

1འགྲོ་བ་མི་ཡི་མི་ཚེ་དེ་ཚོ་ནི། བཙན་དབང་དམག་མིའི་ཞབས་ཞུ་ལྟ་བུ་དང་། ལས་ཀ་ཁག་པོའི་མི་ཚེ་འདྲ། 2གྲིབ་སིལ་འོག་ཏུ་འདོད་པའི་ཚེ་གཡོག་ལྟར། རང་གི་གླ་ཆར་སྒུག་ནས་སྡོད་མཁན་འདྲ། 3ཟླ་བ་གཅིག་དང་གཉིས་ཀྱི་རྗེས་སུ་ནི། ང་ལ་སྡོད་པའི་འཚོ་ཐབས་གང་ཡང་མེད། མཚན་མོ་གཅིག་དང་གཉིས་ཀྱི་རྗེས་སུ་ནི། ང་ཡི་ཆེད་དུ་སྡུག་བསྔལ་བཀོད་གནང་ཡོད། 4ང་ནི་ཉལ་བའི་སྐབས་སུ་སླངས་བའི་ཆུ་ཚོད་གྲངས་རྩིས་བརྒྱབ། ང་ནི་མཚན་གང་ཕར་ཚུར་ཨ་ལོག་བརྒྱབ་ནས། ཐོ་རེངས་ག་དུས་ཤར་ཡོང་སྒུག་ནས་སྡོད། 5ང་ཡི་གཟུགས་པོ་འབུ་ཡིས་ཁེངས་ནས་ཡོད། རྨ་ཡི་སྟེང་དུ་ལྤགས་པས་བཀབ་ནས་ཡོས། ང་ཡི་རྨ་ནས་རྣག་ཁྲག་རྒྱུགས་བཞིན་ཡོད། 6ང་ཡི་ཉི་མ་རེ་བ་མེད་པར་གྲོལ། འཐག་མཁན་འགྲོན་བུ་ལས་ཀྱང་མགྱོགས་པོར་ཡོལ། 7ཀྱེ་དཀོན་མཆོག་ཐུགས་ལ་དྲན་རོགས་གནང་། ང་ཡི་མི་ཚེ་འདི་ནི་དབུགས་ཅིག་ཙམ་ལས་མེད། ང་ཡི་དགའ་སྐྱིད་དེ་ནི་རྫོགས་ཟིན་ནོ། 8ཁྱོད་ཚོས་ད་ལྟ་ང་ལ་མཐོང་ན་ཡང་། སླར་ཡང་ང་ལ་ནམ་ཡང་མཐོང་མི་འགྱུར། གལ་སྲིད་ཁྱོད་ཚོས་ང་ལ་འཚོལ་ན་ཡང་། ང་ནི་དེ་ནས་ཐོན་ནས་ཕྱིན་ཚར་རོ། 9-10སྤྲིན་པ་ཡལ་ནས་མེད་པར་ཕྱིན་པ་ལྟར། སྐྱེ་བོ་འཆི་ནས་སླར་ཡང་ལོག་མི་འགྱུར། ཁོ་ལ་ངོ་ཤེས་ཚང་མས་བརྗེད་པར་འགྱུར། 11ད་ང་ཁ་ཁུ་སིམ་པོར་སྡོད་མི་ཐུབ། ང་ནི་ཁོང་ཁྲོ་ཟ་ཞིང་སེམས་ནང་ཟུག། དེའི་ཕྱིར་ང་ཡི་ངེས་པར་སྨྲ་དགོས་སོ། 12ཁྱོད་ཚོས་ཅི་ལ་ངའི་ཕྱིར་སྲུང་སྐྱོབ་འཇོག། ང་ནི་རྒྱ་མཚོའི་ནང་གི་སེམས་ཅན་རེད་བསམ་མམ། 13ང་མར་ཉལ་ནས་ངལ་གསོ་ཐོབ་ཐབས་བྱས། ང་ཡི་ན་ཚ་དྲག་པའི་ཐབས་ཤེས་བྱས། 14འོན་ཀྱང་ཁྱོད་ཚོས་ང་ལ་གཉིད་ནང་འཇིགས་སྣང་བསྐུལ། ང་ལ་ངན་པའི་ཞལ་གཟིགས་དང་རྨི་ལམ་རྩུབ་པོ་བཏང་། 15ངའི་གཟུགས་པོ་ཐབས་སྡུག་འདི་འདྲར་ནང་སྡོད་པ་ལས། ང་ལ་སྐེ་བཙིར་བཏང་ནས་འཆི་བར་འདོད། 16ང་ནི་འཆི་བར་སེམས་ཐག་བཅད་པ་ཡིན། ང་ནི་གསོན་པོར་སྡོད་པར་ཡིད་ཐང་ཆད། ཁྱེད་ཚོས་ང་རང་གཅིག་པོར་འཇོག་རོགས་གནང་། ང་ཡི་མི་ཚེ་འདི་ལ་སྙིང་པོ་མེད། 17མི་ནི་ཅི་ཡིན་ནམ། དེ་ལ་ཁྱེད་ཀྱི་ཅི་ཕྱིར་དོ་སྣང་རྩ་ཆེར་རྩིས། ཁོ་ཡི་ལས་ཀར་ཁྱེད་ཚོས་དོ་སྣང་ཅི་ལ་བྱེད། 18ཁྱོད་ཚོས་ཁོ་ལ་སྔ་དྲོ་རེར་བཞིན་ཞིབ་འཇུག་བྱས། སྐར་མ་རེ་བཞིན་ཁོ་ལ་ཚོད་རྟག་བྱེད། 19ཁྱེད་ཚོས་ང་ཡི་མཆིལ་མ་མིད་ཡུན་རིང་། ཁྱོད་ཚོས་ང་ལས་གདོང་པ་འཁྱུག་ཙམ་ཕྱིར་མི་སྒྱུ་རམ། 20ང་ཡི་སྡིག་པས་བཙོན་དཔོན་ཁྱེད་ལ་གནོད་ཡོད་དམ། ང་ལ་འབེན་ལྟར་ཅི་ལ་བེད་སྤྱོད་བྱེད། ཁྱོད་ཚོའི་ཆེད་དུ་ང་ནི་ཁལ་ལྗིད་ཞིག་འདུག་གམ། 21ང་ཡི་སྡིག་པར་ཅིའི་ཕྱིར་བཟོད་མི་ཐུབ། ང་ཡི་ལས་ངན་གཟོ་སྲན་མི་གནང་ངམ། ང་ནི་རང་གི་དུར་དུ་མྱུར་དུ་འགྲོ། ཁྱེད་ཚོས་ང་ལ་འཚོལ་སྐབས་རྙེད་མི་ཡོང་༎

ཡོབ 8

བྷིལ་དད་ཀྱིས་སྨྲས་པ།

1-2ཁྱོད་ཀྱི་རླུང་འཚུབ་ལྟ་བུའི་ཧམ་གཏམ་བཤད་འཚར་སོང་ངམ། 3དཀོན་མཆོག་གིས། ཁྲིམས་ལ་སྒྱུར་བཅོས་ནམ་ཡང་གཏོང་མི་ཡོང་། ཁོང་གིས་དྲང་བདེན་ཇི་ཡིན། དེ་ལ་བསྒྱུར་བཅོས་ནམ་ཡང་གཏོང་མི་ཡོང་། 4ཁོང་གི་སྤྱན་སྔར་ཁྱོད་ཀྱི་བུ་ཕྲུག་ཚོས། དེ་ཚོས་ངེས་པར་སྡིག་པ་གྱིས་ཡོད་པའི། ཁོང་གིས་དེ་ཚོའི་རང་གི་ཉེས་པ་དང་། བསྟུན་ནས་དེ་ཚོར་ཆད་པ་གཏོང་ཟིན་ནོ། 5འོན་ཀྱང་ད་ཆ་ཁྱོད་ཚོ་སེམས་བསྒྱུར་ནས། དཀོན་མཆོག་མཐུ་སྟོབས་ཅན་ལ་གསོལ་བ་བཏབ། 6གལ་ཏེ་ཁྱོད་ཚོ་དྲང་བདེན་ཉེས་མེད་ཅན་ཡིན་ན། དཀོན་མཆོག་ཁོང་གི་ཁྱོད་ལ་རོགས་གནང་ཡོང་། ཁྱོད་ཀྱི་རང་གི་ཁྱིམ་ཚང་བྱ་དགའི་ཚུལ་དུ་སླར་གསོའི་གྱིས། 7དཀོན་མཆོག་ཁོང་གི་ཁྱོད་ལ་རྒྱུ་ནོར་གང་གནང་རྒྱུ་དེ། བསྡུར་ན་ཁྱོད་ཀྱི་སྔར་སླགས་པའི་རྒྱུ་ནོར་རྣམས་ཅི་ཡང་མིན། 8གནའ་བོའི་ཤེས་རབ་རྣམས་ལ་ཡུད་ཙམ་ལྟོས། ཕ་མེས་སྦྱངས་པའི་བདེན་པར་བསམ་བློ་གཏོང་། 9ང་ཚོའི་མི་ཚེ་ཐུང་ཐུང་ཡིན་པ་དང་། ང་ཚོས་ཅི་ཡང་ཤེས་རྟོགས་མེད་པ་དང་། ང་ཚོ་ས་སྟེང་ཉི་མའི་གྲིབ་ལྟར་འདྲ། 10འོན་ཀྱང་གནའ་བོའི་ཤེས་རབ་ཅན་རྣམས་ཀྱིས། ཁྱོད་ལ་སློབ་སྟོན་ཇི་འདྲ་བྱེད་པ་དང་། དེ་ཚོས་ཁྱོད་ལ་ཇི་ལྟར་གསུངས་པར་ཉོན། 11ས་ཆ་སྐམ་སར་ཆུ་ཤིང་སྐྱེ་མི་འགྱུར། ཆུ་ཡི་ཕྱི་རོལ་ཆུ་ཤིང་རྙེད་མི་ཡོང་། 12གལ་སྲིད་ཆུ་དེ་སྐམ་པོ་ཡིན་པས་ན། ཆུ་ཤིང་དེ་ཚོ་རང་ཉིད་སྐམ་པོར་འགྱུར། དེ་ཚོ་ཆུང་ཡང་བེད་སྤྱོད་བྱེད་ཐུབ་བོ། 13དཀོན་མཆོག་མེད་པའི་མི་རྣམས་དེ་དང་འདྲ། དཀོན་མཆོག་བརྗེད་མ་ཐག་ཏུ་རེ་བ་རླག། 14དེ་ཚོས་སྐུད་པ་ཡང་ན་སྡོམ་ཐག་ཞིག་ལ་བློ་གཏད་བྱེད། 15གལ་སྲིད་དེ་ཚོས་སྡོམ་ཐག་ཞིག་ལ་བསྙས་ན། དེ་ཡིས་དེ་ཚོར་སྐྱོང་ཐུབ་བམ། གལ་སྲིད་དེ་ཚོས་སྐུད་པ་ཞིག་ལ་འཇུས་འགྱུར་ན། དེ་ཡིས་དེ་ཚོ་ལངས་རྒྱུར་ཕན་ཡོང་ངམ། 16སྐྱེ་བོ་ངན་པ་རྣམས་ཉི་མའི་འོག་ཏུ། རྩ་ངན་ལྟར་སྐྱེས་དེ་ཚོ་ལྡུམ་རར་ཁྱབ། 17དེ་ཚོའི་རྩ་བས་རྡོ་ལ་མཐའ་འཁོར་ནས། དཀྲིས་ནས་བྲག་རྣམས་དམ་པོར་བཟུང་བ་དང་། 18འོན་ཀྱང་དེ་ཚོ་དེ་ནས་ཡར་བཀོག་ན། དེ་ནི་དེ་རུ་ཡོད་པ་སུས་མི་ཤེས། 19མི་ངན་རྣམས་ཀྱི་དགའ་བ་དེ་ལྟར་ཡིན། ད་ཆ་གཞན་ཞིག་ཡོང་ནས་དེའི་ཚབ་བཟུང་། 20དམ་ཚིག་ཅན་ལ་གཙོ་བོ་དཀོན་མཆོག་གིས། ནམ་ཡང་མི་བསྒྱུར་སྤོང་བར་མི་བྱའོ། མི་ངན་ཚོ་ལ་ནམ་ཡང་སྐྱོབ་མི་གནང་། 21ཁོང་གིས་ཁྱོད་ལ་སླར་ཡང་གད་འཇུག་ཅིང་། ཡང་སྐྱར་སྐད་འབོད་བྱེད་དུ་འཇུག་པར་མཛད། 22འོན་ཀྱང་ཁོང་གིས་ཁྱོད་ལ་སྡང་མཁན་རྣམས། དམའ་འབེབས་མཛད་ཅིང་དེ་ཚོའི་ཁང་ཁྱིམ་རློག།

ཡོབ 9

1-2ང་ཡིས་དེ་ཚོ་ཚང་མ་སྔོན་ཐོས་བྱུང་། འོན་ཀྱང་སྐྱེ་བོ་ཞིག་གིས་དཀོན་མཆོག་མདུན། ཁ་མཆུ་དེ་ནི་ཇི་ལྟར་རྒྱལ་ཐུབ་བམ། 3ཁོང་གི་དྲི་བ་སྟོང་ཕྲག་འདྲི་གནང་སྲིད། སུས་ཀྱང་དེ་ལ་ལན་འདེབས་བྱེད་མི་ཐུབ། སུ་ཞིག་དཀོན་མཆོག་མཉམ་དུ་རྩོད་ཐུབ་བམ། 4དཀོན་མཆོག་ཤེས་རབ་ཅན་དང་མཐུ་སྟོབས་ཅན། ཡིན་པས་སུས་ཀྱང་ཁོང་དང་འགྲན་མི་ནུས། 5ཉེན་བརྡ་མེད་པར་རི་བོ་སྤོས་གནང་ཞིང་། ཐུགས་ཁྲོའི་སྐབས་སུ་དེ་ཚོ་མེད་པར་མཛད། 6ཁོང་གིས་ས་གཡོམ་བཏང་ནས་ས་གཞི་འགུལ། ཁོང་གིས་ས་གཞིར་སྐྱོར་བའི་ཀ་བ་རྣམས་འགུལ་བར་མཛད། 7ཁོང་གིས་ཉི་མ་ཤར་རྒྱུ་བཀག་པ་དང་། མཚན་གྱི་སྐར་མའི་འོད་ཟེར་བཀག་གནང་ཐུབ། 8ནམ་མཁའ་བཀྲམ་དུས། མཚོ་ཡི་སེམས་ཅན་དྲག་པོ་སྟེང་དུ་རྡོག་བརྫིས་གཏོང་སྐབས། ཁོང་ལ་སུས་ཀྱང་རོགས་པ་བྱས་མེད་དོ། 9དཀོན་མཆོག་ཁོང་གིས་ནམ་མཁར་དོམ་ཆེན་སྐར་མའི་ཚོགས་དང་། དྲང་སྲོང་སྐར་མའི་ཚོགས་དང་སྨིན་དྲུག་སྐར་མའི་ཚོགས་དང། ལྷོ་ཕྱོགས་སྐར་མ་རྣམས་བཟོས་བར་མཛད། 10ཁོང་གིས་མཛད་པའི་བྱ་བ་རླབས་ཆེན་ཁག། དེ་རྣམས་ང་ཚོས་རང་གི་རྟོགས་མི་ཐུབ། ཁོང་གི་རྫུས་འཕྲུལ་རྣམས་ལ་མཐའ་མེད་དོ། 11དཀོན་མཆོག་ང་ཚོའི་མདུན་ནས་གཤེགས་ན་ཡང་། ང་ཡིས་ཁོང་ལ་ནམ་ཡང་མཐོང་མི་ཐུབ། 12ཁོང་ལ་ཐུགས་འདོད་ཇི་ཡོད་བཞེས་པ་དང་། དེ་ལ་སུས་ཀྱང་བཀག་འགོག་བྱེད་མི་ཐུབ། མ་ཟད་ཁོང་ལ་ཁྱེད་ནི་ཅི་གནང་ཟེར། བཀའ་འདྲི་ཞུ་བར་སུས་ཀྱང་མི་ནུས་སོ། 13དཀོན་མཆོག་ཐུགས་ཁྲོ་ཞི་བར་མི་གནང་ཞིང་། རྒྱ་མཚོའི་སེམས་ཅན་དྲག་པོ་ར་ཧབ་ལ། རྒྱབ་སྐྱོར་བྱ་མཁན་རྣམས་ལ་རང་གི་ཞབས་འོག་མནན་པར་མཛད། 14དེར་བརྟེན་ང་ཡི་དཀོན་མཆོག་ཁོང་ལ་ནི། ལན་འདེབས་ཞུ་རྒྱུའི་ཚིག་གཅིག་རྙེད་ཐུབ་བམ། 15ང་ནི་ཉེས་མེད་ཡིན་ཀྱང་ངས་གང་བྱེད། ཐུབ་པ་དེ་ནི་ང་ཡི་ཁྲིམས་བདག་ལ། དཀོན་མཆོག་ཁོང་ལ་རྙིང་རྗེ་ཆེད་དུ་ཞུ་རྒྱུ་ཡིན། 16འོན་ཀྱང་ཁོང་གིས་ང་ལ་བཤད་བཅུག་ཡང་། ང་ལ་ཁོང་གི་གསན་ཡོང་བསམ་པར་ཡིད་ཆེས་མེད། 17ཁོང་གིས་ང་ལ་དོན་མེད་རླུང་འཚུབ་གཏོང་གནང་ནས། ང་ལ་གསིལ་བུར་གཏོང་ནས་རྨས་པར་མཛད། 18ཁོང་གིས་ང་ཡི་དབུགས་དེ་ལེན་མ་བཅུག། ཁོང་གིས་ང་ཡི་མི་ཚེ་སྡུག་བསྔལ་བཀང་། 19ང་ཡི་བཙན་དབང་ཐབས་ཤིག་བྱས་སམ་མམ། དཀོན་མཆོག་ཁོང་ལ་བཙན་དབང་བྱས་སམ་མམ། ང་ཡི་ཁོང་ལ་ཁྲིམས་ཁང་ནང་འཁྲིད་དམ། ཁོང་ལ་ཕེབས་སུ་འཇུག་མཁན་སུ་ཡོད་དམ། 20ང་ནི་སྐྱོན་མེད་དམ་ཚིག་ཅན་ཡིན་ཀྱང་། ང་ཡི་ཚིག་རྣམས་ཉེས་ཅན་ལྟ་བུ་ཡོད། ང་ཡིས་སྨྲས་པའི་གཏམ་དང་ཚིག་རྣམས་ཀྱིས། ང་ལ་སྐྱོན་འདོགས་བྱེད་པ་ལྟ་བུ་འདུག། 21-22ང་ནི་ཉེས་སྐྱོན་མེད་པ་ཡིན་ན་ཡང་། དེ་ལ་ང་ཡི་དོ་སྣང་བྱེད་ཀྱི་མེད། ང་ནི་གསོན་པོར་སྡོད་ཕྱིར་ཡིད་ཐང་ཆད། དེ་ཡི་ང་ལ་ཁྱད་པར་གང་ཡང་མེད། ཉེས་ཅན་ཉེས་མེས་ཇི་ཡིན་པར་ཁོང་གིས་ང་ཚོ་མེད་པར་བཟོ་གནང་ཡོང་། 23ཉེས་མེད་མི་གཅིག་གློ་བུར་འཆི་གྱུར་ན། གཙོ་བོ་དཀོན་མཆོག་བཞད་མོ་བཞད་པར་འགྱུར། 24སྐྱེ་བོ་སྡུག་རྩུབ་ཅན་ཚོར་དཀོན་མཆོག་གིས། འཛམ་གླིང་འདི་ནི་དེ་ཚོར་གནང་ཡོད་དོ། ཁྲིམས་དཔོན་རྣམས་ལ་ཁོང་གིས་ལོང་བ་བཟོས། ཁོང་གི་དེ་ཚོར་གནང་བ་མ་ཡིན་ན། གཞན་ཞིག་སུ་ཡིས་དེ་འདྲ་བྱས་ཐུབ་བམ། 25ང་ཡི་མི་ཚེ་མྱུར་དུ་རྒྱུགས་པ་ལས། དེ་ཚོ་གཅིག་ཀྱང་ལེགས་པ་མི་ཡོང་ངོ་། 26ང་ཡི་མི་ཚེ་གྲུ་ལྟར་མགྱོགས་པ་དེ། བྱ་རྒོད་རི་བོང་སྟེང་དུ་མཐོ་གཤོག་བརྒྱབ་པ་ལྟར་འགྲོ་བཞིན་འདུག། 27-28གད་མོ་གད་ནས་ང་ཡི་སྡུག་བསྔལ་རྣམས། བརྗེད་ཐབས་བྱས་ཀྱང་ང་ཡི་དཀའ་སྡུག་གི། ཡང་ནས་ཡང་དུ་ཡོང་ནས་ང་ལ་དཀྲོག་ཐབས་བྱེད། ང་ནི་ཉེས་མེད་ཡིན་པས་དཀོན་མཆོག་གིས། ཆ་འཛིན་མི་གནང་བ་དེ་ང་ཡི་ཤེས། 29ཁོང་གིས་ང་ལ་ཉེས་ཅན་ཡིན་པ་ངོས་ལན་གནང་ཡོད་ན། ཅིའི་ཕྱིར་ང་ཡི་དེ་ལ་སེམས་ཁྲལ་བྱེད། 30ཡི་རྩི་ཇི་འདྲ་ཞིག་གིས་ཁྲུས་ན་ཡང་། ང་ཡི་སྡིག་པ་ནམ་ཡང་དག་མི་ཐུབ། 31ཁོང་གིས་ང་ལ་རྫབ་དོང་ནང་དབྱུགས་ན། ང་ཡི་གོས་ཀྱིས་ང་ལ་ངོ་ཚར་འགྱུར། 32དཀོན་མཆོག་ང་དང་འདྲ་བའི་མི་ཡིན་ན། ང་ཡིས་ཁོང་ལ་ལན་འདེབས་བྱེད་ནུས་སོ། ང་ཚོའི་འཁོན་འཁྲུགས་ཐག་ཆོད་བྱེད་པའི་ཕྱིར། ང་ཚོ་ཁྲིམས་ཁང་ནང་དུ་འགྲོ་ནའང་། 33དཀོན་མཆོག་ཁོང་དང་ང་ཚོ་གཉིས་ཀྱི་བར། ང་ཚོར་བར་མི་བྱེད་མཁན་སུ་ཡང་མེད། 34དཀོན་མཆོག་ཁྱེད་ཀྱིས་ང་ལ་ཆད་པ་དེ། གནང་རྒྱུ་ཡིན་པ་མཚམས་འཇོག་གནང་རོགས་གནང་། ཁྱེད་ཀྱི་འཇིགས་སྣང་ཕྱིར་འཐེན་མཛད་རོགས་གནང་། 35ངེད་ཀྱི་རང་གི་སེམས་ཉིད་རྟོགས་ཡོད་སྟབས། ང་ནི་འཇིགས་སྣང་མེད་པར་སྨྲ་རྒྱུ་ཡིན།།

ཡོབ 10

1ང་ནི་གསོན་པོར་གནས་པར་ཡིད་ཐང་ཆད། ང་ཡི་སྐྱོན་བརྗོད་དྲག་པོར་གསན་པར་མཛོད། 2ཀྱེ། དཀོན་མཆོག་ཁྱེད་ཀྱིས་ང་ལ་ཉེས་ཅན་མ་རྩིས་རོགས། ང་ཡི་ཉེས་སྡིག་གང་ཡོད་གསུངས་རོགས་གནང་། 3རང་གི་ཕྱག་གི་བཀོད་པའི་སྐྱེ་བོ་ཚོར། སྣང་ཆུང་དགོངས་ནས་ངན་པའི་འཆར་གཞི་ལ་ངོས་ལན་གནང་ནས་དགྱེས་འཛུམ་གནང་ཡོད་དམ། ཁྱེད་ནི་སྙིང་རྗེ་མེད་པ་དེ་འདྲ་འོས་པ་དགོངས། 4ང་ཚོས་ཇི་ལྟར་མཐོང་བ་དེ་བཞིན་དུ། ཁྱེད་ཀྱི་སྤྱན་གྱིས་དེ་ལྟར་གཟིགས་ལགས་སམ། 5ང་ཚོའི་མི་ཚེ་ཇི་ལྟར་ཐུང་བ་བཞིན། ཁྱེད་ཀྱི་སྐུ་ཚེ་དེ་ལྟར་ཐུང་ལགས་སམ། 6དེ་བས་ཁྱེད་ཀྱིས་ང་ཡི་ཉེས་སྡིག་རྣམས། རྗེས་དེད་གནང་ནས་ང་ལ་འཚོལ་ཞིབ་གནང་། 7ང་ནི་སྐྱོན་མེད་ཡིན་པ་ཁྱེད་ཀྱི་མཁྱེན། ཁྱེད་ལས་སྐྱོབས་མཁན་མེད་པ་ཁྱེད་ཀྱིས་མཁྱེན། 8ཁྱེད་ཀྱི་ཕྱག་གིས་ང་ཡི་བཟོ་དབྱིབས་བཀོད། ད་ཆ་ཕྱག་དེས་ང་ལ་མེད་པར་མཛད། 9ང་ལ་འདམ་ནས་བཟོས་པར་དྲན་པར་མཛོད། སླར་ཡང་ང་ལ་རྡུལ་དུ་རློག་གནང་ནམ། 10ང་ཡི་ཕ་ལ་ཁྱེད་ཀྱིས་སྟོབས་ཤུགས་གནང་། ཡུམ་གྱི་མངལ་དུ་ང་ལ་ཆགས་སུ་འཇུག། 11ཁྱེད་ཀྱིས་ང་ཡི་གཟུགས་པོར་རུས་པ་དང་། རུས་པའི་སྟེང་དུ་རྩ་དང་རྒྱུས་པ་སོགས། པགས་པས་བཀབ་ནས་འགེབས་པར་མཛད་གནང་ངོ་། 12ཁྱེད་ཀྱི་ང་ལ་སྲོག་དང་བརྩེ་བ་གནང་། གཏན་དུ་གསོན་པོར་གནས་རྒྱུར་གཟིགས་སྐྱོངས་མཛད། 13འོན་ཀྱང་ད་ཆ་དུས་ཚོད་དེ་ཚོའི་རིང་། ཁྱེད་ཀྱིས་གསང་བའི་ཐོག་ནས་ངའི་སྟེང་དུ། གནོད་ཚེའི་འཆར་གཞི་ཡོད་པར་ངས་རྟོགས་བྱུང་། 14གལ་ཏེ་ང་ཡིས་སྡིག་པ་བྱེད་པ་ཡིན་ན། ང་ལ་བཟོད་གསོལ་གནང་རྒྱུར་འགག་བྱའི་ཆེད་དུ་གཟིགས་ནས་བཞུགས། 15ང་ཡི་སྡིག་པ་བྱེད་མ་ཐག་ཁྱེད་ཀྱི་ང་ལ་ཉེས་པ་གནང་། འོན་ཀྱང་དྲང་བདེན་བྱེད་སྐབས་དྲིན་མ་ཐོབ། ང་ལ་སྡུག་བསྔལ་ངོ་ཚས་བཀབ་ཡོད་དོ། 16ཁྱེད་ཀྱི་ང་ལ་ལམ་འགྲོ་ཡོད་པའི་སྐབས། སེང་གེ་བཞིན་དུ་ང་ལ་འཚོལ་ཞིབ་གནང་། ཁྱེད་ཀྱི་ང་ལ་གནོད་འཚེ་གནང་བའི་ཆེད། ཁྱེད་ཀྱི་ང་ལ་རྫུ་འཕྲུལ་བསྟན་གནང་ཡོད། 17ཁྱེད་ལ་རྟག་ཏུ་ང་ཡི་རྒྱབ་འགལ་གྱིས། དཔང་པོ་བྱ་མཁན་རྣམས་ནི་ཡོད་པ་དང་། ཁྱེད་ཀྱི་ང་ལ་ཐུགས་ཁྲོ་ཇི་འཕེལ་བཞིན། ཁྱེད་ཀྱིས་རྟག་ཏུ་ང་ལ་འཐབ་རྒོལ་ཕྱིར། ཐབས་ཤེས་གསར་པ་ཞིག་ནི་བརྩོམ་བཞིན་ཡོད། 18ཁྱེད་ཀྱིས་ང་ལ་ཅིའི་ཕྱིར་སྐྱེས་སུ་འཇུག། སྐྱེས་ནས་སུ་ཞིག་ང་ལ་མཐོང་བའི་སྔོན། ཅིའི་ཕྱིར་ང་ནི་འཆི་རུ་མ་འཇུག་གམ། 19ཨ་མའི་ངལ་ནས་ཐད་ཀར་དུར་སར་བསྐྱོད་པ་དེ། ངའི་ཆེད་དུ་ནམ་ཡང་མ་སྐྱེས་ལྟ་བུ་ལེགས་པ་ཡིན་ནོ། 20ང་ཡི་མི་ཚེ་རྫོགས་པའི་དུས་ཡིན་ནམ། ང་ལ་གཅིག་པོར་འཇོག་པར་གནང་རོགས་མཛོད། དུས་ཡུན་ལྷག་མར་ང་ལ་སྐྱིད་དུ་འཇུག། 21ང་ནི་མགྱོགས་པོར་འགྲོ་རྒྱུ་ཡིན་པས་ན། སླར་ཡང་ནམ་ཡང་ཕྱིར་ལོག་ཡོང་རྒྱུ་མིན། མུན་ནག་ཡིད་མུག་ཡུལ་དུ་འགྲོ་རྒྱུ་ཡིན། 22མུན་ནག་གྲིབ་ནག་མགོ་རྙོག་ཅན་གྱི་ཡུལ། འོད་དེ་མུན་པ་ཡིན་པར་དེར་འགྲོའོ།།

ཡོབ 11

ཛོ་ཕར་གྱིས་སྨྲས་པ།

1-2ཆོ་མེད་གཏམ་ལ་སུ་ཡིས་ལན་འདེབས་བྱེད། མི་ཞིག་གཏམ་གླེང་མང་པོ་བཤད་པས་ན། དེ་ནི་དྲང་བདེན་ཞིག་ཏུ་འགྱུར་སྲིད་དམ། 3ང་ཚོས་ཁྱེད་ལ་ལན་འདེབས་བྱེད་མི་ཐུབ་བསམ་གྱི་འདུག་གམ། ཁྱེད་ཀྱིས་བཤད་པའི་ཆོ་མེད་ཚིག་དེ་ལ། ང་ཚོས་བརྗོད་མི་ཐུབ་པར་ལུས་པར་བྱེད། 4ཁྱེད་ཀྱིས་གང་སྨྲས་པ་དེ་ཚོ་དྲང་བདེན་ཡིན་པ་དང་། དཀོན་མཆོག་དྲུང་དུ་ང་ནི་གཙང་མ་ཡིན་ཞེས་བརྗོད། 5དཀོན་མཆོག་ཁོང་གིས་ཁྱེད་ལ་ལན་འདེབས་གནང་ཕྱིར་ང་འདོད་དོ། 6ཁོང་གིས་ཁྱོད་ལ་གསུངས་བ་ཡོད། ཤེས་རབ་ཀྱི་ཀྱང་གཟུགས་དབྱིབས་མང་པོ་ཡོད་པ་དང་། གནས་ཚུལ་མང་པོ་མི་ཡི་ཤེས་བྱ་དེ་རྟོགས་མི་ཐུབ་པ་དང་། ཁྱེད་ཀྱི་ཐོབ་འོས་པ་ལས་ཉུང་བའི་ཉེས་ཆད་ཁོང་གིས་གཏོང་གནང་བཞིན་ཡོད། 7དཀོན་མཆོག་ཁོང་གི་རླབས་ཆེན་དང་མཐུ་སྟོབས་ཀྱི། ཚད་དང་མཐའ་མཚམས་ཁྱེད་ཀྱིས་འཚོལ་ཐུབ་བམ། 8དཀོན་མཆོག་ཁོང་ཆེད་ནམ་མཁར་ཚད་ཡོད་ཅིང་། འོན་ཀྱང་དེ་ནི་ཁྱོད་ཀྱིས་སྙོབ་མི་ཐུབ། ཁོང་གིས་གཤིན་པོའི་གནས་དེ་མཁྱེན་ན་ཡང་། འོན་ཀྱང་དེ་ནི་ཁྱོད་ཀྱིས་ཤེས་མི་ཐུབ། 9དཀོན་མཆོག་ཁོང་གི་རླབས་ཆེན་ས་གཞི་ལས་ཀྱང་ཆེ་ཞིང་། རྒྱ་མཚོ་ལས་ཀྱང་ཞེང་རྒྱ་ཆེ་བ་ཡོད། 10གལ་སྲིད་དཀོན་མཆོག་ཁྱོད་ལ་བཟུང་གནང་ནས། ཁྲིམས་གཅོད་གནང་ན་སུ་ཡིས་བཀག་ཐུབ་བམ། 11ཁོང་གིས་མི་སུ་ཞིག་ཕན་ཐོག་མེད་པ་མཁྱེན། དེ་ཚོའི་བྱ་བ་ངན་པ་ཚང་མ་ཁོང་གི་གཟིགས། 12གླེན་པའི་མི་ཞིག་ཤེས་རབ་ཅན་འགྱུར་རམ། ནགས་ཀྱི་བོང་ཕྲུག་མི་རུ་སྐྱེ་སྲིད་དམ། 13ཡོབ་ལགས་ཁྱེད་ཀྱི་སེམས་དེ་དྲང་པོར་འཇོག། ཁྱེད་ཀྱི་ལག་པ་དཀོན་མཆོག་ཕྱོགས་སུ་རྐྱོངས། 14ཁྱེད་ཀྱི་ཁྱིམ་ནང་ཡོད་པའི་ངན་པ་དང་། ནོར་འཁྲུལ་རྣམས་ཀྱང་ཐག་རིང་དབྱུགས་པར་མཛོད། 15དེ་ནས་སླར་ཡང་འཛམ་གླིང་འདིའི་ནང་དུ། བློ་སྟོབས་ཆེན་པོས་བརྟན་པོར་གདོང་ལེན་བྱོས། 16དེ་ནས་ཁྱོད་ཀྱི་དྲན་པའི་སྡུག་བསྔལ་རྣམས། ཆུ་ལོག་ལྟ་བུར་ཡོལ་ནས་སླར་མི་དྲན། 17ཁྱེད་ཀྱི་མི་ཚེ་ཉིན་གུང་ཉི་མ་ལྟར། འཚེར་བ་ལས་ཀྱང་གསལ་བར་འགྱུར་བ་དང་། ཁྱེད་ཀྱི་མི་ཚེའི་དུས་སྐབས་སྡུག་ཤོས་དེ། མུན་པ་དེ་ནི་ཐོ་རེངས་འོད་ལྟར་འགྱུར། 18ཁྱེད་ནི་རེ་བ་བརྟན་པོར་འཚོ་བའི་ངང་། ཁོང་གིས་ཁྱེད་ལ་སྐྱབས་ནས་ངལ་གསོ་གནང་། 19ཁྱེད་ནི་རང་གི་དགྲ་བོར་འཇིགས་མི་དགོས། མང་པོས་ཁྱེད་ལ་རོགས་རམ་འབོད་བསྐུལ་བྱེད། 20འོན་ཀྱང་མི་ངན་ཡིད་མུག་ངང་དུ་ཕྱོགས་བཞིར་བལྟས། དེ་ཚོར་ཐར་བའི་ལམ་དེ་རྙེད་མི་འགྱུར། དེ་ཚོའི་རེ་བ་གཅིག་རང་དེ་འཆི་བ་ཡིན།།

ཡོབ 12

1-2ངོ་མར་ཁྱེད་རྣམས་ནི་མི་མང་གི་སྐད་ཡིན་ནོ། ཁྱེད་རྣམས་འཆི་སྐབས་ཤེས་རབ་ཁྱེད་མཉམ་འཆི། 3འོན་ཀྱང་ཁྱེད་ལ་ཡོད་པའི་བློ་གྲོས་ལྟར། ང་ལ་ཡོད་ཅིང་ཁྱོད་ལས་ཞན་པ་མེད། ཁྱེད་ཚོས་སྨྲས་པའི་ཚིག་རྣམས་ཚང་མས་ཤེས། 4ད་ཆ་ང་ཡི་གྲོགས་པོས་ང་ལ་གད། ང་ནི་དྲང་བདེན་སྐྱོན་མེད་ཡིན་ན་ཡང་། དེ་ཚོས་ང་ལ་གད་མོ་བགད་པར་བྱེད། འོན་ཀྱང་གཙོ་བོ་དཀོན་མཆོག་གིས། ང་ཡི་སྨོན་ལམ་གསན་པའི་དུས་ཤིག་ཡོད། 5ཁྱེད་རྣམས་ལ་སྡུག་བསྔལ་མེད་ཅིང་ང་ལ་བརྙས། སྐྱེ་བོ་འགྱེལ་གྲབ་ཅན་ལ་ཁྱོད་ཀྱིས་བརྡུང་། 6འོན་ཀྱང་རྐུན་མ་དང་ནི་དཀོན་མཆོག་ཁས་མི་ལེན་མཁན། དེ་ཚོའི་མི་ཚེ་ཞི་བདེའི་ངང་ལ་གནས། དེ་ཚོའི་དཀོན་མཆོག་རང་གི་ནུས་ཤུགས་ཡིན། 7བྱ་དང་དུད་འགྲོ་སེམས་ཅན་རྣམས་ཀྱིས་ཀྱང་། ཁྱེད་རྣམས་ལ་སློབ་སྟོན་མང་པོ་བྱ་ཐུབ་བོ། 8ས་གཞི་དང་ནི་རྒྱ་མཚོའི་སེམས་ཅན་ཚོ་རྣམས་ནས། ཤེས་རབ་ཆེད་དུ་སྐྱབས་འཇུག་ཞུས་དགོས་སོ། 9དེ་ཚོ་ཚང་མ་གཙོ་བོ་དཀོན་མཆོག་གིས། རང་གི་ཕྱག་གིས་དེ་ཚོ་བཀོད་པ་ཤེས། 10སེམས་ཅན་རྣམས་ཀྱི་ཚེ་ཡི་ལམ་སྟོན་མཁན། དཀོན་མཆོག་ཁོང་གིས་གནང་གི་ཡོད་པ་དང་། ཡོངས་རྫོགས་མི་ཡི་སྲོག་དེ་ཁོང་གི་ཕྱག་ནང་ཡོད། 11འོན་ཀྱང་ཁྱོད་ཀྱི་ལྕེ་ཡིས་ཟས་ཀྱི་བྲོ་བ་མྱོང་། དེ་ལྟར་ཁྱོད་ཀྱི་རྣ་བས་གཏམ་ཉན་པར་ལོངས་སྤྱོད་དོ། 12-13མི་རྒན་ཚོ་ལ་ཤེས་རབ་ཡོད། དཀོན་མཆོག་ཁོང་ལ་ཤེས་རབ་མཐུ་སྟོབས་ཡོད། མི་རྒན་ཚོ་ལ་མཐོང་རྒྱ་ཡོད། དཀོན་མཆོག་ཁོང་ལ་མཁྱེན་རྒྱ་དང་ལས་གནང་བའི་མཐུ་སྟོབས་ཡོད། 14དཀོན་མཆོག་ཁོང་གིས་བཤིག་པར་མཛད་པ་དེ། སུ་ཡི་དེ་ལ་སླར་ཡང་བཞེངས་ཐུབ་བམ། དཀོན་མཆོག་ཁོང་གིས་བཙོན་འཇུག་གནང་བ་དེ། སྐྱེ་བོ་སུ་ཡིས་དེ་ལ་འགྲོལ་བར་ནུས། 15ཁོང་གིས་ཆར་པ་བཀག་དུས་འཐེན་པ་ཡོང་། ཁོང་གིས་ཆར་པ་སློད་དུས་ཆུ་ལོག་ཡོང་། 16ཁོང་ནི་སྟོབས་ཆེན་རྟག་ཏུ་རྒྱལ་བ་ཡིན། མགོ་སྐོར་ཐེབས་མཁན་དང་མགོ་སྐོར་གཏོང་མཁན་གཉིས། སྐུ་དབང་དཀོན་མཆོག་ཕྱག་གི་འོག་ལ་ཡོད། 17ཁོང་གིས་སྲིད་སྐྱོང་པ་རྣམས་ཀྱི་ཤེས་རབ་འཕྲོག། ཁྲིམས་དཔོན་རྣམས་ལ་གླེན་པར་བྱེད་དུ་འཇུག། 18ཁོང་གིས་རྒྱལ་པོ་ཚོར་ཁྲི་ལས་འབེབས་གནང་ནས། དེ་ཚོ་བཙོན་གྱི་ནང་དུ་བཅུག་པར་མཛད། 19ཁོང་གིས་བླ་མ་ཚོ་དང་དབང་ཡོད་མཁན། སྐྱེ་བོ་དེ་ཚོར་ཉམས་ཆུང་བཟོ་བར་མཛད། 20ཁོང་གིས་བློས་འཁེལ་མི་རྣམས་ལ་སྨྲ་མི་བཅུག། རྒན་པ་ཚོ་ལས་ཤེས་རབ་ཚུར་བཞེས་གནང་། 21ཁོང་གིས་དབང་ཡོད་མི་ལ་དམའ་འབེབས་མཛད། སྲིད་སྐྱོང་རྣམས་ཀྱི་དབང་ཤུགས་མེད་པར་མཛད། 22ཁོང་གིས་འཆི་བ་ལྟར་གྱི་མུན་པའི་ནང་། ས་གནས་དེ་གར་འོད་ཅིག་གཏོང་བར་མཛད། 23ཁོང་གིས་མི་རིགས་རྣམས་སྟོབས་ལྡན་རླབས་ཆེན་བཟོས་གནང་ཡང་། ཁོང་གིས་དེ་ཚོ་ཕམ་ཞིང་མེད་པར་མཛད། 24ཁོང་གིས་འགོ་འཁྲི་དེ་ཚོ་གླེན་པར་བཟོས། དེ་ཚོ་ཐོམས་ཤིང་རླག་ནས་འཁྱམས་སུ་འཇུག། 25དེ་ཚོ་མུན་པའི་ནང་དུ་སྦར་ཡུལ་རྒྱབ། ར་བཟི་ལྟ་བུ་འཁྱོར་ཞིང་འགྲོ་བར་བྱེད༎

ཡོབ 13

1-2ཁྱེད་རྣམས་ཀྱིས་སྨྲས་པའི་ཚིག་རྣམས་ཐོག་མ་ནས ང་ཡིས་ཐོས་ཤིང་ཚང་མ་རྟོགས་པ་དང་། ཁྱེད་རྣམས་ཀྱིས་ཤེས་པ་ལྟ་བུ་ངས་ཀྱང་ཤེས། ང་ནི་ཁྱེད་རྣམས་ལས་ཞན་པ་མ་ཡིན་ནོ། 3འོན་ཀྱང་ང་ཡི་རྩོད་གླེང་དཀོན་མཆོག་དང་། མཉམ་དུ་ཡོད་ཅིང་ཁྱེད་རྣམས་མཉམ་མེད་པ་ཡིན། ང་ནི་ཁོང་མཉམ་རྩོད་གླེང་བྱེད་པར་འདོད། 4ཁྱེད་རྣམས་ཀྱི་གཏི་མུག་རྫུན་གྱིས་འགེབས། ཁྱེད་རྣམས་ནི་སུ་ཞིག་ལ་ཀྱང་དྲག་པར་བྱེད་མི་ཐུབ་མཁན་སྨན་པ་དང་འདྲའོ། 5གང་ཡང་ཚིག་གཅིག་མ་སྨྲས་པར་བསྡད་ན། ཁྱེད་རྣམས་ནི་ཤེས་རབ་ཅན་ཞིག་ཡིན་པར་བསམ། 6ང་ཡི་ཁ་མཆུ་རྒྱབ་སྐབས་དོ་སྣང་བྱེད་ནས་ཉོན། 7ཁྱེད་རྣམས་ཅི་ཕྱིར་རྫུན་བཤད་དམ། ཁྱེད་རྣམས་ཀྱི་བསམ་པར་ཁྱེད་ཚོའི་རྫུན་དེ་ཚོས། དཀོན་མཆོག་ཁོང་ལ་ཕན་ཐོག་ཡོང་བསམ་མམ། 8ཁྱོད་ཀྱིས་དཔང་པོ་ཁོང་ཕྱོགས་བྱེད་བསམ་མམ། ཁོང་གི་རྩོད་པ་དེ་ནི་ཁྱོད་ཚོས་རྩོད་འདོད་དམ། 9ཁོང་གིས་ཁྱོད་ཚོར་རྟོགས་ཞིབ་བྱས་པ་ཡིན་ན། ཁོང་གིས་ཁྱོད་ཚོ་ལས་གང་ཞིག་ལེགས་པ་ཐོབ་ཐུབ་བམ། ཁྱོད་ཀྱིས་མི་ཚོར་གླེན་པ་བཟོས་པ་ལྟར། ཁོང་ལ་གླེན་པ་བཟོ་ཐུབ་ཁྱོད་བསམ་མམ། 10ཁྱོད་ཀྱི་འཁོན་སེམས་བཀབ་ནས་ཡོད་ན་ཡང་། ཁོང་གིས་ཁྱོད་ལ་བཀའ་སྐྱོན་གནང་བར་འགྱུར། 11ཁོང་གིས་ཁྱོད་ལ་མཐུ་སྟོབས་ཆེན་པོའི་ངང་། འཇིགས་སྐྲགས་རྣམས་ཀྱིས་ཁེང་པར་བཟོ་བར་མཛད། 12ཁྱེད་ཀྱི་དཔེ་རྣམས་གོ་ཐེལ་ལྟར་ཕན་མེད་ཡིན། ཁྱོད་ཀྱི་རྩོད་གཞི་འདམ་ལྟར་ཉམ་ནས་ཡོད། 13ཁ་རོག་སྡོད་ལ་སྨྲ་བའི་གོ་སྐབས་སྤྲོད། དེ་ཡི་སྒྲུབ་འབྲས་ཇི་ལྟར་ཡིན་དུ་འཇུག། 14ང་ཡི་སྲོག་ཀྱང་བློས་བཏང་རྒྱུར་གྲ་སྒྲིགས་ཡོད། 15ང་ཡི་རེ་བ་ཚང་མ་རླག་སོང་བས། ཁོང་གིས་གསོད་པ་གནང་ཡང་འགྱོད་པ་མེད། ང་ཡིས་གནས་སྟངས་ཁོང་ལ་ཞུ་རྒྱུ་ཡིན། 16ང་ཡི་བློ་ཁོག་གི་ནི་ང་ལ་སྐྱོབ་པར་སྲིད། གང་ལ་ཟེར་ན་ངན་པའི་མི་ཞིག་གིས། དཀོན་མཆོག་ཁོང་གི་ཞལ་རས་མཇལ་མི་ནུས། 17ད་ངའི་འགྲེལ་བཤད་ཚིག་རྣམས་གསན་པར་མཛོད། 18ང་ཡི་གནས་སྟངས་ཞུ་རྒྱུར་གྲ་སྒྲིགས་ཡོད། གང་ལ་ཟེར་ན་ང་ནི་རང་ཉིད་ལ། ང་རང་བདེན་པ་ཡིན་པ་ཤེས་ཀྱི་ཡོད། 19ང་ལ་སྐྱོན་བརྗོད་གནང་བ་ཁྱེད་ཕེབས་སམ། ཁྱེད་ཀྱིས་དེ་ལྟར་གནང་བ་ཡིན་པས་ན། ང་ནི་ཁ་རོག་བསྡད་ནས་འཆི་རྒྱུ་གྲ་སྒྲིག་ཡོད། 20ང་ཡིས་ཁྱེད་ལ་འདྲི་བ་གཉིས་ཡོད་པས། དེ་ལ་ཁྱེད་ཀྱིས་ཞལ་བཞེས་གནང་རོགས་གནང་། ངས་ནི་ཁྱེད་ལས་ཡིབ་ཐབས་བྱ་རྒྱུ་མིན། 21ང་ལ་ཉེས་ཆད་གཏོང་རྒྱུ་མཚམས་འཇོག་གནང་། ང་ལ་འཇིགས་སྐྲག་ངང་ནས་མནར་མ་འཇུག། 22ཐོག་མར་དཀོན་མཆོག་ང་ལ་བཀའ་མོལ་གནང་། ང་ཡི་དེ་ལ་ཞུ་ལན་འབུལ་རྒྱུ་ཡིན། ཡང་ན་ང་ལ་སྐད་ཆ་བཤད་བཅུག་ན། ཁྱེད་ཀྱིས་དེ་ལ་བཀའ་ལན་གནང་བར་མཛོད། 23ང་ཡི་སྡིག་པ་ནོར་འཁྲུལ་ཅི་བྱས་ཡོད། ང་ལ་ཉེས་པའི་སྐྱོན་བརྫོད་ཅི་ཞིག་ཡོད། 24ཁྱེད་ཀྱིས་ཅི་ལ་ང་ལ་གཡོལ་བ་ཡིན། ཁྱེད་ཀྱིས་ཅི་ལ་ང་ལ་དགྲ་ལྟར་འཛིན། 25ཁྱེད་ཀྱིས་ང་ལ་འཇིགས་སྣང་བསྐུལ་གནང་ངམ། ང་ནི་ལོ་མ་མ་གཏོགས་གཞན་གང་མིན། ཁྱེད་ཀྱིས་སོག་མ་སྐམ་པོར་འཐབ་བཞིན་ཡོད། 26ང་ཡིས་གཞོན་ནུས་དུས་སུ་ཅི་གྱིས་པ། ཁྱེད་ཀྱིས་ང་ལ་སྐྱོན་བརྫོད་དྲག་པོ་བསྣམས་ཕེབས་སམ། 27ཁྱེད་ཀྱིས་ང་ཡི་རྐང་པར་ལྕགས་སྒྲོག་བཅིངས། ང་ཡི་གོམ་པ་ཇི་སྤོས་གཟིགས་པ་དང་། རྐང་རྗེས་བཅས་པར་ཁྱེད་ཀྱིས་རྟགས་དཔྱད་གནང་། 28དེ་ཡི་རྐྱེན་གྱིས་ང་ནི་ཤིང་རུལ་ལྟར། མུག་པས་ཟས་པས་སྟོད་ཐུང་ལྟ་བུར་འཇིག།

ཡོབ 14

1ང་ཚོ་ཚང་མ་ཉམས་ཆུང་མགོན་མེད་སྐྱེས། ཚེ་ཐུང་དཀའ་ངལ་ཅན་གྱི་མི་ཚེ་བསྐྱེལ། 2མེ་ཏོག་བཞིན་དུ་འཚར་ཞིང་མགྱོགས་པོར་སྐམ། ང་ཚོ་གྲིབ་ནག་བཞིན་དུ་ཡལ་བར་འགྱུར། 3དཀོན་མཆོག་ཁྱེད་ཀྱིས་ང་ལ་གཟིགས་གནང་དང་། ཡང་ན་ཞིབ་དཔྱོད་ཁྲིམས་ཞིབ་ཞིག་གནང་ངམ། 4མི་གཙང་བ་མི་ལས་གཙང་མ་གང་ཡང་འདོན་མི་ཐུབ་བོ། 5མི་ཚེ་རིང་ཐུང་དེ་ཡི་ཟླ་གྲངས་རྣམས། ཇི་ལྟར་ཚང་མ་སྔོན་ནས་གཏན་འབེབས་ཟིན། ཁྱེད་ཀྱིས་ཐག་གཅོད་ཟིན་པས་བསྒྱུར་མི་ཐུབ། 6ཁོ་ལ་མ་གཟིགས་གཅིག་པོར་འཇོག་རོགས་གནང་། ཁོ་ཡི་སྤྱོད་པར་ནུས་ན་ཁོའི་མི་ཚེ། ཁག་པོ་དེ་ལ་སྤྱོད་དུ་འཇུགས་རོགས་གནང་། 7བཅད་པའི་ཤིང་སྡོང་ཞིག་ལ་རེ་བ་ཡོད། དེ་ནི་སླར་ཡང་གསོན་ནས་སྐྱེས་སྲིད་དོ། 8དེ་ཡི་རྩ་བ་རྙིང་པར་འགྱུར་བ་དང་། དེ་ཡི་སྡོང་པོ་ས་འོག་སྐམ་ན་ཡང་། 9ཆུ་ཞིག་ཕོག་པས་རྩི་ཤིང་གསར་དུ་སྐྱེས། 10འོན་ཀྱང་མི་ནི་འཆི་བར་འགྱུར་བ་དང་། དེ་ནི་ཁོ་ཡི་མི་ཚེའི་མཐའ་མ་ཡིན། འཆི་བའི་རྗེས་སུ་ཁོ་ནི་གང་དུ་ཡོད། 11རྒྱུགས་ཆུ་ཆད་དུས་མཚོ་ནི་སྐམ་པར་ལྟར། 12མི་ནི་འཆི་ནས་ནམ་ཡང་ལངས་མི་འགྱུར། ནམ་མཁའ་གནས་རིང་དེ་ཡི་གཉིད་མི་སད། དེ་ཚོའི་གཉིད་ནི་ནམ་ཡང་དཀྲོག་མི་འགྱུར། 13ང་ཡི་འདོད་པར་ཁྱེད་ཀྱི་ང་ལ་ནི། ཁྱེད་ཀྱི་ཐུགས་ཁྲོ་མ་ཞི་བ་ཡི་བར། ང་ལ་གཤིན་པོའི་གླིང་དུ་སྦས་གནང་ནས། དེ་ནས་ཐུགས་དྲན་གསོ་བའི་དུས་ཚོད་ཅིག། གཏན་འབེབས་གནང་བ་ཡིན་ན་ཅི་མ་རུང་། 14མི་ཞིག་འཆི་ནས་སླར་ཡང་གསོན་འགྱུར་རམ། འོན་ཀྱང་ང་ཡི་དུས་ཚོད་བཟང་པོ་དེ། དཀའ་ངལ་མ་རྫོགས་བར་དུ་སྒུག་རྒྱུ་ཡིན། 15དེ་ནས་ཁྱེད་ཀྱིས་ང་ལ་འབོད་གནང་བ་དང། ང་ཡི་ཁྱེད་ལ་ཞུ་ལན་འབུལ་རྒྱུ་ཡིན། ཁྱེད་ཀྱིས་བཀོད་པའི་མི་ང་མཉམ་མཉེས་པར་འགྱུར། 16ཁྱེད་ཀྱིས་ང་ཡི་གོམ་སྤོས་གཟིགས་ན་ཡང་། ཁྱེད་ཀྱིས་ང་ཡི་སྡིག་པའི་བརྗེད་མི་དེད། 17ཁྱེད་ཀྱིས་དེ་ཚོར་བཟོད་གསོལ་གནང་བ་དང་། དེ་ཚོ་ཕར་རུ་བསྡུས་པ་གནང་བ་དང་། ང་ཡི་ནོར་འཁྲུལ་ཚང་མ་མེད་པར་མཛད། 18རི་བོ་ཆེན་པོ་རྣམས་ནི་ལྷུང་བ་དང་། མཁྲེགས་པོའི་བྲག་རྣམས་སྤོ་བའི་དུས་ཤིག་ཡོང་། 19ཆུ་ཡིས་བྲག་རྣམས་ཟད་པར་འགྱུར་བ་དང་། ཆར་པ་དྲག་པོས་ས་རྣམས་འཁྱེར་བར་བརྟེན། ཁྱེད་ཀྱིས་ང་ཚོའི་མི་ཚེའི་རེ་བ་མེད་པར་མཛད། 20ཁྱེད་ཀྱིས་མི་ཚོར་དབང་གིས་མནན་པ་དང་། གཏན་གྱི་ཆད་དུ་དེ་ཚོ་འཆི་བར་འགྱུར། དེ་ཚོ་འཆི་སྐབས་བཟོ་རྣམ་ཉམས་པར་འགྱུར། 21དེ་ཚོའི་ཕྲུ་གུར་གུས་བརྩི་ཐོབ་ན་ཡང་། དེ་ཚོས་དེ་ཚོ་ནམ་ཡང་མི་ཤེས་སོ། དེ་ཚོར་དམའ་འབེབས་བྱུང་ཡང་དེ་ཚོས་མི་ཤེས་སོ། 22དེ་ཚོར་རང་གི་གཟུགས་པོའི་ན་གཟུག་དང་། སེམས་ཀྱི་སྡུག་བསྔལ་གཅིག་པུ་འཚོར་བར་འགྱུར༎

ཡོབ 15

གཏམ་གླེང་གཉིས་པ།

༡༥:༡—༢༡:༣༤

1-2ཡོབ་མི་ཤེས་རབ་ཅན་གྱིས་གཏམ་དོན་མེད་སྟོངས་པ་མརྗོད་མི་རུང། 3ཤེས་རབ་ཅན་གྱིས་ཁྱོད་ལྟར་མི་སྨྲའོ། དོན་མེད་ཚིག་གིས་རང་ལ་སྐྱབས་པར་མི་བྱའོ། 4ཁྱེད་ཀྱིས་འདོད་པ་བཞིན་དུ་བྱུང་བས་ན། སུ་ཡང་དཀོན་མཆོག་ཁོང་ལ་མི་སྐྲག་པར། ཁོང་ལ་སུས་ཀྱང་གསོལ་འདེབས་མི་བྱེད་དོ། 5ཁྱེད་ཀྱིས་བརྗོད་པའི་གཏམ་གྱིས། ཁྱོད་ཀྱི་སྤྱོད་ཚུལ་ངན་པའི་དཔང་པོ་བྱེད། མཁས་པའི་གཏམ་བརྗོད་ནས་རང་ལ་སྐྱབས་ཐབས་བྱེད། 6ཁྱོད་ལ་ང་ཡིས་སྐྱོན་བརྗོད་བྱེད་དགོས་མེད། ཁྱོད་ཀྱི་གཏམ་གྱིས་ཁྱོད་ལ་སྐྱོན་བརྗོད་བྱེད། 7ཁྱོད་ཀྱི་བསམ་བློར་ཐོག་མའི་མི་ཡིན་བསམ། ཁོང་གིས་རི་བོ་བཀོད་དུས་ཁྱོད་ཡོད་དམ། 8ཁོང་གི་གསང་བའི་འཆར་གཞི་ཁྱོད་ཐོས་སམ། མི་ཡི་ཤེས་རབ་བདག་པོ་ཁྱེད་གཅིག་པོ་ཡིན་ནམ། 9ང་ཚོས་མ་ཤེས་པ་ནི་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ། 10ང་ཚོའི་ཁྲོད་དུ་མི་རྒན་སྐྲ་དཀར་ཡོད། ཁྱེད་ཀྱི་ཕ་ལས་བགྲེས་པའི་མི་ནི་ངེད་ཁྲོད་ཡོད། 11ཁོང་གིས་ཁྱོད་ལ་སེམས་གསོ་གནང་བ་དེ། ཁྱོད་ཀྱིས་ཅི་ལ་ངོས་ལེན་མི་བྱེད་དམ། ང་ཚོས་ཁོང་གི་ཕྱོགས་ནས་འཇམ་པོའི་གཏམ་སྨྲས་ཡོད། 12འོན་ཀྱང་ཁྱོད་ལ་ངར་སྟོབས་བསྐྱེད་པ་དང་། ང་ཚོར་ཁྲོ་བའི་ནང་ལ་ཁྲོ་མིག་བལྟས། 13ཁྱོད་ནི་དཀོན་མཆོག་ཁོང་ལ་ཁྲོས་པ་དང་། ཁྱོད་ཀྱི་ཁོང་ལ་ངོ་རྒོལ་བྱས་བཞིན་ཡོད། 14སྐྱེ་བོ་གང་ཞིག་དམ་པ་ཡིན་སྲིད་དམ། གང་ཞིག་དཀོན་མཆོག་དྲུང་དུ་དྲང་བདེན་ནམ། 15དཀོན་མཆོག་ཁོང་གིས་རང་གི་ཕོ་ཉ་ཚོར་བློས་མི་འཁེལ། ཁོང་གི་གཟིགས་ངོར་དེ་ཚོ་ཡང་དམ་པ་མེད། 16མི་ཡི་དེ་ལས་ཉུང་བའི་གུས་བཀུར་ཡོད། མི་ནི་ཞེན་ལོག་དང་ནི་ཕན་མེད་ཡིན། དེ་ཡིས་ངན་ལས་ཆུ་ལྟར་འཐུང་ངོ་། 17ཡོབ་ཁྱོད་ང་ཡིས་ཤེས་པ་དེ་ལ་ཉོན། 18རང་གི་ཕ་མེས་ཚོ་ལས་སྦྱངས་པའི་བདེན་པ་རྣམས། ཤེས་རབ་ཅན་ཚོས་གང་ཡང་མ་གསང་བར། དེ་ཚོ་ཚང་མ་ང་ལ་སློབ་སྟོན་གནང་། 19དེ་ཚོའི་ཡུལ་དུ་ཕྱི་རྒྱལ་མི་མེད་ཅིང། དེ་ཚོའི་དཀོན་མཆོག་ལས་ལམ་ལོག་འཁྲིད་པར་བྱ་མཁན་སུ་ཡང་མེད། 20སྤྱོད་ངན་མི་ཚོས་གཞན་ལ་མནར་གཅོད་གཏོང་། དེ་ཚོ་གསོན་རིང་སྡུག་བསྔལ་དྲག་པོར་གནས། 21དེ་ཚོའི་རྣ་བར་འཇིགས་པའི་སྒྲ་ཐོས་ཤིང་། དེ་ཚོ་ཉེས་མེད་བརྟན་པོ་ཡོད་བསམ་སྐབས། ཇག་པ་ཚོ་ཡིས་དེ་ཚོར་འཐབ་པར་བྱེད། 22དེ་ཚོར་མུན་པའི་ནང་ནས་ཕྱིར་ཐར་བའི། རེ་བ་མེད་ཅིང་གསོད་པར་རལ་གྲི་སྒུག། 23དེ་ཚོའི་རོ་དེ་ཟ་བར་བྱ་རྒོད་སྒུག། རང་གི་མ་འོངས་ལམ་ནི་མུན་ནག་ཡིན་པ་དེ་ཚོས་ཤེས། 24མཐུ་སྟོབས་ཅན་གྱི་རྒྱལ་པོ་ལྟ་བུ་རྐྱེན་ངན་དེ་ཚོར་འཐབ་པར་སྒུག་ཡོད་དོ། 25དཀོན་མཆོག་ལ་རྒོལ་ཕྱིར་མུར་རྫོག་འཕྱར་མཁན་དང་། མཐུ་སྟོབས་ཅན་ལ་གྱན་ལོག་བྱ་མཁན་གྱི་སྐྱལ་བ་དེ་ལྟར་ཡིན། 26-27སྐྱེ་བོ་ང་རྒྱལ་ཅན་དང་ངོ་ལོག་ཅན། ཁོ་ཡི་གླེན་པའི་ངང་ནས་ཕུབ་བཟུང་ནས། དཀོན་མཆོག་ཁོང་དང་མཉམ་དུ་འཐབ་པར་འགྱུར། 28དེ་ཚོས་གྲོང་ཁྱེར་རྣམས་དང་བདག་མེད་ཁང་ཁྱིམ་སོགས། དབང་བཟུང་བྱས་མཁན་སྐྱེ་བོ་ཡིན་ན་ཡང་། དམག་གིས་གྲོང་དང་ཁང་པ་དེ་ཚོ་མེད་པར་བཟོས། 29དེ་ཚོ་ནི་ཡུན་རིང་ཕྱུག་པོར་མི་གནས་ཤིང་། དེ་ཚོའི་རྒྱུ་ནོར་བརྟན་དུ་མི་གནས་སོ། དེ་ཚོའི་གྲིབ་ནག་ཙམ་ཡང་་ཡལ་བར་འགྱུར། 30དེ་ཚོ་ནི་མུན་པའི་ནང་ནས་ཐར་མི་ཐུབ། དེ་ཚོ་ནི་མེས་འཚིག་པའི་ཡལ་ག་ལྟར་དང། མེ་ཏོག་ཤར་བ་རླུང་གིས་འཁྱེར་བའི་ཤིང་སྡོང་དང་འདྲ། 31དེ་ཚོ་ངན་པར་བློ་བཅོལ་བྱ་མཁན་བླུན་པོ་ཡིན་ན། ངན་པ་དེ་ཚོའི་བྱ་དགའ་ཡིན། 32དེ་ཚོ་དུས་ཚོད་མ་སླེབས་པ་ཡི་སྔོན། ཡལ་ག་རྣམས་ནི་སྐམ་ནས་ཡལ་བར་འགྱུར། སླར་ཡང་སྔོན་པོ་མི་འགྱུར་ཡལ་བར་འགྱུར། 33དེ་ཚོ་ནི་རྒུན་འབྲུམ་མ་སྨིན་གོང་དུ་ཟག་པའི་རྒུན་ཤིང་དང། མེ་ཏོག་རྣམས་ལྷུང་བའི་ཁ་སྐྱུར་པོའི་ཤིང་སྡོང་དང་འདྲ། 34དཀོན་མཆོག་ཁས་མི་ལེན་མཁན་མི་རྣམས་ནི། རིགས་བརྒྱུད་མེད་པར་ལུས་པར་འགྱུར། ལྐོག་རྔན་ལེན་ནས་བཟོས་པའི་ཁང་པ་རྣམས་ནི་མེས་འཚིག་འགྱུར། 35སྐྱེ་བོ་དེ་ཚོས་སྡུག་བསྔལ་བཟོ་བའི་འཆར་གཞི་གཏིང། ངན་པ་གྱིས་ཤིང་དེ་ཚོའི་སེམས་ཀྱི་ནང་། རྟག་ཏུ་བསླུ་འཁྲི་སོགས་ཀྱིས་ཁེངས་ཡོད་དོ༎

ཡོབ 16

1-2གཏམ་དེ་རྣམས་ནི་ང་ཡིས་སྔོན་དུ་ཐོས། ཁྱོད་ཀྱིས་ང་ལ་སེམས་གསོ་གཏོང་བ་དེ། དེ་ནི་ང་ལ་སྡུག་བསྔལ་གཅིག་པུ་ཡིན། 3ཁྱོད་ཀྱི་གཏན་གྱི་ཆེད་དུ་གཏམ་ཤོད་དམ། རྟག་ཏུ་ཚིག་གི་མཐའ་མ་ཤོད་དགོས་སམ། 4ཁྱོད་ནི་ང་ཡི་ཚབ་ཏུ་ཡོད་པ་དང་། ང་ནི་ཁྱོད་ཀྱི་ཚབ་ཏུ་ཡོད་ཡིན་ན། ཁྱོད་ཀྱིས་སྨྲས་པ་རྣམས་ནི་ངས་བརྗོད་ཐུབ། ང་ནི་ཤེས་རབ་ལྡན་པའི་མགོ་འགུལ་ཞིང་། གཏམ་གྱི་ཆུ་ལོག་རྣམས་ཀྱིས་ཁྱོད་ནུབ་འགྱུར། 5ང་ཡི་བསླབ་བྱས་ཁྱོད་ལ་ནུས་ཤུགས་གཏེར། ཁྱོད་ལ་སེམས་གསོ་ཆེད་དུ་ང་ཡི་གཏམ་གླེང་མུ་མཐུད་བྱེད། 6ཡིན་ཀྱང་ང་ཡིས་སྨྲས་པས་ཕན་ཐོག་མེད། ཁུ་སིམ་བསྡད་ཀྱང་ང་ཡི་ཟུག་མི་འཇག། 7དཀོན་མཆོག་ཁྱེད་ཀྱིས་ང་ལ་ཐང་ཆད་འཇུག། ང་ཡི་ནང་མི་རྣམས་ནི་གསོད་འཇུག་གནང་། 8ཁྱེད་ཀྱིས་ང་ལ་བཟུང་ནས་ཁྱེད་ངའི་དགྲ། ང་ཡི་ལུས་ནི་པགས་རུས་གཅིག་པུ་ཡིན། མི་མང་དེ་ཚོས་དེ་ལ་ཉེས་པའི་དཔང་པོར་ངོས་ལེན་བྱེད། 9དཀོན་མཆོག་ཐུགས་དགོངས་ཁྲོ་བའི་སྐབས། ཁོང་གིས་ང་ཡི་ཡན་ལག་བཅད་པ་དང་། ཁོང་གིས་སྡང་པོའི་ངང་ནས་ང་ལ་གཟིགས། 10མི་མང་ཚོས་ང་ལ་འཕྱ་ཞིང་གད་མོ་གད། དེ་ཚོ་ང་ཡི་མཐའ་འཁོར་དུ་བསྡུས་ནས། ང་ཡི་གདོང་པར་དེ་ཚོས་འགྲམ་ལྕགས་ཞུས། 11དཀོན་མཆོག་ཁྱེད་ཀྱི་ང་ལ་ནི། སྐྱེ་བོ་ངན་པའི་ལག་ཏུ་རྩི་སྤྲོད་གནང་། 12ང་ནི་ཞི་བདེའི་ངང་ལ་གནས་ཡོད། འོན་ཀྱང་ཁོང་གིས་ང་ཡི་སྐེ་ནས་བཟུང་གནང་ནས། བསིལ་བུར་སྟོར་ནས་ཕྱེ་མར་བཟོས་གནང་ངོ་། ང་ལ་ཁོང་གིས་འབེན་ལྟར་བེད་སྤྱོད་གནང་། 13ས་ཕྱོགས་ཀུན་ནས་ང་ལ་མདའ་འཕེན་ནས། མདའ་རྣམས་ཟུག་ནས་ང་ལ་རྨས་ན་ཡང་། ཁོང་གི་སྙིང་རྗེས་ང་ལ་གཟིགས་མ་གནང་། 14ཁོང་གིས་ང་ལ་ཡང་ཡང་རྨས་པར་མཛད། སྡང་ནས་སྨྱོ་བའི་དམག་མི་ལྟ་བུར་ཁོང་གིས་ང་ལ་འཐབ། 15ང་ནི་མྱ་ངན་བྱེད་ཅིང་རྩ་ཕད་གྱོན། འཕམས་ནས་ཐལ་བའི་ནང་དུ་མར་ལ་བསྡད། 16ང་ཡིས་གདོང་པ་དམར་པོར་མ་འགྱུར་བ་དང་། ཡང་ན་ང་ཡི་མིག་གཉིས་མ་སྦོས་བར། མིག་ལ་གྲིབ་མས་མ་བསྐོར་བར་དུ་ངུས། 17འོན་ཀྱང་ང་ཡིས་དྲག་ལས་བྱས་མེད་དོ། ཁོང་ལ་སྨོན་ལམ་ཞུས་པ་དྲང་བདེན་ཡིན། 18ཀྱེ། ས་གཞི་ངའི་ཐོག་བྱས་པའི་ནོར་འཁྲུལ་མ་འགེབས་ཤིག། ང་ཡི་ཁྲིམས་གཅོད་ཞུ་འབོད་དེ་རྣམས་ལ། ཁུ་སིམ་འཇོག་པར་མ་མཛད་ཅིག། 19མཐོ་རིས་སུ་ང་ཡི་ཆེད་དུ་ལངས་མཁན་དང་། ང་ལ་ཕྱོགས་རིས་གནང་མཁན་ཞིག་ཀྱང་ཡོད། 20ང་ཡི་གྲོགས་པོས་ང་ལ་འཕྱ་བ་དང་། དཀོན་མཆོག་ཁོང་མདུན་དུ་ང་ཡི་མིག་ཆུ་བབས། 21མི་ཞིག་རང་གྲོགས་ཆེད་དུ་ཞུ་འབོད་བྱེད་པ་ལྟར། དཀོན་མཆོག་ཁོང་ལ་ངའི་ཆེད་ཞུ་འབུལ་བྱེད་མཁན་ཞིག་དགོས་སོ། 22ད་ཆ་ང་ཡི་རང་ལོ་ཡོལ་བཞིན་ཡོད། ཕྱིར་མི་ལོག་པའི་ལམ་དུ་གོམ་པ་སྤོས༎

ཡོབ 17

1ང་ཡི་མི་ཚེའི་མཐའ་མ་ཉེ་བར་ཡོད། ང་ཡི་དབུགས་དེ་གཏོང་བར་དཀའ་བ་འདུག། ང་ལ་དུར་ཁྲོད་མ་གཏོགས་ཅི་ལྷག་མེད། 2ཚང་མས་ང་ལ་ཇི་ལྟར་འཕྱ་བར་བལྟ། 3དཀོན་མཆོག་ང་ནི་དྲང་པོ་ཡིན་པས་སྟབས། ང་ཡི་ཞུས་པའི་གཏམ་ལ་གསན་པར་མཛོད། ང་ལ་རྒྱབ་སྐྱོར་བྱ་མཁན་སུ་ཡང་མེད། 4དེ་ཚོའི་སེམས་ཀྱིས་བློ་གྲོས་དེ། ད་ཆ་ཁྱེད་ཀྱིས་མཚམས་འཇོག་གྱིས་ཡོད་པས། ང་ཡི་ཐོག་ཏུ་དེ་ཚོ་རྒྱལ་མ་འཇུག། 5སྔར་གྱི་གཏམ་དཔེ་ཞིག་ལ་མི་ཞིག་གིས། དངུལ་གྱི་དོན་དུ་རང་གི་མཛའ་གྲོགས་རྣམས་ལ། བསླུ་འཁྲི་བྱས་སྐབས་ཁོའི་བུ་ཕྲུག་ཚོ། དེ་ཡི་དོན་དུ་སྡུག་བསྔལ་མྱོང་དགོས་བྱུང་། 6ད་ཆ་ང་ལ་མི་ཆོས་གཏམ་དཔེ་དེ། ང་ཡི་ཐོག་ཏུ་དཔེར་རུ་འཛིན་པ་དང་། དེ་ཚོ་ཡོང་ནས་གདོང་ལ་ཐུ་ལུད་རྒྱབ། 7ང་ཡི་མིག་ནི་སྡུག་གིས་ལོང་བར་འགྱུར། རྐང་ལག་གྲིབ་ནག་ལྟ་བུར་ཁྲ་པོར་འགྱུར། 8དྲང་པོ་ཡིན་པར་བརྗོད་མཁན་ཧ་ལས་ཤིང་། ཚང་མས་ང་ལ་གཙོ་བོ་དཀོན་མཆོག་ལ། ཁས་མི་ལེན་ལྟར་སྐྱོན་བརྫོད་བྱེད། 9བཀུར་བར་འོས་པ་ཡིན་ཞེས་བརྗོད་མཁན་ཚོས། བདེན་པ་ཡིན་ཞེས་དེ་ཚོས་ཡིད་ཆེས་བྱེད། 10འོན་ཀྱང་དེ་ཚོ་ཡོང་ནས་ངའི་མདུན་ལངས། དེ་ཚོའི་ནང་ནས་ཤེས་རབ་ལྡན་པའི་མི་གཅིག་ངས་མི་རྙེད། 11ང་ཡི་དུས་སྐབས་རྣམས་ནི་ཡོལ་བ་དང་། ང་ཡི་འཆར་གཞི་ལམ་ལྷོང་མ་བྱུང་བར། ང་ཡི་རེ་བ་ཚང་མ་རྫོགས་སོང་ངོ་། 12འོན་ཀྱང་ང་ཡི་གྲོགས་པོ་དེ་རྣམས་ཀྱིས། མཚན་མོ་དེ་ནི་ཉིན་མོ་ཡིན་པར་བརྗོད། དེ་ཚོས་འོད་དེ་ཉེ་པོ་འདུག་ཟེར་ཡང་། ང་ནི་མུན་པར་བསྡད་པ་ང་ཡི་ཤེས། 13ང་ཡི་རེ་བ་གཅིག་དེ་འཆི་ཡུལ་ཡིན། དེ་རུ་ང་ནི་མུན་པའི་ནང་ཉལ་ལོ། 14ང་ཡི་དུར་ཁྲོད་དེ་ལ་ཡབ་ཅེས་འབོད། ང་ལ་ཟ་མཁན་འབུ་སྲིན་རྣམས་ལ་ནི། ང་ཡི་ཡུམ་དང་སྲིང་མོར་འབོད་རྒྱུ་ཡིན། 15ང་ཡི་རེ་བ་དེ་ནི་གར་ཡོད་དམ། དེ་སུ་ཞིག་གིས་ནི་མཐོང་ཡོད་དམ། 16ང་ནི་འཆི་བའི་ཡུལ་དུ་མར་འགྲོ་སྐབས། རེ་བ་དེ་ང་མཉམ་མི་འགྲོའོ༎

ཡོབ 18

1-2སྐྱེ་བོ་ཡོབ་ཁྱེད་ཁུ་སིམ་མི་གནས་སམ། ཁྱེད་ཀྱིས་སྐད་ཆ་བཤད་རྒྱུ་མཚམས་འཇོག་བྱས་ན། ང་ཚོས་ཁྱེད་ལ་སྐད་ཆ་ཤོད་ཐུབ་བོ། 3ཁྱོད་ཀྱིས་ང་ཚོ་བྱོལ་སོང་ལྟ་བུ་དང་། གླེན་པ་ཡིན་པ་བསམ་བློ་འཁོར་བྱུང་ངམ། 4ཁྱོད་ཀྱི་ཁྲོ་བས་ཁྱོད་རང་མནར་བཞིན་ཡོད། ཁྲོ་བའི་རྐྱེན་གྱིས་ས་གཞི་སྟོང་འགྱུར་རམ། ཁྱོད་ཀྱི་འདོད་པ་སྒྲུབ་པའི་ཆེད་དུ་ནི། དཀོན་མཆོག་ཁོང་གིས་རི་བོ་འགུལ་མཛད་དམ། 5ངས་པར་མི་ངན་འོད་དེ་སད་པར་འགྱུར། དེ་ཡི་མེ་ལྕེ་སླར་ཡང་འབར་མི་འགྱུར། 6དེ་ཚོའི་གུར་གྱི་ནང་གི་ཞུ་མར་དེ། ནག་པོར་སོང་ནས་དེ་ལ་འོད་མི་ཤར། 7དེ་ཚོའི་གོམ་པ་བརྟན་པོ་ཡོད་ན་ཡང་། ད་ཆ་ཁོ་ནི་ས་ལ་བརྡབ་པར་བྱེད། དེ་ཚོ་རང་གི་བསླབ་བྱའི་རྐྱེན་གྱིས་རིལ་བར་འགྱུར། 8རྙི་ཡི་ནང་དུ་དེ་ཚོའི་གོམ་སྤོས། ཁོ་ཡི་རྐང་པ་རྙི་ཡིས་བཟུང་བར་འགྱུར། 9ཁོ་ཡི་རྐང་མཐིལ་རྙི་ཡིས་ཟིན་པ་དང་། རྙི་ཡི་ཐག་པས་ཁོ་ལ་དམ་པོར་བཟུང་། 10ས་ལ་རྙི་ཞིག་སྦས་ནས་ཡོད་པ་དང་། ཁོ་ཡི་ལམ་དུ་རྙི་ཞིག་རྒྱབ་ནས་ཡོད། 11ཁོ་ཡི་མཐའ་འཁོར་ཡོངས་སུ་འཇིགས་སྐྲག་སྒུག། དེ་ཡིས་གོམ་པ་གང་སྤོས་རྗེས་དེད་བྱེད། 12ཁོ་ནི་ཕྱུག་པོ་ཞིག་ཏུ་ཡོད་ན་ཡང་། ད་ཆ་ཁོ་ནི་གྲོད་པ་ལྟོག་པར་ལུས། རྐྱེན་ངན་དེ་རྣམས་ཁོ་ཡི་ཕྱོགས་སུ་སྒུག། 13ཁོ་ཡི་གཟུགས་པོར་དྲག་པོའི་ནད་ཞིག་འཕེལ། དེ་ཡིས་ཁོ་ཡི་རྐང་ལག་རུལ་བར་འགྱུར། 14ཁོ་ནི་བདེ་བར་སྡོད་སྐབས་གུར་ནས་འཐེན་པར་འགྱུར། འཆི་བའི་རྒྱལ་པོའི་དྲུང་དུ་དྲུད་ནས་ཁྲིད། 15ནད་སོགས་མ་འགོས་ཆེད་དུ་མུ་ཟི་སྟོར། དེ་རྗེས་སུ་ཡང་གུར་ནང་ཡོང་ཆོག་གོ། 16ཁོ་ཡིས་འོག་ཏུ་རྩ་བ་སྐམ་པོ་དང་། སྟེང་གི་ཡལ་ག་དེ་ཚོ་རྙིད་པར་འགྱུར། 17རང་གི་ཡུལ་དང་ཕྱི་ཡི་རྒྱལ་ཁབ་ལ། ཁོ་ཡི་སྙན་གྲགས་རྣམས་ནི་མཚམས་ཆད་ནས། སུས་ཀྱང་ཁོ་ལ་དྲན་པར་མི་བྱེད་དོ། 18ཁོ་ནི་གསོན་པོའི་ཡུལ་ནས་འདེད་པར་འགྱུར། འོད་ནས་མུན་པའི་ནང་དུ་འདེད་པར་འགྱུར། 19མི་ཡི་ཁྲོད་དུ་དེ་ཚོར་རིགས་བརྒྱུད་མེད། དེ་ཚོའི་རྗེས་ཤུལ་སྡོད་མཁན་སུ་ཡང་མེད། 20ཤར་ནས་ནུབ་བར་དེ་ཚོའི་བྱུས་ཉེས་སྐོར། ཐོས་མཁན་རྣམས་ནི་འཇིགས་ནས་འདར་ཞིང་གཡོ། 21དཀོན་མཆོག་ཁོང་ལ་ཡིད་ཆེས་མེད་པ་དང་། དོ་སྣང་མི་བྱེད་མཁན་ཚོའི་སྐྱལ་བ་ཡིན༎

ཡོབ 19

1-2ཁྱེད་ཚོས་རང་གིས་བཤད་པའི་གཏམ་རྣམས་ཀྱིས། ནམ་བར་ཅི་ལ་ང་ལ་མནར་གཅོད་གཏོང་། 3ཁྱེད་ཚོས་ང་ལ་ཡང་ཡང་དམའ་འབེབས་བཏང་། ཁྱོད་ཀྱིས་ཇི་ལྟར་བརྙས་བཅོས་བཤད་པར་ངོ་མི་ཚ། 4གལ་ཏེ་ང་ཡི་ནོར་འཁྲུལ་གྱིས་ཡོད་ན། དེ་ཡིས་ཁྱེད་ཚོར་ཅི་ཞིག་གནོད་པར་བྱེད། 5ཁྱེད་ཚོའི་བསམ་བློར་ང་ལས་ཁྱོད་ལེགས་ཤིང་། ང་ལ་ཕོག་པའི་དཀའ་སྡུག་དེ་རྣམས་ནི། ང་ཡི་ཉེས་པའི་དཔང་པོ་རེད་བསམ་མམ། 6འདི་ནི་དཀོན་མཆོག་ཁོང་གིས་མཛད་པ་ཡིན་པའི་ཁྱེད་ཚོས་མི་མཐོང་ངམ། ཁོང་གིས་ང་ལ་བཟུང་ཆེད་རྙི་རྒྱབ་ཡོད། 7ཁོང་གིས་དྲག་པོ་གནང་བར་ངས་ངོ་རྒོལ་ཞུས། འོན་ཀྱང་སུ་ཡི་ང་ལ་ཉན་མ་བྱུང་། ང་ཡིས་ཁྲིམས་དྲང་ཆེད་དུ་འོད་དོད་ལ། སུས་ཀྱང་དེ་ལ་ཉན་མཆོག་མ་བྱས་སོ། 8དཀོན་མཆོག་ཁོང་གིས་ལམ་དེ་འགོག་པར་མཛད། ང་ནི་དེ་ནས་ཐར་བ་མི་འདུག་གོ། ཁོང་གིས་ང་ཡི་ལམ་དེ་མུན་པས་བཀབ་པར་མཛད། 9ཁོང་གིས་ང་ཡི་རྒྱུ་ནོར་རྣམས་འཕྲོག་ནས། ཁོང་གིས་ང་ཡི་མིང་མེད་པར་མཛད། 10ང་ཡི་ཕྱོགས་བཞི་ཚང་མར་བསིལ་བུར་བཏང་། ང་ཡི་རེ་བ་ཚང་མ་རྩ་བཀོག་གནང་། ང་ནི་རང་བཞིན་སྐམ་ནས་འཆི་རྒྱུར་འཇོག། 11དཀོན་མཆོག་ང་ལ་ཐུགས་ཁྲོས་ཡོད་པ་དང་། ཁོང་གི་ཁྲོ་བ་ངའི་སྟེང་འབར་བཞིན་ཡོད། ཁོང་གིས་ང་ལ་རང་གི་དགྲ་བོའི་ནང་། སྡུག་ཤོས་ལྟ་བུར་ཆ་འཛིན་གནང་བཞིན་ཡོད། 12ཁོང་གི་དམག་མིས་ང་ལ་འཐབ་པའི་ཕྱིར། བཏང་ནས་དེ་ཚོས་ས་དོང་བྲུས་པ་དང་། ང་ཡི་གུར་གྱི་མཐའ་ལ་བསྐོར་ནས་ཡོད། 13ཁོང་གིས་ང་ཡི་ནང་མིར་ང་ནས་ཐག་རིང་མཛད། ང་ཡི་ངོ་ཤེས་ཚོ་ཕྱི་མིར་འགྱུར། 14ང་ཡི་གཉེན་དང་གྲོགས་པོ་ཚོ་དང་བྲལ། 15སྔོན་དུ་ང་ཡི་ཁྱིམ་དུ་ཡོང་མཁན་གྱི། སྐུ་མགྲོན་ཚོས་ཀྱང་ང་ལ་བརྗེད་ནས་འདུག། ང་ཡི་གཡོག་མོས་རྣམས་ང་ལ་བརྗེད་ནས་འདུག། ང་ལ་ཕྱི་རྒྱལ་བ་ལྟར་ཆ་འཛིན་བྱེད། 16ང་ཡིས་གཡོག་པོ་ཞིག་ལ་འབོད་པའི་ཚེ། དེ་ཡིས་ང་ལ་ལན་འདེབས་མི་བྱེད་དོ། ཁོ་ལ་ང་ཡི་ཞུ་བ་འཐེན་རུང་རོགས་མི་བྱེད། 17ང་ཡི་ཆུང་མས་ང་ཡི་ཁའི་རླང་གིས། དྲི་མར་ཞེན་ལོག་བཟོད་སྲན་བྱེད་མི་ཐུབ། ང་ཡི་སྤུན་ཚོས་ངའི་འགྲམ་དུ་ཡོང་མི་འདོད། 18ཕྲུ་གུ་ཚོས་ཀྱང་ང་ལ་བརྙས་པ་དང་། ང་ལ་མཐོང་སྐབས་ཁོ་ཚོས་གད་མོ་བགད། 19གྲོགས་པོ་ཉེ་ཤོས་ཚོས་ཀྱང་ཞེན་ལོག་བལྟ། ང་ཡིས་བརྩེ་བར་བྱེད་པའི་གྲོགས་པོ་ཚོས། ང་ཡི་ཐོག་ཏུ་དེ་ཚོས་རྒྱབ་འགལ་བྱེད། 20ང་ཡི་པགས་པ་ང་ཡི་རུས་པའི་སྟེང་། ལྷུག་ལྷུག་ངང་གནས་རང་སྲོག་ཐར་ཙམ་བྱུང་། 21སྙིང་རྗེ་བྱོས་ཤིག་ང་ཡི་གྲོགས་པོ་རྣམས། དཀོན་མཆོག་ཕྱག་གིས་ང་ལ་མནན་པར་མཛད། 22དཀོན་མཆོག་ཁོང་གིས་ང་ལ་གནང་བ་ལྟར། ཁྱོད་ཚོས་ང་ལ་ཅི་ལ་གཉའ་གནོན་བྱེད། ཁྱོད་ཚོས་ང་ལ་མནར་གཅོད་བཏང་བ་མི་ལྡང་ངམ། 23ང་ཡི་གཏམ་རྣམས་སུ་ཞིག་གིས་དྲན་ནས། དེ་རྣམས་དེབ་ནང་དུ་བཀོད་པར་འདོད། 24ཡང་ན་ང་ཡི་བཤད་པའི་གཏམ་དེ་རྣམས། གཏན་དུ་གནས་ཆེད་རྡོ་ལ་གཟོང་གིས་བཀོད་པར་འདོད། 25འོན་ཀྱང་མཐའ་མར་ང་ཡི་སྲུང་སྐྱོབས་སུ། ཕེབས་མཁན་གང་ཞིག་མཐོ་རིས་སུ་བཞུགས་པ་ཤེས། 26ང་ཡི་པགས་པ་ནད་ཀྱིས་ཟད་གྱུར་ཡང་། གཟུགས་པོ་འདིའི་རང་ནང་ཡོད་དུས་ངས་དཀོན་མཆོག་མཇལ་བར་འགྱུར། 27ང་ཡི་རང་གི་མིག་གིས་དཀོན་མཆོག་མཇལ། ཁོང་ལ་ངོ་མི་ཤེས་མཁན་མི་འགྱུར་རོ། ང་ཡི་སེམས་ཤུགས་ཆགས་རྐྱེན་ནི། 28ཁོང་ལ་ཇི་ལྟར་མནར་གཅོད་བྱེད་ཅེས་ཁྱོད་ཀྱིས་སྨྲས། ཁྱོད་ཚོས་ང་ལ་སྡུག་པོ་བཏང་ཆེད་འཚོལ། 29འོན་ཀྱང་ད་ལྟ་ཁྲིམས་གཅོད་གནང་མཁན་ཞིག། ཡོད་པར་རྟོགས་པའི་ཆེད་དུ་དཀོན་མཆོག་གིས། སྡིག་པར་ཐུགས་ཁྲོ་མཛད་མཁན་རལ་གྲིར་འཇིགས༎

ཡོབ 20

1-2ཡོབ་ཁྱེད་ཀྱིས་བདག་ལ་སུན་པོ་བཟོས། ད་ཆ་ལན་འདེབས་བྱ་རྒྱུར་བཟོད་བསྒོམ་བྱེད་མི་ཐུབ། 3ཁྱེད་ཀྱིས་སྨྲས་པའི་ཚིག་རྣམས་དམའ་འབེབས་ཡིན། འོན་ཀྱང་ང་ཡིས་ཁྱེད་ལ་ལན་འདེབས་དགོས། ཇི་ལྟར་ལན་འདེབས་བྱེད་དགོས་ང་ཡི་ཤེས། 4ཐོག་མར་ས་གཞིའི་སྟེང་དུ་མི་འཇོག་སྐབས། ཁྱེད་ཀྱིས་སྔོན་གྱི་དུས་ནས་ཤེས་པ་ལྟར། 5སྐྱེ་བོ་ངན་པ་སུ་ཞིག་ཡིན་ན་ཡང་། དེ་ནི་ཡུན་རིང་བདེ་བར་གནས་མི་ཐུབ། 6ནམ་མཁའ་ལྟ་བུ་ཆེན་པོར་འགྱུར་བས་ན། ཁོ་ཚོས་མགོ་ཡི་སྤྲིན་པ་སྙོབ་སྲིད་དོ། 7འོན་ཀྱང་ཁོ་ཚོ་ནི་རྡུལ་ལྟར་རླུང་གིས་འཁྱེར། ཁོ་ཚོའི་ངོ་ཤེས་རྣམས་ཀྱིས་བསམ་པ་ལ། ཁོ་ནི་གང་དུ་ཕྱིན་པ་ཡིན་ནམ་བསམ། 8ཁོ་ནི་མཚན་མོའི་རྨི་ལམ་མཐོང་བ་ལྟར། ཡལ་བར་འགྱུར་ནས་སླར་ཡང་མཐོང་མི་འགྱུར། 9སྔོན་དུ་བསྡད་པའི་གནས་དེ་ཁོ་ཚོས་མི་མཐོང་། 10དེ་ཚོས་དབུལ་པོའི་ལག་ནས་བརྐུས་པའི་ནོར། དེ་ཚོའི་བུ་ཕྲུག་ཚོས་དེ་ལ་ཕྱིར་ལོག་སྤྲད། 11སྔོན་དུ་ཁོ་ཡི་གཟུགས་པོ་ན་གཞོན་དང་། སྟོབས་ཤུགས་དེ་ནི་མགྱོགས་པོར་རྡུལ་དུ་འགྱུར། 12-13ངན་པ་དེ་ཚོར་ཧ་ཅང་ཞིམ། བྲོ་བ་མྱང་བྱེད་ཁ་ནང་ཕྲན་བུའི་འཇོག། 14འོན་ཀྱང་དེ་ཚོའི་ཁ་ཟས་གྲོད་པའི་ནང་། ཟས་དུག་བཞིན་དུ་ཁག་ཏིག་ལྟར་འགྱུར་རོ། 15སྐྱེ་བོ་ངན་པས་བརྐུས་པའི་རྒྱུ་ནོར་སྐྱུགས། གྲོད་པའི་ནང་ནས་ཀྱང་དཀོན་མཆོག་ཁོང་གིས་བཞེས། 16སྐྱེ་བོ་ངན་པས་མིད་པའི་གང་ཡིན་ཀྱང་དུག་ལྟར་ཡོད། དུག་སྦྲུལ་གདུག་པ་ཅན་གྱིས་སོ་རྒྱབ་ལྟར། དེ་ཡིས་དེ་ཚོར་གསོད་པར་བྱེད་པ་ཡིན། 17དེ་ཚོས་སྐྱུ་རུའི་སྣུམ་གྱི་གཙང་པོ་དང་། ཡང་ན་འོ་མ་སྦྲང་རྩིའི་རྒྱུག་ཆུ་ལྟར། མཐོང་བའི་ཆེད་དུ་གསོན་པོ་གནས་མི་ཡོང་། 18ཁོ་ཚོས་འབད་ནས་སྒྲུབ་པ་རྣམས་དོར་དགོས། ཁོ་ཚོར་རྒྱུ་ནོར་སྤྱོད་པའི་གོ་སྐབས་མེད། 19གང་ལ་ཟེར་ན་ཁོ་ཚོས་དབུལ་པོ་ལ། མནར་གཅོད་བཏང་ཞིང་སྣང་ཆུང་བྱེད་པ་དང་། གཞན་གྱིས་བཟོས་པའི་ཁང་པ་དབང་བཟུང་བྱས། 20ཁོ་ཚོའི་འདོད་རྔམ་ནམ་ཡང་ཁེངས་པ་མེད། 21དེ་ཚོས་ཟ་སྐབས་ཟ་རྒྱུ་ལྷག་མེད་དོ། འོན་ཀྱང་ད་ཆ་དེ་ཚོའི་དར་རྒྱས་མཐར་སླེབས་ཡོད། 22ཁོ་ཚོའི་ཡར་རྒྱས་ལམ་ལྷོང་བྱུང་བའི་སྐབས། སྡུག་བསྔལ་ཡོངས་ཀྱིས་དེ་ཚོོར་བརྫིས་བར་བྱེད། 23དེ་ཚོར་འདོད་པ་བཞིན་དུ་ཟ་རུ་འཇུག། དཀོན་མཆོག་ཐུགས་ཁྲོ་བཞེས་པས་སྐབས། དེ་ཚོར་ཆད་པ་དྲག་པོ་གཏོང་བར་མཛད། 24ཁོ་ནི་ལྕགས་ཀྱི་རལ་གྲི་ལས་བྲོས་ཀྱང་། ལི་ཡི་མདའ་ཡིས་ཁོ་ལ་གསོད་པར་བྱེད། 25མདའ་ཡིས་དེ་ཚོའི་ལུས་ནས་ཐོན་པས་ན། དེ་ཡི་འོད་ཀྱི་འཚེར་བའི་རྩེ་མོ་ནས། ཁོ་ཡི་ཁྲག་གི་ཐིག་པ་ཟག་པ་དང་། ཁོ་ཡི་སེམས་ནང་འཇིགས་སྐྲག་ཆེན་པོའི་མནར། 26དེ་ཚོའི་བསགས་པ་རྣམས་ནི་མེད་པར་འགྱུར། མི་ཡི་ལག་པས་མ་སྤར་བའི་མེ་ཡིས། དེ་ཚོ་དང་ནང་མི་བཅས་པར་སྲེགས་པར་བྱེད། 27མཐོ་རིས་དེ་ཚོའི་སྡིག་པ་གསལ་སྟོན་མཛད། ས་གཞིས་དེ་ཚོའི་ཉེས་སྤྱོད་དཔང་པོ་བྱེད། 28དཀོན་མཆོག་ཁོང་གི་ཐུགས་ཁྲོའི་ཆུ་ལོག་གིས། དེ་ཚོའི་རྒྱུ་ནོར་རྣམས་ནི་མེད་པར་མཛད། 29དེ་ནི་སྐྱེ་བོ་ངན་པའི་སྐྱལ་བ་ཡིན། དཀོན་མཆོག་ཁོང་གིས་དེ་ཚོར་གནང་བའི་སྐྱལ་བ་ཡིན༎

ཡོབ 21

1-2ང་ཡི་ཇི་ལྟར་ཞུས་པར་གསན་པར་མཛོད། དེ་ཡིས་ང་ལ་སེམས་གསོ་ཐོབ་པར་འགྱུར། 3ང་ལ་གཏམ་ཞིག་སྨྲ་བའི་གོ་སྐབས་སྤྲོད། དེ་ནས་ང་ཡིས་གཏམ་རྣམས་སྨྲས་ཟིན་རྗེས། ཁྱེད་ཚོས་འཕྱ་བར་འདོད་ན་འཕྱ་བར་བྱོས། 4ང་ཡི་འཁྲུགས་རྩོད་མི་རྟག་སྐྱེ་བོར་མེད། ང་ཡི་བཟོད་བསྒོམ་བྲལ་བར་དོན་གནད་བཟང་པོ་ཡོད། 5ང་ལ་གཟིགས་ནས་ཧང་སང་ཞིག། ལག་པས་ཁ་འགེབས་ཤིག། 6ང་ལ་ཇི་བྱུང་བསམ་བློ་གཏོང་བའི་སྐབས། ང་ནི་ཧོན་འཐོར་ནས་འདར་བར་བྱེད། 7དཀོན་མཆོག་གིས་སྐྱེ་བོ་ངན་པ་རྣམས། དེ་ཚོ་འཚོ་ཞིང་རྒྱས་སུ་འཇུག་པ་དང་། ཡར་རྒྱས་བྱུང་དུ་འཇུག་པར་ཅི་ལ་གནང་། 8དེ་ཚོའི་བུ་ཕྲུག་ཚ་བོ་ཚ་མོ་སོགས། དེ་ཚོས་འཚར་ལོངས་བྱུང་བ་མཐོང་བར་འགྱུར། 9དེ་ཚོའི་ནང་མི་ཚོ་ནི་བརྟན་ཞིང་འཇིག་པ་ལས་ནི་གྲོལ། དཀོན་མཆོག་ཁོང་གི་ཉེས་པ་དེ་ཚོའི་ཐོག་ཏུ་འཕོག་མི་ཡོང་། 10དེ་ཚོའི་ཕྱུགས་རྣམས་སྐྱེས་འཕེལ་ཡོང་བ་དང་། དཀའ་ངལ་མེད་པར་བེའུ་སྐྱེ་བར་འགྱུར། 11དེ་ཚོའི་བུ་ཕྲུག་རྣམས་ནི་ལུག་གུ་ལྟར། ཕར་ཚུར་རྒྱུགས་ནས་རྩེ་མོ་རྩེད་པ་དང་། 12སྒྲ་སྙན་དང་ནི་གླིང་བུའི་གར་ཁྲབ་བྱེད། 13ཕུན་སུམ་ཚོགས་པའི་ངང་དུ་དེ་ཚོའི་མི་ཚེ་བསྐྱེལ། ཞི་བདེའི་ངང་དུ་དེ་ཚོ་དུར་སར་འགྲོ། 14སྤྱོད་ངན་མི་ཚོས་གཙོ་བོ་དཀོན་མཆོག་ལ། ང་ཚོར་གཅིག་པོར་འཇོག་པར་གནང་རོགས་ཞུས། དེ་ཚོའི་རང་གི་མི་ཚེ་ཐོག། ཁོང་གི་ཐུགས་དགོངས་ཇི་ཡོད་ཤེས་མི་འདོད། 15དེ་ཚོས་དཀོན་མཆོག་ལ་ཞབས་ཕྱི་ཞུ་བའི་དགོས་དོན་མེད་པ་དང། ཁོང་ལ་སྨོན་ལམ་ཞུས་རྒྱུ་ཡང་ཕེན་ཐོགས་མེད་བསམ་བཞིན་ཡོད། 16དེ་ཚོ་རང་གི་སྟོབས་དང་ནུས་ཤུགས་ཀྱིས། འཕེལ་རྒྱས་ལམ་ལྷོང་བྱུང་བ་ཡིན་ཞེས་གྲགས། འོན་ཀྱང་དེ་ཚོའི་བསམ་བློ་གཏོང་སྟངས་ལ། ང་ཡི་དེ་ལ་ངོས་ལེན་མི་བྱེད་དོ། 17སྤྱོད་ངན་ཞིག་གི་སྒྲོན་མེ་གསོད་གྱུར་རམ། དེ་ཚོ་གཅིག་ལ་རྐྱེན་ངན་འཕྲད་ཡོད་དམ། དཀོན་མཆོག་ཐུགས་དགོངས་ཁྲོ་བའི་སྐབས། སྤྱོད་ངན་ལ་ཆད་པ་གཏོང་གནང་ངམ། 18སོག་མ་ལྟ་བུ་དེ་ཚོ་རླུང་གི་ནང་། ཁོང་གིས་དེ་ཚོ་ལ་ཕུ་སྐྱོན་ཡོད་དམ། རླུང་འཚུབ་ངང་དུ་རྡུལ་ལྟར་འཁྱེར་ཡོད་དམ། 19དཀོན་མཆོག་ཁོང་གིས་ཕ་ཡི་སྡིག་པའི་ཆེད། ཕྲུ་གུར་ཉེས་པ་བཏང་ཡོང་ཞེས་ཁྱོད་ཚོས་སྨྲས། དེ་ལྟར་མ་ཡིན་ནོ། དཀོན་མཆོག་ཁོང་གིས་སྡིག་པ་བྱེད་མཁན་ཚོ་རང་ལ་ཉེས་ཆད་གཏོང་དུ་འཇུག། དེ་ཚོའི་སྡིག་པའི་རྐྱེན་གྱིས་ཁོང་གིས་དེ་ལྟར་མཛད་པ་དེ་ཚོའི་ཤེས་པར་ཤོག། 20སྡིག་ཅན་ཚོས་རང་གི་སྡིག་པའི་ཆེད་ཉེས་པ་མྱོང་དུ་འཇུག། དེ་ཚོར་ཀུན་དབང་དཀོན་མཆོག་གི། ཐུགས་ཁྲོའི་འཚོར་བ་མྱོང་དུ་འཇུག། 21མི་ཞིག་རང་གི་མི་ཚེ་ཡོལ་བའི་སྐབས། ཁོ་ཡིས་རང་གི་བུ་ཕྲུག་རྣམས་ལ་ནི། བདེ་སྐྱིད་ཡོད་མེད་དོ་སྣང་བྱེད་སྲིད་དམ། 22སུ་ཞིག་དཀོན་མཆོག་ཁོང་ལ་སློབ་སྟོན་བྱེད་ཐུབ་བམ། ཁོང་གིས་གོ་གནས་མཐོན་པོར་ཡོད་པ་ཚོ་ལ་ཡང་། ཁྲིམས་གཅོད་གནང་གི་ཡོད་དོ། 23-24འགའ་ཤས་མི་འཆི་བར་དུ་ཁམས་བདེར་གནས། དེ་ཚོའི་ལུས་པོར་འཚོ་སྐྱོང་ལེགས་པར་གྱིས། དེ་ཚོ་བདེ་སྐྱིད་ངང་དུ་བློ་བདེར་འཆི། 25གཞན་ལ་བདེ་སྐྱིད་རྩ་ནས་མེད་པ་དང་། སེམས་སྡུག་དྲག་པོའི་ངང་ལ་འཚོ་ཞིང་འཆི། 26འོན་ཀྱང་ཚང་མ་འདྲ་མཉམ་འཆི་བ་དང་། སྦས་ནས་ལུས་པོ་འབུ་ཡིས་བཏུམ་ཡོད་དོ། 27ཁྱེད་རྣམས་ཀྱི་སེམས་ལ་ངའི་སྐོར་བསམ་བློ་ངན་པ་ཇི་ཡོད་ངས་ཤེས་སོ། 28ད་ལྟ་རླབས་ཆེན་མི་ཚོའི་ཁང་ཁྱིམ་དང་། ངན་པའི་ལག་ལེན་བྱ་མཁན་རྣམས་ཀྱི་ཁྱིམ། ད་ལྟ་ཁྱེད་རྣམས་ཀྱིས་དེ་རྣམས་གང་ཡོད་འདྲི། 29ཁྱེད་ཚོས་འགྲུལ་པ་མཉམ་དུ་གཏམ་གླེང་ངམ། གནས་ཚུལ་ཇི་ལྟར་འཁྱེར་ཡོད་ཁྱེད་རྣམས་ཀྱིས་ཤེས་ཀྱི་མེད་དམ། 30དཀོན་མཆོག་ཐུགས་ཁྲོས་ཉེས་ཆད་གཏོང་བའི་ཉིན། རྟག་ཏུ་སྐྱེ་བོ་སྤྱོད་ངན་ཚེ་ཐར་གཏོང་། 31སྤྱོད་ངན་མི་ཚོར་སྐྱོན་བརྗོད་བྱེད་མཁན་སུ་ཡང་མེད། ཁོ་ཡི་བགྱིས་པར་སུ་ཡིས་ལན་མི་འཇལ། 32དེ་ཚོ་ལ་དུར་ཁང་ནང་དུ་བསྐྱེལ་བའི་སྐབས། དུར་ཁང་དེ་ལ་སྲུང་བྱ་བརྟེན་པོ་ཡོད། 33མི་མང་སྟོང་ཕྲག་མང་པོས་རུ་སྒྲིགས་ནས། ཁོ་ཡི་ཕུང་པོ་གདན་འདྲེན་ཞུ་བར་བྱེད། ཁོ་ཡི་ལུས་པོའི་སྟེང་དུ་ས་ནི་ཡང་པོར་བསྡད། 34ཁྱེད་ཚོས་ང་ལ་ཆོ་མེད་གཏམ་གྱི་སེམས་གསོ་བྱེད། ཁྱོད་ཀྱིས་ལན་འདེབས་ཚང་མ་རྫུན་ཡིན་ནོ༎

ཡོབ 22

གཏམ་གླེང་གསུམ་པ།

༢༢:༡—༢༧:༢༣

1-2དཀོན་མཆོག་ཁོང་ལ་མི་ཞིག་གི་ཕན་ཐོག་གམ། སྐྱེས་བོ་ཤེས་རབ་ཅན་ཞིག་ཁོང་ལ་ཕན་ཐོག་གམ། 3ཁྱོད་ཀྱི་དྲང་པོ་གྱིས་པས་དཀོན་མཆོག་ལ། ཁོང་ལ་ཕན་ཐོག་ཡོད་པ་ཡིན་བསམ་མམ། ཡང་ན་ཁྱོད་ཀྱི་སྤྱོད་ལམ་ཡག་པོ་དེས། ཁོང་ལ་རོགས་རམ་ཡོང་བསམ་མམ། 4ཁྱོད་ཀྱིས་ཁོང་ལ་འཇིགས་པར་བྱེད་པའི་རྐྱེན། ཁོང་གིས་ཁྱོད་ལ་བཀའ་བཀྱོན་གནང་བ་དང་། ཁྱོད་ལ་ཁྲིམས་བཅོད་གནང་བ་མ་ཡིན་ནོ། 5དེ་ནི་ཁྱོད་ཀྱིས་སྡིག་པ་མང་བའི་རྐྱེན། ཁྱོད་ཀྱིས་ལས་ངན་གྱིས་པའི་རྐྱེན་ཡིན་ནོ། 6སྤུན་གྱི་ཁྱོད་ལ་བུན་ལོན་འཇལ་བའི་ཆེད། ཁྱོད་ཀྱིས་ཁོ་ཡི་གྱོན་གོས་རྣམས་བཤུས་ནས། ཁོ་ལ་གྱོན་རྒྱུ་མེད་པར་གཅེར་བུར་བཞག། 7ཁྱོད་ཀྱིས་ཐང་ཆད་རྣམས་ལ་ཆུ་མ་བྱིན། ལྟོགས་པ་རྣམས་ལ་ཁྱོད་ཀྱིས་ཟས་མ་བྱིན། 8ཁྱོད་ཀྱིད་ཡུལ་རྣམས་ཡོངས་སུ་དབང་བའི་ཆེད། ཁྱོད་ཀྱི་སྟོབས་ཤུགས་གོ་ས་བེད་སྤྱོད་གྱིས། 9ཁྱོད་ཀྱིས་ཡུགས་ས་མ་ཚོར་རོགས་མ་བྱེད། མ་ཟད་ད་ཕྲུག་ཚོ་ལ་མནར་གཅོད་བཏང་། 10དེར་བརྟེན་ད་ཆ་ཁྱོད་ཀྱི་མཐའ་འཁོར་ལ། ཡོངས་སུ་རྫ་དོང་ཁེངས་ནས་ཡོད་པ་དང་། གློ་བུར་ཁྱོད་ལ་འཇིགས་སྐྲག་གིས་ཁེངས་ཡོད། 11ཧ་ཅང་མུན་པ་ཡོད་སྟབས་ཁྱོད་མི་མཐོང་། ཆུ་ལོག་ཁྱོད་ལ་མནན་པར་བྱེད། 12དཀོན་མཆོག་མཐོ་རིས་མཐོ་པོར་བཞུགས་མེད་དམ། སྐར་ཚོགས་མཐོ་ཀྱང་ཁོང་གིས་དེ་ཚོར་མར་ལ་མ་གཟིགས་སམ། 13འོན་ཀྱང་ཁྱེད་ཀྱིས་དཀོན་མཆོག་ཅི་མཁྱེན་དྲིས། སྤྲིན་པ་མཐུག་པོས་ཁོང་ལ་བཀབ་ཡོད་པས། ཁོང་གིས་ང་ཚོར་ཁྲིམས་གཅོད་ཇི་ལྟར་བྱས། 14ཁོང་ནི་ས་དང་ནམ་མཁའི་ས་མཚམས་སྟེང་། ཕར་ཚུར་ཕེབས་སྐབས་ཁྱེད་ཀྱི་བསམ་པ་ལ། སྤྲིན་པ་མཐུག་པོས་གཟིགས་རྒྱུར་འགེབས་བསམ་མམ། 15མི་ངན་རྣམས་ཀྱི་འགྲོ་བའི་ལམ་དེ་རུ། ཁྱོད་ཡང་འགྲོ་རྒྱུ་སེམས་ཐག་བཅད་ཡོད་དམ། 16དེ་ཚོའི་དུས་ཚོད་མ་སླེབས་པ་ཡི་སྔོན། དེ་ཚོ་ཆུ་ལོག་གྱིས་ནི་འཁྱེར་ཚར་ཡོད། 17དེ་ཚོས་དཀོན་མཆོག་ཁོང་ལ་ཁས་མི་ལེན། ཁོང་གི་དེ་ཚོར་གང་ཡང་གནང་མི་ཐུབ། ཟེར་ཞིང་ཡིད་ཆེས་བྱ་མཁན་དེ་ཚོ་ཡིན། 18དེ་ཚོ་ཕུན་སུམ་ཚོགས་པ་བཟོ་གནང་མཁན། གཙོ་བོ་དཀོན་མཆོག་རང་ཉིད་ཡིན་པ་དང་། མི་ངན་རྣམས་ཀྱི་བསམ་བློ་ངས་རྟོགས་མི་ཐུབ། 19ངན་ཅན་ཚོར་ཉེས་ཆད་གཏོང་བའི་སྐབས། སྐྱེ་བོ་བཟང་པོ་རྣམས་ནི་དགའ་བ་དང་། སྐྱེ་བོ་གནོང་མེད་རྣམས་ནི་གད་མོ་གད། 20ངན་ཅན་ཚོའི་རྒྱུ་ནོར་མེད་པར་བཟོས། ལྷག་ལུས་རྣམས་ཀྱང་མེ་ཡིས་བསྲེགས་པར་བྱེད། 21ཡོབ་ཁྱོད་དཀོན་མཆོག་མཉམ་དུ་བཞི་སྒྲིགས་བགྱིས། ཁོང་ལ་དགྲ་ལྟར་ཆ་འཛིན་མཚམས་འཇོག་བྱོས། གལ་སྲིད་ཁྱོད་ཀྱིས་དེ་ལྟར་གྱིས་པས་ན། དཀོན་མཆོག་ཁོང་གིས་ཁྱོད་ལ་བྱིན་རླབས་གནང་། 22ཁོང་གིས་སློབ་སྟོན་གནང་བར་ངོས་ལེན་གྱིས། ཁོང་གི་བཀའ་རྣམས་སེམས་ཀྱི་གཏིང་ལ་འཇོག། 23ཁྱོད་རང་ཉམ་ཆུང་ངང་ནས་དཀོན་མཆོག། ཕྱོགས་སུ་ལོོག། ཁྱོད་ཀྱི་ཁྱིམ་ནང་ངན་པའི་ལས་རྣམས་སྤངས་པར་གྱིས། 24ཁྱོད་ཀྱི་གསེར་རྣམས་ཕར་དབྱུགས་ཞིག། ལྷད་མེད་གསེར་རྣམས་རྒྱུག་ཆུའི་སྐམ་སར་ནང་དུ་དབྱུགས། 25ཀུན་དབང་དཀོན་མཆོག་ཁྱོད་ཀྱི་གསེར་དུ་འགྱུར། ཁོང་ནི་ཧ་ཅང་མཐོ་པོར་སྤུངས་ཡོད་པའི། ཁྱོད་ཀྱི་ཕྱིར་དུ་རིན་ཆེན་དངུལ་དུ་འགྱུར། 26དེ་ནས་ཁྱོད་ཀྱིས་རྒྱུན་དུ་དཀོན་མཆོག་ལ། ཡིད་ཆེས་གྱིས་པས་ཁོང་ནི་ཁྱོད་ཀྱི་ཕྱིར། དགའ་བདེའི་འབྱུང་ཁུངས་ཡིན་པ་ཤེས་པར་འགྱུར། 27ཁྱོད་ཀྱིས་ཁོང་ལ་སྨོན་ལམ་འདེབས་སྐབས་སུ། ཁོང་གིས་དེ་ལ་ལན་འདེབས་གནང་བ་དང་། ཁ་ཆད་གྱིས་རྣམས་ཁྱོད་ཀྱི་བསྲུང་བར་འགྱུར། 28ཁྱོད་ཀྱི་ལས་དོན་ཚང་མ་སྒྲུབ་པར་འགྱུར། ཁྱོད་ཀྱི་ལམ་ལ་འོད་ཟེར་འཆར་བར་འགྱུར། 29ཁོང་གིས་སྤོབ་པ་ཅན་རྣམས་མར་འབེབས་ཤིང་། ཉམ་ཆུང་རྣམས་ལ་ཁོང་གིས་སྐྱོབ་པར་མཛད། 30ཁྱོད་ཀྱི་ཇི་ལྟར་གྱིས་པ་ཉེས་མེད་དང་། དྲང་བདེན་ཡིན་ན་ཁོང་གི་སྐྱོབ་པ་མཛད༎

ཡོབ 23

1-2ང་ནི་ད་དུང་ངོ་ལོག་བྱེད་པ་དང་། དཀོན་མཆོག་ཁོང་ལ་སྐྱོན་བརྗོད་ཞུ་བཞིན་ཡོད། ནད་ཟུག་རྐྱེན་གྱིས་ངའི་སྐད་བཀག་མི་ཐུབ། 3ང་ཡི་འདོད་པར་ཁོང་ལ་རྙེད་པ་དང་། ཁོང་ནི་གང་དུ་བཞུགས་པར་འགྲོ་འདོད་ཡོད། 4ང་ཡི་རྩོད་གཞི་རྣམས་ནི་ཁོང་དྲུང་འཛོག་རྒྱུ་དང་། ང་ཡི་ཕྱོགས་སུ་གང་ཡོད་ཞུས་པ་ཡོད། 5ང་ནི་ཁོང་གིས་ཇི་ལྟར་གསུང་རྒྱུ་དང་། ལན་འདེབས་ཇི་ལྟར་གནང་རྒྱུར་ཤེས་འདོད་ཡོད། 6དཀོན་མཆོག་ཁོང་གི་ནུས་ཤུགས་ཇི་ཡོད་རྣམས། ང་ཡི་རྒྱབ་འགལ་ཆེད་དུ་བེད་སྤྱོད་གནང་ངམ། དེ་ལྟར་མ་ཡིན་ང་ཡི་ཞུས་སྐབས་ཁོང་གི་གསན། 7ང་ནི་དྲང་པོ་ཡིན་པས་དཀོན་མཆོག་ལ། གནད་དོན་ཞུས་ནས་ཁོང་གིས་གཏན་གྱི་ཆེད། ང་ནི་ནོངས་མེད་ཡིན་པ་གསལ་བསྒྲགས་གནང་། 8དཀོན་མཆོག་ཤར་དུ་འཚོལ་ཡང་དེར་མི་འདུག། ང་ཡིས་ནུབ་ཏུ་འཚོལ་སྐབས་ཁོང་མ་རྙེད། 9དཀོན་མཆོག་བྱང་གི་ཕྱོགས་དང་ལྷོ་ཕྱོགས་སུ། འཕྲིན་ལས་གནང་བཞིན་ཡོད་ཀྱང་ངས་མ་མཇལ། 10ང་ཡིས་གོམ་པ་ཇི་སྤོས་ཁོང་གིས་མཁྱེན། ཁོང་གི་ང་ལ་ཞིབ་དཔྱོད་གནང་བས་ན། ང་ནི་ཉེས་མེད་ཡིན་པ་མཁྱེན་པར་འགྱུར། 11ང་ནི་ཁོང་གིས་འདམས་པའི་ལམ་དེ་རུ། དམ་ཚིག་ལྡན་པའི་ཐོག་ནས་འགྲོ་བ་དང་། ས་ཕྱོགས་གཞན་དུ་ཕར་ཚུར་ངས་འཁྱམས་མེད། 12ང་ནི་རྟག་ཏུ་གཙོ་བོ་དཀོན་མཆོག་གིས། ཇི་ལྟར་ཁོང་གི་བཀའ་ལྟར་གྱིས་པ་དང་། ང་ནི་ཁོང་གི་ཐུགས་དགོངས་ཀྱི་རྗེས་སུ། ང་ནི་རང་གི་འདོད་པའི་རྗེས་མི་འགྲོ། 13དཀོན་མཆོག་རང་ཉིད་ནམ་ཡང་བསྒྱུར་མི་ཡོང་། ཁོང་ལ་སུས་ཀྱང་ངོ་རྒོལ་བྱེད་མི་ཐུབ། ཁོང་གིས་ཐུགས་འདོད་སུས་ཀྱང་འགོག་མི་ཐུབ། 14ང་ཡི་ཆེད་དུ་ཁོང་གིས་འཆར་གཞི་རྣམས། ཇི་ལྟར་གནང་གི་ཡོད་པ་སྒྲུབ་པར་མཛད། ཁོང་ལ་འཆར་གཞི་མང་པོ་ཡོད་པའི་ནང་། དེ་ཚོའི་ནང་ནས་དེ་ནི་གཅིག་ཡིན་ནོ། 15ཁོང་གི་མདུན་དུ་ང་ནི་འཇིགས་ཤིང་འདར། 16མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་གིས། ང་ཡི་བློ་སྟོབས་ཚང་མ་མེད་པར་མཛད། 17མུན་པས་ང་ལ་ལོང་བ་བཟོས་ན་ཡང་། མུན་པས་མ་ཡིན་དཀོན་མཆོག་ཁོང་གིས་ང་ལ་སྐྲག་པ་བཟོས་གནང་ངོ་༎

ཡོབ 24

1དཀོན་མཆོག་ཁོང་ལ་ཞབས་ཕྱི་ཞུ་མཁན་ཆེད། དྲང་བདེན་ཞིབ་དཔྱོད་གནང་བའི་ཉི་མ་ཞིག། ཁོང་གི་ཅི་ལ་གཏན་འབེབས་གནང་མེད་དམ། 2མི་ཚོས་ས་ཆ་མང་བ་ལེན་པའི་ཆེད། རང་གི་ས་མཚམས་རྡོ་རྣམས་སྤོ་བར་བྱེད། དེ་ཚོས་གཞན་གྱི་ལུག་རྣམས་བརྐུས་ནས་ནི། རང་གི་ལུག་ཁྱུའི་ནང་དུ་འཇོག་པར་བྱེད། 3དེ་ཚོས་ད་ཕྲུག་རྣམས་ཀྱི་བོང་བུ་འཕྲོག། ཡུགས་མོས་རང་གི་བུ་ལོན་མ་འཇལ་བར། མོ་ཡི་བ་གླང་འཕྲོག་ནས་བདག་ཉར་བྱེད། 4དེ་ཚོས་དབུལ་ཞིང་ཕོངས་པའི་སྐྱེ་བོ་ཚོར། ཐོབ་ཐང་རྣམས་ལ་འགག་བྱ་བྱེད་པ་དང་། དགོས་མཁོ་ཅན་ཚོར་བྲོས་ནས་གབ་དགོས་བཟོས། 5དེར་བརྟེན་དབུལ་པོ་ཚོ་ནགས་ཀྱི་རྐྱང་རྒོད་ལྟར། ཁ་ཟས་འཚོལ་ཕྱིར་ལུང་སྟོང་སྐམ་པོའི་ནང་། དེ་ཚོ་ས་གནས་གང་དུ་འགྲོ་ན་ཡང་། རང་གི་བུ་ཕྲུག་ཆེད་དུ་ཟས་མི་རྙེད། 6དེ་ཚོས་རང་གི་མིན་པའི་ས་ཞིང་ནས་སྟོན་ཐོག་བསྡུ། མི་ངན་དེ་ཚོའི་རྒུན་ཚལ་ནང་ནས་རྒུན་འབྲུམ་བསྡུ་བར་བྱེད། 7མཚན་མོར་ཉལ་དུས་གོན་རྒྱུ་མེད་པར་ཉལ། གྲང་མོའི་དུས་སུ་གཟུགས་པོར་ཀབ་ཕྱིར་དེ་ཚོར་གང་ཡང་མེད། 8རི་བོའི་སྟེང་དུ་བབས་པའི་ཆར་པས་དེ་ཚོ་སྦང། དེ་ཚོར་སྲུང་སྐྱོབས་ཆེད་དུ་ཉེ་འགྲམ་གྱི། བྲག་ཕུག་ནང་དུ་རུབ་རུབ་བསྡུ་བར་བྱེད། 9མི་ངན་དེ་ཚོས་ཕ་མེད་པ་ཕྲུ་གུ་ཚེ་གཡོག་བཟོས། དབུལ་བས་བུ་ཕྲུག་རྣམས་ཀྱང་བུ་ལོན་ཆེད་དུ་ལེན། 10འོན་ཀྱང་དབུལ་འཕོང་རྣམས་ནི་རང་ཉིད་ཆེད། གྱོན་གོས་མེད་པར་ཕྱིར་རུ་འགྲོ་དགོས་སོ། དེ་ཚོས་གྲོ་ཡི་སྟོན་ཐོག་བསྡུ་བའི་སྐབས། ཁ་ཟས་མེད་པར་ལྟོགས་པར་སྡོད་དགོས་སོ། 11དེ་ཚོས་སྣུམ་གྱི་ཆེད་དུ་སྐྱུར་རུ་བཙིར། རྒུན་ཆང་ཆེད་དུ་རྒུན་འབྲུམ་བེད་སྤྱོད་བྱེད། འོན་ཀྱང་དེ་ཚོ་རང་ཉིད་ཁ་སྐོམ་མོ། 12གྲོང་ཁྱེར་ནང་དུ་རྨས་སྐྱོན་བྱུང་བ་དང་། འཆི་འགྲོ་ཡོད་པའི་མི་ཚོས་ངུ་འབོད་བྱེད། འོན་ཀྱང་དཀོན་མཆོག་དེ་ཚོར་གསན་མི་འགྱུར། 13སྐྱེ་བོ་འགའ་ཤས་འོད་ལ་ཁས་མི་ལེན། དེ་ཚོས་དེ་ལ་རྟོགས་མི་ཤེས་པ་དང་། འཁྲིད་པའི་ལམ་དུ་དེ་ཚོ་མི་འགྲོའོ། 14མི་གསོད་མཁན་དེ་ཐོ་རེངས་ཡར་ལངས་ནས། དབུལ་འཕོང་གསོད་ཅིང་མཚན་མོར་བརྐུ་བར་འགྲོ། 15ལོག་གཡེམ་བྱེད་མཁན་ཐོ་རེངས་སྐྱ་འོད་སྒུག། སུས་ཀྱང་མི་མཐོང་ཆེད་དུ་རང་གདོང་བཀབ། 16རྐུན་མས་མཚན་མོར་ཁང་པ་རློག་ན་ཡང་། ཉིན་མོའི་དུས་སུ་ཡིབ་ནས་འོད་མདུན་མི་ཡོང་ངོ། 17དེ་ཚོ་ཉིན་མོའི་འོད་ལ་འཇིགས་ན་ཡང་། མུན་པར་དེ་ཚོ་འཇིགས་སྣང་མི་བྱེད་དོ།

ཛོ་ཕར་གྱི་སྨྲས་པ།

18སྐྱེ་བོ་སྤྱོད་ངན་ཆུ་ལོག་གིས་འཁྱེར། དེ་ཚོར་བདག་པའི་ས་ཆར་དཀོན་མཆོག་གིས། ཁོང་གིས་དམོད་པ་བོར་བ་གནང་ཡོད་དོ། དེ་ཚོ་རང་གི་རྒུན་ཚལ་ནང་དུ་ལས་ཀར་འགྲོ་མི་ཡོང་། 19དྲོད་དང་ཐན་པས་ཁ་བ་ཡལ་བ་ལྟར། སྡིག་ཅན་གསོན་པོའི་ཡུལ་ནས་བརླག་པར་འགྱུར། 20ད་ཆ་དེ་ཚོའི་ཨ་མས་དེ་ཚོར་དྲན་མི་ཡོང་། དེ་ཚོར་འབུ་ཡིས་ཟས་པའི་ཤིང་སྡོང་ལྟར། འགྱེལ་བ་ལྟ་བུ་དུ་དེ་ཚོ་མེད་པར་བཟོས། 21དེ་ཚོས་ཡུག་མོ་རྣམས་དང་། རབ་ཆད་མ་རྣམས་ལ་ནི། སྙིང་རྗེ་མེད་ཅིང་སྡུག་པོ་བཏང་བས་ན། དེ་ཡི་རྐྱེན་གྱིས་དེ་ལྟར་བྱུང་བའོ། 22དཀོན་མཆོག་ཁོང་གིས་ནུས་ཤུགས་ངང། མཐུ་སྟོབས་ཅན་རྣམས་མེད་པར་མཛད། དཀོན་མཆོག་ཁོང་གིས་འཕྲིན་ལས་མཛད། སྐྱེ་བོ་སྤྱོད་ངན་རྣམས་ནི་འཆི་བར་འགྱུར། 23དཀོན་མཆོག་ཁོང་གིས་ཁོ་ཚོར་བརྟན་པོར་སྡོད་བཅུག་ཡང་། རྟག་ཏུ་ཁོང་གིས་ཁོ་ཚོར་གཟིགས་ཞིབ་གནང་། 24སྐྱེ་བོ་སྤྱོད་ངན་དེ་ཚོ་གནས་སྐབས་རིང་། ཕུན་སུམ་ཚོགས་པ་བྱུང་ཡང་དེ་ཚོ་ནི། དེ་ཚོ་རྩ་ངན་ལྟ་བུ་ཡལ་བར་འགྱུར། འབྲུའི་སྲུས་ལྟར་དེ་ཚོ་གཅོད་པར་འགྱུར། 25སུ་ཞིག་དེ་ལ་ཁས་ལེན་མི་བྱེད་པར་སྡད་ཐུབ་བམ། སུ་ཞིག་ང་ཡི་སྨྲས་པའི་གཏམ་རྣམས་ལ། བདེན་པ་མེད་པར་ཁུངས་སྐྱེལ་བྱེད་ཐུབ་བམ༎

ཡོབ 25

1-2དཀོན་མཆོག་མཐུ་སྟོབས་ཅན་ཡིན་ནོ། ཚང་མས་ཁོང་ལ་འཇིགས་སྣང་ངང་གནས་དགོས། དཀོན་མཆོག་ཁོང་གིས་མཐོ་རིས་ཀྱི་རྒྱལ་སྲིད་དེ། ཞི་བདེའི་ངང་ལ་འཇོག་པར་མཛད་གནང་ངོ་། 3ཁོང་ལ་ཞབསཕྱི་ཞུ་མཁན་ཕོ་ཉ་ཚོའི། སུ་ཞིག་དེ་ཚོའི་གྲངས་ནི་རྩིས་ནུས་སམ། དཀོན་མཆོག་ཁོང་གི་འོད་ཟེར་དེ། མི་ཤར་བ་ཡི་ས་གནས་ཞིག་ཡོད་དམ། 4སུ་ཞིག་གཙོ་བོ་དཀོན་མཆོག་སྤྱན་སྔ་རུ། དྲང་བདེན་དང་ནི་གཙང་མ་ཡོད་སྲིད་དམ། 5ཁོང་གི་སྤྱན་སྔར་ཟླ་འོད་མི་གསལ་ཞིང་། སྐར་མ་རྣམས་ཀྱང་གཙང་མ་མེད་པའོ། 6དཀོན་མཆོག་སྤྱན་སྔར་མི་ཡི་ཆེ་བསྟོད་དེ། འབུ་སྲིན་སྲོག་ཆགས་ཕྲ་མོ་ལྟ་བུར་ཡིན༎

ཡོབ 26

1-2སྐྱེ་བོ་ཉམ་ཐག་དང་ནི་སྐྱོ་པོ་ང་འདྲ་ལ། ཁྱེད་ལྟར་རོགས་པ་བཟང་པོ་ཇི་འདྲ་ཡིན། 3ཁྱེད་ཀྱིས་ང་ནི་གླེན་པ་ལྟ་བུ་ལ། བསླབ་བྱ་བཟང་པོ་སྤྲད་ནས་ང་མཉམ་དུ། རང་གི་ཡོན་ཏན་བཟང་པོ་གོ་བསྡུར་བྱས། 4ཁྱེད་ཀྱི་གཏམ་ལ་སུ་ཡིས་ཉན་བསམ་མམ། འདི་ལྟར་བརྗོད་རྒྱུར་བློ་ངར་སུས་སྤྲད་དམ། 5འཆི་བའི་རྣམ་ཤེས་རྣམས་ས་འོག་ཆུ་ནང་འདར། 6དཀོན་མཆོག་དྲུང་དུ་འཆི་ཡུལ་ཕྱེས་ཡོད། ཁོང་གི་སྤྱན་སྔར་དེ་ལ་ཁེབས་ཀྱིས་བཀབ་མི་ཐུབ། 7ཁོང་གིས་བྱང་ཕྱོགས་ནམ་མཁའ་བརྐྱངས་གནང་ནས། མཁའ་དབྱིངས་སྟོང་པར་ས་གཞི་བསྐོན་པར་མཛད། 8དཀོན་མཆོག་ཁོང་གིས་སྤྲིན་པར་ཆུས་བཀང་ནས། དེ་ཡི་ལྗིད་ཀྱིས་རྡོལ་བ་ལས་སྐྱོབ་མཛད། 9བཅོ་ལྔའི་ཟླ་བ་ཉ་གང་སྤྲིན་ནང་སྦས། 10ཁོང་གིས་རྒྱ་མཚོའི་སྟེང་དུ་སྒོ་སྒོར་བྲིས་གནང་ནས། འོད་དང་མུན་པ་དབྱེ་གནང་ངོ་། 11ཁོང་གིས་ནམ་མཁའ་སྟེགས་པའི་ཀ་བ་ལ། འཇིགས་སྣང་བསྐུལ་ནས་བཀའ་བཀྱོན་གནང་བའི་སྐབས། དེ་ཚོ་འཇིགས་སྐྲག་ངང་ནས་འགུལ་ཞིང་འདར། 12ཁོང་གི་སྟོབས་ཀྱིས་རྒྱ་མཚོ་དབང་བསྒྱུར་མཛད། ཁོང་གིས་རིག་རྩལ་གྱིས་ནི་ར་ཧབ་བདུད་མེད་པར་མཛད། 13ཁོང་གི་དབུགས་ཀྱིས་ནམ་མཁའ་དྭངས་བར་མཛད། བྲོས་པའི་བདུད་ནི་ཕྱག་གིས་གསོད་པར་མཛད། 14འོན་ཀྱང་འདི་ཚོ་དཀོན་མཆོག་གི། མཐུ་དང་སྟོབས་ཀྱི་ཆ་ཤས་ཙམ་ཡིན་ནོ། ང་ཚོས་ཐོས་པའི་ཁོང་གི་འཇམ་པོའི་སྒྲ། ཁོང་ནི་ཇི་འདྲ་སྟོབས་ཆེན་ཡིན་པ་སུས་རྟོགས་ནུས༎

ཡོབ 27

1-2ང་ལ་ཁྲིམས་བཅོད་དྲང་བདེན་མ་གནང་བར། ང་ཡི་མི་ཚེ་ཐབས་སྡུག་མཛད་མཁན། མཐུ་སྟོབས་ཅན་གྱི་དཀོན་མཆོག་ལ་དཔང་དུ་བཙུགས་ནས་ང་མནའ་བསྐྱེལ་རྒྱུ་ཡིན། 3ཁོང་གིས་ང་ལ་དབུགས་དེ་གནང་རིང་དེ། 4ང་ཡི་མཆུ་ལྟོས་ངན་པ་མི་བརྗོད་ཅིང་། ལྕེ་ཡིས་རྫུན་ཚིག་ནམ་ཡང་ཤོད་རྒྱུ་མིན། 5ཁྱེད་ཚོ་དྲང་པོ་ཡིན་པ་ངས་ནམ་ཡང་མི་བརྗོད། ང་ནི་འཆི་བའི་ཉིན་དེ་མ་སླེབས་བར། ང་ཡི་མེ་ཚེའི་མཐའ་མ་བར་དུ་ཉེས་མེད་ཡིན་པ་ནན་ཏན་བྱ་རྒྱུ་ཡིན། 6ང་ནི་དྲང་བདེན་ཡིན་པའི་རྩོད་གླེང་དེ། ནམ་ཡང་ང་ནི་སྤོངས་བར་བྱ་རྒྱུ་མིན། ང་ཡི་བློ་སེམས་གཙང་མ་ཡོད། 7ང་ལ་ངོ་རྒོལ་འཐབ་རྩོད་བྱ་མཁན་ལ། སྤྱོད་ངན་དྲང་བདེན་མིན་པའི་སྐྱེ་བོ་ལྟར་ཉེས་ཆད་གཏོང་བར་ཤོག། 8དཀོན་མཆོག་ཁས་མི་ལེན་མཁན་སྐྱེ་བོ་ཚོར། དེ་ཚོའི་མི་འཆེ་ཁོང་གི་བླངས་བའི་སྐབས། དེ་ཚོར་རེ་བ་ཅི་ཡོད་དམ། 9དེ་ཚོ་རང་ལ་སྡུག་བསྔལ་འབྱུང་བའི་སྐབས། དཀོན་མཆོག་ཁོང་གིས་དེ་ཚོའི་ཞུ་འབོད་གསན་གྱུར་རམ། 10ཁོང་གིས་གནང་བའི་དགའ་ཚོར་དེ་ཚོས་མོས་དགོས་སོ། དེ་ཚོས་ཁོང་ལ་རྒྱུན་དུ་གསོལ་འདེབས་དགོས་སོ། 11དཀོན་མཆོག་ཁོང་གི་མཐུ་སྟོབས་ཆེན་པོ་ཇི་ལྟར་ཡིན། ང་ཡི་ཁྱེད་རྣམས་ལ་སློབ་སྟོན་བྱེད་དུ་བཅུག། མཐུ་སྟོབས་ཅན་དཀོན་མཆོག་ཁོང་གིས་འཆར་གཞི་ཇི་ལྟར་གཏིང་བ་ལ། དེ་ཡི་སྐོར་ལ་གསལ་བཤད་བྱེད་དུ་འཇུག། 12འོན་ཀྱང་དེ་ལྟར་མ་ཡིན་ཁྱེད་རྣམས་རང་རང་ཉིད་ཀྱིས། དེ་ཚོ་ཚང་མ་དངོས་སུ་མཐོང་ཡོད་དོ། དེ་བས་དོན་མེད་གཏམ་ཞིག་ཅི་ལ་སྨྲ། ཛོ་ཕར་གྱིས་སྨྲས་པ། 13འདི་རྣམས་མཐུ་སྟོབས་ཅན་གྱི་དཀོན་མཆོག་གིས། སྐྱེ་བོ་སྤྱོད་ངན་དང་དྲག་ལས་བྱེད་མི་ཚོར། འདི་ལྟར་ཉེས་ཆད་གཏོང་གནང་ངོ་། 14དེ་ཚོར་བུ་རྣམས་མང་པོ་ཡོད་ན་ཡང་། ཚང་མ་དམག་གི་ནང་དུ་གསོད་པར་འགྱུར། དེ་ཚོའི་ཕྲུ་གུར་ཟ་རྒྱུ་ལྡང་བ་མེད། 15གསོན་པོར་ལྷག་པ་རྣམས་ནི་ནད་ཡམས་ཀྱིས་འཆི། དེ་ཚོའི་ཡུགས་མོ་ཚོས་ཀྱང་དེ་ཚོའི་འཆི་བར་མྱང་ངན་མི་བྱེད་དོ། 16སྤྱོད་ངན་ཚོར་གྲངས་ཀ་རྩིས་མི་ཐུབ་པའི། དངུལ་རྣམས་ཧ་ཅང་མང་པོ་ཡོད་ན་ཡང་། དགོས་པ་དེ་ལས་ལྷག་པའི་གྱོན་གོས་ཡོད། 17འོན་ཀྱང་སྐྱེ་བོ་བཟང་པོ་འགའ་ཤས་ཡིས་གོས་དེ་གྱོན། སྐྱེ་བོ་དྲང་པོ་འགའ་ཤས་དངུལ་དེ་ཐོབ་ཡོང་། 18ངན་པས་ཁང་པ་སྡོམ་ཐག་ལྟར། ཡང་ན་ས་ཞིང་སྲུང་མཁན་ཚེ་གཡོག་གི། རྩ་ཁང་ལྟ་བུར་རྩིག་པར་བྱེད། 19ཉིན་ཞིག་དེ་ཚོ་ཕྱུག་པོ་ཚགས་ནས་ཉལ། འོན་ཀྱང་སང་ཞོག་ལངས་བའི་སྐབས་དེ་ཚོའི་རྒྱུ་ནོར་རླག་སོང་ངོ་། 20འཇིགས་སྐྲག་གློ་བུར་ཆུ་ལོག་ལྟར་རྒྱུགས་བཞིན། མཚན་མོ་རླུང་གིས་དེ་ཚོ་འཁྱེར་བར་འགྱུར། 21ཤར་ནས་ཡོང་བའི་རླུང་འཚུབ་དྲག་པོ་ཡིས། དེ་ཚོར་རང་གི་ཁྱིམ་ནས་འཕྱག་ཅིང་འཁྱེར། 22དེ་ཚོས་དེ་ལས་ཐར་ཐབས་བྱས་ན་ཡང་། དེ་ཡིས་སྙིང་རྗེ་མེད་པར་འཁྱེར་བར་བྱེད། 23དེ་ཚོ་བྲོས་སྐབས་རླུང་གིས་སྐད་ངན་འདོན་པར་བྱེད། འཇིགས་པར་བྱེད་པའི་སྟོབས་ཀྱིས་འཇིགས་སྣང་བསྐུལ༎

ཡོབ 28

ཤེས་རབ་ཀྱི་སྐོར་ལ་བསྟོད་པ།

1དངུལ་འདོན་པའི་གཏེར་ཁ་རྣམས་ཡོད། གསེར་གཙང་མ་བཟོ་བའི་ས་གནས་རྣམས་ཡོད། 2ས་གཏེར་འདོན་པ་པོས་ས་ནས་ལྕགས་འདོན་པར་བྱེད། རྡོ་ཡི་ནང་ནས་ཟངས་བཞུ་བར་བྱེད། 3མི་ཚོས་མུན་པའི་གཏིང་དུ་འཚོལ་བར་བྱེད། དེ་ཚོས་ས་གཞི་གཏིང་དུ་འཚོལ་བར་བྱེད། དེ་ཚོས་མུན་པའི་ནང་དུ་བྲག་རྣམས་བྲུས། 4སུ་ཞིག་སྡོད་པ་ལས་ནི་ཐག་རིང་དང་། ཡང་ན་མི་ཡི་རྐང་པས་མ་གྲུལ་སར། མི་ཚོས་གཏེར་ཁའི་ཆེད་དུ་ཡུར་བ་བྲུས། དེ་ཚོས་ས་དོང་ནང་དུ་ཐག་པ་ལ། བཟུང་ནས་དབེན་པའི་ནང་དུ་ལས་བྱེད་དོ། 5ས་གཞི་སྟེང་དུ་ཁ་ཟས་སྐྱེས་ན་ཡང་། ས་གཞི་འདིའི་འོག་ཏུ་ཡོད་པའི་དངོས་པོ་རྣམས་ལ། མེ་ཡིས་མེད་པར་བཟོ་བར་བྱེད། 6ས་གཞིའི་རྡོ་ལ་ཨིན་དྲ་ནི་ལ་ཡོད། དེ་ཡི་རྡུལ་ནང་དུ་གསེར་ཡོད། 7བྱ་ཁྲ་རྣམས་ཀྱིས་གཏེར་གྱི་ལམ་མི་མཐོང་། དེ་ཡི་སྟེང་དུ་བྱ་རྒོད་ནམ་ཡང་འཕུར་མི་ཡོང་། 8སེང་གེ་ཡང་ན་འཇིགས་སྐྲག་ཅན་གྱི་སེམས་ཅན་ནི། དབེན་པའི་ལམ་གྱི་སྟེང་དུ་མི་འགྲུལ་ལོ། 9ས་གཏེར་འདོན་པ་པོས་བྲག་རི་མཁྲེགས་ཤོས་བརྐོ་བ་དང་། རི་བོའི་རྨང་གཞིར་བརྐོ་བར་བྱེད། 10དེ་ཚོས་བྲག་འོག་འགྲུལ་ལམ་བྲུས་པའི་སྐབས། དེ་ཚོར་རྩ་ཆེའི་རྡོ་རྣམས་རྙེད་པར་འགྱུར། 11དེ་ཚོས་རྒྱུགས་ཆུའི་འབྱུང་ཁུང་བྲུས་པ་དང་། དེར་གང་སྦས་ནས་ཡོད་པ་རྣམས་གསལ་སྟོན་བྱས། 12འོན་ཀྱང་ཤེས་རབ་འཚོལ་ན་གང་དུ་རྙེད། ང་ཚོས་དྲན་དབང་གི་སློབ་སྦྱོང་གང་དུ་བྱེད་ཐུབ་བམ། 13མི་ཡི་ཁྲོད་དུ་ཤེས་རབ་མི་རྙེད་དོ། སུས་ཀྱང་དེ་ཡི་རིན་ཐང་ངོ་མ་མི་ཤེས་སོ། 14རྒྱ་མཚོ་དང་ནི་མཚོ་ཡི་གཏིང་རིང་ཐུང་ཚོས་སྨྲ། དེ་རུ་ཤེས་རབ་མི་རྙེད་དོ། 15དེ་ནི་གསེར་དང་དངུལ་གྱིས་ཉོ་མི་ཐུབ། 16གསེར་སྤུས་ལེགས་དང་ནི་ཕྲ་ལེགས་ཤོས་རྣམས་ཀྱི་ཀྱང་། དེ་ཡི་རིང་ཐང་འདྲ་མཚུངས་མཉམ་མི་ཐུབ། 17དེ་ནི་གསེར་དང་གསེར་གྱི་བུམ་པ་དང་། ལེགས་ཤོས་ཤེལ་ལས་རིན་གོང་ཆེ་བ་ཡོད། 18བྱུ་རུ་ཤེལ་དང་པད་མ་ར་ག་བཅས། དེ་ལས་ཤེས་རབ་རིན་ཐང་ལྷག་པར་ཆེ། 19པུསེ་པ་རག་དང་གསེར་བཙོ་མ་རིན་ཐང་དེས། ཤེས་རབ་ཀྱི་ནི་རིན་ཐང་འདྲན་མི་ཐུབ། 20དེ་བས་ཤེས་རབས་ཀྱི་འབྱུང་ཁུངས་གང་དུ་ཡོད། ང་ཚོས་དྲན་དབང་གི་སློབ་སྦྱོང་གང་དུ་བྱེད་ཐུབ་བམ། 21གསོན་པོའི་སྲོག་ཆགས་ཀྱིས་ཀྱང་དེ་མཐོང་མི་ཐུབ། འཕུར་བའི་བྱིའུས་ཀྱང་ནི་མཐོང་མི་ཐུབ། 22འཆི་བ་དང་ནི་འཇིགས་པ་དེ་ཚོ་ཡི། དཀྲོག་གཏམ་འབའ་ཞིག་ཐོས་པར་ཁས་ལེན་བྱེད། 23དཀོན་མཆོག་གཅིག་པོས་ལམ་དེ་མཁྱེན་པ་དང་། ཤེས་རབ་གང་དུ་རྙེད་པའི་གནས་དེ་མཁྱེན། 24གང་ལ་ཟེར་ན་ཁོང་གིས་ས་གཞིའི་མཐར། ནམ་མཁའི་འོག་ཏུ་ཡོད་པ་ཐམས་ཅད་གཟིགས། 25དཀོན་མཆོག་ཁོང་གིས་རླུང་ལ་ནུས་སྟོབས་གནང་བའི་སྐབས། རྒྱ་མཚོའི་རྒྱ་ཁྱོན་ཇི་ཡོད་ཐག་ཆོད་གནང་། 26ཁོང་གིས་ཆར་པ་གང་དུ་བབས་རྒྱུ་དང་། འབྲུག་གི་སྐད་ཀྱི་སྤྲིན་གྱི་ལམ་དེ་ནི། གང་དུ་རྒྱུགས་མིན་ཐག་ཆོད་གནང་ངོ། 27དེ་སྐབས་ཁོང་གིས་ཤེས་རབ་གཟིགས་པ་དང་། དེ་ཡི་རིན་ཐང་སོགས་ལ་རྟགས་དཔྱད་གནང་། ཁོང་གིས་དེ་ལ་བཀའ་འཁྲོལ་གནང་། 28དཀོན་མཆོག་ཁོང་གིས་མི་ཚོར་བཀའ་གནང་བས། ཁྱོད་ཚོར་ཤེས་རབ་དགོས་ན་གཙོ་བོ་ལ་གུས་བཀུར་བྱེད་དགོས། རྟོགས་པའི་ཆེད་དུ་ཁྱོད་ཚོས་ངེས་པར་དུ། ངན་པའི་ལས་རྣམས་སྤོང་དགོས༎

ཡོབ 29

ཡོབ་ཀྱི་ཁ་མཆུ་མཐའ་མ།

1ཡང་སྐྱར་ཡོབ་ཀྱིས་སྨྲ་འགོ་ཚུགས་ནས་སྨྲས་པ། 2སྔོན་དུ་དཀོན་མཆོག་ཁོང་གིས་ང་ཡི་མི་ཚེ་ལ། བལྟ་རྟོགས་གནང་བའི་སྐབས་དེ་ནི་སླར་ཡང་བྱུང་བ་ཡིན་ན་ཅི་མ་རུང་། 3སྐབས་དེར་དཀོན་མཆོག་རྟག་ཏུ་ང་མཉམ་ཡོད། ང་ནི་མུན་པའི་ནང་དུ་འགྲུལ་བའི་སྐབས། དཀོན་མཆོག་ཁོང་གིས་ང་ལ་འོད་གནང་ངོ་། 4དུས་སྐབས་དེ་དུས་བྱ་བ་ལམ་འགྲོ་དང་། འཕེལ་རྒྱས་འགྲོ་བའི་སྐབས་ཤིག་ཡིན་པ་དང་། དཀོན་མཆོག་ཁོང་ནི་ང་དང་མཛའ་མཐུན་གྱི། ང་ཡི་ཁྱིམ་ཚང་རྣམས་ལ་སྲུང་སྐྱོབས་མཛད། 5ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ནི། སྐབས་དེར་ང་དང་མཉམ་དུ་ཡོད་པ་དང་། བུ་ཕྲུག་དེ་ཚོས་ང་ཡི་མཐའ་བསྐོར་ཡོད། 6ང་ཡི་བ་དང་ར་ཚོས་འོ་མ་དེ། ང་ལ་ཧ་ཅང་འབོལ་པོ་བྱིན་པ་དང་། བྲག་ནས་སྐྱུ་རུའི་ཤིང་འབྲས་སྐྱེས་པར་བྱས། 7གྲོང་ཁྱེར་དུ་ཡོད་སྐྱེ་བོ་རྒན་པ་ཚོ། ང་དང་མཉམ་དུ་མཛོམས་པའི་སྐབས་དེ་རུ། དེ་ཚོའི་དཀྱིལ་དུ་རང་གི་ས་གནས་བཟུང་། 8སྐྱེ་བོ་ན་གཞོན་ང་ལ་མཐོང་མ་ཐག། ལམ་གྱི་ཟུར་དུ་གོམ་པ་སྤོས་པ་དང་། མི་རྒན་རྣམས་ཀྱིས་ང་ལ་མཐོང་བ་དང་། གུས་ཞབས་བྱེད་ཕྱིར་ཡར་ལ་ལངས་པར་བྱེད། 9མི་མང་རྣམས་ཀྱི་འགོ་འཁྲིད་དེ་ཚོ་ཡིས། སྐབས་དེར་སྐད་ཆ་ཤོད་རྒྱུ་མཚམས་འཇོག་བྱེད། 10ཤིན་ཏུ་གལ་ཆེ་མི་སྣ་ཚོ་ཡང་ཁ་ཁུ་སིམ་མེར་སྡོད། 11སུ་ཡི་ངའི་སྐོར་ཐོས་དང་མཐོང་མཁན་ཚོས། ང་ཡི་ཇི་ལྟར་གྱིས་པའི་ལས་རྣམས་ལ། དེ་ཚོས་ལེགས་པ་འབའ་ཞིག་བརྗོད་ཀྱི་ཡོད། 12དབུལ་འཕོང་དེ་ཚོས་སྨྲེ་ངག་འདོན་པའི་སྐབས། ང་ཡིས་དེ་ཚོར་རོགས་རམ་གྱིས་ཡོད་དོ། སྐྱབས་འཇུག་ཞུ་ས་མེད་མཁན་ད་ཕྲུག་ལ། དེ་ཚོར་ང་ཡིས་རོགས་རམ་གྱིས་ཡོད་དོ། 13སྐྱེ་བོ་དཀའ་སྡུག་དྲག་པོས་མནར་ཡོད་པ། དེ་ཚོས་ང་ལ་བསྟོད་པར་བྱེད་པས་ན། ང་ཡི་ཡུག་མོ་ཚོ་ལ་སྲུང་སྐྱོབས་ཐོབ་ཕྱིར་རོགས་རམ་གྱིས། 14ང་ཡིས་རྟག་ཏུ་བདེན་པའི་ལས་རྣམས་དང་། དྲང་པོའི་ལས་རྣམས་ང་ཡི་གྱིས་ཡོད་དོ། 15ང་ནི་ལོང་བའི་ཆེད་དུ་མིག་ཡིན་ནོ། ང་ནི་ཞ་བོའི་ཆེད་དུ་རྐང་པ་ཡིན། 16ང་ནི་དབུལ་པོ་རྣམས་ཀྱི་ཕ་ལྟ་བུ། དཀའ་ངལ་ནང་ལྷུང་ངོ་མི་ཤེས་པ་རྣམས་ཀྱི་ཕྱོགས་གྱིས་ཡོད། 17ང་ཡི་སྡུག་རྩུབ་ཅན་གྱི་མི་རྣམས་ཀྱི། སྟོབས་དང་ཤུགས་ནི་མེད་པར་བཟོས་ནས་ནི། གནོད་སྐྱོན་བྱུང་བའི་མི་རྣམས་ལ་དེ་ཚོའི་ལག་ནས་སྐྱབས་ཡོད་དོ། 18ང་ནི་རྟག་ཏུ་མི་ཚེ་རིང་པོ་སྡོད། ཁྱིམ་ནང་སྐྱིད་པོར་འཆི་བའི་རེ་བ་ཡོད་པ་ཡིན། 19རྩ་བ་རུ་རྟག་ཏུ་ཆུ་ཡོད་པ་དང་། ཡལ་ག་ཟིལ་པས་རློན་པ་ཆགས་པའི་ཤིང་སྡོང་ལྟ་བུ་ང་ཡོད། 20ཚང་མས་ང་ལ་རྟག་ཏུ་བསྟོད་ཀྱི་ཡོད་པ་དང་། ང་ཡི་ནུས་ཤུགས་ནམ་ཡང་མི་ཉམས་སོ། 21ང་ཡིས་དེ་ཚོར་གྲོས་སྟོན་བྱས་པའི་སྐབས། མི་མང་ཁ་ཁུ་སིམ་མེར་གནས་པ་དང་། ང་ཡིས་ཇི་སྨྲས་རྣམས་ལ་ཟབ་ཟབ་ཉན། 22ང་ཡིས་སྨྲས་པའི་རྗེས་སུ་དེ་ཚོ་ལ། ཁ་སྣོན་རྒྱག་རྒྱུ་གང་ཡང་མེད་པའོ། ང་ཡི་གཏམ་རྣམས་ཆར་ཐིག་ལྟ་བུར་སིམ། 23དཔྱིད་ཀ་ཞིང་པས་ཆར་པར་དགའ་བསུ་ཞུ། དེ་ལྟར་ཚང་མས་ང་ཡི་གཏམ་ལ་དགའ་བསུ་བྱེད། 24ང་ཡི་གདོང་པ་གད་མོ་གད་པ་དེས་དེ་ཚོའི་བློ་སྟོབས་ཉམས་པ་གསོ་བར་བྱེད། ང་ཡི་གདོང་པ་དགའ་ཉམས་ཡོད་པའི་སྐབས། དེ་ཚོའི་སེམས་པ་རྣམས་ནི་བློ་བསྐྱེད་བར་བྱེད། 25ང་ཡིས་འགན་ལེན་པ་དང་ཐག་གཅོད་བྱས། ང་ཡིས་དེ་ཚོར་རྒྱལ་པོས་དམག་དཔུང་གི། སྣེ་འཁྲིད་གནང་བ་ལྟར་དུ་དེ་ཚོས་ལ། རེ་ཐབས་ཟད་སྐབས་སེམས་གསོ་ཐོབ་པའོ༎

ཡོབ 30

1འོན་ཀྱང་ད་ལྟ་ང་ལས་ལོ་ན་ཆུང་བ་ཡིས། སྐྱེ་བོ་དེ་ཚོས་ང་ལ་ཁྱད་གསོད་བྱས། དེ་ཚོའི་ཕ་རྣམས་རྒྱུན་དུ་ཕན་མེད་ཡིན། ང་ཡི་ལུག་རྣམས་སྲུང་མཁན་ཁྱི་དང་མཉམ། དེ་ཚོར་རོགས་རམ་བྱེད་དུ་འཇུག་གི་མེད། 2དེ་ཚོ་ཐང་ཆད་པ་ཡི་སྐྱེ་བོ་ཡིན་པས། ང་ཡི་ཆེད་དུ་ལས་བྱེད་རྒྱུར། ཧ་ཅང་སྟོབས་མེད་ཉམ་ཆུང་ཡོད་པའོ། 3དེ་ཚོ་ཧ་ཅང་དབུལ་ཞིང་ལྟོགས་པ་ཡིན། དེ་ཡི་རྐྱེན་གྱིས་དེ་ཚོ་མཚན་མོ་ལ། མི་མེད་ལུང་སྟོང་རྣམས་ཀྱི་ས་ཁུལ་དུ། ཤིང་གི་རྩ་བ་སྐམ་པོར་མུར་བར་བྱེད། 4དེ་ཚོས་བྱེ་ཐང་རྩི་ཤིང་བཀོག་ནས་ཟ། བྲོ་མེད་ཕྱག་མའི་སྡོང་པོའི་རྩ་བ་ཀྱང་ཟ། 5ཚང་མས་རྐུན་མ་ཡོང་སྐབས་སྐད་རྒྱབ་ལྟར། བྱས་ནས་ཚང་མས་དེ་ཚོ་ཕྱིར་འབུད་བྱས། 6དེ་ཚོ་བྲག་ཕུག་ནང་དུ་བསྡད་པ་དང་། བྲག་ངོས་གཟར་པོ་ལ་ཨི་ཁུང་བྲུས་ནས་བསྡད། 7བྱང་ཐང་ནང་དུ་དེ་ཚོ་སེམས་ཅན་ལྟར། སྐད་ངན་འདོན་ཞིང་ལྗོན་ཤིང་ཆུང་ཆུང་འོག། ཚང་མ་མཉམ་དུ་རུབ་རུབ་བསྡུ་བར་བྱེད། 8ཕན་ཐོགས་མེད་ཅིང་མིང་མེད་པ་རྣམས་ནི། དེ་ཚོ་ཡུལ་གྱི་ནང་ནས་ཕྱིར་འབུད་བྱེད། 9ད་ཆ་དེ་ཚོས་ཡོང་ནས་ང་ལ་བགད་པར་བྱེད། ང་ནི་དེ་ཚོའི་ཆེད་དུ་བསྟན་བཤིག་ཏུ་འགྱུར། 10དེ་ཚོས་ང་ལ་ཞེན་ལོག་ཅན་གྱི་ཆ་འཛིན་བྱས། དེ་ཚོ་ང་ལས་ཧ་ཅང་བཟང་པོ་ཡིན་པ་བསམ། མ་ཟད་ངའི་སར་ཡོང་ནས་གདོང་ལ་ཐུ་ལུད་རྒྱབ། 11དཀོན་མཆོག་ཁོང་གིས་ང་ལ་སྐྱོ་པོ་བཟོ་གནང་བས། དེ་ཚོས་ངའི་སྟེང་ཁྲོ་བ་ཡོངས་སུ་སྤུངས། 12མི་ཚོགས་འདི་ཚོས་ང་ལ་ཐད་ཀར་འཐབ། དེ་ཚོས་ང་ལ་བྲོས་རྒྱུ་བཟོས་པ་དང་། དེ་ཚོས་མཐའ་མའི་འཐབ་འཛིང་གྲ་སྒྲིགས་བྱེད། 13དེ་ཚོས་ང་ཡིས་བྲོས་ལམ་བཀག་པ་དང་། དེ་ཚོས་ང་ལ་མེད་པར་བཟོ་ཐབས་བྱེད། དེ་ཚོ་རྣམས་ལ་འགོག་མཁན་སུ་ཡང་མེད། 14རྩགས་རིའི་ཨི་ཁུང་རྣམས་ནས་འཛུལ་ནས་ཡོང། དེ་ཚོས་ངའི་སྟེང་ཐབས་པར་ཡོང་། 15ང་ནི་འཇིགས་པའི་རྐྱེན་གྱིས་མནར་བ་དང་། ང་ཡིས་གོ་ཕང་ནི་རླུང་ལྟར་བརླག། ང་ཡི་འཕེལ་རྒྱས་དེ་ནི་སྤྲིན་ལྟར་ཡལ། 16ད་ལྟ་ང་ནི་འཆི་བར་ཉེ་བའོ། ང་ཡི་སྡུག་བསྔལ་དེ་ནི་སེལ་མི་འགྱུར། 17མཚན་མོར་ང་ཡི་རུས་པ་རྣམས་ནི་ན། ང་ཡི་ནད་ཟུག་དེ་ནི་མཚམས་མི་ཆད། 18ཁོང་གིས་ང་ཡི་གོ་ང་ནས་བཟུང་གནང་། ང་ཡི་གོས་ཀྱི་དབྱིབས་རྣམས་མེད་པར་མཛད། 19ཁོང་གིས་ང་ལ་འདམ་རྫབ་ནང་དབྱུགས་ནས། ང་ནི་རྡུལ་ལས་ལྷག་པ་གང་ཡང་མིན། 20དཀོན་མཆོག་ཁྱེད་ལ་ང་ཡིས་འབོད་ན་ཡང་། ཁྱེད་ཀྱིས་ང་ལ་ནམ་ཡང་ལན་མི་གནང་། ང་ཡིས་ཁྱེད་ལ་གསོལ་བ་འདེབས་ན་ཡང་། ཁྱེད་ཀྱིས་ང་ལ་ཐུགས་སྣང་མི་འཛད་དོ། 21ཁྱེད་ཀྱིས་ང་ལ་སྡུག་རྩུབ་ངང་སྐྱོང་ཞིང་། དཀོན་མཆོག་ཁྱེད་ཀྱི་མཐུ་དང་སྟོབས་ཡོངས་ཀྱིས། ཁྱེད་ཀྱིས་ང་ལ་མནར་གཅོད་གཏོང་བར་མཛད། 22ཁྱེད་ཀྱིས་ང་ལ་རླུང་གིས་འཁྱེར་བཅུག་ནས། ཁྱེད་ཀྱིས་རླུང་འཚུབ་དྲག་པོ་ལངས་བའི་དུས། དེ་ཡི་དཀྱིལ་དུ་ང་ལ་འཕང་བར་མཛད། 23ཁྱེད་ཀྱིས་ང་ལ་འཆི་བའི་ལག་ཏུ་གནང་བ་ང་ཡི་ཤེས། གནས་དེ་ནི་ཚང་མ་སླེབས་པའི་སྐྱལ་བར་འགྱུར། 24ཁྱེད་ཀྱིས་འཇིག་པར་འགྱུར་བའི་སྐྱེ་བོ་ལ། སྙིང་རྗེ་ཞུ་འབོད་བྱ་རྒྱུ་མ་གཏོགས་པར། གཞན་དག་གང་ཡང་བྱེད་མི་ཐུབ་མཁན་ལ། ཅི་ལ་ཁྱེད་ཀྱི་འཐབ་པར་མཛད་པ་ཡིན། 25ང་ཡིས་མི་མང་དཀའ་སྡུག་ངང་ཡོད་མཁན། དེ་ཚོ་མཉམ་དུ་ང་ཡིས་མ་ངུས་སམ། དཀའ་ངལ་ཅན་ཆེད་བློ་འཕམ་མ་བྱས་སམ། 26ང་ཡིས་བདེ་བ་དང་ནི་འོད་ཟེར་གྱི། རེ་བ་བྱས་ཀྱང་ང་ལ་མ་ཐོབ་པར། དེ་ཡི་ཚབ་ལ་དཀའ་སྡུག་མུན་པ་ཐོབ། 27ང་ཡི་སེམས་ཁྲལ་དང་ནི་ཟུག་གི་དུམ་བུར་གས། ཉིན་རེ་བཞིན་དུ་སྡུག་བསྔལ་མང་དུ་འགྱུར། 28ཉི་འོད་མེད་པའི་མུན་པའི་རྨག་རུམ་ནང་། ཕྱིན་ནས་མི་མང་ཁྲོད་དུ་ཡར་ལངས་ནས། ང་ལ་རོགས་རམ་ཆེད་དུ་ཞུ་འབོད་ཞུས། 29ང་ཡི་སྐད་ནི་ཁྱི་སྤྱང་གི་སྐད་དང་། ཡང་ན་བྱ་ཆེན་ཨོསི་ཊི་རིཅ་ལྟ་བུ། སྐྱོ་ཞིང་ང་ནི་རོགས་མེད་གཅིག་པོ་ཡིན། 30ང་ཡི་པགས་པའི་མདོག་ནི་ནག་པོར་འགྱུར། ང་ལ་ཧ་ཅང་ཚ་བ་འབར་ཡོད་དོ། 31སྔོན་དུས་ང་ཡི་དགའ་སྤྲོའི་རོལ་དབྱངས་ཐོས། ད་ཆ་མྱ་ངན་ངུ་སྐད་གཅིག་པུ་ཐོས༎

ཡོབ 31

1ང་ཡི་བུ་མོར་སུ་ལ་འདོད་ཆགས་ངང་། མི་ལྟ་བ་ཡི་དམ་བཅའ་གྱིས་ཡོད་དོ། 2མཐུ་སྟོབས་ཅན་གྱི་དཀོན་མཆོག་གིས། ང་ཚོ་རྣམས་ལ་ག་རེ་གནང་ཡོང་ངམ། འགྲོ་བ་མི་ཡི་བྱས་པའི་བྱ་བ་ལ། ཁོང་གི་དེ་ལ་བྱ་དགའ་ཅི་གནང་ངམ། 3ཁོང་གིས་བྱ་བ་ནོར་འཁྲུལ་བྱ་མཁན་ལ། དེ་ཚོར་རྐྱེན་ངན་འཇིག་པ་གཏོང་བར་མཛད། 4ཁོང་གིས་ང་ཡི་གྱིས་པ་ཐམས་ཅད་མཁྱེན། ང་ཡི་གོམ་པ་གང་སྤོས་ཁོང་གིས་གཟིགས། 5སྤྱོད་ཚུལ་ངན་པ་ནམ་ཡང་ངས་གྱིས་མེད། གཞན་ལ་ནམ་ཡང་བསླུ་འཁྲིད་བྱས་མེད་པའི། 6དཀོན་མཆོག་ཁོང་གིས་ང་ལ་ཉ་གར་དྲང་པོར་འདེགས་འཇུག་ན། ཁོང་གིས་ང་ནི་སྐྱོན་མེད་ཡིན་པར་གཟིགས། 7ང་ནི་དྲང་བདེན་ལམ་ལས་གཡོ་བ་དང་། ཡང་ན་རང་ཉིད་ངན་ལས་བྱེད་བཅུག་དང་། ང་ཡི་ལག་པར་སྡིག་པའི་གནག་ཐིག་ཡོད་ན། 8ལོ་ཐོག་རྣམས་ནི་མེད་པར་བཟོ་བར་ཤོག་ཡང་ན་ང་ཡིས་ཁ་ཟས་ཇི་བཏབ་པ། ཁ་ཟས་དེ་རྣམས་གཞན་གྱི་ཟ་བར་ཤོག། 9ང་ཡིས་ཁྱིམ་མཚེས་ཆུང་མར་ཡིད་འཕྲོག་ནས། མོ་ཡི་སྒོ་ཡི་ཕྱི་རུ་ཡིབ་ཡོད་ན། 10ང་ཡི་ཆུང་མས་ཁྱོ་གཞན་གྱི་ཁ་ལག་བཟོས། མོ་ནི་ཁྱོ་གཞན་དང་མཉམ་དུ་ཉལ་དུ་འཇུག། 11དེ་ལྟར་སྤྱོད་ངན་བྱེད་མི་དེ་ཚོ་ལ། ཉེས་པ་སྲོག་ཐོག་གཏོང་བར་དགོས་ངེས་སོ། 12དེ་ནི་འཇིགས་པར་བཟོས་བའི་དམྱལ་བའི་མེ་དང་འདྲ། ང་ལ་ཡོད་པ་ཚང་མ་སྲེག་མཁན་ཡིན། 13ང་ཡི་བྲན་གཡོག་ངང་ནས་མི་ཞིག་གིས། ང་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་ཡོད་ན། ང་ཡིས་ཁོ་ལ་ཉན་ནས་དྲང་བདེན་བྱེད། 14ང་ཡིས་དེ་ལྟར་མ་བྱས་པ་ཡིན་ན། ཁོང་ལ་ཇི་ལྟར་གདོང་པ་བསྟན་ནུས་སམ། ང་ལ་ཞིབ་དཔྱོད་གནང་བར་ཕེབས་སྐབས་སུ། ང་ཡི་ཁོང་ལ་ཅི་ཞིག་ཞུས་ནུས་སམ། 15ང་ལ་བཀོད་པར་མཛད་མཁན་དཀོན་མཆོག་དེས། ང་ཡི་གཡོག་པོ་རྣམས་ཀྱང་བཀོད་གནང་ངོ་། 16ང་ཡིས་དབུལ་འཕོང་རྣམས་ལ་རོགས་བྱ་རྒྱུ། གཏན་དུ་ང་ཡི་ཁས་ལེན་བྱས་ཡོད་དོ། ང་ཡིས་ཁྱོ་ག་ཤི་བའི་ཡུགས་མོ་ཚོར། རེ་ཟད་ངང་དུ་ནམ་ཡང་སྡོད་བཅུག་མེད། 17ཡང་ན་ང་རང་ཁ་ཟས་ཟ་བའི་སྐབས། དྭ་ཕྲུག་རྣམས་ལ་ལྟོགས་པར་སྡོད་བཅུག་མེད། 18ང་ཡི་ཚེ་གང་དེ་ཚོར་བལྟ་རྟོགས་བྱས། 19ང་ཡི་དབུལ་པོ་དཀའ་ངལ་ཅན་ཞིག་གི། གྱོན་གོས་ཉོ་བཞིན་ཡོད་པ་ངས་མཐོང་སྐབས། 20ང་ཡི་ཁོ་ལ་རང་གི་ལུག་ཁྱུའི་ནང་ནས་བྱུང་བའི། བལ་གྱིས་བཟོས་པའི་གྱོན་གོས་སྟེར་རྒྱུ་བྱས་པ་ཡིན། དེ་ནས་ཁོ་ཡི་རང་གི་སེམས་གཏིང་ནས། ང་ལ་ཁོ་ཡི་བསྟོད་པ་བྱེད་པར་འགྱུར། 21གལ་སྲིད་ང་ཡིས་ཁྲིམས་ཁང་ནང་གི་རྒྱལ་ཁ་དེ། ང་ལ་ཐོབ་ཀྱི་ཡོད་པ་ཤེས་པས་ན། དྭ་ཕྲུག་ཞིག་ལ་མགོ་བསྐོར་བཏང་ཡོད་ན། 22ང་ཡི་ལག་པ་ཆག་པར་ཤོག། དེ་ནི་དཔུང་པའི་ནང་ནས་འབིགས་པར་ཤོག། 23གང་ལ་ཟེར་ན་ང་ཡི་དཀོན་མཆོག་གི། ཁོང་གི་ཉེས་ཆད་རྣམས་ལ་འཇིགས་པས་ན། ང་ཡིས་དེ་ལྟར་ནམ་ཡང་བྱེད་མི་ཕོད། 24ང་ཡིས་ནོར་ལ་ནམ་ཡངབློ་བཅོལ་མེད། 25ཡང་ན་ང་ཡི་རང་གི་རྒྱུ་ནོར་ལ། ལྟས་ནས་སྤོབས་པ་ནམ་ཡང་བྱས་མེ་དོ། 26ང་ཡི་ཉི་མའི་འོད་གསལ་ཆེ་བའི་སྐབས། ཡང་ན་ཟླ་བའི་མཛེས་སྡུག་ལ་ནམ་ཡང་མཆོད་མེད། 27ང་ཡི་དེ་ཚོར་གུས་ཞབས་བྱེད་པའི་ཆེད། རང་གི་ལག་པར་ཁ་ནི་སྐྱེལ་བ་དང་། ལམ་ནོར་ཁུལ་དུ་ནམ་ཡང་སོང་མེད་དོ། 28མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་ལ། ཁས་ལེན་མི་བྱེད་པ་ཡི་སྡིག་པ་ཚོར། ཉེས་པར་སྲོག་ཐོག་གཏོང་དགོས་སོ། 29ང་ཡི་དགྲ་བོར་སྡུག་པོ་མྱོང་བའི་སྐབས། ང་ལ་དགའ་བ་ནམ་ཡང་བྱུང་མེད་ཅིང་། ཡང་ན་དེ་ཚོར་རྐྱེན་ངན་འཕྲད་པའི་སྐབས། ང་ལ་དགའ་སྐྱིད་ནམ་ཡང་བྱུང་མེད་དོ། 30ང་ཡི་དེ་ཚོ་འཆི་འགྱུར་སྨོན་ལམ་འདེབས། དེ་འདྲའི་སྡིག་པ་ནམ་ཡང་གྱིས་མེད་དོ། 31ང་ཡིས་འགྲུལ་པར་རྒྱུན་དུ་དགའ་བསུ་བྱེད། དེ་ནི་ང་ཡི་ལས་བྱེད་ཚང་མས་ཤེས། 32ང་ཡི་འགྲུལ་པར་ཁྱིམ་དུ་མགྲོན་འབོད་བྱས། ནམ་ཡང་དེ་ཚོར་ལམ་ཁར་ཉལ་འཇུག་མེད། 33སྐྱེ་བོ་གཞན་གྱིས་རང་གི་སྡིག་པ་རྣམས། སྦས་པའི་ཕྱིར་དུ་ཐབས་ཤེས་བྱས་ན་ཡང་། ང་ཡི་རང་གི་སྡིག་པ་རྣམས། ནམ་ཡང་སྦས་པའི་ཐབས་བྱས་མེད་དོ། 34མི་མང་ཇི་ལྟར་སྨྲས་པར་ང་མི་སྐྲག། ང་ནི་རང་གི་ཁྱིམ་གྱི་ནང་དུ་ཡང་། ཁ་ཁུ་སིམ་པོར་ནམ་ཡང་བསྡད་མེད་དོ། གང་ལ་ཟེར་ན་ང་ཡི་དེ་ཚོ་ཡིས། ང་ལ་བརྙས་བཅོས་བྱེད་པར་འཇིགས་ཀྱི་མེད། 35ང་ཡིས་སྨྲས་པར་སུ་ཡི་མི་ཉན་ནམ། ང་ཡི་རང་གི་སྨྲས་པའི་གཏམ་དེ་རྣམས། དྲང་བདེན་ཡིན་པར་མནའ་སྐྱལ་རྒྱུ་ཡིན། མཐུ་སྟོབས་ཅན་གྱི་དཀོན་མཆོག་གིས། ང་ཡི་གཏམ་ལ་ལན་འདེབས་གནང་འཇུག་ཅིག། ང་ལ་དགྲ་བོས་སྐྱོན་བརྗོད་གྱིས་པ་རྣམས། ང་ཡི་མཐོང་ཆེད་ཡི་གེར་བཀོད་ཡོད་ན། 36ང་ཡིས་དེ་ཚོ་སྤོབ་པ་དང་བཅས་པ་། ཕྲག་པའི་སྟེང་དུ་གྱོན་ནས་དེ་ཚོ་ཡི། མགོ་བོའི་སྟེང་དུ་གཙུག་རྒྱན་ལྟར་འཇོག་གོ། 37ང་ཡི་གྱིས་པའི་ལས་རྣམས་དཀོན་མཆོག་ལ། ཞུ་ཕྱིར་ང་ནི་ཁོང་གི་སྐུ་དྲུང་དུ། ང་ཡི་མགོ་བོ་མཐོ་པོར་འདེགས་རྒྱུ་ཡིན། 38ས་ཞིང་འདེབས་པའི་ས་ཆའི་བདག་པོ་ནས། ང་ཡི་ས་ཆ་རྐུས་ཞིང་འཕྲོག་པ་རྣམས། 39ཞིང་པ་རྣམས་ལ་ལྟོགས་ཤི་རྒྱག་བཅུག་ནས། དེ་རུ་སྐྱེས་པའི་ཁ་ཟས་ངས་ཟས་ནས། 40གཞིང་དེར་གྲོ་དང་འབྲུ་ཡི་ཚབ་དེ་ལ། རྩ་ངན་དང་ནི་ཚེར་མ་སྐྱེ་བར་ཤོག། ཡོབ་ཀྱི་གཏམ་སྨྲས་པ་རྣམས་རྫོགས་སོ༎

ཡོབ 32

ཨེ་ལི་ཧུས་སྨྲས་པ།

༣༢:༡—༣༧:༢༤

1མི་གསུམ་པོ་དེ་ཚོས་ཡོབ་ཁོང་ལ། ལེན་འདེབས་བྱ་རྒྱུར་མཚམས་འཇོག་བྱེད་པས་སོ། གང་ལ་ཟེར་ན་ཡོབ་ཀྱིས་རང་ཉིད་ལ། ཉེས་མེད་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། 2འོན་ཀྱང་ཉེ་འགྲམ་ལངས་སྡོད་མཁན། རམ་གྱི་རིགས་རུས་བྷཛའི་རིགས་བརྒྱུད་ཀྱི་བྷ་ར་ཀེལ་གྱི་བུ་ཨེ་ལི་ཧུ་ལ་ཁོང་ཁྲོ་བཟོད་མི་ཐུབ། གང་ལ་ཟེར་ན་ཡོབ་ཀྱིས་དཀོན་མཆོག་ཁོང་ལས་རང་ཉིད་ལ། དྲང་བདེན་ཡིན་པར་ནན་བརྗོད་བྱས་སོ། 3ཡོབ་ཀྱི་གྲོགས་པོ་གསུམ་པོ་ཚོ་ལ་ཡང་། ཁོ་ཁོང་ཁྲོ་ལངས་ཤིང་ཡོད་པ་ཡིན། གང་ལ་ཟེར་ན་ཡོབ་ལ་དེ་ཚོས་སྐྱོན་བརྗོད་བྱེད་ན་ཡང། ལན་འདེབས་བྱ་རྒྱུའི་ཐབས་ལམ་མ་རྙེད་དོ། 4ཨེ་ལི་ཧུ་ནི་ཆུང་ཤོས་ཡིན་པ་སྟབས། ཁོང་གིས་ཚང་མས་བཤད་མ་ཚར་བར་སྒུག། 5ཁོང་གིས་མི་རྣམས་གསུམ་པོ་དེ་ཚོ་ཡིས། ཡོབ་ལ་ལན་འདེབས་མ་ཐུབ་མཐོང་བ་དང་། ཁོང་ཁྲོ་ལངས་ཞིང་། 6བཤད་འགོ་ཚུགས་པ་ཡིན།

ཨེ་ལི་ཧུ་ཡིས་སྨྲས་པ་ལ།

ང་ནི་བུ་གཞོན་ཡིན་ཞིང་ཁྱེད་ཚོ་ནི། སྐུ་ན་འགྲེས་པོ་ཡིན་སྟབས་ངའི་བསམ་བློར། ཁྱེད་ཚོར་ཞུ་རྒྱུར་ང་ནི་འཇིགས་པས་སོ། 7ཁྱེད་རྣམས་དགུང་ལོ་འགྲེས་པོ་ཡིན་པའི་སྟབས། ཁྱེད་ཚོའི་ཤེས་རབ་མཉམ་དུ་སྤྱོད་དགོས་པས། ང་ཡིས་ཁྱེད་ཚོས་ཤོད་དགོས་ཅེས་བསམ་མོ། 8འོན་ཀྱང་མཐུ་སྟོབས་ཅན་གྱི་དཀོན་མཆོག་གི། ཐུགས་ཉིད་མི་ཚོའི་སྟེང་དུ་བབ་པས་ན། དེ་ཚོ་རྣམས་ལ་ཤེས་རབ་གནང་བ་ཡིན། 9ལོ་ན་འགྲེས་པོ་གཅིག་པུ་ཤེས་རབ་ཅན་མི་འགྱུར། དྲང་བདེན་ཇི་ཡིན་ལོ་ན་འགྲེས་པོ་གཅིག་པུས་རྟོགས་མི་ཐུབ། 10དེར་བརྟེན་ད་ཆ་ངས་ཁྱེད་ཚོ་ང་ལ་ཉན་པར་འདོད། ང་ལ་བསམ་བློ་ཇི་འཁོར་ཁྱེད་ཚོར་ཞུ་རུ་འཇུག། 11ང་ཡིས་ཁྱེད་ཚོས་བཤད་པའི་གཏམ་དེ་ལ། བཟོད་སྲན་ངང་ནས་ཉན་ནས་བསྡད་པ་ཡིན། ཁྱེད་ཚོས་ཤེས་རབ་ཅན་གྱི་གཏམ་ཚིག་རྣམས། འཚོལ་བའི་སྐབས་སུ་ང་ནི་སྒུག་པ་ཡིན། 12ང་ཡིས་དོ་སྣང་གྱིས་པ་ཡིན་པས་ན། དེ་ཡི་ཁྱེད་ཚོ་ཕམ་པ་ངས་ཐོས་བྱུང་། ཁྱེད་ཚོས་ཡོབ་ཀྱིས་ཇི་ལྟར་སྨྲས་པ་ལ། བདེན་པ་མིན་པ་ཁུངས་བསྐྱེལ་ཐུབ་མ་སོང་། 13ཁྱེད་ཚོས་ཤེས་རབ་ཇི་ལྟར་རྙེད་པ་ལ། ཁྱེད་ཚོས་དེ་ལ་ཇི་ལྟར་གསལ་སྒྲགས་བྱེད་ཐུབ་བམ། ཁྱེད་ཚོས་ལན་འདེབས་མ་ཐུབ་ཕམ་ཡོད་སྟབས། དཀོན་མཆོག་ཁོང་གིས་ཡོབ་ལ་ལན་འདེབས་གནང་དགོས་སོ། 14ཡོབ་ཀྱིས་ཁྱེད་ཚོར་གླེང་མོལ་གནང་བ་ལས། ང་དང་གླེང་མོལ་གནང་བ་མ་ཡིན་ནོ། འོན་ཀྱང་ང་ཡི་ཁྱེད་ཚོའི་ལན་འདེབས་ལྟར། ངས་ནི་དེ་ལྟར་ལན་འདེབས་མི་བྱེད་དོ། 15ཡོབ་ཀྱིས་གཏམ་དེས་དེ་ཚོ་ཕམ་ཡོད་པས། དེ་ལ་ཁྱེད་ཚོས་ལན་འདེབས་གང་ཡང་མེད། 16དེ་ཚོས་ཁ་ཁུ་སིམ་པོར་སྡོད་པའི་སྐབས། ང་ཡིས་དེ་ཚོར་སྒུག་ནས་བསྡད་དགོས་བསམ། དེ་ཚོར་བཤད་རྒྱུ་མེད་པར་ལུས་ཡོད་དོ། 17ད་ཆ་ང་ཡི་རང་གི་བསམ་བློའི་སྐོར། དེ་ལྟར་ང་ཡིས་ལན་འདེབས་བྱ་རྒྱུ་ཡིན། 18ང་ནི་བརྗོད་རྒྱུར་སྒུག་ནས་སྡོད་མི་ཐུབ། ང་ཡི་གཏམ་རྣམས་བཀག་ནས་འཛོག་མི་ཐུབ། 19ང་ལ་བརྗོད་རྒྱུའི་གོ་སྐབས་མ་ཐོབ་ན། ང་ནི་རྒུན་ཆང་གསར་པས་ཁེངས་པ་ཡིས། རྐྱལ་པ་ལྟ་བུར་རྡོལ་ནས་འགྲོ་རྒྱུ་ཡིན། 20ང་ཡི་དེ་ལྟར་བཟོད་སྲན་བྱེད་མི་ཐུབ། དེའི་ཕྱིར་ང་ནི་ངེས་པར་སྨྲ་དགོས་སོ། 21གྲོས་གླེང་འདིའི་ཐོག་ང་ཡིས་ཕྱོགས་མི་བྱེད། སུ་ལ་ང་ནི་དཔལ་ལས་བཤད་རྒྱུ་མིན། 22དཔལ་ལས་ཇི་ལྟར་ཤོད་དགོས་ངས་མི་ཤེས། གལ་སྲིད་ང་ཡི་དེ་ལྟར་གྱིས་པས་ན། གཙོ་བོ་དཀོན་མཆོག་ཁོང་གིས་ངའི་ཐོག་ཏུ། ཉེས་ཆད་མགྱོགས་པོར་གཏོང་གནང་ངོ་།།

ཡོབ 33

1ང་ཡི་ཁྱེད་ལ་སྨྲ་རྒྱུ་ཇི་ཡོད་པ། ད་ཆ་ཡོབ་ཁྱེད་ཚང་མར་ཟབ་ཟབ་གསན། 2ང་ཡིས་སེམས་ནང་བསམ་བློ་ཇི་ཡོད་པ། ཚང་མ་ཁྱེད་ལ་ཞུ་རྒྱུ་གྲ་སྒྲིགས་ཡོད། 3ང་ཡི་སྨྲས་པའི་གཏམ་རྣམས་དྲང་བདེན་ཡིན། ང་ཡིས་ཁྱེད་ལ་བདེན་པ་ཞུ་བཞིན་ཡོད། 4གཙོ་བོ་དཀོན་མཆོག་ཁོང་གིས་ཐུགས་ཉིད་ཀྱིས། ང་ལ་བཀོད་པ་གནང་ནས་སྲོག་གནང་ངོ་། 5ཁྱེད་ལ་རྩོད་པ་གྲ་སྒྲིག་ཡོད་གྱུར་ན། ཐུབ་ན་ང་ལ་ལན་འདེབས་གནང་བར་ཞུ། 6གཙོ་བོ་དཀོན་མཆོག་ཁོང་གི་སྤྱན་སྔ་རུ། ང་གཉིས་འདམ་ལས་བཟོས་པ་གཅིག་ཡིན་ནོ། 7ང་ཡིས་ཁྱེད་ལ་དབང་ཡོད་ཤོད་རྒྱུ་མིན། དེའི་ཕྱིར་ཁྱེད་ནི་ང་ལ་འཇིགས་མི་དགོས། 8ད་ཆ་ཁྱེད་ཀྱིས་གསུངས་པ་ང་ཡིས་ཐོས། 9ང་ནི་སྐྱོན་ཅན་མིན་ཞིང་སྐྱོན་མེད་ཡིན། ང་ནི་སྡིག་པའི་ལས་དང་བྲལ་ཡོད་པའི། ང་ཡིས་ནོར་འཁྲུལ་གང་ཡང་གྱིས་མེད་དོ། 10འོན་ཀྱང་ཁོང་གིས་ང་ལ་འཐབ་གནང་བར། ཁག་དཀྲི་རྙེད་ནས་དགྲ་ལྟར་སྐྱོང་འཛིན་གནང་། 11ཁོང་གིས་ང་ཡི་རྐང་པར་ལྕགས་སྒྲོག་བསྡམས། ངས་ནི་གཡོ་འགུལ་ཇི་གྱིས་ཁོང་གིས་གཟིགས་བཞིན་ཡོད། 12འོན་ཀྱང་ཡོབ་ལགས་ཁྱེད་ལ་ངས་བརྗོད་རྒྱུར། ཁྱེད་རང་ལ་ཡང་ནོར་འཁྲུལ་ཞིག་ཡོད་དོ། དཀོན་མཆོག་སྐྱེ་བོ་ཇི་འདྲ་ཞིག་ལས་ཆེ། 13དེ་བས་ཁྱེད་ཀྱིས་འགྲོ་བ་མིའི་སྐྱོན་བརྗོད་ལ། ལན་འདེབས་མི་གནང་ཟེར་ཞིང་ཁོང་ལ་སྐྱོན་བརྫོད་དམ། 14དཀོན་མཆོག་ཁོང་གིས་ཡང་ཡང་བཀའ་གནང་ཡང་། ཁོང་གི་བཀའ་རྣམས་ཇི་ལྟར་གསུངས་པ་ལ། སུས་ཀྱང་དེ་ལ་དོ་སྣང་མི་བྱེད་དོ། 15མཚན་མོར་མི་རྣམས་གཉིད་ནང་ཡོད་པའི་སྐབས། དཀོན་མཆོག་ཁོང་གིས་དེ་ཚོར་རྨི་ལམ་དང་། ཞལ་གཟིགས་ཐོག་ནས་གསུང་གླེང་གནང་བཞིན་ཡོད། 16དཀོན་མཆོག་ཁོང་གིས་ཇི་ལྟར་བཀའ་གནང་བར། དེ་ལ་དེ་ཚོར་ཉན་དུ་འཇུག་ན་ཡང་། ཁོང་གི་ཉེན་བརྡར་དེ་ཚོ་འཇིགས་སྐྲག་སྐྱེས། 17དཀོན་མཆོག་དེ་ཚོའི་སྡིག་ལས་འགོག་པའི་ཆེད། དེ་ཚོ་ང་རྒྱལ་ཅན་དུ་འགྱུར་རྒྱུ་ལས། སྐྱོབས་པའི་ཆེད་དུ་ཁོང་གིས་བཀའ་གནང་ཡོད། 18ཁོང་གིས་དེ་ཚོ་མེད་པར་འགྱུར་མི་འཇུག། དེ་ཚོ་འཆི་བ་ཉིད་ལས་སྐྱོབས་པར་མཛད། 19དཀོན་མཆོག་ཁོང་གིས་མི་ལ་ནད་བཏང་ནས། ཁོ་ཡི་གཟུགས་པོར་ནད་ཟུག་གིས་ཁྱབ་ནས། དེའི་རྐྱེན་གྱིས་མི་ནི་དྲང་བདེན་འགྱུར། 20ནད་པའི་རང་གི་ཟས་ཀྱི་དང་ཁ་ལོག། ཁ་ཟས་ཞིམ་ཤོས་ལས་ཀྱང་ཞེན་ལོག་འགྱུར། 21དེ་ཚོའི་ལུས་པོ་ཕན་ཐོག་མེད་པ་དང་། དེ་ཚོའི་རུས་པ་ཁྱེད་ཀྱི་མཐོང་བར་འགྱུར། 22དེ་ཚོ་ནི་འཆི་བའི་གླིང་དུ་འགྲོ་བར་ཉེས། 23དཀོན་མཆོག་རང་ཉིད་ལ་ཕོ་ཉ་སྟོང་ཕྲག་མང་པོ་ཡོད་པ་ནས། མི་ཚོར་དེ་ཚོའི་ལས་འགན་དྲན་གསོའི་ཆེད། གཅིག་བྱེད་ན་དེ་ཚོའི་རོགས་སུ་ཕོ་ཉ་ཞིག་ཕེབས་སྲིད་དོ། 24ཕོ་ཉས་སྙིང་རྗེའི་དེ་ཚོར་གློད་བཀྲོལ་ཞིག། དེ་ཚོ་ནི་འཆི་བའི་གླིང་དུ་འགྲོར་མི་བྱ། དེ་ཚོ་རང་ཉིད་དབང་དུ་གཏོང་བའི་ཕྱིར། དེ་ཡི་བླུ་རིན་འདིར་ཡོད་ཅེས་གསུངས་གནང་ཡོང། 25དེ་ཚོའི་ལུས་པོ་སླར་ཡང་ན་གཞོན་དང་ནི་སྟོབས་ཤུགས་ཅན་དུ་འགྱུར། 26དེ་ཚོའི་ཁོང་ལ་གསོལ་བ་འདེབས་པའི་སྐབས། དཀོན་མཆོག་ཁོང་གིས་དེ་ལ་ལན་གནང་འགྱུར། དགའ་སྤྲོའི་ངང་ནས་དཀོན་མཆོག་ལ་མཆོད་འགྱུར། དེ་ཡི་ཕྱིར་དུ་དཀོན་མཆོག་གིས། སླར་ཡང་ཚང་མ་དྲང་བདེན་བཟོ་བར་འགྱུར། 27མི་རེ་རེ་གྱི་མི་མང་ཚོགས་སར་འདི་ལྟར་སྨྲ། ང་ཡི་རང་གིས་སྡིག་པ་བྱས་ཡོད། ང་ཡིས་དྲང་བདེན་ལས་བྱས་མེད། འོན་ཀྱང་དཀོན་མཆོག་ཁོང་གིས་ང་ལ་ཐར་གྲོལ་གནང་། 28ཁོང་གིས་ང་ལ་འཆི་བའི་གླིང་དུ་འགྲོ་དགོས་ལས། སྐྱབས་ནས་ད་དུང་ང་ནི་གསོན་པོར་གནས། 29ཁོང་གིས་འདི་ཚོ་ཚང་མ་ཡང་ཡང་གནང་། 30ཁོང་གིས་མི་ཡི་ཚེ་སྲོག་སྐྱོབ་པ་དང་། ཁོ་ལ་གསོན་པོར་གནས་པའི་དགའ་བ་ཡོངས་སུ་སྤྲད། 31ཞལ་རོག་ཞུགས་ལ་ང་ལ་ཤོད་དུ་འཇུག། ཡོབ་ཁྱེད་ད་ལྟ་ང་ཡིས་ཞུས་པར་གསན། 32འོན་ཀྱང་ཁྱེད་ལ་གསུང་རྒྱུ་ཇི་ཡོད་ན། དེ་རྣམས་ང་ལ་ཉན་དུ་འཇུག་རོགས་གནང་། ང་ཡིས་དགའ་སྤྲོའི་ངང་ནས་ཁྱོད་རང་ཉིད། དྲང་བདེན་ཡིན་པར་ངོས་ལེན་ཞུ་རྒྱུ་ཡིན། 33འོན་ཀྱང་དེ་ལྟར་མེད་པ་ཡིན་པས་ན། ཞལ་རོག་ཞུགས་ལ་ང་ལ་གསན་ཞིག་དང་། ང་ཡིས་ཁྱེད་ལ་ཤེས་རབ་ཅན་དེ་ནི། ཇི་ལྟར་བྱེད་དགོས་ཁྱོད་ལ་སློབ་པར་བྱ།།

ཡོབ 34

1-2ཤེས་རབ་ཅན་དང་སྤྱང་པོའི་སྐྱེ་བོ་རྣམས། ད་ལྟ་ང་ཡིས་ཇི་ལྟར་ཞུས་པར་གསན། 3ཁྱེད་ཚོས་ཁ་ཟས་བྲོ་བ་མྱོང་བའི་སྐབས། ཁ་ཟས་ཡག་པོ་ཇི་ཡིན་ཤེས་པར་འགྱུར། འོན་ཀྱང་ཤེས་རབ་གཏམ་རྣམས་ཐོས་སྐབས་ཁྱེད་མི་ཤེས། 4ཁམ་མཆུ་ཐག་ཆོད་བྱེད་པར་ང་ཚོའི་རང་སྟེང་རག་ལུས་ཡོད། 5ཡོབ་ཀྱིས་ང་ནི་ཉེས་མེད་ཡིན་པ་དང་། དཀོན་མཆོག་ཁོང་གིས་ཁྲིམས་དྲང་གནང་མ་བྱུང་། ཞེས་པ་དེ་ནི་ཡོབ་ཀྱིས་གྲགས་བཞིན་ཡོད། 6ང་ནི་ཉེས་ཅན་ཡིན་ཞེས་རྫུན་སྨྲའམ། ང་ནི་ཧ་ཅང་ཚབ་ཆེ་རྨས་ན་ཡང་། ང་ནི་སྡིག་པ་མེད་པ་ཡིན་ཞེས་བརྗོད་པའོ། 7ཁྱོད་ཚོས་ཡོབ་ལྟར་མི་ཞིག་མཐོང་མྱོང་ངམ། ཁོང་གིས་ནམ་ཡང་དཀོན་མཆོག་ལ་མི་གུས། 8ཁོང་གི་སྐྱེ་བོ་ངན་པར་དགའ་བ་དང་། སྡིག་ཅན་ཚོ་དང་མཉམ་དུ་འགྲོ་བར་བྱེད། 9ཁོང་གིས་དཀོན་མཆོག་ཐུགས་དགོངས་རྗེས་འབྲང་པས། དེ་ལ་ཕན་ཐོག་གང་ཡང་མེད་གསུངས་སོ། 10མཁྱེན་ལྡན་སྐྱེ་བོ་ཁྱེད་རྣམས་ང་ལ་གསན། མཐུ་སྟོབས་ཅན་གྱི་དཀོན་མཆོག་གིས། ཁོང་གི་ནོར་འཁྲུལ་ནམ་ཡང་གནང་མི་སྲིད། 11ཁོང་གིས་མི་ཚོས་ཇི་ལྟར་ལས་གྱིས་པར་བྱ་དགའ་གནང། དེ་ཚོར་ཐོབ་འོས་པའི་སྐྱོང་འཛིན་གནང་། 12མཐུ་སྟོབས་ཅན་གྱི་དཀོན་མཆོག་གིས། ཁོང་གིས་སུ་ལ་ངན་པ་མི་གནང་ཞིང་། སུ་ལ་དྲང་བདེན་མེད་པར་ཁྲིམས་མི་གནང་། 13ཁོང་གིས་སྐུ་དབང་གཞན་ལས་ཐོབ་ཡོད་དམ། འཛམ་གླིང་འགོ་འཛིན་ཁོང་ལ་གཞན་གྱི་བཀོད་ཡོད་དམ། 14གལ་སྲིད་དཀོན་མཆོག་ཁོང་གིས་སྲོག་དབྱུགས་ཕྱིར་བསྡུ་ན། 15གསོན་པོ་ཚང་མ་འཆི་ནས་སླར་ཡང་རྡུལ་དུ་འགྱུར། 16ད་ལྟ་ཤེས་རབ་ཡོད་ན་ང་ལ་གསན། 17ཁྱོད་ཀྱིས་དཀོན་མཆོག་དྲང་པོར་སྐྱོན་བརྗོད་དམ། ཁྱོད་ཀྱི་བསམ་བློར་ཁོང་གིས་དྲང་བདེན་ལ། སྡང་འཛིན་གནང་གི་ཡོད་པ་རེད་བསམ་མམ། 18ཁོང་གིས་རྒྱལ་པོ་ཚོ་དང་སྲིད་སྐྱོངས་ཚོར། ཕན་མེད་སྤྱོད་ངན་ཡིན་སྐབས་སྐྱོན་བརྗོད་གནང་། 19ཁོང་གིས་ཁྲིམས་དཔོན་ཚོ་ཡི་ཕྱོགས་གནང་མེད། དབུལ་ཕྱུག་གཉིས་ལ་ཁྱད་པར་མེད་པར་གནང་། གང་ལག་ཟེར་ན་ཚང་མ་ཁོང་གིས་བཀོད། 20མི་ཞིག་ཚན་མོར་གློ་བུར་འཆི་སྲིད་དོ། གཙོ་བོ་དཀོན་མཆོག་ཁོང་གི་མི་ཚོ་ལ། ཉེས་རྡུང་གནང་བས་དེ་ཚོ་འཇིགས་པར་འགྱུར། ཁོང་ལ་སྐུ་ངལ་གང་ཡང་མེད་པའི་ངང་། སྟོབས་ཅན་ཚོ་ཡང་གསོད་པར་མཛད་གནང་ངོ་། 21མི་ཚོས་གོམ་སྤོས་ཚང་མར་ཁོང་གིས་གཟིགས། 22སྡིག་ཅན་དཀོན་མཆོག་ཁོང་ལས་གབ་པའི་ཕྱིར། མུན་ནག་མཐུག་པོ་དེ་འདྲ་ས་གནས་གང་དུ་མེད། 23དཀོན་མཆོག་ཁོང་གིས་ཁྲིམས་གཅོད་གནང་བ་ལ། དུས་ཚོད་གཏན་འབེབས་ལ་སོགས་གནང་མི་དགོས། 24ཁོང་གིས་འགོ་འཛིན་དེ་ཚོ་མར་ཕབས་ཤིང་། དེ་ཚོའི་ཚབ་ཏུ་གཞན་ཞིག་འཇོག་པ་ལ། དེ་ལ་ཁོང་གི་ཞིབ་དཔྱོད་གནང་མི་དགོས། 25གང་ལགས་ཟེར་ན་གཙོ་བོ་དཀོན་མཆོག་གིས། དེ་ཚོའི་ལས་རྣམས་ཇི་བྱེད་ཁོང་གིས་མཁྱེན། ཁོང་གིས་མཚན་མོར་དེ་ཚོ་དབྱུགས་པ་དང་། མ་ཟད་དེ་ཚོ་ཕྱེ་མར་བཟོ་བར་མཛད། 26ཁོང་གིས་མི་ཚོ་ཚང་མས་མཐོང་ས་རུ། སྡིག་ཅན་ཚོ་ལ་ཉེས་ཆད་གཏོང་བ་གནང་། 27གང་ལག་ཟེར་ན་དེ་ཚོས་ཁོང་གི་བཀའ། བརྩི་མེད་བྱས་ནས་རྗེས་སུ་མ་འབྲངས་སོ། 28དེ་ཚོས་དབུལ་པོ་རྣམས་ལ་དབང་ཡོད་བྱས། དཀོན་མཆོག་ཁོང་ལ་ངུ་འབོད་བྱེད་དུ་བཅུག། ཁོང་གིས་དེ་ཚོའི་འབོད་བསྐུལ་གསན་གནང་ངོ་། 29དཀོན་མཆོག་ཁོང་གིས་གང་ཡང་མི་གནང་རྒྱུའི། ཐུགས་ཐག་བཅད་པ་གནང་བ་ཡིན་ན་ནི། ཁོང་ལ་སུས་ཀྱང་སྐྱོན་བརྗོད་བྱེད་མི་ཐུབ། ཁོང་གིས་རང་གི་ཞལ་རས་བཀབ་གནང་ན། མི་རྣམས་མགོན་སྐྱབས་མེད་པར་ལུས་པར་འགྱུར། 30དཀོན་མཆོག་ཁས་མི་ལེན་མཁན་མི་རྣམས་དང་། མནར་གཅོད་བྱེད་མཁན་དེ་ཚོ་ཡི་ཐོག་ཏུ། རྒྱལ་སྲིད་སྐྱོངས་བར་བཀག་འགོག་བྱེད་པའི་ཆེད། རྒྱལ་ཁབ་ཚོས་ཀྱང་གང་ཡང་བྱས་མི་ཐུབ། 31ཡོབ་ཁྱོད་གཙོ་བོ་དཀོན་མཆོག་གི་དྲུང་དུ། རང་གི་སྡིག་པར་ངོས་ལེན་ཞུས་པ་དང་། སྡིག་པ་སླར་ཡང་མི་བྱེད་ཁས་ལེན་ནམ། 32ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་ཁོང་ལ་ནི། རང་གི་ཉེས་སྐྱོན་འདོན་རོགས་ཞུས་ཡོད་དམ། ཁྱོད་ཀྱིས་རང་གི་ངན་པའི་ལས་དེ་རྣམས། མཚམས་འཇོག་བྱེད་རྒྱུའི་མོས་མཐུན་བྱེད་ཡོད་དམ། 33གཙོ་བོ་དཀོན་མཆོག་ཁོང་གིས་ཇི་གནང་བར། ཁྱོད་ཀྱིས་དེ་ལ་དགག་བྱ་བྱེད་ཡོད་སྟབས། ཁྱོད་ཀྱིས་སེམས་ཀྱི་འདོད་པ་ལྟར། ཁོང་གི་ཁྱེད་ལ་གནང་བའི་རེ་བ་བྱེད་ཐུབ་བམ། ཐག་ཆོད་ཁྱེད་ཀྱིས་གནང་དགོས་ངས་མ་ཡིན། ཁྱེད་ཀྱིས་བསམ་བློ་ཇི་ཡོད་ང་ཚོར་གསུངས། 34སྐྱེ་བོ་མཁས་པ་ཤེས་རབ་ཅན་རྣམས་ཀྱིས། ང་ཡིས་སྨྲས་པའི་ཚིག་རྣམས་ཐོས་པའི་སྐབས། བློ་དང་ལྡན་པའི་སྐྱེ་བོས་མོས་མཐུན་བྱེད། 35ཡོབ་ཀྱིས་རིག་པ་མེད་པའི་གཏམ་ཤོད་ཅིང་། ཁོང་གིས་ཇི་ལྟར་སྨྲས་པར་དོན་མེད་ཡིན། 36ཡོབ་ཀྱིས་སྨྲས་པ་རྣམས་ལ་བསམ་བློ་གཏོང་། ཁོང་གི་སྐྱེ་བོ་ངན་པ་ཞིག་ལྟ་བུར། གླེང་མོལ་གནང་བ་ཁྱོད་ཚོས་ཤེས་པར་འགྱུར། 37ཁོ་ཡིས་སྡིག་པའི་ཐོག་ཏུ་ངོ་ལོག་སྣོན། ཁོ་ཡིས་ང་ཚོ་ཚང་མ་འཛོམས་པའི་སར། གཙོ་བོ་དཀོན་མཆོག་ཁོང་ལ་ཁྱད་གསོད་བྱེད།།

ཡོབ 35

1-2ཡོབ་ཁྱེད་དཀོན་མཆོག་ཁོང་གི་སྤྱན་སྔ་རུ། རང་ཉིད་སྐྱོན་མེད་ཡིན་བརྗོད་དྲང་བདེན་མིན། 3ཡང་ན་ཁྱེད་ཀྱིས་དཀོན་མཆོག་ལ་གསུངས། ང་ཡི་སྡིག་པས་ཁྱེད་ལ་ཇི་ལྟར་གནོད་དམ། སྡིག་པ་མི་བྱ་བ་དེས་ང་ལ་ཕན་ཅི་བྱུང་ངམ། 4ད་ང་ཡིས་ཁྱེད་དང་ཁྱེད་ཀྱི་གྲོགས་པོ་ཚོར་ཀྱང་ལན་འདེབས་བྱ་རྒྱུ་ཡིན། 5ནམ་མཁར་ལྟོས་དང་སྤྲིན་རྣམས་ཇི་ལྟར་མཐོ། 6ཁྱེད་ཀྱིས་སྡིག་པ་གྱིས་ན། དེ་ཡིས་དཀོན་མཆོག་ཁོང་ལ་མི་གནོད་དོ། ཁྱོད་ཀྱིས་ནོར་འཁྲུལ་ཐེངས་མང་གྱིས་པས་ན། དེ་ཡིས་ཁོང་ལ་གནོད་དམ། 7ཁྱོད་ཀྱི་ཧ་ཅང་དྲང་བདེན་གྱིས་པས་ན། དཀོན་མཆོག་ཁོང་ལ་རོགས་རམ་བྱེད་ཐུབ་བམ། ཁྱོད་ནས་ཁོང་ལ་དགོས་མཁོ་གང་ཡང་མེད། 8ཁྱོད་ཀྱིས་སྡིག་པ་གྱིས་པའི་རྐྱེན་དེ་ཡིས། ཁྱོད་ཀྱིས་གཞན་ཚོར་སྡུག་བསྔལ་འཕོག། བཟང་པོ་གྱིས་པས་དེ་ཚོར་ཕན་ཐོག་བྱེད། 9མནར་གཅོད་གཏང་སྐབས་དེ་ཚོས་སྐད་ངན་འདོན། དེ་ཚོར་སྐྱོབས་ཆེད་དེ་ཚོས་མི་ཞིག་འབོད། 10འོན་ཀྱང་དེ་ཚོས་དཀོན་མཆོག་བཀོད་པ་པོར། རང་གི་སེམས་ནི་ཁོང་ཕྱོགས་བསྒྱུར་མེད་དོ། ཁོང་གིས་མུན་པའི་དུས་སུ་རེ་བ་གནང་། 11ང་ཚོར་སེམས་ཅན་འདབ་ཆགས་རྣམས་ལས་ཀྱང་། ཤེས་རབ་བློ་གྲོས་ཆེ་བ་བཟོ་གནང་མཁན། དཀོན་མཆོག་ཕྱོགས་སུ་ཁོ་ཚོ་ཁ་བསྒྱུར་མེད། 12དེ་ཚོས་རོགས་མགོན་ཆེད་དུ་འབོད་ན་ཡང་། དཀོན་མཆོག་ཁོང་གི་གསན་བཞེས་མི་གནང་ངོ་། གང་ལ་ཟེར་ན་སྐྱེ་བོ་དེ་ཚོ་ནི། ང་རྒྱལ་ཅན་དང་སྐྱེ་བོ་ངན་པ་ཡིན། 13མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་གིས། དེ་ཚོར་མི་གཟིགས་པ་དང་མི་གསན་པས། དེ་ཚོས་ཞུ་འབོད་བྱས་པར་ཕན་ཐོག་མེད། 14ཡོབ་ཁྱེད་ཀྱིས་དཀོན་མཆོག་ཁོང་ལ་མ་མཐོང་ཟེར། འོན་ཀྱང་བཟོད་སྲན་ངང་ལ་སྒུག་སྡོད་ཅིག། ཁྱོད་ཀྱི་ཁ་མཆུ་ཁོང་གི་དྲུང་དུ་ཡོད། 15ཁྱོད་ཀྱི་བསམ་པར་དཀོན་མཆོག་གིས། སྡིག་པར་ཉེས་ཆད་གཏོང་བར་མི་གནང་ཞིང་། ཁོང་གིས་སྡིག་པར་དོ་སྣང་མི་གནང་ངོ་། 16ཁྱོད་ཀྱི་གཏམ་གླེང་བྱེད་བཞིན་པ་དེ་ཕན་མེད་ཡིན། རང་གི་གཏམ་ནི་ཁྱོད་ཀྱིས་མ་ཤེས་པ་དེ་གསེལ་པོར་འདུག།

ཡོབ 36

1-2དཀོན་མཆོག་ཁོང་གི་ཕྱོགས་སྨྲ་གི་ཡོད། ངང་རིང་བཟོད་སྲན་ཐོག་ནས་ཁྱུག་ཙམ་ངའི་གཏམ་གསན་རོགས་གནང་། 3ང་ལ་ཤེས་བྱ་ཡོན་ཏན་རྒྱ་ཆེ་ཡོད། ང་ལ་བཀོད་པ་པོ་ཡི་དཀོན་མཆོག་ཁོང་། དྲང་བདེན་ཡིན་པ་སྟོན་པའི་ཆེད་དུ་ངས། ཤེས་བྱ་ཇི་ཡོད་བེད་སྤྱོད་བྱ་རྒྱུ་ཡིན། 4ང་ཡིས་ཞུས་པ་ཚང་མ་རྫུན་མིན་ཅིང་། ཁྱེད་མདུན་དངོས་འདྲེལ་ཤེས་རབ་ཅན་གི་མི་ཞིག་ལངས་ནས་ཡོད། 5དཀོན་མཆོག་ཁོང་ནི་སྟོབས་ཆེན་ཇི་ལྟར་ལགས། ཁོང་གི་སུ་ལ་ཞེན་ལོག་མི་གནང་ཞིང་། ཁོང་གིས་མི་མཁྱེན་པ་ནི་གང་ཡང་མེད། 6ཁོང་གིས་སྡིག་ཅན་གནས་སུ་འཇུག་མི་གནང་། རྟག་ཏུ་དབུལ་པོར་དྲང་བདེན་ངང་སྐྱོང་མཛད། 7ཁོང་གིས་དྲང་བདེན་རྣམས་ལ་སྐྱོབ་པར་མཛད། དེ་ཚོར་རྒྱལ་པོ་ལྟ་བུ་སྲིད་སྐྱོངས་བྱེད་དུ་འཇུག། དེ་ཚོར་གཏན་དུ་གུས་བཀུར་ཡོང་བར་མཛད། 8གལ་སྲིད་མི་མང་ལྕགས་སྒྲོག་གིས་བཅིང་ཡོད་ན། རང་གི་ཇི་ལྟར་ལས་ངན་གྱིས་པའི་འབྲེས་བུ་མྱོང་དགོས་ན། 9དཀོན་མཆོག་ཁོང་གིས་སྡིག་ཅན་དེ་ཚོ་ལ། རང་གི་སྡིག་པ་ང་རྒྱལ་སྟོན་པར་མཛད། 10དེ་ཚོས་རང་གི་ངན་ལས་སྤོངས་དགོས་པའི། ཁོང་གིས་ཉེན་བརྡ་བཏང་བར་ཉན་དུ་འཇུག། 11གལ་ཏེ་དེ་ཚོས་ཁོང་གི་བཀར་ཉན་ནས། ཁོང་ལ་ཞབས་ཏོག་ཞུས་པ་ཡིན་པས་ན། དེ་ཚོའི་མི་ཚེ་ཞི་བདེའི་ངང་གནས་ནས། ཡར་རྒྱས་གོང་འཕེལ་ངང་དུ་གནས་པར་འགྱུར། 12འོན་ཀྱང་དེ་ཚོས་དེ་ལྟར་མ་བྱས་ན། དེ་ཚོ་རལ་གྲིས་བསད་པ་དང། དེ་ཚོ་རྨངས་གཉིད་ནང་འཆི་བར་འགྱུར། 13དཀོན་མཆོག་ཁོང་ལ་ཁས་མི་ལེན་མཁན་རྣམས་ཁོང་ཁྲོའི་ངང་གནས་ཤིང་། ཉེས་ཆད་གཏོང་སྐབས་དེ་ཚོས་རོགས་མགོན་ཆེད་དུ་མི་འབོད་དོ། 14དམའ་འབེབས་མི་ཚེ་ངང་ལ་ཐང་ཆད་ནས། དེ་ཚོ་གཞོན་པ་ཡིན་ཀྱང་འཆི་བར་འགྱུར། 15འོན་ཀྱང་དཀོན་མཆོག་ཁོང་གི་སྡུག་བསྔལ་བརྒྱུད། དེ་ཡི་སྒོ་ནས་མི་ཚོར་སློབ་སྟོན་གནང་། དེ་ཚོའི་མིག་རྣམས་ཕྱེ་བར་བྱེད་པའི་ཆེད། ཁོང་གི་དཀའ་སྡུག་དེ་རྣམས་བེད་སྤྱོད་གནང་། 16ཁོང་གིས་ཁྱོད་ལ་དཀའ་སྡུག་ནང་ནས་བཏོན། ཁྱོད་ལ་སྲུང་སྐྱོབ་ངང་དུ་གནས་སུ་འཇུག། ཁྱོད་ཀྱི་རྒྱ་ལྕོག་ཟས་ཀྱིས་ཕུང་པོར་སྤུངས། 17འོན་ཀྱང་ད་ཆ་ཁྱོད་ལ་དགོས་ངེས་ཀྱིས། ལས་ངན་གྱིས་ལྟར་ཉེས་ཆད་གཏོང་བཞིན་ཡོད། 18ལྐོག་རྔན་རྣམས་ཀྱིས་ཁྱོད་ལ་བསླུ་མ་འཇུག། ནོར་གྱི་ཁྱོད་ལ་ལམ་ལོག་འཁྲིད་མ་འཇུག། 19ཁྱོད་ཀྱིས་རང་ལ་སྐྱོབ་ཕྱིར་རོགས་མགོན་ཆེད། ཞུ་འབོད་བྱས་ཀྱང་ཕན་པ་ཅི་ཡང་མེད། ད་ཆ་ཁྱོད་ཀྱི་སྟོབས་ཤུགས་གང་ཡོད་ཀྱིས། དེ་ཡི་ཁྱོད་ལ་ཕན་ཐོག་བྱེད་མི་ཐུབ། 20མཚན་མོ་ཡོང་བར་བློ་འདོད་མ་བྱེད་ཅིག། དུས་སྐབས་དེ་ནི་མི་མང་འཇིག་པར་བྱེད། 21ངན་པར་བློ་ཁ་མི་བསྒྱུར་ཟབ་ཟབ་གྱིས། ངན་པ་དེ་ལས་སྐྱོབ་ཆེད་ཁྱོད་ལ་སྡུག་བསྔལ་བཏང། 22དཀོན་མཆོག་ཁོང་གི་མཐུ་སྟོབས་རྣམས། རླབས་ཆེན་ཇི་འདྲ་ཡིན་པ་དྲན་པར་བྱོས། ཁོང་ནི་སློབ་དཔོན་ནང་ནས་ཆེ་ཤོས་ཡིན། 23གཙོ་བོ་དཀོན་མཆོག་ཁོང་ལ་སུ་ཞིག་གིས། ཅི་ཞིག་གནང་དགོས་ཟེར་ནས་ཞུ་མི་ཐུབ། ཁོང་གིས་ངན་པ་གནང་འདུག་ཞུ་མི་ཐུབ། 24ཁོང་གིས་ཇི་གནང་རྟག་ཏུ་བསྟོད་པ་ཐོབ། ཁྱོད་ཀྱང་ཁོང་ལ་ངེས་པར་བསྟོད་དགོས་སོ། 25ཁོང་གིས་ཇི་གནང་ཚང་མས་མཐོང་ཡོད་ཀྱང་། སུས་ཀྱང་དེ་དོན་ཚང་མ་རྟོགས་མི་ཐུབ། 26ང་ཚོས་ཁོང་གི་བྱ་བ་རླབས་ཆེན་རྣམས། སུས་ཀྱང་མི་ཤེས་པ་དང་ཡང་ན་ནི། ཁོང་གི་དགུང་གྲངས་ཙམ་ཡང་རྩིས་མི་ཐུབ། 27དཀོན་མཆོག་ཁོང་གིས་ས་གཞིའི་ཆུ་བླངས་ནས། ཆུ་དེ་ཆར་པའི་ཆུ་ཐིག་བསྒྱུར་གནང་ཡོད། 28འགྲོ་བ་མི་རིགས་ཀུན་གྱི་ཆེད་དུ་ནི། ཁོང་གིས་སྤྲིན་ནས་ཆར་པ་འབེབས་པར་མཛད། 29དཀོན་མཆོག་ཞུགས་པའི་ནམ་མཁའ་རུ། སྤྲིན་པ་ཇི་ལྟར་རྒྱུགས་པ་སུས་མི་ཤེས། འབྲུག་སྐད་ཇི་ལྟར་གྲགས་པ་སུས་མི་ཤེས། 30ཁོང་གིས་ནམ་མཁའ་བརྒྱུད་ནས་གློག་འཁྱུགས་མཛད། ཡང་ན་རྒྱ་མཚོའི་གཏིང་དུ་མུན་པར་གནས། 31དེ་ལྟར་ཁོང་གི་མི་མང་གསོས་གནང་ནས། ཧ་ཅང་ཁ་ཟས་འབོལ་པོ་གནང་བར་མཛད། 32ནམ་མཁའི་གློག་དེ་ཁོང་གི་ཕྱག་ནང་བཟུང་། དེ་ལ་འབེན་དུ་གཞུས་པའི་བཀའ་གནང་ངོ་། 33འབྲུག་སྒྲས་རླུང་འཚུབ་ཡོང་བའི་གསལ་སྒྲགས་བྱེད། དུད་འགྲོ་རྣམས་ཀྱིས་དེ་ནི་ཡོང་བ་ཤེས༎

ཡོབ 37

1རླུང་འཚུབ་རྐྱེན་གྱིས་ངའི་སྙིང་འདར་བར་བྱེད། 2ཁོང་གི་ཞལ་ནས་ཐོན་པའི་གསུང་སྐད་དེ། འབྲུག་སྒྲ་དེ་ནི་ཁྱེད་ཚོ་ཚང་མས་གསན་ཞིག། 3ས་གཞིའི་མཐའ་མཚམས་གཅིག་ནས་གཞན་བར་དུ། ཁོང་གིས་ནམ་མཁའ་འཕྲེད་ནས་གློག་གཏོང་མཛད། 4ཁོང་གི་གསུང་དང་བྱ་བ་རླབས་ཆེན་གྱི། འབྲུག་སྒྲ་ཐོས་སྐབས་དེའི་རིང་གློག་འཁྱུགས་བྱེད། 5དཀོན་མཆོག་གི་བཀའ་བཀོད་ལ་ངོ་མཚར་ཅན་གྱི་བྱ་བ་རྣམས་བྱུང་ངོ། བྱ་བ་རླབས་ཆེན་དེ་ཚོ་ང་ཚོ་སུས་ཀྱང་རྟོགས་པར་མི་ཐུབ་བོ། 6ཁོང་གིས་ས་གཞིའི་སྟེང་དུ་ཁ་བ་འབབ་པའི་བཀའ་གནང་བ་དང། དྲག་ཆར་གཏོང་གནང་མཛད། 7ཁོང་གིས་མི་ཡི་ལས་ཀར་མཚམས་འཇོག་བྱེད། རང་གི་ཕྱག་ལས་དེ་ཚོར་སྟོན་པར་མཛད། 8ནགས་ཀྱི་སེམས་ཅན་རང་གི་ཚང་དུ་འགྲོ། 9རླུང་འཚུབ་ལྷག་པ་ལྷོ་ནས་ཡོང་བ་དང་། གྲང་ངར་ཅན་ནི་བྱང་ནས་ཡོང་། 10དཀོན་མཆོག་ཁོང་གི་ཞལ་གྱི་ལྗགས་དབུགས་ཀྱིས། ཆུ་འཁྱགས་པ་བཟོས་བ་དང། འཁྱགས་པ་འཁྲེགས་པོར་འགྱུར། 11སྤྲིན་གྱི་ནང་ནས་གློག་དེ་འཁྱུགས་པར་བྱེད། 12དེ་ཚོ་ཁོང་གི་ཐུགས་འདོད་ལྟར་རྒྱུགས་སོ། དེ་ཚོ་ཚང་མ་འཛམ་གླིང་ཁྱོན་ཡོངས་སུ། དེ་ཚོས་དཀོན་མཆོག་ཁོང་གི་བཀའ་བཞིན་བྱེད། 13ཁོང་གིས་ས་གཞི་སྦང་བའི་ཕྱིར་ཆར་པ་འབེབས། མི་ཚོར་ཉེས་པ་གཏོང་ཆེད་འབེབས་པར་སྲིད། ཁོང་གི་ཐུགས་རྗེ་སྟོན་ཆེད་གཏོང་གནང་ངོ་། 14ཡོབ་ཁྱེད་ཐེངས་ཙམ་སྒུག་ལ་ཉན་པར་མཛོད། དཀོན་མཆོག་ཁོང་གི་བྱ་བ་ངོ་མཚར་བསམ་བློར་གཏོང་། 15དཀོན་མཆོག་ཁོང་གིས་སྤྲིན་ནང་བཀའ་གནང་བཞིན། གློག་འོད་འཁྱུགས་པར་མཛད་པ་ཤེས་ཡོད་དམ། 16ཁྱེད་ཀྱིས་ནམ་མཁའི་སྟེང་གི་སྤྲིན་པ་རྣམས། ཇི་ལྟར་ལྡིང་བ་དེ་ཚོ་དཀོན་མཆོག་གི། ཡ་མཚན་ཅན་གྱི་མཛད་པ་ཤེས་ཡོད་དམ། 17ལྷོ་ཕྱོགས་རླུང་གིས་ས་གཞིར་མནར་བའི་སྐབས། ཁྱོད་ཀྱིས་ཚ་དྲོད་དཀའ་སྡུག་མྱོང་བར་བྱེད། 18དཀོན་མཆོག་ཁོང་གིས་ནམ་མཁའ་བརྐྱངས་མཛད་ནས། དེ་ལ་བཀྲག་རྩི་བྱུག་པའི་ཤེལ་ལྟར། མཁྲེགས་པོ་བཟོ་རྒྱུར་ཁྱེད་ཀྱིས་ཁོང་ལ་རོགས་རམ་ཞུ་ཐུབ་བམ། 19ང་ཚོས་དཀོན་མཆོག་ཁོང་ཉིད་ལ། ཇི་ལྟར་ཞུ་དགོས་སློབ་སྟོན་གནང་རོགས་གནང་། ང་ཚོའི་སེམས་ནང་ཅི་ཡང་མེད། ང་ཚོས་ཁོང་ལ་ཞུ་རྒྱུ་གང་ཡང་མེད། 20དཀོན་མཆོག་ཁོང་མཉམ་བཀའ་མོལ་གསུང་རོགས་ལབ་རྒྱུ་མིན། དེ་བས་ང་རང་མེད་པར་བཟོ་རྒྱུ་གོ་སྐབས་ཁོང་ལ་ཅི་ལ་འབུལ། 21ད་ཆ་ནམ་མཁའི་འོད་དེ་འཚེར་ཞིང་ཡོད། ང་ཚོས་དེ་ལ་བལྟ་བར་བྱ་རྒྱུ་དེ། འོད་ནི་ཧ་ཅང་གསལ་པོ་ཡོད་པ་དང་། རླུང་གིས་ནམ་མཁའ་གཙང་མར་གད་དར་བྱེད། 22བྱང་ཕྱོགས་གསེར་གྱི་མེ་འོད་འཚེར་བ་མཐོང་། ཁོང་གི་གཟི་བརྗེད་ང་ཚོར་འཇིགས་སྣང་ཁེངས། 23ཁོང་གི་མཐུ་སྟོབས་ཧ་ཅང་ཆེ་བས་སྟབས། ང་ཚོ་ཁོང་གི་ཉེས་འཁྲིས་འགྲོ་མི་ཐུབ། ཁོང་གི་ང་ཚོར་དྲང་བདེན་གྱི་སྤྱོད་ལམ་གནང་། 24དེ་བས་ཚང་མས་ཁོང་ལ་འཇིགས་པ་དང་། རང་ཉིད་ཤེས་རབ་ཅན་ཡིན་མརྫོད་མཁན་ཚོར་སྣང་མེད་འཇོག༎

ཡོབ 38

གཙོ་བོ་དཀོན་མཆོག་གིས་ཡོབ་ལ་བཀའ་ལན་གནང་བ།

1དེ་ནས་རླུང་འཚུབ་ནང་ནས་གཙོ་བོ་དཀོན་མཆོག་གིས། ཡོབ་ལ་བཀའ་མོལ་གནང་བ་གཤམ་གསལ་ཡིན།

གཙོ་བོ་དཀོན་མཆོག་གིས་གསུངས་པ།

2ཁྱོད་ཀྱི་གླེན་པའི་གཏམ། སྟོང་པས་ང་ཡི་ཤེས་རབ་ཀྱི་སྐོར་ལ། དྲི་བ་བྱ་མཁན་ཁྱོད་ནི་སུ་ཡིན་ནམ། 3ཁྱོད་ནི་སྐྱེ་བོ་ལྟར་ད་ཡར་ལངས་ནས། ང་ཡིས་དྲི་བ་གྱིས་པར་ལན་འདེབས་བྱོས། 4ང་ཡིས་འཛམ་གླིང་བཀོད་སྐབས་ཁྱོད་གང་དུ་ཡོད། ཁྱོད་ཀྱིས་དེའི་སྐོར་ཤེས་ན་ང་ལ་སྨྲོས། 5དེ་ནི་ཆེན་པོ་ཇི་འདྲ་དགོས་པའི་སྐོར། སུ་ཡིས་དེ་ལ་ཐག་ཆོད་གྱིས་པ་ཡིན། དེའི་སྟེང་སུ་ཡིས་ཐིག་ཚད་བརྒྱབ་པ་ཡིན། ཁྱོད་ཀྱིས་ལན་འདེབས་ཆང་མ་ཧ་གོའམ། 6ས་གཞི་འདེགས་པའི་སྐ་བ་དེ་ཚོ་ནི། གང་གི་དེ་ལ་བཟུང་ནས་ཡོད་པ་ཡིན། འཛམ་གླིང་ཟུར་རྡོ་སུ་ཡིས་བཏིང་བ་ཡིན། 7ཉིན་མོ་དེ་ཡི་ཐོ་རངས་ཤར་བའི་སྐབས། སྐར་མ་རྣམས་ཀྱིས་གླུ་གཞས་བཏང་། ཕོ་ཉ་རྣམས་ཀྱིས་དགའ་བའི་སྐད་འབོད་གྱིས། 8རྒྱ་མཚོ་ས་གཞིའི་མངལ་ནས་གས་ཤིང་ཐོན། སྐབས་དེ་འགོག་པར་རྒྱལ་སྒོ་སུས་རྒྱབ་བམ། 9ང་ཡིས་རྒྱ་མཚོ་སྤྲིན་གྱིས་འགེབས་པ་དང་། དེ་ནི་མུན་པའི་ནང་དུ་བཏུམ་པ་ཡིན། 10ང་ཡིས་རྒྱ་མཚོའི་ས་མཚམས་རྟགས་རྒྱབ་ནས། རྟགས་དེ་སྒོ་ལྕགས་རྒྱབ་པའི་སྒོའི་རྒྱབ་བཞག། 11ང་ཡིས་དེ་ལས་ཐག་རིང་འགྲོ་མི་ཆོག། འདིར་ཁྱོད་སྟོབས་ཤུགས་ཅན་གྱི་རྦ་རླབས་རྣམས། ངེས་པར་མཚམས་འཇོག་བྱ་དགོས་ཅེས་སྨྲས་པ་ཡིན། 12ཡོབ་ཁྱོད་རང་གི་མི་ཚེའི་རིང་དེ་ལ། ཉིན་ཞིག་ཐོ་རེངས་འཆར་དགོས་ཅེས་སྨྲས་སམ། 13ཁྱོད་ཀྱིས་ཐོ་རངས་ལ་ས་གཞི་ཡོངས་སུ་འཕེལ་ནས་བཟུང་བས་ན། སྤྱོད་ངན་རྣམས་ཚོ་མུན་པ་ནས་ཐོན་པའི་ཕྱིར་དུ་སྨྲས་ཡོད་དམ། 14ཉི་མའི་འོད་ལ་གོས་ཀྱི་ལྟེབ་རྩིག་ལྟར་དང་འདམ་ནང་གྱི། རྗེས་ཤུལ་ལྟ་བུ་རི་དང་ལུང་གཤོང་ཚོ་གསལ་པོ་མཐོང་དུ་འཇུག། 15ཉི་མའི་འོད་དེ་ཧ་ཅང་གསལ་བས་སྟབས། མི་ངན་དེ་ཚོའི་དྲག་སྤྱོད་འགོག་པར་བྱེད། 16རྒྱ་མཚོའི་གཏིང་གི་ཆུ་མིག་ཡོད་སར་སླེབས་ཡོད་དམ། ཁྱོད་ནི་རྒྱ་མཚོའི་གཏིང་དུ་བསྐྱོད་ཡོད་དམ། 17ཁྱོད་ལ་སུ་ཡིས་མུན་ནག་འཆི་པའི་གླིང་། སྲུང་བའི་རྒྱལ་སྒོ་རྣམས་སྟོན་བྱུང་ངམ། 18འཛམ་གླིང་ཇི་ལྟར་ཆེན་པོ་ཡོད་པའི་སྐོར། ཁྱོད་ལ་དེའི་སྐོར་ཤེས་བྱ་ཇི་ཡོད་དམ། གལ་སྲིད་དེའི་སྐོར་ཤེས་ན་ང་ལ་སྨྲོས། 19ཁྱོད་ཀྱིས་འོད་ག་ནས་ཡོང་བ་དང་། ཡང་ན་མུན་པའི་འབྱུང་ཁུངས་ཤེས་ཡོད་དམ། 20ཁྱོད་ཀྱིས་དེ་ཚོར་ག་ཚོད་ཐག་རིང་ཐུང་། ཇི་ལྟར་འགྲོ་དགོས་ཡོད་པ་སྟོན་ཐུབ་བམ། ཡང་ན་དེ་ཚོ་ཕྱིར་ལོག་གཏོང་ཐུབ་བམ། 21ང་ཡི་བསམ་བློར་ཁྱོད་ཀྱིས་དེ་བྱེད་ཐུབ། གང་ལ་ཟེར་ན་ཁྱོད་ནི་ལོ་ན་མཐོ། འཛམ་གླིང་བཀོད་སྐབས་ཁྱོད་ནི་དེར་ཡོད་དོ། 22ང་ཡིས་གངས་དང་སེར་བ་སོགས་འཇོག་པའི། བང་མཛོད་ནང་དུ་ཁྱོད་རང་འགྲོ་མྱོང་ངམ། 23ང་ཡིས་དེ་ཚོ་དཀའ་སྡུག་གི་དུས་དང་། དམག་གཡུལ་ཉིན་མོའི་ཆེད་དུ་གྲ་སྒྲིགས་བཞག་ཡོད། 24ཁྱོད་ནི་ཉི་མ་ཤར་བའི་ས་གནས་དང་། ཡང་ན་ཤར་རླུང་རྒྱབ་སར་འགྲོ་མྱོང་ངམ། 25སུ་ཡིས་ཆར་པ་བབས་པའི་ཡུར་བ་འབྲུས། འབྲུག་སྒྲའི་རླུང་འཚུབ་དྲག་པོའི་ཆེད་དུ་ལམ་དེ་གྲ་སྒྲིགས་སུ་ཡི་བཟོས་པ་ཡིན། 26སུ་ཡང་མེད་སར་ཆར་པ་སུའི་འབེབས་སམ། 27ས་གནས་སྐམ་པོར་རྩ་ཡར་ཐོན་པའི་ཆེད། དེ་ལ་སུ་ཡིས་ཆུ་ཞིག་རྒྱབ་པ་ཡིན། 28ཆར་པ་ཡང་ན་ཟིལ་པར་ཕ་ཞིག་ཡོད་རེད་དམ། 29འཁྱགས་པ་དང་བ་མོའི་ཨ་མ་སུ་རེད་དམ། 30དེ་ཡིས་ཆུ་ལ་རྡོ་རུ་བསྒྱུར་བ་དང་། རྒྱ་མཚོའི་ངོས་དེ་འཁྱགས་པར་བྱེད། 31ཁྱོད་ཀྱིས་ཀར་མ་སྨིན་དྲུག་ཚོགས་ལ་ཅིག་ཏུ་བསྡམས་ཐུབ་བམ། དྲང་སོང་སྐར་མའི་ཚོགས་འཆིང་བ་སྒྲོལ་ནུས་སམ། 32ཁྱོད་ཀྱིས་ནམ་དུས་སོ་སོར་སྐར་ཚོགས་ཀྱི། ལམ་སྟོན་བྱས་ནས་དོམ་ཆེན་དང་དོམ་ཆུང་ལ་བཀའ་བཀོད་བྱེད་ཐུབ་བམ། 33ནམ་མཁའི་ཁྲིམས་སྲོལ་འཛིན་སྟངས་ཤེས་ཡོད་དམ། དེ་ཚོར་ས་གཞིར་ཉམས་ལེན་བྱེད་ཐུབ་བམ། 34ཁྱོད་ཀྱིས་སྤྲིན་པར་བཀའ་བཀོད་ནས། ཁྱོད་སྟེང་ཆར་པ་འབེབ་ཐུབ་བམ། 35ཁྱོད་ཀྱིས་གློག་འོད་འཁྱུག་པར་བཀའ་བཏང་ནས། དེ་ནི་ཁྱོད་ཀྱི་སར་རུ་ཡོང་བས་ན། ཁྱོད་ཀྱི་ཞབས་ཕྱིར་འདིར་ཡོད་ཅེས་སྨྲས་སམ། 36ཆུ་ལོག་ཉིན་བརྡ་གཏོང་མཁན་བྱ་ལ། ན་ཨེལ་ཆུ་ལོག་ཡོང་བ་སུས་བཤད་དམ། ཡང་ན་བྱ་ཕོར་ཆར་པ་འབེབ་པ་སུས་བཤད་དམ། 37སྤྲིན་པར་གྲངས་ཀ་རྒྱབ་ནས་དེ་ཚོ་ལ། ཀྱོག་ནས་ཆར་པ་འབེབས་པར་བྱ་རྒྱུ་ཡི། དེ་འདྲ་ཤེས་རབ་ལྡན་པ་སུ་ཞིག་ཡོད། 38ཆར་པ་དེ་ཡིས་རྡུལ་རྣམས་མཁྲེགས་ཤིང་བརྡོག་བརྡོག་བཟོས། 39ཁྱོད་ཀྱིས་སེང་གེར་ཁ་ཟས་འཚོལ་འགྱུར་ནས། སེང་ཕྲུག་རྣམས་ཀྱི་ལྟོགས་པ་སེལ་འགྱུར་རམ། 40དེ་ཚོ་རང་གི་བྲག་ཕུག་ནང་ཡིབ་སྐབས། ཡང་ན་སེང་གེ་རང་གི་ཚང་ནང་དུ། སྒུག་ནས་སྡོད་སྐབས་དེ་ལྟར་བྱེད་ཐུབ་བམ། 41ཕོ་རོག་ལྟོགས་པར་འཁྱམས་ནས་འགྲོ་བ་དང་། དེ་ཚོའི་བྱ་ཕྲུག་རྣམས་ཀྱི་ཁ་ཟས་ཕྱིར། ང་ལ་འབོད་བསྐུལ་བྱ་སྐབས་དེ་ཚོ་ལ། ཁ་ཟས་སྤྲོད་མཁན་དེ་ནི་སུ་རེད་དམ།།

ཡོབ 39

1ཁྱོད་ཀྱིས་རི་བོར་ཡོད་པའི་ར་རྣམས་ཀྱི། ག་དུས་སྐྱེས་ཀྱི་ཡོད་མེད་ཤེས་ཡོད་དམ། ཁྱོད་ཀྱིས་ནགས་ཀྱི་ནང་གི་ཤ་མོ་ལ། ཕྲུ་གུ་སྐྱེས་པར་ཁྱོད་ཀྱི་བལྟ་མྱོང་ངམ། 2ཁྱོད་ཀྱིས་དེ་ཚོས་རང་གི་ཕྲུ་གུ་རྣམས། དུས་ཡུན་རིང་ཐུང་ཇི་ཙམ་འཁྱེར་བཞིན་ཡོད། ཡང་ན་ཁྱོད་ཀྱིས་དེ་ཚོའི་ཕྲུ་གུ་རྣམས། སྐྱེས་པའི་དུས་ཚོད་ཁྱོད་ཀྱིས་ཤེས་ཡོད་དམ། 3ཁྱོད་ཀྱིས་དེ་ཚོ་སྐྱེ་གཟུགས་རྒྱབ་དུས་མར་ལ་སྒུར་ནས། རང་གི་ཕྲུ་གུ་རྣམས་ནི་འཛམ་གླིང་ནང་། སྐྱེས་པ་ཁྱོད་ཀྱི་ཤེས་ཡོད་དམ། 4ནགས་ཀྱི་ནང་དུ་དེ་ཚོའི་ཕྲུ་གུ་རྣམས། སྟོབས་ཤུགས་ཆེན་པོ་འཚར་ལོངས་བྱུང་བ་དང་། དེ་ཚོ་ཕར་ལ་ཕྱིན་རྗེས་ཚུར་མི་ལོག། 5ནགས་ཀྱི་བོང་བུ་རང་དབང་སུས་སྤྲད་དམ། སུ་ཡིས་གློད་བཀྲོལ་བཏང་ནས་འཁྱམས་འཇུག་གམ། 6དེ་ཚོའི་ཁྱིམ་གྱི་ཚུལ་དུ་ང་ཡིས་འབྲོག་སྟོང་སྤྲད། ཚྭ་ཡི་ཐང་དུ་ང་ཡིས་སྡོད་བཅུག་གོ། 7དེ་ཚོ་འུར་སྒྲ་ཅན་གྱི་གྲོང་ཁྱེར་ལས། ཧ་ཅང་ཐག་རིང་གནས་ཤིང་དེ་ཚོ་ལ། སུས་ཀྱང་མི་འདུལ་ལས་བསྐུལ་བྱེད་མི་ཐུབ། 8རི་བརྒྱུད་རྣམས་ནི་དེ་ཚོའི་རྩྭ་ཁ་ཡིན། ཟ་བའི་སྔོ་རིགས་འཚོལ་བའི་གནས་ཤིག་ཡིན། 9ནགས་ཀྱི་བ་གླང་ཁྱོད་ཆེད་ལས་བྱེད་དམ། ཁོ་ཡི་མཚན་མོ་ཁྱོད་ཀྱི་རྟ་རའི་ནང་། མཚན་གང་དེ་རུ་སྡོད་དགོས་བྱེད་ཡོང་ངམ། 10དེ་ཚོའི་ནང་ནས་གླང་གཅིག་ཁྱོད་བཟུང་ནས། དེ་ལ་རྨོག་པ་རྒྱག་ཏུ་འཇུག་ཐུབ་བམ། ཡང་ན་ཁྱོད་ཀྱི་ཞིང་ཁར་གླང་དེ་ལ། ཁོ་ལ་ཐོང་ཤོལ་འཐེན་དུ་འཇུག་ཐུབ་བམ། 11ཁྱོད་ཀྱིས་ཁོ་ཡི་སྟོབས་ཤུགས་ཆེན་པོ་ལ། བློས་འགེལ་གྱིས་ནས་ཁོ་ཡི་ཁྱོད་ཆེད་དུ། དཀའ་ལས་ཁག་པོའི་ལས་ཀ་དེ་རྣམས་ནི། ཁོ་ཡི་བྱེད་པའི་རེ་བ་བྱེད་ཐུབ་བམ། 12ཁོ་ཡིས་ཁྱོད་ཀྱི་སྟོན་ཐོག་འཁྱེར་ཡོང་ནས། གཡུལ་ཁའི་ནང་ནས་འབྲུ་རྣམས་བསྡུ་བ་ལ། ཁྱོད་ཀྱི་དེ་ལ་རེ་བ་བྱེད་ཐུབ་བམ། 13བྱ་ཨོས་ཊི་རིཙེ་གང་མགྱོགས་ཤོག་པ་རྡབ་ན་ཡང་། འོན་ཀྱང་ཁྲུང་ཁྲུང་ལྟ་བུར་འཕུར་མི་ཐུབ། 14ཨོསི་ཊི་རིཙེ་བྱ་དེ་རང་གི་སྒོ་ང་དེ། ཚ་པོ་བཟོ་ཕྱིར་སའི་སྟེང་འཇོག་པར་བྱེད། 15སུ་ཞིག་གིས་ནི་རྐང་པས་བརྫིས་བ་དང་། ཡང་ན་གཅན་གཟན་གཞན་གྱིས་བཅག་པར་དོ་སྣང་མེད། 16མོ་ཡིས་རང་གི་སྒོ་ང་དེ་རྣམས་ནི། རང་གི་མིན་པ་ལྟ་བུ་བྱེད་པ་དང་། མོ་ཡི་འབད་བརྩོན་རྣམས་ནི་ཆུད་ཟོད་དུ། སོང་བར་མོ་ཡིས་དོ་སྣང་མི་བྱེད་དོ། 17མོ་ལ་རིག་པ་མ་སྤྲད་ནས། མོ་ལ་གླེན་པ་བཟོས་མཁན་ང་ཡིན་ནོོ། 18འོན་ཀྱང་མོ་ཡི་རྒྱུག་འགོ་བཙུགས་པ་དང་། རྟ་དང་རྟ་པ་ཇི་འདྲ་ཞིག་ལ་བགད་པར་བྱེད། 19རྟ་རྣམས་ཧ་ཅང་ཤུགས་ཆེན་བཟོ་མཁན་དང་། དེ་ཚོར་ཟེ་བ་ཁྱུགས་ཁྱུག་བྱིན་མཁན་དེ། ཡོབ་ཁྱོད་ཀྱིས་རང་གི་བཟོས་པ་ཡིན་ནམ། 20ཁྱོད་ཀྱིས་དེ་ཚོར་ཆ་ག་འབུ་ལྟ་བུ། མཆོང་བ་དང་དེ་ཚོའི་སྤོར་སྐད་ཀྱིས། མི་ཚོར་འཇིགས་སྣང་བསྐུལ་བཅུག་པ་ཡིན་ནམ། 21དེ་ཚོའི་ལུང་གཤོང་ནང་དུ་དགའ་བའི་ངང་། ས་ཐོག་སྡེར་མོ་རྒྱབ་ནས་དེ་ཚོ་ཡིས། ནུས་ཤུགས་ཡོངས་ཀྱིས་གཡུལ་སར་རྒྱུགས་པར་བྱེད། 22དེ་ཚོས་འཇིགས་སྣང་དོན་ནི་མི་ཤེས་པ། རལ་གྲི་མཐོང་ནས་བྲོས་མི་འགྱུར། 23ཞོན་མཁན་རྣམས་ཀྱིས་འཁྱེར་བའི་མཚོན་ཆ་ཡི། སྒྲ་རྣམས་ཐོས་ནས་ཉི་མའི་འོད་ནང་འཚེར། 24ངར་ཞིང་འདར་བས་རྟ་ཚོ་མདུན་དུ་རྒྱུགས། དེ་ཚོས་དུང་གི་སྐད་ཐོས་སྐབས་ཁུ་སིམ་མེར་ལངས་མི་ཐུབ། 25དུང་དེ་འབུད་ཐེངས་རེ་རེར་དེ་ཚོས་སྤོར་སྐད་དང། ཤུགས་ཀྱིས་སྣ་དྲི་དྲོ་དང་དེ་ཚོ་ནི། ཉེ་འགྲམ་སླེབས་པའི་སྔོན་དུ་དེ་ཚོས་གཡུལ་དྲི་དྲོ། དེ་ཚོའི་འགོ་འཛིན་ཚོ་ཡིས་བཀའ་བསྒོ་ཐོས། 26བྱ་ཁྲ་ཞིག་གིས་ཤོག་པ་ལྷོ་ཕྱོགས་བརྐྱངས། དེ་ལ་ཇི་ལྟར་འཕུར་དགོས་ཁྱོད་ཀྱིས་བསླབ་པ་ཡིན་ནམ། 27བྱ་གླག་ཞིག་གི་ཚང་ནི་རི་བོ་མཐོ་པོར་བཟོས་པའི་ཕྱིར། དེ་ཡིས་ཁྱོད་ཀྱི་བཀའ་སྒུག་པར་བྱེད་དམ། 28དེ་ཚོས་རང་ཁྱིམ་བྲག་རི་མཐོ་ཤོས་སྟེང་། བཟོས་ནས་བྲག་རི་རྣོ་པའི་རྩེ་རུ་འཛིང་ར་བཟོས། 29དེ་ནས་གང་ཞིག་བསད་ནས་ཟ་བ་ཆེད། ས་ཐག་རིང་ཐུང་ཚང་མར་བལྟ་བར་བྱེད། 30རོ་ཡི་མཐའ་འཁོར་བྱ་གླག་རྣམས་ཚོགས་ནས། དེ་ཚོའི་ཕྲུ་གུ་ཚོ་ཡིས་ཁྲག་འཐུང་ངོ་།།

ཡོབ 40

1-2མཐུ་སྟོབས་ཅན་གྱི་དཀོན་མཆོག་དང་། ཡོབ་ཁྱོད་ཁོང་དང་འགྲན་བསྡུར་བྱས་ཡོད་དོ། ད་ཆ་ཁྱོད་ཀྱིས་མཚམས་འཇོག་བྱེད་པ་དང་། ཡང་ན་ཁྱོད་ཀྱིས་ལན་འདེབས་སམ།

ཡོབ་ཀྱིས་ཞུས་པ།

3-4གཙོ་བོ་དཀོན་མཆོག་ལ། ང་ཡིས་གླེན་པ་ལྟ་བུར་གཏམ་གྱིས་ཡོད། ང་ཡིས་ལན་འདེབས་ཅི་ཞིག་ཞུ་ནུས་སམ། ངས་ནི་གང་ཡང་ཞུ་ཐབས་བྱ་རྒྱུ་མིན། 5དང་ལེན་ཐོག་ནས་ང་ཡི་ཞུ་དགོས་པ། དེ་ལས་ལྷག་པ་ང་ཡིས་ཞུས་ཡོད་དོ། 6དེ་ནས་རླུང་འཚུབ་ནང་ནས་གཙོ་བོ་དཀོན་མཆོག་གིས། སླར་ཡང་ཡོབ་ལ་བཀའ་མོལ་གནང་བའོ།

གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ།

7ད་ལྟ་སྐྱེ་བོ་ཞིག་ལྟར་ཡར་ལངས་ནས། ང་ཡི་དྲི་བ་རྣམས་ལ་ལན་འདེབས་ཤིག། 8ང་ནི་དྲང་བདེན་མིན་པའི་ཁུངས་བསྐྱེལ་དང་། ཁྱོད་ཀྱིས་ང་ལ་ནོར་འཁྲུལ་འདོན་ཐབས་དང་། ཁྱོད་རང་དྲང་པོ་འདོན་ཐབས་བྱེད་ཡོད་དམ། 9ཁྱོད་ནི་ང་དང་འདྲ་བའི་ཤུགས་ཡོད་དམ། ཁྱོད་ཀྱིས་ང་ལྟར་འབྲུག་སྐད་ཤུགས་ཆེན་པོའི། སྐད་དང་འདྲ་བ་ཁྱོད་ཀྱི་གྲགས་ནུས་སམ། 10གལ་ཏེ་དེ་ལྟར་ཡིན་ན་ཁྱོད་རང་ཉིད། ཆ་མཐོང་ང་རྒྱལ་ཐོག་ཏུ་ཡར་ལངས་ནས། རང་ཉིད་དཔལ་དང་གཟི་བརྗིད་ཀྱིས་བརྒྱན་ཞིག། 11ང་རྒྱལ་ཅན་ཚོར་བལྟས་ནས་དེ་ཚོའི་སྟེང་། ཁྲོ་བ་འབེབས་ནས་དེ་ཚོ་ཉམ་ཆུང་བཟོས། 12དེ་ཚོར་བལྟས་ནས་དེ་ཚོ་མར་འབེབས་ལ། སྤྱོད་ངན་ལངས་ཡུལ་དེ་ལ་ཕྱེ་མར་བཟོས། 13ས་སྟེང་ཡོངས་སུ་དེ་ཚོ་དུར་ནང་སྦས། འཆི་བའི་གླིང་དུ་དེ་ཚོ་སྡམས་པར་གྱིས། 14དེ་བས་ང་ནི་ཁྱོད་ལ་བསྟོད་མཁན་ནི། དང་པོར་འགྱུར་ནས་ཁྱོད་ནི་རང་ཉིད་ལ། རྒྱལ་ཁ་ཐོབ་པར་ང་ཡིས་ངོས་ལེན་བྱ། 15མརྒྱ་ཚོའི་སེམས་ཅན་བྷེ་ཧེ་མོད་ལ་ཁྱོད་ལྟོས་ཞིག། ང་ཡིས་ཁོ་དང་ཁྱོད་ལ་ཡང་བཀོད་ཡོད། ཁོ་ཡིས་བ་མོ་ལྟ་བུ་རྩ་ཟའོ། 16འོན་ཀྱང་ཁོ་ཡི་ལུས་པོར་ཤུགས་ཇི་ཡོད། ཁོ་ཡི་ཤ་རྒྱུས་རྣམས་ལ་སྟོབས་ཇི་ཡོད། 17ཁོ་ཡི་མཇུག་མ་འགྱམ་ཤིང་ལྟར་ལངས་བ། ཁོ་ཡི་རྐང་པའི་ཤ་རྒྱུས་ཤུགས་ཆེན་ཡོད། 18ཁོ་ཡི་རུས་པ་ལི་ལྟར་མཁྲེགས་པོ་ཡོད། རྐང་པ་ལྕགས་ཀྱི་མདུང་མ་ལྟར་ཡོད་དོ། 19ང་ཡི་བཀོད་པའི་སྲོག་ཆགས་དེ་ཚོའི་ནང་། ཁྱད་ཆོད་ཆེ་ཤོས་བཀོད་པ་གཅིག་པུ་དེ། དེ་ལ་བཀོད་མཁན་གཅིག་པུས་དབང་ཐུབ་བོ། 20དེ་ཚོ་འཚོ་བའི་རྩ་རྣམས་རིའི་སྟེང་སྐྱེས། དེ་རུ་གཅན་གཟན་རྣམས་ནི་རྩེད་བར་བྱེད། 21དེ་རུ་ཚེར་མའི་ཤིང་འོག་ཉལ་བ་དང་། འདམ་གྱི་འདམ་རྩྭའི་ཁྲོད་དུ་གབ་པར་བྱེད། 22ཚེར་ཤིང་རྒྱུགས་ཆུའིི་ལྕང་སྡོང་ཚོས། དེ་ལ་སྲུང་སྐྱོབ་དང་ནི་བསིལ་གྲིབ་བྱིན། 23ཁོ་ནི་རྒྱུགས་པའི་གཙང་པོར་མི་འཇིགས་ཤིང་། ཡོར་དན་པ་ཚོ་ཁོ་ཡི་གདོང་མདུན་དུ། རྒྱུགས་ནས་ཡོང་ཡང་ཁོ་ནི་དལ་པོར་གནས། 24ཁོ་ཡི་མིག་ནི་བཀབ་ནས། སུ་ཡི་ཁོ་ལ་བཟུང་ཐུབ་བམ། ཡང་ན་ཁོ་ཡིས་སྣ་ཁུག་རྙི་ནང་བཟུང་ཐུབ་བམ༎

ཡོབ 41

1ཁྱོད་ཀྱིས་རྒྱ་མཚོའི་སེམས་ཅན་ལེ་ཝི་ཡ་ཐན་འཛིན་པས། ལྕགས་ཀྱུས་ཁོ་ལ་འཛིན་པར་བྱེད་ཐུབ་བམ། ཡང་ན་ཁོ་ཡི་ལྕེ་དེ་ཐག་པས་བསྡམས་པར་བྱེད་ཐུབ་བམ། 2ཁྱོད་ཀྱིས་ཁོ་ཡི་སྣའི་ནང་ཐག་པ་རྒྱུས་ཐུབ་བམ། ཁོའི་འགྲམ་རུས་པར་ལྕགས་ཀྱུ་རྒྱབ་ཐུབ་བམ། 3ཁོ་ཡིས་གློད་བཀྲོལ་གཏོང་རོགས་ཅེས་ཟེར་ནས། ཁྱོད་ལ་ཁོ་ཡིས་ཞུ་འབོད་བྱེད་ཡོང་ངམ། ཡང་ན་ཁོ་ཡིས་ཁྱོད་ལ་སྙིང་རྗེ་གནང་ཟེར་ཞིང་། ཁྱོད་ལ་ཞུ་འབོད་བྱེད་ཡོང་ངམ། 4ཁོ་ཡིས་ཁྱོད་དང་མཉམ་དུ་འཆིང་ཡིག་ཞིག། བཞག་ནས་གཏན་དུ་ཁྱོད་ཀྱི་བྲན་གཡོག་ཏུ། བྱེད་རྒྱུའི་དམ་བཅའ་བྱེད་ཡོང་ངམ། 5ཁྱོད་ཀྱིས་ཁོ་ལ་གསོས་པའི་བྱིའུ་ལྟར། ཁྱོད་ཀྱི་གཡོག་མོ་ཚོ་ལ་ཁྱོད་མཉམ་དུ། དགའ་རྩེད་བྱེད་པའི་ཆེད་དུ་བསྡམས་ཐུབ་བམ། 6ཉ་པ་ཚོ་ཡིས་ཁོའི་ཆེད་གོང་སྒྲིགས་སམ། ཚོང་པ་ཚོ་ཡིས་ཁོ་ལ་ཚོང་བའི་ཆེད། དུམ་བུར་དུམ་བུར་བཏུབ་པར་བྱེད་ཐུབ་བམ། 7ཁྱོད་ཀྱིས་ཁོ་ཡི་ལྤགས་པ་ནི། མདུང་གིས་བརྟོལ་ཐུབ་བམ། ཡང་ན་ཁོའི་མགོར་ཉ་ཆེན་གསོད་པའི་མདུང་གིས་ཨི་ཁུང་འབིགས་ཐུབ་བམ། 8ཐེངས་གཅིག་ཁོ་ལ་ལག་པ་རེག་ཞིག་དང་། ཁྱོད་ཀྱིས་དེ་ལྟར་ནམ་ཡང་མི་བྱེད་དོ། ཁྱོད་ཀྱིས་འཐབ་འཛིང་དེ་ནི་མི་བརྗེད་དོ། 9སུ་ཞིག་རྒྱ་མཚོའི་སེམས་ཅན་ལེ་ཝི་ཡ་ཐན་མཐོང་གྱུར་ན། སེམས་ཤུགས་ཆགས་ནས་ས་ཁར་འགྱེལ་བར་གྱུར། 10གཉིད་ནས་སད་སྐབས་ཁོ་ནི་འཇིགས་སྐྲག་ཆེ། སུ་ཡང་ཁོའི་མདུན་ལངས་བར་མི་ནུས་སོ། 11སུ་ཞིག་ཁོ་དང་འཐབ་ནས་སྐྱོན་མེད་གནས་ཐུབ་བམ། འཛམ་གླིང་ནང་དུ་དེ་ལྟར་སུ་ཡང་མེད། 12རྒྱ་མཚོའི་སེམས་ཅན་ལེ་ཝི་ཡ་ཐན་ཡི་རྐང་པའི་སྐོར་ང་ལ་བཤད་དུ་འཇུག། ཁོ་ནི་སྟོབས་ཤུགས་ཆེན་པོ་ཇི་འདྲ་ཡིན་འགྲེལ་བཤད་བྱེད་དུ་འཇུག། 13སུ་ཞིག་ཁོ་ཡི་སྟོད་ཐུང་ཧྲལ་མི་ཐུབ། ཡང་ན་ཁོ་ཡི་གྱོན་པའི་ཁྲབ་དེ་ལ། སུ་ཡི་ཨི་ཁུང་འབིགས་མི་ཐུབ། 14འཇིགས་སུ་རུང་བའི་སོ་ཡིས་མཐའ་སྐོར་བས། ཁོ་ཡི་འགྲམ་པར་སུ་ཞིག་འཕྱྱེད་ནུས་སམ། 15ཁོ་ཡིས་རྒྱབ་ཕུབ་ཀྱི་གྲལ་རིམ་གྱིས་བཟོས་ཡོད། གཅིག་ཏུ་སྦྱར་བའི་རྡོ་ལྟར་མཁྲེགས་པོ་ཡོད་པ་ཡིན། 16དེ་ཚོ་རེ་རེ་དམ་པོར་བསྡམས་ཡོད་ཅིང་། དེ་ཚོའི་དབར་ལ་རླུང་ཀྱང་འཛུལ་མི་ཐུབ། 17དེ་ཚོ་གཅིག་གིས་གཅིས་ལ་ཧ་ཅང་བརྟན་པོར་སྦྱར། དེ་ཚོར་གང་ཞིག་གིས་ཀྱང་འཕྲལ་མི་ཐུབ། 18ཁོ་ཡིས་ཧབ་བྲིད་རྒྱབ་སྐབས་འོད་འཚེར་ཞིང་། ཁོ་ཡི་མིག་ནི་ཉི་མ་ཤར་བཞིན་འབར། 19ཁོ་ཡི་ཁ་ནས་མེ་ལྕེ་འབར་བ་དང་། མེ་སྟག་ཆུ་རྒྱུན་ལྟ་བུ་ཕྱིར་ཐོན་ནོ། 20རྩ་ཡན་འབར་བའི་དུ་བ་ཡོང་བ་ལྟར། ཁོ་ཡི་སྣ་ནས་དུ་བ་རྒྱུན་དུ་ཐོན། 21ཁོ་ཡི་དབུགས་ཀྱིས་མེ་ནི་འབར་བ་དང་། མེ་ལྕེ་ཁ་ཡི་ནང་ནས་མཆོང་བར་བྱེད། 22ཁོ་ཡི་མཇིང་པ་ཤུགས་ཆེན་ཡོད་པའི་རྐྱེན། ཁོ་ལ་མཐོང་མཁན་རྣམས་ནི་འཇིགས་སྐྲག་སྐྱེས། 23ཁོ་ཡི་ལྤགས་པར་སྟོབས་ཆུང་གཅིག་ཀྱང་མེད། འགུག་མི་ཐུབ་པའི་ལྕགས་ལྟར་མཁྲེགས་པོ་ཡོད། 24ཁོ་ཡི་རྡོ་ཡི་སྙིང་དེ་འཇིགས་བཀྲགས་མེད། གཡོ་འགུལ་མེད་པར་རང་འཐག་རྡོ་ལྟར་བརྟན། 25ཁོ་ནི་ཡར་ལ་ལངས་སྐབས་ཤུགས་ཆེན་ཚོ། དེ་ཚོ་འཇིགས་ནས་མགོན་མེད་གཅིག་པོར་ལུས། 26ཁོ་ལ་རྨས་པར་བྱ་རྒྱུར་རལ་གྲི་དང་། མདའ་མདུང་རིང་པོ་ཇི་འདྲ་ཞིག་གིས་ཀྱང་། ཁོ་ལ་སུ་ཡི་གནོད་པར་བྱེད་མི་ཐུབ། 27ཁོ་ཡི་ཆེད་དུ་ལྕགས་ནི་སོག་མ་ལྟར། ལི་ནི་ཤིང་རུལ་ལྟ་བུར་མཉེན་པོ་ཡོད། 28ཁོ་ལ་བྲོས་སུ་འཇུག་པའི་མདའ་མེད་ཅིང་། ཕ་བོང་ཁོ་ཡི་སྟེང་དུ་འཕེན་ན་ཡང་། དེ་ནི་སོག་མ་ཆུང་ཆུང་ལྟ་བུ་ཡོད། 29དབྱུགས་པ་ཁོ་ཡི་ཆེད་དུ་སོག་མ་ལྟར། མི་ཚོས་ཁོ་ལ་མདུང་གཅིག་གཞུས་པའི་སྐབས། ཁོ་ནི་དེ་ལ་གད་མོ་བགད་པར་བྱེད། 30ཁོ་ཡི་གྲོད་པའི་སྟེང་གི་ཉ་ག་དེ། རྫ་མའི་དུམ་བུ་ལྟ་བུ་རོང་རོང་ཡོད། དེ་ཚོས་འབྲུ་རྡུང་བའི་པང་ལེབ་ཀྱིས་ལྟར་འདམ་ས་ལ་འདྲུད་པར་བྱས། 31ཁོ་ཡིས་རྒྱ་མཚོ་ཆུ་འཁོལ་ལྟ་བུར་དཀྲོག། སྣོད་ཀྱི་སྣུམ་བཞིན་ལྦུ་བ་ཐོན་པ་བཟོས། 32ཁོ་འགྲུལ་སྐབས་འོད་འཆེར་བའི་ལམ་རྒྱབ་ཏུ་བཞག། རྒྱ་མཚོ་ལྦུ་བ་དཀར་པོར་བསྒྱུར་བར་བྱེད། 33ས་གཞིའི་སྟེང་དུ་ཁོ་དང་བསྡུར་མཁན་མེད། ཁོ་ནི་འཇིགས་སྣང་མེད་པའི་སེམས་ཅན་ཡིན། 34སེམས་ཅན་སྤོབས་པ་ཆེ་ཚོར་དམའ་འབེབས་བྱས། ཁོ་ནི་སེམས་ཅན་ཡོངས་ཀྱི་རྒྱལ་པོ་ཡིན༎

ཡོབ 42

1དེ་ནས་ཡོབ་ཀྱིས་གཙོ་བོ་དཀོན་མཆོག་ལ་ཞུས་པ། 2ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ནི་མཐུ་སྟོབས་ལྡན་པ་ང་ཡིས་ཤེས། ཁྱེད་ཀྱི་ཐུགས་འདོད་ལྟར་ཐམས་ཅད་ཁྱེད་ཀྱིས་གནང་ཐུབ། 3བླུན་གཏམ་བཤད་ནས་ང་ཡི་འཆར་གཞི་ལ། ལམ་ལྷོང་མེད་པར་བཟོ་མཁན་ཁྱོད་སུ་ཡིན་ཞེས། ང་ལ་ཁྱེད་ཀྱིས་བཀའ་འདྲི་གནང་བ་དང་། བདེན་པར་ང་ཡིས་མ་རྟོགས་པ་ཡི་གཏམ། ཡ་མཚན་ཅན་གྱི་གཏམ་སྐོར་ང་ཡིས་སྨྲས། 4ཁྱེད་ཀྱིས་བཀའ་མོལ་གནང་སྐབས་ངས་ཉན་དགོས། ཁྱེད་ཀྱི་དྲི་བར་ལན་འདེབས་བྱེད་དགོས་ཞེས་ཁྱེད་ཀྱིས་གསུངས། 5སྔོན་དུས་ང་ལ་གཞན་གྱིས་སྨྲས་པ་གཅིག་པུ་ཤེས། ད་ལྟ་རང་གི་མིག་གིས་ཁྱེད་ལ་མཇལ། 6དེར་བརྟེན་ང་ཡི་ཇི་ལྟར་ཞུས་པ་ལ། ང་རང་རང་ཉིད་ངོ་ཚ་བྱུང་བ་དང་། ངས་ནི་རྡུལ་དང་གོ་ཐལ་སྟེང་བསྡད་ནས་འགྱོད་བཤགས་བྱ་རྒྱུ་ཡིན༎

མཐའ་བསྡོམས།

7གཙོ་བོ་དཀོན་མཆོག་ཁོང་གིས་ཡོབ་ལ། བཀའ་མོལ་ཚང་མ་གནང་བ་གྲུབ་པའི་རྗེས། དེ་ནས་ཨེ་ལི་ཕཛ་ལ་བཀའ་གནང་ངོ་། ཁྱོད་དང་ཁྱོད་ཀྱི་གྲོགས་པོ་གཉིས་ཀྱི་ཐོག། ང་ཡི་ཐུགས་ཁྲོ་འབར་ཡོད། གང་ལགས་ཟེར་ན་ང་ཡི་ཞབས་ཕྱི་ཡོབ། ཁོ་ཡིས་བྱས་པ་ལྟ་བུ་ཁྱོད་ཚོས། ང་ཡི་སྐོར་ལ་བདེན་པ་བཤད་མེད་དོ། 8བ་གླང་བདུན་དང་ལུག་ཐུག་བདུན་པོ་བཅས། ཡོབ་ཀྱི་ས་རུ་འཁྱེར་ནས་དེ་ཚོ་ནི། ཁྱོད་ཚོའི་ཕྱིར་དུ་དམར་མཆོད་དུ་འབུལ་དགོས་སོ། ཁྱོད་ཚོའི་ཆེད་དུ་ཡོབ་ཀྱིས་སྨོན་ལམ་འདེབས། ངས་ནི་ཁོ་ཡི་སྨོན་ལམ་ལན་འདེབས་སུ། ཁྱོད་ཚོར་འོས་བ་ལྟ་བུ་དམའ་འབེབས་མི་བྱའོ། ཁོ་ཡིས་སྨྲས་པ་ལྟ་བུ་ཁྱོད་ཚོ་ཡིས། ང་ཡི་སྐོར་ལ་དྲང་པོ་བཤད་མེད་དོ། 9ཨེ་ལི་ཕཛ་དང་བྷིལ་དད་ཛོ་ཕར་ནས། ཁོང་གིས་ཇི་ལྟར་གསུངས་པ་ལྟར་གྱིས་སོ། གཙོ་བོ་དཀོན་མཆོག་ཁོང་གིས་ཡོབ་ཀྱི་ཞུ་བར་ལན་འདེབས་གནང་། 10ཡོབ་ཀྱིས་རང་གི་གྲོགས་པོ་གསུམ་གྱི་ཆེད། སྨོན་ལམ་དེ་ནི་བཏབ་ཟིན་པ་ཡི་རྗེས། ཁོ་ལ་སླར་ཡང་གཙོ་བོ་དཀོན་མཆོག་གིས། འཕེལ་རྒྱས་ཕུན་སུམ་ཚོགས་པ་བཟོ་བ་གནང་། ཁོ་ལ་སྔར་ཡོད་པ་ལས་ཉིས་ལྡབ་གནང་། 11ཡོབ་ཀྱི་གཅེན་གཅུང་ཚོ་དང་སྲིང་མོ་དང་། སྔར་གྱི་གྲོགས་པོ་རྣམས་ཀྱང་ཐུག་ཏུ་ཡོང་། ཁོང་གི་ཁྱིམ་དུ་ཐུགས་བྲོ་བཏང་བ་དང་། དེ་ཆོས་ཁོང་ལ་གཙོ་བོ་དཀོན་མཆོག་གིས། དཀའ་སྡུག་ཇི་གནང་ཚང་མའི་ཆེད་དུ་ནི། གདུང་སེམས་མཉམ་སྐྱེད་བྱས་ནས་སེམས་གསོ་གནང་ངོ། དེ་ཚོ་རེ་རེས་བཞིན་དུ་ཁོ་ལ་ནི། ཕྲན་བུའི་དངུལ་དང་གསེར་གྱི་ཚིགས་ཁོག་གནང། 12གཙོ་བོ་དཀོན་མཆོག་ཁོང་གིས་ཡོབ་ཀྱི་མི་ཚེའི་ཐོག་མ་ལས། མི་ཚེའི་མཐའ་མར་བྱིན་རླབས་ལྷག་པར་གནང་། ཡོབ་ནི་ལུག་ ༡༤,༠༠༠ དང་། རྔ་མོང་ ༦,༠༠༠ དང་། བ་གླང་ ༢,༠༠༠ དང་། བོང་བུ་ ༡,༠༠༠ གི་བདག་པོར་འགྱུར། 13ཁོང་ནི་བུ་བདུན་དང་བུ་མོ་གསུམ་གྱི་ཕ་རུ་འགྱུར་རོ། 14བུ་མོ་རྒན་པའི་མིང་ལ་ཡེ་མི་མཱ། དེ་ཡི་འོག་མའི་མིང་ལ་ཀེ་ཛི་ཡཱ། ཆུང་ཤོས་མིང་ལ་ཀེ་རན་ཧ་པུག་བཏགས། 15འཛམ་གླིང་ཡོངས་ནང་ཡོབ་ཀྱི་བུ་མོ་རྣམས་ལྟར། དེ་ལས་མཛེས་མོ་གཞན་ཞིག་སུ་ཡང་མེད། ཡོབ་ཀྱིས་དེ་ཚོར་གཅེན་གཅུང་རྣམས་དང་མཉམ། ནོར་སྐལ་ཚང་མ་འདྲ་མཉམ་གནང་ཡོད་དོ། 16དེ་རྗེས་ཡོབ་ད་དུང་རང་ལོ་ ༡༤༠ བར་འཚོ་ཞིང་། རང་གི་ཕྲུ་གུའི་ཚ་བོ་དང་ཚ་བོའི་ཕྲུ་གུ་རྣམས་མཐོང་ངོ་། 17དེ་ནས་ཁོང་གི་རང་གི་ལོ་ཆད་ནི། ཧ་ཅང་མཐོ་པོ་སླེབས་རྗེས་ཚེ་འདས་སོ།།

གསུང་མགུར 1

མདོ་དང་པོ།

གསུང་མགུར ༡—༤༡

དགའ་བདེ་ངོ་མ།

1ངན་པའི་གྲོས་ལ་མི་ཉན་ཞིང་། སྡིག་ཅན་དཔེ་རུ་མི་འབྲངས་བའམ། དཀོན་མཆོག་ངོས་འཛིན་མི་ཞུ་མཁན་རྣམས་ཀྱི། ཁོངས་སུ་མི་གཏོགས་པ་རྣམས་བདེའོ། 2དེའི་ཚབ་དེ་ཚོ་གཙོ་བོ་དཀོན་མཆོག་གི། བཀའ་ཁྲིམས་རྣམས་ཉན་བར་ཡི་རང་ཤིང་། ཉིན་མཚན་མེད་པར་དེ་ཚོས་དེ་སློབ་སྦྱོང་བྱེད་དོ། 3དེ་ཚོ་གཙང་ཚུའི་འགྲམ་གྱི་སྐྱེ་ཤིང་འདྲ། དེ་ལ་དུས་སུ་འབྲས་བུ་སྨིན། དེ་ཡི་ལོ་བདབ་མི་རྙིད་པར། དེ་ཚོའི་ལས་དོན་ཡོངས་སུ་འགྲུབ། 4འོན་ཀྱང་མི་ངན་དེ་ཚོ་ཙ་བ་ནས་དེ་ལྟར་མིན། དེ་དག་རླུང་གིས་འཁྱེར་བའི་སོག་མ་དང་མཚུངས། 5སྡིག་ཅན་རྣམས་ལ་དཀོན་མཆོག་གིས། ཞལ་ཆེ་གཅོད་པར་མཛད་གནང་ཞིང་། ཉིད་ཀྱི་མི་འབངས་ཁོངས་གཏོགས་ནས། དེ་དག་ཡོངས་སུ་ཕྱིར་སྐྲོད་མཛད། 6གཙོ་བོ་དཀོན་མཆོག་ཁོང་གིས་དྲང་བདེན་ཚོར། དབུ་ཁྲིད་དང་ནི་སྲུང་སྐྱོབས་མཛད་གནང་ངོ་། འོན་ཀྱང་མི་ངན་རྣམས་ནི་མཐའ་མར་འཇིགས་འགྱུར༎

གསུང་མགུར 2

དཀོན་མཆོག་གིས་འདམས་པའི་རྒྱལ་པོ།

1མི་རིགས་རྣམས་ཀྱིས་ནི། ཅིའི་ཕྱིར་ངོ་ལོག་བྱེད་པར་བརྩམ། མི་ཚོས་ཅིའི་ཕྱིར་ཕན་མེད་ཀྱི་བྱུས་ངན་བརྩམས་པར་བྱ། 2དེ་ཚོའི་རྒྱལ་པོ་རྣམས་ཀྱིས་རྒོལ་ཞིང། དེ་ཚོའི་མངའ་བདག་རྣམས་ཀྱིས་བློ་མཐུན་གྱིས། གཙོ་བོ་དཀོན་མཆོག་རང་ཉིད་དང་། ཁོང་གིས་འདེམས་བསྐོས་མཛད་གནང་བའི། རྒྱལ་པོར་རྒོལ་ཞིང་བྱུས་ངན་བརྩམས། 3ངེད་རྣམས་ཁོ་ཚོའི་མངའ་འོག་ནས། ངེས་པར་ཐར་བར་བྱེད་དགོས་ཏེ། དེ་ཚོའི་དབང་རྣམས་སྤངས་དགོས། ཅེས་སོགས་ཁོ་ཚོས་སྨྲ་བར་བྱེད། 4མཐོ་རིས་གནས་ཀྱི་བཞུགས་ཁྲི་ནས། གཙོ་བོ་དཀོན་མཆོག་ཀྱིས་ནི་དེ་ཚོའི་འཆར་གཞི་ནུས་མེད་ལ། གཟིགས་ཏེ་འཕྱ་ཞིང་བཞད་མོ་བཞེས། 5དེ་ནས་ཁོང་གིས་དེ་དག་ལ། ཐུགས་ཁྲོའི་ངང་དུ་བཟོན་བརྡ་མཛད། ཁོང་གི་ཐུགས་ཁྲོ་དྲག་པོ་ཡིས། དེ་ཚོར་འཇིགས་སྣང་བསྐུལ་བར་མཛད། 6ཛི་ཡོན་ང་ཡི་དམ་པའི་རི་བོའི་རྩེར། ང་ཡིས་རྒྱལ་པོ་བསྐོས་ཡོད་ཅེས་ཁོང་གིས་གསུངས། 7གཙོ་བོས་གསལ་བསྒྲགས་གང་མཛད་པ་ང་ཡིས། ཁྱབ་བསྒྲགས་བྱེད་ཅེས་རྒྱལ་པོས་གསུངས། ཁྱོད་ནི་ང་ཡི་བུ་ཡིན་པས། དེ་རིང་ང་ནི་ཁྱོད་ཀྱི་ཕ་རུ་འགྱུར་ཞེས་ཁོང་གིས་ང་ལ་གསུངས། 8ང་ལ་ཞུས་ཤིག་ངས་ཁྱོད་ལ། མི་རིགས་ཚང་མ་སྟེར་བར་བྱ། འཇིག་རྟེན་ཡོངས་ཛོགས་ཁྱོད་ལ་བདག། 9ཁྱོད་ཀྱིས་དེ་དག་ལྕགས་དབྱུགས་གིས་བཅག་པར་འགྱུར། རྫ་སྣོད་བཞིན་དུ་ཁྱོད་ཀྱིས་དེ་ཚོར་སིལ་བུར་ལྕག། 10ད་རྒྱལ་པོ་ཁྱོད་རྣམས་ཟོན་བརྡ་འདིར་ཉོན་ཞིག། ས་གཞིའི་སྲིད་སྐྱོང་པ་རྣམས་སློབ་ཚན་འདི་སྦྱོང་ཞིག། 11གཙོ་བོ་དཀོན་མཆོག་ལ་བག་སེམས་ཆེན་པོའི་ངང་ཞབས་ཏོག་ཞུས། 12འདར་ཞིང་ཁོང་ལ་གུས་ཕྱག་འཚོལ། དེ་མིན་ཁོང་གི་ཐུགས་ཁྲོ་དེ། མྱུར་དུ་འབེར་བར་འགྱུར་བའི་རྐྱེན། ཁྱོད་ནི་བློ་བུར་འཆི་བར་འགྱུར། དེས་ན་ཁོང་གི་ཞབས་དྲུང་དུ། སྐྱབས་ཞུ་བྱ་མཁན་རྣམས་ནི་བདེའོ༎

གསུང་མགུར 3

སྔ་དྲོའི་སྐྱབས་ཞུའི་སྨོན་ལམ།

1གཙོ་བོ་དཀོན་མཆོག་ང་ལ་ནི། རྒོལ་སེམས་བྱེད་མཁན་དགྲ་བོ་དུ་མ་ཡོད། 2དཀོན་མཆོག་གིས་ནི་ཁོ་ལ་གྲོགས་མི་མཛད། ཟེར་ཞིང་དེ་ཚོས་ངའི་སྐོར་གཏམ་བཤད་དོ། 3འོན་ཀྱང་ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ནི་དུས་རྒྱུན་དུ། ང་ཡི་ཕུབ་བཞིན་ཉན་ག་ཀུན་ལས་སྐྱོབ། ཁྱེད་ཀྱིས་ང་ལ་རྒྱལ་ཁ་གནང་བ་དང། ང་ཡི་སེམས་ཤུགས་ལྷག་པར་རྒྱས་པར་མཛད། 4སྐྱབས་གྲོགས་ཞུས་ཕྱིར་གཙོ་བོ་དཀོན་མཆོག་ལ། ང་ཡིས་ཞུ་འབུལ་བྱེད་དེ་འབོད་པའི་སྐབས། ཁོང་གིས་རི་བོ་དམ་པའི་གནས་མཆོག་ནས། ཉིད་ཀྱིས་ང་ལ་བཀའ་ལན་གནང་བར་མཛད། 5ང་ས་ལ་ཕབ་ནས་ཉལ་བ་ཡིན། མཚན་གང་གཙོ་བོ་དཀོན་མཆོག་གིས་ང་ལ་སྐྱབས་གནང་ངོ་། 6ང་ལ་ཕྱོགས་བཞིར་བསྐོར་ནས་བསྡད་ཡོད་པའི། དགྲ་བོ་སྟོང་གི་ཚོགས་ལ་ང་མི་འཇིགས། 7གཙོ་བོ་དཀོན་མཆོག་ཕེབས་རོགས་གནང། ང་ཡི་དཀོན་མཆོག་ང་ལ་སྐྱབས་གྲོགས་མཛོད། ཁྱེད་ཀྱིས་ང་ཡི་དགྲ་བོ་ཀུན་ལ་ཉེས་ཆད་གནང་། དེ་ཚོས་ང་ལ་གནོད་འཚེ་མི་བྱེད་ཕྱིར། དེ་ཚོའི་སྟོབས་དང་ནུས་པ་གཅོག་པར་མཛད་གནང་ངོ། 8གཙོ་བོ་དཀོན་མཆོག་ཉིད་ཀྱི་རྒྱལ་ཁ་གནང་། ཉིད་ཀྱི་མི་འབངས་རྣམས་ལ་བྱིན་རླབས་གནང་བར་ཤོག།

གསུང་མགུར 4

དགོང་དྲོའི་སྐྱབས་གྲོགས་ཞུའི་སྨོན་ལམ།

1ཀྱེ་ང་ཡི་སྲུངསྐྱོབ་དཀོན་མཆོག་ལགས། ང་ཡིས་སྨོན་ལམ་འདེབས་སྐབས་ང་ལ་བཀའ་ལན་གནང་། ང་ནི་དཀའ་ངལ་ནང་དུ་ཡོད་སྐབས་ཁྱེད་ཀྱིས་ང་ལ་སྐྱབས་གྲོགས་མཛད་གནང་ངོ། ད་ནས་ཐུགས་རྗེས་གཟིགས་ཏེ་སྨོན་ལམ་གསན་པར་མཛོད། 2ག་དུས་བར་དུ་ཁྱོད་ཚོས་ང་ལ་འཕྱ། ག་དུས་བར་དུ་དངོས་པོ་མཁོ་མེད་དང་། རྫུན་གྱི་རྗེས་སུ་ཁྱོད་ཚོ་འབྲངས། 3དྲང་བདེན་ཅན་ལ་གཙོ་བོ་དཀོན་མཆོག་གིས། རང་གི་ཆེད་དུ་འདམས་ཀ་མཛད་པར་སེམས་ལ་དྲན་པར་གྱིས། ང་ཡིས་ཞུ་འབོད་བྱེད་སྐབས་ཁོང་གིས་གསན། 4བག་སེམས་ཆེན་པོས་ལུས་པོ་འདར་ཞིང། སྡིག་སྤྱོད་བྱེད་པར་མཚམས་འཇོག་གིས། ཁ་ཁུ་སིམ་པོར་ཉལ་ཁྲིར་ངལ་གསོའི་སྐབས། དེའི་སྐོར་ཁྱོད་ཀྱི་བསམ་བློ་ཞིབ་པར་གཏོང་། 5གཙོ་བོ་དཀོན་མཆོག་ལ་འོས་པའི་དམར་མཆོད་འབུལ་ཞིག་དང། ཁོང་ལ་བློ་བཅོལ་ཞུས། 6སྐྱེ་བོ་མང་པོས་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ནང་། ང་ཚོར་ཐུགས་རྗེས་གཟིགས་སྐྱོངས་མཛད་གནང་སྟེ། བྱིན་བརླབ་རྒྱས་པར་གནང་ཞེས་ཞུ་འབུལ་བྱ། 7འོན་ཀྱང་དེ་ཚོར་འབྲུ་དང་རྒུན་ཆང་སོགས། ཐོབ་ནས་བྱུང་བའི་བདེ་ལས་ཀྱང་། ཁྱེད་ཀྱིས་ང་ལ་གནང་བའི་བདེ་བ་ཆེ། 8ང་ནི་ཞེ་བདེའི་ངང་དུ་གཉིད་ཉལ་སྐབས། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཉིད་གཅིག་པུ་ཡིས། ང་ལ་ཕུན་སུམ་ཚོགས་པའི་སྲུང་སྐྱོབ་གནང་༎

གསུང་མགུར 5

སྲུང་སྐྱོབ་ཀྱི་ཆེད་དུ་སྨོན་ལམ།

1ང་ཡི་ཞུ་འབུལ་དང་ནི་ཤུགས་མནར་ལ། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་གསན་དུ་གསོལ། 2ང་ཡི་དཀོན་མཆོག་ང་ཡི་མངའ་བདག་ཁྱེད། སྐྱབས་གྲོགས་ཞུས་པའི་ང་ཡི་ཞུ་འབོད་གསན་དུ་གསོལ། 3སྔ་དྲོ་ཁྱེད་ཀྱིས་ང་ཡི་སྐད་ལ་གསན་གནང་ངོ། ཉི་ཤར་སྐབས་སུ་ངས་ནི་སྨོན་ལམ་འདེབས། ཁྱེད་ནས་བཀའ་ལན་ཐོབ་ཕྱིར་སྒུག་སྡོད་བྱེད། 4ཁྱེད་ནི་ལས་ངན་རྣམས་ལ་ཐུགས་མི་མཉེས། ཁྱེད་ཀྱི་སྤྱན་སྔར་ངན་པ་གནས་མི་བཅུག། 5ང་རྒྱལ་ཅན་ལ་ཁྱེད་ཀྱི་གཟིགས་མི་ཐུབ། མི་ངན་རྣམས་ལ་ཁྱེད་ཀྱིས་ཞེན་ལོག་མཛད། 6རྫུན་ཅན་ཡོངས་རྫོགས་ཁྱེད་ཀྱིས་ཚར་བཅད་མཛད། ཁྱེད་ཀྱིས་མི་དྲག་ཤུལ་ཅན་རྣམས་དང་། གཡོ་སྒྱུ་ཅན་ལ་སྡང་དགྲ་མཛད། 7འོན་ཀྱང་ཁྱེད་ཀྱིས་ཐུགས་བརྩེ་ཆེན་པོར་བརྟེན། ང་ནི་ཁྱེད་ཀྱི་མཆོད་ཁང་དམ་པའི་ནང་། བཅར་ནས་ཁྱེད་ལ་བསྙེན་བཀུར་ཞུ་རྒྱུ་དང་། དད་གུས་ཆེན་པོས་ཕྱག་འཚལ་ཞུ་ནུས་སོ། 8གཙོ་བོ་དཀོན་མཆོག་ང་ལ་དགྲ་བོ་དུ་མ་ཡོད། ཁྱེད་ཀྱི་ཐུགས་དགོངས་བཞིན་འགྲུལ་བསྐྱོད་ཐུབ་པའི་དབུ་འཁྲིད་གནང་བར་མཛོད། ང་རྗེས་སུ་འབྲང་བའི་ཕྱིར་ཁྱེད་ཀྱི་འགྲུལ་ལམ་དྲང་པོ་མཛད་དུ་གསོལ། 9ང་ཡི་དགྲ་བོའི་གཏམ་ལ་ནམ་ཡང་བློ་བཅོལ་མི་ཐུབ། དེ་ཚོས་རྒྱུན་དུ་འཇིག་སྐྱོན་གཏོང་བར་འདོད། དེ་ཚོས་ཚིག་སྙན་བརྗོད་དེ་ངོ་བསོ་བྱེད། འོན་ཀྱང་དེ་ཚོའི་གཏམ་ནི་གཡོ་སྒྱུས་གང་། 10ཀྱེ་དཀོན་མཆོག་དེ་ཚོར་སྐྱོན་བརྗོད་དང་ནི་ཉེས་ཆད་གནང་བར་མཛོད། དེ་ཚོས་བརྩམས་པའི་བྱུས་ངན་རྣམས་ནི། རང་ཉིད་ཕུང་བའི་རྒྱུ་རུ་འགྱུར་བར་ཤོག། དེ་ཚོས་ཁྱེད་ལ་ངོ་ལོག་ཞུས་པ་སོགས། ཉེས་སྡིག་མང་པོ་བསགས་པའི་ཉེས་ལན་དུ། ཉིད་ཀྱི་མདུན་ནས་དེ་ཚོ་མཐར་སྐྲོད་མཛོད། 11འོན་ཀྱང་ཁྱེད་ནས་སྲུང་སྐྱོབ་ཐོབ་པ་རྣམས། དགའ་ཞིང་རྒྱུན་དུ་དགའ་བདེའི་གླུ་ལེན་ཐུབ། ཁྱེད་ལ་བརྩེ་མཁན་ཐམས་ཅད་ལ། ཉིད་ཀྱི་སྲུང་སྐྱོབ་བཙན་པོ་གནང་བར་མཛོད། ཁྱེད་ལ་བརྟེན་ནས་དེ་ཚོ་བདེན་པར་དགའ་བར་གྱིས། 12གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ནི། ཉིད་ཀྱི་བཀའ་རྒྱ་སྲུང་མཁན་རྣམས་ལ། བྱིན་རླབས་མཛད་དེ་ཉིད་ཀྱི་ཐུགས་བརྩེ་ཡིས། ཕུབ་བཞིན་དེ་དག་སྐྱབས་པར་མཛད༎

གསུང་མགུར 6

དཀའ་ངལ་དུས་སུ་སྐྱབས་གྲོགས་ཞུ་བའི་སྨོན་ལན།

1གཙོ་བོ་དཀོན་མཆོག་ཁྱེད་ཀྱི་ཐུགས་ཁྲོའི་ནང་། ཉིད་ཀྱིས་ང་ལ་བཀའ་བཀྱོན་མ་གནང་ཞིག། ཉིད་ཀྱི་ཐུགས་ཁྲོའི་ངང་དུ་ང་ལ་ནི། ཉེས་ཆད་གནང་བར་མ་མཛད་ཅིག། 2ང་ནི་ཉམ་ཞིང་ཡིད་ཐང་ཆད་པས་ན། ཀྱེ་གཙོ་བོ་དཀོན་མཆོག་ང་ལ་ཐུགས་རྗེས་གཟིགས། ང་ཡི་ལུས་སྟོབས་ཡོངས་སུ་ཉམ་པས་ན། ཁྱེད་ཀྱིས་ང་ལ་སྟོབས་ཤུགས་གནང་བར་མཛོད། 3ང་ཡི་ལུས་སྲོག་དཀའ་ངལ་ནང་དུ་ཚུད། ཀྱེ་གཙོ་བོ་དཀོན་མཆོག་ཁྱོད་ཉིས་ཀྱིས། ག་དུས་བར་དུ་ང་ལ་རོགས་བྱེད་པར་གོར་རམ། 4གཙོ་བོ་དཀོན་མཆོག་ཕེབས་ནས་ང་ལ་སྐྱོབ་པར་མཛོད། ཁྱེད་ཀྱི་སྙིང་རྗེའི་གཟིགས་པ་ཆེན་པོ་ཡིས། ང་ལ་འཆི་བ་ལས་ནི་སྐྱབས་པར་མཛོད། 5འཆི་བའི་ཡུལ་ནང་ནས་སུས་ཀྱང་ཁྱེད་མི་དྲན། གནས་དེར་སུས་ཀྱང་ཁྱེད་ལ་བསྟོད་མི་ཐུབ། 6མྱ་ངན་དབང་གིས་ང་ནི་ཡིད་ཐང་ཆད། མཚན་མོ་རེ་བཞིན་ང་ཡི་མལ་ཆས་ནི། ང་ཡི་མིག་ཆུས་ཡོངས་སུ་འབང་བར་བྱས། དེ་བཞིན་ང་ཡི་སྔས་འབོལ་མིག་ཆུས་སྦང་། 7ང་ནི་མིག་མཐོང་མི་ཐུབ། ང་ཡི་དགྲ་བོས་རྐྱེན་ངུས་པ་ཡིན་ཙང། ང་ཡི་མིག་ནི་སྐྲངས། 8མི་ངན་ཁྱོད་ཚོ་ང་ནས་ཕར་སོང་ཞིག། གཙོ་བོ་དཀོན་མཆོག་གིས་ནི་ང་ཡི་ངུ་འབོད་གསན་པས་མཛོད། 9ང་ཡིས་སྐྱབས་གྲོགས་ཞུས་པའི་ངུ་འབོད་ལ། ཁོང་གིས་གསན་གནང་མཛད་དེ་བཀའ་ལན་གནང་། 10ང་ཡི་དགྲ་བོར་ཕམ་གུད་བྱུང་བར་བརྟེན། དེ་ཚོ་ངོ་ཚ་དགོས་པའི་གནས་སུ་ཚུད། གློ་བུར་དུ་མགོ་འཐོམ་པའི་ངང་དེ་ཚོར་མཐར་སྐྲོད་མཛད་པར་འགྱུར༎

གསུང་མགུར 7

ཁྲིམས་བཅོད་དྲང་པོའི་ཆེད་དུ་སྨོན་ལམ།

1ཀྱེ་གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག། སྲུང་སྐྱོབ་ཆེད་དུ་ང་ཁྱེད་རྩར་བཅར་བཞིན་ཡོད། ང་ལ་རྗེས་དེད་བྱེད་མཁན་ཐམས་ཅད་ལས། ཁྱེད་ཀྱིས་ཐར་གྲོལ་དང་ནི་སྲུང་སྐྱོབ་མཛད་དུ་གསོལ། 2དེ་མིན་སེང་གེ་བཞིན་དུ་སུ་ཞིག་གིས། སྐྱབས་ཐབས་མེད་པའི་གནས་སུ་འཁྲིད། དེར་དེ་ཚོས་ང་ལ་དུམ་བུར་བཟོས། 3-4གཙོ་བོ་དཀོན་མཆོག་ང་ཡི་དཀོན་མཆོག་ལགས། གལ་སྲིད་ང་ཡི་གཞན་ལ་གནོད་པ་དང་། ཉེ་གྲོགས་ཞིག་ལ་བསྐྱལ་པའམ། དོན་མེད་དགྲ་བོར་དྲག་ཤུལ་བྱེད་ཡོད་ན། ང་ཡི་དེ་རྣམས་དང་མཚུངས་པའི་ལས་བྱས་ཡོད་ན། 5དགྲ་བོས་ང་ཡི་རྗེས་སུ་དེད་ཡོང་ནས། དེ་ཚོས་ང་ལ་འཛིན་བཟུང་བྱས་པར་ཤོག། དེ་ཚོས་ང་ལ་བཅད་དེ་བསད་པར་ཤོག། ང་ཡི་རོ་དེ་ས་ཁར་དོར་བར་ཤོག། 6ཀྱེ་གཙོ་བོ་དཀོན་མཆོག་ཉིད་ཀྱི་ཐུགས་ཁྲོའི་ངང་སྐུ་བཞེངས་གནང། ང་ཡི་དགྲ་བོས་ཁྲོ་སེམས་བྱས་པའི་གདོང་ལེན་དུ་བཞེངས་པར་མཛོད། བཞེངས་ཏེ་ང་ལ་སྐྱབས་གྲོགས་མཛོད། ཁྲིམས་གཅོད་དྲང་པོ་གནང་བར་ཁྱེད་ཐུགས་མཉེས་སོ། 7དེ་བས་མི་རྣམས་ཁྱེད་ཀྱི་ཕྱོགས་བཞིར་བཀོང་མཛད་དེ། མཐོ་རིས་གནས་ནས་དེ་ཚོར་སྲིད་སྐྱོངས་མཛོད། 8ཁྱེད་ནི་མི་རིགས་ཡོངས་ཀྱི་ཁྲིམས་དཔོན་ལགས། ཀྱེ་གཙོ་བོ་དཀོན་མཆོག་ང་ཡི་ཕྱོགས་གཏོགས་མཛད་སྟེ་ཁྲིམས་གཅོད་གནང་བར་མཛོད་། ང་ནི་ཉེས་མེད་ཡིན་པ་ཁྱེད་ཀྱིས་མཁྱེན། 9ཁྱེད་ནི་དྲང་བདེན་དཀོན་མཆོག་ལགས། ང་ཚོའི་བསམ་བློ་དང་ནི་འདོད་པར་བརྟག་དཕྱད་ཞིབ་པར་མཛད། སྐྱེ་བོ་ངན་པའི་ལས་ངན་བཀག་པར་མཛོད། བཟང་པོ་རྣམས་ལ་བྱ་དགའ་གནང་བར་མཛོད། 10དཀོན་མཆོག་ང་ཡི་སྲུང་སྐྱོབ་མཛད་མཁན་ལགས། ཁོང་གི་བཀའ་རྣམས་བརྩི་སྲུང་ཞུ་མཁན་ལ་ཁོང་གིས་མགོན་སྐྱབས་གནང། 11ཁྲིམས་གཅོད་དྲང་པོ་གནང་མཁན་དཀོན་མཆོག་ལགས། ཁོང་གིས་རྒུན་དུ་ངན་པར་སྐྱོན་བརྗོད་གནང་། 12དེ་ཚོས་རང་གི་སྤྱོད་ལམ་མ་བསྒྱུར་ན། དཀོན་མཆོག་གིས་རལ་གྲིར་རྣོ་བཏོན་མཛད། ཁོང་གིས་ཉིད་ཀྱི་གཞུ་འགུགས་ཏེ་གྲ་སྒྲིགས་མཛད། 13ཁོང་གིས་སྲོག་ལེན་ནུས་པའི་གོ་མཚོན་དྲག་པོ་དང་། མེ་ལྕེ་འབར་བའི་མདའ་དེ་ཚད་པར་མཛད། 14མི་ངན་པས་ཇི་ལྟར་བསམ་བློ་ངན་པ་གཏོང་བར་གཟིགས། དེ་ཚོས་དཀའ་རྙོག་བསླང་བའི་འཆར་གཞི་བཟོས་ཏེ། གཡོ་སྒྱུ་བསླུ་འཁྲིད་ལག་ལེན་བསྟར། 15འོན་ཀྱང་གཞན་ལ་བཙུགས་པའི་རྙི་ནང་རང་ཉིད་ལྷུང་། 16དེར་བརྟེན་རང་གིས་བྱས་པའི་ལས་ངན་གྱི་ཉེས་ཆད་རང་གི་ཐོག་ལ་འཁོར། རང་གིས་བྱས་པའི་དྲག་ཤུལ་གྱིས་རང་གི་རྒྱུད་ལ་རྨས་སྐྱོན་བྱུང་ངོ། 17གཙོ་བོ་དཀོན་མཆོག་གི་ཁྲིམས་དྲང་པོའི་ཆེད་དུ་ངས། ཁོང་ལ་ཐུགས་རྗེ་ལེགས་གསོལ་ཞུ་བཞིན་ཡོད། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ལ། ངས་ནི་བསྟོད་དབྱངས་ལེན་ཞིང་བསྔགས་བརྗོད་ཞུ༎

གསུང་མགུར 8

དཀོན་མཆོག་གི་གཟི་བརྗིད་དང་མིའི་དབུ་འཕང།

1ཀྱེ་གཙོ་བོ་དཀོན་མཆོག་ང་ཚོའི་གཙོ་བོོ། ཁྱེད་ཉིད་ཀྱི་མངའ་ཐང་ནི། འཇིག་རྟེན་ས་ཕྱོགས་ཀུན་ཏུ་མཐོང་བ་དང་། ཁྱེད་ལ་བསྟོད་པའི་བསྔགས་བརྗོད་མཐོ་རིས་སླེབས། 2ཕྲུ་གུ་ཚོ་དང་ཕྲུ་གུ་འོ་འཐུང་གིས་ནི་ཁྱེད་ལ་བསྟོད། ཁྱེད་ནི་དགྲ་བོའི་ཉེན་ལས་བཙན་སར་གནས། ཁྱེད་ལ་རྒོལ་སེམས་ཞུ་མཁན་ཐམས་ཅད་ལ། ཁྱེད་ཀྱིས་ཡོངས་སུ་བཀག་འགོག་མཛད་པ་གནང་། 3ཁྱེད་ཀྱིས་བཀོད་གནང་མཛད་པའི་ནམ་མཁའ་དང་། ཁྱེད་ཀྱིས་རང་སར་བཙུགས་པའི་ཟླ་བ་དང་། སྒྱུ་སྐར་ལ་སོགས་ང་ཡི་བལྟ་བའི་དུས། 4མི་གང་ཡིན་ནམ། ཁྱེད་ཀྱིས་དེའི་སྐོར་ལ་དེ་ཙམ་ཞིག། དགོངས་བཞེས་ཐུགས་འཁུར་བཞེས་པ་ཅི་ཡིན་ནམ། ཕལ་པའི་མི་ལ་ཅིའི་ཕྱིར་སྐུ་ཉིད་ཀྱིས། དེ་ཙམ་འཛིན་སྐྱོངས་གནང་དགོས་སམ། 5ཡིན་ཀྱང་ཁྱེད་ཀྱིས་དེ་ཚོར་སྐུ་ཉིད་རང་ལས་ཅུང་ཟད་དམའ་བར་མཛད། དེ་ཚོར་དཔལ་དང་བཀུར་བས་བརྒྱན་པར་མཛད། 6ཁྱེད་ཀྱིས་བཀོད་གནང་མཛད་པའི་དངོས་པོ་ཐམས་ཅད་ཐོག། འཛིན་སྐྱོངས་བྱེད་པའི་དབང་ཆ་ཁོ་ཚོར་གནང་། མཛད་པ་ཀུན་ལས་ཁོ་ཚོར་མཐོ་སར་བཞག། 7ལུག་དང་ཕྱུགས་ཟོག་ནགས་ཀྱི་སེམས་ཅན་དང་། 8འདབ་ཆགས་ཉ་རིགས་རྒྱ་མཚོའི་སྲོག་ཆགས་ཐོག། དབང་འཛིན་བྱེད་པའི་ནུས་པ་ཁོ་ཚོར་གནང་། 9གཙོ་བོ་དཀོན་མཆོག་ང་ཚོའི་གཙོ་བོ། ཁྱེད་ཀྱི་རླབས་ཆེན་འཇིག་རྟེན་ས་ཕྱོགས་ཀུན་ནས་མཐོང་༎

གསུང་མགུར 9

དཀོན་མཆོག་གི་བཀའ་ཁྲིམས་དྲང་པོའི་ཆེད་དུ་ལེགས་གསོལ་ཞུ་བ།

1གཙོ་བོ་དཀོན་མཆོག་ང་ནི་ཁྱེད་ཉིད་ལ། བློ་སེམས་རྩེ་གཅིག་སྒོ་ནས་གཏང་རག་འབུལ། ཁྱེད་ཀྱི་མཛད་འཕྲིན་ངོ་མཚར་ཆེ་བའི་སྐོར་ངས་བཤད་རྒྱུ་ཡིན། 2ཁྱེད་ཀྱིས་རྐྱེན་གྱིས་ང་ནི་དགའ་ཞིང་གླུ་དབྱངས་ལེན། ཀུན་དབང་ལྡན་པའི་དཀོན་མཆོག་ཁྱེད་ཉིད་ལ། ངས་ནི་བསྟོད་དབྱངས་ལེན་ཞིང་བསྔགས་བརྗོད་ཞུ། 3སྐུ་ཉིད་མདུན་དུ་མངོན་པར་མཛད་པའི་སྐབས། ང་ཡི་དགྲ་རྣམས་སྟབས་ལོག་རྒྱབ་ནས་བྲོས། དེ་ཚོ་ས་ཁར་འགྱེལ་ཞིང་འཆི། 4ཁྱེད་ཀྱིས་ཁྲིམས་གཅོད་དྲང་པོ་གནང་བས་ན། ང་ཡི་ཕྱོགས་གཏོགས་མཛད་དེ་ཁྲིམས་གཅོད་གནང་། 5ཆོས་མིན་རྣམས་ལ་ཁྱེད་ཀྱིས་སྐྱོན་བརྗོད་གནང་། མི་ངན་རྣམས་ལ་ཁྱེད་ཀྱི་ཚར་བཅད་མཛད། སུས་ཀྱང་དེ་ཚོར་དྲན་གསོ་མི་བྱེད་དོ། 6ང་ཚོའི་དགྲ་རྣམས་གཏན་དུ་འཇིག་པ་ཡིན། དེ་ཚོའི་གྲོང་རྣམས་ཁྱེད་ཀྱིས་མེད་པར་མཛད། ཚང་མས་དེ་དག་ཡོངས་སུ་རྗེད་པར་བྱེད། 7འོན་ཀྱང་གཙོ་བོ་དཀོན་མཆོག་དུས་རྒྱུན་གྱི་ཆེད་དུ་རྒྱལ་པོ་ཡིན། ཞལ་ཆད་གཅོད་ཕྱིར་བཞུགས་ཁྲི་འཛུག་བསྐྲུན་མཛད། 8ཉིད་ཀྱི་དྲང་བདེན་སྒོ་ནས་འཇིག་རྟེན་དུ་སྲིད་སྐྱོངས་མཛད། ཁྲིམས་དྲང་སྒོ་ནས་ཁོང་གིས་མི་རིགས་རྣམས་ལ་ཞལ་ཆེ་གཅོད་གནང་ངོ་། 9མནར་གཅོད་ནང་དུ་ཚུད་པའི་མི་རྣམས་ལ། གཙོ་བོ་དཀོན་མཆོག་སྐྱབས་གནས་མཆོག་ཏུ་འགྱུར། དཀའ་ངལ་དུས་སུ་སྐྱབས་ཡུལ་བཙན་པོ་ལགས། 10གཙོ་བོ་དཀོན་མཆོག་ཁྱེད་ལ་ཤེས་པའི་མི་རྣམས་ཀྱི། ཁྱེད་ལ་བློ་གདེང་བཅོལ་བར་བྱ། སྐྱབས་བཅོལ་ཞུ་བར་ཁྱེད་རྩར་བཅར་མཁན་ལ། ཁྱེད་ཀྱིས་ནམ་ཡང་སྤངས་བར་མི་མཛད་དོ། 11ཛི་ཡོན་སྲིད་སྐྱོངས་མཛད་པོ་གཙོ་བོ་དཀོན་མཆོག་ལ། བསྟོད་དབྱངས་ལེན་ཞིང་བསྔགས་བརྗོད་ཞུ་བཞིན་དུ། ཁོང་གི་མཛད་འཕྲིན་བཟང་པོ་རྣམས་ཀྱི་སྐོར། མི་རིགས་སོ་སོའི་ཁྲོད་དུ་ཁྱབ་བསྒྲགས་བྱོས། 12དཀའ་ངལ་ངང་དུ་ཚུད་པའི་མི་རྣམས་ལ། དཀོན་མཆོག་གིས་རྒྱུན་དུ་ཐུགས་དྲན་གསོ་བར་མཛད། དེ་ཚོའི་སྨྲེ་སྔགས་ཐུགས་ནས་བསྙེལ་མི་ཡོང་། དེ་ཚོར་ནོར་འཁྲུལ་བྱེད་མཁན་ཚོར་ཉེས་ཆད་གནང། 13གཙོ་བོ་དཀོན་མཆོག་ང་ལ་སྙིང་རྗེས་གནང་རོགས་གནང། དགྲ་བོས་ང་ལ་གནོད་འཚེ་གཏོང་བར་གཟིགས། ཀྱེ་གཙོ་བོ་དཀོན་མཆོག་ཉིད་ཀྱི་ང་ལ་ནི། འཆི་བ་ལས་སྐྱོབ་པར་མཛད་དུ་གསོལ། 14ང་ནི་གྲོང་ཁྱེར་ཡེ་རུ་ཤ་ལེམ་གྱི། ཡུལ་མི་རྣམས་ཀྱི་མདུན་དུ་ཡར་ལངས་ནས། ཁྱེད་ལ་བསྟོད་བསྔགས་འབུལ་བའི་དོན་གནད་སྐོར། ངས་ནི་དེ་ཚོར་ཡོངསསྐོར་བཤད་པར་བྱ། ཁྱེད་ཀྱིས་ང་ལ་སྐྱབས་གྲོགས་མཛད་པའི་རྐྱེན། ང་ནི་བློ་སེམས་དགའ་ཞིང་མགུ་བར་བྱེད། 15ཆོས་མིན་རྣམས་ཀྱིས་བྲུས་པའི་ས་དོང་དུ། དེ་ཚོ་རང་ཉིད་དེའི་ནང་ཚུད། རང་གིས་བཙུགས་པའི་རྙི་ནང་དེ་ཚོ་ཚུད། 16གཙོ་བོ་དཀོན་མཆོག་ཁོང་གི་ཁྲིམས་གཅོད་དྲང་བདེན་སྒོ་ནས་རང་ཉིད་མངོན་པར་མཛད་པ་དང། མི་ངན་རྣམས་ནི་རང་གི་ལས་ཀྱི་རྙི་ནང་དུ་ཚུད་དོ། 17དཀོན་མཆོག་ཁས་བླངས་མི་བྱེད་མཁན་རྣམས་དང་། མི་ངན་ཀུན་གྱི་མཐའ་མ་འཆི་བ་ཡིན། 18དགོས་མཁོ་ཅན་ཚོ་རྒྱུན་དུ་སྣང་མེད་ལུས་མི་ཡོང་། དབུལ་པོའི་རེ་འདོད་རྒྱུན་དུ་ཟད་མི་ཡོང་། 19གཙོ་བོ་དཀོན་མཆོག་རང་ཉིད་ཕེབས་པར་མཛོད། མི་ཚོས་ཁྱེད་ལ་རྒོལ་མི་བཅུག། ཆོས་མིན་དེ་ཚོར་ཁྱེད་མདུན་འཁྱེར་ཡོང་ནས། དེ་ཚོའི་ཐག་ཏུ་ཁྲིམས་གཅོད་གནང་བར་མཛད། 20ཀྱེ་གཙོ་བོ་དཀོན་མཆོག་དེ་ཚོའི་སེམས་ནང་འཇིགས་སྣང་སྐྱེས་བཅུག་ཅིག། དེ་ཚོ་རང་ཉིད་སྐྱེ་བ་མི་རྟག་པའི་མི་གཅིག་པོ་ཡིན་པ་ཤེས་བཅུག་ཅིག།

གསུང་མགུར 10

ཁྲིམས་གཅོད་དྲང་པོའི་ཆེད་དུ་སྨོན་ལམ།

1ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ནི་ཅི་ལ་རྒྱང་རིང་བཞུགས། ང་ཚོ་དཀའ་ངལ་ནང་དུ་ཚུད་པའི་སྐབས། ཁྱེད་ནི་ཅིའི་ཕྱིར་གསང་བར་གབ་ནས་བཞུགས། 2མི་ངན་ང་རྒྱལ་སྐྱེད་ནས་དབུལ་པོར་མནར། དེ་ཚོས་རང་གི་རྙི་ནང་དེ་དག་བཟུང་། 3མི་ངན་རང་གི་འདོད་པ་ངན་པའི་སྐོར་ང་རྒྱལ་བྱེད། འདོད་བརྔམ་ཅན་གྱི་གཙོ་བོ་དཀོན་མཆོག་ལ། དམོད་པ་ཞུས་ཏེ་ཁོང་ལ་ཁས་མི་ལེན། 4ངན་པས་གཙོ་བོ་དཀོན་མཆོག་ཁོང་ལ་དོ་སྣང་མི་བྱེད་དོ། ང་རྒྱལ་དབང་གིས་ཁོ་ཚོའི་སེམས་ནང་དཀོན་མཆོག་བཞུགས་མེད་ཅེས་པའི་བསམ་བློ་འཁོར། 5ལས་དོན་ཚང་མར་ངན་པའི་བསམ་དོན་འགྲུབ། དཀོན་མཆོག་གི་ཞལ་ཆེ་རྣམས་ལ་ཁོ་ཚོས་མི་རྟོགས། ཁོ་ཚོས་རང་གི་དགྲ་བོར་འཕྱ་སྨད་བྱེད། 6ཁོ་ཚོས་རང་གི་སེམས་ནང་འདི་ལྟར་སྨྲས། ང་ནི་བྱ་བ་ཀུན་ལ་བསམ་དོན་འགྲུབ། ང་ལ་དཀའ་ངལ་ནམ་ཡང་འབྱུང་མི་ཡོང་། 7ཁོ་ཚོའི་ཁ་ནས་འདོན་པའི་གཏམ་ངན་ནི། དམོད་པ་རྫུན་ཚིག་སྡིག་ར་ཁོ་ནས་གང་། སྡང་དགྲའི་གཏམ་ངན་བརྗོད་པར་མྱུར་པོ་བྱས། 8ཁོ་ཚོ་གྲོང་ཚོའི་ས་ཁུལ་ཁག་ཏུ་གབ། སྐྱེ་བོ་གནོང་མེད་རྣམས་ལ་གསོད་ཕྱིར་སྒུག། ཐབས་ཟད་ཉམ་ཐག་རྣམས་ཀྱི་ཉན་གོ་ལེན། 9ཁོ་ཚོ་རང་ཉིད་གབ་པའི་གནས་ནང་ནས། ཉམ་ཐག་རྣམས་ལ་གནོད་འཚེ་བྱེད་པའི་ཕྱིར། སེང་གེ་བཞིན་དུ་སྒུག་སྡོད་བྱེད་ནས་བསྡད། དེ་དག་རྙི་ནང་འཛིན་བཟུང་བྱས་པའི་རྗེས། ས་ཁར་འཐེན་འདྲུད་བྱེད་དེ་འཁྱེར་བར་བྱ། 10སྐྱེ་བོ་ཐབས་ཟད་ཉམ་ཐག་དེ་རྣམས་ནི། འཐབ་རྒོལ་བྱེད་ནུས་མེད་པར་ས་ཁར་འགྱེལ། དུད་འགྲོའི་དབང་གནོན་འོག་ཏུ་དེ་ཚོ་ཕམ། 11ངན་པས་རང་གི་སེམས་ནང་འདི་སྐད་དུ། དཀོན་མཆོག་གིས་ནི་ཐུགས་སྣང་མཛད་མི་ཡོང་། ཁོང་གི་སྤྱན་ནི་བཙུམ་ཞིང་ང་མི་གཟིགས། 12ཀྱེ་གཙོ་བོ་དཀོན་མཆོག་མི་ངན་དེ་ཚོར་ཆད་པ་གནང་བར་མཇོད། དཀའ་སྡུག་ནང་དུ་ཚུད་པ་ཚོར་དྲན་གསོ་གནང་བར་མཛོད། 13མི་ངན་པས་རང་གི་སེམས་ནང་ལ། དཀོན་མཆོག་ང་ལ་ཉེས་ཆད་མི་གནང་ཞེས། ཁོང་ལ་འཕྱ་སྨད་ཞུས་པ་ཇི་ལྟར་སྲིད། 14འོན་ཀྱང་ཁྱེད་ཀྱིས་གཟིགས་གནང་ངོ། ཁྱེད་ཀྱིས་དཀའ་སྡུག་ཀུན་མཁྱེན་ནས། སྐྱབས་གྲོགས་མཛད་པར་རྒྱུན་དུ་གྲ་སྒྲིགས་བཞུགས། ཐབས་ཟད་རང་ལ་ཁྱེད་དྲུང་བཅོལ། ཁྱེད་ཀྱིས་རྒྱུན་དུ་དགོས་མཁོ་ཅན་ལ་སྐྱབས་གྲོགས་མཛད། 15མི་ངན་རྣམས་ཀྱི་ནུས་ཤུགས་བཅག་པར་མཛོད། དེ་ཚོས་ལས་ངན་མཚམས་འཇོག་མ་བྱས་བར། ཁྱེད་ཀྱིས་དེ་ཚོར་ཉེས་ཆད་གནང་བར་མཛོད། 16གཙོ་བོ་དཀོན་མཆོག་ནི་དུས་རྒྱུན་གྱི་ཆེད་དུ་རྒྱལ་པོ་ཡིན། ལྷ་རྟེན་གཞན་ལ་མཆོད་མཁན་མི་རྣམས་ནི། ཁོང་གི་ཡུལ་ནས་ཡོངས་སུ་སྟོངས་པར་འགྱུར། 17ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ནི་ཉམ་ཐག་གིས། སྨོན་འདུན་བྱས་པའི་སྙན་ཆོག་གསན་མཛད་དེ། དེ་ཚོར་སེམས་ཤུགས་གནང་བར་འགྱུར། 18མནར་སྤྱོད་ནང་དུ་ཚུད་པའི་མི་རྣམས་དང་། དྭ་ཕྲུག་རྣམས་ཀྱི་ངུས་འབོད་ཁྱེད་ཀྱིས་གསན། ཉིད་ཀྱིས་དེ་ཚོའི་ཕྱོགས་གཏོགས་མཛད་གནང་ཏེ། ཞལ་ཆེ་གཅོད་པར་མཛད་པའི་རྐྱེན་གྱིས་ནི། སྐྱེ་བོ་མི་རྟག་པའི་མི་རྣམས་ཀྱིས་ནམ་ཡང་འཇིགས་སྐྲག་བསྐུལ་མི་ནུས༎

གསུང་མགུར 11

གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ཞུ་བ།

1སྲུང་སྐྱོབ་ཆེད་དུ་ང་ནི་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ལོ། ཅིའི་ཕྱིར་གླེན་གཏམ་སྨྲ་ཞིང་འདི་སྐད་དུ། འདབ་ཆགས་བཞིན་དུ་འཕུར་ནས་རི་ཁར་སོང་། 2གང་ལགས་ཟེར་ན་མི་ངན་རྣམས་ཀྱིས་ནི། སྐྱེ་བོ་བཟང་པོར་ཚད་ནས་རྒྱབ་པའི་ཕྱིར། མུན་པར་རང་གི་མདའ་གཞུ་གྲ་སྒྲིགས་བྱེད། 3གང་ཅིའི་ཐད་ནས་ལས་དོན་མ་འགྲུབ་པར། གནས་སྟངས་ཚང་མ་རྒྱབ་འགལ་འགྱུར་བའི་སྐབས། སྐྱེ་བོ་བཟང་པོ་བྱ་ཐབས་ཀུན་ལས་བྲལ། 4གཙོ་བོ་དཀོན་མཆོག་རང་གི་མཆོད་ཁང་དམ་པར་བཞུགས། ཁོང་གི་བཞུགས་ཁྲི་མཐོ་རིས་གནས་སུ་ཡོད། ཁོང་གིས་ག་ས་ག་ལ་མི་ཚོར་གཟིགས་པ་དང། དེ་ཚོས་བྱེད་པའི་ལས་རྣམས་མཁྱེན། 5བཟང་ངན་གཉིས་ཀར་ཁོང་གིས་བརྟག་དཔྱད་མཛད། ཚུལ་མིན་ཁྲིམས་འགལ་རྣམས་ལ་ཁོང་གིས་ཐུགས་ནས་སྡང་བར་དྲག་པོ་གནང་བར་མཛད། 6མི་ངན་རྣམས་ཀྱི་ཐོག་ཏུ་ཁོང་ཉིད་ཀྱིས། མེ་དང་མུ་ཟི་གནམ་ནས་འདེབས་པར་མཛད། རླུང་ཚ་པོས་དེ་ཚོར་ཉེས་ཆད་གནང་། 7གཙོ་བོ་དཀོན་མཆོག་ཐུགས་གཤིས་དྲང་པོ་ལགས། ཁོང་ནི་ལས་བཟང་མཁོ་ནར་ཐུགས་མཉེས་པས། བཟང་པོ་བྱེད་མཁན་ཁོང་གི་སྤྱན་སྔ་རུ། གསོན་པོར་འཚོ་ཞིང་གནས་པར་འགྱུར་ལགས་སོ༎

གསུང་མགུར 12

མགོན་སྐྱབས་ཞུ་བའི་སྨོན་ལམ།

1གཙོ་བོ་དཀོན་མཆོག་ང་ཚོར་སྐྱབས་གྲོགས་མཛོད། མི་བཟང་པོ་ནི་གཅིག་ཀྱང་ལུས་མེད། སྐྱེ་བོ་དྲང་པོ་རྙེད་པ་ཤིན་ཏུ་དཀའ། 2དེ་ཚོ་ཚང་མས་ཕན་ཚུན་རྫུན་གཏམ་བཤད། དེ་ཚོས་ཕན་ཚུན་ངོ་དགའ་དཔལ་ལེ་ཡིས། གཅིག་གིས་གཅིག་ལ་མགོ་བསྐོར་བསླུ་འཁྲིད་བྱེད། 3-4ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཉིད་ཀྱིས། ངོ་སོ་དཔལ་ལེ་བྱེད་པའི་ལྕེ་རྣམས་བཀག། ང་ཚོར་དགོས་པའི་དངོས་པོ་ཇི་ཡོད་རྣམས། ཁ་ནས་བརྫོད་པ་ཙམ་གྱིས་སྒྲུབ་པར་བྱེད། སེམས་ནས་གང་དྲན་ཁ་ནས་སྨྲ་བར་བྱ། ང་ཚོར་བཀག་འགོག་བྱ་མཁན་སུ་ཡོད་དམ། ཞེས་ཟེར་སྦོར་ཤོབ་བྱེད་པའི་ཁ་རྣམས་བཀག། 5འོན་ཀྱང་ད་ང་ཡོང་གི་ཡིན་ཞེས་གཙོ་བོ་དཀོན་མཆོག་གི་གསུངས། གང་ལགས་ཟེར་ན་དགོས་མཁོ་ཅན་རྣམས་མནར་གཅོད་ནང་ཚུད་ཡོད། གཉའ་གནོན་མྱོང་མཁན་རྣམས་ཀྱིས་ནད་ཟུག་གི་འཁུན་སྒྲ་འདོན་པས་ན། ད་བར་ཁོ་ཚོས་རེ་འདོད་བྱས་པ་ཡིས་སྲུང་སྐྱོབ་དེ་ནི་ང་ཡིས་སྟེར་བར་བྱ། 6གཙོ་བོ་དཀོན་མཆོག་ཉིད་ཀྱི་དམ་བཅའ་རྣམས་བློ་གདེང་བྱ་འོས་སོ། དེ་ནི་ལན་གྲངས་བདུན་ཙམ་མེར་སྲེག་བཏང་བའི་རིན་ཆེན་དངུལ་དང་མཆུངས་ཤིང་བཅོས་མིན་ལགས། 7-8མི་ངན་ས་ཕྱོགས་ཀུན་ལ་ཁྱབ་ནས་ཡོད། ངན་པའི་ལས་ལ་ཚང་མས་བསྔགས་བརྗོད་བྱེད། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ཚོ་ལ། རྒྱུན་དུ་སྲུང་སྐྱོབ་བཙན་པོ་གནང་མཛད་ནས། དེ་འདྲའི་མི་ངན་རྣམས་ལས་སྐྱོབ་པར་མཛོད༎

གསུང་མགུར 13

1གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ལ་ག་དུས་བར། ཉིད་ཀྱི་ཐུགས་ནས་བསྙེལ་བར་མཛད་གནང་ངམ། ག་དུས་བར་དུ་ང་ལས་གབ་པར་མཛད། དུས་གཏན་གྱི་ཆེད་དུ་ཡིན་ནམ། 2ནམ་བར་ང་ཡིས་སྡུག་བསྔལ་མྱོང་དགོས་སམ། ཉིན་མཚན་མེད་པར་སྡུག་བསྔལ་འཁྱེར་དགོས་སམ། ག་དུས་བར་དུ་ངའི་ཐོག་དགྲ་བོ་རྒྱལ། 3ཀྱེ་གཙོ་བོ་དཀོན་མཆོག་ང་ཡི་དཀོན་མཆོག་ལགས། ང་ལ་གཟིགས་ནས་བཀའ་ལན་གནང་། ང་ཡི་ནུས་སྟོབས་སླར་གསོ་མཛད་གནང་སྟེ། ང་ལ་ཤི་རུ་འཇུག་པ་མ་གནང་ཞིག། 4ང་ཡི་དགྲ་བོས་ང་ཚོས་ཁོ་ལ་ཕམ་པར་བྱས་ཞེས་སྨྲ་མ་འཇུག་ཅིག། ཉམ་རྒུད་ཕྱིན་པའི་ང་ཡི་གནས་སྟངས་ལ། དེ་ཚོར་སྙིང་ཚིམ་འདེབས་པར་མ་འཇུག་ཅིག། 5ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་ལ། ང་ནི་བློ་གཏད་ཡིད་ཆེས་བརྟེན་པོ་བྱེད། ཁྱེད་ཀྱིས་ང་ལ་སྐྱབས་མཛད་ངེས་པས། ང་ནི་བློ་སེམས་དགའ་ཞིང་ཡི་རང་ངོ་། 6ཀྱེ་གཙོ་བོ་དཀོན་མཆོག་ང་ནི་ཁྱེད་ལ་བསྟོད་དབྱངས་འབུལ་རྒྱུ་ཡིན། གང་ལགས་ཟེར་ན་ཁྱེད་ཀྱི་ང་ལ་བཟང་པོ་གནང་༎

གསུང་མགུར 14

མིའི་སྤྱོད་ངན།

(གསུང་མགུར་ ༥༣)

1གླེན་པའི་སེམས་ནང་དཀོན་མཆོག་མེད་ཅེས་བརྗོད། དེ་རྣམས་ཡོངས་སུ་ངན་སྤྱོད་ལོག་པར་བྱས། དེ་ཚོས་ཡ་ང་པོ་ལས་ངན་ཤ་སྟགས་བྱས། ཚུལ་མཐུན་ལས་བྱ་མཁན་སུ་ཡང་མེད། 2མིའི་རིགས་ཤེས་རབས་ཅན་དང་ཁོང་ལ་མཆོད་མཁན་རྣམས། ཨེ་ཡོད་དགོངས་ཏེ་གཙོ་བོ་དཀོན་མཆོག་གིས། མཐོ་རིས་གནས་ནས་རྒྱུན་དུ་གཟིགས་ཤིང་བཞུགས། 3འོན་ཀྱང་དེ་ཚོ་ཚང་མས་ནོར་འཁྲུལ་བྱས། དེ་ཚོ་ཚང་མ་ངན་པ་གཅིག་པ་ཡིན། ཚུལ་བཞིན་སྤྱོད་མཁན་གཅིག་ཀྱང་མི་འདུག་གོ། 4གཙོ་བོ་དཀོན་མཆོག་གིས་བཀའ་འདྲི་གནང། སྐྱེ་བོ་དེ་ཚོས་ཤེས་ཀྱི་མིན་ནམ། སྤྱོད་ངན་བྱེད་མཁན་དེ་ཚོ་ཚང་མ་གཏི་མུག་ཅན་ཡིན་ནམ། དེ་ཚོས་ང་ཡི་མི་འབངས་འཕྲོག་བཅོམ་གྱིས། རང་ཉིད་འཚོ་བའི་ཐབས་ལམ་དེ་ལས་བྱས། དེ་ཚོས་ནམ་ཡང་སྨོན་ལམ་མི་འདེབས་སོ། 5འོན་ཀྱང་དེ་ཚོ་འཇིགས་ཤིང་སྐྲག་པར་འགྱུར། གང་ལགས་ཟེར་ན་དཀོན་མཆོག་ཁོང་ཉིད་ནི། ཉིད་ཀྱི་བཀའ་ཁྲིམས་སྲུང་མཁན་མཉམ་དང་འགྲོགས། 6ངན་པས་དུལ་སེམས་ཅན་གྱི་འཆར་གཞི་ལ། རྒྱུན་དུ་འཚེ་བ་བར་ཆད་གཏོང་ཐབས་བྱས། འོན་ཀྱང་གཙོ་བོ་དཀོན་མཆོག་ཁོ་ཚོའི་སྐྱབས་གནས་ལགས། 7ཛི་ཡོན་གནས་ནས་ཨིསི་རཱཨེལ་པ་ཡི་ཕྱོགས། རྒྱལ་ཁ་ཡོང་བར་ཤོག་ཅེས་ཁོ་བོ་ཡིས། སེམས་ནས་སྨོན་འདུན་གང་མང་ཞུས་པ་ཡིན། ཨིསི་རཱཨེལ་པ་རྣམས་གཙོ་བོ་དཀོན་མཆོག་གིས། སླར་ཡང་ཕྱུག་པོར་བཟོས་པའི་དུས་སྐབས་སུ། དེ་ཚོར་དགའ་སྣང་ཆེན་པོ་ཇི་ཙམ་བྱུང་༎

གསུང་མགུར 15

དཀོན་མཆོག་གི་ཐུགས་འདོད།

1གཙོ་བོ་དཀོན་མཆོག་ཉིད་ཀྱི་མཆོད་ཁང་ནང་སུ་བཅར་ཐུབ་བམ། ཉིད་ཀྱི་དམ་པའི་རི་བོ་ཛི་ཡོན་སྒང་། སུས་བསྙེན་བཀུར་བྱེད་ཐུབ་བམ། 2དེ་ཚོ་ནི་ལས་དོན་གང་ཅིར་ཁོང་གི་ཐུགས་དགོངས་བཞིན་སྤྱོད་དེ་གཏན་དུ་ཚུལ་བཞིན་བྱེད་དོ། དེ་ཚོའི་གཏམ་ཚིག་བདེན་ཞིང་དྲང་པོ་དང། 3དེ་ཚོས་གཞན་ལ་སྨད་ར་མི་མཛོད་ཞིང་། རང་གི་གྲོགས་པོར་ངན་སྤྱོད་མི་བྱེད་ཅིང་། རང་གི་ཁྱིམ་མཚེས་རྣམས་ཀྱི་སྐོར་ལའང་། རྫུན་གྱི་དཀྲོག་གཏམ་སྤེལ་བར་མི་བྱེད་དོ། 4དཀོན་མཆོག་གིས་ནི་སྤངས་པའི་མི་རྣམས་ལ། ཁོས་ཀྱང་སེམས་ནས་སྡང་ཞིང་འཕྱ་སྨད་བྱས། འོན་ཀྱང་ཁོང་གི་བཀའ་ཁྲིམས་སྲུང་མཁན་ལ་ཁོས་ནི་གུས་བཀུར་བྱེད། གནས་ཚུལ་དཀའ་བ་ཇི་ལྟར་བྱུང་ན་ཡང་། རྒྱུན་དུ་རང་གི་དམ་བཅའ་ཡོངས་སུ་སྒྲུབ། 5བུ་ལོན་གཏོང་སྐབས་སྐྱེད་ཁ་མི་ལེན་ཞིང་། ལྐོག་རྔན་ལེན་ཏེ་སྐྱེ་བོ་གནོང་མེད་ལ། རྫུན་གྱི་དཔང་པོ་བྱས་ཏེ་གནོད་མི་སྐྱེལ། དེ་ལྟར་ཚུལ་མཐུན་སྤྱོད་མཁན་མི་རྣམས་ནི་རྒྱུན་དུ་བརྟན་པོར་གནས་ལགས་སོ༎

གསུང་མགུར 16

བློ་གདེང་བཅོལ་བའི་སྨོན་ལམ།

1ཀྱེ་དཀོན་མཆོག་ང་ལ་སྲུང་སྐྱོབ་གནང་བར་མཛོད། སྲུང་སྐྱོབ་ཞུ་ཕྱིར་ཁྱེད་ལ་བློ་གདེང་བཅོལ། 2ངས་ནི་གཙོ་བོ་དཀོན་མཆོག་ལ། ཁྱེད་ནི་ང་ཡི་གཙོ་བོ་ཡིན། ང་ལ་ཡོད་པའི་དངོས་བཟང་ཇི་ཡོད་རྣམས། ཁྱེད་ནས་འབྱུང་བ་ཡིན་ཞེས་ངོས་ལེན་ཞུ། 3གཙོ་བོ་དཀོན་མཆོག་གི་དམ་ཚིག་ཅན། སྐྱེ་བོ་རྣམས་ནི་ཇི་ལྟར་བཟང་པོ་ལགས། ང་ནི་དེ་ཚོ་མཉམ་དུ་གནས་འགྲོགས་ཀྱི། གོ་སྐབས་ཐོབ་པར་དགའ་སྣང་ཆེན་པོ་སྐྱེད། 4ལྷ་རྟེན་གཞན་གྱི་རྗེས་སུ་རྒྱུགས་མཁན་ཚོས། རང་ཉིད་ཐོག་ཏུ་དཀའ་ངལ་སྣ་ཚོགས་སྤེལ། ང་ནི་དེ་ཚོས་དམར་མཆོད་འབུལ་བ་ལ། རྒྱབ་སྐྱོར་ངོས་ལེན་ལ་སོགས་མི་བྱེད་ཅིང་། དེ་ཚོའི་ལྷ་རྟེན་སོགས་ལ་མཆོད་མི་འགྱུར། 5གཙོ་བོ་དཀོན་མཆོག་ཁྱེད་ནི་ཁོ་བོ་ཡི། སྐྱབས་གནས་རེ་བཅོལ་ཞུས་ཡུལ་གཅིག་རང་ངོ་། ང་ཡི་དགོས་མཁོ་ཚང་མ་ཁྱེད་ཀྱིས་འགྲུབ། མ་འོངས་དུས་ཀྱི་ང་ཡི་གནས་སྟངས་ཀུན། ཁྱེད་ཀྱི་ཕྱག་ནང་ཡོད་པ་ཡིན། 6ཁྱེད་ཀྱིས་ང་ལ་གནང་བའི་གནང་སྦྱིན་རྣམས། ཤིན་ཏུ་ངོ་མཚར་ཆེ་ལ་བཟང་བས་ན། 7གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་འབུལ། གང་ལགས་ཟེར་ན་ང་ལ་ཁོང་གིས། ལམ་སྟོན་དབུ་འཁྲིད་བཟང་པོ་གནང་བར་མཛད། མཚན་མོའི་དུས་སུ་ང་ཡི་བློ་སེམས་ཀྱིས། ང་ལ་ཟོན་བརྡའི་བསྐུལ་མ་སྟོན་པར་བྱ། 8གཙོ་བོ་དཀོན་མཆོག་རྒྱུན་དུ་ངའི་འགྲམ་དུ། བཞུགས་ནས་ཡོད་པ་ང་ཡི་འཚོར་སྣང་བྱེད། ཁོང་ནི་ང་ཡི་ཉེ་འགྲམ་བཞུགས་ཡོད་པས། གནས་ཚུལ་གང་གིས་ང་ནི་གཡོ་མི་ཐུབ། 9དེ་བས་ང་ནི་དགའ་ཞིང་བཀའ་དྲིན་བསམ། ང་ནི་སྲུང་སྐྱོབ་བཙན་པོའི་ངང་དུ་གནས། 10གང་ལགས་ཟེར་ན་ཁྱེད་ཀྱིས་ང་ལ་ནི། འཆི་བའི་དབང་ལས་སྲུང་སྐྱོབ་མཛད་པ་གནང་། ང་ཡིས་ཁྱེད་ལ་ཞབས་ཕྱི་དམ་ཚིག་གཙང་མར་བྱེད་པ་ཡིན། ཁྱེད་ཀྱིས་ང་ལ་གཤིན་པོའི་ཁམས་སུ་སྤངས་པར་མི་མཛད་དོ། 11ཉིད་ཀྱིས་ང་ལ་གསོན་པོའི་ལམ་མཆོག་ཏུ། དབུ་འཁྲིད་ལམ་སྟོན་མཛད་པ་གནང་། སྐུ་ཉིད་ང་མཉམ་འགྲོགས་པར་མཛད་པའི་རྐྱེན། ང་ནི་དགའ་བས་ཡོངས་སུ་ཁྱབ་པར་བྱས། མཐའ་ཡས་ཞི་བདེས་ངའི་སེམས་གང་བར་བྱས༎

གསུང་མགུར 17

སྐྱེ་བོ་གནོང་མེད་ཅིག་གི་སྨོན་ལམ།

1ཉེ་རིང་མེད་པར་ཁྲིམས་དྲང་ཡོང་བའི་ཕྱིར། གཙོ་བོ་དཀོནམཆོག་ཁྱེད་ལ་ཁོ་བོ་ཡིས། ཞུ་འདུན་བྱས་པར་གསན་ཆོག་མཛད་པ་གནང་། སྐྱབས་གྲོགས་ཞུས་པའི་སྐད་འབོད་དྲང་པོ་ལ། ཉིད་ཀྱིས་གསན་ཆོག་ངེས་པར་མཛད་པ་གནང་། 2ཁྱེད་ཀྱིས་དྲང་པོ་གང་ཡིན་མཁྱེན་པས་ན། ང་ཡི་ཕྱོགས་གཏོགས་གནང་སྟེ་ཁྲིམས་གཅོད་མཛོད། 3ཁྱེད་ཀྱིས་ང་ཡི་སེམས་གཤིས་མཁྱེན་ཡོད་པས། ཁྱེད་ནི་མཚན་མོར་ངའི་རྩར་ཕྱག་ཕེབས་ཤིང་། ང་ལ་བརྟགས་དཔྱད་ཞིབ་པར་མཛད་གནང་སྟེ། ངའི་ནང་འདོད་ངན་གང་ཡང་མ་རྙེད་དོ། 4ང་ནི་སྐྱེ་བོ་གཞན་དང་འདྲ་མིན་གྱིས། ཁ་ནས་ཚིག་ངན་གཅིག་ཀྱང་མི་སྨྲ་བར། ཁྱེད་ཀྱི་བཀའ་རྒྱ་ཡོངས་རྫོགས་བརྩི་སྲུང་ཞུས། དྲག་ཤུལ་གྱི་ལམ་དུ་ང་ནི་འབྲངས་མེད་དོ། 5ང་ནི་རྒྱུན་དུ་ཁྱེད་ཀྱི་ལམ་ནང་འགྲུལ། ལམ་མཆོག་དེ་ལས་ནམ་ཡང་འཛོལ་མེད་དོ། 6ང་ནི་ཀྱེ་དཀོན་མཆོག་ཁྱེད་ལ་གསོལ་བ་འདེབས། གང་ལགས་ཟེར་ན་ང་ལ་ཁྱེད་ཉིད་ཀྱིས། གསན་ཆོག་མཛད་དེ་བཀའ་ལན་གནང་བར་མཛད། དེ་བས་ང་ཡི་ཕྱོགས་སུ་ཞལ་བསྒྱུར་ཏེ། ང་ཡིས་ཞུ་བའི་ཚིག་ལ་གསན་པར་མཛོད། 7ཁྱེད་ཀྱི་ངོ་མཚར་ཆེ་བའི་ཐུགས་བརྩེ་དེ། མངོན་པར་མཛད་དེ་ང་ལ་སྐྱབས་གྲོགས་གནང་། ང་ནི་ཁྱེད་ཀྱི་ཕྱོགས་སུ་གནས་པར་བརྟེན། དགྲ་བོའི་ཉེན་ལས་ཡོངས་སུ་ཐར་བར་འགྱུར། 8-9ཉིད་ཀྱི་སྤྱན་གྱི་འབྲས་བུར་སྲུང་སྐྱོབ་མཛད་པ་བཞིན། ང་ལའང་དེ་བཞིན་སྐྱབས་གྲོགས་མཛད་དུ་གསོལ། ངན་པས་ང་ལ་འཐབ་རྒོལ་བྱེད་པའི་སྐབས། ཉིད་ཀྱི་ཤོག་གྲིབ་འོག་ཏུ་སྦས་པར་མཛོད། དགྲ་བོ་གདུག་པ་ཅན་གྱིས་མཐའ་ནས་བསྐོར། 10དེ་ཚོའི་སེམས་ནང་སྙིང་རྗེ་གང་ཡང་མེད། ཁ་ནས་ང་རྒྱལ་ཆེ་བའི་གཏམ་བརྗོད་དོ། 11ང་ནི་ས་ཕྱོགས་གང་དུ་ཁ་བསྒྱུར་ཀྱང་། དེ་ཚོ་ང་ཡི་ཕྱོགས་བཞིར་མཐའ་བསྐོར་ཞིང་། ང་ལ་འགྲིལ་བར་བྱེད་པའི་གོ་སྐབས་འཚོལ། 12དེ་ཚོས་ང་ལ་དུམ་བུར་བཟོ་བའི་ཕྱིར། སེང་གེ་བཞིན་དུ་ལམ་སྒུག་བྱེད་ནས་བསྡད། 13གཙོ་བོ་དཀོན་མཆོག་ད་ནི་ཁྱེད་ཕེབས་ཏེ། ང་ཡི་དགྲ་བོར་འཐབ་རྒོལ་མཛད་གནང་ཞིང་། དེ་ཚོ་ཡོངས་སུ་ཕམ་པར་མཛད་དུ་གསོལ། ཁྱེད་ཀྱི་རལ་གྲིའི་སྒོ་ནས་བདག་ཉིད་ལ། ངན་པའི་ལག་ནས་སྐྱབས་གྲོགས་མཛད་དུ་གསོལ། 14ཚེ་འདིར་མཁོ་བའི་རྒྱུ་དངོས་ཇི་ཡོད་རྣམས། ཐོབ་མཁན་མི་ལས་ང་ལ་སྐྱོབ་ཏུ་གསོལ། ཉིད་ཀྱིས་དེ་ཚོའི་དོན་དུ་གསོག་འཇོག་པའི། དཀའ་འཚེ་དྲག་པོས་དེ་ཚོར་ཉེས་ཆད་མཛོད། ཆད་པ་དེ་ནི་དེ་ཆོའི་བུ་བརྒྱུད་བར་དུ་འདངས་ངེས་དང་། ཚ་བོ་ཚ་མོའི་ཆེད་དུ་ཡང་ལྷག་འཕྲོས་ལུས་པར་ཤོག། 15འོན་ཀྱང་ངས་ནི་ཉེས་པ་བྱས་མེད་པས། ཁྱེད་ཀྱི་ཞལ་ངོ་ངེས་པར་མཇལ་བར་འགྱུར། གཉིད་ནས་བསད་སྐབས་སུ། སྐུ་ཉིད་ང་དང་འགྲོགས་པའི་ཉམས་སྣང་གིས། ང་ཡི་སེམས་ནི་དགའ་སྤྲོའི་ཡོངས་སུ་ཁྱབ༎

གསུང་མགུར 18

དཱ་བིད་ཀྱིས་རྒྱལ་ཁའི་བསྟོད་དབྱངས་ལེན་པ།

(༢ ཤ་མུ་ཨེལ་ ༢༢:༡-༥༡)

1གཙོ་བོ་དཀོན་མཆོག་ཁྱེད་ནི་ཁོ་བོ་ཡི། སྲུང་སྐྱོབ་མཛད་པོ་ཡིན་པས་ངས་ཁྱེད་ལ། བློ་སེམས་དགའ་པོས་བརྩེ་གུས་ཞུ་བཞིན་ཡོད། 2གཙོ་བོ་དཀོན་མཆོག་ང་ཡི་སྐྱབས་གནས་ཡིན། ཁོང་ནི་ང་ཡི་མཁར་རྫོང་བརྟན་པོ་ཡིན། ང་ཡི་དཀོན་མཆོག་ང་ཡི་སྐྱབས་གནས་ཡིན། ང་ནི་ཁོང་མཉམ་བརྟན་པོར་གནས། ཁོང་གིས་ཕུབ་བཞིན་ང་ལ་སྲུང་སྐྱོབ་མཛད། ཁོང་གིས་ང་ལ་སྐྱབས་དང་དཔུང་གཉེན་མཛད། 3ངས་ནི་གཙོ་བོ་དཀོན་མཆོག་ལ་འབོད་བསྐུལ་ཞུ་བའི་སྐབས། ཁོང་གིས་ང་ལ་དགྲ་བོ་རྣམས་ལས་སྐྱབས། གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་འབུལ། 4ང་ཡི་ཕྱོགས་བཞིར་འཆི་བའི་འཇིགས་ཉེན་འཁོར། འཇིགས་པའི་རྦ་རླབས་ང་ལ་བཏུམས། 5འཆི་བའི་འཇིགས་པས་ང་ལ་མཐའ་བསྐོར་ཞིང་། དུར་གྱི་རྙི་ཞགས་ང་ཡི་དོན་དུ་བཙུགས། 6རང་ཉིད་དཀའ་ངལ་ནང་དུ་ཚུད་པའི་སྐབས། ངས་ནི་གཙོ་བོ་དཀོན་མཆོག་ཁོང་ལ་འབོད་པ་ཡིན། ང་ཡི་དཀོན་མཆོག་ལ་སྐྱབས་གྲོགས་ཞུས། ཉིད་ཀྱི་མཆོད་ཁང་ནང་ནས་སྐུ་ཉིད་ཀྱིས། ང་ཡི་སྐད་འབོད་གསན་པར་མཛད་གནང་ཞིང་། སྐྱབས་གྲོགས་ཞུས་པའི་ང་ཡི་ངུ་འབོད་ལ། ཁོང་གིས་གསན་ཆོག་མཛད་པར་གནང་། 7དེ་ནས་དཀོན་མཆོག་རབ་ཏུ་ཐུགས་ཁྲོ་བཞེས་པའི་རྐྱེན། ས་གཞི་དྲག་ཏུ་གཡོ་ཞིང་ཡོངས་སུ་འགུལ་། རིའི་རྨང་གཞི་རྣམས་ཀྱང་ཡོངས་སུ་འགུལ། 8ཁོང་གིས་ཤངས་ནས་དུ་བ་ཐོན་པ་དང་། ཞལ་ནས་རབ་ཏུ་འབར་བའི་མེ་སྤུང་ཐོན། 9ཁོང་གིས་ནམ་མཁའ་ཧྲལ་བར་མཛད་གནང་སྟེ། སྤྲིན་པ་ནག་པོའི་སྟེང་དུ་ཞབས་བཅག་ནས། མཐོ་རིས་གནས་ནས་མར་ལ་ཕེབས། 10འདབ་ཤོག་ལྡན་པའི་སྲོག་ཆགས་སྟེང་ཆིབ་ནས། ཁོང་ནི་ཧ་ཅང་མྱུར་བར་འཕུར་ཏེ་ཕེབས། ཁོང་ནི་རླུང་གི་ཤོག་པར་ཆིབས་ནས་ཕེབས། 11ཁོང་ནི་མུན་པས་བཀབ་ཅིང་བཞུགས། ཆར་སྤྲིན་སྟུག་པོས་ཁོང་ལ་ཡོངས་སུ་བསྐོར། 12ཁོང་གི་མདུན་དུ་གློག་འོད་འཁྱུགས་པ་དང་། གནམ་གྱི་སྤྲིན་པ་ནག་པོའི་དཀྱིལ་དེ་ནས། སེར་བ་དང་ནི་མེ་ལྕེ་འབར་ཞིང་ཐོན། 13དེ་ནས་ནམ་མཁའ་ནས་གཙོ་བོ་དཀོན་མཆོག་འབྲུག་སྐད་འདིར་བ་རེད། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གི་གསུང་སྐད་ཐོས་པ་རེད། 14ཁོང་གིས་ཕྱག་མདའ་བཀྱོན་ཏེ་དགྲ་རྣམས་སྟོར། གློག་འོད་དྲག་པོ་འཁྱུགས་པར་མཛད་གནང་སྟེ། དེ་ཚོར་དེད་གནང་མཛད་པས་རྒྱུག་ནས་བྲོས། 15གཙོ་བོ་དཀོན་མཆོག་ཁྱེད་ཉིད་ཀྱི་དགྲ་རྣམས་ལ། ཐུགས་ཁྲོའི་ངང་དུ་བཀའ་ཀྱོན་མཛད་པ་དང་། འབྲུག་སྐད་འདིར་བ་བཞིན་དུ་གསུང་བཀྱོན་པས། རྒྱ་མཚོ་དང་ནི་ས་གཞིའི་རྨང་གཞི་རྣམས་མངོན་པར་མཛད་གནང་ངོ་། 16གཙོ་བོ་དཀོན་མཆོག་ཁོང་གིས་མཐོ་རིས་ནས། ཕྱག་གཉིས་བརྐྱངས་ཏེ་ང་ལ་ཡར་བསླངས་ཤིང་། ཆུ་གཏིང་ཟབ་པོའི་ནང་ནས་ང་བཏོན་མཛད། 17ང་ཡི་དགྲ་བོ་མཐུ་སྟོབས་ཆེན་པོ་དང་། སྡང་དགྲར་བྱེད་པའི་དགྲ་བོ་སྟོབས་ཆེན་ལས། ཉིད་ཀྱི་ང་ལ་སྐྱབས་པར་མཛད་གནང་ངོ་། 18ང་ནི་དཀའ་ངལ་ནང་དུ་ཚུད་པའི་སྐབས། དེ་ཚོས་ང་ལ་འཐབ་རྒོལ་བྱས་མོད་ཀྱང་། གཙོ་བོ་དཀོན་མཆོག་གིས་ང་ལ་སྲུང་སྐྱོབ་མཛད་གནང་ངོ་། 19ཁོང་གིས་ང་ལ་ཉེན་ཁའི་ནང་ནས་སྐྱབས། ཁོང་ནི་ང་དང་ཧ་ཅང་ཐུགས་མཉེས་པས། ང་ལ་སྐྱབས་མཛད་གནང་ངོ་། 20ང་ནི་ཚུལ་བཞིན་དྲང་པོར་སྤྱོད་པས་ན། གཙོ་བོ་དཀོན་མཆོག་ང་ལ་བྱ་དགའ་གནང་བར་མཛད། ང་ནི་གནོང་མེད་ཡིན་པས་བྱིན་རླབས་གནང་། 21ངས་ནི་གཙོ་དཀོན་མཆོག་ཡི་བཀའ་ཁྲིམས་ཚུལ་བཞིན་སྲུང་། རང་གི་དཀོན་མཆོག་ལ་ངས་ནི་དད་མེད་ལོག་ལྟ་ཞུས་མེད་དོ། 22ངས་ནི་ཁོང་གི་བཀའ་ཁྲིམས་ཡོངས་སུ་སྲུང་། ཁོང་གི་བཀའ་རྒྱ་བརྩི་མེད་ཞུས་མེད་དོ། 23ང་ལ་གནོང་དང་སྐྱོན་མཚང་མེད་པ་དང་། ངས་ནི་ལས་ངན་བྱས་པ་ལས་ལོགས་སུ་བསྡད་པའི་སྐོར། ཁོང་གིས་མཁྱེན་པར་མཛད། 24དེ་བས་ཁོང་གིས་ང་ལ་བྱ་དགའ་གནང་། གང་ལགས་ཟེར་ན་ང་ནི་ཚུལ་བཞིན་དྲང་པོར་སྤྱོད་པ་དང་། ཉེས་མེད་ཡིན་པར་ཁོང་གིས་མཁྱེན་པར་མཛད། 25ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་མཉམ་དམ་གཙང་ཞུ་མཁན་ལ། སྐུ་ཉིད་ཀྱིས་ཀྱང་དམ་གཙང་སྤྱོད་པར་མཛད། རྣམ་དག་རྣམས་ལ་ཁྱེད་ཀྱིས་སྤྱོད་བཟང་མཛད། 26གཙང་བ་རྣམས་ལ་ཁྱེད་ཀྱིས་གཙང་ཞིང་དག། ངན་པ་རྣམས་ལ་ཁྱེད་ཀྱིས་སྡང་བར་མཛད། 27ཉམ་ཆུང་རྣམས་ལ་ཁྱེད་ཀྱིས་སྐྱབས་པར་མཛད། ང་རྒྱལ་ཅན་ལ་ཁྱེད་ཀྱིས་སྨད་པར་མཛད། 28ཀྱེ་གཙོ་བོ་ཁྱེད་ཀྱི་ང་ལ་འོད་གནང་སྟེ། ང་ཡི་མུན་ནག་ཡོངས་སུ་སེལ་བར་མཛད། 29ཁྱེད་ཀྱིས་ང་ཡི་དགྲ་བོར་འཐབ་རྒོལ་བྱེད་པའི་ཕྱིར་སྟོབས་ཤུག་གནང་བ་དང། དེ་ཚོའི་ཐོག་ཏུ་རྒྱལ་ཁ་ཐོབ་པའི་ཕྱིར་ང་ལ་ནུས་ཤུགས་གནང་བར་མཛོད། 30དཀོན་མཆོག་འདི། ཁོང་གི་མཛད་འཕྲིན་ཡང་དག་ལགས། ཁོང་གི་བཀའ་རྣམས་བློ་གདེངས་བྱ་འོས་ལགས། ཁོང་ནས་སྲུང་སྐྱོབ་ཞུ་བར་འདོད་མཁན་ལ་ཁོང་ནི་ཕུབ་དང་འདྲ། 31གཙོ་བོ་དཀོན་མཆོག་གཅིག་པོ་དཀོན་མཆོག་ལགས་པ་དང་། དཀོན་མཆོག་གཅིག་པོ་ང་ཚོའི་སྲུང་སྐྱོབ་ཡིན། 32ང་ལ་མཐུ་དང་ནུས་སྟོབས་གནང་མཁན་དང་། ང་ཡི་འགྲུལ་ལམ་བརྟན་པོར་འཁྲིད་མཁན་དེ། དཀོན་མཆོག་རང་ཉིད་ཡིན་པར་ངེས་ལགས་སོ། 33རི་དྭགས་ཤ་བའི་གོམ་འགྲོས་བརྟན་པོ་བཞིན། ང་ཡི་གོམ་པ་རྣམས་བརྟན་པོར་མཛད། ཁོང་གིས་ང་ལ་རི་ཁར་ཉེན་མེད་བཞག། 34ཀུན་ལས་མཁྲེགས་པའི་མདའ་གཞུ་སྤྱོད་ཐུབ་ཕྱིར། ཁོང་གིས་ང་ལ་འཐབ་མོའི་སྦྱོང་བདར་སྤྲད། 35ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་གདག་ཉིད་ལ། སྲུང་སྐྱོབ་བརྟན་པོར་མཛད་དེ་སྐྱབས་གྲོགས་གནང་། ཉིད་ཀྱིས་ང་ལ་གཟིགས་སྐྱོང་མཛད་པར་བརྟེན། ཉིད་ཀྱི་མཐུ་དང་ནུས་པར་བརྟེན་པས་ན། ང་ནི་ཉེས་མེད་བརྟན་པོར་གནས་ལགས་སོ། 36ཁྱེད་ཀྱིས་ང་ལ་བཙོན་ལས་སྐྱབས་པ་གནང་། ང་ནི་ད་བར་ནམ་ཡང་འགྱེལ་མེད་དོ། 37ངས་དགྲ་བོའི་རྗེས་སུ་འདེད་ནས་འཛིན་བཟུང་བྱེད། དེ་ཚོ་ཡོངས་སུ་ཚར་གཅོད་མ་བྱེད་པར། མཚམས་འཇོག་བྱེད་དེ་ང་ནི་ལོག་མི་ཡོང་། 38ང་ཡིས་དེ་ཚོར་ཞུས་པས་རྐྱེན་དེ་ཚོ་ངའི་མདུན་ཕམ་ཞིང་ལང་མི་ཐུབ། 39འཐབ་མོའི་དོན་དུ་མཁོ་བའི་ནུས་སྟོབས་དང་། དགྲ་བོའི་གཡུལ་ལས་རྣམ་པར་རྒྱལ་བ་དེ། ཁྱེད་ཉིད་རང་གི་ང་ལ་གནང་བར་མཛད། 40ང་ཡི་མདུན་ནས་རང་གི་དགྲ་བོ་རྣམས། ཁྱེད་ཀྱིས་ཡོངས་སུ་འདེད་པར་མཛད་པ་གནང་། ང་ལ་སྡང་མཁན་རྣམས་ལ་ངས་ཚར་བཅད། 41དེ་ཚོས་སྐྱབས་གྲོགས་ཞུ་ཕྱིར་སྐད་འབོད་ཀྱང་། སུས་ཀྱང་དེ་ཚོར་སྐྱབས་གྲོགས་མི་བྱེད་དོ། དེ་ཚོས་གཙོ་བོ་དཀོན་མཆོག་ལ་ཞུ་འབོད་བྱེད་མོས་ཀྱང་། ཁོང་གིས་དེ་ཚོར་བཀའ་ལན་མི་གནང་ངོ་། 42ངས་ནི་དེ་ཚོར་བརྫིས་བས་རྐྱེན། དེ་ཚོ་རླུང་གིས་འཁྱེར་བའི་རྡུལ་བཞིན་འགྱུར། ངས་ནི་དེ་ཚོར་ལམ་གྱི་འདམ་རྫབ་བཞིན། རྐང་པའི་འོག་ཏུ་རྡོག་བརྫིས་གཏོང་བར་བྱེད། 43ཁྱེད་ཀྱིས་ང་ལ་མི་ངོ་ལོག་ཅན་ལས་སྐྱབས་ནས། མི་རིགས་རྣམས་ཀྱི་ཐོག་རྒྱལ་པོར་བསྐོས། ད་ལྟ་ངོ་ཤེས་མེད་པའི་མི་རྣམས་ང་ཡི་འབངས་སུ་འགྱུར། 44ཕྱི་ཡུལ་མི་རྣམས་ངའི་མདུན་མགོ་སྒུར་ཞིང་། ང་ཡི་གཏམ་དེ་ཚོས་ཐོས་ནས་བརྩི་སྲུང་བྱས། 45དེ་ཚོ་སེམས་ཤུགས་ཉམ་ཤིང་ལུས་འདར་ཏེ། རང་གི་འཛིང་རག་ཁག་ནས་ཐོན་པར་འགྱུར། 46གཙོ་བོ་དཀོན་མཆོག་ཉིད་ནི་སྐུ་གསོན་པས། ང་ཡི་བསྲུང་སྐྱོབས་བྱས་མཁན་དེ་ལ་བསྟོད་བསྔོགས་ཤིག། ང་ལ་སྐྱབས་པར་མཛད་མཁན་དཀོན་མཆོག་གི། མངའ་ཐང་ཆེན་པོའི་སྐོར་ལ་ཁྱབ་བསྒྲགས་བྱོས། 47ཁོང་གིས་ང་ལ་རང་གི་དགྲ་རྣམས་ཐོག། རྒྱལ་ཁ་གནང་བར་མཛད། ཁོང་གིས་མི་རིགས་རྣམས་ང་ཡི་དབང་དུ་བསྡུ་བར་མཛད་གནང་ངོ་། 48ང་ལ་རང་གི་དགྲ་ལས་སྐྱབས་པར་མཛད། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་བདག་ཉིད་ལ། རང་གི་དགྲ་བོ་རྣམས་ལས་རྒྱལ་ཁ་གནང་། དྲག་ཤུལ་མི་ལས་སྐྱབས་པར་མཛད། 49དེ་བས་ང་ནི་མི་རིགས་ཀུན་གྱི་ཁྲོད། བསྟོད་དབྱངས་ལེན་ཞིང་ཁྱེད་ལ་བསྔགས་བརྗོད་ཞུ། 50དཀོན་མཆོག་གིས་ནི་རང་གི་རྒྱལ་པོ་ལ། རྣམ་པར་རྒྱལ་བའི་གོ་སྐབས་གནང་བར་མཛད། ཁོང་གིས་འདམས་པའི་སྐྱེ་བོ་དཱ་བིད་དང་ནི་ཁོང་གི་རིགས་བརྒྱུད་ལ། རྒྱུན་ལྡན་ཐུགས་བརྩེ་རྒྱུན་དུ་བསྟན་པར་མཛད་གནང་ངོ༎

གསུང་མགུར 19

བཀོད་པའི་ནང་དཀོན་མཆོག་གི་གཟི་བརྗིད་མངོན་པ།

1དཀོན་མཆོག་ཁོང་གི་དཔལ་དང་གཟི་བརྗིད་སྐོར། ཀུན་ཁྱབ་ནམ་མཁའི་གསལ་པོར་མངོན་པར་བྱས། ཁོང་གི་མཛད་འཕྲིན་མཐའ་དག་རྣམས་ཀྱི་སྐོར། ཞིབ་གསལ་ངང་དུ་ནམ་མཁས་མངོན་པར་བྱས། 2ཉིན་མོ་རེ་རེར་སང་ཉིན་གྱི་ཆེད་དུ། ཁོང་གི་མཛད་འཕྲིན་སྐོར་ལ་ཁྱབ་བསྒྲགས་བྱེད། མཚན་མོ་རེ་རེར་རྗེས་མའི་མཚན་དེ་ལ། ཁོང་གི་མཛད་པའི་སྐོར་ལ་སྐྱར་བཤད་བྱེད། 3སྐད་དང་ཚིག་བརྗོད་བེད་སྤྱོད་མ་བྱས་པར། དེ་བཞིན་སྐད་སྒྲ་གང་ཡང་མ་འདོན་མོད། 4འོན་ཀྱང་དེ་ཚོས་འབོད་པའི་སྐད་སྒྲ་དེ། འཇིག་རྟེན་ཀུན་ཏུ་སླེབས་པར་བྱས་པ་དང་། དེ་ནི་ས་གཞིའི་མཐའ་བར་ཀུན་གྱིས་ཐོས། དཀོན་མཆོག་ཁོང་གིས་གནམ་གྱི་ནང་དུ་ཡང་། ཉི་མའི་དོན་དུ་གནས་ཤིག་བཀོད་གནང་མཛད། 5དེ་ནི་དགའ་བའི་བག་མའི་མག་པ་བཞིན། སྔ་དྲོའི་དུས་སུ་ཐོན་ཏེ་ཡར་ལ་ཡོང་། འདོད་ལྡན་པའི་བང་རྒྱུག་མཁན་དང་འདྲ་བར་འོང་། 6གནམ་གྱི་མུ་འཁྱུག་གཅིག་ནས་གཞན་བར་སླེབས། དེ་ཡི་དྲོད་ལས་སུ་ཡང་གབ་མི་ནུས༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས།

7གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་རྣམ་པར་དག་པ་ཡིན། དེ་ཡི་ནུས་སྟོབས་གསར་པ་སྦྱིན་པར་ནུས། གཙོ་བོ་དཀོན་མཆོག་གི་བཀའ་རྒྱར་བློ་བཅོལ་འོས་ལགས་ཤིང་། ཤེས་རབ་མེད་པར་ཤེས་རབ་སྦྱིན་ནུས་སོ། 8གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་དྲང་ཞིང་བདེན་ལགས་པས། དེ་དག་སྲུང་བའི་མི་རྣམས་དགའ་ཞིང་བདེ། གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་དྲང་ཞིང་ཚུལ་མཐུན་ལགས། དེས་ནི་མི་ཡི་བསམ་ཤེས་རྒྱས་པར་སྦྱིན། 9གཙོ་བོ་དཀོན་མཆོག་ཁོང་ལ་གུས་ཞབས་ད་ནི་ལེགས་པ་ཡིན། དུས་རྒྱུན་ཆེད་དུ་དེ་ནི་བརྟན་པོར་གནས། གཙོ་བོ་དཀོན་མཆོག་གི་ཁྲིམས་རྣམས་དྲང་ཞིང་བདེན་ལགས་པས། དེ་ནི་ཕྱོགས་ཞེན་ཉེ་རིང་ཀུན་ལས་བྲལ། 10རིན་ཆེན་གསེར་ནི་བཙོ་མ་ལས་ཀྱང་ལྷག། དེ་ལ་ཀུན་གྱིས་མོས་ཤིང་བདག་འདོད་བྱེད། དེ་ནི་སྦྲང་རྩི་བཟང་ཤོས་ལས་ཀྱང་མངར། 11དེས་ནི་ཁྱེད་ཀྱི་བྲན་པོ་བདག་ཉིད་ལ། བློ་དང་རིག་པ་ཤེས་རབ་སྦྱིན་པར་མཛད། དེ་དག་བརྩི་སྲུང་ཞུས་པའི་སྒྲུབ་འབྲས་སུ། ང་ལ་བྱ་དགའ་གནང་སྦྱིན་བཟང་པོ་ཐོབ། 12སྐྱེ་བོ་སུས་ཀྱང་རང་སྐྱོན་མི་མཐོང་བས། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་བདག་ཉིད་ལ། གསང་བའི་ཉེས་སྐྱོན་རྣམས་ལས་སྐྱོབ་པར་མཛད། 13རང་གིས་ཤེས་བཞིན་བྱས་པའི་སྡིག་པ་ལས། ཁྱེད་ཀྱིས་ང་ལ་སྐྱབས་གནང་བར་མཛོད། ང་ནི་སྡིག་པ་དེ་འདྲའི་མངའ་འོག་ཏུ་ཚུད་མི་བཅུག་རོགས་གནང་། དེ་འདྲ་མཛད་པའི་སྒོ་ནས་བདག་ཉིད་ནི། སྡིག་སྤྱོད་ལས་ངན་དག་ལས་གྲོལ་བར་འགྱུར། 14ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ནི་ང་ཡི་སྐྱབས་གནས་དང་། ཐར་ལམ་མགོན་སྐྱབས་མཛད་པོ་ཡིན་པས་ན། ང་ཡི་ཚིག་དང་བསམ་བློ་གཉིས་པོ་ནི། ཁྱེད་ལ་ངོས་ལེན་འོས་པ་ཡིན་པར་ཤོག།

གསུང་མགུར 20

རྒྱལ་ཁའི་ཆེད་དུ་ཞུ་བའི་སྨོན་ལམ།

1ཁྱེད་རང་དཀའ་ངལ་ནང་དུ་ཚུད་པའི་སྐབས། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་བཀའ་ལན་གནང་བར་ཤོག། ཡ་ཀོབ་ཉིད་ཀྱི་དཀོན་མཆོག་དེ་ཉིད་ཀྱིས། ཁྱེད་ལ་སྲུང་སྐྱོབ་བཙན་པོ་གནང་བར་ཤོག། 2ཉིད་ཀྱི་མཆོད་ཁང་ནང་ནས་ཁྱོད་རང་ལ། མགོན་དང་སྐྱབས་གྲོགས་ཁོང་གིས་གནང་བར་ཤོག། རི་བོ་ཛི་ཡོན་ཕྱོགས་ནས་ཁྱོད་ལ་སྐྱབས་གྲོགས་མཛད་པར་ཤོག། 3ཁྱོད་ཀྱིས་འབུལ་བ་རྣམས་ལ་ཁོང་གི་ངོས་ལེན་གནང་བར་ཤོག། ཁྱོད་ཀྱི་དམར་མཆོད་རྣམས་ལ་ཐུགས་སེམས་མཉེས་པར་ཤོག། 4ཁྱོད་ཀྱི་རེ་འདུན་ཚང་མ་སྒྲུབ་མཛད་དེ། ཁྱོད་ཀྱི་འཆར་གཞིར་ལམ་འགྲོ་ཡོང་བར་ཤོག། 5དེ་ནས་ང་ཚོས་ཁྱོད་ཀྱི་རྒྱལ་ཁ་ལ་བརྟེན་ནས། དགའ་བའི་སྐད་འབོད་ཆེན་པོ་སྒྲོག་པར་བྱ། ང་ཚོས་རང་གི་དཀོན་མཆོག་དེ་ཉིད་ལ། བསྟོད་བསྔགས་ཞུས་ཏེ་ཁྱོད་ཀྱི་རྒྱལ་ཁའི་སྐོར། དགའ་སྟོན་ཆེན་པོས་བརྩི་སྲུང་གྱིས་པར་བྱ། ཁྱོད་ཀྱི་ཞུ་འབོད་ཚང་མར་གཙོ་བོ་དཀོན་མཆོག་ཡིས། བཀའ་ལན་གསལ་པོར་ཁྱོད་ལ་གནང་བར་ཤོག། 6ཉིད་ཀྱིས་འདེམས་བསྐོས་མཛད་པའི་རྒྱལ་པོ་ལ། གཙོ་བོ་དཀོན་མཆོག་གིས་རྒྱལ་ཁ་གནང་བ་ད་ངེས་ཤེས། མཐོ་རིས་དམ་པའི་གནས་ནས་ཁོང་ཉིད་ཀྱིས། དེ་ལ་བཀའ་ལན་ཁོང་གིས་གནང་། ཁོང་གི་ཉིད་ཀྱི་མཐུ་དང་ནུས་པ་ཡིས། དེ་ལ་རྒྱལ་ཁ་ཆེན་པོ་གནང་བར་འགྱུར། 7འགའ་ཞིག་གིས་ནི་དམག་གི་ཤིང་རྟ་དང་། འགའ་རེས་རྟ་ཚོགས་མང་པོར་བློ་བཅོལ་ལོ། འོན་ཀྱང་ང་ཚོས་རང་གི་གཙོ་བོ་དཀོན་མཆོག་གི། མཐུ་དང་ནུས་སྟོབས་ཁོ་ནར་བློ་བཅོལ་བྱ། 8སྐྱེ་བོ་དེ་འདྲ་རྐང་པ་འཁོན་ཏེ་འགྱེལ། འོན་ཀྱང་ང་ཚོ་ལངས་ཤིང་བརྟན་པོར་གནས། 9ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་རྒྱལ་པོ་ལ། རྒྱལ་ཁ་གནང་ཞིང་ང་ཚོའི་ཞུ་འབོད་ལ། ཉིད་ཀྱིས་བཀའ་ལན་གནང་བར་མཛོད༎

གསུང་མགུར 21

རྒྱལ་ཁའི་ཆེད་དུ་བསྟོད་བསྔགས་འབུལ་བ།

1གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་རྒྱལ་པོ་ལ། ནུས་སྟོབས་གནང་བས་ཁོང་ནི་དགའ་ཞིང་མགུ། ཁྱེད་ཀྱིས་ཁོང་ལ་རྒྱལ་ཁ་གནང་བར་བརྟེན། ཁོང་གི་སེམས་ལ་དགའ་ཚོར་ཆེན་པོ་སྐྱེད། 2ཁྱེད་ཀྱིས་ཁོང་གི་རེ་འདོད་སྐོང་གནང་ཞིང་། ཁོང་གི་ཞུ་བར་ཁྱེད་ཀྱིས་བཀའ་ལན་གནང་། 3བྱིན་རླབས་དཔག་མེད་བཞེས་གནང་སྟེ། ཁྱེད་ནི་ཁོའི་རྩར་ཕེབས་གནང་གིས། མགོ་བོར་གསེར་གྱི་ཅོད་པཎ་བསྐོན་པར་མཛད། 4ཁོང་ནི་སྲོག་གི་གནང་སྦྱིན་ཞུས་པ་ལྟར། ཁྱེད་ཀྱིས་ཁོང་ལ་དེ་བཞིན་གནང་བར་མཛད། ཡུན་རིང་འཚོ་ཞིང་གནས་པའི་མི་ཚེ་གནང་། 5ཁྱེད་ཀྱིས་ཁོང་ལ་སྐྱབས་གྲོགས་གནང་བར་རྟེན། ཁོང་གི་གཟི་བརྗིད་རྒྱས་ཤིང་འཕེལ། ཁྱེད་ཀྱིས་ཁོང་ལ་སྙན་གྲགས་དང་དཔལ་གྱིས་བརྒྱན། 6ཁྱེད་ཀྱི་བྱིན་རླབས་ཁོ་དང་མཉམ་དུ་དུས་ཀུན་གནས་ལགས་སོ། སྐུ་ཉིད་ཁོ་དང་མཉམ་དུ་འགྲོགས་པའི་རྐྱེན། ཁོ་ཡི་སེམས་ནི་དགའ་བ་ཆེན་པོའི་ཁྱབ། 7ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ལ། རྒྱལ་པོས་རྣམ་པ་ཀུན་ཏུ་བློ་གཏད་ཞུས། གཙོ་བོའི་རྒྱུན་ལྡན་ཐུགས་བརྩེ་གནང་བའི་རྐྱེན། ཁོ་ནི་རྒྱུན་དུ་བརྟན་པོར་གནས་ལགས་སོ། 8རྒྱལ་པོས་རང་གི་དགྲ་ཚང་མར་འཛིན་བཟུང་བྱེད་པར་འགྱུར། རང་ལ་སྡང་དགྲ་བྱེད་པའི་སྐྱེ་བོ་ཀུན་ཁོས་ནི་འཛིན་བཟུང་བྱེད་པར་འགྱུར། 9ཁོང་ཉིད་མེ་སྤུང་འབར་བཞིན་མངོན་པའི་དུས། ཁོང་གིས་དེ་ཚོར་ཚར་གཅོད་གནང་བར་འགྱུར། གཙོ་བོ་དཀོན་མཆོག་ཉིད་ཀྱི་ཐུགས་ཁྲོའི་ནང་། དེ་ཚོར་ཡོངས་སུ་ཚར་བཅད་གནང་། མེ་ཡིས་དེ་ཚོར་ཡོངས་སུ་འཇིགས་པར་བྱས། 10དེ་ཚོའི་མི་བརྒྱུད་གཅིག་ཀྱང་མ་གསོན་པར། རྒྱལ་པོས་དེ་ཚོ་ཡོངས་སུ་ཚར་བཅད་མཛད། 11དེ་ཚོས་ཁོང་ལ་རྒོལ་བའི་བྱུས་ངན་བརྩམ། འོན་ཀྱང་དེ་ཚོའི་བསམ་དོན་སྒྲུབ་མི་འགྱུར། 12ཁོང་གིས་དེ་ཚོར་ཕྱག་མདའ་བཀྱོན་པའི་སྐབས། དེ་ཚོ་ཕྱིར་ལོག་རྒྱབ་ནས་བྲོས་པར་འགྱུར། 13གཙོ་བོ་དཀོན་མཆོག་ཉིད་ཀྱི་མཐུ་སྟོབས་ལ། ང་ཚོས་མོས་ཤིང་བསྟོད་པ་འབུལ་བར་བྱ། ཁྱེད་ཀྱི་མཐུ་སྟོབས་ཆེན་པོར་བསྟོད་དབྱངས་ལེན༎

གསུང་མགུར 22

སྨྲེ་ངག་དང་བསྟོད་དབྱངས།

1ཀྱེ་ང་ཡི་དཀོན་མཆོག། ཀྱེ་ང་ཡི་དཀོན་མཆོག་མཁྱེན། ཁྱེད་ཀྱིས་ང་ལ་ཅིའི་ཕྱིར་སྤངས་བར་མཛད། ངས་ནི་ཁྱེད་ལས་སྐྱབས་གྲོགས་ཞུ་བའི་ཕྱིར། ཐབས་ཟད་ངང་དུ་སྐད་འབོད་འདོན་མོད་ཀྱང་། ད་བར་ང་ལ་སྐྱབས་གྲོགས་འབྱོར་མ་བྱུང་། 2ང་ཡི་དཀོན་མཆོག་ཁྱེད་ལ་ཁོ་བོ་ཡིས། ཉིན་མོའི་དུས་སུ་ཞུ་འབོད་བྱས་མོད་ཀྱང་། ཁྱེད་ཀྱིས་ང་ལ་བཀའ་ལན་མཛད་མ་བྱུང་། མཚན་མོར་ཞུ་འབོད་བྱས་ནའང་། སེམས་ལ་ངལ་གསོ་ཐོབ་མ་བྱུང་། 3འོན་ཀྱང་ཁྱེད་ནི་དམ་པ་མཆོག་གི་ངང་དུ་བཞུགས་ཁྲིར་བཞུགས། ཨིསི་རཱཨེལ་གྱིས་ནི་ཁྱེད་ལ་བསྟོད་དབྱངས་འབུལ། 4ང་ཚོའི་མེས་པོ་རྣམས་ཀྱིས་ཁྱེད་ལ་བློ་བཅོལ་ཞུས། དེ་ཚོས་ཁྱེད་ལ་བློ་གཏད་ཞུས་པས་རྐྱེན། ཁྱེད་ཀྱིས་དེ་ཚོར་སྐྱབས་གྲོགས་མཛད་པ་གནང་། 5དེ་ཚོས་ཁྱེད་ལ་ཞུ་འབོད་བྱས་པའི་རྐྱེན། དེ་ཚོ་ཉེན་ཁའི་འཇིགས་ལས་ཡོངས་སུ་ཐར། དེ་ཚོས་ཁྱེད་ལ་བློ་གཏད་ཇི་བྱས་བཞིན། སེམས་སྡུག་བློ་འཕམ་ནམ་ཡང་མི་བྱས་སོ། 6འོན་ཀྱང་ང་ནི་འགྲོ་བ་མི་ཞིག་མ་ཡིན་པར། སྲོག་ཆགས་འབུ་སྲིན་ཞིག་དང་མཚུངས་ཤིང་གནས། དེས་ན་ཚང་མས་ང་ལ་འཕྱ་ཞིང་དམད། 7ང་ལ་མཐོང་མཁན་ཚང་མས་འཕྱ་བ་དང་། ལྕེ་བཏོན་མགོ་གཡུག་བྱེད་དོོ། 8ཁོ་ཚོས་སྨྲས་པ། ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ཞུས་པ་བཞིན། ཁོང་གིས་ཁྱོད་ལ་ཅིའི་ཕྱིར་མི་སྐྱབས་པ་ཡིན་ནམ། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཐུགས་སེམས་མཉེས་ཡོད་ན། ཁྱོད་ལ་སྐྱབས་གྲོགས་ཅིའི་ཕྱིར་མི་གནང་ངམ། 9ང་ནི་ཐོག་མར་མངལ་ནས་སྐྱེས་པའི་དུས། ཁྱེད་ཀྱིས་ང་ལ་ཉེན་མེད་འཁྲིད་ཕེབས་པ་དང། ང་ནི་བྱིས་པ་ཆུང་ངུའི་དུས་སྐབས་ནས། ཁྱེད་ཀྱིས་ང་ལ་བརྟེན་པོ་བཞག་གནང་ངོ། 10དེས་ན་ང་ནི་སྐྱེས་པའི་ཉིན་མོ་ནས། ཁྱེད་ལ་ཡིད་བཅོས་བློ་གཏད་ཞུས་པ་ཡིན། ཁྱེད་ནི་རྒྱུན་དུ་ང་ཡི་དཀོན་མཆོག་ཡིན། 11སྐུ་ཉིད་ང་ལས་རྒྱང་རིང་མ་བཞུགས་ཤིག། ང་ནི་དཀའ་ངལ་ནང་དུ་ཚུད་ཉེ་བས། ང་ལ་སྐྱབས་གྲོགས་བྱེད་མཁན་སུའང་མེད། 12ང་ཡི་ཕྱོགས་བཞིར་གླང་གིས་བསྐོར་བ་བཞིན། དགྲ་བོ་མང་པོས་ང་ལ་མཐའ་ནས་བསྐོར། དེ་རྣམས་བྷ་ཤན་ཡུལ་ལྗོངས་ཀྱི་འཇིགས་རྔམ་ལྡན་པའི་གླང་བཞིན་མཐའ་ནས་བསྐོར། 13སེང་གེ་བཞིན་དུ་ངར་ཞིང་ཁ་གདང་ནས། སྡེར་མོས་ང་ལ་རྩབ་ཧྲལ་བཟོ་བར་འདོད། 14ང་ཡི་སྟོབས་ཤུགས་ཉམས་ནས་ཡོད། ས་ལ་ཆུ་འབོ་བ་ལྟར་ཡལ་ནས་ཕྱིན། ང་ཡི་རུས་པའི་ཚིགས་རྣམས་ལྷུ་གཞིག་ཅིང་། ང་ཡི་སེམས་ནི་སྤྲ་ཚིལ་བཞུ་བ་བཞིན་དུ་ཆགས་ནས་ཡོད། 15ང་ཡི་མགྲིན་པ་ས་རྡུལ་བཞིན་དུ་བསྐམ། ང་ཡི་ལྕེ་ནི་རྐན་ལ་ཡར་འབྱར་ཡོད། ང་ནི་ཤི་བ་ཡིན་པར་ཆ་བཞག་ནས། ཁྱེད་ཀྱིས་ང་ལ་ས་ཁར་དོར་བར་མཛད། 16མི་ངན་ཚོགས་ཀྱི་ང་ཡི་མཐའ་ནས་བསྐོར། ཁྱི་ཡི་ཚོགས་བཞིན་དེ་ཚོ་ངའི་རྩར་འཁོར། ང་ཡི་ལུས་ཀྱི་ཡན་ལག་ལ་སོགས་ལ། སྡེར་མོས་སྦ་ར་རྒྱབ་སྟེ་རྨས་པར་བྱས། 17ང་ཡི་རུས་པ་ཚང་མ་མངོན་པས་ན། ང་ཡི་དགྲ་བོས་ང་ལ་མིག་ཅེ་རེའི་བལྟ་བཞིན་བསྡད་ནས་འདུག། 18ང་ཡི་གོས་ལ་དེ་ཚོས་རྒྱན་བརྒྱབ་ནས། ཕན་ཚུན་ཆ་བགོས་རྒྱབ་ནས་འཁྱེར་བར་བྱ། 19ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ནི་ངའི་རྩར་ནས། ཐག་རིང་རྒྱང་དུ་ཕེབས་པར་མ་གནང་ཞིག། ང་ལ་སྐྱབས་པའི་ཕྱིར་མྱུར་བར་ཕེབས་རོགས་གནང་། 20རལ་གྲིའི་འཇིགས་པར་ང་ལ་སྐྱབས་པར་མཛོད། ཁྱི་འདི་ཚོ་ལས་ངའི་སྲོག་སྐྱབས་པར་མཛོད། 21སེང་གེ་ཚོགས་ལས་ང་ལ་སྐྱབས་པར་མཛོད། ནགས་ཀྱི་གླང་རྒོད་རྣམས་ཀྱི་མདུན་དུ་ང་། རེ་མེད་བྱ་ཐབས་ཀུན་ལས་བྲལ་ནས་ཡོད། 22ཉིད་ཀྱིས་མཛད་འཕྲིན་ཇི་མཛད་དག་གི་སྐོར། ངས་ནི་རང་གི་འབངས་ལ་བཤད་པར་བྱ། དེ་ཚོའི་འདུ་ཚོགས་ཆེན་པོའི་དཀྱིལ་དུ་ང་། ཁྱེད་ལ་བསྟོད་ཅིང་བསྔགས་བརྗོད་ཞུ་བར་བྱ། 23གཙོ་བོ་དཀོན་མཆོག་ཁོང་གི་ཞབས་ཏོག་པ་རྣམས་ཁོང་ལ་བསྟོད། ཡ་ཀོབ་རིགས་བརྒྱུད་རྣམས་ནི་ཁོང་ལ་གུས་བཀུར་ཞུ། ཨིསི་རཱཨེལ་ཡི་མི་མང་རྣམས་ཁོང་ལ་བསྙེན་བཀུར་བྱོས་ཤིག། 24ཁོང་གིས་དབུལ་པོ་རྣམས་ལ་དཀྱུར་གནང་མི་ཡོང། དེ་ཚོའི་དཀའ་ངལ་སྣང་མེད་དུ་བཏང་མི་ཡོང་། དེ་ཚོ་ལས་རང་གི་ཞལ་མི་འགྱུར། འོན་ཀྱང་དེ་ཚོས་སྐྱབས་གྲོགས་ཞུས་པའི་སྐབས། ཁོང་གིས་དེ་ཚོར་བཀའ་ལན་གནང་ངོ། 25ཁྱེད་ཀྱིས་མཛད་པའི་མཛད་འཕྲིན་མཐའ་དག་སྐོར། མི་ཚོགས་དབུས་སུ་ངས་ནི་ཁྱེད་ལ་བསྟོད། ཁྱེད་ལ་བསྙེན་བཀུར་ཞུ་མཁན་རྣམས་ཀྱི་ཁྲོད། རང་གི་དམ་བཅའི་དམར་མཆོད་འབུལ་བར་བྱ། 26དབུལ་པོས་རང་གི་སྨས་པ་བཞིན་དུ་ཁ་ཟས་རྙེད། གཙོ་བོ་དཀོན་མཆོག་དྲུང་དུ་བཅར་མིས་ཁོང་ལ་བསྟོད། དེ་ཚོ་རྒྱུན་དུ་ཕུན་སུམ་ཚོགས་པར་ཤོག། 27མི་རིགས་ཀུན་གྱིས་གཙོ་བོ་དཀོན་མཆོག་དྲན་གསོ་བྱེད། འཇིག་རྟེན་ས་ཕྱོགས་ཀུན་གྱི་མི་རྣམས་ནི། བློ་ཁ་བསྒྱུར་ནས་ཁོང་གི་དྲུང་དུ་བཅར། མི་རིགས་ཀུན་གྱིས་ཁོང་ལ་མཆོད་པར་འགྱུར། 28གཙོ་བོ་དཀོན་མཆོག་མངའ་བདག་ཡིན་པས་ན། མི་རིགས་ཚང་མར་ཁོང་གིས་རྒྱལ་སྲིད་སྐྱོང་། 29ང་རྒྱལ་ཅན་རྣམས་ཁོང་དྲུང་སྒུར་བར་འགྱུར། འཆི་བ་མི་རྟག་ཅན་གྱི་མི་རྣམས་ནི། ཁོང་གི་དྲུང་དུ་མགོ་བོ་སྒུར་བར་འགྱུར། 30མ་འོངས་དུས་ཀྱི་མི་རབས་ཀྱིས་ཁོང་ལ་སྲི་ཞུ་ཞབས་ཏོག་ཞུ་བར་བྱ། དེ་ཚོས་གཙོ་བོའི་སྐོར་མ་འོངས་མི་རབས་རྣམས་ལ་བཤད་པར་འགྱུར། 31ད་བར་མ་སྐྱེས་པ་ཡི་མི་རྣམས་ལ། གཙོ་བོ་དཀོན་མཆོག་ཁོང་གིས་མི་འབངས་ལ། སྐྱབས་སོང་ཟེར་ཞིང་དེ་ཚོས་སྨྲ་བར་འགྱུར༎

གསུང་མགུར 23

གཙོ་བོ་དཀོན་མཆོག་ང་ཚོའི་རྫི་བོ།

1གཙོ་བོ་དཀོན་མཆོག་ང་ཡི་རྫི་བོ་ཡིན། ང་ལ་དགོས་མཁོ་ཆ་ཚང་ཡོད། 2ཉིད་ཀྱིས་རྩྭ་ཁ་བཟང་པོའི་སྤང་ཐང་དུ། ང་ལ་ངལ་གསོ་བྱེད་དུ་འཇུག་པར་མཛད། ཆུ་གཙང་ལྡན་པ་རྫིང་བུ་ཁུ་སིམ་པོའི་གནས་སུ། ཁོང་གིས་ང་ལ་དབུ་འཁྲིད་མཛད་གནང་ངོ། 3ཁོང་གིས་ང་ལ་སྟོབས་ཤུགས་གསར་པ་གནང་། ཇི་ལྟར་ཉིད་ཀྱིས་ཞལ་བཞེས་གནང་བ་བཞིན། འགྲུལ་ལམ་དྲང་པོར་ང་ལ་འཁྲིད་པར་མཛད། 4མུན་ནག་སྡུག་པོའི་ནང་དུ་འགྲུལ་དགོས་ཀྱང་། གཙོ་བོ་དཀོན་མཆོག་ང་ནི་མི་འཇིགས་སོ། གང་ལ་ཟེར་ན་ཁྱེད་ནི་ང་དང་མཉམ་དུ་ཡོད། ཉིད་ཀྱི་རྫི་བོ་འཁར་དང་དབྱུག་པས་ང་ལ་སྲུང་སྐྱོབ་མཛད། 5ང་ཡི་དགྲ་བོ་རྣམས་ཀྱི་མིག་ངོ་རུ། ཁྱེད་ཀྱིས་ངའི་དོན་མགྲོན་བཤམས་མཛད། ང་ལ་སྐུ་མགྲོན་བཞིན་དུ་བསུ་བར་མཛད། ང་ཡི་ཕོར་པ་ཁ་ནས་མ་ལུད་བར། ལྟེམ་མེར་གང་བར་མཛད་པ་གནང་། 6ཁྱེད་ཀྱི་བཟང་བ་ཉིད་དང་བྱམས་པ་དེ། ཚེ་གང་ང་མཉམ་གནས་པ་ང་ཡི་ཤེས། ཁྱེད་ཀྱི་བཞུགས་གནས་དེ་ཚེ་གང་ང་ཡི་སྡོད་གནས་ཤིག་ཏུ་འགྱུར༎

གསུང་མགུར 24

མངའ་ཐང་དང་ལྡན་པའི་རྒྱལ་པོ།

1འཛམ་བུ་གླིང་དང་དེའི་ནང་ཇི་ཡོད་ཀུན། གཙོ་བོ་དཀོན་མཆོག་རང་གི་ཡིན་པ་དང་། ས་གཞི་འདི་དང་དེའི་ནང་གནས་པ་ཀུན། གཙོ་བོ་དཀོན་མཆོག་རང་ཉིད་གི་ཡོན་ནོ། 2ས་གཞིའི་འོག་གི་ཆུ་བོ་གཏིང་རིང་ཁར། ཁོང་གིས་འཇིག་རྟེན་བཀོད་གནང་མཛད་པ་གནང་། རྒྱ་མཚོའི་གཏིང་དུ་དེ་ཡི་རྨང་གཞི་འཛུགས། 3གཙོ་བོ་དཀོན་མཆོག་ཉིད་ཀྱི་རི་བོའི་ཁར། འཛེག་པར་ནུས་པའི་དབང་ཆ་སུ་ལ་ཡོད། ཁོང་གི་མཆོད་ཁང་དམ་པའི་ནང་། སྐྱེ་བོ་སུ་འདྲ་ཞིག་ནི་འཛུལ་ཐུབ་བམ། 4དེ་འདྲ་ནུས་པའི་སྐྱེ་བོ་དམ་པ་ནི། ལས་དང་བསམ་ཚུལ་གཙང་ཞིང་རྣམ་པར་དག། དེ་ཚོས་ལྷ་དང་སྐུ་འདྲར་མི་མཆོད་ཅིང་། དམ་བཅའ་རྫུན་མ་གཏན་ནས་མི་བྱའོ། 5གཙོ་བོ་དཀོན་མཆོག་གིས་ནི་དེ་ཚོ་ལ། བྱིན་གྱིས་རླབས་ཤིང་སྲུང་སྐྱོབ་མཛད་པ་དང་། དཀོན་མཆོག་རང་གིས་དེ་ཚོར་ཉེས་མེད་གསལ་བསྒྲགས་མཛད། 6དཀོན་མཆོག་དྲུང་དུ་བཅར་བར་འོས་པ་ནི། ཡ་ཀོབ་ཀྱི་ནི་དཀོན་མཆོག་དྲུང་དུ་བཅར་མཁན་སྐྱེ་བོ་རྣམས་དེ་འདྲ་ཡིན། 7རྒྱལ་སྒོ་སོགས་དང་གནའ་བོའི་སྒོ་རྙིང་རྣམས། གུ་ཡངས་རྒྱ་ཆེར་ཡོངས་སུ་ཕྱེ་བར་གྱིས། མངའ་ཆེན་རྒྱལ་པོ་དེའི་ནང་ཕེབས་རྒྱུ་ཡིན། 8མངའ་ཆེན་རྒྱལ་པོ་དེ་ནི་སུ་ཡིན་ནམ། ཁོང་ནི་གཙོ་བོ་དཀོན་མཆོག་ལགས། སྟོབས་དང་ནུས་ཤུགས་ལྡན་པ་དང། གཡུལ་ལས་རྣམ་པར་རྒྱལ་བའི་གཙོ་བོ་དཀོན་མཆོག་ལགས། 9རྒྱལ་སྒོ་སོགས་དང་གནའ་བོའི་སྒོ་རྙིང་རྣམས། གུ་ཡངས་རྒྱ་ཆེར་ཡོངས་སུ་ཕྱེ་བར་གྱིས། 10མངའ་ཆེན་རྒྱལ་པོ་དེ་ནི་སུ་ཡིན་ནམ། མངའ་ཐང་ཆེ་བའི་རྒྱལ་པོ་དེ་ཉིད་ནི། རྣམ་པར་རྒྱལ་བའི་གཙོ་བོ་དཀོན་མཆོག་ཡིན༎

གསུང་མགུར 25

དབུ་འཁྲིད་དང་སྲུང་སྐྱོབ་ཀྱི་ཆེད་དུ་སྨོན་ལམ།

1ཀྱེ་གཙོ་བོ་དཀོན་མཆོག་ངས་ནི་ཁྱེད་ཉིད་ལ་སྨོན་ལམ་འདེབས་བཞིན་ཡོད། 2ང་ཡི་དཀོན་མཆོག་ངས་ནི་ཁྱེད་ལ་བློ་གཏད་ཞུ་བཞིན་ཡོད། ཕམ་རྒུད་སྒོ་ནས་བྱུང་བའི་ངོ་ཚ་ལས། ང་ལ་སྐྱབས་པར་མཛད། ང་ཡི་དགྲ་བོ་རྣམས་ཀྱིས་ང་ཡི་ཁར། འཕྱ་གད་བྱེད་དུ་འཇུག་པར་མ་མཛོད་ཅིག། 3ཁྱེད་ལ་བློ་གཏད་བྱེད་མཁན་ཕམ་མི་འགྱུར། འོན་ཀྱང་ཁྱེད་ལ་མྱུར་བར་རྒོལ་མཁན་ལ། ཕམ་རྒུད་ཆེན་པོ་བྱུང་བར་ངེས་ལངས་སོ། 4གཙོ་བོ་དཀོན་མཆོག་ཉིད་ཀྱི་ལམ་མཆོག་དེར། ང་ལ་འགྲུལ་སྐྱོད་བྱེད་པའི་སློབ་སྟོན་མཛད། ལམ་མཆོག་དེ་ཡི་ངོ་སྤྲོད་གནང་བར་མཛོད། 5ང་ལ་ཁྱེད་ཀྱི་བདེན་པ་ཉིད་ཀྱི་ངང་། འཚོ་བར་སློབ་སྟོན་གནང་བར་མཛོད། ང་ལ་སྐྱབས་མཁན་དཀོན་མཆོག་ཁྱེད་ཉིད་ཡིན། ང་ནི་རྒྱུན་དུ་ཁྱེད་ལ་བློ་བཅོལ་བྱ། 6ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཉིད་ཀྱིས། གནའ་བོའི་དུས་ནས་ད་བར་དུ་སྩལ་གནང་བའི། སྐུ་དྲིན་དང་ནི་རྒྱུན་ལྡན་ཐུགས་བརྩེ་དེ། ཁྱེད་ཀྱི་ཐུགས་ལ་དྲན་གསོ་གནང་བར་མཛོད། 7གཞོན་དུས་བསགས་པའི་ང་ཡི་ཉེས་སྡིག་རྣམས། ཁྱེད་ཀྱིས་སྡིག་བཤགས་ཐུགས་བཟོད་གནང་བར་མཛོད། ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་དང་། བཟང་བ་ཉིད་ཀྱི་ངང་ལ་ཁོ་བོ་ལ། གཙོ་བོ་དཀོན་མཆོག་ཁྱེད་ཀྱི་ཐུགས་དྲན་གསོ་བར་མཛོད། 8གཙོ་བོ་དཀོན་མཆོག་དྲང་ཞིང་བཟང་བས་ན། སྡིག་ཅན་རྣམས་ལ་ལམ་སྟོན་མཛད་པ་གནང་། 9ཁོང་གིས་སེམས་ཉིད་དུལ་བའི་མི་རྣམས་ལ། འགྲུལ་ལམ་དྲང་པོའི་ཕྱོགས་སུ་འཁྲིད་པ་གནང་། ཉིད་ཀྱི་ཐུགས་དགོངས་སྐོར་ལ་སློབ་སྟོན་གནང་། 10ཞལ་ཆད་སྲུང་སྟེ་བཀའ་བཞིན་སྒྲུབ་མཁན་ལ། དམ་ཚིག་ལྡན་ཚུལ་དང་ཐུགས་བརྩེས་དབུ་འཁྲིད་མཛད། 11གཙོ་བོ་དཀོན་མཆོག་ཉིད་ཀྱིས་དམ་བཅའ་དེ། ཐུགས་དྲན་གསོ་སྟེ་ང་ལ་སྡིག་སེལ་གནོང་། གང་ལགས་ཟེར་ན་ང་ཡི་ཉེས་དམིགས་རྣམས་ནི་གྲངས་ལས་འདས། 12གཙོ་བོ་དཀོན་མཆོག་ལ་མོས་གུས་བྱེད་མཁན་རྣམས་ཀྱིས། རང་ཉིད་འགྲུལ་བའི་ལམ་མཆོག་སྐོར། ཁོང་ནས་ཤེས་བྱ་སློབ་སྟོན་ཞུ་བར་བྱ། 13དེ་ཚོ་རྒྱུན་དུ་ཡར་རྒྱས་འགྲོ་བ་དང་། དེ་ཚོའི་བུ་ཕྲུག་ཚོས་ ཡུལ་གྲུ་བཟང་པོ་བདག་དབང་བྱེད་པར་འགྱུར། 14ཁོང་གི་བཀའ་རྒྱ་སྲུང་མཁན་རྣམས་ལ་ནི། གཙོ་བོ་དཀོན་མཆོག་གྲོགས་མཆོག་བཞིན་དུ་འགྱུར། དེ་ཚོར་ཁོང་གིས་ཞལ་ཆད་བརྟན་པོར་མཛད། 15སྐྱབས་གྲོགས་ཞུ་ཕྱིར་ང་ནི་དུས་རྒྱུན་དུ། གཙོ་བོ་དཀོན་མཆོག་རང་ལ་རེ་བཅོལ་བྱ། ཁོང་གིས་ང་ལ་ཉན་ཀ་ནང་ནས་སྐྱབས། 16གཙོ་བོ་དཀོན་མཆོག་ང་ཡི་ཕྱོགས་སུ་གཟིགས། ང་ལ་སྙིང་རྗེ་ཆེན་པོས་གཟིགས་པར་མཛོད། གང་ལགས་ཟེར་ན་ང་ནི་སྟོབས་ཞན་ཅིང་། གྲོགས་མེད་གཅིག་པུར་ལུས་ཏེ་གནས་ཤིང་ཡོད། 17ང་ཡི་སེམས་ཁྲལ་ཡོངས་རྫོགས་སེལ་གནང་སྟེ། དཀའ་ངལ་དག་ལས་ང་ལ་སྐྱོབ་ཏུ་གསོལ། 18ང་ཡི་སྡུག་བསྔལ་དང་དཀའ་ངལ་ལ་དགོངས་བཞེས་ཀྱིས། ང་ཡི་ཉེས་སྡིག་ཚང་མ་སེལ་བར་མཛོད། 19ང་ལ་དགྲ་བོ་ཇི་ཙམ་ཡོད་པ་དང་། དེ་ཚོས་ང་ལ་སྡང་དགྲ་ཇི་བྱས་སྐོར། ཁྱེད་ཀྱིས་གཟིགས་ཞིབ་མཛད་རོགས་གནང་། 20ང་ལ་མགོན་དང་སྲུང་སྐྱོབ་མཛད་གནང་སྟེ། གྱོང་དང་ཕམ་རྒུད་དག་ལས་སྐྱོབ་པར་མཛོད། སྲུང་སྐྱོབ་ཞུ་ཕྱིར་ང་ནི་ཁྱེད་དྲུང་བཅར། 21ང་ཡི་གཤིས་བཟང་དྲང་བ་ཉིད་ཀྱིས་ང་ལ་སྐྱབས་པར་མཛོད། གང་ལགས་ཟེར་ན་ང་ཡི་ཁྱེད་ཉིད་ལ་བློ་བཅོལ་ཞུ་བཞིན་ཡོད། 22ཀྱེ་དཀོན་མཆོག་ཉིད་ཀྱི་མི་འབངས་ཨིསི་རཱཨེལ་གྱི། དཀའ་སྡུག་རྣམས་ལས་ཡོངས་སུ་སྐྱབས་པར་མཛོད༎

གསུང་མགུར 26

ཀྱེ་བོ་བཟང་པོའི་སྨོན་ལམ།

1ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ནི། ང་ལ་ཉེས་སྡིག་མེད་པར་བརྩི་བར་མཛོད། ང་ཡིས་བདེན་པ་ཇི་ཡིན་བྱེད་བཞིན་ཡོད། སེམས་ནས་ཁྱེད་ལ་བློ་བཅོལ་བྱེད་བཞིན་ཡོད། 2གཙོ་བོ་དཀོན་མཆོག་ང་ལ་ཚོད་ཞིབ་གནང་རོགས་གནང་། ང་ཡི་འདོད་པ་དང་ནི་བསམ་བློར་བརྟག་དཔྱད་མཛོད། 3ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེས་ང་ལ་ལམ་སྟོན་ཞིང་། ཁྱེད་ཀྱི་དམ་གཙང་ལྡན་པས་ང་ལ་སྣེ་འཁྲིད་གནང་། 4དོན་མེད་མི་དང་མཉམ་འགྲོགས་མི་བྱེད་དོ། ཟོག་པོ་ཚོ་དང་ང་ནི་ལག་འབྲེལ་མེད། 5མི་ངན་གྱི་ཚོགས་ང་ནི་སྡང་བཞིན་ཡོད། ངན་ཅན་མི་ཚོར་ང་ནི་གཡོལ་བཞིན་ཡོད། 6གཅོ་བོ་དཀོན་མཆོག་ང་ནི་ནོངས་མེད་ཡིན་པ་སྟོན་པའི་ཕྱིར་དུ་རང་གི་ལག་པ་བཀྲུས། ང་ནི་ཁྱེད་ཀྱི་མཆོད་ཁྲིར་སྐོར་བཞིན་མཆོད་འབུལ་བྱས། 7ངས་གཏང་རག་གི་མགུར་མ་ལེན་བཞིན་ཡོད། ཁྱེད་ཀྱི་མཛད་འཕྲིན་ངོ་མཚར་ཅན་སྐོར་ལ་བརྗོད་བཞིན་ཡོད། 8ཀྱེ་གཙོ་བོ་དཀོན་མཆོག་ང་ནི་ཁྱེད་ཀྱི་བཞུགས་གནས་དེར། ཁྱེད་ཀྱི་གཟི་བརྗེད་བཞུགས་པའི་གནས་དེར་གཅེས། 9ང་ནི་སྡིག་ཅན་མཉམ་དུ་ཚར་བཅས་མ་གནང་རོགས། སྲོག་གཅོད་པའི་སྐྱལ་བ་ལས་ང་ལ་སྐྱོབ་ཏུ་གསོལ། 10དེ་ཚོ་རྒྱུན་དུ་ལས་ངན་བྱེད་པ་དང་། ལྐོག་རྔན་ལེན་པར་གཏན་དུ་གྲ་སྒྲིགས་ཡོད། 11ང་ནི་དྲང་པོ་ཇི་ཡིན་བདག་གིས་བྱེད་བཞིན་ཡོད། ང་ལ་སྙིང་རྗེ་གནང་ནས་སྐྱབས་རོགས་གནང་། 12ང་ནི་ཉན་ཀ་ཀུན་ལས་ཐར་ཡོད་དོ། ཁོང་གི་འབངས་ཀྱི་ཚོགས་བསྡུ་བའི་སར། ངས་ནི་གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་འབུལ༎

གསུང་མགུར 27

བསྟོད་པ་འབུལ་བའི་སྨོན་ལམ།

1གཅོ་བོ་དཀོན་མཆོག་ང་ཡི་འོད་དང་ཐར་ལམ་ཡིན། སུ་འདྲ་ཞིག་ལ་ང་ནི་འཇིགས་མི་དགོས། གཙོ་བོ་དཀོན་མཆོག་གི་ཉེན་ཁ་ཀུན་ལས་ང་ལ་རྒྱུན་དུ་སྐྱབས། ང་ནི་ནམ་ཡང་འཇིགས་མི་དགོས། 2མི་ངན་རྣམས་ཀྱིས་ང་ལ་འཐབ་པ་དང་། གསོད་ཕྱིར་བྱུས་ངན་བརྩམས་ཀྱང་རང་ཉིད་འགྱེལ། 3ང་ལ་དམག་མིའི་ཚོགས་ཀྱིས་མཐའ་བསྐོར་ན་ཡང། ང་ནི་འཇིགས་པར་མི་འགྱུར། དགྲ་བོས་ང་ཡི་ཐོག་ཏུ་རྒོལ་ན་ཡང་། ང་ནི་དཀོན་མཆོག་ཁོང་ལ་བློ་བཅོལ་བྱ། 4གཙོ་བོ་དཀོན་མཆོག་ལ་ང་ཡི་དོན་ཞིག་ཞུས་ཡོད་པས། དོན་དེ་གཅིག་པོར་ང་ནི་འདོད་ཀྱི་འདུག། དེ་ནི་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ནང་དུ་ཚེ་གང་གནས་པར་ཤོག། དེར་ཁོང་གི་བཟང་བ་ཉིད་ནང་དགའ་སྤྲོ་ཐོབ་པ་དང། ཁོང་གི་འགོ་འཁྲིད་ཆེད་དུ་འབོད་བསྐུལ་བྱེད་ཐུབ་པར་ཤོག། 5དཀའ་ངལ་དུས་སུ་ཁོང་གིས་ང་ལ་སྐྱབས་གནས་གནང། མཆོད་ཁང་ནང་དུ་ང་ལ་ཁམས་བཟང་བཞག། ཁོང་གིས་ང་ལ་བྲག་ཐོ་པོའི་སྟེང་བརྟན་པོར་བཞག། 6དེར་བརྟེན་ཕྱོགས་བཞིར་བསྐོར་བའི་དགྲ་ལས་ང་རྒྱལ་ཞིང་། དགའ་བའི་སྐད་འབོད་ཞིང་མཆོད་ཁང་ནང་དུ་ཁོང་ལ་དམར་མཆོད་འབུལ། གཙོ་བོ་དཀོན་མཆོག་ལ་ནི་ངས་བསྟོད་ཅིང་མགུར་མ་ལེན། 7ང་ཡི་ཁྱེད་ལ་འབོད་དུས་གསན་རོགས་གནང་། ང་ལ་སྙིང་རྗེ་གནང་ནས་བཀའ་ལན་གནང་བར་མཛོད། 8ཁྱེད་ཀྱིས་ཡོང་ནས་ང་ལ་བསྙེན་བཀུར་བྱོས་ཤིག་གསུངས་པའི་སྐབས། གཙོ་བོ་དཀོན་མཆོག་ང་ནི་ཡོང་གིས་ཡིན་ཞེས་ངས་ལན་འདེབས་པ་ཡིན། 9ང་ལས་ཞལ་རས་མ་སྦས་ཞུས་པ་ཡིན། དགོངས་ཚོང་མེད་པར་ཞབས་ཕྱི་ཕྱིར་མ་སློག། ཁྱེད་ནི་ང་ཡི་རོགས་མགོན་ཡིན་པ་དང་། ང་ལ་མ་སྤངས་ཤིག། ང་ལ་མ་དོར་ཤིག། ཀྱེ་དཀོན་མཆོག་ང་ཡི་སྐྱབས་མགོན། 10ངེད་ཀྱི་ཕ་མས་ང་ལ་སྤངས་སྲིད་ཀྱང་། འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ང་ལ་ལྟ་རྟོགས་གནང་ཡོང་། 11ངེད་ཀྱི་གང་བྱས་པ་ཁྱེད་ཀྱིས་འདོད་པ་དེ། གཙོ་བོ་དཀོན་མཆོག་ང་ལ་བསླབ་བྱ་གནང་བར་མཛོད། ང་ལ་ཁམས་བཟང་ལམ་དུ་འཁྲིད་རོགས་གནང་། གང་ལགས་ཟེར་ན་ང་ལ་དགྲ་མང་ངོ་། 12ང་ལ་དགྲ་བོའི་ལག་ཏུ་སྤྲད་མ་གནང་། དེ་ཚོས་ང་ཡི་སྟེང་དུ་རྫུན་ཚིག་དང་། དབང་ཡོད་བཤད་ཅིང་ང་ལ་རྒོལ་བཞིན་ཡོད། 13ང་ཡི་ཤེས་ཤིང་གཙོ་བོ་དཀོན་མཆོག་གི། བཟང་བ་ཉིད་ནི་མི་ཚེ་འདིའི་ནང་ང་ཡི་མཐོང་བར་འགྱུར། 14གཙོ་བོ་དཀོན་མཆོག་ཁོང་ལ་བློ་བཅོལ་ཞིག། ཁོང་ལ་དད་པ་བྱས་ནས་ཡི་མུག་མི་དགོས། གཙོ་བོ་དཀོན་མཆོག་ཁོང་ལ་བློ་བཅོལ་ཞིག།

གསུང་མགུར 28

1ཀྱེ་གཙོ་བོ་དཀོན་མཆོག་ང་ཡི་སྲུང་སྐྱོབ། ང་ནི་ཁྱེད་ལ་ཞུ་འབོད་བྱེད་བཞིན་ཡོད། ང་ཡི་ངུ་འབོད་ལ་གསན་འཇོག་གནང་། ང་ལ་ཁྱེད་ཀྱིས་བཀའ་ལན་མ་གནང་ན། ང་ནི་གཤིན་པོའི་ཁྲོད་དུ་ཡོད་པར་འགྱུར། 2མགོན་སྐྱབས་ཆེད་དུ་ངུ་འབོད་བྱས་པའི་སྐབས། ཁྱེད་ཀྱི་དམ་པའི་མཆོད་ཁང་ཕྱོགས་སུ་ངའི་ལག་པ། བརྐྱངས་དུས་ང་ཡི་ཞུ་བར་གསན་འཇོག་མཛོད། 3སྡུག་རྩུབ་ཅན་དང་ངན་ལས་བྱ་མཁན་རྣམས། དེ་ཡི་གཏམ་ནི་ཞིམ་པོ་ཡོད་ན་ཡང་། དེ་ཚོའི་སེམས་ནང་ཞེན་ལོག་སོགས་ཀྱིས་གང་། དེ་ཚོ་མཉམ་དུ་ང་ལ་ཉེས་སྐྱོན་བརྩིས་མ་གནང་། 4དེ་ཚོས་ལས་དོན་གང་བྱེད་གྱིས་ཆེད། དེ་ཚོས་བྱེད་པའི་ལས་ངན་ཆེད་དུ་ཉེས་ཆད་གཏོང་བར་མཛོད། དེ་ཚོས་ལས་དོན་གང་བྱེད་གྱིས་ཆེད་དུ་ཉེས་ཆད་གཏོང་བར་མཛོད། དེ་ཚོའི་བྱ་བར་འོས་པའི་ཉེས་ཆད་གནང་། 5གཙོ་བོ་དཀོན་མཆོག་ཁོང་གི་མཛད་འཕྲིན། ཡང་ན་ཁོང་གིས་བཀོད་པ་ལ་དེ་ཚོས་སྣང་བ་མི་བྱེད་དོ། དེའི་ཕྱིར་ཁོང་གིས་དེ་ཚོར་ཉེས་ཆད་གནང་བ་དང་། དེ་ཚོར་ཁོང་གིས་རྒྱུན་གྱི་ཆེད་དུ་ཚར་བཅད་གནང་བར་འགྱུར། 6གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་བསྔོགས་ཤིག། ཁོང་གིས་ང་ལ་སྐྱབས་གྲོགས་ཕྱིར་ཞུ་འབོད་གསན། 7གཙོ་བོ་དཀོན་མཆོག་ཁོང་གིས་ང་ལ་སྲུང་ཞིང་སྐྱབས་པ་དང་། ང་ནི་ཁོང་ལ་བློ་གཏད་བྱེད་བཞིན་ཡོད། ཁོང་གིས་ང་ལ་རོགས་གནང་ཅིང་དགའ་སྤྲོ་གནང་། ཁོང་ལ་དགའ་བའི་གླུ་ཡིས་ང་བསྟོད་དོ། 8གཙོ་བོ་དཀོན་མཆོག་ཁོང་གིས་རང་གི་འབངས་ལ་སྲུང་བ་དང་། རང་གིས་བཀོད་པའི་རྒྱལ་པོར་སྲུང་ཞིང་སྐྱབས། 9གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་འབངས་ལ་སྐྱབས་པར་མཛོད། རང་གི་འབངས་ལ་བྱིན་རླབས་གནང་དུ་གསོལ། ཁྱེད་ཀྱི་དེ་ཚོའི་རྫི་བོ་གནང་བ་དང་། རྒྱུན་དུ་དེ་ཚོར་འཚོ་སྐྱོང་གནང་བར་མཛོད༎

གསུང་མགུར 29

རླུང་འཚུབ་ནང་གཙོ་བོ་དཀོན་མཆོག་གི་གསུང་།

1ཕོ་ཉའི་ཚོགས་རྣམས་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག། ཁོང་གི་གཟི་བརྗིད་དང་མཐུ་སྟོབས་ལ་བསྟོད་བསྔོགས་ཤིག། 2གཙོ་བོ་དཀོན་མཆོག་ཁོང་གི་མཚན་གཟི་བརྗིད་ཅན་ལ་བསྟོད། 3རྒྱ་མཚོའི་སྟེང་གཙོ་བོ་དཀོན་མཆོག་གི་གསུང་ཐོས་ཤིང་། དཔལ་ལྡན་དཀོན་མཆོག་ཁོང་ནི་འབྲུག་ལྟར་ལྡིར། རྒྱ་མཚོར་ཁོང་གི་གསུང་གི་བྲག་ཆ་ཐོས་བཞིན་འདུག། 4གཙོ་བོ་དཀོན་མཆོག་ཁོང་གི་གསུང་སྐད་ནི། གཟི་བརྗིད་དང་སྟོབས་ལྡན་བཞིན་དུ་ཐོས། 5གཙོ་བོ་དཀོན་མཆོག་ཁོང་གི་གསུང་གིས་གྱམ་ཤིང་། ལེབ་ནོན་གྱི་འགྱམ་ཤིང་རྣམས་ཡང་གཅོག་པར་བྱེད། 6ཁོང་གི་ལེབ་ནོན་རི་རྣམས་བེའུ་བཞིན། ཧར་མོན་རི་རྣམས་གླང་བཞོན་བཞིན་དུ་མཆོང་བཅུག། 7གཙོ་བོ་དཀོན་མཆོག་ཁོང་གི་གསུང་སྐད་ཀྱིས་གློག་འོད་འབར། 8ཁོང་གི་གསུང་གིས་འབྲོག་སྟོང་འགུལ། ཁོང་གིས་ཀ་དྷེཤ་འབྲོག་སྟོང་གཡོ་བ་གནང་། 9གཙོ་བོ་དཀོན་མཆོག་ཁོང་གི་གསུང་གིས་བེ་ཤིང་འགུལ་བ་དང། དེའི་ལོ་མ་རྣམས་བཤུ་བར་མཛད། དེ་དུས་ཁོང་གི་མཆོད་ཁང་ནང་ཡོད་པའི། ཚང་མས་སྐད་ཤུགས་ཆེན་པོ་ཡི་སྒོ་ནས་སྨྲས་པ། དཀོན་མཆོག་ལ་གཟི་བརྗིད། 10གཙོ་བོ་དཀོན་མཆོག་ཁོང་གི་རྒྱ་མཚོའི་གཏིང་དུ་རྒྱལ་སྲིད་བསྐྱངས། རྒྱལ་པོ་ལྟར་ཁོང་གི་དུས་བརྟན་རྒྱལ་སྲིད་བསྐྱངས། 11གཙོ་བོ་དཀོན་མཆོག་གིས་རང་གི་འབངས་ལ་སྟོབས་ཤུགས་གནང་། ཁོང་གིས་དེ་ཚོར་ཞི་བདེ་ཡི་སྦྱིན་རླབས་གནང་ངོ༎

གསུང་མགུར 30

གཏང་རག་གི་སྨན་ལམ།

1གཙོ་བོ་དཀོན་མཆོག་ང་ཡི་ཁྱེད་ལ་བསྟོད། གང་ལགས་ཟེར་ན་ཁྱེད་ཀྱིས་ང་ལ་སྐྱབས་གནང་ངོ་། ང་ཡི་དགྲ་རྣམས་དགའ་རུ་འཇུག་མ་གནང་། 2ཀྱེ་གཙོ་བོ་དཀོན་མཆོག་ང་ཡི་དཀོན་མཆོག་ལགས། ཁྱེད་ཀྱིས་ང་ལ་སྐྱབས་གྲོགས་ཕྱིར་འབོད་པ་དང་། ང་ལ་ནད་ལས་ཁྱེད་ཀྱིས་དྲག་པར་མཛད། 3ཁྱེད་ཀྱིས་ང་ལ་དུར་ལས་སྐྱབས་པར་མཛད། ང་ནི་འཆི་བའི་ལམ་བརྒྱུད་འགྲུལ་བའི་དུས། སྐྱར་དུ་ང་ལ་མི་ཚེ་གསར་པ་གང་། 4ཁོང་གི་དམ་ཚིག་ཅན་སྐྱེ་བུ་ཚོ། གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་དབྱངས་ཕུལ་ཤིག། དམ་པ་མཆོག་གིས་གནང་བའི་མཛད་འཕྲིན་རྣམས་དྲན་གསོས་ཤིག། ཁོང་ལ་གཏང་རག་འབུལ་ཞིག། 5ཁོང་གི་ཐུགས་ཁྲོ་ཡུད་ཙམ་བར་དུ་དང་། ཁོང་གི་བཟང་བ་ཉིད་ནི་ཚེ་གང་བར་དུ་གནས། མཚན་གང་ངུ་ཞིང་མིག་ཆུ་ཤོར་ཡོང་། འོན་ཀྱང་སྔ་དྲོའི་དགའ་མགུས་ཁྱབ་པར་འགྱུར། 6ངས་ནི་རང་ལ་སྲུང་སྐྱོབ་ཐོབ་པའི་ཚོར་བ་བྱུང་ནས་སྨྲས་པ་ཡིན། ང་ནི་ནམ་ཡང་ཕམ་པར་མི་འགྱུར་རོ། 7གཙོ་བོ་དཀོན་མཆོག་ཁྱེད་ནི་ངའི་ཕྱིར་བཟང་པོ་དང་། རི་བོའི་མཁར་རྫོང་བཞིན་དུ་ང་ལ་བསྲུངས། འོན་ཀྱང་ཁྱེད་ཀྱི་ཞལ་རས་དེ་ང་ལས་སྦས་པས་ང་ནི་འཇིགས་དགོས་བྱུང་། 8གཙོ་བོ་དཀོན་མཆོག་ཁྱེད་ལ་ང་ཡིས་འབོད་པ་ཡིན། ང་ལ་སྐྱབས་གྲོགས་བྱེད་པའི་ཕྱིར་དུ་ཞུས་པ་ཡིན། 9ང་ནི་འཆི་བའི་ཁྱེད་ལ་ཕན་ཅི་ཐོག། ང་ནི་དུར་དུ་འགྲོ་སྐབས་ཁྱེད་ལ་ཅི་ཕན་ནམ། འཆི་བའི་མི་དེས་ཁྱེད་ལ་བསྟོད་ཐུབ་བམ། དེ་ཚོས་ཁྱེད་ཀྱི་ཆད་མེད་ལས་བཟང་སྐོར་ལ་བརྗོད་ཐུབ་བམ། 10གཙོ་བོ་དཀོན་མཆོག་ང་ཡི་འོ་འདོད་གསན་གནང་ནས། ང་ལ་སྙིང་རྗེ་གནང་རོགས་གནང། གཙོ་བོ་དཀོན་མཆོག་ང་ལ་སྐྱབས་གྲོགས་གནང་བར་མཛོད། 11ང་ཡི་མྱ་ངན་དགའ་སྤྲོའི་ཞབས་བྲོར་བརྗེད། ང་ཡི་མྱ་ངན་ཁྱེད་ཀྱིས་བཏོན་གནང་སྟེ། ང་ལ་དགའ་སྤྲོས་ཁྱབ་པར་འཇུག་གནང་ངོ་། 12དེའི་ཕྱིར་ང་ནི་ཁ་རོག་སྡོད་ཀྱི་མིན། ཁྱེད་ལ་ང་ནི་བསྟོད་པའི་མགུར་དབྱངས་ལེན། གཙོ་བོ་དཀོན་མཆོག་ཁྱེད་ནི་ང་ཡི་དཀོན་མཆོག་ཡིན། ང་ནི་གཏན་དུ་ཁྱེད་ལ་གཏང་རག་འབུལ་གྱི་ཡིན༎

གསུང་མགུར 31

དཀོན་མཆོག་ལ་བློ་བཅོལ་བའི་སྨོན་ལམ།

1གཙོ་བོ་དཀོན་མཆོག་ང་སྲུང་སྐྱོབ་ཕྱིར་ཁྱེད་ཙར་ཡོང་བཞིན་ཡོད། ནམ་ཡང་ང་ལ་ཕམ་དུ་འཇུག་མ་མཛད། ཁྱེད་ནི་དྲང་བདེན་དཀོན་མཆོག་ཡིན་པ་དང་། ང་ལ་སྐྱབས་ཕྱིར་སྨོན་ལམ་འདེབས་ཀྱིས་ཡོད། 2ང་ཡི་འོ་འདོད་གསན་རོགས་གནང་། ང་ལ་ད་ལྟ་སྐྱབས་རོགས་གནང་། ང་ཡི་སྐྱབས་གནས་ལྟར་ང་ལ་སྐྱོབ་པར་མཛོད། ང་ཡི་སྲུང་སྐྱོབ་ལྟར་ང་ལ་སྐྱོབ་པར་མཛོད། 3ཁྱེད་ནི་ང་ཡི་སྐྱབས་གནས་དང་སྲུང་སྐྱོབ་ཡིན་པས། ཁྱེད་ཀྱི་ཞལ་ཆད་བཞིན་དུ་ལམ་སྣ་མཛོད། 4ང་ལ་བཙུགས་པའི་རྙི་ལས་སྐྱབས་པར་མཛོད། ཉན་ཀ་དེ་ནས་ང་ལ་སྐྱོབ་ཏུ་གསོལ། 5ང་རང་ཉིད་ཁྱེད་ཀྱི་ཕྱག་འོག་བཞག་གིས་ཡོད། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ལ་སྐྱབས་གནང་ཞིང་། ཁྱེད་ནི་དམ་ཚིག་ལྡན་པའི་དཀོན་མཆོག་ཡིན། 6རྫུན་གྱི་ལྷ་རྟེན་མཆོད་མཁན་མི་ལ་ཁྱེད་སྡང་ཞིང་། འོན་ཀྱང་ང་ནི་ཁྱེད་ལ་བློ་བཅོལ་ལོ། 7ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་དེས། ང་ནི་རབ་ཏུ་དགའ་ཞིང་མགུ་བ་དང་། ང་ཡི་སྡུག་བསྔལ་ཁྱེད་ཀྱིས་མཐོང། ང་ཡི་དཀའ་ངལ་ཁྱེད་ཀྱིས་མཁྱེན། 8ཁྱེད་ཀྱིས་ང་ཡི་དགྲ་བོ་ཚོར་ང་ལ་འཛིན་བཟུང་བྱེད་བཅུག་མེད། ང་ནི་གང་དུ་འགྲོ་བར་འདོད་པའི་ཕྱིར། ཁྱེད་ཀྱིས་ང་ལ་ལྷོད་ཡང་གཏོང་གནང་ངོ་། 9གཙོ་བོ་དཀོན་མཆོག་ང་ལ་སྙིང་རྗེས་གནང། གང་ལ་ཟེར་ན་ང་ནི་དཀའ་ངལ་ནང་ཚུད་ཡོད། ངུ་བཞིན་ངུ་བཞིན་ང་ཡི་མིག་ནི་རྒུད། ང་ནི་ཡོངས་སུ་ཡི་ཐང་ཆད་ཡོད། 10ང་ནི་སྡུག་བསྔལ་གྱིས་ཐང་ཆད་ཡོད། ངུ་བའི་རྐྱེན་གྱིས་ཚེ་ཡང་རྒུད་ནས་སོང་། ང་ཡི་དཀའ་ངལ་གྱིས་སྟོབས་ཆུང་ཆགས་ཡོད། ང་ཡི་རུས་པ་རྣམས་ཀྱང་ཆུད་ཟོས་སུ་འགྲོ་བཞིན་འདུག། 11ང་ཡི་དགྲ་བོ་ཚང་མ་དང་དམིགས་བསལ་གྱི་ང་ཡི་ཁྱིམ་མཚེ་དེ་ཚོས་ང་ལ་མཐོང་ཆུང་བྱས། ང་ཡི་ངོ་ཤེས་དེ་ཚོས་ང་ལ་འཇིགས། ལམ་དུ་ང་ལ་མཐོང་བས་བྲོས་ནས་སོང་། 12ང་ནི་ཤི་བ་ལྟར་གྱི་ཚང་མས་བརྗེད། ང་ནི་དབྱུགས་པའི་དངོས་པོ་འདྲ་བ་ཡོད། 13དགྲ་བོ་མང་པོས་གཏམ་ངན་སྨྲས་པ་ངས་ཐོས་བྱུང་། འཇིགས་པའི་ང་ལ་ཕྱོགས་བཞིར་བསྐོར་ཡོད་ཅིང་། ང་ལ་གསོད་ཕྱིར་དེ་ཚོས་གྲོས་ངན་བྱས། 14འོན་ཀྱང་ཀྱེ་གཙོ་བོ་དཀོན་མཆོག་ང་ནི་ཁྱེད་ལ་བློ་གཏད་ཡོད། ཁྱེད་ནི་ང་ཡི་དཀོན་མཆོག་ཡིན། 15ང་ནི་གཏན་དུ་ཁྱེད་ཀྱི་ཕྱག་ཏུ་ཡོད། ང་ཡི་དགྲ་བོ་རྣམས་ལས་ང་སྐྱོབ་ཅིག། ང་ལ་སྡུག་པོ་སྤྲད་མཁན་རྣམས་ལས་སྐྱོབ་པར་མཛོད། 16སྙིང་རྗེའི་སྒོ་ནས་རང་གི་བྲན་པོར་གཟིགས། ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་ངང་ང་ལ་སྐྱོབ། 17ང་ནི་གཙོ་བོ་དཀོན་མཆོག་ཁྱེད་ལ་འོ་འདོད་འབོད་བཞིན་ཡོད། ང་ལ་དམའ་འབེབས་ནང་དུ་ཚུད་མ་འཇུག་ཅིག། མི་ངན་འདི་ཚོར་དམའ་འབེབས་བྱུང་བར་ཤོག། ཁུ་སིམ་ངང་ནས་དེ་ཚོ་འཆི་བའི་གླིང་དུ་འགྲོ་བར་ཤོག། 18རྫུན་དང་ང་རྒྱལ་དང་རང་མཐོང་ཅན་རྣམས། དྲང་བདེན་ཚོའི་སྐོར་བརྙས་ནས་གཏམ་བཤད་མཁན། དེ་ཚོ་ཁུ་སིམ་ངང་དུ་གནས་པར་མཛོད། 19ཁྱེད་ལ་བཀུར་སྟི་བྱེད་མི་དེ་ཚོའི་ཕྱིར། བཟང་བའི་བྱ་བ་དང་དངོས་པོ་རྣམས་ཁྱེད་ཀྱིས་གོ་སྒྲིགས་གནང་། འདི་ནི་ཧ་ཅང་ཡ་མཚན་ཅན་ཞིག་འདུག། ཁྱེད་ནི་ཇི་འདྲ་བཟང་ཞིང་བློ་གཏད་བྱེད་མི་ཚོར། ཁྱེད་ཀྱིས་སྲུང་སྐྱོབ་གནང་བ་ཚང་མས་ཤེས། 20ཁྱེད་ཀྱི་དྲུང་དུ་དེ་ཚོརསྐྱབས་པའི་ཆེད། བྱུས་ངན་མི་ལས་དེ་ཚོ་སྦས་པ་གནང་། དེ་ཚོ་དགྲ་བོའི་དམའ་འབེབས་ལས་སྐྱབས་ནས། དེ་ཚོར་སྐྱབས་ནས་བརྟན་པོར་བཞག་གནང་ངོ་། 21དགྲ་བོས་ང་ལ་བསྐོར་ནས་འཐབ་པའི་དུས། ཡ་མཚན་ཆེན་པོས་བྱམས་ཤིང་ངའི་ཕྱོགས་གཟིགས། གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་བསྔོགས་ཤིག། 22ཁོང་གིས་དེད་པ་ཡིན་བསམ་ང་འཇིགས་པས། ང་ཡིས་སྐྱབས་གྲོགས་ཞུས་པས་གསན་གནང་ངོ་། 23ཁོང་གི་དམ་ཚིག་ཅན་གྱི་མི་རྣམས་ཀྱིས་ནི། གཙོ་བོ་དཀོན་མཆོག་ཁོང་ལ་གཅེས་པར་བྱོས། དམ་ཚིག་ཅན་ལ་ཁོང་གིས་སྲུང་སྐྱོབ་གནང་། འོན་ཀྱང་ང་རྒྱལ་ཅན་ལ་འོས་པའི་ཉེས་ཆད་གནང་། 24གཙོ་བོ་དཀོན་མཆོག་ཁོང་ལ་རེ་བ་བཅོལ་ཞུ་མི་ཚང་མ། ཁྱོད་ཚོ་སྙིང་སྟོབས་ཆེན་པོ་སྐྱེད་པར་བྱོས་ཤིག།

གསུང་མགུར 32

སྡིག་པར་ངོས་ལེན་དང་བཟོད་གསོལ།

1སྡིག་པར་གཟོད་གསོལ་ཐོབ་མཁན་དང། དེ་ཡི་ནོར་འཁྲུལ་རྣམས་དགོངས་ཡངས་ཐོབ་མཁན་མི་དེ་དགའ། 2གཙོ་བོ་དཀོན་མཆོག་ཁོང་གིས་ལས་ངན་ཕྱིར་དུ་མི་དེ་ལ། ཉེས་ཅན་དང་གཡོ་སྒྱུ་ཅན་མ་རྩིས་པའི་མི་དེ་དགའ། 3ངས་རང་གི་སྡིག་པ་ངོས་ལེན་མ་བྱས་དུས། ང་ནི་ཉིན་གང་ངུས་ནས་ཐང་ཆད་དོ། 4ཉིན་མཚན་མེད་པར་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ལ་ཉེས་ཆད་གནང་། དབྱར་ཀའི་ཚ་བས་ཞ་སྐམ་པ་ལྟར། ང་ཡི་སྟོབས་ནི་རྒུད་ནས་སོང་ཡོད་དོ། 5དེ་ནས་ང་ཡིས་ཁྱེད་མདུན་སྡིག་པར་ངོས་ལེན་བྱས། ང་ཡིས་ནོར་འཁྲུལ་རྣམས་སྦས་ནས་བཞག་མེད་ཅིང་། ངས་ཁྱེད་མདུན་འགྱོད་པའི་ཐག་བཅད་བྱས། ང་ཡི་སྡིག་པ་ཡོངས་རྫོགས་ཁྱེད་ཀྱིས་བཟོད་གསོལ་གནང་ངོ་། 6དེར་བརྟེན་ཁྱེད་ཀྱིས་དམ་ཚིག་ཅན་མི་རྣམས་ལ་དགོས་མཁོའི་དུས། དེ་ཚོས་ཁྱེད་ལ་གསོལ་བ་འདེབས་དགོས་ཤིང་། ཆུ་རུད་འདྲ་བར་དཀའ་ངལ་ཡོང་བའི་དུས། དེ་ཡི་ཁོ་ཚོར་འཆང་མི་ཐུབ། 7ང་ནི་ཡིབ་པའི་གནས་ནི་ཁྱེད་ཡིན་ཞིང་། དཀའ་ངལ་སོགས་ལས་ཁྱེད་ཀྱིས་ང་ལ་སྐྱབས། ཁྱེད་ཀྱིས་ང་ལ་སྐྱབས་པའི་རྐྱེན་གྱིས་ནི། ངས་ཁྱེད་ཀྱི་ཐར་ལམ་སྐོར་ལ་ཤུགས་ཆེ་གླུ་བླངས་སོ། 8གཙོ་བོ་དཀོན་མཆོག་གི་གསུངས་པ། ཁྱོད་རང་འགྲོ་དགོས་ལམ་དེ་ངས་བསླབ་ཀྱི་ཡིན། ངས་ཁྱོད་ལ་བསླབ་བྱ་གྲོས་སོགས་སྟོན་གྱི་ཡིན། 9རྟ་དྲེལ་སོགས་དང་འདྲ་བར་གླེན་པར་མ་གྱུར་ཞིག། དེ་ཚོར་གཅུན་ཕྱིར་སྲབ་དང་མཐུར་སོགས་ཡོགས་ནས་ཁ་ལ་ཉན་པོ་བཟོས་དགོས་སོ། 10མི་ངན་འདི་ཚོས་དཀའ་ཚེག་མྱོང་དགོས་ཤིང་། འོན་ཀྱང་དཀོན་མཆོག་ལ་ནི་བློ་བཅོལ་ཞུ་མཁན་ཚོར། ཁོང་གིས་དེ་ཚོར་རྒྱུན་ལྡན་ཐུགས་བརྩེས་སྲུང་། 11ཁྱོད་ཚོ་དྲང་བདེན་རྣམས་གཙོ་བོ་དཀོན་མཆོག་ཁོང་གི་ཅི་མཛད་པ་ལ། ཁྱོད་རྣམས་དེ་རྐྱེན་གྱིས་དགའ་ཞིང་མགུ་བར་བྱོས། ཁོང་གི་བཀའ་ལ་བརྩི་སྲུང་ཞུ་མཁན་རྣམས། དགའ་ཚོར་ཆེན་པོས་སྐད་བརྒྱབ་ཅིག།

གསུང་མགུར 33

བསྟོད་པའི་མགུར་མ།

1ཁྱོད་ཚོ་དྲང་བདེན་ཡིན་པ་ཚང་མས་གཙོ་བོ་དཀོན་མཆོག་ཁོང་གི་ཅི་མཛད་པ་ལ་། དགའ་ཚོར་ཆེན་པོས་སྐད་བརྒྱབ་ཅིག། ཁོང་གི་བཀའ་ལ་བརྩི་སྲུང་ཞུ་མཁན་རྣམས། ཁོང་ལ་བསྟོད་བསྔགས་འབུལ་ཞིག། 2པི་ཝང་གཏོང་བཞིན་ཁོང་ལ་གཏང་རག་འབུལ། རྒྱུད་མང་སྒྲ་སྙན་འཁྲོལ་ཞིང་ཁོང་ལ་མགུར་དབྱངས་ཕུལ། 3ཁོང་ཕྱིར་མགུར་མ་གསར་པ་ཞིག་བཟོས་ནས། ཙལ་འསྦྱོངས་པོས་པི་ཝང་གཏོང་ཞིང་དགའ་ཚོར་ཆེན་པོས་སྐད་བརྒྱབ་ཅིག། 4གཙོ་བོ་དཀོན་མཆོག་ཁོང་གི་བཀའ་ནི་བདེན་པ་ཡིན། མཛད་འཕྲིན་རྣམས་ལ་བློ་གཏད་འོས་པ་ཡིན། 5གཙོ་བོ་དཀོན་མཆོག་ཁོང་གིས་དྲང་བདེན་དང་མཐུན་བཞིན་ལས་རྣམས་གཅེས་པར་མཛད། ཁོང་གིས་རྒྱུན་ལྡན་ཐུགས་བརྩེས་ས་གཞི་གང་། 6གཙོ་བོ་དཀོན་མཆོག་གི་བཀའ་ཡིས་མཐོ་རིས་བཀོད་གནང་ཞིང་། ཁོང་གིས་གསུངས་པའི་བཀའ་ཡིས་ཉི་ཟླ་སྐར་གསུམ་བཀོད། 7ཁོང་གིས་རྒྱ་མཚོའི་ཆུ་རྣམས་ས་གནས་གཅིག་ཏུ་བསྡུས། གཏིང་ཟབ་ཆུ་རྣམས་བང་མཛོད་ནང་དུ་བཀག། 8འཇིག་རྟེན་ཀུན་གྱིས་གཙོ་བོ་དཀོན་མཆོག་ཁོང་ལ་མཆོད་འབུལ་བྱས་དགོས་སོ། འཇིག་རྟེན་མི་ཚང་མས་ཁོང་ལ་བཀུར་སྟི་བྱོས། 9ཁོང་གིས་གསུངས་པའི་སྐབས་འཇིག་རྟེན་བཀོད་གནང་ཞིང་། ཁོང་གི་བཀའ་ཡིས་ཐམས་ཅད་ཆགས། 10གཙོ་བོ་དཀོན་མཆོག་གིས་མི་རིགས་རྣམས་ཀྱི་དམིགས་ཡུལ་རྣམས་དོན་མེད་མཛད། ཁོང་གིས་དེ་ཚོའི་འཆར་གཞི་རྣམས་སྒྲུབ་ཏུ་མ་བཅུག་གོ། 11འོན་ཀྱང་ཁོང་གི་འཆར་གཞི་རྣམས་བརྟེན་པོར་གནས། ཁོང་གི་དམིགས་ཡུལ་རྣམས་ནི་རྒྱུན་དུ་གནས། 12མི་རིགས་སུ་ཡི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན་པ་དེ་དགའ། ཁོང་གིས་ཉིད་ཀྱི་ཆེད་དུ་འདམས་པར་མཛད་པའི་མི་རྣམས་དགའ། 13གཙོ་བོ་དཀོན་མཆོག་ཁོང་གིས་མཐོ་རིས་ནས་གཟིགས་ཤིང་། མི་རིགས་ཀུན་ལ་ཁོང་གིས་གཟིགས། 14རང་གི་རྒྱལ་སྲིད་སྐྱོངས་བའི་གནས་འདི་ནས། ཁོང་གིས་མར་འཇིག་རྟེན་ནང་སྡོད་རྣམས་ལ་གཟིགས། 15དེ་ཚོས་བསམ་བློ་དེ་ནི་ཁོང་གིས་བཟོས། དེ་ཚོའི་བྱ་བ་ཚང་མ་ཁོང་གིས་མཁྱེན། 16དམག་དཔུང་དབང་ཆེན་གྱི་རྐྱེན་གྱིས་རྒྱལ་པོས་རྒྱལ་མི་འགྱུར། དཔུང་ཤུགས་ལྡན་པའི་དམག་མིས་རྒྱལ་མི་ཐུབ། 17རྒྱལ་ཁ་ཐོབ་ཕྱིར་དམག་རྟས་ཕན་མི་ཐོག། དེ་ཚོའི་སྟོབས་ཀྱིས་སྐྱབས་མི་ཐུབ། 18གཙོ་བོ་དཀོན་མཆོག་ཁོང་གི་རང་གི་བཀའ་རྒྱ་སྲུང་མཁན་དང་། ཁོང་གི་རྒྱུན་ལྡན་ཐུགས་བརྩེར་བློ་བཅོལ་མཁན་རྣམས་ལ་གཟིགས་བཞིན་ཡོད། 19ཁོང་གིས་འཆི་བ་ལས་ཀྱང་དེ་ཚོར་སྐྱབས། དེ་ཚོར་མུ་གེའི་དུས་སུ་ཁོང་གིས་གསོན་པོར་བཞག། 20ང་ཚོས་གཙོ་བོ་དཀོན་མཆོག་ཁོང་ལ་བློ་གཏད་བྱེད་བཞིན་ཡོད། ཁོང་ནི་ང་ཚོའི་སྲུང་མཁན་དང་སྐྱབས་གྲོགས་ཡིན། 21ཁོང་གི་རྐྱེན་གྱིས་ང་ཚོ་དགའ་པོ་ཡོད། ཁོང་གི་དམ་པའི་མཚན་ནང་ང་ཚོས་བློ་བཅོལ་ལོ། 22ང་ཚོའི་རེ་བ་ཁྱེད་ནང་འཇོག་བཞིན་ཡོད། གཙོ་བོ་དཀོན་མཆོག་ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་ང་ཚོ་མཉམ་གནས་པར་ཤོག།

གསུང་མགུར 34

1ང་ནི་རྒྱུན་དུ་གཙོ་བོ་དཀོན་མཆོག་ཁོང་ལ་བཏང་རག་ཕུལ་གྱིས་ཡིན། ཁོང་ལ་བསྟོད་ཕྱིར་ང་ནི་ནམ་ཡང་བཀག་མི་ཡོང་། 2ཁོང་གི་མཛད་པར་ང་ནི་བསྟོད་ཀྱིས་ཡིན། མནར་གཅོད་ནང་ཚུད་པ་ཚོས་ཐོས་ནས་དགའ་བར་ཤོག། 3གཙོ་བོ་དཀོན་མཆོག་ཁོང་གི་རླབས་ཆེན་སྐོར་ལ་ང་མཉམ་གསལ་བགྲགས་བྱོས། ང་ཚོ་མཉམ་འགྲོགས་ཁོང་གི་མཚན་ལ་བསྟོད། 4ང་ཡིས་གཙོ་བོ་དཀོན་མཆོག་ལ་སྨོན་འདེབས་ཁོང་གིས་བཀའ་ལན་གནང་། འཇིགས་པ་ཀུན་ལས་ཁོང་གིས་ང་ལ་ཐར་བར་མཛད། 5བཙན་གནོན་མྱོང་མཁན་རྣམས་ཁོང་ལ་མཇལ་དུས་དགའ། འདི་ཚོར་ནམ་ཡང་བློ་ཕམ་མི་ཡོང། 6མགོན་མེད་རྣམས་ཀྱི་འབོད་དུས་ཁོང་གིས་བཀའ་ལན་གནང་། སྡུག་བསྔལ་ཀུན་ལས་ཁོང་གིས་སྐྱབས་པར་འགྱུར། 7གཙོ་བོ་དཀོན་མཆོག་ཁོང་ལ་གུས་བཀུར་བྱེད་མཁན་རྣམས་ཁོང་གི་ཕོ་ཉས་སྲུང་། དེ་ཚོར་ཉན་ཀ་ཀུན་ལས་སྐྱབས། 8གཙོ་བོ་དཀོན་མཆོག་བཟང་པོ་ཇི་ཡིན་རང་ཉིད་ཀྱི་འཚོལ་ནས་ཤེས། ཁོང་ནང་སྲུང་སྐྱོབ་ཐོབ་མིར་དགའ་སྤྲོ་ཐོབ། 9ཁོང་གི་མི་མང་རྣམས་གཙོ་བོ་དཀོན་མཆོག་ཁོང་ལ་གུས་བཀུར་བྱོས། ཁོང་གི་བཀའ་ཁྲིམས་སྲུང་མིར་མགོ་མཁོ་ཚང་མ་ཐོབ། 10ཁ་ལག་མེད་པར་སེང་གེ་རྣམ་ནི་ལྟོགས་པར་ལུས། འོན་ཀྱང་ཁོང་གི་བཀའ་ཁྲིམས་སྲུང་མཁན་ནི། དེ་ཚོར་མགོ་མཁོ་ཐོབ་ཅིང་ཚིམ་པར་འགྱུར། 11གྲོགས་པོ་གཞོན་ཚོ་ང་ཡི་གཏམ་ལ་ཉོན། གཙོ་བོ་དཀོན་མཆོག་ལ་གུས་བཀུར་བྱེད་ཕྱིར་ང་ཡིས་བསླབ་པར་བྱ། 12ཁྱོད་ཀྱི་མི་ཚེ་སྐྱིད་པོ་སྤྱོད་འདོད་དམ། ཁྱོད་ཀྱིས་མི་ཚེ་རིང་ཞིང་བདེ་སྐྱིད་ལ་འདོད་དམ། 13དེ་འདྲ་ཡིན་ན་གཏམ་ངན་རྫུན་སོགས་ཤོད་པ་ལས་རྒྱང་རིང་སྡོད། 14ལས་ངན་སྤངས་ཏེ་བཟང་ལས་བྱོས་ཤིག་དང་། རང་གི་སྙིང་ཐག་པ་ནས་ཞི་བདེའི་རྗེས་སུ་འབྲངས། 15གཙོ་བོ་དཀོན་མཆོག་ཁོང་གི་དྲང་བདེན་ཚོར་གཅེས་སྐྱོངས་གནང་། དེ་ཚོའི་འོ་འདོད་ཚང་མ་གསན་པར་འགྱུར། 16འོན་ཀྱང་ལས་ངན་བྱེད་མིར་རྒྱབ་འརྒལ་གནང་། དེ་རྐྱེན་དེ་ཚོ་འཆི་བའི་རྗེས་སུ་མགྱོགས་པོར་བརྗེད་པར་འགྱུར། 17དྲང་བདེན་མི་ཡིས་གཙོ་བོ་དཀོན་མཆོག་ལ་འབོད་དུས་ཁོང་གིས་གསན། དེ་ཚོའི་དཀའ་ངལ་ཡོངས་ལས་ཁོང་གིས་སྐྱབས། 18སེམས་ཤུགས་ཆགས་མིའི་ཉེས་འགྲམ་གཙོ་བོ་དཀོན་མཆོག་བཞུགས། རེ་བ་མེད་པ་རྣམས་ལ་ཁོང་གིས་སྐྱབས། 19མི་བཟང་པོ་ལ་དཀའ་ངལ་མང་པོ་བྱུང་ན་ཡང་། གཙོ་བོ་དཀོན་མཆོག་ཁོང་གིས་དེ་ཚོ་ཡོངས་ལས་ཐར་པ་གནང་། 20གཙོ་བོ་དཀོན་མཆོག་ཁོང་གིས་དེ་ཚོར་གཅེས་འཛིན་གནང་བ་དང་། དེ་ཚོའི་རུས་པ་གཅིག་ཀྱང་ཆག་མི་འགྱུར། 21ངན་ལས་ངན་པ་རྣམས་ལ་ཚར་བཅད་ཅིང་། དྲང་བདེན་ཚོར་ཞེན་ལོག་བྱེད་མིར་ཉེས་ཆད་འཕོག། 22གཙོ་བོ་དཀོན་མཆོག་ཁོང་གིས་རང་གི་འབངས་ཚོར་སྐྱབས་པ་དང་། ཁོང་ལ་སྐྱབས་བཅོལ་མི་རྣམས་ཐར་བར་མཛད༎

གསུང་མགུར 35

1ང་ལ་རྒོལ་མི་དེ་ཚོར་ཁྱེད་ཀྱིས་རྒོལ། ང་ལ་འཐབ་མིར་ཁྱེད་ཀྱིས་འཐབ་པར་མཛོད། 2ཁྱེད་ཀྱི་ཕུབ་དང་གོ་ཁྲབ་བཞེས་རོགས་གནང་ནས། ང་ལ་སྲུང་ཕྱིར་ཕེབས་རོགས་གནང་། 3ང་ཡི་རྗེས་སུ་དེད་མཁན་དེ་ཚོའི་ཐོག། ཁྱེད་ཀྱིས་མདུང་དང་སྟ་རེ་བཀྱགས་རོགས་གནང་། ང་ལ་སྐྱབས་ཀྱི་ཡིན་ཞེས་དམ་བཅའ་གནང་བར་མཛོད། 4ང་ལ་གསོད་ཐབས་བྱེད་མིར་ཕམ་ཞིང་སྨད་པར་ཤོག། ང་ལ་གནོད་ཕྱིར་གྲོས་སྟོན་བྱེད་མཁན་རྣམས། ཕྱིར་ལོག་བྲོས་ནས་དེ་ཚོ་མགོ་འཐོམ་ཤོག། 5གཙོ་བོ་དཀོན་མཆོག་ཁོང་གི་ཕོ་ཉས་དེ་ཚོ་དེད་པའི་དུས། དེ་ཚོ་རླུང་གི་འཁྱེར་བའི་སོག་མ་འདྲ་བར་ཤོག། 6གཙོ་བོ་དཀོན་མཆོག་གི་ཕོ་ཉས་དེ་ཚོར་བརྡུང་བའི་དུས། དེ་ཚོ་འགྲོ་བའི་ལམ་ནི་མུན་ནག་དང་འདྲེད་བདར་ཤོར་པོ་ཡིན་པར་ཤོག། 7ང་ལ་དེ་ཚོས་དོན་མེད་རྙི་བཙུགས་ནས། དེ་ཚོས་ངའི་ཕྱིར་དོང་ཞིག་གཏིང་རིང་བྲུས། 8འོན་ཀྱང་རང་གིས་བཙུགས་པའི་རྙི་ནང་རང་ཉིད་ཚུད། རང་གིས་བྲུས་པའི་དོང་ནང་རང་ཉིད་འགྲིལ། མ་ཤེས་སྔོན་ནས་དེ་ཚོ་འཇིགས་པར་འགྱུར། 9དེ་ནས་གཙོ་བོ་དཀོན་མཆོག་གིས་རྐྱེན་གྱིས་ང་བདེ་སྐྱིད་བྱུང་བར་འགྱུར། ཁོང་གིས་ང་ལ་སྐྱབས་པས་ང་དགའ་བར་འགྱུར། 10རང་གི་སེམས་ནས་གཙོ་བོ་དཀོན་མཆོག་ལ་ཞུ་གི་ཡིན། ཁྱེད་དང་འདྲ་བ་སུ་ཞིག་མེད། ཁྱེད་ཀྱི་སྟོབས་ལྡན་ལག་ནས་སྐྱོ་པོར་སྐྱབས་པ་དང་། དབུལ་པོར་བརྙས་བཅོས་བྱེད་མིར་ཁྱེད་ཀྱིས་སྲུང་། 11ངན་ཅན་འདི་ཚོ་ངའི་སྟེང་ངོ་རྒོལ་དཔང་པོ་བྱས། མ་ཤེས་ཉེས་སྐྱོན་ང་ལ་བཙུགས་བཞིན་འདུག། 12བཟང་ལན་ཚབ་ཏུ་དེ་ཚོས་ང་ལ་ངན་ལན་འཇལ། ང་ནི་ཐབས་ཟད་ནང་དུ་དིམ། 13འོན་ཀྱང་འདི་ཚོ་ན་བའི་སྐབས་སུ་ནི། ངས་མྱ་ངན་བྱས། ངས་ནི་ཁ་ཟས་སྤངས་བ་ཡིན། སྒུར་ནས་ང་ཡི་སྨོན་ལམ་བཏབ་པ་ཡིན། 14གྲོགས་པོ་འམ་སྤུན་གྱི་དོན་དུ་སྨོན་ལམ་འདེབས་པ་ལྟར། ངས་ཀྱང་དེ་བཞིན་སྨོན་ལམ་བཏབ་པ་ཡིན། ཨ་མའི་དོན་དུ་མྱ་ངན་བྱས་པ་བཞིན། མྱ་ངན་བྱས་བཞིན་སྒུར་ནས་ཕྱིན་པ་ཡིན། 15འོན་ཀྱང་ང་ནི་དཀའ་ངལ་ནང་ཚུད་པའིི་སྐབས་དེ་ཚོ་དགའ། དེ་ཚོ་ཕྱོགས་བཞིར་བསྐོར་ནས་ང་ལ་འཕྱ། ཕྱི་མིས་ང་ལ་རྡུང་བ་དང། མུ་མཐུད་རྡུང་ནས་བསྡད། 16རྐང་ལག་མི་འགྲུལ་མཁན་ལ་འཕྱ་བ་ལྟར། འདི་ཚོས་ང་ལ་མི་དགའ་མིག་ལོག་བལྟ། 17ག་དུས་བར་དུ་གཙོ་བོ་ཁྱེད་ནི་གཟིགས་བཞུགས་སམ། ང་ལ་དེ་ཚོའི་འཐབ་རྒོལ་ལས་སྐྱབས་པར་མཛོད། སེང་གེ་དེ་ཚོ་ལས་ང་ལ་སྐྱོབ་པར་མཛོད། 18དེ་ནས་ཚོགས་ཆེན་ནང་དུ་ཁྱེད་ལ་གཏང་རག་འབུལ། དེ་ཚོའི་ཁྲོད་དུ་ང་ཁྱེད་ལ་བསྟོད་པ་འབུལ། 19ང་ཡི་རྫུན་ཅན་དགྲ་བོས་ང་ཕམ་གུད་བྱུང་བར་དགའ་མ་བཅུག། དོན་མེད་ང་ལ་སྡང་མཁན་ལ། ང་ཡི་མྱ་ངན་དུས་སུ་འཕྱ་མ་བཅུག། 20དེ་ཚོས་དྲང་བདེན་གྲོགས་གཏམ་མི་གླེང་བར། དེའི་ཕྱིར་དེ་ཚོས་ཞི་བདེ་དགའ་མིའི་སྐོར། དེ་ཚོས་རྫུན་མའི་གཏམ་རྣམས་བཟོ་བ་དང་། 21ང་ལ་སྐད་ཤུགས་ཆེན་པོས་སྐྱོན་འཛུགས་བྱས། ཁྱེད་ཀྱི་གང་བྱས་ལས་རྣམས་ང་ཚོས་མཐོང་ཟེར། 22འོན་ཀྱང་ཁྱེད་གཙོ་བོ་དཀོན་མཆོག་ཀྱིས་བྱ་བ་འདི་དག་གཟིགས་ཡོད་པས། དེའི་ཕྱིར་ཁྱེད་ནི་ཞལ་བཙུམ་མ་བཞུགས་རོགས། ཁྱེད་རང་ཉིད་ཐག་རིང་མ་བཞུགས་རོགས་གནང། 23ཀྱེ་གཙོ་བོ་དཀོན་མཆོག་ཡར་བཞེངས་ནས་ཁྱེད་ཀྱིས་ང་ལ་སྲུང་སྐྱོབ་གནང་། ང་ཡི་དཀོན་མཆོག་བཞེངས་ནས་ཁྱེད་ཀྱིས་ངའི་ཕྱོགས་གསུང་གླེང་མཛད་དུ་གསོལ། 24ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ནི་དྲང་བདེན་ཡིན་ཞིང་། ང་ནི་ཉེས་མེད་ཡིན་ཟེར་ཞལ་ཆེ་མཛོད། དགྲ་བོ་ངའི་སྟེང་དགའ་རུ་མ་བཅུག་ཅིག། 25ཁོ་ལ་དེད་པས་ང་ཚོའི་འདོད་དོན་སྒྲུབ་སོང་ཟེར། དེ་ཚོའི་ནང་ཁུང་དེ་ལྟར་ལབ་ཏུ་མ་བཅུག་ཅིག། 26ང་ཡི་དཀའ་ངལ་དུས་སུ་དགའ་མཁན་ཡོངས་སུ་ཕམ་པ་དང་འཐོམ་པར་ཤོག། ང་ལས་ལྷག་པ་ཡོད་ཟེར་མཁན་རྣམས། སྟོངས་ནས་ཞབས་འགྲེན་ནང་དུ་ཚུད་པར་ཤོག། 27ཉེས་མེད་ང་ལ་བལྟ་བར་འདོད་མཁན་གྱིས། དེ་ཚོས་དགའ་ཞིང་ཡང་ནས་ཡང་དུ་འབོད། གཙོ་བོ་དཀོན་མཆོག་ཁོང་ནི་ཇི་འདྲ་རླབས་ཆེན་ཡིན། རང་གི་བྲན་པོ་རྒྱལ་བར་ཐུགས་མཉེས་སོ། 28དེ་དུས་ང་ནི་ཁྱེད་ཀྱི་དྲང་བདེན་སྐོར་གསལ་གྲགས་བྱེད་ཅིང་། ཉིན་གང་ཁྱེད་ལ་བསྟོད་ཀྱིས་ཡིན༎

གསུང་མགུར 36

1མི་ངན་རྣམས་ཀྱི་སེམས་ཀྱི་གཏིང་ནང་སྡིག་པ་སྨྲ། དེ་ཡིས་དཀོན་མཆོག་ངོས་ལེན་མི་བྱེད་པ་དང། གུས་བཀུར་སོགས་བྱེད་ཀྱི་མེད་དོ། 2དེ་ཚོ་རང་ཉིད་ཆེན་པོ་ཡིན་བསམ་པས་རྐྱེན། དེ་ཚོའིི་སྡིག་པ་དཀོན་མཆོག་གི་མི་རྙེད་པས། དེའི་ཕྱིར་དེ་ཚོ་ལ་ཁོང་གིས་ཉེས་ཅན་བརྩི་མི་འགྱུར་ཞེས་བསམ་གྱི་ཡོད་དོ། 3དེ་ཚོའི་ཁའི་ནང་གཏམ་ངན་རྫུན་གྱི་གང་། ཤེས་རབ་ལྡན་པ་དང་བྱ་བ་བཟང་པོ་ད་དེ་ཚོས་མི་བྱས། 4ཉལ་ནས་བསྡད་སྐབས་དེ་ཚོའི་བྱུས་ངན་བརྩམས། དེ་ཚོའི་བྱེད་པའི་ལས་གང་ཡང་བཟང་པོ་མིན། དེ་ཚོའི་བྱ་བ་ངན་པ་གང་ཡང་སྤངས་མི་འགྱུར།

དཀོན་མཆོག་གི་བཟང་བ་ཉིད།

5གཙོ་བོ་དཀོན་མཆོག་ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་མཐོ་རིས་བར་དུ་སླེབས། ཁྱེད་ཀྱི་དམ་ཚིག་ལྡན་ཚུལ་ནམ་མཁའ་བར་དུ་བརྐྱངས། 6ཁྱེད་ཀྱི་དྲང་བདེན་རི་ལྟར་མཐོ་བ་དང་། ཁྱེད་ཀྱི་ཞལ་ཆེ་རྒྱ་མཚོའི་གཏིང་ཟབ་འདྲ། ཁྱེད་ཀྱིས་མི་དང་དུད་འགྲོ་ལྟ་རྟོག་གནང། 7ཀྱེ་དཀོན་མཆོག་ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་ཇི་འདྲ་རིན་ཐང་ཆེ། ཁྱེད་ཀྱི་ཤོག་པའི་འོག་ཏུ་ང་ཚོར་སྲུང་སྐྱོབ་ཐོབ། 8ང་ཚོས་ཁྱེད་ཀྱི་གནང་བའི་ཁ་ཟས་འབེལ་པོ་ཟ། ཁྱེད་ཀྱི་བཟང་པོའི་གཙང་པོ་ལས་བཏུང་ཕྱིར་ང་ཚོར་གནང་། 9སྲོག་ཡོངས་ཀྱི་འབྱུང་ཁུངས་ཁྱེད་ཡིན་ཞིང་། ཁྱེད་ཀྱི་འོད་ཀྱི་རྐྱེན་གྱིས་ང་ཚོས་འོད་ཟེར་མཐོང། 10ཁྱེད་ལ་ངོ་ཤེས་དེ་ཚོར་གཅེས་པོ་དང་། དྲང་བདེན་དེ་ཚོར་བཟང་པོ་མུ་མཐུད་གནང་བར་མཛད། 11སྤོབ་པ་ཅན་ཚོ་ངའི་ཐོག་འཐབ་པའམ། མི་ངན་འདི་ཚོས་ང་ལ་དེད་མ་བཅུག། 12མི་ངན་འདི་ཚོ་གང་དུ་འགྱེལ་བ་གཟིགས་རོགས་གནང་། འདི་ཚོ་གནས་འདིར་འགྱེལ་བས་ལངས་མི་ཐོབ༎

གསུང་མགུར 37

བཟང་ངན་གྱི་མདུན་ལམ།

1མི་ངན་རྐྱེན་གྱིས་སེམས་འཁྲལ་མ་བྱེད་ཅིག། ལས་ངན་བྱེད་མཁན་རྣམས་ལ་ཕྲག་དོག་མ་བྱེད་ཅིག། 2དེ་ཚོ་རྩ་སྐམ་པ་ལྟ་བུ་མགྱོགས་པོར་ཡལ་བར་འགྱུར། རྩི་ཤིང་རྙིད་པ་ལྟ་བུ་དེ་ཚོ་འཆི། 3གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ནས་བཟང་པོ་བྱོས་ཤིག། ཡུལ་ནང་ཁམས་བཟང་གནས་ཞིག། 4གཙོ་བོ་དཀོན་མཆོག་ནང་དུ་དགའ་བ་འཚོལ་ཞིག་དང། ཁོང་གིས་ཁྱོད་ཀྱི་བསམ་དོན་སྒྲུབ་པར་མཛད། 5རང་ཉིད་ལ་ནི་གཙོ་བོ་དཀོན་མཆོག་ཁོང་ལ་ཕུལ་། ཁོང་གི་ནང་དུ་བློ་བཅོལ་ཞུས་ཤིག་དང་། ཁོང་གིས་ཁྱོད་ལ་སྐྱབས་གྲོགས་གནང་བར་འགྱུར། 6ཉིན་མའི་གུང་གི་ཉི་མ་འདྲ་བ་ཁོང་གིས་ནི། ཁྱོད་ཀྱི་དྲང་བདེན་ལ་ནི་འཕྲོ་བར་འཇུག། 7བཟོད་སྲན་གྱིས་ནས་གཙོ་བོ་དཀོན་མཆོག་ཁོང་ལ་མཛད་པ་གནང་བཅུག་ཅིག། ལམ་ལྷོང་བྱུང་བའི་མི་ཡི་རྐྱེན། ཡང་ན་སུ་ཞིག་རང་གི་བྱུས་ངན་སྒྲུབ་པ་ལ་སེམས་མ་འཁྲུགས། 8སེམས་འཁྲལ་ཡང་ན་ཁོང་ཁྲོ་མ་བྱེད་ཅིག། དེ་ཡིས་སྡུག་བསྔྔལ་གཅིག་པོ་ནང་དུ་སྣེ་འཁྲིད་བྱས། 9གཙོ་བོ་དཀོན་མཆོག་ལ་བློ་བཅོལ་མཁན་རྣམས་རང་ཡུལ་འཛིན། འོན་ཀྱང་མི་ངན་ཡུལ་ནས་དེད་པར་འགྱུར། 10མི་ངན་རྣམས་ནི་མྱུར་དུ་ཡལ་བར་འགྱུར། ཁྱོད་ཚོས་དེ་ཚོར་འཚོལ་ཀྱང་རྙེད་མི་འགྱུར། 11སྙེམ་ཆུང་རྣམས་ཀྱིས་ཡུལ་ཐོག་དབང་བར་འགྱུར། དེ་ཚོས་ཞི་བདེ་དང་ནི་ཕུན་སུམ་ཚོགས་པ་ལོངས་སྤྱོད་བར་འགྱུར། 12བཟང་པོའི་མིའི་སྟེང་སྡིག་ཅན་རྣམས་ཀྱིས་ནི། བྱུས་ངན་བརྩམས་ཤིང་སྡང་མིག་བལྟས། 13འོན་ཀྱང་གཙོ་བོ་དཀོན་མཆོག་ཁོང་གིས་མི་ངན་ཚོའི་སྟེང་གད་དོ། གང་ལགས་ཟེར་ན་དེ་ཚོ་མགྱོགས་པོར་འཇིག་པ་ཁོང་གིས་མཁྱེན། 14དབུལ་པོ་དགོས་མཁོ་ཅན་རྣམས་གསོད་པའི་ཕྱིར། དྲང་པོའི་ལས་བྱེད་མི་རྣམས་ཚར་གཅོད་ཕྱིར། ངན་པས་རལ་གྲི་བཏོན་ནས་མདའ་གཞུ་འཐེན། 15འོན་ཀྱང་རང་གི་རལ་གྲིས་རང་ཉིད་འཆི། དེ་ཚོའི་མདའ་གཞུ་དུམ་བུར་སོང་བར་འགྱུར། 16ངན་པ་ཆང་མས་བསགས་པའི་རྒྱུ་ནོར་ལས། བཟང་པོའི་མི་མཉམ་ཡོད་པའི་རྒྱུ་ནོར་ཉུང་ཉུང་དེ་འོས་པ་ཡོད། 17གང་ལ་ཟེར་ན་གཙོ་བོ་དཀོན་མཆོག་ཁོང་གིས་ངན་པས་སྟོབས་ཤུགས་འཕྲོག། འོན་ཀྱང་བཟང་པོའི་མི་རྣམས་སྲུང་བར་འགྱུར། 18རང་གི་བཀའ་ཁྲིམས་སྲུང་མིར་གཙོ་བོ་དཀོན་མཆོག་ཁོང་གིས་དོ་སྣང་མཛད། ཡུལ་དེ་རྒྱུན་དུ་དེ་ཚོས་དབང་བར་འགྱུར། 19རྐྱེན་ངན་དུས་སུ་དེ་ཚོར་སྡུག་མི་ཡོང་། མུ་གེའི་དུས་སུ་དེ་ཚོར་ཁ་ཟས་ལྡང་། 20འོན་ཀྱང་མི་ངན་འདི་ཚོ་འཆི་བར་འགྱུར། ནགས་ཀྱི་མེ་ཏོག་འདྲ་བ་གཙོ་བོ་དཀོན་མཆོག་ཁོང་གིས་དགྲ་རྣམས་ཡལ་བར་འགྱུར། དུ་བ་བཞིན་དུ་དེ་ཚོ་ཡལ་བར་འགྱུར། 21མི་ངན་འདི་ཚོས་བུ་ལོན་ལེན་ཀྱང་ཕྱིར་མི་སྤྲོད། འོན་ཀྱང་བཟང་པོའི་གཏོང་ཕོད་ཆེན་པོས་སྦྱིན་པ་གཏོང་། 22གཙོ་བོ་དཀོན་མཆོག་ཁོང་ནས་བྱིན་རླབས་ཐོབ་མིས་ཡུལ་དབང་འཛིན། འོན་ཀྱང་ཁོང་ནས་དམོད་པ་ཕོག་མཁན་ཡུལ་ནས་དེད། 23གཙོ་བོ་དཀོན་མཆོག་ཁོང་གིས་མི་ཚོར་འགྲོ་དགོས་པའི་འགྲུལ་ལམ་སྟོན་གནང་ངོ། ཁོང་ལ་ཐུགས་གཉེས་པོ་བཟོས་མཁན་དེ་ལ་སྲུང་བར་མཛད། 24དེ་ཚོ་འགྱེལ་ཡང་དེ་ལྟར་ལུས་མི་ཡོང་། གང་ལགས་ཟེར་ན་གཙོ་བོ་དཀོན་མཆོག་ཁོང་གིས་དེ་ཚོར་ཡར་བསླང་ངོ་། 25ད་ང་ལོ་ན་རྒས་ཀྱང་ཚེ་རིང་ལོ་མང་གསོན། འོན་ཀྱང་གཙོ་བོ་དཀོན་མཆོག་ཁོང་གིས་བཟང་པོའི་མི་རྣམས་སྤངས་བའམ། ཡང་ན་དེ་ཚོའི་ཕྲུ་གུ་ཁ་ཟས་མེད་པར་སློང་བ་ངས་མ་མཐོང་། 26རྒྱུན་དུ་བུ་ལོན་གཡར་ཞིང་སྦྱིན་པ་བྱིན། དེ་ཚོའི་ཕྲུ་གུ་རྣམས་ནི་བྱིན་གྱི་རླབས་པ་ཡིན། 27ངན་ལས་ཁ་སྒྱུར་ཏེ་བཟང་པོའི་ལས་བྱས་ན། ཁྱོད་ཀྱི་མི་བརྒུད་ཡུལ་དེར་རྒྱུན་དུ་འཚོ་བར་འགྱུར། 28གང་ལགས་ཟེར་ན་དྲང་པོ་གང་ཞིག་ལ་གཙོ་བོ་དཀོན་མཆོག་གཅེས་ཞིང་མཉེས། ཁོང་གི་དམ་ཚིག་ཅན་མི་ལ་སྤངས་མི་ཡོང་། ཁོང་གིས་དེ་ཚོར་རྒྱུན་དུ་སྲུང་སྐྱོབ་གནང་། འོན་ཀྱང་ངན་པའི་རིགས་བརྒྱུད་འདི་ཚོ་དེད་པར་འགྱུར། 29དྲང་བདེན་མི་ཡིས་ཡུལ་ཐོག་དབང་འཛིན་བྱས་པ་དང་། འདི་ཚོ་གནས་དེར་རྒྱུན་དུ་འཚོ་བར་འགྱུར། 30བཟང་པོའི་མི་ཡི་ཤེས་རབ་གླེང་མོལ་བྱེད། དེ་ཡི་ནམ་ཡང་ཁྲིམས་འགལ་མི་བྱེད་དོ། 31དེ་ཚོའི་རང་གི་སེམས་ནང་དེ་ཚོའི་དཀོན་མཆོག་གི་བཀའ་ཁྲིམས་བཞག། དེ་ལ་ནམ་ཡང་སྤངས་མི་འགྱུར། 32མི་ངན་འདི་ཚོས་བཟང་པོའི་མི་ཚོ་ལ་བལྟས་ཞིང། དེ་ཚོར་གསོད་ཕྱིར་ཐབས་ཤེས་བྱེད་ནས་སྡོད་ཀྱི་ཡོད། 33འོན་ཀྱང་གཙོ་བོ་དཀོན་མཆོག་ཁོང་གིས་དེ་ཚོར་དགྲ་བོར་མི་གཏད་པའམ། ཁྲིམས་ཐུག་སྐབས་སུ་ཉེས་ཅན་རྩི་མི་བཅུག། 34གཙོ་བོ་དཀོན་མཆོག་ལ་རེ་བ་བཅོལ་ནས་ཁོང་གི་བཀའ་ཁྲིམས་སྲུང་ཞིག་དང། ཁོང་གིས་ཁྱོད་ལ་ཡུལ་དེ་ཁྱོད་ཀྱི་དབང་འོག་བཞག་ནས་ཁྱོད་ལ་གུས་ཞབས་བྱེད་པར་འགྱུར། མི་ངན་ཚར་གཅོད་ཁྱོད་ཀྱིས་མཐོང་བར་འགྱུར། 35སྔོན་ཆད་ངས་མི་ངན་མནར་གཅོད་ཅན་ཞིག་ངོ་ཤེས་ཀྱི་ཡོད་པས། དེ་ནི་ལེབ་ནོན་འགྱམ་ཤིང་འདྲ་བར་ཚང་མ་ལས་ཧ་ཅང་ཆེན་པོ་ཡོད་ཅིང་། 36འོན་ཀྱང་རྗེས་སུ་ང་ལམ་དེ་བརྒྱུད་ནས་འགྲོ་སྐབས་ཁོ་མི་འདུག། ང་ཡིས་བཙལ་བས་ཁོ་མ་རྙེད། 37སྤྱོད་ཚུལ་བཟང་པོའི་མི་ལ་དོ་སྣང་བྱོས་ཤིག་དང་། དྲང་བདེན་མི་ལ་ཞིབ་པར་ལྟོས་ཤིག། ཞི་བདེའི་མི་ཡི་རིགས་བརྒྱུད་འཕེལ་བར་འགྱུར། 38འོན་ཀྱང་སྡིག་ཅན་རྣམས་ནི་འཇིགས་པར་འགྱུར། དེ་ཡི་རིགས་བརྒྱུད་མིང་མེད་སྟོངས་བར་འགྱུར། 39དྲང་བདེན་མི་ལ་ཁོང་གིས་སྐྱོབ་པ་གནང་། དེ་ཚོར་དཀའ་ངལ་དུས་སུ་སྲུང་སྐྱོབ་གནང་། 40ཁོང་གིས་དེ་ལ་སྐྱབས་ཤིང་ཐར་པ་གནང་། མི་ངན་ལག་ནས་ཁོང་གིས་སྐྱབས། གང་ལ་ཟེར་ན་སྲུང་སྐྱོབ་ཕྱིར་དུ་དེ་ཚོ་ཁོང་དྲུང་བཅར༎

གསུང་མགུར 38

དཀའ་ངལ་ནང་དུ་ཚུད་པའི་མིའི་སྨོན་ལམ།

1ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་ཐུགས་ཁྲོའི་ངང་ང་ལ་ཉེས་ཆད་མ་གནང་རོགས་གནང། 2ཁྱེད་ཀྱི་ཕྱག་མདས་ང་ལ་རྨ་ཤུལ་བཟོས། ཁྱེད་ཀྱི་ཕྱག་གིས་ང་ལ་རྨས་ཡོད་དོ། 3ཁྱེད་ཀྱི་ཐུགས་ཁྲོས་ང་ན་ཟུག་ངང་ཚུད་ཡོད། ང་ཡི་སྡིག་པའི་རྐྱེན་གྱིས་ང་ལ་ནད་གཞི་ཕོག། 4ང་ཡི་སྡིག་པའི་ཆུ་ལོག་ནང་དུ་དིམ། དེ་ནི་ལྗིད་ཕྱིར་ང་ཡིས་འཁྱེར་མི་ཐུབ། 5ང་ནི་བློ་གྲོས་དམན་པའི་རྐྱེན་གྱིས་ནི། ང་ཡི་རྨ་རྣམས་རུལ་ཞིང་དྲི་ངན་དྲོ། 6ང་ནི་སྟོད་སྒུར་དུམ་བུར་ཆགས་ནས་ཡོད། ཉིན་གང་མྱ་ངན་བྱེད་ནས་འགྲུལ་གྱི་ཡོད། 7ང་ནི་ཚ་བ་འབར་བཞིན་འདུག། ང་ནི་འཆི་བའི་ཉེ་བར་སླེབས་ཡོད་དོ། 8ང་ནི་ཐང་ཆད་སྟེ་དུམ་བུར་ཆགས་ནས་ཡོད། ང་ཡི་སེམས་ནས་དཀའ་ངལ་སྨྲེ་ངག་འདོན། 9ཀྱེ་གཙོ་བོ་ང་ཡི་གང་འདོད་ཁྱེད་ཀྱིས་མཁྱེན། ང་ཡི་འཁུན་སྐད་ཤོར་བ་ཚང་མ་ཁྱེད་ཀྱིས་གསན། 10ང་ནི་སྙིང་འདར་ལུས་སྟོབས་ཟད་ནས་ཡོད། ང་ཡི་མིག་གི་འོད་ཀྱང་སྒྲིབ་ཚར་རོ། 11ང་ཡི་མཛའ་གྲོགས་དང་ནི་ཁྱིམ་མཚེས་རྣམས། རྨ་དེའི་རྐྱེན་གྱིས་དེ་ཚོ་ང་དང་བྲལ། ང་ཡི་ནང་མི་རྣམས་ཀྱང་ང་ལས་ཐག་རིང་སྡོད། 12ང་ལ་གསོད་ཕྱིར་འཚོལ་མིས་རྙི་བཙུགས་ཏེ། གནོད་པ་སྐྱེལ་མི་ཚོས་ང་ལ་མེད་པར་བཟོས་རྒྱུ་སྡིགས་ར་བསྐུལ་བཞིན་འདུག། ངའི་ཐོག་བྱུས་ངན་བརྩམ་མཁན་ངལ་མི་གསོ། 13ང་ནི་འོན་པ་བཞིན་དུ་ཐོས་མི་ཐུབ། ང་ནི་ལྐུགས་པ་བཞིན་དུ་སྨྲ་མི་ཐུབ། 14ང་ནི་རྣ་བས་ཅི་ཡང་ཐོས་མི་ཐུབ་པའི་རྐྱེན། གཏམ་ལན་འདེབས་མི་ཐུབ་པའི་མི་དང་འདྲ། 15འོན་ཀྱང་ང་ནི་ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ལ་བློ་བཅོལ་ལོ། ཀྱེ་གཙོ་བོ་དཀོན་མཆོག་ང་ཡི་དཀོན་མཆོག། ཁྱེད་ཀྱིས་ང་ལ་ལན་འདེབས་གནང་བར་འགྱུར། 16ང་ལ་དཀའ་ངལ་དུས་སུ་དགྲ་བོར་དགའ་མ་བཅུག། ང་ཡི་ཉམ་རྒུད་སྐོར་ལ་སྦོར་ཤོབ་བཤད་མ་བཅུག། 17དཀའ་ཚེག་རྟག་པར་ང་ལ་མནར་བས་རྐྱེན། ང་ནི་འགྱེལ་གྲབས་ཡོད། 18ང་ཡི་སྡིག་པ་ངོས་ལེན་བྱ་རྒྱུ་ཡིན། དེ་ཡིས་ང་ལ་སེམས་འཁྲལ་ཁེངས་ནས་ཡོད། 19ང་ཡི་དགྲ་རྣམས་ཁམས་བཟང་ཤིང་སྟོབས་ཆེ་བས། དོན་མེད་ང་ལ་སྡང་འཁན་མང་པོ་ཡོད། 20ང་ནི་བཟང་པོའི་རྗེས་སུ་ཞུགས་པས་རྐྱེན། བཟང་ལན་ངན་པས་འཇལ་མཁན་དེ་ཚོས་ང་ཡི་སྟེང་དུ་རྒོལ་བཞིན་ཡོད། 21ཀྱེ་གཙོ་བོ་དཀོན་མཆོག་ང་ལ་མ་སྤངས་ཤིག། ང་ཡི་དཀོན་མཆོག་ང་ལས་ཐག་རིང་མ་བཞུགས་ཤིག། 22ཀྱེ་གཙོ་བོ་དཀོན་མཆོག་ང་ཡི་སྐྱབས་མགོན། ད་ལྟ་ང་ལ་སྐྱབས་གྲོགས་གནང་བར་མཛོད༎

གསུང་མགུར 39

སྡུག་བསྔལ་མྱོང་བཞིན་པའི་མིའི་སྡིག་པར་ངོས་ལེན་བྱས་པ།

1ང་ཡི་སྤྱོད་པར་ཟོན་བྱས་ཤིང་། ང་ཡི་ལྕེ་ཡིས་ང་ལ་སྡིག་པ་བྱེད་བཅུག་གི་མིན། མི་ངན་ངའི་མདུན་ཡོད་རིང་དུ། ང་ཡི་ཁ་ནི་བཙུམ་ནས་སྡོད་ཀྱི་ཡིན། 2ངག་བཅད་བསྡད་ནས་ངས་ཚིག་ཅིག་མི་སྨྲས། བཟང་པོའི་སྐོར་ལའང་གཏམ་མི་སྨྲའོ། འོན་ཀྱང་ང་ཡི་དཀའ་ཚེགས་ད་དུང་ཆེ་རུ་སོང་། 3སེམས་འཁྲལ་གྱིས་ནི་ང་མནར་སོང། བསམ་བློ་ཇི་ཙམ་བཏང་ཀྱང་དཀའ་ངལ་ཆེ་རུ་སོང་། གཏམ་ནི་མ་འདྲི་བར་དུ་འགྲིག་མ་སོང་། 4གཙོ་བོ་དཀོན་མཆོག་ང་ནི་ནམ་བར་གསོན་ནམ། ང་ནམ་འཆི་ཡོང་ངམ། ང་ཡི་མི་ཚེའི་མཐའ་མ་མགྱོགས་པོར་ནམ་ལེབས་ཡོང་ངམ། ང་ལ་གསུང་གླེང་གནང་དུ་གསོལ། 5ཁྱེད་ཀྱིས་ང་ཡི་མི་ཚེ་ཐུང་ཐུང་བཟོས། ཁྱེད་དྲུང་ང་ཡི་མི་ཚེ་ཅི་ཡང་མིན། བདེན་པར་མི་ཚང་མ་དབུགས་ནི་སྦར་ར་་ལྷག་མིན། 6གྲིབ་ནག་ཞིག་ལས་ལྷག་པ་མིན། དེ་ཚོའི་གང་བྱས་དོན་མེད་ཡིན་པ་དང་། དེ་ཚོའི་རྒྱུ་དངོས་མང་པོ་གསོག་ན་ཡང་། དེ་རྣམས་བསྡུ་མི་སུ་ཡིན་མི་ཤེས་སོ 7གཙོ་བོ་ང་ནི་བྱ་བ་གང་གི་ཆེད་དུ་རེ་བ་འཇོག་ཐུབ་བམ། ང་ནི་ཁྱེད་ནང་རེ་བ་བཅོལ་བཞིན་ཡོད། 8གླེན་པ་རྣམས་ལ་ང་ལ་འགད་མ་འཇུག། སྡིག་པ་ཀུན་ལས་ང་ལ་སྐྱོབ་པར་མཛོད། 9ང་ནི་ཁ་འཚུམ་བསྡད་ནས་ཚིག་གཅིག་སྨྲ་མི་ཡོང་། གང་ལགས་ཟེར་ན་ང་ལ་དེ་འདྲ་དཀའ་ངལ་གནང་མཁན་ཁྱེད་ཡིན་ནོ། 10ང་ལ་ཉེས་ཆད་གཞན་ཞིག་མ་གནང་ཞིག། ཁྱེད་ཀྱིས་བརྡུང་བས་ང་ནི་འཆི་གྲབས་ཡོད། 11བཀའ་ཀྱོན་སྒོ་ནས་ཁྱེད་ཀྱིས་ང་ཚོ་ལ། སྡིག་པའི་ཉེས་ཆད་གནང་བཞིན་ཡོད། ང་ཚོའིི་འདོད་པའི་བྱ་བ་ལ་མུག་པ་དང་འདྲ་བ་མེད་པར་མཛད། མིའི་དབུགས་ནི་བདེན་པར་སྦར་ར་གང་ལྷག་མིན། 12ཀྱེ་གཙོ་བོ་དཀོན་མཆོག་ང་ཡི་སྨོན་ལམ་གསན། ང་ཡི་འོ་དོད་ཞུ་བར་སྙན་གསན་ཞིག། ང་ནི་ངུ་དུས་སྐྱབས་གྲོགས་གནང་བར་ཕེབས། ང་ཡི་ཕ་མེས་ཡོངས་རྫོགས་དང་འདྲ་བ། ང་ནི་ཉིན་ཤས་ཆེད་དུ་ཁྱེད་ཀྱི་མགྲོན་པོ་ཡིན། 13མ་ཤི་སྔོན་དུ་ང་ལ་སློད་རོགས་གནང་། ང་ཡི་མཐའ་མའི་སྔོན་དུ་དགའ་བ་ཐོབ་པར་ཤོག།

གསུང་མགུར 40

1ང་ཡིས་བཟོད་སྲན་ཅན་ངང་གཙོ་བོ་དཀོན་མཆོག་གི་སྐྱབས་གྲོགས་སྒུག་ནས་ཡོད། དེ་ནས་ཁོང་གིས་ང་ཡི་འོ་འདོད་གསན་ནས་ལན་འདེབས་གནང་། 2ཁོང་གིས་ང་ལ་འཇིགས་རུང་ས་དོང་དང་། གཞའ་ཡི་འདམ་ལས་འཐེན་ནས་བཏོན་པར་མཛད། ཁོང་གི་ང་ཡི་རྐང་པ་བྲག་གི་སྟེང་། བཞག་ནས་ང་ལ་བརྟན་པོར་མཛད་གནང་ངོ་། 3ཁོང་གིས་ང་ལ་མགུར་མ་གསར་པ་ཞིག་བསླབ་བྱུང་། དེ་ནི་དཀོན་མཆོག་ཁོང་ལ་བསྟོད་ཕྱིར་ཡིན། མང་པོས་འདི་མཐོང་ནས་ཉེན་བརྡར་འགྱུར་བ་དང། གཙོ་བོ་དཀོན་མཆོག་ཁོང་ལ་བློ་གདེང་བྱེད་པར་འགྱུར། 4གཙོ་བོ་དཀོན་མཆོག་ལ་བློ་གཏད་བཅོལ་མཁན་དང། སྐུ་འདྲ་རྣམས་མི་མཆོད་མཁན་འམ། རྫུན་གྱི་ལྷ་རྣམས་མཆོད་མཁན་མཉམ་འབྲལ་བ་མི་བྱེད་མཁན་རྣམས་བདེའོོ། 5ཀྱེ་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག། ཁྱེད་ཀྱི་ང་ཚོའི་ཕྱིར་ལས་མང་པོ་གནང་ཡོད། ཁྱེད་ལྟར་གཞན་སུ་ཡང་མེད། ཁྱེད་ཀྱིས་ང་ཚོའི་ཕྱིར་ངོ་མཚར་ཅན་གྱི་འཆར་གཞི་མང་པོ་བཟོས་གནང་ཡོད། དེ་ཚོའི་གྲངས་ནི་རྩིས་མི་ཐུབ་པའི་རྐྱེན། དེ་ཚང་མ་ནམ་ཡང་བརྫོད་མི་ཐུབ། 6ཁྱེད་ནི་དམར་མཆོད་དང་ནི་འབུལ་བར་ཐུགས་མི་འདོད། ཁྱེད་ཀྱིས་མཆོད་ཁྲིའི་སྟེང་སེམས་ཅན་རྣམས་ཆ་ཚང་སྲེག་པའི་སྦྱིན་སྲེག། ཡང་ན་སྡིག་བཤགས་ཀྱི་དམར་མཆོད་རྣམས་ཁྱེད་མི་དགོས། དེའི་ཚབ་ཁྱེད་ཀྱི་བཀའ་ཐོས་པའི་ཕྱིར་ཁྱེད་ཀྱིས་ང་ལ་རྣ་བ་གནང་ཡོད་པ་དང་། 7དེ་བས་ང་ཡིས་ཞུས་པ་ཡིན། ང་ནི་འདིར་ཡོད། ངའི་ཕྱིར་ཁྱེད་ཀྱི་སློབ་སྟོན་རྣམས་བཀའ་ཁྲིམས་ཀྱི་དེབ་ནང་དུ་ཡོད་དོ། 8ང་ཡི་དཀོན་མཆོག་ཁྱེད་ཀྱི་ཐུགས་དགོངས་བཞིན། སྒྲུབ་པར་ང་ནི་ཤིན་ཏུ་དགའ་བ་དང་། ཁྱེད་ཀྱི་སློབ་སྟོན་ང་ཡི་སེམས་ནང་ཡོད། 9གཙོ་བོ་དཀོན་མཆོག་ཁྱེད་ཀྱི་འབངས་ཚང་མའི་ཚོགས་པ་ཆེན་པོ་འཛོམས་པའི་ནང་། ཁྱེད་ཀྱིས་ང་ཚོར་སྐྱབས་སྐོར་ཁྱབ་སྒྲགས་བྱེད། ང་ཡི་ཁ་ནི་འཚུམ་མེད་པ་ཁྱེད་ཀྱིས་མཁྱེན། 10ཁྱེད་ཀྱི་ཐར་པའི་གསར་སྒྱུར་ང་ཡི་སེམས་ནང་སྦས་མེད་དོ། ཁྱེད་ཀྱི་དམ་ཚིག་ཅན་དང་ནི་སྐྱབས་གྲོགས་སྐོར་ཁྱབ་སྒྲགས་བྱས་ནས་ཡོད། ཁྱེད་ཀྱི་དམ་ཚིག་ཅན་དང་རྒྱུན་ལྡན་ཐུགས་བརྩེའི་སྐོར། ཁྱེད་ཀྱི་མི་འབངས་ཡོངས་རྫོགས་ཚོགས་པའི་ནང་དུ་སྦས་མེད་དོ། 11ཀྱེ་གཙོ་བོ་དཀོན་མཆོག་ངས་ཤེས་ཀྱི་ཡོད་པས། ཁྱེད་ཀྱི་སྙིང་རྗེ་ང་ལས་མཚམས་མ་བཅད། ཁྱེད་ཀྱི་བྱམས་དང་བདེན་པས་ང་ལ་རྒྱུན་དུ་སྲུང་།

སྐྱབས་གྲོགས་ཀྱི་ཆེད་དུ་སྨོན་ལམ།

(གསུང་མགུར་ ༧༠)

12དཀའ་ངལ་མང་པོས་ང་ལ་བསྐོར་ཡོད་ཅིང་། ང་ཡི་སྡིག་པས་ང་ལ་བཟུང་ནས་ཡོད། ང་ནི་ཡར་ལ་མིག་འདེགས་མ་ཐུབ་པར། ང་ཡི་སྐྲ་ལས་དེ་དག་མང་བ་ཡོད། ད་ནི་ང་ཡི་སེམས་ཤུགས་བརླག་ཚར་སོང་། 13གཙོ་བོ་དཀོན་མཆོག་ང་ལ་སྐྱབས་རོགས་གནང་། ད་ལྟ་རང་ང་ལ་སྐྱབས་གྲོགས་གནང་བར་མཛོད། 14ང་ལ་གསོད་ཕྱིར་བྱུས་ངན་བརྩོམ་མཁན་རྣམས། འཕམ་ནས་མགོ་ནི་འཐོམ་པར་ཤོག། དཀའ་ངལ་ནང་དུ་ཚུད་སྐབས་དགའ་མཁན་རྣམས། ཕྱི་ནུར་རྒྱབ་སྟེ་དེ་ཚོར་ངོ་ཚར་ཤོག། 15ང་ལ་ཨ་ཧ་ཨ་ཧ་ཟེར་མཁན་རྣམས། ངོ་ཚའི་རྐྱེན་གྱིས་རང་ཉིད་སྐྲག་པར་ཤོག། 16ཁྱེད་རྩར་ཡོང་མཁན་ཀུན་ནི་དགའ་བར་ཤོག། ཁྱེད་ཀྱི་ཐར་ལམ་ཐུགས་རྗེ་ཞུ་མཁན་རྣམས། ཚང་མས་རྒྱུན་དུ་འདི་ལྟར་སྨྲ་བར་ཤོག། གཙོ་བོ་དཀོན་མཆོག་ཇི་ལྟར་མངའ་ཐང་ཆེ། 17ང་ནི་དབུལ་པོ་དང་རྒུད་ནས་ཡོད། འོན་ཀྱང་ཁྱེད་ཀྱིས་ང་ལ་བརྗེད་གནང་མེད། ཁྱེད་ནི་ང་ཡི་སྐྱབས་མགོན་དང་ང་ཡི་དཀོན་མཆོག་ཡིན། ང་ལ་སྐྱབས་ཕྱིར་མྱུར་དུ་ཕེབས་པར་མཛོད༎

གསུང་མགུར 41

མི་ནད་པའི་སྨོན་ལམ།

1དབུལ་པོར་དོ་སྣངབྱེད་མི་བདེ། རྐྱེན་ངན་ནང་ཚུད་སྐབས་གཙོ་བོ་དཀོན་མཆོག་གིས། དེ་ཚོར་ཁོང་གིས་སྐྱབས་གྲོགས་གནང་བར་མཛད། 2ཁོང་གིས་དེ་ལ་སྲུང་སྐྱོབ་གནང་བར་འགྱུར། དེ་ཚོའི་སྲོག་ནི་སྐྱབས་ཤིང་ཡུལ་དུ་དགའ་སྐྱིད་གནང་། དགྲ་བོའི་སྟོབས་ཤུགས་འོག་ཏུ་ཁོང་གི་དེ་ཚོར་སྤངས་མི་ཡོང་། 3ན་དུས་གཙོ་བོ་དཀོན་མཆོག་གིས་དེ་ཚོར་རོགས་གནང་ཞིང་། དེ་ལ་ཁོང་གིས་སྐྱར་དུ་གསོ་བར་མཛད། 4ང་ཡིས་སྨྲས་པ་ཡིན། གཙོ་བོ་དཀོན་མཆོག་ང་ཡིས་ཁྱེད་ཀྱིས་མདུན་སྡིག་པ་བསགས་ཡོད་པས། ངའི་སྟེང་ཐུགས་རྗེས་གཟིགས་ནས་ནད་ལས་དྲག་པར་མཛད་གསོལ། 5ཁོ་ནི་འཆི་ནས་མིང་མེད་ནམ་ནུབ་ཟེར། ང་ཡི་དགྲ་བོས་ང་ལ་ཚིག་ངན་འདི་ལྟར་བརྗོད། 6ང་ལ་འཕྲད་ཕྱིར་ཡོང་མི་སེམས་བཟང་ཐོག་མི་ཡོང་། ངའི་སྐོར་དེ་ཚོས་གཏམ་ངན་བསྡུས་ནས། ཕྱི་རུ་སོང་ནས་གང་སར་གཏམ་དེ་བཤད། 7ང་ལ་སྡང་བ་བྱ་མཁན་རྣམས་འཛོམས་ནས། ངའི་ཕྱིར་དེ་ཚོས་ཁ་འདྲིལ་ཤུབ་ཤུབ་བྱས། དེ་ཚོས་ངའི་སྐོར་ལ་བསམ་བློ་ངན་ཤོས་བཏང་བཞིན་འདུག། 8དེ་ཚོས་ཁོ་ལ་འཆི་བའི་ནད་གཞི་འཕོག་ཡོད་ཟེར། ཁོ་ནི་སླར་ཡང་ཉལ་ཁྲིད་སྤངས་མི་འགྱུར། 9ང་ཡི་བློ་གཏད་གྲོགས་པོ་ཉེས་པོ་དང་། མཉམ་དུ་ཁ་ཟས་ཟ་ཞིང་སྡོད་མཁན་གྱིས། ང་ལས་རྒྱབ་སྒྱུར་ང་ལ་དགྲ་བྱེད་དོ། 10འོན་ཀྱང་གཙོ་བོ་དཀོན་མཆོག་ང་ལ་སྙིང་རྗེ་གནང་རོགས་གནང། ང་ཡི་འཕྲོད་བསྟེན་སླར་གསོ་གནང་བར་མཛད། དེ་ནས་ང་ནི་ང་ཡི་དགྲ་བོར་དགྲ་ཤ་ལེན་རྒྱུ་ཡིན། 11དེ་ཚོས་ངའི་ཐོག་རྒྱལ་ཁ་ཐོབ་མི་ཡོང་། ཁྱེད་ནི་ང་ལ་དགྱེས་པ་ངས་ཤེས་སོ། 12ཁྱེད་ཀྱིས་ང་ལ་སྐྱབས་རོག་གནང་བ་དང་། གང་ལ་ཟེར་ན་བདེན་པ་ཇི་ཡིན་ང་ཡི་གྱིས། དུས་རྒྱུན་ཆེད་དུ་ཁྱེད་ཀྱི་ང་ལ་ནི། ཁྱེད་ཀྱི་མདུན་དུ་ང་ལ་འཇོག་པར་མཛོད། 13གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ལ་ནི། ད་ལྟ་དང་ནི་རྒྱུན་ནས་རྒྱུན་དུ་བསྟོད་བསྔོགས་ཤིག། ཨ་མེན། ཨ་མེན༎

གསུང་མགུར 42

མདོ་གཉིས་པ།

གསུང་མགུར་ ༤༢—༧༢

བཙན་བྱོལ་དུ་ཡོད་པའི་མི་ཞིག་གི་སྨོན་ལམ།

1ཤ་མོ་སྐོམ་ནས་གྲོག་ཆུ་འཚོལ་བ་ལྟར། ང་ཡང་སྐོམ་ནས་དཀོན་མཆོག་ཁྱེད་འཚོལ་ལོ། 2ང་གསོན་པོའི་དཀོན་མཆོག་ཁྱེད་ཀྱི་ཕྱིར་དུ་སྐོམ་ནས་ཡོད། ང་ནི་ཁྱེད་དྲུང་བསྙེན་བཀུར་བྱེད་པར་ནམ་སླེབས་ཐུབ། 3ང་ཡི་མིག་ཆུ་ཉིན་མཚན་གཉིས་ཀ་ལ། ང་ཡི་ཁ་ཟས་གཅིག་པུར་འགྱུར་ནས་ཡོད། དེ་ཚོས་ཁྱོད་ཀྱི་དཀོན་མཆོག་གང་དུ་ཡོད། དགྲ་བོས་ང་ལ་རྒྱུན་དུ་དེ་ལྟར་བརྗོད། 4ང་ནི་མི་ཚོགས་མཉམ་དུ་འགྲོ་བའི་སྐབས། དགའ་སྤྲོར་བསྟོད་པའི་དབྱངས་ཀྱི་འགོ་བྱེད་ནས། དེ་ཚོའི་སྣེ་འཁྲིད་མཆོད་ཁང་ནང་དུ་འགྲོ། དེ་རྣམས་དྲན་དུས་ང་ཡི་སེམས་ནི་ཆགས་བཞིན་འདུག། 5ཀྱེ་ངའི་སེམས་ཉིད་ཁྱོད་ནི་ཅི་ལ་ཕམ། ང་ཡི་ཁོག་ནང་ཅིའི་ཕྱིར་འཁྲུགས་པ་ཡིན། ང་ནི་དཀོན་མཆོག་ཁོང་ནང་རེ་བཅོལ་ཞུས། ང་ནི་སླར་ཡང་ཁོང་ལ་བསྟོད་རྒྱུ་ཡིན། ཁོང་ནི་ང་ཡི་སྐྱབས་མགོན་དཀོན་མཆོག་ཡིན། 6ང་ཡི་སེམས་ཉིད་ཅི་ལ་ཆགས་པ་ཡིན། དེའི་ཕྱིར་ང་ནི་ཡོར་དན་གྱི་ཡུལ་ནས། ཧར་མོན་མི་སར་རི་ནས་ཁྱེད་དྲན་ནོ། 7ཁྱེད་ཀྱིས་ཆུ་འཕྱར་དེ་ཡི་སྐད་ཐོས་ནས། གཏིང་ཟབ་གཅིག་གིས་གཅིག་ལ་བོས་ཀྱི་འདུག། རྦ་རླབ་ཆེ་ཆུང་གཉིས་ཀས་ང་འགེབས་ཡོད། 8ཉིན་མོར་གཙོ་བོ་དཀོན་མཆོག་གིས། ཁོང་གི་རྒྱུན་ལྡན་ཐུགས་བརྩེ་སྟོན་གནང་ཤོག། དེའི་རྐྱེན་ང་ཡི་མཚན་མོ་མགུར་མ་བླངས། ང་ཡིས་སྲོག་གི་དཀོན་མཆོག་ལ་སྨོན་ལམ་འདེབས། 9ང་ལ་སྲུང་སྐྱོབ་གནང་མཁན་དཀོན་མཆོག་ལགས། ཅིའི་ཕྱིར་ཁྱེད་ཀྱི་ང་ལ་བརྗེད་པ་གནང་། དགྲ་བོས་ང་ལ་མནར་གཅོད་བཏང་བས་རྐྱེན། ང་ཡིས་ཅིའི་ཕྱིར་མྱོང་དགོས་སམ། 10དེ་ཚོས་འཕྱ་གཏམ་གྱིས་ང་ཡི་རུ་པ་རྣམས་གཅོག། ཁྱོད་ཀྱི་དཀོན་མཆོག་གང་དུ་ཡོད་ཟེར་བརྙས་བཅོས་བྱེད། 11ཀྱེ་ངའི་སེམས་ཉིད་ཁྱོད་ནི་ཅི་ལ་ཕམ། ང་ཡི་ཁོག་ནང་ཅིའི་ཕྱིར་འཁྲུགས་པ་ཡིན། ཁོང་ནི་ང་ཡི་སྐྱབས་མགོན་དཀོན་མཆོག་ཡིན༎

གསུང་མགུར 43

1ཀྱེ་དཀོན་མཆོག་ང་ནི་གནོང་མེད་ཡིན་པ་དཔང་པོ་མཛོད། ཆོས་མེད་མདུན་དུ་ངའི་ཕྱོགས་གསུང་གླེང་མཛོད། རྗུན་ཤོད་མཁན་དང་མི་ངན་ལག་ནས་སྐྱོབ་ཏུ་གསོལ། 2ཁྱེད་ནི་ང་ཡི་སྲུང་སྐྱོབ་ཡིན་པ་དང་། ཁྱེད་ཀྱིས་ང་ལ་ཅིའི་ཕྱིར་སྤངས་གནང་ངམ། དགྲ་བོས་ང་ལ་མནར་གཅོད་བྱེད་པའི་རྐྱེན། ང་ཡིས་ཅིའི་ཕྱིར་མྱོང་དགོས་སམ། 3ཁྱེད་ཀྱིས་འོད་དང་བདེན་པ་གཏོང་གནང་མཛོད། དེ་ཡིས་ང་ལ་འགྲོ་ལམ་བསྟན་པར་ཤོག། ཁྱེད་ཀྱི་དམ་པའི་རི་བོ་ཛི་ཡོན། ཁྱེད་ཀྱི་བཞུགས་གནས་མཆོད་ཁང་དུ་སྐྱེལ་བར་ཤོག། 4དེ་ནས་ང་ནི་ཁྱེད་ཀྱི་མཆོད་ཁྲིར་བཅར་ཀྱེ་དཀོན་མཆོག། ཁྱེད་ནི་ང་ཡི་དགའ་སྤྲོའི་འབྱུང་ཁུང་ཡིན། ངས་པི་ཝང་འཁྲོལ་ཞིང་ཁྱེད་ལ་བསྟོད་པ་དང་། ཀྱེ་དཀོན་མཆོག་ང་ཡི་དཀོན་མཆོག་ལགས། ང་ནི་དཀོན་མཆོག་ཁྱེད་ནང་རེ་བཅོལ་ཞུས། ང་ནི་སླར་ཡང་ཁོང་ལ་བསྟོད་རྒྱུ་ཡིན།

གསུང་མགུར 44

སྲུང་སྐྱོབ་ཆེད་དུ་སྨོན་ལམ།

1ཀྱེ་དཀོན་མཆོག། སྔོན་དུས་ཁྱེད་ཀྱིས་མཛད་འཕྲིན་རླབས་ཆེན་གང་གནང་སྐོར། ང་ཚོའི་ཕ་མེས་རྣམས་ཀྱི་ང་ཚོར་བཤད། ང་ཚོས་རང་གི་རྣ་བས་ཐོས་ཡོད་དོ། 2ཁྱེད་ཀྱི་རང་གི་ཕྱག་གིས་ཕྱི་པ་ཚོར་དེད་ནས། རང་གི་མི་མང་ཚོར་དེ་ཚོའི་ཡུལ་དུ་འཇོག་པར་མཛད་པ་དང་། མི་རིགས་གཞན་ཚོར་ཆད་པ་གཏོང་གནང་ནས། རང་གི་མི་ཚོར་ཡར་རྒྱས་གཏོང་གནང་ངོ། 3ཁྱེད་ཀྱི་འབངས་ཀྱིས་རང་གི་རལ་གྲིས་ཡུལ་གྱི་ཐོག་མ་རྒྱལ་ཞིང་། དེ་ཚོའི་རང་གི་སྟོབས་ཀྱིས་རྒྱལ་ཁ་ཐོབ་པ་མ་ཡིན། ཁྱེད་ཀྱི་ཕྱག་གི་དཔུང་པ་གཡས་པ་དང་། ཁྱེད་ཀྱི་ཞལ་གྱི་འོད་ཀྱིས་ཐོབ་པ་ཡིན། ཁྱེད་ཀྱི་བྱམས་པ་དེ་ཚོར་ཡོད་པའི་ཕྱིར། 4ཁྱེད་ངའི་རྒྱལ་པོ་དང་ནི་དཀོན་མཆོག་ཡིན། རང་གི་མི་མང་རྣམས་ལ་རྒྱལ་བར་གནང། 5ཁྱེད་ཀྱི་དབང་གིས་ང་ཚོས་ང་ཚོའི་དགྲ་བོ་རྣམས་ལ་ཕམ་དུ་འཇུག་ཡོད། 6རང་ལ་སྐྱབས་པའི་ཕྱིར་ང་ནི་རང་གི་མདའ་གཞུ་དང་རལ་གྲིས་ལ་བློ་མི་བཅོལ། 7འོན་ཀྱང་ཁྱེད་ཀྱིས་ང་ཚོ་ལ་ང་ཚོའི་དགྲ་བོ་ལས་སྐྱབས་པ་དང་། ང་ཚོར་སྡང་མཁན་རྣམས་ལ་ངོ་མཚར་འཇུག། 8ང་ཚོས་རྒྱུན་དུ་ཁྱེད་ལ་བསྟོད་རྒྱུ་ཡིན། རྒྱུན་དུ་ང་ཚོས་ཁྱེད་ལ་གཏང་རག་འབུལ། 9འོན་ཀྱང་ད་ནི་ཁྱེད་ཀྱིས་ང་ཚོ་ལ། སྤངས་ནས་ང་ཚོར་ཕམ་པར་མཛད་གནང་སྟེ། ང་ཚོའི་དམག་དཔུང་མཉམ་དུ་ཁྱེད་མི་ཕེབས། 10ཁྱེད་ཀྱིས་ང་ཚོའི་དགྲ་བོ་ཚོའི་མདུན་ནས་ང་ཚོར་བྲོས་བཅུག་པ་དང། ང་ཚོའི་དགྲ་བོ་རྣམས་ཀྱིས་ང་ཚོར་ཅི་ཡོད་བཅོམ། 11བསད་ཕྱིར་བཞག་པའི་ལུག་ལྟར་ཁྱེད་ཀྱིས་ང་ཚོར་མཛད། ཁྱེད་ཀྱིས་ང་ཚོ་ཕྱི་རྒྱལ་ལུང་པ་རྣམས་ལ་སྟོར་བར་མཛད། 12དེ་ཚོའི་རིན་ཐང་མེད་པ་ལྟར་ཁྱེད་ཀྱིས་རང་གི་མི་འབངས་ལ་རིན་ཆུང་བཙོང་། 13ང་ཚོའི་ཁྱིམ་མཚེས་མདུན་དུ་སྨད་སྒྲ་དང་། ང་ཚོའི་ཉེ་འཁོར་དུ་ཡོད་མིའི་མདུན་ལ། དེ་ཚོས་ཁྲེལ་འགོད་བྱ་རྒྱུ་ཆགས་ཡོད་དོ། 14ཁྱེད་ཀྱི་ང་ཚོར་མི་རིགས་ཚོའི་ཁྲོད། མཐོང་ཆུང་དངོས་པོ་འདྲ་བ་མཛད་གནང་ཞིང་། དེ་ཚོས་ང་ཚོར་མཐོང་ནས་མགོ་གཡུགས་སོ། 15-16ང་ནི་རྒྱུན་དུ་དམའ་འབེབས་ནང་ཚུད་པ་དང། ང་ཡི་དགྲ་བོ་དང་ང་ལ་སྡང་མཁན་གྱི་འཕྱ་བ་དང་སྨད་སྒྲ་སོགས་ཐོས་པས་རྐྱེན། ང་ནི་ངོ་ཚས་རང་ཉིད་འགེབས་ཡོད་དོ། 17ང་ཚོས་ཁྱེད་ལ་བརྗེད་མེད་དོ། ཁྱེད་ཀྱིས་ང་ཚོ་མཉམ་གནང་བའི་དམ་བཅའ་འགལ་མེད་དོ། ཡིན་ཡང་འདི་རྣམས་ང་ཚོའི་ཐོག་ཏུ་ཕོག། 18ང་ཚོའི་སེམས་ནི་ཁྱེད་ནས་ཐག་རིང་མེད། ང་ཚོས་ཁྱེད་ཀྱི་བཀའ་ཁྲིམས་སྤངས་མེད་དོ། 19ཡིན་ཡང་ཁྱེད་ཀྱིས་ང་ཚོར་གཅན་གཟན་ཁྲོད་དུ་དོར། ང་ཚོར་མུན་པའི་ནང་དུ་སྤངས་བར་མཛད། 20རང་གི་དཀོན་མཆོག་མཆོད་པ་བར་བཅད་ནས། ཕྱི་རྒྱལ་ལྷ་ལ་ང་ཚོས་མཆོད་ཡོད་ན། 21ཁྱེད་ཀྱིས་དེའི་སྐོར་ངེས་ཏན་མཁྱེན་པ་ཡོད། གང་ལགས་ཟེར་ན་ང་ཚོའི་གསང་བའི་བསམ་བློ་རྣམས་ཁྱེད་ཀྱིས་མཁྱེན། 22འོན་ཀྱང་ཁྱེད་ཕྱིར་ང་ཚོར་ཉིན་གང་སྲོག་གཅོད་བཏང་ཡོད། ང་ཚོ་ནི་གསོད་གྲབ་བྱས་པའི་ལུག་ལྟར་རྩིས་ཡོད་དོ། 23ཡར་བཞེངས་རོགས་གནང། གཙོ་བོ་ཁྱེད་ནི་ཅི་ཕྱིར་སྐུ་གཟིམས་གནང་། ཡར་བཞེངས་རོགས་གནང། ང་ཚོར་རྒྱུན་དུ་མ་སྤངས་ཤིག། 24ཁྱེད་ཀྱི་ཞལ་ནི་ཅི་ཕྱིར་སྦས་པར་མཛད། ང་ཚོའི་སྡུག་བསྔལ་དང་དཀའ་ངལ་བརྗེད་པ་མ་གནང་ཞིག། 25ང་ཚོ་ཐལ་བའི་ནང་དུ་འདྲེས་ཡོད་ཅིང་། ང་ཚོའི་གྲོད་པ་ས་ཁར་འབྱར་ཡོད་དོ། 26ང་ཚོར་རོགས་མགོན་དོན་དུ་ཕེབས་སུ་གསོལ། ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་རྐྱེན་ང་ཚོར་སྐྱོབ་པར་མཛོད༎

གསུང་མགུར 45

རྒྱལ་པོའི་འཁྲུངས་སའི་མགུར་མ།

1ང་ཡིས་རྒྱལ་པོའི་ཆེད་དུ་གཞས་འདི་བརྩམས་པའི་སྐབས། ང་ཡི་སེམས་ནང་ཚིག་སྙན་པོ་རྣམས་ཀྱིས་ཁེངས། མཁས་པའི་མི་ཡི་སྨྱུ་གུ་ལྟར། ང་ཡི་ལྕེ་ནི་ཚིགས་བཅད་བྲིར་གྲ་སྒྲིགས་ཡོད། 2ཁྱེད་ནི་སྐྱེས་པ་ཀུན་ལས་ལྷག་པར་མཛེས། ཁྱེད་ནི་གསུང་གླེང་གནང་བ་ཤིན་ཏུ་མཁས། ཁྱེད་ལ་དཀོན་མཆོག་གི་གཏན་དུ་བྱིན་རླབས་གནང་ཡོད་དོ། 3རྒྱལ་པོ་ཁྱེད་ཀྱི་དཔལ་དང་གཟི་བརྗིད་མཉམ། ཁྱེད་ཀྱི་རྐེད་པར་རལ་གྲི་འཆིང་བར་མཛོད། 4བདེན་པ་དང་ནི་ཁྲིམས་དྲང་པོར་སྲུང་གནང་ནས། གཟི་བརྗིད་རྒྱལ་ཁའི་ནང་དུ་ཕེབས་པར་མཛོད། ཁྱེད་ཀྱིས་སྟོབས་ཀྱིས་རྒྱལ་ཁ་ཆེན་པོ་ཐོབ། 5ཁྱེད་ཀྱི་མདའ་ནི་ཧ་ཅང་ཁ་རྣོ་ཞིང་། དགྲ་བོ་ཁོའི་སྙིང་དེ་བརྟོལ་གནང་ནས། མི་རིགས་མང་པོ་ཁྱེད་ཀྱི་ཞབས་དྲུང་འགྱེལ། 6དཀོན་མཆོག་གིས་ཁྱེད་ལ་གནང་བའི་རྒྱལ་ཁབ་དེ། རྒྱུན་ནས་རྒྱུན་དུ་གནས་པར་འགྱུར། ཁྱེད་ཀྱིས་རང་གི་མི་མང་ཐོག་ཏུ་དྲང་པོའི་རྒྱལ་སྲིད་སྐྱོངས། 7ཁྱེད་ནི་དྲང་པོར་དགའ་ཞིང་ངན་པར་སྡང་། དེའི་ཕྱིར་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་གི་ཁྱེད་ལ་འདམས། རྒྱལ་པོ་གཞན་ལས་ལྷག་པ་ཁྱེད་ལ་དགའ་སྤྲོ་གནང་། 8ཁྱེད་ཀྱི་ན་བཟའ་ནས་གུ་གུལ་དང་། ཨ་ག་རུའི་དྲི་བསུང་བྱུང། བལ་སོ་ཡིས་བརྒྱན་པའི་ཕོ་བྲང་ནས། རོལ་མོ་མཁན་ཚོས་ཁྱེད་ལ་དགྱེས་སུ་བཅུག། 9ཁྱེད་ཀྱི་ཞེ་ས་ལྡན་པའི་བུད་མེད་རྣམས་ཀྱི་ཁྲོད། རྒྱལ་པོའི་སྲས་མོ་རྣམས་བཞུགས་ཡོད་ཅིང་། ཁྱེད་ཀྱི་བཞུགས་ཁྲིའི་ཕྱག་གཡས་སུ། ལེགས་ཤོས་གསེར་གྱི་བརྒྱན་ཆ་བཞེས་ནས་རྒྱལ་མོ་བཞེངས་ཡོད་དོ། 10རྒྱལ་པོའི་མནའ་མ་ང་ཡི་གཏམ་ལ་ཉོན། ཁྱེད་ཀྱི་རང་གི་མི་མང་དང་སྤུན་རིགས་ཚོར་བརྗེད་པར་བྱོས། 11ཁྱེད་ཀྱི་བྱད་མཛེས་རྐྱེན་གྱིས་རྒྱལ་པོས་ཁྱེད་ལ་མཉེས། ཁོང་ནི་ཁྱེད་ཀྱི་གཙོ་བོ་ཡིན་ནོ། དེ་རྐྱེན་ཁོང་གི་བཀའ་ལ་ཉན་དགོས་སོ། 12ཊ་ཡར་མི་རྣམས་ཁྱེད་ལ་ཕྱག་རྟེན་འཁྱེར་ནས་བཅར། མི་ཕྱུག་པོས་ཁྱེད་ནས་རོགས་རམ་ཐོབ་ཕྱིར་ཞུ་འབུལ་གྱིས། 13སྲས་མོ་ནི་ཕོ་བྲང་ནང་དུ་ཡོད། ཁོང་ནི་ཇི་ལྟར་མཛེས་ཤིང། གསེར་སྐུད་ཁོང་གི་ན་བཟའ་བཟོས་ཡོད་དོ། 14ཚོན་ཁྲའི་བརྒྱན་པའི་ན་བཟའ་སོགས་གྱོན་ནས། མོ་ནི་རྒྱལ་པོའི་དྲུང་དུ་སྐྱེལ་བ་དང་། བག་རོགས་ན་ཆུང་མ་རྣམས་ནི་རྗེས་སུ་འབྲངས། དེ་ཚོའང་རྒྱལ་པོའི་དྲུང་དུ་སྐྱེལ། 15དགའ་མགུ་སེམས་སྐྱིད་དང་བཅས་ཡོང་བ་དང་། རྒྱལ་པོའི་ཕོ་བྲང་ནང་དུ་འཛུལ། 16ང་ཡི་རྒྱལ་པོ་ཁྱེད་ཀྱི་ཕ་མེས་རིགས་རུས་ནང་། མཐའ་མའི་བར་དུ་རྒྱལ་པོ་གནང་བས་ན། ཁྱེད་ལ་བུ་ཕྲུག་མང་པོ་འབྱུང་བར་འགྱུར། ཁྱེད་ཀྱི་དེ་ཚོ་ས་གཞི་ཀུན་ནང་རྒྱལ་པོར་བསྐོས། 17ང་ཡི་གཞས་ཡིས་ཁྱེད་ཀྱི་མཚན་ནི་མི་རབས་ཀུན་གྱིས་དྲན། དེའི་ཕྱིར་དུ་ཚང་མས་མ་འོངས་དུས་སུ་ཁྱེད་ལ་རྒྱུན་དུ་བསྟོད༎

གསུང་མགུར 46

དཀོན་མཆོག་ང་ཚོ་མཉམ་དུ་ཞུགས་ཡོད།

1དཀོན་མཆོག་ང་ཚོའི་སྟོབས་དང་སྐྱབས་གནས་ལགས། དཀའ་ངལ་དུས་སུ་སྐྱབས་པར་སྒྲ་སྒྲིགས་ཡོད། 2དེར་བརྟེན་ས་གཞི་འགུལ་ན་ཡང། རི་རྣམས་རྒྱ་མཚོར་ལྷུང་ན་ཡང། ང་ཚོ་ནམ་ཡང་འཇིགས་སྐྲག་སྐྱེད་མི་ཡོང་། 3རྒྱ་མཚོ་རྒྱས་ནས་འུར་སྒྲ་འདོན་པ་དང་། རི་རྣམས་དེ་ཡི་དྲག་ཤུལ་གྱི་འགུལ་ཀྱང་ངེད་མི་འཇིགས། 4གཙང་པོ་ཞིག་གིས་དཀོན་མཆོག་གྲོང་ཁྱེར་དུ། བླ་མེད་དཀོན་མཆོག་གི་བཞུགས་གནས་དམ་པར་བདེ་བར་འཁྱེར། 5དཀོན་མཆོག་གྲོངཁྱེར་བཞུགས་པས་འཇིགས་མི་འགྱུར། ཐོ་རངས་སྔ་དྲོ་དེ་ལ་སྐྱབས་ཕྱིར་ཁོང་ཕེབས་པརའགྱུར། 6མི་རིགས་རྣམས་འཇིགས་པ་དང་རྒྱལ་ཁམས་ཐམས་ཅད་གཡོས། དཀོན་མཆོག་གིས་གསུང་སྐད་འདོན་པའི་ས་གཞི་བཞུར། 7མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་ངེད་མཉམ་ཡོད། ཡ་ཀོབ་དཀོན་མཆོག་ངེད་ཀྱི་སྐྱབས་གནས་ལགས། 8གཙོ་བོ་དཀོན་མཆོག་གིས་ཇི་མཛད་རྣམས་ལ་བལྟ་བར་ཤོག། ཁོང་གིས་ཡ་མཚན་ཅན་གྱི་མཛད་པ་ས་གཞིར་གནང་བར་ལྟོས། 9ཁོང་གིས་ས་གཞིར་དམག་རྣམས་བཀག་པ་དང། ཁོང་གིས་མདའ་གཅོག་མདུང་རྣམས་དུམ་བུར་མཛད། ཁོང་གིས་ཕུབ་རྣམས་མེའི་ནང་སྲེག་པར་འགྱུར། 10ཁོང་གི་གསུངས་པ། འཐབ་འཛིང་མཚམས་འཇོག་ཅིག། ང་དཀོན་མཆོག་ཡིན་པ་ཤེས་པར་བྱོས་ཤིག། མི་རིགས་རྣམས་ནང་ང་ནི་རླབས་ཆེན་དང་། འཇིག་རྟེན་ནང་དུའང་ང་ནི་རླབས་ཆེན་འགྱུར། 11མཐུ་སྟོབས་ཅན་གྱི་དཀོན་མཆོག་ངེད་མཉམ་ཡོད། ཡ་ཀོབ་དཀོན་མཆོག་ངེད་ཀྱི་སྐྱབས་གནས་ལགས་སོ༎

གསུང་མགུར 47

བླ་ན་མེད་པའི་སྲིད་སྐྱོང་པ།

1མི་རིགས་ཀུན་ལག་བརྡབ་ཀྱིས། སྐད་ཤུགས་ཆེན་པོས་ཁོང་ལ་བསྟོད་བསྔོགས་ཤིག། 2བླ་མེད་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁོང་ལ་འཇིག་དགོས་སོ། ཁོང་ནི་རྒྱལ་པོ་ཆེན་པོ་ལགས། ཁོང་གིས་འཇིག་རྟེན་ཀུན་ཏུ་རྒྱལ་སྲིད་བསྐྱངས། 3མི་རིགས་ཚོ་ཡི་ཐོག་ཏུ་ང་ཚོར་རྒྱལ་ཁ་གནང་། རྒྱལ་ཁབ་ཐོག་ཏུ་ཁོང་གིས་ང་ཚོར་རྒྱལ་སྲིད་སྐྱོང་བཅུག་གོ། 4ཁོང་གིས་ང་ཚོ་བསྡད་པའི་གནས་འདི་ང་ཚོའི་ཆེད་དུ་འདམས། དེ་ནི་ཁོང་གིས་བརྩེ་བའི་འབངས་ཀྱིས་སྤོབས་པ་བྱེད་པའི་རྒྱུ་ནོར་ཡིན། 5དཀོན་མཆོག་རང་གི་བཞུགས་ཁྲིར་ཕེབས་ནས་བཞུགས། གཙོ་བོ་དཀོན་མཆོག་འདི་ལྟར་ཕེབས་དུས་དགའ་སྤྲོའི་སྐད་དང་དུང་སྐད་འབུད། 6དཀོན་མཆོག་ཁོང་ལ་བསྟོད་པའི་མགུར་མ་གཏོང་། ང་ཚོའི་རྒྱལ་པོར་བསྟོད་ཅིང་མགུར་མ་ལེན། 7འཇིག་རྟེན་ཀུན་ཐོག་དཀོན་མཆོག་རྒྱལ་པོ་ཡིན། མགུར་མ་ལེན་ནས་ཁོང་ལ་བསྟོད་བསྔོགས་ཤིག། 8དཀོན་མཆོག་ནི་ཉིད་ཀྱི་དམ་པའི་རྒྱལ་ཁྲིར་བཞུགས། ཁོང་གིས་མི་རིགས་རྣམས་ཐོག་ཏུ་རྒྱལ་སྲིད་སྐྱོང་། 9ཨབ་ར་ཧམ་གྱི་དཀོན་མཆོག་ཁོང་གི་མི་འབངས་དང་། མི་རིགས་སོ་སོའི་རྒྱལ་པོ་རྣམས་འཛོམས་འགྱུར། དམག་མི་ཡོངས་ལས་ཁོང་ནི་སྟོབས་ཆེ་ཞིང་། ཁོང་ནི་ཀུན་ལས་མཐོ་བའི་རྒྱལ་སྲིད་སྐྱོང༎

གསུང་མགུར 48

དཀོན་མཆོག་གི་གྲོང་ཁྱེར་ཛི་ཡོན།

1གཙོ་བོ་དཀོན་མཆོག་རླབས་ཆེན་ཡིན་པ་དང། ང་ཚོའི་དཀོན་མཆོག་ཁོང་གི་གྲོང་ཁྱེར་ནང་དུ། ཁོང་གི་དམ་པའི་རི་བོ་རུ་ཁོང་ལ་རབ་ཏུ་བསྟོད་འོས་སོ། 2དཀོན་མཆོག་ཁོང་གི་ཛི་ཡོན་རི་བོ་མཐོ་ཞིང་མཛེས། རྒྱལ་པོ་ཆེནཔོའི་གྲོང་ཁྱེར་འདིས། འཇིག་རྟེན་ཡོངས་སུ་དགའ་སྤྲོ་འཁྲེར་ཡོང་ངོ་། 3གྲོང་ཁྱེར་ནང་གི་འཛིང་རའི་ནང་ཁོང་མཉམ་སྲུང་སྐྱོབ་ཡོད། དཀོན་མཆོག་ཁོང་གིས་སྟོན་གནང་ཡོད། 4རྒྱལ་པོ་ཡོངས་རྫོགས་འཛོམས་ནས། རི་བོ་ཛི་ཡོན་འཐབ་པར་འོངས། 5འོན་ཀྱང་དེ་དག་མཐོང་ནས་ཡ་མཚན་སྐྱེས། དེ་ཚོ་ཧང་སང་འཇིགས་ཏེ་བྲོས་སོང་ངོ་། 6བུད་མེད་ཕྲུ་གུ་སྐྱེ་གྲབ་ཡོད་པ་ལྟར། དེ་ཚོ་དེ་རུ་འཇིགས་པ་དང་ནི་སྡུག་བསྔལ་མྱོང། 7ཁྱེད་ཀྱིས་ཏར་ཤིཤ་ཀྱི་གྲུ་གཟིང་རྣམས་ཤར་གྱི་རླུང་གིས་བསིལ་བུར་བཅག་པ་ལྟར། དེ་དག་ལ་འཇིགས་པར་མཛད། 8དཀོན་མཆོག་ཁོང་གིས་ཇི་མཛད་ང་ཚོས་ཐོས་ཡོད་དོ། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས། ང་ཚོའི་དཀོན་མཆོག་ཁོང་གི་གྲོང་ཁྱེར་དུ། དེ་ནི་ད་ལྟ་ང་ཚོས་མཐོང་ཡོད་དོ། གྲོང་ཁྱེར་འདི་ལ་དུས་རྒྱུན་གྱི་ཆེད་དུ། ཁོང་གིས་ཁམས་བཟང་འཇོག་པར་འགྱུར། 9ཀྱེ་དཀོན་མཆོག་ཁྱེད་ཀྱི་མཆོད་ཁང་དུ། ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེའི་སྐོར་ལ་ང་ཚོས་དྲན། 10མི་ཚོས་ས་གནས་ཀུན་ཏུ་ཁྱེད་ལ་བསྟོད་པ་དང་། ས་གཞི་ཡོངས་སུ་ཁྱེད་མཚན་ཁྱབ་ནས་ཡོད། ཁྱེད་ཀྱིས་ཁྲིམས་ལྟར་རྒྱལ་སྲིད་བསྐྱངས་ཡོད་དོ། 11ཛི་ཡོན་གྱི་མི་ཚོ་དགའ་བར་ཤོག། ཁྱེད་ཀྱི་ཁྲིམས་དཔྱོད་དྲང་པོ་གནང་ཡོད་དོ། ཡ་ཧུ་དཱ་ཡི་གྲོང་རྣམས་དགའ་བར་ཤོག། 12དཀོན་མཆོག་ཁོང་གི་མི་མང་ཛི་ཡོན་ལ་ནི་ཕྱོགས་བཞིར་བསྐོར། གྷན་དྷོ་ལ་རྣམས་ནི་ཇི་ཡོད་གྲངས་རྩིས་ཤིག། 13ལྕགས་རི་དེ་ཚོ་དོ་སྣང་གྱིས་ནས་འཛིང་ར་རྣམས་རྟགས་ཞིབ་བྱོས། མ་འོངས་པ་ཡི་མི་རབས་ལ་འདི་ལྟར་ཤོད་ཐུབ་ཡོང་། 14དཀོན་མཆོག་འདི་ནི་རྒྱུན་གྱི་ཆེད་དུ་ང་ཚོའི་དཀོན་མཆོག་ཡིན། མ་འོངས་དུས་སུ་ཁོང་གིས་རྒྱུན་གྱི་ཆེད་དུ་ང་ཚོར་དབུ་འཁྲིད་མཛད༎

གསུང་མགུར 49

ནོར་ལ་བློས་བཅོལ་བའི་གླེན་རྟགས།

1ཁྱོད་ཚོ་མི་ཚང་མས་འདིར་ཉོན་ཞིག། འཇིག་རྟེན་འདིར་སྡོད་མཁན་ཚང་མས་ཉོན་ཞིག། 2མཆོག་དམན་གཉིས་དང་ཕྱུག་དབྱུལ་བཅས་པར་ཉོན། 3ང་ཡི་ཁ་ནས་ཤེས་རབ་གཏམ་གླེང་བྱ། ང་ཡི་བསམ་ཚུལ་དེ་ནི་དོན་ཟབ་འགྱུར། 4ང་ནི་གཏམ་དཔེ་ཕྱོགས་སུ་དོ་སྣང་གྱིས་བཞིན་ཡོད། པི་ཝང་བཏང་ནས་དེའི་དོན་བཏོན་པར་གྱིས། 5-6ཉེན་ཁའི་དུས་སུ་དགྲ་བོས་ང་ལ་མཐའ་ནས་བསྐོར་བའི་སྐབས། མི་ངན་རང་གི་ནོར་ལ་བློས་བཅོལ་ནས། རྒྱུ་ནོར་དེ་ཡིས་སྦོར་ཤོབ་བཤད་མཁན་ལས་ང་མི་འཇིགས། 7མི་ཡི་རང་ཉིད་ནམ་ཡང་སྐྱབས་མི་ཐུབ། ཁོ་ཡིས་དཀོན་མཆོག་ལ་རང་གི་སྲོག་རིན་ཕུལ་མི་ཐུབ། 8གང་ལ་ཟེར་ན་མི་ཡི་སྲོག་ནི་རིན་ཐང་ཆེ། བླུ་རིན་དེ་ཡི་ནམ་ཡང་འདང་མི་ཐུབ། 9དེ་ཡི་དུར་ལས་ཁོ་ལ་སྐྱབས་མི་ཐུབ་པ་དང། རྒྱུན་གྱི་ཆེད་དུ་ཁོ་ལ་གསོན་པོ་བཞག་མི་ཐུབ། 10ཤེས་རབ་ཅན་རྣམས་འཆི་བ་ཚང་མས་མཐོང་། གླེན་པ་དང་ནི་ལྐུག་པ་རྣམས་ཀྱང་འཇིག་པ་མཐོང་། དེ་ཚོའི་ནོར་རྣམས་རིགས་བརྒྱུད་ཀྱི་ཆེད་དུ་འཇོག། 11དུས་ཅིག་ལ་དེ་ཚོ་རང་ཉིད་ཀྱིས་ས་ཞིང་རྣམས་བདག་པར་བྱས་ན་ཡང། དེ་ཚོའི་དུར་ནི་བརྟན་དུ་རང་ཁྱིམ་འགྱུར། དེ་ཚོ་བརྟན་དུ་དེ་རུ་གནས། 12མི་ཡི་རླབས་ཆེན་གྱིས་ནི་ཁོ་ལ་འཆི་བར་སྐྱབས་མི་ཐུབ། དེ་ཚོ་དུད་འགྲོ་ལྟ་བུ་འཆི་བར་འགྱུར། 13རང་ལ་བློ་བཅོལ་བྱེད་མི་རྣམས་ལ་ཅི་བྱུང་ཡོང། རང་གི་ནོར་ལ་འདོད་པ་ཁེངས་པ་ཚོའི་བྱུས་ཉེས་ལ་ལྟོས། 14འཆི་བའི་དུས་སུ་ལུག་བཞིན་དུ་འཆི། འཆི་བས་དེ་ཚོར་རྫི་བོ་བྱེད་པར་འགྱུར། དྲང་བདེན་ཚོས་ནི་དེ་ཚོའི་ཐོག་རྒྱལ་བར་འགྱུར། དེ་ཚོའི་གཟུགས་ནི་གཤིན་ཡུལ་དུ། རང་གི་ཁྱིམ་ནས་ཐག་རིང་རུལ་ནས་འགྲོ། 15འོན་ཀྱང་དཀོན་མཆོག་གིས་ང་ལ་ཐར་པ་གནང་། ང་ལ་ཁོང་གིས་འཆི་བའི་སྟོབས་ལས་སྐྱབས། 16སུ་ཞིག་ཕྱུག་པོར་འགྱུར་ནས་དེའི་རྒྱུ་ནོར། གོང་འཕེལ་བྱུང་དུས་ཁྱེད་རང་སེམས་མ་འཁྲུགས། 17ཁོ་ནི་འཆི་སྐབས་ནོར་ནི་རང་མཉམ་འཁྱེར་མི་ཐུབ། ནོར་དེ་ཁོ་ཡིས་དུར་དུ་འཁྱེར་མི་འགྱུར། 18མི་ཡི་རང་གི་མི་ཚེར་ཚིམས་གྱུར་ཡང་། བསྟོད་བསྔགས་དང་ནི་ཆེས་བསྟོད་ཐོབ་ན་ཡང་། 19འཆི་ཁར་ཁོ་ནི་རང་གི་མེས་པོ་མཉམ་་དུ་འགྲོ། དེ་རུ་རྒྱུན་དུ་མུ་མཐུད་མུན་གནས་པར་འགྱུར། 20མི་ཡི་སྙན་གྲགས་དེ་ཡིས་ཁོ་ལ་ནི། འཆི་བ་དེ་ནས་སྐྱོབ་མི་ཐུབ། ཁོ་ནི་དུད་འགྲོ་ལྟ་བུར་འཆི་དགོས་སོ༎

གསུང་མགུར 50

མཆོད་པ་བདེན་པ།

1ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ཁོང་གིས་འདི་སྐད་དུ། ཁོང་གིས་ཤར་ནས་ནུབ་ཕྱོགས་བར་དུ་ས་གཞི་ཀུན་ལ་བོས། 2ཛི་ཡོན་ནས་ནི་དཀོན་མཆོག་གི་འོད་ཟེར་ཤར། གྲོང་ཁྱེར་དེ་ནི་མཛེས་ཤིང་ཁྱབ་པར་ཡོད། 3ང་ཚོའི་དཀོན་མཆོག་ཕེབས་ཀྱི་ཡོད། འོན་ཀྱང་ཁུ་སིམ་མེར་མ་ཕེབས་སོ། ཁོང་གི་སྔོན་མེ་ལྕེ་དྲག་པོ་ཡོད། ཁོང་གི་ཕྱོགས་བཞིར་རླུང་འཚུབ་དྲག་པོ་ཡོད། 4རང་གི་འབངས་ལ་ཞལ་ཆེ་གནང་བའི་ཕྱིར། ཁོང་གིས་མཐོ་རིས་དང་ནི་ས་གཞི་ལ། དཔང་པོ་བཙུགས་ནས་བལྟ་རྒྱུྱར་འབོད་པར་འགྱུར། 5ཁོང་གིས་གསུངས་པ། ང་མཉམ་དམར་མཆོད་ཕུལ་ནས་དམ་བཅའ་བཞག་པ་རྣམས། ང་ཡི་དམ་ཚིག་ཅན་གྱི་མི་རྣམས་ངའི་མདུན་བསྡུ་བར་བྱོས། 6དཀོན་མཆོག་ཁོང་ནི་དྲང་བདེན་ཡིན་པ་དང་། ཁོང་རང་ཉིད་ཁྲིམས་དཔོན་ཡིན་པ་མཐོ་རིས་ཁྱབ་བསྒྲྒགས་བྱས། 7ཀྱེ་ངའི་མི་འབངས་ཉོན་ལ་འདི་སྐད་དུ། ཨིསི་རཱཨེལ་ཁྱོད་ཐོག་ང་ཡིས་དཔང་པོ་གྱིས། ང་ནི་དཀོན་མཆོག་ཡིན་ཁྱོད་ཀྱི་དཀོན་མཆོག། 8ཁྱོད་ཀྱི་དམར་མཆོད་ཕྱིར་དུ་སྐྱོན་མི་འདོགས། ཁྱོད་ཀྱི་སྦྱིན་སྲེག་ངའི་མདུན་རྒྱུན་དུ་ཡོད། 9ཡིན་ཡང་ང་ལ་ཁྱོད་ཀྱི་བ་ཚང་ནས་གླང་འམ། རང་གི་ཁྱུ་ནས་ར་རྣམས་མི་དགོས་སོ། 10ནགས་ཀྱི་སེམས་ཅན་ཡོངས་རྫོགས་དང། རི་ཚོགས་སྟོང་ཕྲག་མང་པོའི་གླང་ཕྱུགས་བཅས་ང་ཡི་ཡིན། 11ནགས་ཀྱི་འདབས་ཆགས་ཚང་མ་ང་ཡི་ཡིན་པ་དང། ཐང་དུ་ཡོད་པའི་གསོན་པོའི་སེམས་ཅན་རྣམས། 12ང་ནི་ལྟོགས་ཀྱང་ཁྱོད་ལ་ལབ་མི་ཡོང་། འཇིག་རྟེན་ནང་དུ་ཇི་ཡོད་ང་ཡི་ཡིན། 13གླང་གི་ཤ་སོགས་ང་ཡིས་བཟའ་འམ། ཡང་ན་རའི་ཁྲག་སོགས་ང་ཡིས་འཐུང་ངམ། 14གཏང་རག་གི་དམར་མཆོད་དཀོན་མཆོག་ལ་ཕུལ་ཞིག། ཁྱོད་ཀྱི་དམ་བཅའ་གང་བྱས་ཀུན་དབང་ལྡན་པར་བུལ། 15སྡུག་བསྔལ་དུས་སུ་ང་ལ་བོས་ཤིག་དང་། ང་ཡིས་ཁྱོད་ལ་སྐྱབས་པས་ཁྱོད་ཀྱིས་ང་ལ་བསྟོད། 16འོན་ཀྱང་དཀོན་མཆོག་གིས་མི་ངན་ཚོ་ལ་འདི་སྐད་དུ། ཁྱོད་ཚོས་ང་ཡི་བཀའ་རྒྱ་རྣམས་ཅིའི་ཕྱིར་བསྒྲོགས། ང་ཡི་དམ་བཅའི་སྐོར་ལ་ཁྱོད་ཚོས་ཅིའི་ཕྱིར་སྨྲ་དགོས་སམ། 17ང་ཡིས་ཁྱོད་ཚོར་བཅུན་ཡང་ཁྱོད་ཚོས་མ་ཉན་ནོ། ཁྱོད་ཚོས་ང་ཡི་བཀའ་རྒྱ་རྣམས་ངོས་ལེན་མི་བྱེད་དོ། 18རང་གི་འཕྲད་ཚད་རྐུན་མ་ཚང་མ་གྲོགས་པོ་བཟོས། ལོག་གཡེམ་མཁན་མཉམ་ཁྱོད་ཀྱང་མཐུན་ནས་ཡོད། 19ཁྱོད་ཚོ་གཏམ་ངན་སྨྲ་བར་རྒྱུན་དུ་གྲ་སྒྲིགས་ཡོད། ཁྱོད་ཚོ་རྫུན་གཏམ་སྨྲ་བར་ནམ་ཡང་ཐེ་ཚོམ་མི་བྱེད་དོ། 20རང་གི་སྤུན་ལ་སྐྱོན་བཛོད་གྱིས་པར་ཁྱོད་ཚོ་གྲ་སྒྲིགས་ཡོད། དེ་ཚོའི་སྐྱོན་རྣམས་འཚོལ་ཞིང་བསྡད་ནས་ཡོད། 21ངན་ལས་བྱས་ཀྱང་ང་ནི་ཁ་རོག་བསྡད། ངའང་ཁྱོད་དང་འདྲ་བ་ཁྱོད་ཀྱིས་བསམ། འོན་ཀྱང་ང་ནི་ཁྱོད་ལ་ཁ་བརྡུང་གཏོང་རྒྱུ་ཡིན། ཁྱོད་ཀྱི་མདུན་དུ་གནས་ཚུལ་དེ་གསལ་པོར་གྱིས། 22དཀོན་མཆོག་བརྗེད་མཁན་ཁྱོད་ཚོ་བསམ་བློ་ཡག་པོ་གཏོང་། དེ་མིན་ཁྱོད་ཚོར་དུམ་བུར་བཟོ་རྒྱུ་ཡིན་པ་དང། ཁྱོད་ཚོར་སྐྱོབ་མཁན་སུ་ཡང་མེད་པར་འགྱུར། 23གཏང་རག་གི་དམར་མཆོད་འབུལ་རྒྱུ་དེ་ནི་ང་ལ་གུས་བཀུར་བྱེད་རྒྱུ་ཡིན། ང་ཡི་བཀའ་ལ་ཉན་མཁན་ཚང་མར་ང་ཡིས་སྐྱོབ་རྒྱུ་ཡིན༎

གསུང་མགུར 51

བཟོད་གསོལ་ཕྱིར་དུ་སྨོན་ལམ།

1ཀྱེ་དཀོན་མཆོག་ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེས་ང་ལ་སྙིང་རྗེ་གནང། རླབས་ཆེན་སྙིང་རྗེས་ང་ཡི་སྡིག་པ་སེལ་བར་མཛོད། 2ང་ཡི་ངན་པ་རྣམས་ཡོངས་སུ་ཁྲུས་གནང་ནས། སྡིག་པ་ཀུན་ལས་ང་ལ་གཙང་བར་མཛོད། 3ང་ཡི་ཉེས་སྡིག་ང་ཡི་ངོས་ལེན་བྱེད་ཀྱིས་ཡོད། ང་ཡི་སྡིག་པ་རྒྱུན་དུ་ངའི་མདུན་ཡོད། 4ཁྱེད་དང་འགལ་བའི་ང་ཡི་སྡིག་པ་གྱིས། ཁྱེད་མདུན་ངན་པ་ཇི་ཡིན་ང་ཡི་བྱས། ཁྱེད་ཀྱིས་ང་ལ་ཁྲིམས་གཅོད་གནང་བ་ལེགས། ང་ལ་སྐྱོན་བཛོད་གནང་བ་དྲང་བདེན་ཡིན། 5ང་ནི་སྐྱེ་བའི་ཉིན་མོ་དེ་ནས་བཟུང་ངན་པ་ཡིན། མངལ་ནང་ཆགས་པའི་དུས་ནས་སྡིག་ཅན་འགྱུར་ཡོད་དོ། 6ཁྱེད་ནི་དྲང་ཞིང་བདེན་པར་ཐུགས་མཉེས་ཏེ། ཁྱེད་ཀྱི་ཤེས་རབ་ཀྱིས་ནི་ངའི་སེམས་གང་བར་མཛོད། 7ང་ལ་སྡིག་སེལ་གནང་ཤིག་ང་ནི་གཙང་བར་འགྱུར། ང་ལ་ཁྲུས་ནས་ཁ་བ་ལས་ཀྱང་དཀར་པོར་འགྱུར། 8དགའ་ཞིང་དགའ་མགུའི་སྒྲ་རྣམས་ངས་ཐོས་ཤོག། ཁྱེད་ཀྱིས་ང་ལ་དུམ་བུར་བཟོས་ཀྱང་ང་སླར་ཡང་དགའ་བར་འགྱུར། 9ང་ཡི་སྡིག་པར་ཁྱེད་ཀྱི་སྤྱན་བཙུམ་རོགས་གནང། ངའི་ནང་ཡོད་པའི་ལས་ངན་ཚང་མ་སེལ་བར་མཛོད། 10ཀྱེ་དཀོན་མཆོག། ངའི་ནང་སེམས་གཙང་མ་བཀོད་རོགས་གནང་། ངའི་ནང་སེམས་ཉིད་གསར་པ་དང་ནི་དམ་ཚིག་ཅན་གནང་རོགས་གནང་། 11ཁྱེད་ཀྱི་དྲུང་ནས་ང་ལ་ཕྱིར་འབུད་མ་གནང་རོགས། ཁྱེད་ཀྱི་དམ་པའི་ཐུགས་ཉིད་ང་ནས་མ་བསྣམས་རོགས། 12ཁྱེད་ཀྱིས་ཐར་པའི་དགའ་བ་སྐྱར་དུ་ང་ལ་གནོང་། ཁྱེད་ཀྱི་བཀའ་རྒྱ་ང་ལ་སྲུང་འདོད་གནང་བར་མཛོད། 13ཁྱེད་ཀྱི་བཀའ་རྒྱ་སྡིག་ཅན་རྣམས་ལ་བསླབ་ཀྱིས་ཡིན། དེ་ནས་དེ་ཚོ་ཁྱེད་ཀྱི་ཕྱོགས་སུ་ཕྱིར་ལོག་ཡོང་། 14དཀོན་མོཆག་ཁྱེད་ཀྱིས་ངའི་སྲོག་སྐྱོབ་རོགས་གནང་། ཁྱེད་ཀྱི་དྲང་བདེན་སྐོར་ལ་དགའ་ཞིང་ཁྱབ་བསྒྲགས་བྱས་ཀྱི་ཡིན། 15གཙོ་བོ་ང་ལ་གཏམ་གླེང་བྱ་རྒྱུ་རོགས་པ་གནང་། དེའི་ཕྱིར་ང་ནི་ཁྱེད་ལ་བསྟོད་བསྔགས་སོ། 16ཁྱེད་ནི་དམར་མཆོད་ལ་མི་མཉེས། དེ་མིན་ངས་དེ་འབུལ་ལོ། སྦྱིན་སྲེག་གི་འབུལ་བ་ལའང་ཁྱེད་མི་མཉེས། 17ཀྱེ་དཀོན་མཆོག། སྙིམ་ཆུང་སེམས་ཉིད་ནི་ང་ཡི་དམར་མཆོད་ཡིན། སྙིམ་ཆུང་འགྱོད་སེམས་ཅན་ལ་ནི་ཁྱེད་ཀྱིས་སྤངས་མི་ཡོང། 18ཀྱེ་དཀོན་མཆོག་ཛི་ཡོན་ཐོག་ཏུ། ཐུགས་རྗེ་གཟིགས་ནས་དེ་ལ་རོགས་གནང་། ཡེ་རུ་ཤ་ལེམ་གྱི་ནི་རྩིག་པ་གསར་བཟོ་མཛོད། 19དེ་ནས་ཁྱེད་ནི་འོས་པའི་དམར་མཆོད་རྣམས་ལ་ཐུགས་མཉེས་ཤིང་། སྦྱིན་སྲེག་དམར་མཆོད་རྣམས་ལ་ཁྱེད་ཐུགས་མཉེས། ཁྱེད་ཀྱི་མཆོད་ཁྲིར་གླང་གི་དམར་མཆོད་འབུལ་བར་འགྱུར༎

གསུང་མགུར 52

དཀོན་མཆོག་གི་ཐུགས་རྗེ་དང་ཁྲིམས་དཔྱོད།

1སྟོབས་ཆེན་མི་རང་གི་ལས་ངན་ཅི་ལ་ངོམ། དཀོན་མཆོག་ཁོང་གི་དམ་ཚིག་མཐའ་བར་གནས། 2གཞན་ལ་འཇིག་པའི་བྱུས་ངན་ཁྱོད་ཀྱིས་བྱས། ཁྱོད་ཀྱི་ལྕེ་ནི་རྣོ་བའི་གྲི་དང་འདྲ། ཁྱོད་ནི་རྒྱུན་དུ་རྫུན་གཏམ་བཟོ་བཞིན་ཡོད། 3བཟང་པོ་ལས་ཀྱང་ངན་པར་དགའ། བདེན་པའི་གཏམ་ལས་རྫུན་གྱི་གཏམ་ལ་དགའ། 4ཁྱོད་རྫུན་ཤོད་མཁན། ཁྱོད་ཀྱི་ཚིག་གིས་གཞན་སེམས་སྐྱོ་བར་དགའ། 5དེར་བརྟེན་དཀོན་མཆོག་ཁྱོད་ལ་རྒྱུན་གྱི་ཆེད་དུ་ཚར་གཅོད་འགྱུར། ཁོང་གིས་ཁྱོད་ལ་བཟུང་ནས་ཁྱིམ་ནས་འཁྱེར་བར་གནང་། གསོན་པོའི་ཡུལ་ནས་ཁོང་གིས་ཁྱོད་ལ་ཕྱིར་འབུད་གནང་། 6དེ་ཚོ་མཐོང་ནས་དྲང་བདེན་མི་རྣམས་འཇིགས་པ་དང་། དེ་ནས་དེ་ཚོས་ཁྱོད་ལ་གད་ཅིང་འདི་ལྟར་སྨྲས་པར་འགྱུར། 7ལྟོས་ཤིག་འདི་རུ་འདི་འདྲའི་མི་ཞིག་ཡོད། སྲུང་སྐྱོབ་ཕྱིར་དུ་དཀོན་མཆོག་ལ་ནི་བློ་མི་བཅོལ། འོན་ཀྱང་རང་གི་རྒྱུ་དངོས་མང་པོར་བློ་བཅོལ་བྱས། ངན་པའི་ནང་ན་ཁོ་ཡིས་རང་གི་སྲུང་སྐྱོབ་བཙལ། 8འོན་ཀྱང་ང་ནི་དཀོན་མཆོག་ཁོང་གི་མཆོད་ཁང་ནང་། སྐྱེས་པའི་ཁ་སྐྱུར་ཤིང་གི་སྡོང་པོ་འདྲ་བ་ཡོད། ཁོང་གི་རྒྱུན་ལྡན་ཐུགས་བརྩེར་མཐའ་མའི་བར་དུ་བློ་གཏད་བྱས། 9གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ཇི་ལྟར་མཛད་པ་ལ། དེའི་ཕྱིར་ང་ནི་རྒྱུན་དུ་ཁྱེད་ལ་གཏང་རག་འབུལ། ཁྱེད་ནི་བཟང་པོ་ཡིན་ཟེར་ངས་ནི། ཁྱེད་ཀྱི་མི་རྣམས་ཀྱི་མདུན་དུ་དཔང་པོ་བྱ་རྒྱུ་ཡིན༎

གསུང་མགུར 53

1གླེན་པའི་སེམས་ནང་དཀོན་མཆོག་མེད་ཅེས་ཟེར། དེ་ཚོ་ཚང་མ་ལྷད་ཅན་ཡིན། དེ་ཚོས་འཇིགས་སུ་རུང་བའི་ལས་རྣམས་བྱེད་ཡོད་ཅིང་། བདེན་པའི་ལས་རྣམས་བྱེད་མཁན་སུ་ཡང་མེད། 2ཤེས་རབ་ཅན་དང་ཁོང་ལ་མཆོད་མཁན་སུ་ཡོད་དམ། དཀོན་མཆོག་མཐོ་རིས་གནས་ནས་མི་རིགས་འཚོལ་ཕྱིར་གཟིགས། 3འོན་ཀྱང་དེ་ཚོ་ཚང་མ་ཁོང་ནས་ཁ་སྒྱུར་ཡོད། དེ་ཚོ་ཐམས་ཅད་དེ་བཞིན་ངན་པ་ཡིན། བདེན་པའི་ལས་རྣམས་བྱེད་མཁན་གཅིག་ཀྱང་མེད། 4དཀོན་མཆོག་གི་བཀའ་དྲི་གནང་བ། དེ་ཚོས་ཅི་ཡང་ཤེས་ཀྱི་མེད་དམ། ལས་ངན་བྱེད་མཁན་དེ་ཚོ་བླུན་རྨོངས་ཅན་ཡིན་ནམ། དེ་ཚོས་ངའི་འབངས་བཅོམ་ནས་འཚོ་བ་སྐྱེལ། ང་ལ་ནམ་ཡང་སྨོན་ལམ་མི་འདེབས་སོ། 5འོན་ཀྱང་དེ་ཚོར་འཇིགས་སྣང་བྱུང་བར་འགྱུར། དེ་འདྲའི་འཇིགས་སྣང་ནམ་ཡང་བྱུང་མེད་དེ། གང་ལགས་ཟེར་ན་དཀོན་མཆོག་ཁོང་གིས་ནི། རང་གི་འབངས་ཀྱི་དགྲ་ཚོའི་རུས་པ་སྟོར་བ་གནང་། དཀོན་མཆོག་ཁོང་གིས་དེ་ཚོར་སྤངས་ཡོད་ཅིང་། ཨིསི་རཱཨེལ་གྱི་ནི་དེ་ཚོར་རྒྱལ་ཁ་ཐོབ། 6ཛི་ཡོན་ཕྱོགས་ནས་ང་ཡི་ཇི་ཙམ་མང་བ་སྨོན་ལམ་འདེབས། རྒྱལ་ཁ་ཨིསི་རཱཨེལ་ཕྱོགས་སུ་སླེབས་པར་ཤོག། དཀོན་མཆོག་ཁོང་གིས་སྐྱར་དུ་ཨིསི་རཱཨེལ་ལ། ཕུན་སུམ་ཚོགས་པ་གནང་དུས་དེ་ཚོ་ཇི་འདྲ་དགའ་བར་འགྱུར༎

གསུང་མགུར 54

དགྲ་ལས་སྲུང་སྐྱོབ་ཕྱིར་སྨོན་ལམ།

1ཀྱེ་དཀོན་མཆོག་ཁྱེད་ཀྱི་དབང་གིས་ང་ལ་སྐྱབས་རོགས་གནང་། རང་གི་སྟོབས་ཀྱིས་ང་ལ་ཐར་པ་གནོང་། 2ཀྱེ་དཀོན་མཆོག། ང་ཡི་སྨོན་ལམ་གསན་རོགས་གནང་། ང་ཡི་ཞུས་པའི་ཚིག་རྣམས་ལ་གསན་རོགས་གནང་། 3མི་ང་རྒྱལ་ཅན་རྣམས་ང་ལ་འཐབ་ཕྱིར་ཡོང་བ་དང་། མི་དྲག་ཤུལ་ཅན་ཚོས་ང་ལ་གསོད་ཐབས་བྱས། མི་དེ་ཚོས་དཀོན་མཆོག་སྐོར་དོ་སྣང་མི་བྱེད་དོ། 4འོན་ཀྱང་དཀོན་མཆོག་ང་ཡི་རོགས་གནང་མཁན་དང་། གཙོ་བོ་ང་ཡི་སྲུང་སྐྱོབ་གནང་མཁན་ཡིན། 5དཀོན་མཆོག་ཁོང་གིས་དེ་ཚོའི་རང་གི་ལས་ངན་སྒོ་ནས་དགྲ་བོར་ཉེས་ཆད་གནང་། ཁོང་ནི་དམ་ཚིག་ཅན་ཡིན་པས་དེ་ཚོ་ཚར་གཅོད་འགྱུར། 6ཀྱེ་གཙོ་བོ་དཀོན་མཆོག། ང་ནི་དགའ་ཞིང་ཁྱེད་ལ་དམར་མཆོད་འབུལ་རྒྱུ་ཡིན། ཁྱེད་ནི་བཟང་པོ་ཡིན་པས་ངས་ནི་བཏང་རག་འབུལ། 7ཁྱེད་ཀྱིས་ང་ལ་སྡུག་བསྔལ་ཡོངས་ལས་སྐྱོབ་གནང་ཡོད། རང་གི་དགྲ་རྣམས་ཕམ་པ་ང་ཡིས་མཐོང་ཡོད་དོ༎

གསུང་མགུར 55

གྲོགས་པོས་བསླུ་བའི་མི་ཞིག་གི་སྨོན་ལམ།

1ཀྱེ་དཀོན་མཆོག་ང་ཡི་སྨོན་ལམ་གསན། ང་ཡི་ཞུ་བ་དེ་ཚོར་ཕྱིར་མ་སློག། 2ང་ཡི་ཞུ་བར་གསན་ནས་བཀའ་ལན་གནང་། སེམས་ཁྲལ་དྲག་པོས་ང་ཡིད་ཐང་ཆད་ཡོད། 3ང་ནི་དགྲ་བོའི་དཀྲོག་གཏམ་གྱིས་ནི་འཇིགས། ངན་པས་མནར་བས་ང་ནི་དུམ་བུར་ཆག། དེ་ཚོས་ང་ཡི་ཐོག་སྡུག་བསྔལ་འཁྱེར་ཡོང་། ང་ལ་ཁྲོས་ནས་སྡང་བའི་རྣམ་འགྱུར་བསྟན། 4འཆི་བའི་རྐྱེན་གྱིས་ང་ནི་འཇིགས་ཏེ་མནར། 5འཇིགས་པས་ང་ལ་གཟུང་ནས་འདར་བཞིན་ཡོད། དངངས་སྐྲག་ཆེན་པོས་ང་ལ་མནར། 6ང་ལ་ཕུག་རོན་ལྟར་ཤོག་པ་ཡོད་ཡིན་ན་ཅི་མ་རུང། ང་ནི་འཕུར་ཞིང་ངལ་གསོ་བརྙེད། 7ང་ནི་ཐག་རིང་འཕུར་ནས་འགྲོ། འབྲོག་སྟོང་ཁག་ཏུ་ང་ཡི་གནས་ས་བཟོས། 8རླུང་ཤུགས་དྲག་པོ་དང་ནི་རླུང་འཚུབ་ལས། ང་ནི་སྐྱབས་བཅོལ་ཞུ་ཕྱིར་གནས་ཞིག་མགྱོགས་པོར་འཚོལ། 9ཀྱེ་གཙོ་བོ་ང་ཡི་དགྲ་ཚོའི་སྐད་དེ་འཁྲུགས་པར་མཛོད། གྲོང་ནང་དྲག་ཤུལ་དང་ནི་ཟིངས་འཁྲུགས་བྱུང་བ་ང་ཡིས་མཐོང་། 10དེ་ཡིས་ཉིན་མཚན་གྲོང་ཁྱེར་བསྐོར། དེ་རུ་སྡུག་བསྔལ་དང་ནི་ནག་ཉེས་གང་། 11ཕྱོགས་བཞིར་ཀུན་ཏུ་མེད་པར་སོང་། ལམ་རྣམས་བཙན་གནོན་གཡོ་སྒྱུས་གང་ནས་ཡོད། 12ཁོ་ནི་ང་ལ་འཕྱ་མཁན་དགྲ་ཡིན་ན། ང་ནི་ཁོ་ལ་བཟོད་བསྒོམ་བྱས་ཀྱང་ཐུབ། ང་ལ་རྒོལ་ཕྱིར་ཐུབ་པའི་དགྲ་ཡིན་ན། ང་ནི་ཁོ་ལས་ཡིབ་ནས་བསྡད་ཐུབ་པ་ཡོད། 13འོན་ཀྱང་དེ་ནི་ཁྱོད་ང་ཡི་གྲོགས་པོ་ཡིན། ང་ཡི་ཡིད་མཐུན་ལས་རོགས་གྲོགས་པོ་ཡིན། 14ང་ཚོའི་སེམས་ཀྱི་གཏམ་སོགས་ནང་ཁུང་ཤོད། མཆོད་ཁང་ནང་དུ་ང་ཚོ་མཉམ་དུ་མཆོད་འབུལ་བྱས། 15དེ་ཚོའི་དུས་རན་པའི་སྔོན་དུ་ང་ཡི་དགྲ་རྣམས་འཆི་བར་ཤོག། འཆི་བའི་ཡུལ་དུ་གསོན་པོར་ལྷུང་བར་ཤོག། དེ་ཚོའི་ཁྱིམ་དང་དེ་ཚོའི་སེམས་ནི་ངན་པའི་གང་ནས་ཡོད། 16འོན་ཀྱང་ང་ནི་གཙོ་བོ་དཀོན་མཆོག་ལ། སྐྱབས་གྲོགས་ཆེད་དུ་སྨོན་ལམ་འདེབས་པ་དང། ཁོང་གིས་ང་ལ་སྐྱབས་གནང་ངོ་། 17སྔ་དྲོ་ཉིན་དགོང་དྲོ་ཁོང་གི་དྲུང། ང་ཡི་སྐྱོན་བརྗོད་དང་ནི་འཁུན་སྐད་ཁོང་ཙར་ལེབས། ཁོང་གིས་ང་ཡི་སྐད་འབོད་གསན་པར་འགྱུར། 18དགྲ་བོ་མང་པོ་མཉམ་དུ་ང་འཐབ་དུས། ཁོང་གིས་ང་ལ་དམག་ལས་ཁམས་བཟང་སློག། 19ཐོག་མཐའ་མེད་པའི་དུས་ནས་རྒྱལ་སྲིད་སྐྱོང་མཁན་དཀོན་མཆོག་གིས། ང་ཡི་འོ་དོད་གསན་ནས་དགྲ་རྣམས་ཕམ། གང་ལགས་ཟེར་ན་དེ་ཚོའི་བྱེད་ཚུལ་མི་སྒྱུར་བ་དང། དེ་ཚོས་ཁོང་ལ་མི་འཇིགས་སོ། 20ང་ཡི་སྔོན་གྱི་གྲོགས་པོས་རང་གི་གྲོགས་པོར་འཐབ། ཁོ་ཡིས་རང་གི་དམ་བཅའ་རྣམས་མི་སྒྲུབ་བོ། 21ཁོ་ཡི་གཏམ་རྣམས་སྤྲི་མ་འདྲ་འཇམ་པོ་ཡོད། འོན་ཀྱང་ཁོའི་སེམས་སྡང་བས་གང་ནས་ཡོད། ཁོ་ཡི་གཏམ་རྣམས་སྣུམ་ལྟར་ཞི་བ་ཡོད། འོན་ཀྱང་རྣོ་ལྡན་རལ་གྲི་ལྟ་བུར་གཅོད། 22རང་གི་དཀའ་ངལ་ཡོངས་རྫོགས་གཙོ་བོ་དཀོན་མཆོག་ཁོང་ལ་ཕུལ། དེ་ནས་ཁོང་གིས་ཁྱོད་ལ་སྐྱབས་གནང་ངོ་། དྲང་པོའི་མི་ལ་ཁོང་གིས་ཕམ་མི་བཅུག། 23འོན་ཀྱང་ཀྱེ་དཀོན་མཆོག་ཁྱེད་ཀྱིས་ནི། སྲོག་གཅོད་པ་དང་རྫུན་གཏམ་ཤོད་མཁན་ལ། དེ་ཚོའི་ཚེ་ཚད་རྫོགས་སྔོན་འཆི་བར་གཏོང་། འོན་ཀྱང་ང་ནི་ཁྱེད་ལ་བློ་བཅོལ་ལོ༎

གསུང་མགུར 56

1ཀྱེ་དཀོན་མཆོག་ང་ལ་སྙིང་རྗེ་གནང་རོགས་གནང། གང་ལགས་ཟེར་ན་དགྲ་བོས་ངའི་སྟེང་རྒོལ། དེ་ཚོས་ང་ལ་རྒྱུན་དུ་སྡུག་པོ་གཏོང་། 2རྒོལ་མི་དེ་ཚོས་ང་དང་ཉིན་གང་འཐབ། ང་དང་འཐབ་མཁན་དེ་ཚོ་མང་པོ་འདུག། 3ང་ལ་འཇིགས་སྣང་བྱུང་བའི་དུས་སྐབས་སུ། ཀྱེ་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག། ང་ནི་ཁྱེད་ལ་བློ་བཅོལ་བྱེད་ཀྱི་ཡོད། 4དཀོན་མཆོག་ཁོང་ལ་བློ་བཅོལ་བྱེད་པས་ང་མི་འཇིགས། ཁོང་གི་དམ་བཅའི་ཕྱིར་དུ་ངས་ཁོང་བསྟོད། འགྲོ་བ་མིས་ང་ལ་ཅི་ཞིག་བྱེད་ཐུབ་བམ། 5དགྲ་བོས་ང་ལ་ཉིན་གང་སྡུག་པོ་གཏོང་། རྒྱུན་དུ་དེ་ཚོས་ང་ལ་ངན་བྱུས་བརྩམ། 6དེ་ཚོ་གསང་བའི་ས་གནས་ཁག་ཏུ་འཛོམས། ང་ལ་གསོད་ཕྱིར་ངའི་བྱས་པ་ཚང་མ་དེ་ཚོས་བལྟ། 7དེ་ཚོའི་ངན་པའི་ཕྱིར་དུ་དེ་ཚོར་ཉེས་ཆད་གནང་ཀྱེ་དཀོན་མཆོག། ཁྱེད་ཀྱི་ཐུགས་ཁྲོའི་ངང་དེ་ཚོར་ཕམ་པར་གནང། 8ང་ནི་དཀའ་ངལ་ནང་ཚུད་ཁྱེད་ཀྱིས་མཁྱེན། ང་ཡི་མིག་ཆུའི་ཐོ་འགོད་ཁྱེད་ཀྱི་འཇོག་གནང་ཡོད། ཐོ་དེ་ཁྱེད་ཀྱི་དེབ་ནང་བཞག་མེད་དམ། 9ང་ཡི་ཁྱེད་ལ་ཞུ་འབོད་བྱེད་པའི་ཉིན། ང་ཡི་དགྲ་བོ་དེ་ཚོ་ཕམ་པར་འགྱུར། དཀོན་མཆོག་ཁྱེད་ནི་ངའི་ཕྱོགས་ཡོད་པ་ཤེས། 10གཙོ་བོ་དཀོན་མཆོག་ཁོང་གི་དམ་བཅར་བསྟོད་བསྔགས་ཕུལ་གྱིས་ཡོད། 11ཁོང་ནང་བློ་བཅོལ་བྱེད་པས་ང་མི་འཇིགས། འགྲོ་བ་མིས་ང་ལ་ཅི་ཞིག་བྱེད་ཐུབ་བམ། 12ཀྱེ་དཀོན་མཆོག་ང་ཡིས་ཁྱེད་ལ་དམ་བཅའ་གང་བྱས་པ། དེ་ཚོ་ང་ཡི་ཁྱེད་ལ་འབུལ་གྱི་ཡིན། ངེད་ཀྱི་ཁྱེད་ལ་གཏང་རག་འབུལ་བར་འགྱུར། 13གང་ལགས་ཟེར་ན་ཁྱེད་ཀྱིས་འཆི་བ་ལས། ང་ལ་སྐྱབས་ཤིང་ཕམ་རྒུད་བྱུང་བཅུག་མེད། དེའི་ཕྱིར་ང་ནི་དཀོན་མཆོག་ཁྱེད་ཀྱི་དྲུང་། གསོན་པོ་དེ་ཚོའི་ཐོག་ཏུ་འོད་ཟེར་ནང་འགྲུལ་གྱི་ཡིན༎

གསུང་མགུར 57

སྐྱབས་གྲོགས་ཞུ་ཕྱིར་སྨོན་ལམ།

1ང་ལ་སྙིང་རྗེ་གཟིགས་ཤིག་ཀྱེ་དཀོན་མཆོག་ལགས་སྙིང་རྗེ་གཟིགས། གང་ལ་ཟེར་ན་ང་ནི་ཁྱེད་དྲུང་སྐྱབས་བཅོལ་ཞུ་གི་ཡིན། རླུང་འཚུབ་མ་ཆད་བར་ཁྱེད་ཀྱི་ཤོག་གྲིབ་འོག་ཏུ་སྲུང་སྐྱོབ་ཐོབ། 2ང་དཀོན་མཆོག་བླ་མེད་དཀོན་མཆོག་ལ་འབོད་བཞིན་ཡོད། ང་ལ་ཁོང་གིས་དགོས་མཁོ་ཚང་མ་གནང་། ཁྱེད་ཀྱི་ཤོག་པའི་གྲིབ་མས་སྲུང་སྐྱོབ་ཐོབ། 3ཁོང་གིས་མཐོ་རིས་གནས་ནས་ང་ལ་ནི། བཀའ་ལན་གནང་ཞིང་ང་ལ་སྐྱབས་པར་མཛད། ང་ལ་སྡུག་པོ་གཏོང་མིར་ཁོང་གིས་ཕམ་པར་མཛད། དཀོན་མཆོག་རང་གི་རྒྱུན་ལྡན་ཐུགས་བརྩེ་དང་དམ་ཚིག་ང་ལ་སྟོན། 4མིའི་ཤ་བཟའ་རྒྱུ་ལྟོགས་པའི་སེང་གེ་རྣམས་བཞིན་དུ་དགྲ་བོས་ང་ལ་བསྐོར། དེེ་ཚོའི་སོ་ནི་མདུང་དང་མདའ་རྣམས་འདྲའོ། དེ་བཞིན་ལྕེ་ནི་རྣོ་བའི་རལ་གྲི་འདྲ། 5ཀྱེ་དཀོན་མཆོག་ནམ་ཁར་རང་གི་རླབས་ཆེན་དང་། འཇིག་རྟེན་ཀུན་ཏུ་གཟི་བརྗིད་སྟོན་པར་མཛོད། 6ང་ལ་བཟུང་ཕྱིར་ང་ཡི་དགྲ་བོ་ཚོས། རྙི་བཙུགས་པའི་ང་ནི་དཀའ་ངལ་དང་། ངེད་ཀྱི་འགྲོ་ལམ་དོང་ཞིག་བྲུས་ནས་ཡོད། འོན་ཀྱང་དེའི་ནང་དེ་ཚོ་རང་ཉིད་ཐིམ། 7ཀྱེ་དཀོན་མཆོག་ཁྱེད་ལ་བློ་གཏད་ཆ་ཚང་ཡོད། ང་ནི་མགུར་མ་ལེན་བཞིན་ཁྱེད་ལ་བསྟོད། 8ཀྱེ་ངེད་ཀྱི་སེམས་ཉིད་ཡར་ལོངས་ཤིག། པི་ཝང་སྒྲ་སྙན་བཅས་པ་ཡར་ལོངས་ཤིག། ཉི་མ་ལ་ནི་ང་ཡིས་བསླང་རྒྱུ་ཡིན། 9ཀྱེ་གཙོ་བོ་རྒྱལ་ཁབ་ཚོ་ཡི་ཁྲོད་ང་ཡིས་ཁྱེད་ལ་གཏང་རག་འབུལ་རྒྱུ་ཡིན། མི་རིགས་ཚོ་ཡི་ཁྲོད་དུ་ཁྱེད་ལ་བསྟོད་པར་བྱ། 10ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་མཐོ་རིས་བར་དུ་སླེབས། ཁྱེད་ཀྱི་དམ་ཚིག་ནམ་མཁའ་ཐུག་པར་བྱས། 11ཀྱེ་དཀོན་མཆོག་ནམ་ཁར་རང་གི་རླབས་ཆེན་དང་། འཇིག་རྟེན་ཀུན་ཏུ་གཟི་བརྗིད་སྟོན་པར་མཛོད༎

གསུང་མགུར 58

སྡིག་ཅན་ལ་ཉེས་ཆད་གཏོང་ཕྱིར་དཀོན་མཆོག་ལ་སྨོན་ལམ་འདེབས་པ།

1ཁྱེད་རྒྱལ་པོ་རྣམས་ཀྱིས་ཁྲིམས་དྲང་པོའི་ཐག་གཅོད་ནི་ནམ་བཅོད་དམ། ཁྱེད་རྣམས་དྲང་པོའི་ཐོག་ནས་མི་ཚོར་ཁྲིམས་གཅོད་དམ། 2མ་ཡིན། ཁྱེད་ཀྱིས་ངན་པ་གང་ཡིན་བྱེད་ཐུབ་པའི་བསམ་བློ་འཁོར། ཡུལ་ནང་དྲག་ཤུལ་གྱིས་ཟིངས་འཁྲུགས་བཅོལ། 3མི་ངན་འདི་ཚོ་ཚེ་གང་ལས་ངན་བྱས། དེ་ཚོས་སྐྱེས་ནས་བཟུང་སྟེ་རྫུན་གཏམ་སྨྲ། 4དེ་ཚོ་སྦྲུལ་དང་འདྲ་བ་དུག་གིས་གང་། དེ་ཚོ་དུག་སྦྲུལ་འོན་པ་ཞིག་ལྟར་རྣ་བ་བཀབ་བོ། 5དེ་ཡིས་སྦྲུལ་འགུགས་མཁན་མི་སྐད་འདྲ། ཡང་ན་སྤྱང་དྲུང་སྒྱུ་མ་མཁན་གྱི་ངན་སྔགས་ལ་མི་ཐོས། 6ཀྱེ་དཀོན་མཆོག་འཇིགས་རུང་སེང་གེའི་སོ་རྣམས་གཅོག་པར་མཛོད། 7དེ་ཚོ་འཛག་པའི་ཆུ་ལྟར་ཡལ་བ་དང་། ལམ་དུ་ཡོད་པའི་རྩྭ་ངན་འདྲ་དེ་ཚོ་བརྫིས། 8དེ་ཚོ་འདམ་ནང་ཡལ་ནས་འགྲོ་བའི་སྐྱོགས་ལྟོ་འབུ་དང་འདྲ། འོད་ནི་ནམ་ཡང་མི་མཐོང་བའི་སྐྱེས་དུས་ནས་ཤི་བའི་ཕྲུ་གུ་ལྟ་བུ་དེ་ཚ་ཡོང་བར་ཤོག། 9མ་ཤེས་སྔོན་དུ་རྩྭ་ངན་འདྲ་བ་བཅད། གསོན་པོ་ཡོད་དུས་དཀོན་མཆོག་རང་གི་ཐུགས་ཁྲོ་དྲག་པོའི་ནང་། དེ་ཚོར་རླུང་གིས་ལྟར་འབུད་གནང་ངོ། 10སྡིག་སྤྱོད་རྣམས་ལ་ཉེས་ཆད་ཕོག་དུས་དྲང་བདེན་རྣམས་ནི་དགའ། མི་ངན་རྣམས་ཀྱི་ཁྲག་ནང་རང་གི་རྐང་པས་འགྲུལ། 11དྲང་བདེན་མི་ཚོར་བདེན་པར་བྱ་དགའ་ཐོབ་ཟེར་མི་ཚོས་ཟེར། འཇིག་རྟེན་གྱི་ཞལ་ཆེ་གཅོད་པར་དཀོན་མཆོག་གཅིག་ནི་བདེན་པར་བཞུགས་ཡོད་དོ༎

གསུང་མགུར 59

1ངའི་དཀོན་མཆོག་ཁྱེད་ཀྱིས་ང་ལ་དགྲ་ལས་སྐྱོབ། རྒོལ་མཁན་དེ་ཚོའི་ལག་ནས་ངར་སྐྱོབ་མཛོད། 2མི་ངན་དེ་ཚོའི་ལག་ནས་ང་ལ་སྐྱོབ། སྲོག་གཅོད་བྱེད་མཁན་ལག་ནས་ང་ལ་སྲུང་། 3-4གཟིགས་ཤིག་དེ་ཚོས་ང་ལ་གསོད་ཕྱིར་སྒུག་བསྡད་ཡོད། མི་སྡུག་རྩུབ་ཅན་ཚོས་ང་ལ་རྒོལ་ཕྱིར་འཛོམས། ཀྱེ་གཙོ་བོ་དཀོན་མཆོག། དེ་ཚོ་བྲེལ་ཚབས་ངང་རང་གནས་འགྲོ་བཞིན་འདུག། འོན་ཀྱང་ངེད་ཀྱི་བྱེད་པའི་སྡིག་པའམ་ནོར་འཁྲུལ། ཡང་ན་ང་ཡིས་བྱས་པའི་སྐྱོན་གྱི་མ་ཡིན་ནོ། 5ཀྱེ་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ལགས། བཞེངས་ནས་ང་ལ་སྐྱབས་རོགས་གནང་བར་ཕེབས། ཨིསི་རཱཨེལ་གྱི་དཀོན་མཆོག་རང་ཉིད་ཀྱི་གཟིགས་རོགས་གནང། ཡར་བཞེངས་ནས་ཀླ་ཀློ་ཚོར་ཉེས་ཆད་གཏོང་རོགས་གནང། ཡུལ་ཚོང་མཁན་ངན་པ་ཚོ་ལ་སྙིང་རྗེ་མ་མཛད་ཅིག། 6དེ་ཚོ་དགོང་དྲོ་ལོག་ནས་ཡོང་། དེ་ཚོ་ཁྱི་བཞིན་ངར་ནས་གྲོང་གི་ཕྱོགས་བཞིར་འཁྱམས། 7དེ་ཚོས་སྨྲས་པའི་དམའ་འབེབས་དང་ནི་དཀྲོག་གཏམ་གསན་རོགས་གནང་། དེ་ཚོའི་ལྕེ་ནི་རལ་གྲི་འདྲ་བ་འདུག། ཡིན་ཡང་དེ་ཚོས་སུ་ཞིག་ཁོང་ཚོར་གོ་མེད་དོ་བསམ་མོ། 8འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་དེ་ཚོའི་ཐོག་ཏུ་ཞད་གད་ཤོར། དད་མེད་རྣམས་ལ་གད་ཅིང་འཕྱ་སྨད་གནང་། 9ཁྱེད་ཀྱི་དབང་ལ་ང་ཡིས་བློ་གཏད་བྱས། དཀོན་མཆོག་ཁྱེད་ནི་ང་ཡི་སྐྱབས་གནས་ཡིན། 10ང་ཡི་དཀོན་མཆོག་ང་ལ་བྱམས་པས་ངའི་རྩར་ཕེབས། ཁོང་གིས་ངའི་དགྲ་ཕམ་པ་མཐོང་བཅུག་འོང་། 11དཀོན་མཆོག་ཁྱེད་ཀྱིས་དེ་ཚོར་མ་གསོད་རོགས། དེ་མིན་ངེད་ཀྱི་འབངས་ཚོས་དེ་ཚོར་བརྗེད་ཀྱང་སྲིད། རང་གི་སྟོབས་ཀྱིས་དེ་ཚོར་རྒྱལ་ནས་སྟོར་བར་མཛོད། ཀྱེ་གཙོ་བོ་ང་ཚོའི་སྲུང་སྐྱོབ་ལགས། 12དེ་ཚོའི་མཆུ་ཏོར་སྡིག་པ་ཡོད། དེ་ཚོའི་གཏམ་རྣམས་སྡིག་པས་གང་། རང་གི་ང་རྒྱལ་གྱི་རྙི་ནང་ཚུད་པར་ཤོག། གང་ལགས་ཟེར་ན་དེ་ཚོས་དམོད་མོ་འདེབས་ཤིང་སྐྱག་རྫུན་བཤད། 13རང་གི་ཐུགས་ཁྲོའི་ངང་དུ་དེ་ཚོར་ཚར་གཅོད་མཛོད། དེ་ཚོར་རྩ་མེད་བཟོས་པར་མཛོད། དེ་ནས་དཀོན་མཆོག་ཁོང་གིས་ཨིསི་རཱཨེལ་ཐོག། རྒྱལ་སྲིད་སྐྱོང་བ་ཚང་མས་ཤེས་པར་འགྱུར། ཁོང་གི་རྒྱལ་སྲིད་འཇིག་རྟེན་ཡོངས་སུ་ཁྱབ་འགྱུར། 14ངེད་ཀྱི་དགྲ་རྣམས་དགོང་དྲོ་ལོག་ནས་ཡོང་། དེ་ཚོ་ཁྱི་བཞིན་ངར་ནས་གྲོང་གི་ཕྱོགས་བཞིར་འཁྱམས། 15དེ་རྣམས་ཁ་ཟས་འཚོལ་ཀྱང་མ་རྙེད་པས། ངར་ངར་ངུར་ངུར་བྱེད་མཁན་ཁྱི་དང་འདྲ། 16འོན་ཀྱང་ང་ནི་ཁྱེད་ཀྱི་མཐུ་སྟོབས་སྐོར་ལ་གླུ་ལེན་ནོ། རྒྱུན་ལྡན་ཐུགས་བརྩེའི་སྐོར་ལ་སྔ་དྲོ་སྐད་ཤུགས་ཆེན་པོས་གླུ་ལེན་ནོ། དཀའ་ངལ་དུས་སུ་ཁྱེད་ནི་ང་ཡི་སྐྱབས་གནས་འགྱུར། 17ང་ཡི་སྲོག་སྐྱོབ་མཁན་ཁྱེད་ལ་ང་ནི་བསྟོད་རྒྱུ་ཡིན། ང་ཡི་སྐྱབས་གནས་དཀོན་མཆོག་ཡིན། ང་ལ་བརྩེ་བ་གནང་མཁན་དཀོན་མཆོག་ཡིན༎

གསུང་མགུར 60

ཐར་པའི་ཆེད་དུ་སྨོན་ལམ།

1དཀོན་མཆོག་ཁྱེད་ཀྱིས་ང་ཚོར་སྤངས་གནང་བས། དེའི་ཕྱིར་ང་ཚོར་ཕམ་རྒུད་བྱུང་ཡོད་དོ། ཁྱེད་ནི་ང་ཚོ་མཉམ་དུ་ཐུགས་ཁྲོ་ཞིང་། ད་ནི་ང་ཚོའི་ཕྱོགས་སུ་ཕྱིར་ལོག་རོགས་གནང་། 2ཁྱེད་ཀྱིས་ས་གཞི་འགུལ་དུ་བཅུག་ཡོད། ཁྱེད་ཀྱིས་དེ་ལ་གཤག་གནང་ཡོད། ད་ནི་དེ་ཡི་རྨ་རྣམས་གསོ་གནང་རོགས་གནང། གང་ལགས་ཟེར་ན་དེ་ནི་འགུལ་བཞིན་འདུག། 3ཁྱེད་ཀྱིས་རང་གི་མི་འབངས་ལ་དཀའ་ངལ་ཆེན་པོ་མྱོང་བཅུག་ཡོད། ར་བཟི་འདྲ་བ་ང་ཚོའི་རྐང་པ་འཁྱོར་བཞིན་འགྲུལ། 4ཉེས་སྐྱོན་མེད་པའི་ཕྱིར་ཁྱེད་ལ་མོས་གུས་བྱེད་མཁན་ཚོར། ཁྱེད་ཀྱིས་དེ་ཚོར་ཟོན་བརྡ་གནང་ཡོད་དོ། 5ཁྱེད་ཀྱི་སྟོབས་ཀྱིས་ང་ཚོར་སྐྱབས་རོགས་གནང་། ང་ཚའི་སྨོན་ལམ་དེ་ཚོར་བཀའ་ལན་གནང་རོགས་གནང་། ཁྱེད་ཀྱིས་གཅེས་པའི་མི་ཚོ་ཐར་བའི་ཕྱིར། 6ཁོང་གི་དམ་པའི་གནས་ནས་དཀོན་མཆོག་ཁོང་གིས་གསུངས། རྒྱལ་ཁའི་ངང་ང་ཡིས་ཤེ་ཀེམ་བགོ་རྒྱུ་དང། སུ་ཀོད་ལུང་གཤོང་ནི་ང་ཡི་མི་འབངས་ལ་བགོ་རྒྱུ་ཡིན། 7གྷིལ་ཨད་ང་ཡི་ཡིན་མ་ན་ཤེ་ཡང་ང་ཡི་ཡིན། ཨེཕ་ར་ཡིམ་ནི་ང་ཡི་རྨོག་ཡིན་པ་དང་། ཡ་ཧུ་དཱ་ནི་ང་ཡི་རྒྱལ་པོའི་ཕྱག་འབེར་ཡིན། 8འོན་ཀྱང་མོ་ཨབ་ང་ཡིས་འཁྲུད་ཞོང་བཞིན་སྤྱོད་རྒྱུ་ཡིན། ཨེ་དོམ་ནི་ང་ལ་བདག་པའི་རྟགས་སུ། དེའི་ཐོག་ང་ཡི་ལྷམ་དེ་དབྱུགས་རྒྱུ་ཡིན། ཕེ་ལེ་ཤེད་པ་ཚོས་ངའི་སྟེང་རྒྱལ་ནས་ནི། སྐད་ཤུགས་ཆེན་པོ་རྒྱབ་པར་བསམ་ཡོད་དམ། 9ཀྱེ་དཀོན་མཆོག། ང་ལ་ལྕགས་རི་ཡོད་པའི་གྲོང་ནང་སུས་སྐྱེལ་ཐུབ། སུ་ཡིས་ང་ལ་ཨེ་དོམ་བར་དུ་སྣེ་འཁྲིད་བྱེད་ཡོང། 10བདེན་པར་ཁྱེད་ཀྱིས་ང་ཚོར་སྤངས་གནང་ངམ། ང་ཚོའི་དམག་མི་མཉམ་དུ་ཁྱེད་ཕེབས་སམ། 11དགྲ་བོར་རྒོལ་ཕྱིར་ང་ཚོར་སྐྱབས་རོགས་གནང་། མི་ཡི་སྐྱབས་རོགས་སོགས་ནི་དོན་མེད་ཡིན། 12དཀོན་མཆོག་ཁོང་ནི་ང་ཚོའི་ཕྱོགས་ཡོད་ང་ཚོ་རྒྱལ། ཁོང་གིས་ང་ཚོའི་དགྲ་རྣམས་ཕམ་མཛད་དོ༎

གསུང་མགུར 61

1ཀྱེ་དཀོན་མཆོག་ཁྱེད་ཀྱི་ང་ཡི་འོ་དོད་གསན། ངེད་ཀྱི་སྨོན་ལམ་ལ་གསན་རོགས་གནང་། 2ཁྱིམ་ནས་ཐག་རིང་དཀའ་ངལ་ནང་ངས་ཁྱེད་བོས། ང་ལ་སྐྱབས་གནས་བརྟེན་པོར་འཁྲིད་རོགས་གནང་། 3ཁྱེད་ནི་ང་ཡི་སྲུང་མཁན་ཡིན་པ་དང་། དགྲ་བོར་རྒོལ་ཕྱིར་ང་ཡི་སྲུང་སྐྱོབ་བརྟེན་པོ་ཡིན། 4ང་ནི་ཁྱེད་ཀྱི་མཆོད་ཁང་ནང་དུ་ཚེ་གང་གནས་སུ་བཅུག། ཁྱེད་ཀྱི་ཤོག་པའི་འོག་ཏུ་སྲུང་སྐྱོབ་ཐོབ། 5ཀྱེ་དཀོན་མཆོག། ཁྱེད་ཀྱིས་ང་ཡི་དམ་བཅའ་རྣམས་གསན་ཡོད་ཅིང་། ཁྱེད་ལ་གུས་ཞབས་བྱེད་མཁན་ཚོར་བདག་པ་དེ་ང་ལ་ཁྱེད་ཀྱི་གནང་ཡོད་དོ། 6རྒྱལ་པོའི་སྐུ་ཚེར་ལོ་མང་པོ་སྣོན་པ་བརྒྱབ་པར་མཛད། ཁོང་ནི་རྒྱུན་དུ་གསོན་པོ་བཞུགས་བཅུག་རོགས། 7ཁོང་ནི་ཁྱེད་ཀྱི་དྲུང་དུ་རྒྱལ་སྲིད་རྒྱུན་དུ་སྐྱོང་ཤོག་ཀྱེ་དཀོན་མཆོག། རང་གི་རྒྱུན་ལྡན་ཐུགས་བརྩེ་དང་ནི་དམ་ཚིག་གིས། ཁོང་ལ་སྲུང་ཞིང་སྐྱོབ་པར་ཤོག། 8དེར་བརྟེན་དམ་བཅའ་བཞིན་དུ་ཉིན་རེ་ཁྱེད་ལ་མཆོད་འབུལ་ནས། ང་ཡིས་ཁྱེད་ལ་བསྟོད་པའི་མགུར་མ་གཏན་དུ་ལེན་རྒྱུ་ཡིན༎

གསུང་མགུར 62

དཀོན་མཆོག་གི་སྲུང་སྐྱོབ་ལ་བློས་འཁེལ་བ།

1དཀོན་མཆོག་ཁོང་གིས་ང་ལ་སྐྱབས་པའི་ཕྱིར། ང་ནི་བཟོ་སྲན་གྱིས་སྒུག་བསྡད་ཡོད། ང་ནི་ཁོང་ལ་གཅིག་པོར་བློ་བཅོལ་ལོ། 2ཁོང་གཅིག་པོའི་ང་ལ་སྲུང་ཞིང་སྐྱབས། ཁོང་ནི་ང་ཡི་སྲུང་མཁན་ཡིན་པས་ང་ནམ་ཡང་མི་ཕམ། 3སྟོབས་མེད་མི་དེ་གཞིག་པའི་ར་བ་འདྲ། ཁྱོད་ཚོ་ནམ་བར་དེ་ལ་ཕར་རྒོལ་བྱེད། 4ཁྱོད་ཚོས་ཁོ་ལ་གོ་གནས་ཕབ་པར་འདོད། ཁྱོད་ཚོ་རྫུན་གྱི་གཏམ་ལ་དགའ་བ་དང་། ཁྱོད་ཚོས་བྱིན་རླབས་གཏམ་སོགས་སྨྲ་ན་ཡང་། སེམས་ནང་ཁོ་ལ་སྨོན་ལོག་འདེབས་ཀྱིས་ཡོད། 5ང་ནི་དཀོན་མཆོག་གཅིག་པུར་བློས་འཁེལ་ཞིང་། ང་ནི་ཁོང་ལ་རེ་བ་བཅོལ་གྱི་ཡོད། 6ཁོང་གཅིག་པོའི་ང་ལ་སྲུང་ཞིང་སྐྱབས། ཁོང་ནི་ང་ཡི་སྲུང་མཁན་ཡིན་པས་ང་ནམ་ཡང་མི་ཕམ། 7ང་ཡི་ཐར་ལམ་དང་ཆེ་བསྟོད་ཆེད། ང་ནི་དཀོན་མཆོག་ཁོང་ལ་བློ་བཀལ་གྱི་ཡོད། ཁོང་ནི་ང་ཡི་དབང་ལྡན་སྲུང་སྐྱོབ་ཡིན། ཁོང་ནི་ང་ཡི་སྐྱབས་བཅོལ་ཞུ་གནས་ཡིན། 8ང་ཡི་མི་རྣམས་རྒྱུན་དུ་ཁོང་ལ་བློ་བཅོལ་ཞིག། ཁྱོད་ཀྱི་སྡུག་བསྔལ་ཡོངས་རྫོགས་ཁོང་ལ་ཞུས། གང་ལགས་ཟེར་ན་ཁོང་ནི་ང་ཚོའི་སྐྱབས་གནས་ཡིན། 9མི་ཡི་སྲོག་ནི་དབུགས་ལེན་གཅིག་དང་འདྲ། ཆེ་དང་ཆུང་བ་དོན་མེད་ཡིན་པ་དང་། དེ་ཚོ་སྲང་ནང་འདེབས་ན་ལྗིད་ཚད་མེད། དེ་ཚོ་དབུགས་ལས་ཀྱང་ཡང་བ་ཡོད་པ་ཡིན། 10དྲག་ཤུལ་ལ་ཡིད་གཏན་མ་བྱེད་ཅིག། འཕྲོག་བཅོམ་སྒོ་ནས་ཁེ་བཟང་གང་ཞིག་ཐོབ་པའི་རེ་བ་མ་བྱེད་ཅིག། ནོར་རྣམས་འཕེལ་ཀྱང་དེ་ལ་བློས་མ་བཀལ། 11ཐེངས་གཅིག་ཙམ་ཡང་མིན་པར་ཐེངས་མང་པོར། དཀོན་མཆོག་ཁོང་གིས་དབང་ནི་ཁོང་གི་ཡིན་པ་དང། 12ཁོང་གི་བརྩེ་བ་རྒྱུན་དུ་གཅིག་རང་ཡིན་ཞེས་གསུངས་པ་ང་ཡིས་ཐོས། ཀྱེ་གཙོ་བོ་ཁྱེད་རང་ཉིད་ཀྱི་ཚང་མ་ལ། རང་གི་ལས་བཞིན་འབྲས་བུ་གནང་ངོ༎

གསུང་མགུར 63

དཀོན་མཆོག་ལ་སྨོན་པ།

1ཀྱེ་དཀོན་མཆོག་ཁྱེད་ང་ཡི་དཀོན་མཆོག་ཡིན། ང་ནི་ཁྱེད་ལ་སྨོན་བཞིན་ཡོད། ང་ཡི་ཡོངས་རྫོགས་སྲོག་གི་ཁྱེད་ལ་སྨོན་གྱི་ཡོད། ཆུ་མེད་ས་སྟོང་འབྲོག་སྟོང་དང་འདྲ་བ། ང་ཡི་སྲོག་ནི་ཁྱེད་ཕྱིར་སྐོམ་ནས་ཡོད། 2མཆོད་ཁང་དམ་པའི་ནང་དུ་ཁྱེད་ལ་མཇལ་དུ་བཅུག། ཁྱེད་ནི་ཇི་འདྲ་དབང་དང་དཔལ་བརྗིད་ལྡན་པ་མཐོང་དུ་བཅུག། 3ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་སྲོག་ལས་ལེགས་པ་ཡོད། དེའི་ཕྱིར་ང་ཡི་ཁྱེད་ལ་བསྟོད་རྒྱུ་ཡིན། 4ང་ནི་གསོན་རིང་ཁྱེད་ལ་གཏང་རག་འབུལ། ང་ཡི་ལག་བརྐྱངས་ཁྱེད་ལ་སྨོན་ལམ་འདེབས། 5ང་ཡི་སྲོག་ནི་བཟའ་འཐུང་གིས་འགྲངས་ནས། ཁྱེད་ལ་བསྟོད་ཅིང་དགའ་བའི་གླུ་ལེན་ནོ། 6ང་ནི་མལ་ཁྲིར་ཉལ་དུས་ཁྱེད་ལ་དྲན། མཚན་གང་ང་ནི་ཁྱེད་སྐོར་བསམ་གྱི་ཡོད། 7གང་ལ་ཟེར་ན་ཁྱེད་ནི་རྒྱུན་དུ་ང་ཡི་སྐྱབས་གྲོགས་ཡིན་པ་དང་། ཁྱེད་ཀྱི་ཤོག་པའི་གྲིབ་ནག་འོག་ཏུ་ང་ནི་དགའ་བའི་གླུ་ལེན་ནོ། 8ང་ནི་ཁྱེད་མཉམ་འབྱར་ནས་སྡོད་ཀྱི་ཡིན། ཁྱེད་ཀྱི་ཕྱག་གིས་ཁམ་བཟང་བཞག་གནང་ངོ་། 9ང་ལ་གསོད་ཐབས་བྱེད་མཁན་དེ་ཚོ་ནི། འཆི་བའི་ཡུལ་དུ་སླེབས་པར་འགྱུར། 10དམག་སའི་ནང་དུ་དེ་ཚོ་བསད་པ་དང་། དེ་ཡི་གཟུགས་ནི་ཝ་མོས་ཟ་བར་འགྱུར། 11གང་ལགས་ཟེར་ན་དཀོན་མཆོག་ཁོང་གིས་རྒྱལ་པོ་ལ་རྒྱལ་ཁ་གནང་བས་རྒྱལ་པོ་དགའ་བར་འགྱུར། དཀོན་མཆོག་ཁོང་གི་མཚན་ལ། དམ་བཅའ་བྱེད་མཁན་དེ་ཚོས་ཁོང་ལ་བསྟོད། འོན་ཀྱང་རྫུན་གཏམ་ཤོད་མཁན་ཁ་དེ་བཀབ་པར་འགྱུར༎

གསུང་མགུར 64

1དཀོན་མཆོག་ང་ནི་དཀའ་ངལ་ནང་དུ་ཚུད་ཡོད། ང་ཡི་སྨོན་ལམ་གསན་རོགས་གནང། ང་ནི་ང་ཡི་དགྲ་བོ་རྣམས་ལ་འཇིགས་པས་ངའི་སྲོག་སྐྱོབ། 2ངན་པའི་བྱུས་ངན་དང་ངན་པའི་མི་ཚོགས་ལས་ང་ལ་སྐྱབས་པར་མཛོད། 3དེ་ཚོའི་ལྕེ་ནི་རལ་གྲི་ལྟ་བུར་རྣོ། མདའ་གཞུས་ཕོག་པ་ལྟ་བུ་ཚིག་རྩུབ་བརྗོད། 4དེ་ཚོས་ངོ་ཚ་མེད་པ་རྫུན་གཏམ་སྤེལ་བར་བྲེལ་བ་བྱས། མི་བཟང་པོར་སྨད་ར་སྡར་མ་ཝ་བྲོས་བཏང་ནས་དེ་ཚོས་ཚར་གཅོད་དོ། 5བྱུས་ངན་རྩོམ་པར་གཅིག་གིས་གཅིག་ལ་སྐུལ་མ་བྱས། རྙི་དེ་གང་དུ་བཙུགས་ཟེར་བྱུས་ངན་བརྩམས། རྙི་རྣམས་སུ་ཡི་མི་མཐོང་ཟེར་ཞིང་སྨྲས། 6དེ་ཚོས་བྱུས་ངན་རྣམས་བཟོས་ནས་སྨྲས། ང་ཚོས་ནག་ཉེས་ཡག་པོ་ཞེ་དྲག་ཞིག་བཟོས་ཡོད། མི་ཡི་སེམས་དང་བློ་ནི་གསང་བས་གང་ནས་ཡོད། 7འོན་ཀྱང་དཀོན་མཆོག་ཁོང་གིས་དེ་ཚོར་ཕྱག་མདས་གཞུས་པ་དང་། དེ་མ་ཐག་ཏུ་དེ་ཚོ་རྨས་སྐྱོན་ཤོར་བར་འགྱུར། 8ཚིག་དེ་ཚོའི་རྐྱེན་གྱིས་ཁོང་གིས་དེ་ཚོར་ཚར་གཅོད་གནང་། དེ་ཚོར་མཐོང་མཁན་ཚང་མས་རང་གི་མགོ་གཡུག་གོ། 9དེ་ཚོ་ཚང་མ་འཇིགས་པ་དང། དཀོན་མཆོག་ཁོང་གིས་གང་གནང་བའི་སྐོར་དྲན་ནས་གཞན་ལ་བཤད་པར་འགྱུར། 10གཙོ་བོ་དཀོན་མཆོག་ཁོང་གིས་འཕྲིན་ལས་གནང་བའི་རྐྱེན། མི་དྲང་བདེན་ཚང་མ་དགའ་སྐྱིད་བྱེད་པ་དང་། དེ་ཚོས་ཁོང་ནང་དུ་སྲུང་སྐྱོབ་ཐོབ་པ་དང་། བཟང་པོའི་མི་ཚོས་ཁོང་ལ་བསྟོད་བསྔགས་སོ༎

གསུང་མགུར 65

བསྟོད་པ་དང་གཏང་རག་གི་མགུར་མ།

1ཀྱེ་དཀོན་མཆོག་ང་ཚོས་ཛི་ཡོན་དུ་བསྟོད་རྒྱུ་དང་། ཁྱེད་དང་བཞག་པའི་དམ་བཅའ་སྒྲུབ་རྒྱུ་དེ་ནི་འོས་ངེས་སོ། 2-3གང་ལགས་ཟེར་ན་ཁྱེད་ཀྱིས་སྨོན་ལམ་གྱི་ནི་བཀའ་ལན་གནང། ས་གནས་ཀུན་གྱི་མི་རྣམས་སྡིག་པས་ཁྱེད་དྲུང་ཡོང་བར་འགྱུར། རང་ཉེས་རྐྱེན་གྱིས་ང་ཚོ་ཕམ་གྱིས་འདུག། འོན་ཀྱང་ཁྱེད་ཀྱིས་དེ་ཚོར་བཤགས་པར་མཛོད། 4རང་གི་མཆོད་ཁང་ནང་དུ་གནས་ཕྱིར་འཁྲིད། སུ་ཞིག་འདམས་པ་དེ་ནི་དགའ་ཞིང་གནས། ཁྱེད་ཀྱི་ཁྱིམ་གྱི་དངོས་པོ་བཟང་པོ་དང་། ཁྱེད་ཀྱི་མཆོད་ཁངདམ་པའི་བྱིན་རླབས་ཀྱིས། ང་ཚོར་དགའ་སྤྲོ་ཐོབ་བཞིན་ཡོད། 5ཁྱེད་ཀྱིས་རྒྱལ་ཁ་གནང་ནས་ང་ཚོར་བཀའ་ལན་གནང་། ང་ཚོར་སྐྱབས་ཕྱིར་ཡ་མཚན་ཆེན་པོའི་ཕྲིན་ལས་མཛད། འཇིག་རྟེན་ཀུན་གྱི་མི་རྣམས་དང་། ཐག་རིང་རྒྱ་མཚོའི་ཕ་རོལ་གྱི། མི་ཚོས་ཁྱེད་ནང་བློ་བཅོལ་བྱེད་བཞིན་ཡོད། 6ཁྱེད་ཀྱི་རང་གི་མཐུ་སྟབས་ཀྱིས་རི་རྣམས་ས་གནས་སོ་སོར་འཇོག་གནང་ནས། ཁྱེད་ཀྱི་དབང་དང་མཐུ་སྟོབས་བསྟན་པར་མཛད། 7ཁྱེད་ཀྱིས་རྒྱ་མཚོའི་ངར་སྐད་དང་ནི་རྦ་རླབ་ཀྱི་སྒྲ་ཞི་བར་མཛད། མི་རྣམས་སྐད་ཅོར་འདོན་པ་ཁྱེད་ཀྱིས་ཞི་བར་མཛད། 8ཁྱེད་ཀྱིས་གནང་བའི་མཛད་པ་རླབས་ཆེན་རྣམས་མཐོང་ནས། འཇིག་རྟེན་ཚང་མ་ཧ་ལས་བསྡད་ཡོད་ཅིང་། བྱ་བ་འདི་ཚོ་ས་གཞིའི་ཕྱོགས་གཅིག་ནས། ཕྱོགས་གཞན་བར་དུ་དགའ་བའི་སྐད་ཀྱི་གང་། 9ཁྱེད་ཀྱིས་ས་གཞིར་ཆར་ཆུ་གཏང་གནང་ནས། ཁྱེད་ཀྱི་དེ་ལ་དོ་སྣང་ཡོད་པ་བསྟན། ཁྱེད་ཀྱིས་དེ་ལ་ཕྱུག་པོ་དང་ས་ལུད་འཛོམས་པོ་བཟོས་གནང་ངོ། ཁྱེད་ཀྱི་རྒྱུག་ཆུ་རྣམས་ནི་ཆུ་ཡིས་བཀང་། ས་གཞིར་ཐོན་སྐྱེས་མང་པོ་གནང་བར་མཛད། ཁྱེད་ཀྱིས་དེ་ལྟར་གནང་བཞིན་ཡོད། 10རྨོ་བའི་ཞིང་ཁར་ཆར་ཆུས་སྦང་གནང་ནས། འདི་ལྟར་ཆར་ཆུས་ས་གཞིས་མཉེན་པོ་བཟོས་གནང་ངོ་། དེ་རུ་ལྗང་པ་གཉེན་པ་སྐྱེས་པར་མཛད། 11ཁྱེད་ཀྱི་ཐུགས་རྗེས་ལོ་ཐོག་བཟང་པོ་ཐོབ། ཁྱེད་ནི་གང་དུ་ཕེབས་སར་འབྲུ་རྣམས་འཕེལ། 12གླང་དང་ཕྱུགས་ཟོག་རྩ་ཁ་རྣམས་གང་། རི་བོ་རྣམས་སུ་དགའ་སྐྱིད་སོང་ཀྱི་གང་། 13ཐང་ནི་ལུག་ཁྱུ་ཡིས་གང་ཡོད་ཅིང། ལུང་ཤོང་སོགས་ནི་གྲོ་ཡི་ཁེངས་ཡོད་ཅིང་། ཚང་མས་སྐད་བརྒྱབ་པ་དང་དགའ་བས་གླུ་ལེན་ནོ༎

གསུང་མགུར 66

བསྟོད་བསྔགས་དང་གཏང་རག་གི་མགུར་མ།

1ཀྱེ། མི་ཚང་མ་དགའ་བའི་སྐད་ཀྱིས་དཀོན་མཆོག་ཁོང་ལ་བསྟོད། 2ཁོང་གི་གཟི་བརྗིད་ལྡན་པའི་མཚན་ལ་མགུར་མ་ལེན་པ་དང་། ཁོང་ལ་གཟི་བརྗིད་ཀྱི་ནི་བསྟོད་བསྔོགས་ཤིག། 3ཁྱེད་ཀྱི་མཛད་པ་ཡ་མཚན་ཆེ་ཞེས་དཀོན་མཆོག་ཁོང་ལ་ཞུས། ཁྱེད་ཀྱི་མཐུ་སྟོབས་ཆེན་གྱིས། དགྲ་རྣམས་འཇིགས་ཏེ་ཁྱེད་མདུན་ཕྱག་འཚལ་བར་འགྱུར། 4འཇིག་རྟེན་ཀུན་ཏུ་ཚང་མས་ཁྱེད་ལ་མཆོད། ཁྱེད་ཀྱི་མགུར་མ་ལེན་ཞིང། ཁྱེད་ཀྱི་མཚན་གྱི་བསྟོད་བསྔགས་གྱིས། 5དཀོན་མཆོག་ཁོང་གིས་ཇི་མཛད་ཡོངས་་ལྟོས་ཤིག། ཁོང་གི་མཛད་པ་ཡ་མཚན་མིའི་ཆེད་ལྟོས། 6ཁོང་གིས་རྒྱ་མཚོ་སྐམ་པོར་བརྗེད་ལན་གནང་། ང་ཚོའི་མེས་པོས་རྐང་ཐང་གཙང་པོ་རྒལ། ཁོང་གི་མཛད་པའི་རྐྱེན་གྱིས་ང་ཚོས་གནས་དེར་དགའ་སྤྲོ་བྱས། 7རྒྱུན་དུ་ཁོང་གི་མཐུ་ཡིས་རྒྱལ་སྲིད་སྐྱངས། མི་རིགས་རྣམས་ཀྱི་ཐོག་ཏུ་སྤྱན་གྱིས་གཟིགས། རྒོལ་ཕྱིར་སུ་ཞིག་ཁོང་ཐོག་ལངས་མ་བཅུག། 8མི་རིགས་ཡོངས་ཀྱིས་ང་ཚོའི་དཀོན་མཆོག་ལ་བསྟོད་ཅིག། ཁྱོད་ཚོས་བསྟོད་པ་ཚང་མས་ཐོས་པར་ཤོག། 9ཁོང་གིས་ང་ཚོར་གསོན་པོ་བཞག་གནང་ཡོད། ང་ཚོར་འགྱེལ་དུ་བཅུག་གནང་མེད། 10དཀོན་མཆོག་ཁྱེད་ཀྱིས་ང་ཚོར་ཚོད་བལྟ་གནང་། མེ་ལ་བཞུར་བའི་དངུལ་དང་འདྲ་བ་བཞིན། ཁྱེད་ཀྱིས་ང་ཚོ་ལའང་ཚོད་བལྟ་གནང། 11ཁྱེད་ཀྱིས་ང་ཚོར་རྙི་ནང་ཚུད་བཅུག་ནས། ང་ཚོའི་རྒལ་པར་ཁལ་ལྗིད་བཀལ་གནང་ངོ་། 12ཁྱེད་ཀྱིས་དགྲ་བོར་ང་ཚོར་བརྫིས་རུ་བཅུག། ང་ཚོ་མེ་དང་ཆུ་ལོག་དཀྱིལ་ནས་འགྲོ། འོན་ཀྱང་ད་ནི་ཁྱེད་ཀྱིས་ང་ཚོར་ས་གནས་བརྟན་པོར་འཁྲིད་གནང་ཡོད། 13ཁྱེད་ཀྱི་མཆོད་ཁང་ནང་དུ་སྦྱིན་སྲེག་གི་མཆོད་འབུལ་བྱེད་རྒྱུ་ཡིན། ང་ཡི་དམ་བཅའི་འབུལ་བ་ཁྱེད་ལ་འབུལ། 14ང་ནི་དཀའ་ངལ་ནང་དུ་ཡོད་པའི་དུས། ང་ཡིས་དམ་བཅའ་བཞག་པ་ཁྱེད་ལ་འབུལ་རྒྱུ་ཡིན། 15མཆོད་ཁྲིར་དམར་མཆོདའབུལ་ཕྱིར་ལུག་གཅིག་འབུལ། ང་ཡི་གླང་དང་ར་རྣམས་ཀྱི་དམར་མཆོད་འབུལ། དེ་ཚོའི་དུ་བ་ནམ་མཁའ་བར་དུ་སླེབས། 16དཀོན་མཆོག་ཁོང་ལ་གུས་བཀུར་ཞུ་མི་རྣམས་ཤོག་ལ་ཉོན། ངའི་ཕྱིར་ཁོང་གིས་ཇི་མཛད་ཤོད་ཀྱི་ཡིན། 17ང་ཡི་ཁོང་ལ་སྐྱབས་གྲོགས་ཕྱིར་བོས་པ་ཡིན། ང་ཡིས་མགུར་མ་ལེན་ནས་ཁོང་ལ་བསྟོད། 18གལ་ཏེ་རང་གི་སྡིག་པར་སྣང་མེད་བྱས་ཡོད་པ་ཡིན་ན། ང་ཡི་ཞུ་བར་གཙོ་བོ་ཁོང་གིས་གསན་མི་གནང་། 19འོན་ཀྱང་བདེན་པར་དཀོན་མཆོག་ཁོང་གི་ང་ལ་གསན་ཡོད། ཁོང་གིས་ང་ཡི་སྨོན་ལམ་ལ་གསན་ཡོད། 20ང་ནི་དཀོན་མཆོག་ཁོང་ལ་བསྟོད་བསྔགས་བྱས། གང་ལ་ཟེར་ན་ཁོང་གིས་ང་ཡི་སྨོན་ལམ་ངོས་ལེན་གནང་ཡོད་དོ། ང་ལ་རྒྱུན་ལྡན་ཐུགས་བརྩེ་གནང་རྒྱུ་སྤངས་མེད་དོ༎

གསུང་མགུར 67

གཏང་རག་གི་མགུར་མ།

1དཀོན་མཆོག་ང་ཚོར་སྙིང་རྗེ་མཛད་དེ་བྱིན་རླབས་གནང་། ང་ཚོའི་ཐོག་ཏུ་སྙིང་རྗེས་གཟིགས་སུ་གསོལ། 2དེའི་ཕྱིར་འཇིག་རྟེན་ཡོངས་ཀྱི་ཁྱེད་ཀྱི་ཐུགས་དགོངས་ཤེས། མི་རིགས་ཚང་མས་ཁྱེད་ཀྱི་ཐར་ལམ་ཤེས། 3ཀྱེ་དཀོན་མཆོག་མི་རིགས་རྣམས་ཀྱི་ཁྱེད་ལ་བསྟོད་པར་ཤོག། མི་རིགས་ཀུན་གྱི་ཁྱེད་ལ་བསྟོད་པར་ཤོག། 4མི་རིགས་ཚང་མས་དགའ་མགུའི་གླུ་ལེན་པར་ཤོག། གང་ལགས་ཟེར་ན་ཁྱེད་ཀྱི་ཁྲིམས་བཞིན་དེ་ཚོར་ཐུགས་བསམ་བཞེས། ས་གཞིའི་མི་རིགས་ཀུན་ལ་དབུ་འཁྲིད་གནང་། 5ཀྱེ་དཀོན་མཆོག་མི་རིགས་རྣམས་ཀྱི་ཁྱེད་ལ་བསྟོད་པར་ཤོག། 6དཀོན་མཆོག་ང་ཚོའི་དཀོན་མཆོག་ཁོང་གིས་ང་ཚོར་བྱིན་རླབས་གནང་ཡོད་དོ། ས་གཞིས་རང་གི་སྟོན་ཐོག་འཕེལ་ཞིང་རྒྱས། 7དཀོན་མཆོག་ཁོང་གིས་ང་ཚོར་བྱིན་རླབས་གནང་། ས་གནས་ཀུན་གྱི་མི་ཚོས་ཁོང་ལ་གུས་བཀུར་ཞུ་བར་ཤོག།

གསུང་མགུར 68

རྒྱལ་ཁབ་ཀྱི་ཐོབ་པའི་རྒྱལ་ཁའི་མགུར་མ།

1དཀོན་མཆོག་བཞེངས་ནས་ཁོང་གིས་དགྲ་རྣམས་སྟོར། ཁོང་ལ་སྡང་མཁན་རྣམས་ཕམ་ནས་བྲོས། 2ཁོང་གིས་དེ་ཚོར་ལྷག་པས་དུ་བ་འཁྱེར་བ་བཞིན་འཁྱེར་བར་འགྱུར། མེའི་ནང་སྤྲ་ཚིལ་བཞུར་བ་བཞིན། ངན་པ་འདི་ཚོ་དཀོན་མཆོག་དྲུང་དུ་འཇིགས། 3འོན་ཀྱང་དཀོན་མཆོག་དྲུང་དུ་དྲང་བདེན་རྣམས་དགའ་ཞིང་སྐྱིད། འདི་ཚོ་དགའ་ཞིང་སྐད་ཤུགས་ཆེན་པོ་རྒྱབ། 4དཀོན་མཆོག་ཁོང་ལ་གླུ་དབྱངས་ལེན་ཞིག། ཁོང་གི་མཚན་ལ་མགུར་མ་བསྟོད་དབྱངས་ལེན། སྤྲིན་ནང་ཕེབས་མཁན་ཕྱིར་དུ་ཕེབས་ལམ་སྒྲིགས། ཁོང་མཚན་གཙོ་བོ་དཀོན་མཆོག་ཡིན་པ་དང་། ཁོང་གི་དྲུང་དུ་དགའ་བདེ་སྤྱོད། 5རང་གི་མཆོད་ཁང་དམ་པར་བཞུགས་མཁན་དཀོན་མཆོག་ནི། ད་ཕྲུག་དེ་ཚོའི་སེམས་འཁུར་བཞེས་པ་དང་མོ་རངས་མ་ཚོར་སྲུང་སྐྱོབ་གནང་། 6ཁོང་གིས་མི་ཧྲང་ཞིག་ལ་སྡོད་ཁང་གནང་། བཙོན་པར་གློད་དཀྲོལ་གནང་ནས་དགའ་བྲོ་གནང་། འོན་ཀྱང་རྒོལ་མི་རྣམས་ནི་འབྲོག་སྟོང་དུ་སྡོད་དགོས་སོ། 7ཀྱེ་དཀོན་མཆོག་ཁྱེད་ཀྱིས་རང་གི་འབངས་འཁྲིད་གནང་དུས། འབྲོག་སྟོང་ནང་ནས་ཁྱེད་ནི་ཕེབས་པའི་དུས། 8ས་གཡོས་གནམ་ནས་ཆར་ཆུ་མང་པོ་འབབ། གང་ལགས་ཟེར་ན་སི་ནཨེ་དཀོན་མཆོག་དང་ཨིསི་རཱཨེལ་ཀྱིི་དཀོན་མཆོག་ཕེབས་ཡོད་དོ། 9ཁྱེད་ཀྱིས་ཆར་ཆུ་འབོལ་པོ་འབེབས་བཅུག་བ་དང། ས་ཞིང་སྐམ་པོ་འདི་ཚོ་སླར་བསོ་གནང། 10ཁྱེད་ཀྱི་མི་འབངས་ཀྱིས་གནས་དེར་རང་ཁྱིམ་བཟོས། རང་གི་སྙིང་རྗེས་དབུལ་པོ་རྣམས་ལ་དགོས་མཁོ་ཚང་མ་གནང། 11གཙོ་བོས་བཀའ་རྒྱ་གནང་བ་དང་། བུད་མེད་མང་པོས་གནས་ཚུལ་དེ་ལྟར་བཤད་པ་རེད། 12རྒྱལ་པོ་རྣམས་རང་གི་དམག་དཔུང་ཚོགས་བཅས་བྲོས་བཞིན་ཡོད། ཁྱིམ་དུ་ཡོད་པའི་བུད་མེད་ཚོས་བཅོམ་ནོར་ཡང་བགོས་སོ། 13དངུལ་གྱི་བཀབ་པའི་ཕུག་རོན་གྱི་འདྲ་སྐུ་དང་། དེ་ཚོའི་གཤོག་པར་གསེར་གྱི་གཡོག་ཡོད་པས། དེ་འདྲའི་དངོས་རིགས་རྣམས་ཀྱང་དེ་ཚོའི་བགོས། (ཅི་ལ་དམག་གི་ཉིན་མོར་ཁྱོད་ཚོའི་ནང་ནས་གང་ཞིག་ལུག་རར་བསྡད།) 14ཀུན་དབང་ལྡན་པའི་དཀོན་མཆོག་གིས། རྒྱལ་པོ་རྣམས་ལ་ཛལ་མོན་རི་བོ་རུ་སྟོར་གནང་དུས། གནས་དེར་ཁ་བ་མང་པོ་བབ་བཅུག་གོ། 15བ་ཤན་རི་ནི་ཇི་ལྟར་རླབས་ཆེན་ཞིག་ཡིན། རི་བོ་དེ་ལ་རྩེ་ནི་མང་པོ་ཡོད། 16ཁྱོད་རང་སྡོད་སའི་རྩེ་མོ་དེ་ནས་ནི། དཀོན་མཆོག་རང་ཉིད་བཞུགས་ཕྱིར་འདམས་གནང་བའི་རི་བོར། ཅིའི་ཕྱིར་འཕྱ་བཞིན་བལྟ་གི་ཡོད། གནས་དེར་གཙོ་བོ་དཀོན་མཆོག་རྒྱུན་དུ་བཞུགས་པར་འགྱུར། 17རང་གི་སྟོབས་ལྡན་ཤིང་རྟ་སྟོང་ཚོགས་བཅས། གཙོ་བོ་ཁོང་ནི་སི་ནཨེ་ནས་དམ་པའི་གནས་དེར་ཕེབས་པར་འགྱུར། 18བཙོན་པའི་ཚོགས་བཅས་འཁྲིད་ནས་རི་རྩེར་ཕེབས། ངན་ལོག་མཁན་ཚོས་ཁོང་ལ་འབུལ་བ་ཕུལ། གཙོ་བོ་དཀོན་མཆོག་ཁོང་ནི་གནས་དེར་བཞུགས། 19ཉིན་རེར་ང་ཚོའི་ཁལ་འཁུར་མཁན་གཙོ་བོ་ལ་བསྟོད། ཁོང་ནི་ང་ཚོར་སྐྱབས་མཁན་དཀོན་མཆོག་ཡིན། 20ང་ཚོའི་དཀོན་མཆོག་ནི་ང་ཚོར་སྐྱབས་མཁན་དཀོན་མཆོག་ཡིན། ཁོང་ནི་ང་ཚོར་འཆི་བ་ལས་སྐྱབས་མཁན་གཙོ་བོ་དཀོན་མཆོག་ང་ཚོའི་གཙོ་བོ་ཡིན། 21རང་གི་སྡིག་པའི་སྤྱོད་པར་འགྲུལ་མཁན་དགྲ་བོ་ཚོའི་མགོ་རྣམས། དཀོན་མཆོག་གིས་བདེན་པར་གཅོག་གནང་ངོ། 22གཙོ་བོས་གསུངས་པ། ངས་ཁྱོད་ཚོའི་དགྲ་བོར་བ་ཤན་དང། རྒྱ་མཚོའི་གཏིང་ནས་ངས་ཕྱིར་སློག་འཁྱེར་ཡོང། 23དེ་ཚོའི་ཁྲག་ནང་ཁྱོད་ཚོའི་རྐང་པས་འགྲུལ་བ་དང། ཁྱོད་ཚོའི་ཁྱི་ཚོས་གང་ཐུབ་ཁྲག་བལྡགས་པའི་ཕྱིར་རོ། 24ཀྱེ་དཀོན་མཆོག་ངེད་ཀྱི་རྒྱལ་པོ་རང་གི་མཆོད་ཁང་ནང་། རྒྱལ་ཁ་ཐོབ་ནས་ཕེབས་པ་ཚང་མས་མཐོང་ཡོད་དོ། 25སྔོན་དུ་གླུ་མཁན་རྗེས་སུ་རོལ་མཁན་རྣམས། ཁྲོད་དུ་ལག་རྔ་བརྡུང་མཁན་བུ་མོ་རྣམས་ཡོད། 26ཡ་ཀོབ་རིགས་བརྒྱུད་ཁྱོད་ཚོས་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག། ཁོང་གི་མི་འབངས་ཚོགས་སྐབས་དཀོན་མཆོག་ཁོང་ལ་བསྟོད་ཅིག། 27སྔོན་དུ་ཆུང་ཤོད་བྷེན་ཡ་མིན་སྡེ་རིགས་སླེབས། དེ་རྗེས་ཡ་ཧུ་དཱ་སྡེ་རིགས་གྱི་འགོ་དཔོན་རྣམས། རང་གི་ཚོགས་དང་བཅས་པ་སླེབས་པར་གྱུར། དེ་ཚོའི་རྗེས་ལ་ཛེ་བུ་ལུན་དང། ནབ་ཏ་ལི་ཡི་སྡེ་རིགས་ཀྱི་འགོ་དཔོན་རྣམས་སླེབས་ཡོང། 28-29ཀྱེ་དཀོན་མཆོག་ཁྱེད་ཀྱི་དབང་དེ་སྟོན་རོགས་གནང་། ཡེ་རུ་ཤ་ལེམ་གྱི་མཆོད་ཁང་དེར་རྒྱལ་པོ་རྣམས་ཀྱི་ཁྱེད་ཀྱི་ཕྱིར་དུ་འབུལ་བ་འཁྱེར་ནས་ཡོང་། དེ་ནས་ཁྱེད་ཀྱིས་ང་ཚོའི་དོན་དུ་བེད་སྤྱོད་གནང་བའི་དབང་དེ་སྟོན་རོགས་གནང། 30འདམ་རྩྭ་ཁྲོད་ཀྱི་དུད་འགྲོ་འདྲ་བ་ཨི་ཇིབ་དང། གླང་དང་དེའི་བེའུ་ཚོའི་ཁྱུ་འདྲ་བ་མི་རིགས་ཚོར། དེ་ཚོ་གུས་འདུད་བྱས་ནས་རང་གི་དངུལ་རྣམས་ཁྱེད་ལ་མ་འབུལ་བར། དེ་ཚོར་བཀའ་བཀྱོན་མཛོད། དམག་རྒྱབ་པར་དགའ་མཁན་ཚོར་སྟོར་བར་མཛོད། 31ཨི་ཇིབ་ཡུལ་ནས་གཞུང་ཚབ་རྣམས་ཡོང་ཞིང་། ཨི་ཐི་ཨོ་པི་ཡན་པ་ཡི་རང་གི་ལག་པ་ནི། དཀོན་མཆོག་ཕྱོགས་སུ་བརྐྱངས་ནས་སྨོན་ལམ་ཞུས། 32འཇིག་རྟེན་ཡོངས་ཀྱི་རྒྱལ་ཁབ་ཁྱེད་ཚོ་རྣམས། དཀོན་མཆོག་ཁོང་ལ་གླུ་དབྱངས་ལེན་ཞིག། གཙོ་བོར་བསྟོད་བསྔགས་ལེན། 33གནའ་དུས་ཀྱི་ནམ་མཁར་ཕེབས་གནང་མཁན། ཁོང་གི་སྟོབས་ལྡན་གསུང་སྐད་གནང་བར་ཉོན། 34དཀོན་མཆོག་ཁོང་གི་ནུས་སྟོབས་ཁྱབས་བསྒྲགས་བྱོས། ཁོང་གི་གཟི་བརྗིད་ཨིསི་རཱཨེལ་ཐོག་ཏུ་ཡོད། ཁོང་གི་མཐུ་སྟོབས་ནམ་མཁའི་གནས་སུ་ཡོད། 35དཀོན་མཆོག་ཉིད་ནི་རང་གི་བཞུགས་གནས་དམ་པར་དྲག་ཚུལ་བཞེས། ཨིསི་རཱཨེལ་གྱི་དཀོན་མཆོག་ཁོང་གི་ནི། རང་གི་མི་འབངས་རྣམས་ལ་སྟོབས་ཤུགས་གནང་། དཀོན་མཆོག་ཁོང་ལ་བསྟོད་བསྔོགས་ཤིག།

གསུང་མགུར 69

སྐྱབས་རོགས་ཀྱི་ཆེད་དུ་འོ་དོད་།

1ཀྱེ་དཀོན་མཆོག་ང་ལ་སྐྱབས། ཆུ་ནི་ང་རང་གི་འཇིང་པའི་བར་དུ་སླེབས་ཡོད། 2ང་ནི་གཏིང་རིང་འདམ་ནང་དིམ་བཞིན་འདུག། ཡར་ལ་ལངས་ནས་སྡོད་པའི་ཆེད་དུ་གནས་མེད་པ་དང་། ང་ནི་ཆུ་གཏིང་རིང་པོར་སླེབས་ནས་ཡོད། ང་ནི་དེ་ཡི་རྦ་རླབས་ནང་དུ་དིམ་བཞིན་འདུག། 3ང་ནི་རོགས་ཆེད་འབོད་བཞིན་ཐང་ཆད་སོང་། ང་ཡི་མིད་པ་ན་ཞིང་འདུག། ཁྱེད་ཀྱི་སྐྱབས་རོགས་ལ་བལྟ་བཞིན་ང་ཡིས་མིག་ནི་ཚ་བཞིན་འདུག། 4དོན་མེད་ང་ལ་སྡང་མཁན་རྣམས། ང་ཡི་མགོ་ཡི་སྐྲ་ལས་མང་བ་འདུག། ང་ཡི་དགྲ་རྣམས་ངའི་ཐོག་རྫུན་གཏམ་བཤད། སྟོབས་ལྡན་དེ་ཚོས་ང་ལ་གསོད་འདོད་བྱས། ང་ཡིས་འཕྲོག་བཅོམ་བྱས་མེད་ཀྱང་། དེ་ཚོས་དངོས་རིགས་ཕྱིར་སློག་བྱེད་དུ་བཅུག། 5ཀྱེ་དཀོན་མཆོག་ཁྱེད་ཉིད་ཀྱིས། ང་ཡི་སྡིག་པ་ཁྱེད་ནས་སྦས་མེད་དོ། ང་ཡི་ཇི་ལྟར་གླེན་པ་གྱུར་བ་ཁྱེད་ཀྱིས་མཁྱེན། 6ཁྱེད་ལ་བློ་བཅོལ་མཁན་མི་དེ་ཚོར། ང་ཡི་སྒོ་ནས་དེ་ཚོར་ངོ་ཚར་མ་འཇུག་ཅིག། བླ་ན་མེད་པའི་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག། ཁྱེད་ལ་མཆོད་མཁན་རྣམས་ནི་ངའི་རྐྱེན་གྱིས། ཞབས་འདྲེན་མ་ཡོང་བཅུག ཀྱེ་ཨིསི་རཱཨེལ་གྱི་དཀོན་མཆོག། 7ཁྱེད་ཉིད་ཕྱིར་དུ་ང་ནི་དམའ་འབེབས་ནང་ཚུད་ཡོད། ང་ནི་ངོ་ཚའི་ནང་དུ་ཚུད་ཡོད་དོ། 8ང་ནི་སྤུན་ཚོའི་ཁྲོད་དུ་འགྲུལ་པ་ལྟར། ང་ནི་ནང་མིའི་ཁྲོད་དུ་ཕྱི་མིར་ཆགས། 9ཁྱེད་ཀྱི་མཆོད་ཁང་ཕྱོགས་སུ་ང་ཡི་མོས་གུས་མེ་བཞིན་འབར། ཁྱེད་ལ་སྨད་མཁན་རྣམས་ཀྱི་སྨད་སྒྲ་དེ་ནི་ངའི་ཐོག་བབས་ཡོད། 10ང་ནི་སྨྱུང་ནས་སྲུང་ཞིང་རང་ལ་ཉམས་ཆུང་བཟོ་བཞིན་ཡོད། མི་རྣམས་ཀྱི་ནི་ང་ལ་དམའ་འབེབས་བྱས། 11ང་ནི་མྱ་ངན་གྱི་གོས་གྱོན་པའི་སྐབས་སུ་ནི། དེ་ཚོས་ང་ལ་གད་མོ་བགད། 12དེ་ཚོའི་རྒྱ་ལམ་ཁག་ཏུ་ངའི་སྐོར་གཏམ་གླེང་བྱས། ར་བཟི་བ་རྣམས་ཀྱི་ང་ཡི་སྐོར་ལ་གླུ་རྣམས་བཟོས། 13འོན་ཀྱང་ང་ནི་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཞུས། ཁྱེད་ཀྱིས་འདམས་པའི་དུས་སུ་བཀའ་ལན་གནང། ཁྱེད་ཀྱི་བྱམས་པ་རླབས་ཆེན་རྐྱེན་ང་ལ་བཀའ་ལན་གནང། གང་ལ་ཟེར་ན་ཁྱེད་ཀྱིས་སྐྱབས་རྒྱུ་དམ་བཅའ་ཆ་ཚང་སྒྲུབ། 14ང་ལ་འདམ་ནང་ནུབ་པར་སྐྱོབ་རོགས་གནང་། ང་ལ་སྡང་དགྲ་བྱེད་མི་དེ་ཚོ་དང་། ང་ལ་གཏིང་ཟབ་ཆུ་ལས་སྐྱབས་རོགས་གནང། 15ཆུ་ལོག་དེ་ནི་ང་ཐོག་ཡོང་མ་བཅུག། གཏིང་ཟབ་ཆུ་ནང་ང་ལ་དིམ་མ་བཅུག། ཡང་ན་ང་ལ་དུར་དུ་འགྲོ་རུ་མ་བཅུག་རོགས། 16ཀྱེ་དཀོན་མཆོག་ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེའི་བཟང་བ་ཉིད་ཀྱི་ངང་ང་ལ་བཀའ་ལན་གནོང་། ཁྱེད་ཀྱི་སྙིང་རྗེ་ཆེན་པོའི་ངང་ངའི་ཕྱོགས་བསྒྱུར་བར་མཛད། 17ཁྱེད་ཀྱི་ཞལ་ནི་བྲན་པོར་མ་སྦད་ཅིག། ང་ནི་སྡུག་བསྔལ་ཆེན་པོ་ནང་ཡོད། ང་ལ་ད་ལྟ་བཀའ་ལན་གནང། 18ངའི་རྩར་ཕེབས་ནས་ང་ལ་སྐྱོབ་པར་མཛོད། དགྲ་བོ་རྣམས་ལས་ང་ལ་སྐྱོབ་པར་མཛོད། 19ང་ལ་དམའ་འབེབས་དང་ནི་ངོ་ཚ་དང་། ང་ལ་ཞབས་འདྲེན་བྱུང་བ་ཁྱེད་ཀྱིས་མཁྱེན་པ་དང་། ང་ཡི་དགྲ་བོར་ཁྱེད་ཀྱི་གཟིགས་བཞིན་ཡོད། 20དམའ་འབེབས་ཀྱིས་ནི་ང་ཡི་སྙིང་ནི་ཆག་པ་དང་། ང་ནི་ཡིད་མུག་ཡོད། ང་ཡིས་གདུང་སེམས་ཆེད་དུ་རེ་བ་བྱས་ཀྱང་མ་རྙེད་དོ། སེམས་གསོའི་རེ་བ་བྱས་ཀྱང་དེ་ཡང་མ་ཐོབ་བོ། 21ང་ནི་ལྟོགས་དུས་དེ་ཚོས་ང་ལ་དུག་སྟེར་རོ། ཁ་སྐོམ་སེལ་ཕྱིར་དེ་ཚོས་ཚུའུ་སྤྲད། 22དེ་ཚོའི་ཐུགས་སྤྲོ་དེ་ཡིས་དེ་ཚོ་རང་ཉིད་མེད་པར་བཟོ། དེ་ཚོའི་ཁ་ཟས་དམ་པས་དེ་ཚོ་ཉམས་གུད་འགྱུར། 23དེ་ཚོར་ལོང་བར་བཟོས་རོགས་གནང། དེ་ཚོའི་སྒལ་པ་གཏན་དུ་སྐྱོ་པོ་བཟོས་རོགས་གནང། 24དེ་ཚོའི་ཐོག་ཏུ་ཁྱེད་ཀྱི་ཁྲོ་བ་བླུགས། ཁྱེད་ཀྱིས་ཁྲོ་བ་དྲག་པོས་དེ་ཚོ་གཞུག་ཟིན་པར་ཤོག། 25དེ་ཚོའི་སྒར་རྣམས་སྟོངས་པར་འགྱུར་བར་ཤོག། དེ་ཚོའི་གུར་ནང་སུ་ཡང་གསོན་པོ་མ་ལུས་པར་ཤོག། 26ཁྱེད་ཀྱིས་སུ་ཞིག་ལ་ནི་ཉེས་ཆད་གནང་བས། དེ་ལ་དེ་ཚོས་བརྡབ་སིགས་གཏང་བ་དང་། སུ་ལ་ཁྱེད་ཀྱི་རྨས་སྐྱོན་བཟོས་གནང་བས། དེ་ཚོའི་དཀའ་ངལ་སྐོར་ལ་དེ་ཚོས་གཏམ་གླེང་བྱས། 27དེ་ཚོ་སྡིག་པ་ཡིག་ཆར་བཞག་པར་མཛོད། དེ་ཚོས་ཁྱེད་ཀྱི་ཐར་པའི་སྐལ་བ་མ་ཐོབ་ཤོག། 28གསོན་པོའི་མདོ་ལས་དེ་ཚོའི་མིང་སུབས་ཤོག། ཁྱེད་ཀྱི་འབངས་མཉམ་དེ་ཚོའི་གྲངས་མེད་ཤོག། 29འོན་ཀྱང་ང་ལ་ན་ཟུག་དང་ནི་ཡིད་སྨུགས་ཡོད། ཀྱེ་དཀོན་མཆོག་ང་ལ་བསླང་རོགས་གནང་དང། ང་ལ་སྐྱབས་རོགས་གནང། 30ང་ནི་མགུར་མ་ལེན་ཞིང་དཀོན་མཆོག་ཁོང་ལ་བསྟོད་བསྔགས་འབུལ། གཏང་རག་འབུལ་ཞིང་ཁོང་གི་རླབས་ཆེན་སྐོར་གསལ་བསྒྲགས་བྱེད་ཀྱི་ཡིན། 31དི་ཡི་གཙོ་བོ་དཀོན་མཆོག་ཁོང་ལ་ནི་ཕྱུགས་ཟོག་དང་། བ་གླང་དར་མ་དམར་མཆོད་འབུལ་བ་ལས་ཐུགས་མཉེས་སོ། 32དེ་ཚོ་མཐོང་ནས་མནར་གཅོད་ནང་ཚུད་པ་རྣམས་ནི་དགའ། དཀོན་མཆོག་ཁོང་ལ་མཆོད་མི་རྣམས། དེ་ཚོའི་སེམས་ཤུགས་ཐོབ་པར་འགྱུར། 33དགོས་མཁོར་ཚུད་མཁན་གྱི་ཞུ་བ་གཙོ་བོ་དཀོན་མཆོག་ཁོང་གིས་གསན། བཙོན་དུ་ཚུད་པའི་རང་གི་མི་རྣམས་ལ་བརྗེས་མི་གནང། 34མཐོ་རིས་དང་ས་གཞི་དང་རྒྱ་མཚོ་རྣམས་དང། དེར་ཡོད་པའི་སྲོག་ཆགས་ཚང་མས་དཀོན་མཆོག་ལ་བསྟོད་བསྔོགས་ཤིག། 35ཁོང་གིས་ཡེ་རུ་ཤ་ལེམ་སྐྱབས་པ་དང། ཡ་ཧུ་དཱ་ཡི་གྲོང་ཁྱེར་རྣམས་སྐྱར་བཞེངས་གནང་། ཁོང་གི་འབངས་རྣམས་དེ་རུ་གནས་ཤིང། གནས་དེར་དབང་འཛིན་པར་འགྱུར། 36ཁོང་གི་བྲན་གཡོག་དེ་ཚོའི་རིགས་བརྒྱུད་ཚོས། དེ་ལ་རང་གི་ནོར་སྐལ་དུ་ཐོབ་པར་འགྱུར། ཁོང་ལ་གཅེས་མཁན་དེ་ཚོ་ནི་དེར་གནས་པར་འགྱུར༎

གསུང་མགུར 70

(གསུང་མགུར་ ༤༠:༡༣-༡༧)

1ཀྱེ་དཀོན་མཆོག་ང་ལ་སྐྱབས་པར་མཛོད། གཙོ་བོ་དཀོན་མཆོག་ང་ལ་ད་ལྟ་སྐབས་གྲོགས་གནང། 2ང་ལ་གསོད་ཕྱིར་ཐབས་ཤེས་འཚོལ་མཁན་རྣམས། ཕམ་པ་དང་ནི་མགོ་འཐོམ་པར་ཤོག། ང་ལ་ཕན་པོ་བྱུང་བར་འདོད་མཁན་རྣམས། ཕྱིར་ནུས་རྒྱབ་སྟེ་ངོ་ཚའི་ནང་ཚུད་ཤོག། 3ང་ལ་འཕྱ་མཁན་རྣམས་ནི། རང་གི་ཕམ་པའི་རྐྱེན་གྱི་ཡི་སྨུག་པར་ཤོག། 4ཁྱེད་ཙར་ཡོང་མཁན་མི་ཐམས་ཅད་ནི་དགའ་བ་དང་མགུ་བར་ཤོག། ཁྱེད་ཀྱི་ཐར་ལམ་དེ་ལ་དྲིན་གཟོ་ཅན་རྣམས་ཀྱིས་ནི། དཀོན་མཆོག་ཁོང་ནི་ཇི་འདྲ་རླབས་ཆེན་ཟེར་རྒྱུན་དུ་སྨྲ་བར་ཤོག། 5ང་ནི་དབུལ་བ་དང་ནི་འཕོང་ནས་ཡོད། ང་ཡི་རྩ་རུ་མྱུར་ཕེབས་ཀྱེ་དཀོན་མཆོག། ཁྱེད་ནི་ང་ཡི་སྐྱབས་མགོན་ཡིན་ཀྱེ་གཙོ་བོ་དཀོན་མཆོག། ང་ལ་རོགས་བྱེད་ཕྱིར་མ་འགོར་མཛོད༎

གསུང་མགུར 71

ལོ་ན་རྒས་པའི་མིའི་སྨོན་ལམ།

1གཙོ་བོ་དཀོན་མཆོག་ང་ནི་སྲུང་སྐྱོབ་ཕྱིར་ཁྱེད་ཙར་ཡོང་བས། ང་ལ་ནམ་ཡང་ཕམ་དུ་མ་བཅུག་ཅིག། 2ཁྱེད་ནི་དྲང་བདེན་ཡིན་པས། ང་ལ་སྐྱབས་གྲོགས་དང་སྐྱབས་པར་མཛོད། ང་ལ་གསན་ནས་སྐྱབས་གནང་བར་མཛོད། 3ང་ལ་སྲུང་བའི་ཆེད་དུ་སྐྱབས་གནས་བརྟེན་པོ་དང། འཛིང་ར་སྟོབས་ཅན་ཞིག་དུ་འགྱུར་བར་མཛོད། ཁྱེད་ནི་ང་ཡི་སྐྱབས་གནས་དང་སྲུང་སྐྱོབས་དེ་ཡིན་ནོ། 4ངན་པ་ནས་ང་སྐྱོབ་ཀྱེ་དཀོན་མཆོག། སྡུག་ཙུབ་ཅན་གྱི་མནར་གཅོད་མཁན་གྱི་ལག་ནས་ང་སྐྱོབ་ཅིག། 5བླ་མེད་གཙོ་བོ་དཀོན་མཆོག་ལགས། ང་ནི་ཁྱེད་ལ་རེ་བཅོལ་བཞིན་ཡོད། ན་གཞོན་དུས་ནས་ཁྱེད་ལ་བློ་བཅོལ་ཞུ། 6སྐྱེས་ནས་ང་ཡིས་ཁྱེད་ལ་བློ་བཅོལ་བྱས། ཨ་མའི་མངལ་ནས་བཏོན་མཁན་ཁྱེད་ཡང་ཡིན། ང་ནི་རྒྱུན་དུ་ཁྱེད་ལ་བསྟོད་ཀྱིས་ཡིན། 7ང་ཡི་མི་ཚེ་འདི་ནི་མང་པོའི་ཆེད། གཏམ་དཔེ་ཞིག་ཏུ་འགྱུར་ནས་ཡོད། གང་ལགས་ཟེར་ན་དཀོན་མཆོག་ཁྱེད་ཉིད་ནི། ང་ཡི་སྲུང་སྐྱོབས་བརྟན་པོ་ཞིག་ཏུ་འགྱུར་ནས་ཡོད། 8ཉིན་གང་ང་ཡིས་ཁྱེད་ལ་བསྟོད་པ་དང་། ཁྱེད་ཀྱི་གཟི་བརྗིད་གསལ་གྲགས་བྱས། 9ད་རྒས་པའི་སྐབས་སུ་ང་ལ་མ་སྤངས་ཤིག། སྟོབས་ཤུགས་ཉམས་ཡོད་པས་ང་ལ་མ་སྤངས་ཤིག། 10གང་ལགས་ཟེར་ན་ང་ཡི་དགྲ་བོ་ཚོས། ང་ཡི་སྐོར་ལ་གཏམ་རྣམས་སྨྲས་པ་དང་། ང་ལ་གསོད་ཕྱིར་སྒུག་མཁན་དགྲ་བོ་རྣམས། ནང་ཁུལ་དེ་ལྟར་བརྗོད་ཅིང་གྲོས་བྱེད་དོ། 11དཀོན་མཆོག་ཁོང་གིས་དེ་ལ་སྤངས་ཡོད་ཅིང་། དེ་ལ་རྗེས་དེད་བྱས་ནས་བཟུང་བར་གྱིས། དེ་ལ་སྐྱབས་མཁན་སུ་ཡང་མེད་ཅེས་མརྗོད། 12དཀོན་མཆོག་ང་ནས་ཐག་རིང་མ་ཞུགས་ཤིག། ང་ཡི་དཀོན་མཆོག་ང་ལ་མྱུར་དུ་སྐྱབས་པར་མཛོད། 13ང་ལ་འཐབ་རྒོལ་བྱེད་མི་རྣམས། ཕམ་ནས་རྩ་མེད་ཕྱིན་པར་ཤོག། ང་ལ་གནོད་པ་སྐྱེལ་ཐབས་བྱེད་མཁན་རྣམས། ངོ་ཚ་དང་ནི་དམའ་འབེབས་གང་བར་ཤོག། 14ང་ནི་རྒྱུན་དུ་ཁྱེད་ལ་རེ་བ་གྱིས། ཁྱེད་ལ་བསྟོད་པ་གང་མང་འབུལ་གྱིས་ཡིན། 15ང་ཡི་ཁ་ནས་ཁྱེད་ཀྱི་དྲང་བདེན་དང་། ཁྱེད་ལས་བྱུང་བའི་ཐར་ལམ་གྱི་སྐོར་ལ། ཉིན་གང་ཤོད་ཀྱིས་ཡིན། དེ་ཡི་ཚད་ནི་ང་ཡི་མི་ཤེས་ཀྱང། 16གཙོ་བོ་དཀོན་མཆོག་ཁྱེད་ཀྱི་མཐུ་སྟོབས་ལ། ཁྱེད་ཀྱི་བཟང་ཚུལ་ང་ཡིས་གསལ་བསྒྲགས་གྱིས། ང་ནི་ཁྱེད་ཉིད་གཅིག་པུར་ལ་བསྟོད་དོ། 17ང་ནི་ཆུང་དུས་ནས་ཁྱེད་ཀྱིས་ང་ལ་སློབ་སྟོན་གནང་ཡོད་དོ། ཁྱེད་ཀྱི་ཡ་མཚན་ཅན་གྱི་མཛད་པ་རྣམས། ད་ལྟ་བར་དུ་ང་ཡིས་ཁྱབ་བསྒྲགས་ཤིག། 18ཀྱེ་དཀོན་མཆོག་ད་ང་ནི་རྒས་པ་དང་། སྐྲ་དཀར་འགྱུར་ཡོད་པས་ང་ལ་མ་སྤངས་ཤིག། མི་རབས་རྗེས་མར་ཡོང་མི་ཚང་མ་ལ། ཁྱེད་ཀྱི་མཐུ་སྟོབས་སྐོར་ལ་ཤད་པའི་དུས། ཁྱེད་ནི་ང་དང་མཉམ་དུ་བཞུགས་རོགས་གནང་། 19དཀོན་མཆོག་ཁྱེད་ཀྱི་དྲང་བདེན་ནམ་མཁར་སླེབས་ཡོད། ཁྱེད་ཀྱིས་མཛད་པ་ཆེན་པོ་རྣམས་མཛད་པས། ཁྱེད་དང་འདྲ་བའི་གཞན་སུ་ཡང་མེད། 20ང་ལ་ཁྱེད་ཀྱིས་དཀའ་སྡུག་བཏང་བ་དང་། འོན་ཀྱང་ང་ཡི་སྟོབས་ཤུགས་ཁྱེད་ཀྱིས་སྐྱར་གསོ་གནང། ཁྱེད་ཀྱིས་ང་ལ་དུར་ནས་ཟུར་འཇོག་གནང་། 21ཁྱེད་ཀྱིས་ང་ཡི་ཆེ་བསྟོད་སྤེལ་བར་འགྱུར། སླར་ཡང་ང་ལ་སེམས་གསོ་གནང་བར་འགྱུར། 22ང་ནི་ངས་གཏན་ཁྱེད་ལ་སྒྲ་སྙན་གཏོང་བཞིན་བསྟོད་པར་བྱ། ང་ཡི་དཀོན་མཆོག་ཁྱེད་ཀྱི་དམ་ཚིག་ལ་བསྟོད་རྒྱུ་ཡིན། ང་ཡིས་སྒྲ་སྙན་གཏོང་བཞིན་ཁྱེད་ཨིསི་རཱཨེལ་གྱི་དམ་པ་མཆོག་ལ་མགུར་མ་ལེན་རྒྱུ་ཡིན། 23ཁྱེད་ལ་བསྟོད་སྐབས་ང་ནི་དགའ་བའི་སྐད་ཆེན་པོ་བརྒྱབ་རྒྱུ་ཡིན། གང་ལགས་ཟེར་ན་ཁྱེད་ཀྱིས་ང་ལ་སྐྱབས། 24ང་ཡི་ལྕེ་ཡིས་ཁྱེད་ཀྱི་དྲང་བདེན་གྱི། སྐོར་ལ་ཉིན་གང་གཏམ་གླེང་བྱེད་པར་འགྱུར། ང་ལ་སྨད་ཐབས་འཚོལ་མི་དེ་ཚོ་ནི། མགོ་འཐོམ་པ་དང་ངོ་ཚའི་ནང་དུ་ཚུད་ཡོད་དོ༎

གསུང་མགུར 72

རྒྱལ་པོའི་ཆེད་དུ་སྨོན་ལམ།

1ཀྱེ་དཀོན་མཆོག་ཁྱེད་ཀྱི་དྲང་བདེན་ལྟར་ཁྲིམས་བཅད་པར་རྒྱལ་པོར་སློབ་གནང་བར་མཛོད། ཁྱེད་ཀྱི་རང་གི་ཁྲིམས་དྲང་སྐོར་ཁོང་མཉམ་བགོས། 2དེ་ནས་ཁོང་གིས་ཁྱེད་ཀྱིས་མི་འབངས་ཐོག། དྲང་བ་ཉིད་ཀྱི་ཁྲིམས་གཅོད་གནང་བ་དང། མནར་གཅོད་ནང་ཚུད་པ་རྣམས་ལ་དྲང་བདེན་སྒོ་ནས་དབང་བསྒྱུར་བར་བྱ་འོ། 3ས་གཞིས་ཕུན་སུམ་ཚོགས་པ་ལོངས་སྤྱོད་པར་འགྱུར། དེ་ཡིས་དྲང་བདེན་ཉམས་མྱོང་བྱེད་པར་ཤོག། 4རྒྱལ་པོས་དབུལ་པོར་ཁྲིམས་གཅོད་དྲང་པོ་བྱས། ཁོང་གིས་དགོས་མཁོ་ཅན་ལ་སྐྱབས་རོགས་གནང་བ་དང་། མནར་གཅོས་མཁན་ཚོར་ཕམ་དགོས་བཟོ་བར་ཤོག། 5ཉི་མ་ཤར་བ་དང་ཟླ་བས་འོད་འཚེར་བའི་རིང། ཁྱེད་ཀྱི་མི་འབངས་དེ་ཚོས་ཁྱེད་ལ་སྐྱེལ་པ་ནས་སྐྱེལ་པ་བར་མཆོད་པར་ཤོག། 6ཁོང་ནི་བརྔས་པའི་ཞིང་ནང་འབབ་པའི་ཆར་པ་དང་། ས་གཞིར་བབས་པའི་ཆུ་དང་འདྲ། 7ཁོང་གིས་ཚེས་དུས་དྲང་བདེན་སྤེལ་བ་དང་། ཟླ་བ་གནས་རིང་ཕུན་སུམ་ཚོགས་པ་གནས་པར་ཤོག། 8རྒྱ་མཚོ་གཅིག་ནས་རྒྱ་མཚོ་གཞན་བར་དུ། ཁོང་གི་རྒྱལ་སྲིད་ཡོངས་སུ་ཁྱབ་པ་དང་། དེ་བཞིན་ཡུབ་རད་གཙང་པོ་ནས། ས་གཞིའི་མཐའ་ཡི་ཉེ་འགྲམ་བར་དུ་འཕེལ། 9བྱེ་ཐང་སྡོད་མཁན་རྣམས་ཀྱིས་ཁོང་མདུན་སྒུར། ཁོང་གི་དགྲ་ཚོས་ཐལ་བ་ལྡག་པར་འགྱུར། 10ཨིས་པེན་དང་ནི་མཚོ་གླིང་རྣམས་ཀྱི་རྒྱལ་པོ་ཚོས། ཁོང་གི་ཕྱིར་དུ་འབུལ་བ་འཁྱེར་ཡོང་ངོ་། ཤེ་བ་དང་ནེ་སེ་བའི་རྒྱལ་པོ་ཚོས། ཁོང་གི་ཕྱིར་དུ་འབུལ་བ་འཁྱེར་ཡོང་ངོ་། 11རྒྱོལ་པོ་ཚང་མས་ཁོང་དྲུང་ཕྱག་འཚལ་བ་དང། མི་རིགས་ཡོངས་ཀྱིས་ཞབས་ཏོག་ཞུས་པར་འགྱུར། 12ཁོང་ལ་ཞུ་འབུལ་བྱེད་མཁན་དབུལ་པོ་དང་། དགོས་མཁོ་ཅན་དང་སྣང་མེད་དུ་བོར་བ་ཚོར་ཁོང་གིས་སྐྱབས། 13ཉམས་ཆུང་དབུལ་པོར་ཁོང་གིས་སྙིང་རྗེ་གནང་། དགོས་མཁོ་ཅན་རྣམས་ཀྱི་སྲོག་ནི་ཁོང་གིས་སྐྱབས། 14ཁོང་གིས་དེ་ཚོར་མནར་གཅོད་དང་དྲག་དཔྱོད་ལས་སྐྱབས་གནང་བ་དང། ཁོང་གི་ཆེད་དུ་དེ་ཚོའི་སྲོག་ནི་རིན་ཆེན་ཡིན་ནོ། 15རྒྱལ་པོ་སྐུ་ཚེ་རིང་བར་ཤོག། ཤེ་བ་ནས་ཁོང་ལ་གསེར་གནང་བར་ཤོག། ཁོང་ཕྱིར་མི་ཚོས་ཆད་མེད་སྨོན་འདེབས་གྱིས། ཁོང་སྟེང་དཀོན་མཆོག་གི་བྱིན་རླབས་གཏན་དུ་གནས་པར་ཤོག། 16ཡུལ་གྱི་ནང་དུ་འབྲུ་མང་པོ་བྱུང་བར་ཤོག། རི་བོ་རྣམས་སུ་ཏོན་ཐོག་བཀབ་པར་ཤོག། དེ་ནི་ལེབ་ནོན་ལྟར་འབྲས་བུ་ཅན་བྱུང་བར་འགྱུར། ཞིང་གི་ནང་དུ་རྩྭ་ཡི་ཁེངས་པ་ལྟར། གྲོང་ཁྱེར་ཡོངས་སུ་མི་ཡི་གང་བར་ཤོག། 17རྒྱལ་པོའི་མཚན་ནི་རྒྱུན་དུ་གནས་པར་འགྱུར། ཁོང་གི་སྙན་གྲགས་ཉི་མ་ལྟ་བུར་གནས། དཀོན་མཆོག་ཁོང་གིས་རྒྱལ་པོར་བྱིན་རླབས་གནང་བ་ལྟར། མི་རིགས་ཡོངས་ཀྱི་ཁོང་ལ་རང་གི་ཆེད་དུ་བྱིན་རླབས་ཞུས། 18ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་བསྔགས་ཤིག། ཡ་མཚན་མཛད་པ་ཁོང་ཉིས་གཅིག་པུས་མཛད། 19ཁོང་གི་བཟི་བརྗིད་མཚན་ལ་རྒྱུན་དུ་བསྟོད། ས་གཞིའི་ཡོངས་ལ་ཁོང་གི་གཟི་བརྗིད་ཀྱིས་གང་བར་ཤོག། ཨ་མེན་ཨ་མེན། 20ཡ་སིའི་བུ་དཱ་བིད་ཀྱི་སྨོན་ལམ་རྣམས་རྫོགས་སོ༎

གསུང་མགུར 73

མདོ་གསུམ

གསུང་མགུར་ ༧༣—༨༩

དཀོན་མཆོག་གི་ཁྲིམས་དྲང།

1བདེན་པར་ཨིསི་རཱཨེལ་པ་རྣམས་དང་སེམས་གཙང་མ་ཡོད་མཁན་རྣམས་ཀྱི་ཕྱིར་དུ། དཀོན་མཆོག་ཁོང་ནི་བཟང་པོ་ལགས། 2འོན་ཀྱང་ང་ཡི་བློ་གཏད་ཧ་ལམ་རླག་ནས་སོང་། ང་ཡི་དད་པ་ཕལ་ཆེར་ཉམས་ནས་སོང་། 3གང་ལགས་ཟེར་ན་ངན་པ་རྣམས་ལ་དར་རྒྱས་མཐོང་བའི་སྐབས། ང་རྒྱལ་ཅན་ཚོར་ང་ནི་ཕྲག་དོག་སྐྱེས། 4དེ་ཚོར་ན་ཟུག་གང་ཡང་མེད་པ་དང་། དེ་ཚོའི་ལུས་སྟོབས་བརྟན་པོ་དང་ཁམས་བདེ་པོར་གནས། 5གཞན་ལྟར་དེ་ཚོ་དཀའ་ངལ་ནང་མི་ཚུད། དེ་ཚོ་གཞན་ལྟར་རྐྱེན་ངན་ཡང་མི་ཡོང་། 6དེའི་ཕྱིར་ང་རྒྱལ་དེ་ཚོའི་སྐྱེ་རྒྱན་ཡིན། དྲག་ལས་ཀྱི་ནི་དེ་ཚོར་གོས་ལྟར་བཀབ། 7དེ་ཚོའི་སྙིང་ནས་ངན་པའི་ཚོག་རྣམས་འདོན། དེ་ཚོའི་སེམས་ནང་ངན་པའི་འཆར་གཞིའི་གང་། 8དེ་ཚོས་གད་ཅིང་གཞན་ལ་ཚིག་ངན་སྨྲ། ང་རྒྱལ་ངང་ནས་གཞན་ལ་བྱུས་ངན་བརྩམས། 9དེ་ཚོས་ནམ་མཁའི་དཀོན་མཆོག་ལ་འགྲན་ཞིང་། ས་གཞིའི་ནང་དུ་མི་ཚོར་དབང་བསྒྱུར་བྱས། 10དེའི་ཕྱིར་དཀོན་མཆོག་མི་འབངས་ཁོའི་ཕྱོགས་བསྒྱུར། དེ་ཚོས་ཇི་ལྟར་སྨྲ་བར་ཡིད་ཆེས་གྱིས། 11དེ་ཚོས་དཀོན་མཆོག་གི་མཁྱེན་གྱི་མ་རེད། བླ་མེད་དཀོན་མཆོག་གི་མཁྱེན་མི་ཡོང་ཞེས་ཟེར། 12ངན་པ་ཚོ་ནི་འདི་འདྲ་ཡིན། དེ་ཚོ་མཉམ་དུ་མང་པོ་ཡོད་པ་དང་རྟག་ཏུ་དེ་ཚོས་ད་དུང་ཐོབ་བཞིན་ཡོད། 13དེ་བས་ང་ཡིས་གཙང་བར་བྱས་པ་དང། ང་ཡི་སྡིག་པ་མ་བྱས་པ་དེ་དོན་མེད་ཡིན་ནམ། 14ཀྱེ་དཀོན་མཆོག་ཁྱེད་ཀྱིས་ང་ལ་ཉིན་གང་སྡུག་བསྔལ་མྱོང་བཅུགས་སོང། སྔ་དྲོ་རེ་བཞིན་ཁྱེད་ཀྱིས་ང་ལ་ཆད་པ་བཏང། 15གལ་ཏེ་ང་ཡིས་དེ་ལྟར་སྨྲ་ཡོད་པ་ཡིན་ན། ཁྱོད་ཀྱི་མི་འབངས་འདྲ་བ་ངས་མི་བྱེད། 16ང་ཡིས་གནས་ཚུལ་འདི་སྐོར་བསམ་བློ་གཏོང་ཐབས་བྱས། འོན་ཀྱང་འདི་ནི་ངའི་ཆེད་ཤིན་ཏུ་དཀའ། 17ཁྱེད་ཀྱི་མཆོད་ཁང་ནང་དུ་མ་འཛུལ་བ་ཡི་བར། ངན་པ་རྣམས་ལ་གང་བྱུང་ངས་མི་ཤེས། 18དེ་ཚོར་ཁྱེད་ཀྱིས་ས་གནས་འཇམ་སར་བཞག། དེ་ཚོར་མེད་པར་བཟོས་ནས་འགྱེལ་བཅུག་གནང། 19དེ་ཚོ་ཡུད་ཙམ་མེད་པར་ཆགས་པ་དང། དེ་ཚོའི་མཐའ་མ་འཇིགས་སུ་རུང་བར་འགྱུར། 20དེ་ཚོ་ནི་སྔ་དྲོར་བརླག་པའི་གཉིད་ལམ་ལྟ་བུ་ཡིན། ཀྱེ་གཙོ་བོ་ཁྱེད་ཉིད་ཡར་བཞེངས་སྐབས་དེ་ཚོ་ཡལ་བར་འགྱུར། 21ང་ཡི་བསམ་བློ་རྣམས་ཁག་ཏི་ཡོད་དུས་དང། ང་ཡི་སེམས་སྡུག་ཡོད་སྐབས། 22ང་ནི་བྱོལ་སོང་འདྲ་བ་གླེན་རྟགས་བསྟན་པ་ཡིན། ཁྱེད་ལ་ང་ཡིས་རྟོགས་མི་ཐུབ། 23ཡིན་ན་ཡང་ང་ནི་གཏན་དུ་ཁྱེད་ཀྱི་ཉེ་པོ་ཡོད་པ་དང། ཁྱེད་ཀྱིས་ངའི་ལག་བཟུང་ནས་ཡོད། 24ཁྱེད་ཀྱིས་སློབ་སྟོན་གྱི་ང་ཡི་ལམ་སྣ་མཛད། མཐའ་མར་ང་ལ་ཁྱེད་ཀྱིས་གུས་ཞབས་སྒོ་ནས་ཁས་ལེན་གནང། 25མཐོ་རི་ཁྱེད་མི་ང་ལ་སུ་ཡོད་དམ། ས་གཞི་དུའང་ང་ཡི་འདོད་པ་ལྟར། ཁྱེད་ཉིད་མ་གཏོགས་གཞན་ཞིག་སུ་ཡང་མེད། 26ང་ཡི་ལུས་དང་སེམས་ཉིད་རྒུད་ནས་ཡོད། འོན་ཀྱང་དཀོན་མཆོག་ཁོང་ནི་ང་ཡི་སྟོབས་ཤུགས་ཡིན་པ་དང། ང་ལ་དགོས་པ་ཁོང་གཅིག་པོ་ཡིན། 27ཁྱེད་ལ་སྤངས་མཁན་རྣམས་ངས་པར་དུ་འཇིགས་པར་འགྱུར། ཁྱེད་ལ་དམ་ཚིག་མི་གཙང་བ་བྱ་མཁན་ཚོར་ཁྱེད་ཀྱིས་མེད་པར་མཛད། 28འོན་ཀྱང་དཀོན་མཆོག་ཉེ་འགྲམ་དུ་གནས་རྒྱུ་དང། བླ་ན་མེད་པའི་དཀོན་མཆོག་གི་སྲུང་སྐྱོབས་ཐོབ་རྒྱུ་དང། ཁོང་གི་མཛད་པ་ཐམས་ཅད་བཤད་རྒྱུ་དེ་ནི་ངའི་ཕྱིར་ཇི་འདྲ་མཚར་ཆེ་བ་ཡིན༎

གསུང་མགུར 74

ཡུལ་ཁམས་ཀྱི་ཐར་པའི་ཕྱིར་དུ་སྨོན་ལམ།

1ཀྱེ་དཀོན་མཆོག་ཁྱེད་ཀྱི་ང་ཚོ་ལ་ཅིའི་ཕྱིར་འདི་ལྟར་སྤངས་གནང་ངམ། ཁྱེད་ཀྱི་མི་འབངས་ཐོག་གཏན་གྱི་ཕྱིར་དུ་ཐུགས་ཁྲོ་བཞིན་བཞུགས་སམ། 2སྔོན་དུ་ཁྱེད་ཀྱིས་རང་གི་ཆེད་དུ་ཉོས་པ་དང་། དེ་ཚོར་ཁྱེད་ཀྱི་རང་གི་བདག་དབང་ཆེད། རང་གི་མི་རིགས་སུ་རིན་པ་སྤྲད་ནས་བླུས་གནང་བའི་མི་ཚོགས་ལ་དྲན་པར་གནང་། ཁྱེད་སྔོན་ཆད་གནས་སྡྡོད་གནང་བའི་རི་བོ་ཛི་ཡོན་དེ་ལ་དྲན་གསོ་མཛོད། 3གྱང་གོག་དེ་ཚོོའི་སྟེང་དུ་ཁྱེད་ཀྱིས་ཞབས་རྐྱོངས་ཤིག། ང་ཚོའི་དགྲ་བོས་མཆོད་ཁང་ནང་དུ་གང་ཡོད་ཐམས་ཅད་མེད་པར་བཟོས་ཡོད། 4ཁྱེད་ཀྱི་མཆོད་ཁང་ནང་དུ་དགྲ་བོས་ཚོས། རྒྱལ་ཁ་ཐོབ་པའི་ཀུ་ཅོ་འདོན་པར་བྱས། དེ་ཚོས་རང་གི་རྟགས་སུ་དར་ཆ་བཞག། 5རང་གི་སྟ་རིས་ཤིང་སྡོང་གཅོད་བཞིན་པའི། མི་དང་འདྲ་བ་དེ་ཚོ་མཐོང་བཞིན་ཡོད་དོ། 6དེ་ཚོས་པང་ལེབ་རྣམས་སྟ་རི་དང་ནི་མཐོ་བ་རྣམས་ཀྱིས་གཅོག། 7དེ་ཚོས་ཁྱེད་ཀྱི་མཆོད་ཁང་གཏོར་ནས་མེར་སྲེགས་སོ། ཁྱེད་ལ་མཆོད་པའི་བཞུགས་གནས་དེར་དེ་ཚོས་གྲིབ་ཅན་བཟོས་སོ། 8དེ་ཚོའི་ཡུལ་ནང་ཡོད་པའི་དམ་པའི་གནས་ཡོངས་རྫོགས་མེ་ལ་སྲེག་པར་བྱས། དེ་ཚོས་ང་ཚོར་ཆ་ཚང་མེད་པར་བཟོ་བར་འདོད། 9ང་ཚོའི་དམ་པའི་རྟགས་རྣམས་དབྱུགས་ཞིང་། ད་ནི་ལུང་སྟོན་པའམ་ལྷག་མ་སོང་། གནས་ཚུལ་དེ་ནི་ནམ་བར་གནས་ཡོང་སུ་ཡིས་མི་ཤེས་སོ། 10ཀྱེ་དཀོན་མཆོག་ནམ་བར་ང་ཚོའི་དགྲ་བོས་ཁྱེད་ཐོག་གད་མོ་བགད་ཡོང་། ཁྱེད་ཀྱི་མཚན་ལ་དེ་ཚོས་དུས་རྒྱུན་དུ་དམའ་འབེབས་བྱེད་འགྱུར་རམ། 11ང་ཚོར་སྐྱོབ་པར་ཅིའི་ཕྱིར་ཁས་མི་ལེན། ཁྱེད་ཀྱི་ཕྱག་ཅི་ལ་རྒྱབ་ལོག་སུ་བསྐུམ་མཛད་དམ། 12ཀྱེ་དཀོན་མཆོག་ཁྱེད་ནི་སྔོན་ནས་ང་ཚོའི་རྒྱལ་པོ་ཡིན། ཁྱེད་ཀྱི་ང་ཚོར་གྲངས་མང་སྐྱོབ་གནང་ངོ་། 13ཁྱེད་ཀྱིས་མཐུ་ཡིས་རྒྱ་མཚོ་བགོ་ཤ་རྒྱབ། ཁྱེད་ཀྱིས་རྒྱ་མཚོའི་སེམས་ཅན་རྣམས་ཀྱི་མགོ་རྣམས་གཅོག། 14སེམས་ཅན་ལེ་ཝི་ཡ་ཏན་གྱི་མགོ་རྣམས་གཅོག། འབྲོག་སྟོང་ཁུལ་དུ་གནས་པའི་སེམས་ཅན་ཚོར། དེ་ཡི་གཟུགས་ནི་ཁ་ཟས་ཆེད་དུ་གནང་། 15ཁྱེད་ཀྱིས་གྲོག་ཆུ་དང་ཆུ་མིག་ནས་ཆུ་འདོན། གཙང་ཆེན་དེ་ཚོ་ཁྱེད་ཀྱིས་སྐམ་པར་མཛད། 16ཉིན་དང་མཚན་ནི་ཁྱེད་ཀྱིས་མཛད་གནང་ཞིང་། ཉི་མ་དང་ཟླ་གར་ཁྱེད་ཀྱིས་རང་གནས་འཇོག། 17ས་གཞིའི་ས་མཚམས་ཡོངས་ནི་ཁྱེད་ཀྱིས་མཛད། དབྱར་དགུན་གཉིས་ནི་ཁྱེད་ཀྱིས་མཛད་གནང་ངོ་། 18འོན་ཀྱང་ཀྱེ་དཀོན་མཆོག་ཁྱེད་ཀྱི་དགྲ་བོས་ཁྱེད་ལ་གད་པ་དང་། ཁྱེད་ལ་ཁས་མི་ལེན་པ་དང། དེ་ཚོས་ཁྱེད་ལ་སྨད་པ་ཁྱེད་ཀྱིས་དྲན་གསོ་མཛོད། 19ཁྱེད་ཀྱི་གྲོགས་མེད་མི་འབངས་ལ། དེེ་ཚོའི་དགྲ་བོ་སྡུག་རྩུབ་ཅན་རྣམས་ཀྱི་ལག་ཏུ་མ་འབོར་བར་གནང་། བརྡབ་སིགས་ནང་ཚུད་པའི་ཁྱེད་ཀྱི་མི་འབངས་ཚོར་བརྗེད་མ་གནང་རོགས་གནང་། 20ཁྱེད་ཀྱིས་ང་ཚོ་མཉམ་དུ་བཞག་པའི་དམ་བཅའ་ཐུགས་ལ་འཇོག་པར་མཛོད། ཡུལ་གྱི་མུན་པའི་ཁུག་ཀྱོག་ཇི་ཡོད་དྲག་པོས་གང་ནས་ཡོད་པ་ཡིན། 21གཉའ་གནན་མྱོང་མཁན་དེ་ཚོ་ལ་ངོ་ཚར་ཚུད་མ་བཅུག་རོགས་གནང། མི་དབུལ་པོ་དང་དགོས་མཁོ་ཅན་རྣམས་ལ་ཁྱེད་བསྟོད་བཅུག་རོགས་གནང། 22དཀོན་མཆོག་ཡར་བཞེངས་ཤིག། རང་གི་ལས་དོན་གྱི་སྲུང་སྐྱོབ་གནང་བར་མཛོད། དཀོན་མཆོག་ཁས་མི་ལེན་མཁན་མི་ཚོས། ཉིན་གང་ཁྱེད་ཐོག་གད་པའི་དྲན་པར་མཛོད། 23ཁྱེད་ཀྱི་དགྲ་བོས་ངར་སྐད་དང། དེ་ཆོས་བྱེད་བཞིན་པའི་ཅ་ཅོ་ཆེད་མེད་མ་བསྙེལ་ཞིག།

གསུང་མགུར 75

དཀོན་མཆོག་ནི་ཁྲིམས་དཔོན།

1ཀྱེ་དཀོན་མཆོག་ཁྱེད་ལ་ང་ཚོས་བཏང་རག་ཕུལ། ཁྱེད་མཚན་ཉེ་བར་ང་ཚོས་བཏང་རག་ཕུལ། ཁྱེད་ཀྱི་ངོ་མཚར་མཛད་འཕྲིན་ང་ཚོས་བསྒྲགས། 2ཁྲིམས་གཅོད་ཕྱིར་དུ་དུས་ཚོས་གཏན་འབེབས་བཞག། དེ་སྐབས་ང་ཡི་ཁྲིམས་གཅོད་དྲང་པོར་བྱ་རྒྱུ་ཡིན་ཞེས་དཀོན་མཆོག་གི་གསུངས་པ། 3ས་གཞིའི་ནང་གནས་སྲོག་ཆགས་ཚང་མ་འདར། ས་གཞི་ཚང་མ་འགུལ་བར་བྱེད་ན་ཡང་། དེ་ཡི་རྨང་གཞི་ང་ཡིས་བརྟན་པོར་བཞག། 4ངན་ཅན་ཚོར་ང་རྒྱལ་མ་བྱེད་ཅིག་ང་ཡིས་ཟེར། 5དེ་ཚོར་སྦོར་ཤོབ་བཤད་རྒྱུ་བཀག་ཤིག་ང་ཡིས་ཟེར། 6ཁྲིམས་གཅོད་ནི་ཤར་དང་ནུབ་ཕྱོགས་དང་། ལྷོ་དང་བྱང་ནས་སླེབས་མི་ཡོང་། 7དཀོན་མཆོག་རང་ཉིད་ཁྲིམས་དཔོན་ཡིན། ཁོང་གིས་འགའ་ཤས་ལ་ཞལ་ཆེ་གཅོད་པ་གནང་། གཞན་ལ་ནི་ཁོང་གིས་མཐར་པ་གནང། 8གཙོ་བོ་དཀོན་མཆོག་ཁོང་གི་ཕྱག་ནང་ཕོར་པ་ཞིག་ཡོད་དོ། ཁོང་གི་ཁྲོ་བའི་རྒུན་ཆང་ངར་པོས་གང་ནས་ཡོད་པ་དང་། ཁོང་གིས་དེ་ཡི་ནང་ནས་བླུགས་པ་དང་། སྡིག་སྤྱོད་རྣམས་ཀྱིས་དེ་ལས་འཐུང། དེ་ཚོས་དེ་ནི་མ་རྫོགས་བར་དུ་འཐུང་། 9འོན་ཀྱང་ང་ནི་ཡ་ཀོབ་དཀོན་མཆོག་གི་སྐོར་གསལ་བསྒྲགས་བྱ་རྒྱུ་ཡང་ན། ཁོང་ལ་བསྟོད་པའི་གླུ་དབྱངས་ལེན་རྒྱུ་ནམ་ཡང་མཚམས་བཅད་རྒྱུ་མིན། 10ཁོང་གིས་ངན་པའི་སྟོབས་ནི་བཅད་པ་དང་། འོན་ཀྱང་དྲང་བདེན་གྱི་སྟོབས་ནི་འཕེལ་བར་མཛད༎

གསུང་མགུར 76

རྣམ་པར་རྒྱལ་བའི་དཀོན་མཆོག།

1ཡ་ཧུ་དཱ་རུ་དཀོན་མཆོག་ངོ་ཤེས་ཡོད། ཨིསི་རཱཨེལ་ནང་དུ་ཁོང་མཚན་གུས་བཀུར་ཞུས། 2ཁོང་གི་བཞུགས་གནས་ཡེ་རུ་ཤ་ལེམ་ཡོད། ཁོང་ནི་རི་བོ་ཛི་ཡོན་དུ་གནས། 3ཁོང་གིས་དེ་རུ་དགྲ་བོའི་མདའ་དང་ནི། ཕུབ་དང་རལ་གྲི་དེ་ཚོའི་མཆོན་ཆ་ཡོངས་རྫོགས་བཅག། 4རེ་དྭགས་ཀྱི་གང་བའི་རི་བོ་ལས། ཁྱེད་ནི་གཟི་བརྗིད་ཅན་དང་འོད་ཟེར་ཅན་ལགས། 5དེ་ཚོའི་སྙིང་སྟོབས་ཡོད་པའི་དམག་མི་རྣམས་བཅོམ་ནས། ད་ལྟ་དེ་ཚོ་འཆི་བའི་གཉིད་ནང་ཚུད་ཡོད། དེ་ཚོའི་སྟོབས་དང་རྩལ་ཕན་མི་ཐོག། 6ཡ་ཀོབ་ཀྱི་ནི་དཀོན་མཆོག་ཁྱེད་ཀྱི་ནི་དེ་ཚོར་འཇིགས་སྣང་བསྐུལ་དུས། རྟ་དང་རྟ་པ་རྣམས་འགྱེལ་ནས་ཤི། 7འཇིགས་པར་བྱེད་དགོས་ཁྱེད་ཉིད་གཅིག་པུ་ཡིན། ཁྱེད་ནི་ཐུགས་ཁྲོ་བཞེས་པའི་སྐབས། ཁྱེད་ཀྱི་དྲུང་དུ་སུ་ཞིག་ལངས་ནུས་སམ། 8-9མཐོ་རིས་གནས་ནས་ཁྱེད་ཀྱིས་ཁྲིམས་ཐག་བཅད། ས་གཞིར་ཉམས་ཆུང་རྣམས་ལ་སྐྱོབ་པའི་ཕྱིར། ཁྲིམས་གཅོག་ཆེད་དུ་དཀོན་མཆོག་ཡར་བཞེངས་སྐབས། ས་གཞི་འཇིགས་ནས་ཁུ་སིམ་གནས་ཡོད་དོ། 10མི་ཡིས་ཁྲོ་བས་ཁྱེད་ལ་བསྟོད་པར་འགྱུར། དམག་མི་ལྷག་ལུས་ཁྱེད་ཀྱི་དུས་སྟོན་སྲུང་། 11ཁྱེད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་དམ་བཅའ་ཇི་བྱེད་ཡོད་པ་དེ་ཕུལ་ཞིག། ཁྱོད་ཉེ་འཁོར་གྱི་མི་རིགས་རྣམས་ཁོང་ལ་འབུལ་བ་ཕུལ་ཞིག། དཀོན་མཆོག་ཁོང་གི་མི་རྣམས་ལ་ཁོང་ལ་འཇིགས་དགོས་པ་བཟོས་བར་གནང། 12ཁོང་གིས་སྲིད་སྐྱོང་པ་རྣམས་ཀྱི་ང་རྒྱལ་བཅག། ས་གཞིའི་རྒྱལ་པོ་རྣམས་ནས་ཁོང་ལ་འཇིགས༎

གསུང་མགུར 77

དཀའ་ངལ་གྱི་དུས་སུ་སེམས་གསོ།

1ང་ཡི་སྐད་ཤུགས་ཆེན་པོས་དཀོན་མཆོག་ལ་འབོད། ངས་སྐད་ཤུགས་ཆེན་པོས་འབོད་པས། ཁོང་གི་ངའི་ཕྱོགས་སྙན་ནི་གསན་པར་མཛད། 2ང་ཡིས་དཀའ་ངལ་དུས་སུ་དཀོན་མཆོག་ལ་སྨོན་ལམ་འདེབས། མཚན་གང་ང་ཡིས་ལག་བརྐྱངས་སྨོན་ལམ་འདེབས། འོན་ཀྱང་ང་ལ་སེམས་གསོ་ཐོབ་མ་བྱུང་། 3ང་ཡིས་དཀོན་མཆོག་དྲན་སྐབས་ངའི་དབུགས་རིང་ཤོར། སྒོམ་པའི་དུས་སུ་ང་ཡི་སེམས་ཉིད་ཉམས། 4མཚན་གང་ཁོང་གིས་ངའི་མིག་ཕྱེ་ནས་བཞག། ང་ནི་ཧ་ཅང་དཀའ་ངལ་ནང་ཡོད་པས། རྐྱེན་གྱིས་ང་ཡི་གཏམ་ཡང་ཤོད་མི་ཐུབ། 5འདས་པར་འགྱུར་བའི་ཞག་དང་དེ་སྔོན་གྱི། ལོ་རྣམས་ང་ཡིས་དྲན་གསོ་བྱེད་བཞིན་ཡོད། 6མཚན་མོར་རང་གི་བསམ་བློ་གཏིང་ཟབ་གཏོང་ནས་བསྐྱལ། ང་ནི་སྒོམ་བཞིན་རང་ལ་དྲི་བ་འདི་བརྒྱབ། 7ང་ཚོར་གཏན་ཕྱིར་གཙོ་བོས་སྤངས་གནང་ངམ། ཁོང་ནི་ང་ཚོ་མཉམ་དུ་སླར་ནམ་ཡང་མི་དགའ་སམ། 8ཁོང་གིས་ང་ཚོར་གཅེས་པར་མཚམས་བཅད་དམ། ཁོང་གི་ཞལ་ཆད་གཏན་ཕྱིར་མི་གནས་སམ། 9དཀོན་མཆོག་ཁོང་གི་དཀའ་དྲིན་དེ་ནི་བརྗེད་འགྱུར་རམ། ཁོང་གི་སྙིང་རྗེའི་ཚབ་ཏུ་ཐུགས་ཁྲོས་ལེན་འདུག་གམ། 10དེ་ནས་ངས་སྨྲས་པ་ཡིན། ངའི་སེམས་ལ་འཕང་ཤོས་དེ་ནི་དཀོན་མཆོག་ཁོང་གི། མཐུ་སྟོབས་ད་མི་གནས་པའི་གནས་ཚུལ་དེ་ཡིན། 11གཙོ་བོ་དཀོན་མཆོག་ཁྱེད་ཀྱི་ཡ་མཚན་ཅན་གྱི་བྱ་བ་ང་ཡི་དྲན། ཁྱེད་ཀྱི་སྔོན་དུས་མཛད་པར་ངས་དྲན་གསོས་བྱ། 12ཁྱེད་ཀྱི་ཕྱག་ལས་རྣམས་ནི་ངས་དྲན་ནོ། ཁྱེད་ཀྱི་སྟོབས་ལྡན་ཕྱག་ལས་ངས་སྒོམ་མོ། 13ཀྱེ་དཀོན་མཆོག་ཁྱེད་ཀྱི་ཅི་མཛད་དམ་པ་ཡོད། དཀོན་མཆོག་ཁྱེད་ལྟར་རླབས་ཆེན་གཞན་སུ་ཡང་མེད། 14ཁྱེད་ནི་ཡ་མཚན་མཛད་མཁན་དཀོན་མཆོག་ཡིན། ཁྱེད་ཀྱི་མཐུ་སྟོབས་མི་རིགས་རྣམས་ཀྱི་ཁྲོད་སྟོན་གནང་ཡོད། 15ཁྱེད་ཀྱི་སྟོབས་ཀྱིས་རང་གི་མི་མང་ལ་སྐྱབས། ཡ་ཀོབ་དང་ནི་ཡོ་སེབ་རིགས་བརྒྱུད་ལ་སྐྱབས། 16ཀྱེ་དཀོན་མཆོག་ཆུ་རྣམས་ཀྱི་ནི་ཁྱེད་ལ་མཐོང་སྐབས་འཇིགས། རྒྱ་མཚོའི་གཏིང་རྣམས་ནི་འདར། 17སྤྲིན་པས་ཆར་ཕབ་གནམ་ནས་འབྲུག་སྐད་རྒྱབ། གློག་གི་ཕྱོགས་གཞིར་ཡོངས་སུ་འབར། 18ཁྱེད་ཀྱི་འབྲུག་སྐད་ཀྱི་སྒྲ་ཆེན་ལྡིར་བ་དང། གློག་འཁྱུག་ནས་ས་གཞི་ཡོངས་སུ་འོད་འཚེར་སོང། ས་གཞི་འདར་བ་ད་ནི་འགུལ་སོང་ངོ་། 19ཁྱེད་ནི་རྦ་རླབས་རྣམས་བརྒྱུད་ནས་ཕེབས་པ་དང། རྒྱ་མཚོའི་གཏིང་རྒལ་བ་དང། འོན་ཀྱང་ཁྱེད་ཀྱི་ཞབས་རྗེས་མི་མཐོང་ངོ་། 20ཁྱེད་ཀྱི་རང་གི་མི་ཚོར་ལུག་རྫི་བཞིན། མོ་ཤེ་དང་ནི་ཨ་རོན་ལག་ནས་འཁྲིད༎

གསུང་མགུར 78

དཀོན་མཆོག་དང་ཁོང་གི་འབངས།

1ང་ཡི་མི་འབངས་ང་ཡི་བསླབ་བྱར་ཉོན། ང་ཡིས་སྨྲས་པའི་གཏམ་ལ་ཉོན། 2ངས་ཤས་རབས་ཀྱི་གཏམ་རྣམས་མཛོད་རྒྱུ་ཡིན། སྔོན་གྱི་གསང་བའི་གནད་དོན་རྣམས་ངས་བཤད་རྒྱུ་ཡིན། 3དེ་རྣམས་ང་ཚོས་ཐོས་ཡོད་པ་དང་རྒྱུས་ཡོད། ང་ཚོའི་ཕ་མེས་རྣམས་ཀྱི་ང་ཚོར་བཤད་ཡོད་དོ། 4དེ་རྣམས་ནི་ང་ཚོའི་ཕྲུ་གུ་ཚོ་ནས་མི་སྦས། གཙོ་བོ་དཀོན་མཆོག་ཁོང་གི་མཐུ་སྟོབས་མཛད་པ་ཡ་མཚན་རྣམས་ཀྱི་སྐོར། རྗེས་མའི་མི་རབས་ཚོར་ང་ཚོས་ཤོད་རྒྱུ་ཡིན། 5ཁོང་གིས་ཨིསི་རཱཨེལ་པ་ཚོར་བཀའ་ཁྲིམས་རྣམས་གནང་བ་དང། ཡ་ཀོབ་རིགས་བརྒྱུད་ཚོར་ཁོང་གིས་ཞལ་གདམས་རྣམས་གནང་ངོ། ཁོང་གི་བཀའ་ཁྲིམས་རྣམས་དེ་ཚོའི་ཕྲུ་གུས་ཤེས་པའི་ཕྱིར་། ཁོང་གིས་ང་ཚོའི་ཕ་མེས་ཚོ་ལ་བཀའ་གནང་ངོ་། 6དེ་ལྟར་རྗེས་མའི་མི་རབས་ཀྱིས་དེ་རྣམས་ཀྱི་སྐོར་ཤེས་པ་དང། རང་གི་ཕྲུ་གུ་རྣམས་ལ་ཀྱང་བཤད་པའི་ཕྱིར། 7འདི་ལྟར་དེ་ཚོས་རེ་བ་དཀོན་མཆོག་ཁོང་ལ་བཅོལ། ཁོང་གི་མཛད་པ་རྣམས་ལ་མ་བརྗེད་པར། འོན་ཀྱང་ཁོང་གི་བཀའ་རྣམས་རྒྱུན་དུ་སྲུང་། 8དེ་ཚོ་ནི་རང་གི་ཕ་མེས་ཚོ་འདྲ་བ། ངོ་ལོག་ཅན་དང་བཀའ་མི་སྲུང་མཁན་གྱི་རིགས་བརྒྱུད་ལྟར་མི་འགྱུར། ཕ་མེས་དེ་ཚོ་ནི་དཀོན་མཆོག་ལ་བློ་བཅོལ་བརྟན་པོ་མ་བཞག་པས། དེ་ཚོ་ཁོང་ཕྱོགས་སུ་དམ་ཚིག་གཙང་མ་མི་གནས་སོ། 9ཨེཕ་ར་ཡིམ་པ་ཚོ་མདའ་གཞུ་ཁྱེར་བས་དམག་ཉིན་བྲོས་ནས་ཕྱིན། 10དཀོན་མཆོག་དང་དམ་བཅའ་བཞག་པར་ཁས་མི་ལེན། དེ་ཚོས་ཁོང་གི་བཀའ་ཁྲིམས་ལ་མ་ཉན། 11ཁོང་གིས་མཛད་པའི་འཕྲིན་དང་། རང་གི་མཐོང་བའི་ཁོང་གི་ངོ་མཚར་ཅན་གྱི་མཛད་འཕྲིན་རྣམས་བརྗེད་དོ། 12དེ་ཚོའི་ཕ་མེས་རྣམས་ཀྱི་ངོ་མདུན་དུ། དཀོན་མཆོག་ཁོང་གི་ངོ་མཚར་ཆེ་བའི་མཛད་འཕྲིན་རྣམས། ཨི་ཇིབ་ཡུལ་དང་ཛོ་ཨན་ཐང་དུ་གནང་། 13ཁོང་གིས་རྒྱ་མཚོ་ལ་ནི་ཁག་གཉིས་བཟོས། དེ་རྣམས་འདི་ཡི་བརྒྱུད་དེ་ཕར་ཕྱོགས་སྐྱེལ་གནང་། ཁོང་གིས་ཆུ་རྣམས་ལྕགས་རི་ལྟ་བུར་སྒྲིལ། 14ཉིན་མོར་ཁོང་གིས་དེ་ཚོར་སྤྲིན་ཞིག་དང་། མཚན་གང་མེ་འོད་ཀྱིས་ནི་སྣེ་འཁྲིད་མཛད། 15འབྲོག་སྟོང་ནང་དུ་བྲག་རྣམས་ཁག་གཉིས་མཛད། དེ་ཡི་གཏིང་ནས་ཆུ་རྣམས་དེ་ཚོར་སྟེར། 16བྲག་རིའི་ནང་ནས་གྲོག་ཆུ་རྣམས་ནི་བཏོན། ཆུ་ལ་གཙང་པོ་ལྟ་བུར་རྒྱུག་བཅུག་གོ། 17འོན་ཀྱང་དེ་ཚོས་དཀོན་མཆོག་སྟེང་སྡིག་པ་མུ་མཐུད་བྱེད། འབྲོག་སྟོང་ཁག་ཏུ་བླ་མེད་དཀོན་མཆོག་ཁོང་ལ་གྱེན་ཟླག་བྱས། 18དཀོན་མཆོག་ཁོང་ལ་རྐང་བཙུགས་ནས་ཚོད་ལྟ་བྱེད་པའི་ཕྱིར། དེ་ཚོས་ཁ་ཟས་རང་འདོད་བཞིན་དུ་སློངས། 19དཀོན་མཆོག་ཁོང་གིས་འབྲོག་སྟོང་དུ་ང་ཚོར་ཁ་ཟས་གནང་ཐུབ་བམ། ཟེར་ནས་དཀོན་མཆོག་ཁོང་ལ་ངོ་རྒོལ་བྱས། 20ཁོང་ནི་བྲག་རི་དེ་ལ་བཞུས་གནང་ནས། ཆུ་རྣམས་གྲོག་པོར་འགྱུར་བ་བདེན་པ་ཡིན། འོན་ཀྱང་ཁོང་གིས་ང་ཚོར་བག་ལེབ་དང་། རང་གི་འབངས་ཆེད་དུ་ཤ་སོགས་གནང་ཐུབ་བམ། 21དེར་བརྟེན་དེ་ལ་གཙོ་བོ་དཀོན་མཆོག་ཁོང་གིས་གསན་ཏེ་ཐུགས་ཁྲོས་ཏེ། རང་གི་འབངས་ཐོག་མེ་ཡིས་འཐབ་རྒོལ་བྱས། དེ་ཚོའི་སྟེང་དུ་ཁོང་གིས་ཁྲོ་བ་འབར། 22གང་ལགས་ཟེར་ན་དེ་ཚོས་དཀོན་མཆོག་ཁོང་ལ་མ་དད་པར། ཁོང་གི་སྐྱབས་ལ་བློ་གཏད་མ་བྱས་སོ། 23འོན་ཀྱང་ཁོང་གིས་ནམ་མཁར་བཀའ་གནང་ནས། མཐོ་རིས་སྒོ་རྣམས་ཕྱེ་བར་མཛད་གནང་ངོ་། 24དེ་ཚོར་ཟ་ཕྱིར་མན་ན་ཕབ་གནང་ཞིང་། ཁོང་གིས་དེ་ཚོར་མཐོ་རིས་ནས་འབྲུ་གནང་ངོ་། 25དེར་བརྟེན་ཕོ་ཉའི་ཁ་ཟས་དེ་ཚོས་ཟས། དཀོན་མཆོག་ཁོང་གིས་དེ་ཚོར་གང་འདོད་བཞིན་དུ་གནང་། 26ཁོང་གིས་ཤར་རླུང་རྒྱུག་བཆུག་སྟེ། ཁོང་གི་མཐུ་ཡིས་ལྷོ་རླུང་འབྲེལ་བཅུག་གོ། 27ཁོང་གིས་རང་གི་འབངས་ལ་མཚོའི་འགྲམ་གྱི་བྱེད་མ་ལྟ་བུར་འདབ་ཆགས་རྣམས་ཕབ་། 28དེ་རྣམས་ནི་དེ་ཚོའི་སྒར་གྱི་ཁྲོད་དང། གུར་རྣམས་ཀྱི་ཕྱོགས་བཞིར་ཕབ་མཛད་དོ། 29དེར་བརྟེན་མི་མང་ཚོས་ཟས་ནས་ལེགས་པར་འགྲངས། དཀོན་མཆོག་ཁོང་གིས་དེ་ཚོར་འདོད་པ་བཞིན་དུ་གནང་། 30འོན་ཀྱང་དེ་ཚོས་རང་གི་འདོད་པ་མ་ཁེངས་པས། དེ་ཚོས་ད་དུང་ཟ། 31དེ་སྐབས་དཀོན་མཆོག་ཁོང་གི་ཐུགས་ཁྲོ་དེ་ཚོའི་སྟེང་དུ་བཞེངས་པ་དང། ཨིསི་རཱཨེལ་ན་གཞོན་ཡག་ཤོས་སྟེབས་ཆེན་རྣམས་བསད་དོ། 32དེ་རྣམས་བྱུང་ཡང་མི་རྣམས་ཀྱིས་སྡིག་པ་མུ་མཐུད་གྱིས། ཁོང་གི་ངོ་མཚར་མཛད་པ་རྣམས་མཐོང་ན་ཡང་དེ་ཚོས་ཁོང་ལ་བློ་བཅོལ་མེད་དོ། 33དེའི་ཕྱིར་དེ་ཚོ་ཉིན་མོ་དབུགས་ལྟར་ཡལ། དེ་ཚོའི་སྲོག་ནི་གློ་བུར་དུ་ཡོང་བའི་བྱུས་ཉེས་ཀྱིས་མེད་པར་བཟོས། 34ཁོང་གིས་དེ་ཚོར་སུ་ཞིག་གསོད་པའི་སྐབས། དེ་ནས་ལྷག་ལུས་རྣམས་ཀྱིས་ཁོང་ཕྱོགས་བསྒྱུར། འགྱོད་པ་སྐྱེད་ནས་ཁོང་ལ་སྨོན་ལམ་འདེབས། 35དཀོན་མཆོག་ནི་དེ་ཚོར་སྲུང་མཁན་ཡིན་པ་དེ་ཚོས་དྲན། ཀུན་དབང་ལྡན་པའི་དཀོན་མཆོག་དེ་ཚོའི་རོགས་སུ་ཕེབས། 36འོན་ཀྱང་དེ་ཚོའི་གཏམ་ནི་རྫུན་གཏམ་དང་། དེ་ཚོས་ཇི་ལྟར་སྨྲས་པར་ཡིད་ཆེས་མེད། 37དེ་ཚོ་ནི་ཁོང་ཕྱོགས་དམ་ཚིག་གཙང་མ་མི་བྱེད་དོ། ཁོང་དང་མཉམ་དུ་བཞག་པའི་དམ་བཅའ་རྩིས་སྲུང་མི་བྱས་སོ། 38འོན་ཀྱང་དཀོན་མཆོག་ཁོང་ནི་སྙིང་རྗེས་ཁྱབ་ཡོད་པས། དེ་ཚོའི་སྡིག་པར་བཟོད་གསོལ་གནང་བ་དང་། དེ་ཚོ་ལ་ནི་ཚར་བཅད་མ་གནང་ངོ་། ཁོང་གིས་རང་གི་ཁོང་ཁྲོ་ཐེངས་མང་བཟོད་སེམས་གནང་། ཁོང་གི་ཐུགས་ཁྲོ་དྲག་པོ་ལན་མང་བཀག། 39དེ་ཚོ་ནི་རླུང་ལྟར་རྒྱུག་ནས་ཡལ་འགྲོ་བ་དང་མི་རྟག་པ་ཡིན་པ་ཁོང་གིས་དྲེན། 40འབྲོག་སྟོང་ནང་དུ་དེ་ཚོས་ལན་ཇི་ཙམ། ཁོང་གི་སྟེང་དུ་ངོ་ལོག་ཞུ་ཡོད་ཅིང་། ཇི་ཙམ་ཁོང་སེམས་སྐྱོ་རུ་བཅུག། 41ཡང་ནས་ཡང་དེ་ཚོས་དཀོན་མཆོག་ཁོང་ལ་ཚོད་ལྟ་བྱས། རཱཨེལ་གྱི་དམ་པའི་དཀོན་མཆོག་ལ་སྡུག་ངལ་སྤྲད། 42དེ་ཚོས་ཁོང་གི་མཐུ་སྟོབས་མི་དྲན་ཞིང་། དགྲ་བོའི་ལག་ནས་སྐྱབས་པའི་ཉིན་མི་དྲན། 43ཁོང་གི་ཡ་མཚན་ཅན་གྱི་ལྟས་རྣམས་ནི། ཨི་ཇིབ་ཛོ་ཨན་ཐང་དུ་སྟོན་གནང་ངོ་། 44ཁོང་གི་གཙང་པོ་རྣམས་ནི་ཁྲག་ཏུ་འགྱུར། དེའི་ཕྱིར་ཨི་ཇིབ་པ་ཚོར་འཐུང་ཆུ་མེད། 45ཁོང་གིས་དེ་ཚོར་སྡུག་ངལ་སྤྲད་ཕྱིར་དེ་ཚོའི་ཁྲོད་སྦྲང་ཚོགས་དང་། དེ་ཚོའི་ཡུལ་ནི་ཡོངས་སུ་མེད་པར་བཟོས་པའི་ཕྱིར་སྦལ་པ་རྣམས་བཏང་ངོ།། 46ཁོང་གིས་དེ་ཚོའི་སྟོན་ཐོག་ནི་ཟ་བ་དང་ས་གཞི་མེད་པར་བཟོས་པའི་ཕྱིར། ཆ་གའི་འབུ་རྣམས་བཏང་གནང་ངོ་། 47ཁོང་གིས་དེ་ཚོའི་རྒུན་ཤིང་རྣམས་སེར་བས་དང་། སེ་ཡབ་ཤིང་རྣམས་འཁྱགས་ཟིལ་གྱིས་མེད་པར་མཛད། 48ཁོང་གིས་དེ་ཚོའི་ཕྱུགས་རྣམས་སེར་བ་དང་། དེ་ཚོའི་ར་ལུག་རྣམས་གློག་འཁྱུག་གིས་བསད་གནང་ངོ་། 49ཁོང་གིས་འཆི་བའི་ཕོ་ཉ་ཡོང་བ་ལྟར་རང་གི་ཁོང་ཁྲོ་དང་། ཁྲོ་བ་དྲག་པོ་ཕོས་ནས་དེ་ཚོ་ལ་དཀའ་ངལ་ཚབ་ཆེ་བཏང་གནང་ངོ། 50ཁོང་གི་ཐུགས་ཁྲོ་ཞི་བར་མ་མཛད་དོ། དེ་ཚོའི་སྲོག་ནི་འཆི་བ་ལས་མ་སྐྱབས། འོན་ཀྱང་དེ་ཚོ་ནད་ཡམས་བརྒྱུད་ནས་བསད། 51ཨི་ཇིབ་ནང་མི་ཡོངས་ཀྱི་སྔོན་སྐྱེས་ཀྱི། བུ་རྣམས་ཚང་མ་ཁོང་གིས་བསད་གནང་ངོ་། 52དེ་ནས་ལུག་རྗི་ཞིག་ལྟར་ཁོང་གིས་རང་གི་འབངས་ལ་ཕྱིར་དབུ་འཁྲིད་གནང། ཁོང་གིས་དེ་ཚོར་འབྲོག་སྟོང་དུ་སྣེ་འཁྲིད་གནང་བར་མཛད། 53ཁོང་གིས་དེ་ཚོར་བརྟན་པོར་འཁྲིད་ནས་མ་འཇིགས་སོ། འོན་ཀྱང་རྒྱ་མཚོས་དེ་ཚོའི་དགྲ་བོར་བཀབ། 54ཁོང་གིས་དེ་ཚོར་དམ་པའི་ས་གནས་བར། འཁྲིད་ནས་རང་ཉིད་བདག་པའི་རི་བོར་བཞག། 55ཁོང་གིས་རང་གི་མི་འབངས་མདུན་སྐྱོད་བྱེད་དུས་དེ་ཡི་ཡུལ་མི་ཚོར་དེད། ཁོང་གིས་དེ་ཚོའི་ས་གཞིང་ཨིསི་རཱཨེལ་སྡེ་རིགས་ཁྲོད་ལ་བགོས། དེ་ཚོའི་ཁང་ཁྱིམ་རང་གི་མི་འབངས་ལ་གནང་། 56འོན་ཀྱང་དེ་ཚོས་ཀུན་དབང་ལྡན་པའི་དཀོན་མཆོག་ལ། ངོ་ལོག་གྱིས་ནས་ཁོང་ལ་ཚོད་ལྟ་བྱས། ཁོང་གི་བཀའ་ཁྲིམས་རྣམས་མ་སྲུང་ངོ་། 57འོན་ཀྱང་དེ་ཚོ་རང་གི་ཕ་མེས་ལྟར། ངོ་ལོག་གྱིས་ནས་དམ་ཚིག་མ་སྲུང་ངོ་། བློས་འཁེལ་མེད་པའི་མདའ་ཀྱོག་ཀྱོག་ལྟར། 58དེ་ཚོའི་མཆོད་པའི་ས་གནས་མཐོ་པོས་ཁོང་ཁྲོར་བཅུག། དེ་ཚོའི་འདྲ་སྐུ་བརྒྱུད་ཁོང་ལ་ཕྲག་དོག་ལངས་བཅུག་གོ། 59དཀོན་མཆོག་ཁོང་གིས་དེ་གཟིགས་ཏེ་ཐུགས་ཁྲོས་ཏེ། དེའི་ཕྱིར་ཁོང་གིས་འབངས་རྣམས་སྤངས་གནང་ངོ་། 60ཁོང་གིས་ཤི་ལོ་རུ་ཡོད་པའི་རང་གི་གུར་དེ་ཡང་སྤངས་གནང་ངོ་། དེར་ཁོང་ང་ཚོ་མཉམ་དུ་གནས་ཀྱི་ཡོད་པ་ཡིན་ནོ། 61ཁོང་གིས་དམ་བཅའི་སྒྲོམ་དེ་དགྲ་བོར་བདག་ཏུ་བཅུག། དེ་ནི་ཉིད་ཀྱི་སྟོབས་དང་གཟི་བརྗིད་རྟགས། 62ཁོང་གིས་རང་གི་མི་འབངས་མཉམ་ཐུགས་ཁྲོས་ནས། དེ་ཚོར་དགྲ་བོའི་ལག་ཏུ་བསད་བཅུག་གོ། 63དེ་ཚོའི་གཞོན་ནུ་དམག་སར་འཆི་བ་དང་། དེ་ཚོའི་ན་ཆུང་བག་སྟོན་མེད་པ་དང་། 64དེ་ཚོའི་བླ་མ་རྣམས་དྲག་པོས་འཆི། དེ་ཚོའི་ཡུག་མོར་མྱ་ངན་བྱས་མ་འཇུག། 65མཐའ་མར་གཙོ་བོ་མནལ་ནས་བཞེངས་ལྟ་བུ། ཆང་གིས་བཟི་བའི་སྟོབས་ལྡན་མི་ལྟ་བུ། 66ཁོང་གིས་དགྲ་བོ་ཚོར་ཕྱིར་འདེད་མཛད། དེ་ཚོ་ངོ་ཚའི་ནང་ནས་ཕམ་འཇུག་གོ། 67འོན་ཀྱང་ཁོང་གིས་ཡོ་སེབ་རིགས་བརྒྱུད་སྤངས། ཨེཕ་ར་ཡིམ་གྱི་སྡེ་རིགས་ཡང་མ་འདམས་སོ། 68དེའི་ཚབ་ཡ་ཧུ་དཱའི་སྡེ་རིགས་དང་ཁོང་གིས་ཤིན་ཏུ་གཅེས་བའི་རི་བོ་ཛི་ཡོན་ལ་འདམས་གནང་ངོ་། 69དེ་རུ་ཁོང་གི་མཆོད་ཁང་བཞེངས་པ་དང་། དེ་ནི་ནམ་མཁའི་ཕོ་བྲང་ལྟ་བུ་ཡོད། ས་གཞི་དང་འདྲ་བརྟན་པོ་དང་དུས་རྒྱུན་གྱི་ཆེད་བཙན་པོར་འཇོག་གནང་ངོ་། 70-71ཁོང་གིས་རང་གི་ཞབས་ཕྱི་དཱ་བིད་ལ་འདམས་གནང་བ་དང། རང་གི་ལུག་ཁྱུའི་བལྟ་སྐྱོང་བྱེད་པའི་རྩྭ་ཁའི་ནང་ནས་འཁྲིད་གནང་ངོ་། ཁོང་གིས་ཁོ་ལ་ཨིསི་རཱཨེལ་རྒྱལ་པོར་བསྐོས། དཀོན་མཆོག་མི་འབངས་ཚོ་ཡི་ལུག་རྫི་བཟོས། 72དེའི་ཁོང་གིས་སྙིང་ནས་དེ་ཚོ་ལ། དྲང་བདེན་རྩལ་ལྡན་ལྟ་བུར་དེ་ཚོར་འཁྲིད༎

གསུང་མགུར 79

མི་རིགས་ཀྱི་ཐར་པའི་ཆེད་དུ་སྨོན་ལམ།

1ཀྱེ་དཀོན་མཆོག་ཁྱེད་ཀྱི་ཡུལ་ནང་ཕྱི་པ་འཛུལ། ཁྱེད་ཀྱི་མཆོད་ཁང་དམ་པར་གྲིབ་ཅན་བཟོས། དེ་ཚོས་ཡེ་རུ་ཤ་ལེམ་རྩ་མེད་བཟོས། 2དེ་ཚོས་ཁྱེད་ཀྱིས་མི་མང་ཚོ་ཡི་རོ་རྣམས་ནི་བྱ་རྒོད་ཚོར་ཟ་བའི་ཕྱིར་དུ་སྤྲད། ཁྱེད་ཀྱི་ཞབས་ཕྱི་ཚོའི་རོ་རྣམས་ནི་གཅན་གཟན་ཚོར་སྤྲད། 3དེ་ཚོའི་ཁྱེད་ཀྱི་མི་མང་ཚོ་ཡི་ཁྲག་ནི་ཆུ་དང་འདྲ་བ་བོར། ཡེ་རུ་ཤ་ལེམ་ཡོངས་སུ་ཆུ་དང་འདྲ་བ་ཁྲག་རྒྱུག་གོ། འཆི་མཁན་ཚོ་ལ་ནི་སྦས་མཁན་སུ་ཡང་མེད། 4ཁྱིམ་མཚེས་མི་རིགས་དེ་ཚོས་ང་ཚོར་དམའ་འབེབས་བཏང་བ་དང་། དེ་ཚོས་འཕྱ་ཞིང་ང་ཚོར་ཁྲེལ་གད་བྱས། 5གཙོ་བོ་དཀོན་མཆོག་ཁྱེད་ནི་ནམ་བར་ཐུགས་ཁྲོའམ། གཏན་དུ་ཐུགས་ཁྲོ་མེ་ལྟར་འབར་འོང་ངམ། 6ཁྱེད་ལ་མི་མཆོད་མཁན་གྱི་མི་རིགས་དང། ཁྱེད་ལ་སྨོན་ལམ་མི་འདེབས་མཁན་ཚོའི་སྟེང་། ཁྱེད་ཀྱི་ཐུགས་ཁྲོ་དེ་ནི་བླུགས་པར་མཛོད། 7གང་ལགས་ཟེར་ན་དེ་ཚོས་ཁྱེད་ཀྱི་མི་མང་བསད་པ་དང་། ཁྱེད་ཀྱི་ཡུལ་དེ་གྱང་གོག་ལྟ་བུར་བཟོས། 8ང་ཚོའི་ཕ་མེས་ཚོ་ཡི་ཉེས་སྡིག་གིས། ཆད་པ་ང་ཚོའི་སྟེང་དུ་མ་གནང་ཞིག། ཁྱེད་ཀྱི་སྙིང་རྗེ་ད་ལྟ་ང་ཚོར་སྟོན་རོགས་གནང་། ང་ཚོས་རེ་བ་ཚང་མ་འཐོར་ནས་ཡོད། 9ཀྱེ་དཀོན་མཆོག་ང་ཚོར་སྐྱབས་གྲོགས་གནང་རོགས་གནང། ཁྱེད་ཀྱི་མཚན་གྱི་གཟི་བརྗིད་ཀྱི་ཕྱིར་དུ། ང་ཚོའི་སྡིག་པར་སྐྱབས་ནས་བཟོད་སྲན་མཛོད། 10མི་རིགས་ཚོས་དེ་ལྟར་ཅི་ལ་བྲིས། ཁྱོད་ཚོའི་དཀོན་མཆོག་གང་དུ་བཞུགས་ཡོད་དམ། ཁྱེད་ཀྱི་ཞབས་ཕྱིའི་ཁྲག་དེ་སྟོར་མཁན་གྱི། མི་རིགས་དེ་ཚོར་ཉེས་ཆད་གཏོང་བ་དེ་ང་ཚོར་མཐོང་དུ་བཅུག། 11བཙོན་པ་རྣམས་ཀྱི་འཁུན་སྐད་ཁྱེད་ཀྱིས་གསན་རོགས་གནང། སྲོག་ཐོག་ཉེས་ཆད་ཕོག་པ་ཚོར་ཁྱེད་ཀྱི་མཐུ་ཡིས་སྐྱོབ། 12གཙོ་བོ་ཁྱེད་ལ་སྨད་མཁན་མི་རིགས་གཞན་ཚོ་ལ། སྨད་པའི་ཆད་པ་བདུན་ལྡབ་གནང་བར་མཛོད། 13དེ་ནས་ང་ཚོ་ཁྱེད་ཀྱི་མི་འབངས་དང་ཁྱེད་ཀྱི་ཁྱུ་ཡི་ལུག་རྣམས་ཀྱིས། ཁྱེད་ལ་གཏན་གྱི་ཆེད་དུ་གཏང་རག་འབུལ། དུས་རྒྱུན་གྱི་ཆེད་དུ་ཁྱེད་ལ་བསྟོད་པ་ཕུལ་རྒྱུ་ཡིན༎

གསུང་མགུར 80

ཡུལ་གྱི་ཉམས་གསོའི་ཆེད་དུ་སྨོན་ལམ།

1ཀྱེ་ཨིསི་རཱཨེལ་གྱི་རྫི་བོ་ང་ཚོར་སྙན་གསོན་ཞིག། ཡོ་སེབ་ལ་ནི་ལུག་ཚོགས་འགོ་འཁྲིད་བཞིན། ཀེ་རུབ་རྣམས་ཀྱི་སྟེང་ཁྱེད་ནི་ཁྲིར་བཀོད་གནང་ཤིང་འོད་ཟེར་འཕྲོ། 2ཨེཕ་ར་ཡིམ་མ་ན་ཤེས་དང་བེན་ཡ་མིན། སྡེ་རིགས་རྣམས་ལ་ཁྱེད་རང་ཉིད་སྔོན་པར་མཛད་དུ་སོལ། རང་གི་མཐུ་སྟོབས་ང་ཚོར་སྟོན་པར་མཛོད། ང་ཚོ་ལ་སྐྱབས་ཕྱིར་ཕེབས་པར་མཛོད། 3ང་ཚོར་ཕྱིར་ལོག་འཁྲིད་ཅིག་ཀྱེ་དཀོན་མཆོག། ཁྱེད་ཀྱི་ཞལ་འོད་འཕྲོད་བས་ང་ཚོ་ཐར། 4གཙོ་བོ་དཀོན་མཆོག་ཀུན་དབང་ལྡན་པའི་དཀོན་མཆོག། རང་གི་མི་འབངས་ཀྱི་སྨོན་ལ་གྱི་ཕྱིར་དུ། ཁྱེད་ནི་ནམ་ཞིག་བར་དུ་ཐུགས་ཁྲོའམ། 5ཁྱེད་ཀྱིས་ང་ཚོར་ཟ་ཕྱིར་སྡུག་བསྔལ་གནང། འཐུང་ཕྱིར་ཕོར་པ་ཆེན་པོ་གང་མིག་ཆུ་གནང་། 6ཁྱེད་ཀྱིས་ང་ཚོའི་རང་གི་ཁྱིམ་མཚེའི་ཕྱིར། འཁྲུགས་རྩོད་གྱི་ནི་རྐྱེན་ཞིག་བཟོས་གནང་ངོ་། ང་ཚོའི་དགྲ་བོས་ང་ཚོར་དམའ་འབེབས་བཏང། 7མཐུ་སྟོབས་དཀོན་མཆོག་ང་ཚོར་ཕྱིར་འཁྲིད་མཛོད། ཁྱེད་ཀྱི་ཞལ་ངོའི་འོད་ཀྱིས་ང་ཚོ་ཐར། 8ཨི་ཇིབ་ཡུལ་ནས་ཁྱེད་ཀྱིས་རྒུན་ཤིང་བསྣམས། ཁྱེད་ཀྱིས་མི་རིགས་གཞན་ཚོར་དེད་གནང་ནས། དེ་ཚོའི་ཡུལ་དུ་ཁྱེད་ཀྱིས་དེ་ལ་བཙུགས། 9ཁྱེད་ཀྱིས་དེ་ནི་སྐྱེས་ཕྱིར་ས་གནས་གཙང་མ་བཟོས། རྩ་བ་གཏིང་རིང་ཁྱབ་ནས་ཡུལ་གང་ངོ་། 10དེ་ཡིས་གྲིབ་ནག་རི་རྣམས་བཀབ་པ་དང་། དེ་ཡི་ཡལ་གས་འགྱམ་ཤིང་ཆེན་པོ་རྣམས་ལ་གྲིབ་མས་གྲིབ་བོ། 11དེ་ཡི་རང་གི་ཡལ་ག་མེ་དི་ཀྲི་རི་ཡན་དང་། ཐག་རིང་ཡུབ་རེད་གཙང་པོ་བར་དུ་བརྐྱངས། 12དེ་ཡི་རྩིག་པ་ཁྱེད་ཀྱིས་ཅིའི་ཕྱིར་སྟོར། ད་དེ་བསྒྱུད་འགྲོ་མིས་དེ་ཡི་རྒུན་འབྲུམ་རྣམས་སྒྲུག་ཐུབ་བོ། 13ནགས་ཀྱི་ཕག་པས་དེ་ལ་རྡོག་བརྫིས་གཏོང། ནགས་ཀྱི་གཅན་གཟན་ཚོ་ཡིས་དེ་ཟའོ། 14ཀྱེ་མཐུ་སྟོབས་ཅན་གྱི་དཀོན་མཆོག་ཕྱིར་ལོག་ཕེབས་རོགས་གནང། མཐོ་རིས་གནས་ནས་མར་ལ་གཟིགས་རོགས་གནང་། རྒྱུན་ཤིང་འདི་ལ་ལྟ་རྟོག་གནང་རོགས་གནང་། 15ཕྱག་ནི་གཡས་པའི་བཏབ་པས་རྩ་བ་དེ་ལ། ཁྱེད་ཀྱི་ཕྱིར་དུ་སྟོབས་ཆེན་བཟོས་གནང་ངོ་། 16ང་ཚོའི་དགྲ་བོས་དེ་མེས་སྲེག་ནས་བཅད་ཡོད་དོ། ཁྱེད་ཀྱིས་ཁྲོ་བས་དེ་ཚོར་གཟིགས་ནས་མེད་པར་བཟོས་པར་གནང། 17ཁྱེད་ཀྱིས་འདམས་ནས་སྟོབས་ཆེན་བཟོས་པའི་མི་རིགས་དེ་ལ་ནི། ཁྱེད་ཀྱིས་ཅ་ག་དང་སྲུང་སྐྱོབས་གནང་བར་མཛོད། 18སླར་ཡང་ང་ཚོ་ཁྱེད་ནས་ཕྱིར་མི་ལོག། ང་ཚོ་ལ་ནི་གསོན་པོར་མཛོག་རོགས་གནང་། ང་ཚོས་ཁྱེད་ལ་བསྟོད་པ་འབུལ་རྒྱུ་ཡིན། 19གཙོ་བོ་དཀོན་མཆོག་ཀུན་དབང་ལྡན་པའི་དཀོན་མཆོག་ང་ཚོ་ཕྱིར་འཁྲིད་མཛོད། ང་ཚོར་ཁྱེད་ཀྱི་སྙིང་རྗེ་སྟོན་རོགས་གནང་དང་ང་ཚོ་ཐར་བར་འགྱུར༎

གསུང་མགུར 81

དུས་སྟོན་གྱི་ཆེད་དུ་མགུར་མ།

1ང་ཚོའི་བསྲུང་སྐྱོབས་བྱེད་མཁན་དཀོན་མཆོག་ལ་དགའ་པོའི་ངང་སྐད་ཤུགས་ཆེན་པོ་བརྒྱབ་ཅིག། ཡ་ཀོབ་དཀོན་མཆོག་ཁོང་ལ་བསྟོད་དབྱངས་འཕུལ་ཤིག། 2མགུར་མ་ལེན་འགོ་ཚུགས་ནས་ལག་རྔ་རྣམས་བརྡུང་ཤིག། པི་ཝང་དང་སྒྲ་སྙན་མཉམ་དུ་རོལ་མོ་སྙན་པོ་གཏོང་། 3བཅོ་ལྔའི་ཚེས་དང་གནམ་གང་ཟླ་ཚེས་ཀྱི་དུས་ཆེན་སྐབས་སུ་དུང་འབུད་ཅིག། 4འདི་ནི་ཨིསི་རཱཨེལ་གྱི་བཀའ་ཁྲིམས་ཡིན། ཡ་ཀོབ་དཀོན་མཆོག་ཁོང་གི་བཀའ་ཡིན་ནོ། 5ཨི་ཇིབ་ཡུལ་དུ་འཐབ་པར་སོང་བའི་དུས། ཁོང་གིས་ཨིསི་རཱཨེལ་པ་ཚོར་བཀའ་འདི་གནང་། ང་ཡི་མི་ཤེས་པ་ཡི་སྐད་ཅིག་ཐོས། 6ཁྱོད་ཚོའི་གཉའ་བའི་འཁུར་པོ་ངས་ཕབ་ཅིང་། ས་ཕག་འཁུར་པོ་ཕབ་ནས་ཁྱེད་ཐར་བཅུག། 7ཁྱོད་ཀྱིས་དཀའ་ངལ་ཕྱིར་འབོད་ངས་ཁྱོད་སྐྱབས། ང་ཡི་ཡིབ་པའི་གནས་རླུང་ཚུབ་ནང་ནས་ངས་ཁྱོད་ལན་འདེབས་བྱས། མ་རི་བ་ཡི་ཆུ་ཡི་ཉེ་འགྲམ་དུ། ང་ཡིས་ཁྱོད་ལ་ཚོད་ལྟ་བྱེད་པ་ཡིན། 8ང་ཡི་མི་མང་ང་ཡི་ཟོན་བརྡར་ཉོན། ཨིསི་རཱཨེལ་ཁྱོད་ཚོས་ང་ལ་ཉན་པའི་ང་ཡིས་འདོད་པ་བྱེད་ཀྱི་ཡོད། 9ཁྱོད་ཚོས་ལྷ་སྐུ་གཞན་ལ་ནམ་ཡང་མཆོད་མི་རུང་། 10ང་ནི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཡིན། ཁྱོད་ཚོར་ཨི་ཇིབ་ཡུལ་ནས་འཁྲིད་ཡོང་མཁན། ཁྱོད་ཚོའི་ཁ་གདངས་ཤིག། ང་ཡིས་ཟས་སྦྱིན་པར་འགྱུར། 11འོན་ཀྱང་ང་ཡི་འབངས་ཀྱིས་ངར་མི་ཉན། ཨིསི་རཱཨེལ་པ་ཚོས་ངའི་བཀའ་ལ་བརྩིས་སྲུང་མི་བྱས་སོ། 12དེར་བརྟེན་ངས་དེ་ཚོར་རང་གི་གྱོང་པའི་བྱེད་ཚུལ་བཞིན་དུ་འགྲུལ་བའི་ཕྱིར། དེ་ཚོས་རང་འདོད་བཞིན་དུ་བྱེད་དུ་བཅུག། 13གལ་ཏེ་ང་ཡི་འབངས་ཀྱིས་ང་ལ་ཉན་པ་དང། ཨིསི་རཱཨེལ་ང་ཡི་ལམ་དུ་འགྲུལ་ཡོད་ན། 14ང་ཡིས་དེ་ཚོའི་དགྲ་རྣམས་གྱོགས་པོར་འཕམ་ཤིང། དེ་ཚོའི་ཐོག་ཏུ་ལག་པ་བརྐྱངས་པ་ཡོད། 15ང་ལ་སྡང་མཁན་རྣམས་ང་ཡི་མདུན་དུ་འཇིགས་ཤིང་དགུར། དེ་ཚོའི་ཉེས་ཆད་དུས་རྒྱུན་དུ་གནས། 16འོན་ཀྱང་ཁྱོད་ཚོ་ལ་ནི་གྲོ་ལེགས་ཤོས་ཟས་སུ་གནང་། རི་ཡི་སྦྲང་རྩིས་ཁྱོད་ལ་ཚིམ་བཅུག་གོ།

གསུང་མགུར 82

དཀོན་མཆོག་སྲིད་སྐྱོང་པ་གཙོ་བོ།

1དཀོན་མཆོག་མཐོ་རིས་ཀྱི་ཚོགས་འདུའི་ཁྲོད་དུ་བཞུགས། ལྷ་ཚོའི་ཁྲོད་དུ་ཁོང་གིས་ཐག་གཅོད་མཛད། 2ནམ་བར་ཁྱོད་ཚོས་ཁྲིམས་གཅོད་ལོག་པར་བྱས། སྡིག་སྤྱོད་རྣམས་ཀྱི་ཕྱོགས་གཏོགས་བྱེད་བསྡད་དམ། 3དབུལ་པོ་དང་ནི་དྭ་ཕྲུག་རྣམས་ཀྱི་ཐོབ་ཏང་སྲུང་སྐྱོབ་མཛོད། དགོས་མཁོ་ཅན་དང་ནི་ཐབས་ཟད་རྣམས་ལ་ཁྲིམས་དྲང་མཛོད། 4ངན་པའི་དབང་ནས་དེ་ཚོར་སྐྱོབ་ཏུ་གསོལ། 5ཁྱོད་ཚོས་ཅི་ཡང་མི་ཤེས་ཧ་མི་གོ། ཁྱོད་ཚོ་ཡོངས་སུ་ལྷད་ཅན་ཆགས་ཡོད། ས་གཞི་ནང་དུ་དྲང་བདེན་ཁྲིམས་གཅོད་རླག། 6ཁྱོད་ཚོ་རྣམས་ནི་ལྷ་རྣམས་ཡིན་པ་དང་། བླ་མེད་སྲས་རྣམས་ཡིན་ཟེར་ངས་སྨྲས་སོ། 7འོན་ཀྱང་ཁྱོད་ཚོ་མི་ལྟར་འཆི་བ་དང་། སྲས་རྣམས་འཆི་བ་ལྟ་བུ་ཁྱོད་རྣམས་འཆི། 8ཀྱེ་དཀོན་མཆོག་ཁྱེད་ནི་ཕེབས་གྱུར་ནས། ས་གཞིའི་སྟེང་དུ་རྒྱལ་སྲིད་སྐྱོང་བར་མཛོད། མི་རིགས་ཐམས་ཅད་ཁྱེད་ཀྱིས་དབང་དུ་བསྡུད༎

གསུང་མགུར 83

ཨིསི་རཱཨེལ་གྱི་དགྲ་བོ་ཕམ་ཕྱིར་སྨོན་ལམ།

1ཞལ་ནི་འཚུམ་ནི་མ་བཞུགས་ཀྱེ་དཀོན་མཆོག། ཁུ་སིམ་མེར་མ་བཞུགས་ཅིག་ཁ་རོག་མ་བཞུགས་ཅིག། 2གཟིགས་རོགས་གནང། ཁྱེད་ཀྱི་དགྲ་བོ་ཚོས་ངོ་ལོག་བྱེད་བཞིན་འདུག། ཁྱེད་ལ་སྡང་མཁན་ཚོས་ངོ་ལོག་བྱེད་བཞིན་འདུག། 3དེ་ཚོས་ཁྱེད་ཀྱི་མི་མང་ཐོག་ཏུ། རྒོལ་ཞིང་གསང་བའི་གྲོས་བྱེད་ཅིང་། ཁྱེད་ཀྱི་སྐྱབས་ནས་ཡོད་པའི་མི་རྣམས་ཀྱིས་ཕྱིར་དུ་བྱུས་ངན་བཙམས་བཞིན་འདུག། 4དེ་ཚོས་ཤོག་ཅིག། ང་ཚོས་དེ་ཚོའི་མི་རིགས་མེད་པར་བཟོས། ཕྱིན་ཆད་ཨིསི་རཱཨེལ་གྱི་མིང་ཙམ་ཡང་མི་དྲན་པར་འགྱུར་ཞེས་ཟེར། 5དེ་ཚོས་བསམ་ཚུལ་གཅིག་ཏུ་གྲོས་བྱེད་ཅིང་། ཁྱེད་ལ་རྒོལ་ཕྱིར་དེ་ཚོས་མཐུན་ཕྱོགས་བཟོས་ཡོད་དོ། 6ཨེ་དོམ་པ་དང་ཨིསི་མེལ་པ་རྣམས་དང་། མོ་ཨབ་ཀྱི་མི་རྣམས་དང་ཧག་རི་པ་རྣམས་དང། 7གེ་འབལ་དང་ནི་ཨམ་མོན་དང་ནི། ཨ་མ་ལེག་དང་ནི་ཕེ་ལེ་ཤེད་རྣམས་དང། ཊ་ཡར་གྱི་མི་རྣམས་བཅས་པ་མཐུན་ཕྱོགས་བྱེད་ཡོད། 8ལུད་ཀྱི་རིགས་བརྒྱུད་ཨམ་མོན་པ་དང་མོ་ཨབ་པ་རྣམས་མཉམ་དུ་། ཨ་སུར་ཡང་སྟོབས་ཆེན་མཛའ་གྲོགས་ཞིག་ཏུ་གཅིག་སྒྲིལ་བྱས་སོང། 9ཁྱེད་ཀྱིས་ཀི་ཤོན་གཙང་པོའི་འགྲམ་དུ་མིད་ཡན་པ་དང་། སི་སེ་ར་དང་ཡ་བིན་རྣམས་ལ་གནང་བ་ལྟར་དེ་ཚོ་ལ་ཡང་གནང་བར་མཛོད། 10ཁྱེད་ཀྱིས་དེ་ཚོ་ཨེན་དོར་རུ་མེད་པར་སོང་། དེ་ཚོའི་གཟུགས་ནི་སའི་སྟེང་རུལ་བར་སོང། 11དེ་ཚོའི་འགོ་བྱེད་ཡིན་པའི་མི་རྣམས་ལ། ཨོ་རེབ་དང་ནི་ཟིབ་ལྟར་གནང་བར་མཛོད། ཛེ་བཱ་དང་ཛལ་མུན་ན་གནང་བ་ལྟར། དེ་ཚོའི་སྲིད་སྐྱོངས་པ་ཀུན་ནི་ཕམ་པར་མཛོད། 12དེ་ཚོས་གཙོ་བོ་དཀོན་མཆོག་གི་ས་ཞིང། ང་ཚོས་བདག་དབང་བྱ་ཞེས་སྨྲས་ཡོད། 13ཀྱེ་དཀོན་མཆོག་དེ་ཚོ་ལ། རླུང་གི་འཁྱེར་བའི་སོག་མ་ལྟར་དང་ཐལ་བ་གཏོར་བ་ལྟ་བུར་མཛོད། 14ནགས་གསེབ་འཚིག་པའི་མེ་ལྟ་བུ་དང་། རི་རྣམས་སྲེག་པའི་མེ་ལྕེེ་ལྟ་བུར། 15ཁྱེད་ཀྱི་རླུང་ཚུབ་ཀྱིས་དེ་ཚོ་དེད། རླུང་དྲག་པོས་དེ་ཚོར་འཇིགས་སུ་བཅུག། 16ཀྱེ་གཙོ་བོ་དཀོན་མཆོག་དེ་ཚོའི་ངོ་ནི་ངོ་ཚའི་གང་བར་གནང་། དེ་ཚོས་ཁྱེད་ཀྱི་མཐུ་སྟོབས་ཁས་ལེན་པར་བཟོས་རོགས་གནང། 17དེ་ཚོ་དུས་རྒྱུན་གྱི་ཆེད་དུ་ཕམ་པ་དང་འཇིགས་པར་ཤོག། དེ་ཚོ་ཆ་ཚང་དམའ་འབེབས་ངང་འཆི་བར་ཤོག། 18དེ་ཚོས་ཁྱེད་གཅིག་པོ་གཙོ་བོ་དཀོན་མཆོག་ཡིན་པ་དང་། ས་གཞི་ཡོངས་སུ་ཐོག་སྲིད་སྐྱོང་པ་གཙོ་བོ་ཡིན་པ་ཤེས་པར་ཤོག།

གསུང་མགུར 84

དཀོན་མཆོག་གི་ཕོ་བྲང་གི་ཆེད་དུ་འདོད་པ།

1ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག། ཁྱེད་ཀྱི་བཞུགས་གནས་ང་ཇི་ལྟར་བརྩེས། 2ང་དེར་བསྡད་འདོད་ཡོད། ང་གཙོ་བོ་དཀོན་མཆོག་གི་ཕོ་བྲང་ནང་དུ་བསྡད་འདོད་ཆེན་པོ་ཡོད། གསོན་པོའི་དཀོན་མཆོག་ཁོང་ལ་ང་ཡི་ལུས་ངག་གཉིས་ནས་མགུར་མ་ལེན། 3ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ངའི་རྒྱལ་པོ་ངའི་དཀོན་མཆོག། བྱིའུ་མཆིལ་པ་རྣམས་ཀྱི་ཀྱང་ཚང་བཟོས་ཡོད་དོ། ཁུག་རྟ་རང་ཉིད་ཀྱི་ཁང་པ་ཡོད་དོ། དེ་ཚོས་རང་གི་ཕྲུ་གུ་རྣམས་ཁྱེད་ཀྱི་མཆོད་ཁྲི་ཉེ་འགྲམ་དུ་འཇོག་གོ། 4ཁྱེད་ཀྱི་ཕོ་བྲང་ནང་གནས་མཁན་ཚོ་ཇི་ལྟར་དགའ། དེ་ཚོས་ཏག་ཏུ་ཁྱེད་ལ་བསྟོད་ཅིང་བསྡད། 5ཁྱེད་ནས་སྟོབས་ཐོབ་མཁན་ཚོ་དང་། རི་བོ་ཛི་ཡོན་གནས་སྐོར་འགྲོ་འདོད་མཁན་ཚོ་ནི་ཇི་ལྟར་དགའ། 6དེ་ཚོ་བྷ་ཀའི་ལུང་གཤོང་སྐམ་པོར་འགྲོ་བའི་སྐབས། དེ་ནི་ཆུ་མིག་ཡོད་སའི་གནས་སུ་འགྱུར། སྟོན་ཀའི་ཆར་གྱིས་དེ་ལ་རྫིང་བུར་བཟོས། 7དེ་ཚོ་འགྲོ་བཞིན་པའི་སྐབས་སུ་སྟོབས་ཆེ་རུ་ཕྱིན་པ་དང། དེ་ཚོས་རི་བི་ཛི་ཡོན་གྱི་སྟེང་དུ་ལྷ་རྣམས་ཀྱི་དཀོན་མཆོག་མཐོང་བར་འགྱུར། 8ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ང་ཡི་སྨོན་ལམ་གསན་རོགས་གནང། ཀྱེ་ཡ་ཀོབ་ཀྱི་དཀོན་མཆོག་གསན་པར་མཛོད། 9ཁྱེད་ཀྱིས་འདམས་པའི་ང་ཚོའི་རྒྱལ་པོ་ལ། དཀོན་མཆོག་ཁྱེད་ཀྱིས་བྱིན་རླབས་གནང་རོགས་གནང། 10ཁྱེད་ཀྱི་མཆོད་ཁང་ནང་ལ་ཉིན་གཅིག་དེ། གཞན་གང་དུའང་ཉི་མ་སྟོང་ལས་ལྷག་པ་ཡོད། སྡིག་སྤྱོད་རྣམས་ཀྱི་ཁྱིམ་དུ་བསྡད་པ་ལས། དཀོན་མཆོག་ཁོང་གི་བཞུགས་གནས་ཀྱི། རྒྱལ་སྒོར་ལངས་བསྡད་རྒྱུར་ང་འདོད་དོ། 11གཙོ་བོ་དཀོན་མཆོག་སྲུང་སྐྱོབས་དང་གཟི་བརྗིད་ལྡན་པའི་རྒྱལ་པོ་ཡིན། ཁོང་གིས་ང་ཚོར་སྐུ་དྲིན་དང་གུས་ཞབས་ཀྱི་སྦྱིན་རླབས་གནང་། དྲང་བདེན་ནང་དུ་འགྲུལ་མི་དེ་ཚོ་ལ། ཁོང་གིས་བཟང་པོ་གང་ཞིག་བཀག་མི་གནང། 12ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ཁྱེད་ལ་ནི། བློ་བཅོལ་བྱ་མཁན་མི་དེ་ཇི་ལྟར་དགའོ༎

གསུང་མགུར 85

མི་རིགས་ཀྱི་བདེ་དོན་གྱི་ཆེད་དུ་སྨོན་ལམ།

1གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ཡུལ་ཐོག་སྙིང་རྗེས་གཟིགས། ཨིསི་རཱཨེལ་ལ་ནི་སླར་ཡང་ཕྱུག་པོ་བཟོས། 2ཁྱེད་ཀྱིས་མི་འབངས་ཀྱི་སྡིག་པ་རྣམས་སེལ་བར་མཛད། དེ་ཚོའི་ནོར་འཁྲུལ་ཡོངས་རྫོགས་བཟོད་གསོལ་གནང། 3ཁྱེད་ཀྱིས་ཁོ་ཚོ་མཉམ་དུ་ཐུགས་ཁྲོས་རྒྱུར་སྤངས་གནང་བ་དང་། ཁྱེད་ནི་འབར་བའི་ཐུགས་ཁྲོ་ལས་ནི་ཕྱིར་ལོག་གནང་། 4ཀྱེ་དཀོན་མཆོག་ང་ཚོའི་སྐྱབས་མགོན་ང་ཚོར་ཕྱིར་འཁྲིད་མཛོད། ང་ཚོ་མཉམ་དུ་མི་དགའ་བ་མ་གནང་ཞིག། 5ཁྱེད་ནི་ང་ཚོར་རྒྱུན་དུ་ཐུགས་ཁྲོས་སམ། ཁྱེད་ཀྱི་ཐུགས་ཁྲོ་ནམ་ཡང་མི་ཆད་དམ། 6ང་ཚོ་སྐྱར་དུ་སྟོབས་ཆེན་བཟོས་རོགས་གནང་དང་། ང་ཚོ་ཁྱེད་ཀྱི་མི་མང་ཁྱེད་ལ་བསྟོད་པར་འགྱུར། 7གཙོ་བོ་དཀོན་མཆོག་ང་ཚོར་རྒྱུན་ལྡན་ཐུགས་བརྩེ་སྟོན་མཛོད། ང་ཚོར་ཐར་ལམ་དགོངས་བཞེས་གནང་བར་མཛོད། 8གཙོ་བོ་དཀོན་མཆོག་ཁོང་གིས་ཇི་གསུངས་ང་ཡིས་ཉན། ང་ཚོ་གླེན་པའི་ལམ་དུ་ཕྱིར་མ་ལོག་ན། ཁོང་གི་རང་གི་མི་མང་ཚོ་ལ་ཞི་བདེའི་དམ་བཅའ་འཇོག་གནང་ངོ་། 9ཁོང་ལ་བཀུར་སྟི་བྱེད་མི་དེ་ཚོ་ལ། སྐྱབས་ཕྱིར་བདེན་པར་གྲ་སྒྲིགས་བཞུགས་ཡོད་དོ། ང་ཚོར་སྐྱབས་ཕྱིར་ཡུལ་དུ་ཁོང་བཞུགས་པར་འགྱུར། 10བརྩེ་བ་དང་ནི་དམ་ཚིག་ཅན་མཉམ་མཐུན་པར་འགྱུར། དྲང་བདེན་དང་ནི་ཞི་བདེ་གཅིག་ཏུ་མཐུན་པར་འགྱུར། 11མི་ཡི་དམ་ཚིག་ཅན་ས་གཞི་ནས་ཡར་ཐོན། དཀོན་མཆོག་ཁོང་གི་དྲང་བདེན་མཐོ་རིས་ནས་མར་ལ་གཟིགས། 12གཙོ་བོ་དཀོན་མཆོག་གི་ང་ཚོར་འཕེལ་རྒྱལ་གནང་བ་དང་། ང་ཚོའི་ས་གཞིའི་སྟོན་ཐོག་མང་པོ་སྐྱེས། 13དྲང་བ་ཉིད་ནི་ཁོང་གི་སྔོན་དུ་འགྲོ། དེ་ཡིས་ཁོང་གི་ཕེབས་ལམ་གྲ་སྒྲིགས་བྱས༎

གསུང་མགུར 86

རོགས་རམ་གྱི་ཕྱིར་དུ་སྨོན་ལམ།

1གཙོ་བོ་དཀོན་མཆོག་ང་ཡི་ཞུ་བར་གསན་ནས་ལན་གནང་རོགས་གནང། ང་ནི་མགོན་སྐྱབས་མེད་པའི་དབུལ་པོ་ཡིན། 2འཆི་བ་ལས་ང་ལ་སྐྱོབ་ཏུ་གསོལ། གང་ལགས་ཟེར་ན་ང་ནི་ཁྱེད་ཕྱོགས་དམ་ཚིག་ཅན་ཡོད། ང་ལ་སྐྱབས་རོགས་གནང་གང་ལ་ཟེར་ན་ང་ནི་ཁྱེད་ཀྱི་ཞབས་ཕྱི་ཡིན་པས་ཁྱེད་ལ་བློ་བཅོལ་ལོ། 3ཁྱེད་ནི་ང་ཡི་དཀོན་མཆོག་ཡིན། དེའི་ཕྱིར་ང་ལ་སྙིང་རྗེ་གནང་དུ་གསོལ། ང་ནི་ཉིན་གང་ཁྱེད་ལ་སྨོན་ལམ་བཏབ། 4རང་གི་ཞབས་ཕྱི་དགའ་བཅུག་ཀྱེ་གཙོ་བོ། གང་ལགས་ཟེར་ན་ངའི་སྨོན་ཁྱེད་ཕྱོགས་ཡོད། 5ཁྱེད་ནི་བཟང་ཞིང་སྡིག་སེལ་གནང་མཁན་ཡིན། ཁྱེད་ལ་སྨོན་ལམ་འདེབས་མཁན་དེ་ཚོའི་ཐོག། ཁྱེད་ནི་རྒྱུན་ལྡན་ཐུགས་བརྩེ་ལགས་སོ། 6གཙོ་བོ་དཀོན་མཆོག་ང་ཡི་སྨོན་ལམ་གསན་མཛོད། རོགས་རམ་ཕྱིར་ང་ཡི་ཞུ་བར་གསན་པར་མཛོད། 7ང་ལ་དཀའ་ངལ་དུས་སུ་ཁྱེད་ལ་འབོད་གང་ལགས་ཟེར་ན། ཁྱེད་ཀྱི་ནི་ང་ཡི་སྨོན་ལམ་དེ་ལ་ལན་འདེབས་གནང་། 8ཀྱེ་གཙོ་བོ་ཁྱེད་དང་འདྲ་བའི་དཀོན་མཆོག་སུ་ཡང་མེད། ཁྱེད་ཀྱི་མཛད་པ་དེ་འདྲ་སུས་ཡང་བྱེད་མེད། 9ཁྱེད་ཀྱིས་བཀོད་པས་མི་རིགས་ཡོངས་རྫོགས་ཀྱིས། ཁྱེད་དྲུང་ཡོང་ནས་ཕྱག་འཚལ་བར་འགྱུར། དེ་ཚོས་ཁྱེད་ཀྱི་མཚན་ལ་བསྟོད་པར་འགྱུར། 10ཁྱེད་ནི་ཆེ་ཞིང་ཡ་མཚན་མཛད་པ་གནང་། ཁྱེད་རང་གཅིག་པུ་དཀོན་མཆོག་ཡིན། 11ང་ཡིས་གང་བྱེད་དགོས་པ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ལབ་རོགས་གནང། ཁྱེད་ལ་ང་ནི་དམ་ཚིག་གཙང་མའི་ཐོག་ཉན་རྒྱུ་ཡིན། ང་ནི་ཁྱེད་ལ་མོས་གུས་བྱ་བའི་ཕྱིར། ཁྱེད་ཀྱི་ང་ལ་སློབས་སྟོན་གནང་བར་མཛོད། 12ཀྱེ་གཙོ་བོ་ང་ཡི་དཀོན་མཚོག་ལགས། ངའི་སེམས་ཡོངས་ནས་ཁྱེད་ལ་བསྟོད་བསྔགས་ཤིང་། ཁྱེད་ཀྱི་རླབས་ཆེན་རྒྱུན་དུ་གསལ་བགྲགས་བྱ་རྒྱུ་ཡིན། 13ངའི་སྟེང་ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་ཧ་ཅང་ཆེ། དུར་ནས་ཁྱེད་ཀྱི་ང་ལ་སྐྱབས་གནང་ངོ་། 14ཀྱེ་དཀོན་མཆོག་ང་རྒྱལ་ཅན་རྣམས་ངའི་སྟེང་ལངས་ཡོད་དོ། སྡུག་ཙུབ་ཅན་མི་ཚོགས་ཀྱིས་ངའི་སྲོག་འཚོལ་བཞིན་ཡོད། དེ་ཚོས་ཁྱོད་ལ་དོ་སྣང་མི་བྱེད་དོ། 15འོན་ཀྱང་གཙོ་བོ་ཁྱེད་ནི་སྙིང་རྗེ་ཅན་དང་ཐུགས་བརྩེའི་དཀོན་མཆོག་ཡིན། ཁྱེད་ནི་རྒྱུན་དུ་བཟོད་སྲན་ཅན་དང་ནི་དྲིན་ཆེན་དང་དམ་ལྡན་ཡིན། 16ངའི་ཕྱོགས་ཞལ་བསྒྱུར་ང་ལ་སྙིང་རྗེ་གནང། ཁྱེད་ཀྱིས་མཐུ་སྟོབས་གནང་ནས་ང་ལ་སྐྱོབས། གང་ལ་ཟེར་ན་ངའི་མ་ཡིས་ཞབས་ཕྱི་ཞུས། ད་ལྟར་ང་ཡིས་ཁྱེད་ལ་ཞབས་ཕྱི་ཞུས། 17གཙོ་བོ་དཀོན་མཆོག་ཁྱེད་ཀྱི་བཟང་པོའི་རྟགས་ཤིག་བསྟན་དུ་གསོལ། ཁྱེད་ཀྱིས་ང་ལ་སེམས་གསོ་དང་རོགས་གནང་དེ་ཚོས་མཐོང་། ང་ལ་མི་འདོད་མཁན་རྣམས་ངོ་ཚར་ཚུད༎

གསུང་མགུར 87

ཡེ་རུ་ཤ་ལེམ་ལ་བསྟོད་པ།

1གཙོ་བོ་དཀོན་མཆོག་ཁོང་གི་དམ་པའི་རི་བོ་རུ། རང་གི་བཞུགས་གནས་གྲོང་ཁྱེར་ཞིག་བརྩིགས་སོ། 2ཁོང་གིས་ནི་ཨིསི་རཱཨེལ་ནང་གི་ས་གནས་གཞན་ཚོ་ལས། ཡེ་རུ་ཤ་ལེམ་གྲོང་ཁྱེར་ལ་མཉེས་སོ། 3དཀོན་མཆོག་གི་གྲོང་ཁྱེར། ཁོང་གིས་ཁྱེད་ཀྱི་སྐོར་ལ་ཡ་མཚན་ཅན་གྱི་གཏམ་རྣམས་གསུངས་པར་ཉོན་ཞིག། 4ང་ཡི་བཀའ་རྒྱ་སྲུང་མཁན་ཡུལ་ཚོའི་གྲངས་ནང། ཨི་ཇིབ་དང་བྷེ་བྷི་ལོ་ནི་ཡ་རྣམས་ཀྱི་མིང་ཚུད་པར་འགྱུར། ཕེ་ལེ་ཤེད་དང་ཊ་ཡར་དང་ཨི་ཐི་ཡོ་པི་ཡ་ཚོའི་མི་མང་རྣམས་ཀྱི། གྲངས་ནི་ཡེ་རུ་ཤ་ལེམ་པ་མཉམ་དུ་རྩིས་པར་འགྱུར། 5ཛི་ཡོན་སྐོར་ལ་དེ་ལྟར་བཤད་ཡོང་། མི་རིགས་ཡོངས་རྫོགས་དེ་ལ་བདག་པ་ཡིན། ཀུན་དབང་ལྡན་པའི་དཀོན་མཆོག་གིས་ཛི་ཡོན་སྟོབས་ཤུགས་ལྡན་པ་བཟོས། 6གཙོ་བོ་དཀོན་མཆོག་ཁོང་གིས་མི་རིགས་རྣམས་ཀྱི་མིང་ཐོ་བྲིས་པར་འགྱུར། དེ་ཚོ་ཚང་མ་ཡེ་རུ་ཤ་ལེམ་པ་ཡིན་ཟེར། 7དེ་ཚོས་གར་ཁྲབ་ནས་གླུ་འདི་ལྟར་ལེན། ང་ཚོའི་བྱིན་རླབས་ཐོབ་གནས་ཛི་ཡོན་ཡིན༎

གསུང་མགུར 88

རོགས་རམ་ཆེད་དུ་འབོད་བསྐུལ།

1གཙོ་བོ་དཀོན་མཆོག་ང་ཡི་སྐྱབས་མགོན་ལགས། ང་ནི་ཉིན་གང་ཁྱེད་ལ་འབོད་ཀྱི་ཡོད། ང་ནི་མཚན་མོར་ཁྱེད་དྲུང་ཡོང་ཡོད་དོ། 2ང་ཡི་སྨོན་ལམ་འདེབས་པར་གསན་རོགས་གནང་། རོགས་ཕྱིར་ང་ཡི་འོ་འདོད་གསན་པར་མཛོད། 3ང་ཡི་ཐོག་དེ་འདྲ་མང་པོ་སྡུག་ངལ་གྱི་གང་ནས་ཡོད་པས། ང་ཡི་སྲོག་ནི་འཆི་བར་ཐག་ཉེར་ཡོད། 4གཞན་དང་འདྲ་བ་ང་ནི་འཆི་གྲབ་ཡོད། ང་ཡི་སྟོབས་ཤུགས་ཚང་མ་ཉམས་ཡོད་དོ། 5ང་འཆི་བའི་ཁྲོད་དུ་སྤངས་ནས་ཡོད། ང་ནི་བསད་ནས་དུར་སར་འགྲིལ་བའི་རོ་འདྲ་ཡིན། དེ་ལ་ཁྱེད་ཀྱི་ཐུགས་ནས་ཚང་མ་རྗེད་ཚར་ཡོད་པ་དང། ཁྱེད་ཀྱི་རོགས་རམ་བྱེད་མི་ཐུབ། 6མུན་པའི་དུར་ཁང་གཏིང་ཟབ་དོང་ནང་དུ། ཁྱེད་ཀྱི་ང་ལ་དེ་རུ་དབྱུགས་གནང་ངོ་། 7ཁྱེད་ཀྱི་ཐུགས་ཁྲོའི་ཁུར་པོ་ངའི་སྟེང་འཕོག། དེ་ཡི་རྦ་རླབས་འོག་ཏུ་ང་མནར་ཡོད། 8ཁྱེད་ཀྱིས་ང་ཡི་གྲོགས་པོ་རྣམས་ཀྱིས་ང་ལ་སྤངས་བཅུག་གོ། ང་ནི་དེ་ཚོའི་ཕྱིར་ཞེན་ལོག་མཁན་དུ་བཟོས་གནང་ངོ། ང་ནི་བཙོན་ནང་ཡོད་པས་ཐར་མི་ཐུབ། 9དཀའ་སྡུག་རྐྱེན་གྱིས་ངའི་མིག་གྲིབ་ནས་ཡོད། གཙོ་བོ་དཀོན་མཆོག་ཉིན་རྟག་པ་ཁྱེད་ལ་ང་ཡི་འབོད། སྨོན་ལམ་འདེབས་སྐབས་ངའི་ལག་ཁྱེད་ཕྱོགས་འཕྱར། 10ཁྱེད་ཀྱིས་གཤིན་པོར་ཡ་མཚན་རྟགས་དེ་སྟོན་གནང་ངམ། དེ་ཚོས་གསོན་ནས་ཁྱེད་ལ་བསྟོད་བསྔགས་སམ། 11ཁྱེད་ཀྱིས་རྒྱུན་ལྡན་ཐུགས་བརྩེའི་སྐོར་དུར་ས་རུ་བཤད་དམ། ཡང་ན་འཇིགས་པའི་གནས་སུ་ཁྱེད་ཀྱི་དམ་ཚིག་ཅན་སྐོར་བཤད་དམ། 12མུན་པའི་ཁྲོད་དུ་ཁྱེད་ཀྱི་ངོ་མཚར་ལྟས། ཡང་ན་རྗེད་པའི་ཡུལ་དུ་ཁྱེད་ཀྱི་བཟང་བ་ཉིད་མཐོང་ཐུབ་བམ། 13གཙོ་བོ་དཀོན་མཆོག་སྐྱབས་གྲོགས་ཕྱིར་ང་ཡིས་ཁྱེད་ལ་འབོད། སྔ་དྲོ་རེ་བཞིན་ཁྱེད་ལ་སྨོན་འདེབས་གྱིས། 14གཙོ་བོ་དཀོན་མཆོག་ང་ལ་ཅིའི་ཕྱིར་སྤངས་གནང་ངམ། ཁྱེད་ཀྱིས་ང་ལས་ཞལ་རས་ཅི་ལ་སྒྱུར་རམ། 15ང་ནི་གཞོན་དུས་ནས་བཟུང་ད་བར་སྡུག་བསྔལ་མྱོང་། ང་ནི་འཆི་བའི་ཁ་རུ་སླེབས་ཡོད་ཅིང་། ཁྱེད་ཀྱི་ཉེས་པའི་འཁུར་པོས་ང་ཐང་ཆད། 16ཁྱེད་ཀྱིས་ཁྲོ་བ་དྲག་པོས་ང་ལ་དུམ་བུར་བཟོས། ཁྱེད་ཀྱི་འཇིགས་སུ་རུང་བཙན་རྒོལ་གྱིས་ང་ནི་མེད་པར་འགྱུར། 17དེ་ཚོས་ང་ལ་ཆུ་ལོག་བཞིན་དུ་ཉིན་གང་མཐའ་བསྐོར་རོ། ང་ལ་དེ་ཚོས་ཕྱོགས་བཞིར་བཀག་ནས་ཡོས། 18ཁྱེད་ཀྱིས་ང་ཡི་གྲོགས་པོ་ཉེ་ཤོས་ཚོ་ཀྱང་ང་ལ་སྤངས་བཅུག་གོ། མུན་པ་གཅིག་པུ་ང་ཡི་གྲོགས་སུ་འགྱུར༎

གསུང་མགུར 89

མི་རིགས་དཀའ་ངལ་ནང་དུ་ཚུད་པའི་མགུར་མ།

1ཀྱེ་གཙོ་བོ་དཀོན་མཆོག་ང་ནི་རྒྱུན་དུ་ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེའི་གླུ་ལེན། ཁྱེད་ཀྱི་དམ་ཚིག་ཅན་གྱི་སྐོར་ཤོད་ཀྱིས་ཡིན། 2ཁྱེད་ཀྱི་བྱམས་པ་རྒྱུན་དུ་གནས་ངེས་ཤེས། ཁྱེད་ཀྱི་དམ་ཚིག་ཅན་ནམ་མཁའ་བཞིན་དུ་བརྟན་པོ་ཡོད། 3ང་ཡི་འདམས་པའི་མི་དང་དམ་བཅའ་བཞག་ཡོད་གསུངས། རང་གི་བྲན་པོ་དཱ་བིད་དང་མཉམ་མནའ་སྐྱེལ་ལོ། 4ཁྱེད་ཀྱི་རིགས་བརྒྱུད་ནས་གཅིག་རྟག་ཏུ་རྒྱལ་པོར་གནས། ཁྱོད་ཀྱི་རྒྱལ་རྒྱུད་རྒྱུན་དུ་ང་ཡིས་སྐྱབས། 5གཙོ་བོ་དཀོན་མཆོག་མཐོ་རིས་ཁྱེད་ཀྱི་ངོ་མཚར་ཅན་གྱི་མཛད་པའི་སྐོར་མགུར་མ་ལེན། ཁྱེད་ཀྱི་དམ་ཚིག་ཅན་གྱི་སྐོར་དམ་པ་རྣམས་ཀྱིས་མགུར་མ་ལེན། 6གཙོ་བོ་དཀོན་མཆོག་མཐོ་རིས་སུ་ཁྱེད་འདྲ་སུ་ཡང་མེད། མཐོ་རིས་སུ་སྲོག་ཡོད་ཁྱེད་འདྲ་སུ་ཡང་མེད། 7དམ་པའི་ཚོགས་སར་ཁྱེད་ལ་གུས་ཞབས་བྱེད་པ་དང་། ཚང་མས་ཁྱེད་ལ་འཇིགས་ནས་ལངས། 8གཙོ་བོ་དཀོན་མཆོག་ཀུན་དབང་ལྡན་པའི་དཀོན་མཆོག་ཁྱེད་འདྲ་བ་སྟོབས་ལྡན་སུ་ཡང་མེད། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་བྱ་བ་ཚང་མ་དམ་ཚིག་ལྡན་པ་ཡིན། 9ཁྱེད་ཀྱིས་སྟོབས་ལྡན་རྒྱ་མཚོར་སྲིད་དབང་མཛད། རྦ་རླབ་དྲག་པོ་ཁྱེད་ཀྱིས་ཞི་བར་མཛད། 10སེམས་ཅན་ར་ཧབ་ལ་ནི་ཁྱེད་ཀྱིས་བཏུབ་ནས་བསད། ཁྱེད་ཀྱི་དགྲ་རྣམས་མཐུ་ཡིས་འཕམ་བཅུག་གོ། 11མཐོ་རིས་དང་ས་གཞི་ཁྱེད་རང་གི་ཡིན། འཇིག་རྟེན་དང་དེའི་ནང་དངོས་རིགས་ཇི་ཡོད་ཁྱེད་ཀྱིས་བཟོས་གནང་ངོ་། 12ལྷོ་བྱང་གཉིས་ནི་ཁྱེད་ཀྱིས་བཟོས་པ་གནང་། ཏ་བོར་དང་ནི་ཧར་མོན་རི་བོ་ཚོས་དགའ་ཞིང་ཁྱེད་ལ་གླུ་ལེན་ནོ། 13ཁྱེད་ནི་ཇི་ལྟར་དབང་ལྡན་ཡིན། ཁྱེད་ཀྱི་མཐུ་སྟོབས་ནི་ཇི་ལྟར་ཆེ། 14དྲང་བདེན་དང་ནི་ཞལ་ཆེ་ནི་ཁྱེད་ཀྱི་རྒྱལ་སྲིད་ཀྱི་མང་གཞི་ཡིན། ཁྱེད་ཀྱི་བྱ་བ་རྣམས་ལ་ནི་བྱམས་པ་དང་། དམ་ཚིག་ཅན་གསལ་པོར་སྟོན་ཡོད། 15ཁྱེད་ལ་མགུར་མ་ལེན་ནས་མཆོད་མཁན་རྣམས་དང། ཁྱེད་ཀྱི་སྐུ་དྲིན་གྱི་འོད་ནང་འགྲུལ་མི་ཇི་ཙམ་དགའ། 16ཁྱེད་ཀྱི་རྐྱེན་གྱི་དེ་ཚོས་དགའ་ཞིང་ཉིན་གང་བསྡད། ཁྱེད་ཀྱི་བཟང་བ་ཉིད་ཕྱིར་དེ་ཚོས་བསྟོད། 17ཁྱེད་ཀྱིས་ང་ཚོར་རྒྱལ་ཁ་ཆེན་པོ་གནང་ཡོད། ཁྱེད་ཀྱིས་བྱམས་པའི་ངང་ང་ཚོར་རྒྱལ་ཁ་ལྡན་མཛད། 18ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ཚོའི་སྲུང་མཁན་འདམས། ཁྱེད་ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པས་ང་ཚོར་ང་ཚོའི་རྒྱལ་པོ་གནང་༎

དཱ་བིད་ལ་དཀོན་མཆོག་གི་ཞལ་ཆེ།

19སྔོན་དུས་ཁྱེད་ཀྱིས་ཞལ་གཟིགས་ཞིག་གནང་ནས། རང་གི་དམ་ཚིག་ཅན་ཞབས་ཕྱི་རྣམས་ལ་འདི་ལྟར་གསུངས། ང་ཡིས་སྙན་གྲགས་ཅན་དམག་མི་ཞིག་ལ་རོགས་རམ་བྱས། ང་ཡིས་མི་མང་ནང་ནས་འདམས་པའི་གཅིག་ལ་རྒྱལ་ཁྲི་སྤྲས། 20ང་ཡི་བྲན་པོ་དཱ་བིད་ཁོ་ལ་ནི། འབྲུ་མར་བྱུགས་ཏེ་རྒྱལ་པོར་བསྐོས་གནང་ངོ་། 21ང་ཡི་མཐུ་སྟོབས་རྒྱུན་དུ་ཁོ་མཉམ་གནས། ང་ཡིས་ནུས་པས་ཁོ་ནི་སྟོབས་ཆེན་བཟོ། 22ཁོ་ཡི་དགྲ་བོས་ཁོ་ལ་ནམ་ཡང་རྒྱལ་མི་ཐུབ། ངན་པས་ཁོ་ལ་ནམ་ཡང་འཕམ་མི་ཐུབ། 23ཁོ་ཡི་དགྲ་བོར་ང་ཡིས་མེད་པར་བྱ། ཁོ་ལ་ཞེན་ལོག་བྱ་མཁན་གསོད་རྒྱུ་ཡིན། 24ང་ཡི་བྱམས་པ་དང་ནི་དམ་ཚིག་ཅན་ཁོ་དང་གནས། ང་ནི་རྒྱུན་དུ་ཁོ་ལ་རྒྱལ་ཁ་སྤྲད། 25ངས་ཁོ་ཡི་རྒྱལ་ཁམས་མེ་ཌི་ཊ་རེ་ནི་ཡན་ནས། གཙང་པོ་ཡུབ་རད་བར་དུ་ཁྱབ། 26ཁོ་ཡིས་ང་ལ་ཁྱེད་ནི་ང་ཡི་ཡབ་དཀོན་མཆོག། ང་ཡི་སྲུང་སྐྱོབ་དང་ནི་སྐྱབས་མགོན་ཡིན་ཟེར། 27དེ་ལ་ང་ཡི་བུ་ནི་རྒལ་ཤོས་དང་། རྒྱལ་པོའི་ནང་ནས་མཆོག་འགྱུར་བཟོ་བར་བྱ། 28ང་ནི་རྒྱུན་དུ་ཁོ་དང་ཞལ་ཆད་འཇོག་པ་དེ་སྒྲབ་རྒྱུ་ཡིན། ཁོ་དང་མཉམ་དུ་འཇོག་པའི་དམ་བཅའ་ནི་རྒྱུན་དུ་བརྟན་པོར་གནས། 29དེ་ཡི་རྒྱལ་རྒྱུད་ནམ་མཁའ་ལྟར་གཏན་འཇགས་གནས། དེ་ཡི་རིགས་བརྒྱུད་ནས་གཅིག་གིས་གཏན་དུ་རྒྱལ་པོ་བྱས། 30འོན་ཀྱང་ཁོ་ཡི་རིགས་བརྒྱུད་དེ་ཚོས། ང་ཡི་བཀའ་ཁྲིམས་ལ་ནི་མ་སྲུང་ན། ང་ཡི་བཀའ་ལྟར་མི་ཚེ་མ་སྐྱེལ་ན། 31དེ་ཚོས་ང་ཡི་བསླབ་བྱར་དོ་སྣང་དང་། ང་ཡི་བཀའ་ཁྲིམས་མ་ཉན་ན། 32དེ་ནས་ངས་དེ་ཚོའི་སྡིག་པའི་ཆེད་དུ་ཆད་པ་གཏོང་རྒྱུ་ཡིན། དེ་ཚོའི་ནོར་འཁྲུལ་ཕྱིར་དུ་མྱོང་དུ་འཇུག། 33འོན་ཀྱང་དཱ་བིད་གཅེས་རྒྱུ་ངས་མི་སྤངས། ཁོ་དང་བཞག་པའི་དམ་བཅའ་སྒྲུབ་རྒྱུ་ཡིན། 34ངས་ཁོ་དང་བཞག་པའི་དམ་བཅའ་སྟོངས་མི་ཡོང་། དམ་བཅའ་གཅིག་ཀྱང་ཕྱིར་ལོག་ལེན་མི་ཡོང་། 35ང་ཡི་དམ་པའི་མཚན་ནང་དུས་རྒྱུན་གྱི་ཆེད་དམ་བཅའ་བཞག། ང་ནི་དཱ་བིད་མཉམ་དུ་རྫུན་མི་སྨྲ། 36དེ་ཡི་རིགས་བརྒྱུད་རྟག་ཏུ་གནས་པ་དང་། དེ་ཡི་རྒྱལ་ཁག་ཉི་མ་ཤར་བའི་ཇི་སྲིད་བར་དུ་བལྟ་རྒྱུ་ཡིན། 37ནམ་མཁར་དཔང་པོ་བཞིན་དུ་ལུས་པ་དང་། ཟླ་བ་བཞིན་དུ་རྟག་ཏུ་རྒྱལ་ཁག་གནས༎

རྒྱལ་པོ་འཕམ་པའི་ཕྱིར་མྱ་ངན་བྱས་པ།

38འོན་ཀྱང་ཁྱེད་ཀྱིས་འདམས་པའི་རྒྱལ་པོར་ཐུགས་ཁྲོ་བཞེས། ཁྱེད་ཀྱིས་ཁོ་ལ་སྤངས་ནས་དབྱུགས་གནང་ངོ་། 39ཁྱེད་ཀྱིས་བྲན་པོར་བཞག་པའི་དམ་བཅའ་སྟོར། དེ་ཡི་ཅོད་པན་འདམ་ནང་དབྱུགས་པར་མཛད། 40ཁྱེད་ཀྱི་ཁོ་ཡི་ར་བ་ཡོངས་སུ་སྟོར། ཁོ་ཡི་མཁར་རྣམས་གྱང་གོག་ཏུ་འགྱུར་གནང་ངོ་། 41ལམ་དུ་འགྲོ་མིས་ཁོའི་དངོས་རིགས་རྐུས་བཞིན་འདུག། ཁྱིམ་མཚེས་རྣམས་ཀྱིས་ཁོའི་སྟེང་གད་བཞིན་འདུག། 42ཁྱེད་ཀྱིས་ཁོ་ཡི་དགྲ་རྣམས་རྒྱལ་བཅུག་ཅིང་། ཁྱེད་ཀྱིས་དེ་ཚོར་དགའ་བར་བཟོས་གནང་ངོ་། 43ཁོ་ཡི་མཚོན་ཆ་ཁྱེད་ཀྱི་དོན་མེད་བཟོས། ཁྱེད་ཀྱིས་ཁོ་ལ་དམག་སར་འཕམ་བཅུག་གོ། 44ཁྱེད་ཀྱིས་ཁོའི་རྒྱལ་པོའི་ཕྱག་བེར་འཕྲོག། ཁོ་ཡི་རྒྱལ་ཁྲི་ས་ཁར་རྡབ་པར་མཛད། 45དུས་མ་རན་སྔོན་ནས་ཁྱེད་ཀྱིས་ཁོ་ལོ་རྒས་བཅུག། དེ་ནས་ངོ་ཚས་ཁོ་ལ་བཀབ་གནང་ངོ་༎

ཐར་བའི་ཕྱིར་སྨོན་ལམ།

46གཙོ་བོ་དཀོན་མཆོག་ཁྱེད་ནི་རྒྱུན་དུ་གབ་ནས་བཞུགས་གནང་ངམ། ཁྱེད་ཀྱི་ཐུགས་ཁྲོ་ནམ་བར་འབར་འགྱུར་རམ། 47ང་ཡི་མི་ཚེ་ཇི་ལྟར་ཐུང་བ་དྲན། ཁྱེད་ཀྱིས་ང་ཚོ་ཚང་མར་མི་རྟག་པ་བཀོད་བ་དྲན་པར་མཛོད། 48མ་འཆི་པར་གསོན་པོ་སུ་བསྡད་ཐུབ་བམ། མིའི་རིགས་ཇི་ལྟར་དུར་ནས་ཐར་ཐུབ་བམ། 49གཙོ་བོ་ཁྱེད་ཀྱིས་སྔོན་དུ་གནང་བའི་བྱམས་པའི་ཁུངས་སྐྱེལ་གང་དུ་སོང། དཱ་བིད་ལ་གནང་བའི་ཞལ་ཆེ་གང་དུ་སོང་། 50ང་ཁྱེད་ཀྱི་བྲན་པོར་འཕྱ་སྨད་བྱུང་ཡོད་དེ། དད་མེད་ཚོའི་དམོད་མོ་རྣམས་ང་ཡིས་ཇི་ལྟར་བཟོད་བསྲན་བྱེད་པ་མ་མརྗེད་ཅིག། 51ཁྱེད་ཀྱིས་འདམས་པའི་རྒྱལ་པོར་ཁྱེད་ཀྱི་དགྲ་བོས་སྨད། ཁོ་ནི་གང་དུ་སོང་ཡང་དེ་ཚོས་འཕྱ་སྨད་བྱས། 52གཙོ་བོ་དཀོན་མཆོག་ལ་ནི་རྒྱུན་དུ་བསྟོད་བསྔོགས་ཤིག།

གསུང་མགུར 90

མདོ་བཞི་པ།

གསུང་མགུར་ ༩༠—༡༠༦

དཀོན་མཆོག་དང་མི།

1ཀྱེ་གཙོ་བོ་ཁྱེད་ནི་རྒྱུ་དུ་ང་ཚོའི་སྐྱབས་གནས་ཡིན། 2ཁྱེད་ཀྱིས་རི་དང་ས་གཞི་མ་བཀོད་གོང་། ཁྱེད་ནི་དཔག་ཏུ་མེད་པ་དཀོན་མཆོག་རེད། མཐའ་མའི་ཕྱིར་དུ་དཀོན་མཆོག་བརྟན་པོར་བཞུགས། 3ཁྱེད་ཀྱིས་ང་ཚོར་སྔོན་ལྟར་ལོག་ཤོག་གསུངས། ཡང་སྐྱར་ཁྱེད་ཀྱིས་ང་ཚོར་ས་རུ་བསྒྱུར་གནང་ངོ་། 4ལོ་ནི་སྟོང་གཅིག་ཁྱེད་མདུན་ཉིན་གཅིག་འདྲ། དེ་འདས་པའི་ཁ་སང་འདྲ་བ་ཡིན། མཚན་མོའི་ཐུན་གཅིག་འདྲ་བ་ཡིན། 5ཁྱེད་ཀྱིས་ང་ཚོར་ཆུ་ལོག་བཞི་དུ་འཁྱེར། ང་ཚོའི་མི་ཚེ་རྨི་ལམ་འདྲ་བ་ཐུང་། ང་ཚོ་སྔ་དྲོ་སྐྱེ་བའི་རྩ་ངན་དང་འདྲ། 6རྩ་ངན་དེ་སྐྱེས་ནས་མེ་ཏོག་ཤར་བ་དང། དེ་ནས་དགོང་དྲོ་སྐམ་ནས་རྙིད། 7ཁྱེད་ཀྱི་ཐུགས་ཁྲོས་ང་ཚོ་མེད་པར་བཟོས། ཁྱེད་ཀྱི་ཐུགས་ཁྲོ་ཆེན་པོས་ང་ཚོར་འཇིགས། 8ང་ཚོའི་སྡིག་པ་ཁྱེད་ཀྱི་མདུན་དུ་བཞག། ང་ཚོའི་གསང་བའི་སྡིག་པ་ཁྱེད་དྲུང་བཞག། 9ཁྱེད་ཀྱི་ཐུགས་ཁྲོས་ང་ཚོའི་མི་ཚེ་རྒུད། ནང་ཁོང་སྨས་པའི་གཏམ་བཞིན་ཡལ་ནས་འགྲོ། 10ང་ཚོ་ལོ་ནི་བདུན་བཅུ་བར་དུ་གསོན། སྟོབས་ཤུགས་ཡོད་ན་བརྒྱད་ཅུ་བར་དུ་ཡིན། འོན་ཀྱང་དེ་ཚོས་ང་ཚོར་སྡུག་ངལ་དང་མྱ་ངན་གཅིག་པོ་འཁྱེར་ཡོང། ཚེ་ནི་གྱོགས་པོར་རྫོགས་ནས་ང་ཚོ་མེད་པར་སོང། 11ཁྱེད་ཀྱིས་ཐུགས་ཁྲོས་སྟོབས་ནི་སུའི་ཚོར་རམ། ཁྱེད་ཀྱི་ཐུགས་ཁྲོ་དྲག་པོས་འཇིགས་པ་སུས་ཤེས་སམ། 12ང་ཚོའི་མི་ཚེ་ཐུང་བས་སློབ་སྟོན་གནང་། དེ་ནས་ང་ཚོ་ཤེ་རབ་ཅན་དང་ལྡན། 13ཁྱེད་ཀྱི་ཐུགས་ཁྲོ་ནམ་བར་གནས་ཡོང་ངམ། རང་གི་བྲན་པོར་ཏུགས་འགྱོད་ཀྱེ་གཙོ་བོ་དཀོན་མཆོག། 14སྔ་དྲོ་རེ་བཞིན་ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེས་གང་། དེ་རྐྱེན་ང་ཚོས་གླུ་དབྱངས་ལེན་ཞིང་ཚེ་གང་སྐྱིད་པར་བྱེད། 15སྡུག་བསྔལ་གྱི་དུས་སུ་ང་ཚོར་ཁྱེད་ཀྱིས་མྱ་ངན་གནང་། དེ་དང་འདྲ་བ་ད་ལྟ་ང་ཚོར་དགའ་བ་གནང་། 16ང་ཚོ་ཁྱེད་ཀྱི་བྲན་ཚོས་ཁྱེད་ཀྱི་མཛད་ཕྲིན་རླབས་ཆེན་མཐོང་དུ་བཅུག། ཁྱེད་ཀྱི་གཟི་བརྗིད་ཅན་གྱི་མཐུ་སྟོབས་ངའི་བརྒྱུད་མཐོང་དུ་བཅུག་རོགས་གནང། 17གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག། ཁྱེད་ཀྱི་བྱིན་རླབས་ང་ཚོའི་ཐོག་ཏུ་འབབ་པར་ཤོག། ང་ཚོས་གྱིས་པའི་ལས་ཚང་མར་དོན་སྒྲུབ་ཤོག།

གསུང་མགུར 91

དཀོན་མཆོག་ཁོང་ནི་ང་ཚོའི་སྲུང་སྐྱོབ།

1སུ་ཞིག་སྲུང་སྐྱོབ་ཆེད་དུ་གཙོ་བོ་དཀོན་མཆོག་དྲུང་བཅར་བ་དང། སུ་ཞིག་ཀུན་དབང་ལྡན་པའི་སྲུང་སྐྱོབ་འོག་ཏུ་གནས་པ། 2དེ་ཚོས་ཁོང་ལ་དེ་བཞིན་བརྫོད་ཐུབ་ཡོང་། ཁྱེད་ནི་ང་ལ་སྐྱབས་ཤིང་སྲུང་སྐྱོབ་གནང་མཁན་ཡིན། ཁྱེད་ནི་ང་ཡི་དཀོན་མཆོག་ཡིན་པ་དང་། ང་ནི་ཁྱེད་ལ་བློ་བཅོལ་བྱ་བཞིན་ཡོད། 3ཁོང་གིས་ཁྱོད་ལ་གསང་བའི་རྐྱེན་ངན་ཚང་མ་དང་། འཆི་བའི་ནད་ལས་ཁམས་བཟང་བཞག། 4ཁྱོད་ལ་ཁོང་གིས་རང་གི་ཤོག་པའི་འོག་ཏུ་བཀབ། ཁོང་གི་འཚོ་སྐྱོང་འོག་ཏུ་ཁམས་བཟང་བཞག། ཁོང་གིས་དམ་ཚིག་སྒོ་ནས་ཁྱོད་ལ་སྲུང་སྐྱོབས་བྱེད་པར་འགྱུར། 5མཚན་མོར་ཡོང་རྒྱུའི་ཉེན་ཁ་འམ། ཉིན་མོར་ཉུར་དུ་ཡོང་བའི་བཙན་རྒོལ། ཁྱོད་ཀྱིས་འཇིགས་མི་དགོས། 6ཡང་ན་མུན་པའི་ནང་དུ་བྱུང་བའི་དཀའ་ངལ་རྣམས། ཡང་ན་ཉིན་མོར་སྲོག་ལེན་ངན་ལས་ལ་ནི་འཇིགས་མི་དགོས། 7ཁྱོད་ཀྱི་འགྲམ་དུ་ ༡,༠༠༠ འགྱེལ་ཡོང་། ཁྱོད་ཀྱི་ཕྱོགས་བཞིར་ ༡༠,༠༠༠ འགྱེལ་ཡོང། འོན་ཀྱང་ཁྱོད་ལ་རྨས་སྐྱོན་གང་ཡང་བྱུང་མི་ཡོང་། 8ངན་སྤྱོད་རྣམས་ལ་ཉེས་ཆད་ཕོག་པ་ཁྱོད་ཀྱིས་མཐོང་། 9གཙོ་བོ་དཀོན་མཆོག་རང་གི་སྐྱབས་གནས་དང་། བླ་མེད་དཀོན་མཆོག་རང་གི་སྲུང་སྐྱོབ་་བཟོས། 10དེའི་ཕྱིར་ཁྱོད་སྟེང་དཀའ་ངལ་བྱུང་མི་ཡོང་། ཁྱོད་ཀྱི་ཁང་ཁྱིམ་འགྲམ་དུ་འཐབ་རྩོད་མེད། 11ཁྱོད་ནི་གང་དུ་སོང་ཡང་སྲུང་སྐྱོབ་ཆེད། དཀོན་མཆོག་ཁོང་གིས་རང་གི་ཕོ་ཉ་རྣམས་ལ་རྩིས་སྤྲོད་འགྱུར། 12ཁྱོད་ཀྱི་རྐང་པ་རྡོ་ལ་མི་འཕོག་ཕྱིར། དེ་ཚོས་ཁྱོད་ལ་རང་གི་ལག་པས་འཁུར། 13ཁྱོད་ཀྱིས་གཟིག་དང་སྦྲུལ་རྣམས། འཇིགས་སུ་རུང་བའི་གཟིག་རྣམས་དང་། དུག་སྦྲུལ་རྣམས་ནི་རྐང་པས་བརྫིས་བར་འགྱུར། 14དཀོན་མཆོག་གིས་གསུངས་པ། སུ་ཞིག་ང་ལ་གཅེས་མཁན་དེ་ལ་ང་ཡིས་སྐྱབས། ང་ལ་གཙོ་བོ་དཀོན་མཆོག་ཟེར་ཞིང་ངོས་ལེན་བྱེད་མཁན་ཚོར་ང་ནི་སྲུང་སྐྱབ་བྱ་རྒྱུ་ཡིན། 15དེ་ཚོས་ང་ལ་འབོད་དུས་ངས་ལེན་སྤྲད། དེ་ཚོར་དཀའ་ངལ་དུས་སུ་ང་ནི་དེ་མཉམ་ཡོད། ང་ཡིས་དེ་ཚོར་སྐྱབས་ནས་གུས་ཞབས་གྱིས། 16ང་ནི་དེ་ཚོར་ཚེ་རིང་པོའི་བྱ་དགའ་སྤྲད། ང་ཡིས་དེ་ཚོར་སྐྱབས་རྒྱུ་ཡིན༎

གསུང་མགུར 92

1ཀྱེ་གཙོ་བོ་དཀོན་མཆོག་བླ་མེད་དཀོན་མཆོག་ཁྱེད་ལ་གཏང་རག་འབུལ་རྒྱུ་དང། ཁྱེད་ལ་གུས་ཞབས་ངང་མགུར་མ་ལེན་རྒྱུ་དེ་ནི་ཇི་ལྟར་བཟང་། 2-3རྒྱུད་བཅུའི་རོལ་ཆས་སྒྲ་སྙན་སྐད་བཏོན་ནས། པི་ཝང་གི་དབྱངས་བཏོན་ནས། སྔ་དྲོ་རེ་བཞིན་ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་སྐོར་དང་། མཚན་མོ་རེ་བཞིན་ཁྱེད་ཀྱི་དམ་ཚིག་སྐོར་ལ་གསལ་སྒྲགས་བྱེད་བཞིན་ཡོད། 4ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་མཛད་པ་རླབས་ཆེན་གྱིས་ང་ལ་དགའ་བ་ཐོབ། ཁྱེད་ཀྱི་ཇི་གནང་དེ་ཡི་ང་ནི་དགའ་བའི་གླུ་ལེན་ནོ། 5གཙོ་བོ་དཀོན་མཆོག་ཁྱེད་ཀྱི་མཛད་པ་རྣམས་ནི་ཇི་ལྟར་རླབས་ཆེན་ལགས། ཁྱེད་ཀྱི་བསམ་ཚུལ་ཇི་ལྟར་གཏིང་རིང་ངོ་། 6འདི་ནི་གླེན་པ་ཞིག་གིས་ཤེས་མི་ཐུབ། བྱོལ་སོང་འདྲ་བ་ཞིག་གིས་རྟོགས་མི་ཐུབ། 7མི་ངན་རྣམས་ནི་རྩྭ་ངན་དང་འདྲ་བ་སྐྱེས་སྲིད། སྡིག་ལས་བྱེད་མི་རྣམས་ཡར་རྒྱས་ཕུན་ཚོགས་བྱུང་སྲིད། འོན་ཀྱང་དེ་ཚོ་ཡོངས་་སུ་སྟོངས་བར་འགྱུར། 8གང་ལགས་ཟེར་ན་གཙོ་བོ་དཀོན་མཆོག་ཁྱེད། མཐའ་མའི་བར་དུ་བླ་ན་མེད་པ་ཡིན། 9ཁྱེད་ཀྱིས་དགྲ་རྣམས་ཚར་བཅད་ང་ཚོས་ཤེས། སྡིག་སྤྱོད་མི་རྣམས་ཡོངས་སུ་ཕམས་པར་འགྱུར། 10ཁྱེད་ཀྱིས་ང་ལ་ནགས་ཀྱི་གླང་ལྟར་སྟོབས་ཤུགས་བཟོས། ཁྱེད་ཀྱིས་ང་ལ་དགའ་བྲོའི་བྱིན་རླབས་གནང་། 11རང་གི་དགྲ་རྣམས་ཕམ་པ་ང་ཡིས་མཐོང་། སྡིག་སྤྱོད་རྣམས་ཀྱི་ངུ་སྐད་ང་ཡིས་ཐོས། 12དྲང་བདེན་མི་རྣམས་ཁ་ཟུར་ཤིང་ལྟར་འཕེལ། ལེབ་ནོན་འགྱམ་ཤིང་ལྟ་བུར་དེ་ཚོ་འཕེལ་བར་འགྱུར། 13དེ་ཚོ་གཙོ་བོ་དཀོན་མཆོག་ཕོ་བྲང་ནང་། བཙུགས་པའི་ཤིང་དང་འདྲ་བ་འབྱུང་བར་འགྱར། དེ་ཚོ་ནི་ང་ཚོའི་དཀོན་མཆོག་ཁོང་གི་མཆོད་ཁང་དུ་འཕེལ། 14ཤིང་སྡོང་རྒས་ཀྱང་འབྲས་བུ་ཆགས་ནས། རྒྱུན་དུ་རྩ་ལྟར་སྔོ་ཞིང་བརྟན་པོར་གནས། 15གཙོ་བོ་དཀོན་མཆོག་ཁོང་ནི་ཁྲིམས་དྲང་ཡིན་པ་དེ་ལས་ཤེས། ང་ཡི་སྲུང་སྐྱོབ་དེ་ལ་ནོར་འཁྲུལ་མེད༎

གསུང་མགུར 93

དཀོན་མཆོག་རྒྱལ་པོ།

1གཙོ་བོ་དཀོན་མཆོག་ཁོང་ནི་རྒྱལ་པོ་ཡིན། ཁོང་གི་སྟོབས་དང་གཟི་བརྗིད་ཀྱི་ན་བཟའ་གསོལ། ས་གཞིའི་རྨང་གཞི་བརྟན་པོ་བཞག་ཡོད་པས། དེ་ནི་ནམ་ཡང་གཡོ་བར་མི་འགྱུར་རོ། 2སྔོན་ནས་ཁྱེད་ཀྱི་བཞུགས་ཁྲི་བརྟན་པོ་ཡོད། དུས་ཚོད་མགོ་ཚུགས་པའི་སྔོན་ནས་ཁྱེད་བཞུགས་ཡོད། 3ཀྱེ་གཙོ་བོ་དཀོན་མཆོག། རྒྱལ་མཚོའི་ཏིང་ནས་སྐད་ཅོར་རྒྱབ། དེ་ཚོ་སྐད་ཤུགས་ཆེན་པོས་ངར་བཞིན་འདུག། 4གཙོ་བོ་དཀོན་མཆོག་ཁོང་གིས་མཐོ་རིས་སུ། བླ་ན་མེད་པའི་རྒྱལ་པོ་གནང་ནས་བཞུགས། རྒྱ་མཚོའི་འུར་སྒྲ་ལས་ཀྱང་ཆེ། རྒྱ་མཚོའི་རྦ་རླབ་ལས་ཀྱང་སྟོབས་ཆེན་པོསེ། དཀོན་མཆོག་ཁོང་གིས་རྒྱལ་སྲིད་སྐྱོང་བར་འགྱུར། 5གཙོ་བོ་དཀོན་མཆོག་ཁྱེད་ཀྱི་བཀའ་ཁྲིམས་རྣམས་ཐོག་མཐའ་མེད་ཡོད་པ་དང། ཁྱེད་ཀྱི་མཆོད་ཁང་ངས་པར་རྒྱུན་ཆད་མེད་པར་དམ་པ་ཡོད༎

གསུང་མགུར 94

དཀོན་མཆོག་ཚང་མའི་ཁྲིམས་དཔོན།

1གཙོ་བོ་དཀོན་མཆོག་ཁྱེད་ནི་ཉེས་ཆད་གནང་མཁན་དཀོན་མཆོག་ཡིན། ཁྱེད་ཀྱི་རང་གི་ཐུགས་ཁྲོ་སྟོན་པར་མཛོད། 2ཁྱེད་ནི་མི་རིགས་ཀུན་གྱི་ཁྲིམས་དཔོན་ཡིན། ང་རྒྱལ་ཅན་ཚོར་འབྲས་བུ་ཇི་ཐོབ་དེ་ཚོར་གནང་། 3ངན་པས་ནམ་ཞིག་བར་དུ་དགའ་སྐྱིད་སྤྱོད་ཐུབ་བམ། ད་དུང་ནམ་ཞིག་བར་དུ་བྱུང་ཡོང་གཙོ་བོ་དཀོན་མཆོག། 4ད་དུང་ག་དུས་བར་དུ་མི་ནག་ཅན་དེ་ཚོས་ང་རྒྱལ་བྱས། རང་གི་ཁྲིམས་འགལ་གྱི་ལས་ལ་སྦོར་ཤོབ་བཤད་རྒྱུ་ཐོབ་བམ། 5དེ་ཚོས་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་མི་མང་ལ་དུམ་བུར་བཟོས། ཁྱེད་ཀྱི་འབངས་དེ་ཚོར་མནར་གཅོད་གཏོང་བཞིན་འདུག། 6དེ་ཚོས་ཡུག་མོ་དང་ད་ཕྲུག་རྣམས་ལ་བསད། ང་ཚོའི་ཡུལ་ནང་སྡོད་མི་ཕྱི་རྒྱལ་བ་ཚོར་སྲོག་གཅོད་བྱས། 7དེ་ཚོས་གཙོ་བོ་དཀོན་མཆོག་ཁོང་གིས་ང་ཚོར་མི་མཐོང་ཟེར། ཨིསི་རཱཨེལ་དཀོན་མཆོག་ཁོང་ལ་དོ་སྣང་ཡོད་མ་རེད། 8ང་ཡི་མི་མང་ཁྱོད་ཚོ་ཇི་ལྟར་གླེན་པ་འབྱུང་ཐུབ་བམ། ཁྱོད་ཚོ་ག་དུས་བར་དུ་སློབ་སྦྱོང་བྱས་མམ། 9དཀོན་མཆོག་ཁོང་གིས་ང་ཚོའི་རྣ་བ་བཟོས། ཁོང་གིས་གསན་མི་ཐུབ་བམ། ཁོང་གིས་ང་ཚོའི་མིག་བཟོས་གནང་བ་རེད། ཁོང་རང་ཉིད་ཀྱིས་མཐོང་མི་ཐུབ་བམ། 10ཁོང་གིས་མི་རིགས་་ཚོ་ལ་བཀའ་བཀྱོན་གནང་བ་དང་། ཁོང་གིས་དེ་ཚོར་ཉེས་ཆད་མི་གནང་ངམ། ཁོང་ནི་མི་རྣམས་ཀུན་གྱི་སློབ་དཔོན་ཡིན། ཁོང་ལ་ཡོན་ཏན་མེད་པར་ཇི་ལྟར་སྲིད་ཐུབ་བམ། 11གཙོ་བོ་དཀོན་མཆོག་ཁོང་གིས་དེ་ཚོའི་བསམ་ཚུལ་མཁྱེན་པ་དང་། དེ་ཚོའི་བསམ་བློ་ཇི་ལྟར་ཆོ་མེད་ཡིན་པ་ཁོང་གི་མཁྱེན་། 12གཙོ་བོ་དཀོན་མཆོག་ཁྱེད་ཀྱི་སུ་ལ་སློབ་སྟོན་གནང་བ་དང་། ཁྱེད་ཀྱི་བཀའ་ཁྲིམས་བསླབ་པ་དེ་ཚོ་ཇི་འདྲ་དགའ། 13དཀའ་ངལ་དུས་ནས་ངན་པ་ཚོ་ཚུད་པའི་ས་དོང་གྲ་སྒྲིག་མ་བྱས་བར་དུ། ཁྱེད་ཀྱིས་དེ་ཚོར་ངལ་གསོ་གནང་། 14གཙོ་བོ་དཀོན་མཆོག་ཁོང་གིས་རང་གི་འབངས་ལ་མི་སྤངས་ཤིང་། ཁོང་གི་ཇི་ཡིན་མི་རྣམས་ཁོང་གིས་སྤངས་མི་ཡོང་། 15ཁྲིམས་ཁང་ནང་དུ་སྐྱར་དུ་ཁྲིམས་དྲང་ཐོབ་པ་དང་། དྲང་ལྡན་མི་ཚོས་དེ་ལ་རྒྱབ་སྐྱོར་བྱེད་པར་འགྱུར། 16ངན་པའི་གདོང་དུ་ངའི་ཕྱོགས་ཏོགས་སུ་ཞིག་ལངས་སོང་ངམ། ངན་སྤྱོད་བྱེད་མཁན་གདོང་དུ་ངའི་ཕྱོགས་སུ་ཞིག་བྱེད་དམ། 17གཙོ་བོ་དཀོན་མཆོག་ཁོང་གིས་ང་ལ་སྐྱབས་རོགས་མ་གནང་བ་ཡིན་ན། ང་ནི་མགྱོགས་པོར་འཆི་བའི་ཡུལ་དུ་སླེབས་པ་ཡོད། 18ང་ནི་འདྲེད་བདར་ཤོར་གྲབ་ཡོད་ཆེས་ང་ཡིས་སྨྲས། འོན་ཀྱང་ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེས་ང་ལ་བཟུང་ནས་བཞག། 19ནམ་ཡིན་རུང་ང་ལ་སེམས་འཁྲལ་མང་པོ་བྱུང་བའི་དུས། ཁྱེད་ཀྱིས་ང་ལ་སེམས་གསོ་གནང་བས་བློ་བདེར་གྱིས། 20ཁྲིམས་དྲང་མེད་པ་ལ་ཁྲིམས་མཐུན་བཟོས་མཁན། ཁྲིམས་དཔོན་མཉམ་དུ་ཁྱེད་ལ་དོན་དག་ཅི་ཡང་མེད། 21དེ་ཚོས་མི་བཟང་པོ་ཚོའི་ཐོག་ཏུ་བྱུས་ངན་བརྩོམ་པ་དང། ཉེས་མེད་ཅན་ལ་སྲོག་གི་ཉེས་པ་བཏང་ངོ་། 22འོན་ཀྱང་གཙོ་བོ་དཀོན་མཆོག་ཁོང་གིས་ང་ལ་སྲུང་སྐྱོབས་གནང། ང་ཡི་དཀོན་མཆོག་ང་ལ་སྲུང་སྐྱོབས་མཛད། 23ཁོང་གིས་དེ་ཚོའི་ལས་ངན་ཆད་དུ་ཆད་པ་གནང་། རང་གི་སྡིག་པའི་ཕྱིར་དུ་དེ་ཚོར་ཚར་བཅད་ཅིང་། གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ཁོང་གིས་དེ་ཚོར་ཚར་བཅད་འགྱུར༎

གསུང་མགུར 95

1ཤོག་ཅིག་ང་ཚོས་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད། ང་ཚོར་སྲུང་མཁན་དཀོན་མཆོག་ཁོང་ལ་དགའ་བའི་གླུ་ལེན་ཞིག། 2གཏང་རག་འབུལ་ནས་ཁོང་གི་དྲུང་དུ་ཤོག། ཁོང་ལ་བསྟོད་དབྱངས་འབུལ་ནས་དགའ་བའི་གླུ་ལེན་ཞིག། 3གལ་ལགས་ཟེར་ན་གཙོ་བོ་དཀོན་མཆོག་ཁོང་ནི་སྟོབས་ལྡན་དཀོན་མཆོག་ཡིན། ལྷ་རྟེན་ཡོངས་ཀྱི་སྟེང་དུ་ཁོང་ནི་སྟོབས་ལྡན་རྒྱལ་པོ་ཡིན། 4ས་གཞིའི་གཏིང་ཟབ་ལས་ཀྱང་ལྷག་པའི་བྲག་རོང་ལས། མཐོ་བ་ལས་ཀྱང་མཐོ་བའི་རི་རྣམས་བར། ས་གཞི་ཀུན་གྱི་ཐོག་ཏུ་ཁོང་གི་རྒྱལ་སྲིད་བསྐྱངས། 5ཁོང་རང་གིས་མཛད་པའི་རྒྱ་མཚོའི་སྟེང་དང་། ས་གཞིའི་ཐོག་ཏུ་ཁོང་གིས་རྒྱལ་སྲིད་སྐྱོང་། 6ཤོག་ཅིག་ང་ཚོས་ཁོང་ལ་མགོ་སྒུར་ཕྱག་འཚལ་ཞིག། ང་ཚོར་མཛད་མཁན་གཙོ་བོ་དཀོན་མཆོག་ཁོང་གི་དྲུང་དུ་པུས་མོ་བཙུགས། 7ཁོང་ནི་ང་ཚོའི་དཀོན་མཆོག་ཡིན་པ་དང་། ང་ཚོ་ནི་ཁོང་གིས་གཅེས་སྐྱོང་གནང་བའི་འབངས་དང་ཁ་ཟས་གནང་བའི་ལུག་ཁྱུ་ཡིན། 8མེ་རི་བ་རུ་ཁྱོད་ཚོའི་ཕ་མེས་རྣམས། ཉིན་ཞིག་མ་སེའི་འབྲོག་སྟོང་ཡུལ་དུ་ནི། སེམས་གཤིས་གྱོང་པོ་བྱེད་པ་ལྟ་བུར་ཁྱོད་ཚོས་མ་བྱེད་ཅིག། 9ང་ཡིས་ཁོ་ཚོའི་ཆེད་དུ་བྱས་པའི་ལས་རྣམས་མཐོང་ན་ཡང་། གནས་དེར་ཁོ་ཚོས་ང་ལ་ཚོད་ལྟ་བྱེད་ཡོད་དོ། 10ང་ནི་དེ་ཚོ་མཉམ་དུ་ལོ་ནི་བཞི་བཅུའི་རིང་བར་དུ་ཞེན་ལོག་སྐྱེས། དེ་ཚོ་དམ་ཚིག་མེད་པའི་མི་རྣམས་ཡིན་ཞེས་ང་ཡིས་སྨྲས། དེ་ཚོས་ང་ཡི་བཀའ་རྒྱ་སྲུང་བར་ཁས་མི་ལེན། 11ང་ནི་ཁོང་ཁྲོ་ལངས་བས་དམ་བཅའ་ནན་པོ་ཞིག་བཞག་པ་ཡིན། ང་ཡིས་ངལ་གསོ་སྤྲད་པའི་ཡུལ་དེར་ཁྱོད་ཚོ་ནམ་ཡང་འཛུལ་མི་ཡོང༎

གསུང་མགུར 96

དཀོན་མཆོག་ཆེས་མཐོའི་རྒྱལ་པོ།།

(༡ སྔོན་རབ ༡༦:༢༣-༣༣)

1གཙོ་བོ་དཀོན་མཆོག་ཁོང་ལ་མགུར་མ་གསར་པ་ཞིག་ལེན་ཤིག། ས་གཞི་ཀུན་གྱིས་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་དབྱངས་ཕུལ། 2གཙོ་བོ་དཀོན་མཆོག་ལ་ནི་མགུར་མ་ལེན་ནས་བསྟོད་བསྔོགས་ཤིག། ཁོང་གིས་ང་ཚོར་སྐྱབས་པའི་འཕྲིན་བཟང་ཉིན་རེར་ཤོད། 3ཁོང་གི་གཟི་བརྗིད་སྐོར་ལ་མི་རིགས་རྣམས་ལ་ཤོད། ཁོང་གི་མཛད་འཕྲིན་རླབས་ཆེན་ཀུན་ལ་ཤོད། 4གཙོ་བོ་དཀོན་མཆོག་ཁོང་ནི་རླབས་ཆེན་ཡིན་པས་བསྟོད་དགོས་སོ། ལྷ་རྟེན་ཀུན་ལས་མང་བ་ཁོང་ལ་གུས་བཀུར་བྱོས། 5གཞན་ཡུལ་ཀུན་གྱི་ལྷ་རྣམས་འདྲ་སྐུ་གཅིག་པུ་ཡིན། འོན་ཀྱང་གཙོ་བོ་དཀོན་མཆོག་ཁོང་གིས་མཐོ་རིས་བཀོད། 6གཟི་བརྗིད་དང་དཔལ་གྱིས་ནི་ཁོང་ལ་བསྐོར། སྟོབས་དང་མཛེས་སྡུག་གིས་ནི་ཁོང་གི་མཆོད་ཁང་གང་། 7ས་གཞིའི་མི་རྣམས་ཀུན་ཁོང་ལ་བསྟོད་ཤིག། ཁོང་གི་གཟི་བརྗིད་མཐུ་སྟོབས་སྐོར་ལ་བསྟོད། 8གཙོ་བོ་དཀོན་མཆོག་ཁོང་གི་གཟི་བརྗིད་ལྡན་པའི་མཚན་ལ་བསྟོད། འབུལ་བ་འཁྱེར་ནས་ཁོང་གི་མཆོད་ཁང་ནང་ཤོག་ཅིག། 9དམ་པ་མཆོག་མཇལ་དུས་ཁོང་ལ་ཕྱག་འཚོལ་ཞིག། འཇིག་རྟེན་ཀུན་གྱི་ཁོང་དྲུང་འདར་འགྱུར་ཅིག། 10གཙོ་བོ་དཀོན་མཆོག་རྒྱལ་པོ་ཡིན་པ་མི་རིགས་ཀུན་ལ་ཤོད། ས་གཞི་བརྟན་པོར་འཇོག་པས་གཡོ་མི་ཐུབ། ཁོང་གིས་མི་ཚོར་དྲང་བདེན་སྒོ་ནས་ཁྲིམས་གཅོད་གནང་། 11ས་གཞི་དང་ནི་ནམ་མཁས་དགའ་བར་བྱོས། རྒྱ་མཚོ་དང་དེའི་ནང་ཡོད་པའི་སྲོག་ཆགས་ཚང་མས་ངར་སྐད་རྒྱོབ་ཅིག། 12ཐང་དང་ཁྱོད་ནང་ཡོད་ཚད་ཚང་མས་དགའ་སྤྲོ་བྱོས། ནགས་ཀྱི་ཤིང་རྣམས་དགའ་བས་སྐད་ཅོར་རྒྱོབ། 13ས་གཞིར་རྒྱལ་སྲིད་སྐྱོང་བར་གཙོ་བོ་དཀོན་མཆོག་ཁོང་ཕེབས་སྐབས། ཁོང་གིས་འཇིག་རྟེན་མི་ཚོར་ཁྲིམས་དྲང་ཐོག་ནས་རྒྱལ་སྲིད་བསྐྱངས༎

གསུང་མགུར 97

དཀོན་མཆོག་ནི་སྲིད་སྐྱོང་པ་གཙོ་བོ།

1གཙོ་བོ་དཀོན་མཆོག་རྒྱལ་པོ་ཡིན་པས་ས་གཞིར་དགའ་བར་བྱོས། རྒྱ་མཚོ་རྣམས་ཀྱི་གླིན་ཕྲན་ཚོ་ཁྱོད་ཚོ་དགའ་བར་བྱོས། 2ཁོང་ལ་སྤྲིན་དང་མུན་པས་ཡོངས་སུ་བསྐོར། ཁོང་གིས་དྲང་བདེན་དང་དྲང་པོའི་ཁྲིམས་ལྟར་རྒྱལ་སྲིད་བསྐངས། 3ཁོང་གི་མདུན་དུ་མེ་རྒྱུག་པ་དང། ཁོང་གི་ཕྱོགས་བཞིར་དགྲ་བོ་ཚོར་ཚར་གཅོད་བཏང་བཞིན་འདུག། 4ཁོང་གིས་གློག་འཁྱུག་ས་གཞིར་འོད་ཟེར་འཕྲོས། ས་གཞིས་དེ་མཐོང་ནས་འདར། 5གཙོ་བོ་དཀོན་མཆོག་མདུན། ས་གཞི་ཀུན་གྱི་གཙོ་བོའི་མདུན། རི་རྣམས་སྤྲ་ཚིལ་བཞིན་དུ་བཞུར། 6མཐོ་རིས་རྣམས་ཀྱིས་ཁོང་གི་དྲང་བདེན་གསལ་བསྒྲགས་བྱས། མི་རིགས་ཀུན་གྱི་ཁོང་གི་གཟི་བརྗིད་མཐོང་། 7འདྲ་སྐུ་མཆོད་མཁན་ཚོ་ནི་ངོ་ཚར་ཚུད། ལྷ་རྣམས་གཙོ་བོ་དཀོན་མཆོག་ཁོང་གི་དྲུང་དུ་ཕྱག་འཚལ་གྱིས། 8ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དཔྱད་མཚམས་ཀྱིས། ཛི་ཡོན་གྱི་མི་མང་དགའ་བ་དང་། ཡ་ཧུ་དཱ་ཡི་གྲོང་ཁྱེར་རྣམས་དགའ་མགུར་རངས། 9ཀུན་དབང་ལྡན་པའི་གཙོ་བོ་ཁྱེད་ནི་ས་གཞིར་འཕགས་པའི་སྲིད་སྐྱོང་པ་ལགས། ལྷ་རྣམས་ཀུན་ལས་ཁྱེད་ནི་ཧ་ཅང་མཐོ། 10གཙོ་བོ་དཀོན་མཆོག་ཁོང་གིས་ངན་པར་སྡང་མཁན་གཅེས་པོ་གནང་། ཁོང་གི་རང་གི་འབངས་ལ་སྲུང་སྐྱོབ་གནང་། ཁོང་གིས་དེ་ཚོར་ངན་པའི་སྟོབས་ལས་སྐྱབས། 11དྲང་བདེན་མི་ཚོའི་སྟེང་དུ་འོད་ཟེར་འཕྲོ། བཟང་པོ་རྣམས་ཀྱི་སྟེང་དུ་དགའ་སྤྲོའི་ཁྱབས། 12གཙོ་བོ་དཀོན་མཆོག་ཁོང་གིས་བྱ་བ་ཇི་གནང་དེའི་རྐྱེན་གྱིས། ཁྱོད་ཚོ་དྲང་བདེན་ཡིན་པ་ཚང་མས་དགའ་ཞིང་མགུ། དམ་པའི་དཀོན་མཆོག་ཇི་མཛད་ལ། དྲན་ལས་ཁོང་ལ་བསྟོད་ཅིང་གཏང་རག་འབུལ༎

གསུང་མགུར 98

དཀོན་མཆོག་ནི་འཇིག་རྟེན་གྱི་སྲིད་སྐྱོང་མཁན།

1གཙོ་བོ་དཀོན་མཆོག་ཁོང་ལ་མགུར་མ་གསར་པ་ལེན། ཁོང་གིས་མཚར་ཆེ་བའི་བྱ་བ་གནང་། རང་གི་དམ་པའི་སྟོབས་ཀྱིས་ཁོང་ནི་རྒྱལ། 2གཙོ་བོ་དཀོན་མཆོག་ཁོང་གིས་རང་གི་རྒྱལ་ཁའི་སྐོར་ལ་སྒྲགས། སྐྱོབ་ཐུབ་པའི་མཐུ་སྟོབས་ཀྱི་སྐོར་ལ་ཁོང་རང་གིས། མི་རིགས་ཀུན་ལ་ཁོང་གིས་གསུངས་གནང་མཛད། 3ཨིསི་རཱཨེལ་ཆེད་དུ་ཡོད་པའི་རྒྱུན་ལྡན་ཐུགས་བརྩེ་དང་། དམ་ཚིག་སྒོ་ནས་དེ་ཚོ་མཉམ་དུ་གནང་བའི་དམ་བཅའ་བཞག། ས་གནས་ཀུན་གྱི་མི་རྣམས་ཡོངས་རྫོགས་ནས། ང་ཚོའི་དཀོན་མཆོག་རྒྱལ་ཁ་ཐོབ་པ་མཐོང་། 4འཇིག་རྟེན་ཀུན་གྱི་གཙོ་བོ་དཀོན་མཆོག་ཁོང་ལ་དགའ་གླུ་ལེན། དགའ་བའི་གླུ་དང་སྒྲ་ཡི་ཁོང་ལ་བསྟོད། 5གཙོ་བོ་དཀོན་མཆོག་ལ་བསྟོད་བསྔོགས་ཤིག། པི་ཝང་བཏང་ནས་མགུར་མ་ལེན། 6དུང་དང་རག་དུང་སོགས་ཀྱི་ང་རོ་སྒྲོག། ང་ཚོའི་རྒྱལ་པོ་གཙོ་བོ་དཀོན་མཆོག་ལ་བསྟོད་བསྔོགས་ཤིག། 7མཚོ་དང་དེའི་ནང་ཡོད་སྲོག་ཆགས་ཚང་མས་ངར་སྐད་རྒྱོབ་ཅིག། ས་གཞི་དང་དེའི་ནང་གནས་ཚང་མས་དགའ་གླུ་ལེན། 8གཙོ་བོ་དཀོན་མཆོག་དྲུང་དུ་གཙང་པོ་རྣམས་ལག་པ་རྡོབས། རི་རྣམས་ཕྱོགས་གཅིག་བྱེད་ནས་དགའ་བའི་ངང་གླུ་ལེན། 9གང་ལགས་ཟེར་ན་ཁོང་ནི་རྒྱལ་སྲིད་སྐྱོང་ཕྱིར་ས་གཞིར་ཕེབས། ཁོང་གིས་དྲང་པོའི་སྒོ་ནས་ཁྲིམས་དྲང་ལྟར། ས་གཞིའི་མིའི་ཐོག་རྒྱལ་སྲིད་བསྐྱངས༎

གསུང་མགུར 99

དཀོན་མཆོག་ཆེས་མཐོའི་རྒྱལ་པོ།

1གཙོ་བོ་དཀོན་མཆོག་ཁོང་ནི་རྒྱལ་པོ་ཡིན། མི་རྣམས་ནི་ཐམས་ཅད་འདར་བཞིན་འདུག། ཁོང་ཀེ་རུབ་རྣམས་སྟེང་དུ་རྒྱལ་ཁྲིར་བཞུགས་ཡོད། ས་གཞི་འགུལ་བཞིན་འདུག། 2ཛི་ཡོན་དུ་ནི་གཙོ་བོ་དཀོན་མཆོག་ཀུན་དབང་ལགས། ཁོང་ནི་མི་རིགས་ཀུན་ཐོག་ཆེས་མཐོ་ཡིན། 3ཚང་མས་ཁོང་གི་མཚན་ཆེན་དང་གཟི་བརྗིད་ལྡན་པར་བསྟོད། ཁོང་ནི་དམ་པ་ཡིན། 4ཀུན་དབང་ལྡན་པའི་རྒྱལ་པོ་ཁྱེད་ཀྱིས་བདེན་པ་ཡིན་པར་གཅེས་འཛིན་གནང་། ཨིསི་རཱཨེལ་ཁྲོད་དུ་ཞལ་ཆེ་བརྟན་པོར་བཙུགས། ཁྱེད་ཀྱི་དྲང་བདེན་དང་དྲང་པོ་འཁྲིད། 5ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད། ཁོང་གི་རྒྱལ་ཁྲིའི་མདུན་དུ་མཆོད། ཁོང་ནི་དམ་པ་ཡིན། 6མོ་ཤེས་དང་ནི་ཨ་རོན་ཁོང་གི་བླ་མ་ཡིན། ཁོང་ལ་སྨོན་ལམ་བཏབ་མཁན་གཅིག་དེ་ཤ་མུ་ཨེལ་ཡིན། དེ་ཚོས་གཙོ་བོ་དཀོན་མཆོག་ལ་ཞུས་པས་བཀའ་ལན་གནང་། 7ཁོང་གིས་སྤྲིན་གྱི་ཀ་བའི་ནང་ནས་དེ་ཚོར་གསུང་གླེང་གནང་། ཁོང་གི་གནང་བའི་བཀའ་ཁྲིམས་དེ་ཚོས་སྲུང་། 8ཀྱེ་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག། ཁྱེད་ཀྱི་མི་འབངས་ཚོར་བཀའ་ལན་གནང་། ཁྱེད་ཀྱིས་དེ་ཚོར་སྡིག་པའི་ཉེས་ཆད་གནང་ན་ཡང་། ཁྱེད་ནི་སྡིག་སེལ་གནང་མཁན་དཀོན་མཆོག་ཡིན་པ་དེ་ཚོར་སྟོན། 9ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད། ཁོང་གི་རི་བོ་དམ་པར་མཆོད་པར་འབུལ། གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ཁོང་ནི་དམ་པ་ཡིན༎

གསུང་མགུར 100

1ས་གཞི་ཡོངས་ཀྱིས་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་བསྔོགས་ཤིག། 2དགའ་བའི་ངང་ནས་ཁོང་ལ་མཆོད་པ་འབུལ། དགའ་ཞིང་མགུར་མ་ལེན་ནས་ཁོང་དྲུང་ཤོག། 3གཙོ་བོ་དཀོན་མཆོག་ཁོང་ནི་དཀོན་མཆོག་ཡིན་པ་ཁས་ལེན་ཅིག། ང་ཚོ་ཁོང་གིས་བཟོས་པས་ང་ཚོ་ཁོང་གི་ཡིན། ང་ཚོ་ཁོང་གི་མི་འབངས་དང་ལུག་ཚོགས་ཡིན། 4ཁོང་གི་མཆོད་ཁང་སྒོར་གཏང་རག་འབུལ་ནས་འཛུལ། དེའི་ཁྱམས་རར་བསྟོད་བསྔགས་ལེན་བཞིན་སོང་། གཏང་རག་འབུལ་ཞིང་ཁོང་ལ་བསྟོད་བསྔོགས་ཤིག། 5གཙོ་བོ་དཀོོན་མཆོག་ཁོང་ནི་བཟང་ཞིང་། ཁོང་གི་བྱམས་པ་མཐའ་མེད་དོ། ཁོང་གི་དམ་ལྡན་ཚུལ་ནི་རྒྱུན་དུ་གནས༎

གསུང་མགུར 101

རྒྱལ་པོའི་དམ་བཅའ།

1ང་ཡི་མགུར་མ་དམ་ཚིག་ཕྱོགས་འཛིན་དང་ཁྲིམས་དྲང་གི་སྐོར་ལ། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དོན་དུ་བཏང་བཞིན་ཡོད། 2ང་ཡི་སྤྱོད་ལམ་གཙང་བར་བྱུང་བ་དང་། ཁྱེད་ནི་ངའི་རྩར་ནམ་ཕེབས་སམ། ང་ནི་ཁྱིམ་དུ་མི་ཚེ་གཙང་མ་སྐྱེལ། 3ང་ནི་ངན་པར་ནམ་ཡང་བཟོད་སྲན་བྱེད་མི་ཡོང། དཀོན་མཆོག་ནས་ཁ་བསྒྱུར་མཁན་ཚོའི་བྱ་བ་ང་ཡིས་སྡང། དེ་ཚོ་མཉམ་དུ་ང་བྱུས་ཐོགས་གང་ཡང་བཞག་གི་མེད། 4ང་ནི་དྲང་མིན་སྤྱོད་ཚུལ་བྱེད་ཀྱི་མིན། ལས་ངན་བྱེད་མི་མཉམ་དུ་ལག་འབྲེལ་བྱེད་མི་འགྱུར། 5གཞན་སྨད་ར་བརྗོད་མཁན་དེ་ལ་ང་ནི་ཕྱིར་དོར་རྒྱུ་ཡིན། ང་རྒྱལ་གྱོང་པོའི་མི་ལ་ང་ནི་བཟོད་མི་ཐུབ། 6དཀོན་མཆོག་མཉམ་དམ་ཚིག་ཅན་གནས་མིར་ང་ནི་བློ་མོས་བྱ་རྒྱུ་ཡིན། དེ་ཚོ་ང་ཡི་ཕོ་བྲང་ནང་དུ་གནས་འཇུག་གོ། དྲང་པོ་ཡིན་པར་ང་ཡི་ཞབས་ཏོག་བྱེད་དུ་འཇུག། 7མི་རྫུན་ཅན་ང་ཡི་ཕོ་བྲང་ནང་མི་གནས། ཟོག་པོ་ང་ཡི་མདུན་དུ་གནས་པར་མི་འགྱུར། 8ང་ཚོའི་ཡུལ་དུ་ཡོད་པའི་མི་ངན་རྣམས་ལ་ནི། ང་ནི་ཉིན་རེ་བཞིན་དུ་ཚར་གཅོད་བྱེད་རྒྱུ་ཡིན། གཙོ་བོ་དཀོན་མཆོག་ཁོང་གི་གྲོང་ཁྱེར་ནས། ངན་པ་རྣམས་ང་ཡིས་དེད་པར་འགྱུར༎

གསུང་མགུར 102

དཀའ་ངལ་ནང་དུ་ཚུད་ཡོད་པའི་ན་གཞོན་ཞིག་གི་སྨོན་ལམ།

1གཙོ་བོ་དཀོན་མཆོག་ང་ཡི་སྨོན་ལམ་གསན་རོགས་གནང་། སྐྱབས་གྲོགས་ཕྱིར་ང་ཡི་འོ་དོད་ལ་ནི་གསན་པར་མཛོད། 2དཀའ་ངལ་དུས་སུ་ང་ལ་ཁྱེད་ཀྱི་ཞལ་མ་བསྒྱུར། ང་ཡི་འབོད་དུས་གསན་ནས་མྱུར་དུ་བཀའ་ལན་གནང་། 3ང་ཡི་མི་ཚེ་དུ་བ་བཞིན་དུ་ཡལ་བཞིན་ཡོད། ང་ཡི་གཟུགས་ནི་མེ་དང་འདྲ་བ་འཚིག་བཞིན་འདུག། 4ང་ནི་རྩ་སྐམ་ལྟར་བརྡུང་ནས་སོང་ཡོད་དོ། ང་ལ་ཁ་ཟས་ཟ་བའི་འདོད་པ་ཡལ་ཡོད་དོ། 5ང་ནི་དཀའ་ངལ་ནང་དུ་སྐད་ཅོར་རྒྱབ་ཀྱི་ཡོད། ང་ནི་སྐང་ཞིག་རུས་ལྤགས་གཅིག་པུ་ཆགས་ནས་ཡོད། 6ང་ནི་འབྲོག་སྟོང་དུ་ནགས་ཀྱི་བྱ་དང་འདྲ་བ་ཡོད། སྤངས་བའི་གྱང་གོག་ནང་བསྡད་པའི་འུག་པ་འདྲ་བ་ཡོད། 7ང་ནི་ཉལ་ཡང་གཉིད་ནི་མ་ཁུག་བསྡད་ཀྱི་ཡོད། ཁང་པའི་ཐོག་གི་བྱིའུ་དང་འདྲ་གཅིག་པོ་ཡིན། 8ང་ཡི་དགྲ་ཚོས་ཉིན་གང་དམའ་འབེབས་གཏོང་། ང་ལ་འཕྱ་མཁན་འདི་ཚོས་ང་ཡི་མིང་སྨོན་ལོག་འདེབས་པར་བེད་དཔྱོད་བྱེད། 9-10ཁྱེད་ཀྱི་ཁྲོ་བ་དང་ནི་ཐུགས་ཁྲོའི་རྐྱེན་གྱིས་ནི། གོག་ཐལ་དེ་ཚོ་ང་ཡི་ཁ་ཟས་སུ་འགྱུར་ཡོད། བཏུང་བའི་ནང་དུ་ང་ཡི་མི་ཆུ་སྲེས་ནས་ཡོད། ཁྱེད་ཀྱིས་ང་ལ་ཡར་ལ་སླང་ནས་དབྱུགས་གནང་ངོ་། 11ང་ཡི་མི་ཚེ་དགོང་དྲོའི་གྲིབ་ནང་བཞིན་དུ་ཡོད། ང་ནི་རྩ་དང་འདྲ་བ་སྐམ་པོ་ཡོད། 12འོན་ཀྱང་དཀོན་མཆོག་ཁྱེད་ནི་རྒྱུན་དུ་རྒྱལ་ཡིན། མི་རབས་ཡོངས་ཀྱིས་ཁྱེད་ལ་དྲན་གསོ་བྱས་པར་འགྱུར། 13ཁྱེད་ནི་བཞེངས་ནས་ཛི་ཡོན་ལ་སྙིང་རྗེ་གནང་བར་འགྱུར། མོ་ལ་སྙིང་རྗེ་བྱེད་པའི་དུས་དེ་སླེབས་ཚར་འདུག། དུས་ཚོད་འདི་ནི་རྟག་རྟག་རེད། 14ཛི་ཡོན་མེད་པར་སོང་ཡང་ཁྱེད་ཀྱི་བྲན་པོས་གཅེས་པ་དང་། མོ་ནི་གྱང་གོག་དུ་འགྱུར་ཡང་དེ་ཚོས་མོ་ལ་སྙིང་རྗེད་གནང། 15མི་རིགས་རྣམས་ཀྱིས་གཙོ་བོ་དཀོན་མཆོག་ལ་ནི་འཇིགས་པར་འགྱུར། ས་གཞིའི་རྒྱལ་པོ་ཀུན་གྱིས་ཁོང་གི་སྟོབས་ལ་འཇིགས། 16གཙོ་བོ་དཀོན་མཆོག་གིས་ཛི་ཡོན་ལ་ནི་སྐྱར་གསོ་གནང་སྐབས། ཁོང་གི་རང་གི་རླབས་ཆེན་མངོན་པར་སྟོན་གནང་ངོ་། 17རང་གི་སྤངས་པའི་མི་ཡི་འོ་དོད་ཁོང་གིས་གསན། དེ་ཚོའི་སྨོན་ལམ་ཁོང་གིས་གསན། 18མ་འོངས་མི་རབས་ཆེད་དུ་གཙོ་བོ་དཀོན་མཆོག་གིས། ཁོང་གི་འཕྲིན་ལས་ཇི་གནང་སྐོར་ལ་བྲིས་ནས་བཞག། རྗེས་སུ་སྐྱེ་བའི་མི་ཆོས་ཁོང་ལ་བསྟོད་པར་འགྱུར། 19རང་གི་བཞུགས་གནས་དམ་པའི་མཐོ་བའི་ས་གནས་ནས་གཟིགས། ཁོང་གི་མཐོ་རིས་གནས་ནས་ས་གཞིར་གཟིགས་གནང་ངོ་། 20ཁོང་གིས་བཙོན་པ་རྣམས་ཀྱི་འོ་དོད་གསན་པ་དང་། སྲོག་གི་ཉེས་ཆད་འཕོག་པར་ཐར་གྲོལ་གནང་ངོ། 21དེར་བརྟེན་ཁོང་མཚན་ཛི་ཡོན་དུ་ནི་ཁྱབ་སྒྲགས་བྱེད་པར་འགྱུར། ཡེ་རུ་ཤ་ལེམ་དུ་ནི་ཁོང་ལ་བསྟོད་པར་འགྱུར། 22དེ་ཡི་དུས་སུ་མི་རིགས་དང་རྒྱལ་ཁབ་རྣམས། གཅིག་ཏུ་འཛོམས་ནས་གཙོ་བོ་དཀོན་མཆོག་ལ་མཆོད་དོ། 23ང་ནི་གཞོན་དུས་གཙོ་བོ་དཀོན་མཆོག་གིས་ངའི་སྟོབས་ཉམས་སུ་བཅུག། ཁོང་གིས་ང་ཡི་མི་ཚེ་ཐུང་རུ་མཛད་པ་གནང་། 24ང་ནི་ན་སོ་མ་རྒས་སྔོན་ནས་ཀྱེ་དཀོན་མཆོག། ད་ལྟ་གཞོན་ནུའི་དུ་ང་ལ་མ་བསྣམས་རོགས། 25ཡུན་རིང་སྔོན་དུས་ཁྱེད་ཀྱིས་ས་གཞི་བཀོད་པ་གནང་བ་དང་། ཁྱེད་ཀྱི་རང་གི་ཕྱག་གིས་མཐོ་རིས་བཀོད་གནང་ངོ་། 26དེ་ཚོ་ཡལ་བར་སོང་ཡང་ཁྱེད་ནི་རྟག་ཏུ་བཞུགས། གོས་དང་འདྲ་བ་དེ་ཚོ་ཚང་མ་རྙིད་པར་འགྱུར། ཁྱེད་ཀྱིས་དེ་ཚོར་གོས་བཞིན་དུ་དབྱུགས་པ་གནང་བ་དང། དེ་ཚོ་ཡལ་བར་འགྱུར། 27འོན་ཀྱང་ཁྱེད་ནི་རྒྱུན་དུ་བསྒྱུར་བ་མེད་པར་བཞུགས། ཁྱེད་ཀྱི་སྐུ་ཚེ་དེ་ནི་ཐོག་མཐའ་མེད། 28ང་ཚོའི་བུ་ཕྲུག་རྣམས་ནི་ཁམས་བཟང་འཚོ་བ་དང་། ཁྱེད་ཀྱི་སྲུང་སྐྱོབ་འོག་ཏུ་དེ་ཚོའི་རིགས་བརྒྱུད་བརྟེན་པོ་གནས༎

གསུང་མགུར 103

དཀོན་མཆོག་གི་བྱམས་པ།

1ང་ཡི་སེམས་ཉིད་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད། ང་ཡི་སྲོག་ཁོང་མཚན་དམ་པར་བསྟོད་བསྔགས་ཕུལ་ཞིག། 2ང་ཡི་སྲོག་ཀྱི་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད། ཁོང་གི་བཀའ་དྲིན་ཇི་འདྲ་ཡིན་པ་མ་རྗེད་ཅིག། 3ང་ཡི་སྡིག་པ་ཚང་མ་ཁོང་གི་བཤགས་གནང་ཡོད། ང་ཡི་ནད་རྣམས་ཡོངས་སུ་ཁོང་གིས་དྲག་གསོ་མཛད། 4ཁོང་གི་ང་ལ་འཆི་བ་ལས་སྐྱོབས་གནང་བ་དང། བྱམས་པ་དང་སྙིང་རྗེས་བྱིན་རླབས་གནང་ངོ་། 5ཁོང་གི་ང་ཡི་མི་ཚེར་དངོས་པོ་བཟང་པོས་གང་གནང་བས་། ང་ནི་ན་གཞོན་བྱ་གླག་ལྟ་བུར་གནས། 6གཙོ་བོ་དཀོན་མཆོག་གིས་མནར་གཅོད་ནང་ཚུད་རྣམས་ཀྱི་ཚབ་ཏུ་ཁྲིམས་གཅོད་མཛད། དེ་ཚོའི་ཐོབ་སྐལ་རྣམས་དེ་ཚོར་གནང། 7ཁོང་གིས་མོ་ཤེས་ལ་ནི་རང་གི་འཆར་གཞི་སྟོན་གནང་བ་དང་། ཨིསི་རཱཨེལ་ལ་ནི་རང་མཛད་འཕྲིན་སྟོན་གནང་ངོ་། 8གཙོ་བོ་དཀོན་མཆོག་བྱམས་པ་དང་ནི་སྙིང་རྗེ་ཅན། ཐུགས་ཁྲོར་འགོར་ཞིང་རྒྱུན་ལྡན་ཐུགས་བརྩེ་ཅན་ལགས་སོ། 9ཁོང་ནི་རྒྱུན་དུ་བཀའ་བཀྱོན་མི་གནང་ཞིང་། ཁོང་གིས་རྒྱུན་དུ་ཁྲོ་བ་འཇོག་པར་མི་གནང་ངོ་། 10ང་ཚོར་ཐོབ་འོས་ཉེས་ཆད་ཁོང་གིས་གནང་མི་ཡོང་། ཡང་ན་ང་ཚོའི་ཉེས་སྡིག་བཞིན་དུ་ཁོང་གིས་ལན་མི་འཇལ། 11ས་གཞི་ནས་ནི་ནམ་མཁའ་ཇི་ཙམ་མཐོ་བ་ཡོད། ཁོང་ལ་གུས་བཀུར་ཞུས་མིར་ཁོང་གི་ཐུགས་བརྩེ་དེ་ལྟར་ཆེ། 12ཤར་ནས་ནུབ་བར་ཇི་ཙམ་ཐག་རིང་ཡོད། དེ་བཞིན་ང་ཚོའི་སྡིག་པ་ང་ཚོ་ནས་ཁོང་གིས་ཐག་རིང་མཛད། 13ཕ་ཡི་རང་གི་ཕྲུ་གུ་ཚོར་ཇི་ལྟར་སྙིང་རྗེ་གནང་བ་བཞིན། རང་ལ་གུས་ཞབས་མཁན་ཚོར་དེ་བཞིན་སྙིང་རྗེ་གནང་། 14ཁོང་གིས་ང་ཚོ་ཅི་ཡི་བཟོ་བ་མཁན་པ་དང་། ང་ཚོ་ནི་ས་ནས་བཟོས་པ་ཡིན་པ་ཁོང་གིས་དྲན། 15ང་ཚོའི་མི་ཚེ་ནི་རྩ་དང་འདྲ་བ་དང་། ང་ཚོ་ནགས་ཀྱི་མེ་ཏོག་བཞིན་དུ་སྐྱེས་ནས་འཕེལ་བ་དང་། 16དེ་ནས་དེ་ཡི་སྟེང་དུ་ལྷག་པ་ཕོག་པས་དེ་ནི་ཡལ། སླར་ཡང་དེ་ལ་སུས་ཀྱང་མཐོང་བར་མི་འགྱུར་རོ། 17-18འོན་ཀྱང་ཁོང་ལ་གུས་བཀུར་ཞུས་མཁན་དེ་ཚོ་ལ། ཁོང་གི་བྱམས་པ་དེ་ནི་རྒྱུན་དུ་གནས་པར་འགྱུར་དང། བདེན་པའི་སྒོས་ནས་ཁོང་གི་དམ་བཅའ་སྲུང་མཁན་དང་། ཁོང་གི་བཀའ་རྒྱར་དམ་ཚིག་ཅན་སྒོ་ནས་སྲུང་མཁན་ཚོར། མི་རིབས་ཡོངས་ལ་ཁོང་གི་བཟང་བ་ཉིད་གནས་པར་འགྱུར། 19མཐོ་རིས་གནས་སུ་གཙོ་བོ་དཀོན་མཆོག་གི་རྒྱལ་ཁྲི་བཞག་པ་དང་། ཚང་མའི་སྟེང་དུ་ཁོང་ནི་རྒྱལ་པོ་ཡིན། 20ཁོང་གི་བཀའ་དྲིན་ཐོས་ཤིང་ཉན་པར་བྱེད་མཁན་ཁྱོད། སྟོབས་ལྡན་ཕོ་ཉ་རྣམས་ཀྱིས་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག། 21ཁོང་གི་མཐུ་དགོངས་སྒྲུབ་མཁན་ཞབས་ཏོག་པ། མཐོ་རིས་ཀྱི་དབང་ཚང་མས་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་བསྔོགས་ཤིག། 22ཁོང་གི་རྒྱལ་སྲིད་སྐྱོང་བའི་ས་གནས་ཀུན་གྱི་ནང་། བཀོད་པ་ཡོངས་ཀྱི་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག། ང་ཡི་སྲོག་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག།

གསུང་མགུར 104

བཀོད་པ་པོ་ལ་བསྟོད་པ།

1ང་ཡི་སྲོག་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག། ཀྱེ་གཙོ་བོ་དཀོན་མཆོག་ང་ཡི་དཀོན་མཆོག་ཁྱེད་ནི་ཇི་ལྟར་རླབས་ཆེན་ཡིན། ཁྱེད་ནི་གཟི་བརྗིད་ལྡན་པའི་ན་བཟའ་བཞེས་གནང་ཡོད། 2འོད་ཟེར་དེ་ཡིས་རང་ཉིད་བཀབ་ཡོད་ཅིང་། ཁྱེད་ཀྱིས་མཐོ་རིས་གུར་དང་འདྲ་བ་བཀྲམས་པ་དང་། 3ཁྱེད་ཀྱི་རང་གི་ཕོ་བྲང་ཆུའི་སྟེང་བཟོས་གནང་ཞིང་། ཁྱེད་ཀྱིས་སྤྲིན་རྣམས་རང་གི་ཤིང་རྟ་འཁོར་ལོར་སྤྱོད། ཁྱེད་ནི་རླུང་འཚུབ་འདབ་ཤོག་ཐོག་ཏུ་ཕེབས། 4ཁྱེད་ཀྱིས་རླུང་དེ་རང་གི་བང་ཆེན་ཆེད་དུ་བེད་སྤྱོད་གནང་། ནམ་མཁའི་གློག་དེ་རང་གི་ཞབས་ཕྱིར་བེད་སྤྱོད་གནང་། 5ཁྱེད་ཀྱིས་ས་གཞིར་དེས་ཡི་རྨང་གཞིར་བརྟན་པོ་འཛོག་གནང་བས། དེ་ནི་ནམ་ཡང་འགུལ་མི་འགྱུར། 6ཁྱེད་ཀྱིས་དེ་ལ་རྒྱ་མཚོ་ཆེན་པོའི་གོས་ལྟར་བཀབ་ནས་ཡོད། རི་བོ་ཆེན་པོ་རྣམས་ལ་ཆུ་ཡི་བཀབ་ནས་ཡོད། 7ཁྱེད་ཀྱིས་ཆུ་ལ་བཀའ་བཀྱོན་གནང་དུས་དེ་ཚོ་བྲོས། ཁྱེད་ཀྱི་བཀའ་རྒྱ་ཐོས་པས་དེ་ཚོ་ཕར་རྒྱུག་ནས་སོང། 8དེ་ཚོ་རི་བོ་འདི་ཚོའི་སྟེང་དང་ལུང་གཤོང་ཁག་ཏུ་ནི། ཁྱེད་ཀྱི་གྲ་སྒྲིགས་གནང་བའི་གནས་སུ་རྒྱུག་ནས་སོང་། 9བརྒལ་ནས་འགྲོ་མི་ཐུབ་པའི་མཚམས་ཤིག་བཟོས་གནང་བས། དེ་ཚོས་སྐྱར་དུ་ས་གཞི་ལ་ནི་བཀབ་མི་ཐུབ་པའི་ཕྱིར་ཡིན་ནོ། 10ཁྱེད་ཀྱིས་ལུང་གཤོང་ཁག་ཏུ་ཆུ་མིག་རྒྱུག་ཏུ་བཅུག། རི་རྣམས་ཀྱི་དབར་ནས་གཙང་པོ་རྣམས་རྒྱུག་ཏུ་བཅུག། 11དེ་ཚོས་གཅན་གཟན་རྣམས་ལ་འཐུང་ཆུ་བྱིན། ནགས་ཀྱི་བུང་བུས་གནས་དེར་སྐོམ་པ་སེལ་བར་བྱེད། 12དེ་ཡི་ཉེ་འགྲམ་ཤིང་སྡོང་སྟེང་དུ་བྱ་རྣམས་ཀྱིས། བསྡད་ཚང་བཟོས་ཏེ་ཡལ་གའི་སྟེང་དུ་གླུ་ལེན་ནོ། 13ཁྱེད་ཀྱིས་གནམ་ནས་རི་བོ་རྣམས་ཀྱི་སྟེང་དུ་ཆར་པ་བཏང་། ཁྱེད་ཀྱི་བྱིན་རླབས་ཀྱིས་ས་གཞི་གང་ནས་ཡོད། 14ཁྱེད་ཀྱིས་དུད་འགྲོའི་ཆེད་དུ་རྩ་དང་། མི་ཡིས་བེད་སྤྱོད་ཆེད་དུ་རྩི་ཤིང་རྣམས་བཟོས། དེ་རྐྱེན་དེ་ཚོས་ལོ་ཏོག་སྐྱེ་བར་བྱེད་ཐུབ་བོ། 15དེ་ཚོ་སྐྱིད་པོ་ཡོང་བའི་ཕྱིར་རྒུན་ཆང་དང་། དེ་ཚོར་དགའ་བ་ཐོབ་པའི་ཕྱིར་སྐྱུར་སྣུམ་དང་། དེ་ཚོར་ལུས་སྟོབས་རྒྱས་པའི་ཆེད་དུ་བག་ལེབ་གནང་། 16གཙོ་བོ་དཀོན་མཆོག་ཁོང་གིས་ལེབ་ནོན་ས་གནས་སུ། བཙུགས་པའི་འགྱམ་ཤིང་འདི་ཚོར་ཆར་ཆུ་མང་པོ་ཐོབ། 17བྱ་རྣམས་ཀྱིས་ནི་དེར་རང་གི་ཚང་རྣམས་བཟོ་ཞིང་། སོམ་ཤིང་དེར་ཁྲུང་ཁྲུང་གིས་ཚང་བཟོ་ཞིང་གནས། 18རི་བོ་མཐོ་སར་ནགས་ཀྱི་ར་རྣམས་གནས་པ་དང་། བྲག་ངོས་གཟར་པོ་ལ་གྲུམ་པ་ཚོ་ནི་གབ་ནས་བསྡད། 19ཟླ་ཚེས་དབྱེ་ཕྱིར་ཟླ་བ་བཟོས་པ་གནང་བ་དང་། ཉི་མས་རང་གི་ཉི་མ་རྒས་པ་ཤེས་ཀྱིས་ཡོད། 20ཁྱེད་ཀྱིས་མཚན་མོ་བཟོས་པས་མུན་པའི་ནང་དུ་ནི། གཅན་གཟན་རྣམས་ནི་ཕྱི་རུ་ཐོན། 21སེང་གེ་དར་མས་ཁྱི་རའི་ཕྱིར་དུ་ངར་སྐད་འདོན། དེ་ཚོས་དཀོན་མཆོག་ཁོང་གིས་གནང་བས་ཁ་ཟས་འཚོལ། 22ཉི་མ་ཤར་སྐབས་དེ་ཚོ་ལོག་པ་དང་། དེ་ཚོ་རང་རང་སོ་སོའི་ཚང་ནང་ཉལ་ཕྱིར་ལོག། 23དེ་ནས་མི་རྣམས་རང་གི་ལས་ཀར་ཕྱི་རུ་ཐོན་པ་དང་། དེ་ཚོ་དགོང་དྲོ་བར་དུ་ལས་ཀ་བྱེད་བཞིན་བསྡད། 24གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དངོས་པོ་མང་པོ་བཟོས་པ་དང་། ཁྱེད་ཀྱིས་ཇི་ལྟར་ཤེས་རབ་སྒོ་ནས་འདི་ཚོ་ཚང་མ་བཟོས་གནང་ངོ་། ས་གཞིར་ཁྱེད་ཀྱི་བཀོད་པ་རྣམས་ཀྱི་གང་ནས་ཡོད། 25སྲོག་ཆགས་ཆེ་ཆུང་གྲངས་མེད་རྣམས། གནས་ཕྱིར་རྒྱ་མཚོ་ཆེ་ཞིང་ཞེང་ཁ་ཆེ་བ་ཡོད། 26གྲུ་གཟིང་རྣམས་དེའི་སྟེང་འགྲོ་བ་དང། ཁྱེད་ཀྱིས་བཟོས་པའི་རྒྱ་མཚོའི་སེམས་ཅན་ལེ་ཝི་ཡ་ཏན་དེ་ནང་རྩེད། 27དེ་ཚོར་དུས་སུ་ཟ་རྒྱུ་ཐོབ་པའི་ཕྱིར། དེ་ཚོ་ཚང་མས་ཁྱེད་ལ་བློ་བཀལ་བཞིན་ཡོད། 28ཁྱེད་ཀྱིས་ཟ་རྒྱུ་གནང་བ་དེ་ཚོས་ཟ་བ་དང་། ཁྱེད་ཀྱིས་གནང་བའི་ཟས་ཀྱི་དེ་ཚོ་འགྲངས་སོ། 29ཁྱེད་ཀྱི་ཞལ་རས་བསྒྱུར་དུས་དེ་ཚོ་འཇིགས་པ་དང་། ཁྱེད་ཀྱིས་དེ་ཚོའི་དབུགས་ནི་འཁྱེར་སྐབས་དེ་ཚོ་འཆི། དེ་ཚོ་ཡོང་བའི་ཐལ་བར་ཕྱིར་ལོག་བྱེད། 30འོན་ཀྱང་ཁྱེད་ཀྱིས་དེ་ཚོར་དབུགས་གནང་སྐབས་དེ་ཚོ་བཀོད་ཅིང། འཇིག་རྟེན་ལ་ནི་མི་ཚེ་གསར་པ་གནང་། 31གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ཇི་སྲིད་ནམ་གནས་པར་ཤོག། གཙོ་བོ་དཀོན་མཆོག་ཉིད་ཀྱི་མཛད་པར་ཐུགས་མཉེས་པར་ཤོག། 32ཁོང་གིས་ས་གཞིར་གཟིགས་སྐབས་དེ་འདར་བར་བྱེད་དོ། ཁོང་གིས་རི་རྣམས་འཆང་བས་དེ་ཚོ་ལས་དུ་བ་ཐོན། 33ང་ཡི་མི་ཚེ་རིང་གཙོ་བོ་དཀོན་མཆོག་དྲུང་གླུ་ལེན་རྒྱུ་ཡིན། ང་ནི་ཇི་ཙམ་གསོན་རིང་ང་དཀོན་མཆོག་ཁོང་ལ་བསྟོད་ཀྱིས་ཡིན། 34ང་ཡི་མགུར་མ་འདི་ལ་ཁོང་གི་ཐུགས་མཉེས་ཤོག། གང་ལགས་ཟེར་ན་ང་ཡི་དགའ་བ་ཁོང་ནས་ཐོབ། 35སྡིག་ཅན་མི་རྣམས་ས་གཞི་འདི་ནས་མེད་པར་ཤོག། མི་ངན་རྣམས་ཀྱི་མིང་ཡང་རྩ་མེད་ཡལ་བར་ཤོག། ང་ཡི་སྲོག་ཁྱོད་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག། གཙོ་བོ་དཀོན་མཆོག་ལ་བསྟོད་བསྔོགས་ཅིག།

གསུང་མགུར 105

དཀོན་མཆོག་དང་ཁོང་གི་མི་འབངས།

(༡ རྒྱལ་རབས་ ༡༧:༨-༢༢)

1གཙོ་བོ་དཀོན་མཆོག་ལ་ནི་གཏང་རག་འབུལ་བར་གྱིས། ཁོང་གི་རླབས་ཆེན་གསལ་སྒྲགས་བྱོས་ཤིག་དང་། ཁོང་གི་བྱ་བ་ཇི་མཛད་མི་རིགས་རྣམས་ལ་ཤོད། 2གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་པའི་མགུར་མ་ལེན། ཁོང་གིས་གནང་བའི་མཛད་འཕྲིན་ཡ་མཚན་སྐོར་ལ་ཤོད། 3ང་ཚོ་ཁོང་ཉིད་ཀྱི་འབངས་ཡིན་པའི་དགའ་ཚོར་གྱིས། ཁོང་ལ་མཆོད་མཁན་ཚང་མས་དགའ་སྤྲོ་བྱོས་ཤིག། 4སྐྱབས་གྲོགས་ཕྱིར་དུ་གཙོ་བོ་དཀོན་མཆོག་དྲུང་དུ་སོང་། ཁོང་ལ་དུས་ནི་རྒྱུན་ནས་རྒྱུན་དུ་མཆོད་པར་གྱིས། 5-6ཁོང་གི་བྲན་གཡོག་ཨབ་ར་ཧམ་གྱི་རིགས་བརྒྱུད་ཚོ། ཁོང་གིས་འདམས་པའི་མི་ཡ་ཀོབ་རིགས་བརྒྱུད་ཚོ། ཁྱོད་ཚོས་ཁོང་གི་མཛད་པ་རྫུ་འཕྲུལ་རྣམས་དང་། ཁོང་གིས་གནང་བའི་ཁྲིམས་གཅོད་རྣམས་དྲན་གསོ་གྱིས། 7གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ཡིན་པ་དང་། ཁོང་གི་བཀའ་ཁྲིམས་རྣམས་ས་གཞི་ཡོངས་ཀྱི་ཆེད་དུ་ཡིན། 8ཁོང་གི་རང་གི་དམ་བཅའ་དུས་ནི་གཏན་གྱི་ཕྱིར། རང་གི་ཞལ་ཆེ་མི་རབས་སྟོང་ཕྲག་བར་དུ་བཞག། 9ཁོང་གིས་ཨབ་ར་ཧམ་དང་བཞག་པའི་ཞལ་ཆད་དང་། ཨི་སག་མཉམ་དུ་ཁས་ལེན་གནང་བ་དེ་སྲུང་བར་འགྱུར། 10གཙོ་བོ་དཀོན་མཆོག་ཁོང་ནི་རྟག་ཏུ་གནས་པའི་ཕྱིར། ཡ་ཀོབ་དང་མཉམ་དམ་བཅའ་ཞིག་ནི་བཞག་གནང་ངོ་། 11ཁོང་གིས་ངས་ཁྱོད་ལ་ཀ་ནན་ཡུལ་ནི་སྤྲད་རྒྱུ་དང་། འདི་ནི་སོ་སོ་རང་ཉིད་ལ་ནི་བདག་པར་གསུངས། 12དཀོན་མཆོག་ཁོང་གི་མི་འབངས་གྲངས་ཉུང་ཡོད། དེ་ཚོ་ཀ་ནན་ཡུལ་ནང་ཕྱི་རྒྱལ་བ་ཡིན། 13དེ་ཚོ་ཡུལ་གཅིག་ནས་ཡུལ་གཞན་ཁག། རྒྱལ་ཁམས་གཅིག་ནས་རྒྱལ་ཁམ་གཞན་བར་འཁྱམ་བཞིན་ཡོད། 14འོན་ཀྱང་དཀོན་མཆོག་གིས་སུ་ཡང་ལ་དེ་ཚོར་མནར་གཅོད་གཏོང་མ་བཅུག། དེ་ཚོ་སྲུང་ཕྱིར་ཁོང་གིས་རྒྱལ་པོར་ཟོན་བརྡ་གནང་། 15ང་ཡིས་འདམས་པའི་བྲན་གཡོག་ཚོ་ལ་མནོད་མ་སྐྱེལ། ང་ཡི་ལུང་སྟོན་པ་ཚོར་ལག་པ་མ་འཆང་ཞིག། 16གཙོ་བོ་དཀོན་མཆོག་གིས་དེ་ཚོའི་ཡུལ་དུ་མུ་གེ་གཏོང་གནང་ཞིང་། དེ་ཚོའི་ཁ་ཟས་ཡོངས་སུ་འཕྲོག་ནས་འཁྱེར་འགྲོའོ། 17འོན་ཀྱང་ཁོང་གིས་དེ་ཚོའི་སྔོན་དུ་མི་ཞིག་གཏོང་གནང་ངོ། ཁོང་ནི་བྲན་གཡོག་དུ་འཚོང་བའི་ཡོ་སེབ་ཟེར་བ་ཡིན། 18-19ཁོང་ཡི་རྐང་པ་ལྕགས་སྒྲོག་གྱིས་ནི་བཅིང་པ་ཡིན། ཁོང་གི་བཤད་པའི་ལུང་བསྟན་རྣམས་ནི་མ་གྲུབ་བར། ཁོང་ཡི་མཇིང་པར་ལྕགས་སྒྲོག་གི་གོང་མས་བཅིངས་པ་ཡིན། གཙོ་བོ་དཀོན་མཆོག་ཁོང་གི་བཀའ་ཡིས་ཁོང་ལ་དཔང་པོ་བྱས། 20དེ་ནས་ཨི་ཇིབ་ཡུལ་གྱི་རྒྱལ་པོས་ཁོང་ལ་གྲོལ་དུ་བཅུག། མི་རིགས་རྣམས་ཀྱི་རྒྱལ་པོས་ཁོང་ལ་རང་དབང་དུ་བཏང་བ་ཡིན། 21རྒྱལ་པོས་རང་གི་རྒྱལ་སྲིད་སྐྱོང་ཕྱིར་ཁོང་ལ་སྤྲད། ཡུལ་སྡེ་ཡོངས་ཀྱི་ཐོག་ཏུ་སྲིད་སྐྱོང་པ་བྱེད་དུ་བཅུག། 22ཁོང་གིས་རྒྱལ་པོའི་དཔོན་པོ་ཚོ་ཡི་སྟེང་དབང་འགྱུར་བ་དང་། སློབ་སྟོན་པ་ཚོ་ལ་བཀོད་པ་བཤད་པའི་དབང་ཆ་ཐོབ་བོ། 23དེ་ནས་ཡ་ཀོབ་ཨི་ཇིབ་ཡུལ་དུ་ཕྱིན་པ་དང་། ས་གནས་དེ་རུ་གཞིས་ཆགས་སོ། 24གཙོ་བོ་དཀོན་མཆོག་གིས་རང་གི་མི་འབངས་བུ་ཕྲུག་མང་པོ་གནང་། དེ་ཚོར་རང་གི་དགྲ་ལས་སྟོབས་ཆེན་བཟོས་གནང་ངོ་། 25ཁོང་གིས་ཨི་ཇིབ་པ་ཚོར་རང་གི་མི་མང་ཚོར་སྡང་བར་བཟོས། རང་གི་ཞབས་ཏོག་པ་ཚོར་གཡོ་བཅུག་གནང་ངོ། 26དེ་ནས་ཁོང་གིས་འདམས་པའི་ཞབས་ཏོག་པ་ནི། མོ་ཤེ་དང་ནི་ཨ་རོན་བཏང་གནང་ངོ་། 27དེ་ཚོས་དཀོན་མཆོག་གི་བྱ་བ་རླབས་ཆེན་གྱིས། ཨི་ཇིབ་ཡུལ་དུ་ངོ་མཚར་ལྟས་རྣམས་བསྟན། 28དཀོན་མཆོག་ཁོང་གིས་ཡུལ་དེར་མུན་ནག་བཏང་། འོན་ཀྱང་ཨི་ཇིབ་པ་ཚོས་ཁོང་གི་བཀའ་རྒྱ་མ་སྲུང་ངོ་། 29ཁོང་གིས་དེ་ཚོའི་གཙང་པོ་རྣམས་ཁྲག་ཏུ་སྐྱུར་བར་མཛད། དེ་ཚོའི་ཉ་རྣམས་ཡོངས་སུ་བསད། 30དེ་ཚོའི་ཡུལ་རྣམས་སྦལ་པའི་ཚོགས་ཀྱིས་གང་བ་དང་། རྒྱལ་པོའི་ཕོ་བྲང་ནང་དུ་ཡང་སྦལ་པའི་ཚོགས་ཀྱིས་གང་། 31དཀོན་མཆོག་ཁོང་གིས་དེ་ཚོར་བཀའ་བསྒོས་གནང་བ་དང་། ཡུལ་ནང་སྦྲང་འབུ་དང་སྲིན་སྦྲང་སོགས་ཀྱི་གང་། 32ཁོང་གིས་དེ་ཚོའི་ཡུལ་དེར་ཆར་ཆུའི་ཚབ་ཏུ་། སེར་བ་དང་གློག་འཁྱུགས་གཏོང་གནང་ངོ་། 33ཁོང་གིས་དེ་ཚོའི་རྒུན་ཤིང་དང་ནི་སེ་ཡབ་ཤིང་རྣམས་མེད་པར་མཛད་པ་དང། ཤིང་སྡོང་ཡོངས་སུ་བཅག་གནང་ངོ་། 34ཁོང་གིས་བཀའ་བཀོད་གནང་བས་ཆ་ག་འབུ་རྣམས་ནི། གྲངས་མེད་ཚོགས་དང་བཅས་པ་དེར་བསླེབས་སོ། 35དེ་ཚོས་ཡུལ་གྱི་སྔོ་ཚོད་ཡོངས་རྫོགས་དང་། ལོ་ཐོག་ཡོངས་སུ་ཟས་སོ། 36ཨི་ཇིབ་ཡུལ་གྱི་ཁྱིམ་ཚང་ཡོངས་རྫོགས་ཀྱི་ནང་ནས། ཁོང་གིས་སྔོན་སྐྱེས་བུ་རྣམས་ལ་ནི་བསད། 37དེ་ནས་ཁོང་གིས་ཨིསི་རཱཨེལ་པ་རྣམས་ཕྱི་རུ་བཏོན། དེ་ཚོས་གསེར་དངུལ་ཡོངས་རྫོགས་བསྡུ་ནས་འཁྱེར་བ་དང་། དེ་ཚོ་ཚང་མ་ཁམས་བཟང་པོ་དང་སྟོབས་ཤུགས་ལྡན་པ་ཡིན། 38དེ་ཚོར་འགྲོ་སྐབས་ཨི་ཇིབ་པ་རྣམས་སེམས་དགའ་སོང་། གང་ལགས་ཟེར་ན་ཨི་ཇིབ་པ་རྣམས་དེ་ཚོར་འཇིགས། 39དཀོན་མཆོག་ཁོང་གིས་རང་གི་མི་མང་གི་ཐོག་སྤྲིན་པ་དང་། མཚན་མོ་འོད་ཀྱི་ཕྱིར་དུ་མེ་འཇོག་གནང་ངོ་། 40དེ་ཚོས་ཞུས་པའི་སྲེག་པའི་བྱ་ཚོགས་གནང་། ཁོང་གིས་མཐོ་རིས་ཀྱི་ཁ་ཟས་སྤྲད་ནས་དེ་ཚོ་ཚིམས། 41ཁོང་གིས་བྲག་ཕུག་རྟོལ་ནས་དེ་ལས་ཆུ་བཏོན་གནང་། གཙང་པོ་འདྲ་བར་འབྲོག་སྟོང་དཀྱིལ་ནས་རྒྱུག་ནས་སོང་། 42ཁོང་གིས་རང་ཞབས་ཕྱི་ཨབ་ར་ཧམ་དང་མཉམ། རང་གི་བཞག་པའི་དམ་བཅའ་རྩ་ཆེན་དྲན་གསོ་གནང་། 43དེར་བརྟེན་རང་གི་འདམས་པའི་མི་མང་ལ་བཏོན་གནང་ནས། དགའ་ཞིང་སྐད་ཤུགས་ཆེན་པོས་དེ་ཚོས་གླུ་དབྱམས་ལེན། 44ཁོང་གིས་དེ་ཚོར་གཞན་གྱི་ས་ཞིང་གནང་བ་དང་། དེ་ཚོའི་ས་ཞིང་ཐོག་ཏུ་བདག་དབང་བྱེད་དུ་བཅུག། 45ཁོང་གི་མི་མང་གིས་བཀའ་ཁྲིམས་ཡོངས་རྫོགས་སྲུང་བ་དང་། ཁོང་གིས་བཀའ་རྒྱ་སྲུང་བའི་ཕྱིར་ཡིན་ནོ། གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་པར་ཤོག།

གསུང་མགུར 106

གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་འབངས་ཀྱི་ཆེད་དུ་ཕྱག་ལས་བཟང་པོ།

1གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་བསྔོགས་ཤིག། གཙོ་བོ་དཀོན་མཆོག་ཁོང་ལ་གཏང་རག་འབུལ། གང་ལགས་ཟེར་ན་ཁོང་ནི་བཟང་པོ་ཡིན། ཁོང་གི་བྱམས་པ་ནམ་ཡང་མཐའ་མེད་དོ། 2ཁོང་གིས་གནང་བའི་མཛད་རླབས་ཆེན་སྐོར་ལ་སུ་ཡིས་བརྗོད་ཐུབ་བམ། སུ་ཡིས་ཁོང་ལ་ཆ་ཚང་ཐོག་ནས་བསྟོད་ཐུབ་བམ། 3ཁོང་གི་བཀའ་རྒྱ་སྲུང་ནས་རྒྱུན་དུ་དྲང་བ་ཉིད་སྤྱོད་མཁན་རྣམས་སྐྱིད་པོ་ཡིན། 4རང་གི་མི་འབངས་ལ་མགོན་སྐྱབས་གནང་བའི་སྐབས། ང་ལ་ཐུགས་དྲན་གསོ་བར་མཛོད། དེ་ཚོར་སྐྱབས་དུས་ང་ལ་ཡང་ཐར་པ་གནང་། 5ཁྱེད་ཀྱི་མི་མང་ལ་ཡར་རྒྱས་བྱུང་བ་ངས་མཐོང་བཅུག། ཁྱེད་ཀྱི་མི་རིགས་ཚོའི་སྙན་གྲགས་ནང་དུ་ང་ཚུད་ཤོག། ཁྱེད་ཀྱི་མི་རིགས་དགའ་སྐྱིད་ནང་དུ་ང་ཚུག་བཅུག། 6ང་ཚོས་ཕ་མེས་བཞིན་དུ་སྡིག་པ་གྱིས་ཡོད་པས། ང་ཚོ་སྡུག་ཙུབ་ཅན་དང་ནི་ངན་པ་ཆགས་ཡོད་དོ། 7ཨི་ཇིབ་ཡུལ་དུ་ང་ཚོའི་ཕ་མེས་རྣམས་ཀྱིས་ནི། དཀོན་མཆོག་གི་ངོ་མཚར་ཅན་གྱི་མཛད་པ་རྣམས་རྟོགས་མི་ཐུབ། ལན་མང་ཁོང་གི་བྱམས་བརྩེ་གནང་བ་དེ་ཚོས་རྗེད། དེ་ཚོས་རྒྱ་མཚོ་དམར་པོར་ཀུན་དབང་ཅན་ལ་ངོ་ལོག་བྱས། 8འོན་ཀྱང་ཁོང་གི་ཞལ་ཆེ་གནང་བ་གཞིར་བཟུང་ལྟར། རང་གི་མཐུ་དང་ནུས་པ་དེ་ཚོར་བསྟན་པའི་ཕྱིར། ཁོང་གིས་དེ་ཚོ་ཡོངས་སུ་ཐར་བར་མཛད་པ་གནང་། 9ཁོང་གིས་རྒྱ་མཚོ་དམར་པོར་བཀའ་བཀྱོན་གནང་བ་དང་དེ་སྐམ་མོ་། ཁོང་གིས་སྐམ་སར་རང་གི་མི་མང་འཁྲིད་པར་མཛད། 10ཁོང་གིས་དེ་ཚོར་སྡང་མཁན་དང་། དེ་ཚོའི་དགྲ་བོ་ཀུན་ལས་དེ་ཚོར་སྐྱབས་པར་མཛད། 11འོན་ཀྱང་རྒྱ་མཚོའི་ཆུ་ཡིས་དེ་ཚོའི་དགྲ་བོ་ཚོར། ཆུ་ནང་ཐིམས་ནས་དེ་ཚོ་གཅིག་ཀྱང་མ་ཐར་རོ། 12དེ་ནས་ཁོང་གི་མི་མང་གིས་ཁོང་གི་ཞལ་ཆེར་ཡིད་ཆེས་སོ། ཁོང་ལ་བསྟོད་པའི་ཕྱིར་དུ་མགུར་མ་ལེན་ནོ། 13འོན་ཀྱང་ཁོང་གི་གནང་བའི་མཛད་པ་མགྱོགས་པོར་རྗེད། ཁོང་གི་བསླབ་བྱར་མ་སྒུག་རང་འདོད་བྱེད། 14འབྲོག་སྟོང་ཁུལ་དུ་དེ་ཚོས་ཧ་ཅང་འདོད་མང་བྱས། དཀོན་མཆོག་ལ་ཡང་དེ་ཚོས་ཚོད་ལྟ་གྱིས། 15དེར་བརྟེན་དེ་ཚོས་གང་ཞུས་པ་དེ་ཁོང་གིས་དེ་ཚོར་གནང་། འོན་ཀྱང་དེ་ཚོའི་ཁྲོད་དུ་ནད་ངན་ཞིག་ཀྱང་བཏང་། 16དེ་ཚོས་ཁོང་གི་ཞབས་ཕྱི་དམ་པ་མོ་ཤེ་དང་། ཨ་རོན་ལ་ཡང་འབྲོག་སྟོང་ནང་དུ་ཞེ་སྡང་བྱས། 17ས་གཞི་གས་ཏེ་ད་ཐན་ལ་ནི་ཐིམས་སུ་བཅུག། ཨ་བི་རམ་དང་དེ་ཡི་ནང་མི་དེར་སྦས་སོ། 18དེ་ཚོའི་རྗེས་འབྲངས་ཐོག་ཏུ་མེ་ཆར་འབར། མི་ངན་འདི་ཚོ་འཚིག་ནས་རྩ་མེད་སོང་། 19དེ་ཚོས་སི་ནའི་དུ་གསེར་གྱི་བེའུ་བཟོས། དེ་ཚོས་བེའུའི་སྐུ་འདྲར་བསྙེན་བཀུར་གྱིས། 20དེ་ཚོས་གཙོ་བོ་དཀོན་མཆོག་ཁོང་གི་གཟི་བརྗིད་དེ། སེམས་ཅན་རྩ་ཟ་མཁན་གྱི་དབྱིབས་དང་རྗེད། 21ཨི་ཇིབ་ཡུལ་དུ་མཛད་པ་ཡ་མཚན་གནང་མཁན་དང་། རང་ལ་སྐྱབས་མཁན་དཀོན་མཆོག་དེ་ལ་དེ་ཚོས་རྗེད། 22ཁོང་གིས་གནས་དེར་མཛད་པ་ཇི་འདྲ་ངོ་མཚར་ཅན་གནང་བ་དང་། རྒྱ་མཚོ་དམར་པོའི་ལྟས་རྣམས་ཇི་ལྟར་ཡ་མཚན་ཆེ། 23རང་གི་འབངས་ལ་མེད་པར་བཟོ་ཕྱིར་གསུངས་པའི་སྐབས། ཁོང་གིས་འདམས་པའི་ཞབས་ཕྱི་མོ་ཤེ་མདུན་དུ་ལངས། དེ་ཚོར་དཀོན་མཆོག་གི་ཁྲོ་བས་མེད་པར་བཟོས་པ་ལས་སྐྱོབས། 24དེ་ནས་ཁོ་ཚོས་སྐྱིད་པའི་ཡུལ་དེ་སྤངས་སོ། གང་ལགས་ཟེར་ན་དེ་ཚོས་དཀོན་མཆོག་གི་ཞལ་ཆད་ཡིད་མ་ཆེད། 25དེ་ཚོས་རང་གི་གུར་ནང་བསྡད་ནས་རྙོག་དྲ་བཤད་པ་དང་། གཙོ་བོ་དཀོན་མཆོག་ཁོང་གི་བཀའ་ལ་མ་ཉན་ནོ། 26དེའི་ཕྱིར་ཁོང་གིས་དེ་ཚོར་འབྲོག་སྟོང་དེའི་ནང་དུ། མེད་པར་བཟོ་རྒྱུ་ཡིན་ཞེ་ཟོན་བརྡ་གནང་བར་མཛད། 27དེ་ཚོའི་རིགས་བརྒྱུད་ཆོས་མིན་ཚོའི་ཁྲོད་དུ་གཏོར་བར་བྱས། དེ་ཚོ་ཕྱི་རྒྱལ་བའི་ཡུལ་དུ་འཆི་རུ་འཇུག་རྒྱུ་ཡིན། 28དེ་ནས་དཀོན་མཆོག་གི་མི་འབངས་ཚོས་ས་གནས་པི་ཨོ་རུ། འདྲ་སྐུ་བྷལ་མཆོད་ཕྱིར་འཛོམས་པ་དང་། འཆི་བའི་ལྷ་རྣམས་ལ་ཕུལ་བའི་དམར་མཆོད་དེ་ཚོས་ཟ། 29དེ་ཚོའི་ལས་ཀྱི་གཙོ་བོ་དཀོན་མཆོག་ཁོང་ལ་ཐུགས་ཁྲོ་བསླངས། འཇིགས་པའི་ནད་ངན་ཞིག་ནི་དེ་ཚོའི་ཁྲོད་དུ་ཁྱབ། 30འོན་ཀྱང་ཕི་ནེ་ཧ་སེ་ལངས་ཏེ་སྡིག་ཅན་ཚོར། ཉེས་ཆད་བཀལ་བས་རིམས་ནད་དེ་ཆད་དོ། 31འདི་ནི་དུས་དེ་ནས་བཟུང་སྟེ་ཁོང་ལ་ངོས་ལེན་དུ་ནི། གཏན་གྱི་ཆེད་དུ་དྲན་གསོ་ཡིན་པར་བརྩི་བར་བྱ། 32མི་ཚོས་མེ་རི་བ་ཡི་ཆུ་མིག་གི་ཉེ་འགྲམ་དུ། གཙོ་བོ་དཀོན་མཆོག་ཁོང་ལ་ཐུགས་ཁྲོ་བསླངས་པའི་སྐྱེན་གྱིས་ནི། དེ་ཚོའི་ལས་ཀྱི་མོ་ཤེ་དཀའ་ངལ་ནང་དུ་ཚུད། 33དེ་ཚོས་མོ་ཤེའི་སེམས་ནི་འཁྲུགས་དགོས་བཟོས། དེ་ཡི་རྐྱེན་གྱི་མོ་ཤེས་བསམ་ཤེས་མེད་པར་སྨྲས། 34གཙོ་བོ་དཀོན་མཆོག་གིས་བཀའ་རྒྱ་གསུངས་པ་ལྟར། དེ་ཚོས་ཆོས་མིན་ཚོར་ཚར་དུ་མ་བཅད་དོ། 35འོན་ཀྱང་དེ་ཚོས་དེ་ཚོར་བག་མར་ལེན་པ་དང། དེ་ཚོའི་གྱིས་པའི་ལས་ལྟར་དེ་ཚོས་བྱས། 36དཀོན་མཆོག་མི་འབངས་དེ་ཚོས་འདྲ་སྐུར་མཆོད་པ་དང་། དེ་ཡིས་རྐྱེན་གྱིས་དེ་ཚོ་མེད་པར་སོང་བ་ཡིན། 37དེ་ཚོས་ཀ་ནན་ཡུལ་གྱི་འདྲ་སྐུ་ཚོ་ཡི་མདུན། དེ་ཚོས་རང་གི་བུ་ཕྲུག་རྣམས་ནི་དམར་མཆོད་འབུལ། 38ཉེས་པ་མེད་པའི་ཕྲུ་གུ་རྣམས་ལ་དེ་ཚོས་བསད། སྲོག་གཅོད་དེ་ཡིས་རྐྱེན་གྱི་ཡུལ་ནི་གྲིབ་ཅན་བཟོས། 39རང་གི་ལས་ངན་རྐྱེན་གྱིས་གྲིབ་ཅན་ཆགས། དཀོན་མཆོག་ཕྱོགས་སུ་དེ་ཚོ་དད་ལོག་ཅན་དུ་འགྱུར། 40དེའི་ཕྱིར་དཀོན་མཆོག་རང་གི་མི་མང་ཚོར་ཐུགས་ཁྲོ་བཞེས། དེ་ཚོ་མཉམ་དུ་ཁོང་གི་ཞེན་ལོག་གནང་བ་དང་། 41ཁོང་གིས་དེ་ཚོར་ཆོས་མིན་ཚོའི་ལག་ཏུ་སྤངས་བ་དང། དེ་ཚོའི་དགྲ་བོས་དེ་ཚོའི་ཐོག་ཏུ་དབང་འགྱུར་བྱས། 42དེ་ཚོའི་དགྲ་བོ་རྣམས་ཀྱིས་དེ་ཚོར་མནར་གཅོད་གཏོང་། དེ་ཚོའི་ཐོག་ཏུ་དབང་ཡོད་མང་པོ་གྱིས་པ་དང་། 43ལན་མང་གཙོ་བོ་དཀོན་མཆོག་གིས་རང་གི་མི་མང་ཐར་པ་གནང་། འོན་ཀྱང་དེ་ཚོས་ཁོང་ལ་ངོ་རྒོལ་བྱེད་འདམས་པ་དང་། རང་གི་སྡིག་པའི་ནང་དུ་ད་དུང་མར་ལ་ལྷུང་། 44ད་དུང་ཡང་དེ་ཚོའི་ཞུ་འབོད་གཙོ་བོ་དཀོན་མཆོག་གིས་གསན། དེ་ཚོའི་དཀའ་སྡུག་རྣམས་ལ་ཁོང་གིས་གཟིགས། 45དེ་ཚོའི་ཕྱིར་དུ་ཁོང་གི་རང་གི་ཞལ་ཆད་དྲན། ཁོང་གི་བྱམས་པ་རླབས་ཆེན་རྐྱེན་དེ་ཚོའི་ཕྱོགས་སུ་ཉམས་ཆུང་མཛད། 46ཁོང་གིས་དེ་ཚོར་མནར་གཅོད་གཏོང་མཁན་དེ་ཚོ་ལ། དེ་ཚོར་བྱམས་དང་སྙིང་རྗེ་བྱེད་དུ་བཅུག་པར་གནང་། 47གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ང་ཚོར་སྐྱོབ་ཏུ་གསོལ། མི་རིགས་རྣམས་ཀྱི་འཁྲོད་ནས་ང་ཚོར་བསྡུ་བར་མཛོད། གཏང་རག་འབུལ་ཞིང་ཁྱེད་ཀྱི་དམ་པའི་མཚན་ལ་ང་ཚོས་བསྟོད་པའི་ཕྱིར། 48ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་སྟོད་བསྔོགས་ཤིག། ད་ལྟ་དང་མ་འོངས་རྒྱུན་དུ་ཁོང་ལ་བསྟོད་པར་བྱེད། ཀུན་གྱི་ཨ་མེན་ཟེར་ཞིང་བརྫོད་དགོས་སོ། གཙོ་བོ་དཀོན་མཆོག་ཁོང་ལ་སྟོད་བསྔོགས་ཤིག།

གསུང་མགུར 107

མདོ་སྔ་པ།

གསུང་མགུར་ ༡༠༧—༡༥༠

དཀོན་མཆོག་གི་བཟང་བ་ཉིད་ལ་བསྟོད་པ།

1གཙོ་བོ་དཀོན་མཆོག་ཁོང་ལ་གཏང་རག་འབུལ་ཞིག། གང་ལགས་ཟེར་ན་དཀོན་མཆོག་ཁོང་ནི་བཟང་པོ་ཡིན། ཁོང་གི་བྱམས་པ་དེ་ནི་མཐའ་མེད་དོ། 2ཁོང་གིས་སུ་ལ་སྐྱབས་པས་ཚིག་འདི་ཚོ། གཙོ་བོ་དཀོན་མཆོག་ལ་བསྟོད་པའི་ཕྱིར་ཡང་སྐྱར་འདོན། ཁོང་གིས་ཁྱོད་ཚོར་དགྲ་བོའི་ལག་ནས་སྐྱབས་གནང་ཡོད་པ་དང། 3ཁྱོད་ཚོ་ཕྱི་རྒྱལ་ཡུལ་ཤར་ནུབ་ནས་དང་བྱང་ལྷོ་སོགས་ནས་བཏོན་ནས་འཁྲིད་གནང་ཡོད། 4འགའ་ཤས་ནི་ལམ་ཤུལ་མེད་པའི་འབྲོག་སྟོང་དུ་འཁྱམས་པ་དང་། གྲོང་ཁྱེར་ཞིག་ཏུ་གནས་པའི་ཕྱིར་འགྲོ་བའི་ལམ་ཡང་མ་རྙེད་དོ། 5དེ་ཚོ་ལྟོགས་ཤིང་སྐོམ་ཡོད་པ་དང། རེ་བ་ཐམས་ཅད་བྲལ་ཡོད་དོ། 6དེ་ནས་དཀའ་ངལ་ནང་དུ་དེ་ཚོས་གཙོ་བོ་དཀོན་མཆོག་ཁོང་ལ་ཞུས། ཁོང་གིས་དེ་ཚོར་སྡུག་བསྔལ་ལས་སྐྱབས་པར་མཛད། 7ཁོང་གིས་དེ་ཚོར་དྲང་པོའི་ལམ་ནས་འཁྲིད་གནང་ངོ། དེ་ཚོ་གནས་ཕྱིར་གྲོང་ཁྱེར་ཞིག་ཏུ་སྐྱེལ། 8དེ་ཚོས་ཁོང་གི་རྒྱུན་ལྡན་ཐུགས་བརྩེ་དང་། ཁོང་གིས་དེ་ཚོའི་ཆེད་དུ་གནང་བའི་ངོ་མཚར་ཅན་གྱི་མཛད་པ་རྣམས་ཀྱི་ཆེད་དུ་གཏང་རག་འབུལ་དགོས་སོ། 9ཁོང་གིས་དེ་ཚོར་སྐོམ་པའི་དུས་སུ་ཚིམས་པ་གནང་། ལྟོགས་པ་རྣམས་ལ་ཁ་ཟས་བཟང་པོའི་ཚིམས་པར་མཛད། 10འགའ་ཤས་ནི་ཡིད་མུག་ནས་མུན་པའི་ནང་གནས་ཤིང་། དེ་ཚོ་ལྕགས་ཀྱི་བསྡམས་པའི་བཙོན་འདྲ་སྡུག་བསྔལ་ལོ། 11གང་ལགས་ཟེར་ན་དེ་ཚོས་ཀུན་དབང་ལྡན་པའི་དཀོན་མཆོག་ལ་ངོ་ལོག་བྱེད་པ་དང། ཁོང་གི་སློབ་སྟོན་རྣམས་ལ་རྩིས་མེད་བྱས་པ་ཡིན། 12དཀའ་སྡུག་ལས་ཀྱིས་དེ་ཚོ་ཐང་ཆད་ཡོད། དེ་ཚོ་ས་ཁར་འགྱེལ་ཡང་སྐྱོབ་མཁན་སུ་ཡང་མེད། 13དེ་ནས་དཀའ་ངལ་ནང་དུ་དེ་ཚོས་གཙོ་བོ་དཀོན་མཆོག་ཁོང་ལ་ཞུས། ཁོང་གིས་དེ་ཚོར་དཀའ་ངལ་ཀུན་ལས་སྐྱབས་པ་གནང་། 14ཁོང་གི་དེ་ཚོ་ཡད་མུག་དང་མུན་ནག་ལས་ནི་བཏོན། དེ་ཚོའི་ལྕགས་སྒྲོག་རྣམས་ནི་དུམ་བུར་བཟོས་པ་གནང་། 15དེ་ཚོས་ཁོང་གི་རྒྱུན་ལྡན་ཐུགས་བརྩེ་དང་། ཁོང་གིས་དེ་ཚོར་གནང་བའི་མཛད་འཕྲིན་ཕྱིར་དུ་གཏང་རག་འབུལ་དགོས་སོ། 16ཁོང་གིས་ལིའི་སྒོ་ཚོ་གཅོག་པ་གནང་། ལྕགས་ཀྱི་མདུང་མ་རྣམས་དུམ་བུར་བཟོས་པ་གནང་། 17དེ་ཚོ་འགའ་ཤས་རང་གི་སྡིག་སྤྱོད་དང་ངན་པའི་རྐྱེན་གྱིས་ནི། དཀའ་ངལ་ནང་དུ་ཚུད་པའི་གླེན་པ་རྣམས་ཀྱང་ཡོད། 18དེ་ཚོ་ཟས་ཀྱང་བལྟ་མི་ཐུབ་པ་ཆགས་ཡོད། དེ་ཚོ་འཆི་བའི་སྒོའི་རྩར་སླེབས་ནས་ཡོད། 19དེ་ནས་རང་ཉིད་དཀའ་ངལ་ནང་དུ་ཡོད་དུས་གཙོ་བོ་དཀོན་མཆོག་ཁོང་ལ་བོས། 20ཁོང་གི་རང་གི་བཀའ་ཡིས་དེ་ཚོར་གསོ་བར་གནང་། དེ་ཚོར་འཆི་བ་ལས་ནི་ཁོང་གིས་སྐྱབས་པ་གནང་། 21དེ་ཚོས་གཙོ་བོ་དཀོན་མཆོག་ཁོང་གི་རྒྱུན་ལྡན་ཐུགས་བརྩེ་དང་། 22དེ་ཚོས་དམར་མཆོད་འབུལ་ནས་ཁོང་ལ་གཏང་རག་འབུལ་དགོས། དགའ་བའི་གླུ་ལེན་ཁོང་གི་མཛད་པའི་སྐོར་ལ་ཤོད་དགོས་སོ། 23འགའ་ཤས་རྒྱ་མཚོར་གྲུ་གཟིང་བཏང་ནས་འགྲོ་བ་དང། རྒྱ་མཚོའི་སྟེང་དུ་རང་གི་འཚོ་བ་སྐྱེལ་བར་བྱས། 24གཙོ་བོ་དཀོན་མཆོག་ཁོང་གིས་གང་གནང་ཐུབ་དེ་ཚོས་མཐོ་བ་དང་། རྒྱ་མཚོའི་སྟེང་དུ་ཁོང་གི་མཛད་པ་ཡ་མཚན་མཐོང་། 25ཁོང་གི་བཀའ་ཡིས་རླུང་འཚུབ་དྲག་པོ་རྒྱབ་འགོ་ཚུགས་པ་དང་། ཆུ་ཡི་རྦ་རླབ་ཤུགས་ཆེན་དཀྲུགས། 26གྲུ་རྣམས་ལྷག་པས་ནམ་མཁའི་ཐོག་ཏུ་ཡར་འདེགས་ཤིང་། རྒྱ་མཚོའི་གཏིང་འོག་བར་དུ་ཐིམ་ནས་འགྲོ་བ་དང་། དེ་འདྲའི་ཉེན་ཁའི་དུས་སུ་གྲུ་པ་ཚོས་སྙིང་སྟོབས་བྲལ། 27ར་བཟི་མི་ལྟར་དེ་ཚོ་འཁྱོར་བཞིན་རིལ། དེ་ཚོའི་རྩལ་ཡོངས་རྫོགས་ཅི་ཡང་མི་ཕན་ནོ། 28དཀའ་ངལ་དུས་སུ་དེ་ཚོས་གཙོ་བོ་དཀོན་མཆོག་ཁོང་ལ་བོས་པ་དང་། ཁོང་གིས་དེ་ཚོར་དཀའ་ངལ་ཀུན་ལས་སྐྱབས་གནང་ངོ་། 29རླུང་དམར་དྲག་པོར་ཁོང་གིས་འགོག་གནང་ཞིང་། ཆུ་ཡི་རྦ་རླབ་རྣམས་ནི་ཞི་འཇམ་བཟོས་གནང་ངོ་། 30ཚང་མ་ཞི་འཇམ་བྱུང་བས་དེ་ཚོ་དགའ་བ་བྱུང་། ཁོང་གིས་དེ་ཚོར་དེ་ཚོས་འདོད་པའི་གྲུ་ཁར་ཁམས་བཟང་ཐོག་ནས་སྐྱེལ། 31དེ་ཚོས་ཁོང་གི་རྒྱུན་ལྡན་ཐུགས་བརྩེ་དང་། ཁོང་གིས་དེ་ཚོའི་ཆེད་དུ་གནང་བའི་ངོ་མཚར་ཅན་གྱི་མཛད་ཆེད་དུ་བཏང་རག་འབུལ་དགོས། 32མི་ཚོགས་ཀྱི་ཁྲོད་དུ་ཁོང་གི་རླབས་ཆེན་སྐོར་གསལ་སྒྲགས་བྱེད་དགོས་སོ། དཔོན་རྣམས་འདུ་ཚོགས་ས་རུ་ཁོང་ལ་བསྟོད། 33གཙོ་བོ་དཀོན་མཆོག་ཁོང་གི་གཙང་པོ་རྣམས་ནི་ཡོངས་སུ་སྐམ་བཅུག་ཅིང་། ཆུ་མིག་རྣམས་ནི་རྒྱུག་མ་བཅུག། 34ས་གནས་དེ་རུ་སྡོད་མིའི་ལས་ངན་གྱིས། ས་ལུད་འཛོམས་པོ་དེ་ནི་ཁོང་གིས་ཚྭ་ཁུ་མི་མེད་ལུང་སྟོང་བཟོས། 35ཁོང་གིས་འབྲོག་སྟོང་འདི་ཚོ་ཆུ་ཡི་མཀོང་གནང་ངོ་། སྐམ་ས་འདི་ཚོ་ཆུ་མིག་ལ་ནི་སྒྱུར་དུ་བཅུག། 36ཁོང་གིས་ལྟོགས་པའི་མི་ཚོར་གནས་དེར་སྡོད་དུ་བཅུག། དེ་ཚོ་རང་ཉིད་སྡོད་ཕྱིར་གྲོང་ཁྱེར་ཞིག་བཟོས་སོ། 37དེ་ཚོས་ས་ཞིང་ཁག་ཏུ་འབྲས་བུ་ལ་སོགས་བཙུགས། རྒུན་ཤིང་བཙུགས་ནས་ལོ་ཐོག་མང་པོ་བསྡུ་བར་བྱས། 38ཁོང་གིས་རང་གི་མི་འབངས་ལ་བྱིན་རླབས་གནང་བ་དང་། དེ་ཚོའི་རིགས་བརྒྱུད་རྣམས་ནི་མང་པོ་འཕེལ་བ་དང་། ཁོང་གིས་དེ་ཚོའི་ཟོག་རྣམས་ཉུང་དུ་འགྲོ་མ་བཅུག་གོ། 39མནར་གཅོད་དང་ནི་དཀའ་ངལ་མང་པོ་བྱུང་བའི་རྐྱེན། ནམ་ཞིག་དཀོན་མཆོག་ཁོང་གི་མི་འབངས་ལ་འཕམ་ནས་དམའ་འབེབས་བྱུང་དུས། 40དེ་ཚོར་མནར་གཅོད་གཏོང་མཁན་ཚོར་ཁོང་གིས་དམད་པ་དང། དེ་ཚོར་ལམ་མེད་འབྲོག་སྟོང་ཁག་ཏུ་འཁྱམས་དུ་བཅུག། 41འོན་ཀྱང་དགོས་མཁོ་ཅན་ཚོར་ཁོང་གིས་དེ་ཚོའི་སྡུག་བསྔལ་ནས་སྐྱབས་གནང་ནས། དེ་ཚོའི་བུ་བརྒྱུད་རྣམས་ནི་ལུག་ཁྱུ་ལྟར་འཕེལ་བར་མཛད། 42དྲང་བདེན་མི་ཚོས་དེ་དག་མཐོང་ནས་དགའ་བ་དང་། འོན་ཀྱང་སྡིག་ཅན་ཚོ་ནི་ཁ་རོགས་སྡོད་དགོས་བཟོས། 43ཤེས་རབ་ཅན་ཚོས་འདི་ཚོའི་ཐོག་བསམ་བློ་བཏང་ནས། དེ་ཚོས་གཙོ་བོ་དཀོན་མཆོག་ཁོང་གི་རྒྱུན་ལྡན་ཐུགས་བརྩེ་སྐོར་ལ་བསམ་བློ་གཏོང་བར་ཤོག།

གསུང་མགུར 108

དགྲ་བོ་ལས་སྲུང་སྐྱོབ་ཐོབ་པའི་ཕྱིར་སྨོན་ལམ།

1ང་ནི་ཁྱེད་ལ་བློ་གཏད་ཡོད་ཀྱེ་དཀོན་མཆོག། ང་ནི་ཁྱེད་ལ་གླུ་ལེན་པ་དང་བསྟོད་རྒྱུ་ཡིན། ང་ཡི་སྲོག་ཁྱོད་ད་ནི་གཉིད་སད་ཡར་ལོངས་ཤིག། 2ང་ཡི་པི་ཝང་དང་ནི་སྒྲ་སྙན་གཉིད་སད་ཅིག། ད་ནི་ཉི་མ་ལ་ནི་ཡར་བསླང་ངོ་། 3ཀྱེ་གཙོ་བོ་དཀོན་མཆོག་ང་ནི་མི་རིགས་རྣམས་ཀྱི་ཁྲོད་དུ་ཁྱེད་ལ་གཏང་རག་འབུལ། ང་ནི་མི་མང་ཁྲོད་དུ་ཁྱེད་ལ་བསྟོད་དབྱངས་འབུལ་གྱིས་ཡིན། 4ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་མཐོ་རིས་ལས་ཀྱང་མཐོ་བ་ཡིན། ཁྱེད་ཀྱི་དམ་ཚིག་ཅན་ནི་ནམ་མཁའ་བར་དུ་ཐུག། 5ཀྱེ་དཀོན་མཆོག་ཁྱེད་ཀྱི་རླབས་ཆེན་ནམ་མཁའ་ལ་དང། ས་གཞི་ཀུན་ཏུ་ཁྱེད་ཀྱི་གཟི་བརྗིད་སྟོན་རོགས་གནང་། 6ཁྱེད་ཀྱི་བརྩེ་བས་མི་འབངས་ཐར་བའི་ཕྱིར། ང་ཡི་སྨོན་ལམ་གསན་ནས་ལེན་འདེབས་གནང། ཁྱེད་ཀྱི་མཐུ་སྟོབས་ཀྱིས་སྒོ་ནས་ང་ཚོ་ལ་ནི་སྐྱབས་པ་གནང་རོགས་གནང་། 7ཁོང་གི་དམ་པའི་གནས་ནས་དཀོན་མཆོག་ཁོང་གིས་གསུངས། རྒྱལ་ཁའི་ངང་ང་ཡིས་ཤེ་ཀེམ་བགོ་རྒྱུ་དང། སུ་ཀོད་ལུང་གཤོང་ནི་ང་ཡི་མི་འབངས་ལ་བགོ་རྒྱུ་ཡིན། 8གྷིལ་ཨད་ང་ཡི་ཡིན་མ་ན་ཤེ་ཡང་ང་ཡི་ཡིན། ཨེཕ་ར་ཡིམ་ནི་ང་ཡི་རྨོག་ཡིན་པ་དང་། 9འོན་ཀྱང་མོ་ཨབ་ང་ཡིས་འཁྲུད་ཞོང་བཞིན་སྤྱོད་རྒྱུ་ཡིན། ཨེ་དོམ་ནི་ང་ལ་བདག་པའི་རྟགས་སུ། དེའི་ཐོག་ང་ཡི་ལྷམ་དེ་དབྱུགས་རྒྱུ་ཡིན། ཕེ་ལེ་ཤེད་པའི་ཐོག་ང་ནི་རྒྱལ་བའི་སྐད་ཤུགས་རྒྱབ་རྒྱུ་ཡིན། 10འཛིང་ར་བརྒྱབ་པའི་གྲོང་ཁྱེར་དུ་ང་ལ་སུས་སྐྱེལ་ལམ། ང་ལ་ཨེ་དོམ་དུ་སུ་ཡི་འགོ་ཁྲིད་བྱེད་དམ། 11ཁྱེད་ཀྱིས་བདེན་པར་ང་ཚོ་ལ་ནི་སྤངས་གནང་ངམ། ང་ཚོའི་དམག་དཔུང་མཉམ་དུ་ཁྱེད་ནི་མི་ཕེབས་སམ། 12དགྲ་བོའི་ལག་ནས་ང་ཚོར་སྐྱོབ་པ་གནང་རོགས་གནང་། མི་ཡི་སྐྱབས་རོགས་ནི་ཕན་མེད་ཡིན། 13དཀོན་མཆོག་ང་ཚོའི་ཕྱོགས་སུ་ཡོད་པའི་ངེས་པར་རྒྱལ། ཁོང་གིས་ང་ཚོའི་དགྲ་བོར་ཕམ་དུ་བཅུག་པར་མཛད༎

གསུང་མགུར 109

དཀའ་ངལ་ནང་དུ་ཚུད་པའི་མིའི་སྨྲེ་སྔགས།

1ང་ནི་ཁྱེད་ལ་བསྟོད་དོ་ཀྱེ་དཀོན་མཆོག། ཁྱེད་ཀྱི་ཞལ་ནི་མ་འཚུམས་བཞུགས་རོགས་གནང་། 2རྫུན་ཅན་མི་ངན་རྣམས་ནི་ངའི་ཐོག་རྒོལ། དེ་ཚོས་ང་ཡི་སྐོར་ལ་རྫུན་གཏམ་བཤད། 3དེ་ཚོས་ང་ཡི་སྐོར་ལ་གཏམ་ངན་སྨྲ། དོན་གནད་ཅི་ཡང་མེད་པར་ང་ལ་རྒོལ། 4ང་ཡིས་དེ་ཚོར་གཅེས་ནས་སྨོན་ལམ་འདེབས། འོན་ཀྱང་དེ་ཚོས་ང་ལ་དགྲ་རུ་འཛིན། 5བཟང་པོའི་ལན་དུ་དེ་ཚོས་ངན་ལན་འཇལ། བྱམས་བརྩེའི་ཚབ་ཏུ་དེ་ཚོས་ང་ལ་སྡང་། 6ང་ཡི་དགྲའི་ཐོག་ཁྲིམས་གཅོད་གཏོང་བའི་ཕྱིར། ཁྲིམས་དཔོན་ངན་པ་ཞིག་ལ་འདམས་རོགས་གནང་། ཁོ་ཡི་རང་གི་དགྲ་བོའི་ཁྲོད་ནས་ཅིག་གིས་ཁོ་ལ་སྐྱོན་མཛོད་བྱེད་དུ་བཅུག། 7ཁོ་ལ་ཁྲིམས་གཅོད་བྱེད་ནས་ཉེས་ཅན་བརྙེད་པར་ཤོག། ཁོ་ཡི་སྨོན་ལམ་དེ་ཡང་ཁྲིམས་འགལ་རྩི་བར་ཤོག། 8ཁོ་ཡི་མི་ཚེ་མགྱོགས་པོ་ཟད་པར་ཤོག། ཁོ་ཡི་གོ་གནས་གཞན་གྱི་འཕྲོག་པར་ཤོག། 9ཁོ་ཡི་བུ་ཕྲུག་དྭ་ཕྲུག་བཞིན་དུ་འགྱུར། ཁོ་ཡི་སྐྱེ་དམན་ཡུགས་ས་མ་ལྟར་འགྱུར། 10ཁོ་ཡི་བུ་ཕྲུག་ཁྱིམ་མེད་སློང་མཁན་འགྱུར་བར་ཤོག། རང་ཉིད་བསྡད་པའི་གྱང་གོག་གནས་ནས་དེད་པར་ཤོག། 11ཁོ་ཡི་རྒྱུ་དངོས་བུན་གྱི་བདག་པོས་འཁྱེར་བར་ཤོག། རང་གི་བྱེད་པའི་ལས་ཡི་འབྲས་བུ་ཕྱི་མིས་འཁྱེར་བར་ཤོག། 12སུ་ཞིག་ཁོ་ལ་སྙིང་རྗེ་མ་བྱེད་ཤོག། ཡང་ན་ཁོ་ཡི་བཞག་པའི་དྭ་ཕྲུག་དེ་ཚོར་སྙིང་རྗེ་མ་བྱས་ཤོག། 13ཁོ་ཡི་རིགས་བརྒྱུད་ཡོངས་སུ་འཆི་བར་ཤོག། རྗེས་མའི་མི་རབས་ཀྱིས་ཁོའི་མིང་རྗེད་པར་ཤོག། 14གཙོ་བོ་དཀོན་མཆོག་གིས་ཁོ་ཡི་ཕ་མེས་ཀྱི་ངན་སེམས་ཐུགས་དྲན་མཛོད། ཁོ་ཡི་ཨ་མའི་སྡིག་པ་ནམ་ཡང་སེལ་མ་གནང་། 15གཙོ་བོ་དཀོན་མཆོག་གིས་དེ་ཚོའི་སྡིག་པ་རྒྱུན་དུ་དྲན་པར་ཤོག། འོན་ཀྱང་དེ་ཚོ་ལ་ནི་ཆ་ཚང་རྗེད་པར་ཤོག། 16མི་དེས་སྙིང་རྗེ་བྱས་པ་ནམ་ཡང་མི་བསམ་ཞིང་། དབུལ་པོ་དང་ནི་དགོས་མཁོ་ཅན་དང་ཐབས་ཟད། དེ་ཚོར་བརྡབ་སིགས་གཏང་སྟེ་ཁོས་ཚར་བཅད། 17ཁོ་ནི་སྨོན་ལམ་ལོག་པར་འདེབས་པར་དགའ། བྱིན་རླབས་སྤྲད་པར་ཁོ་ནི་མི་དགའ་ཞིང་། ཁོ་ལ་སུས་ཀྱང་བྱིན་རླབས་མ་སྤྲད་ཤོག། 18ལུས་ཀྱི་གོས་ལྟར་ཁོ་ཡིས་སྨོན་ལོག་འདེབས། ཁོ་ཡི་སྨོན་ལོག་གཟུགས་ནང་ཆུ་ལྟར་ཁེངས། སྣུམ་དང་འདྲ་བ་ཁོ་ཡི་རུས་པར་འཛུལ། 19གོས་ལྟར་དེ་ལ་དམོད་པས་འགེབས་པར་ཤོག། སྐེ་རག་བཞིན་དུ་ཁོ་ཡི་སྐེད་པར་བཅིངས། 20གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ཡི་དགྲ་བོ་ལ། ང་ལ་གཏམ་ངན་ཟེར་མིར་ཉེས་ཆད་དེ་ལྟར་གཏོང་བར་མཛོད། 21འོན་ཀྱང་ང་ཡི་བླ་མེད་གཙོ་བོ་དཀོན་མཆོག་ལགས། ཁྱེད་ཀྱི་ཞལ་ཆེ་བཞིན་དུ་ང་ལ་སྐྱབས་པར་མཛོད། ཁྱེད་ཀྱི་བྱམས་བཟང་རྐྱེན་གྱིས་ང་ལ་སྐྱབས་པར་མཛོད། 22ང་ནི་དབུལ་པོ་དང་ནི་དགོས་མཁོ་ཅན་ཡིན་པས། ང་ཡི་སེམས་ཀྱི་གཏིང་ནས་རྨས་སྐྱོན་ཤོར་ནས་ཡོད། 23དགོང་དྲོའི་གྲིབ་མ་ལྟ་བུ་ང་ནི་ཡལ་གྲབ་ཡོད། བུ་ལྟ་བུ་ང་ནི་རླུང་ནང་འཁྱེར་ནས་འགྲོ། 24ཁ་ཟས་ཉུང་བས་ང་ཡི་པུས་མོ་ཤུགས་མེད་སོང་། ང་ནི་ལྤགས་པ་དང་ནི་རུས་པ་མ་གཏོགས་མེད། 25མི་རྣམས་དེ་ཚོས་ང་ལ་མཐོང་ནས་གད་མོ་ཤོར། དེ་ཚོས་ང་ལ་ཁྱད་གསོད་བྱས་ནས་མགོ་གཡུགས་པ་དང་། 26གཙོ་བོ་དཀོན་མཆོག་ང་ཡི་དཀོན་མཆོག་ང་ལ་སྐྱབས་གྲོགས་གནང། ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེའི་རྐྱེན་གྱིས་ང་ལ་སྐྱོབ་ཏུ་གསོལ། 27ང་ལ་སྐྱབས་མཁན་ཁྱེད་རང་གཅིག་པོ་ཡིན་པ་དེ། ང་ཡི་དགྲ་བོ་ཚོ་ཡིས་ཤེས་སུ་འཇུག་རོགས་གནང་། 28དེ་ཚོས་དམོད་ཀྱང་ཁྱེད་ཀྱིས་ང་ལ་བྱིན་རླབས་གནང་། ང་ལ་བརྡབ་སིགས་གཏོང་མཁན་དེ་ཚོ་འཕམ་པར་ཤོག། ཁྱེད་ཀྱི་བྲན་གཡོག་ང་ནི་དགའ་ཞིང་མགུ་བར་ཤོག། 29ང་ཡི་དགྲ་བོ་རྣམས་ལ་སྨད་ཤྲས་འགེབས་པར་ཤོག། དེ་ཚོས་ངོ་ཚ་གྱོན་གོས་ལྟར་གྱོན་པར་ཤོག། 30ང་ནི་སྐད་ཤུགས་ཆེན་པོས་གཙོ་བོ་དཀོན་མཆོག་ལ་གཏང་རག་འབུལ། མི་ཚོགས་ཁྲོད་དུ་ང་ནི་ཁོང་ལ་བསྟོད་བསྔགས་འབུལ། 31གང་ལགས་ཟེར་ན་དབུལ་པོར་ཁོང་གིས་སྲུང་སྐྱོབས་གནང་། ཁོ་ཚོའི་སྲོག་ལེན་མཁན་ལས་ཁོང་གིས་དེ་ཚོར་སྐྱབས་པར་མཛད༎

གསུང་མགུར 110

གཙོ་བོ་དཀོན་མཆོག་དང་ཁོང་གིས་འདམས་པའི་རྒྱལ་པོ།

1གཙོ་བོ་དཀོན་མཆོག་ཁོང་གིས་ང་ཡི་གཙོ་བོ་ལ་གསུངས། ཁྱོད་ཀྱི་དགྲ་རྣམས་ཁྱོད་ཀྱི་རྐང་འོག་མ་བཅུག་བར། འདི་རུ་ང་ཡི་ལག་གཡས་ལངས་ནས་སྡོད་ཅིག། 2གཙོ་བོ་དཀོན་མཆོག་ཁོང་གི་ཛི་ཡོན་གྱི་གནས་ནས། ཁྱོད་ཀྱི་རྒྱལ་པོའི་སྟོབས་ཤུག་འཕེལ་དུ་བཅུག་པ་དང་། ཁོང་གིས་དགྲ་བོོའི་ཐོག་ཏུ་ཁྱོད་ཀྱིས་སྲིད་སྐྱོང་གསུངས། 3རང་གི་དགྲ་བོ་རྣམས་དང་འཐབ་པའི་ཉིན་མོ་དེར། ཁྱེད་ཀྱི་མི་མང་རང་ཉིད་རྗེས་སུ་འབྲངས་ནས་ཡོང་། ཁྱོད་ཀྱི་ན་གཞོན་རྣམས་ནི་སྔ་དྲོའི་ཟིལ་པ་ལྟར། དམ་པའི་རི་བོའི་གནས་སུ་དེ་ཚོ་ཡོང་བར་འགྱུར། 4གཙོ་བོ་དཀོན་མཆོག་ཁོང་གི་ཞལ་ཆེ་དྲག་པོ་ཞིག་གནང་ཡོད་པ་དང་དེ་ནི་ཕྱིར་མི་བཞེས། མེལ་ཀི་ཛེ་དེག་གི་གོ་གནས་སུ་ཁྱོད་ནི་རྒྱུན་དུ་བླ་མར་འགྱུར། 5ཁྱོད་ཀྱི་གཡས་སུ་གཙོ་བོ་བཞུགས་ཡོད་དོ། ཁོང་ནི་ཁྲོ་དུས་རྒྱལ་པོ་རྣམས་ལ་འཕམ་བཅུག་གོ། 6མི་རིགས་རྣམས་ཀྱི་ཁྲོད་དུ་ཞལ་ཆེ་གཅོད་པ་དང་། དམག་སའི་ཐང་ནི་མི་རོས་ཡོངས་སུ་གང་བར་འགྱུར། ས་གཞི་ཀུན་གྱི་རྒྱལ་པོ་རྣམས་ལ་འཕམ་བཅུག་ཡོང་། 7ལམ་འགྲམ་གྱི་རྒྱུག་ཆུའི་ཆུ་རྒྱལ་པོས་འཐུང་བ་དང་། སྟོབས་ཤུགས་སྐྱེས་ནས་ཁོང་ནི་རྒྱལ་ཁ་ཐོབ་པར་འགྱུར༎

གསུང་མགུར 111

གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་འབུལ་བ།

1གཙོ་བོ་དཀོན་མཆོག་ལ་ནི་བསྟོད་པ་འབུལ་ཞུག། ཁོང་གི་མི་འབངས་རྣམས་ཀྱི་དབུས་སུ་ངའི་སེམས་ནས། གཙོ་བོ་དཀོན་མཆོག་ལ་ནི་གཏང་རག་འབུལ་བར་བྱ། 2གཙོ་བོ་དཀོན་མཆོག་ཁོང་གི་མཛད་འཕྲིན་ཇི་ལྟར་ངོ་མཚར་ཆེ། དེ་ཚོ་དགའ་མཁན་ཚང་མས་དེ་ཚོ་ཤེས་པར་འདོད། 3ཁོང་གི་མཛད་པ་ཚང་མ་གུས་ཞབས་དང་གཟི་བརྗིད་ཀྱིས་གང་ནས་ཡོད། ཁོང་གི་དྲང་བ་ཉིད་ནི་མཐའ་མེད་ཡིན་པ་དང་། 4གཙོ་བོ་དཀོན་མཆོག་ཁོང་གི་ངོ་མཚར་མཛད་འཕྲིན་རྣམས་ང་ཚོར་བརྗེད་མ་བཅུག། ཁོང་ནི་དྲིན་ཆེན་དང་སྙིང་རྗེ་ཅན་ཡིན། 5ཁོང་ལ་གུས་བཀུར་ཞུས་མིར་ཁོང་གིས་ཁ་ཟས་གནང་། ཁོང་གི་དམ་བཅའ་དེ་ནི་ཁོང་གི་ནམ་ཡང་བརྗེད་མི་ཡོང་། 6ཕྱི་རྒྱལ་བའི་ས་ཞིང་རང་གི་འབངས་ལ་གནང་ནས། ཁོང་གིས་རང་གི་མཐུ་སྟོབས་དེ་ཚོར་སྟོན་གནང་ངོ་། 7ཁོང་གིས་མཛད་པ་ཚང་མར་ཁོང་ནི་དམ་ཚིག་ཅན་དང་ཁྲིམས་དྲང་པོ་ཡོད། ཁོང་གི་བཀའ་རྒྱ་ཚང་མ་བློས་འཁེལ་པོ་ཡོད། 8དེ་ཚོ་བདེན་པ་དང་དྲང་བདེན་ངང་གནང་བ་ཡིན། དུས་གཏན་གྱི་ཕྱིར་དུ་གནས། 9རང་གི་མི་འབངས་ལ་ཁོང་གིས་རང་དབང་གནང་བ་དང་། དུས་མཐའ་མེད་པའི་དམ་བཅའ་དེ་ཚོ་མཉམ་དུ་འཇོག་གནང་ངོ་། ཁོང་ནི་དམ་པ་དང་ནི་མཐུ་སྟོབས་ཅན་ལགས་སོ། 10ཤེས་རབ་ལྡན་པར་ཡོང་རྒྱུ་གཙོ་བོ་དཀོན་མཆོག་ཁོང་ལ་གུས་བཀུར་ཞུས། ཁོང་གི་བཀའ་རྒྱ་དེ་ཚོ་སྲུང་མཁན་རྣམས་ལ་ནི། ཤེས་རབས་ཀྱི་བྱིན་རླབས་གནང་བར་འགྱུར། ཁོང་ལ་དུས་ནི་རྟག་ཏུ་བསྟོད་དགོས་སོ༎

གསུང་མགུར 112

མི་བཟང་པོ་ཞིག་གི་བདེ་བ།

1གཙོ་བོ་དཀོན་མཆོག་ལ་ནི་བསྟོད་པ་འབུལ། གཙོ་བོ་དཀོན་མཆོག་ཁོང་ལ་གུས་ཞབས་ཞུ་མཁན་དང། ཁོང་གི་བཀའ་རྒྱ་ཉན་ཕྱིར་དགའ་བ་གྱིས། མི་དེ་ཤིན་ཏུ་བདེ་བ་ཡིན། 2བཟང་པོའི་མི་ཡི་ཕྲུ་གུ་ཡུལ་དུ་སྟོབས་ལྡན་འགྱུར། དེ་ཡི་རིགས་བརྒྱུད་དེ་ཚོར་བྱིན་རླབས་ཐོབ། 3ཁོ་ཡི་ནང་མིར་རྒྱུ་དངོས་གསོགས་པ་དང་། རྒྱུན་དུ་ཁོ་ལ་ཕུན་སུམ་ཚོགས་པར་འགྱུར། 4མི་བཟང་པོའི་ཕྱིར་དང་སྙིང་རྗེ་ཅན་དང་དྲིན་ཅན་དང་དྲང་པོའི་ཆེད་དུ་མུན་པར་འོད་འཚེར་རོ། 5གཏོང་ཕོད་ཆེན་པོ་བྱས་ཏེ་བུ་ལོན་སྤྱོད་མཁན་དང་། རང་གི་ཚོང་ཟོག་ལ་དྲང་པོར་སྤྱོད་མཁན་མི་དེ་བདེ། 6བཟང་པོའི་མི་ནི་ནམ་ཡང་འཁྱོར་མི་ཡོང་། མི་ཚོས་ཁོ་ལ་རྒྱུན་དུ་དྲན་པར་འགྱུར། 7གནས་ཚུལ་ངན་པ་ཐོས་ཀྱང་ཁོ་མི་འཇིགས། ཁོ་ཡི་དད་པ་སྟོབས་ཅན་དང་ཁོ་ཡིས་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་གྱི་ཡོད་དོ། 8ཁོ་ལ་སེམས་འཁྲལ་འཇིགས་པ་བྱུང་མེད། དགྲ་རྣམས་འཕམ་པ་ཁོ་ཡིས་ངེས་པར་མཐོང་བར་འགྱུར། 9དགོས་མཁོ་ཅན་ལ་གཏོང་ཕོད་ཆེན་པོའི་ཐོག་ནས་སྦྱིན་པར་བཏང་། ཁོ་ཡི་དྲིན་ནམ་ཡང་ཉམས་མི་ཡོང་། ཁོ་ནི་སྟོབས་དང་ལྡན་ཞིང་གུས་ཞབས་ཐོབ། 10ངན་པས་དེ་ཚོ་མཐོང་ནས་ཁྲོས། མིག་གིས་མིག་ལོག་བལྟ་བཞིན་དེ་ཚོ་ཡལ། དེ་ཚོའི་རེ་བ་ཚང་མ་མེད་པར་འགྱུར༎

གསུང་མགུར 113

གཙོ་བོ་དཀོན་མཆོག་གི་བཟང་བ་ཉིད་ལ་བསྟོད་པ།

1གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་པ་འབུལ། གཙོ་བོ་དཀོན་མཆོག་གི་ཞབས་ཕྱི་ཁྱོད་ཚོས་ཁོང་གི་མཚན་ལ་བསྟོད་པ་འབུལ་ཞིག། 2ད་ནས་བཟུང་སྟེ་རྒྱུན་དུ་ཁོང་གི་མཚན་བསྟོད་པར་ཤོག། 3ཉི་མ་ཤར་བའི་དུས་ནས་དེ་ནུབ་བར་དུ། གཙོ་བོ་དཀོན་མཆོག་ཁོང་གི་མཚན་ལ་བསྟོད་པ་འབུལ་དགོས་སོ། 4མཐོ་རིས་སྟེང་དུ་ཁོང་གི་མཟི་བརྗིད་ཡོད། མི་རིགས་ཡོངས་ཐོག་གཙོ་བོ་དཀོན་མཆོག་ཁོང་གིས་རྒྱལ་སྲིད་སྐྱོང་། 5གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ཁོང་འདྲ་སུ་ཡང་མེད། ཁོང་ནི་ས་གནས་མཐོ་སར་བཞུགས་གནང་ངོ་། 6འོན་ཀྱང་ཁོང་ནི་མཐོ་རིས་དང་ནི་ས་གཞི་རུ། གཟིགས་པའི་ཕྱིར་དུ་དབུ་ཡང་སྒུར་བར་མཛད། 7ཁོང་གི་དབུལ་པོ་ལ་དུལ་དང། དགོས་མཁོ་ཅན་ཚོ་ལ་དེ་ཚོའི་སྡུག་བསྔལ་ལས་ཡར་བསླང་བ་དང་། 8དེ་ཚོར་རྒྱལ་སྲས་མཉམ་དུ། རང་གི་མི་འབངས་ཀྱི་རྒྱལ་སྲས་མཉམ་དུ་འཇོག་གནང་ངོ་། 9ཁོང་གིས་རབས་ཆད་མ་ལ་ཁྱིམ་དུ་གུས་ཞབས་གནང། མོ་ལ་ཕྲུ་གུ་གནང་ནས་དགའ་རུ་བཅུག། གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་འབུལ༎

གསུང་མགུར 114

ཐར་གྲོལ་གྱི་གཞས།

1ཨིསི་རཱཨེལ་གྱི་མི་ཚོས་ཨི་ཇིབ་ཡུལ་དེ་སྤངས་སྐབས། ཡ་ཀོབ་རིགས་བརྒྱུད་ཕྱི་ཡུལ་དེ་ལས་ཕྱིར་ཐོན་སྐབས། 2ཡ་ཧུ་ད་ནི་གཙོ་བོའི་དམ་པའི་མི་འབངས་སུ་འགྱུར། ཨིསི་རཱཨེལ་ནི་རང་གི་བདག་དབང་འགྱུར། 3དེ་ཚོ་མཐོང་ནས་རྒྱ་མཚོ་དམར་པོ་བྲོས། ཡོར་དན་གཙང་པོ་རྒྱུག་རྒྱུ་འགག། 4རི་བོ་རྣམས་ནི་ར་ལྟར་ཡར་ལ་འཕགས། རི་ཕྲན་རྣམས་ལུ་གུ་ལྟར་ཡར་ལ་མཆོང་བ་དང་། 5རྒྱ་མཚོ་ཁྱོད་ནི་བྲོས་འགྲོ་རྒྱུ་ཅི་བྱུང་ངམ། ཀྱེ་ཡོར་དན་ཁྱོད་ནི་ཅི་ལ་རྒྱུག་རྒྱུ་འགག། 6ཁྱོད་རི་བོ་རྣམས་ནི་ར་ལྟར་ཅི་ལ་འཕགས། ཁྱོད་རི་ཕྲན་རྣམས་ཁྱོད་ཚོ་ལུ་གུ་ལྟར་ཅི་ལ་མཆོང་། 7ས་གཞི་ཁྱོད་ནི་གཙོ་བོ་ཕེབས་པའི་དུས། ཡ་ཀོབ་དཀོན་མཆོག་དྲུང་དུ་ཁྱོད་འདར་ཞིག། 8ཁོང་གིས་བྲག་རྣམས་ཆུ་རྫིང་དུ་འགྱུར་གནང་ཞིང་། བྲག་ངོས་གཟར་པོ་དེ་ཚོ་རྒྱུག་བཞིན་པའི་ཆུ་མིག་ཏུ་བསྒྱུར་མཛད༎

གསུང་མགུར 115

དཀོན་མཆོག་བདེན་པ་གཅིག་རང་།

1ཁྱེད་གཅིག་པོ་ཀྱེ་དཀོན་མཆོག་ཁྱེད་མ་གཏོགས་ང་ཚོར་མིན། ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་དང་དམ་ཚིག་ཕྱིར་གཟི་བརྗིད་ཐོབ། 2ཁྱོད་ཚོའི་དཀོན་མཆོག་གང་དུ་ཡོད་ཟེར་ཞིང་། ཅི་ལ་མི་རིགས་དེ་ཚོས་ང་ཚོར་དྲིས། 3ང་ཚོའི་དཀོན་མཆོག་མཐོ་རིས་སུ་བཞུགས་པ་དང་། རང་གི་ཐུགས་འདོད་བཞིན་དུ་ཁོང་གིས་གནང་། 4དེ་ཚོའི་ལྷ་རྣམས་མི་ཡིས་ལག་པས་གསེར་དང་དངུལ་གྱིས་བཟོས་པ་ཡིན། 5དེ་ཚོར་ཁ་ཡོད་ཀྱང་སྨྲ་མི་ཐུབ། དེ་ཚོར་མིག་ནི་ཡོད་ཀྱང་མཐོང་མི་ཐུབ། 6དེ་ཚོར་རྣ་ཡོད་ཀྱང་ཐོས་མི་ཐུབ། སྣ་ནི་ཡོད་ཀྱང་དེ་ཚོས་སྣུམ་མི་ཐུབ། 7དེ་ཚོར་ལག་པ་ཡོད་ཀྱང་ཚོར་མི་ཐུབ། རྐང་པ་ཡོད་ཀྱང་དེ་ཚོ་འགྲུལ་མི་ཐུབ། དེ་ཚོས་སྒྲ་ཆུང་ཆུང་ཀྱང་འདོན་མི་ཐུབ། 8སྐུ་འདྲ་དེ་ཚོ་བཟོས་མཁན་དང་དེ་ཚོར་བློ་བཅོལ་བྱེད་ནི། དེ་ཚོ་ཚང་མ་སྐུ་འདྲ་བཞིན་དུ་འགྱུར། 9ཨིསི་རཱཨེལ་གྱི་མི་མང་ཁྱོད་ནི་གཙོ་བོ་དཀོན་མཆོག་བློ་བཅོལ་ཞིག། ཁོང་གིས་ཁྱོད་ཚོར་སྐྱབས་གྲོགས་དང་སྲུང་སྐྱོབ་གནང་ངོ། 10དཀོན་མཆོག་ཁོང་གི་བླ་མ་རྣམས། གཙོ་བོ་དཀོན་མཆོག་ཁོང་ལ་བློ་བཅོལ་ཞིག། 11ཁོང་ལ་མཆོད་པ་འབུལ་མཁན་ཚང་མ་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ཞིག། ཁོང་གིས་ཁྱོད་ཚོར་སྐྱབས་གྲོགས་དང་སྲུང་སྐྱོབས་གནང་ངོ། 12གཙོ་བོ་དཀོན་མཆོག་ཁོང་གིས་ང་ཚོར་དྲན་ཞིང་བྱིན་རླབས་གནང་བར་འགྱུར། ཁོང་གིས་ཨིསི་རཱཨེལ་གྱི་མི་མང་དང་། དཀོན་མཆོག་གི་བླ་མ་ཡོངས་ལ་བྱིན་རླབས་གནང་བར་འགྱུར། 13ཁོང་གིས་ཆེ་ཆུང་མེད་པར་ཁོང་ལ་གུས་བཀུར་ཞུ་མཁན་ཚོར། དེ་ཚོར་ཁོང་གིས་བྱིན་རླབས་གནང་བར་འགྱུར། 14ཁྱོད་དང་ཁྱོད་ཀྱི་རིགས་བརྒྱུད་རྣམས་ལ་ནི། གཙོ་བོ་དཀོན་མཆོག་ཁོང་གིས་བུ་ཕྲུག་གནང་བར་ཤོག། 15མཐོ་རིས་དང་ནི་ས་གཞི་བཀོད་མཁན་གྱིས། ཁོང་གིས་ཁྱོད་ཚོར་བྱིན་རླབས་གནང་བར་ཤོག། 16མཐོ་རིས་ནི་གཙོ་བོ་དཀོན་མཆོག་ཁོང་གཅིག་པོའི་ཡིན། འོན་ཀྱང་ཁོང་གིས་ས་གཞི་འདི་ནི་མི་ཚོར་གནང་། 17གཤིན་ཁམས་སུ་འགྲོ་མཁན་གཤིན་པོས། དེ་ཚོ་སུ་ཞིག་གིས་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་མི་ཡོང་། 18འོན་ཀྱང་ང་ཚོ་གསོན་པོས་ད་ནས་དུས་རྒྱུན་དུ། ཁོང་ལ་གཏང་རག་འབུལ།

གསུང་མགུར 116

འཆི་བ་ནས་ཐར་པའི་མིས་དཀོན་མཆོག་ལ་བསྟོད་པ།

1ང་ནི་གཙོ་བོ་དཀོན་མཆོག་ཁོང་ལ་བྱམས་ཀྱི་ཡོད། གང་ལགས་ཟེར་ན་ཁོང་གིས་ང་ལ་གསན་པ་དང་། ཁོང་གིས་ང་ཡི་སྨོན་ལམ་གསན། 2ང་ཡི་ཇི་ཙམ་འབོད་ཀྱང་ཁོང་གིས་གསན། 3ཕྱོགས་བཞིར་ང་ལ་འཆི་བའི་ཉེན་ཁ་ཡོད། འཆི་བའི་དངངས་སྐྲག་གི་ང་ལ་འགེབས། ང་ལ་འཇིག་སྣང་དང་སེམས་འཁྲལ་གང་ཡོད་དོ། 4དེ་ནས་ང་ཡིས་གཙོ་བོ་དཀོན་མཆོག་ཁོང་ལ་འབོད། ཐུགས་རྗེས་གཟིགས་གཙོ་བོ་དཀོན་མཆོག་ང་ལ་སྐྱོབ་རོགས་གནང། 5གཙོ་བོ་དཀོན་མཆོག་བཀའ་དྲིན་ཅན་དང་བཟང་པོ་ཡིན། ང་ཚོའི་དཀོན་མཆོག་སྙིང་རྗེ་ཅན་ཡིན་ནོ། 6གཙོ་བོ་དཀོན་མཆོག་ཁོང་གིས་གྲོགས་མེད་རྣམས་ལ་སྲུང་། ཁོང་གིས་ང་ལ་ཉེན་ཁའི་དུས་སུ་སྐྱབས། 7ང་ཡི་སེམས་ཉིད་ཁྱོད་ནི་བློ་ཁལ་པོ་བྱོས་ཞིག། གང་ལ་ཟེར་ན་གཙོ་བོ་དཀོན་མཆོག་ཁོང་གིས་ང་ལ་བཟང་པོ་གནང་། 8གཙོ་བོ་དཀོན་མཆོག་ཁོང་གིས་འཆི་བ་ལས་ནི་ང་ལ་སྐྱབས། ཁོང་གིས་ང་ཡི་མིག་ཆུ་ཕྱི་གནང་ཞིང་། ང་ལ་ཕམ་རྒུད་སོགས་ལས་སྐྱབས་པ་གནང་། 9དེར་བརྟེན་ང་ནི་གསོན་པོ་རྣམས་ཀྱི་གླིང་དུ། གཙོ་བོ་དཀོན་མཆོག་ཁོང་དྲུང་འགྲུལ་གྱི་ཡོད། 10ང་ནི་ཆ་ཚང་མེད་པར་སོང་ཡོད། སྨྲས་སྐབས། 11ང་འཇིགས་ནས། སུ་ལ་ཡང་བློ་ཁལ་མི་ཐུབ། ཞེས་སྨྲས་པའི་སྐབས་སུ། དེ་དུས་ཡང་ངས་ཡིད་ཆེས་བྱེད་རྒྱུ་སྤངས་མེད་དོ། 12ང་ཡི་ཕྱོགས་སུ་ཁོང་གི་བཀའ་དྲིན་ཕྱིར། ང་ནི་གཙོ་བོ་དཀོན་མཆོག་ཁོང་ལ་ཅི་འབུལ་ཐུབ། 13ང་ལ་སྐྱབས་ཕྱིར་གཏང་རག་འབུལ་བའི་ཕྱིར། གཙོ་བོ་དཀོན་མཆོག་ཁོང་དྲུང་རྒུན་ཆང་འབུལ་བ་འཕུལ་གྱི་ཡིན། 14ང་ནི་ཁོང་གི་མི་མང་ཡོངས་ཀྱི་ཚོགས་ཁྲོད། དམ་བཅའ་ཞུས་པ་རྣམས་ཁོང་ལ་འབུལ། 15ཁོང་གི་མི་མང་ནས་མི་ཞིག་འཆི་སྐབས། གཙོ་བོ་དཀོན་མཆོག་ཁོང་ལ་དཀའ་ངལ་ཇི་ཙམ་ཡོང་། 16ང་ནི་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་བྲན་གཡོག་ཡིན། ངའི་ཨ་མའི་གནང་བ་ལྟར་ངས་ཁྱེད་ལ་ཞབས་ཕྱི་ཞུ་གི་ཡིན། ང་ལ་འཆི་བ་ལས་ཁྱེད་ཀྱིས་སྐྱབས་གནང་བྱུང་། 17ང་ནི་ཁྱེད་ལ་ཐུགས་རྗེའི་དམར་མཆོད་འབུལ། ཁྱེད་ལ་ང་ཡི་སྨོན་ལམ་འདེབས་ཀྱི་ཡིན། 18-19ཁྱེད་ཀྱི་མི་འབངས་ཡོངས་རྫོགས་ཚོགས་པའི་སར། དམ་པའི་མཆོད་ཁང་ཡེ་རུ་ཤ་ལེམ་དུ། ང་ཡིས་དམ་བཅའ་བྱེད་པ་རྣམས་ཁྱེད་ལ་འབུལ། གཙོ་བོ་དཀོན་མཆོག་ལ་ནི་བསྟོད་བསྔགས་ཤིག།

གསུང་མགུར 117

གཙོ་བོ་དཀོན་མཆོག་ལ་བསྟོད་པ།

1མི་རིགས་ཀུན་གྱི་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག། མི་མང་ཀུན་གྱི་ཁོང་ལ་བསྟོད་པ་འབུལ། 2ཁོང་གི་བྱམས་པ་ང་ཚོར་བརྟན་པོ་ཡོད། ཁོང་གི་དམ་ཚིག་ལྡན་ཚུལ་ནི་ཐོག་མཐའ་མེད་པ་གནས།

གསུང་མགུར 118

རྒྱལ་ཁ་ཐོབ་པའི་ཕྱིར་གཏང་རག་གི་སྨོན་ལམ།

1གཙོ་བོ་དཀོན་མཆོག་ཁོང་ལ་གཏང་རག་འབུལ། གང་ལགས་ཟེར་ན་ཁོང་ནི་བཟང་པོ་ཡིན། ཁོང་གི་བྱམས་པ་རྒྱུན་དུ་གནས། 2ཨིསི་རཱཨེལ་གྱི་མི་མང་ཚོས་འདི་ལྟར་སྨྲས་པར་ཤོག། ཁོང་གི་བྱམས་པ་རྒྱུན་དུ་གནས། 3དཀོན་མཆོག་ཁོང་གི་བླ་མ་ཚོ་ཡིས་འདི་ལྟར་སྨྲས་པར་ཤོག། ཁོང་གི་བྱམས་པ་རྒྱུན་དུ་གནས། 4ཁོང་ལ་བསྙེན་བཀུར་བྱེད་མཁན་ཡོངས་ནས་འདི་ལྟར་སྨྲས་པར་ཤོག། ཁོང་གི་བྱམས་པ་རྒྱུན་དུ་གནས། 5ང་ཡི་དཀའ་ངལ་དུས་སུ་གཙོ་བོ་དཀོན་མཆོག་ཁོང་ལ་བོས། ཁོང་གིས་བཀའ་ལན་གནང་ནས་ང་ཐར་རོ། 6གཙོ་བོ་དཀོན་མཆོག་ཁོང་ནི་ང་མཉམ་ཡོད་པས་ང་མི་འཇིགས། ང་ལ་སུ་ཡི་ཅི་ཞིག་བྱེད་ཐུབ་བམ། 7ང་ལ་མགོན་སྐྱབས་གནང་མཁན་དེ་ནི་གཙོ་བོ་དཀོན་མཆོག་ཡིན་པ་དང་། ངས་རང་གི་དགྲ་རྣམས་ཕམ་པ་མཐོང་བར་འགྱུར། 8མི་ལ་བློ་བཅོལ་བ་ལས། གཙོ་བོ་དཀོན་མཆོག་ཁོང་ལ་བློ་བཅོལ་བྱེད་པ་ལེགས་པ་ཡིན། 9མི་ཡི་འགོ་པར་བློ་གཏད་བྱེད་པ་ལས། གཙོ་བོ་དཀོན་མཆོག་ཁོང་ལ་བློ་བཅོལ་བྱེད་པ་ལེགས་པ་ཡིན། 10ང་ལ་ཕྱོགས་བཞིར་དགྲ་བོ་མང་པོས་བསྐོར། འོན་ཀྱང་གཙོ་བོ་དཀོན་མཆོག་ཁོང་གི་དབང་གིས་ང་ཡིས་དེ་ཚོར་ཚར་བཅད་དོ། 11དེ་ཚོས་ང་ལ་ཕྱོགས་བཞིར་བསྐོར་ནས་ཡོད། 12སྦྲང་ཚོགས་བཞིན་དུ་དེ་ཚོས་ང་ལ་བསྐོར། འོན་ཀྱང་དེ་ཚོ་ཚེར་ཁྲོད་མེ་ལྟར་འཚིག་ནས་མྱུར་དུ་འཆི། གཙོ་བོ་དཀོན་མཆོག་ཁོང་གི་དབང་གིས་ང་ཡིས་དེ་ཚོར་ཚར་བཅད་དོ། 13ང་ལ་འཇིགས་སུ་རུང་བར་ཐབ་རྒོལ་བྱེད་པ་དང་ང་འཕམ་བཞིན་ཡོད། འོན་ཀྱང་གཙོ་བོ་དཀོན་མཆོག་ཁོང་གིས་ང་ལ་སྐྱབས། 14གཙོ་བོ་དཀོན་མཆོག་ཁོང་གིས་ང་ལ་སྟོབས་ཅན་བཟོས་པ་གནང་། ཁོང་གིས་ང་ལ་སྐྱབས་པ་གནང་། 15དཀོན་མཆོག་གི་མི་འབངས་ཀྱི་གུར་ནང་དུ། རྒྱལ་ཁའི་དགའ་བའི་སྐད་འབོད་ཉོན་ཞིག། གཙོ་བོ་དཀོན་མཆོག་ཁོང་གི་སྟོབས་ཀྱིས་འདི་རྣམས་བྱུང་བ་ཡིན། 16ཁོང་གི་མཐུ་སྟོབས་ཀྱིས་ནི་དམག་ས་རུ། རྒྱལ་ཁའི་ངང་ནས་ང་ཚོར་འཁྲིད་གནང་ངོ་། 17ང་ནི་འཆི་མི་ཡོང་། དེའི་ཚབ་ཏུ་ང་གསོན་པོར་བསྡད་པ་དང། གཙོ་བོ་དཀོན་མཆོག་ཁོང་གི་མཛད་འཕྲིན་རྣམས་ནི་ང་ཡིས་བརྗོད། 18ཁོང་གིས་ང་ལ་ཉེས་ཆད་དྲག་པོ་བཏང་། འོན་ཀྱང་ཁོང་གིས་ང་ནི་འཆི་མ་འཇུག། 19མཆོད་ཁང་སྒོ་རྣམས་ངའི་ཕྱིར་ཕྱེ་བར་མཛད། ང་ནང་དུ་འཛུལ་ནས་གཙོ་བོ་དཀོན་མཆོག་ཁོང་ལ་གཏང་རག་འབུལ། 20འདི་ནི་གཙོ་བོ་དཀོན་མཆོག་ཁོང་གི་རྒྱལ་སྒོ་ཡིན། དྲང་བདེན་མི་རྣམས་གཅིག་པུ་དེ་ནང་འཛུལ་ཐུབ། 21ང་ནི་གཙོ་བོ་དཀོན་མཆོག་ཁྱེད་ལ་བསྟོད་པ་འབུལ། གང་ལགས་ཟེར་ན་ཁྱེད་ཀྱིས་ང་ལ་གསན་པ་དང། ཁྱེད་ཀྱིས་ང་ལ་རྒྱལ་ཁ་གནང་ཡོད། 22ཁྱིམ་བཟོ་པ་ཚོས་ཕན་མེད་ཟེར་ནས་དབྱུགས་པའི་རྡོ། རྨང་གཞི་ལྟེ་བའི་ཟུར་རྡོར་འགྱུར་ཡོད་དོ། 23འདི་ནི་གཙོ་བོ་དཀོན་མཆོག་ཁོང་གི་གནང་བ་ཡིན། དེ་ནི་ཇི་ལྟར་ངོ་མཚར་ཅན་གྱི་་སྣང་བ་ཡིན་ནོ། 24དེ་རིང་གཙོ་བོ་དཀོན་མཆོག་རྒྱལ་བའི་ཉིན་མོ་ཡིན། ང་ཚོ་དགའ་ཞིང་སྐྱིད་པོ་བྱ་དགོས་སོ། 25གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ཚོར་སྐྱབས་རོགས་གནང་། ང་ཚོར་དར་ཞིང་རྒྱས་མཛོད་ཀྱེ་གཙོ་བོ་དཀོན་མཆོག། 26གཙོ་བོ་དཀོན་མཆོག་ཁོང་གི་མཚན་ནང་ཕེབས་མཁན་ལ། དཀོན་མཆོག་ཁོང་གིས་བྱིན་རླབས་གནང་བར་ཤོག། གཙོ་བོ་དཀོན་མཆོག་ཁོང་གི་མཆོད་ཁང་ནས། ང་ཚོས་ཁྱེད་ལ་བྱིན་རླབས་འབུལ། 27གཙོ་བོ་དཀོན་མཆོག་ཁོང་ནི་དཀོན་མཆོག་ཡིན། ཁོང་གི་ང་ཚོའི་ཐོག་ཏུ་བཟང་པོ་གནང་། ལག་ཏུ་ཡལ་ག་འཁུར་ནས་དུས་ཆེན་ཚུགས། དེ་ནས་མཆོད་ཁྲིའི་ཕྱོགས་བཞིར་བསྐོར་བ་བརྒྱབ། 28ཁྱེད་ནི་ང་ཡི་དཀོན་མཆོག་ཡིན་པ་དང། ང་ནི་ཁྱེད་ལ་གཏང་རག་འབུལ། ཁྱེད་ཀྱི་སྙན་གྲགས་སྐོར་ལ་ང་ཡི་བརྗོད། 29གཙོ་བོ་དཀོན་མཆོག་ཁོང་ལ་གཏང་རག་འབུལ། གང་ལགས་ཟེར་ན་ཁོང་ནི་བཟང་པོ་ཡིན། ཁོང་གི་བྱམས་པ་རྒྱུན་དུ་གནས་པར་འགྱུར༎

གསུང་མགུར 119

1གཙོ་བོ་དཀོན་མཆོག་ཁོང་གི་བཀའ་ཁྲིམས་བཞིན་དུ་སྤྱོད་མཁན་དང་། ཉེས་མེད་མི་ཚེ་སྐྱེལ་མཁན་དེ་ཚོ་བདེའོ། 2ཁོང་གི་བཀའ་རྒྱ་བཞིན་དུ་འགྲུལ་མཁན་དང་། རང་གི་སེམས་ཀྱི་གཏིང་ནས་ཁོང་གི་བཀའ་ལ་བརྩིས་མཁན་དེ་ཚོ་བདེའོ། 3དེ་ཚོས་ནམ་ཡང་ནོར་འཁྲུལ་མི་བྱེད་ཅིང་། དེ་ཚོ་གཙོ་བོ་དཀོན་མཆོག་གི་འགྲུལ་ལམ་ནང་དུ་འགྲོ། 4གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ཚོར་རང་གི་བཀའ་ཁྲིམས་གནང་། དེ་ནི་དམ་ཚིག་ལྡན་པའི་སྒོ་ནས་སྲུང་ང་ཚོར་གསུངས། 5ཁྱེད་ཀྱི་བཀའ་སློབ་རྣམས་ནི་དམ་ཚིག་ངང་། ང་ཡིས་སྲུང་བར་ཐུབ་པའི་རེ་བ་ང་ལ་ཡོད། 6ཁྱེད་ཀྱི་བཀའ་རྒྱ་ཚང་མ་ང་ཡིས་སྲུང་ཐུབ་ན། ང་ངོ་ནི་ཚ་མི་དགོས་སོ། 7ཁྱེད་ཀྱི་དྲང་བདེན་ཁྲིམས་རྣམས་ང་ཡི་བསླབ་པའི་དུས། ང་ཡི་སེམས་ནི་གཙང་མའི་སྒོ་ནས་ཁྱེད་ལ་བསྟོད། 8ཁྱེད་ཀྱི་བཀའ་ཁྲིམས་རྣམས་ནི་ང་ཡི་སྲུང་གིས་ཡིན། ང་ལ་ནམ་ཡང་སྤངས་བར་མ་གནང་ཞིག།

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་སྲུང་བ།

9ན་གཞོན་ཚོས་རང་གི་མི་ཚེ་ཇི་ལྟར་གཙང་མ་བཞག་ཐུབ་བམ། ཁྱེད་ཀྱི་བཀའ་ཁྲིམས་རྣམས་སྲུང་ནས་ཡིན། 10ང་ཡི་སེམས་ཀྱི་གཏིང་ནས་ཁྱེད་ལ་ཞབས་ཏོག་ཞུ་ཐབས་བྱེད་ཀྱི་ཡོད། ཁྱེད་ཀྱི་བཀའ་རྒྱ་རྣམས་སྲུང་རྒྱུ་ལས་ངའི་སེམས་ལོག་མ་བཅུག། 11ངས་ཁྱེད་དང་འགལ་བའི་སྡིག་པ་མི་བྱེད་ཕྱིར། ཁྱེད་ཀྱི་བཀའ་ཁྲིམས་རང་གི་སེམས་ནང་བཞག་གི་ཡོད། 12ཀྱེ་གཙོ་བོ་དཀོན་མཆོག་ང་ནི་ཁྱེད་ལ་བསྟོད་ཀྱི་ཡོད། ཁྱེད་ཀྱི་ལམ་དུ་འགྲུལ་ཕྱིར་ང་ལ་སློབ། 13ཁྱེད་ཀྱི་གནང་བའི་བཀའ་ཁྲིམས་ཚང་མ། ང་ནི་ཡང་ནས་ཡང་དུ་ཤུགས་ཆེར་བརྗོད་ཀྱིས་ཡིན། 14རྒྱུ་དངོས་མང་པོ་ཡོད་པར་དགའ་བ་ལས། ཁྱེད་ཀྱི་བཀའ་ཁྲིམས་རྣམས་སྲུང་རྒྱུ་ང་ལ་དགའ་བ་མང་བ་ཐོབ། 15ང་ནི་ཁྱེད་ཀྱི་སློབ་སྟོན་རྣམས་ལ་སྦྱངས་ཀྱི་ཡོད། ཁྱེད་ཀྱི་བཀའ་སློབ་དེ་ལ་ང་ནི་བརྟག་དཔྱད་བྱེད་ཀྱི་ཡོད། 16ཁྱེད་ཀྱི་བཀའ་ཁྲིམས་དེ་ལ་ང་ནི་དགའ་རྒྱུ་ཡིན། ཁྱེད་ཀྱི་བཀའ་རྒྱ་རྣམས་ང་ཡིས་ནམ་ཡང་མི་རྗེད་དོ༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལ་དགའ་བ་ཐོབ་པ།

17ང་ནི་འཚོ་ཞིང་ཁྱེད་ཀྱི་བཀའ་རྣམས་སྲུང་བའི་ཕྱིར། ཁྱེད་ཀྱི་བྲན་གཡོག་ང་ལ་བཟང་པོ་མཛོད། 18ཁྱེད་ཀྱི་བཀའ་ཁྲིམས་ནང་གི་ངོ་མཚར་ཅན་གྱི་བདེན་པ་རྣམས་མཐོང་བའི་ཕྱིར། ཁྱེད་ཀྱིས་ང་ཡི་མིག་དེ་ཕྱེ་བར་མཛད་དུ་གསོལ། 19ང་ནི་ས་གཞིར་དུས་ཡུན་ཐུང་ཙམ་གྱི་ཕྱིར་དུ་གནས། ཁྱེད་ཀྱི་བཀའ་རྒྱ་རྣམས་ང་ལས་མ་སྦས་ཤིག། 20ངའི་སྙིང་རྒྱུན་དུ་ཁྱེད་ཀྱི་བཀའ་ཁྲིམས་རྣམས་ཤེས་པའི་ཕྱིར་དུ་དྲན་ཟུག་བརྒྱབ་བཞིན་འདུག། 21ང་རྒྱལ་ཅན་ལ་ཁྱེད་ཀྱི་བཀའ་ཀྱོན་གནང་བ་དང་། བཀའ་ཁྲིམས་མི་སྲུང་མཁན་ཚོར་དམོད་པ་འཕོག་ཡོད། 22ང་ལ་དེ་ཚོའི་དམའ་འབེབས་དང་འཕྱ་བ་ནས་ཐར་པ་གནང་བར་མཛད། གང་ལགས་ཟེར་ན་ཁྱེད་ཀྱི་བཀའ་ཁྲིམས་ང་ཡི་སྲུང་། 23རྒྱལ་པོ་རྣམས་ཀྱི་ངའི་ཕྱིར་འཕྲལ་དུ་བྱུས་ངན་བརྩམས། འོན་ཀྱང་ང་ནི་ཁྱེད་ཀྱི་སློབ་སྟོན་རྣམས་སྦྱངས་ཀྱིས་ཡིན། 24ཁྱེད་ཀྱི་སློབ་སྟོན་གྱིས་ང་ལ་དགའ་སྤྲོ་ཐོབ་ཀྱི་ཡོད། དེ་ཚོ་རྣམས་ནི་ང་ཡི་གྲོས་བསླབ་མཁན་ཡིན༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་སྲུང་རྒྱུ་བློ་ཐག་ཆོད་པ།

25ང་ནི་འཕམ་ཞིང་ཐལ་བར་བསྡད་ཡོད་ཅིང་། ཁྱེད་ཀྱི་ཞལ་ཆེ་བཞིན་དུ་ང་ལ་སླང་བར་མཛོད། 26ང་ཡིས་བྱེད་པ་རྣམས་ཁས་ལེན་ནས་ཁྱེད་ཀྱིས་བཀའ་ལན་གནང་། ཁྱེད་ཀྱི་ཕེབས་ལམ་ནང་དུ་འགྲུལ་ཕྱིར་ང་ལ་སློབ། 27ཁྱེད་ཀྱི་བཀའ་ཁྲིམས་རྟོགས་ཕྱིར་ང་ལ་རོགས་མཛོད་ཅིག། ཁྱེད་ཀྱི་ངོ་མཚར་ཅན་སློབ་སྟོན་ཐོག་སྒོམ་གྱི་ཡིན། 28ང་ནི་སྡུག་བསྔལ་དྲག་པོས་མནར་ནས་ཡོད་པ་དང་། ཁྱེད་ཀྱི་ཞལ་ཆེ་བཞིན་དུ་ང་ལ་སྟོབས་ཆེན་བཟོས། 29ངན་པའི་ལམ་དུ་འགྲོ་བར་ང་ལ་སྐྱོབ་རོགས་གནང་། ཁྱེད་ཀྱི་བཟང་བ་ཉིད་ཀྱི་ངང་ང་ལ་ཁྱེད་ཀྱི་བཀའ་ཁྲིམས་བསླབ་པར་མཛོད། 30ང་ཡིས་བདེན་པའི་ལམ་དེ་འདམས་ཡོད། ཁྱེད་ཀྱི་བཀའ་ཁྲིམས་རྣམས་ལ་ནི་ང་ཡིས་དོ་སྣ་བྱེད་ཡོད། 31གཙོ་བོ་དཀོན་མཆོག་ཁྱེད་ཀྱི་སློབ་སྟོན་རྣམས་ལ་ང་ཡིས་ཉན། ང་ལ་ངོ་ཚའི་ནང་དུ་ཚུད་དུ་མ་འཇུག་ཅིག། 32ང་ནི་འདོད་མོས་ཆེན་པོས་ཁྱེད་ཀྱི་བཀའ་རྣམས་སྲུང་གི་ཡིན། གང་ལགས་ཟེར་ན་ཁྱེད་ཀྱི་ང་ལ་ད་དུང་བློ་གྲོས་གནང་༎

བློ་གྲོས་ཀྱི་ཆེད་དུ་སྨོན་ལམ།

33གཙོ་བོ་དཀོན་མཆོག་ཁྱེད་ཀྱི་ཁྲིམས་ཀྱི་དོན་དེ་ང་ལ་སློབ། ང་ནི་དེ་ལ་དུས་རྒྱུན་དུ་སྲུང་རྒྱུ་ཡིན། 34ཁྱེད་ཀྱི་བཀའ་ཁྲིམས་དེ་ཡི་འགྲེལ་བཤད་ང་ལ་གནང་། ང་ཡི་སྙིང་ནི་ཧྲིལ་པོས་བཀའ་རྣམས་ཡོངས་སུ་སྲུང་། 35ཁྱེད་ཀྱི་བཀའ་རྒྱ་སྲུང་ཕྱིར་ང་ལ་ཉན་པོ་བཟོས་རོགས་གནང་། གང་ལགས་ཟེར་ན་དེའི་ནང་ང་ལ་དགའ་བ་ཐོབ། 36ང་ནི་ཕྱུག་པོ་འགྱུར་འདོད་ལས་ཀྱང་ལྷག་པ་ནི། ཁྱེད་ཀྱི་བཀའ་ཁྲིམས་སྲུང་བའི་འདོད་པ་ང་ལ་གནང་། 37ང་ལ་དོན་མེད་གཏམ་ལ་དོ་སྣང་བྱེད་མ་འཇུག་རོགས་གནང། ཁྱེད་ཀྱི་ཞལ་ཆེ་བཞིན་དུ་ང་ལ་བཟང་པོ་མཛོད། 38ཁྱེད་ཀྱི་བཀའ་ཁྲིམས་སྲུང་མཁན་མཉམ་དུ་འཇོག་པའི་ཞལ་ཆེ་དེ། ང་ཁྱེད་ཀྱི་བྲན་གཡོག་མཉམ་དུ་འཇོག་པར་མཛོད། 39ངས་འཇིགས་པའི་དམའ་འབེབས་ནས་ང་ལ་སྐྱོབ་ཏུ་གསོལ། ཁྱེད་ཀྱི་ཁྲིམས་དཔྱོད་རྣམས་ཇི་ལྟར་ཡ་མཚན་ཆེ་བ་ཡོད། 40ང་ནི་ཁྱེད་ཀྱི་བཀའ་རྣམས་སྲུང་བའི་འདོད་པ་ཡོད། ང་ལ་མི་ཚེ་གསར་པ་གནང་གང་ལགས་ཟེར་ན་ཁྱེད་ནི་དྲང་བདེན་ཡིན༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལ་བློ་བཅོལ་བ།

41གཙོ་བོ་དཀོན་མཆོག་ང་ལ་ཇི་ལྟར་གཅེས་པར་སྟོན། རང་གི་ཞལ་ཆེ་བཞིན་དུ་ང་ལ་སྐྱོབ་ཏུ་གསོལ། 42དེ་ནས་ང་ལ་འཕྱ་མཁན་དེ་ཚོར་ངས་ལན་སྤྲོད་ཐུབ་བོ། གང་ལགས་ཟེར་ན་ཁྱེད་ཀྱི་བཀའ་ལ་ངས་བློ་གཏད། 43རྒྱུན་དུ་དྲང་གཏམ་བཤད་པས་ནུས་པ་ང་ལ་གནང་། གང་ལགས་ཟེར་ན་ཁྱེད་ཀྱི་ཁྲིམས་དཔྱོད་ལ་རེ་བ་ཡོད། 44ང་ནི་རྒྱུན་དུ་ཁྱེད་ཀྱི་བཀའ་ཁྲིམས་སྲུང་གི་ཡིན། 45ང་ནི་རང་དབང་སྒོ་ནས་གསོན་པོར་གནས་ཀྱི་ཡིན། གང་ལགས་ཟེར་ན་ངས་ཁྱེད་ཀྱི་སློབ་སྟོན་སྲུང་ཐབས་བྱས། 46ཁྱེད་ཀྱི་བཀའ་རྒྱ་རྣམས་རྒྱལ་པོ་རྣམས་ཀྱི་ཁྲོད་དུ་ཤོད་ཀྱི་ཡིན། ང་ནི་ངོ་ཚའི་ནང་དུ་ཚུད་མི་འགྱུར། 47ཁྱེད་ཀྱི་བཀའ་རྒྱ་རྣམས་སྲུང་དུས་ང་ལ་དགའ་བ་ཐོབ། གང་ལགས་ཟེར་ན་ང་ནི་དེ་ལ་གཅེས་ཀྱི་ཡོད། 48ཁྱེད་ཀྱི་བཀའ་རྒྱ་རྣམས་ལ་ང་ནི་གུས་ཤིང་གཅེས་པ་ཡིན། ངས་ཁྱེད་ཀྱི་སློབ་སྟོན་དེ་ཚོར་ང་ཡིས་སྒོམ་གྱི་ཡོད༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལ་བློས་གཏད།

49ཁྱེད་ཀྱི་བྲན་དང་བཞག་པའི་ཞལ་ཆེ་དྲན་པར་མཛོད། དེ་ཡིས་ང་ལ་རེ་བ་གནང་ཡོད་དོ། 50དཀའ་ངལ་དུས་སུ་ཡང་ང་ལ་སེམས་གསོ་ཐོབ་བྱུང་བས། གང་ལགས་ཟེར་ན་ཁྱེད་ཀྱི་ཞལ་ཆེས་ང་ལ་མི་ཚེ་གནང་། 51ང་རྒྱལ་ཅན་ཚོས་ང་ལ་རྒྱུན་དུ་ཁྱད་གསོད་བྱས། འོན་ཀྱང་ཁྱེད་ཀྱི་བཀའ་ཁྲིམས་དེ་ལ་ངས་སྤངས་མེད། 52སྔོན་གྱི་ཁྱེད་ཀྱི་ཁྲིམས་དཔྱོད་རྣམས་ང་ཡིས་དྲན་པ་དང་། དེ་ཡིས་ང་ལ་སེམས་གསོ་ཐོབ་བྱུང་ཀྱེ་གཙོ་བོ་དཀོན་མཆོག། 53ངན་པས་ཁྱེད་ཀྱི་བཀའ་ཁྲིམས་སྟོར་བ་མཐོང་བའི་དུས། དེ་དུས་ང་ལ་ཁོང་ཁྲོ་ཧ་ཅང་ལངས་བྱུང་ངོ་། 54ས་གཞི་འདི་ནང་ང་ཡི་མི་ཚེ་ཐུང་ངུའི་ནང་། ཁྱེད་ཀྱི་བཀའ་ཁྲིམས་སྐོར་ལ་ང་ཡིས་མགུར་མ་བརྩམས། 55ང་ནི་མཚན་མོར་གཙོ་བོ་དཀོན་མཆོག་ཁྱེད་ལ་དྲན། ཁྱེད་ཀྱི་བཀའ་ཁྲིམས་སྐོར་ལ་བསམ་བློ་གཏོང་གི་ཡོད། 56ཁྱེད་ཀྱི་བཀའ་ཁྲིམས་སྲུང་དུས་ང་ཡི་དགའ་སྐྱིད་ཐོབ༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལ་མོས་པ།

57ང་ནི་གཙོ་བོ་དཀོན་མཆོག་ཁྱེད་རང་གཅིག་པོར་འདོད་ཀྱི་ཡོད། ཁྱེད་ཀྱི་བཀའ་ཁྲིམས་སྲུང་ཕྱིར་དམ་བཅའ་འབུལ་གྱི་ཡོད། 58རང་གི་སྙིང་ནས་ཁྱེད་ལ་ཞུ་བ་འབུལ་གྱི་ཡོད། ཁྱེད་ཀྱི་ཞལ་ཆེ་བཞིན་དུ་ང་ལ་སྙིང་རྗེ་གནང། 59ང་ནི་རང་གི་སྤྱོད་པར་བསམ་བློ་གཏོང་ཡོད། ཁྱེད་ཀྱི་སློབ་སྟོན་སྲུང་ཕྱིར་ང་དམ་བཅའ་འབུལ་གྱི་ཡོད། 60ང་ནི་ཁྱེད་ཀྱི་བཀའ་རྒྱ་སྲུང་བ་ལ་མ་འགོར་བར་བྲེལ་བ་ཚབ་ཚབ་བྱས་བཞིན་ཡོད། 61ངན་པས་ང་ལ་རྙི་བཙུགས་ཡོད་ཅིང་། འོན་ཀྱང་ང་ནི་ཁྱེད་ཀྱི་བཀའ་ཁྲིམས་མི་རྗེད་དོ། 62ཁྱེད་ཀྱི་དྲང་བདེན་གྱི་ཁྲིམས་དཔྱོད་ཕྱིར་དུ་ཁྱེད་ལ་ནི། བསྟོད་ཕྱིར་ང་ནི་མཚན་ཕྱེད་ལངས་ནས་བསྡད་ཀྱི་ཡོད། 63ང་ནི་ཁྱེད་ལ་ཞབས་ཏོག་བྱེད་མི་དེ་ཚོ་དང་། བཀའ་ཁྲིམས་སྲུང་མཁན་ཚང་མའི་གྲོགས་པོ་ཡིན། 64གཙོ་བོ་དཀོན་མཆོག་ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེས་ས་གཞི་གང་ཡོད་ཅིང་། ཁྱེད་ཀྱི་བཀའ་རྒྱ་རྣམས་ང་ལ་བསླབ་ཏུ་གསོལ༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་རིན་ཐང།

65གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ཞལ་ཆེ་ཚང་མ་སྒྲུབ་གནང་ཞིང་། ཁྱེད་ཀྱི་བྲན་གཡོག་ང་ལ་བཟང་པོ་གནང་ཡོད་དོ། 66ང་ལ་ཤེས་རབ་དང་ཡོན་ཏན་གནང་རོགས་གནང་། གང་ལགས་ཟེར་ན་ཁྱེད་ཀྱི་བཀའ་རྒྱར་ངས་བློ་གཏད། 67ཁྱེད་ཀྱིས་ཉེས་ཆད་མ་གནང་སྔོན་དུ་ངས་ཉེས་བྱས། འོན་ཀྱང་ད་ལྟ་ང་ཡི་ཁྱེད་ཀྱི་བཀའ་ལ་ཉན། 68ཁྱེད་ནི་ཇི་ལྟར་བཟང་ཞིང་སྙིང་རྗེ་ཅན་ལགས་པས། རང་གི་བཀའ་རྒྱ་འདི་ཚོ་ང་ལ་བསླབ་ཏུ་གསོལ། 69ང་རྒྱལ་ཅན་ཚོས་ངའི་སྐོར་རྫུན་གཏམ་བཤད་ཡོད་ཅིང་། འོན་ཀྱང་ང་ཡི་སྙིང་ནས་ཁྱེད་ཀྱི་སློབ་སྟོན་རྣམས་སྲུང་གི་ཡོད། 70མི་རྣམས་འདི་ཚོའི་བློ་གྲོས་གང་ཡང་མེད། འོན་ཀྱང་ང་ནི་ཁྱེད་ཀྱི་བཀའ་ཁྲིམས་དེ་ལ་དགའ་བ་ཐོབ། 71ང་ལ་ཉེས་ཆད་བཏང་བ་དེ་ནི་ལེགས་པ་དང་། གང་ལགས་ཟེར་ན་དེ་ཡིས་ཁྱེད་ཀྱི་བཀའ་རྒྱ་ང་ལ་སྦྱངས་སུ་འཇུག། 72ཁྱེད་ཀྱི་གནང་བའི་བཀའ་ཁྲིམས་དེ་ནི་ངའི་ཕྱིར་དུ། ས་གཞི་ཡོངས་ཀྱི་རྒྱུ་དངོས་ལས་ཀྱང་ཆེ་བ་ཡིན༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ནང་དུ་ཡོད་པའི་ཁྲིམས་དྲང།

73ཁྱེད་ཀྱིས་ང་ལ་བཀོད་པ་གནང་ནས་ཁམས་བཟང་བཞག། ཁྱེད་ཀྱི་བཀའ་ཁྲིམས་སྦྱངས་བའི་ཕྱིར་ང་ལ་བློ་གྲོས་གནང་རོགས་གནང། 74ཁྱེད་ལ་གུས་བཀུར་བྱས་མིས་ང་ལ་མཐོང་ནས་དགའ། གང་ལགས་ཟེར་ན་ཁྱེད་ཀྱི་ཞལ་ཆེར་ངས་བློས་བཅོལ། 75ཁྱེད་ཀྱི་ཁྲིམས་ནི་དྲང་པོ་ཡིན་པ་ངས་ཤེས་ཤིང་། དེའི་ཕྱིར་ཁྱེད་ཀྱིས་ང་ལ་ཉེས་ཆད་གནང་བ་དང་། གང་ལགས་ཟེར་ན་ཁྱེད་ནི་དམ་ལྡན་ཡིན་ནོ། 76ཁྱེད་ཀྱི་བྲན་གཡོག་ང་ལ་ཞལ་བཞེས་གནང་བ་བཞིན། ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེས་ང་ལ་སེམས་གསོ་གནང་བར་མཛད། 77ང་ལ་སྙིང་རྗེ་གནང་བས་ང་ནི་འཚོ་བར་འགྱུར། གང་ལགས་ཟེར་ན་ང་ནི་ཁྱེད་ཀྱི་བཀའ་ཁྲིམས་ལ་ནི་ཡིད་རངས་སོ། 78ང་ལ་བརྗུན་དུ་སྐྱོན་བརྗོད་བྱེད་མཁན་དེ་ཚོ། ང་རྒྱལ་ཅན་རྣམས་ངོ་ཚའི་ནང་དུ་ཚུད་པར་ཤོག། ང་ནི་ཁྱེད་ཀྱི་བཀའ་སློབ་དེ་ཚོར་སྒོམ་གྱི་ཡིན། 79ཁྱེད་ལ་གུས་ཤིང་ཁྱེད་ཀྱི་བཀའ་རྒྱ་རྣམས་ཤེས་མཁན་ཚོ། དེ་དག་ཡོངས་སུ་ང་ཡི་རྩ་རུ་ཡོང་བར་ཤོག། 80ང་ཡིས་ཁྱེད་ཀྱི་བཀའ་ཁྲིམས་ཡོངས་སུ་སྒྲུབ་ཐུབ་པར་ཤོག། ཕམ་པའི་ངོ་ཚ་ལས་སྐྱོབས་པར་ཤོག།

ཐར་པའི་ཕྱིར་དུ་སྨོན་ལམ།

81གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ག་དུས་སྐྱབས་ཡོང་ཟེར་ཞིང་སྒུག་བསྡད་བཞིན་ང་ནི་ཐང་ཆད་ཡོད། ང་ནི་ཁྱེད་ཀྱི་བཀའ་ལ་བློ་བཅོལ་བྱེད་ཀྱི་ཡོད། 82ཁྱེད་ཀྱིས་ང་ལ་ཞལ་ཆེ་གནང་བའི་གཏམ་གྱི་ཕྱིར། བལྟ་བཞིན་བལྟ་བཞིན་ང་ཡི་མིག་ཀྱང་ཐང་ཆད་ཡོད། ཁྱེད་ཀྱི་ང་ལ་ག་དུས་རོགས་གནང་ཡོང་ཞེས་ངས་འདྲིས་བཞིན་ཡོད། 83ང་ནི་ཕངས་པའི་རྐྱལ་པ་ལྟ་བུ་ཕན་མེད་ཆགས་ཡོད་དོ། འོན་ཀྱང་ང་ནི་ཁྱེད་ཀྱི་བཀའ་ཁྲིམས་རྗེད་མེད་དོ། 84ད་དུང་ང་ཡི་ག་དུས་བར་དུ་སྒུག་དགོས་སམ། ང་ལ་འཚེ་མིར་ག་དུས་ཉེས་ཆད་གནང་ཡོང་ངམ། 85ཁྱེད་ཀྱི་བཀའ་ཁྲིམས་མི་ཉན་ང་རྒྱལ་ཅན་དེ་ཚོས། ང་ལ་རྙི་ནང་ཚུད་ཕྱིར་དོང་ཞིག་བྲུས་ནས་ཡོད། 86ཁྱེད་ཀྱི་བཀའ་རྒྱ་ནི་ཡོངས་སུ་བློ་ཁལ་འོས་པ་ཡིན་ཞིང་། མི་ཡིས་ང་ལ་རྫུན་གཏམ་སྨྲས་ནས་འཚེར་བཞིན་འདུག། ང་ལ་སྐྱབས་མཛོད་ཅིག། 87ང་ལ་གསོད་ཕྱིར་དེ་ཚོའི་དོན་རྣམས་སྒྲུབ་གྲབས་ཡོད་དོ། 88ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེས་ང་ལ་བཟང་པོ་མཛོ། དེའི་ཕྱིར་ང་ནི་ཁྱེད་ཀྱི་བཀའ་ཁྲིམས་སྲུང་ཐོབ་ཤོག།

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལ་དད་པ་བྱེད་པ།

89གཙོ་བོ་དཀོན་མཆོག་ཁྱེད་ཀྱི་བཀའ་ནི་རྒྱུན་དུ་གནས་པར་འགྱུར། འདི་ནི་མཐོ་རིས་གནས་སུ་མཐའ་མེད་གནས་པར་འགྱུར། 90ཁྱེད་ཀྱི་དམ་ཚིག་བསྐལ་པའི་བར་དུ་གནས་པ་དང་། ཁྱེད་ཀྱིས་ས་གཞི་གནས་སུ་འཇོག་པས་འདི་ནི་གཡོ་མི་འགྱུར། 91ད་བར་ཁྱེད་ཀྱི་བཀའ་ཡིས་ཚང་མ་ལུས་ཡོད་དོ། གང་ལགས་ཟེར་ན་དེ་རྣམས་ཁྱེད་ཀྱི་བྲན་གཡོག་ཡིན། 92ཁྱེད་ཀྱི་བཀའ་ཁྲིམས་ངའི་དགའ་བའི་འབྱུང་ཁུངས་མ་ཡིན་པ་ཡིན་ན། ང་ངའི་སྡུག་བསྔལ་ནང་འཆི་ཟིན་པ་ཡིན་ནོ། 93ང་ནི་ཁྱེད་ཀྱི་སློབ་སྟོན་ནམ་ཡང་སྣང་མེད་དུ་གཏོང་གི་མིན། གང་ལགས་ཟེར་ན་དེ་ཡི་སྒོ་ནས་ཁྱེད་ཀྱིས་ང་ལ་གསོན་པོར་འཇོག། 94ང་ནི་ཁྱེད་ཀྱི་ཡིན་པས་ང་ལ་སྐྱོབ་ཏུ་གསོལ། ངས་ཁྱེད་ཀྱི་བཀའ་རྒྱ་རྣམས་སྲུང་བའི་ཐབས་ཤེས་བྱེད་ཀྱི་ཡོད། 95ང་ལ་གསོད་ཕྱིར་ངན་པས་འཇབ་ནས་སྒུག་བསྡད་ཡོད། འོན་ཀྱང་ང་ནི་ཁྱེད་ཀྱི་བཀའ་ཁྲིམས་ཐོག་སྒོམ་གྱི་ཡིན། 96དོན་གནད་ཚང་མར་མཐའ་མ་ཡོད་པ་ངས་ཤེས་པས། འོན་ཀྱང་ཁྱེད་ཀྱི་བཀའ་རྒྱ་ནི་ཡོངས་སུ་སྐྱོན་མེད་ལགས༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལ་གཅེས་པ།

97ང་ནི་ཁྱེད་ཀྱི་བཀའ་ཁྲིམས་ལ་ཧ་ཅང་གཅེས་བཞིན་ཡོད། ཉིན་གང་དེ་ཡི་སྐོར་ལ་ང་ནི་བསམ་གྱི་ཡོད། 98ཁྱེད་ཀྱི་བཀའ་རྒྱ་གཏན་དུ་ང་དང་མཉམ་དུ་ཡོད། དེ་ཡིས་ང་ལ་དགྲ་བོ་ལས་ཀྱང་ཤེས་རབ་ཅན་དུ་འགྱུར། 99སློབ་དཔོན་ཀུན་ལས་ལྷག་པ་ང་ཡི་ཤེས་ཀྱི་ཡོད། གང་ལགས་ཟེར་ན་ཁྱེད་ཀྱི་སློབ་སྟོན་རྣམས་ང་ཡིས་སྒོམ། 100མི་རྒན་ཀུན་ལས་ལྷག་པས་ཤེས་རབ་ང་མཉམ་ཡོད། གང་ལགས་ཟེར་ན་ང་ནི་ཁྱེད་ཀྱི་བཀའ་རྒྱ་རྣམས་སྲུང་། 101ང་ཡི་སྤྱོད་ལམ་ངན་པ་འདི་ཚོ་ལེན་མེད་ཅིང་། གང་ལགས་ཟེར་ན་ང་ནི་ཁྱེད་ཀྱི་བཀའ་ཉན་འདོད་ཡོད། 102ཁྱེད་ཀྱི་སློབ་སྟོན་རྣམས་ང་ཡིས་སྣང་མེད་བྱེད་མེད་དོ། གང་ལགས་ཟེར་ན་ཁྱེད་ཉིད་ནི་ང་ཡི་སློབ་དཔོན་ཡིན། 103ཁྱེད་ཀྱི་སློབ་སྟོན་རྣམས་ཇི་ལྟར་མངར་མོ་ཡོད། སྦྲང་རྩི་ལས་ཀྱང་མངར་བ་ཡོད། 104ཁྱེད་ཀྱི་བཀའ་ཁྲིམས་ནས་ང་ལ་ཤེས་རབ་ཐོབ་ཀྱི་ཡོད། དེའི་རྐྱེན་ང་ཡིས་བྱ་སྤྱོད་ངན་པ་ཚང་མར་སྡང་པོ་བྱས༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ལས་འོད་ཟེར་ཐོབ་པ།

105ཁྱེད་ཀྱི་བཀའ་ནི་ང་ལ་སྣེ་འཁྲིད་བྱེད་མཁན་བཞུ་མར་དང། ང་ལ་འགྲོ་ལམ་སྟོན་མཁན་འོད་ནི་དེ་རང་ཡིན། 106ཁྱེད་ཀྱི་སློབ་སྟོན་དྲང་པོ་རྣམས་སྲུང་བའི་ཕྱིར་དུ་ངས། ཕུལ་བའི་དོ་དམ་གྱི་ཁས་ལེན་ཚང་མ་སྒྲུབ་རྒྱུ་ཡིན། 107གཙོ་བོ་དཀོན་མཆོག་ང་ཡི་སྡུག་བསྔལ་རྣམས་ཤིན་ཏུ་འཇིགས་སུ་རུང་བ་ཡོད། ཁྱེད་ཀྱི་ཞལ་ཆེ་བཞིན་དུ་ང་ལ་གསོན་པོ་འཇོག་རོགས་གནང། 108ཀྱེ་གཙོ་བོ་དཀོན་མཆོག་ང་ཡི་ཐུགས་རྗེ་སྨོན་ལམ་ངོས་ལེན་གནང་རོགས་གནང། ཁྱེད་ཀྱི་བཀའ་རྒྱ་རྣམས་ང་ལ་སློབ་སྟོན་གནང་དུ་གསོལ། 109ང་ཡི་སྲོག་ནི་ཉན་ཁ་གདོང་ལེན་བྱེད་པར་གྲ་སྒྲིགས་ཡོད། ཁྱེད་ཀྱི་བཀའ་ཁྲིམས་ང་ཡི་རྗེད་མེད་དོ། 110མི་ངན་འདི་ཚོས་ང་ལ་རྙི་བཙུགས་ཡོད། འོན་ཀྱང་ང་ཡི་ཁྱེད་ཀྱི་བཀའ་རྒྱ་རྣམས་སྲུང་ཡོད་དོ། 111ཁྱེད་ཀྱི་བཀའ་རྒྱ་རྣམས་ནི་ང་ཡི་མཐའ་མེད་པ་བདག་བཟུང་དང་། དེ་ནི་ང་ཡི་སེམས་ཀྱི་དགའ་བའི་རྒྱུ་ཡིན་ནོ། 112ང་ནི་འཆི་བའི་ཉིན་མོ་དེ་ཡི་བར་དུ་ནི། ཁྱེད་ཀྱི་བཀའ་ཁྲིམས་སྲུང་ཕྱིར་ང་ཡི་སེམས་ཐག་བཅད༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་ནང་དུ་སྲུང་སྐྱོབ།

113ཁྱེད་མཉམ་དམ་ཚིག་བརྟེན་པོ་མི་བྱེད་མཁན་ཚོར་ང་སྡང་གི་ཡོད། འོན་ཀྱང་ང་ནི་ཁྱེད་ཀྱི་བཀའ་ཁྲིམས་ལ་གཅེས་པོ་ཡོད། 114ཁྱེད་ནི་ང་ལ་སྐྱབས་ཤིང་སྲུང་སྐྱོབ་བྱེད་མཁན་ཡིན། ཁྱེད་ཀྱི་ཞལ་ཆེ་དེ་ལ་ང་ནི་རེ་བ་བཅོལ་གྱིས། 115སྡིག་ཅན་མི་རྣམས་ཁྱོད་ཚོ་ང་ནས་ཕར་སོང་ཞིག། ང་ནི་ངའི་དཀོན་མཆོག་ཁོང་གི་བཀའ་རྣམས་སྲུང་གི་ཡིན། 116ཞལ་ཆེ་བཞིན་དུ་ང་ལ་སྟོབས་གནང་ང་ནི་འཚོ་བར་འགྱུར། ང་ཡི་རེ་བ་སྟོང་ལོག་ཏུ་མ་བཏང་རོགས་གནང། 117ང་ལ་བཟུང་རོགས་གནང་ང་ནི་ཁམས་བཟང་གནས་པར་འགྱུར། ང་ནི་རྒྱུན་དུ་ཁྱེད་ཀྱི་བཀའི་ནང་དོ་སྣང་བྱེད་ཀྱི་ཡིན། 118བཀའ་ཁྲིམས་མི་སྲུང་མཁན་ལ་ཁྱེད་ཀྱི་སྤངས་གནང་ཡོད། དེ་ཚོའི་གཡོ་སྒྱུའི་བྱུས་རྣམས་ཕན་མེད་དུ་འགྱུར་རོ། 119མི་ངན་རྣམས་ལ་ཁྱེད་ཀྱིས་རྩོག་པ་ལྟ་བུར་གནང་། དེའི་ཕྱིར་ང་ནི་ཁྱེད་ཀྱི་སློབ་སྟོན་རྣམས་ལ་གཅེས། 120ང་ནི་ཁྱེད་ལ་འཇིགས་ཤིང་འདར་བཞིན་ཡོད། ཁྱེད་ཀྱི་ཁྲིམས་ཀྱི་དཔྱད་མཚམས་དེ་ལ་ང་ནི་འཇིགས༎ 121ང་ཡིས་དྲང་པོ་དང་ནི་བཟང་པོ་ལ་སོགས་གྱིས། ང་ལ་དགྲ་བོའི་ལག་ཏུ་གཏོང་བ་མ་གནང་ཞིག། 122རང་གི་བྲན་གཡོག་ལ་ནི་རོགས་བྱེད་ཕྱིར་ཞལ་ཆེ་མཛོད། ང་ལ་ང་རྒྱལ་ཅན་ཚོས་དབང་གནོན་བྱེད་མ་འཇུག། 123ཁྱེད་ཀྱིས་ཐར་ལམ་ཆེད་དུ་ཞལ་ཆེ་གནང་ཡོད་ཅིང་། དེ་ལ་བལྟ་བཞིན་ང་ཡི་མིག་ནི་ཐང་ཆད་ཡོད། 124རང་གི་རྒྱུན་ལྡན་ཐུགས་བརྩེ་བཞིན་དུ་ང་ལ་སྤྱོད་ལམ་གནང་། ང་ལ་ཁྱེད་ཀྱི་བཀའ་རྒྱ་རྣམས་བསླབ་པར་མཛོད། 125ང་ནི་ཁྱེད་ཀྱི་བྲན་གཡོག་ཡིན་ང་ལ་བློ་གྲོས་གནང་དུ་གསོལ། ཁྱེད་ཀྱི་སློབ་སྟོན་རྣམས་ནི་ཤེས་པའི་ཕྱིར། 126གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་འཕྲིན་ལས་མཛད་པའི་དུས་ལ་བབས། གང་ལགས་ཟེར་ན་མི་ཚོས་ཁྱེད་ཀྱི་བཀའ་ཁྲིམས་ལ་ནི་མི་སྲུང་ངོ། 127དེའི་ཕྱིར་ང་ཡིས་ཁྱེད་ཀྱི་བཀའ་དེ་རྣམས་ལ་ནི། རིན་ཐང་ཅན་གྱི་གསེར་ལས་གཅེས་པར་འཛིན་གྱི་ཡོད། 128དེའི་ཕྱིར་ང་ནི་ཁྱེད་ཀྱི་སློབ་སྟོན་ཚང་མ་སྲུང་། ངན་པའི་ལམ་ཚང་མར་སྡང་པོ་བྱས་ཀྱི་ཡོད༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་སྲུང་རྒྱུའི་འདོད་པ།

129ཁྱེད་ཀྱི་བཀའ་སློབ་རྣམས་ནི་ཇི་ལྟར་ངོ་མཚར་ཆེ། དེ་རྣམས་རང་གི་སེམས་ནས་སྲུང་གི་ཡོད། 130ཁྱེད་ཀྱི་བཀའ་སློབ་རྣམས་ཀྱི་འགྲེལ་བཤད་ཀྱིས་འོད་སྦྱིན་པ་དང་། བླུན་རྨོངས་ཅན་ལ་ཤེས་རབ་ཐོབ། 131ཁྱེད་ཀྱི་བཀའ་རྣམས་སྲུང་འདོད་ཡོད་པའི་རྐྱེན། ང་ཡི་ཁ་ནི་གདངས་ནས་དབུགས་ཡང་ཧལ་ནས་ཡོད། 132ཁྱེད་ལ་གཅེས་མཁན་རྣམས་ཀྱི་ཕྱོགས་སུ་གཟིགས་པ་དང། དེ་ལ་སྙིང་རྗེ་གནང་བ་བཞིན་དུ་ང་ལ་གནང། 133ཁྱེད་ཀྱི་ཞལ་ཆེ་བཞིན་དུ་ང་ནི་འགྱེལ་བ་ལས། སྐྱབས་ནས་ངའི་ཐོག་ངན་པས་དབང་དུ་སྡུད་མ་འཇུག། 134ང་ལ་སྡུག་པོ་གཏོང་མཁན་ལག་ནས་སྐྱོབ་ཏུ་གསོལ། ཁྱེད་ཀྱི་བཀའ་རྣམས་ང་ཡིས་སྲུང་བའི་ཕྱིར། 135ཁྱེད་ནི་ང་མཉམ་བཞུགས་པའི་བྱིན་རླབས་གནང་དུ་གསོལ། ཁྱེད་ཀྱི་བཀའ་ཁྲིམས་དེ་ཚོའི་སློབ་སྟོན་གནང་དུ་གསོལ། 136ང་ཡི་མིག་ཆུ་དེ་ནི་གཙང་པོ་ལྟ་བུར་རྒྱུག། གང་ལགས་ཟེར་ན་མི་མང་ཚོས་ཁྱེད་ཀྱི་བཀའ་ཁྲིམས་མི་སྲུང་ངོ་༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ནི་དྲང་པོ་ཡིན།

137གཙོ་བོ་དཀོན་མཆོག་ཁྱེད་ནི་དྲང་བདེན་ཡིན་ཞིང་། ཁྱེད་ཀྱི་བཀའ་ཁྲིམས་རྣམས་ནི་དྲང་བ་ཉིད་ལགས་སོ། 138ཁྱེད་ཀྱི་ང་ཚོར་གནང་བའི་བཀའ་ཁྲིམས་དེ་ཚོ་ནི། དྲང་ཞིང་ཡང་དག་ཉིད་ལགས་སོ། 139ང་ཡི་ནང་དུ་ཁྲོ་བ་མེ་ལྟར་འབར་བ་དང་། གང་ལགས་ཟེར་ན་ངའི་དགྲས་ཁྱེད་ཀྱི་བཀའ་མི་སྲུང་། 140ཁྱེད་ཀྱི་ཞལ་ཆེ་དེ་ནི་ཇི་ལྟར་ངེས་གཏན་ཡིན་པ་དང་། ང་ནི་དེ་ལ་ཅི་ལྟར་བརྩེ་སེམས་བྱེད་བཞིན་ཡོད། 141ང་ནི་གལ་ཆེ་མིན་པར་བསྙས་པ་ཡིན། འོན་ཀྱང་ཁྱེད་ཀྱི་སློབ་སྟོན་རྣམས་ནི་ང་ཡིས་སྤངས་མེད་དོ། 142ཁྱེད་ཀྱི་དྲང་བ་ཉིད་ནི་གཏན་དུ་གནས་པ་དང་། ཁྱེད་ཀྱི་བཀའ་ཁྲིམས་རྒྱུན་དུ་བདེན་པ་ཡིན་ལགས་སོ། 143ང་ལ་སྡུག་བསྔལ་དང་ནི་སེམས་ཁྲལ་སོགས་ཀྱི་གང་། འོན་ཀྱང་ཁྱེད་ཀྱི་བཀའ་རྒྱས་ང་ལ་དགའ་བ་ཐོབ། 144ཁྱེད་ཀྱི་སློབ་སྟོན་དེ་ཚོ་རྒྱུན་དུ་དྲང་བདེན་ལགས། ང་ལ་བློ་གྲོས་གནང་བས་ང་ནི་འཚོ་བར་འགྱུར༎ 145ང་ནི་རང་གི་སེམས་ནས་ཁྱེད་ལ་འབོད་ཀྱིས་ཡོད། བཀའ་ལན་གནོང་ཞིག་ཁྱེད་ཀྱི་བཀའ་ཁྲིམས་ཚང་མ་སྲུང་གིས་ཡིན། 146ང་ནི་ཁྱེད་ལ་འབོད་པས་ང་ལ་སྐྱོབ་ཏུ་གསོལ། ང་ནི་ཁྱེད་ཀྱི་བཀའ་ཁྲིམས་སྲུང་གིས་ཡིན། 147ཉི་ཤར་སྔོན་དུ་ང་ལ་སྐྱབས་ཕྱིར་ཁྱེད་ལ་འབོད། ཁྱེད་ཀྱི་ཞ་ཆེ་དེ་ལ་ང་ཡི་རེ་བ་བྱས། 148ང་ནི་ཁྱེད་ཀྱི་སློབ་སྟོན་རྣམས་ལ། སྒོམ་ཕྱིར་མཚན་གང་ལངས་ནས་བསྡད་ཀྱི་ཡོད། 149ཁྱེད་ཀྱི་རྒྱུན་ཆད་མེད་པའི་བྱམས་བརྩེའི་རྐྱེན་གྱིས་ནི། ང་ཡི་ཞུ་བར་གསན་ཞིག་གཙོ་བོ་དཀོན་མཆོག་ལགས། ཁྱེད་ཀྱི་སྙིང་རྗེའི་སྒོ་ནས་ང་ཡི་མི་ཚེ་སྐྱོབ། 150ཁྱེད་ཀྱི་བཀའ་ཁྲིམས་ནམ་ཡང་མི་སྲུང་མཁན་རྣམས་ནི། ང་ཡི་སྡུག་ཙུབ་ཅན་གྱི་བརྡབ་སིགས་གཏང་མི་དེ་ཚོ་ཉེ་བར་འདུག། 151འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱེད་ནི་ངའི་འགྲམ་ཡོད། ཁྱེད་ཀྱི་བཀའ་རྒྱ་ཡོངས་རྫོགས་རྟག་ཏུ་གནས་པར་འགྱུར། 152སྔོན་ནས་ང་ཡིས་ཁྱེད་ཀྱི་སློབ་སྟོན་སྐོར་སྦྱངས་པ་ཡིན། ཁྱེད་ཀྱིས་དེ་རྣམས་རྟག་ཏུ་གནས་ཕྱིར་བཟོས་གནང་ངོ་༎

མགོན་སྐྱབས་ཀྱི་ཆེད་དུ་ཞུ་བ་འབུལ་བ།

153ང་ཡི་དཀའ་ངལ་གཟིགས་ནས་ང་ལ་སྐྱོབ་ཏུ་གསོ། གང་ལགས་ཟེར་ན་ཁྱེད་ཀྱི་བཀའ་ལ་ངས་སྤངས་མེད། 154ང་ཡི་རྒྱུ་དོན་གྱི་སྲུང་སྐྱོབ་གནང་ནས་ང་ལ་ར་དབང་གནང། རང་གི་ཞལ་ཆེ་བཞིན་དུ་ང་ལ་སྐྱོབ་ཏུ་གསོལ། 155མི་ངན་རྣམས་ནི་སྐྱབས་མི་འགྱུར། གང་ལགས་ཟེར་ན་དེ་ཚོས་ཁྱེད་ཀྱི་བཀའ་ཁྲིམས་ལ་ནི་མི་སྲུང་ངོ་། 156འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་སྙིང་རྗེ་ཆེ་བ་ཡོད། ཁྱེད་ཀྱི་ཐུགས་རྗེ་གཟིགས་ནས་ང་ལ་སྐྱོབ་ཏུ་གསོལ། 157ང་ལ་དགྲ་བོ་དང་ནི་མནར་གཅོད་གཏོང་མཁན་མང་། འོན་ཀྱངཁྱེད་ཀྱི་བཀའ་ཁྲིམས་རྣམས་ཉན་རྒྱུ་ང་ཡི་སྤངས་མེད་དོ། 158གཡོ་སྒྱུ་ཅན་ཚོར་ལྟ་དུས་ངའི་སེམས་ཞེན་ལོག་བྱུང་། གང་ལགས་ཟེར་ན་དེ་ཚོས་ཁྱེད་ཀྱི་བཀའ་མི་སྲུང་། 159གཙོ་བོ་དཀོན་མཆོག་ཁྱེད་ཀྱི་སློབ་སྟོན་དེ་རྣམས་ལ། ང་ཡིས་ཇི་ལྟར་གཅེས་པ་ཁྱེད་ཀྱིས་གཟིགས་རོགས་གནང་། ཁྱེད་ཀྱི་ཐུགས་བརྩེ་ནམ་ཡང་བསྒྱུར་མི་ཡོང། དེའི་རྐྱེན་གྱིས་ང་ལ་སྐྱབས་རོགས་གནང། 160ཁྱེད་ཀྱི་བཀའ་རྣམས་ཡོངས་སུ་བདེན་པ་ཡིན། ཁྱེད་ཀྱི་དྲང་བདེན་གྱི་དཔྱད་མཚམས་རྣམས་མཐའ་མའི་བར་དུ་གནས༎

གཙོ་བོ་དཀོན་མཆོག་གི་བཀའ་ཁྲིམས་ཕྱོགས་སུ་བསྔོ་འབུལ་ཞུ་བ།

161སྟོབས་ཤུགས་ཅན་ཚོས་དོན་མེད་ང་ལ་འཐབ། འོན་ཀྱང་ང་ནི་ཁྱེད་ཀྱི་བཀའ་ཁྲིམས་ལ་གུས་བཞིན་ཡོད། 162རྒྱུ་ནོར་མང་པོ་ཐོབ་པའི་མི་ནི་དགའ་བ་ལྟར། ཁྱེད་ཀྱི་ཞལ་ཆད་རྐྱེན་གྱིས་ང་ནི་ཇི་ལྟར་དགའ་བཞིན་ཡོད། 163ང་ནི་རྫུན་གཏམ་ལ་ནི་སྡང་ཞིང་ཞེན་ལོག་བྱས། འོན་ཀྱང་ང་ནི་ཁྱེད་ཀྱི་བཀའ་ལ་གཅེས་ཀྱི་ཡོད། 164ཁྱེད་ཀྱི་དྲང་བདེན་གྱི་ཁྲིམས་ཀྱི་དཔྱད་མཚམས་ཀྱི་ཕྱིར་དུ། ཉིན་མ་གཅིག་ལ་ལན་བདུན་ཁྱེད་ལ་གཏང་རག་འབུལ། 165ཁྱེད་ཀྱི་བཀའ་ཁྲིམས་གཅེས་པར་བྱེད་མིར་སྲུང་སྐྱོབ་ཐོབ། དོན་གད་ཞིག་གིས་དེ་ཚོ་འགྱེལ་མི་འགྱུར། 166ཁྱེད་ཀྱི་ང་ལ་སྐྱབས་ཕྱིར་ང་ནི་སྒུག་བསྡད་ཡོད། ང་ནི་ཁྱེད་ཀྱི་བཀའ་ལྟར་སྒྲུབ་པ་བྱེད་ཀྱིས་ཡོད། 167ཁྱེད་ཀྱི་སློབ་སྟོན་རྣམས་ལ་ང་ཡིས་སྲུང་བར་གྱིས། ང་ཡི་སེམས་ཀྱི་ནང་ནས་དེ་རྣམས་གཅེས་འཛིན་གྱིས། 168ང་ནི་ཁྱེད་ཀྱི་བཀའ་སློབ་རྣམས་ལ་སྲུང་གི་ཡོད། ང་ཡི་གྱིས་པའི་ལས་རྣམས་ཚང་མ་ཁྱེད་ཀྱིས་གཟིགས༎

མགོན་སྐྱབས་ཀྱི་ཆེད་དུ་སྨོན་ལམ།

169ཀྱེ་གཙོ་བོ་དཀོན་མཆོག་སྐྱབས་ཕྱིར་ང་ཡི་འོད་ཁྱེད་དྲུང་སླེབས་པར་ཤོག། ཁྱེད་ཀྱི་ཞལ་ཆེ་བཞིན་དུ་ང་ལ་བློ་གྲོས་གནང་བར་མཛོད། 170ང་ཡི་སྨོན་ལམ་ཁྱེད་ཀྱི་གསོན་རོགས་གནང་། ཁྱེད་ཀྱི་ཞལ་ཆེ་བཞིན་དུ་ང་ལ་སྐྱོབ་ཏུ་གསོལ། 171ང་ནི་རྒྱུན་དུ་ཁྱེད་ལ་བསྟོད་པ་འབུལ་གྱི་ཡིན། གང་ལགས་ཟེར་ན་ཁྱེད་ཀྱི་བཀའ་ཁྲིམས་ང་ལ་བསླབ་པའི་ཕྱིར། 172ང་ནི་ཁྱེད་ཀྱི་བཀའ་ཁྲིམས་སྐོར་ལ་མགུར་མ་ལེན། གང་ལགས་ཟེར་ན་ཁྱེད་ཀྱི་བཀའ་རྒྱ་རྣམས་ནི་དྲང་པོ་ཡིན། 173ང་ལ་སྐྱབས་ཕྱིར་རྒྱུན་དུ་གྲ་སྒྲིགས་བཞུགས་རོགས་གནང་། གང་ལགས་ཟེར་ན་ཁྱེད་ཀྱི་བཀའ་རྣམས་ང་ཡིས་སྲུང་། 174ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ལ་སྐྱབས་པའི་རོགས་རམ་ཆེད་དུ་ང་ནི་ཁྱེད་ལ་སྒུག་བསྡད་ཡོད། ཁྱེད་ཀྱི་བཀའ་ཁྲམས་ནང་དུ་ང་ལ་དགའ་སྤྲོ་ཐོབ། 175ཁྱེད་ཀྱི་ང་ལ་སྲོག་གནང་ང་ཡི་ཁྱེད་ལ་བསྟོད། ཁྱེད་ཀྱི་སློབ་སྟོན་ནང་ནས་ང་ལ་མགོན་སྐྱབས་ཐོབ་པར་ཤོག། 176རླག་པའི་ལུག་དང་འདྲ་བ་ང་ནི་འཁྱམས་བཞིན་ཡོད། དེར་བརྟེན་ཕེབས་ནས་ཁྱེད་ཀྱི་བྲན་གཡོག་ང་ལ་འཚོལ་བར་མཛོད། གང་ལགས་ཟེར་ན་ཁྱེད་ཀྱི་བཀའ་ཁྲིམས་ངས་སྣང་མེད་དུ་བོར་མེད་དོ༎

གསུང་མགུར 120

མགོན་སྐྱབས་ཀྱི་ཕྱིར་དུ་སྨོན་ལམ།

1ང་ནི་དཀའ་ངལ་སྐབས་སུ་གཙོ་བོ་དཀོན་མཆོག་ཁོང་ལ་བོས་པ་དང། ཁོང་གིས་ང་ལ་བཀའ་ལན་གནང་བྱུང་ངོ་། 2རྫུན་གྱི་མཆུ་ལྟོ་དང་ནི་གཡོ་སྒྱུ་ཅན་གྱི་ལྕེ་ལས། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ལ་སྐྱོབ་ཏུ་གསོལ། 3ཁྱོད་རྫུན་སྨྲས་མཁན་ཚོ་དཀོན་མཆོག་གིས་ཁྱོད་ཚོར་ཅི་ཞིག་གནང་ཡོང་ངམ། ཁོང་གིས་ཁྱོད་ཚོར་ཉེས་ཆད་ཇི་འདྲ་ཞིག་ནི་གཏོང་གནང་ངམ། 4དམག་མིའི་མདའ་རྣོ་བོ་དང་མེ་འབར་བཞིན་པའི་སོལ་བས། ཁོང་གིས་ཁྱོད་ཚོར་ཉེས་ཆད་བཏང་གནང་བར་འགྱུར། 5ཁྱོད་ཚོའི་ཁྲོད་དུ་སྡོད་རྒྱུ་དེ་ནི་མེ་ཤེག་དུ་ཡང་ན་ཀེ་དར་ཡི་མི་རྣམས་ཀྱི། ཁྲོད་དུ་སྡོད་པ་བཞིན་ངན་པ་འདུག། 6ཞི་བདེར་ཞེན་ལོག་བྱེད་མཁན་ཚོ་དང་མཉམ་དུ་ནི། ང་ནི་ཡུན་ཧ་ཅང་རིང་པོ་བསྡད་པ་ཡིན། 7ང་ཡི་ཞི་བདེའི་ཆེད་དུ་གཏམ་བྱེད་སྐབས། དེ་ཚོ་འཐབ་འཛིང་བྱེད་པར་གྲ་སྒྲིག་བྱས་བཞིན་འདུག།

གསུང་མགུར 121

གཙོ་བོ་དཀོན་མཆོག་ནི་ང་ཚོའི་སྲུང་སྐྱོབ་མཁན།

1རི་བོ་རྣམས་ཀྱི་ཕྱོགས་སུ་ངའི་མིག་ཡར་ལ་འདེགས། ང་ལ་མགོན་སྐྱབས་ས་ཕྱོགས་གང་ནས་སླེབས་ཡོང་ངམ། 2མཐོ་རིས་དང་ས་གཞི་བཀོད་མཁན་གཙོ་བོ་དཀོན་མཆོག་ནས། ང་ཡི་མགོན་སྐྱབས་ཐོབ་པར་འགྱུར། 3ཁོང་གིས་ཁྱོད་ནམ་ཡང་རིལ་མི་འཇུག། ཁྱོད་ཀྱི་བསྲུང་མཁན་ཁོང་ནི་ནམ་ཡང་མནལ་ཅོག་གཟིམ་མི་འགྱུར། 4ཨིསི་རཱཨེལ་གྱི་བསྲུང་མཁན་ཁོང་ཉིད་ནི། མནལ་ཅོག་གཟིམ་ནས་ནམ་ཡང་བཞུགས་མི་འགྱུར། 5གཙོ་བོ་དཀོན་མཆོག་ཁོང་གིས་ཁྱོད་ལ་སྲུང་སྐྱོབ་གནང་། ཁོང་ནི་ཁྱོད་ལ་སྲུང་ཕྱིར་ཁྱོད་ཕྱོགས་བཞུགས་ཡོད་དོ། 6ཉིན་མོར་ཉི་མས་ཁྱོད་ལ་གནོད་འཚེ་མི་བྱེད་དོ། མཚན་མོར་ཟླ་བས་ཁྱོད་ལ་གནོད་འཚེ་མི་བྱེད་དོ། 7གཙོ་བོ་དཀོན་མཆོག་ཁོང་གིས་འཇིགས་པ་ཀུན་ལས་སྐྱབས་གནང་ཞིང་། ཁོང་གིས་ཁྱོད་ལ་ཁམས་བཟང་འཇོག་པར་འགྱུར། 8ཁྱོད་ནི་ཕྱི་ལ་ཐོན་ཞིང་ནང་དུ་འཛུལ་བ་དང་། ཁོང་གིས་ཁྱོད་ལ་ད་ལྟ་དང་རྒྱུན་དུ་སྲུང་སྐྱོབ་གནང་བར་འགྱུར༎

གསུང་མགུར 122

ཡེ་རུ་ཤ་ལེམ་གྱི་བསྟོད་པ།

1དེ་ཚོས་ང་ལ་ང་ཚོ་གཙོ་བོ་དཀོན་མཆོག་གི། མཆོད་ཁང་ནང་དུ་འགྲོའོ་ཟེར་དུས་ང་དགའོ། 2ད་ལྟ་ང་ཚོ་འདི་རུ་ཡེ་རུ་ཤ་ལེམ་གྱི། གཞུང་སྒོ་ནང་དུ་ལངས་བསྡད་ཡོད། 3གཅིག་ཏུ་འབྲེལ་བའི་གྲོང་ཁྱེར་མཛེས་པོ་ཞིག་ལྟ་བུ། ཡེ་རུ་ཤ་ལེམ་གྲོང་ཁྱེར་སྐྱར་དུ་བཟོས་ནས་ཡོད། 4ཨིསི་རཱཨེལ་ཡོངས་ཀྱི་སྡེ་རྣམས་ཁོང་གི་བཀའ་བཞིན་དུ། གཙོ་བོ་དཀོན་མཆོག་ལ་གཏང་རག་འབུལ་ཕྱིར་གནས་དེར་ཡོང་། 5ཨིསི་རཱཨེལ་ཡི་རྒྱལ་པོ་རྣམས་ཀྱིས་ནི། རང་གི་འབངས་ལ་ཁྲིམས་གཅོད་ཕྱིར་དུ་གནས་འདིར་བསྡད། 6ཡེ་རུ་ཤ་ལེམ་ཆེད་དུ་ཞི་བདེའི་སྨོན་ལམ་བཏབ། ཁྱོད་ལ་བྱམས་བརྩེ་བྱེད་མིར་ཕུན་སུམ་ཚོགས་པར་ཤོག། 7ཁྱེད་ཀྱི་ལྕགས་རི་རྣམས་ནང་དུ་ཞི་བདེ་ཡོང་བར་ཤོག། ཁྱེད་ཀྱི་ཕོ་བྲང་རྣམས་ནང་དུ་ཁམས་བཟང་ཡོང་བར་ཤོག། 8ང་ཡི་སྤུན་རྣམས་དང་གྲོགས་པོ་རྣམས་ཀྱི་དོན་དུ། ངས་ཡེ་རུ་ཤ་ལེམ་ལ་ཁྱོད་ལ་ཞི་བདེ་བྱུང་ཤོག་ཟེར། 9ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁོང་གི་ཕོ་བྲང་གི་དོན་དུ། ཁྱེད་ཀྱི་འཕེལ་རྒྱས་ཕྱིར་དུ་ང་ཡིས་སྨོན་ལམ་འདེབས༎

གསུང་མགུར 123

སྙིང་རྗེའི་ཆེད་དུ་སྨོན་ལམ།

1ཀྱེ་གཙོ་བོ་དཀོན་མཆོག་ཡར་མཐོ་རིས་གནས་སུ་ཁྱེད་ཀྱིས་རྒྱལ་སྲིད་སྐྱོང་སར། ང་ཡི་མིག་ནི་ཁྱེད་ཀྱི་ཕྱོགས་སུ་ཡར་འདེགས་ཡོད། 2རང་གི་སྦྱིན་བདག་ལ་ནི་གཡོག་པོས་བློས་བཅོལ་ཞིང་། གཡོག་མོས་རང་གི་ལྕམ་ལ་བློ་བཅོལ་བྱེད་པ་བཞིན། དེ་བཞིན་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ལགས། ཁྱེད་ཀྱི་སྙིང་རྗེ་གི་ཆེད་དུ་ཁྱེད་ཀྱི་ཕྱོགས་སུ་ང་ཚོས་ལྟ་བཞིན་སྡོད་རྒྱུ་ཡིན། 3ང་ཚོའི་སྟེང་དུ་སྙིང་རྗེ་གནང་གཙོ་བོ་དཀོན་མཆོག་སྙིང་རྗེ་གནང་རོགས་གནང་། ང་ཚོར་ཧ་ཅང་སྨད་སྒྲ་མང་པོས་གང་ནས་ཡོད། 4ཡུན་ཧ་ཅང་རིང་བར་དུ་ཕྱུག་པོ་རྣམས་ཀྱིས་ང་ཚོར་འཕྱ་བ་དང་། བཙན་གནོན་བྱེད་མི་ང་རྒྱལ་ཅན་ཚོས་ང་ཚོར་བརྙས་བཅོས་བྱས་ཡོད་དོ༎

གསུང་མགུར 124

དཀོན་མཆོག་ནི་རང་གི་མི་འབངས་ཆེད་དུ་སྲུང་སྐྱོབ་གནང་མཁན།

1ང་ཚོའི་ཕྱོགས་སུ་གཙོ་བོ་དཀོན་མཆོག་མེད་པ་ཡིན་ན་ཅི་བྱུང་ཡོང་། ཀྱེ་ཨིསི་རཱཨེལ་ལན་རྒྱབ་ཤིག། 2ང་ཚོའི་སྟེང་དུ་དགྲ་བོ་རྣམས་ཀྱིས་རྒོལ་བའི་སྐབས། གཙོ་བོ་དཀོན་མཆོག་ང་ཚོའི་ཕྱོགས་སུ་མེད་ཡིན་ན། 3ང་ཚོའི་ཕྱོགས་སུ་ཡོད་པའི་འབར་བའི་ཁྲོ་བའི་ནང་། དེ་ཚོས་ང་ཚོར་གསོན་པོར་གྱུར་མིག་གཏོང་བ་ཡོད། 4དེ་ནས་ང་ཚོར་ཆུ་ལོག་ནང་དུ་འཁྱེར་བ་དང་། ཆུས་ང་ཚོར་བཀབ་པ་ཡོད། 5འཁྲུགས་པའི་ཆུ་ཡི་རྦ་རླབ་ཀྱིས་ནི་ང་ཚོར་སྣུབ་པ་ཡོད། 6ང་ཚོ་གཙོ་བོ་དཀོན་མཆོག་ལ་ནི་གཏང་རག་འབུལ་བར་གྱིས། ཁོང་གིས་ང་ཚོའི་དགྲ་བོར་ང་ཚོ་མེད་པར་བཟོས་བཅུག་མེད་དོ། 7ཁྱི་རའི་རྙི་ལས་ཐར་བའི་བྱ་འདྲ་ང་ཚོ་ཐར། རྙི་ནི་རལ་བའི་རྐྱེན་གྱིས་ང་ཚོ་ཐར་བ་ཡིན། 8མཐོ་རིས་དང་ས་གཞི་བཀོད་མཁན་གཙོ་བོ་དཀོན་མཆོག་ནས། ང་ཚོའི་མགོན་སྐྱབས་ཐོབ་ཀྱི་ཡོད༎

གསུང་མགུར 125

དཀོན་མཆོག་གི་མི་འབངས་ཀྱི་སྲུང་སྐྱོབ།

1གཙོ་བོ་དཀོན་མཆོག་ལ་ནི་བློས་བཅོལ་མཁན། དེ་ཚོ་ནི་ནམ་ཡང་མི་གཡོ་བ་དང་མི་སྒུལ་བའི་ཛི་ཡོན་རི་བོ་འདྲ། 2ཡེ་རུ་ཤ་ལེམ་རི་རྣམས་ཀྱིས་བསྐོར་བ་ལྟར། གཙོ་བོ་དཀོན་མཆོག་རང་གི་མི་འབངས་ལ། ད་ནས་བཟུང་སྟེ་རྒྱུན་དུ་བསྐོར་ནས་ཡོད། 3དྲང་བདེན་གྱི་ཡུལ་དུ་ངན་པས་རྒྱུན་དུ་སྲིད་མི་སྐྱོང། དེ་འདྲ་བྱུང་ན་དྲང་བདེན་གྱིས་ངན་ལས་བྱས། 4བཟང་པོ་བྱེད་ཅིང་བཀའ་རྒྱ་རྣམས་སྲུང་མཁན་ལ། ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་བཟང་པོ་གནང་བར་མཛོད། 5འོན་ཀྱང་ངན་པར་ཁྱེད་ཀྱིས་ཉེས་ཆད་གནང་བའི་དུས། ཁྱེད་ཀྱི་འགྲོ་ལམ་སྤངས་མིར་ཡང་ཉེས་ཆད་གནང་། ཨིསི་རཱཨེལ་ལ་ཞི་བདེ་ཡོང་བར་ཤོག།

གསུང་མགུར 126

ཐར་བའི་ཆེད་དུ་སྨོན་ལམ།

1གཙོ་བོ་དཀོན་མཆོག་ཁོང་གིས་ང་ཚོ་ཡེ་རུ་ཤ་ལེམ་དུ། ཕྱིར་ལོག་འཁྲིད་ཕེབས་གནང་བ་གནས་ཚུལ་དེ་གཉིད་ལམ་འདྲ་བ་འདུག། 2ང་ཚོས་གད་ནས་དགའ་བའི་གླུ་དབྱངས་ལེན་པ་དང་། མི་རིགས་གཞན་ཚོས་ང་ཚོའི་སྐོར་ལ་འདི་ལྟར་སྨྲས། གཙོ་བོ་དཀོན་མཆོག་གིས་དེ་ཚོའི་ཆེད་དུ་རླབས་ཆེན་གྱི་མཛད་པ་གནང་ངོ། 3བདེན་པར་ཁོང་གིས་ང་ཚོའི་ཆེད་དུ་རླབས་ཆེན་གྱི། མཛད་པ་གནང་བས་ང་ཚོར་དགའ་བ་ཐོབ། 4གཙོ་བོ་དཀོན་མཆོག་གཙང་པོ་སྐམ་པོར་ཆར་པས་ཆུ་འཁྱེར་བ་ལྟར། དེ་བཞིན་ང་ཚོར་ཡང་སྐྱར་དར་རྒྱས་ཡོང་བ་བཟོས་རོགས་གནང། 5མཆི་མ་མཉམ་དུ་ས་བོན་འདེབས་མཁན་ཚོས། དགའ་བའི་སྒོ་ནས་སྟོན་ཐོག་དེ་ནི་རྔ་བར་འགྱུར། 6ངུ་བཞིན་ས་བོན་འཁྱེར་ནས་འདེབས་པར་འགྲོ་མཁན་ཚོས། དགའ་ཞིང་གླུ་དབྱངས་ལེན་བཞིན་སྟོན་ཐོག་བསྡུ་ནས་ལོག་ཡོང་བར་འགྱུར༎

གསུང་མགུར 127

1གཙོ་བོ་དཀོན་མཆོག་ཁོང་གིས་ཁང་ཁྱིམ་མ་བཟོས་ན། ཁང་བཟོ་པ་ཡི་ལས་རྣམས་དོན་མེད་ཡིན། གཙོ་བོ་དཀོན་མཆོག་ཁོང་གིས་གྲོང་ཁྱེར་དེ་མ་སྲུང་ན། བསྲུང་བ་ཚོས་ལངས་ནས་སྲུང་རྒྱུ་དེ་དོན་མེད་ཡིན 2སྔ་དྲོ་ལངས་ནས་མཚན་མོ་ཕྱི་པོར་ཉལ། དེ་བཞིན་འཚོ་ཕྱིར་ངལ་རྩོལ་དོན་མེད་ཡིན། གང་ལགས་ཟེར་ན་གཙོ་བོ་དཀོན་མཆོག་གིས་གཅེས་པར། ཉལ་སྐབས་དེ་ཚོར་མཁོ་ཆས་ཆ་ཚང་གནང་། 3ཕྲུ་གུ་རྣམས་ནི་གཙོ་བོ་དཀོན་མཆོག་གི་གནང་བྱིན་ཡིན། དེ་དག་ལ་བདེན་པའི་བྱིན་གྱིས་རླབས་པ་ཡིན། 4ན་སོ་གཞོན་དུས་སྐྱེས་པའི་བུ་རྣམས། དཔའ་བོའི་ལག་པར་ཡོད་པའི་མདའ་གཞུ་འདྲ་བ་ཡིན། 5རང་ལ་མདའ་དེ་འདྲ་བ་མང་པོ་ཡོད་པའི་མི་དེ་དགའ། ཁྲིམས་གཅོད་གནས་སུ་རང་གི་དགྲ་བོ་དང་མཉམ་དུ། འཕྲད་སྐབས་དེ་ལ་ནམ་ཡང་ཕམ་རྒུད་བྱུང་མི་ཡོང་༎

གསུང་མགུར 128

གཙོ་བོ་དཀོན་མཆོག་གི་བཀའ་སྲུང་མཁན་རྣམས་ལ་བྱ་དགའ་ཐོབ་རྒྱུ།

1གཙོ་བོ་དཀོན་མཆོག་ཁོང་གི་བཀའ་སྲུང་མཁན་དང་། ཁོང་གི་བཀའ་རྒྱ་རྣམས་བཞིན་འགྲུལ་མཁན་ཚོ་བདེའོ། 2ཁྱོད་ཀྱིས་རང་གི་ལས་ཀྱི་འབྲས་བུ་ཟ་བ་དང། བདེ་ཞིང་ཁྱོད་ལ་འཕེལ་རྒྱས་ཆེན་པོ་ཡོང་བར་འགྱུར། 3ཁྱོད་ཀྱི་ཁྱིམ་དུ་ཁྱོད་ཀྱི་ཆུང་མ་ནི་འབྲས་བུ་ཅན་རྒུན་ཤིང་འདྲ་བ་དང། ཁྱོད་ཀྱི་བུ་ཕྲུག་རྣམས་ནི་ཁ་སྐྱུར་ལྗོན་ཤིང་ཆུང་ཆུང་འདྲ་བ་ཁྱོད་ཀྱི་ཅོག་གརྩིའི་ཕྱོགས་བཞིར་བསྡད། 4གཙོ་བོ་དཀོན་མཆོག་ཁོང་གི་བཀའ་སྲུང་མཁན་མིས། ངས་གཏན་དེ་འདྲ་བ་བྱིན་རླབས་ཐོབ་པར་འགྱུར། 5གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཛི་ཡོན་ནས་བྱིན་རླབས་གནང་བར་ཤོག། ཁྱོད་ཀྱིས་ཚེ་གང་ཡེ་རུ་ཤ་ལེམ་ཡར་རྒྱས་ཕྱིན་པ་མཐོང་བར་ཤོག། 6ཁྱོད་ཀྱིས་རང་གི་ཚ་བོ་ཚ་མོ་མཐོང་བར་ཤོག། ཨིསི་རཱཨེལ་སྟེང་དུ་ཞི་བདེ་བྱུང་བར་ཤོག།

གསུང་མགུར 129

ཨིསི་རཱཨེལ་གྱི་དགྲ་བོ་རྣམས་ཀྱི་རྒྱབ་འགལ་དུ་སྨོན་ལམ།

1ཨིསི་རཱཨེལ་ཁྱོད་ནི་གཞོན་ནུའི་དུས་ནས་ད་ལྟའི་བར། ཁྱོད་ཀྱི་དགྲ་བོས་ཁྱོད་ལ་ཇི་ལྟར་མནར་བ་ང་ཚོར་སྨྲོས། 2དགྲ་བོས་ང་ལ་ན་གཞོན་དུས་ནས་གདུག་ཙུབ་ཀྱིས་བརྡབ་གསིག་བྱས། འོན་ཀྱང་དེ་ཚོས་ང་ལ་ནམ་ཡང་རྒྱལ་མི་ཐུབ། 3དེ་ཚོས་ང་ཡི་སྒལ་པར་རྨ་ཤུས་བཟོས་པ་དང་། དེ་ལ་རྨོས་པའི་ཞིང་དང་འདྲ་བ་བཟོས་བྱུང་ངོ་། 4འོན་ཀྱང་དྲང་བ་ཉིད་ཀྱི་གཙོ་བོ་དཀོན་མཆོག་གིས། བྲན་གཡོག་སྲོལ་ལས་ང་ལ་ཐར་དུ་འཇུག་པར་མཛད། 5ཛི་ཡོན་ལ་ནི་སྡང་མཁན་མི་ཐམས་ཅད། ངོ་ཚའི་ངང་ཕྱི་ནུར་རྒྱབ་པར་ཤོག། 6དེ་ཚོ་ནི་ཁང་ཁྱིམ་གྱི་མཐོག་ཏུ་སྐྱེས་པའི་སྔོན་དུ་སྐམ་པའི་རྩ་དང་འདྲ་བ་བྱུང་བར་ཤོག། 7སུ་ཞིག་གིས་དེ་ལ་བསྡུས་པ་དང། ཡང་ན་དེ་ལ་བསྡམས་ནས་འཁྱེར་མི་ཐུབ། 8ལམ་དེར་འགྲུལ་མིས་དེ་ལྟར་བརྗོད་མི་ཡོང་། གཙོ་བོ་དཀོན་མཆོག་ཁོང་གིས་ཁྱོད་ལ་བྱིན་རླབས་གནང་བར་ཤོག། གཙོ་བོ་དཀོན་མཆོག་ཁོང་མཚན་ནང་དུ་ང་ཚོས་ཁྱོད་ལ་བྱིན་རླབས་སྤྲད༎

གསུང་མགུར 130

1སྡུག་བསྔལ་དང་ནི་དཀའ་ངལ་སོགས་ཀྱི་མནར་བའི་དུས། ང་ནི་གཙོ་བོ་དཀོན་མཆོག་ཁྱེད་ལ་འབོད་ཀྱི་ཡོད། 2ང་ཡི་ཞུ་བར་གསན་ཞིག་གཙོ་བོ་ལགས། མགོན་སྐྱབས་ཕྱིར་ང་ཡི་ཞུ་བར་གསན་པར་མཛད་དུ་གསོལ། 3ཁྱེད་ཀྱི་ང་ཚོའི་སྡིག་པའི་རྩིས་རྣམས་བཞག་གནང་ན། ཉེས་ཆད་དེ་ལས་སུ་ཞིག་ཐར་བར་བྱེད་ནུས་སམ། 4འོན་ཀྱང་ཁྱེད་ཀྱིས་ང་ཚོར་སྡིག་བཤགས་གནང་བ་དང་། དེ་རྐྱེན་གྱིས་ང་ཚོ་འཇིགས་ཤིང་ཁྱེད་ཀྱི་དྲུང་དུ་ལངས་ཐུབ་བོ། 5གཙོ་བོ་དཀོན་མཆོག་གི་མགོན་སྐྱབས་ཆེད་དུ་ང་ནི་འདོད་པ་ཆེན་པོས་སྒུག་བསྡད་ཡོད། ང་ནི་ཁོང་གི་བཀའ་ལ་བློ་བཅོལ་བཞིན་ཡོད། 6སྒོ་སྲུང་པ་ཡི་ནམ་ལངས་པ་སྒུག་པ་ལྟར། སྒོ་སྲུང་པ་ཡིས་ནམ་ལངས་སྒུག་ལས་ལྷག། ང་ནི་གཙོ་བོ་དཀོན་མཆོག་ཁོང་ལ་སྒུག་བསྡད་ཡོད། 7ཨིསི་རཱཨེལ་གཙོ་བོ་དཀོན་མཆོག་ཁོང་ལ་བློ་བཅོལ་ཞིག། གང་ལགས་ཟེར་ན་ཁོང་གི་བྱམས་པ་རྒྱུན་ལྡན་ཡིན་པ་དང། ཁོང་ནི་རྒྱུན་དུ་སྐྱོབ་ཕྱིར་གྲ་སྒྲིགས་བཞུགས་ཡོད་དོ། 8ཨིསི་རཱཨེལ་རང་གི་མི་འབངས་ལ་ཁོང་གིས་ནི། སྡིག་པ་ཀུན་ལས་དེ་ཚོར་སྐྱབས་པར་མཛད་གནང་ངོ་༎

གསུང་མགུར 131

ཉམས་ཆུང་བློ་བཅོལ་བའི་སྨོན་ལམ།

1ངས་རང་གི་ང་རྒྱལ་སྤངས་ཡོད་གཙོོ་བོ་དཀོན་མཆོག། ཧམ་པ་ལས་ང་ཡི་སེམས་ནི་ཕྱིར་ལོག་གྱིས། བྱ་བ་ཆེན་པོ་དང་དཀའ་བའི་དོན་ཚོར་ང་ཡིས་དོ་སྣང་མི་བྱེད་དོ། 2དེ་ཡི་ཚབ་ཏུ་ང་ནི་ཚིམས་པ་དང་ཞི་བདེར་ཡོད། ཇི་ལྟར་ཕྲུ་གུ་ཨ་མའི་པང་པར་ཁུ་སིམ་ཉལ་བ་བཞིན། ང་ཡི་སེམས་ཀྱི་ནང་དུ་རང་ཉིད་ཞི་བདེ་ཡོད། 3ཨིསི་རཱཨེལ་ཁྱོད་ནི་ད་ལྟ་དང་ནི་དུས་རྒྱུན་དུ། གཙོ་བོ་དཀོན་མཆོག་ཁོང་ལ་བློ་བཅོལ་ཞིག།

གསུང་མགུར 132

མཆོད་ཁང་ལ་བསྟོད་བསྔགས་པ།

1དཱ་བིད་དང་ནི་ཁོང་གི་དཀའ་ངལ་ཚང་མ་འཁྱེར་བའི། དེ་ཚོ་ཐུགས་ལ་མ་བསྙེལ་པར་མཛོད་ཀྱེ་གཙོ་བོ་དཀོན་མཆོག། 2ཁོང་གིས་མནའ་ཇི་བསྐྱལ་ཡོད་དེ་དྲན་པར་མཛོད་གཙོ་བོ་དཀོན་མཆོག། ཁོང་གིས་ཁྱེད་མཐུ་སྟོབས་ལྡན་པའི་ཡ་ཀོབ་ཀྱི་དཀོན་མཆོག་དང་མཉམ་དུ་ཛོགས་པའི་དམ་བཅའ། 3-5ང་ནི་གཙོ་བོ་དཀོན་མཆོག་ཁོང་གི་ཆེད་དུ་བཞུགས་གནས་ཞིག། ཡ་ཀོབ་ཀྱི་ནི་དཀོན་མཆོག་མཐུ་ལྡན་གྱི་ཆེད་དུ། མཆོད་ཁང་ཞིག་ནི་གྲ་སྒྲིག་མ་བྱུང་བར། ང་རང་གི་ཁྱིམ་ནང་དུ་ཡང་ན་ཉལ་ཁྲིའི་སྟེང་དུ་ཉལ་བར་མི་འགྲོའོ། རང་གི་མིག་ནང་གཉིད་ཡང་ཡོང་དུ་མི་འཇུག་གོ། མིག་གི་ལྤགས་པ་ལ་ཡང་ཚུམས་སུ་མི་འཇུག་གོ། 6བེད་ལེ་ཧེམ་དུ་དམ་བཅའི་སྒྲོམ་སྐོར་ང་ཚོས་ཐོས། ཡ་རིམ་གྱི་ཐང་རྣམས་དུ་ང་ཚོས་དེ་རྙེད། 7ང་ཚོས་ཟེར་ང་ཚོ་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ནང་དུ་འགྲོའོ། ཁོང་གི་རྒྱལ་ཁྲིའི་མདུན་དུ་ང་ཚོས་ཁོང་ལ་བསྙེན་བཀུར་ཞུས། 8གཙོ་བོ་དཀོན་མཆོག་རང་གི་མཐུ་སྟོབས་ཀྱི་རྟགས་དམ་བཅའི་སྒྲོམ་མཉམ་དུ། མཆོད་ཁང་ནང་དུ་ཕེབས་རོགས་གནང་། གནས་དེར་ཇི་སྲིད་ནམ་གནས་བར་དུ་བཞུགས་པར་མཛོད། 9ཁྱེད་ཀྱི་བླ་མ་རྣམས་ཀྱིས་དྲང་པོ་ཇི་ཡིན་གཏན་དུ་གྱིས། ཁྱེད་ཀྱི་མི་འབངས་དེ་ཚོས་དགའ་ཞིང་སྐད་འབོད་བྱེད་པར་ཤོག། 10ཁྱེད་ཀྱིས་རང་གི་ཞབས་ཕྱི་དཱ་བིད་མཉམ་དུ་དམ་བཅའ་ཞིག་བཞག་གནང་ཡོད། གཙོ་བོ་དཀོན་མཆོག་རང་གི་འདམས་པའི་རྒྱལ་པོར་ངོས་ལེན་ཤིག། 11ཁྱེད་ཀྱིས་དཱ་བིད་མཉམ་དུ་དམ་བཅའ་ནན་པོ་བཞེས་པ་དང་། ཁྱེད་ཀྱིས་དམ་བཅའ་དེ་ནི་ནམ་ཡང་ཕྱིར་མི་བཞེས། ང་ཡིས་ཁྱོད་ཀྱི་བུ་རྣམས་ཀྱི་ཁྲོད་ནས་གཅིག་རྒྱལ་པོར་བསྐོས་རྒྱུ་ཡིན། ཁྱོད་ཀྱི་རྗེས་སུ་ཁོ་ཡིས་རྒྱལ་པོ་བྱེད་པར་འགྱུར། 12གལ་ཏེ་ཁྱོད་ཀྱི་བུ་ཚོས་ང་ཡི་དམ་བཅའ་དང་། ང་ཡིས་སྤྲད་པའི་བཀའ་རྒྱ་རྣམས་དེ་ཚོས་དྲང་ཞིང་སྲུང་ན་ནི། དེ་ཚོའི་བུ་རྣམས་ཀྱང་ཁྱོད་ཀྱི་རྗེས་སུ་དུས་རྒྱུན་གྱི་ཆེད་དུ་རྒྱལ་པོར་འགྱུར་ཡོང། 13གཙོ་བོ་དཀོན་མཆོག་ཁོང་གིས་ཛི་ཡོན་ལ་འདམས་ཤིང་། དེ་ལ་རང་གི་བཞུགས་གནས་བཟོས་པ་ཐུགས་འདོད་གནང་། 14གནས་དེར་ང་ནི་རྒྱུན་དུ་གནས་རྒྱུ་ཡིན། ང་ནི་ས་གནས་དེ་རུ་རྒྱལ་སྲིད་སྐྱོང་འདོད་ཡོད། 15ཛི་ཡོན་གྱི་དགོས་མཁོ་རྣམས་འབོལ་པོར་སྤྲོད་ཀྱིས་ཡིན། མོ་ཡི་དབུལ་པོ་རྣམས་ལ་ཟས་ཀྱིས་ཚིམས་པར་གྱིས། 16མོ་ཡི་བླ་མ་རྣམས་ཀྱི་ལས་ལ་ང་ཡིས་བྱིན་རླབས་སྤྲད་པ་དང། མོ་ཡི་མི་རྣམས་མགུར་མ་ལེན་ཤིང་དགའ་བའི་སྐད་འབོད་བྱེད། 17འདི་རུ་ང་ཡིས་དཱ་བིད་རིགས་བརྒྱུད་གཅིག་ལ་ནི། རྒྱལ་པོ་རླབས་ཆེན་ཞིག་ཏུ་བསྐོ་རྒྱུ་ཡིན། འདི་རུ་ང་ཡིས་འདམས་པའི་རྒྱལ་པོའི་རྒྱལ་སྲིད་སྲུང་སྐྱོབས་བྱ་རྒྱུ་ཡིན། 18ཁོ་ཡི་རྒྱལ་སྲིད་འཕེལ་རྒྱས་བྱུང་བར་འགྱུར། འོན་ཀྱང་ཁོ་ཡི་དགྲ་བོར་ང་ཡིས་ངོ་ཚར་བཅུག་རྒྱུ་ཡིན༎

གསུང་མགུར 133

ཞི་མཐུན་མཉམ་གནས་ཀྱི་བསྟོད་པ།

1དཀོན་མཆོག་ཁོང་གི་འབངས་རྣམས་ཞི་མཐུན་མཉམ་གནས་པ་དེ། ཇི་ལྟར་སྤྲོ་པོ་དང་ཡ་མཚན་རྒྱུ་ཞིག་ཡིན། 2འདི་ནི་རིན་ཐང་ཅན་དང་བསྔོ་བའི་བྱུག་སྣུམ། ཨ་རོན་ཁོ་ཡི་མགོ་ནས་ཨོག་ཚོམ་བར་དུ་རྒྱུག་པ་དང། ཁོང་གི་གོས་ཀྱི་གོང་བར་དུ་འཛག་འདྲ་བ་ཡིན། 3འདི་ནི་ཧར་མོན་རི་སྟེང་ཟིལ་པ་ལྟར། ཛི་ཡོན་རི་ཕྲན་རྣམས་སྟེང་འབབ་བཞིན་པ་ཟིལ་པ་ལྟར་ཡིན། གནས་དེར་གཙོ་བོ་དཀོན་མཆོག་ཁོང་གིས་བྱིན་རླབས་འཆི་མེད་ཚེ་རིང་གནང་རྒྱུའི་ཞལ་བཞེས་གནང་ཡོད་དོ༎

གསུང་མགུར 134

དཀོན་མཆོག་ལ་བསྟོད་པའི་ཕྱིར་དུ་བོས་པ།

1ཁོང་གི་ཞབས་ཕྱི་ཚང་མ་ཁོང་ལ་མཚན་མོར་མཆོད་ཁང་དུ་ཞབས་ཞུ་མཁན་རྣམས། ཤོག་ལ་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་བསྔོགས་ཤིག། 2མཆོད་ཁང་ནང་དུ་སྨོན་ལམ་འདེབས་ཕྱིར་རང་ཉིད་ཀྱིས། ལག་པ་འདེགས་ནས་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་བསྔོགས་ཤིག། 3མཐོ་རིས་དང་ནི་ས་གཞི་བཀོད་མཁན་གཙོ་བོ་དཀོན་མཆོག་གིས། ཛི་ཡོན་ནས་ཁྱོད་ཚོར་བྱིན་གྱིས་རློབ་པར་ཤོག།

གསུང་མགུར 135

1-2གཙོ་བོ་དཀོན་མཆོག་ལ་བསྟོད་པ་འབུལ་ཞིག། གཙོ་བོ་དཀོན་མཆོག་ཁོང་ལ་ཞབས་ཏོག་ཞུ་མཁན་རྣམས། ཁྱོད་ཚོ་གཙོ་བོ་དཀོན་མཆོག་ཁོང་གི་ཕོ་བྲང་དུ། ཁོང་གི་མཆོད་ཁང་ནང་དུ་ལངས་ནས་བསྡད་པ་རྣམས། ཁོང་གི་མཚན་ལ་བསྟོད་བསྔོགས་ཤིག། 3གཙོ་བོ་དཀོན་མཆོག་ལ་ནི་བསྟོད་པར་གྱིས་གང་ལགས་ཟེར་ན་ཁོང་ནི་བཟང་པོ་ཡིན་པས། ཁོང་གི་མཚན་ལ་བསྟོད་པ་འབུལ་བར་གྱིས་གང་ལགས་ཟེར་ན་ཁོང་ནི་སྐུ་དྲིན་ཅན་ཡིན། 4ཁོང་གིས་ཡ་ཀོབ་ལ་ཨིསི་རཱཨེལ་མི་འབངས་ལ། ཁོང་གིས་རང་གི་ཆེད་དུ་འདམས་པར་མཛད་པ་ཡིན། 5ང་ཚོའི་གཙོ་བོ་དཀོན་མཆོག་རླབས་ཆེན་ཡིན་པར་ང་ཡིས་ཤེས། ལྷ་གཞན་ཀུན་ལས་ཁོང་ནི་རླབས་ཆེན་ཡིན། 6ཁོང་གིས་མཐོ་རིས་དང་ས་གཞི་དང་རྒྱ་མཚོ་རྣམས་དང་དེའི་གནས་གཏིང་རིང་རྣམས་སུ། རང་གི་ཐུགས་འདོད་བཞིན་དུ་གནང་ངོ་། 7ཁོང་གིས་ས་གཞིའི་མཐའ་ནས་རླུང་ཚུབ་ཀྱི་སྤྲིན་རྣམས་བསྡུ་བ་དང་། རླུང་ཚུབ་ཀྱི་ཆེད་དུ་གློག་འཁྱུག་བཟོས་གནང་ངོ། རང་གི་བང་མཛོད་ནང་ནས་རླུང་འདོན་པར་གནང་། 8ཨི་ཇིབ་ཡུལ་དུ་མི་ཚོའི་སྔོན་སྐྱེས་རྣམས་དང་། དུད་འགྲོའི་སྔོན་སྐྱེས་ཚང་མ་ཁོང་གིས་བསད། 9རྒྱལ་པོ་དང་ནི་ཁོང་གི་ལས་བྱེད་པ་རྣམས་ལ་ཉེས་པའི་ཕྱིར། ཁོང་གིས་ལྟས་དང་ངོ་མཚར་ཆེ་བའི་ལས་རྣམས་མཛད། 10ཁོང་གིས་མི་རིགས་མང་པོར་ཚར་བཅད་གནང་བ་དང། སྟོབས་ཤུགས་ལྡན་པའི་རྒྱལ་པོ་རྣམས་ལ་བསད་གནང་ངོ་། 11ཨ་མོར་པ་རྣམས་ཀྱི་རྒྱལ་པོ་སི་ཧོན་དང་། བྷ་ཤཱན་ཡུལ་གྱི་རྒྱལ་པོ་ཨོག་དང་ནི། ཀ་ནན་གི་རྒྱལ་པོ་ཡོངས་རྫོགས་ཁོང་གིས་བསད། 12ཁོང་གིས་དེ་ཚོའི་ཡུལ་རྣམས་རང་གི་མི་འབངས་ལ་གནང་ངོ་། ཁོང་གིས་དེ་ཚོ་ཨིསི་རཱཨེལ་ལ་གནང་ངོ། 13མི་རབས་ཡོངས་ཀྱིས་ཁྱེད་དྲན་གསོ་བྱས་པ་དང་། གཙོ་བོ་དཀོན་མཆོག་ཁྱེད་ནི་དཀོན་མཆོག་ཡིན་ཟེར་རྒྱུན་དུ་སྒྲོག་པར་འགྱུར། 14གཙོ་བོ་དཀོན་མཆོག་གིས་རང་གི་མི་འབངས་ལ་སྲུང་སྐྱོབ་གནང་བ་དང་། རང་གི་ཞབས་ཏོག་བྱེད་མིར་སྙིང་རྗེ་མཛད། 15མི་རིགས་རྣམས་ཀྱི་ལྷ་ནི་གསེར་དང་དངུལ་ལས་བཟོས། འདི་ཚོ་མི་ཡི་ལག་པས་བཟོས་པ་ཡིན། 16ཁ་རྣམས་ཡོད་ཀྱང་དེ་ཚོས་སྨྲ་མི་ཐུབ། མིག་རྣམས་ནི་ཡོད་ཀྱང་དེ་ཚོས་མཐོང་མི་ཐུབ། 17རྣ་བ་རྣམས་ཡོད་ཀྱང་དེ་ཚོས་ཐོས་མི་ཐུབ། དེ་ཚོའི་དབུགས་ཀྱང་གཏོང་མི་ཐུབ། 18དེ་ཚོ་བཟོས་མཁན་དང་དེ་ཚོར་བློ་གཏད་བྱེད་མི་རྣམས། རང་གི་བཟོས་པའི་འདྲ་སྐུ་བཞིན་དུ་གྱུར་བར་ཤོག། 19ཨིསི་རཱཨེལ་གྱི་མི་མང་རྣམས་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད། དཀོན་མཆོག་གི་བླ་མ་རྣམས་ཁྱེད་རྣམས་ཁོང་ལ་བསྟོད། 20ཁྱོད་ཚོ་ལེ་ཝི་པ་རྣམས་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག། ཁོང་ལ་མཆོད་མཁན་ཁྱེད་རྣམས་ཁོང་ལ་བསྟོད། 21ཛི་ཡོན་ནང་དུ་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག། ཁོང་གི་བཞུགས་གནས་ཡེ་རུ་ཤ་ལེམ་དུ་བསྟོད་ཅིག། གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་བསྔོགས་ཤིག།

གསུང་མགུར 136

1གཙོ་བོ་དཀོན་མཆོག་ལ་ནི་གཏང་རག་འབུལ་བར་གྱིས། གང་ལགས་ཟེར་ན་ཁོང་ནི་བཟང་པོ་ཡིན། 2ལྷ་ཀུན་གྱི་དཀོན་མཆོག་ལ་གཏང་རག་འབུལ་ཞིག། ཁོང་གི་བྱམས་པ་རྒྱུན་དུ་གནས། 3གཙོ་བོ་རྣམས་ཀྱི་གཙོ་བོ་ལ་གཏང་རག་འབུལ་ཞིག། ཁོང་གི་བྱམས་པ་རྒྱུན་དུ་གནས། 4ཁོང་ཉིད་གཅིག་པུས་ངོ་མཚར་ཆེ་བའི་ལས་རྣམས་མཛད། ཁོང་གི་བྱམས་པ་རྒྱུན་དུ་གནས། 5ཁོང་གི་ཤེས་རབ་ཀྱི་ནི་མཐོ་རིས་བཀོད་གནང་ངོ་། ཁོང་གི་བྱམས་པ་རྒྱུན་དུ་གནས། 6ཁོང་གིས་རྒྱ་མཚོ་གཏིང་རིང་སྟེང་དུ་ས་གཞི་འཇོག་གནང་ངོ་། ཁོང་གི་བྱམས་པ་རྒྱུན་དུ་གནས། 7ཉི་མ་དང་ནི་ཟླ་བ་ཁོང་གིས་བཟོས་གནང་ངོ་། ཁོང་གི་བྱམས་པ་རྒྱུན་དུ་གནས། 8ཉིན་མོའི་དོན་དུ་ཉི་མ་བཟོས་གནང་ངོ་། ཁོང་གི་བྱམས་པ་རྒྱུན་དུ་གནས། 9མཚན་མོའི་དོན་དུ་ཟླ་བ་དང་ནི་སྐར་མ་བཟོས། ཁོང་གི་བྱམས་པ་རྒྱུན་དུ་གནས། 10ཨི་ཇིབ་པ་ཚོའི་སྔོན་སྐྱེས་བུ་རྣམས་ཁོང་གིས་བསད། ཁོང་གི་བྱམས་པ་རྒྱུན་དུ་གནས། 11ཁོང་གིས་ཨིསི་རཱཨེལ་གྱི་མི་ཚོ་ཨི་ཇིབ་ཡུལ་ནས་བཏོན། ཁོང་གི་བྱམས་པ་རྒྱུན་དུ་གནས། 12མཐུ་ལྡན་ཕྱག་དང་སྟོབས་ལྡན་ཕྲག་པས་བཏོན་པ་དང་། ཁོང་གི་བྱམས་པ་རྒྱུན་དུ་གནས། 13ཁོང་གིས་རྒྱ་མཚོ་དམར་པོ་ཁག་གཉིས་མཛད། ཁོང་གི་བྱམས་པ་རྒྱུན་དུ་གནས། 14རང་གི་མི་འབངས་དེ་བརྒྱུད་འཁྲིད། ཁོང་གི་བྱམས་པ་རྒྱུན་དུ་གནས། 15འོན་ཀྱང་ཨི་ཇིབ་རྒྱལ་པོ་དང་ནི་ཁོང་གི་དམག་མི་ཆུ་ལ་སྐྱུར། ཁོང་གི་བྱམས་པ་རྒྱུན་དུ་གནས། 16ཁོང་གིས་རང་གི་མི་འབངས་ལ་འབྲོག་སྟོང་བརྒྱུད་ནས་འཁྲིད། ཁོང་གི་བྱམས་པ་རྒྱུན་དུ་གནས། 17སྟོབས་དང་ལྡན་པའི་རྒྱལ་པོ་རྣམས་ལ་ཁོང་གིས་བསད། ཁོང་གི་བྱམས་པ་རྒྱུན་དུ་གནས། 18སྙན་གྲགས་ལྡན་པའི་རྒྱལ་པོ་རྣམས་ལ་ཁོང་གིས་བསད། ཁོང་གི་བྱམས་པ་རྒྱུན་དུ་གནས། 19ཁོང་གིས་ཨ་མོར་པ་ཚོའི་རྒྱལ་པོ་སི་ཧོན་བསད། ཁོང་གི་བྱམས་པ་རྒྱུན་དུ་གནས། 20བྷ་ཤན་ཡུལ་གྱི་རྒྱལ་པོ་ཨོག་ཡང་ཁོང་གིས་བསད། ཁོང་གི་བྱམས་པ་རྒྱུན་དུ་གནས། 21ཁོང་གིས་དེ་ཚོའི་ཡུལ་རྣམས་ནི་རང་གི་འབངས་ལ་གནང་། ཁོང་གི་བྱམས་པ་རྒྱུན་དུ་གནས། 22ཁོང་གི་ཞབས་ཕྱི་ཨིསི་རཱཨེལ་ལ་དེ་རྣམས་གནང་ངོ་། ཁོང་གི་བྱམས་པ་རྒྱུན་དུ་གནས། 23ཁོང་གིས་ང་ཚོ་ཕམ་དུས་ང་ཚོར་རྗེད་མ་སོང་། ཁོང་གི་བྱམས་པ་རྒྱུན་དུ་གནས། 24ཁོང་གིས་ང་ཚོར་ང་ཚོའི་དགྲ་བོ་རྣམས་ལས་ཐར་པ་གནང། ཁོང་གི་བྱམས་པ་རྒྱུན་དུ་གནས། 25གསོན་པོའི་རིགས་ཚང་མར་ཁོང་གིས་ཁ་ཟས་གནང་། ཁོང་གི་བྱམས་པ་རྒྱུན་དུ་གནས། 26མཐོ་རིས་ཀྱི་དཀོན་མཆོག་ཁོང་ལ་གཏང་རག་འབུལ། ཁོང་གི་བྱམས་པ་རྒྱུན་དུ་གནས༎

གསུང་མགུར 137

བཙན་བྱོལ་དུ་ཕྱིན་པའི་ཨིསི་རཱཨེལ་པ་ཚོས་མྱ་ངན།

1ང་ཚོ་བྷེ་བྷི་ལོན་གྱི་གཙང་པོ་རྣམས་ཀྱི་འགྲམ་བསྡད། དེ་གར་ང་ཚོས་ཛི་ཡོན་དྲན་ནས་ངུས། 2དེ་གའི་འགྲམ་གྱི་ཤིང་ལྕང་སྡོང་སྟེང། ང་ཚོས་རང་གི་པི་ཝང་བཏགས་པ་ཡིན། 3ང་ཚོར་བཙོན་དུ་འཁྱེར་མཁན་ཚོས་ང་ཚོར་གླུ་ལེན་བཅུག། ཁོ་ཚོའི་སེམས་དགའ་ཕྱིར་ང་ཚོར་འདི་ལྟར་སྨྲས། ང་ཚོར་ཛི་ཡོན་སྐོར་ལ་གླུ་གཏོང་ཞིག་། 4ཇི་ལྟར་གཞན་གྱི་ཡུལ་དུ་ང་ཚོ་ཡིས། གཙོ་བོ་དཀོན་མཆོག་ཁོང་ལ་གླུ་ལེན་ནམ། 5ང་ཡིས་ཡེ་རུ་ཤ་ལེམ་ཁྱོད་བརྗེད་ན། ང་ཡིས་ནམ་ཡང་པི་ཝང་གཏོང་མི་ཐུབ་པར་ཤོག། 6ང་ཡིས་ཁྱོད་ལ་དྲན་གསོ་མ་བྱས་ན། ཁྱོད་ལ་རང་གི་དགའ་སྤྲོ་ཆེ་ཤོས་དེ་བཞིན་རྩིས་ནས་མ་དྲན་ན། ང་ཡིས་ནམ་ཡང་མགུར་མ་ལེན་མི་ཐུབ་པར་ཤོག། 7ཡེ་རུ་ཤ་ལེམ་དབང་དུ་བསྡུ་བའི་ཉིན། ཨེ་དོམ་པ་ཚོས་གང་བྱེད་པ་དྲན་པར་མཛོད། དེ་ཚོས་མུ་མཐུད་འདི་ལྟར་སྨྲས་པའི་གཏམ་ལ་དྲན་པར་མཛོད། དེ་ལ་མེད་པར་བྱས་ཏེ་སའི་ཁར་དབྱུགས། 8བྷེ་བྷི་ལོན་ཁྱོད་མེད་པར་བཟོ་པར་འགྱུར། ཁྱོད་ཀྱི་ང་ཚོར་ཇི་བྱས་པའི་ཆེད་དུ། ཁྱོད་ལ་དགྲ་ཤ་ལེན་མཁན་མི་ཚོ་དགའོ། 9དེ་ཚོས་ཁྱོད་ཀྱི་ཁྱེའུ་ཆུང་རྣམས་ཀྱང་འཁྱེར། དེ་ནས་དེ་ཚོ་བྲག་ཁར་བརྡབ་པར་འགྱུར༎

གསུང་མགུར 138

གཏང་རག་གི་སྨོན་ལམ།

1གཙོ་བོ་དཀོན་མཆོག་ང་རང་གི་སེམས་ཀྱི་གཏིང་ནས་ཁྱེད་ལ་གཏང་རག་འབུལ་གྱི་ཡོད། ལྷ་རྣམས་མདུན་དུ་ང་ཡིས་ཁྱེད་ལ་བསྟོད་དབྱངས་འབུལ་གྱི་ཡོད། 2ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་དང་དམ་ཚིག་ལྡན་ཚུལ་གྱི་རྐྱེན་གྱིས་ནི། ཁྱེད་ཀྱི་དམ་པའི་མཆོད་ཁང་ཕྱོགས་སུ་ང་ཁ་བལྟས་ཡོད། ཁྱེད་ལ་ཕྱག་འཚལ་བྱ་ཞིང་ཁྱེད་མཚན་བསྟོད་ཀྱི་ཡོད། གང་ལགས་ཟེར་ན་ཁྱེད་ཀྱི་རང་གི་མཚན་དང་། བཀའ་རྒྱ་རྣམས་ཆེ་ཤོས་ཡིན་ཟེར་ཁྱེད་ཀྱིས་སྟོན་པར་མཛད་གནང་ཡོད། 3ང་ཡིས་འབོད་སྐབས་ཁྱེད་ཀྱིས་བཀའ་ལན་གནང་བ་དང་། ཁྱེད་ཀྱིས་ནུས་པས་ང་ལ་སྟོབས་ཆེན་བཟོས་གནང་ངོ་། 4གཙོ་བོ་དཀོན་མཆོག་ས་གཞི་ནང་གི་རྒྱལ་པོ་ཚང་མས་ཁྱེད་ལ་བསྟོད་པ་འབུལ་བར་འགྱུར། གང་ལགས་ཟེར་ན་དེ་ཚོས་ཁྱེད་ཀྱི་ཞལ་ཆེ་རྣམས་ཐོས་ཡོད། 5ཁྱེད་ཀྱི་གནང་བའི་མཛད་པ་རྣམས་དང་། ཁྱེད་ཀྱི་གཟི་བརྗིད་རླབས་ཆེན་སྐོར་ལ་དེ་ཚོས་མགུར་མ་ལེན། 6ཁྱེད་ནི་འདི་འདྲ་མཐོན་པོར་བཞུགས་ཡོད་ན་ཡང་། ཉམས་ཐག་ཅན་ཚོར་ཁྱེད་ཀྱིས་ཐུགས་འཁུར་བཞེས་པ་དང་། ང་རྒྱལ་ཅན་རྣམས་ཁྱེད་ཀྱི་ཕྱོགས་ནས་གབ་མི་ཐུབ། 7དཀའ་ངལ་རྣམས་ཀྱིས་ང་ལ་བསྐོར་ནས་ཡོད་སྐབས། ཁྱེད་ཀྱིས་ང་ལ་ཁམས་བཟང་འཇོག་པ་གནང་ངོ་། ང་ལ་ཁྲོ་མཁན་དགྲ་བོའི་ཐོག་ཏུ་ཁྱེད་ཀྱིས་རྒོལ་བ་དང་། ཁྱེད་ཀྱི་ནུས་པས་ང་ལ་སྐྱོབ་པར་མཛད། 8རང་གི་དམ་བཅའ་གནང་བ་རྣམས་ནི་སྒྲུབ་པར་འགྱུར། གཙོ་བོ་དཀོན་མོཆ་ཁྱེད་ཀྱི་བྱམས་པ་དེ་ནི་རྒྱུན་དུ་གནས། རང་གི་འགོ་ཚུགས་པ་ཡི་ལས་རྣམས་ཆ་ཚང་སྒྲུབ་པར་མཛད༎

གསུང་མགུར 139

དཀོན་མཆོག་གི་མཁྱེན་བྱ་ཆ་ཚང་དང་བྱམས་སྐྱོང།

1གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ལ་ཚོད་ལྟ་གནང་བ་དང་ཁྱེད་ཀྱིས་ང་ལ་མཁྱེན། 2ང་ཡི་གང་བྱས་ལས་རྣམས་ཁྱེད་ཀྱིས་མཁྱེན། ཁྱེད་ཀྱིས་རྒྱངས་ནས་ང་ཡི་བསམ་ཚུལ་རྣམས་མཁྱེན། 3ང་ཡི་ལས་བྱས་ཡང་ངལ་གསོ་རྒྱབ་ཡང་ཁྱེད་ཀྱིས་ང་ལ་གཟིགས། ཁྱེད་ཀྱིས་ང་ཡི་བྱ་བ་ཐམས་ཅད་མཁྱེན། 4ང་ཡིས་གཏམ་སྨྲས་པའི་སྔོན། ང་ཡིས་ཇི་སྨྲ་གྲབ་ཡོད་པ་དེ་ཁྱེད་ཀྱིས་མཁྱེན་ཚར་རོ། 5ང་ཡི་རྒྱབ་མདུན་ཕྱོགས་བཞིར་ཁྱེད་རང་བཞུགས། ཁྱེད་ཀྱི་སྟོབས་ཀྱིས་ང་ལ་སྲུང་སྐྱོབ་གནང་། 6ངའི་སྐོར་ཁྱེད་ཀྱི་ཤེས་བྱ་ཧ་ཅང་གཏིང་རིང་ཡོད། དེ་ནི་ང་ཡིས་རྟོགས་པར་ཤིན་ཏུ་དཀའ། 7ཁྱེད་ཀྱི་མདུན་ནས་ང་ནི་བྲོས་ནས་གང་དུ་འགྲོ་ཐུབ་བམ། ཁྱེད་ཀྱི་གཟི་བརྗིད་ནས་ང་ནི་ག་རུ་བྲོས་ཐུབ་བམ། 8ང་ནི་མཐོ་རིར་འགྲོ་ཡང་ཁྱེད་དེར་ཡོད། ང་ནི་འཆི་ཡུལ་དུ་འགྲོ་ཡང་ཁྱེད་དེར་ཡོད། 9ཐག་རིང་ཤར་ཕྱོགས་ཕ་རོལ་དུ་འཕུར་ན་ཡང་། ནུབ་ཕྱོགས་ཐག་རིང་ཤོས་གནས་སུ་བསྡད་ན་ཡང་། 10ང་ལ་སྣེ་འཁྲིད་གནང་ཕྱིར་ཁྱེད་དེར་ཡོད། ང་ལ་མགོན་སྐྱབས་བྱེད་ཕྱིར་ཁྱེད་དེར་བཞུགས་ཡོད། 11ང་ཡིས་མུན་པར་ང་ལ་སྦས་ཟེར་ལབ་ཐུབ་ཡང། ངའི་ཕྱོགས་བཞིར་འོད་ལ་མཚན་མོར་འགྱུར་ཟེར་ན་ཡང། 12མུན་པ་ཁྱེད་ཕྱིར་མུན་པ་མི་ཡོང་ངོ་། མཚན་ནི་ཉིན་དང་འདྲ་བ་འོད་ཟེར་འཕྲོ། ཁྱེད་ཕྱིར་མུན་པ་དང་འོད་ཁྱད་མེད་ཡིན། 13ཁྱེད་ཀྱིས་ང་ཡི་ཡན་ལག་ཡོངས་རྫོགས་བཟོས། མ་ཡི་མངལ་ནང་ང་ལ་ཁྱེད་ཀྱིས་མཉམ་དུ་མཐུད་གནང་ངོ། 14ང་ཡིས་ཁྱེད་ལ་གཏང་རག་འབུལ་གང་ལགས་ཟེར་ན་ང་ཚོས་ཁྱེད་ལ་འཇིགས་དགོས་སོ། ཁྱེད་ཀྱི་མཛད་འཕྲིན་རྣམས་ངོ་མཚར་ཆེ། དེ་ནི་ང་ཡིས་ཆ་ཚང་ཤེས་ཀྱི་ཡོད། 15ང་ཡི་རུ་པ་རྣམས་ནི་བཟོས་པའི་སྐབས། ང་ཡི་ཨ་མའི་མངལ་ནང་འདི་རྣམས་གཟབ་གཟབ་ཀྱིས་མཐུད། དེ་རུ་ང་ནི་གསང་བའི་ནང་དུ་འཚར། ང་ནི་དེ་རུ་ཡོད་པ་ཁྱེད་ཀྱིས་མཁྱེན་གྱི་ཡོད། 16ང་ནི་མ་སྐྱེས་སྔོན་དུ་ཁྱེད་ཀྱིས་ང་ལ་གཟིགས། ང་ཡི་ཚེ་ཚད་ཞག་རྣམས་མགོ་བཙུག་སྔོན། དེ་རྣམས་ཡོངས་སུ་ཁྱེད་ཀྱི་དེབ་ནང་བྲིས་ནས་ཡོད། 17ཀྱེ་དཀོན་མཆོག་ཁྱེད་ཀྱི་དགོངས་པ་རྣམས་ཇི་ལྟར་རིན་ཐང་ཆེ། ཐུགས་དགོངས་དེ་ཚོ་ནི་ཇི་ལྟར་མང་། 18ང་ཡིས་དེ་ཚོའི་གྲངས་རྩིས་ལེན་པ་ན། དེ་ཚོའི་གྲངས་ནི་བྱེ་མ་ལས་ཀྱང་མང་། ང་ནི་གཉིད་ལས་སད་དུས་ཁྱེད་ང་མཉམ་ཡོད། 19ཀྱེ་དཀོན་མཆོག་མི་ངན་ཚོར་ཁྱེད་ཀྱི་ཕྱག་གིས་ཚར་དུ་གཅོད་པར་ང་ཡིས་འདོད། དྲག་པོའི་མི་ཚོ་ང་ལས་ཐག་རིང་བསྡད་པར་ང་ཡིས་འདོད། 20དེ་ཚོས་ཁྱེད་ཀྱི་སྐོར་ལ་གཏམ་ངན་ལབ། ཁྱེད་ཀྱི་མཚན་ལ་རྒོལ་ཕྱིར་གཏམ་གནོད་ཅན་ཤོད། 21ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ལ་སྡང་མཁན་དེ་ཚོར་ངས་ཡང་གང་འདྲ་སྡང་། ཁྱེད་ལ་རྒོལ་མིར་ངས་ཀྱང་གང་འདྲ་སྨད་བཞིན་ཡོད། 22ང་ཡིས་དེ་ཚོར་ཧ་ཅང་སྡང་གི་ཡོད། ང་ནི་དེ་ཚོར་རང་གི་དགྲ་བོ་བསམ། 23ཁྱེད་ཀྱིས་ང་ལ་བརྟག་དཔྱད་མཛོད་ཀྱེ་དཀོན་མཆོག། ང་ཡི་སེམས་ཤེས་པར་མཛོད། ང་ལ་ཚོད་བལྟ་མཛད་ནས་ང་ཡི་བསམ་བློ་རྣམས་ཤེས་པར་མཛོད། 24ངའི་ནང་ངན་པ་གང་ཞིག་ཡོད་ན་འཚོལ་དུ་གསོལ། ང་ལ་གཏན་གྱི་ལམ་ནང་འཁྲིད་པར་མཛོད༎

གསུང་མགུར 140

སྲུང་སྐྱོབ་གྱི་ཆེད་དུ་སྨོན་ལམ།

1ང་ལ་མི་ངན་ལས་སྐྱོབ་ཅིག་ཀྱེ་གཙོ་བོ་དཀོན་མཆོག། དྲག་པོའི་མི་ལས་ང་ལ་བརྟེན་པོ་ཛོགས་རོགས་གནང། 2རྒྱུན་དུ་དེ་ཚོས་བྱུས་ངན་བརྩོམ་ནས་བསྡད་པ་དང་། རྒྱུན་དུ་འཁྲུག་པ་དཀྲུགས་བཞིན་བསྡད། 3དེ་ཚོའི་ལྕེ་ནི་དུག་སྦྲུལ་བཞིན་ཡིན་པ་དང་། དེ་ཚོས་སྨྲས་པའི་གཏམ་ནི་དུག་སྦྲུལ་གྱི་དུག་བཞིན་དུ་ཡོད། 4ང་ལ་ངན་པའི་སྟོབས་ལས་སྲུང་ཞིག་གཙོ་བོ་དཀོན་མཆོག། ངའི་ཕྱིར་བྱུས་ངན་བརྩོམ་མཁན་དྲག་པོའི་མི་ལས་བརྟེན་པོར་མཛོད། 5ང་རྒྱལ་ཅན་གྱི་མི་ཚོས་ང་ལ་རྙི་བཙུགས་ཡོད། དེ་ཚོས་རང་གི་རྙི་རྣམས་བཀྲམས་ནས་ཡོད། ང་ལ་བཟུང་ཕྱིར་ལམ་གྱི་གཡས་གཡོན་རྙི་རྣམས་བཙུགས་ཡོད། 6ང་ཡིས་གཙོ་བོ་དཀོན་མཆོག་ལ་ཞུས། ཁྱེད་ནི་ང་ཡི་དཀོན་མཆོག་ཡིན་པ་དང་། མགོན་སྐྱོབས་ཕྱིར་དུ་ང་ཡི་ཞུ་བར་གསན་པར་མཛོད་གཙོ་བོ་དཀོན་མཆོག། 7ང་ཡི་སྟོབས་དང་ལྡན་པའི་སྐྱོབ་མཁན་བླ་མེད་གཙོ་བོ་དཀོན་མཆོག། ཁྱེད་ཀྱིས་ང་ལ་དམག་སར་སྲུང་སྐྱོབ་གནང་ཡོད་དོ། 8ངན་པས་ཇི་འདོད་དེ་ཚོར་མ་གནང་རོགས་གནང་གཙོ་བོ་དཀོན་མཆོག། དེ་ཚོའི་བྱུས་ངན་རྣམས་ལམ་ལྷོང་ཡོང་མ་བཅུག། 9ང་ཡི་དགྲ་བོ་རྣམས་ལ་རྒྱལ་དུ་མ་བཅུག་ཅིག། དེ་ཚོས་ང་ལ་བསྐུལ་བའི་འཇིགས་བརྡ་དེ་རྣམས། དེ་ཚོའི་ཐོག་ཏུ་ཕོག་བཅུག་ཅིག། 10འབར་བའི་སོལ་བ་རྣམས་དེ་ཚོའི་ཐོག་ཏུ་བབས་པར་ཤོག། དེ་ཚོ་དོང་དུ་དབྱུགས་ནས་མ་ཐོན་ཤོག། 11གཞན་ལ་རྫུན་གྱི་སྐྱོན་འདོག་མཁན་རྣམས་ལམ་ལྷོང་མ་ཡོང་བར་ཤོག། མི་དྲག་པོར་རྐྱེན་ངན་གྱིིས་རྗེས་ཟིན་ནས་ཚར་གཅོད་ཤོག། 12གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་དབུལ་པོ་རྣམས་ཀྱི་གནས་ཚུལ་དང་། དགོས་མཁོ་ཅན་གྱི་དབང་ཆ་གི་སྲུང་སྐྱོབས་གནང་བ་དེ་ང་ཡིས་ཤེས། 13དྲང་བདེན་ཚོས་ཁྱེད་ལ་བསྟོད་བསྔགས་འབུལ་བར་འགྱུར། ཁྱེད་ཀྱི་དྲུང་དུ་དེ་ཚོ་གནས་པར་འགྱུར༎

གསུང་མགུར 141

དགོང་དྲོའི་སྨོན་ལམ།

1གཙོ་བོ་དཀོན་མཆོག་ང་ཡིས་ཁྱེད་ལ་འབོད་ཀྱི་ཡོད། ད་ལྟ་ཉིད་དུ་ང་ལ་མགོན་སྐྱབས་མཛད་དུ་གསོལ། ང་ཡིས་ཁྱེད་ལ་འབོད་དུས་ང་ལ་གསན་དུ་གསོལ། 2ང་ཡི་འདེབས་པའི་སྨོན་ལམ་བདུག་སྤོས་ལྟར། ང་ཡིས་འདེགས་པའི་ལག་པ་དགོང་དྲོའི་དམར་མཆོད་ལྟར་བཞེས་ཤིག། 3ང་ཡི་ཁ་ལ་སྲུང་མཁན་འཇོག་ཅིག་གཙོ་བོ་དཀོན་མཆོག། ང་ཡི་མཆུ་ལྟོའི་སྒོར་སྒོ་སྲུང་གཅིག་ནི་འཇོག་པར་མཛོད། 4ང་ལ་ངན་ལས་བྱེད་པའི་འདོད་སེམས་དང། མི་ངན་པའི་ངན་ལས་ལ་ལག་འབྲེལ་བྱེད་པ་ལས་སྐྱོབ་ཏུ་གསོལ། ང་ནི་དེ་ཚོའི་ཐུགས་སྤྲོར་ནམ་ཡང་མི་བསྡད་ཤོག། 5མི་བཟང་པོས་ང་ལ་སྙིང་རྗེ་སྒོ་ནས་ཉེས་ཆད་བཀལ་བ་དང་བཀའ་སྐྱོན་གནང་ཡོང། འོན་ཀྱང་མི་ངན་ནས་ང་ནམ་ཡང་གུས་ཞབས་ལེན་མི་ཡོང་། གང་ལགས་ཟེར་ན་དེ་ཚོས་ལས་ངན་གྱི་རྒྱབ་རྒལ་དུ། ང་ནི་རྒྱུན་དུ་སྨོན་ལམ་བཏབ་བཞིན་ཡོད། 6དེ་ཚོའི་སྲིད་སྐྱོང་པ་རྣམས་བྲག་ངོས་གཟར་པོ་ནས་སྐྱུར་བའི་དུས། ང་ཡི་གཏམ་རྣམས་བདེན་ཟེར་མི་ཚོས་བརྗོད་པར་འགྱུར། 7ཤིང་གཤགས་ནས་དུམ་བུར་བཟོས་པ་ལྟར། དུར་གྱི་འགྲམ་དུ་དེ་ཚོའི་རུས་པ་རྣམས་གཏོར་ཡོད་དོ། 8འོན་ཀྱང་ང་ནི་ཁྱེད་ལ་བློ་བཅོལ་བཞིན་བསྡད་ང་ཡི་བླ་མེད་གཙོ་བོ་དཀོན་མཆོག། ང་ནི་ཁྱེད་ཀྱི་སྲུང་སྐྱོབ་བཙལ་བཞིན་ཡོད། ང་འཆི་རུ་མ་འཇུག་ཅིག། 9དེ་ཚོས་ངའི་ཕྱིར་བཙུགས་པའི་རྙི་ལས། ལས་ངན་བྱེད་མིས་ཞགས་པའི་རྙི་རྣམས་ལས་ང་སྲུང་ཤིག། 10ངན་པས་བཙུགས་པའི་རྙི་ནང་རང་ཉིད་ཚུད་པར་ཤོག། ང་ནི་གནོད་པ་མེད་པར་ཐར་བར་ཤོག།

གསུང་མགུར 142

1ང་ནི་གཙོ་བོ་དཀོན་མཆོག་ལ་རོགས་པ་གནང་ཕྱིར་འབོད། ང་ནི་ཁོང་དང་མཉམ་དུ་ཞུ་བ་འབུལ་གྱི་ཡོད། 2ང་ཡི་སྐྱོན་བརྗོད་ཚང་མ་ཁོང་དྲུང་འཁྱེར་ནས་ཡོད། ང་ཡི་དཀའ་ངལ་ཚང་མ་ཁོང་ལ་ཞུ་གི་ཡོད། 3ང་ནི་ཉམས་ཐག་པའི་དུས་སྐབས་སུ། ང་ཡིས་ཇི་བྱེད་དགོས་ལ་ཁོང་གི་མཁྱེན་གྱིས་ཡོད། ང་འགྲོ་བའི་ལམ་དུ་ང་ཡི་དགྲ་བོ་རྣམས་ཀྱིས་ངའི་ཕྱིར་རྙི་ཞིག་སྦས་ཡོད་དོ། 4ང་ཡིས་འགྲམ་ལ་བལྟ་དུས་ང་ལ་རོགས་པ་བྱ་མཁན་སུ་ཡང་མི་མཐོང། ང་ལ་སྲུང་སྐྱོབ་བྱ་མཁན་སུ་ཞིག་ཐོབ་མ་བྱུང་། ང་ལ་སུ་ཞིག་གིས་ཀྱང་དོ་སྣང་མི་བྱེད་དོ། 5གཙོ་བོ་དཀོན་མཆོག་ང་ལ་མགོན་སྐྱབས་ཆེད་དུ་ཁྱེད་ལ་འབོད་ཀྱིས་ཡོད། གཙོ་བོ་དཀོན་མཆོག་ཁྱེད་ནི་ང་ཡི་སྐྱབས་མཁན་ཡིན། མི་ཚེ་འདིའི་ནང་ང་ནི་ཁྱེད་རང་གཅིག་པུར་འདོད། 6རོགས་པའི་ཕྱིར་དུ་ང་ཡི་ཞུ་བར་གསན་དུ་གསོལ། གང་ལགས་ཟེར་ན་ངའི་སེམས་སྡུག་བསྔལ་ནང་ཚུད་ཡོད། ང་ཡི་དགྲ་བོ་རྣམས་ལས་ང་ལ་སྐྱོབ་ཏུ་གསོལ། ང་ཡི་ཕྱིར་དུ་དེ་ཚོ་སྟོབས་ཆེན་འགྱུར་ཡོད་དོ། 7ང་ཡི་དཀལ་ངལ་ཀུན་ལས་ང་ལ་སྒྲོལ་དུ་གསོལ། དེ་ནས་ཁྱེད་ཀྱི་འབངས་རྣམས་ཚོགས་སར་ང་ཡིས་ཁྱེད་ལ་བསྟོད། གང་ལགས་ཟེར་ན་ཁྱེད་ཀྱིས་ང་ལ་བཟང་པོ་གནང་ཡོད་དོ༎

གསུང་མགུར 143

རོགས་རམ་གྱི་ཆེད་དུ་སྨོན་ལམ།

ཁྱེད་ཀྱི་དྲང་བདེན་ངང་ང་ཡི་ཞུ་བར་གསན། རང་གི་དམ་ཚིག་ལྡན་ཚུལ་ནང་ང་ལ་བཀའ་ལན་གནང་དུ་གསོལ། 2ཁྱེད་ཀྱི་བྲན་གཡོག་ང་ལ་ཚོད་ལྟ་མ་གནང་ཞིག། ཁྱེད་ཀྱི་གཟིགས་སྣང་ལ་ནི་སུའང་ཉེས་མེད་མེད། 3ང་ཡི་དགྲ་བོས་ང་ལ་དེད་ནས་བཟུང་ནས་ཡོད། ང་ལ་ཆ་ཚང་ཕམ་ཡོད་དོ། དེ་ཚོས་ང་ལ་བརྩོན་ཁང་ནག་ཁུང་ནང་དུ་བཅུག་ཡོད་པ་དང། ང་ནི་དུས་ཡུན་རིང་པོའི་སྔོན་ནས་འཆི་མཁན་ཚོ་ལྟར་འདྲ། 4དེ་འདྲ་སོང་ཙང་ང་ནི་མི་ཚེ་སྤངས་པར་གྲ་སྒྲིགས་ཡོད། ང་ནི་ཧ་ཅང་ཡིད་མུག་ཡོད། 5ངས་འདས་པའི་ཉིན་མ་དེ་ཚོ་དྲན་གྱི་ཡོད། ཁྱེད་ཀྱི་མཛད་པ་ཚང་མ་ངས་བསམ་བློ་གཏོང་གི་ཡོད། ཁྱེད་ཀྱི་མཛད་པ་ཚང་མ་ངས་སེམས་ནང་དྲེན་གྱི་ཡོད། 6ངས་སྨོན་ལམ་འདེབས་སྐབས་ཁྱེད་ཕྱོགས་ངའི་ལག་པ་འདེགས་པར་བྱེད། སྐམ་པའི་ས་བཞིན་ངའི་སྲོག་ཁྱེད་ཕྱིར་སྐོམ་ནས་ཡོད། 7ད་ལྟ་ང་ལ་བཀའ་ལན་གནོང་ཞིག་གཙོ་བོ་དཀོན་མཆོག། ང་ཡིས་རེ་བ་ཚང་མ་བྲལ་ནས་ཡོད། རང་ལ་ང་ལས་སྦེད་མ་གནང་རོགས་གནང་། དེ་མིན་ང་ནི་འཆི་བའི་ཡུལ་དུ་འགྲོ་མཁན་ཁྲོད་དུ་སླེབས་པར་འགྱུར། 8སྔ་དྲོ་རེ་བཞིན་ང་ལ་ཁྱེད་ཀྱི་རྒྱུན་ལྡན་ཐུགས་བརྩེ་དྲན་གསོ་མཛོད། གང་ལགས་ཟེར་ན་ང་ནི་ཁྱེད་ལ་བློ་བཅོལ་གྱི་ཡོད། ང་ཡི་སྨོན་ལམ་ཁྱེད་ཀྱི་དྲུང་དུ་སླེབས་ཀྱི་ཡོད། ང་ཡི་འགྲུལ་བའི་ལམ་དེ་ང་ལ་བསྟན་དུ་གསོལ། 9གཙོ་བོ་དཀོན་མཆོག་ང་ལ་སྲུང་སྐྱོབ་ཆེད་དུ་ཁྱེད་རྩར་ཡོང་གི་ཡོད། ང་ཡི་དགྲ་བོ་རྣམས་ལས་ང་ལ་སྐྱོབ་ཏུ་གསོལ། 10ཁྱེད་ནི་ང་ཡི་དཀོན་མཆོག་ཡིན། ང་ལ་ཁྱེད་ཀྱི་ཐུགས་དགོངས་བཞིན་དུ་འགྲུལ་བར་སླབ་རོགས་གནང། ང་ཡི་སྟེང་དུ་ཁྱེད་ཀྱིས་བཟང་པོ་མཛོད། བདེ་བའི་ལམ་དུ་ང་ལ་འཁྲིད་པར་མཛད་དུ་གསོལ། 11གཙོ་བོ་དཀོན་མཆོག་རང་གི་དམ་བཅའ་བཞིན་དུ་ང་ལ་སྐྱོབ་ཏུ་གསོལ། ཁྱེད་ཀྱི་དྲང་བདེན་ངང་ང་ལ་དཀའ་ངལ་རྣམས་ལས་སྐྱོབ་ཏུ་གསོལ། 12ཁྱེད་ཀྱི་བྱམས་པའི་རྐྱེན་གྱིས་ང་ཡི་དགྲ་རྣམས་གསོད། ང་ལ་གནར་གཅོད་གཏོང་མཁན་ཚང་མ་ཚར་གཅོད་ཅིག། གང་ལགས་ཟེར་ན་ང་ནི་ཁྱེད་ཀྱི་བྲན་གཡོག་ཡིན༎

གསུང་མགུར 144

རྒྱལ་པོས་རྒྱལ་ཁའི་ཆེད་དུ་དཀོན་མཆོག་ལ་གཏང་རག་འབུལ་བ།

1ང་ཡི་སྲུང་སྐྱོབ་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་བསྔོགས་ཤིག། ཁོང་གིས་ང་ལ་འཐབ་ཕྱིར་སློབ་སྦྱོངས་སྤྲད་པ་དང་། དམག་གི་ཕྱིར་དུ་ང་ལ་གྲ་སྒྲིགས་བཟོས་གནང་ངོ་། 2ཁོང་ནི་ང་ལ་སྲུང་ཞིང་སྐྱོབ་པ་གནང་མཁན་ཡིན། ཁོང་ནི་ང་ཡི་སྐྱབས་གནས་དང་ནི་སྐྱབས་མགོན་ཡིན། བརྟན་ཆའི་ཕྱིར་ཁོང་ལ་བློ་གཏད་བྱེད་ཀྱིས་ཡོད། ཁོང་གིས་མི་རིགས་ཚོར་འདུལ་གནང་ནས་དེ་དག་ང་ཡི་དབང་འོག་གནང་བ་ཡིན། 3གཙོ་བོ་དཀོན་མཆོག་མི་རྟག་པའི་མི་ཚོ་ནི་ཇི་ཡིན་ཁྱེད་ཀྱིས་དེ་ཚོར་དོ་སྣང་གནང་ངམ། མི་རྟག་པའི་མི་ཚོར་ཅིའི་ཕྱིར་ཐུགས་བསམ་བཞེས་ཀྱི་ཡོད་དམ། 4དེ་ཚོ་ནི་དབུགས་སྦར་བ་གང་དང་འདྲ་བ་ཡོད། དེ་ཚོའི་ཉིན་རྣམས་ཡོལ་བའི་གྲིབ་ནག་བཞིན་དུ་ཡོད། 5ནམ་མཁའ་ཧྲལ་ནས་ཁྱེད་མར་ཕེབས་ཤིག་ཀྱེ་གཙོ་བོ་དཀོན་མཆོག། རི་བོ་རྣམས་ལ་འཆང་ཤིག་དང་དེ་ལས་དུ་བ་ཐོན། 6གློག་འཁྱུག་བཏང་ནས་རང་གི་དགྲ་རྣམས་ཐོར་རུ་བཅུག། ཕྱག་མདའ་རྒྱབ་ནས་དེ་ཚོ་དེད་པར་མཛད་དུ་གསོལ། 7མཐོ་སར་ནས་ཁྱེད་ཀྱིས་ཕྱག་མར་སྙོབ་རོགས་གནང་། ང་ལ་གཏིང་རིང་ཆུ་ལས་འཐེན་ནས་བཏོན་པར་མཛོད། ཕྱི་རྒྱལ་པ་ཚོས་སྟོབས་ལས་ང་ལ་སྐྱོབ་པར་མཛོད། 8དེ་ཚོས་ནམ་ཡང་དྲང་གཏམ་མ་བཤད་ཅིང་། དེ་ཚོས་མནའ་སྐྱེལ་ཡང་རྫུན་གཏམ་བཤད། 9ཀྱེ་དཀོན་མཆོག་ང་ནི་ཁྱེད་ལ་མགུར་མ་གསར་པ་འབུལ་གྱི་ཡིན། ང་ནི་པི་ཝང་བཏང་ནས་ཁྱེད་ལ་མགུར་མ་འབུལ་གྱི་ཡིན། 10ཁྱེད་ཀྱིས་རྒྱལ་པོ་རྣམས་ལ་རྒྱལ་ཁ་གནང་ཞིང་། རང་གི་བྲན་གཡོག་དཱ་བིད་ལ་ནི་སྐྱོབས་གནང་ངོ། 11ང་ཡི་སྡུག་ཙུབ་ཅན་གྱི་དགྲ་བོ་རྣམས་ནས་ང་སྐྱོབ་ཅིག། དྲང་ཏམ་མི་ཤོད་མཁན་དང་མནའ་སྐྱེལ་ཡང་རྫུན་གཏམ་ཤོད་མཁན་གྱི། ཕྱི་རྒྱལ་པ་ཚོའི་སྟོབས་ལས་ང་ལ་སྐྱོབ་པར་མཛོད། 12ང་ཚོའི་བུ་ཕྲུག་རྣམས་ནི་གཞོན་དུས། བརྟན་པོར་སྐྱེས་པའི་རྩི་ཤིང་འདྲ་བ་བྱུང་ཤོག། ཕོ་བྲང་གི་ཟུར་དུ་མཛེས་པའི་བཀོད་རྒྱན་གྱིས། ཀ་བ་འདྲ་བ་ང་ཚོའི་བུ་མོ་རྣམས་བྱུང་ཤོག། 13ང་ཚོའི་འབྲུ་ཁང་དུ་སྟོན་ཐོག་འདྲ་མིན་གང་བར་ཤོག། ང་ཚོའི་ལུག་ཚོའི་བེའུ་སྟོང་སྟོང་སྐྱེས་བར་ཤོག། 14མངལ་ནས་སྦྲུམ་ཤིང་མ་འཆི་བར་ང་ཚོའི་ཕྱུགས་ཟོག་གིས་མང་པོ་བསྐྱར་དུ་སྐྲུན་པར་ཤོག། ང་ཚོའི་སྲང་ལམ་ཁག་ཏུ་སྡུག་སྐད་མ་ཐོས་ཤོག། 15སྦྱིན་རླབས་འདི་ལྟར་ཐོབ་པའི་མི་ཚོ་བདེའོ། སུ་ཡི་དཀོན་མཆོག་ནི་གཙོ་བོ་དཀོན་མཆོག་ཡིན་པ་མི་ཚོ་བདེའོ༎

གསུང་མགུར 145

1ང་ནི་ཁྱེད་ཀྱི་མངའ་ཐང་སྐོར་ལ་ཁྱབ་སྒྲགས་བྱེད་ཀྱིས་ཡིན། ང་ཡི་དཀོན་མཆོག་དང་ནི་རྒྱལ་པོ་ལགས། ང་ནི་རྒྱུན་དུ་ཁྱེད་ལ་གཏང་རག་འབུལ་གྱི་ཡིན། 2ང་ནི་ཉིན་རེར་ཁྱེད་ལ་གཏང་རག་འབུལ་གྱི་ཡིན། དུས་ནི་རྒྱུན་དུ་ཁྱེད་ལ་བསྟོད་པར་བྱ་རྒྱུ་ཡིན། 3གཙོ་བོ་དཀོན་མཆོག་ནི་རླབས་ཆེན་ཡིན་ཞིང་བསྟོད་པར་འོས་ལགས་སོ། ཁོང་གི་རླབས་ཆེན་སྐོར་ལ་ང་ཚོས་རྟོགས་མི་ཐུབ། 4མི་རབས་གཅིག་ནས་གཞན་གྱིས་ཁྱེད་ཀྱི་མཛད་པར་བསྟོད་པ་དང་། ཁྱེད་ཀྱི་མཐུ་སྟོབས་ལྡན་པའི་མཛད་པའི་སྐོར་ལ་དེ་ཚོས་སྨྲ་བར་འགྱུར། 5དེ་ཚོས་ཁྱེད་ཀྱི་དཔལ་དང་གཟི་བརྗིད་སྐོར་ལ་སྨྲས་པར་འགྱུར། ང་ནི་ཁྱེད་ཀྱི་མཛད་པ་ངོ་མཚར་ཅན་ལ་ནི་སྒོམ། 6ཁྱེད་ཀྱི་མཐུ་སྟོབས་ལྡན་པའི་མཛད་པའི་སྐོར་ལ་མི་ཚོས་སྨྲས་པར་འགྱུར། ང་ནི་ཁྱེད་ཀྱི་རླབས་ཆེན་སྐོར་ལ་ནི་ཁྱབ་སྒྲགས་བྱེད་ཀྱི་ཡིན། 7ཁྱེད་ཀྱི་བཟང་པོའི་སྐོར་ལ་དེ་ཚོས་སྨྲས་པ་དང་། ཁྱེད་ཀྱི་དྲིན་ཅན་སྐོར་ལ་གླུ་དབྱངས་ལེན་པར་འགྱུར། 8གཙོ་བོ་དཀོན་མཆོག་ནི་བྱམས་པོ་དང་སྙིང་རྗེ་ཅན་ལགས་ཏེ། ཁྲོ་བར་འགོར་ཞིང་རྒྱུན་ལྡན་ཐུགས་བརྩེས་ཁེངས་པ། 9ཁོང་གིས་ཚང་མར་བཟང་པོ་གནང་བ་དང་། ཁོང་གིས་བཀོད་པ་ཀུན་ལ་སྙིང་རྗེསས་གནང་ངོ་། 10གཙོ་བོ་དཀོན་མཆོག་ཁྱེད་ཀྱི་བཀོད་པ་ཀུན་གྱིས་ཁྱེད་ལ་བསྟོད་པར་གྱིས། རང་གི་མི་འབངས་ཀྱིས་ཁྱེད་ལ་གཏང་རག་འབུལ་བར་གྱིས། 11ཁྱེད་ཀྱི་རྒྱལ་པོའི་མཐུ་སྟོབས་ཀྱི་གཟི་བརྗིད་སྐོར་ལ་དེ་ཚོས་སྨྲས་པ་དང་། ཁྱེད་ཀྱི་མཐུ་སྟོབས་ཀྱི་སྐོར་ལ་དཔང་པོ་བྱེད་པར་འགྱུར། 12དེ་ལྟར་ཚང་མས་ཁྱེད་ཀྱི་མཐུ་དང་ལྡན་པའི་མཛད་པ་དང་། ཁྱེད་ཀྱི་རྒྱལ་སྲིད་ཀྱི་དཔལ་དང་ནི་གཟི་བརྗིད་ཤེས་པར་འགྱུར། 13ཁྱེད་ཀྱི་རྒྱལ་སྲིད་དེ་ལ་མཐའ་མེད་དོ། ཁྱེད་ནི་རྒྱུན་ནས་རྒྱུན་དུ་རྒྱལ་པོ་ཡིན་ནོ། གཙོ་བོ་དཀོན་མཆོག་གིས་དམ་བཅའ་རྣམས་ནི་དྲང་ཞིང་སྒྲུབ་པ་གནང་། ཁོང་ནི་ཁོང་གི་མཛད་འཕྲིན་ཡོངས་རྫོགས་ལ་སྙིང་རྗེ་ཅན་ཡིན་ལགས་སོ། 14སྡུག་བསྔལ་ནང་ཚུད་མཁན་ཚོར་ཁོང་གིས་རོགས་གནང་བ་དང་། འགྱེལ་བ་རྣམས་ལ་ཁོང་གིས་ཡར་ལ་སླང་བར་མཛད། 15སྲོག་ཆགས་ཀུན་གྱི་ཁྱེད་ལ་རེ་བ་བྱེད་བཞིན་ལྟ། དེ་ཚོར་མཁོ་བའི་ཁ་ཟས་ཁྱེད་ཀྱིས་གནང་། 16ཁྱེད་ཀྱིས་དེ་ཚོར་ཁ་ཟས་འགྲང་བ་གནང་བ་དང་། ཚང་མའི་དགོས་མཁོ་རྣམས་གནང་བར་མཛད། 17གཙོ་བོ་དཀོན་མཆོག་ཁོང་གིས་མཛད་པ་རྣམས་ནི་དྲང་བདེན་སྒོ་ནས་གནང་། རང་གི་མཛད་པ་ཀུན་ནང་སྙིང་རྗེ་ཅན་ལགས་སོ། 18བདེན་པ་དང་ནི་སེམས་ནས་ཁོང་ལ་འབོད་མཁན་རྣམས། དེ་ཚོ་ཚང་མའི་ཉེ་འགྲམ་ཁོང་བཞུགས་སོ། 19ཁོང་ལ་གུས་བཀུར་ཞུ་མིའི་དགོས་མཁོ་རྣམས་ཁོང་གིས་བཀང་། དེ་ཚོའི་ཞུ་བར་གསན་ནས་ཁོང་གིས་སྐྱབས་པར་གནང་། 20ཁོང་ལ་གཅེས་མི་རེ་རེར་ཁོང་གིས་སྲུང་བ་དང་། འོན་ཀྱང་ངན་པ་རྣམས་ལ་ཁོང་གིས་ཚར་བཅད་དོ། 21ང་ནི་རྒྱུན་དུ་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད། ཁོང་གི་སྲོག་ཆགས་ཀུན་གྱིས་ནི་ཁོང་གི་དམ་པའི་མཚན་ལ་རྒྱུན་དུ་བསྟོད་པར་ཤོག།

གསུང་མགུར 146

སྐྱབས་མགོན་དཀོན་མཆོག་ལ་བསྟོད་པ།

1གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་པར་གྱིས་ཤིག། ང་ཡི་སྲོག་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག། 2ང་ནི་གསོན་རིང་ཁོང་ལ་བསྟོད་རྒྱུ་ཡིན། ང་ནི་ཚེ་གང་དཀོན་མཆོག་ཁོང་ལ་མགུར་མ་ལེན་རྒྱུ་ཡིན། 3མི་ཡི་འགོ་བྱེད་རྣམས་ལ་བློ་གཏད་མ་བྱེད་ཅིག། མི་རྟག་པ་མིས་ཁྱོད་ལ་སྐྱབས་མི་ཐུབ། 4དེ་ཚོ་འཆི་དུས་ཐལ་བའི་ནང་དུ་ཕྱིར་ལོག་པ་དང་། དེ་ཉིན་དེ་ཚོའི་འཆར་གཞི་ཡོངས་སུ་མེད་པར་འགྲོ། 5ཡ་ཀོབ་དཀོན་མཆོག་ཁོང་ནས་སྐྱབས་རོགས་ཐོབ་མཁན་ཚོ་དང། གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་ལ་བློ་གཏད་བྱེད་མཁན་བདེའོ། 6མཐོ་རིས་ས་གཞི་རྒྱ་མཚོ་དང་ནི་དེའི་ནང་ཡོད་པ་ཐམས་ཅད། བཀོད་པར་མཛད་མཁན་དེ་ནི་དཀོན་མཆོག་ཁོང་རང་ཡིན། ཁོང་གིས་རྒྱུན་དུ་དམ་བཅའ་ཆ་ཚང་སྒྲུབ། 7མནར་པ་རྣམས་ཀྱི་ཚབ་ཏུ་ཁོང་གིས་ཁྲིམས་གཅོད་མཛད་པ་དང་། ལྟོགས་པ་རྣམས་ལ་ཁོང་གིས་ཁ་ཟས་གནང་། གཙོ་བོ་དཀོན་མཆོག་གིས་བརྩོན་པ་རྣམས་ལ་རང་དབང་དུ་གཏོང་བ་དང། 8ལོང་བ་ལ་མིག་གནང་ཞིང་། འགྱེལ་བ་རྣམས་ཁོང་གིས་བསླང་བ་དང། ཁོང་གིས་རང་གི་དྲང་བདེན་གྱི་མི་ཚོར་བྱམས་པར་མཛད། 9ཁོང་གིས་ཡུལ་དུ་གནས་པའི་ཕྱི་པ་རྣམས་ལ་སྲུང་། དྭ་ཕྲུག་མོ་ཧྲེལ་མ་ཚོར་ཁོང་གིས་མགོན་སྐྱབས་གནང་། འོན་ཀྱང་ངན་པའི་བྱུས་ལ་དོན་མེད་བཟོས་བར་འགྱུར། 10གཙོ་བོ་དཀོན་མཆོག་ནི་དུས་རྒྱུན་གྱི་ཆེད་དུ་རྒྱལ་པོ་ཡིན། ཀྱེ་ཛི་ཡོན་ཁྱོད་ཀྱི་དཀོན་མཆོག་དུས་རྒྱུན་ཕྱིར་རྒྱལ་སྲིད་སྐྱོང་། གཙོ་བོ་དཀོན་མཆོག་ལ་བསྟོད་བསྔོགས་ཤིག།

གསུང་མགུར 147

ཀུན་དབང་ལྡན་པའི་དཀོན་མཆོག་ལ་བསྟོད།

1གཙོ་བོ་དཀོན་མཆོག་ལ་ནི་བསྟོད་པ་ཕུལ་ཞིག། ང་ཚོའི་དཀོན་མཆོག་ལ་ནི་བསྟོད་དབྱངས་འབུལ་རྒྱུ་ལེགས། ཁོང་ལ་བསྟོད་རྒྱུ་དེ་ནི་ཡིད་དུ་འོང་བ་དང་འོས་པ་ཡིན། 2གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་སྐྱར་དུ་བཟོས་གནང་ཞིང་། བཙན་བྱོལ་བ་རྣམས་ལ་ཁོང་གིས་ཕྱིར་འཁྲིད་ཕེབས་བཞིན་འདུག། 3སེམས་ཆགས་པ་རྣམས་ལ་ཁོང་གིས་གསོ་གནང་ངོ་། དེ་ཚོས་རྨ་ལ་ཁོང་གིས་རྨ་རས་དཀྲི་བར་མཛད། 4ཁོང་གིས་སྐར་མའི་ཚོགས་ཀྱི་གྲངས་ཐག་བཅད་གནང་ཡོད་ཅིང་། སྐར་མ་རེ་རེ་ལ་ནི་མིང་ཡང་བཏགས་ཡོད་དོ། 5ང་ཚོའི་དཀོན་མཆོག་ཆེ་ཞིང་མཐུ་སྟོབས་ལྡན་པ་ལགས། ཁོང་གི་ཤེས་རབ་དེ་ལ་སུས་ཀྱང་ཚད་མི་ཐུབ། 6ཉམ་ཆུང་ཚུལ་ལྡན་རྣམས་ལ་ཁོང་གིས་ཡར་འདེགས་ཤིང་། འོན་ཀྱང་ངན་པར་ས་གཞིར་དབྱུགས་ནས་དུམ་བུར་བཟོས། 7གཙོ་བོ་དཀོན་མཆོག་ལ་ནི་བསྟོད་པའི་མགུར་མ་ལེན། ང་ཚོའི་དཀོན་མཆོག་ལ་ནི་པི་ཝང་གིས་གླུ་དབྱངས་ལེན། 8ཁོང་གིས་ནམ་མཁར་སྤྲིན་གྱི་ཡོངས་སུ་ཁྱབ་པར་གནང་། ས་གཞི་ཡོངས་སུ་ཁོང་གིས་ཆར་ཆུ་གཏོང་གནང་ཞིང་། ཁོང་གིས་རི་བོ་རྣམས་སུ་རྩ་རྣམས་སྐྱེས་སུ་བཅུག། 9ཁོང་གི་སེམས་ཅན་རྣམས་ལ་ཁ་ཟས་གནང་བ་དང་། ཕོ་རོག་ཕྲུ་གུ་སྐད་འབོད་བྱེད་དུས་ཁོང་གིས་དེ་ཚོར་ཟས་སྦྱིན་ནོ། 10ཁོང་ནི་སྟོབས་དང་ལྡན་པའི་རྟ་ལ་ཐུགས་མི་མཉེས། དམག་མི་དཔའ་བོ་རྣམས་ལ་ཡང་ཐུགས་མི་མཉེས་སོ། 11འོན་ཀྱང་ཁོང་ལ་གུས་བཀུར་བྱེད་མཁན་དང། ཁོང་གི་རྒྱུན་ལྡན་ཐུགས་བརྩེར་བློ་གཏད་བྱེད་མི་རྣམས་ལ་ཐུགས་མཉེས་སོ། 12ཀྱེ་ཡེ་རུ་ཤ་ལེམ་གཙོ་བོ་དཀོན་མཆོག་ལ་བསྟོད་ཅིག། ཀྱེ་ཛི་ཡོན་ཁྱོད་ཀྱི་དཀོན་མཆོག་ལ་བསྟོད་ཅིག། 13ཁོང་གིས་ཁྱོད་ཚོའི་སྒོ་རྣམས་བརྟན་པོར་འཇོག་གནང་ཞིང་། ཁོང་གིས་ཁྱོད་ཀྱི་མི་ཚོར་བྱིན་རླབས་གནང་ངོ། 14ཁོང་གིས་ཁྱོད་ཀྱི་ས་མཚམས་དེ་ཚོ་བརྟན་པོ་འཇོག་གནང་བ་དང་། གྲོ་བཅུད་བཟང་ཤོས་ཁྱོད་ལ་ཚིམ་པར་མཛད་པར་འགྱུར། 15ཁོང་གིས་ས་གཞི་ལ་བཀའ་བཀོད་གནང་བ་དང་། ལམ་སང་དེ་ཚོས་ཁོང་གི་བཀའ་ལ་སྲུང་བར་བྱས། 16ཁོང་གིས་མལ་གཟན་དང་འདྲ་བ་གངས་བཀྲམས་བཅུག་ཅིང་། ཐལ་བ་འདྲ་བ་བ་མོ་སྟོར་གནང་ངོ་། 17སེར་བ་རྡོ་ཧྲུག་ལྟ་བུ་ཁོང་གིས་ཕབ་པ་དང་། ཁོང་གིས་བཏང་བའི་གྲང་མོ་སུ་ཡི་བཟོད་མི་ཐུབ། 18དེ་ནས་ཁོང་གིས་བཀའ་རྒྱ་གནང་བས་གངས་ནི་བཞུར། ཁོང་གིས་རླུང་བཏང་བས་ཆུ་ནི་རྒྱུག། 19རང་གི་མི་འབངས་ལ་ཁོང་གིས་རང་གི་འཕྲིན་གནང་བ་དང་། ཨིསི་རཱཨེལ་ལ་ནི་རང་གི་བཀའ་ཁྲིམས་གནང་ངོ་། 20མི་རིགས་གཞན་ལ་ཁོང་གི་དེ་འདྲ་གནང་མེད་ཅིང་། ཁོང་གི་བཀའ་ཁྲིམས་རྣམས་དེ་ཚོས་མི་ཤེས་སོ།

གསུང་མགུར 148

དཀོན་མཆོག་ལ་བསྟོད་པ་ཕུལ་བར་འཇིག་རྟེན་ལ་འབོད་པ།

1གཙོ་བོ་དཀོན་མཆོག་ལ་བསྟོད་བསྔོགས་ཤིག། མཐོ་རི་གནས་སུ་སྡོད་མི་དེ་ཚོས་མཐོ་རིས་ནས། གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་ཅིང་བསྔོགས་པར་གྱིས། 2ཁོང་གི་ཕོ་ཉ་ཚང་མ་དང་། ཁོང་གི་མཐོ་རིས་ཀྱི་དམག་དཔུང་ཚང་མས་ཁོང་ལ་བསྟོད་བསྔོགས་ཤིག། 3ཉི་མ་དང་ནི་ཟླ་བས་ཁོང་ལ་བསྟོད་བསྔོགས་ཤིག། སྐར་མ་བཀྲག་ཅན་རྣམས་ཀྱིས་ཁོང་ལ་བསྟོད་བསྔོགས་ཤིག། 4མཐོ་ཤོས་མཐོ་རིས་རྣམས་དང་ནམ་མཁའི་སྟེང་དུ་ཡོད་པའི་ཆུ་དེ་ཚོས། 5དེ་དག་ཡོངས་ལ་ཁོང་གི་མཚན་བསྟོད་བསྔོགས་བཅུག་ཅིག། ཁོང་གི་བཀའ་གནང་བ་དང་དེ་དག་ཡོངས་སུ་བཀོད་དོ། 6ཁོང་གི་བཀའ་ཡིས་རྒྱུན་དུ་དེ་ཚོར་རང་གནས་འཇོག། དེ་ཚོས་བཀའ་ལ་རྩིས་མེད་བྱེད་མི་ཐུབ། 7རྒྱ་མཚོའི་སེམས་ཅན་རྣམས་དང་རྒྱ་མཚོ་ཆེན་པོའི་གཏིང་རིང་རྣམས་དང། ས་གཞི་ནས་གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་ཅིག། 8གློག་དང་སེར་བ་ཁ་བ་དང་སྤྲིན་རྣམས་དང། ཁོང་གི་བཀའ་བཞིན་སྲུང་མཁན་རླུང་ཚུབ་ཁོང་ལ་བསྟོད། 9རི་ཕྲན་རི་བོ་ཤིང་ཏོག་ལྡན་པའི་སྡོང་པོ་དང་། ཤིང་ནགས་ཡོངས་ཀྱིས་ཁོང་ལ་བསྟོད་ཅིང་བསྔོགས་པར་གྱིས། 10ཁྱིམ་དང་ནགས་ཀྱི་སེམས་ཅན་རྣམས་དང། ལྟོ་འགྲུལ་ཅན་དང་བྱ་བྱིའུ་རྣམས་ཀྱིས་ཁོང་ལ་བསྟོད་ཅིང་བསྔོགས་པར་གྱིས། 11རྒྱལ་པོ་དང་འབངས་ཚང་མས་དང་། རྒྱལ་སྲས་དང་གཞན་སྲིད་སྐྱོང་པ་ཚང་མས་ཁོང་ལ་བསྟོད་ཅིང་བསྔོགས་པར་གྱིས། 12གཞོན་ནུ་ཕོ་མོ་དང་ན་སོ་རྒས་པོ་དང་། ཕྲུ་གུ་ཆུང་ཆུང་རྣམས་ཀྱིས་ཀྱང་ཁོང་ལ་བསྟོད་བསྔོགས་ཤིག། 13དེ་ཚོ་ཚང་མས་གཙོ་བོ་དཀོན་མཆོག་མཚན་ལ་བསྟོད་བསྔོགས་ཤིག། ཁོང་གི་མཚན་ནི་གཞན་ཀུན་ལས་རླབས་ཆེན་ཡིན་པ་དང་། ཁོང་གི་གཟི་བརྗིད་གནམ་ས་གཉིས་ལས་མཐོ་བ་ཡིན། 14རང་གི་ཡུལ་ནི་ཁོང་གིས་སྟོབས་ཆེན་བཟོས་གནང་ཞིང་། དེའི་རྐྱེན་ཁོང་གི་མི་འབངས་ཚང་མས་ཨིསི་རཱཨེལ་གྱི་མི་རྣམས། ཁོང་གིས་གཅེས་པ་ཚོས་ཁོང་ལ་བསྟོད་བསྔོགས་སོ།

གསུང་མགུར 149

1གཙོ་བོ་དཀོན་མཆོག་ལ་ནི་བསྟོད་ཅིང་བསྔོགས་པར་གྱིས། གཙོ་བོ་དཀོན་མཆོག་ལ་མགུར་མ་གསར་པ་ཞིག་ལེན་ཞིག། ཁོང་གི་དམ་ཚིག་ལྡན་པའི་མི་འབངས་ཀྱི་ཚོགས་ནང་ཁོང་ལ་བསྟོད་བསྔོགས་ཤིག། 2ཨིསི་རཱཨེལ་རང་གི་བཀོད་པ་པོའི་ཕྱིར་དགའ་བར་བྱོས། ཛི་ཡོན་པ་ཚོ་ཁྱོད་ཀྱི་རྒྱལ་པོའི་ཕྱིར་དུ་དགའ་སྤྲོ་གྱིས། 3ཞབས་བྲོ་ཁྲབ་ཅིང་ཁོང་གི་མཚན་ལ་བསྟོད་བསྔོགས་ཤིག། རྔ་དང་པི་ཝང་རྣམས་གཏོང་བཞིན་ཁོང་ལ་བསྟོད་བསྔོགས་ཤིག། 4གཙོ་བོ་དཀོན་མཆོག་ཁོང་གིས་རང་གི་མི་འབངས་ཚོར་མཉེས་པོ་གནང་བ་དང་། ཁོང་གིས་ཉམ་ཆུང་རྣམས་ལ་རྒྱལ་ཁ་གནང་ནས་གུས་ཞབས་གནང་། 5དཀོན་མཆོག་ཁོང་གི་མི་འབངས་རྒྱལ་བར་དགའ་བ་དང་། དགའ་བའི་སྒོ་ནས་མཚན་གང་མགུར་མ་ལེན་བཅུག་ཅིག། 6དཀོན་མཆོག་ལ་བསྟོད་སྐབས་དེ་ཚོས་སྐད་ཤུགས་རྒྱབ་པར་ཤོག། དེ་ཚོའི་ལག་ཏུ་རྣོ་བའི་རལ་གྲི་རྣམས་འཁུར་ནས། 7མི་རིགས་ཚོར་ཕམ་པར་ཤོག། མི་ཚོར་ཉེས་ཆད་གཏོང་བར་ཤོག། 8དེ་ཚོའི་རྒྱལ་པོར་ལྕགས་སྒྲོག་གིས་ནི་བསྡམས་པར་ཤོག། དེ་ཚོའི་འགོ་བྱེད་ཚོར་ལྕགས་སྒྲོག་གིས་ནི་བསྡམས་པར་ཤོག། 9དཀོན་མཆོག་ཁོང་གི་བཀའ་བཞིན་མི་རིགས་ཚོར་ཉེས་ཆད་གཏོང་བར་ཤོག། འདི་ནི་དཀོན་མཆོག་ཁོང་གི་མི་འབངས་ཀྱི་རྒྱལ་ཁ་ཡིན། གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་ཅིང་བསྔོགས་པར་གྱིས༎

གསུང་མགུར 150

གཙོ་བོ་དཀོན་མཆོག་ལ་བསྟོད་བསྔོགས་ཤིག།

1གཙོ་བོ་དཀོན་མཆོག་ལ་བསྟོད་བསྔོགས་ཤིག། ཁོང་གི་མཆོད་ཁང་ནང་དུ་དཀོན་མཆོག་ལ་བསྟོད་ཅིག། མཐོ་རིས་གནས་སུ་ཁོང་གི་མཐུ་སྟོབས་ལ་བསྟོད་ཅིག། 2ཁོང་གིས་གནང་བའི་སྟོབས་ཤུགས་ལྡན་པའི་མཛད་པའི་ཕྱིར་དུ་ཁོང་ལ་བསྟོད། ཁོང་གི་བླ་ན་མེད་པའི་རླབས་ཆེན་སྐོར་ལ་བསྟོད་པར་གྱིས། 3དུང་ཆེན་གཏོང་བཞིན་ཁོང་ལ་བསྟོད་ཅིང་བསྔོགས་པར་གྱིས། པི་ཝང་དང་ནི་སྒྲ་སྙན་གཏོང་བཞིན་ཁོང་ལ་བསྟོད། 4རྔ་བརྡུང་ནས་ཁྲབ་བཞིན་ཁོང་ལ་བསྟོད་པར་གྱིས། པི་ཝང་དང་ནི་གླིང་བུ་གཏོང་བཞིན་ཁོང་ལ་བསྟོད། 5རོལ་མོ་འཁྲོལ་བཞིན་ཁོང་ལ་བསྟོད་ཅིང་བསྔོགས་པར་གྱིས། རོལ་མོའི་སྒྲ་སྐད་ཆེན་པོ་བརྡུང་བཞིན་ཁོང་ལ་བསྟོད། 6དབུགས་ཡོད་གསོན་པོའི་རིགས་ཀྱིས་གཙོ་བོ་དཀོན་མཆོག་ལ་བསྟོད།

ལེགས་བཤད 1

ལེགས་བཤད་ཀྱི་རིན་ཐང།

1དཱ་བིད་ཀྱི་སྲས་ཨིསི་རཱཨེལ་གྱི་རྒྱལ་པོ་སོ་ལོ་མོན་གྱི་ལེགས་བཤད་ནི། 2ཤེས་རབ་དང་བསླབ་བྱ་བཟང་པོ་ངོ་ཤེས་པ་དང་གཏམ་དཔེའི་དོན་ཟབ་མོ་རྟོགས་པར་ཕན་པའི་ལེགས་བཤད་འདིར་ཡོད་དོ། 3དེ་ཚོས་ཁྱོད་ཤེ་རབས་དང་ལྡན་པར་གནས་རྒྱུ་དང་དྲང་པོ་དང་ལྡན་པར་ཕྱོགས་རིས་མེད་པ་དང་། ཇི་ལྟར་བྱ་དགོས་པ་བསློབ་པར་བྱེད། 4དེ་ཚོས་ཉམས་མྱོང་མེད་པའི་མི་ལ་སྤྱང་པོ་བཟོ་ཐུབ་པ་དང་མི་ན་གཞོན་ཚོར་ཐབས་ཤེས་བྱ་རྒྱུ་སློབ་པར་བྱེད་དོ། 5ལེགས་བཤད་འདི་ཚོས་ཤེས་རབ་ལྡན་པ་ཚོའི་ཤེས་བྱ་འཕེལ་བ་དང་ཡོན་ཏན་ཅན་ལ་ལམ་སྟོན་བྱེད་དོ། 6དེ་བས་ན་དེ་ཚོས་ལེགས་བཤད་ཀྱི་གསང་བའི་དོན་རྣམས་དང་ཤེས་རབ་ཅན་ཚོས་བཤད་པའི་གབ་ཚིག་རྣམས་རྟོགས་པར་འགྱུར་རོ༎

ན་གཞོན་ཚོར་བསླབ་བྱ།

7ཡོན་ཏན་ཐོབ་པར་བྱ་བ་ལ་ཐོག་མར་གཙོ་བོ་དཀོན་མཆོག་ལ་གུས་བརྩི་ཞུ་དགོས། འོན་ཀྱང་མི་གླེན་པ་ཚོས་ཤེས་རབ་ལ་གུས་ཞབས་མི་བྱེད་པ་དང་སྦྱངས་རྒྱུར་ངོས་ལེན་མི་བྱེད་དོ། 8ངའི་བུ། ཁྱོད་ཀྱི་ཕ་དང་མས་གསུངས་པར་ཉོན་ཞིག། 9མགོ་དཀྲི་མཛེས་པོ་ཡང་ན་སྐད་རྒྱན་གྱིས་ཁྱོད་ལ་ཡིད་དུ་འོང་བ་བཟོས་བ་ལྟར། དེ་ཚོའི་སློབ་སྟོན་གྱིས་ཁྱོད་ཀྱི་སྤྱོད་ལམ་ཡར་རྒྱས་འགྲོ་བར་འགྱུར 10ངའི་བུ། སྡིག་ཅན་གྱིས་ཁྱོད་ལ་བསླུ་འཁྲིད་བྱ་སྐབས་དེ་ལ་མ་ཉན་ཞིག 11དཔེར་ན་དེ་ཚོས་སྨྲས་ཡོང། ཤོག་ལ་ང་ཚོ་སུ་ཞིག་ལ་གསོད་པར་འཚོལ་དུ་འགྲོའོ། ང་ཚོས་རྩེད་མོའི་ཆེད་དུ་མི་ནོངས་མེད་འགའ་ཞིག་ལ་འཐབ་རྒོལ་བྱེད་དོ། 12ང་ཚོས་དེ་ཚོ་རྙེད་སྐབས་གསོན་པོ་དང་བདེ་ཐང་ཡིན་ན་ཡང་། ང་ཚོའི་ལས་ཀ་ཚར་བའི་རྗེས་སུ་དེ་ཚོ་འཆི་ཚར་ཡོང་། 13ང་ཚོས་མི་ཕྱུག་པོའི་རྒྱུ་ནོར་འདྲ་མིན་རྣམས་བརྙས་ནས། ང་ཚོའི་ཁང་པ་བཅོམ་ནོར་གྱི་བཀང་བར་བྱེད་དོ། 14ང་ཚོ་མཉམ་དུ་ཤོག་དང་ང་ཚོས་རྐུས་པ་རྣམས་བགོ་བཤའ་རྒྱབ་པར་བྱའོ། 15ངའི་བུ། མི་དེ་འདྲ་དང་མཉམ་དུ་མ་སོང་ཞིག། དེ་ཚོ་ལས་ཐག་རིང་དུ་སྡོད་ཅིག། 16དེ་ཚོ་ལས་ངན་བྱ་རྒྱུར་སྒུག་མི་ཐུབ། དེ་ཆོས་སྲོག་གཅོད་བྱ་རྒྱུར་རྟག་ཏུ་གྲ་སྒྲིགས་ཡོད། 17ཁྱོད་ཀྱིས་བཟུང་འདོད་པའི་བྱ་དེས་མཐོང་སར་དྲ་བ་རྒྱབ་པས་ཕན་ཐོག་མེད་དོ། 18འོན་ཀྱང་མི་དེ་ལྟ་བུས་རང་གིས་རང་ལ་རྙི་རྒྱབ་པ་དང་རྙི་དེར་རང་ཉིད་འཆི་བར་བྱེད་དོ། 19ཇག་བཅོམ་གྱིས་རྟག་ཏུ་ཇག་པའི་སྲོག་ལེན་པར་བྱེད་དོ། དྲག་ལས་ཀྱི་མི་ཚེ་བསྐྱེལ་མཁན་སུ་ཞིག་ལ་ཡང་དེ་ལྟར་ཡོང་བར་འགྱུར་རོ༎

ཤེས་རབ་ཀྱིས་འབོད་པ།

20རྒྱ་ལམ་དང་ཁྲོམ་གཞུང་ནང་ཤེས་རབ་ཀྱིས་འབོད་བཞིན་འདུག 21གྲོང་ཁྱེར་གྱི་རྒྱལ་སྒོ་དང་མི་མང་འདུ་འཛོམས་བྱེད་སར་སྐད་ཤུགས་ཆེན་པོས་འབོད་བཞིན་ཡོད་པར་ཉོན་ཞིག 22མི་གླེན་པ་ཚོ། ཁྱོད་ཚོ་དུས་ཚོད་ཇི་ཅམ་རིང་གླེན་པར་གནས་སྡོད་ཡོད་དམ། ཁྱོད་ཚོས་དུས་ཚོས་ཇི་ཙམ་རིང་ཤེས་བྱ་ལ་སྣང་ཆུང་བྱ་རྒྱུར་ལོངས་སྤྱོད་རྒྱུ་ཡིན་ནམ། ཁྱོད་ནམ་ཡང་སྦྱོངས་ཀྱི་མིན་ནམ། 23ངས་ཁྱོད་ལ་ཁ་བརྡུང་གཏོང་སྐབས་ཉོན་ཞིག། ངས་ཁྱོད་ལ་བསླབ་བྱ་བཟང་པོ་སྤྲད་རྒྱུ་དང་། ངའི་ཡོན་ཏན་ཁྱོད་ལ་བགོ་རྒྱུ་ཡིན་ནོ། 24ངས་ཁྱོད་ལ་སྐད་གཏོང་བ་དང་ཡོང་བར་མགྲོན་འབོད་བྱེད་བཞིན་ཡོད་དོ། འོན་ཀྱང་ཁྱོད་ཀྱིས་དེ་ལ་ཉན་གྱི་མེད། ཁྱོད་ཀྱིས་ང་ལ་དོ་སྣང་བྱས་མེད་དོ། 25ཁྱོད་ཀྱིས་ངའི་བསླབ་བྱ་རྣམས་ལ་བརྩི་མེད་བྱས་པ་དང་། ཁྱོད་ལ་ངས་བཅུན་པར་འདོད་པ་མེད་དོ། 26དེ་བས་ན་ཁྱོད་དཀའ་ངལ་ནང་ལྷུང་སྐབས་ངས་ཁྱོད་ལ་གད་པར་བྱེད་དོ། ཁྱོད་ལ་འཇིགས་སྐྲག་བྱུང་སྐབས་ངས་ཁྱོད་ལ་འཕྱ་བར་བྱེད་དོ། 27དེ་ཚོ་རླུང་འཚུབ་ལྟར་ཡོང་སྐབས་དེ་ཚོས་དཀའ་སྡུག་གི་རླུང་དྲག་པོ་འཁྱེར་ཡོང་ནས་ཁྱོད་ལ་ནད་ཟུག་དང་སྡུག་བསྔལ་བྱིན་ནོ། 28དེ་དུས་ཁྱོད་ཀྱིས་ཤེས་རབ་ལ་འབོད་སྐབས་ངས་ཁྱོད་ལ་ཡ་མི་བྱེད་དོ། ཁྱོད་ཀྱིས་ང་གང་དུ་འཚོལ་ན་ཡང་རྙེད་པར་མི་འགྱུར། 29ཁྱོད་ཀྱིས་ཡོན་ཏན་ལ་རྩ་བ་ནས་བེད་སྤྱོད་བྱས་མེད་པ་དང་། རྟག་ཏུ་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་མེད་དོ། 30ཁྱོད་ངའི་བསླབ་བྱར་འདོད་པ་རྩ་བ་ནས་མེད་པ་དང་། ངས་ཁྱོད་ལ་བཅུན་སྐབས་རྩ་བ་ནས་དོ་སྣང་བྱས་མེད་དོ། 31དེ་བས་ན་ཁྱོད་ལ་ཁྱོད་ཀྱིས་བྱེད་སྟངས་ལ་འོས་པ་ཞིག་ཡོང་རྒྱུ་དང་། ཁྱོད་ཀྱི་བྱ་བས་ཁྱོད་རང་ཉིད་མནར་བར་འགྱུར། 32ཉམས་མྱོང་མེད་པའི་མི་འཆི་བར་འགྱུར་རོ། གང་ལགས་ཟེར་ན། དེ་ཚོས་ཤེས་རབ་ལ་ཁས་ལེན་མ་བྱས་པ་དང་། མི་གླེན་པ་རྣམས་དོ་སྣང་མ་བྱེད་པའི་རྐྱེན་གྱིས་མེད་པར་བཟོས་སོ། 33འོན་ཀྱང་ང་ལ་ཉན་མཁན་ཚོ་ལ་སྲུང་སྐྱོབ་ཡོད་པ་དང་། ཁོ་བདེ་བར་གནས་པ་དང་འཇིགས་དགོས་དོན་མེད་དོ༎

ལེགས་བཤད 2

ཤེས་རབ་ཀྱི་བྱ་དགའ།

1ངའི་བུ། ངས་བསླབ་པ་རྣམས་ལ་སྦྱོངས་ཤིག། ངས་བྱེད་དགོས་བརྗོད་པ་རྣམས་རྩ་བ་ནས་མ་བརྗེད་པར་བྱོས་ཤིག 2ཤེས་རབ་ལྡན་པ་ཇི་ཡིན་ལ་ཉོན་ཞིག་དང་། དེ་རྟོགས་ཐབས་བྱོས་ཤིག། 3ཡོན་ཏན་གྱི་ཆེད་དུ་ཞུ་བསྐུལ་བྱོས་ལ། ནང་རྒྱུས་ཀྱི་ཆེད་དུ་ཡང་ཞུ་འབུལ་བྱོས་ཤིག། 4དེའི་དོན་ལ་དངུལ་དང་སྦས་པའི་གཏེར་འཚོལ་བ་ལྟར་ཧ་ཅང་ནན་ཏན་གྱིས་འཚོལ་ཞིག 5ཁྱོད་ཀྱིས་དེ་ལྟར་བྱས་པ་ཡིན་ན་ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་ལ་འཇིགས་དགོས་དོན་ཤེས་པར་འགྱུར་བ་དང་། ཁྱོད་ཀྱིས་དཀོན་མཆོག་གི་སྐོར་ལ་སློབ་སྦྱོང་བྱ་གྱུར་ལམ་ལྷོང་ཡོང་བར་འགྱུར། 6ཤེས་ཤབ་གནང་མཁན་གཙོ་བོ་དཀོན་མཆོག་ཡིན་པ་དང་། ཡོན་ཏན་དང་རྟོགས་པ་ཁོང་ནས་ཐོབ་ཡོང། 7ཁོང་གིས་མི་མཆོད་སེམས་ཅན་དང་དྲང་ལྡན་ལ་རོགས་དང་སྲུང་སྐྱོབ་གནང་ངོ། 8ཁོང་གིས་ཕྱོགས་ཞེན་མི་བྱ་མཁན་ཚོར་སྲུང་སྐྱོབ་གནང་བ་དང་། ཁོང་ལ་མུས་གུས་དང་ལྡན་པ་ཚོ་ལ་སྲུང་བར་མཛད་དོ། 9ཁྱོད་ཀྱིས་ང་ལ་ཉན་པ་ཡིན་ན། བདེན་པ་དང་དྲང་བདེན་དང་ཕྱོགས་རིས་ཇི་ཡིན་ཤེས་པར་འགྱུར། ཁྱོད་ཀྱིས་ཇི་ལྟར་བྱེད་དགོས་པ་ཤེས་པར་འགྱུར། 10ཁྱོད་ཤེས་རབ་དང་ལྡན་པར་འགྱུར་བ་དང་། ཁྱོད་ཀྱི་ཡོན་ཏན་གྱི་ཁྱོད་ལ་བདེ་བ་བྱིན་ནོ། 11ཁྱོད་ཀྱི་ནང་རྒྱུས་དང་དྲེན་དབང་གིས་ཁྱོད་ལ་སྐྱོབ་པར་བྱེད་པ་དང་། 12ཁྱོད་ལ་ལས་ངན་བྱེད་པ་ལས་འགོག་པ་དང་། དེ་ཚོས་རྙོག་གླེང་བཟོ་མཁན་ཚོ་ལས་ཐག་རིང་འཇོག་གོ 13མི་དེ་ཚོ་ནི་དྲང་པོའི་མི་ཚེ་སྤོང་ནས་སྡིག་པའི་མུན་ནག་ནང་དུ་སྡོད་དོ། 14དེ་ཚོས་ནོར་འཁྲུལ་བྱེད་པར་བདེ་བ་ཐོབ་པ་དང་། བསམ་ཤེས་མེད་པ་ངན་ལས་སྤྱོད་དོ། 15དེ་ཚོ་བློ་བཅོལ་མི་ཐུབ་པའི་ལམ་ལོག་ཏུ་འགྲོ་མཁན་ཡིན། 16བུད་མེད་ཚུལ་མིན་གྱི་གཏམ་སྙན་པོས་བསླུ་འཁྲིད་བྱ་མཁན་ལས་ཁྱོད་ལ་སྐྱོབ་པར་བྱེད་དོ། 17བུ་མེད་དེ་ནི་རང་གི་ཁྱོ་ལ་དམ་ཚིག་མི་སྲུང་མཁན་དང་རང་གི་རྩ་ཆེ་དམ་བཅའ་ལ་བརྗེད་འགྲོ་མཁན་ཡིན། 18ཁྱོད་མོའི་ཁྱིམ་དུ་སོང་བ་ཡིན་ན་ཁྱོད་འཆི་བའི་ལམ་དུ་འགྲོ་བ་ཡིན་ནོ། དེར་འགྲོ་བ་དེ་ནི་འཆི་བའི་གླིང་དུ་འགྲོ་བ་ཡིན་ནོ། 19མོའི་སར་འགྲོ་མཁན་སུ་ཡང་ཕྱིར་ལོག་པར་མི་བྱེད་དོ། ཁོ་ནི་མི་ཚེའི་ལམ་དུ་ནམ་ཡང་ཕྱིར་ལོག་མི་བྱེད་དོ། 20དེར་བརྟེན་ཁྱོད་ཀྱིས་མི་བཟང་པོ་དང་དྲང་བདེན་གྱི་མི་ཚེ་བསྐྱེལ་མཁན་གྱི་དཔེའི་རྗེས་སུ་འཇུག་དགོས། 21མི་དྲང་བདེན་དང་མཆོད་སེམས་ཅན་རྣམས་ང་ཚོའི་ཡུལ་འདིར་གནས་པར་བྱེད་དོ། 22འོན་ཀྱང་དཀོན་མཆོག་གིས་སྤྱོད་ངན་ཚོར་ཡུལ་ནས་ཕྱིར་བཏོན་གནང་བ་དང་། སྡིག་ཅན་ཚོ་ལ་རྩེ་ཤིང་ས་ནས་བཀོག་གནང་བ་ལྟར་བཀོག་པར་མཛད་དོ༎

ལེགས་བཤད 3

ན་གཞོན་ཚོ་ལ་བསླབ་བྱ།

1ངའི་བུ། ངའི་བསླབ་བྱ་རྣམས་མ་བརྗེད་ཅིག། ངས་ཇི་ལྟར་བྱ་དགོས་སྨྲས་པ་རྣམས་རྟག་ཏུ་དྲན་པར་བྱོས་ཤིག 2ངའི་སློབ་སྟོན་གྱིས་ཁྱོད་ལ་མི་ཚེ་རིང་པོ་དང་ཕུན་སུམ་ཚོགས་པ་བྱིན་པར་བྱེད་དོ། 3ཤ་ཞན་དང་དམ་ཚིག་ཅན་ལ་ནམ་ཡང་མ་སྤོངས་ཤིག དེ་ཚོ་རང་གི་སྐེ་ལ་འདོགས་ལ་སྙིང་ལ་བཀོད་ཅིག 4ཁྱོད་ཀྱིས་དེ་ལྟར་བྱས་པ་ཡིན་ན་དཀོན་མཆོག་དང་མི་གཉིས་ཀ་ཁྱོད་ལ་དགའ་བར་འགྱུར་རོ། 5ཁྱོད་ཀྱིས་སེམས་ཀྱི་གཏིང་ནས་གཙོ་བོ་དཀོན་མཆོག་ལ་ཡིད་ཆེས་བྱོས་ཤིག ཁྱོད་རང་གིས་ཤེས་ཀྱི་ཡོད་བསམ་པར་ཡིད་ཆེས་མ་བྱེད་ཅིག 6ཁྱོད་ཀྱིས་བྱས་པ་ཚང་མར་གཙོ་བོ་དཀོན་མཆོག་ཡོད་པ་དྲན་ནས་བྱོས་ཤིག ཁོང་གིས་ཁྱོད་ལ་ལམ་བདེན་པ་སྟོན་པར་མཛད་དོ། 7ཁྱོད་ཀྱིས་རང་ཉིད་ཤེས་རབས་ཅན་ཡིན་ཟེར་མ་བསམ་ཤིག གཙོ་བོ་དཀོན་མཆོག་གིས་བཀའ་ལ་ཉོན་ལ་ནོར་འཁྲུལ་བྱ་རྒྱུར་ཁས་ལེན་མ་བྱེད་ཅིག 8ཁྱོད་ཀྱིས་དེ་ལྟར་བྱས་པ་ཡིན་ན་དེ་ནི་ཁྱོད་ཀྱི་རྨ་གསོ་མཁན་དང་ཟུག་འཇོམ་མཁན་གྱི་སྨན་བཟང་པོ་ལྟ་བུར་འགྱུར་རོ། 9ཁྱོད་ཀྱིས་ས་ནས་ཐོན་པའི་ལེགས་ཤོས་ཚང་མ་ནས་མཆོད་པ་ཕུལ་ནས་གཙོ་བོ་དཀོན་མཆོག་ལ་གུས་བཀུར་ཞུས་ཤིག 10དེ་ལྟར་ཁྱོད་ཀྱིས་བྱས་པ་ཡིན་ན། ཁྱོད་ཀྱི་འབྲུ་ཁང་རྣམས་འབྲུས་ཁེངས་པ་དང་། ཁྱོད་ཀྱིས་གསོག་འཇོག་བྱེད་ཐུབ་པ་ལས་ཧ་ཅང་མང་བའི་རྒུན་ཆང་ཡོང་བར་འགྱུར་རོ། 11ངའི་བུ། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་བཅུན་གནང་སྐབས། ཤིན་ཏུ་དོ་སྣང་ལེགས་པར་བྱས་ནས་ཉེན་བརྡ་ལྟ་བུ་ཡིན་པར་ངོས་འཛིན་གྱིས་ཤིག 12ཕས་རང་གི་སྤོབས་པ་བྱེད་པའི་བུ་ལ་བཅུན་པ་ལྟར། གཙོ་བོ་དཀོན་མཆོག་གིས་བརྩེ་བ་ནང་མཁན་ཚོ་ལ་བཅུན་པ་གནང་ངོ་། 13ཤེས་རབ་ལྡན་པར་འགྱུར་མཁན་སྐྱེ་བོ་དང་བློ་གྲོས་ཐོབ་པར་བྱ་མཁན་དེ་དགའ་སྐྱིད་ཅན་ཡིན་ནོ། 14དེ་ནི་དངུལ་ལས་ལྷག་པའི་མཁེ་བཟང་དང་དེ་ནི་ཁྱོད་ལ་གསེར་ལས་རིན་ཐང་ཆེ། 15ཤེས་རབ་ནི་རིན་ཆེན་ནོར་བུ་ལས་ཧ་ཅང་རིན་ཐང་ཆེ། ཁྱོད་ཀྱིས་འདོད་པའི་ཇི་འདྲ་ཞིག་དང་མཉམ་དུ་བསྡུར་མི་ཐུབ་བོ། 16ཤེས་རབ་ཀྱིས་ཁྱོད་ལ་ཚེ་རིང་པོ་དང་རྒྱུ་ནོར་དང་གུས་བཀུར་བྱིན་པར་བྱེད་དོ། 17ཤེས་རབ་ཀྱིས་ཁྱོད་ལ་དགའ་སྐྱིད་དང་། བརྟན་པོའི་ཐོག་མི་ཚེ་བསྐྱེལ་ཐུབ་པ་བྱེད་དོ། 18ཤེས་རབ་ལྡན་པ་འགྱུར་མཁན་ཚོ་དགའ་སྐྱིད་ལྡན་ནོ། ཤེས་རབ་ཀྱིས་དེ་ཚོར་མི་ཚེ་བྱིན་ནོ། 19གཙོ་བོ་དཀོན་མཆོག་གིས་ཤེས་རབ་ཀྱི་སྒོ་ནས་ས་གཞི་བཀོད་པར་མཛད། ཁོང་གི་མཁྱེན་ཡོན་གྱིས་ནམ་མཁའ་རང་གནས་སུ་འཇོག་གནང་ངོ། 20ཁོང་གི་ཤེས་རབ་ཀྱིས་གཙང་པོ་ཚོ་རྒྱུགས་བཅུག་པ་དང་། སྤྲིན་པས་ས་གཞིར་ཆར་པ་འབེབས་པར་མཛད་དོ། 21ངའི་བུ། རང་གི་ཤེས་རབ་དང་ནང་དོན་རྟོགས་ཐུབ་པའི་ནུས་པ་བཟུང་ཞིག དེ་ཚོ་ཁྱོད་ལས་ནམ་ཡང་མི་བྲལ་བ་བྱོས་ཤིག། 22དེ་ཚོས་ཁྱོད་ལ་ཉམས་དགའ་པོ་དང་མི་ཚེ་སྐྱིད་པོ་ཞིག་གནང། 23ཁྱོད་རང་ལམ་དུ་སྐྱོན་མེད་བདེ་བར་འགྲོ་ཐུབ་པ་དང་ནམ་ཡང་འགྱེལ་བར་མི་བྱེད་དོ། 24ཁྱོད་ཉལ་བའི་སྐབས་སུ་མ་འཇིགས་པར་མཚན་གང་གཉིད་སྐྱིད་པོ་ཁུག་པར་འགྱུར། 25ངན་པའི་ཐོག་ཏུ་རླུང་ཚུབ་ཡོང་བ་ལྟ་བུ་གློ་བུར་དུ་ཡོང་བའི་རྐྱེན་ངན་དེ་ལ་ཁྱོད་ཀྱིས་སེམས་ཁྲལ་བྱེད་མི་དགོས་སོ། 26གཙོ་བོ་དཀོན་མཆོག་གིས་ཁྱོད་བདེ་བར་འཇོག་པར་མཛད་པ་དང་། ཁོང་གིས་ཁྱོད་རྙིའི་ནང་འཚུད་དུ་འཇུག་པར་མི་མཛད་དོ། 27ཁྱོད་ཀྱིས་དགོས་ངེས་ཅན་ལ་གང་ཐུབ་ཐུབ་ཡག་པོ་བྱོས་ཤིག 28ཁྱོད་ཀྱིས་ད་ལྟ་རོགས་པ་བྱ་ཐུབ་ན་གྲོང་པ་ཁྱིམ་མཚེས་ཚོར་སང་ཞོག་བར་དུ་སྒུག་སྡོད་ཅིག་ཅེས་ནམ་ཡང་མ་བརྗོད་ཅིག 29ཁྱོད་ཀྱིས་གྲོང་པ་ཁྱིམ་མཚེས་ལ་གནོད་པའི་འཆར་གཞི་ནམ་ཡང་མ་བཟོ་ཞིག ཁོ་ཁྱོད་ཀྱི་ཉེ་འགྲམ་དུ་སྡོད་ཅིང་ཁྱོད་ལ་བློས་འགེལ་བྱེད་བཞིན་ཡོད། 30སུ་ཞིག་གིས་ཁྱོད་ལ་གནོད་འཚེ་བྱས་མེད་ན་དེ་ལ་དོན་མེད་ཀྱི་རྩོད་གླེང་མ་བྱེད་ཅིག 31མི་དྲག་གཙོད་ཅན་ལ་ཕྲག་དོག་དང་དེ་ཚོས་བྱས་པ་ལྟར་བྱ་རྒྱུ་ཐག་གཅོད་མ་བྱེད་ཅིག 32གང་ལགས་ཟེར་ན། གཙོ་བོ་དཀོན་མཆོག་གིས་ངན་པ་བྱ་མཁན་ཚོར་སྡང་པོ་གནང་ངོ་། འོན་ཀྱང་ཁོང་གིས་སྐྱེ་བོ་དྲང་བདེན་ཚོར་ཐུགས་ཡིད་ཆེས་པ་གནང་ངོ་། 33གཙོ་བོ་དཀོན་མཆོག་གིས་སྐྱེ་བོ་སྤྱོད་ངན་ཚོའི་ཁྱིམ་ཚང་ལ་དམོད་པ་གནང་ངོ་། འོན་ཀྱང་དྲང་བདེན་གྱི་ཁྱིམ་ཚང་ལ་བྱིན་རླབས་གནང་ངོ་། 34ཁོང་གིས་སྐྱེ་བོ་རང་མཐོང་ཅན་ཚོར་བེད་མེད་དོ། འོན་ཀྱང་ཉམ་ཆུང་ཚོར་གཟིགས་པ་གནང་ངོ་། 35ཤེས་རབ་ལྡན་པའི་མི་ཚོར་གུས་ཞབས་ཀྱི་སྙན་གྲགས་ཐོབ་ཡོང། འོན་ཀྱང་མི་གླེན་པ་ཚོ་ལ་རང་གི་དམའ་འབེབས་ཐོག་མར་བསྣན་པར་བྱའོ༎

ལེགས་བཤད 4

ཤེས་རབ་ཀྱི་ཕན་ཐོག།

1ངའི་བུ་རྣམས། ཁྱོད་ཚོའི་ཡབ་ཀྱི་ཁྱོད་ཚོ་ལ་སློབ་སྟོན་གནང་བར་ཉོན་ཞིག དེ་ལ་དོ་སྣང་བྱས་པ་ཡིན་ན་ཁྱོད་ཚོ་ལ་བློ་གྲོས་ཐོབ་བར་འགྱུར། 2ངས་ཁྱོད་རྣམས་སློབ་སྟོན་བྱེད་པ་དེ་བཟང་པོ་ཡིན་པས་དེ་ཚོ་ཚང་མ་དྲན་པར་བྱོས་ཤིག 3ང་ནི་ཕ་མའི་བུ་ཆུང་ཤོས་གཅིག་པུ་དེ་ཡིན་སྐབས། 4ངའི་ཡབ་ཀྱིས་ང་ལ་སློབ་སྟོན་གནང་ནས། ཁོང་གིས་ང་ལ་གསུངས་པ། ངས་ཅི་བཤད་པ་རྣམས་དྲན་པར་གྱིས་ལ་རྩ་བ་ནས་མ་བརྗེད་པར་བྱེད་དགོས་སོ། ངས་ཇི་ལྟར་བཤད་པ་ལྟར་གྱིས་པ་ཡིན་ན་ཁྱོད་འཚོ་བར་འགྱུར་རོ། 5ཤེས་རབ་དང་ནང་དོན་རྟོགས་པའི་ནུས་པ་ལེན་ཞིག ངས་ཇི་ལྟར་བཤད་པ་རྣམས་མ་བརྗེད་པར་དེ་ལ་བརྩི་མེད་མ་བྱེད་ཅིག 6ཁྱོད་ཀྱིས་ཤེས་རབ་མ་སྤོངས་ཤིག། མོས་ཁྱོད་སྐྱོབས་པར་བྱེད་དོ། དེ་ལ་བརྩེ་བ་བྱས་པ་ཡིན་ན་དེས་ཁྱོད་བདེ་བར་འཇོག་པར་བྱེད་དོ། 7ཁྱོད་ཀྱིས་བྱེད་ཐུབ་པ་གལ་ཆེ་ཤོས་དེ་ནི་ཤེས་རབ་བླངས་རྒྱུ་དེ་ཡིན་ནོ། གཞན་ཁྱོད་ཀྱིས་ལེན་ཐུབ་པ་ནང་དོན་རྟོགས་ཐུབ་པའི་ནུས་པ་ལེན་ཞིག 8ཤེས་རབ་ལ་བརྩེ་བ་བྱས་པ་ཡིན་ན། མོས་ཁྱོད་ལ་རླབས་ཆེན་བཟོ་བར་བྱེད་པ་དང་། མོ་ལ་ཁྱོས་ཀྱིས་འཐམས་པ་ཡིན་ན་མོས་ཁྱོད་ལ་གུས་ཞབས་སྟེར་བར་བྱེད་དོ། 9དེ་ནི་ཁྱོད་ཀྱི་གཙུག་རྒྱན་གྱི་གཟི་བརྗེད་དེ་ཡིན་ནོ། 10ངའི་བུ་ང་ལ་ཉོན་ཞིག། ངས་ཇི་ལྟར་བཤད་པ་རྣམས་སེམས་ཀྱི་ནང་ནས་ཉན་པ་ཡིན་ན་ཁྱོད་ཚེ་རིང་པོ་འཚོ་བར་འགྱུར། 11ངས་ཁྱོད་ལ་ཤེས་རབ་དང་འཚོ་བའི་ཆེད་ལམ་བདེན་པ་བསླབ་ཡོད་དོ། 12ཁྱོད་ཀྱི་ཤེས་རབ་ལྡན་པའི་ཐོག་ཕྱིན་པ་ཡིན་ན། ཁྱོད་ཀྱི་ལམ་དུ་འགག་བྱ་གང་ཡང་མི་ཡོང་། ཁྱོད་རྒྱུགས་ཀྱང་འགྱེལ་བར་མི་འགྱུར། 13ཁྱོད་ཀྱིས་སྦྱངས་པ་རྣམས་རྟག་ཏུ་དྲན་པར་བྱོས་ཤིག ཁྱོད་ཀྱི་ཡོན་ཏན་དེ་ཁྱོད་ཀྱི་མི་ཚེ་ཡིན་པས། དེ་ལ་སྲུང་སྐྱོབ་ཡག་པོ་གྱིས་ཤིག། 14སྐྱེ་བོ་ངན་པ་འགྲོ་སར་མ་འགྲོ་ཞིག། སྐྱེ་བོ་སྤྱོད་ངན་གྱི་དཔེའི་རྗེས་སུ་མ་འཇུག་ཅིག 15དེ་ལྟར་མ་བྱས་པར་ངན་པ་ལས་ཐག་རིང་སྡོད་ཅིག དེ་ལ་ཁས་ལེན་མ་བྱས་པར་རང་གི་ལམ་དུ་སོང་ཞིག 16མི་ངན་པ་ཚོས་ངན་ལས་མ་བྱས་པར་གཉིད་ཁུག་པར་མི་བྱེད་དོ། དེ་ཚོས་གཞན་ལ་གནོད་འཚེ་ཞིག་མ་བྱས་བར་དུ་གཉིད་མ་ཉལ་བར་བསྡད་དོ། 17སྤྱོད་ངན་དང་དྲག་ཟིང་ནི་དེ་ཚོའི་བཟའ་འཐུང་ལྟ་བུ་ཡིན་ནོ། 18དྲང་བདེན་གྱི་ལམ་དུ་འགྲོ་རྒྱུ་ནི་ཉི་མ་ཤར་བ་ལྟ་བུ་ཡིན་པ་དང་། ཉིན་དགུང་འོད་མ་སླེབས་བར་དེ་ཇེ་གསལ་ཇེ་གསལ་དུ་འགྲོ་བ་ཡིན། 19འོན་ཀྱང་སྤྱོད་ངན་གྱི་ལམ་དེ་མཚན་མོ་ལྟར་མུན་པ་ཡིན་ནོ། དེ་ཚོ་འགྱེལ་ན་ཡང་གང་གི་ཐོག་ཏུ་འགྱེལ་ཡོད་མེད་མི་མཐོང་ངོ་། 20ངའི་བུ། ངས་ཇི་ལྟར་བཤད་པར་དོ་སྣང་བྱས་ནས་ངའི་བཀའ་ལ་ཉོན་ཞིག 21ཁྱོད་དེ་ལས་ནམ་ཡང་བྲལ་དུ་མ་འཇུག་ཅིག། དེ་ཚོ་དྲན་པ་གྱིས་ལ་སེམས་ཀྱི་ནང་དུ་ཞོག་ཅིག 22དེ་ཚོ་ཤེས་མཁན་ཚོ་ལ་དེ་ཚོས་མི་ཚེ་དང་འཕྲོད་བསྟེན་བྱིན་པར་བྱེད་དོ། 23ཁྱོད་ཀྱིས་ཇི་ལྟར་བསམ་བློ་བཏང་བར་ཟབ་ཟབ་གྱིས་ཤིག་དང་། ཁྱོད་ཀྱི་བསམ་བློས་ཁྱོད་ཀྱི་མི་ཚེའི་བཟོ་དབྱིབས་འདོན་ནོ། 24བདེན་པ་མ་ཡིན་པ་གང་ཡང་རྩ་བ་ནས་མ་སྨྲས་ཞིག རྫུན་དང་གཡོ་རྒྱུའི་གཏམ་ལས་ལོག་སུ་སྡོད་ཅིག 25དྲང་པོའི་བློ་སྟོབས་ཀྱི་ངང་ནས་མདུན་དུ་བལྟོས་ཤིག ཁྱོད་ཀྱི་མགོ་ནི་ངོ་ཚེས་མ་སྒུར་ཤིག། 26ཁྱོད་ཀྱིས་ཇི་ལྟར་བྱ་རྒྱུ་ཡིན་པ་ལ་ཟབ་ཟབ་ཀྱིས་འཆར་གཞི་བཏིང་ཞིག་དང་། ཁྱོད་ཀྱིས་གྱིས་པ་ཚང་མ་ལེགས་པར་འགྱུར། 27ངན་པ་རྣམས་སྤངས་ནས་མདུན་དུ་ཐེད་ཀར་འགྲུལ་ཞིག གཡས་སམ་གཡོན་དུ་མ་གཡོ་བར། རང་གི་རྐང་པ་ངན་པ་ལས་སྲུངས་ཤིག།

ལེགས་བཤད 5

ལོག་གཡེམ་གྱི་སྐོར་ལ་ཉེན་བརྡ།

1ངའི་བུ། ངའི་ཤེས་རབ་ལ་དོ་སྣང་གྱིས་ཤིག་དང་། ངའི་ནང་དོན་རྟོག་པའི་བཀའ་རྣམས་དོ་སྣང་གིས་ཉོན་ཞིག 2དེ་ནས་ཁྱོད་ཀྱིས་སྤྱོད་ལམ་ཇི་ལྟར་ལེགས་པར་བྱ་དགོས་ཤེས་པར་འགྱུར་བ་དང་། ཁྱོད་ཀྱི་གཏམ་གྱི་ཁྱོད་ཡོན་ཏན་ཅན་ཡིན་པ་བསྟན་ནོ། 3མི་གཞན་གྱི་ཆུང་མའི་མཆུ་ཏོ་ནི་སྦྲང་རྩི་ལྟར་མངར་བར་དང་། མོའི་ཁ་བསྐྱལ་བ་དེ་སྐྱུ་རུའི་སྣུམ་ལྟར་འཇམ་པོ་ཡོད་སྲིད། 4འོན་ཀྱང་ཚང་མ་ཚར་བའི་རྗེས་སུ་མོས་ཁག་ཏིག་དང་ན་ཟུག་མ་གཏོགས་གཞན་གང་ཡང་འཇོག་པར་མི་བྱེད་དོ། 5མོས་ཁྱོད་ལ་མར་འཆི་བའི་གླིང་དུ་འཁྲིད་པ་དང་། མོས་གོམ་པ་སྤོས་པའི་ལམ་ནི་འཆི་བའི་ལམ་ཡིན་ནོ། 6མོས་གསོན་པོའི་ལམ་དུ་མི་སྡོད་པར། འཁྱམས་འགྲོ་བ་དང་ཇི་འདྲ་ཡོང་བཞིན་ཡོད་པ་མོས་མི་ཤེས་སོ། 7ད་ངའི་བུ་ཚོ་ང་ལ་ཉོན་ཞིག། ངས་ཇི་ལྟར་བཤད་པར་རྩ་བ་ནས་མ་རྗེད་པར་གྱིས་ཤིག 8བུད་མེད་དེ་ལས་འགྱངས་རིང་དུ་སྡོད་ཅིག། མོའི་སྒོའི་ཉེ་འགྲམ་དུ་མ་འགྲོ་ཞིག། 9དེ་མིན་ཁྱོད་ལ་ཡོད་པའི་གུས་ཞབས་དེ་གཞན་ལ་ཐོབ་པར་འགྱུར་བ་དང་། སྐྱེ་བོ་སྙིང་རྗེ་མེད་པ་ཚོའི་ལག་ཏུ་ཁྱོད་ན་གཞོན་དུ་སུ་འཆི་བར་འགྱུར་རོ། 10མི་ངོ་མི་ཤེས་པ་ཚོས་ཁྱོད་ཀྱི་རྒྱུ་ནོར་འཁྱེར་བ་དང་། ཁྱོད་ཀྱིས་དཀའ་ལས་རྒྱབ་པ་རྣམས་གཞན་ལ་བདག་པར་འགྱུར་རོ། 11ཁྱོད་འཆི་ཁའི་ཉལ་སར་འཁུན་སྐད་རྒྱབ་བཞིན་བསྡད་པ་དང་། ཁྱོད་ཀྱི་ཤ་དང་ཤ་རྒྱུ་མེད་པར་འགྱུར། 12ཁྱོད་ཀྱིས་འདི་ལྟར་སྨྲའོ། ངས་ཅི་ལ་མ་སྦྱངས་པ་ཡིན་ནམ། ང་ཡིས་གཞན་ནས་ནོར་བཅུན་མ་འཇུག་པ་ཡིན་ནམ། 13ངས་ངའི་དགེ་རྒན་ཚོར་ཉན་མེད་པ་དང་། ངས་དེ་ཚོ་ལ་དོ་སྣང་བྱས་མེད་དོ། 14དེ་བས་ན་ང་ནི་གློ་བུར་དུ་མང་ཚོགས་ཀྱི་ཁྲོད་དུ་དམའ་འབེབས་སུ་འགྱུར་སོ། 15རང་གི་ཆུང་མ་དང་དམ་ཚིག་ཙང་བར་སྡོད་ཅིག མོ་གཅིག་པོར་བརྩེ་བ་གྱིས་ཤིག། 16བུད་མེད་གཞན་ནས་སྐྱེད་པའི་ཁྱོད་ཀྱི་ཕྲུ་གུས་ཁྱོད་ལ་ཕན་ཐོག་མི་བྱེད་དོོ། 17རང་གི་ཕྲུ་གུ་འཚར་ལོངས་བྱུང་ནས་ཁྱོད་ལ་རོགས་བྱེད་དགོས་སོ། ངོ་མི་ཤེས་པ་ཚོར་མ་ཡིན། 18དེ་བས་ན་རང་གི་ཆུང་མ་དང་མཉམ་དུ་དགའ་བདེར་སྡོད་ལ། ཁྱོད་ཀྱིས་ཆང་ས་རྒྱབ་པའི་བུད་མེད་དང་མཉམ་དུ་དགའ་བར་བྱོས་ཤིག 19མོ་ནི་ཤ་བ་ལྟ་བུ་མཛེས་པོ་དང་ཉམས་དོད་པོ་ཡོད། མོའི་ཡིད་དུ་འོང་བ་ནས་དགའ་བ་ཐོབ་བར་གྱིས་ལ། མོས་བརྩེ་བས་ཁྱོད་ལ་མཐའ་བསྐོར་དུ་འཇུག། 20ངའི་བུ། ཁྱོད་ཀྱིས་བུད་མེད་གཞན་ལ་བརྩེ་བ་ཅི་ལ་བྱེད་དགོས་སམ། ཁྱོད་ཀྱིས་སྐྱེ་བོ་གཞན་གྱི་ཆུང་མ་ཡིད་དུ་འོང་བར་ཅི་ལ་འདོད། 21ཁྱོད་ཀྱིས་བྱས་པ་ཚང་མ་གཙོ་བོ་དཀོན་མཆོག་གིས་གཟིགས་པ་དང་། ཁྱོད་གང་དུ་སོང་ཡང་ཁོང་གིས་གཟིགས་བཞིན་ཡོད། 22སྐྱེ་བོ་ངན་པའི་སྡིག་པ་རྣམས་རྙི་ལྟར་ཡིན་ནོ། ཁོ་རང་ཉིད་ཀྱི་སྡིག་པའི་དྲང་བར་འཚུད་པར་བྱེད་པ་དང་། 23ཁོ་འཆི་བར་འགྱུར། གང་ལགས་ཟེར་ན། ཁོ་པར་རང་གི་རང་ལ་དབང་བསྒྱུར་བྱེད་པའི་ནུས་པ་མེད་དོ། ཁོ་པའི་ཤིན་ཏུ་ལྐུག་རྟགས་ཀྱིས་ཁོ་པ་དུར་སར་གཏོང་བར་བྱེད་དོ༎

ལེགས་བཤད 6

ཉེན་བརྡ་གཞན་རྣམས།

1ངའི་བུ། གཞན་གི་བུ་ལོན་ལ་ཁྱོད་ཀྱིས་འགན་ཁུར་རྒྱུ་མནའ་འསྐྱལ་ཡོད་དམ། 2ཁྱོད་ཀྱི་གཏམ་གྱིས་རང་ཉིད་བཟུང་ཡོད་དམ། རང་གི་མནས་རྙིད་ནང་འཚུད་ཡོད་དམ། 3དེ་བས་ན་ངའི་བུ། ཁྱོད་མི་གཞན་གྱི་དབང་འོག་ཏུ་ཡོད་དོ། འོན་ཀྱང་དེ་ལས་དེ་ལྟར་ཐར་བར་བྱ་དགོས། མགྱོགས་པོར་ཁོའི་རྩར་སོང་ནས་ཁོ་ལ་གློད་རོགས་གནང་ཞེས་ཞུ་བ་འབུལ་ཞིག 4ཁྱོད་རང་ཉིད་གཉིད་ཁུག་པའམ་ངལ་གསོ་བར་མ་འཇུག་ཅིག 5བྱིའུ་ཞིག་རྙི་ལས་ཐོན་པ་འམ་ཤ་བ་ཞིག་རྔོན་པ་ལས་བྲོས་པ་ལྟར་ཐོན་ཞིག 6ལེ་ལོ་ཅན་གྱི་སྐྱེ་བོ་ཆོས་གྲོག་མའི་མི་ཚེ་ནས་སློབ་སྦྱོང་བྱེད་དགོས། 7དེ་ཚོ་ལ་འགོ་འཁྲིད་དང་དཔོན་པོ་དང་རྒྱལ་པོ་བཅས་པ་གང་ཡང་མེད་དོ། 8འོན་ཀྱང་དེ་ཚོས་དབྱར་ཁའི་རིང་ཟ་ཆས་གསོགས་པ་དང་དགུན་ཁའི་ཆེད་དུ་གྲ་སྒྲིགས་བྱེད་དོ། 9ལེ་ལོ་ཅན་ནི་དུས་ཚོད་ཇི་ཙམ་རིང་ཉལ་སར་གཉིད་ལོག་ནས་སྡོད་དམ། ཁོ་ག་དུས་ཡར་ལངས་ཀྱི་རེད་དམ། 10ཁོས་རང་ཉིད་དུས་ཆོད་ཐུང་ཙམ་ཞིག་ཉལ་གྱི་ཡིན། ངས་ལག་པ་ལྟེབ་བརྩེག་རྒྱབ་ནས་ངལ་གསོ་ཐུང་ཙམ་ཞིག་བྱེད་ཟེར་རོ། 11འོན་ཀྱང་ཁོ་ཉལ་བའི་སྐབས་ལ་དབུལ་འཕོང་གིས་ཁོ་ལ་མཚོན་ཆ་ལྡན་པའི་རྐུན་མ་ལྟར་འཐབ་པར་བྱེད་དོ། 12མི་ཕན་མེད་མི་ངན་ནི་རྫུན་ཤོད་བཞིན་འགྲོ་བར་བྱེད་དོ། 13དེ་ཚོས་མིག་བཙུམ་རྒྱབ་ནས་ཁྱོད་ལ་བསླུ་འཁྲིད་བྱ་རྒྱུའི་བརྡ་གཏོང་བར་བྱེད་པ་དང་། 14དེ་ཚོས་ངན་པའི་སེམས་ནང་མུ་མཐུད་འཆར་གཞི་ངན་པ་གཏིང་བ་དང་། ས་ཁུལ་ཡོངས་སུ་ཟིང་འཁྲུགས་སློང་བར་བྱེད་དོ། 15དེའི་རྐྱེན་གྱིས་ཉེན་བརྡ་མེད་པར་དེ་ཚོའི་ཐོག་རྐྱེན་ངན་འབྱུང་བར་འགྱུར་་བ་དང་དེ་ཚོ་འཆི་བར་འགྱུར། 16-19གཙོ་བོ་དཀོན་མཆོག་གི་ཐུགས་མི་མཉེས་པ་དང་བཟོད་སྲན་གནང་མི་ཐུབ་པ་བྱ་བ་བདུན་ཡོད་པ་ནི། སྤོབས་པ་ཅན་གྱི་བལྟ་ཚུལ། རྫུན་བཤད་པའི་ལྕེ། མི་སྐྱོན་མེད་བསད་པའི་ལག་པ། འཆར་གཞི་ངན་པ་གཏིང་བའི་སེམས། ངན་ལས་བྱེད་པར་འགྲོ་བའི་རྐང་པ། གཅིག་འཇུག་གཉིས་འཇུག་གིས་རྫུན་བཤད་མཁན་དཔང་པོ། གྲོགས་པོ་ཚོའི་ཁྲོད་དུ་ཟིང་འཁྲུགས་སློང་མཁན་གྱི་མི་བཅས་སོ༎ 20ངའི་བུ། ཁྱོད་ཀྱི་ཡབ་ཀྱིས་ཇི་ལྟར་གསུངས་པར་བྱོས་ཤིག ཁྱོད་ཀྱི་ཡུམ་གྱི་བསླབ་པ་རྣམས་རྩ་བ་ནས་མ་རྗེད་པ་གྱིས་ཤིག 21རྟག་ཏུ་དེ་ཚོའི་བཀའ་ལ་བདག་པོ་གྱིས་ལ་སེམས་ཀྱི་ནང་ལ་སྲུང་ནས་འཇོག་ཅིག 22དེ་ཚོའི་སློབ་སྟོན་གྱིས་ཁྱོད་འགྲུལ་སྐབས་སུ་ལམ་སྟོན་དང་། མཚན་མོར་སྲུང་སྐྱོབ་དང་ཉིན་མོའི་རིང་བསླབ་བྱ་རྒྱབ་པར་བྱེད་དོ། 23དེ་ཚོའི་སློབ་སྟོན་རྣམས་འཚེར་བའི་འོད་ཡིན་པ་དང་། དེ་ཚོའི་བཅུན་པ་དེས་ཇི་ལྟར་འཚོ་དགོས་སློབ་པར་བྱེད་དོ། 24དེ་ཚོས་ཁྱོད་ལ་བུད་མེད་ངན་པ་དང་གཞན་གྱི་ཆུང་མའི་བསླུ་འཁྲིད་ཀྱིས་གཏམ་ལས་ཐག་རིང་འཇོག་པར་བྱེད་དོ། 25དེ་ཚོའི་མཛེས་སྡུག་ལ་མགོ་མ་འཁོར་ལ། དེ་ཚོའི་འཕྲུལ་ཚ་པོའི་མིག་གི་རྙི་ནང་མ་འཚུད་ཅིག 26མི་ཞིག་གིས་མད་འཚོང་མ་ཞིག་གི་ཆེད་དུ་རང་གི་བག་ལེབ་མཐའ་མའི་རིན་ལ་སྤྲད་དོ། འོན་ཀྱང་གཞན་གྱི་ཆུང་མ་མཉམ་དུ་བྱེད་པའི་ལོག་གཡེམ་གྱིས་ཁོ་ཡི་མི་ཚེ་རིང་སྡུག་བསྔལ་འཁྱེར་ཡོང་བར་འགྱུར། 27ཁྱོད་ཀྱི་བྲང་ཁོག་སྟེང་དུ་མེ་བཞག་ནས་གྱོན་གོས་མ་འཚིག་པར་བྱེད་ཐུབ་བམ། 28ཁྱོད་ཀྱིས་སོལ་བ་ཚ་པོའི་སྟེང་དུ་གོམ་པ་སྤོས་ནས་རྐང་པ་མ་ཚིག་པར་བྱེད་ཐུབ་བམ། 29དེ་ལྟར་གཞན་གྱི་ཆུང་མ་མཉམ་དུ་ཉལ་རྒྱུ་ནི་ཉེན་ཁ་ཆེན་པོ་ཡོད་པ་དང་། དེ་ལྟར་བྱ་མཁན་ཚོར་སྡུག་པོ་མྱོང་བར་འགྱུར་རོ། 30རྐུན་མ་ཞིག་གིས་ལྟོགས་ནས་བརྐུ་བ་ཡིན་ན་མིས་སྡང་པོ་བྱེད་མི་ཡོང་། 31འོན་ཀྱང་ཁོ་བཟུང་བ་ཡིན་ན་ཁོས་ལྡབ་བདུན་མང་བ་འཇལ་དགོས་པ་དང་། ཁོ་ལ་ཡོད་པ་ཚང་མ་བློས་གཏོང་དགོས་སོ། 32འོན་ཀྱང་ལོག་གཡེམ་བྱ་མཁན་སྐྱེ་བོ་དེ་ལ་བློ་གྲོས་མེད་དོ། ཁོ་རང་རང་ཉིད་མེད་པ་བཟོ་བཞིན་ཡོད་དོ། 33ཁོ་ལ་དམའ་འབེབས་དང་བརྡུང་བར་འགྱུར། ཁོ་ནི་གཏན་དུ་ཞབས་འདྲེན་དུ་འགྱུར་རོ། 34ཁྱོ་ཞིག་ཕྲ་དོག་བྱེད་སྐབས་ཧ་ཅང་ཁྲོ་བ་དང་། ཁོའི་དགྲ་ཤ་ལེན་རྒྱུར་ཚད་མེད་དོ། 35ཁོས་དངུལ་གང་ཡང་མི་ལེན་པ་དང་ཁོའི་ཁྲོ་བ་དེ་རྔན་པ་ཇི་འདྲ་ཞིག་གིས་ཀྱང་ཞི་བར་མི་འགྱུར༎

ལེགས་བཤད 7

1ངའི་བུ་ངས་ཇི་ལྟར་བྱེད་དགོས་སྨྲས་པ་རྣམས་མ་རྗེད་པར་དྲན་པར་གྱིས་ཤིག 2ངས་སྨྲས་པ་ལྟར་གྱིས་པ་ཡིན་ན་ཁྱོད་འཚོ་བར་འགྱུར། ཁྱོད་ཀྱིས་མིག་ལ་སྲུང་སྐྱོབ་བྱེད་པ་ལྟར་ངའི་སློབ་སྟོན་ལ་དྭངས་ལེན་བྱ་རྒྱུར་ཟབ་ཟབ་བྱོས་ཤིག 3ངའི་སློབ་སྟོན་རྣམས་རྒྱུན་དུ་བདག་ཉར་གྱིས་ལ་དེ་ཚོ་སེམས་ནང་བཀོད་ཅིག 4ཤེས་རབ་ཁྱོད་ཀྱི་སྲིང་མོ་ལྟར་ངོས་འཛིན་གྱིས་ལ། ནང་དོན་རྟོགས་པའི་ནུས་པ་ནི་ཁྱོད་ཀྱི་གྲོགས་པོ་ཉེ་ཤོས་ལ་ངོས་འཛིན་གྱིས་ཤིག 5དེ་ཚོས་ཁྱོད་ལ་མི་གཞན་གྱི་ཆུང་མ་དང་བུད་མེད་ཀྱི་བསླུ་འཁྲིད་ཀྱི་གཏམ་ལས་ཐག་རིང་འཇོག་པར་བྱ་ཡོང་༎

བུད་མེད་ཚུལ་མིན།

6ང་ཐེངས་གཅིག་ངའི་ཁང་པའི་སྒེ་ཁུང་ནས་བལྟ་བཞིན་ཡོད་པ་དང་། 7ངས་ཉམས་མྱོང་མེད་པའི་སྐྱེ་པ་ན་གཞོན་མང་པོ་མཐོང་བ་དང་། དེའི་ནང་ནས་སྐྱེ་བོ་གླེན་པ་ཞིག་ལ་དམིགས་བསལ་གྱི་དོ་སྣང་བྱུང་། 8ཁོ་རྒྱ་ལམ་གྱི་ཟུར་ལ་གནས་སྡོད་བྱེད་པའི་བུད་མེད་ཞིག་གི་སྡོད་སའི་ཉེ་འགྲམ་དུ་གོམ་པ་རྒྱབ་ནས་འགྲོ་བཞིན་འདུག་གོ ཁོ་མོའི་ཁང་པའི་ཉེ་འགྲམ་དུ་འགྲོ་བཞིན་ཡོད་སྐབས། 9དེ་དུས་ཕྱི་དྲོ་ས་རུབ་ནས་ནག་ཁུང་གི་སྐབས་ཡིན་ནོ། 10དེ་ནས་མོས་ཁོ་ལ་འཕྲད་པ་དང་། མོ་ནི་སྨད་འཚོང་མའི་གྱོན་གོས་ལྟ་བུ་གྱོན་ནས་འཆར་གཞི་བཟོ་བཞིན་ཡོད་དོ། 11མོ་བློ་ཁོག་ཆེན་པོ་དང་ངོ་ཚ་མེད་མཁན་གྱི་བུད་མེད་རྟག་ཏུ་རྒྱ་ལམ་དུ་འགྲུལ་མཁན་ཞིག་ཡིན་པ་དང་། 12ལམ་གྱི་ཟུར་དུ་ལངས་ནས་སྒུག་བསྡད་པའམ། སྐབས་རེ་རྒྱ་ལམ་དང་སྐབས་རེ་ཁྲོམ་རར་སྒུག་པར་བྱེད། 13མོས་སྐྱེ་པ་ན་གཞོན་ལ་འཐམས་ནས་ཁ་བསྐྱལ་བ་དང་། ཁོའི་མིག་ལ་ཐད་ཀར་བལྟས་ནས་སྨྲས་པ། 14ངས་དེ་རིང་མཆོད་པ་ཕུལ་བའི་དམར་མཆོད་ཀྱི་ཤ་ང་དང་མཉམ་དུ་ཡོད། 15དེར་བརྟེན་ངས་ཁྱོད་ལ་འཚོལ་བཞིན་ཡོང་བ་ཡིན། ངས་ཁོད་འཚོལ་འདོད་ཡོད་པ་དང་ཁྱོད་ནི་འདིར་འདུག་གོ 16ངས་མལ་ཁྲི་ལ་ཨི་ཇིབ་ཡུལ་གྱི་ཀ་ཅིའི་མཚོན་ཁྲ་ཅན་གྱི་རས་ཀྱིས་ཁེབས་གཡོགས་ཡོད་དོ། 17ངས་དེ་ལ་གུ་གུལ་དང་ཨ་ག་རུ་དང་ཤིང་མངར་བཅས་དྲི་ཞིམ་གྱིས་གཏོར་ནས་ཡོད། 18ད་ཤོག་དང་ང་གཉིས་མཚན་གང་བརྩེ་བ་བྱེད་དོ། ང་གཉིས་གཅིག་གི་གཅིག་ལ་ཐམ་ནས་དགའ་བདེར་སྤྱོད་དོ། 19ངའི་ཁྱོ་ཁྱིམ་དུ་མེད། ཁོ་ཐག་རིང་དུ་ཕྱོགས་ཐོན་བྱས་སོང་། 20ཁོས་དངུལ་མང་པོ་འཁྱེར་སོང་བས། གཟའ་འཁོར་གཉིས་ཙམ་ལོག་མི་ཡོང་ཞེས་སྨྲས་སོ། 21དེར་བརྟེན་མོའི་ཡིད་འཕྲོག་གི་ནུས་པས་ཁོ་ལ་བསླུ་འཁྲིད་བྱས་པ་དང་། མོའི་གཏམ་སྙན་པོར་ཁོ་མགོ་འཁོར་རོ། 22གློ་བུར་དུ་ཁོ་གླང་གོག་གསོད་སར་འགྲོ་བ་ལྟར་དང་། ཤ་བ་རྙི་ལ་བང་འགྲོས་རྒྱབ་བ་ལྟར་དང་། 23ཁོའི་སྙིང་ལ་མདའ་ཟུག་པ་ལྟར་མོ་དང་མཉམ་དུ་ཕྱིན་ནོ། ཁོ་བྱིའུ་དྲ་བའི་ནང་འགྲོ་བ་ལྟ་བུ་ཡོད་པ་དང་། ཁོའི་སྲོག་ལ་ཉེན་ཁ་ཡོད་པ་མ་ཤེས་སོ། 24དེ་བས་ན་ངའི་བུ་ཚོ་ང་ལ་ཉོན་ཞིག། ངས་བཤད་པར་དོ་སྣང་གྱིས་ཤིག། 25བུད་མེད་དེ་ལྟ་བུ་ལ་ཁྱོད་ཀྱིས་སེམས་ཤོར་དུ་མ་བཅུག་ཅིག མོའི་རྗེས་སུ་འཁྱམས་ནས་མ་འགྲོ་ཞིག 26མོས་མི་མང་པོ་འཕྲོག་བརླག་བཏང་ཡོད་པ་དང་། མི་གྲངས་མེད་འཆི་རྐྱེན་འགྱུར་ཡོད་པ་དང་། 27ཁྱོད་མོའི་ཁྱིམ་དུ་སོང་བ་ཡིན་ན་ཁྱོད་འཆི་བའི་གླིང་གི་ལམ་དུ་ཡོད། དེ་ནི་འཆི་བའི་མགྱོགས་ལམ་ཡིན་ནོ༎

ལེགས་བཤད 8

ཤེས་རབ་ལ་བསྟོད་བསྔགས།

1ཉོན་དང་ཤེས་རབ་ཀྱི་འབོད་བཞིན་འདུག། བློ་གྲོས་ཀྱིས་སྐད་ཅོར་བརྒྱབ་བཞིན་འདུག། 2ལམ་གྱི་ཉེ་འགྲམ་གྱི་རི་རྩེར་དང་། ལམ་འཛོམས་ཁག་ཏུ་མོ་ལངས་ཡོད། 3གྲོང་ཁྱེར་ནང་དུ་འཛུལ་སྒོ་དང་། རྒྱལ་སྒོའི་ཉེ་འགྲམ་མོས་འདི་ལྟར་སྐད་འབོད་བྱས། 4ཁྱོད་ཚོ་ཚང་མར་ང་ཡིས་འབོད་པ་དང་། ས་གཞིར་ཡོད་པ་ཚང་མར་ང་ཡིས་འབོད། 5ཁྱོད་ཚོ་ན་ཚོད་མ་ལོན་པ་ཡིན་ནམ། ན་ཚོད་ལོན་རྒྱུར་སྦྱོངས་དར་གྱིས། ཁྱོད་རང་གླེན་པ་ཞིག་ཡིན་ནམ། བློ་གྲོས་ཡོང་རྒྱུར་སྦྱོངས་དར་གྱིས། 6ངའི་གཏམ་རྩེ་གྲ་ལ་ཉོན་ཞིག། ངས་སྨྲས་པ་རྣམས་དྲང་པོ་ཡིན། 7ངས་སྨྲས་པ་རྣམས་བདེན་པ་ཡིན། རྫུན་རྣམས་ལ་ངས་སྡང་བར་བྱ། 8ངས་བཤད་པ་རྣམས་བདེན་པ་ཡིན། རྫུན་དང་བསླུ་འཁྲིད་གང་ཡང་མེད། 9ནང་དོན་རྟོགས་པའི་ནུས་པ་ཡོད་པ་ཚོར། དེ་རྣམས་ཚང་མ་གསལ་པོ་ཡིན། ཤེས་ཡོན་མཁྱེན་མི་ཚང་མ་ལ། དེ་རྣམས་ཚང་མ་ཀུན་གསལ་ཡིན། 10དངུལ་གྱི་ཚབ་ལ་ངའི་སློབ་སྟོན་འདམས། ལེགས་པའི་གསེར་ལས་ཡོན་ཏན་འདམས། 11ང་ནི་རང་ཉིད་ཤེས་རབ་ཡིན། ང་ནི་ནོར་བུ་ལས་ལེགས་སོ། ཁྱོད་ཚོས་འདོད་པའི་གང་ཞིག་ང་དང་བསྡུར་མི་ཐུབ། 12ང་ནི་རང་ཉིད་ཤེས་རབ་ཡིན། ང་ལ་ནང་དོན་རྟོགས་པའི་ནུས་པ་ཡོད། ང་ལ་ཡོན་ཏན་དང་ནི། ཁྲིམས་དྲང་གཅོད་པའི་ཤེས་བྱ་ཡོད། 13གཙོ་བོ་དཀོན་མཆོག་ལ་གུས་བརྩི་ཞུ་རྒྱུ་ནི། ངན་པར་སྡང་པོ་བྱ་རྒྱུ་ཡིན། ང་ནི་སྤོབས་པ་ཅན་དང་ང་རྒྱལ་དང་། ངན་པའི་ལམ་དང་རྫུན་ལ་སྡང་། 14ང་ཡིས་འཆར་གཞི་བཟོ་བ་རྣམས་ལ། དེ་ཚོ་ལག་ལེན་གྱིས་བཞིན་ཡོད། ང་ལ་བློ་གྲོས་ཡོད་པ་དང་། ང་ནི་སྟོབས་ཤུགས་ཆེན་པོ་ཡིན། 15རྒྱལ་པོ་ཚོ་ལ་འཛིན་སྐྱོངས་དང་། དབང་བསྒྱུར་མཁན་ཚོར་ཁྲིམས་བཟང་པོ། བཟོ་རྒྱུར་རོགས་རམ་ངས་བྱེད་ཡོད། 16ང་ཡི་རོགས་ཀྱིས་འཛིན་སྐྱོང་པ་རྣམས་ཀྱིས། ས་གཞིར་སྲིད་སྐྱོང་བྱེད་བཞིན་ཡོད། ལས་བྱེད་པ་དང་ནི་སྐུ་དྲག་ཚོར་ཡང་དེ་བཞིན་བྱེད། 17ང་ལ་བརྩེ་མཁན་རྣམས་ལ་ངས་བརྩེས། ང་ལ་འཚོལ་མཁན་རྣམས་ལ་ང་རྙེད་པར་འགྱུར། 18ང་ལ་རྒྱུ་ནོར་ཆེ་མཐོང་དང་། འཕེལ་རྒྱས་ལམ་ལྷོང་སྤྲོད་རྒྱུ་ཡོད། 19ང་ལས་ཐོབ་པ་གསེར་སྤུས་ལེགས་ལས་ལྷག། སྤུས་ལེགས་དངུལ་ལས་ཀྱང་ལེགས་སོ། 20ང་ནི་དྲང་བདེན་ལམ་དུ་སྐྱོད། ཁྲིམས་དྲང་རྗེས་སུ་ང་ནི་འཇུག། 21ང་ལ་བརྩེ་བར་རྒྱུ་ནོར་བྱིན། དེ་ཚོའི་ཁྱིམ་ནི་གཏེར་གྱི་བཀང་། 22ཐོག་མར་གཙོ་བོ་དཀོན་མཆོག་གིས། ང་ལ་བཀོད་པར་མཛད་པ་ཡིན། སྔར་གྱི་མཛད་པ་དང་པོ་རུ། 23ཐོག་མར་འཛམ་གླིང་བྱུང་བའི་སྔོན། དང་པོ་ང་ལ་བཟོས་པར་གནང་། 24ཆུ་དང་ཆུ་མིག་མེད་པའི་སྔོན། ང་ནི་རྒྱ་མཚོའི་སྔོན་དུ་སྐྱེས། 25རི་ཕྲན་རང་གནས་ཚུགས་པའི་སྔོན། རི་ཡི་སྔོན་དུ་ང་སྐྱེས་སོ། 26དཀོན་མཆོག་གིས་ནི་འཛམ་གླིང་དང་། ས་ཞིང་དང་ནི་ས་སོགས་མ་བཟོ་སྔོན་ང་སྐྱེས་སོ། 27ཁོང་གིས་ནམ་མཁའི་གནས་དེ་རུ་ཛུགས་དུས། མཁའི་དབྱིངས་དེ་མཚོའི་ཐོག་བཀྲམ་དུས་ང་དེར་ཡོད། 28སྤྲིན་རྣམས་ནམ་མཁར་འཇོག་དུས་དང་། མཚོ་ནས་ཆུ་མིག་འདོན་སྐབས་དང་། 29རྒྱ་མཚོའི་ཆུ་ལ་གསུངས་གནང་བ། མཐོ་བར་འགྲོ་མི་རུང་བ་སོགས། བཀའ་ནི་གནང་སྐབས་ང་ནི་དེར་ཡོད། ཁོང་གིས་འཛམ་གླིང་གི་རྨང་གཞི་ཛུགས་དུས་ང་དེར་ཡོད་དོ། 30ང་ནི་ཁོང་གི་འགྲམ་དུ་ལག་ཤེས་མཁས་པ་ལྟར། ཉིན་དར་ཁོང་ལ་དགའ་བ་སྤྲད། ཁོང་དྲུང་རྟག་ཏུ་ང་ནི་དགའ་བདེར་གནས། 31འཛམ་གླིང་མཉམ་དུ་དགའ་ཞིག་མགུ། མི་རིགས་བརྒྱུད་ལ་དགའ་ཞིང་གནས། 32ད་ནི་ན་གཞོན་ནུ་ཚོ་ང་ལ་ཉོན། ང་ཡིས་སྨྲས་པ་ལྟར་གྱིས་ཤིག། དེ་ཡིས་ཁྱོད་ནི་དགའ་སྐྱིད་ལྡན། 33སློབ་སྟོན་ཇི་ལྟར་གྱིས་པར་ཉོན། ཤེས་རབ་དང་ནི་ལྡན་འགྱུར་ནས། དེ་ལ་སྣང་མེད་མ་བྱེད་ཅིག། 34ང་ལ་ཉན་ནས་ཉིན་རེ་བཞིན། ངའི་སྒོར་བསྡད་ཅིང་ངའི་ཁྱིམ་གྱི། འཛུལ་སྒོར་སྒུག་མཁན་མི་དེ་བདེ། 35ང་ལ་རྙེད་ན་མི་ཚེ་རྙེད། གཙོ་བོ་དཀོན་མཆོག་ཁོ་ལ་དགྱེད་པར་འགྱུར། 36ང་ལ་མི་རྙེད་མཁན་དེ་རང་ལ་གནོད། ང་ལ་སྡང་མཁན་འཆི་བར་བརྩེ་བའོ༎

ལེགས་བཤད 9

ཤེས་རབ་དང་གླེན་རྟགས།

1ཤེས་རབ་ཀྱིས་ཉིད་ཀྱི་ཁང་པ་བཟོས་ནས། དེ་ལ་ཀ་བ་བདུན་བཟོས་ཡོད། 2ཁོས་ཐུགས་སྤྲོའི་ཆེད་སེམས་ཅན་ཞིག་བསད་ཅིང་རྒུན་ཆང་དང་སྨན་སྣ་བསྲེས་ནས་རྒྱ་ལྕོག་གི་སྟེང་བཤམས་སོ། 3ཁོས་རང་གི་གཡོག་མོ་རྣམས་དེ་གྲོང་ཁྱེར་གྱི་ས་མཐོ་ཤོས་ནས་འབོད་པར་བཏང་ངོ་། 4མི་བློ་དམན་པ་རྣམས་ཚུར་ཤོག་ལ། གླེན་པ་རྣམས་ལ་མོས་སྨྲས་པ། 5ངའི་ཁ་ལ་ཟ་བ་དང་བསྲེས་པའི་རྒུན་ཆང་འཐུང་བར་ཤོག་ཅིག 6མི་བློ་དམན་པ་ཚོ་དང་འབྲལ་ལས་སྤངས་ནས་འཚོ་ཞིག ཡོན་ཏན་གྱི་ལམ་དུ་བྲངས་ཤིག། 7ཁྱོད་ཀྱིས་རང་མཐོང་ཅན་གྱི་སྐྱེ་བོར་བཅུན་པ་ཡིན་ན། ཁྱོད་ལ་ཚུར་དམའ་འབེབས་བྱེད་པར་འགྱུར། ཁྱོད་ཀྱིས་སྐྱེ་བོ་ངན་པ་ཞིག་ལ་ཁ་བརྡུང་བཏང་བ་ཡིན་ན། ཁྱོད་རང་རང་ཉིད་རྨས་པར་འགྱུར། 8རང་མཐོང་ཅན་གྱི་མི་ལ་ནམ་ཡང་མ་བཅུན་ཞིག ཁོས་ཁྱོད་ལ་སྡང་བར་བྱེད་དོ། འོན་ཀྱང་ཁྱོད་ཀྱིས་མི་ཤེས་རབ་ལྡན་པ་ཞིག་ལ་བཅུན་པ་ཡིན་ན། དེས་ཁྱོད་ལ་གུས་ཞབས་བྱེད་དོ། 9སྐྱེ་བོ་ཤེས་རབ་ལྡན་པ་ཞིག་ལ་ཁྱོད་ཀྱིས་བཤད་པ་རྣམས་ཀྱིས་ཁོ་ནི་དེ་བས་ཤེས་རབ་ཆེ་བར་འགྱུར། ཁྱོད་ཀྱིས་སྐྱེ་བོ་དྲང་ལྡན་ཞིག་ལ་ཇི་འདྲ་བཤད་པ་དེས་ཁོའི་ཡོན་ཏན་འཕེལ་བར་འགྱུར་རོ། 10ཤེས་རབ་ལྡན་པ་ཡོང་བ་བྱ་རྒྱུར་ཐོག་མར་གཙོ་བོ་དཀོན་མཆོག་གུས་ཞབས་བྱེད་དགོས། ཁྱོད་ཀྱིས་དམ་པ་མཆོག་དེ་ངོས་ཤེས་ཀྱི་ཡོད་ན་ཁྱོད་ལ་བློ་གྲོས་ཡོད་དོ། 11ཤེས་རབ་ཀྱིས་ཁྱོད་ཀྱི་མི་ཚེར་འཕེལ་བར་འགྱུར། 12ཁྱོད་ལ་ཤེས་རབ་ཡོད་པ་ཡིན་ན། ཁྱོད་ནི་མཁེ་བཟང་ཐོབ་མཁན་དེ་ཡིན། ཁྱོད་ཀྱིས་དེ་ལ་དང་ལེན་མ་བྱས་པ་ཡིན་ན། ཁྱོད་ནི་སྡུག་བསྔལ་མྱོང་མཁན་དེ་ཡིན་ནོ། 13གླེན་པ་ནི་སྐད་ཆེན་པོ་དང་བློ་དམན་པ་ངོ་ཚ་མེད་པའི་བུད་མེད་ལྟ་བུ་ཡིན། 14མོ་ནི་རང་གི་ཁང་པའི་སྒོར་བསྡད་པའམ། ཡང་ན་གྲོང་ཁྱེར་གྱི་ས་གནས་མཐོ་ཤོས་སུ་བསྡད་པ་དང་། 15མི་ཡར་མར་འགྲོ་མཁན་རང་གི་ལས་དོན་བྱ་མཁན་ཚོ་ལ་འབོད་པར་བྱེད་དོ། 16མི་བློ་དམན་པ་རྣམས་ཚུར་ཤོག་ལ། གླེན་པ་ལ་མོས་སྨྲས་པ། 17རྐུས་པའི་ཆུ་མངར་བ་ཡོད། རྐུས་པའི་བག་ལེབ་ཞིམ་པོ་ཡོད། 18མོའི་ཁྱིམ་དུ་འགྲོ་མཁན་ཚོ་ཤི་བ་དང། མོའི་ཁྱིམ་དུ་འཛུལ་ཚར་མཁན་རྣམས་ནི་འཆི་བའི་གླིང་དུ་སླེབས་ཚར་བ་མོའི་ལག་ཏུ་ཚུད་པ་རྣམས་ཀྱིས་མི་ཤེས་སོ༎

ལེགས་བཤད 10

སོ་ལོ་མོན་གྱི་ལེགས་བཤད་རྣམས།

1སོ་ལོ་མོན་གྱི་ལེགས་བཤད་ནི་འདི་ལྟར་ཡིན་ནོ། བུ་ཤེས་རབ་ཅན་ཞིག་གིས་རང་གི་ཕ་ལ་སྤོབས་པ་བྱེད་དགོས་པ་བཟོའོ། བུ་གླེན་པ་ཞིག་གིས་རང་གིས་རང་གི་མ་ལ་སྡུག་བསྔལ་འཁྱེར་རོ། 2དྲང་མིན་གྱི་ཐོག་ལེན་པའི་རྒྱུ་ནོར་གྱིས་ཁྱོད་ལ་ཕན་མི་ཐོག། འོན་ཀྱང་དྲང་བདེན་གྱིས་ཁྱོད་ཀྱི་སྲོག་སྐྱོབ་པར་བྱེད་དོ། 3གཙོ་བོ་དཀོན་མཆོག་གིས་སྐྱེ་བོ་བཟང་པོར་ལྟོགས་པར་འཇོག་པར་མི་གནང་བ་དང་། སྤྱོད་ངན་ཚོ་ལ་རང་གི་འདོད་པ་ལྟར་ཐོབ་རྒྱུར་འགག་བྱ་གནང་ངོ་། 4ལས་ཀར་ལེ་ལོ་བྱེད་པས་ཁྱོད་དབུལ་པོར་འགྱུར་ལ། ལས་ཀ་ཧུར་པོ་བྱས་པས་ཁྱོད་ཕྱུག་པོར་འགྱུར་བར་བྱེད་དོ། 5མི་སློ་བྲོས་ཅན་ཞིག་གིས་སྟོན་ཐོག་སྨིན་སྐབས་བསྡུ་བར་བྱེད་དོ། སྟོན་ཐོག་རྔ་བའི་སྐབས་སུ་གཉིད་ལོག་པ་དེ་ཞབས་འདྲེན་ཡིན་ནོ། 6མི་བཟང་པོ་ཞིག་ལ་བྱིན་རླབས་ཐོབ་པ་དང་། མི་ངན་པའི་གཏམ་ཚོ་དྲག་ཟིང་གི་རྣམ་པས་འགེབ་པར་བྱེད་དོ། 7མི་བཟང་པོ་ཚོ་ནི་བྱིན་རླབས་ལྟར་དྲན་པར་བྱེད་ལ། མི་ངན་པ་ཚོ་ནི་མགྱོགས་པོ་རྗེད་པར་བྱའོ། 8བློ་བྲོས་ཅན་མི་ཚོས་བསླབ་བྱ་བཟང་པོ་ལེན་པ་དང་། གླེན་པའི་གཏམ་སྨྲ་མཁན་གྱི་སྐྱེ་བོ་ཚོ་ཉམ་པར་འགྱུར་རོ། 9མི་དྲང་པོ་རྣམས་བདེ་པོ་དང་བརྟེན་པོ་ཡོད་ན་ཡང་། དྲང་མིན་རྣམས་ལྷུང་བར་འགྱུར། 10བདེན་པར་བཀབ་མཁན་ཚོས་དཀའ་ངལ་བཟོ་བ་དང་། སྐྱོན་བརྗོད་ལ་གསལ་པོར་བརྗོད་མཁན་ཚོ་ཞི་བདེའི་ཆེད་དུ་ལས་བྱེད་དོ། 11མི་བཟང་པོའི་གཏམ་རྣམས་སྲོག་གི་ཆུ་མིག་ཡིན་པ་དང་། མི་ངན་པའི་གཏམ་ཚོ་དྲག་ཟིང་གི་རྣམ་པས་འགེབ་པར་བྱེད་དོ། 12ཞེན་ལོག་གིས་འཁྲུག་རྩོད་བྱུང་བ་དང་། བརྩེ་བས་སྐྱོན་རྣམས་འགེབ་པར་བྱེད་དོ། 13རིགས་པ་དང་ལྡན་པ་ཚོས་དོན་ཡོད་ཀྱི་གཏམ་སྨྲ་བ་དང་། མི་གླེན་པ་ཚོར་ཉེས་པ་གཏོང་དགོས་སོ། 14ཤེས་རབ་ལྡན་པས་ཡོན་ཏན་གང་ཐུབ་ལེན་པར་བྱེད་པ་དང་། གླེན་པས་གཏམ་སྨྲ་སྐབས་རྙོག་ཕྲ་སློང་བ་ཐག་ཉེར་ཡོད། 15རྒྱུ་ནོར་གྱིས་ཕྱུག་པོར་སྐྱོབ་པ་དང་། དབུལ་ཕོངས་ཀྱིས་དབུལ་པོ་མེད་པར་བྱེད་དོ། 16བཟང་པོ་བྱས་པའི་བྱ་དགའ་སྲོག་ཡིན་ལ། སྡིག་པས་སྡིག་པ་འཕེལ་བར་བྱེད་དོ། 17ནོར་འཁྲུལ་བཅུན་པར་ཉན་མཁན་གྱི་མི་ཚོ་འཚོ་བར་འགྱུར། ནོར་འཁྲུལ་ལ་ངོས་ལེན་མི་བྱ་མཁན་ཚོ་ཉེན་ཁར་ཡོད་དོ། 18རང་གི་འཁོན་སེམས་བཀབ་མཁན་གྱི་སྐྱེ་བོ་དེ་ནི་རྫུན་ཅན་ཡིན་པ་དང་། འཆལ་གཏམ་སྤེལ་མཁན་དེ་ནི་གླེན་པ་ཡིན་ནོ། 19ཁྱོད་ཀྱིས་ཇི་ཙམ་མང་བ་བཤད་པས་སྡིག་པ་མང་བ་བཟོ་ཉེན་ཡོད། ཁྱོད་ཤེས་རབ་ལྡན་པ་ཡིན་ན་ཁུ་སིམ་མེར་སྡོད་ཅིག 20མི་བཟང་པོའི་གཏམ་རྣམས་དངུལ་སྤུས་ལེགས་ལྟར་ཡིན་ལ། མི་ངན་པའི་བསམ་བློ་ཕན་ཐོག་མེད་དོ། 21མི་བཟང་པོ་ཞིག་གི་གཏམ་གྱིས་མི་མང་པོར་ཕན་ཐོག་ཡོང་བ་དང་། འོན་ཀྱང་གླེན་རྟགས་གི་རང་ཉིད་ལ་གསོད་ཐུབ་བོ། 22གཙོ་བོ་དཀོན་མཆོག་གི་བྱིན་རླབས་ཀྱིས་ཁྱོད་ཕྱུག་པོར་འགྱུར་བ་ཡིན་པ་དང་། ལས་ཀ་ཧུར་པོ་བྱས་པས་དེ་ལས་ཕྱུག་པོ་བཟོ་མི་ཐུབ་བོ། 23ནོར་འཁྲུལ་བྱེད་ནས་ལོངས་སྤྱོད་པ་དེ་གླེན་པ་ཡིན། རིགས་པ་ལྡན་པའི་མི་ཚོས་ཤེས་རབ་ནས་དགའ་བ་ལེན་ནོ། 24དྲང་བདེན་ཚོ་ལ་འདོད་པ་ལྟར་ཐོབ་བོ། འོན་ཀྱང་ངན་པས་གང་ལ་འཇིགས་པ་དེ་ཐོབ་པར་འགྱུར་རོ། 25རླུང་འཚུབ་ཡོང་བ་དང་སྤྱོད་ངན་རྣམས་འཁྱེར་ཡང་། སྐྱེ་བོ་དྲང་བདེན་རྣམས་བརྟན་པོར་གནས་ཡོང་། 26ལེ་ལོ་ཅན་ལ་ཁྱོད་ཀྱི་ཆེད་དུ་རྩ་བ་ནས་ལས་གང་ཡང་བྱེད་དུ་མ་འཇུག་ཅིག དེ་ནི་སོ་ལ་སྐྱུར་ཙི་དང་མིག་ལ་དུ་བ་ལྟ་བུ་ཁོང་ཁྲོ་སློང་མཁན་དུ་འགྱུར་རོ། 27གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ན་ཁྱོད་ཚེ་རིང་པོར་འཚོའོ། སྤྱོད་ངན་རང་གི་དུས་ཚོད་ཀྱི་སྔོན་ལ་འཆི་བར་འགྱུར་རོ། 28མི་བཟང་པོའི་རེ་བས་དགའ་བདེར་སྣེ་འཁྲིད་བྱེད་ལ། སྐྱེ་བོ་ངན་པ་ཚོ་གང་ལ་ཡང་བལྟ་རྒྱུ་མེད་དོ། 29གཙོ་བོ་དཀོན་མཆོག་གིས་སྐྱེ་བོ་བཟང་པོ་ཚོར་སྐྱོབ་པར་མཛད་པ་དང་། ནོར་འཁྲུལ་བྱ་མཁན་ཚོ་ནི་འཇིགས་པར་མཛད་དོ། 30དྲང་བདེན་གྱི་སྐྱེ་བོ་ཚོར་རྟག་ཏུ་སྲུང་སྐྱོབ་ཡོད་པ་དང་། སྤྱོད་ངན་ཚོ་ཡུལ་དུ་འཚོ་བར་མི་འགྱུར་རོ། 31མི་དྲང་བདེན་ཚོས་ཤེས་རབ་སྨྲ་བ་དང་། ངན་པ་སྨྲ་མཁན་གྱི་ལྕེ་ནི་འགོག་པར་བྱེད་དོ། 32མི་དྲང་ལྡན་ཚོས་རྙིང་ཇེ་གཏམ་སྨྲ་དགོས་ཤེས་པ་དང་། འོན་ཀྱང་ངན་པ་ཚོས་རྟག་ཏུ་གནོད་པའི་གཏམ་བཤད་དོ༎

ལེགས་བཤད 11

1དྲང་པོ་མ་ཡིན་པའི་རྒྱ་མ་བེད་སྤྱོད་བྱ་མཁན་གྱི་མི་ལ་གཙོ་བོ་དཀོན་མཆོག་སྡང་བ་དང་། ཁོང་ནི་ལྗིད་ཚད་དྲང་པོ་ལ་མཉེས་པ་ཡིན་ནོ། 2སྤོབ་པ་ཅན་གྱི་མི་ཚོས་མགྱོགས་པོར་དམའ་འབེབས་བྱེད་པ་དང་། དམའ་ས་བཟུང་མཁན་ནི་ཤེས་རབ་དང་ལྡན་པ་ཡིན། 3ཁྱོད་བཟང་པོ་ཡིན་ན་དྲང་བདེན་གྱིས་ཁྱོད་ལ་ལམ་སྟོན་བྱེད་ཡོང་། བློས་མི་འཁེལ་བའི་མི་རྣམས་ནི་རང་གི་དྲང་མིན་གྱིས་འཇིགས་པར་བྱེད་དོ། 4ཁྱོད་འཆི་བ་དང་འཕྲད་སྐབས་སུ་རྒྱུ་ནོར་གྱིས་ཕན་མི་ཐོག། འོན་ཀྱང་དྲང་པོས་ཁྱོད་ཀྱི་སྲོག་སྐྱོབ་པར་བྱེད་དོ། 5དྲང་བདེན་གྱི་མི་བཟང་པོའི་མི་ཚེ་ལས་སླ་བ་བཟོ་བ་དང་། མི་ངན་པས་རང་རྒུད་པར་བྱེད་དོ། 6དྲང་བདེན་གྱི་མི་དྲང་པོ་སྐྱོབ་པར་བྱེད་དོ། འོན་ཀྱང་བློས་བཀལ་མི་ཐུབ་པའི་མི་འབའ་ཞིག་རང་ཉིད་ཀྱི་སེར་ནའི་རྙི་ནང་འཚུད་པར་བྱེད་དོ། 7མི་ངན་པ་འཆི་སྐབས་ཁོའི་རེ་བ་ཡང་འཆི་བར་འགྱུར། ནོར་ལ་བློས་བཀལ་བས་ཕན་མི་ཐོག་གོ། 8དྲང་བདེན་རྣམས་དཀའ་ངལ་ལས་སྐྱབས་ཡོད་པ་དང་། དེའི་ཚབ་ཏུ་དཀའ་ངལ་དེ་ངན་པར་ཕོག་པར་འགྱུར་རོ། 9དཀོན་མཆོག་ཡོད་པ་ཁས་མི་ལེན་མཁན་གྱི་མིའི་གཏམ་གྱིས་ཁྱོད་འཇིགས་པར་བྱེད་དོ། འོན་ཀྱང་དྲང་བདེན་གྱི་ཤེས་རབ་ཀྱིས་ཁྱོད་སྐྱབས་པར་བྱེད་དོ། 10མི་དྲང་པོ་ཚོ་དབང་ཐང་ཡག་པོ་ཡོད་སྐབས་གྲོང་ཁྱེར་ཞིག་དགའ་བདེར་འགྱུར་བ་དང་། མི་ངན་པ་འཆི་སྐབས་དགའ་བའི་སྐད་འབོད་བྱེད་དོ། 11མི་དྲང་པོ་ཚོས་བྱིན་རླབས་སྤྲད་སྐབས་གྲོང་ཁྱེར་ཞིག་བརླབས་ཆེན་དུ་འགྱུར་རོ། འོན་ཀྱང་མི་ངན་པའི་གཏམ་གྱིས་གྲོང་ཁྱེར་འཇིགས་པར་བྱེད་དོ། 12གཞན་ཚོར་བརྙས་བཅོས་ཀྱི་གཏམ་གླེང་བྱ་རྒྱུ་དེ་གླེན་པ་ཡིན་པ་དང་། ཁྱོད་རང་བསམ་ཤེས་ཡོད་ན་ཁྱོད་ཁ་རོག་དགོས་སོ། 13ཁབ་ལས་ཤོད་མཁན་མི་ལ་གསང་གཏམ་དེ་བློས་བཀལ་ནས་ཤོད་མི་ཐུབ་བོ། འོན་ཀྱང་ཡིད་ཆེས་ཅན་ལ་སྙིང་གཏམ་བློས་བཀལ་ཐུབ། 14རྒྱལ་ཁབ་ཞིག་ལ་ལམ་སྟོན་བྱ་མཁན་མེད་ན་རྒུད་པར་འགྱུར། སློབ་སྟོན་པ་མང་བ་དེ་སྲུང་སྐྱོབ་ཡིན་ནོ། 15ཁྱོད་ཀྱིས་ངོ་མི་ཤེས་པའི་མི་ཞིག་གི་བུ་ལོན་སྤྲོད་རྒྱུར་ཁས་ལེན་བྱས་པ་ཡིན་ན། ཁྱོད་འགྱོད་པ་སྐྱེས་པར་འགྱུར། ཁྱོད་ཀྱིས་དེ་དང་འབྲེལ་བ་མ་བྱས་པར་གནས་ཐུབ་ན་ཧ་ཅང་ལེགས་པ་ཡིན་ནོ། 16བཀའ་དྲིན་ཅན་བུད་མེད་ལ་གུས་ཞབས་བྱེད་དོ། འོན་ཀྱང་བུད་མེད་སྤྱོད་ལམ་བཟང་པོ་མེད་མཁན་དེ་ཞབས་འདྲེན་པ་ཡིན་ནོ། ལེ་ལོ་ཅན་གྱི་མི་ལ་དངུལ་ནམ་ཡང་མི་ཡོང་བ་དང་། འོན་ཀྱང་མི་ཨུ་ཚུགས་ཚ་པོ་ཕྱུག་པོར་འགྱུར་རོ། 17ཁྱོད་སྙིང་རྗེ་ཅན་ཡིན་ན་རང་ལ་ཕན་ཐོག་བྱེད་བཞིན་ཡོད་པ་དང་། ཁྱོད་སྡུག་རྩུབ་ཅན་ཡིན་ན་ཁྱོད་རང་ཉིད་ལ་གནོད་སྐྱོན་བཏང་བར་འགྱུར་རོ། 18མི་ངན་པ་ལ་དན་དམ་དུ་ཕན་ཐོག་གང་ཡང་ཐོབ་མི་ཡོང། འོན་ཀྱང་དྲང་བདེན་གྱིས་པ་ཡིན་ན། ཏན་ཏན་ཁྱོད་ལ་གསོལ་རས་ཐོབ་པར་འགྱུར། 19སུ་ཞིག་དྲང་པོ་བྱ་རྒྱུར་ཐག་ཆོད་བྱས་ན་འཚོ་བར་འགྱུར་རོ། འོན་ཀྱང་སུ་ཞིག་གིས་ནོར་འཁྲུལ་བྱ་རྒྱུར་ནན་བསྐུལ་བྱས་ན་འཆི་བར་འགྱུར། 20གཙོ་བོ་དཀོན་མཆོག་གིས་ངན་སེམས་ཡོད་མཁན་ཚོར་སྡང་བར་མཛད་པ་དང་། དྲང་པོ་བྱ་མཁན་ཚོར་ཐུགས་བརྩེ་བར་མཛད་དོ། 21སྐྱེ་བོ་ངན་པ་ཚོར་ཉེས་ཆད་གཏོང་རྒྱུར་ཁྱོད་རང་ཡིད་ཆེས་བྱེད་ཆོག འོན་ཀྱང་སྐྱེ་བོ་དྲང་ལྡན་ཚོ་ཐར་བར་འགྱུར་རོ། 22བློ་གྲོས་བཟང་པོ་མེད་པའི་བུད་མེད་ཀྱི་མཛེས་སྡུག་ནི། ཕག་པའི་སྣ་ལ་གསེར་གྱི་ཨ་ལོང་བཏག་པ་ལྟ་བུ་ཡིན་ནོ། 23མི་བཟང་པོ་ཚོས་འདོད་པའི་མཐའ་མ་དེ་འབྲས་བུ་རྟག་ཏུ་བཟང་པོ་བྱུང་བ་དང་། འོན་ཀྱང་ངན་པ་ཚོ་ལ་ཁོས་འདོད་པ་ལྟར་བྱུང་བ་ཡིན་ན། ཚང་མ་ཁྲོ་བར་འགྱུར་རོ། 24སྐྱེ་བོ་འགའ་ཞིག་གིས་དངུལ་འཕང་མེད་འགྲོ་སོང་བཏང་ན་ཡང་ད་དུང་ཕྱུག་པོར་འགྲོ་བཞིན་ཡོད། གཞན་ཚོས་སེར་སྣ་བྱས་ན་ཡང་ད་དུང་དབུལ་བར་འགྱུར། 25གཏོང་ཕོད་ཅན་གྱི་ཁྱོད་ལ་འཕེལ་རྒྱས་ཡོང་བ་དང་། གཞན་ལ་རོགས་གྱིས་པ་ཡིན་ན་ཁྱོད་ལ་ཡང་རོགས་ཐོབ་པར་འགྱུར་རོ། 26བཟའ་བཅའི་འབྲུ་གསོགས་འཇོག་གྱིས་རིང་གོང་མཐོ་པོའི་ཆེད་དུ་སྒུག་མཁན་ཚོ་ལ་མི་མང་གིས་དམོད་པར་བྱེད་དོ། འོན་ཀྱང་དེ་ཚོར་རྒྱུར་འདོན་མཁན་ཚོ་ལ་བསྟོད་པར་བྱེད་དོ། 27ཁྱོད་ཀྱི་དམིགས་ཡུལ་དེ་བཟང་པོ་ཡོན་ན་ཁྱོད་ལ་གུས་ཞབས་བྱེད་དོ། འོན་ཀྱང་ཁྱོད་ཀྱིས་དཀའ་ངལ་འཚོལ་བ་ཡིན་ན་ཁྱོད་ལ་དེ་ལྟར་ཐོབ་པར་འགྱུར། 28རང་གི་རྒྱུ་ནོར་ལ་བློས་འགེལ་མཁན་ཚོ་སྟོན་ཀའི་ལོ་མ་ལྟར་མར་ཟག་པར་འགྱུར། འོན་ཀྱང་དྲང་བདེན་རྣམས་ནི་དབྱར་གྱི་ལོ་མ་ལྟར་འཕེལ་རྒྱས་འགྲོའོ། 29རང་གི་ཁྱིམ་ལ་དཀའ་སྡུག་བཟོ་མཁན་དེ་ཚོ་མཐའ་མར་གང་ཡང་མེད་པར་འགྱུར། མི་གླེན་པ་ནི་རྟག་ཏུ་ཤེས་རབ་ལྡན་པའི་གཡོག་པོར་འགྱུར་རོ། 30དྲང་བདེན་གྱིས་སྲོག་བྱིན་ན་ཡང་དྲག་པོས་དེ་འཁྱེར་བར་བྱེད་དོ། 31བཟང་པོ་ཡིན་པ་ཚོར་ས་གཞིར་བྱ་དགའ་བྱིན་པ་དང་། དེ་བས་ན་ཁྱོད་ཀྱིས་ངན་པ་དང་སྡིག་ཅན་ལ་ཉེས་ཆད་གཏོང་རྒྱུ་ཡིན་པར་ངེས་གཏན་བྱོས་ཤིག།

ལེགས་བཤད 12

1ཡོན་ཏན་ལ་དགའ་མཁན་དེ་ཚོར་ནོར་འཁྲུལ་སྟོན་པ་དེ་འདོད་དོ། བཅུན་པ་ལ་མི་དགའ་བ་དེ་གླེན་པ་ཡིན་ནོ། 2གཙོ་བོ་དཀོན་མཆོག་ནི་སྐྱེ་བོ་བཟང་པོ་ཚོ་ལ་མཉེས་པ་དང་། འཆར་གཞི་ངན་པ་གཏིང་མཁན་ལ་ཁྲིམས་གཅོད་མཛད་དོ། 3ངན་སྤྱོད་ལ་སྲུང་སྐྱོབ་མེད་དོ། འོན་ཀྱང་མི་དྲང་ལྡན་ཚོ་ནི་བརྟན་པོར་ལངས་བར་བྱེད་དོ། 4ཆུང་མ་བཟང་པོ་ཞིག་ནི་མོའི་ཁྱོད་གའི་སྤོབས་པ་དང་དགའ་བ་ཡིན་ནོ། འོན་ཀྱང་བུད་མེད་རང་གི་ཁྱོ་ལ་ངོ་ཚ་བཟོ་མཁན་དེ་ཁོའི་རུས་པ་རུལ་བ་ལྟ་བུ་ཡིན་ནོ། 5མི་དྲང་པོ་ཚོས་ཁྱོད་ལ་ཚུལ་བཞིན་དུ་སྐྱོང་བ་དང་། མི་ངན་གྱིས་ཁྱོད་ལ་བསླུ་འཁྲིད་ཁོ་ན་བྱེད་དོ། 6མི་ངན་ཚོས་སྲོག་གཅོད་ཀྱི་གཏམ་སྨྲའོ། འོན་ཀྱང་དྲང་ལྡན་ཚོའི་གཏམ་གྱི་འཇིག་བསྐུལ་དེ་དེ་ཚོ་སྐྱོབ་པར་བྱེད་དོ། 7མི་ངན་ཚོར་ཉམས་རྒུད་ཕོབ་པ་དང་། དེ་ཚོའི་རིགས་རྒྱུད་ལྷག་པར་མི་འགྱུར། འོན་ཀྱང་དྲང་ལྡན་གྱི་ཁྱིམ་ཚང་ཚོ་འཚོ་བར་འགྱུར། 8ཁྱོད་ཤེས་རབ་དང་ལྡན་པ་ཡིན་ན་ཁྱོད་ལ་བསྟོད་པ་ཐོབ་པར་འགྱུར། ཁྱོད་གླེན་པ་ཡིན་ན་མི་མང་གིས་སྨད་པར་འགྱུར། 9མི་ཆེན་པོའི་ཆ་ལུགས་བྱེད་བཞིན་གྲོད་པ་ལྟོགས་པར་བསྡད་པ་ལས། མི་སྐྱུས་མས་རང་གི་འཚོ་བའི་ལས་དོན་བྱས་པ་ནི་ལེགས་པ་ཡིན་ནོ། 10མི་བཟང་པོ་ཞིག་གིས་རང་གི་སེམས་ཅན་ཚོ་ལ་བལྟ་རྟོགས་ཡག་པོ་བྱེད་དོ། འོན་ཀྱང་སྤྱོད་ངན་གྱིས་དེ་ཚོ་ལ་སྡུག་རྩུབ་གཏོང་ངོ་། 11ལས་ཀ་ཧུར་པོ་བྱ་མཁན་གྱི་ཞིང་པ་ཚོ་ལ་ཟ་རྒྱུ་མང་པོ་ཡོད་དོ། འོན་ཀྱང་ཕན་མེད་ཀྱི་འཆར་གཞི་ལ་དུས་ཚོད་ཆུ་ཟོས་གཏོང་མཁན་དེ་ནི་གླེན་པ་ཡིན་ནོ། 12མི་ངན་ཚོས་ངན་ལས་བྱ་རྒྱུ་འཚོལ་བཞིན་འགྲོ་བ་དང་། འོན་ཀྱང་དྲང་བདེན་རྣམས་བརྟེན་པོ་ལངས་བར་བྱེད་དོ། 13མི་ངན་ཞིག་རང་གི་གཏམ་གྱིས་རྙིད་ནང་ཚུད་པར་བྱེད་དོ། འོན་ཀྱང་མི་དྲང་པོ་ཞིག་གིས་རང་ཉིད་དཀའ་སྡུག་ལས་གྲོལ་བར་བྱེད་དོ། 14ཁྱོད་ཀྱི་རྔན་པ་ནི་ཁྱོད་ཀྱི་ཅི་བཤད་པ་དང་ཅི་བྱས་པར་རག་ལུས་ཡོད་པ་དང་། ཁྱོད་ལ་ག་རེ་འོས་པ་དེ་ཐོབ་པར་འགྱུར། 15གླེན་པ་ཚོས་རང་ཉིད་རྟག་ཏུ་བདེན་པ་ཡིན་བསམ་པ་དང་། སྐྱེ་བོ་ཤེས་རབ་ལྡན་པ་ཚོས་བསླབ་བྱར་ཉན་པར་བྱེད་དོ། 16གླེན་པ་ཞིག་ཁོང་ཁྲོད་ལངས་པ་ཡིན་ན། ཁོས་དེ་མགྱོགས་པོར་ཤེས་པར་བྱེད་དོ། བསམ་ཤེས་ཡོད་པའི་སྐྱེ་བོ་ཚོས་དམའ་འབེབས་ལ་བརྩི་མེད་བྱེད་དོ། 17ཁྱོད་ཀྱིས་བདེན་པ་ཤོད་སྐབས་དྲང་པོ་བྱས་པ་ཡིན་པ་དང་། འོན་ཀྱང་རྫུན་གྱིས་དྲང་པོ་མིན་པར་འཁྲིད་པར་བྱེད་དོ། 18བསམ་ཤེས་མེད་པའི་གཏམ་གྱིས་རལ་གྲི་ལྟར་གཏིང་རིང་པོ་རྨས་པར་བྱེད་དོ། འོན་ཀྱང་ཤེས་རབ་ལྡན་པའི་སྨྲས་པའི་གཏམ་གྱིས་གསོ་བར་བྱེད་དོ། 19རྫུན་ཤོད་མཁན་ཞིག་ལ་མི་ཚེ་ཐུང་ཐུང་ལས་མེད་པ་དང་། འོན་ཀྱང་བདེན་པ་ཤོད་མཁན་དེ་གཏན་དུ་གནས་པར་འགྱུར། 20འཆར་གཞི་ངན་པ་གཏིང་གཁན་དེ་ནི་རྐྱེན་ངན་ནང་ཚུད་པ་དང་འདྲའོ། འོན་ཀྱང་བཟང་པོའི་ཆེད་དུ་ལས་བྱེད་མཁན་ཚོ་ལ་དགའ་སྐྱིད་ཐོབ་བོ། 21དྲང་ལྡན་གྱི་སྐྱེ་བོ་ཚོ་ལ་རྐྱེན་ངན་གང་ཡང་མི་ཡོང་། འོན་ཀྱང་སྤྱོད་ངན་ལ་དཀའ་སྡུག་མ་གཏོགས་གང་ཡང་མི་ཡོང་། 22གཙོ་བོ་དཀོན་མཆོག་ནི་རྫུན་ཤད་མཁན་ལ་སྡང་བར་མཛད་པ་དང་། རང་གི་གཏན་དྲང་པོ་སྨྲ་མཁན་ཚོ་ལ་ཐུགས་དགྱེས་པར་འགྱུར། 23བསམ་ཤེས་ཡོད་པའི་སྐྱེ་བོ་ཚོས་རང་གི་ཤེས་པའི་སྐོར་ལ་བསྟོད་པར་མི་བྱེད་དོ། འོན་ཀྱང་སྐྱེ་བོ་གླེན་པ་ཚོས་རང་གི་རྨོངས་པ་ཁྱབ་སྒྲགས་བྱེད་དོ། 24བརྩོན་འགྲུས་ཀྱིས་ཁྱོད་ལ་འགོ་ཁྲིད་བཟོ་བ་དང་། ལེ་ལོས་ཁྱོད་ལ་ཚེ་གཡོགས་བཟོ་བར་བྱེད་དོ། 25སེམས་འཁྲལ་གྱིས་ཁྱོད་ཀྱི་དགའ་སྐྱིད་བཅོམ་པར་བྱེད་དོ། འོན་ཀྱང་བྱམས་བརྩེའི་གཏམ་གྱིས་དགའ་སྤྲོ་འཕེལ་ལོ། 26སྐྱེ་བོ་དྲང་ལྡན་ནི་རང་གི་གྲོགས་པོའི་ལམ་སྟོན་ཡིན། འོན་ཀྱང་སྤྱོད་ངན་གྱིས་ལམ་ལོག་ཏུ་འཁྲིད་དོ། 27ཁྱོད་ལེ་ལོ་ཅན་ཡིན་ན་ཁྱོད་ཀྱིས་དགོས་པ་དེ་མི་ཐོབ། འོན་ཀྱང་ཁྱོད་རང་ལས་ཀ་ཧུར་པོ་བྱེད་པ་ཡིན་ན་རྒྱུད་དངོས་མང་པོ་ཐོབ་པར་འགྱུར་རོ། 28དྲང་ལྡན་ནི་སྲོག་གི་ལམ་ཡིན་པ་དང་། སྤྱོད་ངན་ནི་འཆི་བའི་ལམ་ཡིན་ནོ༎

ལེགས་བཤད 13

1བུ་ཤེས་རབ་ཅན་ཞིག་གིས་རང་གི་ཕས་བཅུན་སྐབས་དེ་ལ་དོ་སྣང་བྱེད་དོ། འོན་ཀྱང་ངར་རྒྱལ་ཅན་གྱིས་ནོར་བ་ལ་ནམ་ཡང་ཁས་མི་ལེན་ནོ། 2མི་བཟང་པོས་ཇི་ལྟར་སྨྲས་པར་བྱ་དགའ་ཐོབ་པར་འགྱུར། འོན་ཀྱང་བསླུ་འཁྲིད་ཅན་ཚོ་ནི་དྲག་ལས་བྱེས་པར་ལྟོགས་ནས་བསྡད་དོ། 3ཁྱོད་ཀྱིས་གང་སྨྲས་པར་ཟབ་ཟབ་གྱིས་ལ་རང་གི་སྲོག་སྐྱོབ་ཅིག གང་བྱུང་སྣང་མེད་སྨྲ་མཁན་གྱིས་རང་ཉིད་འཇིག་པར་བྱེད་དོ། 4སྐྱེ་བོ་ལེ་ལོ་ཅན་ཞིག་གིས་ཇི་ལྟར་འདོད་པར་བྱས་ན་ཡང་། ཁོ་ལ་དེ་ནམ་ཡང་ཐོབ་པར་མི་འགྱུར། ལས་ཀ་ཧུར་པོ་བྱ་མཁན་ཞིག་ལ་ཁོས་འདོད་པ་རྣམས་ཐོབ་པར་འགྱུར། 5སྐྱེ་བོ་དྲང་པོ་ཚོས་རྫུན་ལ་སྡང་བར་བྱེད་དོ། འོན་ཀྱང་སྤྱོད་ངན་གྱི་གཏམ་རྣམས་ངོ་ཚ་དང་ཞབས་འདྲེན་ཡིན་ནོ། 6དྲང་བདེན་གྱིས་ཉེས་མེད་ལ་སྐྱོབ་པར་བྱེད་པ་དང་། ངན་སྤྱོད་གྱིས་སྡིག་ཅན་ཚོ་ལ་ཉམས་རྒུད་གཏོང་ངོ་། 7འགའ་ཤས་ཀྱིས་ཕྱུག་པོ་ཡིན་མདོག་མདོག་བྱས་པ་དང་། འོན་ཀྱང་ཁོ་ལ་གང་ཡང་མེད་དོ། གཞན་ཚོས་དབུལ་པོ་ཡིན་མདོག་མདོག་བྱས་པ་དང་། འོན་ཀྱང་ཁོ་ལ་རྒྱུ་ནོར་ཁྱོན་ཆེ་ཡོད་དོ། 8མི་ཕྱུག་པོ་ཞིག་གིས་རང་གི་སྲོག་སྐྱོབ་པའི་ཆེད་དུ་ནོར་ལ་བེད་སྤྱོད་བྱེད་དགོས། འོན་ཀྱང་སྐྱེ་བོ་དབུལ་པོ་ཞིག་ལ་སུས་ཀྱང་འཇིགས་སྣང་མི་བསྐུལ་ལོ། 9དྲང་བདེན་ནི་ཤིན་ཏུ་འཚེར་བའི་འོད་གསལ་པོ་ལྟར་ཡིན། མི་ངན་ནི་འཆི་གྲབ་ཡོད་པའི་ཞུ་མ་ལྟ་བུ་ཡིན། 10ངར་རྒྱལ་ཅན་གྱི་དཀའ་སྡུག་མ་གཏོག་གང་ཡང་མི་བཟོའོ། བསླབ་བྱ་ལེན་པ་ནི་ཤེས་རབ་དང་ལྡན་པ་ཡིན་ནོ། 11ལས་སླ་པོར་ཐོབ་པའི་ནོར་རྣམས་མགྱོགས་པོར་བརླག་པར་བྱེད་དོ། དཀའ་ལས་རྒྱབ་ནས་བསགས་པའི་ནོར་དེ་ད་དུང་འཕེལ་བར་བྱེད་དོ། 12རེ་བ་མེད་པར་འགྲོ་སྐབས་སེམས་ཀྱང་མེད་པར་འགྲོའོ། འོན་ཀྱང་བསམ་དོན་འགྲུབ་པས་ཁྱོད་ལ་དགའ་བ་བཀང་བར་བྱའོ། 13ཁྱོད་ཀྱིས་བསླབ་བྱ་བཟང་པོར་ངོས་ལེན་མ་བྱས་པ་ཡིན་། ཁྱོད་གྱིས་དཀའ་སྡུག་འབོད་བཞིན་ཡོད་དོ། བསླབ་བྱའིི་རྗེས་སུ་འཇུག་ན་ཁྱོད་བདེ་བར་གནས་ཡོང་། 14ཤེས་རབ་ཅན་གྱིི་བསློབ་སྟོན་དེ་སྲོག་གི་ཆུ་མིག་ལྟ་བུ་ཡིན་པ་དང་། ཁྱོད་ཀྱི་སྲོག་ལ་ཉེན་ཁ་ཡོད་སྐབས་དེས་ཁྱོད་ལ་སྲོག་ཐར་བར་བྱ་རྒྱུར་རོགས་བྱེད་དོ། 15ཤེས་རབ་ལ་གུས་ཞབས་ཐོབ་པ་དང་། འོན་ཀྱང་བློས་འགེལ་བྱེད་མི་འོས་པ་རྣམས་ནི་འཇིགས་པའི་ལམ་དུ་ཡོད་དོ། 16བསམ་ཤེས་ཡོད་པའི་སྐྱེ་བོ་ཚོས་ལས་བྱེད་པའི་སྔོན་དུ་རྟག་ཏུ་བསམ་བློ་གཏོང་བར་བྱའོ། འོན་ཀྱང་སྐྱེ་བོ་གླེན་པ་ཚོས་རང་ཉིད་ཀྱི་རྨོངས་པ་ཁྱབ་སྒྲགས་བྱེད་དོ། 17ཡིད་བརྟན་མེད་པའི་བང་ཆེན་གྱིས་དཀའ་སྡུག་བཟོ་བར་བྱེད་པ་དང་། བློས་འགེལ་འོས་པ་ཚོས་ཞི་བདེ་བྱིན་པར་བྱེད་དོ། 18མི་སྦྱངས་པར་མི་འདོད་མཁན་ཚོ་ནི་དབུལ་པོ་དང་ཞབས་འདྲེན་དུ་འགྱུར་བཅུན་པར་ཉན་མཁན་ཚོ་ལ་གུས་ཞབས་རྙེད་དོ། 19ཁྱོད་ཀྱི་བསམ་དོན་འགྲུབ་པ་དེ་ཧ་ཅང་ལེགས་པོ་ཡིན་ཀྱང་། སྐྱེ་བོ་གླེན་པ་ཚོས་ངན་པ་སྤོངས་རྒྱུར་ངོས་ལེན་མི་བྱེད་དོ། 20ཁྱོད་ཤོས་རབ་དང་ལྡན་པ་མཉམ་དུ་བསྡད་པ་ཡིན་ན། ཁྱོད་ཀྱང་ཤེས་རབ་དང་ལྡན་པར་འགྱུར་རོ། གླེན་པ་དང་མཉམ་དུ་གྲོགས་པོ་བྱས་པ་ཡིན་ན་ཁྱོད་འཇིགས་པར་འགྱུར་རོ། 21དཀའ་སྡུག་ནི་སྡིག་ཅན་ཚོའི་རྗེས་སུ་གང་སར་རྒྱུགས་པ་དང་། འོན་ཀྱང་སྐྱེ་བོ་དྲང་ལྡན་ཚོར་དངོས་པོ་བཟང་པོའི་གསོལ་རས་ཐོབ་བོ། 22མི་བཟང་པོ་ཞིག་ལ་རང་གི་ཚ་བོ་ཚ་མོ་འཇོག་པའི་རྒྱུ་ནོར་ཡོད་པ་དང་། འོན་ཀྱང་སྡིག་ཅན་གྱི་རྒྱུ་ནོར་དེ་མི་དྲང་ལྡན་ཚོ་ལ་ཐོབ་པར་འགྱུར་རོ། 23བེད་སྤྱོད་མ་བྱས་པའི་ས་ཞིང་ནས་དབུལ་པོའི་ཆེད་དུ་ཁ་ཟས་དཔག་མེད་ཐོབ་པ་དང་། འོན་ཀྱང་མནར་གཅོད་ཅན་གྱི་མི་ཚོས་དེ་ལ་ས་བོན་འདེབས་རྒྱུ་བཤོལ་བར་བྱེད་དོ། 24ཁྱོད་ཀྱིས་རང་གི་བུ་ལ་སྒྲིག་ལམ་གྱི་མ་བཅུན་པ་ཡིན་ན། ཁྱོད་ཀྱིས་ཁོ་ལ་བརྩེ་བ་མི་བྱེད་དོ། ཁྱོད་ཀྱིས་ཁོ་ལ་བརྩེ་བ་བྱེད་བཞིན་ཡོད་ན་ཁྱོད་ཀྱིས་ཁོ་ལ་བཅུན་པར་བྱེད་དོ། 25དྲང་བདེན་ལ་ཟ་རྒྱུ་ལྡང་བ་ཡོད་དོ། འོན་ཀྱང་མི་ངན་རྣམས་རྟག་ཏུ་ལྟོགས་པར་འགྱུར་རོ༎

ལེགས་བཤད 14

1ཤེས་རབ་ཅན་གྱི་བུད་མེད་ཀྱིས་རང་གི་ཁང་ཁྱིམ་བཟོས་ཡོང་། འོན་ཀྱང་བུད་མེད་བླུན་མོས་རང་གི་ལག་པས་མེད་པར་བཟོའོ། 2དྲང་པོས་གཙོ་བོ་དཀོན་མཆོག་ལ་འཇིགས་པ་དང་། དྲང་མིན་གྱིས་ཁོང་ལ་བརྙས་བར་བྱེད་དོ། 3གླེན་པ་ངར་རྒྱལ་ཅན་གྱིས་གཏམ་མང་པོ་མཛོད་པ་དང་། མི་ཤེས་རབ་ལྡན་པའི་གཏམ་གྱིས་ཁོ་རང་ཉིད་ལ་སྲུང་བར་བྱེད་དོ། 4བ་གླང་མེད་པས་རྨོན་པ་རྒྱབ་པས་འབྲུ་ཁང་སྟོངས་པར་འགྱུར། འོན་ཀྱང་རྨོན་པ་རྒྱབ་པར་བ་གླང་ཡོད་པ་ཡིན་ན་འབྲུས་ཁེངས་པར་འགྱུར། 5བློས་འཁེལ་བའིི་དཔང་པོས་རྟག་ཏུ་བདེན་པ་སྨྲ་བར་བྱེད་དོ། འོན་ཀྱང་བློས་མི་འཁེལ་བས་རྫུན་གཏམ་མ་གཏོགས་མི་ཤོད་དོ། 6ངར་རྒྱལ་ཅན་གྱི་མི་དེ་ནམ་ཡང་ཤེས་རབ་ལྡན་པ་མི་ཡོང་། འོན་ཀྱང་ཤེས་རབ་ལྡན་པས་མིས་ལས་སླ་པོར་སྦྱངས་བར་བྱེད་དོ། 7མི་གླེན་པ་ཚོ་ལས་ཐག་རིང་ཙམ་སྡོད་ཅིག་དང་། དེ་ཚོ་ནས་ཁྱོད་ལ་སློབ་སྟོན་བྱ་རྒྱུ་གང་ཡང་མེད་དོ། 8སྐྱེ་བོ་སྤྱང་པོ་ཚོ་ཤེས་རབ་ལྡན་པ་ཅི་ལྟར་བྱུང་བ་ཡིན་ནམ། གང་ལགས་ཟེར་ན། ཁོས་ཅི་བྱད་དགོས་ཤེས་ཀྱི་ཡོད་པ་དང་། སྐྱེ་བོ་གླེན་པ་ཚོ་ཅི་ལ་ལྐུག་པ་བྱུང་བ་ཡིན་ནམ། གང་ལགས་ཟེར་ན། ཁོས་རང་ཉིད་ཤེས་རབ་ཅན་ཡིན་པ་ཁོ་ནར་བསམ་བློ་གཏོང་བར་བྱེད་དོ། 9སྐྱེ་བོ་གླེན་པ་ཚོས་རང་གི་སྡིག་པ་གྱིས་པར་དོ་སྣང་མི་བྱེད་པ་དང་། སྐྱེ་བོ་བཟང་པོ་ཚོས་རང་སྡིག་པར་བཟོད་གསོལ་བྱེད་པར་འདོད་དོ། 10ཁྱོད་ཀྱི་དགའ་བ་དེ་རང་ཉིད་ཀྱི་ཡིན་པ་དང་། རང་གི་དཀའ་སྡུག་དེ་ནི་རང་ཉིད་ཀྱི་ཡིན་ནོ། སུས་ཀྱང་དེ་ཚོར་ཁྱོད་དང་བགོས་མི་ཐུབ་བོ། 11མི་ངན་པའི་ཁང་པ་འཇིག་པའི་རྗེས་སུ། མི་བཟང་པོའི་ཁང་པ་རྟག་ཏུ་གནས་པར་འགྱུར། 12ཁྱོད་ཀྱིས་ལམ་དྲང་བདེན་ཡིན་བསམ་པ་དེ་འཆི་བའི་ལམ་ལ་འཁྲིད་སྲིད་དོ། 13གད་མོ་ཤོར་བས་སེམས་སྐྱོ་བ་སྦས་ཐུབ་པ་དང་། འོན་ཀྱང་དགའ་སྐྱིད་རྫོགས་པ་རྗེས་སུ་རྟག་ཏུ་དེར་སྡུག་བསྔལ་ཡོད་དོ། 14ངན་པར་འོས་པའི་འབྲས་བུ་དེ་ཐོབ་པར་འགྱུར། མི་བཟང་པོ་ཚོའི་རང་ལས་ཀྱི་བྱ་དགའ་ཐོབ་པར་འགྱུར། 15གླེན་པ་ཞིག་གིས་གང་ཡིན་རུང་ཡིད་ཆེས་པ་དང་། བསམ་ཤེས་ཅན་གྱི་མིས་རང་གི་གོམ་བགྲོད་ལ་བརྟག་དཔྱད་བྱེད་དོ། 16མི་ཤེས་རབ་ལྡན་པས་དཀའ་སྡུག་ལས་ལོགས་སུ་སྡོད་རྒྱུར་ཟབ་ཟབ་བྱེད་དོ། འོན་ཀྱང་མི་གླེན་པ་དོ་སྣང་མེད་མཁན་ཡིན་པ་དང་། ཤིན་ཏུ་མགྱོགས་པོ་ལས་འགུལ་བྱེད་དོ། 17མི་སྣ་ཐུང་དེ་ཚོས་གླེན་པའི་བྱ་བ་བྱས་པ་དང་། མི་ཤེས་རབ་ལྡན་པ་ལྷིང་འཇགས་ངང་བསྡད་དོ། 18མི་རྨོངས་པ་ཚོར་དེ་ཚོའི་གླེན་པའི་ལས་ལ་འོས་པ་ཐོབ་པར་འགྱུར་རོ། འོན་ཀྱང་མི་སྤྱང་པོར་ཡོན་ཏན་གྱི་བྱ་དགའ་བྱིན་པར་བྱེད་དོ། 19མི་ངན་པ་དྲང་ལྡན་གྱི་མདུན་དུ་ཕྱག་འབུལ་ཞུ་དགོས་པ་དང་། ཉམ་ཆུང་ངང་དེ་ཚོའི་ཐུགས་རྗེ་ཆེད་དུ་ཞུ་འབོད་བྱ་དགོས་སོ། 20དབུལ་པོར་རང་གི་ཁྱིམ་མཚེས་དང་བཅས་པ་སུས་ཀྱང་མི་དགའ་བ་དང་། འོན་ཀྱང་ཕྱུག་པོར་གྲོགས་པོ་མང་པོ་ཡོད་དོ། 21ཁྱོད་ལ་དགའ་སྐྱིད་འདོད་ན་དབུལ་པོར་སྙིང་རྗེ་བྱེད་དགོས། སུ་ལ་ཡང་བརྙས་བཅོས་བྱ་རྒྱུ་དེ་ནི་སྡིག་པ་ཡིན་ནོ། 22ཁྱོད་ཀྱིས་བཟང་པོའི་ཆེད་དུ་ལས་ཀ་བྱས་པ་ཡིན་ན་ཁྱོད་ལ་གཞན་གྱི་ཡིད་ཆེས་དང་གུས་ཞབས་ཐོབ་པར་འགྱུར། ཁྱོད་ཀྱིས་ངན་པའི་ཆེད་དུ་ལས་ཀ་བྱེད་བཞིན་ཡོད་ན་ཁྱོད་ཀྱིས་དེ་ནི་ནོར་འཁྲུལ་བྱེད་བཞིན་ཡོད་དོ། 23ལས་ཀ་བྱས་ན་འཚོ་བ་སྐལ་ཐུབ་པ་དང་། ཁྱོད་ཀྱི་སྐད་ཆ་ཤོད་བཞིན་བསྡད་པ་ཡིན་ན་དབུལ་པོར་འགྱུར་རོ། 24མི་ཤེས་རབ་ཅན་ལ་རྒྱུ་ནོར་གྱི་བྱ་དགའ་ཐོབ་པ་དང་། འོན་ཀྱང་ལྐུག་པ་རྣམས་ནི་རང་གི་གླེན་རྟགས་ཀྱིས་ངོས་ཤེས་པར་འགྱུར་རོ། 25དཔང་པོ་ཞིག་གིས་དྲང་པོ་ཤོད་སྐབས་སྲོག་སྐྱོབ་པར་བྱེད་དོ། འོན་ཀྱང་ཁོས་རྫུན་ཤོད་སྐབས་མི་མང་ལ་བསླུ་བཞིན་ཡོད། 26གཙོ་བོ་དཀོན་མཆོག་ལ་གུས་ཞབས་ཞུས་པས་མི་ཞིག་དང་། དེའི་ཁྱིམ་ཚང་ལ་བློས་འགེལ་དང་སྲུང་སྐྱོབ་ཐོབ་བོ། 27ཁྱོད་འཆི་བ་ནས་ཐར་བར་འདོད་དམ། གཙོ་བོ་དཀོན་མཆོག་ལ་གུས་ཞབས་ཞུ་བ་ནི་མི་ཚེའི་ཆུ་མིག་ཡིན་ནོ། 28རྒྱལ་པོའི་རླབས་ཆེན་ནི་རྒྱལ་པོས་མི་མང་ཇི་ཙམ་ལ་དབང་བསྒྱུར་བྱེད་པར་རག་ལུས་ཡོད་པ་དང་། དེ་ཚོ་མེད་ན་ཁོང་ནི་གང་ཡང་མིན། 29ཁྱོད་ལྷིང་འཇག་ངང་གནས་པ་ཡིན་ན་ཤེས་རབ་དང་ལྡན་པ་ཡིན་ནོ། འོན་ཀྱང་སྣ་ཐུང་དང་རླུང་ལངས་པོ་ཡོད་པ་ཡིན་ན། ཁྱོད་ནི་གླེན་པ་ཅི་ཙམ་ཡིན་པ་བཏོན་བཞིན་ཡོད་དོ། 30སེམས་ཀྱི་ཞི་བདེས་གཟུགས་པོ་བདེ་བར་བཟོ་བ་དང་། འོན་ཀྱང་ཕྲག་དོག་གིས་རུས་པ་རུལ་བར་བྱེད་དོ། 31ཁྱོད་ཀྱིས་དབུལ་པོར་མནར་གཅོད་བཏང་བ་ཡིན་ན། ཁྱོད་ཀྱིས་དེ་ཚོ་བཟོ་མཁན་དཀོན་མཆོག་ལ་དམའ་འབེབས་བྱེད་བཞིན་ཡོད་དོ། འོན་ཀྱང་དབུལ་པོར་སྙིང་རྗེ་བྱས་པ་ནི་མཆོད་པའི་བྱ་ཞིག་ཡིན་ནོ། 32མི་ངན་རང་ཉིད་ཀྱི་བྱ་བ་ངན་པས་རང་ཉིད་རྒུད་པར་བྱེད་དོ། འོན་ཀྱང་མི་བཟང་པོ་རྣམས་དེ་ཚོའི་དྲང་བདེན་གྱི་མཐུས་སྐྱོབ་པར་བྱེད་དོ། 33མི་རིགས་པ་ཅན་རྣམས་གིས་བསམ་བློ་ཚང་མར་ཤེས་རབ་ལྡན་པ་ཡོད། འོན་ཀྱང་གླེན་པ་ཞིག་གིས་ཤེས་རབ་ཀྱི་སྐོར་ལ་གང་ཡང་མི་ཤེས་སོ། 34དྲང་བདེན་གྱིས་རྒྱལ་ཁབ་རླབས་ཆེན་བཟོ་བ་དང་། སྡིག་པ་ནི་རྒྱལ་ཁབ་ཇི་འདྲ་ཞིག་གི་ཀྱང་ཞབས་འདྲེན་ཡིན་ནོ། 35རྒྱལ་པོ་རྣམས་རང་གི་འབྱོན་སྟངས་ཅན་གྱི་ལས་བྱེད་པ་ཚོ་ལ་མཉེས་པར་འགྱུར་བ་དང་། འོན་ཀྱང་འབྱོན་སྟངས་མེད་མཁན་ཚོ་ལ་ཉེས་ཆད་གཏོང་བར་བྱའོ༎

ལེགས་བཤད 15

1ལན་འཇམ་པོ་ཞིག་གིས་ཁོང་ཁྲོ་ཞི་བར་བྱེད་པ་དང་། འོན་ཀྱང་ལན་རྩུབ་པོ་ཞིག་གིས་ཁོང་ཁྲོ་སླང་བར་བྱེད་དོ། 2མི་ཤེས་རབ་དང་ལྡན་པས་གཏམ་སྨྲ་སྐབས་དེས་ཡོན་ཏན་འཕེལ་བར་བྱེད་དོ། འོན་ཀྱང་གླེན་པས་དོན་མེད་ཀྱི་གཏམ་ཤུགས་ཀྱིས་འཐོན་པར་བྱེད་དོ། 3གཙོ་བོ་དཀོན་མཆོག་གིས་གང་སར་ཇི་བྱུང་བ་ཚང་མ་གཟིགས་པ་དང་། ཁོང་གིས་ང་ཚོས་བཟང་པོ་དང་ངན་པ་བྱས་པ་ཚང་མ་གཟིགས་བཞིན་ཡོད་དོ། 4སྙིང་རྗེའི་གཏམ་གྱིས་མི་ཚེ་བྱིན་པ་དང་། སྡུག་རྩུབ་ཅན་གྱི་གཏམ་གྱིས་ཁྱོད་ཀྱི་སེམས་སྐྱོ་པོ་བཟོའོ། 5ཁྱོད་ཀྱི་ཕས་སློབ་སྟོན་གང་གནང་བ་ལ་བརྩི་མེད་བྱ་རྒྱུ་དེ་གླེན་པ་ཡིན། བཅུན་པ་ལ་ཁས་ལེན་བྱ་རྒྱུ་དེ་ནི་ཤེས་རབ་དང་ལྡན་པ་ཡིན་ནོ། 6མི་དྲང་བདེན་གྱི་རང་གི་རྒྱུ་ནོར་ལ་བདག་པོ་བྱེད་པ་དང་། འོན་ཀྱང་མི་ངན་པ་ལ་དཀའ་སྡུག་བྱུང་སྐབས་དེ་ཚོའི་ནོར་ཚང་མ་བརླག་པར་བྱེད་དོ། 7ཤེས་རབ་ལྡན་པས་མིས་ཡོན་ཏན་སྤེལ་བར་བྱེད་པ་དང་། འོན་ཀྱང་གླེན་པས་དེ་ལྟར་མི་བྱེད་དོ། 8སྐྱེ་བོ་བཟང་པོས་སྨོན་ལམ་རྒྱབ་སྐབས་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། འོན་ཀྱང་མི་ངན་གྱིས་ཁོང་ལ་འཁྱེར་ཡོང་བའི་དམར་མཆོད་ལ་ཁོང་སྡང་བར་འགྱུར། 9གཙོ་བོ་དཀོན་མཆོག་མི་ངན་པ་ཚོའི་སྤྱོད་ལམ་ལ་སྡང་ངོ་། འོན་ཀྱང་དྲང་བདེན་བྱ་མཁན་ཚོ་ལ་ཁོང་གིས་བྱམས་པར་མཛད་དོ། 10ཁྱོད་ཀྱིས་ནོར་འཁྲུལ་བྱེད་པ་ཡིན་ན། ཁྱོད་ལ་ཉེས་ཆད་ཚབ་ཆེ་གཏོང་བར་འགྱུར། ཁྱོད་རང་ཉིད་ཀྱིས་བཅུན་པར་མ་ཉན་ན་ཁྱོད་འཆི་བར་འགྱུར་རོ། 11དམྱལ་མཁམས་ཀྱིས་ཀྱང་དེ་གའི་གཏམ་རྣམས་གཙོ་བོ་དཀོན་མཆོག་ནས་བཀག་མི་ཐུབ། དེ་བས་ན་མི་ཞིག་གིས་རང་གི་བསམ་བློ་དེ་དཀོན་མཆོག་ལས་ཇི་ལྟར་བཀག་ཐུབ་བམ། 12ང་རྒྱལ་ཅན་གྱི་སྐྱེ་བོས་བཅུན་པ་ལ་མི་དགའ་བ་དང་། དེ་ཚོས་ཤེས་རབ་ཆེ་བ་ཚོ་ལས་བསླབ་བྱ་ནམ་ཡང་མི་ལེན་ནོ། 13མི་ཚོ་དགའ་ན་འཛུམ་སྟོན་བྱེད་པ་དང་། འོན་ཀྱང་དེ་ཚོ་སྐྱོ་སྐབས་ཡིད་སྨུག་མཐོང། 14རིགས་པ་ཅན་གྱི་མི་རྣམས་ནི་སྦྱངས་འདོད་ཡོད། འོན་ཀྱང་མི་གླེན་པ་རྣམས་ནི་རྨོངས་པར་འཚིམ་པར་འགྱུར་རོ། 15དབུལ་པོའི་མི་ཚེ་དེ་བཞིན་གཏན་གྱི་འཐབ་རྩོད་ཞིག་ཡིན་པ་དང་། འོན་ཀྱང་དགའ་སྐྱིད་ལྡན་པའི་མི་ནི་རྟག་ཏུ་མི་ཚེར་དགའ་སྤྲོ་བྱེད་དོ། 16ཕྱུག་པོར་འགྱུར་ནས་དཀའ་སྡུག་ཅན་ནང་ཚུད་པ་ལས། དབུལ་ཞིང་གཙོ་བོ་དཀོན་མཆོག་ལ་འཇིགས་རྒྱུ་དེ་ནི་ལེགས་པ་ཡིན་ནོ། 17སྡང་པོས་ཁེངས་སར་ལེགས་ཤོས་ཤ་ཟ་བ་ལས། ཁྱོད་ཀྱིས་བརྩེ་བའི་མི་མཉམ་ངོ་ཚལ་ཟ་བ་དེ་ལེགས། 18རླུང་ལངས་པོས་རྩོད་པ་བཟོ་བ་དང་། འོན་ཀྱང་བཟོད་སེམས་ཅན་གྱིས་ཞི་བདེ་བྱིན། 19ལེ་ལོ་ཅན་ལ་གང་སར་དཀའ་ངལ་འཕྲད། འོན་ཀྱང་དྲང་ལྡན་ཅན་ལ་དཀའ་སྡུག་མི་འཕྲད་དོ། 20ཤེས་རབ་ལྡན་པའི་བུ་ཡི་རང་གི་ཕ་ལ་དགའ་བདེར་འཇོག། རང་གི་མ་ལ་བརྙས་བཅོས་བྱེད་མཁན་དེ་གླེན་པ་ཡིན། 21སྐྱེ་བོ་གླེན་པ་ཚོ་ཡིས་རང་གི་གླེན་སྤྱོད་དེ་ལ་དགའ། འོན་ཀྱང་ཤེས་རབ་ལྡན་པས་དྲང་པོ་ཇི་ཡིན་བྱེད་པར་འགྱུར། 22བསླབ་བྱ་ཇི་ཡོད་ལེན་ན་ཁྱོད་ལ་ལམ་ལྷོང་ཡོང་། བསླབ་བྱ་མེད་ན་བསམ་དོན་གྲུབ་མི་ཡོང་། 23འོས་པའི་དུས་སུ་འོས་པའི་གཏམ་ཚིག་རྙེད་པ་དེར། དགའ་བ་ཧ་ཅང་ཆེན་པོ་ཡོད་དོ། 24ཤེས་རབ་ལྡན་པའི་མི་ཚོ་ཡར་ཕྱོགས་སུ་འགྲོ་བའི་ལམ་འགྲོ་བ་ལས། མར་ཕྱོགས་སུ་འཆི་བའི་ལམ་དུ་འཁྲིད་སར་མི་འགྲོའོ། 25སྐྱེ་བོ་ང་རྒྱལ་ཅན་ཚོའི་ཁྱིམ་རྣམས་ནི། གཙོ་བོ་དཀོན་མཆོག་ཁོང་གིས་འཇིགས་པར་མཛད། འོན་ཀྱང་ཡུག་མོའི་རྒྱུ་ནོར་སྐྱབས་པར་མཛད། 26གཙོ་བོ་དཀོན་མཆོག་ཁོང་གིས་བསམ་བློ་ངན་པར་སྡང་། འོན་ཀྱང་མཛའ་བརྩེའི་གཏམ་ལ་ཁོང་ཐུགས་མཉེས། 27ཁྱོད་ཀྱིས་དྲང་མིན་མཁེ་སང་ལེན་པར་ཐབས་བྱས་ན་ཁྱོད་ཀྱི་ཁྱིམ་ཚང་དཀའ་སྡུག་ངང་དུ་འཚུད། ལྐོག་རྔན་མ་ལངས་ཁྱོད་ནི་ཚེ་རིང་གནས་པར་འགྱུར། 28བཟང་པོའི་མི་ཚོས་ལན་འདེབས་སྔོན་དུ་བསམ་བློ་བཏང་། ངན་པ་ཚོས་ལན་མགྱོགས་པོ་སྤྲད་ན་ཡང་དེས་དཀའ་སྡུག་བཟོའོ། 29བཟང་པོའི་མི་ཚོས་སྨོན་ལམ་བཏབ་པ་དེ། གཙོ་བོདཀོན་མཆོག་ཁོང་གིས་གསན་པར་མཛད། འོན་ཀྱང་ཁོང་གིས་ངན་པར་སྣང་མེད་མཛད། 30དགའ་ངོམ་ཅན་གྱི་གདོང་པས་ཁྱོད་ནི་དགའ་བར་བྱེད། འཕྲིན་བཟང་གི་ཁྱོད་བློ་བདེ་བར་བཟོའོ། 31ཁྱོད་ལ་བཅུན་སྐབས་དོ་སྣང་བྱས་པས་ན། ཁྱོད་ཤེས་རབ་དང་ལྡན་པ་ཡིན། 32ཁྱོད་ཀྱིས་སྦྱོང་རྒྱུར་ཁས་ལེན་མ་བྱས་པ་ཡིན་ན། ཁྱོད་ཀྱིས་རང་ལ་རྨས་བཞིན་ཡོད། ཁྱོད་ལ་བཅུན་པར་ངོས་ལེན་བྱས་པས་ན། ཁྱོད་ཤེས་རབ་ཅན་དང་ལྡན་པར་འགྱུར། 33གཙོ་བོ་དཀོན་མཆོག་ལ་མོས་གུས་ཞུ་བ་དེ་ནི་སློབ་སྦྱོང་ཞིག་ཡིན་ནོ། ཁྱོད་ལ་གུས་བཀུར་ཐོབ་པའི་སྔོན་དུ་ཁྱོད་རང་ཉམ་ཆུང་བྱ་དགོས་སོ༎

ལེགས་བཤད 16

1ང་ཚོས་རང་གི་འཆར་གཞི་བཟོས་ན་ཡང་། མཐའ་མའི་ཐག་གཅོད་དེ་ནི་དཀོན་མཆོག་ཁོང་གི་ཡིན། 2ཁྱོད་ཀྱིས་བསམ་བློར་གང་བྱས་ཚང་མ་དྲང་པོ་ཡིན་བསམ་ཡང་། གཙོ་བོ་དཀོན་མཆོག་ཁོང་གིས་ཁྱོད་ཀྱི་དམིགས་ཡུལ་དེ་ལ་ཞིབ་དཔྱོད་གནང། 3ཁྱོད་ཀྱི་འཆར་གཞིར་གཙོ་བོ་དཀོན་མཆོག་ལ། བྱིན་རླབས་གནང་བའི་འབོད་བསྐུལ་ཞུས་པས་ན། དེ་ཚོ་སྒྲུབ་རྒྱུར་ཁྱོད་ལ་ལམ་ལྷོང་ཡོང་། 4གཙོ་བོ་དཀོན་མཆོག་ཁོང་གིས་རང་གི་དམིག་ཡུལ་ཆེད་དུ་ཚང་མ་མཛད། ངན་པ་ལ་ཡང་འཇིགས་པའི་ཉིན་གྱི་ཆེད་དུ་འཛོག་གནང་ཡོད། 5གཙོ་བོ་དཀོན་མཆོག་ཁོང་གིས་ང་རྒྱལ་ཅན་ཚོར་སྡང་བར་མཛད། ཁོང་གིས་དེ་ཚོ་ཉེས་ཆད་ལས་ཐར་དུ་མི་འཇུག་གོ། 6ཤ་ཤེན་ཅན་དང་དམ་ཚིག་གཙང་མ་གྱིས་པ་ཡིན་ན། དཀོན་མཆོག་ཁོང་གིས་ཁྱོད་ཀྱི་སྡིག་པར་བཟོད་གསོལ་གནང་། གཙོ་བོ་དཀོན་མཆོག་ཁོང་གི་བཀའ་ལ་ཉོན་ཞིག་དང་། ཁྱོད་ལ་ངན་པ་ལ་སོགས་གང་ཡང་མི་ཡོང་ངོ། 7གཙོ་བོ་དཀོན་མཆོག་ཁོང་ལ་ཐུགས་མཉེས་པར་བྱོས་ཞིག ཁྱོད་ཀྱི་དགྲ་རྣམས་ཁྱོད་ཀྱི་གྲོགས་པོར་འགྱུར། 8དྲང་མིན་གྱིས་ཐོབ་པའི་ཡོང་སྒོ་ཆེན་པོ་ལས། དྲང་པོའི་སྒོ་ནས་བསགས་པའི་ཉུང་ཉུང་དེ་ནི་ལེགས་པ་ཡིན། 9ཁྱོད་རང་ཉིད་ཀྱི་འཆར་གཞི་བཟོས་ན་ཡང་། ཁྱོད་ཀྱི་བྱ་བར་དཀོན་མཆོག་ཁོང་གི་ལམ་སྟོན་མཛད། 10རྒྱལ་པོ་དམ་པའི་སྐུ་དབང་ཐོག་ནས་བཀའ་གནང་བ། ཁོང་གི་ཐག་ཆོད་རྣམས་ནི་རྟག་ཏུ་བདེན་པ་ཡིན། 11གཙོ་བོ་དཀོན་མཆོག་ཁོང་གིས་ལྗིད་ཚད་དྲང་པོ་དང་། ཚོང་ཟོག་ཚང་མ་ཁྲིམས་དྲང་ཐོག་ནས་ཙོང་བ་ཐུགས་དགོངས་ཡོད། 12རྒྱལ་པོ་ཚོས་ངན་ལས་ལ་བཟོད་སྲན་བྱེད་མི་ཐུབ། གང་ལགས་ཟེར་ན་ཁྲིམས་དྲང་པོས་གཞུང་དེ་བརྟན་པོར་གནས་ཐུབ་བོ། 13རྒྱལ་པོས་བདེན་པ་ཡིན་པ་ལ་ཉན་འདོད་ཡོད་པ་དང་། བདེན་པ་བརྗོད་མཁན་དེ་ལ་ཁོང་གིས་ཐུགས་རྗེ་གནང། 14ཤེས་རབ་ཅན་གྱི་མིས་རྒྱལ་པོ་ལ། དགའ་སྐྱིད་ངང་དུ་འཇོག་ཐབས་བྱེད་པ་དང་། རྒྱལ་པོ་ཁྲོ་བས་སུ་ཞིག་འཆི་སྲིད་དོ། 15རྒྱལ་པོའི་ཐུགས་རྗེ་དེ་དཔྱིད་ཀར་ཆར་ཆུ་འཁྱེར་ནས་ཡོང་མཁན་སྤྲིན་ལྟར་ཡིན་ཅིང། དེ་ལ་སྲོག་ཡོད། 16གསེར་དང་དངུལ་ཡོད་པ་ལས་ཤེས་རབ་དང་ཡོན་ཏན་ཡོད་པ་ཧ་ཅང་ལེགས་སོ། 17བཟང་པོ་ཚོ་ནི་ངན་པ་སྤངས་པའི་ལམ་དུ་འགྲུལ་ལོ། ཁྱོད་གང་དུ་འགྲོ་གི་ཡོད་མེད་ལྟོས་ཤིག། དེས་ཁྱོད་ཀྱི་སྲོག་སྐྱོབ་སྲིད་དོ། 18ང་རྒྱལ་གྱིས་འཇིགས་པའི་ལམ་དུ་འཁྲིད། སྤོབ་པ་ཆེན་པོས་རྒུད་པའི་ལམ་དུ་འཁྲིད། 19ང་རྒྱལ་ཅན་དང་མཐུན་ནས་བཅོམ་ནོར་བགོ་ནས་སྐལ་བ་ཐོབ་པ་ལས། ཉམ་ཆུང་བྱས་ནས་དབུལ་པོར་གནས་པ་ལེགས་པ་ཡིན། 20ཁྱོད་ལ་སློབ་སྟོན་བྱས་པར་དོ་སྣང་བྱས་པ་ཡིན་ན། ཁྱོད་ལ་བྱ་བ་ལམ་འགྲོ་ཡོང་། གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ན་ཁྱོད་ལ་དགའ་སྐྱིད་ཐོབ་ཡོང་། 21ཤེས་རབ་ཅན་དང་ལོ་ན་རྒས་པོ་ལ་ཁོ་ཡི་དྲེན་དབང་དེ་ཡིས་ངོ་ཤེས་ཡོང་། ཁོ་ཡི་གཏམ་རྣམས་ཇི་ལྟར་མཛེས་པ་དང་། ཁོ་ནི་ཧ་ཅང་འབོད་བསྐུལ་ཅན་ཡིན་ནོ། 22ཤེས་རབ་ནི་སྲོག་གུ་ཆུ་མིག་ཡིན་ན་ཡང་། གླེན་པར་སློབ་སྦྱོངས་སྤྲོད་རྒྱུར་ནི་དུས་ཚོད་ཆུད་ཟོས་ཡིན། 23རིགས་པ་ལྡན་པ་མི་ཚོས་སྨྲ་བའི་སྔོན་ལ་བསམ་བློ་གཏོང་བ་དང་། དེའི་རྐྱེན་དེ་ཚོས་བརྗོད་པ་རྣམས་ཧ་ཅང་འབོད་བསྐུལ་ཅན་ཡིན་ནོ། 24བྱམས་བརྩེའི་གཏམ་ནི་སྦྲང་རྩི་ལྟར་སྲོག་གི་ཆེད་དུ་མངར་བ་དང་། ཁྱོད་ཀྱི་འཕྲོད་རྟེན་ཆེད་དུ་ལེགས་པ་ཡིན་ནོ། 25ཁྱོད་ཀྱིས་བདེན་པ་ཡིན་བསམ་པའི་ལམ་གྱིས་འཆི་བའི་ལམ་དུ་འཁྲིད་སྲིད་དོ། 26ངལ་རྩོལ་ཅན་གྱི་གྲོད་པས་ཁོ་ལ་ཧུར་པོ་བཟོོ། གང་ལགས་ཟེར་ན། ཁོའི་ལྟོགས་པ་དེ་འཚིམ་པར་བྱ་འདོད་ཡོད་དོ། 27སྐྱེ་བོ་ངན་པ་ཚོས་གཞན་ལ་གནོད་པ་སྐྱེལ་རྒྱུ་འཚོལ་བཞིན་ཡོད་པ་དང་། དེ་ཚོའི་གཏམ་ལ་ཡང་ངན་པ་ཁོ་ན་ཡོད། 28མི་ངན་ཚོ་ཡིས་ཆོ་མེད་གཏམ་རྣམས་སྤེལ་བར་བྱེད། དེ་ཚོས་དཀའ་སྡུག་སློང་ཞིང་གྲོགས་པོའི་འབྲེལ་བ་རྣམས་ནི་སྟོར། 29མི་ངན་ཚོ་ཡིས་རང་གི་གྲོགས་པོོར་བསླུ་འཁྲིད་བྱེད། དེ་ཚོར་རྐྱེན་ངན་ནང་དུ་འཁྲིད་པར་བྱེད། 30ཁ་ཚེག་ཚེག་བྱ་མཁན་དང་མིག་འཚུམ་རྒྱབ་མཁན་ཚོར་དོག་ཟོན་གྱིས་ཤིག དེ་ཚོ་ལ་ངན་སེམས་ཡོད་དོ། 31ཚེ་རིང་པོ་དེ་དྲང་བདེན་གྱི་བྱ་དགའ་ཡིན། སྐྲ་དཀའ་ནི་ཅོད་པན་གྱི་གཟི་བརྗིད་ཡིན་ནོ། 32བཟོད་སྲན་བྱ་རྒྱུ་དེ་སྟོབས་ཤུགས་ཅན་ལས་ལེགས་པ་ཡིན། གྲོང་ཁྱེར་ཡོངས་རྫོགས་དབང་བསྒྱུར་བྱེད་པ་ལས་རང་གིས་རང་ལ་དབང་བསྒུར་བྱེད་པ་ལེགས་པ་ཡིན། 33དཀོན་མཆོག་གི་དགོངས་པ་ཤེས་ཐབས་སུ་མི་ཡིས་མོ་རྒྱབ་པ་དང་། འོན་ཀྱང་དཀོན་མཆོག་ཉིད་ཀྱིས་དེའི་ལན་ཐག་ཆོད་གནང་ངོ་༎

ལེགས་བཤད 17

1རྙོག་ཁྲས་ཁེངས་པའི་ཁང་པའི་ནང་གི་གསོལ་སྟོན་ཟ་བ་ལས། སེམས་ནང་ཞི་བདེའི་ངང་བག་ལེབ་སྐམ་པོ་ཟ་བ་ལེགས་པ་ཡིན། 2སྦྱིན་བདག་གི་བུ་ཕན་མེད་དེ་ཐོག་གཡོག་པོ་དྲུང་པོ་ཞིག་ལ་དབང་ཆ་ཐོབ་པ་དང་ཁོ་ལ་ནོར་སྐལ་རྒྱི་ཆ་ཤས་ཐོབ་པར་འགྱུར་རོ། 3གསེར་དངུལ་ལ་མེས་རྟགས་དཔྱད་བྱེད་པ་ལྟར ་མིའི་སེམས་ལ་གཙོ་བོ་དཀོན་མཆོག་གིས་རྟགས་དཔྱད་གནང་ངོ་། 4མི་ངན་རྣམས་ཀྱི་བསམ་འཆར་ངན་པར་ཉན་པ་དང་། རྫུན་ཤོད་མཁན་གྱིས་རྫུན་གྱི་གཏམ་ལ་ཉན། 5ཁྱོད་ཀྱིས་དབུལ་པོར་གད་མོ་ཤོར་བ་ཡིན་ན། དེ་ཚོར་བཀོད་མཁན་དཀོན་མཆོག་ཁོང་ལ་དམའ་འབེབས་བྱེད་བཞིན་ཡོད། སུ་ཞིག་གི་སྡུག་བསྔལ་ལ་དགའ་བ་བྱེད་པ་ཡིན་ན། ཁྱོད་ལ་ཆད་པ་གཏོང་བར་འགྱུར། 6ཕྲུ་གུ་ཚོས་རང་གི་ཕ་མ་ཚོར་སྤོབས་པ་བྱེད་པ་ལྟར། རྒས་པོ་ཚོས་རང་གི་ཚ་བོ་ཚ་མོ་ཚོར་སྤོབས་པ་བྱེད་དོ། 7གུས་ཞབས་ཅན་གྱི་མི་ཚོས་རྫུན་གཏམ་མི་ཤོད་དོ། གླེན་པ་ཚོ་ལ་དོན་གནད་ཡོད་པའི་སྐད་ཆ་གང་ཡང་ཤོད་རྒྱུད་མེད། 8ལྐོག་རྔན་གྱི་ལས་ཚང་མ་རྫུ་འཁྲུལ་ལྟར་བྱེད་བཞིན་ཡོད་པ་དང་། དེ་ལས་ལས་ཚང་མ་ལམ་ལྷོང་ཡོང་ཟེར་མི་འགའ་ཤས་ཀྱིས་བསམ་བཞིན་ཡོད། 9མི་ཡིས་ཁྱོད་ལ་དགའ་བར་བྱ་འདོད་ན། དེ་ཚོས་ནོར་འཁྲུལ་བྱ་སྐབས་བཟོད་གསོལ་བྱོས། ནོར་འཁྲུལ་དེ་ལ་བསམ་ནས་བསྡད་པ་ཡིན་ན། གྲོགས་པོའི་འབྲེལ་བ་དེ་ཆད་པར་འགྱུར། 10གླེན་པ་ཞིག་ལ་ཐེངས་བརྒྱ་ཐམ་པ་ཉེས་བརྡུང་བཏང་ན་ཡང་སྦྱངས་མི་ཐུབ། མི་རིགས་པ་སྤྱང་པོ་ཞིག་ལ་གཤེ་གཤེ་ཐེངས་གཅིག་བཏང་ན་ལྷག་པར་སྦྱངས་པར་བྱེད་དོ། 11མི་ངན་རྟག་ཏུ་རྙོག་ཁྲ་སློང་མཁན་ལ། སྡུག་རྩུབ་ཅན་གྱི་བང་ཆེན་བཞིན་དུ་འཆི་བ་སླེབས། 12གླེན་པའི་འཆར་གཞི་ཡོད་མཁན་གླེན་པར་འཕྲད་པ་ལས། དོམ་ཕྲུག་ཤོར་བའི་དོམ་མ་དང་འཕྲད་པ་ལེགས་སོ། 13ཁྱོད་ཀྱིས་བཟང་ལན་ངན་པས་འཇལ་བ་ཡིན་ན། ཁྱོད་ཀྱི་ཁྱིམ་ནས་ངན་པ་ནམ་ཡང་འདེད་མི་ཐུབ་བོ། 14འཁྲུགས་པ་འགོ་ཚུགས་པ་དེ་ཆུ་རགས་གིས་སེར་ཁ་གས་པ་ལྟ་བུ་ཡིན་ནོ། གས་པ་དེ་ཆེ་རུ་འགྲོ་བའི་སྔོན་མཚམས་འཇོག་གྱིས་དགོས་སོ། 15སྣོང་མེད་ལ་ཁྲིམས་གཅོད་བྱེད་པ་དང་། སྤྱོད་ངན་ལ་གློད་བཀྲོལ་བཏང་བ་གཉིས་ཀར་གཙོ་བོ་དཀོན་མཆོག་གིས་སྡང་བར་མཛད་དོ། 16གླེན་པ་ཞིག་གིས་སློབ་སྦྱོང་ལ་དངུལ་འགྲོ་སོང་བཏང་བ་ཕན་མི་ཐོག། གང་ལགས་ཟེར་ན། ཁོ་ལ་སྤྱིར་ལྟངས་ཀྱི་ཤེས་བྱ་མེད་དོ། 17གྲོགས་པོ་ཚོས་རྟག་ཏུ་བརྩེ་བ་བསྟོན་པ་དང་། སྤུན་ཚོས་དཀའ་སྡུག་སྐབས་སུ་ཕན་ཐོག་བྱེད་ཡོང་། 18མི་བསམ་ཤེས་མེད་པ་གཅིག་པུས་གཞན་གྱི་བུ་ལོན་ལ་འགན་ལེན་བྱེད་དོ། 19སྡིག་པར་དགའ་བ་དེས་སྡུག་བསྔལ་བཟོ་རྒྱུར་དགའ་བ་ཡིན། ཁྱོད་ཀྱིས་རྟག་ཏུ་འབོར་ཤོད་བཤད་པ་དེས་ཁྱོད་ཀྱིས་དཀའ་སྡུག་འབོད་བཞིན་ཡོད། 20ངན་པ་བསམ་ཞིང་ངན་པ་སྨྲ་མཁན་གྱིས་རྐྱེན་ངན་མ་གཏོགས་གཞན་བཟང་པོ་གང་ཡང་མི་ཐོབ་བོ། 21བུ་གླེན་པའི་བྱ་བ་བྱེད་མཁན་གྱིས་རང་གི་ཕ་མ་ལ་བློ་ཕམ་དང་སྡུག་བསྔལ་མ་གཏོགས་གང་ཡང་མི་སྤྲད་དོ། 22སྐྱིད་ཉམས་དོད་པོར་གནས་པས་ཁྱོད་བདེ་ཐང་ངང་འཇོག། རྟག་ཏུ་ཡིད་མུག་པའི་སེམས་ཀྱིས་དལ་པོར་འཆི་བ་འཁྱེར་ཡོང། 23ཁྲིམས་དཔོན་དྲང་མིན་གྱིས་གསང་བའི་ལྐོག་རྔན་ལེན་པ་དང་དེས་དྲང་པོ་མི་བྱེད་དོ། 24མི་རིགས་པ་སྤྱང་པོ་ཞིག་གིས་ཤེས་རབ་ཀྱི་བྱ་བར་དམིགས་པར་བྱེད་པ་དང་། འོན་ཀྱང་གླེན་པ་ཞིག་གིས་ཕྱོགས་མང་པོར་འགོ་འཛུག་གོ 25ཕྲུ་གུ་གླེན་པ་ཚོས་རང་ཕ་ལ་དཀའ་ངལ་སྤྲད་པ་དང་། མ་ལ་ཧ་ཅང་བློ་ཕམ་ཆེན་པོ་སྤྲད་དོ། 26མི་སྣོང་མེད་ཞིག་ལ་རྒུན་ཚབ་མཛལ་བཅུག་རྒྱུ་དེ་དྲང་པོ་མ་ཡིན། མི་བཟང་པོར་ཉེས་ཆད་བཏང་བ་ཡིན་ན། ཁྲིམས་བཅོད་ལོག་པར་གྱིས་པ་ཡིན་ནོ། 27ཤེས་རབས་ལྡན་པའི་མི་ཞིག་དུས་རྟག་ཏུ་གཏམ་གླེང་མི་བྱེད་དོ། ལྷོད་པོར་སྡོད་མཁན་དེ་ལ་ནང་དོན་རྟོགས་པའི་ནུས་པ་ཡོད་དོ། 28གལ་སྲིད་མི་གླེན་པ་ཞིག་གིས་ཁུ་སིམ་མེར་བསྡད་པ་ཡིན་ན། ཁོ་ཤེས་རབ་དང་ལྡན་པ་ཡིན་པ་མཐོང་ངོ༎

ལེགས་བཤད 18

1མི་གཞན་དང་མཐུན་ལམ་མེད་མཁན་ཚོ་ནི་རང་རང་སོ་སོའི་མཁེ་ཕན་གཅིག་པུར་བལྟ་བ་བྱེད་དོ། ཚང་མས་དྲང་ལྡན་ཡིན་པ་ཤེས་པ་དེ་ལ་ཁོས་ཁས་ལེན་མི་བྱེད་དོ། 2གླེན་པ་ཞིག་གིས་ཁོས་ཤེས་རྟོགས་ཡོད་མེད་ལ་སྣང་བ་མི་བྱེད་དོ། ཁོས་བྱ་འདོད་ཡོད་པ་དེ་ནི་ཁོ་རང་སྤྱང་པོ་ཇི་འདྲ་ཡོད་པ་དེ་བརྟོན་རྒྱུ་དེ་ཡིན་ནོ། 3སྡིག་པ་དང་ངོ་ཚ་མཉམ་དུ་འགྲོ་བ་ཡིན། ཁྱོད་ཀྱི་གུས་ཞབས་བརླག་ནས་དེའི་ཚབ་ལ་ཁྱོད་ལ་འཕྱ་རྨས་ཐོབ་བར། 4མི་ཞིག་གི་གཏམ་ནི་ཤེས་རབ་ཀྱི་འབྱུང་ཁུངས་ཡིན་པ་དང་། རྒྱ་མཚོ་ལྟ་བུའི་གཏིང་རིང་པོ་དང་རྒྱུགས་བཞིན་པའི་རྒྱུགས་ཆུ་ལྟ་བུའི་གཙང་མ་ཡོང་སྲིད་དོ། 5ཉེས་ཅན་ལ་ཕྱོགས་ཞེན་བྱེད་པ་དང་སྣོང་མེད་ལ་དྲང་བདེན་ཡོང་རྒྱུར་འགག་པ་བྱ་རྒྱུ་ནི་དྲང་པོ་མ་ཡིན་ནོ། 6གླེན་པ་འགའ་ཞིག་གིས་རྩོད་པ་འགོ་ཚུགས་པ་ཡིན་ན། ཁོས་རང་ལ་ཉེས་བརྡུང་ཡོང་བ་ཚོལ་བ་ཡིན་ནོ། 7གླེན་པ་འགའ་ཞིག་གིས་གཏམ་སྨྲ་སྐབས་ཁོ་རང་ཉིད་ལ་འཇིགས་པར་བྱེད་པ་དང་། ཁོ་རང་ཉིད་གཏམ་གྱིས་རྙིད་ནང་འཚུད་པར་འགྱུར་རོ། 8ལྐོག་གཏམ་ནི་ཧ་ཅང་བྲོ་བ་ཆེ་བ་དང་། དེ་ལ་ཁྱུར་མིག་གཏོང་རྒྱུ་ང་ཚོ་ཇི་ཙམ་དགའ་བ་ཡོད། 9མི་ལེ་ལོ་ཅན་ནི་འཇིག་པར་བྱ་མཁན་ཞིག་ལྟ་བུ་ངན་པ་ཡིན་ནོ། 10གཙོ་བོ་དཀོན་མཆོག་ནི་གན་དྷོ་ལ་སྟོབས་ཅན་དང་འདྲ་བ། དྲང་བདེན་རྣམས་དེར་སོང་ན་སྲུང་སྐྱོབ་ཐོབ་བོ། 11མི་ཕྱུག་པོ་ཚོས་གྲོང་ཁྱེར་མཐའ་འཁོར་གྱི་རྩིག་པ་མཐོ་པོ་དང་བརྟན་པོ་བཞིན་དུ་དེ་ཚོའི་རྒྱུ་ནོར་གྱིས་དེ་ཚོར་སྲུང་སྐྱོབ་བྱེད་ཐུབ་བསམ་མོ། 12སུ་ཞིག་ཉམ་ཆུང་ཡིན་ན་གུས་ཞབས་ཐོབ་པ་དང་། ང་རྒྱལ་ཅན་གྱི་མི་རྣམས་ནི་འཇིག་པའི་ལམ་དུ་འགྲོ་བཞིན་ཡོད། 13ཁྱོད་ཀྱིས་ལན་འདེབས་སྔོན་དུ་ལེགས་པར་ཉོན་ཞིག དེ་ལྟར་མ་བྱས་པ་ཡིན་ན་གླེན་པ་དང་དམའ་འབེབས་བྱེད་པའི་རྒྱུ་ཡིན་ནོ། 14ཁྱོད་ན་བའི་སྐབས་སུ་ཁྱོད་ཀྱིས་འཚོ་བར་བྱ་རྒྱུའི་སེམས་ཤུགས་ཀྱིས་ཁྱོད་འཚོ་བར་བྱེད་དོ། འོན་ཀྱང་དེ་མེད་པ་ཡིན་ན་ཁྱོད་ཀྱི་རེ་བ་མཐའ་མ་དེ་བརླག་པར་འགྱུར་རོ། 15རིགས་པ་དང་ལྡན་པ་ཚོར་རྟག་ཏུ་སྦྱོངས་རྒྱུ་ལ་འདོད་པ་དང་གྲ་སྒྲིགས་ཡོད་དོ། 16ཁྱོད་ཀྱིས་མི་གཙོ་ཆེ་ཞིག་ལ་ཐུག་འཕྲད་བྱ་འདོད་ཡོད་དམ། དེ་ལ་རྔན་པ་ཞིག་འཁྱེར་ཞིག་དང་ཐུག་རྒྱུ་ལས་སླ་པོ་ཡིན་ནོ། 17ཐོག་མར་ཁྲིམས་ནང་ཕ་ཕྱོགས་ནས་དྲི་བ་མ་འདྲི་སྔོན་ལ་སྐད་ཆ་ཤོད་མཁན་དེ་རྟག་ཏུ་བདེན་པ་ལྟར་ཡོད་དོ། 18མི་སྟོབས་ཤུགས་ཅན་གཉིས་ཁྲིམས་ཁང་ནང་གཅིག་གིས་གཅིག་ལ་ངོ་རྒོལ་བྱེད་བཞིན་ཡོད་ན། རྒྱན་རྒྱབ་ནས་དེ་ཚོའི་རྩོད་རྙོག་སེལ་ཐུབ་བོ། 19ཁྱོད་ཀྱི་སྤུན་ལ་རོགས་པ་བྱས་ན་དེས་གྲོང་ཁྱེར་གྱི་རྩིག་པ་བརྟན་པོ་ལྟར་ཁྱོད་ལ་སྲུང་སྐྱོབས་བྱེད་དོ། ཁོ་ལ་འཁྲུགས་རྩོད་བྱས་པ་ཡིན་ན་ཁོས་ཁྱོད་ཀྱི་ཆེད་དུ་སྒོ་རྒྱབ་པར་བྱེད་དོ། 20ཁྱོད་ཀྱིས་སྨྲས་པ་ཚང་མའི་འབྲས་བུ་ལས་ཁྱོད་འཚོ་ཞིང་གནས་དགོས་སོ། 21ཁྱོད་ཀྱི་ཇི་ལྟར་སྨྲས་པ་དེས་ཁྱོད་ཀྱི་སྲོག་ལ་སྲུང་སྐྱོབ་བྱེད་པ་དང་འཇིག་པ་ཡང་བྱེད་དོ། དེར་བརྟེན་ཁྱོད་ཀྱིས་རང་གི་གཏམ་གྱི་འབྲས་བུ་ལ་ངོས་ལེན་བྱེད་དགོས་སོ། 22ཆུང་མ་ཐོབ་མཁན་གྱི་དངོས་པོ་བཟང་པོ་ཞིག་རྙེད་པར་འགྱུར། དེས་གཙོ་བོ་དཀོན་མཆོག་ནས་ཐུགས་རྗེ་ཐོབ་པ་ཁོས་ཤེས་པར་འགྱུར། 23དབུལ་པོས་སྨྲ་སྐབས་ངག་འཇམ་པོའི་ཐོག་ནས་སླང་བ་དང་། འོན་ཀྱང་ཕྱུག་པོ་ཞིག་གིས་ལན་འདེབས་བྱ་སྐབས་ཁོས་རྩུབ་པོར་སྨྲའོ། 24མཛའ་གྲོགས་འགའ་ཤས་ཡུན་རིང་མི་གནས་སོ། འོན་ཀྱང་མཛའ་གྲོགས་འགའ་ཤས་རང་གི་སྤུན་ལས་ཀྱང་ཧ་ཅང་ཤ་ཞེན་ཆེ་བ་ཡོད་དོ༎

ལེགས་བཤད 19

1གླེན་པ་རྫུན་ཤོད་མཁན་ལས་དབུལ་པོ་དྲང་པོ་ལེགས་པ་ཡིན་ནོ། 2ཡོན་ཏན་མེད་པའི་གདུང་ཤུགས་དེ་ཡག་པོ་མ་ཡིན། བྲལ་བས་ཁྱོད་ལ་དཀའ་ངལ་ནང་ཚུད་བཅུག་གོ 3མི་འགའ་ཤས་རང་གི་གླེན་པའི་བྱ་སྤྱོད་ཀྱིས་རང་ཉིད་མེད་པར་བཟོས་པ་དང་། དེ་ནས་གཙོ་བོ་དཀོན་མཆོག་ལ་ཁ་དཀྲི་སྐྱལ་ལོ། 4མི་ཕྱུག་པོ་ཚོས་རྟག་ཏུ་གྲོགས་པོ་གསར་པ་རྙེད་པ་དང་། འོན་ཀྱང་དབུལ་པོ་ཚོ་ལ་གྲོགས་པོའི་འགའ་ཤས་ཡོད་ཀྱང་བདག་པོ་བྱེད་མི་ཐུབ་བོ། 5ཁྱོད་ཀྱིས་ཁྲིམས་ཁང་ནང་དུ་རྫུན་བཤད་པ་ཡིན་ན། ཁྱོད་ལ་ཉེས་ཆད་བཏང་བ་དང་ཁྱོད་ཐར་མི་ཐུབ་བོ། 6མི་ཚང་མས་མི་གཙོ་ཆེ་ཁག་ནས་ཐུགས་རྗེ་ཐོབ་ཐབས་བྱེད་པ་དང་། ཚང་མས་རྔན་པ་སྤྲོད་མཁན་དང་འབྲེལ་བ་བྱེད་དོ། 7དབུལ་པོ་ལ་སྤུན་གྱིས་ཀྱང་སྤང་བ་དང་། དེ་བས་ན་ཁོ་ལ་གྲོགས་པོ་ཡང་མེད་དོ། ཁོས་ཐབས་ཤེས་གང་ཡོང་བྱས་ཀྱང་ཁོ་ལ་གང་ཡང་མི་ཐོབ་བོ། 8རང་གིས་རང་ལ་རོགས་གྱིས་དགོས་པ་དེ་ཁྱོད་ཀྱིས་གང་ཐུབ་སྦྱོངས་ཤིག་དང་། དེ་ནས་ཁྱོད་ཀྱིས་སྦྱངས་པ་རྣམས་དྲན་པ་གྱིས་ལ་ཁྱོད་ལ་འཕེལ་རྒྱས་ཡོང་ངོ་། 9ཁྲིམས་ཁང་དུ་རྫུན་ཤོད་མཁན་དེ་སུ་ཡང་ཉེས་ཆད་ནས་མི་ཐར་ཞིང་། ཁོ་ནི་འཇིགས་པར་འགྱུར་རོ། 10གླེན་པ་ཚོ་ལོངས་སྤྱོད་ངང་མི་བསྡད་པ་དང་། ཚེ་གཡོག་ཚོས་སྐུ་དྲག་གི་ཐོག་དབང་བསྒྱུར་བྱེད་མི་རུང་ངོ་། 11ཁྱོད་ལ་བསམ་ཤེས་ཡོད་པ་ཡིན་ན་རང་གི་ཁོང་ཁྲོ་འཇོམས་པར་བྱེད་དགོས། སུ་ཞིག་གིས་ཁྱོད་ལ་ནོར་འཁྲུལ་བྱས་པ་ཡིན་ན། ཁྱོད་ཀྱིས་དེ་བརྩི་མེད་བྱ་རྒྱུ་ནི་བཟང་པོ་ཞིག་ཡིན། 12རྒྱལ་པོའི་ཁྲོ་བ་ནི་སེང་གེའི་ངར་སྐད་ལྟ་བུ་ཡིན་ལ། ཁོང་གི་ཐུགས་རྗེ་ནི་ཆར་པ་ལེགས་པ་ལྟ་བུ་ཡིན་ནོ། 13ཕྲུ་གུ་གླེན་པ་ཚོས་རང་གི་ཕ་མ་ལ་འཇིགས་པ་འཁྱེར་ཡོང་བ་དང་། ཆུང་མ་སུན་པོ་ནི་ཐིག་པ་ཟག་པའི་ཆུ་ལྟ་བུ་ཡིན་ནོ། 14ལ་རང་གི་ཕ་མའི་ཁང་པ་དང་རྒྱུ་ནོར་གྱི་ཤུལ་ཐོབ་སྲིད་དོ། འོན་ཀྱང་གཙོ་བོ་དཀོན་མཆོག་རང་གྱིས་དེས་ལ་བསམ་ཤེས་ཡོད་པའི་ཆུང་མ་གནང་ཐུབ་བོ། 15ཁྱོད་རང་ལེ་ལོ་བྱེད་འདོད་ཡོད་ན་བྱོས་ཤིག གཉིད་ལོག་ནས་སྡོད་ཅིག། འོན་ཀྱང་ཁྱོད་ལྟོགས་པར་གནས་པར་འགྱུར་རོ། 16དཀོན་མཆོག་གི་བཀའ་ཁྲིམས་སྲུང་ཞིག་དང་ཁྱོད་ཚེ་རིང་པོ་འཚོ་བར་འགྱུར། ཁྱོད་ཀྱིས་དེ་ལ་བརྩི་མེད་བྱས་ན་ཁྱོད་འཆི་བར་འགྱུར་རོ། 17ཁྱོད་ཀྱིས་དབུལ་པོར་སྦྱིན་པ་ཡིན་ན། དེ་ནི་གཙོ་བོ་དཀོན་མཆོག་ལ་གཡར་བ་ལྟ་བུ་ཡིན་པ་དང་། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཧཡ།ིན་པ་གནང་ངོ་། 18རང་གི་བུ་ཕྲུག་ན་ཆུང་སྦྱངས་པའི་དུས་ལ་སླེབས་པ་དང་སྒྲིགས་ལམ་སློབ་ཅིག དེ་ལྟར་མ་བྱས་པ་ཡིན་ན། ཁྱོད་ཀྱིས་དེ་ཚོ་མེད་པར་བྱ་རྒྱུར་རོགས་བྱེད་ཀྱི་ཡོད་དོ། 19སུ་ཞིག་རླུང་ལངས་པོ་ཡད་ན་ཁོ་ལ་དེའི་འབྲས་བུ་དཀའ་ངལ་མྱོང་དུ་འཇུག་ཅིག གལ་སྲིད་ཁྱོད་ཀྱིས་ཁོ་ལ་དཀའ་ངལ་དེ་ལས་ཐེངས་གཅིག་སྐྱབས་པ་ཡིན་ན་ཁྱོད་ཀྱིས་ཡང་ཡང་དེ་ལྟར་བྱེད་དགོས་སོ། 20ཁྱོད་ཀྱིས་བསླབ་བྱ་ལ་ཉན་ནས་སྦྱོངས་འདོད་ཡོད་ན། ཉིན་ཞིག་ཁྱོད་ཤེས་རབ་ཅན་དུ་འགྱུར་སྲིད་དོ། 21མི་ཚོས་འཆར་གཞི་འདྲ་མིན་མང་པོ་བཀོད་པར་བྱེད་དོ། འོན་ཀྱང་གཙོ་བོ་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་འགྲུབ་པར་འགྱུར་རོ། 22འདོད་རྔམ་བྱ་རྒྱུ་ནི་ཞབས་འདྲེན་ཞིག་ཡིན་ནོ། རྫུན་ཤོད་མཁན་ལས་དབུལ་པོ་ཚོ་ལེགས་པ་ཡིན་ནོ། 23གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་པ་ཡིན་ན། ཁྱོད་ཚེ་རིང་པོ་འཚོ་བ་དང་འདོད་པ་ཁེངས་པ་དང་གནོད་འཚེ་ལས་འདེ་བར་གནས་པར་འགྱུར་རོ། 24མི་འགའ་ཤས་རང་གི་ཁའི་ནང་དུ་ཁ་ཟས་ལག་བླུག་རྒྱུར་ཡང་ཧ་ཅང་ལེ་ལོ་བྱེད་དོ། 25ང་རྒྱལ་ཅན་ལ་ཉེས་ཆད་གཏོང་དགོས་སོ། དེ་བས་ན་མི་གང་ཡང་མི་ཤེས་མཁན་ཚོས་བསླབ་བྱ་ལེན་པར་བྱེད་དོ། ཁྱོད་ཤེས་རབ་ཅན་ཡིན་ན་ཁྱོད་ལ་བཅུན་སྐབས་ཁྱོད་ཀྱིས་སྦྱོང་བར་བྱེད་དོ། 26མི་ངོ་ཚ་མེད་པ་དང་ཞབས་འདྲེན་ཞུས་མཁན་དེ་རང་གི་ཕ་ལ་སྡུག་པོ་གཏོང་བ་དང་། རང་གི་མ་ཡང་ཁྱིམ་ནས་ཕྱིར་འབུར་བྱེད་དོ། 27བུ་ཁྱོད་ཀྱིས་སྦྱོངས་རྒྱུར་མཚམས་འཇོག་བྱེད་སྐབས་སུ། ཁྱོད་ཀྱིས་མགྱོགས་པོར་རང་གི་ཤེས་པ་རྣམས་ལ་དོ་སྣང་མི་བྱེད་དོ། 28དཔང་པོས་སུ་ཞིག་ལ་གནོད་འཚེ་བྱ་རྒྱུའི་ཐག་གཅོད་བྱེད་པ་ཡིན་ན་དེ་ལ་དྲང་བདེན་མེད་དོ། མི་སྤྱོད་ངན་ཚོ་བྲོ་བ་ངན་པ་ལ་བརྩེ་བར་བྱེད་དོ། 29ང་རྒྱལ་ཅན་གྱི་གླེན་པ་ལ་ཉེས་བརྡུང་ངེས་པར་ཕོག་པར་འགྱུར་རོ༎

ལེགས་བཤད 20

1ཆང་ཧ་ཅང་མང་པོ་འཐུང་ན་ཁྱོད་ལ་ཅ་ཅོ་ཅན་དང་གླེན་པ་བཟོའོ། ར་བཟི་རྒྱུ་ནི་གླེན་པ་ཡིན་ནོ། 2ཁྱོད་ཀྱིས་ངར་སྐད་འདོན་པའི་སེང་གེ་ལ་འཇིགས་པ་ལྟར། ཁྲོ་བའི་རྒྱལ་པོ་ལ་འཇིག་དགོས་སོ། ཁོང་ལ་ཁྲོ་རུ་འཇུག་རྒྱུ་ནི་རང་སྲོག་གཅོད་པ་དང་འདྲའོ། 3གླེན་པ་སུ་ཞིག་གིས་རྩོད་པ་འགོ་འཛུག་སྲིད་དོ། དེས་ལས་ཐར་རྒྱུ་ནི་གུས་ཞབས་དང་ལྡན་པ་ཡིན་ནོ། 4ལེ་ལོ་ཅན་གྱི་ཞིང་པས་དུས་སུ་ཞིང་མ་རྨོས་ན་དེ་ལ་སྟོན་ཐོག་རྔ་རྒྱུ་གང་ཡང་ཐོབ་མི་ཡོང་། 5མི་ཞིག་གི་བསམ་བློ་ནི་ཁྲོན་པ་གཏིང་རིང་པོ་ཞིག་གི་ཆུ་ལྟ་བུ་ཡིན་ནོ། འོན་ཀྱང་ནང་དོན་རྟོགས་ཐུབ་པ་ཞིག་གིས་དེ་ཚོ་ཕྱིར་བཏོན་ཐུབ་བོ། 6ཚང་མས་རང་རང་སོ་སོ་ཤ་ཞེན་ཅན་དང་དམ་ཚིག་ལྡན་པ་ཇི་འདྲ་ཡིན་པའི་སྐོར་བརྗོད་པར་བྱེད་དོ། འོན་ཀྱང་དེ་ལྟ་བུའི་མི་ཞིག་གང་དུ་ཐོབ་བམ། 7དྲང་པོ་དང་བདེན་པ་ཇི་ཡིན་པ་བྱ་མཁན་ཕ་ཞིག་གི་ཕྲུ་གུ་རྣམས་བསོད་ནམ་ཅན་ཡིན་ནོ། 8རྒྱལ་པོ་ཁྲིམས་གཅོད་གནང་བར་བཞུགས་པའི་སྐབས་སུ། ཁོང་གིས་གཟིགས་སྐབས་ངན་པ་ཇི་ཡིན་པ་མཁྱེན་ནོ། 9མི་སུ་ཞིག་གིས་དངོས་འབྲེལ་གྱིས་རང་གི་བསམ་པ་རྣམ་དག་ཡོད་པ་དང་ཁོས་རང་གི་སྡིག་པ་རྣམས་སྤངས་ཡོད་ཅེས་ལབ་ཐུབ་བམ། 10གཙོ་བོ་དཀོན་མཆོག་གིས་དྲང་མིན་གྱི་ཡང་ལྗིད་འདེགས་མཁན་དང་ཚད་འཇལ་མཁན་ལ་སྡང་བར་མཛད་དོ། 11ཕྲུ་གུ་ཞིག་གིས་ཀྱང་ཁོ་ཇི་ཡིན་པ་དེ་ཁོས་ལས་ཀྱི་སྒོ་ནས་སྟོན་པར་བྱེད་དོ། 12གཙོ་བོ་དཀོན་མཆོག་གིས་ང་ཚོར་བལྟ་བའི་མིག་དང་ཉན་པའི་སྣ་བ་གནང་ཡོད་དོ། 13ཁྱོད་ཀྱིས་དུས་ཚོད་དེ་གཉིད་ལོག་ནས་བེད་སྤྱོད་བྱས་པ་ཡིན་ན་ཁྱོད་དབུལ་པོར་འགྱུར་རོ། ལས་ཀ་ཧུར་པོ་ངང་བྱས་པ་ཡིན་ན་ཁྱོད་ལ་ཟ་རྒྱུ་དཔག་མེད་ཐོབ་བོ། 14ཚོང་ཤག་གིས་རྟག་ཏུ་གོང་ཧ་ཅང་ཆེན་པོ་འདུག་ཅེས་སྐྱོན་བརྗོད་བྱེད་དོ། འོན་ཀྱང་དེ་ནས་ཁོ་སོང་ནས་ཁོས་གོང་ཇི་སྒྲིག་ཐུབ་པར་འབོར་ཤོད་བྱེད་དོ། 15ཁྱོད་ཀྱིས་གང་སྨྲ་བཞིན་ཡོད་སྐོར་ཤེས་པ་ཡིན་ན། ཁྱོད་ལ་གསེར་དང་ནོར་བུ་ལས་ཧ་ཅང་རིང་ཐང་ཆེ་བ་ཞིག་ཡོད་དོ། 16ངོ་མི་ཤེས་པའི་མིའི་བུ་ལོན་གྱི་འགན་ལེན་བྱས་མཁན་མི་གླེན་པ་སུ་ཞིག་གིས། རང་གི་རྒྱུ་ནོར་གཏའ་མར་འཇོག་དགོས་སོ། 17ཁྱོད་ཀྱིས་དྲང་མིན་སྒོ་ནས་སགས་པའི་རྒྱུ་ནོར་དེ། ཁ་ཟས་ལེགས་ཤོས་ལྟར་སྤྱོད་བཞིན་ཡོད་ན་ཡང་། དེ་སྔ་ཕྱི་མ་གཏོགས་དེ་ནི་བྱེ་མ་ཁ་གང་ལྟ་བུར་འགྱུར་རོ། 18ཁྱོད་ཀྱིས་བསླབ་བྱ་བཟང་པོ་ལེན་པ་ཡིན་ན་ཁྱོད་ལ་བྱ་བ་ལམ་འགྲོ་ཡོང་བ་དང་། འཆར་གཞི་མེད་པར་དམག་སར་མ་རྒྱུག་ཤིག 19ལྐོག་གཏམ་གྱིས་ནམ་ཡང་གསང་བ་ཉར་མི་ཐུབ། མི་སྐད་ཆ་མང་པོ་ཤོད་མཁན་ལས་འགྱངས་རིང་སྡོད་ཅིག 20ཁྱོད་ཀྱིས་རང་གི་ཕ་མར་དམོད་པ་རྒྱབ་པ་ཡིན་ན། ཁྱོད་ཀྱི་མི་ཚེ་དེ་མུན་པའི་ནང་ཞུ་མ་ཤི་བ་ལྟར་རྫོགས་པར་བྱེད་དོ། 21ཇི་ཙམ་ལས་སླ་པོར་ཐོབ་པའི་རྒྱུ་ནོར་གྱིས་ཁྱོད་ལ་དེ་ཙམ་གྱི་ཕ་ཐོག་ཉུང་བ་ཡོང་ངོ་། 22ངན་ལན་རང་ཉིད་ཀྱི་འཇལ་རྒྱུའི་འགན་མ་ལེན་ཞིག གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ན་ཁོང་གིས་རོགས་པ་གནང་བར་འགྱུར། 23གཙོ་བོ་དཀོན་མཆོག་ནི་ཚད་གཞི་དང་ལྗིད་འདེགས་དྲང་མིན་བྱ་མཁན་གྱི་སྐྱེ་བོ་ཚོ་ལ་སྡང་བར་མཛད་དོ། 24གཙོ་བོ་དཀོན་མཆོག་གིས་ང་ཚོའི་ལམ་གྱི་ཐག་གཅོད་མཛད་དོ། དེ་བས་ན་སུ་ཞིག་གིས་རང་གི་མི་ཚེའི་ཁ་ཕྱོགས་གང་དུ་བསྒྱུར་གྱི་ཡོད་པ་ཇི་ལྟར་རྟོགས་ཐུབ་བམ། 25དཀོན་མཆོག་ལ་འབུལ་རྒྱུའི་ཁས་ལེན་བྱས་པའི་སྔོན་ལ་བསམ་བློ་ཟབ་ཟབ་གཏོང་ཞིག ཁྱོད་ལ་རྗེས་སུ་འགྱོད་པ་སྐྱེད་སྲིད་དོ། 26ཤེས་རབ་ལྡན་པའི་རྒྱལ་པོ་ཞིག་གིས་ནོར་འཁྲུལ་སུས་བྱེད་བཞིན་ཡོད་པ་ཤེས་པ་དང་། དེ་ལ་སྙིང་རྗེ་མེད་པར་ཆད་པ་བཏང་བར་བྱེད་དོ། 27གཙོ་བོ་དཀོན་མཆོག་གིས་ང་ཚོ་ལ་སེམས་དང་རིགས་པ་གནང་ཡོད་པ་དང་། ང་ཚོ་རང་ཉིད་དེ་ལས་ཡིབ་མི་ཐུབ་བོ། 28རྒྱལ་པོ་དྲང་བདེན་དང་འདྲ་མཉམ་ཐོག་རྒྱལ་སྲིད་སྐྱོངས་བ་ཡིན་ན། དེའི་རྒྱལ་སྲིད་བརྟན་པོར་གནས་ཐུབ་བོ། 29ང་ཚོས་ན་གཞོན་གྱི་སྟོབས་ཤུགས་ལ་བསྟོད་བསྔགས་བྱེད་དགོས་པ་དང་། ལོ་ན་ལོན་པའི་སྐྲ་དཀར་ལ་གུས་ཞབས་བྱེད་དགོས། 30སྐབས་རེ་ང་ཚོའི་སྤྱོད་ལམ་ལ་བསྒྱུར་བ་གཏོང་རྒྱུ་དཀའ་སྡུག་གི་ཉམས་མྱོང་བྱེད་དགོས༎

ལེགས་བཤད 21

1རྒྱལ་པོའི་ཐུགས་སེམས་དེ་གཙོ་བོ་དཀོན་མཆོག་གི་ཕྱག་ཏུ་ཡོད་པས། ཁོང་གིས་རྒྱུག་ཆུ་ཁ་བསྒྱུར་བ་ལྟར་ལས་སླ་པོར་བསྒྱུར་བ་གནང་ངོ་། 2ཁྱོད་ཀྱིས་གང་གྱིས་པ་ཚང་མ་དྲང་བདེན་ཡིན་བསམ་ན་ཡང་། གཙོ་བོ་དཀོན་མཆོག་གིས་ཁྱོད་ཀྱི་སེམས་ཀྱི་དམིགས་ཡུལ་དེ་ལ་ཞིབ་དཔྱོད་གནང་རྒྱུ་དེ་དྲན་པར་བྱོས་ཤིག 3དྲང་པོ་དང་བདེན་པ་ཇི་ཡིན་གྱིས་ཤིག་དང་། དེས་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་བ་ལས་ལྷག་པ་མཉེས་པར་འགྱུར་རོ། 4མི་ངན་པ་རྣམས་ང་རྒྱལ་དང་སྤོབ་པས་དབང་བསྒྱུར་བྱེད་པ་དེ་ནི་སྡིག་ཅན་ཡིན་ནོ། 5འཆར་གཞི་ཟབ་ཟབ་ཀྱི་གཏིང་བ་ཡིན་ན། ཁྱོད་ལ་ཁེ་སང་འབོལ་པོ་ཡོང་བར་འགྱུར། ཁྱོད་ཀྱིས་བྱ་བ་མགྱོགས་པོར་བྱས་པ་ཡིན་ན། ཁྱོད་ལ་ནམ་ཡང་ལྡང་བ་མི་ཡོང་ངོ་། 6དྲང་མིན་གྱི་ཁྱོད་ལ་ཐོབ་པའི་རྒྱུ་ནོར་རྣམས་མགྱོགས་པོར་རླག་པར་འགྱུར་རོ། འོན་ཀྱང་དེ་མ་རྫོགས་པའི་སྔོན་དུ་ཁྱོད་ལ་འཆི་ཁར་འཁྲིད་པར་འགྱུར། 7སྤྱོད་ངན་རྣམས་རང་གི་དྲག་ལས་ཀྱིས་འཇིག་པར་བྱེད་པ་དང་། དེ་ཚོས་དྲང་བདེན་ཇི་ཡིན་པ་ཁས་ལེན་མི་བྱེད་དོ། 8ཉེས་ཅན་གྱི་མི་ལམ་སྐྱོག་ཏུ་འགྲོ་བར་བྱེད་པ་དང་། མི་སྣོང་མེད་དྲ་བདེན་ཇི་ཡིན་བྱེད་པར་འགྱུར་རོ། 9ཆུང་མ་སུན་པོ་མཉམ་དུ་ཁང་པའི་ནང་བསྡད་པ་ལས། ཁང་པའི་རྩེ་ཐོག་ཏུ་བསྡད་པ་ལེགས། 10མི་སྤྱོད་ངན་རྣམས་རྟག་ཏུ་ངན་པ་བྱེད་པ་ལ་རྔམ་པར་བྱེད་དོ། དེ་ཚོས་སུ་ལ་ཡང་སྙིང་རྗེ་མི་བྱེད་དོ། 11སུ་ཞིག་ང་རྒྱལ་ཅན་དུ་འགྱུར་ན་དེ་ལ་རང་གི་ཉེས་ཆད་འབབ་པར་འགྱུར། བསམ་བློ་མི་གཏོང་མཁན་ཞིག་གིས་ཀྱང་བསླབ་བྱ་ལེན་པར་བྱེད་དོ། ཤེས་རབ་ལྡན་པ་ཞིག་གིས་སློབ་སྟོན་གྱིས་པ་ལ་སྦྱོང་བར་བྱེད་དོ། 12དྲང་བདེན་གྱི་དཀོན་མཆོག་ཉིད་ཀྱིས་སྤྱོད་ངན་གྱི་ཁྱིམ་དུ་ཇི་བྱུང་བ་མཁྱེན་པ་དང་། ཁོང་གིས་སྤྱོད་ངན་ལ་འཇིག་པར་མཛད་དོ། 13ཁྱོད་ཀྱིས་དབུལ་པོའི་ངུ་འབོད་ལ་མ་ཉན་པ་ཡིན་ན། ཁྱོད་ཀྱི་ངུ་འབོད་ལ་སུས་ཀྱང་མི་ཉན་ནོ། 14སུ་ཞིག་གིས་ཁྱོད་ལ་ཁྲོ་བ་ཡིན་ན་གསང་བའི་རྔན་པ་ཞིག་སྤྲད་པས་ཁྲོ་བ་ཞི་བར་འགྱུར་རོ། 15དྲང་བདེན་ཐོག་ཐག་ཆོད་གྱིས་སྐབས་སྐྱེ་བོ་བཟང་པོ་རྣམས་དགའ་བར་འགྱུར་རོ། འོན་ཀྱང་སྐྱེ་བོ་ངན་པ་རྣམས་ཡིད་མུག་པར་བྱེད་དོ། 16སུ་ཞིག་སེམས་བཟང་པོ་ལས་གཡོལ་འགྲོ་མཁན་དེ་འཆི་བ་སྒུག་བཞིན་ཡོད་དོ། 17ལོངས་སྤྱོད་དང་རྒུན་ཆང་དང་ཁ་ཟས་བཟང་པོར་ལང་ཤོར་སོང་བ་དེས་ཁྱོད་ལ་ནམ་ཡང་ཕྱུག་པོར་མི་འགྱུར་རོ། 18སྤྱོད་ངན་གྱིས་མི་བཟང་པོ་ལ་སྡུག་བསྔལ་སྐྱེལ་བར་འདོད་པ་དེ་ནི་རང་གི་ཐོག་ཏུ་བབས་པར་འགྱུར། 19ཆུང་མ་སུན་པོ་སྐྱོན་བརྗོད་ཅན་ཞིག་དང་མཉམ་དུ་བསྡད་པ་ལས་བྱེ་ཐང་དུ་བསྡད་པ་ལེགས་སོ། 20ཤེས་རབ་ལྡན་པའི་མི་དེ་རྒྱུ་ནོར་དང་ལོངས་སྤྱོད་ནང་གནས་པར་བྱེད་དོ། འོན་ཀྱང་མི་གླེན་པ་ཚོས་དངུལ་བྱུང་མ་ཐག་ཏུ་མགྱོགས་པོར་བེད་སྤྱོད་བྱེད་དོ། 21སྙིང་རྗེ་དང་དྲང་པོ་བྱས་པ་ཡིན་ན་ཁྱོད་ཚེ་རིང་བར་འགྱུར་རོ། གཞན་ཚོས་ཁྱོད་ལ་གུས་ཞབས་བྱེད་པ་དང་དྲང་པོའི་ཐོག་ངོས་འཛིན་བྱེད་དོ། 22དམག་སྤྱི་གཅང་པོ་ཞིག་གིས་སྟོབས་ཤུགས་ཅན་གྱི་མིས་སྲུང་བའི་གྲོང་ཁྱེར་ལེན་ཐུབ་པ་དང་། དེ་ཚོས་བློས་བཀལ་བའི་རྩིག་པར་འཇིགས་པར་བྱེད་དོ། 23ཁྱོད་དཀའ་ངལ་ལས་ཚུད་འདོད་མེད་ན་ཁྱོད་ཀྱིས་ཇི་སྨྲ་བ་ལ་ཟབ་ཟབ་བྱོས་ཤིག 24གཏམ་འདོད་ཅན་གྱི་སྐྱེ་བོ་ཞིག་སྟོན་ལ། ངས་ཁྱོད་ལ་ང་རྒྱལ་ཅན་དང་སྤོབས་པ་ཅན་དང་སེམས་ཁུར་མེད་པ་ཅིག་སྟོན་པར་བྱའོ། 25མི་ལེ་ལོ་ཅན་ལས་ཀ་བྱེད་མི་འདོད་མཁན་དེས་རང་གིས་རང་ལ་གསོད་བཞིན་ཡོད་དོ། 26ཁོས་ཁོ་རང་གཅིག་པུའི་ཇི་འདོད་པ་བསམ་བློ་གཏོང་བར་བྱེད་དོ། གང་ལྟར་མི་དྲང་བདེན་ཞིག་གིས་སྦྱིན་ནུས་པ་དང་སེར་སྣ་མེད་པར་སྦྱིན་པར་བྱེད་དོ། 27གཙོ་བོ་དཀོན་མཆོག་ནི་མི་སྤྱོད་ངན་གྱིས་ཁོང་ལ་དམར་མཆོད་འབུལ་བ་དང་། དམིགས་བསལ་གྱི་དེ་ཚོའི་ཀུན་སློང་ངན་པའི་ཐོག་ནས་དེ་ལྟར་བྱས་པར་ཐུགས་ཧ་ཅང་སྡང་ངོ། 28རྫུན་གྱི་དཔང་པོར་སུ་ཞིག་གིས་ཡིད་ཆེད་མི་བྱེད་དོ། འོན་ཀྱང་སུ་ཞིག་གིས་གནད་དོན་དེར་བསམ་བློ་ཞིབ་པར་བཏང་ནས་སྨྲས་པའི་གཏམ་ལ་ཚང་མས་ངོས་ལེན་བྱེད་དོ། 29མི་དྲང་བདེན་རང་གིས་རང་ལ་ཡིད་ཆེས་ཡོད་པ་དང་། སྤྱོད་ངན་གྱིས་ཟོག་རྫུ་གང་ཐུབ་ཐུབ་བྱེད་དོ། 30གཙོ་བོ་དཀོན་མཆོག་གི་ཐོག་ཏུ་འགྲོ་བ་མིའི་ཤེས་རབ་དང་ནང་རྒྱུས་དང་འཆར་གཞི་གང་ཡང་ཕན་མི་ཐོག་གོ 31ཁྱོད་ཀྱིས་དམག་ཆེད་དུ་རྟ་གྲ་སྒྲིགས་བྱེད་ཐུབ་བོ། འོན་ཀྱང་རྒྱལ་ཁ་གནང་མཁན་དེ་གཙོ་བོ་དཀོན་མཆོག་ཡིན་ནོ༎

ལེགས་བཤད 22

1ཁྱོད་ཀྱིས་སྙན་གྲགས་བཟང་པོ་དང་རྒྱུ་ནོར་མང་པོ་གཉིས་ཀྱི་དབར་འདམ་དགོས་ན། སྙན་གྲགས་བཟང་པོ་དེ་འདམས་དགོས་སོ། 2ཕྱུག་པོ་དང་དབུལ་པོ་གཉིས་ཀར་འདྲ་མཚུངས་ཡོད་པ་ནི། གཙོ་བོ་དཀོན་མཆོག་གིས་དེ་ཚོ་གཉིས་ཀ་བཟོས་གནང་བ་ཡིན་ནོ། 3བསམ་ཤེས་ཡོད་པའི་མི་ཚོས་དཀའ་སྡུག་ཡོང་བ་མཐོང་བ་དང་མཐར་བར་བྱེད་དོ། འོན་ཀྱང་མི་བསམ་མེད་ཞིག་གིས་དེའི་ནང་འགྲོ་བསྐྱོད་བྱེད་པ་དང་རྗེས་སུ་འགྱོད་པ་བྱེད་དོ། 4གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ནས་ཉམ་ཆུང་གྱིས་པ་ཡིན་ན་ཁྱོད་ལ་རྒྱུ་ནོར་དང་གུས་ཞབས་དང་ཚེ་རིང་པོ་ཐོབ་པར་འགྱུར་རོ། 5ཁྱོད་ཀྱིས་རང་གི་སྲོག་ལ་བརྩེ་ཞིང་ཡོད་ན། སྤྱོད་ངན་གྱི་ལམ་དུ་ཡོད་པའི་རྙི་ལས་ཐག་རིང་སྡོད་ཅིག 6ཕྲུ་གུ་ཚོ་ལ་ཇི་ལྟར་འཚོ་དགོས་བསླབ་པ་ཡིན་ན། དེ་ཚོའི་མི་ཚེའི་རིང་དེ་དྲན་པར་བྱེད་དོ། 7མི་དབུལ་པོ་ཚོ་ནི་ཕྱུག་པོ་ཚོའི་ཚེ་གཡོག་ཡིན་ནོ། དངུལ་གཡར་བ་ཡིན་ན་ཁྱོད་གཡར་སྐྱིན་གཏོང་མཁན་གྱི་ཚེ་གཡོག་ཏུ་འགྱུར། 8ཁྱོད་ཀྱི་དྲང་མིན་གྱི་ས་བོན་འདེབས་པ་ཡིན་ན་རྐྱེན་ངན་སྐྱེས་བ་དང་། ཁྱོད་ཀྱིས་གཞན་ལ་གནར་གཅོད་བྱ་རྒྱུ་རྫོགས་པར་འགྱུར་རོ། 9གཏོང་ཕོད་ཅན་འགྱུར་ནས་རང་གི་ཁ་ཟས་དེ་དབུལ་པོ་མཉམ་དུ་བགོས་ཤིག་དང་། ཁྱོད་ལ་བྱིན་རློབ་ཐོབ་པར་འགྱུར། 10མི་རང་མཐོང་ཅན་རྣམས་ཐར་སྐྲོད་གཏོང་ལ། རྩོད་གླེང་འཁྲུགས་རྩོད་དང་མིང་འབོད་བཅས་རྫོགས་པར་འགྱུར་རོ། 11ཁྱོད་ཀྱིས་སེམས་གཙང་མ་དང་བྱམས་བརྩེའི་གཏམ་ལ་བརྩེ་བ་བྱེད་བཞིན་ཡོད་ན། རྒྱལ་པོ་ཡང་ཁྱོད་ཀྱི་གྲོགས་པོར་འགྱུར་རོ། 12གཙོ་བོ་དཀོན་མཆོག་གིས་རྫུན་ཤོད་མཁན་གྱི་གཏམ་ལ་འགག་པ་གནང་ནས་བདེན་པར་སྲུང་སྐྱོབ་གནང་ངོ་། 13མི་ལེ་ལོ་ཅན་ཁྱིམ་ནང་བསྡད་པ་དང་། ཁོས་ཁོ་ཕྱི་རུ་སོང་བ་ཡིན་ན་སེང་གེས་ཟའོ་ཟེར་རོ། 14ལོག་གཡེམ་ནི་རྙི་ཞིག་ཡིན་པ་དང་། དེས་གཙོ་བོ་དཀོན་མཆོག་གི་ཁྲོ་བ་མཛད་མཁན་ཚོ་ལ་བཟུང་བར་བྱེད་དོ། 15ཕྲུ་གུ་ཚོས་རང་བཞིན་གྱི་ལྐུགས་པ་དང་དོ་སྣང་མེད་པའི་བྱ་བ་བྱེད་དོ། འོན་ཀྱང་ཉེས་རྡུང་ལེགས་པ་ཞིག་གི་སྤྱོད་ལམ་ཇི་ལྟར་བྱེད་དགོས་པ་སློབ་པར་བྱེད་དོ། 16ཁྱོད་ཀྱིས་ཕྱུག་པོ་ལ་བྱ་དགའ་བྱིན་པ་དང་། ཡང་ན་ཕྱུག་པོ་འགྱུར་བའི་ཆེད་དུ་དབུལ་པོར་མནར་གཅོད་བཏང་བ་ཡིན་ན། ཁྱོད་རང་ཉིད་དབུལ་པོར་འགྱུར་རོ༎

ཤེས་རབ་ལྡན་པའི་གཏམ་དཔེ་སུམ་ཅུ།

17ཉོན་ཞིག། ངས་ཁྱོད་ལ་སྐྱེ་བོ་ཤེས་རབ་ལྡན་པ་ཚོས་གསུངས་ཡོད་པ་བསླབ་པར་བྱའོ། དེ་ཚོའི་སློབ་སྟོན་རྣམས་ལ་སྦྱོངས་དར་གྱིས་ཤིག 18ཁྱོད་ཀྱིས་དེ་ཚོ་དྲན་ནས་ངག་ཐོག་ནས་མཛོད་ཐུབ་ན་དགའ་བར་འགྱུར་རོ། 19ང་ནི་ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་བར་འདོད་དོ། དེ་བས་ན་ད་ལྟ་ངས་དེ་ཚོ་ཁྱོད་ལ་བརྗོད་བཞིན་ཡོད་དོ། 20ངས་ཁྱོད་ཀྱི་ཆེད་དུ་གཏམ་དཔེ་སུམ་བཅུ་བྲིས་ཡོད་དོ། དེ་ཚོ་ནང་ཡོན་ཏན་དང་བསླབ་བྱ་བཟང་པོ་ཡོད་དོ། 21དེ་ཚོས་ཁྱོད་ལ་དངོས་སུ་དྲང་བདེན་ཇི་ཡིན་པ་དེ་སློབ་པར་བྱེད་དོ། དེ་ནས་ཁྱོད་ལ་གཏོང་མཁན་ཚོར་ཁྱོད་ཀྱིས་ལན་དྲང་པོ་སྤྲད་ཐུབ་ཡོང༎

གཏམ་དཔེ་དང་པོ།

22ཁྱོད་ཀྱིས་ལེན་ཐུབ་ཀྱི་འདུག་བསམ་ནས་དབུལ་པོའི་ཁེ་ཕན་མ་ལེན་ཞིག ཁྲིམས་ཁང་ནས་སྐྱབས་མེད་ལུས་པ་ཚོ་ལས་ཁེ་ཕན་མ་ལེན་ཞིག 23གཙོ་བོ་དཀོན་མཆོག་གིས་དེ་ཚོའི་ཆེད་དུ་ཁ་མཆུ་རྩོད་པར་མཇད་པ་དང་། སུ་ཞིག་གི་འཇིགས་ནང་བསྐུལ་ན་དེ་ལ་ཁོང་གིས་འཇིགས་ནང་བསྐུལ་བར་མཛད་དོ༎

གཏམ་དཔེ་གཉིས་པ།

24སྐྱེ་བོ་ངར་པོ་རླུང་ལངས་པོ་ཚོར་གྲོགས་པོ་མ་བཟོ་ཞིག 25ཁྱོད་ཀྱིས་དེ་ཚོའི་གོམ་སྲོལ་སྦྱངས་བ་དང་དེ་ལ་བསྒྱུར་བ་གཏོང་མ་ཐུབ་པ་ཡོང་སྲིད་དོ༎

གཏམ་དཔེ་སུམ་པ།

26སུ་ཞིག་གིས་བུ་ལོན་གྱི་ཁས་ལེན་བྱེད་འགྱུར་མནའ་མ་སྐྱེལ་ཞིག 27ཁྱོད་ཀྱིས་དེ་འཇལ་མ་ཐུབ་ན་དེ་ཚོས་ཁྱོད་ཀྱི་ཉལ་ཁྲི་ཡང་འཁྱེར་བར་བྱེད་དོ༎

གཏམ་དཔེ་བཞི་པ།

28ཁྱོད་ཀྱི་མེས་པོ་ཚོས་བཙུག་པའི་ས་མཚམས་རྙིང་པའི་རྡོ་མ་སྤོས་ཤིག།

གཏམ་དཔེ་ལྔ་པ།

29ལས་བཟང་པོ་བྱ་མཁན་གྱི་མི་ཞིག་ང་ལ་སྟོན་དང་། ངས་ཁྱོད་ལ་མི་མང་ཆེ་བ་ལས་ལྷག་པ་རྒྱལ་པོའི་རོགས་པ་འོས་པ་ཞིག་སྟོན་པར་བྱའོ༎

ལེགས་བཤད 23

གཏམ་དཔེ་དྲུག་པ།

1ཁྱོད་ཀྱིས་མི་གཙོ་ཆེན་ཞིག་མཉམ་དུ་ཁ་ཟས་ཟ་བར་སྡོད་སྐབས། ཁྱོད་ཀྱི་ཁོང་སུ་ཡིན་པ་དེ་སེམས་ནང་འཇོག་ཅིག། 2ཁྱོད་གྲོད་ཁོག་ཆེན་པོ་ཡོད་པ་ཡིན་ན་ཟ་བར་ཚོས་གྱིས་ཤིག 3ཁོང་གིས་ཁ་ཟས་བཟང་པོ་བྱིན་པ་དེ་ལ་འདོད་པ་ཆེན་པོ་མ་བྱེད་ཅིག ཁོང་གིས་མགོ་བསྐོར་གཏོང་གི་ཡོད་སྲིད་དོ༎

གཏམ་དཔེ་བདུན་པ།

4ཁྱོད་རང་ཕྱུག་པོ་འགྱུར་བ་ལ་ཧ་ཅང་དཀའ་ལས་མ་རྒྱབ་ཅིག ཤེས་རབ་ཅན་དུ་འགྱུར་ནས་འདི་ལྟར་བྱ་རྒྱུ་སྤངས་ཞིག 5ཁྱོད་ཀྱི་ནོར་དེ་ཧྲིབ་ཅམ་ལ་རླག་འགྲོ་ཐུབ་ཡོང་། དེ་ལ་ཤོག་པ་སྐྱེས་ནས་བྱ་གླག་འཕུར་བ་བཞིན་འཕུར་བར་འགྱུར༎

གཏམ་དཔེ་བརྒྱད་པ།

6མི་སེར་སྣ་ཅན་གྱི་ཁ་ཟས་བཟའ་བར་མ་འགྲོ་ཅིག ཁོས་བཤམས་པའི་ཁ་ཟས་སྤུ་ལེགས་ལ་འདོད་རྔམ་མ་བྱེད་ཅིག 7ཁོས་མང་ཙམ་ཞིག་ཟ་ཞིག་ཟེར་ཡོང་། འོན་ཀྱང་ཁོས་དེ་ལྟར་བསམ་གྱི་མེད། དངོས་འབྲེལ་ཁོ་ཇི་ལྟར་ཡིན་པ་ལྟར་བསམ་བློ་གཏོང་བར་བྱེད་དོ། 8ཁྱོད་ཀྱིས་ཟ་བ་རྣམས་སྐྱུག་པར་འགྱུར་ལ་ཁྱོད་ཀྱིས་དཔལ་ལས་བཤད་པ་རྣམས་ཆུད་ཟོས་སུ་འགྲོའོ༎

གཏམ་དཔེ་དགུ་པ།

9གླེན་པ་ལ་ཤེས་རབས་ལྡན་པ་སྐད་ཆ་མ་བྱེད་ཅིག ཁོས་དེ་ལ་ངོས་འཛིན་བྱེད་མི་ཐུབ་བོ༎

གཏམ་དཔེ་བཅུ་པ།

10ཁྱོད་ཀྱི་མེས་པོ་ཚོས་བཙུག་པའི་ས་མཚམས་རྙིང་པའི་རྡོ་ནམ་ཡང་མ་སྤོས་ཤིག ད་ཕྲུག་ཚོས་དབང་བའི་ས་ཆ་མ་འཕྲོག་ཅིག 11གཙོ་བོ་དཀོན་མཆོག་ནི་དེ་ཚོའི་སྟོབས་ཤུགས་ཅན་གྱི་སྲུང་སྐྱོབ་ཡིན་པ་དང་། ཁོང་གིས་ཁྱོད་ཀྱི་ཁ་ཐེབ་ཏུ་ཁོ་ཚོའི་ཆེད་དུ་ཁ་མཆུ་སྐྱོན་པར་མཛད་དོ༎

གཏམ་དཔེ་བཅུ་གཅིག་པ།

12རང་གི་དགེ་རྒན་ལ་དོ་སྣང་གྱིས་ལ། ཁྱོད་ཀྱིས་གང་སྦྱངས་ཐུབ་པ་ཚང་མ་སྦྱོངས་ཤིག།

གཏམ་དཔེ་བཅུ་གཉིས་པ།

13ཕྲུ་གུར་སྒྲིགས་ལམ་སྤྲོད་རྒྱུར་ཐེ་ཚོམ་མ་བྱེད་ཅིག ཉེས་རྡུང་ལེགས་པ་ཞིག་གིས་ཁོ་མི་ཤིའོ། 14གཟུགས་ཀྱི་སྒྲིགས་ལམ་དེས་ཁོའི་སྲོག་སྐྱོབ་སྲིད་དོ༎

གཏམ་དཔེ་བཅུ་སུམ་པ།

15བུ་ཤེས་རབ་ལྡན་པར་འགྱུར་ན་ང་ཤིན་ཏུ་དགའ་བར་འགྱུར་རོ། 16ཁྱོད་ཀྱི་ཤེས་རབ་ཀྱི་གཏམ་སྨྲ་བར་ཐོས་སྐབས་ང་ལ་སྤོབས་པ་ཡོང་བར་འགྱུར༎

གཏམ་དཔེ་བཅུ་བཞི་པ།

17མི་སྡིག་ཅན་ལ་ཕྲག་དོག་མ་བྱེད་ཅིག། ཁྱོད་ཀྱི་མི་ཚེའི་དམིགས་ཡུལ་དེ་གཙོ་བོ་དཀོན་མཆོག་ལ་མོས་གུ་ཞུས་རྒྱུས་ཡིན་པ་གྱིས་ཤིག 18དེ་ལྟར་གྱིས་པ་ཡིན་ན་ཁྱོད་ཀྱི་མ་འོངས་པ་འོད་དངས་འཚེར་བར་འགྱུར༎

གཏམ་དཔེ་བཅོ་ལྔ་པ།

19ངའི་བུ་ཉོན་ཞིག། ཤེས་རབ་དང་ལྡན་པར་གྱུར་ལ། ཁྱོད་ཀྱིས་འཚོ་ལ་བསམ་བློ་ཞིབ་ཏུ་གཏོང་ཞིག 20མི་ཆང་ཧ་ཅང་མང་པོ་འཐུང་མཁན་དང་ཁ་ཟས་ཚོད་མེད་བཟའ་མཁན་དང་མཉམ་དུ་མ་འགྲོགས་ཤིག 21ར་བཟི་ཅན་དང་ལྟོགས་རྔམ་ཅན་རྣམས་དབུལ་འཕོངས་སུ་འགྱུར། གལ་ཏེ་ཁྱོད་ཀྱིས་ཟ་རྒྱུ་དང་ཉལ་རྒྱུ་གཅིག་པོ་བྱེད་པ་ཡིན་ན། ཁྱོད་མགྱོགས་པོར་ཧྲལ་གོས་གྱོན་མཁན་དུ་འགྱུར་རོ༎

གཏམ་དཔེ་བཅུ་དྲུག་པ།

22རང་གི་ཕ་ལ་ཉོན་ཞིག། ཁོང་གི་ཁྱོད་ལ་མི་ཚེ་གནང་བ་དང་། ཁྱོད་ཀྱི་མ་རྒས་སྐབས་མའི་དྲིན་ལེན་དྲེན་ཞིག 23བདེན་པ་དང་ཤེས་རབ་དང་སྦྱོངས་དར་དང་དྲེན་དབང་བཟང་པོ་བཅས་ལ་རིན་གོང་སྤྲོད་འོས་པ་ཡིན་ནོ། འོན་ཀྱང་ཚོང་རྒྱུར་ཧ་ཅང་རིན་ཐང་ཆེན་པོ་ཡིན་ནོ། 24མི་དྲང་བདེན་ཞིག་གི་ཕ་ནི་དགའ་སྐྱིད་ངང་གནས་པ་དང་། ཁྱོད་ཀྱིས་ཤེས་རབ་ལྡན་པའི་བུ་ལ་སྤོབས་པ་བྱེད་དགོས་སོ། 25རང་གི་ཕ་མ་ཁྱོད་ཐོག་སྤོབས་པ་ཡོང་བ་བཟོས་ཤིག རང་གི་མ་ལ་དགའ་སྐྱིད་སྤྲོད་ཅིག།

གཏམ་དཔེ་བཅུ་བདུན་པ།

26བུ་ཁྱོད་ཟབ་ཟབ་ཐོག་ནས་དོ་སྣང་གྱིས་ལ། ངའི་མི་ཚེ་ལ་དཔེར་འཇོག་ཅིག། 27སྨད་འཚོང་མ་དང་ཚུལ་མིན་གྱི་བུད་མེད་རྣམས་ནི་འཆི་བའི་རྙི་ཡིན་ནོ། 28དེ་ཚོས་ཇག་པ་ལྟར་ཁྱོད་ལ་སྒུག་པ་དང་། མི་མང་པོ་དམ་ཚིག་མི་ལྡན་པ་བཟོ་བར་བྱེད་དོ༎

གཏམ་དཔེ་བཅོ་བརྒྱད་པ།

29-30ང་ལ་སུ་ཞིག་གིས་ཆང་ཧ་ཅང་མང་པོ་འཐུང་མཁན་དང། ཆང་གསར་པ་བྲོ་བ་ལེན་དགོས་མཁན་ཞིག་སྟོན་དང་། ངས་ཁྱོད་ལ་སུ་ཞིག་སྡུག་བསྔལ་ཅན་དང་རང་གི་རང་ལ་འགྱོད་སེམས་སྐྱེས་མཁན་དང་རྟག་ཏུ་རྙོག་ཁྲ་བཟོ་མཁན་དང་རྟག་ཏུ་སྐྱོན་བརྗོད་བྱ་མཁན་ཞིག་སྟོན་པར་བྱའོ། ཁོའི་མིག་དམར་པོ་དང་ཁོ་ལ་བྱུང་མ་དགོས་པའི་རྨ་བཟོས་ཡོད་པ་ཡིན་ནོ། 31ཆང་དམར་པོ་གར་པོ་ཞིག་ཕོར་པའི་ནང་འོད་རྒྱབ་ན་ཡང། དེ་འཇམ་ཤིག་གེར་མར་འགྲོ་ན་ཡང་དེ་ལ་མགོ་མ་འཁོར་ཞིག 32སང་ཞོག་ཁྱོད་དུག་སྦྲུལ་གྱིས་སོ་རྒྱབ་ལྟ་བུ་འཚོར་བ་ཡོང་སྲིད་དོ། 33ཁྱོད་ཀྱི་མིག་གི་མདུན་དུ་ཡ་མཚན་གྱི་ལྟས་རྣམས་མཐོང་བ་དང་། ཁྱོད་ཀྱིས་བསམ་བློ་གཏོང་མི་ཐུབ་པ་ལ་གསལ་པོ་ཡང་སྨྲ་མི་ཐུབ་བོ། 34ཁྱོད་འཁྱོར་བའི་གྲུ་གཟིང་གི་དར་ཆེན་སྟེང་ཕར་ཚུར་འགུལ་བ་དང། མཚོ་འགྲུལ་ཁམས་འཁྲུགས་ཤིང། རྒྱ་མཚོའི་ནང་ཡོད་པ་ལྟ་བུའི་འཚོར་བ་ཡོང་བར་འགྱུར། 35ཁྱོད་ཀྱིས་འདི་ལྟར་སྨྲས་ཡོང་། ང་ལ་བརྡུང་ཡོད་ཀྱི་རེད། ང་ལ་ཉེས་བརྡུང་བཏང་ཡོད་ཀྱི་རེད། དེ་ངས་དྲན་གྱི་མི་འདུག། ང་ཅི་ལ་གཉིད་མ་སད་དམ། ང་ལ་ད་དུང་ཆང་དགོས་འདུག།

ལེགས་བཤད 24

གཏམ་དཔེ་བཅུ་དགུ་པ།

1མི་ངན་པ་ལ་ཕྲག་དོག་མ་བྱེད་ཅིག། དེ་ཚོ་དང་མཉམ་དུ་གྲོགས་པོ་བཟོ་ཐབས་མ་བྱེད་ཅིག 2དེ་ཚོས་བསམ་རྒྱུ་ནི་དཀའ་རྙོག་བཟོ་རྒྱུ་གཅིག་པོ་ཡིན་ནོ། དེ་ཚོས་དུས་རྟག་ཏུ་ཁ་ནམ་གདངས་སྐབས་སུ་ཞིག་ལ་གནོད་པ་བྱེད་དོ༎

གཏམ་དཔེ་གཉིས་ཞུ་པ།

3ཤེས་རབ་དང་བློ་གྲོས་ཀྱི་རྨང་གཞིའི་ཐོག་ཁང་པ་རྩིག་པ་དང་། 4ཡོན་ཏན་ཡོད་པའི་ཁང་མིག་རྣམས་རིན་ཐང་ཆེན་པོ་དང་མཛེས་སྡུག་ཅན་གྱི་དངོས་པོས་རྒྱན་སྤྲོས་བྱས་ཡོད་དོ༎

གཏམ་དཔེ་གཉེར་གཅིག།

5ཤེས་རབ་ཅན་དུ་འགྱུར་བ་ནི་སྟོབས་ཤུགས་ཅན་ལས་ལེགས་པ་དང་། ཡོན་ཏན་ནི་ནུས་ཤུགས་ལས་ཧ་ཅང་གལ་ཆེ་བ་ཡིན་ནོ། 6གང་ལྟར་ཁྱོད་ཀྱིས་དམག་ཞིག་རྒྱབ་པའི་སྔོན་ལ་འཆར་གཞི་ཟབ་ཟབ་གཏིང་དགོས་པ་དང་། ཇི་ཙམ་ཁྱོད་ལ་བསླབ་བྱ་བཟང་པོ་ཐོབ་ཡོད་པས། ཁྱོད་ལ་དེ་ཙམ་རྒྱལ་ཁ་ཐོབ་པའི་རེ་བ་ཡོད༎

གཏམ་དཔེ་གཉེར་གཉིས།

7ཤེས་རབ་ལྡན་པའི་གཏམ་དཔེ་མི་གླེན་པས་རྟོགས་རྒྱུར་ཧ་ཅང་གཏིང་ཟབ་པོ་ཡོད་དོ། གལ་ཆེའི་གནད་དོན་རྣམས་ལ་གྲོས་བསྡུར་བྱེད་སྐབས་ཁོ་ལ་ཤོད་རྒྱུ་གང་ཡང་མེད་དོ༎

གཏམ་དཔེ་གཉེར་གསུམ།

8ཁྱོད་ཀྱི་རྟག་ཏུ་འཆར་གཞི་ངན་པ་གཏིང་ཞིང་ཡོད་ན། ཁྱོད་ནི་དཀའ་སྡུག་བཟོ་མཁན་གྱི་མིང་ཐོབ་པར་འགྱུར་རོ། 9མི་གླེན་པ་སུ་ཞིག་གིས་བསམ་པའི་ལྐོག་བྱུས་རྣམས་ལ་སྡིག་པ་ཡོད་དོ། མི་ཞིག་ལ་གང་ཡང་མེད་ན་ཡང་། གཞན་ལ་ཁྱད་གསོ་གཅིག་པོར་བྱེད་མཁན་ལ་མི་རྣམས་ཀྱིས་སྡང་བར་བྱེད་དོ༎

གཏམ་དཔེ་གཉེར་བཞི།

10དཀའ་ངལ་ཀྱི་སྐབས་སུ་ཁྱོད་སྟོབས་ཆུང་བ་ཡིན་ན། ཁྱོད་ངེས་གཏན་སྟོབས་ཆུང་ཡིན་ནོ༎

གཏམ་དཔེ་གཉེར་ལྔ།

11སུ་ཞིག་ལ་དྲང་བདེན་མིན་པར་སྲོག་ཐོག་གཏོང་གྲབ་ཡོད་ན་དེ་ལ་སྐྱོབ་རྒྱུར་ཐེ་ཚོམ་མ་བྱེད་ཅིག 12དེ་ནི་ཁྱོད་ཀྱི་ལས་འགན་མ་རེད་ཅེས་བརྗོད་སྲིད་དོ། འོན་ཀྱང་དཀོན་མཆོག་གིས་དེ་མཁྱེན་པ་དང་། ཁྱོད་ཀྱི་ཀུན་སློང་ལ་ཞིབ་དཔྱོད་མཛད་དོ། ཁོང་གིས་ཁྱོད་ལ་གཟིགས་ཞིབ་གནང་བ་དང་། ཁོང་གིས་མཁྱེན་གྱི་ཡོད། ཁོང་གིས་ཁྱོད་ཀྱིས་ཇི་ལྟར་བྱས་པ་ལྟར་གསོལ་རས་གནང་ངོ་༎

གཏམ་དཔེ་གཉེར་དྲུག།

13བུ་ཁྱོད་སྦྲང་རྩི་ཟ་ཞིག་དེ་ནི་ལེགས་པ་ཡོད། ཁྱོད་ཀྱི་ལྕེ་ལ་སྦྲང་ཚང་གི་སྦྲང་རྩི་མངར་མོ་ཡོད་པ་ལྟར། 14ཁྱོད་ཀྱི་རྣམ་ཤེས་ལ་ཤེས་རབ་བཟང་པོ་ཡོད་པར་ངེས་གཏན་ཡོད། ཁྱོད་ཀྱིས་ཤེས་རབ་དེ་ལེན་པ་ཡིན་ན་ཁྱོད་ཀྱི་མ་འོངས་པ་འོད་དངས་འཚེར་བར་འགྱུར༎

གཏམ་དཔེ་གཉེར་བདུན།

15མི་དྲང་པོ་ལ་ཇག་བཅོམ་མམ་ཡང་ན་དེའི་ཁང་ཁྱིམ་འཕྲོག་བཅོམ་བྱེད་པའི་ལྐོག་བྱུས་གཏིང་མཁན་མི་སྤྱོད་ངན་ལྟ་བུ་མ་བྱེད་ཅིག 16མི་དྲང་པོ་དེ་ཐེངས་ཇི་ཙམ་མང་པོ་འགྱེལ་ན་ཡང་ཁོ་རྟག་ཏུ་སླར་ཡང་ལངས་བར་བྱེད་དོ། འོན་ཀྱང་མི་སྤྱོད་ངན་ལ་རྐྱེན་ངན་གྱིས་འཇིགས་པར་བྱེད་དོ༎

གཏམ་དཔེ་གཉེར་བརྒྱད།

17ཁྱོད་ཀྱིས་དགྲ་བོ་ལ་རྐྱེན་ངན་འཕྲད་སྐབས་དགའ་པོ་མ་བྱེད་ལ། ཁོ་འགྱེལ་སྐབས་དགའ་སྤྲོ་ཡང་མ་བྱེད་ཅིག 18ཁྱོད་ཀྱིས་དགའ་སྤྲོ་བྱེད་བཞིན་ཡོད་ན། གཙོ་བོ་དཀོན་མཆོག་གི་མཁྱེན་པ་དང་། ཁོང་གིས་དེ་ལ་མི་དགའ་བ་དང་། དེ་ནས་ཁོང་གིས་ཁོ་ལ་ཉེས་པ་གཏོང་མི་སྲིད་དོ༎

གཏམ་དཔེ་གཉེར་དགུ།

19མི་ངན་པས་ཁྱོད་ལ་སེམས་འཁྲལ་བྱེད་མ་འཇུག་ལ། དེ་ཚོ་ལ་ཕྲག་དོག་ཡང་མ་བྱེད་ཅིག། 20མི་སྤྱོད་ངན་ཞིག་ལ་མ་འོངས་པར་ལྟ་རྒྱུ་གང་ཡང་མེད་དོ༎

གཏམ་དཔེ་སུམ་ཅུ་པ།

21ངའི་བུ། གཙོ་བོ་དཀོན་མཆོག་ལ་འཇིགས་ཤིགས་དང་རྒྱལ་པོར་གུས་བཀུར་ཞུས་ཤིག དེ་ཚོ་ལ་ངོ་རྒོལ་བྱ་མཁན་ཚོ་དང་མཉམ་དུ་འབྲེལ་བ་གང་ཡང་མ་བྱེད་ཅིག 22མི་དེ་ལྟ་བུ་ཁྱུག་ཙམ་ལ་འཇིག་པར་བྱེད་སྲིད་དོ། ཁྱོད་ཀྱིས་དཀོན་མཆོག་གམ་རྒྱལ་པོས་རྐྱེན་ངན་གཏོང་ཐུབ་བ་དེ་ཤེས་ཀྱི་ཡོད་དམ༎

ཤེས་རབ་ཅན་གྱི་གཏམ་དཔེ་གཞན་རྣམས།

23མི་ཤེས་རབ་ལྡན་པ་ཚོས་འདི་ལྟར་ཡང་གསུངས་ཡོད། ཁྲིམས་དཔོན་ཞིག་གིས་འཁོན་སེམས་བྱ་རྒྱུ་ནོར་འཁྲུལ་ཡིན་ནོ། 24དེས་མི་ཉེས་ཅན་ཞིག་ལ་ཉེས་མེད་གསལ་སྒྲགས་གྱིས་པ་ཡིན་ན། ཁོ་ལ་ཚང་མས་དམོད་པར་བྱས་པ་དང་སྡང་བར་བྱེད་དོ། 25ཉེས་ཅན་ལ་ཉེས་ཆད་གཏོང་མཁན་ཁྲིམས་དཔོན་དེ་འཕེལ་རྒྱས་ལམ་འགྲོ་ཡོང་བ་དང་མཚན་སྙན་གྲགས་འཕེལ་བར་འགྱུར་རོ། 26ལན་དྲང་པོ་དེ་མཛའ་གྲོགས་ངོ་མའི་རྟགས་ཡིན་ནོ། 27ཁྱོད་ཀྱིས་རང་གི་ཁང་པ་བཟོས་པའི་སྔོན་དུ་འཚར་གཞི་ཡག་པོ་གཏིང་ཞིག ས་གཞི་གྲ་སྒྲིགས་བྱོས་ཤིག། 28སུ་ཞིག་ལ་གནད་དོན་བཟང་པོ་མེད་བཞིན་དུ་དེའི་ཁ་ཐད་དུ་དཔང་པོ་མ་བྱེད་ཅིག ཁོའི་སྐོར་ལ་འཛུན་གྱི་གཏམ་མ་ཤོད་ཅིག། 29འདི་ལྟར་མ་སྨྲས་ཤིག། ཁོས་ང་ལ་བྱས་པ་ལྟར་ང་ཡང་ཁོ་ལ་བྱེད་ཀྱི་ཡིན། ངས་ཁོ་ལ་དགྲ་ཤ་ལེན་རྒྱུ་ཡིན། 30ངས་མི་གླེན་པ་དང་ལེ་ལོ་ཅན་ཞིག་གི་ཞིང་ཁ་དང་རྒུན་ཚལ་བརྒྱུད་ནས་ཕྱིན་པ་ཡིན། 31དེ་ཚོ་ཚེར་མའི་སྡོང་ཆུང་དང་རྩ་ཡར་རིང་པོ་སྐྱེས་ནས་ཁེངས་འདུག དེའི་མཐའ་འཁོར་གྱི་རྡོའི་རྩིག་པ་རྣམས་བཞིགས་ནས་མར་འགྱེལ་འདུག 32ངས་དེར་བལྟས་ནས་དེའི་སྐོར་བསམ་བློ་བཏང་བ་དང་། དེ་ནས་བསླབ་བྱ་ཞིག་ལེན་པ་ཡིན་ནོ། 33ཁྱོད་གཉིད་ཁུག་འདོད་ན་གཉིད་ལོག་ཅིག། ལག་པ་སྡམ་ནས་ངལ་གསོ་ཕྲན་བུ་གསོས་ཤིག 34འོན་ཀྱང་ཁྱོད་གཉིད་ལོག་པའི་རིང་དབུལ་འཕོང་གིས་ཁྱོད་ལ་གོ་མཚོན་ལྡན་པའི་ཇག་པ་བཞིན་དུ་འཐབ་རྒོ་བྱེད་དོ༎

ལེགས་བཤད 25

སོ་ལོ་མོན་གྱི་ལེགས་བཤད་གཞན་རྣམས།

1ཡ་ཧུ་དཱའི་རྒྱལ་པོ་ཧེ་ཛི་ཀི་ཡཱའི་རྒྱལ་ཁང་ནས་མི་རྣམས་གིས་བཤུས་པའི་སོ་ལོ་མོན་གྱི་ལེགས་བཤད་གཞན་ཚོ་འདི་རྣམས་ཡིན། 2དཀོན་མཆོག་གི་སྦས་གནང་བར་ང་ཚོས་ཁོང་ལ་གུས་བརྩི་ཞུའོ། རྒྱལ་པོ་རྣམས་ཀྱིས་འགྲེལ་བཤད་ཇི་གནང་བར་ང་ཚོས་ཁོང་ལ་གུས་བརྩི་ཞུའོ། 3རྒྱལ་པོས་ཐུགས་བསམ་ཇི་བཞེས་བཞིན་ཡོད་པ་ཁྱོད་ཀྱིས་ནམ་ཡང་མི་ཤེས། ཁོང་གི་ཐུགས་བསམ་ནམ་མཁའ་ལས་མཐོ་བ་དང་རྒྱ་མཚོ་ལས་གཏིང་ཟབ་པ་ཡོད་པ་དེ་ང་ཚོའི་བསམ་ཚོས་ལས་འགལ་བ་ཡོད་དོ། 4བཟོ་པས་དངུལ་ལས་ལྷད་འདོན་ནས་མཛེས་སྡུག་ལྡན་པའི་དངོས་པོ་བཟོ་ཐུབ་ཡོང། 5རྒྱལ་པོ་ལ་བསླབ་བྱ་ངན་པ་ཞུས་མཁན་རྣམས་ཁོང་ནས་ཐག་རིང་འཇོག་ལ། ཁོང་གི་གཞུང་དེ་ཁྲིམས་དྲང་པོའི་སྙན་གྲགས་སུ་འགྱུར་རོ། 6ཁྱོད་རྒྱལ་པོའི་དྲུང་དུ་ལངས་བསྡད་དུས། ང་ནི་མི་གལ་ཆེན་ཡིན་དོག་བྱས་ནས་ཁོང་ལ་ཐུགས་མགུ་ཐབས་མ་བྱེད་ཅིག 7མི་གལ་ཆེན་ཞིག་ལ་རང་གི་གནས་དེ་སྤྲོད་རོགས་གནང་ལབ་པ་ལས་ཁྱེད་མཐོ་བའི་གནས་དེ་བཞེས་རོགས་གནང་ཞེས་བརྗོད་པ་དེ་ལེགས་སོ། 8ཁྱོད་ཀྱིས་ཇི་ཞིག་མཐོང་བ་ཙམ་གྱིས་ཁྲིམས་ཁང་དུ་འགྲོ་རྒྱུར་མགྱོགས་པོ་མ་བྱེད་ཅིག དཔང་པོ་གཞན་ཞིག་གིས་ཁྱོད་ནོར་འཁྲུལ་ཡིན་པར་ཁུངས་བསྐྱེལ་བྱས་པ་ཡིན་ན་ཁྱོད་ཅི་བྱེད་ཀྱི་ཡིན་ནམ། 9ཁྱོད་དང་ཁྱོད་ཀྱི་ཁྱིམ་མཚེའི་དབར་བསམ་བློ་མི་མཐུན་པ་ཡོད་ན། ཁྱོད་གཉིས་དབར་དེ་ཞི་བར་གྱིས་ཤིག་ལ། གསང་བ་གང་ཞིག་གཞན་ལ་མ་ཤོད་ཤིག། 10དེ་མིན་ཚང་མས་ཁྱོད་ཀྱི་གསང་བ་ཉར་མི་ཐུབ་པར་ཤེས་པ་དང་ངོ་ཚ་དེ་ཁྱོད་ཀྱིས་སུབ་མི་ཐུབ་བོ། 11བསམ་བློ་ལེགས་པར་བཏང་ནས་བརྗོད་པ་ནི། དངུལ་གྱི་ཐོག་གསེར་གྱི་ཀུ་ཤུ་རྣམས་སྒྲིག་པ་ལྟ་བུ་ཡིན་ནོ། 12ཉན་འདོད་ཡོད་མཁན་གྱི་མི་ལ་མི་ཉམས་ཉོང་ལྡན་པ་ཞིག་གིས་ཉེན་བརྡ་བཏང་བ་ནི། གསེར་གྱི་ཨ་ལོང་དང་གསེར་སྤུས་དག་ལས་བཟོས་པའི་རྒྱན་ཆ་ལས་ཧ་ཅང་རིན་ཐང་ཆེའོ། 13བློས་འཁེལ་བའི་བང་ཆེན་ནི་སྟོན་ཐོག་རྔ་བའི་དུས་སུ་ཚ་བའི་དྲོད་ཀྱི་ཆུ་གྲང་མོ་ལྟར་དེ་གཏོང་མཁན་ལ་སོས་བར་འགྱུར་རོ། 14དངོས་པོའི་ཁས་ལེན་བྱས་ནས་རྩ་བ་ནས་མི་སྤྲོད་མཁན་གྱི་མི་རྣམས་ནི། ཆར་པ་འཁྱེར་མི་ཡོང་མཁན་གྱི་སྤྲིན་དང་རླུང་ལྟ་བུ་ཡིན་ནོ། 15བཟོད་སྲན་གྱི་སྒོ་ནས་ཞུ་འབོད་བྱས་པ་ཡིན་ན། སྟོབས་ཤུགས་ཅན་གྱི་འགག་བྱ་ཡང་འཇོམས་པར་བྱེད་པ་དང་། སྲིད་སྐྱོང་པ་ཚོར་བློ་འགུག་ཐུབ་བོ། 16ཁྱོད་ལ་དགོས་པ་ལས་ལྷག་པའི་སྦྲང་རྩི་ནམ་ཡང་མ་ཟ་ཞིག མང་པོ་ཟན་ཁྱོད་སྐྱུག་པར་བྱེད་དོ། 17ཁྱོད་ཀྱི་ཁྱིམ་མཚེས་སར་ཡང་ཡང་མ་འགྲོ་ཞིག ཁོས་ཁྱོད་ལ་ཡིད་ཐང་ཆད་ནས་ཁྱོད་ལ་མི་དགའ་བར་བྱེད་སྲིད་དོ། 18སྐྱོན་བརྗོད་རྫུན་མ་ནི་རལ་གྲི་དང་དབྱུག་པ་དང་མདའ་རྣོ་པོ་ལྟ་བུའི་སྡུག་རྩུབ་ཅན་ཡིན་ནོ། 19དཀའ་རྙོག་གི་སྐབས་སུ་བློས་མི་འཁེལ་བའི་མི་ལ་རེ་བཅོལ་བྱ་རྒྱུ་ནི། སོ་བརྟན་པོ་མེད་པས་མུར་མུར་བྱ་བ་དང་། རྐང་པ་ཞ་བོས་གོམ་པ་སྤོས་ཐབས་བྱས་པ་ལྟ་བུ་ཡིན་ནོ། 20སེམས་སྡུག་ཅན་ལ་གླུ་གཞས་གཏོང་རྒྱུ་ནི་གྲང་མོའི་སྐབས་སུ་གྱོན་གོས་ཕུད་པ་དང་རྨ་ལ་ཚ་འཕུར་བ་ལྟ་བུ་ཡིན་ནོ། 21ཁྱོད་ཀྱིི་དགྲ་བོ་ལྟོགས་བཞིན་ཡོད་ན་ཁོ་ལ་ཁ་ཟས་བྱིན་ཞིག ཁོ་བསྐོམ་བཞིན་ཡོད་ན་ཁོ་ལ་འཐུང་རྒྱུ་བྱིན་ཞིག 22ཁྱོད་ཀྱིས་ཁོ་ལ་ངོ་ཚས་མེ་འབར་བར་བྱེད་པ་དང་། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་རྔན་པ་གནང་ངོ་། 23བྱང་རླུང་གིས་ཆར་པ་ཡོང་བ་ལྟར་ཆོ་མེད་པའི་གཏམ་གྱིས་ཁོང་ཁྲོ་ངེས་གཏན་འཁྱེར་བར་བྱེད་དོ། 24ཆུང་མ་སུན་པོ་དང་མཉམ་དུ་ཁང་པར་བསྡད་པ་ལས། ཁང་པའི་རྩེ་ཐོག་ཏུ་བསྡད་པ་ལེགས་སོ། 25མཐའ་མར་ཐག་རིང་ཡུལ་ནས་གཏམ་བཟང་ཐོས་པ་དེ་ཁྱོད་ལ་ཁ་སྐོམ་པའི་སྐབས་སུ་ཆུ་གྲང་མོ་འཐུང་རྒྱུ་རྙེད་པ་ལྟ་བུ་ཡིན་ནོ། 26ངན་པས་འདོད་ལྟར་བྱས་མཁན་མི་བཟང་པོ་དེ་ནི། ཆུ་མིག་བཙོག་པ་ཡང་ན་དུག་བཏབ་པའི་ཁྲོན་པ་ལྟ་བུ་ཡིན་ནོ། 27སྦྲང་རྩི་ཧ་ཅང་མང་པོ་ཟ་རྒྱུ་ནི་ཡག་པོ་མ་ཡིན། རང་ལ་བསྟོད་བསྔགས་མང་པོ་ཐོབ་པ་བྱ་རྒྱུ་ནི་དེ་བཞིན་ཡིན་ནོ། 28ཁྱོད་ཀྱིས་ཁོང་ཁྲོར་བཟོད་སྒོམ་བྱེད་མ་ཐུབ་པ་ཡིན་ན། ཁྱོད་ལྕགས་རིགས་མེད་པའི་གྲོང་ཁྱེར་ལྟ་བུ་སྐྱབས་གྲོགས་མེད་པར་འགྱུར༎

ལེགས་བཤད 26

1གླེན་པ་ལ་བསྟོད་བསྔགས་བྱ་རྒྱུ་ནི། དབྱར་དུས་ཀྱི་ཁ་བ་དང་སྟོན་ཐོག་རྔ་བའི་སྐབས་ཀྱི་ཆར་པ་དང་འདྲའོ། 2ཁྱོད་ལ་འོས་བབས་མེད་ན་དམོད་པས་ཁྱོད་ལ་མི་གནོད་དོ། དེ་ནི་འཕུར་བའི་བྱིའུ་ནམ་ཡང་མ་བབས་མཁན་ལྟ་བུ་ཡིན་ནོ། 3ཁྱོད་ཀྱིས་རྟ་ལ་རྟ་ལྕགས་ཞུས་པ་དང་། བོང་བུ་ལ་སྲབ་བེད་སྤྱོད་བྱེད་པ་དང་། གླེན་པ་ལ་ཉེས་བརྡུང་གཏོང་དགོས་སོ། 4ཁྱོད་ཀྱིས་གླེན་པའི་དྲིས་བ་ལ་ལན་འདེབས་བྱས་པ་ཡིན་ན། སྐད་ཆ་འདི་འདྲི་མཁན་དེ་ལྟར་ཁྱོད་ཀྱང་གླེན་པ་ཡིན་ནོ། 5གླེན་པའི་དྲི་བ་ལ་གླེན་པའི་ལན་འདེབས་གྱིས་ཤིག་དང་། འདྲི་བ་བྱེད་མཁན་དེས་ཁོའི་བསམ་པ་ལྟར་ཁོ་རང་སྤྱང་པོ་མ་ཡིན་པ་རྟོགས་པར་འགྱུར། 6ཁྱོད་ཀྱིས་གླེན་པ་ལ་ལན་བསྐྱེལ་དུ་བཅུག་པ་ཡིན་ན། ཁྱོད་རང་ཉིད་ཀྱི་རྐང་པ་འབྲེག་པ་ལྟ་བུ་ཡིན། ཁྱོད་ཀྱིས་དཀའ་རྙོག་ལ་འབོད་བཞིན་ཡོད་དོ། 7གླེན་པ་ཞིག་གིས་ལེགས་བཤད་བེད་སྤྱོད་བྱེད་པ་དེ། མི་ཞ་བོས་རང་གི་རྐང་པ་བེད་སྤྱོད་བྱེད་ཐབས་བྱེད་པ་ལྟ་བུ་ཡིན། 8གླེན་པ་ལ་བསྟོད་བསྔགས་བྱེད་རྒྱུ་ནི། ཨུར་རྡོའི་ནང་རྡོ་སྡམ་པ་ལྟ་བུ་ཡིན་ནོ། 9གླེན་པས་ཤེས་རབ་ལྡན་པའི་གཏམ་དཔེ་སྨྲ་བ་དེས། མི་ར་བཟི་ཅན་གིས་རང་གི་ལག་པ་ནས་ཚེར་མ་བཏོན་ཐབས་བྱེད་པ་ལྟ་བུ་ཡིན། 10ལས་བསྐུལ་མཁན་གིས་གླེན་པ་ཡང་ན་འགྲུལ་པ་ལ་གླས་པ་ཡིན་ན། འབྲེལ་ཡོད་ཚང་མ་མནར་བར་བྱེད་དོ། 11གླེན་པས་བྱ་བ་གླེན་པ་ཐེངས་གཉིས་པ་བྱས་པ་ནི། ཁྱིས་རང་གི་སྐྱུགས་པ་རང་གིས་བཟས་པ་ལྟ་བུ་ཡིན་ནོ།། 12རང་ཉིད་ཤེས་རབ་ཅན་མ་ཡིན་པར་ཡིན་བསམ་མཁན་ལས། གླེན་ལྐུག་ཆེ་ཤོས་དེས་ལེགས་པ་ཡིན་ནོ། 13ལེ་ལོ་ཅན་གྱི་མི་རང་གི་ཁྱིམ་ནས་ཕྱིར་ཅི་ལ་མི་ཐོན་པ་ཡིན་ནམ། ཁོ་སུ་ལ་འཇིགས་ཀྱི་ཡོད་པ་རེད་དམ། སེང་གེ་ལ་འཇིགས་ཀྱི་ཡོད་པ་རེད་དམ། 14བཀབ་སྦྱར་ལ་སྒོ་ཕར་ཚུར་གྱུག་པ་བཞིན་མི་ལེ་ལོ་ཅན་ཉལ་ཁྲིའི་སྟེང་ཨ་ལོག་བརྒྱབ་བོ། 15མི་འགའ་ཤས་རང་གི་ཁའི་ནང་ཁ་ཟས་བླུག་རྒྱུར་ཡང་ཧ་ཅང་ལེ་ལོ་བྱེད་དོ། 16མི་ལེ་ལོ་ཅན་ཞིག་གིས་ཁོའི་རང་གི་བསམ་བློར། གནད་དོན་གྱི་བསམ་ཚུལ་བཟང་པོ་བརྗོད་ཐུབ་མཁན་བདུན་ལས་ཁོ་རང་ཤེས་རབ་ལྡན་པ་ཡིན་བསམ་པར་བྱེད་དོ། 17གཞན་གྱི་རྩོད་རྙོག་ལ་ལག་པ་འཇུས་རྒྱུ་ནི། རྒྱ་ལམ་དུ་སོང་ནས་ཁྱིའི་རྣ་བ་བཟུང་བ་ལྟ་བུ་ཡིན་ནོ། 18-19མི་ཞིག་ལམ་ལོག་ཏུ་འཁྲིད་དེ་དེ་ནས་ཁོས་བསྟན་བཤིག་བྱེད་པ་ཡིན་ཟེར་མཁན་ནི། ཉེན་ཁ་ཅན་གྱི་མཚོན་ཆ་དང་རྩེད་མོ་རྩེད་མཁན་སྨྱོན་པ་ལྟ་བུ་ཡིན་ནོ། 20ཤིང་མེད་ན་མེ་ཤི་བར་འགྱུར། དོན་མེད་ཀྱི་དཀྲོག་གཏམ་མེད་ན་འཁོན་འཁྲུགས་མཚམས་ཆད་དོ། 21སོལ་བས་མེ་སྤུངས་འཚེར་བར་བྱེད་པ་དང་། ཤིང་གི་མེ་འབར་རུ་འཇུག་པ་དང་། རྙོག་ཟིང་སློང་མཁན་གྱིས་རྩོད་གླེང་སློང་བར་བྱེད་དོ། 22དཀྲོག་གཏམ་ནི་ཧ་ཅང་བྲོ་བ་ཆེན་པོ་ཡོད་པ་དང་། ང་ཚོ་དེ་གྱུར་མིག་གཏོང་བ་ཇི་འདྲ་དགའམ། 23ལྷག་བསམ་བྲལ་བའི་གཏམ་གྱིས་ཁྱོད་ཀྱི་སེམས་ཀྱི་བསམ་བློ་ངན་པ་འགེབས་རྒྱུ་ནི། རྫ་སྣོད་དངུལ་གྱི་བཏུམ་ནས་ཡིད་དུ་འོང་བ་ལྟ་བུ་ཡིན་ནོ། 24མི་ཟོག་པོ་ཞིག་གིས་ཁོའི་སྡང་བ་དེ་དཔེ་ལས་ཀྱི་གཏམ་ནང་སྦས་པར་བྱེད་དོ། 25ཁོའི་གཏམ་དེ་ལེགས་པར་མཐོས་ན་ཡང་ཁོ་ལ་ཡིད་ཆེས་མ་བྱེད་ཅིག གང་ལགས་ཟེར་ན། ཁོའི་སེམས་སྡང་པོས་ཁེངས་ཡོད། 26ཁོ་རང་གི་སྡང་བ་དེ་བཀབ་ཡོད་ན་ཡང་། ཚང་མས་ཁོས་ངན་ལས་གྱིས་པ་རྣམས་མཐོང་བར་འགྱུར་རོ། 27མི་གཞན་ལ་རྙི་རྒྱབ་མཁན་ཚོ་རང་ཉིད་རྙི་དེར་འཚུར་བར་འགྱུར། གཞན་གྱི་ཐོག་རྡོ་ལྷུང་མཁན་ཚོ་རང་ཉིད་བསྣུན་པར་འགྱུར་རོ། 28རྫུན་བཤད་མཁན་གྱིས་རང་གི་རྫུན་ནས། གནོད་མཁན་དེ་ལ་སྡང་བར་བྱེད་དོ། ལྷག་བསམ་མེད་པའི་གཏམ་གྱིས་འཇིག་པ་མ་གཏོགས་གང་ཡང་འཁྱེར་མི་ཡོང་ངོ་༎

ལེགས་བཤད 27

1སང་ཉིན་གྱི་དོན་དུ་ནམ་ཡང་འབོར་ཤོས་མ་གཤོད་ཅིག ད་ལྟ་དང་སང་ཉིན་གྱི་དབར་ལ་ཇི་ཡོང་ཁྱོད་ཀྱི་མི་ཤེས་སོ། 2མི་གཞན་དང་ངོ་མི་ཤེས་པ་ཚོས་ཀྱང་ཁྱོད་ལ་བསྟོད་རུ་འཇུག་ཅིག རང་གི་རང་ལ་ནམ་ཡང་དེ་ལྟར་མ་བྱེད་ཅིག 3རྡོ་དང་བྱེ་མའི་ལྗིད་ཚད་དང་བསྡུར་ན་གླེན་པས་བཟོས་པའི་དཀའ་སྡུག་དེ་ལས་ལྗིད། 4ཁོང་ཁྲོད་ནི་སྡུག་རྩུབ་དང་སྟོར་བཤིགས་ཅན་ཡིན། འོན་ཀྱང་ཕྲག་དོག་དང་བསྡུར་བ་ཡིན་ན་དེ་ནི་གང་ཡང་མིན། 5གསང་བའི་བྱམས་བརྩེ་ལས་གསལ་བའི་འཤེ་འཤེ་ལེགས་པ་ཡིན། 6གྲོགས་པོའི་སྤྲད་པའི་རྨ་ཡི་གནོད་སྐྱོན་མི་བྱེད་དོ། འོན་ཀྱང་དགྲ་བོས་ལག་པས་འཐམས་པ་ཡིན་ན་ཟབ་ཟབ་གྱིས་ཤིག 7ཁྱོད་འགྲངས་ཡོད་ན་སྦྲང་རྩི་ཡང་མི་ཟའོ། འོན་ཀྱང་ཁྱོད་ལྟོགས་ཡོད་ན་ཁ་ཟས་ཁ་ཏིག་ལ་ཡང་མངར་བའི་རོ་ཡོད་དོ། 8སུ་ཞིག་ཁྱིམ་ནས་ཐག་རིང་ཡོད་པ་ནི། བྱ་རང་གི་ཚང་ནས་ཐག་རིང་ཡོད་པ་ལྟ་བུ་ཡིན། 9དྲི་བཟང་དང་དྲི་མངར་གྱི་སྣུམ་གྱིས་ཁྱོད་དགའ་བར་བྱེད་དོ། འོན་ཀྱང་དཀའ་རྙོག་གིས་ཁྱོད་ཀྱི་སེམས་ཞི་བདེ་བསིལ་བུར་སྟོར་རོ། 10ཁྱོད་ཀྱི་གྲོགས་པོ་ཚོའམ་ཡང་ན་ཁྱོད་ཀྱི་ཕའི་གྲོགས་པོ་ཚོ་ལ་མ་རྗེད་པར་གྱིས་ཤིག ཁྱོད་ལ་དཀའ་ངལ་ཡོད་སྐབས་ཁྱོད་ཀྱི་སྤུན་ལ་རོགས་རམ་གྱི་འབོད་བསྐུལ་མ་བྱེད་ཅིག ཁྱོད་ཀྱི་ཉེ་འགྲམ་གྱི་ཁྱིམ་མཚེས་ཀྱི་ཐག་རིང་གི་སྤུན་ལས་ལྷག་པའི་རོགས་བྱེད་ཐུབ་བོ། 11ངའི་བུ་ཤེས་རབ་དང་ལྡན་པ་གྱིས་ན་ང་དགའ་བར་འགྱུར། ང་ལ་སྐྱོན་བརྗོད་བྱ་མཁན་ཚང་མར་ངས་ལན་འདེབས་བྱ་རྒྱུ་ཡོད། 12བསམ་ཡོད་ཀྱི་སྐྱེ་བོ་ཚོས་དཀའ་རྙོག་མཐོང་བ་དང་དེ་ལས་གཡོལ་བར་བྱེད་དོ། འོན་ཀྱང་བསམ་ཤེས་མེད་པའི་སྐྱེ་བོ་ཚོས་ཐད་ཀར་དེའི་ནང་འགྲོ་བ་དང་རྗེས་སུ་འགྱོད་པ་བྱེད་དོ། 13སུ་ཞིག་མི་ངོ་མི་ཤེས་པའི་བུ་ལོན་གྱི་འགན་ལེན་གྱུའི་དམ་བཅའ་འཇོག་མཁན་གླེན་པ་དེའི་རྒྱུ་དངོས་རྣམས་བུ་ལོན་འཇལ་རྒྱུའི་གཏའ་མར་འོས་པ་ཡིན་ནོ། 14ཁྱོད་ཀྱིས་རང་གི་གྲོགས་པོ་ལ་ཞོག་པ་སྔ་པོར་སྐད་ཤུགས་ཆེན་པོས་ཤིས་པ་བརྗོད་པ་ཡིན་ན་དམོད་པར་བྱེད་དོ། 15ཆུང་མ་སུན་པོ་ནི་ཆར་དུས་སྐབས་ཀྱི་ཆུ་ཐིག་ཟག་པ་ལྟ་བུ་ཡིན། 16ཁྱོད་ཀྱིས་མོ་ལ་ཇི་ལྟར་ཁ་བཅུམ་ཐུབ་བམ། ཁྱོད་ཀྱིས་ལྷག་པ་འགོག་ཐབས་དང་། སྣུམ་སྦར་ར་གང་བཟུང་ཐབས་བྱེད་མྱོང་ངམ། 17ལྕགས་ཀྱིས་ལྕགས་རྣོ་བར་བྱེད་པ་ལྟར་མིས་གཅིག་གིས་གཅིག་ནས་སྦྱོངས་ཐུབ་བོ། 18ཁྱོད་ཀྱི་སེ་ཡབ་ཤིང་ལ་བདག་པོ་གྱིས་ལ་ཁྱོད་ལ་སེ་ཡབ་ཟ་རྒྱུ་ཡོང་། རང་གི་སྦྱིན་བདག་ལ་བལྟ་རྟོགས་བྱ་མཁན་གཡོག་པོ་ཚོས་གུས་ཞབས་ཐོབ་བོ། 19ཆུའི་ནང་རང་གི་མདོང་འོད་འཕྲོད་པ་ལྟར། མིའི་སེམས་ནང་ཁོའི་རང་གི་སྤྱོད་ལམ་མཐོང་བར་འགྱུར། 20མིའི་འདོད་པ་ནི་དམྱལ་ཁམས་ལྟ་བུ་ནམ་ཡང་འཚིམ་པར་མི་འགྱུར་རོ། 21མེས་ནང་གསེར་དང་དངུལ་ལ་རྟགས་དཔྱད་བྱས་པ་ལྟར། མི་ཞིག་གི་སྙན་གྲགས་ལ་ཡང་རྟགས་དཔྱད་བྱེད་ཐུབ་ཡོང་། 22ཁྱོད་ཀྱིས་གླེན་པ་ཞིག་ལ་མ་ཤི་ཙམ་བརྡུང་བ་ཡིན་ན་ཡང། ཁྱོད་ཀྱིས་ཁོའི་གླེན་རྟགས་དེ་ཁོ་ལས་བརྡུང་སྟེ་བཏོན་མི་ཐུབ་བོ། 23ཁྱོད་ཀྱིས་ལུག་དང་ཕྱུགས་རྣམས་ལ་གང་ཟབ་ཟབ་བལྟ་རྟོགས་གྱིས་ཤིག། 24གང་ལགས་ཟེར་ན། རྒྱུ་ནོར་ནི་གཏན་དུ་གནས་མཁན་མ་ཡིན་པ་དང་། རྒྱལ་ཁབ་ཚོ་ཡང་གཏན་དུ་གནས་པར་མི་འགྱུར་རོ། 25སྔོན་དུ་སོག་མ་བཅད་ནས་དེ་རྗེས་སུ་རི་ཁུལ་དུ་རྩ་བཅད་དུས་སྟོན་ཏོག་རྗེས་མའི་སོག་མ་སྐྱེ་ བཞིན་ཡོད་པ་བྱུང་ཡོང་། 26ཁྱོད་ཀྱི་ལུག་གི་བལ་གྱི་གྱོན་གོས་བཟོས་ཐུབ་པ་དང་། ཁྱོད་ཀྱི་ར་འགའ་ཤས་ཚོང་ནས་དེའི་དངུལ་གྱི་ས་ཆ་ཉོ་ཐུབ་བོ། 27ར་ལྷག་འཕྲོས་ཀྱིས་ཁྱོད་ཀྱི་ཁྱིམ་ཚང་དང་གཡོག་མོ་བཅས་པར་འོ་མ་སྤྲད་པར་བྱེད་དོ༎

ལེགས་བཤད 28

1ངན་པར་སུ་ཀྱང་དེད་མཁན་མེད་ཡང་བྲོས་པར་བྱེད། འོན་ཀྱང་དྲང་པོའི་མི་ནི་སེང་གེ་ཞིག་ལྟར་བློ་སྟོབས་དང་ལྡན་ནོ། 2མི་རིགས་ཞིག་གིས་སྡིག་པ་བྱ་སྐབས་དབང་བསྒྱུར་མཁན་གཅིག་གི་རྗེས་ལ་གཅིག་ཡོང་ངོ་། འོན་ཀྱང་མི་རིགས་ཤིག་གི་ནང་ཤེས་རབ་དང་ལྡན་པའི་བསམ་ཤེས་ཡོད་མཁན་འགོ་འཁྲིད་རྣམས་ཡོད་པ་ཡིན་ན། དེ་ནི་སྟོབས་ཤུགས་ཅན་དུ་འགྱུར་བ་དང་བརྟན་པོར་འགྱུར་རོ། 3དབང་ཆ་ཡོད་མཁན་སུ་ཞིག་གིས་དབུལ་པོར་མནར་གཅོད་གཏོང་བ་ནི། སྟོན་ཐོག་འཇིག་པར་བྱ་བའི་ཆར་པ་དྲག་པོ་ལྟ་བུ་ཡིན་ནོ། 4ཁྱོད་རང་བཀའ་ཁྲིམས་ལ་རྩིས་སྲུང་མ་བྱེད་པ་ཡིན་ན། ངན་པའི་ཕྱོགས་སུ་ཡོད་པ་ཡིན་ནོ། འོན་ཀྱང་ཁྱོད་ཀྱིས་བཀའ་ཁྲིམས་ལ་ཉན་པ་ཡིན་ན་ཁྱོད་དེ་ཚོའི་རྒྱབ་འགལ་དུ་ཡོད་དོ། 5མི་ངན་པ་ཚོས་ཁྲིམས་དྲང་བདེན་ཇི་ཡིན་མི་ཤེས་སོ། འོན་ཀྱང་གཙོ་བོ་དཀོན་མཆོག་ལ་མཆོད་མཁན་ཚོས་དེ་ཚོ་ལེགས་པར་ཤེས་སོ། 6ཕྱུག་པོ་དྲང་མིན་ལས་དབུལ་པོ་དྲང་པོ་ལེགས་པ་ཡིན་ནོ། 7སྐྱེ་བོ་ན་གཞོན་བཀའ་ཁྲིམས་ལ་སྲུང་བརྩི་བྱ་མཁན་དེ་ཤེས་རབ་དང་ལྡན་པ་ཡིན་ནོ། ཕན་མི་ཐོག་པ་ཚོ་དང་མཉམ་དུ་གྲོགས་པོ་བྱ་མཁན་དེ་ནི་རང་གི་ཕ་ལ་དམའ་འབེབས་ཡིན་ནོ། 8ཁྱོད་ཀྱིས་སྐྱེད་ཁ་ལེན་པ་དང་། མིའི་མཁེ་ཕན་བཟུང་ནས་ཕྱུག་པོར་གྱུར་བ་ཡིན་ན། ཁྱོད་ཀྱི་རྒྱུ་ནོར་རྣམས་བྱམས་སྐྱོང་བྱ་མཁན་ཞིག་ལ་ཐོབ་པར་འགྱུར། 9ཁྱོད་ཀྱིས་བཀའ་ཁྲིམས་ལ་བརྩི་བཀུར་མ་ཞུས་པ་ཡིན་ན། ཁྱོད་ཀྱིས་ཞུ་བའི་སྨོན་ལམ་དཀོན་མཆོག་གིས་སྡང་བའི་རྒྱུར་འགྱུར་རོ། 10ཁྱོད་ཀྱིས་མི་དྲང་པོ་ཞིག་ངན་པ་བྱ་རྒྱུར་བསླུ་འཁྲིད་བྱས་པ་ཡིན་ན། ཁྱོད་རང་རང་ཉིད་ཀྱི་རྙིད་ནང་འཚུར་པར་འགྱུར། སྐྱོན་མེད་ལ་རྔན་པ་ལེགས་པར་བྱིན་པར་བྱེད་དོ། 11མི་ཕྱུག་པོ་ཚོས་རང་ཉིད་རྟག་ཏུ་ཤེས་རབ་ལྡན་པ་ཡིན་བསམ་པར་བྱེད་དོ། འོན་ཀྱང་མི་ནང་དོན་རྟོགས་ཐུབ་པའི་དབུལ་པོ་དེས་སྤྱོད་ཚུལ་ལེགས་པ་ཤེས་སོ། 12མི་བཟང་པོ་ཚོར་དབང་ཆ་ཐོབ་པ་ཡིན་ན་ཚང་མས་དགའ་སྟོན་བྱེད་པ་དང་། འོན་ཀྱང་མི་ངན་པས་དབང་བསྒྱུར་བྱས་པ་ཡིན་ན་མི་རྣམས་གབ་ནས་བསྡད་པར་བྱེད་དོ། 13ཁྱོད་ཀྱིས་རང་གི་སྡིག་པ་རྣམས་ལ་འགེབས་ཐབ་བྱས་པ་ཡིན་ན། ཁྱོད་ཀྱི་མི་ཚེའི་ནང་ནམ་ཡང་ལམ་འགྲོ་མི་ཡོང་། དེ་ཚོ་ངོས་ལེན་གྱིས་ནས་སྤོངས་ཤིག་དང་། དཀོན་མཆོག་གིས་ཁྱོད་ལ་སྙིང་རྗེ་གནང་བར་མཛད་དོ། 14རྟག་ཏུ་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་པ་ཡིན་ན་ཁྱོད་དགའ་བདེར་འགྱུར། གལ་ཏེ་སེམས་མཁྲེགས་པོ་ཅན་དུ་འགྱུར་བ་ཡིན་ན་ཁྱོད་མེད་པར་འགྱུར། 15དབུལ་པོ་རྣམས་ནི་སྤྱོད་ངན་དབང་བསྒྱུར་མཁན་གྱི་དྲུང་དུ་མགོན་སྐྱབས་མེད་པ་ཡིན་ནོ། ཁོ་ནི་ངར་བཞིན་པའི་སེང་གེ་དང་ཕར་རྒོལ་བཞིན་པའི་དོམ་ལྟར་ཉེན་ཁ་ཡོད་དོ། 16བསམ་ཤེས་མེད་པའི་དབང་བསྒྱུར་མཁན་ནི་སྡུག་རྩུབ་ཅན་གྱི་དབང་བསྒྱུར་མཁན་ངན་པ་ཞིག་ཡོང་། དྲང་མིན་ལ་སྡང་བར་བྱ་མཁན་དེས་ཡུན་རིང་བར་དབང་བསྒྱུར་བྱེད་དོ། 17མི་གསོད་ཀྱི་ཉེས་ཅན་ཡིན་པའི་སྐྱེ་བོ་དེས་རང་གི་དུར་ཁུང་གང་མགྱོགས་བྲུས་བཞིན་ཡོད། ཁོ་ལ་འགོག་ཐབས་མ་བྱེད་ཅིག། 18དྲང་པོ་གྱིས་ལ་ཁྱོད་བདེ་བར་འགྱུར། ཁྱོད་དྲང་པོ་མེད་ན་གློ་བུར་དུ་མར་ཟག་པར་འགྱུར། 19ལས་ཀ་ཧུར་པོ་བྱ་མཁན་ཞིང་པ་ལ་ཟ་རྒྱུ་འབོལ་པོ་ཡོད་པ་དང་། དུས་ཚོས་ཆུ་ཟོས་སུ་གཏོང་མཁན་གྱི་སྐྱེ་བོ་རྣམས་རྟག་ཏུ་དབུལ་པོར་གནས་པར་འགྱུར་རོ། 20མི་དྲང་པོ་ཚོ་མི་ཚེ་རིང་པོ་དང་དགའ་སྐྱིད་ངང་སྐྱེལ་བར་བྱེད་དོ། འོན་ཀྱང་ཁྱོད་ཕྱུག་པོ་འགྱུར་རྒྱུ་བྲེལ་བ་ཡོད་ན་ཁྱོད་ལ་ཉེས་ཆད་གཏོང་བར་འགྱུར། 21འཁོན་སེམས་ནི་ནོར་འཁྲུལ་ཡིན་པ་དང་། འོན་ཀྱང་ཁྲིམས་དཔོན་འགའ་ཤས་ཀྱིས་ལྐོག་རྔན་ཆུང་ཆུང་ཡང་ལེན་ནས་ནོར་འཁྲུལ་བྱེད་དོ། 22མི་རང་འདོད་ཅན་ཚོ་ཕྱུག་པོ་འགྱུར་རྒྱུར་བྲལ་བ་ཆེན་པོ་ཡོད་སྟབས། དེ་ཚོས་དབུལ་འཕོངས་སུ་ནམ་འགྱུར་བ་མི་ཤེས་སོ། 23སུ་ཞིག་ལ་བཅུན་པ་ཡིན་ན་རྗེས་སུ་ཁོས་དཔལ་ལས་བཤད་པ་ལས་ལྷག་པའི་དགའ་ངོམ་བྱེད་དོ། 24སུ་ཞིག་གིས་རང་གི་ཕ་མ་ལས་རྐུས་ནས་ནོར་འཁྲུལ་མིན་བསམ་མཁན་དེ་རྐུན་མ་དཀྱུས་མ་ལས་དྲག་པ་མིན། 25རང་འདོད་བྱེད་པ་དེ་ནི་དཀའ་རྙོག་གི་རྐྱེན་ཡིན་ནོ། ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་བ་ཡིན་ན་ཁྱོད་ཧ་ཅང་ལེགས་པར་འགྱུར་རོ། 26ཁྱོད་རང་རང་ཉིད་ཀྱི་བསམ་ཚུལ་གྱི་རྗེས་སུ་འཇུག་རྒྱུ་ནི་གླེན་པ་ཡིན། མི་ཤེས་རབ་ཅན་ཚོའི་སློབ་སྟོན་གྱི་རྗེས་སུ་འཇུག་ན་སྲུང་སྐྱོབས་འོག་མཛོག་པར་བྱའོ། 27དབུལ་པོར་བྱིན་པ་ཡིན་ན་ཁྱོད་ལ་དགོས་མཁོ་ནམ་ཡང་མི་ཡོང་ངོ་། ཁྱོད་ཀྱིས་དབུལ་པོ་ལ་དོ་སྣང་མ་བྱེད་པར་བསྡད་ན་མི་མང་པོས་ཁྱོད་ལ་དམོད་པར་བྱེད་དོ། 28མི་ངན་པར་དབང་ཆ་ཐོབ་པ་ཡིན་ན། མི་རྣམས་གབ་ནས་བསྡད་ཡོང་། འོན་ཀྱང་དེ་ཚོ་དབང་ཆ་ནས་མར་ཟག་སྐབས་མི་དྲང་ལྡན་ཚོས་སླར་ཡང་སྲིད་དབང་བྱེད་དོ༎

ལེགས་བཤད 29

1ཁྱོད་ལ་བཅུན་སྐབས་ཁྱོད་གྱོང་པོ་བྱས་པ་ཡིན་ན། ཉིན་ཞིག་ཁྱོད་འཇིག་པ་དང་ནམ་ཡང་སྐྱར་གསོ་མི་ཐུབ་བོ། 2དྲང་ལྡན་མི་ཡིས་དབང་གྱུར་སྐབས། མི་མང་རྣམས་དགའ་སྐྱིད་བྱེད་དོ། ངན་པས་དབང་གྱུར་སྐབས། མི་མང་རྣམས་སྡུག་བསྔལ་མྱོང་ངོ། 3ཁྱོད་ཀྱིས་ཤེས་རབ་ལ་དགའ་ངོམ་བྱས་པ་ཡིན་ན། ཁྱོདཀྱི་ཕ་ཡིས་སྤོབས་པ་བྱེད་དོ། སྨད་ཚོང་མ་ལ་དངུལ་ཆུ་ཟོས་སུ་གཏོང་མཁན་དེ་ནི་གླེན་པ་ཡིན་ནོ། 4རྒྱལ་པོས་ཁྲིམས་དྲང་བདེན་ལ་དོ་འཁུར་གནང་བ་ཡིན་ན། རྒྱལ་ཁབ་སྟོབས་ཤུགས་ཅན་དུ་འགྱུར་རོ། འོན་ཀྱང་ཁོང་གིས་དངུལ་གཅིག་པུ་ལ་དོ་འཁུར་བྱས་པ་ཡིན་ན་ཡུལ་དེ་འཇིག་པར་བྱེད་དོ། 5ཁྱོད་ཀྱིས་རང་གི་གྲོགས་པོར་དཔལ་ལས་བཤད་པ་ཡིན་ན། ཁྱོད་རང་རང་ཉིད་ཀྱི་ཆེད་དུ་རྙི་ཀྲམ་པ་ཡིན་ནོ། 6མི་ངན་པ་རྣམས་རང་གི་སྡིག་པའི་ནང་ཚུད་པ་དང་། མི་དྲང་ལྡན་རྣམས་དགའ་སྐྱིད་དང་རང་དབང་དུ་གནས་པར་བྱེད་དོ། 7མི་བཟང་པོ་ཞིག་གིས་དབུལ་པོའི་ཐོབ་ཐང་ཤེས་པ་དང་། འོན་ཀྱང་མི་ངན་པ་ཚོས་དེ་ལྟར་རྟོགས་པར་མི་བྱེད། 8སྐྱེ་བོ་གཞན་ལ་བཙི་མཐོང་མ་བྱེད་མཁན་ཚོས་གྲོང་ཁྱེར་ཡོངས་རྫོགས་རྙོག་ཟིང་སློང་བར་བྱེད་པ་དང་། ཤེས་རབ་ལྡན་པ་ཚོས་ཞི་བདེ་བཟོ་བར་བྱེད་དོ། 9ཤེས་རབ་དང་ལྡན་པ་ཞིག་གིས་གླེན་པ་ཞིག་ལ་ཁ་མཆུ་རྒྱབ་པ་ཡིན་ན། གླེན་པ་དེས་གད་མོ་གད་པར་བྱེད་པ་དང་སྐད་ཆེན་པོ་དང་སྨའ་འབེབས་བྱ་མཁན་དུ་འགྱུར་རོ། 10སྲོག་གཅོད་པ་ཚོས་མི་དྲང་པོར་མི་དགའ་བ་བྱེད་པ་དང་། འོན་ཀྱང་དྲང་བདེན་ཚོས་མི་དྲང་པོའི་སྲོག་སྐྱོབས་པར་བྱེད་དོ། 11མི་གླེན་པ་ཚོས་རང་གི་ཁོང་ཁྲོ་མངོན་གསལ་གྱི་འདོན་པར་བྱེད་དོ། འོན་ཀྱང་བསམ་ཤེས་ཡོད་མཁན་གྱིས་བཟོད་སྲན་བྱེད་པ་དང་དེ་འགོག་པར་བྱེད་དོ། 12སྲིད་སྐྱོངས་བ་ཞིག་གིས་གནས་ཚུལ་རྫུན་མ་ལ་དོ་སྣང་བྱས་པ་ཡིན་ན། ཁོང་གི་ལས་བྱེད་པ་ཚང་མ་རྫུན་གཤོད་མཁན་ཡིན་པར་འགྱུར། 13མི་དབུལ་པོ་ཞིག་དང་དེ་ལ་མནར་གཅོད་བྱ་མཁན་གཉིས་ཀར་འདྲ་མཚུངས་ཡོད་པ་ནི། གཙོ་བོ་དཀོན་མཆོག་གིས་དེ་ཚོར་མིག་གནང་ཡོད་པ་ཡིན་ནོ། 14རྒྱལ་པོ་ཞིག་གིས་དབུལ་པོའི་ཐོབ་ཐང་ལ་སྲུང་སྐྱོབས་གནང་བ་ཡིན་ན། ཁོང་གི་རྒྱལ་སྲིད་ཡུན་རིང་པོ་གནས་ཐུབ་བོ། 15བཅུན་པ་དང་སྒྲིགས་ལམ་ནི་བུ་ཕྲུག་ཚོའི་ཆེད་དུ་ལེགས་པ་ཡིན་ནོ། ཕྲུ་གུ་ཞིག་གིས་རང་འདོད་བྱེད་ཀྱི་ཡོད་ན་ཁོས་རང་གི་མ་ལ་ངོ་ཚ་བ་བཟོའོ། 16མི་ངན་པ་ཚོར་དབང་ཆ་ཡོད་རིང་ཁྲིམས་འགལ་འཕེལ་བ་དང་། འོན་ཀྱང་མི་དྲང་བདེན་ཚོས་ངན་པར་མ་རྒུད་བྱུང་བ་མཐོང་བར་གསོན་པོ་གནས་པར་འགྱུར། 17ཁྱོད་ཀྱིས་རང་གི་བུ་ཕྲུག་ཚོ་ལ་སྒྲིགས་ལམ་སློབ་པ་ཡིན་ན། ཁྱོད་ཀྱིས་ཁོ་ཚོར་རྟག་ཏུ་སྤོབས་པ་བྱེད་ཐུབ་པ་དང་། ཁོ་ཚོས་ཁྱོད་ལ་ངོ་ཚ་དགོས་པའི་རྐྱེན་མི་སྤྲད་དོ། 18དཀོན་མཆོག་གི་ལམ་སྟོན་མེད་པའི་རྒྱལ་ཁབ་དེ་ཁྲིམས་ལུགས་མེད་པའི་རྒྱལ་ཁབ་ཡིན་ནོ། དཀོན་མཆོག་གི་བཀའ་ཁྲིམས་སྲུང་མཁན་དེ་ནི་དགའ་སྐྱིད་ལྡན་པ་ཡིན་ནོ། 19ཁྱོད་ཀྱིས་གཡོག་པོ་ཞིག་ལ་སྐད་ཆ་བཤད་ནས་བཅུན་མི་ཐུབ། ཁོས་དེ་རྟོགས་ན་ཡང་དོ་སྣང་མི་བྱེད་དོ། 20བསམ་བློ་མ་བཏང་བར་གཏམ་གླེང་བྱ་མཁན་ལས། གླེན་པ་ཞིག་ལ་རེ་བ་ཆེའོ། 21ཁྱོད་ཀྱིས་གཡོག་པོ་ཞིག་ལ་ཁོའི་ཕྲུ་གུའི་སྐབས་ནས་གང་འདོད་ཚང་མ་སྤྲད་པ་ཡིན་ན། ཉིན་ཞིག་ཁོས་ཁྱོད་ལ་བདག་པ་ཚང་མ་འཁྱེར་བར་འགྱུར་རོ། 22མི་སྤྲོ་ཐུང་ཞིག་གིས་འཁོན་འཁྲུགས་དང་དཀའ་སྡུག་ཚད་མེད་བཟོ་བར་བྱེད་པ་དང་། 23སྤོབ་པས་ཁྱོད་ལ་ཉམ་རྒུད་ཡོང་བར་བྱེད་དོ། འོན་ཀྱང་ཁྱོད་ཉམ་ཆུང་ཡིན་ན་ཁྱོད་ལ་གུས་བཀུར་བྱེད་པར་འགྱུར་རོ། 24རྐུན་པོའི་རོགས་པ་བྱེད་རྒྱུ་ནི་རང་གི་དགྲ་བོ་སྡུག་ཤོས་དེ་ཡིན། ཁོས་ཁྲིམས་ཁང་དུ་དྲང་པོ་བཤད་པ་ཡིན་ན་ཁོ་ལ་ཉེས་ཆད་གཏོང་བར་བྱེད་དོ། ཁོས་དེ་ལྟར་མ་བྱས་པ་ཡིན་ན། དཀོན་མཆོག་གིས་ཁོ་ལ་དམོད་པར་མཛད་དོ། 25གཞན་གྱིས་ཁྱོད་ལ་ཇི་ལྟར་བསམ་གྱི་ཡོད་པར་དོ་སྣངབྱེས་པ་ཡིན་ན་ཉེན་ཁ་ཆེན་པོ་ཡོད་དོ། འོན་ཀྱང་གཙོ་བོ་དཀོན་མཆོག་ལ་བློས་བཅོལ་ན་ཁྱོད་སྲུང་སྐྱོོབས་དུ་གནས་པར་འགྱུར། 26ཚང་མས་སྲིད་སྐྱོངས་ཀྱི་ཐུགས་རྗེ་ཐོབ་འདོད་པ་དང་། འོན་ཀྱང་གཙོ་བོ་དཀོན་མཆོག་ནས་གཅིག་པོ་ཁྱོད་ལ་ཁྲིམས་དྲང་པོ་ཐོབ་པར་འགྱུར་རོ། 27དྲང་བདེན་གྱིས་ངན་པར་སྡང་བར་བྱེད་པ་དང་། ངན་པས་དྲང་བདེན་ལ་སྡང་བར་བྱེད་དོ༎

ལེགས་བཤད 30

ཨ་གྷུར་གྱི་གཏམ་རྣམས།

1འདི་དག་ནི་ཡ་ཀཱེའི་བུ་ཨ་གྷུར་གྱི་སྙིང་ཐག་པའི་གཏམ་ཡིན་ནོ། དཀོན་མཆོག་ང་དང་མཉམ་དུ་མེད། དཀོན་མཆོག་ང་དང་མཉམ་དུ་མེད། ང་ནི་སྐྱབས་མེད་ཡིན། 2ང་ནི་མི་ལས་སེམས་ཅན་འདྲ་བ་ཡིན། མི་ལ་དགོས་པའི་བསམ་ཤེས་དེ་ནི་ང་ལ་མེད། 3ངས་ཤེས་རབ་གང་ཡང་སྦྱངས་མེད་དོ། དཀོན་མཆོག་སྐོར་ལ་ང་ཡིས་ཅི་མི་ཤེས་སོ། 4སུ་ཞིག་མཐོ་རིས་སུ་ཕྱིན་ནས་མར་ཡོང་ཡོད་དམ། རླུང་སྦར་རའི་ནང་དུ་སུས་བསྡུས་ཐུབ། གོས་ཧྲུག་ནང་དུ་སུ་ཡིས་ཆུ་བསྒྲིལ་ཐུབ་བམ། སུ་ཡིས་ས་གཞིའི་མཚམས་ནི་གཏན་འབེབས་གནང་ཐུབ་བམ། ཁོ་ཡི་མིང་ཅི་ཡིན་ནམ། ཁོང་གི་སྲས་ཡི་མིང་ཅི་ཡིན་ནམ། ཁྱོད་ཀྱི་ཤེས་ན་སྨྲོས་ཤིག། 5དཀོན་མཆོག་གིས་ཞལ་བཞེས་གནང་བ་རྣམས་འགྲུབ་པར་མཛད་པ་དང་། ཁོང་ལ་སྲུང་སྐྱོབ་ཞུ་མཁན་ཚང་མའི་ཆེད་དུ་ཁོང་ནི་ཕུབ་ལྟ་བུ་ཡིན། 6ཁྱོད་ཀྱིས་ཁོང་གིས་ནམ་ཡང་བཀའ་མ་གནང་བ་ཞིག་གནང་སོང་ཞེས་གྲགས་པ་ཡིན་ན། ཁོང་གིས་ཁྱོད་ལ་བཀའ་ཀྱོན་གནང་བ་དང་ཁྱོད་རྫུན་ཅན་ཡིན་པ་སྟོན་པར་མཛད་དོ༎

ལེགས་བཤད་གཞན་རྣམས།

7དཀོན་མཆོག། ང་འཆི་བའི་སྔོན་ལ་དོན་གནད་གཉིས་གནང་རོགས་གནང་ཞུ་རྒྱུ་ཡིན། 8ང་རྫུན་བཤད་པ་ལས་ཐག་རིང་དུ་འཇོག་རོགས་གནང་། ང་ཕྱུག་པོ་ཡང་མིན་པ་དབུལ་པོ་ཡང་མིན་པ་ཞིག་བཟོས་རོགས་གནང་། དེར་བརྟེན་ང་ལ་དགོས་ངེས་ཀྱི་ཁ་ཟས་གཅིག་པུ་གནང་རོགས་གནང་། 9ང་ལ་མང་པོ་བྱུང་བ་ཡིན་ན་ང་ཡིས་ཁྱེད་ནི་ང་ལ་མི་དགོས་ཤེས་ཞུ་སྲིད་དོ། ང་དབུལ་པོ་ཡིན་ན་ངས་རྐུ་མ་བརྐུས་ནས་ངའི་དཀོན་མཆོག་ལ་ཞབས་འདྲེན་ཞུ་སྲིད་དོ། 10གཡོག་པོ་ཞིག་གི་སྐོར་ལ་ཁོའི་སྦྱིན་བདག་ལ་ནམ་ཡང་སྐྱོན་བརྗོད་མ་བྱེད་ཅིག ཁྱོད་ལ་གཡོག་པོས་དམོད་པར་གྱུར་ལ་དེའི་ཆེད་དུ་དཀའ་ངལ་མྱོང་དགོས་སོ། 11རང་གི་ཕ་ལ་དམོད་མཁན་དང་རང་གི་མ་ལ་བཀའ་དྲིན་མ་དྲེན་མཁན་གྱི་མི་ཡང་ཡོད་དོ། 12དྲི་ངན་བཙོག་པ་ཡིན་བཞིན་དུ་གཙང་མ་ཡིན་བསམ་མཁན་གྱི་མི་ཡང་ཡོད་དོ། 13མི་རང་ཉིད་ནི་ཧ་ཅང་བཟང་པོ་ཡིན་བསམ་མཁན་ཡང་ཡོད། 14དབུལ་པོ་དང་ཉམ་ཐག་ཐོག་སྡུག་རྩུབ་ཀྱིས་གོ་སྐབས་ལེན་མཁན་གྱི་སྐྱེ་བོ་ཡང་ཡོད། དེ་འདྲའི་ཐོག་ནས་དེ་ཚོས་རང་གི་འཚོ་བ་བསྐྱེལ་ལོ། 15འབུ་པད་པ་ཞིག་ལ་བུ་མོ་གཉིས་ཡོད་པ་དང་། གཉིས་ཀར་ང་ལ་སྤྲོད་རོགས་ཞེས་མིང་བཏགས་ཡོད། ནམ་ཡང་འདོད་པ་མ་འཚིམས་པའི་དངོས་པོ་བཞི་ཡོད། 16འཆི་བའི་གླིང་དང་། བུ་ཕྲུག་མེད་པའི་བུད་མེད་དང་། ཆར་པ་དགོས་པའི་ས་སྐམ་པོ་དང་། བསད་མི་ཐུབ་པའི་འབར་བཞིན་པའི་མེ་བཅས་སོ། 17སུ་ཞིག་རང་གི་ཕ་ལ་འཕྱ་བ་དང་། རང་གི་མ་ལོ་ན་མཐོ་བར་སླེབས་སྐབས་བརྙས་བཅོད་བྱ་མཁན་དེ་ལ་བྱ་རྒོས་ཀྱི་ཟ་བ་དང་ཡང་ན་ནགས་ཀྱི་ཕོ་རོག་གིས་མིག་གཉིས་བཏོན་པར་འོས་སོ། 18ངས་རྟོག་པར་དཀའ་བའི་གསང་བའི་དངོས་པོ་བཞི་ཡོད། 19ནམ་མཁར་འཕུར་བའི་བྱ་གླག་ཅིག། བྲག་སྟེང་བསྐྱོད་པའི་སྦྲུལ་ཞིག། རྒྱ་མཚོར་ལམ་རྙེད་པའི་གྲུ་གཟིང་། ཁྱོ་དང་སྐྱེ་དམན་ཞིག་བརྩེ་གདུང་བྱེད་པ་བཅས་པ་ཡིན་ནོ། 20དམ་ཚིག་མི་གཙང་བའི་ཆུང་མའི་འདི་ལྟར་བྱེད་དོ། མོས་ལོག་གཡེམ་བྱས་ནས་ཁྲུས་རྒྱབ་པ་དང་། དེས་ངས་གང་ཡང་ནོར་འཁྲུལ་བྱས་མེད་ཅེས་ཟེར་རོ། 21ས་གཞིས་རང་གི་བཟོད་སྲན་མི་ཐུབ་པའི་དངོས་པོ་བཞི་ཡོད། 22ཚེ་གཡོག་རྒྱལ་པོར་འགྱུར་བ་དང་། རང་གི་འདོད་པའི་ཟ་རྒྱུ་ཚང་མ་ཡོད་མཁན་གླེན་པ་དང་། 23བརྩེ་བ་མ་ཐོབ་པའི་བུད་མེད་ཆང་ས་རྒྱབ་མཁན་དང་། གཡོག་མོ་ཞིག་གིས་རང་གི་སྦྱིན་བདག་གི་ཆུང་མའི་ཚབ་བྱ་མཁན་བཅས་སོ། 24འཛམ་གླིང་ནང་ཆུང་ཆུང་ཡིན་ཡང་ཤིན་ཏུ་སྤྱང་པོའི་སེམས་ཅན་བཞི་ཡོད། 25གྲོག་མ་དེ་ཚོ་ནི་ཉམ་ཆུང་ཡིན་ལ་དབྱར་དུས་སུ་རང་གི་ཟས་རྣམས་གསོགས་པར་བྱེད་དོ། 26འཕྱི་བ་དེ་ཚོ་སྟོབས་ཤུགས་ཅན་མིན་ཀྱང་། བྲག་ཁར་དོང་བྲུས་ནས་སྡོད་མཁན་ཡིན་ནོ། 27ཆ་ག་འབུ་དེ་ཚོ་ལ་རྒྱལ་པོ་མེད་དོ། འོན་ཀྱང་དེ་ཚོ་ལྷན་ཅིག་ཏུ་འདུས་ནས་གྲོའོ། 28རྩང་པ་ཁ་རལ་དེ་ཚོ་ཁྱོད་ཀྱིས་རང་གི་ལག་པའི་ནང་བཟུང་ཐུབ་བོ། འོན་ཀྱང་དེ་ཚོ་ཕོ་བྲང་ཚོའི་ནང་དུ་ཡང་རྙེད་པར་འགྱུར་རོ། 29གོམ་པ་སྤོས་ནས་འགྲོ་སྐབས་བལྟ་བར་ཡིད་འཕྲོག་པར་བྱ་མཁན་བཞི་ཡོད་དོ། 30སེང་གེ་ནི་སེམས་ཅན་ཚང་མའི་ནང་ནས་སྟོབས་ཤུགས་ཆེ་ཤོས་དང་སུ་ལ་ཡང་མི་འཇིགས་མཁན་ཡིན། 31ར་ཕོ་དང་། ཉམ་དོད་པོར་འགྲོ་མཁན་བྱ་ཕོ་དང་། རང་གི་མི་མང་ཚོའི་མདུན་དུ་རྒྱལ་པོ་བཅས་སོ། 32གལ་ཏེ་ཁྱོད་ང་རྒྱལ་ཅན་དང་གླེན་པར་འགྱུར་ནས་འཆར་གཞི་ངན་པ་བཏིང་བཞིན་ཡོད་ན། དེ་མཚམས་འཇོག་གྱིས་ལ་བསམ་བློ་གཏོང་ཞིག 33ཁྱོད་ཀྱིས་འོ་མ་དཀྲོག་ན་མར་ཐོན་པ་དང་། ཁྱོད་ཀྱིས་སུ་ཞིག་གི་སྣར་ལ་ཞུས་པ་ཡིན་ན་ཁྲག་ཐོན་པ་དང་། ཁྱོད་ཀྱིས་ཁོང་ཁྲོ་སླང་པ་ཡིན་ན་ཁྱོད་དཀའ་ངལ་ནང་ལྷུང་བར་འགྱུར་རོ༎

ལེགས་བཤད 31

རྒྱལ་པོ་ལ་བསླབ་བྱ།

1རྒྱལ་པོ་ལེ་མུ་ཨེལ་གྱི་ཡུམ་གྱིས་ཁོང་ལ་སྙིང་ཐག་པ་ནས་གསུངས་པའི་གཏམ་རྣམས་འདི་ལྟར་ཡིན། 2ང་ཡི་བརྩེ་བའི་བུ་ཁྱོད་ངའི་སྨོན་ལམ་གྱི་ལེན་དེ་ཡིན་ནོ། ངས་ཁྱོད་ལ་ཅི་ཤོད་དམ། 3ཁྱོད་ཀྱི་སྟོབས་ཤུགས་དེ་འདོད་ཆགས་དང་དངུལ་རྣམས་བུད་མེད་ལ་མ་གཏོང་ཞིག དེ་ཚོས་རྒྱལ་པོ་ཚོ་ཡང་འཇིགས་པར་བྱས་ཡོད། 4ལེ་མུ་ཨེལ་ཉོན་ཞིག། རྒྱལ་པོ་ཚོས་རྒུན་ཆང་འཐུང་མི་རུང་ལ་ཆང་རག་ལ་འདོད་པ་ཆེན་པོ་བྱེད་མི་རུང་། 5དེ་ཚོས་འཐུང་སྐབས་བཀའ་ཁྲིམས་རྣམས་བརྗེད་པ་དང་། མི་མང་གི་དགོས་ངེས་ཀྱི་ཐོབ་ཐང་ལ་བརྩི་མེད་བྱེད་དོ། 6ཆང་རག་ནི་སྐྱེ་བོ་འཆི་གྲབ་ཡོད་པ་ཚོ་དང་སྡུག་བསྔལ་ནང་ཡོད་པའི་སྐྱེ་བོ་ཚོའི་ཆེད་དུ་ཡིན་ནོ། 7དེ་ཚོ་ལ་འཐུང་འཇུག་ལ། དེ་ཚོས་རང་གི་དབུལ་འཕོང་དང་དཀའ་སྡུག་བརྗེད་པར་འགྱུར། 8སྐྱེ་བོ་སྨྲ་མི་ཐུབ་མཁན་ཚོའི་ཆེད་དུ་སྨྲོས་ཤིག། སྐྱབས་དང་མགོན་མེད་པ་ཚོའི་ཆེད་དུ་སྲུང་སྐྱོབ་གྱིས་ཤིག 9དེ་ཚོས་ཆེད་དུ་སྨྲོས་ལ། ཁྲིམས་དཔོན་དྲང་བདེན་གྱིས་ཤིག། དབུལ་པོ་དང་དཀའ་སྡུག་ཅན་ཚོའི་ཐོབ་ཐང་ལ་སྲུང་སྐྱོབ་གྱིས་ཤིག།

ཆུང་མ་འབྱོན་པོ་ནི།

10ཆུང་མ་འབྱོན་པོ་ཞིག་འཚོལ་རྒྱུར་ཇི་ལྟར་དཀའ་ལས་ཁག་པོ་ཡོད། མོ་ནི་རིན་པོ་ཆེའི་ནོར་རྒྱན་ལས་ཧ་ཅང་ལྷག་པ་ཡོད་པ་དང་། 11མོའི་ཁྱོ་ཡིས་མོ་ལ་བློས་བཀལ་བ་དང་ཁོ་ནི་ནམ་ཡང་དབུལ་པོར་མི་འགྱུར། 12མོ་འཚོ་བའི་རིང་མོས་ཁོ་ལ་ཡག་པོ་བྱེད་པ་དང་ནམ་ཡང་གནོད་པ་མི་བྱེད་དོ། 13མོས་བལ་དང་ཀ་ཅིའི་རས་ཀྱིས་གྱོན་གོས་བཟོས་པར་རང་ཉིད་བྲེལ་ཚབ་ནང་མཛོག་གོ 14ཚོང་པའི་གྲུ་ལྟར་མོས་ཐག་རིང་གནས་ནས་ནང་དུ་ཁ་ཟས་འཁྱེར་ཡོང་ངོ་། 15མོས་ཁྱིམ་ཚང་གི་ཁ་ལག་བཟོ་བའི་ཆེད་ནམ་མ་ལངས་གོང་ལ་ལངས་ནས། བུ་མེད་གཡོག་མོར་ཇི་བྱེད་དགོས་བསླབ་བྱ་བྱེད་དོ། 16མོས་ས་ཆར་བལྟས་ནས་ཉོ་བར་བྱས་པ་དང་བསགས་པའི་དངུལ་གྱིས་རྒུན་ཚལ་འདེབས་པར་བྱེད་དོ། 17མོ་ནི་ལས་ཀ་ཧུར་པོ་བྱ་མཁན་དང་། སྟོབས་ཤུགས་ཅན་དང་གྲུང་པོ་ཡིན་ནོ། 18མོས་གང་བཟོས་པ་རྣམས་ཀྱི་རིན་ཐང་ཤེས་པ་དང་། མཚན་ཕྱི་པོའི་བར་དུ་ཡང་ལས་ཀ་བྱེད་དོ། 19མོས་རང་གི་སྤུན་དོག་འཁེལ་བ་དང་རས་གོས་ཐག་པར་བྱེད་དོ། 20མོ་དབུལ་པོ་དང་དཀའ་སྡུག་ཅན་ཚོ་ལ་གཏོང་ཕོད་ཅན་གྱི་སྤྲད་དོ། 21མོས་གངས་རྒྱབ་སྐབས་སེམས་ཁྲལ་མི་བྱེད་དོ། གང་ལགས་ཟེར་ན། མོའི་ནང་མི་ཚོར་གྱོན་གོས་དྲོ་པོ་གྱོན་ཡག་ཡོད། 22མོས་ཉལ་ཁྲིའི་ཁེབས་བཟོ་བ་དང་། མུ་མེན་མདོ་གི་རས་སྤུ་ལེགས་ཀྱི་གོས་གྱོན་པར་བྱེད་དོ། 23མོའི་ཁྱོ་ནི་ཡུལ་གྱི་གནས་ཡོད་མི་སྣ་སྐད་གྲགས་ཅན་ཞིག་ཡིན་ནོ། 24མོས་རས་དང་སྐེ་རག་བཟོས་ནས་དེ་ཚོ་ཚོང་པ་ཚོ་ལ་ཚོང་བར་བྱེད་དོ། 25མོ་ནི་ནུས་ཤུགས་ཅན་དང་གུས་ཞབས་ལྡན་པ་དང་། མོ་འོངས་པར་མི་འཇིགས་མཁན་ཞིག་ཡིན་ནོ། 26མོས་ཞི་འཇམ་གྱིས་ཤེས་རབ་ལྡན་པའི་ཐོག་སྨྲ་བར་བྱེད་དོ། 27མོ་རྟག་ཏུ་བྲེལ་བ་ཚ་པོ་ཡོད་པ་དང་། རང་གི་ཁྱིམ་ཚང་གི་དགོས་མཁོ་སྒྲུབ་པར་བྱེད་དོ། 28མོའི་བུ་ཕྲུག་ཆོས་རང་གི་མའི་བཀའ་དྲིན་དྲེན་པ་དང་། མོའི་ཁྱོ་ཡིས་མོ་ལ་བསྟོད་པར་བྱེད་དོ། 29ཁོས་བུད་མེད་མང་པོ་ཆུང་མ་བཟང་མོ་ཡོད་ན་ཡང་། ཁྱོད་ནི་དེ་ཚོ་ཚང་མ་ལས་ལྷག་པ་ཡིན་ནོ། 30མཚར་སྡུག་ཅན་ནི་བསླུ་འཁྲིད་ཅན་ཡིན་པ་དང་། མཛེས་སྡུག་ཅན་ནི་ཡལ་བར་བྱེད་དོ། འོན་ཀྱང་གཙོ་བོ་དཀོན་མཆོག་ལ་གུས་བརྩི་ཞུས་མཁན་བུད་མེད་ལ་བསྟོད་དགོས་སོ། 31མོས་གྱིས་པའི་ཚང་མའི་མཁེ་སང་མོ་ལ་སྤྲོད་ཅིག མོ་ལ་ཚང་མས་གུས་ཞབས་བྱེད་འོས་པ་ཡིན་ནོ༎

འཆད་པ་པོ 1

མི་ཚེ་ལ་སྙིང་པོ་མེད་པ།

1འདི་རྣམས་དཱ་བིད་ཀྱི་སྲས་སློབ་དཔོན་ཡེ་རུ་ཤ་ལེམ་གྱི་རྒྱལ་པོ་ཡིན་པ་དེའི་བཀའ་ཡིན་ནོ། 2སློབ་དཔོན་གྱི་གསུངས་པ། མི་ཚེ་ལ་སྙིང་པོ་མེད་ཅིང་སྙིང་པོ་རྩ་བ་ནས་མེད་དོ། 3ཁྱོད་ཀྱི་མི་ཚེའི་ནང་ལས་བྱེད་པ་དང་ངལ་རྩོལ་བྱེད་བཞིན་མི་ཚེ་དེས་ཁྱོད་ལ་ཕན་ཐོག་ཅི་བྱུང་ངམ། 4མི་རབས་ཡོང་བ་དང་མི་རབས་ཕྱིན་ན་ཡང། འཛམ་གླིང་འདི་འགྱུར་བ་མེད་པར་རྒྱུན་དུ་གནས་སོ། 5ཉི་མ་ཤར་བ་དང་ཉི་མ་དེ་ནུབ་པར་འགྱུར། དེ་ནས་སླར་ཡང་ཤར་བའི་གནས་སུ་ལོག་ནས། ཡང་ཤར་བར་འགྱུར། 6རླུང་ནི་ལྷོ་དང་བྱང་ནས་རྒྱབ་པ་དང་བསྐོར་བ་རྒྱབ་བཞིན་སླར་ཕྱིར་ཡོང་བར་བྱེད་དོ། 7གཙང་པོ་ཐམས་ཅད་རྒྱ་མཚོའི་ནང་རྒྱུག་ན་ཡང། རྒྱ་མཚོ་ནི་ནམ་ཡང་མི་ཁེངས་སོ། ཆུ་དེ་ཐོག་མར་གཙང་པོ་ཡོད་སར་ཕྱིར་ལོག་འགྲོ་བ་དང་སླར་ཡང་སྔར་བཞིན་རྒྱུག་པར་བྱེད་དོ། 8དེ་ཚང་མ་ནི་ཚིག་གི་བརྗོད་མི་ཐུབ་པའི་ཐང་ཆད་པའི་གནས་སྟངས་སུ་འགྱུར། ང་ཚོའི་མིག་གི་མཐོང་ནས་ནམ་ཡང་ཚིམ་པར་མི་འགྱུར་རོ། ང་ཚོའི་རྣ་བས་ཐོས་ནས་ནམ་ཡང་ཚིམ་མི་ཡོང་། 9སྔར་ཇི་བྱུང་བ་སླར་ཡང་དེ་ལྟར་བྱུང་བར་འགྱུར། སྔོན་དུ་ཇི་བྱེད་པ་ལྟར་སླར་ཡང་དེ་ལྟར་བྱེད་པར་འགྱུར། འཛམ་གླིང་ཚང་མའི་ནང་གསར་པ་གང་ཡང་མེད་དོ། 10དེ་ཚོས་སྨྲས་པ། ལྟོས་དང། འདིར་གསར་པ་ཞིག་འདུག་ཅེས་བརྗོད་ན་ཡང། དེ་ནི་མིན་ནོ། དེ་ཚོ་ཚང་མ་ནི་ང་ཚོ་མ་སྐྱེས་པའི་དུས་རིང་སྔོན་དུ་བྱུང་ཟིན་ཡོད། 11འདས་པའི་རིང་ཇི་འདྲ་བྱུང་བ་སུས་ཀྱང་མི་དྲན་པ་དང། མ་འོངས་པར་ད་ལྟ་དང་དེའི་རིང་ཇི་འདྲ་བྱུང་བ་ཧ་མི་གོའོ༎

སློབ་དཔོན་གྱི་ཉམས་མྱོང་།

12སློབ་དཔོན་ང་རང་ནི་ཡེ་རུ་ཤ་ལེམ་དུ་ཨིསི་རཱཨེལ་གྱི་རྒྱལ་པོ་བྱེད་བཞིན་ཡོད། 13ངས་འཛམ་གླིང་འདིའི་ནང་གང་གྱིས་པ་ཚང་མར་རྟགས་དཔྱད་བྱས་ནས་སློབ་སྦྱོངས་བྱ་རྒྱུའི་ཐག་ཆོད་གྱིས་པ་ཡིན་ནོ། དཀོན་མཆོག་གིས་ང་ཚོའི་སྟེང་ཁུར་པོ་ལྗིད་པོ་འཛོག་གནང་ཡོད། 14འཛམ་གླིང་འདིའི་ནང་ལ་ལས་ཇི་གྱིས་པ་ཚང་མ་ངས་མཐོང་བྱུང། ངས་དེ་ཚོ་ཚང་མ་ལ་སྙིང་པོ་མེད་པ་དང་རླུང་ལ་དེད་པ་དང་འདྲའོ་ཞེས་བརྗོད་རྒྱུ་ཡིན། 15ཁྱོད་ཀྱིས་སྐྱོག་སྐྱོག་ཞིག་འདྲོང་པོ་བཟོ་མི་ཐུབ་པ་དང། ཁྱོད་ཀྱིས་དངོས་པོ་མེད་པ་ཞིག་ལ་གྲངས་རྩིས་མི་ཐུབ་བོ། 16ངས་རང་གི་སེམས་ལ་ངའི་སྔོན་དུ་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་སྐྱོངས་མཁན་སུ་འདྲ་ཞིག་ང་ལས་ཀྱང་སྐྱེ་བོ་རླབས་ཆེན་དང་ཤེས་རབ་ཅན་ཞིག་བྱུང་མེད་དོ། ངས་དངོས་སུ་ཤེས་རབ་དང་ཡོན་ཏན་ཇི་ཡིན་པ་དེ་ངས་ཤེས་ཀྱི་ཡོད་བཅས་སྨྲས་པ་ཡིན། 17ང་རང་གིས་ཡོན་ཏན་དང་གླེན་པའི་ཁྱད་པ་དང་ཤེས་རབ་དང་བླུན་པོའི་ཁྱད་པ་ལ་སྦྱངས་རྒྱུར་ཐག་ཆོད་ཟིན་པ་ཡིན་ནོ། འོན་ཀྱང་དེ་ནི་རླུང་ལ་རྗེས་དེད་བྱེད་པ་དང་འདྲ་བ་ངས་ཤེས་བྱུང། 18ཇི་ལྟར་ཁྱོད་ནི་ཤེས་རབ་དང་ལྡན་པས་ཁྱོད་ལ་སེམས་འཁྲལ་མང་བ་བྱུང་བར་འགྱུར་རོ། ཁྱོད་ཀྱིས་ཇི་ལྟར་མང་ཙམ་ཤེས་པས་དེ་ཙམ་ཁྱོད་ལ་དཀའ་ངལ་མང་བ་བྱུང་བར་འགྱུར་རོ༎

འཆད་པ་པོ 2

1ངས་རང་ཉིད་ལོངས་དཔྱོད་ནས་བདེ་སྐྱིད་གང་ཡིན་པ་ཤེས་པར་ཐག་ཆོད་ཟིན་པ་ཡིན། འོནཀྱང་ངས་དེ་ལ་ཡང་སྙིང་པོ་མེད་པ་ཤེས་བྱུང། 2ངས་གད་མོ་གད་རྒྱུ་དེ་ནི་གླེན་པ་དང། དགའ་སྤྲོས་ཁྱོད་ལ་ཅི་ཡང་ལེགས་པ་མི་ཡོང་བ་དེ་ཤེས་བྱུང། 3ཤེས་རབ་རྙེད་པའི་ཆེད་དུ་ངས་རྒུན་ཆང་ཐུང་བ་དང་སྐྱིད་པོ་བྱས་ནས་དགའ་བར་བྱ་རྒྱུར་ཐག་བཅད་པ་ཡིན། ངའི་བསམ་བློར་མི་མང་ཚོས་ས་གཞིའི་སྟེང་རང་གི་མི་ཚེ་ཐུང་ཐུང་དེ་སྐྱེལ་རྒྱུའི་ཐབས་ལམ་ལེགས་ཤོས་དེ་རང་རེད་བསམ་བྱུང། 4ངས་བྱ་བ་ཆེན་པོ་རྣམས་སྒྲུབ་པ་ཡིན། ངའི་ཆེད་དུ་ཁང་པ་རྣམས་བཟོས་པ་དང་རྒུན་ཚལ་རྣམས་བཏབ་པ་ཡིན། 5ངས་ལྡུམ་ར་དང་ཤིང་ཏོག་གི་ལྡུམ་རའི་ནང་ཤིང་ཏོག་གི་སྡོང་པོ་འདྲ་མིན་བཙུགས་པ་ཡིན། 6ངས་དེ་ཚོར་ཆུ་འདྲེན་པར་ཆུ་རྫིང་བྲུས་པ་ཡིན། 7ངས་ཚེ་གཡོག་ཕོ་དང་མོ་མང་པོ་ཉོ་བ་དང་ངའི་ཁྱིམ་ཚང་ནང་སྐྱེས་པའི་ཚེ་གཡོག་ཡང་ཡོད། ཡེ་རུ་ཤ་ལེམ་དུ་སྡོད་མྱོང་མཁན་སུ་ཞིག་ལས་ཀྱང་སྒོ་ཕྱུགས་མང་བ་ང་ལ་ཡོད། 8ངས་རྒྱལ་སྲིད་སྐྱོངས་བའི་ཡུལ་དུ་རྒྱལ་པོའི་བང་མཛོད་ནང་གསེར་དངུལ་བསགས་པ་ཡིན། སྐྱེས་པ་དང་བུད་མེད་ཚོས་ང་ལ་སྐྱིད་པོ་བཟོ་བའི་ཆེད་གླུ་ལེན་པ་དང་ང་རང་ལ་དགོས་པའི་བུད་མེད་ཚང་མ་ཡོད། 9ང་རང་རླབས་ཆེན་ཡིན་པ་དང། ཡེ་རུ་ཤ་ལེམ་དུ་སྡོད་མྱོང་མཁན་སུ་ཞིག་ལས་ཀྱང་ང་རླབས་ཆེན་ཡིན་པ་དང། ང་རང་གི་ཤེས་རབ་ཀྱི་ང་རང་ལ་ནམ་ཡང་བསླུས་མེད་དོ། 10ངའི་འདོད་པ་ཚང་མ་ང་ལ་ཐོབ། ངས་རང་ཉིད་དགའ་སྤྲོ་བྱས་པ་ལ་འགག་པ་བྱེད་མེད་དོ། ངའི་ལས་གང་གྱིས་པ་ཚང་མར་སྤོབས་པ་ཡོད་པ་དང་དེ་ཚོ་ཚང་མ་ངའི་བྱ་དགའ་ཡིན་ནོ། 11དེ་ནས་ངས་ལས་གང་གྱིས་པའི་སྐོར་དང། དཀའ་ངལ་ཇི་ལྟར་བྱས་པའི་སྐོར་ལ་བསམ་བློ་བཏང་བས་དེ་ཚོར་སྙིང་པོ་གང་ཡང་མེད་པ་ཤེས་པ་དང་། དེ་ཚོ་ནི་རླུང་ལ་དེད་པ་ལྟ་བུ་ཕན་ཐོག་གང་ཡང་མེད་པ་ཤེས་བྱུང། 12མཐའ་མར་རྒྱལ་པོ་ཞིག་གིས་སྔོན་གྱི་རྒྱལ་པོ་ཚོས་གང་གནང་བ་གཅིག་པོ་གནང་ཐུབ་བོ། དེར་བརྟེན་ངས་ཤེས་རབ་ཅན་ནམ་ཡ་མེད་ཅན་ནམ་གླེན་པ་བཅས་ཇི་ཡིན་སྐོར་ལ་བསམ་བློ་གཏོང་འགོ་ཚུགས་པ་ཡིན་ནོ། 13དེ་བས་ན་འོད་དེ་མུན་པ་ལས་ལེགས་པ་ཡོད་པ་ལྟར་ངས་ཤེས་རབ་དེ་གླེན་པ་ལས་ལེགས་པ་ཡོད་པ་ཤེས་སོ། 14ཤེས་རབ་ཅན་གྱི་སྐྱེ་བོ་དེ་ཚོས་སོ་སོ་གང་དུ་འགྲོ་བ་མཐོང་བ་དང། གླེན་པ་ཚོས་དེ་ནི་མི་མཐོང་ངོ། འོན་ཀྱང་སྐྱལ་བ་དེ་ཀ་རང་གིས་ང་ཚོ་ཚང་མར་སྒུག་བཞིན་ཡོད་པ་ཡང་ངས་ཤེས་སོ། 15ང་གླེན་པའི་སྐྱལ་བ་དེ་མྱང་རྒྱུ་ཡིན་པ་རང་གི་བསམ་བློར་འཁོར་རོ། དེར་བརྟེན་ང་རང་ཧ་ཅང་ཤེས་རབ་ཅན་ཡིན་པས་རང་ལ་ཕན་པ་ཅི་བྱུང་ཡོད་དམ། ང་ལ་ཕན་ཐོག་གང་ཡང་བྱུང་མེད་ཅེས་ངས་ལན་འདེབས་གྱིས་པ་ཡིན། 16སྐྱེ་བོ་ཤེས་རབ་ཅན་ཚོར་སུས་ཀྱང་མི་དྲན་པ་དང། གླེན་པ་ཚོར་སུ་ཞིག་གི་ཀྱང་མི་དྲན་ནོ། མ་འོངས་པར་ཡོང་རྒྱུ་དེ་ང་ཚོ་ཚང་མ་ལ་བརྗེད་པར་འགྱུར། ང་ཚོ་ཚང་མ་ཤེས་རབ་ཅན་ནམ་གླེན་པ་ཚང་མ་འཆི་དགོས་སོ། 17དེར་བརྟེན་ང་ལ་ངའི་མི་ཚེའི་གནད་དོན་གང་ཡང་མེད་དོ། གང་ལགས་ཟེར་ན་། དེའི་ནང་ཡོད་པ་ཚང་མས་ང་ལ་སྡུག་བསྔལ་མ་གཏོགས་གང་ཡང་བྱིན་མེད་དོ། དེ་ཚོ་ལ་སྙིང་པོ་གང་ཡང་མེད་པ་དང་ངས་ནི་རླུང་ལ་དེད་བཞིན་འདུག་གོ 18ངའི་ལས་ཀ་དང་བསགས་པའི་ནོར་གྱི་ང་ལ་ཕན་ཐོག་མེད་དོ། གང་ལགས་ཟེར་ན། དེ་ཚོ་ཚང་མ་ངའི་རྗེས་འཛིན་པ་ལ་འཇོག་དགོས་ཀྱི་ཡོད་པ་ངས་ཤེས་ཀྱི་ཡོད་དོ། 19ཁོ་ཤེས་རབ་ཅན་དང་ཡང་ན་གླེན་པ་བཅས་གང་ཡང་བྱུང་སྲིད་པ་དེ་སུས་ཤེས་ཀྱི་རེད་དམ། འོན་ཀྱང་འཛམ་གླིང་འདིའི་ནང་ངས་ལས་གིས་པ་ཚང་མ་དང་ངའི་ཤེས་རབ་ཀྱིས་བསགས་པ་རྣམས་ཁོས་དབང་བར་བྱེད། དེ་ཚོ་ཚང་མ་ལ་སྙིང་པོ་མེད་དོ། 20དེར་བརྟེན་ངས་དཀའ་ལས་ཆེན་པོ་རྒྱབ་ནས་འབད་སྒྲུབ་གྱིས་པར་འགྱོད་པ་བྱེད་དོ། 21ཁྱོད་ཀྱི་ཤེས་རབ་དང་ཡོན་ཏན་དང་། རྩལ་སྦྱོངས་ཀྱི་ཅི་ཞིག་ལ་འབད་བརྩོན་གྱིས་པ་རྣམས། ཁྱོད་ཀྱི་དེའི་ཐོག་ལས་ཀ་གང་ཡང་མི་བྱ་མཁན་ཞིག་ལ་དེ་འཇོག་དགོས་སོ། དེ་ལ་སྙིང་པོ་དང་དྲང་བདེན་མེད་དོ། 22ཁྱོད་ཀྱི་མི་ཚེའི་རིང་ལས་ཀ་བྱས་པ་དང་སེམས་འཁྲལ་གྱིས་ཡོད་པས། དེའི་ཆེད་དུ་ཁྱོད་ལ་འདོན་རྒྱུ་ག་རེ་ཡོད་དམ། 23ཁྱོད་གསོན་རིང་ལ་ཁྱོད་ཀྱི་གང་བྱས་པ་ཚང་མར་སྙིང་པོ་མེད་པ་དང་སེམས་འཁྲལ་དང་སྙིང་ན་བར་བྱེད་དོ། མཚན་མོ་ཁྱོད་ཀྱི་སེམས་ལ་ངལ་གསོ་མེད་པ་དང། དེ་ཚོ་ཚང་མར་ཕན་ཐོག་མེད་དོ། 24སྐྱེ་བོ་ཞིག་ལ་ལེགས་པ་བྱ་རྒྱུ་དེ་ནི་ཁོས་ཇི་བསགས་པ་རྣམས་བཟའ་འཐུང་ལ་སྤྱོད་རྒྱུ་དེ་ཡིན་ནོ། དེ་ཡང་དཀོན་མཆོག་ནས་བྱུང་བ་ཡིན་པ་ངས་ཤེས་བྱུང། 25ཁོང་གི་མ་གནང་བ་ཡིན་ན་ཁྱོད་ལ་ཟ་འཐུང་ཚང་མར་ལོངས་སྤྱོད་རྒྱུ་དེ་ཇི་ལྟར་ཐོབ་བམ། 26དཀོན་མཆོག་གིས་ཁོང་ལ་མཉེས་པར་བྱ་མཁན་ཚོར་ཤེས་རབ་དང་ཡོན་ཏན་དང་དགའ་བདེ་གནང་ངོ། འོན་ཀྱང་སྡིག་ཅན་ཚོ་ལ་ལས་བྱེད་དུ་འཇུག་གནང་བ་དང། དེ་ཚོས་གང་ཐོབ་བ་དང་གསོགས་མཛོད་བྱེད་པ་རྣམས་ཁོང་གིས་མཉེས་པ་ཚོར་གནང་ངོ་། དེ་ཚོ་ཚང་མ་སྙིང་པོ་མེད་ཅིང་རླུང་ལ་དེད་པ་ལྟ་བུ་ཡིན་ནོ༎

འཆད་པ་པོ 3

བྱ་བ་ཐམས་ཅད་ཀྱི་ཆེད་དུ་དུས་ཤིག་ཡོད།

1འཛམ་གླིང་འདིའི་ནང་བྱ་བ་གང་བྱུང་བ་རྣམས་དཀོན་མཆོག་གིས་འདམས་གནང་བའི་དུས་ཚོད་ནང་བྱུང་བ་ཡིན་ནོ། 2སྐྱེས་པའི་དུས་ཤིག་དང་འཆི་བའི་དུས་ཤིག། འཛུགས་པའི་དུས་ཤིག་དང་བཀོག་པའི་དུས་ཤིག། 3བསད་པའི་དུས་ཤིག་དང་གསོ་བའི་དུས་ཤིག། བཤིགས་པའི་དུས་ཤིག་དང་བཞེངས་པའི་དུས་ཤིག། 4སྡུག་བསྔལ་བྱེད་པའི་དུས་ཤིག་དང་དགའ་བའི་དུས་ཤིག། མྱ་ངན་བྱེད་པའི་དུས་ཤིག་དང་གར་ཁྲབ་པའི་དུས་ཤིག། 5རྡོ་དབྱུགས་པའི་དུས་ཤིག་དང་དེ་སྡུས་བའི་དུས་ཤིག། འཐམ་པའི་དུས་ཤིག་དང་མ་འཐམ་པའི་དུས་ཤིག། 6རྙེད་པའི་དུས་ཤིག་དང་རླག་པའི་དུས་ཤིག། བཞག་པའི་དུས་ཤིག་དང་དབྱུགས་པའི་དུས་ཤིག། 7ཧྲལ་བའི་དུས་ཤིག་དང་འཚེམ་པའི་དུས་ཤིག། ཁུ་སིམ་མེར་བསྡད་པའི་དུས་ཤིག་དང་སྐད་ཆ་ཤོད་པའི་དུས་ཤིག། 8བརྩེ་བའི་དུས་ཤིག་དང་སྡང་བའི་དུས་ཤིག། དམག་གི་དུས་ཤིག་དང་ཞི་བདེའི་དུས་ཤིག། 9ང་ཚོའི་ལས་བྱེད་པར་ང་ཚོར་མཁེ་ཕན་ཅི་ཡོད་དམ། 10དཀོན་མཆོག་གིས་ང་ཚོའི་སྟེང་དུ་ཁལ་ལྗིད་པོ་བཀལ་ཡོད་པ་དེ་ངས་ཤེས་ཀྱི་ཡོད། 11ཁོང་གིས་བྱ་བ་ཚང་མའི་ཆེད་དུ་དུས་ཚོད་ངེས་ཏན་ཞིག་གཏན་འབེབས་གནང་ཡོད། ཁོང་གིས་ང་ཚོར་མ་འོངས་པའི་སྐོར་ལ་ཤེས་འདོད་གནང་ཡོད་ན་ཡང་ང་ཚོར་ཁོང་གི་ཇི་འདྲ་གནང་བ་དེ་ཤེས་པ་ལ་ཡིད་ཚིམ་པ་ནམ་ཡང་གནང་མེད་དོ། 12དེ་འདྲ་སོང་ཙང་ང་ཚོས་གང་བྱེད་ཐུབ་པ་ནི་སྐྱིད་པོ་བྱ་རྒྱུ་དང། ང་ཚོ་གསོན་པོའི་རིང་ང་ཚོས་བྱ་བ་ལེགས་ཤོས་བྱ་རྒྱུ་ཡིན་པ་དེ་ངས་ཤེས་བྱུང། 13ང་ཚོས་ལས་བྱེད་པ་དེ་ལ་ང་ཚོ་ཚང་མས་ཟ་འཐུང་ལ་ལོངས་སྤྱོད་དགོས་པ་དང་། དེ་ཚོ་ནི་དཀོན་མཆོག་གི་གནང་སྦྱིན་ཡིན་ནོ། 14དཀོན་མཆོག་གིས་ཇི་གནང་བ་རྣམས་གཏན་དུ་གནས་རྒྱུ་ཡིན་པ་དེ་ངས་ཤེས་བྱུང། ཁྱོད་ཀྱིས་དེ་ལ་གང་ཡང་སྣོན་ཕན་བརྒྱབ་པའམ་ཉུང་བར་གཏོང་མི་ཐུབ། དཀོན་མཆོག་གི་མཛད་པ་གཅིག་ནི་ང་ཚོས་ཁོང་ལ་བགས་སེམས་བྱ་རྒྱུ་དེ་ཡིན་ནོ། 15ཇི་ལྟར་བྱུང་བ་དང་ཡང་ན་ཇི་ལྟར་བྱུང་རྒྱུ་ཡིན་པ་རྣམས་སྔོན་དུ་བྱུང་ཚར་ཡོད། དཀོན་མཆོག་གིས་བྱ་བ་གཅིག་རང་ཡང་ཡང་བྱུང་བར་མཛད་དོ༎

འཛམ་གླིང་ནང་དྲང་བདེན་མེད་པ།

16དེའི་ཐོག་ཏུ་ང་ལ་འཛམ་གླིང་འདིའི་ནང་ལ་དྲང་བདེན་དགོས་སར་ངན་པ་ཡོད་པར་དོ་སྣང་བྱུང། 17དཀོན་མཆོག་གིས་དྲང་བདེན་དང་ངན་པ་གཉིས་ཀར་འདྲ་མཉམ་ཞིབ་དཔྱོད་གནང་ངོ། གང་ལགས་ཟེར་ན། བྱ་བ་ཐམས་ཅད་དང་ལས་རྣམས་ལ་གཏན་འབེབས་གནང་བའི་དུས་ཚོད་དེ་རང་ལ་འབྱུང་ངོ་ཞེས་ངས་རང་ཉིད་ལ་སྨྲས་པ་ཡིན། 18ངས་དཀོན་མཆོག་གི་ང་ཚོ་སེམས་ཅན་ལས་ལེགས་པ་མེད་པ་སྟོན་གནང་བའི་ཆེད་དུ་ང་ཚོར་རྟགས་དཔྱད་གནང་གི་ཡོད་པ་ཡིན་ཞེས་མཐའ་བསྡོམས་གྱིས་པ་ཡིན་ནོ། 19གང་ལྟར་མི་དང་སེམས་ཅན་གཉིས་ལ་སྐྱལ་བ་འདྲ་མཚུངས་ངང་འགུག་བཞིན་ཡོད། གཅིག་དེ་གཞན་ལྟར་འཆི་བ་དང་། དེ་ཚོ་གཉིས་ཀ་སེམས་ཅན་འདྲ་མཚུངས་ཡིན་ནོ། འགྲོ་བ་མི་ལས་སེམས་ཅན་ལེགས་པ་མེད། གང་ལགས་ཟེར་ན། གཉིས་ཀའི་སྲོག་ལ་དོན་གནད་མེད་དོ། 20དེ་ཚོ་གཉིས་ཀ་གནས་གཅིག་ཏུ་ཐལ་བར་འགྲོ་བ་དང། དེ་ཚོ་གཉིས་ཀ་དེ་ལས་ཡོང་བ་དང་གཉིས་ཀ་དེར་འགྲོ་བར་བྱེད་དོ། 21སུ་ཞིག་གིས་མིའི་རྣམ་ཤེས་སྟེང་དུ་འགྲོ་བ་དང་སེམས་ཅན་གྱི་རྣམས་ཤེས་མར་འགྲོ་བ་དེ་སུས་ངེས་གཏན་བྱེད་ཐུབ་བམ། 22དེར་བརྟེན་ང་ཚོས་ལེགས་ཤོས་བྱེད་ཐུབ་རྒྱུ་དེ་ནི་ང་ཚོས་འབད་སྒྲུབ་གྱིས་པ་ལ་ལོངས་སྤྱོད་རྒྱུ་ཡིན་པར་ང་ལ་ངེས་ཤེས་བྱུང། དེ་མིན་ང་ཚོས་བྱེད་ཐུབ་པ་གཞན་གང་ཡང་མེད། ང་ཚོ་འཆི་བའི་རྗེས་ལ་ཇི་འདྲ་ཡོང་རྒྱུ་ཤེས་པ་བྱ་རྒྱུ་ལམ་གང་ཡང་མེད་དོ༎

འཆད་པ་པོ 4

1དེ་ནས་ངས་འཛམ་གླིང་འདིའི་ནང་ལ་ཁྲིམས་དྲང་མིན་པ་བྱུང་བཞིན་པ་རྣམས་ལ་མཐོང་བ་དང། མནར་གཅོད་མྱོང་མཁན་ཚོ་ངུ་བཞིན་ཡོད་པ་དང་དེ་ཚོ་ལ་སུས་ཀྱང་རོགས་མི་བྱེད་དོ། གང་ལགས་ཟེར་ན། མནར་གཅོད་གཏོང་མཁན་ཚོའི་ཕྱོགས་སུ་དབང་ཤུགས་ཡོད། དེ་ཚོ་ལ་སུས་ཀྱང་རོགས་མི་བྱེད་དོ། 2འཚི་ནས་འགྲོ་ཟིན་པ་ཚོར་ངས་ཡིད་སྨོན་བྱེད། ད་ལྟ་གསོན་པོར་གནས་ཡོད་པ་ཚོ་ལས་དེ་ཚོ་ལེགས་པ་ཡོན། 3དེ་ཚོ་གཉིས་ལས་ཀྱང་ནམ་ཡང་མ་སྐྱེས་པ་འཛམ་གླིང་འདིའི་ནང་ལ་དྲང་བདེན་མིན་པ་མི་མཐོང་མཁན་ཚོ་བདེའོ། 4མི་ཚོས་ཅིའི་ཕྱིར་ལམ་འགྲོ་ཡོང་བའི་ཆེད་ཧ་ཅང་དཀའ་ལས་རྒྱབ་ཀྱི་ཡོད་པ་ངས་ཤེས་བྱུང། དེ་ཚོས་རང་གི་ཁྱིམ་མཚེས་ཚོར་ཁྲག་དོག་བྱེད་ཀྱི་ཡོད་པའི་རྐྱེན་གྱི་ཡིན་ནོ། འོན་ཀྱང་དེ་ལ་ཕན་ཐོག་མེད་པ་དང། དེ་ནི་རླུང་ལ་དེད་པ་ལྟ་བུ་ཡིན་ནོ། 5དེ་ཚོས་སུ་ཞིག་རང་གི་ལག་པ་བསྡམས་ནས་རང་ཉིད་ལྟོགས་ཤི་རྒྱབ་འཇུག་མཁན་དེ་གླེན་པ་རེད་ཟེར་རོ། 6ཕལ་ཆེར་དེ་ཡིན་སྲིད་ན་ཡང་སྦ་ར་གང་ཡོད་ནས་སེམས་ལ་ཞི་བདེ་ཡོད་པ་དེ་ནི་རྟག་ཏུ་ལག་པ་གཉིས་བྲེལ་ཟིང་བྱེད་ནས་རླུང་ལ་འཛིན་ཐབས་བྱེད་པ་དེ་ལས་ལེགས་སོ། 7མི་ཚེའི་ནང་ཕན་ཐོག་མེད་པའི་བྱ་བ་གཞན་ཞིག་ང་ལ་དོ་སྣང་བྱུང་ངོ། 8འདིར་མི་གཅིག་རང་སྡོད་མཁན་ཞིག་ཡོད་པ་དང། ཁོ་ལ་བུ་དང་སྤུན་མེད་དོ། འོན་ཀྱང་ཁོ་རྟག་ཏུ་ལས་ཀ་བྱེད་བཞིན་ཡོད་པ་དང་ཁོ་ལ་ཡོད་པའི་རྒྱུ་ནོར་དེས་ཁོའི་འདོད་པ་ཁེངས་ཀྱི་མེད་དོ། ཁོས་སུའི་ཆེད་དུ་དཀའ་ལས་དེ་ལྟར་རྒྱབ་ཀྱི་ཡོད་པ་དང་རང་ཉིད་ལ་བདེ་བ་གང་ཡང་སྤྲོད་ཀྱི་མེད་པ་རེད་དམ། དེ་ལ་ཡང་སྙིང་པོ་གང་ཡང་མེད་པ་དང་དེ་དཀའ་སྡུག་ངང་ལ་འཚོ་རྒྱུ་ཡིན་ནོ། 9གཉིས་ནི་གཅིག་ལས་བཟང་ངོ། གང་ལགས་ཟེར་ན། དེ་གཉིས་ཀྱི་ལས་ཧ་ཅང་སྒྲུབ་འབྲས་ཆེ་བ་བྱེད་ཐུབ། 10གཉིས་ནས་གཅིག་འགྱེལ་བ་ཡིན་ན་གཞན་དེས་ཁོ་ལ་ཡར་སློང་རྒྱུར་རོགས་བྱེད་ཐུབ་བོ། འོན་ཀྱང་སུ་ཞིག་གཅིག་པོ་ཡིན་པ་དེ་འགྱེལ་བར་འགྱུར་བ་དེ་ནི་ཧ་ཅང་ཐབས་ཞན་པོ་ཡིན། གང་ལགས་ཟེར་ན། ཁོ་ལ་རོགས་བྱེད་མི་སུ་ཡང་མེད་དོ། 11གྲང་བའི་སྐབས་སུ་མི་གཉིས་མཉམ་དུ་ཉལ་བ་ཡིན་ན་དྲོ་པོར་གནས་ཐུབ་ཡོང། འོན་ཀྱང་ཁོ་རང་ཉིད་གཅིག་པོས་དྲོ་པོ་ཇི་ལྟར་བཟོ་ཐུབ་བམ། 12མི་གཅིག་ལ་འཕམ་ཐུབ་པ་དང་གཉིས་ཀྱིས་ཕར་ལ་བདོང་ལན་བྱེད་ཐུབ་པར་འགྱུར། སྐུད་པ་གསུམ་གྱི་བཟོས་པའི་ཐག་པ་དེ་ཆད་རྒྱུ་ཁག་པོ་ཡོད་དོ། 13-14སྐྱེ་བོ་ཞིག་དབུལ་པོ་ནས་རང་གི་ཡུལ་གྱི་རྒྱལ་པོར་འགྱུར་སྲིད་པའམ། བཙོན་ནས་ཞུགས་ཁྲིར་གནས་སྲིད་དོ། འོན་ཀྱང་ཁོ་ལོ་རྒས་པའི་སྐབས་སུ་བསླབ་བྱ་མ་ལེན་པར་གླེན་པ་ལྟར་བྱེད་པ་ཡིན་ན། མི་ན་གཞོན་ཞིག་དབུལ་ཞིང་ཤེས་རབ་དང་ལྡན་པ་ཡིན་ན་ཁོ་ལེགས་པ་ཡིན་ནོ། 15ངས་འཛམ་གླིང་འདིའི་ནང་སྡོད་པའི་མི་ཚང་མའི་སྐོར་བསམ་བློ་བཏང་ནས། དེ་ཚོའི་ཁྲོད་དུ་སྐྱེ་བོ་ན་གཞོན་ཞིག་གི་རྒྱལ་ཚབ་བཟུང་མཁན་ཞིག་ཡོད་པ་ཤེས་བྱུང། 16རྒྱལ་པོ་ཞིག་གིས་དབང་བསྒྱུར་བྱས་པའི་འོག་ཏུ་མི་མང་གི་གྲངས་འབོར་གྱི་ཚད་མེད་ན་ཡང། ཁོང་གྲོང་ཟིན་སྐབས་ཁོང་གིས་ཇི་ལྟར་གནང་བ་ལ་སུས་ཀྱང་བཀའ་དྲིན་བསམ་ཤེས་མི་བྱེད་དོ། དེ་ལ་སྙིང་པོ་མེད་ཅིང་དེ་ནི་རླུང་གིས་རྗེས་སུ་དེད་པ་ལྟ་བུ་ཡིན་ནོ༎

འཆད་པ་པོ 5

བྲེལ་ཟིང་ངང་མནའ་སྐལ་མི་རུང།

1མཆོད་ཁང་ལ་འགྲོ་རྒྱུའི་སྐོར་ཟབ་ཟབ་བྱོས་ཤིག། སྐྱེ་བོ་གླེན་པ་ཚོས་དམར་མཆོད་འབུལ་བ་ལས་སློབ་སྦྱོངས་བྱེད་པར་འགྲོ་བ་ལེགས་སོ། གང་ལགས་ཟེར་ན་དེ་ཚོས་བདེན་རྫུན་ཇི་ཡིན་མི་ཤེས་སོ། 2ཁྱོད་ཀྱིས་སྨྲ་བའི་སྔོན་དུ་བསམ་བློ་ཐོང་ཞིག་དང། དཀོན་མཆོག་གི་མདུན་དུ་བྲེལ་ཟིང་ངང་ནས་མནའ་གང་ཡང་མ་སྐལ་ཞིག ཁོང་ནི་མཐོ་རིས་སུ་ཡོད་པ་དང་ཁྱོད་ནི་ས་གཞིའི་སྟེང་དུ་ཡོད་པའི་སྟབས་ཀྱི་ཁྱོད་ཀྱི་བཤད་དགོས་པ་ལས་ལྷག་པ་མ་ཤོད་ཅིག 3ཁྱོད་ཀྱིས་སེམས་ཁྲལ་ཇི་ཙམ་མང་བ་བྱས་ན་ཡང་དེ་ཙམ་གྱིས་ཁྱོད་ལ་རྨི་ལམ་ངན་པ་གཏོང་སྲིད་པ་དང། ཁྱོད་ཀྱིས་ཇི་ཙམ་མང་བ་བཤད་པས་དེ་ཙམ་གྱིས་ཁྱོད་ཀྱིས་གླེན་གཏམ་མང་བ་བཤད་སྲིད་དོ། 4དེར་བརྟེན་ཁྱོད་ཀྱིས་དཀོན་མཆོག་ལ་མནའ་སྐྱལ་བ་དེ་ཁྱོད་ཀྱི་དེ་གང་མགྱོགས་སྒྲུབ་པར་བྱོས་ཤིག ཁོང་ལ་གླེན་པ་ཞིག་གི་ཕན་ཐོག་མེད་དོ། ཁྱོད་ཀྱིས་ཇི་ལྟར་མནའ་སྐྱལ་བ་དེ་སྒྲུབ་པར་བྱོས་ཤིག 5ཁས་ལེན་ཞུས་ནས་སྒྲུབ་མ་ཐུབ་པ་ལས། ཁས་ལེན་ཙ་བ་ནས་མ་ཞུས་པ་དེ་ལེགས་སོ། 6ཁྱོད་རང་ཉིད་ཀྱི་གཏམ་གྱི་སྡིག་པའི་ནང་ཚུད་དུ་མ་བཅུག་ཅིག ངས་དེ་ལྟར་ཞུ་རྒྱུ་མ་བྱུང་ཞེས་དཀོན་མཆོག་གི་བླ་མའི་མདུན་དུ་དེ་ལྟར་སྨྲ་མ་དགོས་པར་གྱིས་ཤིག ཁྱོད་ཐོག་དཀོན་མཆོག་ཅི་ལ་ཁྲོ་འཇུག་གམ། ཁྱོད་ཀྱིས་ཇི་ལྟར་འབད་སྒྲུབ་གྱིས་པ་དེ་ཅིའི་ཕྱིར་ཁོང་ལ་མེད་པར་བཟོ་རུ་འཇུག་གམ། 7ཁྱོད་ཀྱིས་རྨི་ལམ་མང་པོ་བཏང་བ་དང་ཕན་མེད་ཀྱི་ལས་ཀ་མང་པོ་བྱས་པ་དང། ཡང་ན་ཁྱོད་ཀྱིས་གཏམ་མང་པོ་བཤད་ན་ཡང་ཕན་ཐོག་མེད། ཁྱོད་རང་ངེས་པར་དུ་དཀོན་མཆོག་ལ་བགས་སེམས་ཞུས་དགོས་སོ༎

མི་ཚེ་ལ་ཕན་ཐོག་མེད།

8ཁྱོད་ཀྱིས་དབུལ་པོར་གཞུང་གི་མནར་གཅོད་གཏོང་བ་དང་དེ་ཚོར་ཁྲིམས་དྲང་དང་ཐོབ་ཐང་མ་སྤྲད་པ་མཐོང་སྐབས། དེ་ལ་ཁྱོད་ཧ་ལས་མི་དགོས་སོ། ལས་བྱེད་པ་ཚང་མ་ལ་དེ་ཚོའི་གོང་མས་སྲུང་སྐྱོབ་བྱེད་པ་དང། དེ་ཚོ་གཉིས་ལ་དེ་ཡི་གོང་མས་སྲུང་སྐྱོབ་བྱེད་དོ། 9རྒྱལ་པོ་ཞིག་ཡིན་ཀྱང་སྟོན་ཐོག་ལ་བློས་འགེལ་བྱེད་དགོས་སོ། 10ཁྱོད་དངུལ་ལ་དགའ་ན་ནམ་ཡང་འདོད་པ་མ་ཁེངས་སོ། ཁྱོད་ཕྱུག་པོར་འགྱུར་འདོད་ན་ཁྱོད་ཀྱིས་འདོད་པ་རྣམས་ཁྱོད་ལ་མི་ཐོབ་བོ། དེ་ནི་ཕན་ཐོག་མེད་དོ། 11ཁྱོད་རང་ཇི་ཙམ་ཕྱུག་པོར་འགྱུར་བས་དེ་ཙམ་གྱི་མང་བ་ཁྱོད་ཀྱིས་གསོས་དགོས། ཁྱོད་ལ་མཁེ་བཟང་ཐོབ་རྒྱུ་དེ་ནི་ཁྱོད་ཕྱུག་པོ་ཡིན་པའི་ཤེས་བྱ་གཅིག་པོ་དེ་ཡིན་ནོ། 12ལས་མི་ཚོ་ལ་ཟ་རྒྱུ་སྡང་ན་ཡང་མི་སྡང་ན་ཡང། ཁོ་ལ་མཚན་མོ་གཉིད་སྐྱིད་པོ་ཁུག་པར་བྱེད་དོ། མི་ཕྱུག་པོ་ཞིག་ལ་རྒྱུ་དངོས་མང་པོ་ཡོད་པའི་རྐྱེན་གྱིས་སེམས་འཁྲལ་བྱེད་བཞིན་གཉིད་མ་ཁུག་པར་སྡོད་ཀྱི་ཡོད་དོ། 13ངས་ཛམ་གླིང་འདིའི་ནང་ལ་འཇིགས་སྣང་ཆེན་པོ་ཞིག་མཐོང་གིས་འདུག མི་ཚོས་རང་ལ་དངུལ་དགོས་མཁའི་སྐབས་སུ་ཕན་ཐོག་པའི་ཆེད་དུ་གསོགས་པར་བྱེད་དོ། 14འོན་ཀྱང་དེ་ཚོ་ཚང་མ་ཚོང་འབྲེལ་ཐབས་སྡུག་ཞིག་ནང་རླག་པར་བྱེད་པ་དང། རང་གི་བུ་ཕྲུག་ཚོར་ལྷག་མ་གང་ཡང་འཇོག་རྒྱུ་མེད་པར་རྫོགས་པར་བྱེད་དོ། 15ང་ཚོ་འཛམ་གླིང་འདིའི་ནང་ཇི་ལྟར་ཡོང་བ་ལྟར་གང་ཡང་མེད་པར་འགྲོ་དགོས་སོ། ང་ཚོས་དཀའ་ངལ་ཇི་ཙམ་རྒྱབ་ན་ཡང་རང་དང་མཉམ་དུ་གང་ཡང་འཁྱེར་མི་ཐུབ་བོ། 16དེ་བདེན་པ་མ་ཡིན། ང་ཚོ་ཡོང་བ་ལྟར་འགྲོ་དགོས་སོ། ང་ཚོས་དཀའ་ལས་རྒྱབ་པ་དང་རླུང་ལ་འཇུས་ཐབས་བྱས་ན་ཡང་ང་ཚོ་ལ་སྒྲུབ་འབྲས་ཇི་ཐོབ་བམ། 17ང་ཚོའི་མི་ཚེ་ནི་མུན་པའི་ནང་དང་སྡུག་བསྔལ་དང་སེམས་ཁྲལ་དང་ཁོང་ཁྲོ་དང་ན་ཚའི་ངང་ལ་སྐྱེལ་དགོས་སོ། 18ངས་ཤེས་པ་རྣམས་ནི། དཀོན་མཆོག་གིས་མི་ཞིག་ལ་མི་ཚེ་ཐུང་ཐུང་ཞིག་གནང་བ་དེ་ལ་དཀའ་ལས་རྒྱབ་པ་རྣམས་ཟ་འཐུང་བྱ་བ་དང་ལོངས་སུ་སྤྱོད་རྒྱུ་དེ་ལེགས་ཤོས་ཡིན་ནོ། དེ་ནི་མིའི་སྐྱལ་བ་ཡིན་ནོ། 19གལ་སྲིད་དཀོན་མཆོག་གིས་མི་ཞིག་ལ་རྒྱུ་ནོར་ལོངས་སྤྱོད་སོགས་གནང་ཡོད་ན། ཁོ་ངལ་རྩོལ་བྱེད་པ་དེ་ཚོར་བཀའ་དྲིན་བསམ་ནས་ལོངས་སུ་སྤྱོད་དུ་འཇུག་དགོས་སོ། དེ་ནི་དཀོན་མཆོག་གི་གསོལ་རས་ཡིན་ནོ། 20དཀོན་མཆོག་གིས་ཁོ་ལ་དགའ་སྐྱིད་བྱེད་དུ་འཇུག་ཡོད་སྟབས་ཁོའི་མི་ཚེ་ཐུང་ཐུང་ཡིན་པར་དེ་ལ་སེམས་ཁྲལ་བྱེད་མི་དགོས་སོ༎

འཆད་པ་པོ 6

1འཛམ་གླིང་འདིའི་ནང་ཁྲིམས་མི་དྲང་བའི་ལས་ཚབ་ཆེ་ཞིག་བྱེད་པར་ང་ལ་དོ་སྣང་བྱུང། 2དཀོན་མཆོག་གིས་སུ་ཞིག་ལ་རྒྱུ་དངོས་དང་གུས་བཀུར་དང་ཅི་འདོད་པ་ཚང་མ་གནང་ཡོད་ཀྱང། དེ་ལ་བེད་སྤྱོད་བྱེད་དུ་འཇུག་མི་གནང་ཞིང། དེའི་ཚབ་ལ་མི་ངོ་མ་ཤེས་མཁན་ཞིག་གིས་དེ་ལ་སྤྱོད་པར་བྱེད་དོ། དེ་ལ་སྙིང་པོ་མེད་ཅིང་དེ་ཚོ་ཚང་མ་ནོར་འཁྲུལ་ཡིན་ནོ། 3མི་ཞིག་བུ་ཕྲུག་བརྒྱ་ཡོད་པ་དང་མི་ཚེ་རིང་པོ་བསྡད་སྲིད་ན་ཡང། ཁོ་ལ་བདེ་སྐྱིད་ཀྱི་གོ་སྐབས་མ་ཐོབ་པ་དང་དགོས་ངེས་ཀྱི་རང་གི་ཕུང་པོ་དེ་ས་ལ་མ་སྦེད་པ་ཡིནན། ངས་བྱིས་པ་ཤི་རོ་སྐྱེས་པ་དེ་ལེགས་པ་ཡིན་ཞེས་བརྗོད་རྒྱུ་ཡིན་ནོ། 4བྱིས་པ་དེ་སྐྱེས་པ་ལེགས་པ་གང་ཡང་མ་བྱུང་ངོ། དེ་མུན་པའི་ནང་རླགས་པར་འགྱུར་བ་དང་དེར་དེ་ལ་བརྗེད་པར་འགྱུར། 5དེས་ཉིན་མོའི་འོད་མི་མཐོང་བ་དང། ཡང་ན་མི་ཚེ་ཇི་འདྲ་ཡོད་མེད་མི་ཤེས་སོ། འོན་ཀྱང་ཉུང་མཐར་དེ་ལ་ངལ་གསོ་ཐོབ་ཡོད། 6སྐྱེ་བོ་དེ་ལོ་ཉིས་སྟོང་གསོན་པོར་བསྡད་ན་ཡང། ཁོས་བདེ་སྐྱིད་ལ་ལོངས་སྤྱོད་མི་ཐུབ། མཐའ་མར་དེ་ཚོ་གཉིས་ཀ་གནས་གཅིག་ཏུ་འགྲོ་བར་བྱེད་དོ། 7སྐྱེ་བོ་ཞིག་གིས་ཟ་རྒྱུ་ཕྲན་བུ་ཐོབ་པའི་ཆེད་དུ་རང་གི་ལས་ཚང་མ་བྱེད་ཀྱི་ཡོད་དོ། འོན་ཀྱང་ཁོ་ལ་ལྡང་ངེས་རྩ་བ་ནས་ཐོབ་མི་ཐུབ། 8སྐྱེ་བོ་ཤེས་རབ་ཅན་ཞིག་གླེན་པ་ཞིག་ལས་ཇི་ལྟར་ལེགས་པ་ཡོད་དམ། སྐྱེ་བོ་དབུལ་པོ་ཞིག་གིས་མི་ཚེའི་གདོང་ལེན་ཇི་ལྟར་བྱ་རྒྱུ་ཤེས་པ་དེས་ཕན་ཐོག་ཅི་བྱེད་དམ། 9དེ་ལ་སྙིང་པོ་གང་ཡང་མེད། དེ་ནི་རླུང་ལ་རྗེས་དེད་བྱས་པ་ལྟར་ཡིན། རྟག་ཏུ་གང་ཞིག་འདོད་པར་བྱེད་པ་ལས། ཁྱོད་ལ་ཇི་ཡོད་པར་ཚིམ་པ་དེ་ལེགས་སོ། 10ཇི་ལྟར་བྱུང་བ་རྣམས་ཡུན་རིང་སྔོན་ནས་ཐག་ཆོད་ཟིན་ཡོད་པ་དང། སྐྱེ་བོ་ཞིག་གིས་ཁོ་ལས་སྟོབས་ཤུགས་ཆེ་བ་དེ་ལ་རྩོད་མི་ཐུབ་པ་ང་ཚོས་ཤེས་སོ། 11ཁྱོད་ཀྱིས་ཇི་ལྟར་རིང་པོ་རྩོད་པས་དེ་ལ་དེ་ཙམ་གྱིས་སྙིང་པོ་མེད་པ་དང་ཁྱོད་ལ་ཕན་ཐོག་གང་ཡང་མེད་དོ། 12གྲིབ་ནག་ལྟར་ཡོལ་བའི་མི་ཚེ་ཐུང་ཐུང་དང་སྙིང་པོ་མེད་པ་དེའི་ནང་ལེགས་ཤོས་ཇི་ཡིན་པ་སུས་ཤེས་ཀྱི་རེད་དམ། ཤི་བའི་རྗེས་ལ་འཛམ་གླིང་ནང་གང་ཡོང་གི་ཡོད་པ་དེ་སུས་ཤེས་སམ༎

འཆད་པ་པོ 7

མི་ཚེའི་སྐོར་ལ་བསམ་བློ།

1མིང་བཟང་པོ་ནི་རིན་ཐང་ཅན་གྱི་དྲི་བཟང་ལས་ལེགས་པ་ཡིན། ཁྱོད་འཆི་བའི་ཉིན་མོ་དེ་ནི་ཁྱོད་སྐྱེས་བའི་ཉིན་དེ་ལས་ལེགས་པ་ཡིན་ནོ། 2ཐུགས་སྤྲོ་གཏོང་སར་འགྲོ་བ་ལས་མྱ་ངན་བྱེད་པའི་ཁང་ཁྱིམ་དུ་འགྲོ་བ་ལེགས་པ་ཡིན་ནོ། གང་ལགས་ཟེར་ན། གསོན་པོར་སྡོད་མཁན་ཚོས་ང་ཚོ་ཚང་མར་འཆི་བས་འགུག་ནས་བསྡད་ཡོད་པ་དེ་དུས་རྟག་ཏུ་དྲན་དགོས་སོ། 3སྡུག་བསྔལ་གད་མོ་ཤོར་བ་ལས་ལེགས། ཁྱོད་ཀྱི་གདོང་པོར་སྐྱོ་སེམས་བྱུང་ན་ཡང་དེས་ཁྱོད་ཀྱི་གོ་དོན་རྟོགས་པར་རྣོ་བར་བཟོས་སོ། 4དུས་རྟག་ཏུ་བདེ་སྐྱིད་ཀྱི་བསམ་གློ་གཏོང་མཁན་དེ་གླེན་པ་ཡིན་པ་དང། སྐྱེ་བོ་ཤེས་རབ་ཅན་གྱིས་འཆི་བའི་སྐོར་ལ་བསམ་བློ་གཏོང་ངོ། 5སྐྱེ་བོ་གླེན་པ་ཚོས་ཁྱོད་ལ་བསྟོད་པའི་གླུ་ལེན་པ་ལས། སྐྱེ་བོ་ཤེས་རབ་ཅན་ཚོས་ཁྱོད་ལ་ཁ་བརྡུང་གཏོང་བ་དེ་ལེགས། 6གླེན་པ་ཞིག་གིས་གད་མོ་གད་སྐབས་ཚེར་མ་མེའི་ནང་གས་པ་དང་མཚུངས། དེ་ལ་དོན་གནད་གང་ཡང་མེད་དོ། 7སྐྱེ་བོ་ཤེས་རབ་ཅན་ཚོས་སུ་ཞིག་ལ་མགོ་བསྐོར་གཏོང་སྐབས་ཁོས་བླུན་པོ་ཞིག་ལྟར་བྱ་སྤྱོད་བྱེད་བཞིན་ཡོད། ཁྱོད་ཀྱིས་ལྐོག་རྔན་ལེན་པ་ཡིན་ན་ཁྱོད་རང་ཉིད་ཀྱི་སྤྱོད་ལམ་མེད་པར་བཟོ་བཞིན་ཡོད་དོ། 8གང་ཞིག་གིས་ཐོག་མ་ལས་མཐའ་མ་དེ་ལེགས་པ་ཡིན་ནོ། བཟོད་སྲན་དེ་ང་རྒྱལ་ལས་ལེས་སོ། 9རང་ཉིད་ཀྱི་ཁོང་ཁྲོ་དེ་ཞི་དབང་དུ་འཛོག་དགོས་སོ། འཁོན་སེམས་བྱ་རྒྱུ་དེ་ནི་གླེན་པ་ཡིན་ནོ། 10སྔར་གྱི་ཉིན་དེ་ཚོ་ད་ལྟ་ལས་ཅི་ཕྱིར་ཧ་ཅང་ལེགས་པ་ཡོད་ཅེས་མ་འདྲི་ཞིག དེ་ནི་ཤེས་རབ་ཅན་གྱི་འདྲི་བ་མ་ཡིན་ནོ། 11འཚོ་བར་སྡོད་མཁན་ཚང་མ་ཤེས་རབ་དང་ལྡན་པ་དགོས་པ་དེ་ནི་ནོར་སྐལ་ཞིག་ཐོབ་པ་ལྟར་ལེགས་སོ། 12རྒྱུ་དངུལ་གྱི་ཁྱོད་ལ་སྐྱོབ་པ་ལྟར། ཤེས་རབ་ཀྱི་ཀྱང་ཁྱོད་ལ་བདེ་བར་འཇོག་པ་དང་དེ་ནི་ཤེས་རབ་ཀྱི་ཁེ་ཕན་ཡིན་ནོ། 13དཀོན་མཆོག་གི་ཇི་གནང་བར་བསམ་བློ་གཏོང་ཞིག དཀོན་མཆོག་གིས་ཀྱོག་ཀྱོག་བཟོས་གནང་བ་ཞིག་ལ་སུས་འདྲོང་པོ་བཟོ་ནུས་སམ། 14བྱ་བ་ལམ་འགྲོ་ཡོང་བའི་སྐབས་སུ་དགའ་བ་བྱོས་ཤིག་དང། དཀའ་སྡུག་བྱུང་སྐབས་ དཀོན་མཆོག་གི་བདེ་སྡུག་གཉིས་ཀ་གཏོང་གནང་བ་དེ་དྲན་པར་བྱོས་ཤིག་དང། ཕུགས་སུ་ཇི་འབྱུང་བ་སུས་ཀྱང་རྟོགས་པར་མི་ནུས་སོ། 15ངའི་མི་ཚེ་ལ་སྙིང་པོ་མ་བྱུང་ན་ཡང་དེའི་རིང་ངས་ཚང་མ་མཐོང་བྱུང། སྐྱེ་བོ་བཟང་པོ་འགའ་ཤས་འཚི་བ་དང་གཞན་ཚོ་ངན་པ་ཡིན་ན་ཡང་འཚོ་བཞིན་བསྡད་དོ། 16དེ་བས་ན་ཁྱོད་ཧ་ཅང་བཟང་པོའམ་ཧ་ཅང་ཤེས་རབ་ཅན་མ་འགྱུར་ཤིག ཁྱོད་རང་ཉིད་ཅི་ལ་གསོད་དམ། 17འོན་ཀྱང་ཧ་ཅང་སྤྱོད་ཚུལ་ངན་པའམ་ཧ་ཅང་གླེན་པ་མ་འགྱུར་ཤིག དུས་ཚོད་མ་སླེབས་སྔོན་དུ་ཅི་ལ་འཆིའམ། 18དེ་ཚོ་གཉིས་ཀར་ཚོད་མེད་མ་བྱེད་ཅིག། ཁྱོད་ཚོས་དཀོན་མཆོག་ལ་གུས་བཀུར་ཞུས་པ་ཡིན་ན་གང་ལྟར་ཁྱོད་ལ་ལམ་འགྲོ་ཡོང་བར་འགྱུར། 19རྒྱལ་པོ་བཅུ་ཐམ་པས་གྲོང་ཁྱེར་ཞིག་གི་ཆེད་དུ་བྱེད་ཐུབ་པ་ལས་ལྷག་པ་ཤེས་རབ་ལྡན་པའི་སྐྱེ་བོ་ཞིག་གིས་བྱེད་ཐུབ་བོ། 20ས་གཞི་འདིའི་སྟེང་དུ་རྟག་ཏུ་དྲང་པོ་ཇི་ཡིན་བྱ་མཁན་དང་ནོར་འཁྲུལ་ནམ་ཡང་མི་བྱ་མཁན་སུ་ཡང་མེད་དོ། 21མི་མང་གི་ཇི་སྨྲས་པ་ཚང་མར་དོ་སྣང་མ་བྱེད་ཅིག ཁྱོད་ཀྱི་གཡོག་པོས་ཁྱོད་ལ་དམའ་འབེབས་བྱས་པ་ཐོས་སྲིད་དོ། 22ཁྱོད་ཀྱིས་མི་གཞན་ཚོར་ཐེངས་མང་པོར་དམའ་འབེབས་བྱས་པ་ཁྱོད་ཀྱིས་ཤེས་ཀྱི་ཡོད་དོ། 23དེ་ཚོ་ཚང་མ་རྟགས་དཔྱད་བྱེད་པར་ངས་ངའི་ཤེས་རབ་ལ་བེད་སྤྱོད་བྱས་པ་ཡིན། ང་ཤེས་རབ་ཅན་བྱ་རྒྱུར་ཐག་ཅོད་ཟིན་ན་ཡང། དེ་ནི་ངའི་ཚད་ལས་འགལ་བ་ཡིན་ནོ། 24སུ་ཞིག་གིས་མི་ཚེའི་དོན་གནད་ཇི་ཡིན་ཇི་ལྟར་ཤེས་ཐུབ་བམ། དེ་ནི་ང་ཚོའི་ཆེད་དུ་ཧ་ཅང་གཏིང་ཟབ་པོ་ཡིན་པའི་རྟོགས་པར་ཧ་ཅང་ཁག་པོ་ཡོད་དོ། 25འོན་ཀྱང་ངས་ཤེས་བྱ་དང་སློབ་སྦྱོངས་ཀྱི་ཆེད་དུ་ཧུར་བརྩོན་གྱི་ལབ་པ་ཡིན། ངས་ཤེས་རབ་འཚོལ་རྒྱུ་དང་ངའི་དྲི་བ་ཚོར་ལན་འཚོལ་རྒྱུ་དང་སྤྱོད་ངན་དང་གླེན་པ་ཅན་ཇི་འདྲ་ཡོད་སྦྱངས་པའི་ཆེད་དུ་ཐག་བཙད་པ་ཡིན། 26ངས་འཆི་བ་ལས་ཀྱང་ཧ་ཅང་ཁག་ཏི་ཅན་ཞིག་རྙེད་བྱུང། དེ་ནི་བུད་མེད་ཞིག་ཡིན་པས་མོ་ནི་རྙིད་ལྟར་ཡིན་ནོ། མོས་ཁྱོད་ལ་བརྩེ་བ་བྱས་པ་དེས་ཁྱོད་ལ་རྙི་ལྟར་བཟུང་བ་དང་། མོའི་ལག་པ་ཁྱོད་ལ་འཐམས་པ་དེས་ལྕགས་ཐག་ལྟར་ཁྱོད་ལ་བཟུང་ཞིང། དཀོན་མཆོག་མཉེས་པར་བྱ་མཁན་སྐྱེ་བོ་ཞིག་ཐར་བར་འགྱུར་རོ། འོན་ཀྱང་མོས་སྡིག་ཅན་ལ་བཟུང་བར་བྱེད་དོ། 27སློབ་དཔོན་གྱིས་དེ་ལྟར་སྨྲས་པ། ངས་ལན་འཚོལ་སྐབས་དེ་ཚོ་དལ་བུར་བྱས་ནས་རྙེད་བྱུང་ཞེས་སྨྲས་སོ། 28ངས་ལན་གཞན་ཚོ་འཚོ་ཀྱང་གང་ཡང་རྙེད་མ་བྱུང་། སྟོང་ཕྲག་གི་ནང་ནས་གུས་བཀུར་ཞུས་འོས་པའི་སྐྱེ་བོ་གཅིག་རྙེད་བྱུང། འོན་ཀྱང་བུད་མེད་གཅིག་ཀྱང་རྙེད་མ་བྱུང། 29ངས་ཇི་སྦྱངས་པ་ནི་དེ་ཚོ་ཡིན་ནོ། དཀོན་མཆོག་གིས་ང་ཚོ་ལ་སྤམ་པོ་དང་ཉམ་ཆུང་བཟོས་གནང་ཡོད་ན་ཡང་ང་ཚོ་རང་ཉིད་ཀྱི་ཧ་ཅང་མགོ་རྙོག་པོ་བཟོས་ཡོད་དོ༎

འཆད་པ་པོ 8

1སྐྱེ་བོ་ཤེས་རབ་ཅན་གཅིག་པུས་དངོས་པོའི་དོན་གནད་ཇི་ཡིན་ཤེས་པ་དང། ཤེས་རབ་ཀྱི་ཁོ་འཛུམ་མུལ་མུལ་བཟོ་བ་དང་དེས་སྐྱོ་བའི་གདོང་པར་སྐྱིད་ཉམས་དོད་པོ་བཟོས༎

རྒྱལ་པོའི་བཀའ་ཉན་དགོས།

2རྒྱལ་པོས་བཀའ་ཇི་ལྟར་གནང་བར་ཉོན་ཞིག། ཁྱོད་ཀྱིས་དཀོན་མཆོག་ལ་བྲེལ་འཚུབ་ཀྱི་ངང་ནས་དམ་བཅའ་ནམ་ཡང་མ་འཇོག་ཅིག 3རྒྱལ་པོས་རང་གི་ཐུགས་འདོད་ལྟར་གནང་ཐུབ་ཅིང། ཁོང་གི་དྲུང་ནས་ཐོན་ནས་དེ་ལྟ་བུ་ཉེན་ཁ་ཅན་གྱི་ས་གནས་སུ་མ་སྡོད་ཅིག 4རྒྱལ་པོས་སྐུ་དབང་ལྟར་གནང་བས་ཁོང་གིས་ཇི་གནང་བར་འགྲན་མི་ནུས། 5ཁྱོད་ཀྱིས་ཁོང་གི་བཀའ་ཉན་པའི་རིང་ཁྱོད་བདེ་བར་གནས་པ་དང། སྐྱེ་བོ་ཤེས་རབ་ལྡན་པ་ཞིག་གིས་དེ་བཞིན་ཇི་ལྟར་བྱེད་པ་དང་དེ་ནམ་བྱེད་དགོས་ཤེས་སོ། 6བྱ་བ་ཚང་མ་བྱེད་པའི་དུས་ཚོད་ངེས་གཏན་དང་ཐབས་ལམ་ངེས་གཏན་ཞིག་ཡོད། འོན་ཀྱང་ང་ཚོས་དེའི་སྐོར་ཧ་ཅང་ཉུང་ཉུང་ཤེས་ཀྱི་ཡོད། 7ཇི་ལྟར་ཡོང་རྒྱུ་ཡིན་པ་དེ་ང་ཚོ་སུས་ཀྱང་མི་ཤེས་པ་ལྟར། ང་ཚོ་ལ་བརྫོད་མཁན་སུ་ཡང་མེད་དོ། 8རང་ཉིད་འཆི་བ་ལས་ཀྱང་སུ་ཞིག་ཐར་མི་ཐུབ་ཅིང། རང་ཉིད་འཆི་རྒྱུའི་ཉིན་མོ་དེ་སུས་ཀྱང་དུས་བཤོལ་མི་ཐུབ་བོ། དམག་འཐབ་དེ་ལས་ཐར་མི་ཐུབ་ཅིང་ང་ཚོས་དེ་ལས་གཡོ་ཡང་མི་ཐུབ་པ་ཞིག་ཡོན་ནོ༎

སྤྱོད་ངན་དང་དྲང་བདེན།

9འཛམ་གླིང་ནང་སྐྱེ་བོ་འགའ་ཤས་ལ་དབང་ཆ་ཡོད་ཅིང། དེ་ཚོའི་དབང་ཆའི་འོག་མི་གཞན་ཚོ་སྡུག་པོ་མྱོང་དགོས་པའི་འཛམ་གླིང་འདིའི་ནང་ཇི་ལྟར་བྱེད་པའི་སྐོར་ལ་བསམ་བློ་གཏོང་སྐབས་ངས་འདི་ཚོ་ཚང་མ་མཐོང་བྱུང། 10ངས་སྐྱེ་བོ་སྤྱོད་ངན་ཚོ་དུར་ཁུང་ནང་གུས་ཞབས་ངང་སྦས་པ་མཐོང་བྱུང། འོན་ཀྱང་གཙོ་བོ་དཀོན་མཆོག་གི་མི་རྣམས་དམ་པའི་གྲོང་ཁྱེར་སྤངས་ནས་འགྲོ་དགོས་པ་དང། དེ་ཚོ་ལ་ཚང་མས་རྗེད་དོ། དེ་བས་ན་དེ་ཚོར་སྙིང་པོ་གང་ཡང་མེད་དོ། 11སྐྱེ་བོ་ཚོས་ཤེས་བཞིན་དུ་ཁྲིམས་འགལ་ཅི་ལ་བྱེད་བཞིན་ཡོད་དམ། གང་ལགས་ཟེར་ན། ཁྲིམས་འགལ་གྱི་ཉེས་ཆད་དགོས་ངེས་འཕྲལ་དུ་གཏོང་གི་མེད་པ་ཡིན་ནོ། 12སྡིག་ཅན་ཞིག་གིས་ཁྲིམས་འགལ་བརྒྱ་ཐམ་པ་གྱིས་ན་ཡང་ད་དུང་འཚོ་བཞིན་ཡོད་དོ། དེ་ཚོས་ཇི་ལྟར་བརྗོད་བཞིན་ཡོད་པ་ངས་ཤེས་ཀྱི་ཡོད། ཁྱོད་ཚོས་དཀོན་མཆོག་གི་བཀའ་ལ་ཉན་གྱི་ཡོད་ན་ཚང་མ་ལེགས་པར་འགྱུར་རོ། 13འོན་ཀྱང་སྤྱོད་ངན་ཚོ་དེ་ལྟར་མིན་ནོ། དེ་ཚོའི་མི་ཚེ་གྲིབ་ནག་ལྟར་འདྲ་བས་དེ་ཚོ་གཞོན་ནུར་འཆི་བར་འགྱུར་རོ། གང་ལགས་ཟེར་ན། དེ་ཚོས་དཀོན་མཆོག་གི་བཀའ་ལ་ཉན་གྱི་མེད་དོ། 14འོན་ཀྱང་དེ་ཚོ་ནི་སྙིང་པོ་མེད་པ་ཡིན། འཛམ་གླིང་འདི་ཇི་འདྲ་ཡོད་པར་ལྟོས་དང། སྐབས་རེ་སྐྱེ་བོ་དྲང་ལྡན་ལ་སྤྱོད་ངན་གྱི་ཉེས་ཆད་ཕོག་པ་དང། སྐྱེ་བོ་སྤྱོད་ངན་ཚོ་ལ་དྲང་ལྡན་གྱི་བྱ་དགའ་ཐོབ་པ་དང། ངས་དེ་ལ་སྙིང་པོ་མེད་ཟེར་བརྗོད་རྒྱུ་ཡིན་ནོ། 15དེའི་རྐྱེན་གྱི་ང་ལ་ཡིད་ཆད་ངེས་གཏན་ཡོད་པས་ང་ཚོས་ལོངས་སྤྱོད་དགོས། གང་ལགས་ཟེར་ན། ང་ཚོའི་མི་ཚེའི་ནང་བདེ་སྐྱིད་ཡོང་རྒྱུ་དེ་ཟ་རྒྱུ་དང་འཐུང་རྒྱུར་དང་ཀྱི་ལོངས་སྤྱོད་རྒྱུ་དེ་རང་ཡིན། དཀོན་མཆོག་གིས་འཛམ་གླིང་འདིའི་ནང་ང་ཚོ་ལ་གནང་བའི་མི་ཚེ་རིང་ལ་ལས་ཀ་ཧུར་བརྩོནབྱེད་སྐབས་ང་ཚོས་འདི་ཙམ་བྱེད་ཐུབ་བོ། 16ངས་རང་ཉིད་སྐྱེ་བོ་ཤེས་རབ་ཅན་ཞིག་འབྱུང་ཐབས་དང་འཛམ་གླིང་ནང་ཇི་ཡོང་ཤེས་ཐབས་བྱས་སྐབས་ཉིན་མཚན་གཉིས་ཀར་གཉིད་མ་ཁུག་པར་བསྡད་ན་ཡང། 17དཀོན་མཆོག་གིས་ཇི་ལྟར་གནང་བཞིན་ཡོད་པ་དེ་རྩ་བ་ནས་རྟོགས་མི་ཐུབ་པ་ཤེས་བྱུང། ཁྱོད་ཀྱིས་འབད་བརྩོན་ཇི་ལྟར་བྱས་ན་ཡང་རྩ་བ་ནས་དེ་རྟོགས་མི་ཐུབ་བོ། ཤེས་རབ་ཅན་གྱི་སྐྱེེ་བོ་ཚོས་རྟོགས་ཐུབ་པར་སྨྲས་ན་ཡང་དེ་ཚོས་རྟོགས་མེད་དོ༎

འཆད་པ་པོ 9

1དེ་ཚོའི་སྐོར་ལ་ངས་ཡུན་རིང་པོར་བསམ་བློ་ནན་ཏན་བཏང་བ་དང། དཀོན་མཆོག་གིས་སྐྱེ་བོ་ཤེས་རབ་ཅན་ཚོ་དང་དྲང་ལྡན་ཚོའི་སྤྱོད་ཚུལ་རྣམས་དབང་བསྒྱུར་གནང་བ་དང། དེ་ཚོའི་བྱམས་པ་དང་འཁོན་འཛིན་ཡང་དབང་བསྒྱུར་གནང་བ་མཐོང་བྱུང། སུ་ཞིག་གིས་ཁོ་པའི་མདུན་དུ་ཇི་འདྲ་ཡོད་པ་མི་ཤེས་པ་དང། 2དེ་ལ་ཁྱད་པར་གང་ཡང་མེད། སྐྱེ་བོ་དྲང་ལྡན་དང་། སྤྱོད་ངན་དང་། སྐྱེ་བོ་བཟང་པོ་དང་། ངན་པ་དང་། སྐྱེ་བོ་ཆོས་པ་དང་ཆོས་པ་མ་ཡིན་པ་དང་། དམར་མཆོད་འབུལ་མཁན་དང་མི་འབུལ་མཁན་ཚོའི་སྐྱལ་བ་འདྲ་མཚུངས་ཡིན། སྐྱེ་བོ་བཟང་པོ་ཞིག་ནི་སྡིག་ཅན་ཞིག་ལས་ལེགས་པ་མེད། སྐྱེ་བོ་མནའ་སྐྱེལ་མཁན་དེ་མནའ་མི་སྐྱེལ་མཁན་ཞིག་ལས་ལེགས་པ་མ་ཡིན་ནོ། 3ཚང་མར་སྐྱལ་བ་འདྲ་མཚུངས་ཡོད་པ་དང་དེ་ནི་འཛམ་གླིང་འདིའི་ནང་འབྱུང་བཞིན་པའི་བྱ་བ་གཞན་ལྟར་ནོར་འཁྲུལ་ཡིན། མི་རྣམས་ནམ་འཚོའི་རིང་སེམས་ནང་སྨྱོ་འཁྲུལ་དང་ངན་པས་ཁེངས་པ་དང་གློ་བུར་དུ་དེ་ཚོ་འཆིའོ། 4འོན་ཀྱང་སུ་ཞིག་གསོན་པའི་འཛམ་གླིང་ནང་གནས་མཁན་ཞིག་ལ་རེ་བ་ཕྲན་བུ་ཡོད་ཅིང། ཁྱི་གསོན་པོ་ཞིག་ནི་འཚི་བའི་སེང་གེ་ཞིག་ལས་ལེགས་སོ། 5གསོན་པོས་རང་ཉིད་འཆི་རྒྱུ་ཡིན་པ་ཤེས་ཤིང། འདས་པ་ཚོས་གང་ཡང་མི་ཤེས་སོ། དེ་ཚོར་བྱ་དགའ་མེད་ཅིང་ཆ་ཚང་བརྗེད་ཡོད། 6དེ་ཚོའི་བྱམས་པ་དང་འཁོན་སེམས་དང་འདོད་ཆགས་དང་བཅས་ཚང་མ་དེ་ཚོ་དང་མཉམ་དུ་འཆི་ཡོད། སླར་དེ་ཚོ་འཛམ་གླིང་འདིའི་ནང་ཇི་འདྲ་འབྱུང་རྒྱུར་སྐྱེ་བ་མི་ལེན་ནོ། 7སྔོན་དུ་སོང་ལ་རང་གི་ཁ་ཟས་ཟས་ནས་དགའ་བདེར་སྤྱོད་ཅིག རང་གི་རྒུན་ཆང་འཐུང་ལ་བློ་བདེར་སྡོད་ཅིག དཀོན་མཆོག་གིས་དེ་ལ་མོས་མཐུན་གནང་ཡོད། 8རྟག་ཏུ་སྐྱིད་པོ་དང་བློ་བདེ་པོ་མཐོང་དུ་བཅུག་ཅིག 9འཛམ་གླིང་འདིའི་ནང་དཀོན་མཆོག་གི་ཁྱོད་ལ་ཕན་མེད་ཀྱི་མི་ཚེ་གནང་བ་དེ་ལ་འཚོ་བའི་རིང་ཁྱོད་ཀྱིས་དགའ་བའི་བུ་མེད་མཉམ་དུ་མི་ཚེ་སྤྱོད་ཅིག དེའི་ཉིན་ཞག་ཕན་མེད་ཚང་མ་ལ་ལོངས་སྤྱོད་ཅིག གང་ལགས་ཟེར་ན། ཁྱོད་ཀྱི་དཀའ་སྡུག་ཚང་མ་ལ་ཐོབ་རྒྱུ་དེ་རང་ཡིན་ནོ། 10ཁྱོད་ཀྱི་གང་བྱེད་པར་འབད་བརྩོན་བྱོས་ཤིག། གང་ལགས་ཟེར་ན། འཆི་བའི་ཡུལ་དུ་བྱ་བ་དང་བསམ་བློ་དང་ཡོན་ཏན་དང་ཤེས་རབ་བཅས་པ་གང་ཡངམེད་པ་དང་དེ་ནི་ཁྱོད་འགྲོ་བཞིན་པའི་ཡུལ་དེ་ཡིན་ནོ། 11ང་ཡིས་གནས་ཚུལ་གཞན་ཞིག་ཤེས་བྱུང་། དེ་ནི་འཛམ་གླིང་འདིའི་ནང་རྒྱུག་མཁན་མགྱོགས་ཤོས་དེ་ལ་རྟག་ཏུ་རྒྱལ་ཁ་མི་ཐོབ་པ་དང། བློ་ཁོག་ཆེན་པོ་དེ་ལ་རྟག་ཏུ་དམག་ལ་རྒྱལ་ཁ་མི་ཐོབ་བོ། སྐྱེ་བོ་ཤེས་རབ་ཅན་ཚོས་རྟག་ཏུ་ཟས་གོས་བསྒྲུབ་མི་ཐུབ་པ་དང། ཤེས་རིགས་ལྡན་པའི་སྐྱེ་བོ་ཚོ་རྟག་ཏུ་ཕྱུག་པོར་མི་འགྱུར་བ་དང། འབྱོན་སྟང་ཅན་གྱི་སྐྱེ་བོ་ཚོ་རྟག་ཏུ་གོ་གནས་མཐོ་པོར་མི་སླེབས་སོ། ཚང་མར་སྟབས་ངན་འབྱུང་སྲིད། 12ཁྱོད་ཀྱི་དུས་སྐབས་ངན་པ་དེ་ནམ་ཡོང་རྩ་བ་ནས་ཁྱོད་ཀྱིས་མི་ཤེས་ཤིང། གློ་བུར་དུ་བྱ་རྙིའི་ནང་བཟུང་བ་ལྟར་ཉ་དྲ་བའི་ནང་བཟུང་བ་ལྟར་ང་ཚོར་དེ་འདྲ་ཡོང་རྒྱུའི་བསམ་བློ་མེད་སྐབས་དུས་སྐབས་ངན་པ་ཞིག་གི་རྙི་ནང་ང་ཚོ་འཚུད་དོ༎

ཤེས་རབ་ཅན་དང་གླེན་པའི་བསམ་ཚུལ།

13དེ་ནས་ངས་གནས་ཚུལ་གཞན་ཞིག་མཐོང་བྱུང། དེ་ནི་འཛམ་གླིང་འདིའི་ནང་ཤེས་རབ་ལ་ཇི་ལྟར་རྩི་བའི་དཔེ་བཟང་པོ་ཞིག་ཡིན། 14མི་ཉུང་ཉུང་བསྡད་པའི་གྲོང་ཁྱེར་ཆུང་ཆུང་ཞིག་ཡོད་པ་དང། རྒྱལ་པོ་སྟོབས་ཤུགས་ཆེན་པོ་ཞིག་གིས་དམག་དྲང་པ་དང། ཁོང་གིས་གྲོང་ཁྱེར་དེ་མཐའ་བསྐོར་ནས་རྩིག་པ་སྟོར་ཞིང་ནང་དུ་བཞུག་རྒྱུའི་གྲ་སྒིགས་བྱས་སོ། 15དེར་སྐྱེ་བོ་དབུལ་པོ་ཞིག་ཡང་ཡོད་ཅིང། ཁོ་ཧ་ཅང་སྤྱང་པོ་ཡོད་སྟབས་ཁོས་གྲོང་ཁྱེར་དེ་སྐྱོབ་ཐུབ་ཀྱི་ཡོད་ཅིང། འོན་ཀྱང་སུས་ཀྱང་ཁོའི་སྐོར་ལ་བསམ་བློ་བཏང་མེད་དོ། 16ངས་རྟག་ཏུ་ཤེས་རབ་ནི་སྟོབས་ཤུགས་ལས་ལྷག་པ་ཡོད་སྨྲས་ཡོད། འོན་ཀྱང་སུས་ཀྱང་སྐྱེ་བོ་དབུལ་པོ་ཡང་ཤེས་རབ་ཅན་བྱུང་སྲིད་པའི་སྐོར་ལ་བསམ་བློ་བཏང་མེད་པ་དང། ཁོས་གང་སྨྲས་པར་དོ་སྣང་མ་བྱས་སོ། 17བླུན་པོ་ཚོའི་ཁྲོད་དུ་སྐད་ཤུགས་ཆེན་པོས་གཏམ་ཤོད་མཁན་སྲིད་སྐྱོངས་པའི་གཏམ་ཉན་རྒྱུ་ལས། བཞི་དེའི་ཐོག་ནས་གཏམ་ཤོད་མཁན་ཤེས་རབ་ལྡན་པའི་མིས་གཏམ་ཉོན་རྒྱུ་ལེགས་པ་ཡིན། 18མཚོན་ཆ་ལས་ཤེས་རབ་ནི་ཕན་པ་ཆེ་ཐོག་ཡོད་ཅིང། སྡིག་ཅན་གཅིག་གིས་ལས་བཟང་པོ་ཧ་ཅང་མང་པོ་སྟོངས་སུ་འཇུག་གོ།

འཆད་པ་པོ 10

1སྦྲང་མ་ཤི་རོ་ཚོས་དྲི་བཟང་གི་བུམ་པ་ཡོངས་རྫོགས་ལ་དྲི་ངན་བྲོ་རུ་འཇུག་པ་དང། གླེན་པའི་སྤྱོད་ལམ་ཕྲན་བུས་ཤེས་རབ་ཆེ་ཤོས་མེད་པར་བཟོས་པའོ། 2ཤེས་རབ་ཅན་ཞིག་གི་བྱ་བ་བཟང་པོ་བྱ་རྒྱུ་དང་གླེན་པ་ཞིག་གིས་ནོར་འཁྲུལ་བྱ་རྒྱུ་དེ་རང་བཞིན་གྱི་གཤིས་ཀ་ཡིན་ནོ། 3ཁོའི་གླེན་པའི་རྟགས་དེ་ཁོ་ལ་ལམ་དུ་འཕྲད་མཁན་རྒྱུས་མེད་སྐྱེ་བོ་ཚོས་ཀྱང་ཤེས་པར་འགྱུར། ཁོས་ཚང་མར་ཁོ་རང་གླེན་པ་ཡིན་པ་དེ་ཤེས་སུ་འཇུག་གོ 4སྲིད་སྐྱོངས་པས་ཁྱོད་ལ་ཁྲོ་ཡོད་ན་ཁྱོད་ཀྱིས་དགོངས་པའི་ཞུ་ཡིག་ཁོང་ལ་མ་ཕུལ་ཞིག ཁྱོད་ལྷིང་འཇགས་ངང་གནས་པ་ཡིན་ན་ཉེས་པ་ཚབ་ཆེ་ལ་ཡང་བཟོད་གསོལ་གནང་སྲིད་དོ། 5འཛམ་གླིང་འདིའི་ནང་ངས་མཐོང་བའི་སྲིད་སྐྱོངས་མཁན་ཚོས་བཟོས་པའི་དྲང་མིན་ཞིག་འདིར་ཡོད། 6སྐྱེ་བོ་གླེན་པ་ཚོར་དབང་ཆའི་གོ་གནས་སྤྲད་པ་དང། སྐྱེ་བོ་ཕྱུག་པོ་ཚོ་ལ་སྤྲད་མེད་དོ། 7ངས་ཚེ་གཡོག་ཚོ་རྟའི་སྟེང་དང་སྐུ་དྲག་ཚོ་ཚེ་གཡོག་ལྟར་རྐང་པའི་གོམ་བགྲོད་ཀྱི་འགྲོ་བཞིན་པ་མཐོང་བྱུང་། 8ཁྱོད་ཀྱིས་དོང་ཞིག་འབྲུ་བ་ཡིན་ན་ཁྱོད་ནི་དེའི་ནང་ལྷུང་བར་འགྱུར། ཁྱོད་ཀྱིས་རྩིག་པ་བཤིགས་པ་ཡིན་ན་སྦྲུལ་གྱིས་སོ་རྒྱབ་པར་འགྱུར། 9ཁྱོད་རྡོ་གཤགས་སའི་ནང་ལས་ཀ་བྱེད་ཀྱི་ཡོད་ན་ཁྱོད་ལ་རྡོས་རྨས་པར་འགྱུར། ཁྱོད་ཀྱིས་ཤིང་བཤགས་པ་ཡིན་ན་དེ་སྐབས་ཁྱོད་རྨས་པར་འགྱུར། 10ཁྱོད་ཀྱི་རྟ་རེ་ལ་རྣོ་མེད་པ་དང་ཁྱོད་ཀྱི་དེ་ལ་རྣོ་མ་འདོན་པ་ཡིན་ན་ཁྱོད་ཀྱིས་དེ་བེད་སྤྱོད་བྱ་སྐབས་ཤུགས་མང་པོ་རྒྱབ་དགོས་སོ། འཆར་གཞི་སྔོན་ལ་གཏིང་ན་དེ་ནི་ཤེས་རབ་ཅན་ཡིན་ནོ། 11སྦྲུལ་འདུལ་རྒྱུ་ཤེས་ན་ཡང་དེ་སྔོན་དུ་སྦྲུལ་ལ་སོ་རྒྱབ་ཏུ་འཇུག་ན་ཕན་ཐོག་མེད་དོ། 12སྐྱེ་བོ་ཤེས་རབ་ཅན་ཞིག་གིས་ཇི་ལྟར་སྨྲས་པ་ལ་ཆེ་མཐོང་ཡོང་བ་དང། གླེན་པ་ཞིག་གིས་གཏམ་གྱིས་རང་ཉིད་མེད་པར་བཟོ་བ་དང། 13ཁོས་གླེན་གཏམ་གྱིས་འགོ་འཛུགས་པ་དང་སྨྱོ་སྤྱོད་ཀྱིས་མཐའ་རྫོགས་པར་འགྱུར། 14གླེན་པ་ཞིག་གིས་མུ་མཐུད་གཏམ་གླེན་བྱེད་དོ། རྗེས་སུ་ཇི་ལྟར་ཡོང་བ་སུས་ཀྱང་མི་ཤེས་ཤིང་ང་ཚོ་འཆི་བའི་རྗེས་ལ་ཇི་འདྲ་ཡོང་བ་སུས་ཀྱང་བརྗོད་མི་ཐུབ་བོ། 15རང་གི་ཁྱིམ་དུ་འགྲོ་བའི་ལམ་ཡང་ངོ་མ་ཤེས་མཁན་ཧ་ཅང་གླེན་པ་ཞིག་གི་གཅིག་པོ་ཐང་མ་ཆེད་བར་དུ་ལས་ཀ་བྱེད་དོ། 16ཡུལ་ཞིག་ལ་ཉམས་མྱོང་མེད་པ་རྒྱལ་པོ་ན་གཞོན་ཞིག་ཡོད་པ་དང་། དེའི་དཔོན་རིགས་རྣམས་མཚན་གང་ཐུགས་སྤྲོ་གཏོང་མཁན་བྱུང་བ་ཡིན་ན་དེ་དཀའ་ངལ་ངང་ལྷུང་ངོ། 17རྒྱལ་པོ་རང་གི་ཡུལ་ལུང་ཐག་ཆོད་གནང་མཁན་དང། དེའི་དཔོན་རིགས་དུས་ཚོད་རན་པོར་ཁ་ཟས་ཟ་བ་དང། རང་ཉིད་ཚོད་ཟིན་ནས་ར་མ་བཟི་མཁན་ཡུལ་དེ་བསོད་བདེ་ཅན་ཡིན་ནོ། 18སྐྱེ་བོ་ཞིག་རང་གི་ཁང་པའི་ཐོག་བཟོ་བཅོས་བྱ་རྒྱུར་ཧ་ཅང་ལེ་ལོ་ཅན་ཡིན་ན། དེ་ནས་ཐིགས་པ་རྒྱབ་ཅིང་ཁང་པ་གཞིགས་པར་འགྱུར་རོ། 19ཐུགས་སྤྲོས་ཁྱོད་དགའ་བར་བྱེད་པ་དང་རྒུན་ཆང་གྱི་སྤྲོ་བར་བྱེད་ན་ཡང་དངུལ་མེད་ན་དེ་ཆོ་གཉིས་ཀ་མི་ཡོང་ངོ། 20ཁུ་སིམ་པོའི་ངང་ནས་རྒྱལ་པོར་སྐྱོན་བརྗོད་དང་ངོ་རྒོལ་མ་བྱེད་ཅིག ཁྱོད་རང་ཉིད་ཀྱི་ཉལ་ཁང་དུ་གསང་བའི་ཐོག་ནས་ཕྱུག་པོར་ཡང་སྐྱོན་བརྗོད་མ་བྱེད་ཅིག དེ་མིན་བྱིའུ་ཞིག་གིས་འཕྲིིན་དེ་འཁྱེར་ནས་དེ་ཚོ་ལ་ཁྱོད་ཀྱི་སྨྲས་པ་དེ་ལབ་སྲིད་དོ༎

འཆད་པ་པོ 11

སྐྱེ་བོ་ཤེས་རབ་ལྡན་པ་ཞིག་གི་ལས་ཀ།

1ཁྱོད་རང་གི་དངུལ་དེ་ཕྱི་རྒྱལ་གྱི་ཚོང་ལ་མ་རྩ་གཏོང་ཞིག་དང། ཉིན་ཞིག་ཁྱོད་ལ་མཁེ་བཟང་མང་པོ་ཡོང་བར་འགྱུར། 2ཁྱོད་ཀྱི་རྒྱུ་དངོས་རྣམས་ས་ཁུལ་མང་པོར་མ་རྩ་གཏོང་ཞིག གང་ལགས་ཟེར་ན། འཛམ་གླིང་འདིའི་ནང་རྗེས་ལ་ཇི་ཡོང་ཁྱོད་ཀྱིས་ནམ་ཡང་ཤེས་མི་ཡོང། 3ཤིང་སྡོང་ཞིག་ས་ཕྱོགས་གང་དུ་འགྱེལ་ན་ཡང་གནས་དེ་རང་ལ་ལུས་པར་འགྱུར། སྤྲིན་པ་ཆུའི་ཁངས་ན་ཆར་པ་འབབ་པར་འགྱུར། 4ཁྱོད་ཀྱིས་རླུང་དང་གནམ་གཤིས་དུས་མ་རན་བར་དུ་སྒུག་པ་ཡིན་ན། ཁྱོད་ཀྱིས་སྟོན་ཐོག་བཏབ་པ་དང་གང་ཡང་རྔ་བར་མི་འགྱུར་རོ། 5དེ་ཚོ་ཚང་མ་དཀོན་མཆོག་གིས་བཟོས་གནང་བ་དང། ཁྱོད་ཀྱི་བུད་མེད་ཀྱི་མངལ་གྱི་ནང་ཕྲུ་གུ་ཇི་ལྟར་ཆགས་པ་དེ་མི་ཤེས་པ་ལྟར། ཁོང་གིས་ཇི་ལྟར་གནང་བ་ཁྱོད་ཀྱིས་ཤེས་པར་མི་འགྱུར་རོ། 6ཁྱོད་ཀྱིས་ས་བོན་བཏབ་རྒྱུ་དེ་སྔ་དྲོ་དང་ཕྱི་དྲོ་ཡང་བཏབས་ཤིག ཁྱོད་ཀྱིས་དེ་ཚོ་ཚང་མ་སྐྱེས་པའམ་ཡང་ན་བཏབ་ཐེངས་གཅིག་ལ་ཚང་མ་ལེགས་པ་སྐྱེ་ཡོང་མི་ཡོང་མི་ཤེས་སོ། 7ཉི་འོད་སྐྱིད་པོ་དེ་ལ་ལོངས་སྤྱོད་ཐུབ་པ་བཟང་ངོ། 8ལོ་ལྟར་རེ་བཞིན་ཁྱོད་འཚོ་བར་གནས་པ་ལ་མཆོག་ཤེས་བྱོས་ཤིག ཁྱོད་ཡུན་རིང་པོ་ཇི་ལྟར་འཚོ་ན་ཡང་དེ་ལས་རིང་བ་ཁྱོད་ཀྱི་འཚི་བ་དེ་ཡིན་པ་དྲན་ཞིག རེ་བ་བྱ་རྒྱུ་གང་ཡང་མེད་དོ༎

སྐྱེ་བོ་ན་གཞོན་ཚོར་བསླབ་བྱ།

9ཀྱེ་ན་གཞོན་ཚོ། རང་གི་ན་གཞོན་དུས་སུ་རང་ཉིད་ལོངས་དཔྱོད་ཅིག ན་གཞོན་སྐབས་སུ་དགའ་བའི་ངང་འཚོ་ཞིག། ཁྱོད་ཀྱིས་ཇི་ལྟར་འདོད་པརབྱོས་ཤིག། ཁྱོད་ཀྱི་སེམས་ཀྱི་འདོད་པའི་རྗེས་སུ་འཇུག་ཅིག། འོན་ཀྱང་ཁྱོད་ཀྱི་ཇི་ལྟར་གྱིས་པ་ལ་དཀོན་མཆོག་གིས་ཁྱོད་ལ་ཞིབ་དཔྱོད་གནང་རྒྱུ་ཡིན་པ་དེ་དྲན་ཞིག 10ཁྱོད་ལ་ཅི་ཞིག་གི་ཀྱང་སེམས་འཁྲལ་དང་སྡུག་བསྔལ་ཡོང་དུ་མ་འཇུག། ཁྱོད་རང་ཡུན་རིང་པོ་ན་གཞོན་རང་ལ་གནས་མི་ཡོང༎

འཆད་པ་པོ 12

1དེར་བརྟེན་ཁྱོད་ན་གཞོན་ཡིན་པའི་དུས་སུ་དཀའ་ངལ་གྱི་ཉི་མ་དང་ལོ་རྒས་པའི་སྐབས་སུ་ཁྱོད་ཀྱིས་ངའི་མི་ཚེ་ལ་ལོངས་སྤྱོད་མེད་བརྗོད་རྒྱུའི་སྔོན་དུ་ཁྱོད་ཀྱི་བཀོད་པ་པོ་ལ་དྲན་པར་བྱོས་ཤིག 2དེ་ནི་ཉི་ཟླ་དང་སྐར་མའི་འོད་ཁྱོད་ལ་མི་གསལ་ཞིང་ཆར་པའི་སྤྲིན་དེ་ནམ་ཡང་མི་ཡལ་བའི་སྐབས་ཡིན་ནོ། 3དེ་ནས་ཁྱོད་སྐྱོབ་པའི་ལག་ངར་འདར་བ་དང། ད་ལྟ་ཁྱོད་ཀྱི་རྐང་པ་ཤུགས་ཆེན་པོ་ཡོ་པ་དེཉམ་རྒུད་དུ་འགྱུར་བ་དང། ཁྱོད་ཁ་ཟས་ཟ་བར་ཁྱོད་ཀྱི་སོ་ཉུང་གྲགས་པ་དང། ཁྱོད་ཀྱིས་གསལ་པོ་བལྟ་བར་མིག་ཧ་ཅང་མི་གསལ་བར་འགྱུར་རོ། 4རྒྱ་ལམ་གྱི་སྒྲ་དེ་ཁྱོད་ཀྱི་རྣ་བས་མི་ཐོས་སོ། རང་འཐག་འཐག་པའི་སྒྲ་ཡང་ན་རོལ་མོ་དཀྲོལ་སྐབས་ཀྱི་སྒྲ་དེ་ཁྱོད་ཀྱིས་ཐོས་པར་དཀའ་བ་ཡིན་ནོ། འོན་ཀྱང་བྱིའུས་གཞས་ཀྱི་ཁྱོད་ཀྱི་གཉིད་དཀྲོག་པར་བྱེད་དོ། 5ཁྱོད་ས་མཐོ་པོར་འགྲོ་རྒྱུར་འཇིགས་པ་དང་གོམ་པ་སྤོས་རྒྱུར་ཉེན་ཁར་འགྱུར་བ་དང། ཁྱོད་ཀྱི་སྐྲ་དཀར་པོར་འགྱུར་བ་དང། ཁྱོད་རང་ཉིད་འགྲོ་མི་ཐུབ་པ་དང་ཁྱོད་ཀྱི་འདོད་པ་རྣམས་རླགས་པར་འགྱུར་རོ། ང་ཚོའི་མཐའ་མའི་ངལ་གསོའི་གནས་སུ་འགྲོ་བ་དང་དེ་ནས་རྒྱ་ལམ་སྟེངདུ་མྱ་ངན་བྱེད་མཁན་ཡོང་བར་འགྱུར། 6དངུལ་གྱི་ལྕགས་ཐག་དཀྲོལ་བ་དང་གསེར་གྱི་ཞུ་མར་འགྱེལ་ནས་ཆགས་པར་འགྱུར། ཁྲོན་པའི་ཐག་པ་ཆད་པར་འགྱུར་བ་དང། ཆུ་སྣོད་དུམ་བུར་ཆགས་པར་འགྱུར་རོ། 7ང་ཚོའི་ལུས་པོ་སའི་རྡུལ་དུ་ཕྱིར་ལོག་པ་དང། དཀོན་མཆོག་གིས་ང་ཚོར་གནང་བའི་མི་ཚེའི་དབུགས་དེ་ཁོང་སར་ཕྱིར་འགྲོ་བར་འགྱུར། 8སྙིང་པོ་མེད། སྙིང་པོ་མེད། སློབ་དཔོན་གྱིས་དེ་ཚོ་ཚང་མ་ལ་སྙིང་པོ་མེད་ཅེས་སྨྲས་སོ༎ 9འོན་ཀྱང་སློབ་དཔོན་ནི་ཤེས་རབ་ཅན་ཡིན་སྟབས། ཁོང་གིས་ཇི་ལྟར་ཤེས་པར་མི་མང་ཚོར་མུ་མཐུད་སློབ་སྟོན་གྱིས་སོ། ཁོང་གིས་གཏམ་དཔེ་རྣམས་སློབ་སྦྱོངས་བྱས་ནས། དེ་ཚོའི་བདེན་པའི་སྐོར་ལ་དྲང་པོའི་ཐོག་ནས་རྟགས་དཔྱད་བྱེད་དོ། 10སློབ་དཔོན་གྱིས་སེམས་གསོའི་ཚིག་འཚོལ་ཐབས་བྱས་ན་ཡང་དེས་བྲིས་པའི་ཚིག་རྣམས་དྲང་པོ་ཡིན་ནོ། 11སྐྱེ་བོ་ཤེས་རབ་ཅན་ཚོའི་གསུང་རྣམས་ལུག་རྫི་ཚོའི་ལུག་ལ་ལམ་སྟོན་བྱེད་པའི་བེར་ཀ་ནོ་པོ་ལྟ་བུ་ཡིན་ཞིང། མཁོ་སྒྲུབ་གྱིས་པའི་གཏམ་དེ་རྣམས་དམ་པོར་བཙུགས་པའི་ཟེེར་ལྟར་བརྟན་པོར་གནས་སོ། དེ་ཚོ་ནི་ང་ཚོ་ཚང་མའི་ལུག་རྫི་གཅིག་པོ་དཀོན་མཆོག་གིས་གནང་བ་དེ་ཡིན་ནོ། 12ངའི་བུ། ཟབ་ཟབ་བྱ་རྒྱུ་གནས་ཚུལ་གཞན་ཞིག་ཡོད། དེབ་རྣམས་བྲིས་རྒྱུ་ལ་མཐའ་མེད་པ་དང་སློབ་སྦྱོངས་མང་པོ་བྱས་པ་ལ་ཁྱོད་ཐང་ཆད་པར་འགྱུར། 13འདི་ཚོ་ཚང་མའི་རྗེས་སུ་ཤོད་རྒྱུ་གཅིག་རང་ཡོད། དེ་ནི་དཀོན་མཆོག་ལ་འཇིགས་ཤིག་དང་ཁོང་གི་བཀའ་རྒྱ་རྣམས་ལ་ཉོན་ཞིག གང་ལགས་ཟེར་ན། མི་རྣམས་བཀོད་པའི་དོན་ནི་དེ་ཚོ་ཚང་མ་ཡིན་ནོ། 14དཀོན་མཆོག་གིས་ང་ཚོས་གྱིས་པ་ཚང་མ་ལ་བཟང་ངན་ཅི་ཡིན་རུང་གསང་བའི་ཐོག་ཏུ་གྱིས་པ་བཅས་ལ་ཞིབ་དཔྱོད་གནང་བར་འགྱུར་རོ༎

གསུང་གླུ 1

1སོ་ལོ་མོན་གྱི་ཤིན་ཏུ་སྙན་པའི་གསུང་གླུ།

གསུང་གླུ་དང་པོ།

བུད་མེད།

2ཁྱོད་ཀྱི་མཆུ་ལྟོས་ང་ལ་འོ་བསྐྱེལ་ནས། ཁྱོད་ཀྱི་བརྩེ་བ་རྒུན་ཆང་ལས་ཀྱང་ཞིམ། 3ཁྱོད་ལ་དྲི་ཞིམ་ཡོད་དོ། ཁྱོད་ཀྱི་མིང་ནི་ཁྱབ་བཞིན་པའི་དྲི་ཞིམ་ལྟ་བུ་ཡིན། དེས་རྐྱེན་བུད་མེད་ཚོས་ཉིད་ལ་དགའ་རྒྱུར་འགོག་མི་ཐུབ། 4ང་ནི་ཁྱོད་མཉམ་འཁྲིད་ནས་བྲོས་ནས་འགྲོ། ང་ཡི་རྒྱལ་པོར་འགྱུར་ནས་ང་ལ་ཁྱིམ་དུ་འཁྲིད། འཐུང་ནས་ང་གཉིས་བརྩེ་བ་གཏིང་ཟབ་འགྲོ། ང་ཚོ་མཉམ་དུ་དགའ་སྐྱིད་ངང་དུ་གནས། བུད་མེད་ཚང་མས་ཁྱོད་ལ་བརྩེ་བ་བྱེད། དེ་ལ་ཡ་མཚན་བྱེད་དགོས་དོན་ཅི་ཡང་མེད། 5ཡེ་རུ་ཤ་ལེམ་གྱི་བུད་མེད་རྣམས། ང་ནི་ནག་པོ་ཡིན་ཡང་མཛེས་སྡུག་ཡིན། ཀེ་དར་བྱེ་ཐང་གུར་ལྟར་ནག་པོ་ཡོད། འོན་ཀྱང་སོ་ལོ་མོན་གྱི་ཕོ་བྲང་གི། ཡོལ་བ་ལྟ་བུ་མཛེས་སྡུག་ཅན་ཡིན་ནོ། 6ང་ཡི་མདོག་ལ་བལྟས་ནས་བརྙས་མ་བཅོས། གང་ལགས་ཟེར་ན་ཉི་མས་ཚིག་པ་ཡིན། ང་ཡི་སྤུན་ཚོས་ང་ལ་ཁྲོ་བར་བྱེད། ང་ལ་རྒུན་ཚལ་ནང་དུ་ལས་བྱེད་བཅུག། སོ་སོར་ལྟ་སྐྱོང་བྱ་རྒྱུའི་གོ་སྐབས་མེད། 7ང་ཡི་བརྩེ་ལྡན་ང་ལ་གསུང་། ཁྱེད་ཀྱི་ར་ལུག་གང་དུ་འཚོ་བར་འཁྲིད། ཉིན་གུང་གི་ཉི་མ་ལས་དེ་ཚོ་གང་དུ་ངལ་གསོས་སམ། ལུག་རྫི་གཞན་ཚོའི་ཁྱུ་ཚོགས་ཀྱི་ཁྲོད་དུ། ཅིའི་ཕྱིར་ང་ཡིས་ཁྱོད་ལ་འཚོལ་དགོས་སམ།

སྐྱེ་པ།

8བུད་མེད་དཀྱིལ་ནས་མཛེས་ཤོས་ཁྱོད། ས་གནས་དེ་ཧ་གོ་གི་མེད་དམ། ཁྱུ་ཚོགས་ཚོ་ཡི་རྗེས་སུ་སོང་ཞིག་དང་། ལུག་རྫི་ཚོ་ཡི་གུར་གྱི་ཉེ་འགྲམ་ལ། ཁྱོད་ཀྱི་ར་ཚོར་རྩ་ཁ་ཞིག་འཚོལ་ཞིག། 9ཁྱོད་ང་ཡི་བརྩེ་ལྡན། ཕ་རཱོའི་ཤིང་རྟ་འཁོར་ལོའི་རྟ་གསེབ་མཉམ་དུ་བསྡུར་རྒྱུ་ཡིན། 10ཁྱོད་ཀྱི་སྐྲ་ནི་འགྲམ་པའི་སྟེང་མཛེས་ཤིང་། ཁྱོད་ཀྱི་སྐེ་ནི་ནོར་རྒྱན་གྱི་སྐེ་ཐག་གིས་རྒྱན་ཡོད། 11འོན་ཀྱང་ང་ཚོས་ཁྱོད་ཀྱི་ཆེད་དུ་ནི། གསེར་གྱི་རག་ཐག་དངུལ་གྱི་རྒྱན་བཟོའོ། 12ང་ཡི་རྒྱལ་པོ་གཟིམ་ཁྲི་སྟེང་གཟིམ་བཞུགས། རླུང་རྣམས་ང་ཡི་དྲི་བཟང་གྱིས་ཁྱབ་ནས་ཡོད། 13བརྩེ་ལྡན་ང་ཡི་ནུ་སྟེང་གཟིམ་བཞུགས་སྐབས། ཁོང་ནི་གུ་གུལ་གྱི་ནི་དྲི་བཟང་ཁ། 14ང་ཡི་བརྩེ་ལྡན་ཨེན་གྷེ་ཌི་དེའི་རྒུན་ཚལ། འཛུམ་བཞད་ནགས་ཀྱི་མེ་ཏོག་ཤར་བ་ལྟ་བུ་ཡིན། 15ང་ཡི་བརྩེ་ལྡན་ཁྱོད་ནི་ཇི་ལྟར་མཛེས། ཁྱོད་ཀྱི་མིག་ནི་བརྩེ་བས་འཚེར་བཞིན་འདུག། 16ང་ཡི་བརྩེ་ཤོད་ཁྱོད་ནི་ཇི་ལྟར་མཛེས། ང་ལ་ཁྱེད་ཀྱི་དགའ་སྤྲོ་ཇི་འདྲ་གནང་། རྩ་ནི་སྔོན་པོ་ང་ཚོའི་ཉལ་ཁྲི་ཡིན། 17འགྱམ་ཤིང་ང་ཚོའི་ཁང་པའི་གདུང་མ་ཡིན། ཤུག་ཤིང་ང་ཚོའི་ཁང་པའི་སྤང་ཐོག་ཡིན༎

གསུང་གླུ 2

1ང་ནི་ཤ་རོན་ལུང་གཤོང་མེ་ཏོག་དང་། རི་ཡི་ལུང་གཤོང་ཀུ་མུད་མེ་ཏོག་ཡིན། 2ཚེར་མའི་ཁྲོད་ཀྱི་ཀུ་མུད་མེ་ཏོག་འདྲ། ང་ཡི་སྙིང་སྡུག་བུད་མེད་ཁྲོད་དུ་ཡིན། 3ནགས་ཀྱི་སྡོང་པོའི་ཁྲོད་ཀྱི་ཀུ་ཤུའི་ཤིང་སྡོང་ལྟར། སྐྱེས་པ་གཞན་དང་བསྡུར་ན་ང་ཡི་བརྩེ་ལྡན་ལེགས་ཤོས་ཡིན། ང་ནི་དེ་ཡི་བསིལ་གྲིབ་འོག་སྡོད་དགའ། དེ་ཡི་ཤིང་ཏོག་དྲོ་བ་མངར་ཞིང་འདུག། 4ཁོང་གིས་ང་ལ་ཐུགས་སྤྲོའི་ཁང་དུ་འཁྲིད། དེ་རུ་ངའི་སྟེང་བརྩེ་བའི་དར་ཆ་བསྒྲེངས། 5རྒུན་འབྲུམ་གྱིས་ནི་ངའི་སྟོབས་སླར་གསོ་བྱོས། ཀུ་ཤུ་དེ་ཡིས་ང་ཡི་ངལ་དུབ་སངས་ཞིག། ང་ཡི་བརྩེ་བའི་ནུས་པ་ཞན་དུ་འགྱུར། 6ཁོང་གི་ཕྱག་གཡོན་ང་ཡི་མགོའི་འོག་ཡོད། ཕྱག་གཡས་པ་ཡིས་ང་ལ་བྱམས་བརྩེ་མཛད། 7ཡེ་རུ་ཤ་ལེམ་བུད་མེད་ཚོ་ངར་མནའ་སྐྱོལ། ང་གཉིས་བརྩེ་བར་བར་ཆད་མི་ཡོང་ཕྱིར། འཁྱུགས་པའི་ཤ་བ་དང་གནའ་བའི་མནའ་སྐྱེལ་ཞིག།

གསུང་གླུ་གཉིས་པ།

8ང་ཡི་བརྩེ་ལྡན་སྐད་དེ་ཐོས་ཤིང་འདུག། ཁོང་ནི་རི་བོའི་སྟེང་ནས་ངའི་སར་རྒྱུགས། རི་ཕྲན་རྒལ་ཞིང་རྒྱུགས་ནས་ཕེབས་བཞིན་འདུག། 9ང་ཡི་བརྩེ་ལྡན་གནའ་ལྟར་ཤ་ཕོ་གཞོན་འདྲ། ཁོང་ནི་རྩིག་པའི་ཉེ་འགྲམ་ལངས་ནས་འདུག། ཁོང་གིས་སྒེ་ཁུང་ནས་ནང་དུ་བལྟ་བཞིན་འདུག། རྒྱ་ཁྲ་ནང་ནས་གབ་ནས་བལྟ་བཞིན་འདུག། 10ང་ཡི་བརྩེ་ལྡན་ང་ལ་གཏམ་ལབ་བོ།

སྐྱེས་པ།

ང་ཡི་བརྩེ་ལྡན་ཤོག་ཅིག། ང་ཡི་སྙིང་སྡུག་ང་དང་མཉམ་དུ་ཤོག། 11དགུན་ཁ་ཡོལ་ནས་ཆར་པ་ཡང་ཆད་འདུག། 12གྲོང་གསེབ་ཁུལ་དུ་མེ་ཏོག་འཛུམ་ཞིང་ཤར། འདི་ནི་གླུ་གཞས་བཏང་བའི་དུས་ཚོད་ཡིན། ཞིང་ནང་ཕུག་རོན་གཞས་བཏང་བ་ཐོས་བཞིན་འདུག། 13ཁ་སུར་འབྲས་བུ་སྨིན་འགོ་ཚུགས་བཞིན་འདུག། རླུང་གི་ནང་དུ་འཛུམ་བཞད་རྒུན་ཤིང་དྲི་ཞིམ་ཁེངས། ང་ཡི་བརྩེ་ལྡན་ངའི་སར་ཤོག། ང་ཡི་སྙིང་སྡུག་ང་དང་མཉམ་དུ་ཤོག། 14ཁྱོད་ནི་བྲག་གསེབ་ཡིབ་པའི་ཕུག་རོན་འདྲ། ང་ལ་ཁྱོད་ཀྱི་ཡིད་འོང་གདོང་མཐོང་འཇུག། ཁྱོད་ཀྱི་བློ་མགུ་སྐད་དེ་ངར་ཐོས་འཇུག། 15རྒུན་ཚལ་མེ་ཏོག་འཇིགས་པར་བྱེད་པའི་སྔོན། ཝ་མོ་ཆུང་ཆུང་རྣམས་ལ་བཟུང་བར་གྱིས། 16བརྩེ་ལྡན་ང་ཡི་ཡིན་ཞིང་ང་ཁོའི་ཡིན། ཁོ་ཡིས་ཁྱུ་ཚོགས་ཀུ་མུད་མེ་ཏོག་ཁྲོད་འཚོ་ཞིང་འདུག། 17ཞོག་པའི་རླུང་རྒྱབ་བཞིན་པའི་བར་དུ་དང་། མུན་ནག་མ་ཡལ་བར་དུ་འཚོ་སྐྱོངས་བྱེད། ང་ཡི་སྙིང་སྡུག་ཁྱོད་ནི་གནའ་བར་ལྟར། བེ་ཐར་རི་ཡི་ཤ་ཕོ་ལྟར་ལོག་ཤོག།

གསུང་གླུ 3

1མཚན་མོ་གཅིག་འཇུག་གཉིས་འཇུག་ཉལ་ཁྲིའི་སྟེང་། ང་ཡི་བརྩེ་ལྡན་རྨི་ལམ་ནང་དུ་མཐོང་། ང་ཡིས་ཁོ་ལ་འཚོལ་ཡང་ཁོ་མ་རྙེད། 2ང་ཡིས་གྲོང་ཁྱེར་ནང་དུ་དང། དེ་ཡི་རྒྱ་ལམ་དང་ནི་ལམ་ཆུང་རྣམས་དུ་འཁྱམས། ང་ཡི་བརྩེ་བར་འཚོལ་བ་ཡིན། ང་ཡིས་འཚོལ་ཀྱང་ཁོ་མ་རྙེད། 3གྲོང་ཁྱེར་སྲུང་མཁན་ཚོ་ཡིས་ང་མཐོང་བྱུང་། ང་ཡི་བརྩེ་ལྡན་མཐོང་ངམ་དེ་ཚོར་དྲིས། 4དེ་ཚོ་ནས་ཐོན་མ་ཐག་ཏུ་ངས་ཁོ་རྙེད། ཁོ་ལ་ང་ཡི་ཨ་མའི་ཁང་པར། ང་སྐྱེས་སའི་ཁང་མིག་མ་འཁྲིད་བར། ང་ཡིས་ཁོ་ལ་བཟུང་ནས་མ་བཏང་ངོ། 5ཡེ་རུ་ཤ་ལེམ་བུད་མེད་ཚོ་ངར་མནའ་སྐྱོལ། ང་གཉིས་བརྩེ་བར་བར་ཆད་མི་ཡོང་ཕྱིར།

གསུང་གླུ་གསུམ་པ།

6ཚོང་པ་རྣམས་ཀྱི་ཚོང་བའི་སྤོས་ལྟ་བུ། སྤོས་དང་གུ་གུལ་ཀྱི་དྲི་བཟང་གི་ཁེངས་བ། བྱེ་ཐང་ནང་ནས་ཡོང་བ་དུ་བ་མཐུག་པོ་འདི་ཅི་ཡིན། 7སོ་ལོ་མོན་ནི་འཁྱོགས་དཔྱང་སྟེང་ཕེབས་འདུག། ཨིསི་རཱཨེལ་པ་ཡི་དམག་མི་ལེགས་ཤོས་ནས། དམག་མི་དྲུག་ཅུ་སྐུ་སྲུང་པར་བསྐོས་ཡོད། 8དེ་ཚོ་ཚང་མ་རལ་གྲིའི་རྩལ་དང་ལྡན། དེ་ཚོ་དམག་ལ་ཉམས་མྱོང་ལྡན་པ་ཡིན། མཚན་མོའི་འཐབ་རྒོལ་སྲུང་སྐྱོབ་བྱེད་པའི་ཆེད། དེ་ཚོས་རལ་གྲིའི་གོ་མཚོན་བཏགས་ཡོད་དོ། 9སྤུས་ལེགས་ཤིང་གི་བཟོས་པའི་འཁྱོགས་དཔྱང་སྟེང་། རྒྱལ་པོ་སོ་ལོ་མོན་ལ་འཁུར་བཞིན་ཡོད། 10དེ་ཡི་ཀ་བ་རྣམས་ནི་དངུལ་གྱི་གཡོགས། དེའི་སྟེང་གསེར་གྱི་འཚེམ་བྲུག་གོས་གཡོགས་ཡོད། འབོལ་གདན་རྣམས་ལ་མུ་མན་རས་ཀྱི་གཡོགས། དེ་ནི་ཡེ་རུ་ཤ་ལེམ་བུད་མེད་ཚོས། མཛའ་བརྩེའི་ངང་ལ་འཐག་པ་འབའ་ཞིག་ཡིན། 11ཀྱེ་ཛི་ཡོན་བུད་མེད་རྣམས། རྒྱལ་པོ་སོ་ལོ་མོན་ལ་བལྟ་བར་ཤོག། ཁོང་གི་དགའ་སྐྱིད་ལྡན་པའི་ཉིན་མོ། ཁོང་གི་འཁྲུངས་ས་སྐྱོན་པའི་ཉིན་མོ་དེར། ཁོང་གི་ཡུམ་གྱི་ཁོང་གི་དབུའི་སྟེང་དུ། བཞག་པའི་ཅོད་པན་དེ་ནི་ཁོང་གིས་བཞེས༎

གསུང་གླུ 4

1ང་ཡི་བརྩེ་ལྡན་ཁྱོད་ནི་ཇི་འདྲ་མཛེས། གདོང་ཁེབས་རྒྱབ་ཏུ་བརྩེ་བའི་མིག་འཚེར་ཞིང་། ཁྱོད་ཀྱི་སྐྲ་ནི་གྷིལ་ཨད་རིར། ར་ཁྱུ་མར་མཆོང་བཞིན་བབས་པ་ལྟ་བུ་ཁྲབ་བཞིན་འདུག། 2ཁྱོད་ཀྱི་སོ་ནི་དེ་མ་ཐག་ཏུ་བལ་བྲེགས་ཏེ། བཀྲུས་པའི་ལུག་ཁྱུ་ལྟ་བུ་དཀར་བ་ཡོད། གཅིག་ཀྱང་ཆད་མེད་ཚང་མ་མཚུངས་པ་ཡིན། 3ཁྱོད་ཀྱི་མཆུ་ལྟོས་སྐད་ཆ་ཤོད་པའི་སྐབས། དམར་བའི་སྐྲ་ཞུག་ལྟ་བུ་ཡིད་འོང་ཡོད། ཁྱོད་ཀྱི་འགྲམ་ནི་གདོང་ཁེབས་ནང་ནས་རབ་ཏུ་འཚེར། 4ཁྱོད་ཀྱི་སྐེ་ནི་དཱ་བིད་གན་དོཧ་ལྟར། ཟླུམ་ཞིང་འཇམ་ལ་དེའི་མཐའ་འཁོར་སྐེ་ཐག་རྒྱན། དེ་ནི་ཕུབ་སྟོང་གཅིག་བཀལ་བ་ལྟ་བུ་ཡོད། 5ཁྱོད་ཀྱི་ནུ་མ་རྣམས་ནི་མེ་ཏོག་ཀུ་མུདའི་ཁྲོད། ཤ་བ་ན་གཞོན་མཚེ་མ་འཚོ་བ་འདྲ། 6ཞོག་པའི་ལྷག་པ་རྒྱབ་པའི་དུས་རིང་དང་། མུན་པ་ཡལ་བར་འགྱུར་བའི་རིང་བར་དང་། གུ་གུལ་རི་དང་སྤོས་ཀྱི་རི་སྟེང་ང་སྡོད་ཀྱི་ཡིན། 7ང་ཡི་བརྩེ་ལྡན་ཁྱོད་ནི་ཇི་ལྟར་མཛེས། ཁྱོད་ནི་ཧ་ཅང་ལེགས་པོ་ཇི་ལྟར་ཡོད། 8ངའི་མནའ་མ་ང་མཉམ་ལེ་བ་ནོན་རི་ནས། ང་མཉམ་ལེ་བ་ནོན་གྱི་རི་ནས་ཤོག། རི་བོ་ཨ་མ་ན་རྩེ་ནས་མར་ལ་ཤོག། སེང་གེ་གཟིག་གི་སྡོད་ཡུལ་རི་བོ་སེ་ནིར་དང་། ཧར་མོན་བཅས་ནས་མར་ཤོག། 9ང་ཡི་སྙིང་སྡུག་མནའ་མ་ཁྱོད་ཀྱི་མིག་གི་བལྟ་སྟངས་དང། ཁྱོད་ཀྱི་བཏགས་པའི་སྐེ་རྒྱན་གྱིས་ངའི་སྙིང་བརྐུས། 10ང་ཡི་སྙིང་སྡུག་མནའ་མ་ཁྱོད་བརྩེ་བས། ཁྱོད་ཀྱི་བརྩེ་བས་ང་ལ་མགུ་བར་བྱེད། རྒུན་ཆང་ལས་ཀྱང་ཤིན་ཏུ་ལེགས་པ་ཡོད། ཁྱོད་ཀྱི་དྲི་བཟང་དེ་ནི་སྨན་སྣ་གཞན་ལས་ཞིམ། 11སྙིང་སྡུག་ཁྱོད་ཀྱི་མཆུ་ལྟོར་སྦྲང་རྩི་རོ། ཁྱོད་ཀྱི་ལྕེ་ནི་འོ་མ་ལྟ་བུ་དང་། ང་ཡི་ཆེད་དུ་སྦྲང་རྩི་ལྟ་བུ་ཡིན། ཉིད་ཀྱི་གོས་ལ་ལེ་བ་ནོན་དྲི་བཟང་ཡོད། 12ང་ཡི་སྙིང་སྡུག་མནའ་མ་ཁྱོད་གསང་བའི་ལྡུམ་ར། ལྕགས་རི་བསྐོར་བའི་ལྡུམ་ར་སྒེར་གྱི་ཆུ་མིག་ཡིན། 13དེ་རུ་རྩེ་ཤིང་ལྗོན་པ་འཕེལ་རྒྱས་ཡོང་། དེ་གར་སྐྱེད་ཚལ་སེ་བྲུའི་སྡོང་པོ་ལྟར། དེ་རུ་ཤིང་འབྲས་སྤུ་ལེགས་སྐྱེས་པར་འགྱུར། དེ་རུ་དྲི་བཟང་གི་ཤིང་སྡོང་རྣམས་དང། 14གུར་གུམ་ཆུ་ཐག་དང་ཤིང་ཚྭ་དང། དྲི་བཟང་འདྲ་བ་ཡོངས་ཀྱི་དཀོན་པ་མེད། གུ་གུལ་དང་ནི་ཨ་ག་རུ་དང། དྲི་ཞིམ་དྲི་བཟང་ཡོངས་དེར་བརྙེས། 15ཁྱོད་ནི་ལྡུམ་རའི་ནང་གི་ཆུ་མིག་དང་། ཆུ་གསོས་པའི་ཁྲོམ་པ་ཡིན་དང། ལེ་བ་ནོན་རི་ནས་རྒྱུག་པའི་རྒྱུགས་ཆུ་ཡིན། 16བྱང་རླུང་ལོངས་ལྷོ་རླུང་ངའི་ལྡུམ་རར། རྒྱུག་ནས་ལྷག་པ་རྣམས་ཀྱི་དྲི་བཟང་བཀོང་ཤིག། ང་ཡི་བརྩེ་ལྡན་ལྡུམ་རར་ཡོང་འཇུག་ལ། དེ་ཡི་ཤིང་ཏོག་ལེགས་ཤོས་ཟ་རུ་འཇུག།

གསུང་གླུ 5

1ང་ཡི་སྙིང་སྡུག་དང་མནའ་མ། ང་ཡི་ལྡུམ་རའི་ནང་དུ་འཛུལ་ཡོད། ང་ཡིས་སྨན་སྣ་དང་ནི་གུ་གུལ་བསྡུ། ང་ཡི་སྦྲང་རྩི་དང་ནི་སྦྲང་ཚང་ཟ། ང་ཡིས་རྒུན་ཆང་དང་འོ་མ་འཐུང་བཞིན་ཡོད།

བུད་མེད་རྣམས།

ཟ་ཞིག་དང། བརྩེ་ལྡན་རྣམས། འཐུང་ཞིག། ཁྱོད་ཚོ་བརྩེ་བས་མ་བཟི་བར་འཐུང་ཞིག།

གསུང་གླུ་བཞི་པ།

2གཉིད་ལོག་སྐབས་སུ་ང་ཡི་སེམས་གཉིད་སད་ཡོད། རྨི་ལམ་ནང་དུ་བརྩེ་ལྡན་སྒོ་བརྡུང་མཐོང་། ང་ཡི་བརྩེ་ལྡན་སྙིང་སྡུག་བརྩེ་གྲོགས་ང་ནང་དུ་ཡོང་འཇུག། ང་ཡི་མགོ་ནི་ཟིལ་པས་རློན་པར་འགྱུར། ང་ཡི་སྐྲ་ནི་རྨུག་པས་རློན་པར་འགྱུར། 3ང་ཡི་གོས་ཕུད་སྐྱར་དུ་ཅི་ལ་གྱོན། རྐང་པ་འཁྲུས་པས་སྐྱར་རྩོག་ཅི་ལས་བཟོ། 4ང་ཡི་བརྩེ་ལྡན་ལག་པ་སྒོར་བཞག་སོང་། ཁོང་ནི་ཉེ་འགྲམ་ཡོད་པས་ང་དགའ་འོ། 5ཁོ་ནི་ནང་དུ་ཡོང་འཇུག་གྲ་སྒྲིགས་ཡོད། ང་ཡིས་སྒོ་ཡི་ལུང་དེ་འཇུ་བའི་སྐབས། ང་ཡི་ལག་པ་གུ་གུལ་གྱིས་བཏུམ་ཡོད། མཛུབ་མོ་གུ་གུལ་རློན་པས་བཏུམ་ནས་ཡོད། 6བརྩེ་ལྡན་ཆེད་དུ་ང་ཡི་སྒོ་འབྱེད་སྐབས། འོན་ཀྱང་ཁོང་ནི་དེ་ནས་ཐོན་ཟིན་འདུག། ཁོང་གི་གསུང་དེ་ཐོས་རྒྱུར་ང་འདོད་དོ། ང་ཡིས་ཁོང་ལ་རྩལ་ཀྱང་ཁོང་མ་རྙེད། ང་ཡིས་ཁོང་ལ་འབོད་ཀྱང་ལན་མ་ཐོས། 7གྲོང་ཁྱེར་སྐོར་སྲུང་བསྐྱོད་མཁན་ཚོ་ང་དང་འཕྲད། དེ་ཚོས་ང་ལ་བརྡུང་ཞིང་རྨས་པར་བྱས། གྲོང་ཁྱེར་དེ་ཡི་ལྕགས་རི་སྲུང་མཁན་ཚོས། ང་ཡི་སྟོད་ཁེབས་དེ་ནི་ཧྲལ་ནས་སོང་། 8ཡེ་རུ་ཤ་ལེམ་པ་ཡི་བུད་མེད་ཚོ་ང་ལ་དམ་བཅའ་བྱོས། ང་ཡི་བརྩེ་ལྡན་དེ་དང་འཕྲད་འགྱུར་ན། ང་ནི་འདོད་ཆགས་ཉམ་ཆུང་འགྱུར་ཡོད་སྐོར་ཁོང་ལ་ཞུ། 9བུད་མེད་ཁྲོད་ནས་ཤིན་ཏུ་མཛེས་པོ་ཁྱོད་ཀྱི་ནི། བརྩེ་ལྡན་གཞན་དང་མི་འདྲ་ཅི་ཡོད་དམ། ང་ཚོས་ཁྱོད་ལ་དམ་བཅའ་བྱེད་དགོས་པའི། ཁོའི་སྐོར་ངོ་མཚར་ལྡན་པ་ཅི་ཡོད་དམ། 10ང་ཡི་སྙིང་སྡུག་མཚར་ཞིང་སྟོབས་ཤུགས་ལྡན། ཁོང་ནི་ཁྲི་གཅིག་ནང་ནས་ཁོང་འདྲ་མེད། 11ཁོང་གི་ཞལ་རས་དམར་ཞིང་འཇམ་པོ་ཡོད། ཁོང་གི་སྐྲ་ནི་སུ་ལུ་དང་ནག་པོ་ཕོ་རོག་ལྟར་ཡོད། 12ཁོང་གི་སྤྱན་ནི་ཆུ་འགྲམ་ཕུག་རོན་ལྟར། འོ་མས་འཁྲུས་པ་དང་རྒྱུག་ཆུའི་འགྲམ། ལངས་ནས་ཡོད་པ་ཕུག་རོན་ལྟ་བུ་མཛེས་སྡུག་ལྡན། 13ཁོ་ཡི་འགྲམ་པ་རྩྭ་དང་སྨན་ནས་ཁེངས། ལྡུམ་ར་ལྟ་བུ་ཡིད་དུ་འོང་བ་ཡོད། ཁོ་ཡི་མཆུ་ལྟོ་ནི་གུ་གུལ་ཆུ་ཡིས། རློན་པ་བྱས་པ་ཀུ་མུད་མེ་ཏོག་འདྲ། 14ཁོང་གི་ཕྱག་ནི་དབྱིབས་དང་ལྡན་པ་ཡོད། ནོར་བུས་རྒྱན་པས་ཚིགས་ཁོག་གྱོན་པར་བྱེད། གཟུགས་པོར་ཨིན་དྲ་ལི་ནི་རྒྱན་པ་བ་སོ་ལྟ་བུ་འཇམ། 15ཁོ་ཡི་བརླ་ཤ་ཀ་མ་རུ་པའི་ཀ་བ། གསེར་གྱི་ཁུང་ནང་དུ་བཅུག་ཡོད་དོ། ཁོ་ཡི་གཟི་བརྗིད་ལེ་བ་ནོན་རིའི་སྟེང་། འགྱམ་ཤིང་རིང་པོ་བརྗིད་ཉམ་ལྡན་ལྟར་རོ། 16ཁོང་གི་ཁ་ལ་འོ་སྐྱལ་མངར་མོ་ཡོད། ཁོང་ནང་ཡོད་པ་ཚང་མས་ང་ལ་མགུ་བར་བྱེད། ཡེ་རུ་ཤ་ལེམ་ཡི་བུད་མེད་རྣམས། ང་ཡི་སྙིང་སྡུག་འདི་ལྟར་འདྲ་བ་ཡིན༎

གསུང་གླུ 6

1བུད་མེད་ཚོའི་ནང་ནས་ཤིན་ཏུ་མཛེས་སྡུག་ལྡན་པ། ཁྱོད་ཀྱི་སྙིང་སྡུག་གང་དུ་ཕྱིན་སོང་ངམ། ང་ཚོས་འཚོལ་བར་ཁྱོད་ལ་རོགས་བྱེད་ཕྱིར། བརྩེ་ལྡན་གང་གི་ལམ་ནས་སོང་བར་བརྗོད། 2ང་ཡི་བརྩེ་ལྡན་ཁོ་ཡི་ལྡུམ་རར་སོང་། དེར་སྨན་སྣའི་ཤིང་སྡོང་སྐྱེ་ཡོད་དོ། ཁོ་ནི་ལྡུམ་ར་དེའི་ནང་ཕྱུགས་འཚོ་ཞིང་། ཀུ་མུད་མེ་ཏོག་རྣམས་ནི་བསྡུ་བར་མཛད། 3ང་ཡི་བརྩེ་ལྡན་ངའི་ཡིན་ང་ཁོའི་ཡིན། ཁོ་ནི་ཀུ་མུད་མེ་ཏོག་གི་ཁྲོད་དུ། ཁོ་པའི་ཕྱུགས་རྣམས་དེ་གར་འཚོ་ཞིང་འདུག།

གསུང་གླུ་ལྔ་པ།

4བརྩེ་ལྡན་ཡེ་རུ་ཤ་ལེམ་ལྟར་ཁྱོད་མཛེས། ཁྱོད་ནི་གྲོང་ཁྱེར་ཏིར་ཛཱ་ལྟར་ཡིད་འོང་། གྲོང་ཁྱེར་རླབས་ཆེན་དེ་ཚོ་ལྟ་བུར་གཟི་རྔམ་ལྡན། 5ཁྱོད་ཀྱི་མིག་དེས་ང་ནས་ཕར་སྒྱུར་ཤིག། དེ་ཚོས་ང་ལ་བཙོན་དུ་བཟུང་བཞིན་འདུག། ཁྱོད་ཀྱི་སྐྲ་ནི་གྷིལ་ཨད་རིའི་ཐུར་རྒྱུགས། ར་ཡི་ཁྱུ་ཚོགས་ལྟ་བུར་ཁྲབ་བཞིན་འདུག། 6ཁྱོད་ཀྱི་སོ་ནི་ད་ལྟ་འཁྲུས་མ་ཐག། ལུག་ཁྱུའི་ཚོགས་ལྟར་དཀར་བཞིན་ཡོད་པ་འདུག། 7གདོང་ཁེབས་ནང་དུ་ཁྱོད་ཀྱི་འགྲམ་པ་འཚེར། 8རྒྱལ་པོར་བཙུན་མོ་དྲུག་ཅུ་ཐམ་པ་དང་། ཟུར་གྲོགས་མ་བརྒྱད་ཅུ་དང་། བུད་མེད་ན་གཞོན་གྲངས་མེད་བཞག་བཅུག། 9འོན་ཀྱང་ང་ནི་གཅིག་པུར་དགའ། མོ་ནི་ཕུག་རོན་ལྟར་མཛེས། མོ་ནི་མ་ཡི་བུ་མོ་གཅིག་པུ་ཡིན། མོ་ནི་མ་ཡི་བུ་མོ་བརྩེ་ཤོས་ཡིན། བུད་མེད་ཚང་མས་མོ་ལ་བལྟ་ཞིང་བསྟོད། བཙུམ་མོ་དང་ནི་ཟུར་གྲོགས་མ་ཚོས། མོ་ལ་བསྟོད་པའི་གླུ་གཞས་གཏོང་། 10ཐོ་རང་ལྟ་བུ་སྣང་བ་འདི་སུ་རེད་དམ། ཉི་མ་དང་ནི་ཟླ་ལྟར་འོད་འཚེར་ཞིང་། མོ་ནི་མཛེས་སྡུག་ལྡན་ཞིང་བཀྲག་མདངས་ཆེ། 11ལུང་གཤོང་ལ་ནི་རྩེ་ཤིང་མྱུ་གུ་བལྟ། རྒུན་ཤིང་སྟེང་དུ་ལོ་མ་གསར་པ་བལྟ། སེ་འབྲུ་ལྗོན་ཤིང་འཛུམ་གཞད་བལྟ་བའི་ཕྱིར། ང་ནི་ཁམ་འབྲས་ཤིང་ཁྲོད་མར་ཡོང་ངོ། 12ང་འདར་བཞིན་ཡོད། ཤིང་རྟའི་ཁ་ལོ་པ་ནི་དམག་འཐབ་པར་འདོད་ལྡན་ཆགས་པ་ལྟར། ང་ཁྱོད་ལ་བརྩེ་བ་བྱེད་པར་འདོད་ལྡན་ཆགས་ཡོད། 13ཁྲབ་དང་ཁྲབ་དང་ཤ་ལུམ་གྱི་བུ་མོ། ང་ཚོས་ཁྱོད་ནི་ཁྲབ་པར་བལྟ་བར་བྱ། ང་ལ་བལྟ་མཁན་རྣམས་ཀྱི་གྲལ་ཁྲོད་དུ། ཁྲབ་སྐབས་ང་ལ་བལྟ་བར་ཅི་འདོད་དམ༎

གསུང་གླུ 7

1ཁྱོད་ནི་མཚར་ཆེ་བ་བུ་མོ་ཇི་འདྲ་ཡིན། ཁྱོད་ཀྱི་ལྷམ་གོན་རྐང་པ་ཇི་ལྟར་མཛེས། ཁྱོག་པའི་བརླ་ཤ་རྩལ་ལྡན་ལས་འདྲའོ། 2ཁྱོད་ཀྱི་ལྟེ་བ་ཕོར་པ་སྒོར་སྒོར་ལྟ་བུ་ཡོད། དེར་སྨན་སྣ་རྒྱབ་པའི་རྒུན་ཆང་ནམ་ཡང་མི་རྫོགས། ཁྱོད་ཡི་གྲོད་པར་ཀུ་མུད་མེ་ཏོག་བསྐོར་བའི་གྲོ་ཡི་ཆག་པ་ལྟ་བུ་ཡོད། 3ཁྱོད་ཀྱི་ནུ་མ་ཤ་བའི་མཚེ་མ། གནའ་བ་གཉིས་པོ་ལྟ་བུར་ཡོད་པ་ཡིན། 4ཁྱོད་ཀྱི་སྐེ་ནི་བ་སོའི་གན་དཧོ་འདྲ། ཁྱོད་ཀྱི་མིག་ནི་གྲོང་ཁྱེར་ཆེན་པོ་དེ། རྒྱལ་སྒོའི་འགྲམ་དུ་ཧེཤ་བྷོན་གྲོང་ཁྱེར་གྱི། ཆུ་ཡི་རྫིང་བུ་རྣམས་དང་མཚུངས་པ་ཡིན། ཁྱོད་ཀྱི་སྣ་ནི་དྷ་མསེ་ཀསེ་སྲུང་མཁན། ལེ་བ་ནོན་གན་དཧོ་ལྟར་ཡིད་དུ་འོང་། 5ཁྱོད་ཀྱི་མགོ་ནི་རི་བོ་ཀར་མེལ་ལྟར། མཐོ་པོར་འདེགས་ཤིང་ལྷས་པའི་སྐྲ་དེ་ནི། དྲུའུ་རྩེ་སྤུ་ལེགས་ལྟ་བུ་འཚེར་བ་ཡོད། མཛེས་སྡུག་དེ་ཡིས་རྒྱལ་པོ་དབང་བཟུང་བྱེད། 6ཁྱོད་ནི་ཡིད་འོང་ཇི་ལྟར་མཛེས་པོ་ཡོད། ཁྱོད་ཀྱི་བརྩེ་བ་ནས་དགའ་སྤྲོ་ཇི་འདྲ་ཆ་ཚང་ཐོབ། 7ཁྱོད་ནི་ཁ་ཟུར་ཤིང་ལྟར་ཉམས་དོད་པོ། ནུ་མ་རྣམས་ནི་ཁ་ཟུར་ཤིང་འབྲས་གཅིག་བསྡུས་འདྲ། 8ང་ནི་ཁ་ཟུར་ཤིང་འཛེགས་འབྲས་བུ་འཐུ། ཁྱེད་ཀྱི་ནུ་མ་རྣམས་ནི་རྒུན་འབྲུམ་ཆག་པ་འདྲ། ཁྱོད་ཀྱི་དབུ་ནི་ཀུ་ཤུའི་དྲི་བཟང་ལྟར། 9ཁྱོད་ཀྱི་ཁ་ནི་རྒུན་ཆང་ལེགས་ཤོས་མཚུངས༎ དེ་ནས་རྒུན་ཆང་ང་ཡི་བརྩེ་ལྡན་རྩར། ཐད་ཀར་ཁོང་གི་མཆུ་ལྟོ་དང་། སོ་ཡི་སྟེང་དུ་རྒྱུག་ནས་འགྲོ་རུ་བཅུག། 10ང་ནི་ང་ཡི་བརྩེ་ལྡན་ལ་བདག་པས། ཁོ་ཡིས་ང་ལ་འདོད་པར་བྱེད། 11བརྩེ་ལྡན་ཤོག་དང་ང་ཚོ་གྲོང་ནང་འགྲོ། གྲོང་གསེབ་ནང་དུ་མཚན་མོར་གནས་སྡོད་བྱ། 12ང་ཚོས་སྔ་པོ་ལངས་ནས་རྒུན་ཚལ་ཚོར། དེ་ཚོ་སྐྱེ་འགོ་ཚུགས་པ་ཡོད་དང་མེད། དེ་ཚོ་འཛུམ་བཞད་ཁ་འབྱེད་ཡོད་མེད་དང་། སེ་འབྲུ་སྡོང་པོ་འཛུམ་བཞད་བལྟ་བར་འགྲོ། ང་ཡི་བརྩེ་བ་ཁྱེད་ལ་དེ་གར་བྱིན། 13ཁྱོད་ཀྱིས་དྲི་ཞིམ་ཡོད་པའི་རྩི་ཤིང་ལྡུམ་བུའི་དྲི་བཟང་སྣུམ་ནུས། ང་ཚོའི་སྒོའི་འཁྲིད་ཤིང་ཏོག་ཞིམ་པོ་འདྲ་མིན། བརྩེ་ལྡན་ཁྱེད་ཀྱི་ཆེད་དུ་བཞག་ཡོད་དོ༎

གསུང་གླུ 8

1ང་ཡི་མ་ཡི་ཁྱོད་ལ་ནུ་མ་སྟེར། འཚོ་སྐྱོང་གྱིས་པའི་ཁྱོད་དང་ང་གཉིས་ནི། སྤུན་ཞིག་ཡིན་པ་ཡིན་ན་ཅི་མ་རུང་། ཁྱོད་དང་ང་གཉིས་རྒྱ་ལམ་དུ་འཕྲད་སྐབས། གལ་སྲིད་ང་ཡི་ཁྱོད་ལ་ཁ་སྐྱེལ་ན། གཞན་གྱི་དེ་ལ་དོ་སྣང་མི་བྱེད་དོ། 2ང་ཡི་ཨ་མའི་ཁང་པར་ཁྱོད་འཁྲིད་ཡོང། ཁྱོད་ཀྱི་ང་ལ་དེ་རུ་བརྩེ་བ་བྱེད་སླབ་ཐུབ་ཡོང། སྨན་ན་རྒྱབ་པའི་རྒུན་ཆང་དང་སེ་འབྲུའི་ཆང་། ང་ཡིས་ཁྱོད་ལ་འཐུང་བའི་ཆེད་དུ་བྱིན། 3ཁྱེད་ཀྱི་ཕྱག་གཡོན་ང་ཡི་མགོའི་འོག་ཡོད། ཕྱག་གཡས་ང་ལ་བརྩེ་བས་ཞུ་ཞུ་བྱེད། 4ང་ཚོའི་བརྩེ་བར་བར་ཆད་མི་བྱེད་ཅིང་། ཡེ་རུ་ཤ་ལེམ་བུད་མེད་དམ་བཅའ་བྱོས།

གསུང་གླུ་དྲུག་པ།

5རང་གི་བརྩེ་ལྡན་ལ་ལག་པ་བཏང་ནས། བྱེ་ཐང་ནང་ནས་ཡོང་བཞིན་ཡོད་པ་དེ་ནི་སུ་རེད་དམ། ཁྱོད་ཉིད་སྐྱེས་སའི་ས་ཁུལ་གྱི་ནང་དུ། ཀུ་ཤུའི་སྡོང་འོག་ང་ཡིས་ཁྱོད་གཉིས་སད། 6ང་རང་མ་གཏོགས་གཞན་གྱི་བརྩེ་བ་ལ། ཚང་མར་ཁྱེད་ཀྱི་སེམས་ཀྱི་སྒོ་རྒྱོབ་ཅིག། ང་རང་མ་གཏོགས་གཞན་ལ་ལག་མ་འཐམས། བརྩེ་བ་འཆི་བ་ལྟར་སྟོབས་ཤུགས་ལྡན། འདོད་ཆགས་འཆི་བ་ལྟར་ནུས་སྟོབས་ཆེ། དེ་མེ་ལྕེ་ལྟར་འབར། ཁྲོ་བའི་མེ་ལྟར་འཚིག། 7ཆུ་ཡིས་ཀྱང་ནི་དེ་ལ་གསོད་མི་ཐུབ། ཆུ་ལོག་གིས་ཀྱང་དེ་ལ་ནུབ་མི་ནུས། འོན་ཀྱང་ནོར་གྱིས་བརྩེ་བ་ཉོ་ཐབས་གྱིས་ན། དེ་ལ་དམའ་འབེབས་གཅིག་པུ་ཐོབ་པར་འགྱུར།

བུད་མེད་ཀྱི་སྤུན་ཚོ།

8ང་ཚོ་ལ་གཅུང་མོ་ཡོད་པའི་ནུ་མ་ཆུང་། ན་གཞོན་གཉེན་སྒྲིགས་ཡོང་སྐབས་ཅི་བྱེད་དམ། 9གལ་ཏེ་མོ་ནི་ལྕགས་རི་ཞིག་ཡིན་པ་ཡིན་ན། ང་ཚོས་མོ་ལ་དངུལ་གྱི་ལྕོག་མཁར་བཟོ། འོན་ཀྱང་གལ་སྲིད་མོ་ནི་རྒྱལ་སྒོ་ཞིག་ཡིན་པ་ཡིན་ན། ང་ཚོས་མོ་ལ་འགྱམ་ཤིང་སྤང་ལེབ་ཀྱིས། བཙན་པོར་བཟོས་ནས་སྲུང་སྐྱོབ་བྱེད་པར་འགྱུར། 10ང་ནི་ལྕགས་རི་ཞིག་ཡིན་པ་དང་། ང་ཡི་ནུ་མ་རྣམས་ནི་དེའི་ལྕོག་མཁར་རྣམས། ང་ལ་ཁོ་མཉམ་སྙིང་ཚིམ་པ་དང་། ཞི་བདེ་ཡོང་བ་ང་ཡི་བརྩེ་ལྡན་གྱིས་ཤེས་སོ། 11བྷལ་ཧ་མོན་ཞེས་པའི་ས་གནས་སུ། སོ་ལོ་མོན་ལ་རྒུན་ཚལ་ཞིག་ཡོད་དོ། དེ་ནི་ཁོང་ནས་གཡར་མཁན་ཞིང་པ་རེས། དངུལ་གྱི་ཊམ་ཀ་ཆིག་སྟོང་རེ་སྤྲོད་དོ། 12སོ་ལོ་མོན་གྱིས་ནི་ཊམ་ཀ་ཆིག་སྟོང་འཁྱེར་བཅུག། ཞིང་པ་རང་གི་སྐལ་བ་ཉིས་བརྒྱ་དེས། ང་ལ་ནི་རང་གི་རྒུན་ཚལ་ཞིག་ཡོད་དོ། 13ང་ཡི་བརྩེ་ལྡན་ཁྱོད་ཀྱི་སྐད་དེ་ལྡུམ་ར་ནས་ང་ལ་ཐོས་འཇུག། ཁྱོད་སྐད་ཉན་པའི་ཆེད་ང་ཡི་རོགས་པ་ཚོ་ནི་སྒུག་ནས་ཡོད། 14ང་ཡི་བརྩེ་ལྡན་ཁྱོད་ནི་སྨན་སྣ་སྐྱེས་པའི་རིར། གནའ་བ་ཤ་གཞོན་ལྟ་བུར་ངའི་རྩར་ཤོག།

ཡེ་ཤ་ཡཱ 1

1མདོ་འདིའི་ནང་དཀོན་མཆོག་གིས་ཨ་མོཛའི་བུ་ཡེ་ཤ་ཡཱ་ལ་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཨུ་ཛི་ཡཱ་དང་ཡོ་ཐམ་དང་ཨ་ཧཛ་དང་ཧེ་ཛི་ཀི་ཡཱ་བཅས་ཀྱི་སྲིད་སྐྱོངས་སྐབས་སུ་མངོན་པར་མཛད་པའི་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་སྐོར་གསུང་འཕྲིན་ཁག་གསལ་ཡོད༎

དཀོན་མཆོག་གིས་རང་གི་མི་མང་ལ་བཀའ་སྐྱོན་གནང་བ།

2གཙོ་བོ་དཀོན་མཆོག་གིས། ཀྱེ་གནམ་དང་ས་གཞི་ངས་གང་སྨྲས་པར་ཉོན་ཞིག ངས་གསོ་སྐྱོང་བྱས་པའི་བུ་ཕྲུག་ཚོས་ང་ལ་ངོ་ལོག་བྱས་བྱུང། 3ཕྱུགས་ཟོག་སེམས་ཅན་ཚོས་ཀྱང་རང་གི་བདག་པོ་སུ་ཡིན་ཤེས་པ་མ་ཟད། བོང་བུ་ཚོས་རང་གི་སྦྱིན་བདག་གི་རྩ་ཆག་གང་དུ་སྤྲད་ཀྱི་ཡོད་པ་དེ་ཁོ་ཚོས་ཤེས་ཀྱི་ཡོད། འོན་ཀྱང་ངའི་ཨིསི་རཱཨེལ་མི་མང་ཚོས་མི་ཤེས་པ་དང་གང་ཡང་ཤེས་རྟོགས་བྱེད་མི་ཐུབ་ཅེས་བཀའ་གནང་ངོ། 4ཁྱོད་ནི་ཉེས་སྡིག་ཅན་གྱི་མི་རིགས་ངན་པ་ཁྱོད་ཚོ་རང་གི་སྡིག་པས་འཇིགས་པ་དང། ཁྱོད་ཚོའི་སྡིག་པས་ཁྱོད་ཚོ་ལ་མར་འདྲུད་ཡོད། ཁྱོ་ཚོས་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དམ་པའི་དཀོནམཆོག་སྤངས་ནས་རང་གི་རྒྱབ་བསྟན་ཡོད་དོ། 5ཁྱོད་ཚོས་ཁོང་ལ་ཅིའི་ཕྱིར་མུ་མཐུད་དེ་ངོ་རྒོལ་ཞུ་བར་བྱེད་དམ། ད་དུང་ཁྱོད་ཚོ་ཉེས་ཆད་མྱོང་བར་འདོད་དམ། ཀྱེ་ཨིསི་རཱཨེལ་པ་ཁྱོད་ཀྱི་མགོ་བོ་སྔོན་ནས་རྨ་ཡིས་གང་ཡོད་པ་དང། ཁྱོད་ཀྱི་སྙིང་དང་སེམས་ཉིད་ནད་གཞིས་མནར་དོ། 6ཁྱོད་ཀྱི་མགོ་ནས་རྐང་མཐིལ་བར་དུ་ནད་གཞི་མེད་པའི་གནས་ནི་གཅིག་ཀྱང་མེད། ཁྱོད་ཀྱི་ལུས་པོ་རྨ་རྗེས་དང་རྨ་ཁ་གསོ་རྒྱུ་མེད་པའི་རྨ་དང་ཤུ་བ་གང་ཞིང། དེ་ཚོ་གཙང་མ་བཟོས་མེད་ཅིང་རྨ་རས་ཀྱང་དཀྲིས་མེད་དོ། དེའི་ཁར་རྨ་སྨན་སོགས་བྱུག་མེད་པ་ཡིན་ནོ། 7ཁྱོད་ཚོའི་ཡུལ་ལུང་སྟོངས་ཤིང་གྲོང་ཁྱེར་མེས་འཚིགས་ཡོད་པ་དང། ཕྱི་རྒྱལ་བ་ཚོས་ཁྱོད་ཚོས་མཐོང་སར་ཁྱོད་ཚོའི་ས་ཆ་བཙན་འཕྲོག་དབང་བསྒྱུར་བྱས་ཏེ་གྱང་གོག་ཏུ་གཏོང་བར་བྱའོ། 8ཡེ་རུ་ཤ་ལེམ་གཅིག་པུ་ལྷག་ཡོད་དོ། འོན་ཀྱང་དེ་མཐའ་སྐོར་ཡོད། དེ་རྒུན་ཚལ་ནང་སྲུང་བྱ་བའི་ཁང་ཆུང་ངམ་ཀག་རའི་ཚལ་ཞིང་ཏུ་ཡབ་བཞིན་སྲུང་སྐྱོབ་མེད་པར་ལུས་ཡོད། 9གལ་ཏེ་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་མི་མང་ཁ་ཤས་ཚེ་ཐར་མ་གནང་བ་ཡིན་ན། ཡེ་རུ་ཤ་ལེམ་ནི་སོ་དྷོམ་དང་གོ་མོ་ར་ལྟ་བུ་ཆ་ཚང་ཤུལ་མེད་དུ་འགྱུར་ངེས་སོ། 10ཀྱེ་ཡེ་རུ་ཤ་ལེམ་ཁྱོད་ཀྱི་སྲིད་སྐྱོང་པ་ཚོ་དང་མི་མང་རྣམས་སོ་དྷོམ་པ་དང་གྷོ་མོ་རཱ་པ་བཞིན་ཡིན་པས། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་བཀའ་གང་གནང་བཞིན་ཡོད་པ་དེ་ལ་ཉོན་ཞིག ང་ཚོའི་དཀོན་མཆོག་གིས་ཇི་ལྟར་སློབ་སྟོན་གནང་བར་དོ་སྣང་བྱོས་ཤིག 11ཁོང་གིས་བཀའ་གནང་བར། ཁྱོད་ཚོའི་བསམ་བློར་ཁྱོད་ཚོས་ང་ལ་ཕུལ་བཞིན་པའི་དམར་མཆོད་འདི་ཚོ་ལ་ངས་འདོད་ཀྱི་རེད་བསམ་གྱི་འདུག་གམ། ང་ལ་ཁྱོད་ཚོའི་ལུག་གི་སྦྱིན་སྲེག་གི་དམར་མཆོད་དང་ཡིད་དུ་འོང་བའི་སེམས་ཅན་རྣམས་ཀྱི་ཚིལ་ལུས་ཞེན་པ་ལོག་ཡོད། ང་ནི་བ་གླང་དང་ལུག་དང་རའི་ཁྲག་གིས་ཡིད་ཐང་ཆད་སོང། 12ཁྱོད་ཚོས་ང་ལ་མཆོད་པར་ཡོང་སྐབས་སུས་དེ་ཚོ་ངའི་སར་འཁྱེར་ཤོག་ཅེས་བརྗོད་བྱུང་ངམ། ཁྱོད་ཚོར་ངའི་མཆོད་ཁང་ནང་སུས་ཕར་ཆུར་འགྲུལ་དགོས་ཟེར་བརྗོད་བྱུང་ངམ། 13ཁྱོད་ཚོས་མཆོད་པ་འཁྱེར་ཡོང་བ་དེ་ཕན་མེད་ཡིན། ཁྱོད་ཚོས་བདུག་པའི་སྤོས་ཀྱི་དྲི་མར་ང་ཞེན་པ་ལོག་སོང། ངས་ཁྱོད་ཚོའི་ཟླ་བ་གསར་པའི་དུས་ཆེན་དང། ངལ་གསོ་བའི་ཞག་དུས་ཆེན་དང་གཞན་ཆོས་ཀྱི་འདུ་འཛོམས་ཁག་ལ་བཟོད་སྲན་བྱེད་མི་ཐུབ། དེ་ཚོ་ཚང་མ་ཁྱོད་ཚོའི་སྡིག་པས་ངན་སླད་དུ་འགྱུར་ཡོད་དོ། 14ཁྱོད་ཚོའི་ཟླ་བ་གསར་པའི་དུས་ཆེན་དང་ཉི་མ་དམ་པ་རྣམས་ལ་ངས་སྡང་པོ་བྱེད་པ་དང་། དེ་ཚོ་ངས་འཁུར་མ་ཐུབ་པའི་ཁུར་པོ་འཛི་པོ་ལྟ་བུ་ཆགས་ཡོད་དོ། 15ཁྱོད་ཚོས་ལག་པ་ཡར་འདེགས་ནས་གསོལ་བ་འདེབས་སྐབས་། ངས་ཁྱོད་ཚོར་མི་བསྟའོ། ཁྱོད་ཚོས་སྨོན་ལམ་ཇི་མང་རྒྱབ་ཡང་ངས་མི་ཉན་ནོ། གང་ལགས་ཟེར་ན། ཁྱོད་ཚོའི་ལག་པ་རྣམས་ཁྲག་གིས་བཏུམ་ཡོད་དོ། 16ཁྱོད་རང་ཚོ་གཙང་མ་ཁྲུས་ཤིག། ངས་མཐོང་སར་ཁྱོད་ཚོས་བྱས་པའི་བྱ་བ་ངན་རིགས་རྣམས་སྤངས་ནས་མཚམས་འཇོགས་བྱོས་ཤིག 17དྲང་བདེན་བྱ་རྒྱུར་སློབས་ཤིག། ཁྲིམས་དཔྱོད་དྲང་པོ་གཏོང་ཤིག་དང་། མནར་གཅོད་མྱོང་མཁན་ཚོར་རོགས་རམ་དང། ད་ཕྲུག་ཚོར་རང་གི་ཐོབ་ཐང་དང་ཡུག་མོ་ཚོར་སྲུང་སྐྱོབ་བྱོས་ཤིག་ཅེས་གསུངས་སོ། 18གཙོ་བོ་དཀོན་མཆོག་གིས། ད་ང་ཚོ་གནས་སྟངས་སྐོར་ལ་གྲོས་བསྡུར་བྱ་དགོས། ཁྱོད་ཚོ་སྡིག་པས་ཐིག་དམར་པོར་འགྱུར་ཡོད་ན་ཡང་ངས་ཁྱོད་ཚོ་ཁ་བ་ལྟར་དཀར་པོ་འཁྲུ་རྒྱུ་ཡིན། ཁྱོད་ཚོ་སྡིག་པའི་ཐིག་རྒྱ་སྨུག་ལྟར་ཡོད་ན་ཡང་ཁྱོད་ཚོ་བལ་ལྟར་དཀར་པོར་འགྱུར་ཡོང། 19གལ་སྲིད་ཁྱོད་ཚོས་ངའི་བཀའ་ལ་ཉན་པ་ཡིན་ན། ཁྱོད་ཚོའི་ས་ཞིང་ནས་ཐོན་པའི་འབྲས་བུ་བཟང་པོ་ཟ་བར་འགྱུར། 20ཁྱོད་ཚོས་ང་ལ་ངོ་རྒོལ་བྱས་པ་ཡིན་ན། ཁྱོད་ཚོ་འཆི་བར་ངེས་སོ། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ཞེས་བཀའ་གནང་ངོ༎

སྡིག་པས་གང་བའི་གྲོང་ཁྱེར།

21སྔར་དམ་ཚིག་ཅན་གྱི་གྲོང་ཁྱེར་དེ་ད་ཆ་སྨད་འཚོང་མའི་བྱ་སྤྱོད་བྱ་བཞིན་ཡོད། དུས་སྐབས་ཤིག་ལ་དེར་མི་དྲང་བདེན་རྣམས་ཀྱི་ཁེངས་ཡོད་པ་དང། ད་ཆ་དེར་མི་གསོད་མཁན་རྣམས་གཅིག་པོའི་ལྷག་ཡོད། 22ཡེ་རུ་ཤ་ལེམ་ཁྱོད་སྔར་དངུལ་ལྟར་ཡོད་པ་ད་ཆ་ཕན་མེད་དུ་འགྱུར་ཡོད། སྔར་རྒུན་ཆང་ཞིམ་པོ་དང་འདྲ་བ་ཡོད་ཅིང་ད་ཆ་ཆུ་དང་འདྲ་བ་ཡིན་ནོ། 23ཁྱོད་ཀྱི་འགོ་འཛིན་ཚོ་ངོ་ལོག་མཁན་དང་རྐུན་ཇག་གི་གྲོགས་པོ་ཡིན་པ་དང། རྔན་པ་དང་ལྐོག་རྔན་རྟག་ཏུ་ལེན་བཞིན་ཡོད། དེ་ཚོས་ཁྲིམས་ཁང་ནང་ད་ཕྲུག་ཚོར་སྲུང་སྐྱོབ་མི་བྱེད་པ་དང་ཡུག་མོ་ཚོའི་ཁ་མཆུར་ཉན་གྱི་མེད་དོ། 24ད་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་མཐུ་སྟོབས་ཅན་གྱི་དཀོན་མཆོག་གིས་བཀའ་གནང་བར་ཉོན་ཞིག ངའི་དགྲ་བོ་ཁྱོད་ཐོག་ངས་དགྲ་ཤ་ལེན་རྒྱུ་ཡིན་པ་དང་ཁྱོད་ཀྱིས་ང་ལ་སླར་ཡང་དཀའ་ངལ་བཟོ་མི་ཐུབ་བོ། 25ངས་ཁྱོད་ཐོག་ཉེས་ཆད་གཏོང་རྒྱུ་དང། ངས་གསེར་དངུལ་ཟང་ལྕགས་ནི་ལྷད་མེད་བཟོ་བ་ལྟར་ཁྱོད་ཚོ་ཡང་གཙང་མ་བཟོ་རྒྱུ་དང། ཁྱོད་ཚོའི་མི་གཙང་བ་ཚང་མ་ཕྱིར་འདོན་བྱ་རྒྱུ་ཡིན། 26ཁྱོད་ཚོ་མཉམ་དུ་སྔར་ཡོད་པ་ལྟར་ངས་ཁྱོད་ཚོར་སྲིད་སྐྱོང་པ་དང་གྲོས་སྟོན་པ་རྣམས་སྤྲོད་རྒྱུ་ཡིན། དེ་ནས་ཡེ་རུ་ཤ་ལེམ་ནི་དྲང་བདེན་དང་དམ་ཚིག་ཅན་གྱི་གྲོང་ཁྱེར་ཞེས་གྲགས་པར་འགྱུར་རོ། 27གཙོ་བོ་དཀོན་མཆོག་ནི་དྲང་བདེན་ཡིན་སྟབས། ཁོང་གིས་ཡེ་རུ་ཤ་ལེམ་དང་འགྱོད་བཤགས་ཕུལ་མཁན་རྣམས་སྐྱོབས་པར་གནང་ཡོང་ངོ། 28འོན་ཀྱང་སྡིག་པ་བྱ་མཁན་དང་ཁོང་ལ་ངོ་ལོག་བྱ་མཁན་ཚང་མ་སྣུབ་པར་མཛད་རྒྱུ་དང་ཁོང་ལ་སྤོང་མཁན་རྣམས་གསོད་པར་མཛད་པར་འགྱུར་རོ། 29ཁྱོད་ཚོས་ཤིང་སྡོང་རྣམས་ལ་མཆོད་པ་དང་ལྡུམ་ར་དམ་པ་རྣམས་འདེབས་པ་དེ་ལ་འགྱོད་པ་བསྐྱེད་པར་འགྱུར། 30ཁྱོད་ཚོ་བེར་ཤིང་རྒས་ནས་རུལ་བར་འགྱུར་བ་དང་ཆུ་བླུགས་མཁན་མེད་པའི་ལྡུམ་ར་བཞིན་ཡལ་བར་འགྱུར། 31མེ་ཚག་གིས་སོག་མ་ལ་མེ་འབར་བ་ལྟར་མི་སྟོབས་ཤུགས་ཆེན་པོ་ཚོ་ཡང་དེ་ཚོའི་ལས་ངན་གྱིས་མེད་པར་བཟོ་བར་འགྱུར་བ་དང་སུས་ཀྱང་དེ་ཚོའི་འཇིགས་པ་ལ་འགོག་མི་ཐུབ་བོ༎

ཡེ་ཤ་ཡཱ 2

མཐའ་མེད་པའི་ཞི་བ།

(མི་ཀ ༤:༡-༣)

1དཀོན་མཆོག་གིས་ཨ་མོཛའི་བུ་ཡེ་ཤ་ཡཱ་ལ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་སྐོར་ལ་འཕྲིན་འདི་དག་གནང་ངོ། 2མ་འོང་དུས་སུ་། མཆོད་ཁང་ཡོད་པའི་རི་བོ་དེ་ནི་ཚང་མ་ལས་ནི་མཐོ་བར་འགྱུར། དེ་ནི་རི་བོ་ཡོངས་ལས་མཐོ་བར་འགྱུར། མི་རིགས་མང་པོ་དེ་ཡི་ཕྱོགས་སུ་ཡོང། 3དེར་མི་མང་རྣམས་ནས་འདི་ལྟར་སྨྲས། ང་ཚོ་གཙོ་བོ་དཀོན་མཆོག་རི་བོར་རྒལ་ནས། ཨིསི་རཱཨེལ་དཀོན་མཆོག་མཆོད་ཁང་ནང་དུ་འགྲོ། ཁོང་གིས་ང་ཚོར་བྱེད་དགོས་ལམ་སྟོན་གནང། ཁོང་གིས་བསྟན་པའི་ལམ་དུ་ངེད་འགྲོའོ། གང་ལ་ཟེར་ན་གཙོ་བོ་དཀོན་མཆོག་གི། སློབ་སྟོན་ཡེ་རུ་ཤ་ལེམ་ཕྱོགས་ནས་ཡོང། ཛི་ཡོན་ཕྱོགས་ནས་ཁོང་གིས་མི་མང་ལ་ནི་བཀའ་གནང་ངོ། 4ཁོང་གིས་མི་རིགས་སྟོབས་ཅན་རྣམས་ཀྱི་ཁྲོད་འཁོན་འཁྲུགས་ཞི་སྒྲིགས་གཙང་མ་གནང། དེ་ཚོས་རང་གི་རལ་གྲི་རྣམས་རྡུང་ནས་ཐོང་གཤོལ་བཟོ་བར་བྱ། མདུང་རྣམས་རྡུང་ནས་ཟོར་བ་བཟོ་བར་བྱ། མི་རིགས་ཡོངས་ནས་དམག་འཁྲུགས་མི་བྱེད་པར། དམག་གི་ཆེད་དུ་གྲ་སྒྲིགས་མི་བྱེད་དོ། 5ད་ལྟ་ཡ་ཀོབ་རིགས་བརྒྱུད་རྣམས། ང་ཚོར་གཙོ་བོ་དཀོན་མཆོག་གིས་གནང་བའི་འོད་ཀྱི་ནང་དུ་གོམ་པ་སྤོ་བར་བྱ༎

ང་རྒྱལ་མེད་པར་འགྲོའོ།

6ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་རང་གི་མི་མང་ཡ་ཀོབ་ཀྱི་རིགས་བརྒྱུད་རྣམས་སྤངས་བར་མཛད་ཡོད། ཤར་ཕྱོགས་ནས་དང་ཕེ་ལེ་ཤེད་ནས་ངན་སྔགས་ལག་ལེན་གྱིས་ཡུལ་འདི་ཁེངས་འདུག མི་མང་རྣམས་ནས་ཕྱི་རྒྱལ་བའི་ལུགས་སྲོལ་གྱི་རྗེས་སུ་འབྲངས་བཞིན་འདུག 7དེ་ཚོའི་ཡུལ་ནི་གསེར་དངུལ་གྱི་ཁེངས་ཡོད་པ་དང། དེ་ཚོའི་ནོར་རྣམས་མཐའ་མེད་དོ། དེ་ཚོའི་ཡུལ་ནི་རྟས་ཁེངས་ཡོད་པ་དང། ཤིང་རྟ་འཁོར་ལོའི་གྲངས་མེད་དོ། 8དེ་ཚོའི་ཡུལ་ནི་སྐུ་འདྲས་ཁེངས་ཡོད་པ་དང། དེ་ཚོས་རང་གི་ལག་པས་བཟོས་པའི་དངོས་པོར་མཆོད་ཀྱི་ཡོད་དོ། 9ཚང་མ་སྣང་ཆུང་དང་དམའ་འབེབས་བྱུང་ངེས་ཡོད། གཙོ་བོ་དཀོན་མཆོག་དེ་ཚོ་ལ་བཟོད་གསོལ་མ་གནང་བར་མཛོད། 10དེ་ཚོ་བྲག་རིའི་ནང་ཡིབ་པ་དང་ས་ལ་ཨི་ཁུང་བྲུས་ནས་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་ལས་ཐར་ཐབས་དང་ཁོང་གི་མཐུ་སྟོབས་དང་གཟི་བརྗིད་ལས་ཡིབ་ཐབས་བྱེད་དོ། 11འགྲོ་བ་མིའི་སྤོབ་པ་རྫོགས་ནས་ང་རྒྱལ་འཛིགས་པར་བྱེད་པའི་ཉི་མ་ཞིག་ཡོང་བཞིན་ཡོད། དེ་ནས་གཙོ་བོ་དཀོན་མཆོག་གཅིག་པུ་ལ་བསྟོད་པར་འགྱུར། 12ཉིན་དེར་གཙོ་བོ་དཀོན་མཆོག་ཀུན་དབང་ཅན་གྱིས། སྟོབས་ཤུགས་ཅན་དང་ང་རྒྱལ་ཅན་དང་སྤོབ་པ་ཅན་རྣམས་ལ་ཉམས་ཆུང་བཟོས་པར་འགྱུར། 13ཁོང་གིས་ལེ་བ་ནོན་གྱི་འགྱམ་ཤིང་རིང་པོ་དང་བྷ་ཤཱན་ཡུལ་གྱི་བེ་ཤིང་རྣམས་མེད་པར་མཛད་དོ། 14ཁོང་གིས་རི་མཐོ་པོ་དང་རི་ཕྲན་རྣམས་སྙོམ་པར་མཛད་དོ། 15གན་དྷོ་ལ་མཐོ་པོ་དང་མཁར་བཙན་པོ་ལྕགས་རི་རྣམས་སྙོམ་པར་མཛད་དོ། 16ཁོང་གིས་གྲུ་འཟིངས་ཆེན་པོ་དང་ཤིན་ཏུ་མཛེས་པོ་རྣམས་ཀྱང་ནུབ་པར་མཛད་དོ། 17-18འགྲོ་བ་མིའི་སྤོབ་པ་འཛོགས་པ་དང་། འགྲོ་བ་མིའི་ང་རྒྱལ་མེད་པར་མཛད་དོ། སྐུ་འདྲ་ཆ་ཚང་ཡལ་བར་འགྱུར་བ་དང་ཉིན་དེར་གཙོ་བོ་དཀོན་མཆོག་གཅིག་པོ་ལ་བསྟོད་དོ། 19གཙོ་བོ་དཀོན་མཆོག་ས་གཞིར་གཡོ་འགུལ་གཏོང་བར་ཕེབས་སྐབས་སུ། མི་མང་རྣམས་བྲག་ཕུག་ཏུ་ཡིབ་པ་དང་ས་ལ་དོང་བྲུས་ནས་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་བ་ལས་གཡོལ་ཐབས་དང་ཁོང་གི་མཐུ་སྟོབས་དང་གཟི་བརྗིད་ལས་ཡིབ་ཐབས་བྱེད་དོ། 20ཉིན་དེ་སླེབས་སྐབས་དེ་ཚོས་གསེར་དངུལ་གྱི་བཟོས་པའི་སྐུ་འདྲ་ཚོ་དབྱུགས་པ་དང། བྱི་བ་དང་ཙི་ཙི་སྒམ་པོ་ཚོར་དེ་ཚོ་བཞག་པར་བྱའོ། 21གཙོ་བོ་དཀོན་མཆོག་ས་གཞིར་གཡོ་འགུལ་གཏོང་བར་ཕེབས་སྐབས་སུ་མི་མང་རྣམས་དོང་དང་བྲག་ཕུག་ནང་ཡིབ་ནས་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་དང་ཁོང་གི་མཐུ་སྟོབས་དང་གཟི་བརྗིད་ནས་གཡོ་ཐབས་བྱེད་དོ། 22འཆི་རྒྱུའི་མི་ལ་བློས་འགེལ་མ་བྱེད། དེ་ཚོ་ལ་རིན་ཐང་ཅི་ཡོད་དམ༎

ཡེ་ཤ་ཡཱ 3

ཡེ་རུ་ཤ་ལེམ་ལ་ཟིང་ཕྱང།

1ད་གཙོ་བོ་དཀོན་མཆོག་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱ་ནས་མི་མང་རྣམས་ཀྱིས་བློ་བཅོལ་བའི་ཐམས་ཅད་དང། ཁོང་གིས་དེ་ཚོའི་ཁ་ཟས་དང་ཆུ་དང། 2དེ་ཚོའི་དཔའ་བོ་དང། དམག་མི་ཚོ་དང། ཁྲིམས་དཔོན་དང། ལུང་སྟོན་པ་དང། མངོན་ཤེས་མཁན་དང། སྲིད་བྱུས་མཁས་པ་ཚོ་དང། 3དེ་ཚོའི་དཔུང་དམག་དང། ཞི་བའི་འགོ་པ་དང། དེ་ཚོའི་སྲིད་དོན་པ་དང། ངན་སྔགས་ཀྱི་གནས་སྟངས་དབང་སྒྱུར་མཁན་ཚང་མ་བསྣམ་གྱི་རེད། 4གཙོ་བོ་དཀོན་མཆོག་གིས། མི་མང་རྣམས་ལ་ལོ་ཚོད་མ་ལོན་པའི་བུ་ཚོས་ཁོ་ཚོའི་ཐོག་ཏུ་སྲིད་སྐྱོངས་བྱེད་དུ་འཇུག་པར་འགྱུར། 5ཚང་མས་གཅིག་གིས་གཅིག་ནས་མཁེ་ཕན་ལེན་པ་དང། མི་མང་ལོ་ཆུང་ཚོས་རྒན་པར་གུས་ཞབས་མི་བྱེད་པ་དང་མི་མང་ཕན་མེད་མི་རབས་ཚོས་གོང་མ་རྣམས་ལ་གུས་ཞབས་མི་བྱེད་དོ། 6རིགས་རུས་ཞིག་གི་འཐུས་མི་ཚོས་དེ་ཚོའི་འཐུས་མི་གཅིག་ལ་འདམས་ནས། ཁྱོད་ལ་གོན་རྒྱུའི་གོས་ཤིག་ཡོད་སྟབས་ང་ཚོའི་དཀའ་ངལ་གྱི་དུས་སྐབས་འདིར་ང་ཚོའི་འགོ་འཛིན་བྱེད་རོགས་ཤེས་ཞུ་བའི་དུས་སྐབས་ཤིག་ཡོང་ངོ། 7འོན་ཀྱང་ཁོས་ངས་ཁྱོད་ཚོར་རོགས་བྱེད་མི་ཐུབ། ང་ལ་ཁ་ཟས་དང་གོས་ཀྱང་མེད། ང་ལ་ཁྱོད་ཚོའི་འགོ་འཛིན་དུ་མ་བསྐོ་རོགས་ཤེས་ལན་འདེབས་པར་འགྱུར་རོ། 8ཡེ་རུ་ཤ་ལེམ་འཇིགས་པ་དང་ཡ་ཧུ་དཱ་འགྱེལ་བཞིན་ཡོད། དེ་ཚོས་སྨྲས་པ་དང་བྱ་དཔྱོད་གཉིས་གཙོ་བོ་དཀོན་མཆོག་གི་རྒྱབ་འགལ་ཡིན་པ་དང། དེ་ཚོས་མངོན་གསལ་དོད་པོས་དཀོན་མཆོག་ལ་དམའ་འབེབས་ཞུས་སོ། 9དེ་ཚོའི་འཁོན་སེམས་ཀྱིས་དེ་ཚོ་རང་ཉིད་ལ་རྒྱབ་རྒལ་བྱེད་པར་འགྱུར། དེ་ཚོས་སོ་དྷོམ་མི་མང་བཞིན་མངོན་གསལ་དོད་པོས་སྡིག་པ་གྱིས་པ་དང། དེ་ཚོ་འཇིགས་པ་ནི་དེ་ཚོ་རང་གི་ལག་པའི་འཁྱེར་ཡོང་བ་ཡིན་ནོ། 10མི་དྲང་བདེན་རྣམས་དགའ་བའི་ངང་ལ་གནས་པ་དང། དེ་ཚོ་ལ་བྱ་བ་ལམ་འགྲོ་ཡོང་བ་དང། དེ་ཚོས་གྱིས་པའི་འབྲས་བུར་ལོངས་སྤྱོད་ཐུབ་བོ། 11འོན་ཀྱང་མི་ངན་པ་རྣམས་འཇིགས་པ་དང་། དེ་ཚོས་གཞན་ལ་ཇི་ལྟར་གྱིས་པ་དེ་ལྟར་དེ་ཚོ་ལ་ཡོང་བར་འགྱུར། 12དངུལ་གཡར་མཁན་གྱིས་ངའི་མི་མང་ལ་མནར་གཅོད་བཏང་ཡོད་པ་དང། དེ་ཚོའི་བུན་བདག་ཚོས་དེ་ཚོ་ལ་མགོ་སྐོར་བཏང་ཡོད་དོ། ཀྱེ་ངའི་མི་མང་ཚོ་ཁྱོད་ཚོའི་འགོ་དཔོན་ཚོས་ཁྱོད་ཚོར་ལམ་ལོག་པར་འཁྲིད་པའི་རྐྱེན་གྱིས་གང་དུ་འགྲོ་དགོས་པ་མི་ཤེས་སོ༎

གཙོ་བོ་དཀོན་མཆོག་གིས་རང་གི་མི་མང་ལ་ཁྲིམས་དཔྱོད་གནང་བ།

13གཙོ་བོ་དཀོན་མཆོག་གིས་རང་གི་ཁ་མཆུ་གནང་རྒྱུར་གྲ་སྒྲིགས་ཡོད་པ་དང། ཁོང་གི་རང་གི་མི་མང་ལ་ཁྲིམས་དཔྱོད་གཏོང་གནང་རྒྱུར་གྲ་སྒྲིགས་ཡོད་དོ། 14གཙོ་བོ་དཀོན་མཆོག་གིས་རྒན་པོ་ཚོ་དང་མི་མང་གི་འགོ་འཛིན་ཚོར་ཁྲིམས་གཏོང་གནང་བར་འཁྲིད་ཕེབས་ཏེ། ཁོང་གིས་སྐྱོན་བརྗོད་འདི་ལྟར་གནང། ཁྱོད་ཚོས་རྒུན་ཚལ་བཅོ་ཡོད་པ་དང། ཁྱོད་ཚོའི་ཁྱིམ་ནང་ལ་ཁྱོད་ཚོས་དབུལ་པོ་ཚོའི་ས་ནས་འཕྲོག་པའི་རྒྱུ་ནོར་རྣམས་ཀྱིས་ཁེངས་འདུག་གོ། 15ཁྱོད་ཚོར་ངའི་མི་མང་རྣམས་ལ་གཉའ་གནོན་གཏོང་བའི་དབང་ཆ་མེད་པ་དང། དབུལ་པོ་རྣམས་ནས་མཁེ་ཕན་ལེན་པའི་དབང་ཆ་ཡང་མེད། ང་བླ་ན་མེད་པའི་ཀུན་དབང་ཅན་གཅོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ཞེས་སོ༎

ཡེ་རུ་ཤ་ལེམ་གྱི་བུད་མེད་ཚོར་ཉེན་བརྡ་ཞིག་གནང་བ།

16གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ལྟོས་དང་ཡེ་རུ་ཤ་ལེམ་གྱི་བུད་མེད་ཚོ་གཏམ་འདོད་ཆེན་པོ་ཇི་ལྟར་འདུག དེ་ཚོའི་གདོང་གྱེན་དུ་བསྟན་ནས་འགྲོ་བ་དང། དེ་ཚོ་རྟག་ཏུ་ཁྲུལ་བཤད་པ་དང། དེ་ཚོས་གོམ་པ་དལ་པར་སྤོ་བ་དང་དེ་ཚོའི་རྐང་པའི་ཚིགས་ལ་སྒྲོག་གདུབ་གྱོན་པ་དེས་སིར་སིར་ཚིང་ཚིང་ཞེས་སྒྲ་འདོན་ནོ། 17འོན་ཀྱང་ངས་དེ་ཚོ་ལ་ཆད་པ་གཏོང་རྒྱུ་ཡིན་ནོ། ངས་དེ་ཚོའི་མགོ་བོའི་སྐྲ་གཞར་ནས་མགོ་རིལ་བཟོ་རྒྱུ་ཡིན་ཞེས་སོ། 18གཙོ་བོ་དཀོན་མཆོག་གིས། ཡེ་རུ་ཤ་ལེམ་གྱི་བུད་མེད་ཚོ་ནས་དེ་ཚོས་གཏམ་འདོད་བྱེད་པའི་རྐང་པའི་ཚིག་དང་མགོ་དང་རྐེ་ལ་གྱོན་པའི་རྒྱན་ཆ་དང། 19དེ་ཚོའི་ལག་ངར་ལ་གྱོན་པའི་རྒྱན་ཆ་བཅས་བཞེས་པའི་ཉིན་ཞིག་ཡོང་བ་ཡོད། ཁོང་གིས་དེ་ཚོའི་གདོང་ཁེབས་དང། 20ཞ་མོ་དང་ངན་སྔགས་ཀྱི་སྲུང་བ་ལག་ངར་རྐད་པར་གྱོན་པ་དང། 21མཛུབ་མོར་གྱོན་པའི་སོར་གདུབ་དང་སྣ་ལ་གྱོན་པའི་སྣ་ལོང་དང། 22ན་བཟའ་སྤུས་ལེགས་དང་ཟླ་གམ་དང་ཕྱུ་པ་དང་དངུལ་ཁུག་དང། 23དེ་ཚོའི་དྭངས་གསལ་གོས་དང་ཀ་ཤི་ཀའི་ཨ་ཅོ་དང་མགོ་ལ་གྱོན་པའི་ཁ་དཀྲིས་དང་མགོ་ལ་གྱོན་པའི་ཁེབས་རིང་པོ་བཅས་བཞེས་པར་བྱའོ། 24དྲི་ཞིམ་བེད་སྤྱོད་བྱེད་པའི་ཚབ་ཏུ་དེ་ཚོ་ལ་དྲི་ངན་བྲོ་བ་དང་རྐེ་རག་སྤུས་ལེགས་ཀྱི་ཚབ་ཏུ་དེ་ཚོས་ཐག་པ་རྩུབ་པོ་གྱོན་པ་དང། སྐྲ་ཡིད་དུ་འོང་བའི་ཚབ་ཏུ་དེ་ཚོ་མགོ་རིལ་དུ་འགྱུར་བ་དང་གྱོན་གོས་ལེགས་པའི་ཚབ་ཏུ་དེ་ཚོས་རྩ་རས་གྱོན་པ་དང་དེ་ཚོས་མདོག་མཛེས་པོ་དེ་ངོ་ཚ་བའི་རྒྱུ་རུ་འགྱུར་རོ། 25གྲོང་ཁྱེར་གྱི་ཁྱོ་རྣམས་སྟོབས་ཤུགས་ཆེན་པོ་ཚོ་ཡང་དམག་ཏུ་གསོད་པར་བྱའོ། 26གྲོང་ཁྱེར་གྱི་རྒྱལ་སྒོ་ཚོ་མྱ་ངན་བྱ་ཞིང་ངུ་བ་དང་གྲོང་ཁྱེར་དེ་ནི་བུད་མེད་ཐང་དུ་དམར་ཧྲང་དུ་སྡོད་པ་དང་འདྲའོ༎

ཡེ་ཤ་ཡཱ 4

1དུས་དེ་སླེབས་སྐབས་བུད་མེད་བདུན་གྱིས་ཁྱོ་ཞིག་བཟུང་ནས་སྨྲས་པ། ང་ཚོ་རང་གི་ཁ་ཟས་ཟ་བ་དང་གོས་གྱོན་རྒྱུ་བཅས་ཡོད་པས། འོན་ཀྱང་ང་ཚོ་ཆང་ས་མ་རྒྱབ་པར་ངོ་ཚ་ལས་གྲོལ་ཕྱིར་ཁྱེད་ང་ཚོའི་ཁྱོ་ཡིན་ཞེས་ང་ཚོར་སྨྲ་བཅུག་རོགས་ཤེས་བརྗོད་དོ༎

ཡེ་རུ་ཤ་ལེམ་སླར་གསོ་བ།

2གཙོ་བོ་དཀོན་མཆོག་གིས་ཡུལ་དུ་རྩེ་ཤིང་དང་ཤིང་སྡོང་ཚང་མ་ཆེན་པོ་དང་ཡིད་དུ་འོང་བའི་འཚར་བའི་དུས་སྐབས་ཤིག་ཡོང་བ་དང། ཨིསི་རཱཨེལ་གྱི་མི་མང་གསོན་པོར་ཐར་བ་རྣམས་ཀྱིས་ཡུལ་ནས་ཐོན་པའི་སྟོན་ཐོག་ལ་དགའ་བ་དང་སྤོབས་པ་བྱེད་དོ། 3དཀོན་མཆོག་གིས་ཡེ་རུ་ཤ་ལེམ་དུ་གསོན་པོར་འདམ་གནང་བའི་མི་ལྷག་ལུས་ཚང་མར་དམ་པ་ཅེས་བརྗོད་པར་འགྱུར་རོ། 4གཙོ་བོའི་མཐུ་སྟོབས་ཀྱིས་རྒྱལ་ཁབ་ལ་རྟགས་ཞིབ་དང་གཙང་མ་བཟོས་པ་གནང་ནས། ཡེ་རུ་ཤ་ལེམ་གྱི་ཉེས་སྡེག་དང་དེར་ཁྲག་འཐོར་བའི་ཐིག་རྣམས་འཁྲུས་པར་མཛད་དོ། 5དེ་ནས་གཙོ་བོ་དཀོན་མཆོག་གིས་རི་བོ་ཛི་ཡོན་གྱི་སྟེང་དང་དེར་འདུས་པའི་མི་མང་ཚང་མའི་སྟེང་ཉིན་མོར་སྤྲིན་དང་མཚན་མོར་དུ་བ་དང་མེ་ལྕེ་གསལ་པོར་གཏོང་གནང་ཡོང། དཀོན་མཆོག་གི་གཟི་བརྗིད་ཀྱིས་གྲོང་ཁྱེར་ཡོངས་སུ་ཁྱབ་པ་དང་སྐྱོབས་པར་མཛད་དོ། 6ཁོང་གི་གཟི་བརྗིད་ཀྱིས་གྲོང་ཁྱེར་གྱི་ཉིན་མོའི་དྲོད་ལ་བསིལ་གྲིབ་བྱེད་པ་དང་ས་གནས་དེ་བརྟན་པོར་གྱུར་ནས་ཆར་པ་དང་རླུང་འཚུབ་ནས་སྐྱོབས་པར་བྱེད་དོ༎

ཡེ་ཤ་ཡཱ 5

རྒུན་ཚལ་གྱི་གླུ་གཞས།

1ང་ཡིས་གཞས་འདི་གཏོང་སྐབས་ཁྱོད་ཉོན་ཞིག། ང་ཡི་གྲོགས་དང་ཁོ་ཡི་རྒུན་ཚལ་སྐོར་ལ་ཡིན། ཤིན་ཏུ་ས་ལུས་འཛོམས་པའི་རི་བོའི་སྟེང། ང་ཡི་གྲོགས་པོར་རྒུན་ཚལ་ཞིག་ཡོད་དོ༎ 2ཁོ་ཡིས་ས་བྲུས་རྡོ་རྣམས་གཙང་མར་འདོན། རྒུན་ཚལ་ལེགས་ཤོས་ཁོ་ཡིས་དེར་བཙུགས་སོ། དེ་ཚོ་སྲུང་ཆེད་ཁོ་ཡིས་གན་རྡོ་བརྩིགས། རྒུན་འབྲུམ་འཆག་ཕྱིར་ས་དོང་ཞིག་ཀྱང་བྲུས། ཁོ་ཡིས་རྒུན་འབྲུམ་སྨིན་ཕྱིར་ངང་སྒུག་བྱས། འོན་ཀྱང་རྒུན་འབྲུམ་རྣམས་ནི་སྐྱུར་མོའོ། 3དེ་འདྲ་སོང་ཙང་ངའི་གྲོགས་པོས། ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱར་སྡོད་མཁན་ཚོ་ལ་ངའི་རྒུན་ཚལ་དང་ངའི་དབར་ཞིབ་དཔྱོད་གནང་རོགས། 4དེའི་ཆེད་དུ་ངས་མ་བྱེད་པ་གང་ཡོད་དམ། དེ་བས་ན་དེ་ཚོ་ལ་རྒུན་འབྲུམ་སྐྱུར་མོ་སྐྱེས་ནས་ངས་རེ་བ་བྱས་པ་ལྟར་རྒུན་འབྲུམ་བཟང་པོ་ཅི་ཕྱིར་མ་སྐྱེས་པ་རེད་དམ་ཞེས་སྨྲས་སོ། 5ད་ང་ངའི་རྒུན་ཚལ་ལ་འདི་ལྟར་བྱ་རྒྱུ་ཡིན། ངས་དེའི་མཐའ་འཁོར་གྱི་ར་བ་ཕྱིར་འཐེན་བྱ་རྒྱུ་དང་དེ་སྲུང་བའི་ལྕགས་རི་བཤིགས་རྒྱུ་དང་སེམས་ཅན་རྒོད་པོ་རྣམས་ནས་དེ་ཟ་བ་དང་རྡོག་བརྫེས་གཏོང་བཅུག་རྒྱུ་ཡིན་ནོ། 6ངས་དེའི་སྟེང་རྩ་ངན་སྐྱེས་བཅུག་རྒྱུ་ཡིན། ངས་རྒུན་འབྲུམ་གྱི་ཤིང་དེ་རྩེ་བྲེག་རྒྱུ་མིན། ས་ལ་འཇོར་མི་རྒྱབ་པ་དང། དེའི་ཚབ་ངས་དེ་ཚོའི་སྟེང་ལྗང་ཚེར་དང་ཚེར་མས་བཀབ་འཇུག་རྒྱུ་ཡིན། ངས་སྤྲིན་པ་ཚོ་ལ་ཡང་དེར་ཆར་པ་འབབ་འཇུག་རྒྱུ་མིན། 7ཨིསི་རཱཨེལ་ནི་མཐུ་སྟབོས་ཅན་གྱི་གཙོ་བོ་དཀོན་མཆོག་གི་རྒུན་ཚལ་ཡིན། ཡ་ཧུ་དཱ་པའི་མི་མང་ནི་ཁོང་གིས་བཏབ་པའི་རྒུན་ཚལ་ཡིན། ཁོང་གིས་དེ་ཚོས་ལེགས་པའི་བྱ་བ་འབའ་ཞིག་བྱེད་པའི་རེ་བ་གནང་ན་ཡང། དེ་ཡི་ཚབ་ཏུ་དེ་ཚོས་མི་གསོད་བྱས། དེ་ཚོས་དྲང་པོ་ཇི་ཡིན་བྱེད་ཡོང་ཞེས་ཁོང་གིས་རེ་བ་གནང་ན་ཡང། དེ་ཚོའི་མནར་གཅོད་ནང་དུ་ཚུལ་མཁན་ཚོས་ཁྲིམས་དྲང་གི་ཆེད་དུ་སྨྲེ་ངག་འདོན་བཞིན་འདུག།

མི་ཡི་བགྱིས་པའི་ལས་ངན།

8ཁྱོད་ཚོ་འཇིགས་པ་ཡིན། ཁྱོད་ཚོར་ཡོད་པའི་ཐོག་ཏུ་ཁང་པ་དང་ས་ཞིང་ཕར་མ་མང་དུ་ཉོས་པས། མགྱོགས་པོར་ཚང་མར་སྡོད་ཡུལ་མེད་པར་འགྱུར་བ་དང་ཡུལ་དུ་ཁྱོད་ཚོ་གཅིག་པུ་གནས་པར་འགྱུར་རོ། 9ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་འདི་ལྟར་བཀའ་གནང་བ་ངས་ཐོས་བྱུང། ཁང་པ་ཆེན་པོ་དང་ལེགས་པོ་འདི་ཚོ་ཚང་མ་ཁང་སྟོང་གྱང་གོག་ཏུ་འགྱུར་རོ། 10རྒུན་ཚལ་ས་ཆ་ཧེག་ཀྲར་བཅུ་ནང་རྒུན་ཆང་ལི་ཀྲར་བརྒྱད་གཅིག་པོ་སྤྲད་ཡོང། ས་བོན་ལི་ཁྲར་ ༡༨༠ ཀྱིས་འབྲུ་ལི་ཀྲར་བཅོ་བརྒྱད་སྐྱེས་པར་འགྱུར་རོ། 11ཁྱོད་ཚོ་འཇིགས་པ་ཡིན། ཁྱོད་ཚོ་ཆང་རག་འཐུང་ཆེད་ཞོག་པ་སྔ་པོ་ལངས་བ་དང། ར་བཟི་ཆེད་མཚན་མོ་ཕྱི་པོ་བསྡད་དོ། 12ཁྱོད་ཚོའི་ཐུགས་སྤྲོར་ལག་རྔ་དང་པི་ཝང་དང་གླིང་བུ་དང་རྒུན་ཆང་བཅས་ཡོད་དོ། འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་མཛད་བཞིན་ཡོད་པ་ཁྱོད་ཚོས་རྟོགས་མི་ཐུབ་བོ། 13དེ་འདྲ་སོང་ཙང་ཁྱོད་ཚོ་བཙོན་དུ་འཁྲིད་པར་འགྱུར། ཁྱོད་ཚོའི་འགོ་འཛིན་ཚོ་ལྟོགས་ཤི་བརྒྱབ་པ་དང་སྐྱེ་བོ་ཕལ་པ་རྣམས་སྐོམ་ནས་འཆིའོ། 14འཆི་བའི་འཇིག་རྟེན་དེ་ཚོའི་ཆེད་ལྟོགས་པ་དང། དེས་ཁ་ཆེན་པོ་གདངས་ཡོད། དེས་ཡེ་རུ་ཤ་ལེམ་གྱི་མཐོ་རིམ་མི་སྣ་རྣམས་དང་མི་མང་སྐྱུ་མ་ཅ་ཅོ་ཅན་གྱི་ཚོགས་རྣམས་གྱུར་མིག་གཏོང་བར་འགྱུར་རོ། 15ཚང་མ་ཞབས་འདྲེན་བྱུང་ནས་མི་ང་རྒྱལ་ཅན་རྣམས་ཉམ་ཆུང་དུ་འགྱུར་རོ། 16འོན་ཀྱང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་ལས་དྲང་པོ་གནང་ནས་རང་གི་རླབས་ཆེན་སྟོན་གནང་བ་དང། ཁོང་གི་མི་མང་ལ་ཁྲིམས་ཞིབ་གནང་ནས་ཁོང་ནི་དམ་པ་ཡིན་པ་མངོན་པར་མཛད་དོ། 17གྲོང་ཁྱེར་གྱང་རོང་བྱུང་ནས་ལུག་གུས་རྩ་ཟ་བ་དང་ར་ཕྲུག་ལ་རྩ་ཁ་རྙེད་པར་འགྱུར་རོ། 18ཁྱོད་ཚོ་འཇིགས་པ་ཡིན། ཁྱོད་ཚོ་སྡིག་པ་ལས་ཁ་བྲལ་མི་ཐུབ་བོ། 19ཁྱོད་ཚོས་སྨྲས་པ། ང་ཚོས་མཐོང་བའི་ཆེད་གཙོ་བོ་དཀོན་མཆོག་གིས་ཇི་འདྲ་གནང་གི་ཡིན་གསུངས་པ་མགྱོགས་པོ་གནང་དུ་བཅུག་ཅིག ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པས་ཁོང་གི་འཆར་གཞི་ལྟར་གནང་དུ་འཇུག་ཅིག ཁོང་གི་ཐུགས་དགོངས་ལ་ཇི་ཡོད་ང་ཚོས་བལྟ་དགོས། 20ཁྱོད་ཚོ་འཇིགས་པ་ཡིན། ཁྱོད་ཚོས་ངན་པར་བཟང་པོ་དང། བཟང་པོར་ངན་པ་བརྗོད་ཀྱི་ཡོད། ཁྱོད་ཚོས་མུན་པ་འོད་དུ་འགྱུར་བ་དང་འོད་དེ་མུན་པར་འགྱུར་ཡོད། ཁྱོད་ཚོས་ཁ་ཏིག་མངར་མོ་བཟོ་བ་དང་མངར་མོ་ཁ་ཏིག་བཟོ་བཞིན་ཡོད་དོ། 21ཁྱོད་ཚོ་འཇིགས་པ་ཡིན་། ཁྱོད་ཚོའི་བསམ་བློར་ཁྱོད་ཚོ་ཤེས་རབ་ཅན་དང་ཧ་ཅང་གཅང་པོ་ཡིན་བསམ་གྱི་ཡོད་དོ། 22ཁྱོད་ཚོ་འཇིགས་པ་ཡིན། ཆང་འཐུང་བའི་ཕྱིར་དཔའ་བོ་དང། ཆང་བསྲེས་རྒྱུར་བློ་སྟོབས་ཆེན་པོ་དང་མི་འཇིགས་མཁན་དང། 23ལྐོག་རྔན་གྱི་ཆེད་དུ་ཁྱོད་ཚོས་ཉེས་ཅན་རང་དབང་ངང་འགྲོར་བཅུག་པ་དང། སྐྱོན་མེད་མི་ལ་ཁྲིམས་དྲང་སྤྲོད་རྒྱུར་བཀག་འགོག་བྱེད་དོ། 24དེ་འདྲ་སོང་ཙང་ད་སོག་མ་དང་རྩ་སྐམ་ནས་མེ་ལ་འབར་བ་བཞིན་ཁྱོད་ཚོའི་རྩ་བ་རུལ་བ་དང་མེ་ཏོག་ཤར་བ་རྣམས་སྐམ་ནས་རླུང་གིས་འཁྱེར་རོ། གང་ལ་ཟེར་ན། ཁྱོད་ཚོས་ང་ཚོར་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དམ་པའི་དཀོན་མཆོག་གིས་སློབ་སྟོན་གནང་བ་རྣམས་ལ་དང་ལེན་ཞུས་མེད་དོ། 25གཙོ་བོ་དཀོན་མཆོག་ཁོང་གིས་མི་མང་ལ་ཐུགས་ཁྲོས་ཡོད་པ་དང་དེ་དག་ལ་ཆད་པ་གཏོང་ཕྱིར་ཕྱག་བརྐྱངས་ཡོད་པས། རི་བོ་འགུལ་བ་དང་འཆི་བའི་རོ་རྣམས་གད་སྙིགས་བཞིན་རྒྱ་ལམ་དུ་དོར་བར་འགྱུར། ད་དུང་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོོ་མི་ཞི་བར་ཆད་པ་གཏོང་བར་ཁོང་གི་ཕྱག་བརྐྱངས་ཡོད་དོ། 26གཙོ་བོ་དཀོནམཆོག་གིས། ཐག་རིང་གི་མི་རིགས་རྣམས་འབོད་གནང་བའི་བརྡ་གཏོང་གནང་བ་དང། ཁོང་གི་དེ་ཚོ་ལ་ས་གཞི་མཐའ་ནས་ཡོང་དགོས་པའི་སི་བརྡ་གཏོང་གནང་བ་དང། འདིར་དེ་ཚོ་མགྱོགས་པོར་རྒྱུག་ནས་ཡོང་ངོ། 27དེ་ཚོ་སུ་ཡང་ཐང་མི་ཆད་ཅིང་མི་འགྱེལ་བ་དང། དེ་ཚོ་གཉིད་ཙོག་མི་བརྒྱབ་པ་དང་གཉིད་མི་ཉལ་བ་དང། སྐེ་རག་ལྷུག་ལྷུག་མི་ཆགས་པ་དང་ལྷམ་སྒྲོག་ཀྱང་མི་ཆད་དོ། 28དེ་ཚོའི་མདའི་རྩེ་པོ་དང་གཞུ་རྣམས་རྒྱབ་རྒྱུར་གྲ་སྒྲིགས་ཡོད་པ་དང། དེ་ཚོའི་རྟའི་རྨིག་པ་རྣམས་མེ་རྡོ་བཞིན་མཁྲེགས་པོ་དང་ཤིང་རྟ་འཁོར་ལོའི་འཁོར་ལོ་རྣམས་རླུང་འཚུབ་བཞིན་འཁོར་རོ། 29སེམས་ཅན་བསད་ནས་སུས་ཀྱང་དེ་ཚོ་ནས་ཕྱིར་འཕྲོག་མི་ཐུབ་པའི་ས་ཆ་དུ་འཁྱེར་བཞིན་པའི་སེང་གེ་རྣམས་ལྟར་དམག་མི་རྣམས་ནས་ངར་སྐད་འདོན་ནོ། 30ཉིན་དེ་སླེབས་སྐབས་སུ། དེ་ཚོས་ཨིསི་རཱཨེལ་གྱི་སྟེང་དུ་རྒྱ་མཚོའི་སྒྲ་སྐད་ཤུགས་ཆེན་པོ་ལྟར་ངར་སྐད་འདོན་ནོ། ཡུལ་འདིར་ལྟོས་དང་། མུན་པ་དང་དཀའ་སྡུག་གཅིག་པོ་ཡོད་དོ། མུན་པས་འོད་གྱུར་མིག་བཏང་ཡོད་དོ༎

ཡེ་ཤ་ཡཱ 6

གཙོ་བོ་དཀོན་མཆོག་གིས་ཡེ་ཤ་ཡཱ་ལ་ལུང་སྟོན་པ་བྱེད་དགོས་པའི་བཀའ་གནང་བ།

1རྒྱལ་པོ་ཨུ་ཛི་ཡཱ་གྲོངས་པའི་ལོ་དེ་ལ་གཙོ་བོ་དཀོན་མཆོག་བཞུགས་ཁྲི་མཐོ་པོ་སྨད་དུ་བྱུང་བའི་སྟེང་བཞུགས་ཡོད་པ་དང། ཁོང་གི་ན་བཟས་མཆོད་ཁང་ཆ་ཚང་ཁེངས་ཡོད་པ་ངས་མཇལ་བྱུང། 2ཁོང་གི་མཐའ་འཁོར་དུ་སེ་རཕེ་རྣམས་ལངས་ཡོད་པ་དང་དེ་ཚོ་རེ་རེར་ཤོག་པ་དྲུག་དྲུག་འདུག དེ་ཚོ་རེ་རེས་ཤོག་པ་གཉིས་ཀྱིས་རང་གི་གདོང་བཀབ་པ་དང་གཉིས་ཀྱིས་གཟུགས་བཀབ་པ་དང་གཞན་གཉིས་པོ་དེས་འཕུར་བཞིན་འདུག 3དེ་ཚོ་གཅིག་གིས་གཅིག་ལ་། དམ་པ་དམ་པ་དམ་པ་། ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་དམ་པ་ཡིན། ཁོང་གི་གཟི་བརྗིད་ཀྱིས་འཛམ་གླིང་ཡོངས་སུ་ཁྱབ་བོ་ཅེས་སྨྲ་བཞིན་འདུག་གོ། 4དེ་ཚོའི་སྐད་ཀྱི་སྒྲས་མཆོད་ཁང་གི་རྨང་གཞི་གཡོ་བ་དང་མཆོད་ཁང་དེ་ཉིད་དུ་བས་ཁེངས་པར་འགྱུར་རོ། 5ངས་སྨྲས་པ་ཡིན། ང་ལ་རེ་བ་གང་ཡང་མེད། ང་འཇིགས་ནས་ཡོད། གང་ལ་ཟེར་ན། ངའི་མཆུ་ལྟོ་ནས་ཐོན་པའི་ཚིག་རེ་རེ་བཞིན་སྡིག་ཅན་ཡིན་པ་དང་ང་མི་མང་སྡིག་ཅན་གྱི་ཚིག་རེ་རེ་ཤོད་མཁན་གྱི་ཁྲོད་དུ་བསྡད་ཡོད་དོ། ཡིན་ན་ཡང་ངའི་མིག་གིས་རྒྱལ་པོ་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཁོང་ལ་མཇལ་བྱུང་ངོ། 6དེ་ནས་སེ་རཕེ་གཅིག་གིས་སྐམ་པས་མཆོད་ཁྲིད་ནས་མེ་འབར་བཞིན་ཡོད་པའི་སོལ་ལ་འཁྱེར་ཡོང་ནས་ངའི་སར་འཕུར་ཡོང་ངོ། 7ཁོང་གིས་མེ་འབར་བཞིན་པའི་སོལ་ལ་དེ་ངའི་མཆུ་ལྟོར་རེག་ནས་སྨྲས་པ། འདིས་ཁྱོད་ཀྱི་མཆུ་ལྟོར་རེག་ཡོད་པ་དེས་ཁྱོད་ཀྱི་ཉེས་པ་སེལ་ཡོད། ཁྱོད་ཀྱི་སྡིག་པར་བཟོད་གསོལ་མཛད་ཡོད་ཅེས་གསུངས་བྱུང། 8དེ་ནས་དཀོན་མཆོག་གིས་ངས་སུ་མངགས་པར་བྱ། ང་ཚོའི་བང་ཆེན་སུས་བྱེད་ཅེས་བཀའ་གནང་བ་ངས་ཐོས་བྱུང། དེ་ནས་ངས་ང་འགྲོ་གི་ཡིན། ང་གཏོང་རོགས་གནང་ཞུས་པ་ཡིན། 9དེ་འདྲ་སོང་ཙང་ཁོང་གིས་ང་ལ་སོང་ནས་མི་ཚོར་འཕྲིན་འདི་ཤོད་ཅིག ཁྱོད་ཚོ་ཇི་ལྟར་ཉན་རུང་རྟོགས་མི་ཐུབ། ཁྱོད་ཚོས་ཇི་ལྟར་བལྟ་ཡང་གང་བྱུང་ཡོང་བ་ཤེས་མི་ཐུབ་ཅེས་བཀའ་གནང་བྱུང། 10དེ་ནས་ཁོང་གིས་ང་ལ་མི་རྣམས་ཀྱི་རིགས་པ་གླེན་པ་དང་དེ་ཚོའི་རྣ་བ་འོན་པ་དང་མིག་ལོང་བ་བཟོས་ཤིག དེ་མིན་དེ་ཚོས་མཐོང་བ་དང་ཐོས་པ་དང་རྟོགས་པ་དང་དེ་ཚོ་ངའི་ཕྱོགས་སུ་སྒྱུར་ནས་གསོ་བར་འགྱུར་ཞེས་བཀའ་གནང་བྱུང། 11ངས་གཙོ་བོ་ལ་དེ་ལྟར་དུས་ཡུན་ཇི་ཙམ་རིང་ཡོང་བར་འགྱུར་ཞེས་བཀའ་འདྲི་ཞུས་པ་ཡིན་པས། ཁོང་གིས་བཀའ་ལེན་དུ། གྲོང་ཁྱེར་རྣམས་གྱང་གོག་ཏུ་འགྱུར་ནས་སྟོངས་པར་མ་འགྱུར་བར་དང། ཁང་པའི་ནང་སྡོད་མི་མེད་པའི་བར་དང་ཡུལ་སྟོང་དུ་མ་འགྱུར་བར་དུ་དེ་ལྟར་བྱུང་ཡོང། 12ངས་མི་མང་རྣམས་ཐག་རིང་པོར་བཏང་ནས་ཡུལ་ཡོངས་སུ་སྟོང་པར་བཟོ་བར་འགྱུར། 13ཡུལ་དེར་མི་བཅུའི་ནང་ནས་གཅིག་གནས་པ་ཡིན་ན་ཁོ་ཡང་མེད་པར་འགྱུར། ཁོ་བེ་ཤིང་བཅད་པའི་མདུང་མ་བཞིན་དུ་འགྱུར་རོ། (མདུང་མ་དེས་དཀོན་མཆོག་གི་མི་མང་གི་མི་ཚེ་གསར་དུ་བཞད་པའི་མཚོན་རྟགས་ཡིན་ནོ།)

ཡེ་ཤ་ཡཱ 7

རྒྱལ་པོ་ཨ་ཧཛ་ལ་འཕྲིན་ཞིག།

1ཨུ་ཛི་ཡཱའི་ཚ་བོ་དང་ཡོ་ཐམ་གྱི་སྲས་ཨ་ཧཛས་ཡ་ཧུ་དཱར་རྒྱལ་སྲིད་སྐྱོངས་སྐབས་དམག་འཁྲུགས་ཤིག་ལངས་སོ། སི་རི་ཡའི་རྒྱལ་པོ་རེ་ཛིན་དང་ཨིསི་རཱཨེལ་པ་རེ་མལ་ཡཱའི་བུ་རྒྱལ་པོ་པེ་ཀཱས་ཡེ་རུ་ཤ་ལེམ་དུ་དམག་འཐབ་བྱས་ཀྱང། དེ་ཚོས་དེ་དབང་འཛིན་བྱེད་མ་ཐུབ་བོ། 2ཡ་ཧུ་དཱ་པའི་རྒྱལ་པོས་སི་རི་ཡའི་དམག་མི་ཨིསི་རཱཨེལ་གྱི་མངའ་ཁུལ་དུ་འབྱོར་ཡོད་པ་ཐོས་པ་དང། ཁོང་དང་ཁོང་གི་མི་མང་རྣམས་ཧ་ཅང་འཇིགས་པ་དང་དེ་ཚོ་ཤིང་སྡོང་རླུང་གིས་གཡོ་བ་ལྟར་འཇིགས་ཤིང་འདར་རོ། 3གཙོ་བོ་དཀོན་མཆོག་གིས་ཡེ་ཤ་ཡཱ་ལ། ཁྱོད་ཀྱི་བུ་ཤེར་ཡ་ཤུབ་འཁྲིད་ནས་རྒྱལ་པོ་ཨ་ཧཛ་མཇལ་དུ་རྒྱུགས་ཤིག ཁྱོད་ཀྱིས་ཁོང་ལ་དུག་ལོག་བཟོ་མཁན་གྱི་ལས་ཀ་བྱ་ཡུལ་ཐོད་ཀྱི་ཆུ་ཛིང་ནས་ཆུ་འཁྱེར་ཡོང་བའི་ཡུར་བའི་མཐའ་དེའི་ལམ་དུ་མཇལ་བར་འགྱུར་རོ། 4ཁོ་ལ་གཅང་པོ་བྱེད་དགོས་པ་དང། ལྷིང་བསྡད་ཀྱི་འཇིགས་སྣང་མེད་པ་དང་མ་ཀྲུག་པར་བསྡོད་ཅེས་སྨྲོས་ཤིག རྒྱལ་པོ་རེ་ཛིན་དང་ཁོའི་སི་རི་ཡ་པ་ཚོ་དང་རྒྱལ་པོ་པེ་ཀཱའི་ཁྲོ་བ་ནི་འབར་གྲབ་ཡོད་པའི་དབྱུགས་པ་གཉིས་ཀྱི་དུ་བའི་ཉེན་ཁ་ལས་ལྷག་པ་མེད་དོ། 5སི་རི་ཡས་ཨིསི་རཱ་ཨེལ་དང་དེ་ཚོའི་རྒྱལ་པོ་དང་མཉམ་དུ་གཡོ་བྱུས་བརྩམས་ཡོད་དོ། 6དེ་ཚོས་ཡ་ཧུ་དཱ་པར་བཙན་འཛུལ་བྱས་ནས་མི་མང་ལ་ཁོ་ཚོའི་ཕྱོགས་སུ་འཇུག་པའི་ཕྱིར་འཇིགས་སྣང་བསྐུལ་ཏེ་ཏ་བྷིལ་གྱི་བུ་རྒྱལ་ཁྲིར་བསྐོས་འདོད་ཡོད་དོ། 7འོན་ཀྱང་ང་གཙོ་བོ་དཀོན་མཆོག་གིས་དེ་ལྟར་ནམ་ཡང་བྱུང་འཇུག་རྒྱུ་མིན། 8ཅི་ཕྱིར་ཡིན་ནམ། གང་ལ་ཟེར་ན། སི་རི་ཡ་ནི་དེའི་རྒྱལ་སའི་གྲོང་ཁྱེར་དྷ་མསེ་ཀསེ་ལས་སྟོབས་ཆེ་བ་མེད་པ་དང། དྷ་མསེ་ཀསེ་རྒྱལ་པོ་རེ་ཛིན་ལས་སྟོབས་ཆེ་བ་མེད། ཨིསི་རཱཨེལ་དེ་བཞིན་ལོ་དྲུག་ཅུ་རེ་ལྔའི་ནང་རྒྱལ་ཁབ་གཅིག་ལ་གནས་རྒྱུར་ཧ་ཅང་དཀའ་བ་ཡོད་དོ། 9ཨིསི་རཱཨེལ་ནི་དེའི་རྒྱལ་ས་ས་མར་ཡ་ལས་སྟོབས་ཆེ་བ་མེད་པ་དང་ས་མར་ཡ་ནི་རྒྱལ་པོ་པེ་ཀཱ་ལས་ཤུགས་ཆེ་བ་མེད་དོ། ཁྱོད་ཀྱི་དད་པ་བརྟན་པོ་གནས་མ་ཐུབ་ན་ཁྱོད་ཀྱང་བརྟན་པོ་གནས་མི་ཐུབ་བོ༎

ཨིམ་མ་ནུ་ཨེལ་གྱི་རྟགས།

10གཙོ་བོ་དཀོན་མཆོག་གིས་ཨ་ཧཛ་ལ་འཕྲིན་གཞན་ཞིག་བཏང་བ་དེའི་ནང། 11འཆི་བའི་ཡུལ་གཏིང་རིང་ནམ་ཡང་ན་མཐོ་བའི་མཐོ་རིས་ནས་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་ལ་རྟགས་ཤིག་གནང་རོགས་ཞུས་ཤིག 12ཨ་ཧཛས་ལན་དུ། ངས་གཙོ་བོ་དཀོན་མཆོག་ལ་བརྟག་དཔྱད་བྱ་རྒྱུ་མིན་པས། ངས་ཁོང་ལ་རྟགས་ཤིག་གནང་རོགས་ཞུ་གི་མིན་ཞེས་སྨྲས་སོ། 13དེ་ལ་ཡེ་ཤ་ཡཱས། ད་རྒྱལ་པོ་དཱ་བིད་ཀྱི་རིགས་བརྒྱུད་ཁྱོད་ཚོ་ཉོན་ཞིག། མི་ལ་སྲུན་འཇུག་པར་བྱ་རྒྱུ་དེས་ལྡང་མ་སོང་ངམ། ད་ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་ལའང་སྲུན་འཇུག་པར་བྱའམ། 14དེ་བས་ན་གཙོ་བོ་ཁོང་རང་གྱིས་ཁྱོད་ལ་རྟགས་ཤིག་གནང་བར་བྱའོ། བུ་མོ་ན་ཆུང་མ་མངལ་དང་ལྡན་ནས་བུ་ཞིག་བསྐྱེས་བས་དེའི་མིང་ལ་ཨིམ་མ་ནུ་ཨེལ་ཞེས་གྲགས་པར་འགྱུར། 15རང་གི་བྱ་བའི་ཐག་ཅོད་རང་གི་བྱེད་ཐུབ་པའི་ལོ་ན་ལོོན་སྐབས་ཁོས་འོ་མ་དང་སྦྲང་རྩི་ཟ་བར་འགྱུར། 16དུས་དེའི་སྔོན་དུ་ཁྱོད་ཚོར་འཇིགས་སྣང་བསྐུལ་མཁན་རྒྱལ་པོ་གཉིས་པོའི་ཡུལ་སྟོངས་བར་བྱའོ། 17གཙོ་བོ་དཀོན་མཆོག་གིས་ཁྱེད་དང་ཁྱེད་ཀྱི་མི་མང་དང་རྒྱལ་པོའི་ཁྱིམ་ཚང་ཡོངས་ལ་སྡུག་བསྔལ་གྱི་ཉིན་རྣམས་འཁྱེར་ཡོང་བ་དང། དེ་ནི་ཨིསི་རཱཨེལ་དང་ཡ་ཧུ་དཱའི་རྒྱལ་ཁབ་སོ་སོར་ཁ་གྱེས་པའི་སྐབས་ནས་བཟུང་སྡུག་བསྔལ་དེ་ལས་ཆེ་བ་བྱུང་བར་འགྱུར། ཁོང་གིས་ཨ་སུར་གྱི་རྒྱལ་པོར་འཁྲིད་གནང་ངོ། 18དུས་ཚོད་དེ་སླེབས་སྐབས། གཙོ་བོ་དཀོན་མཆོག་གིས། ཨི་ཇིབ་པ་རྣམས་སྦྲང་བུ་རྣམས་ལྟར་ན་ཨེལ་གཙང་པོའི་ཡན་ལག་ཐག་རིང་ཤོས་ནས་ཡོང་བ་དང། ཨ་སུར་པ་རྣམས་རང་གི་ཡུལ་ནས་སྦྲང་ནོར་བུ་རྣམས་ལྟར་ཡོང་བའི་སི་བརྡ་གཏོང་གནང་བར་བྱའོ། 19དེ་ཚོ་ལུང་གཤོང་རྩུབ་པོ་ཁག་དང་བྲག་རིའི་བྲག་ཕུག་རྣམས་སུ་ཁྱུ་ཚོགས་སུ་སོང་བ་དང་དེ་ཚོ་ཚེར་མའི་སྔོ་ཚལ་དང་རྩ་ཁ་བཅས་པར་ཐམས་ཅད་ལ་ཁྱབ་བོ། 20དུས་ཚོད་དེ་སླེབས་སྐབས། གཙོ་བོས་གཙང་པོ་ཡུབ་རད་ཕ་རོལ་ནས་སྐྲ་བཞར་མཁན་ཞིག་གླས་རྒྱུ་ཡང་ན་ཨ་སུར་གྱི་རྒྱལ་པོ་ཆེན་པོ་འཁྲིད་ཡོང་རྒྱུ་ཡིན་པ་དང། ཁོ་པས་ཁྱེད་ཀྱི་ཨ་ར་དང་མགོའི་སྐྲ་དང་གཟུགས་པོའི་སྤུ་རྣམས་བཞར་བར་བྱའོ། 21དུས་ཚོད་དེ་སླེབས་སྐབས། ཞིང་པ་ཞིག་གིས་བ་ཕྱུགས་གཞོན་གཅིག་དང་ར་གཉིས་སྲུང་ཐུབ་པ་ཡིན་ན་ཡང། 22དེ་ཚོས་ཁོ་པར་འོ་མ་ཧ་ཅང་ཕོན་ཆེ་སྤྲད་པ་དེས་ཁོ་པའི་དགོས་མཁོ་ཚང་མ་སྒྲུབ་རྒྱུ་དང། ཡུལ་དུ་གསོན་པོར་ལྷག་པ་འགའ་ཤས་ཡོད་པ་དེ་ཚོས་འོ་མ་དང་སྦྲང་རྩི་ཟའོ། 23དུས་ཚོད་དེ་སླེབས་སྐབས། རྒུན་ཚལ་ལེགས་པོ་རྣམས་ཀྱི་རེར་རྒུན་ཤིང་ ༡,༠༠༠ དང་དེ་ཚོའི་རིན་དངུལ་ ༡,༠༠༠ གི་རིན་ཐང་ཡོད་པ་དེར་ཚེར་མའི་སྔོ་ཚལ་དང་ལྗང་ཚེར་བཅས་སྐྱེས་བར་འགྱུར་རོ། 24དེར་མི་རྣམས་མདའ་གཞུ་འཁྱེར་ནས་ཁྱི་ར་རྒྱབ་ཏུ་འགྲོའོ། ལུང་པ་ཐམས་ཅད་ཚེར་མའི་སྔོ་ཚལ་དང་ལྗང་ཚེར་བཅས་ཀྱི་ཁེངས་བར་འགྱུར་རོ། 25འབྲུ་རིགས་སྐྱེས་བའི་རི་ཚང་མར་ཚེར་མ་སྐྱེས་ནས་ཁེངས་ཡོད་སྟབས་དེར་སུ་ཡང་མི་འགྲོའོ། དེ་ནི་ཕྱུགས་ཟོག་དང་ལུག་རྣམས་འཚོ་ཡུལ་དུ་འགྱུར་རོ༎

ཡེ་ཤ་ཡཱ 8

ཡེ་ཤ་ཡཱའི་བུ་མི་མང་གི་ཆེད་དུ་རྟགས།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ཡི་གེ་བྲིས་པའི་ཕྱིར་ཤོག་གྲིལ་ཆེན་པོ་ཞིག་ལེན་ནས་དེའི་སྟེང་དུ་ཡིག་འབྲུ་ཆེན་པོས་མ་ཧེར་ཤ་ལལ་ཧཤེ་བྷཛ་ཞེས་བྲིས་ཤིག 2མི་བློས་འཁེལ་པོ་གཉིས་བླ་མ་ཨུ་རི་ཡཱ་དང་ཡེ་བེ་རེ་ཀི་ཡཱའི་བུ་ཛ་ཀར་ཡཱ་དཔང་པོ་བྱེད་པར་འཁྲིད་ཤོག་ཅེས་སོ། 3དུས་ཚོད་ཁ་ཤས་རྗེས་ལ། ངའི་ཆུང་མར་ཕྲུ་གུ་སྐྱེ་རྒྱུ་ཆགས་ནས། ང་ཚོའི་བུ་སྐྱེས་སྐབས་གཙོ་བོ་དཀོན་མཆོག་གིས་ང་ལ་ཁོའི་མིང་མ་ཧེར་ཤ་ལལ་ཧཤེ་བྷཛ་ཞེས་མིང་བཏགས་ཤིག་ཅེས་བཀའ་གནང་བྱུང། 4བུ་དེས་ཨ་མ་ལགས་དང་པ་ལགས་ཟེར་བའི་ལོ་ནར་མ་སླེབས་པའི་སྔོན་ལ་དྷ་མེས་ཀསེ་གི་རྒྱུ་ནོར་རྣམས་དང་ས་མར་ཡའི་བཅོམ་ནོར་རྣམས་ཨ་སུར་རྒྱལ་པོས་འཁྱེར་བར་འགྱུར༎

ཨ་སུར་གྱི་རྒྱལ་པོ་ཆེན་པོ་ཕེབས་པ།

5ཡང་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བྱུང། 6ཁོང་གིས་མི་མང་དེ་ཚོས་ཤི་ལོ་ཨའི་རྒྱུག་ཆུ་ཆུང་ཆུང་སྤངས་ནས་རྒྱལ་པོ་རེ་ཛིན་དང་རྒྱལ་པོ་པེ་ཀཱ་མཉམ་དུ་དགའ་སྤྲོ་བྱས་པས། 7ང་གཙོ་བོས། ཨ་སུར་གྱི་རྒྱལ་པོ་ཆེན་པོ་དང་ཁོང་གི་དཔུང་དམག་ཚོ་ཡ་ཧུ་དཱར་དམག་འདྲེན་པར་འཁྲིད་པར་བྱ། དེ་ཚོ་གཙང་པོ་ཡུབ་རད་ཆུ་ལོག་བཞིན་གཙང་པོའི་འགྲམ་གྱི་ས་ཁུལ་ཡོངས་ཀྱི་སྟེང་དུ་རྒྱུགས་པ་བཞིན་ཡོང་བར་བྱའོ། 8དེ་ཚོ་ཡ་ཧུ་དཱ་རྒྱུད་ཆུ་ལོག་ལྟར་རྒྱུགས་པ་དང་དཔུང་པ་བར་ཕེལ་ནས་ཚང་མ་བཀབ་པར་འགྱུར་རོ། གཙོ་བོ་དཀོན་མཆོག་ང་ཚོ་མཉམ་དུ་ཡོད། ཁོང་གི་འདབ་ཤོག་བརྐྱངས་པས་ཡུལ་སྐྱོབས་པར་མཛད་དོ། 9མི་རིགས་རྣམས་ཁྱོད་ཚོ་འཇིགས་ཏེ་རུབ་རུབ་བྱས་ནས། ས་གཞིའི་ཐག་རིང་ས་ཁུལ་རྣམས་ལེགས་པར་ཉོན་ཞིག་དམག་འཐབ་བྱ་རྒྱུར་གྲ་སྒྲིགས་བྱེད་ཅིག འོན་ཀྱང་འཇིགས་ཤིག། གྲ་སྒྲིགས་ལེགས་པར་བྱས་ནས་འཇིགས་པར་བྱོས་ཤིག 10ཁྱོད་རང་ཚོའི་འཆར་གཞི་བཟོས་ཤིག། འོན་ཀྱང་དེ་ཚོ་ལམ་ལྷོང་མི་ཡོང། ཁྱོད་ཚོས་འདོད་པ་ལྟར་གཏམ་གླེང་བྱའོ། འོན་ཀྱང་དེ་ཚོ་ལ་ཕན་ཐོགས་མེད། གང་ལ་ཟེར་ན། དཀོན་མཆོག་ང་ཚོ་མཉམ་དུ་ཡོད་དོ༎

གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པར་ཉེན་བརྡ་གནང་བ།

11མཐུ་སྟོབས་ཆེན་པོས་གཙོ་བོ་དཀོན་མཆོག་གིས། ང་ལ་མི་མང་ཚོས་འགྲོ་བའོ་ལམ་དུ་མི་འགྲོ་རྒྱུའི་ཉེན་བརྡ་གཏོང་གནང་བྱུང། 12ཁོང་གིས་ཁྱོད་རང་མི་མང་གི་འཆར་གཞིའི་ནང་མཉམ་བཞུགས་མ་བྱེད་ལ། ཁོ་ཚོས་འཇིགས་པ་བྱེད་པ་དེར་མ་འཇིགས་ཤིག། 13ང་གཙོ་བོ་དཀོན་མཆོག་མཐུ་སྟོབས་ལྡན་པ་དང་དམ་པ་ཡིན་པ་དེ་དྲན་ཞིག ང་ལ་ཁྱོད་འཇིགས་དགོས་སོ། 14ངའི་ངོ་མཚར་ཅན་གྱི་དམ་པའི་དབང་གིས་ང་ནི་མི་མང་གི་རྡབ་སའི་རྡོ་ལྟར་ཡིན། ཡ་ཧུ་དཱ་པ་དང་ཨིསི་རཱཨེལ་རྒྱལ་ཁབ་ཀྱི་མི་མང་དང་ཡེ་རུ་ཤ་ལེམ་གྱི་མི་མང་བཅས་ལ་བཟུང་ཕྱིར་ང་རྙི་ཞིག་ལྟར་ཡིན་ནོ། 15མང་པོ་བརྡབ་པ་དང་དེ་ཚོ་རིལ་ནས་བརྫིསི་བར་འགྱུར། དེ་ཚོ་རྙིའི་ནང་འཚུད་ནས་འཛིན་པར་འགྱུར་རོ༎

གཤིན་པོ་རྣམས་ལ་གྲོས་དྲིས་སྲོལ་ལ་ཉེན་བརྡ།

16དཀོན་མཆོག་གིས་ང་ལ་གནང་བའི་གསུང་འཕྲིན་རྣམས་ལ་ངའི་སློབ་མ་ཁྱེད་རྣམས་ཀྱིས་སྲུང་བ་དང་བདག་ཉར་བྱ་དགོས་སོ། 17གཙོ་བོ་དཀོན་མཆོག་ཁོང་རང་མི་མང་ནས་ཡིབ་གནང་ཡོད། འོན་ཀྱང་ངས་ཁོང་ལ་བློ་བཀལ་རྒྱུ་དང་ཁོང་ལ་རེ་བ་ཞུ་གི་ཡིན་ནོ། 18ང་ནི་འདི་རུ་གཙོ་བོ་དཀོན་མཆོག་གིས་ང་ལ་གནང་བའི་ཕྲུ་གུ་ཚོ་དང་མཉམ་དུ་ཡོད། རི་བོ་ཛི་ཡོན་དུ་ཁོང་གི་བཞུགས་ཁྲི་ཡོད་པའི་མཐུ་སྟོབ་ཅན་གྱི་གཙོ་བོ་དཀོན་མཆོག་གིས་ང་ཚོ་ཨིསི་རཱཨེལ་གྱི་མི་མང་ལ་གསོན་པོའི་གསུང་འཕྲིན་རྣམས་གནང་ཡོད་དོ། 19འོན་ཀྱང་མི་ཚོས་ཁྱོད་ཚོ་ལ་མངོན་ཤེས་ཤོད་མཁན་དང་ལྷ་པ་བཅས་པར་ལུང་བསྟན་ཞུ་བའི་འབོད་བསྐུལ་བྱེད་པ་དང་། དེ་ཚོས་ཅ་ཅོ་དང་མུ་ཅོ་སྨྲའོ། དེ་ཚོས་གསུང་འཕྲིན་རྣམ་ཤེས་ནས་དང་གསོན་པོའི་ཆེད་དུ་གཤིན་པོར་གྲོས་དྲིས་དགོས་ཤེས་སྨྲས་ཡོང། 20ཁྱོད་ཀྱི་དེ་ཚོ་ལ་འདི་ལྟར་ལེན་བརྒྱབ་ཤིག། གཙོ་བོ་དཀོན་མཆོག་གིས་སློབ་སྟོན་གནང་བར་ཁྱོད་ཀྱིས་ཉོན་ཞིག ལྷ་པས་ལབ་པར་མ་ཉོན་ཞིག། དེ་ཚོས་བཤད་པའི་གཏམ་གྱིས་ཁྱོད་ལ་དཀའ་ངལ་ནས་སྐྱབས་མི་ཡོང༎

དཀའ་ངལ་གྱི་དུས་སྐབས།

21མི་མང་རྣམས་ས་གནས་ཡོངས་སུ་སེམས་ཤུགས་ཆགས་ཤིང་ལྟོགས་ནས་འཁྱམ་ཞིང་འགྲོ་བ་དང། ལྟོགས་ནས་ཁོང་ཁྲོ་ལངས་པའི་སྐབས་སུ། དེ་ཚོས་རང་གི་རྒྱལ་པོ་དང་རང་གི་དཀོན་མཆོག་ལ་དམོད་དོ། དེ་ཚོའི་ཡར་ནམ་མཁར་བལྟ་བ་དང། 22ཡང་ན་ས་གཞིར་མིག་བལྟ་ན་ཡང་དེ་ཚོས་སྡུག་བསྔལ་དང་མུན་པ་དང་རང་ཉིད་ཛུལ་གྲབ་ཡོད་པའི་འཇིགས་སུ་རུང་བའི་མུན་པ་མ་གཏོག་གཞན་གང་ཡང་མཐོང་བར་མི་འགྱུར༎

ཡེ་ཤ་ཡཱ 9

1དེ་ཚོ་ལ་སྡུག་བསྔལ་གྱི་དུས་སུ་དེ་ནས་ཐར་བའི་ལམ་མེད་དོ༎

མ་འོངས་པའི་རྒྱལ་པོ།

ཛེ་བུ་ལུན་དང་ནབ་ཏ་ལིའི་སྡེ་རིགས་དེ་གཉིས་ཀྱི་ཡུལ་ཐེངས་གཅིག་དམའ་འབེབས་བྱུང་ན་ཡང། མ་འོངས་པར་མེ་ཌེ་ཊ་རེ་ནི་ཡན་གྱི་ས་ཁུལ་འདི་ལ་ཤར་ཕྱོགས་དང་ཡོར་དན་ཕར་ཕྱོགས་ཀྱི་ཡུལ་དང་ག་ལིལ་གྱི་ཕྱི་རྒྱལ་བ་སྡོད་ཡུལ་ས་ཁུལ་ནས་གུས་བཀུར་ཞུས་བར་འགྱུར་རོ། 2མུན་པའི་ནང་དུ་འགྲོ་མཁན་མི་མང་ཆོས། འོད་ཟེར་རླབས་ཆེན་ཞིག་མཐོང་ཡོད་དོ། དེ་ཚོ་གྲིབ་ནག་ཁུལ་དུ་བསྡད་ན་ཡང། ད་ལྟ་དེ་ཚོའི་སྟེང་དུ་འོད་འཚེར་རོ། 3གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དེ་ཚོར་དགའ་བ་ཆེན་པོ་གནང་ཡོད་དོ། ཁྱེད་ཀྱིས་དེ་ཚོར་བདེ་སྐྱིད་གནང་ཡོད་དོ། མི་མང་རང་གི་ལོ་ཏོག་བསྡུ་སྐབས་དང། ཡང་ན་བཅོམ་ནོར་བགོ་སྐབས་དགའ་ངོམ་བྱེད་པ་བཞིན། ཁྱེད་ཀྱིས་མཛད་པར་དེ་ཚོས་དགའ་ངོམ་བྱེད། 4གང་ལགས་ཟེར་ན་དེ་ཚོའི་དོད་པོའི་གཉའ་ཤིང་དང། དེ་ཚོའི་དཔུང་པ་བརྡུང་བྱེད་དབྱུག་པ་བཅས། ཁྱེད་ཀྱིས་བཅག་པར་མཛད་ཡོད་དོ། ཡུན་རིང་སྔོན་དུ་མིད་ཡན་དམག་མི་རྣམས། ཁྱེད་ཀྱིས་ཇི་ལྟར་ཕམས་པར་མཛད་པ་ལྟར། ཁྱེད་ཀྱི་མི་མང་རྣམས་ལ་མནར་བཅོད་དང། ལོག་པར་བེད་སྤྱོད་བྱ་མཁན་རྒྱལ་ཁབ་དེ། ཁྱེད་ཀྱིས་དེ་ཚོ་ཕམ་པར་མཛད་ཡོད་དོ། 5བཙན་འཛུལ་ཅན་གྱི་དམག་མིའི་ལྷམ་གོག་དང། དེ་ཚོའི་ཁྲག་གི་ཐིག་པའི་གྱོན་གོས་རྣམས་མེ་ཡིས་བསྲེག་ནས་མེད་པར་ཆགས་པར་འགྱུར། 6ང་ཚོའི་ཆེད་དུ་ཕྲུ་གུ་ཞིག་སྐྱེས་ཡོད་དོ། ང་ཚོ་ལ་བུ་ཞིག་གནང་ཡོད་པ་དང། ཁོང་གིས་ང་ཚོའི་སྟེང་དུ་རྒྱལ་སྲིད་སྐྱོངས་བར་འགྱུར། ཁོང་ལ་ངོ་མཚར་ཅན་གྱི་གྲོས་ཏོན་པ་དང་། སྟབོས་ལྡན་དཀོན་མཆོག་མཐའ་མེད་པ་ཡི་ཡབ། ཁོང་ལ་ཞི་བདེའི་རྒྱལ་སྲས་གྲགས་པར་འགྱུར། 7ཁོང་གི་སྐུ་དབང་གོང་དུ་འཕེལ་བར་འགྱུར། ཁོང་གི་རྒྱལ་སྲིད་རྟག་ཏུ་ཞི་བདེར་གནས། རྒྱལ་པོ་དཱ་བིད་ཀྱི་ནི་ཤུལ་འཛིན་བཞིན། ཁོང་གི་སྐུ་དབང་དྲང་པོ་དང་ཁྲིམས་དྲང་གཞིར་བཞག་གོ་། ད་ནས་བཟུང་སྟེ་དུས་ཀྱི་མཐའ་མའི་བར། ཁོང་གིས་སྲིད་ཚུལ་བཞིན་སྐྱོང་གནང་ངོ། ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས། དེ་ཚོ་ཡོང་བ་གནང་རྒྱུར་ཐག་བཅད་དོ༎

གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་ལ་ཆད་པ།

8གཙོ་བོས་ཨིསི་རཱཨེལ་གྱི་རྒྱལ་ཁབ་ཡ་ཀོབ་ཀྱི་རིགས་བརྒྱུད་ལ་ཁྲིམས་ཀྱི་དཔྱད་མཚམས་ཤིག་གསལ་སྒྲགས་གནང་ངོ། 9ཨིསི་རཱཨེལ་གྱི་མི་མང་ས་མར་ཡ་རུ་སྡོད་མཁན་ཚང་མས་ཁོང་གིས་དེ་ལྟར་མཛད་པ་ཤེས་པར་འགྱུར། ད་ལྟ་དེ་ཚོ་སྤོབས་པ་ཅན་དང་ང་རྒྱལ་ཅན་ཡིན་ནོ། 10དེ་ཚོས་ས་ཕག་གིས་བཟོས་པའི་ཁང་པ་བཞིག་ན་ཡང། ང་ཚོས་དེ་ཚོའི་ཚབ་ཏུ་རྡོ་རྩིག་གི་ཁང་པ་བཟོ་བར་བྱའོ། སེ་ཡབ་ཤིང་གི་མདུང་མ་བཅད་ན་ཡང་། ང་ཚོས་དེའི་ཚབ་ཏུ་ལེགས་པའི་འགྱམ་ཤིང་རྣམས་འཛོག་པར་བྱའོ་ཞེས་སྨྲས་སོ། 11གཙོ་བོ་དཀོན་མཆོག་གིས་དེ་ཚོའི་དགྲ་བོ་ཚོར་དེ་ཚོ་ལ་འཐབ་པར་བསྐུལ་མ་གནང་ངོ། 12ཤར་དུ་སི་རི་ཡ་དང་ནུབ་ཏུ་ཕེ་ལེ་ཤེད་བཅས་ནས་ཨིསི་རཱཨེལ་པ་ཚོ་ལ་ཟ་རྒྱུར་ཁ་གདངས་ཡོད། ད་དུང་ཡང་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་མ་ཞི་བས་ཉེས་ཆད་གཏོང་བར་ཁོང་གི་ཕྱག་བརྐྱངས་གནང་ཡོད་དོ། 13ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས། དེ་ཚོ་ལ་ཆད་པ་གཏོང་གནང་ཡོད་ན་ཡང་ཨིསི་རཱཨེལ་གྱི་མི་མང་རྣམས་ནས་འགྱོད་སེམས་བྱས་མེད་པ་དང་ཁོང་གིས་ཕྱོགས་སུ་ལོག་མེད་དོ། 14ཉིན་གཅིག་རང་ལ་གཙོ་བོ་དཀོན་མཆོག་གིས། ཨིསི་རཱཨེལ་གྱི་འགོ་འཛིན་ཚོ་དང་མི་མང་བཅས་པར་ཆད་པ་གཏོང་གནང་བ་དང། ཁོང་གིས་དེ་ཚོའི་མགོ་དང་འཇུག་མ་ཡང་བཅད་པར་གནང་ངོ། 15ལོ་ན་བགྲེས་པོ་དང་བསྐུར་འོས་པ་མི་ཚོ་ནི་མགོ་ཡིན་པ་དང་རྫུན་གྱི་སློབ་སྟོན་སླབ་མཁན་ལུང་སྟོན་པ་ཚོ་ནི་མཇུག་མ་ཡིན་ནོ། 16མི་འདི་ཚོ་ལ་སྣེ་ཁྲིད་བྱ་མཁན་ཚོས་བསླུ་ཁྲིད་བྱས་ནས་དེ་ཚོ་མགོ་བོ་རྨོངས་སུ་བཅུག་ཡོད་དོ། 17དེའི་ཕྱིར་གཙོ་བོ་དཀོན་མཆོག་གིས། མི་ན་གཞོན་སུ་ཞིག་ཀྱང་བྲོས་མི་འཇུག་པ་དང། ཁོང་གིས་ཡུག་མོ་དང་ད་ཕྲུག་ཚོ་ལ་ཡང་སྙིང་རྗེ་མི་སྟོན་ནོ། གང་ལ་ཟེར་ན། མི་མང་ཚང་མར་དཀོན་མཆོག་མེད་མཁན། སྤྱོད་ངན་བྱེད་མཁན་ཡིན་པ་དང། དེ་ཚོས་གང་སྨྲས་པ་རྣམས་ངན་པ་ཡིན་ཞིང། གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་བ་མ་ཞི་བར་ཁོང་གིས་ཆད་པ་གཏོང་གནང་རྒྱུར་ཕྱག་བརྐྱངས་ཡོད་དོ། 18མི་མང་གི་སྤྱོད་ངན་དེ་ཚེར་ཤིང་དང་སྦྱང་ཚེར་བསྲེག་པའི་མེ་ལྟར་འབར་རོ། དེ་ནི་ནགས་ཀྱི་མེ་འབར་ནས་དུ་བ་ཀ་མདུང་ཐོན་པའི་མེ་ལྟར་འབར་རོ༎ 19ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཐུགས་ཁྲོ་ཡོད་སྟབས་ཁོང་གི་ཉེས་ཆད་དེ་ནི་ཡུལ་ཡོངས་སུ་མེ་ལྟར་འབར་ནས་མི་མང་རྣམས་མེད་པར་མཛད་གནང་པ་དང། ཚང་མས་གཅིག་གི་གཅིག་ལ་ངོ་རྒོལ་བྱེད་པར་འགྱུར། 20ལུང་པ་ཚང་མའི་ནང་མི་མང་གིས་རྙེད་པའི་ཁ་ཟས་དུམ་བུ་ཇི་ཡོད་འཕྲོག་ནས་ཟ་ན་ཡང་དེ་ཚོའི་བཀྲེས་སྐོམ་རྩ་བ་ནས་སེལ་མི་ཐུབ། དེ་ཚོས་རང་གི་ཕྲུ་གུ་ཀྱང་ཟ་བར་བྱའོ། 21མ་ནསེ་སཱེ་དང་ཨེཕ་ར་ཡིམ་གྱི་མི་མང་རྣམས་གཅིག་གིས་གཅིག་ལ་འཐབ་པར་བྱ་བ་དང། དེ་ཚོ་མཐུན་མོང་གིས་ཡ་ཧུ་དཱ་པར་འཐབ་བོ། ད་དུང་ཡང་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་མ་ཞི་བས་ཉེས་ཆད་གཏོང་བར་ཁོང་གི་ཕྱག་བརྐྱངས་གནང་ཡོད་དོ༎

ཡེ་ཤ་ཡཱ 10

1ཁྱོད་ཚོ་འཛིགས་ཡོད། ཁྱོད་ཚོས་ངའི་མི་མང་ལ་མནར་གཅོད་བྱེད་པའི་ཆེད་དྲང་མིན་པའི་ཁྲིམས་རྣམས་བཟོས་ཡོད་དོ། 2དེ་ལྟར་ཁྱོད་ཚོས་དབུལ་པོ་རྣམས་ཀྱི་ཐོབ་ཐང་དང་དེ་ཚོ་ལ་དྲང་བདེན་ཡོང་བར་བཀག་འགོག་བྱེད་ཀྱི་ཡོད་པ་དང། དེ་ལྟར་ཁྱོད་ཚོས་ཡུག་མོ་དང་ད་ཕྲུག་ཚོར་བདག་པའི་རྒྱུ་དངོས་སོགས་ལེན་གྱི་ཡོད་དོ། 3ཁྱོད་ཚོར་གཙོ་བོ་དཀོན་མཆོག་གིས་ཉེས་ཆད་གཏོང་གནང་སྐབས་ཁྱོད་ཚོས་ཅི་བྱེད་དམ། ཁོང་གིས་ཐག་རིང་ཡུལ་ནས་ཁྱོད་ཚོའི་ཐོག་ཏུ་རྐྱེན་ངན་འབེབས་གནང་ན་ཁྱོད་ཚོ་ཅི་བྱེད་དམ། ཁྱོད་ཚོ་སྐྱབས་རོགས་ཞུ་བར་གང་དུ་བྲོས་སམ། ཁྱོད་ཚོའི་རྒྱུ་ནོར་རྣམས་གང་དུ་སྦས་ཀྱི་ཡིན་ནམ། 4ཁྱོད་ཚོ་གཡུལ་དུ་གསོད་པ་དང་ཡང་ན་བཙོན་དུ་འཁྲིད་པར་བྱ། ད་དུང་ཡང་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་མ་ཞི་བས་ཉེས་ཆད་གཏོང་བར་ཁོང་གི་ཕྱག་བརྐྱངས་གནང་ཡོད་དོ༎

ཨ་སུར་གྱི་རྒྱལ་པོ་ཆེན་པོ་དཀོན་མཆོག་གི་ཡོ་བྱད།

5གཙོ་བོ་དཀོན་མཆོག་གིས། ཀྱེ་ཨ་སུར། ངས་སུ་ལ་ཁྲོ་བ་ཚོར་ཉེས་ཆད་གཏོང་བའི་ཆེད་ཨ་སུར་ལ་དབྱུག་པ་བཞིན་དུ་བེད་སྤྱོད་བྱ་བཞིན་ཡོད། 6ང་ལ་ཁོང་ཁྲོ་སློང་མཁན་དཀོན་མཆོག་མེད་པའི་མི་རིགས་རྣམས་ལ་འཐབ་པའི་ཆེད་དུ་ངས་ཨ་སུར་ལ་གཏོང་ཡོད། ལམ་དུ་དུལ་ལྟར་མི་ཚོར་རྡོག་བརྫིས་གཏོང་བ་དང་འཕྲོག་བཅོམ་བྱེད་པར་ངས་དེ་ཚོར་གཏོང་བ་ཡིན་ཞེས་བཀའ་གནང་ངོ། 7འོན་ཀྱང་ཨ་སུར་པ་རྒྱལ་པོ་ཆེན་པོའི་རང་གི་ཐུགས་ལ་འཆར་གཞི་དྲག་པོ་ཁག་ཡོད་པ་དང། ཁོང་གིས་མི་རིགས་མང་པོ་མེད་པར་བཟོ་རྒྱུའི་ཐག་གཅོད་བྱེད་ཡོད་དོ། 8ཁོས་གཏམ་འདོད་བྱེད་བཞིན་སྨྲས་པ། ངའི་དམག་སྤྱི་རེ་རེ་རྒྱལ་པོ་ཡིན། 9ངས་ཀཱལ་ནོ་དང་ཀར་ཀེ་མིཤའི་གྲོང་ཁྱེར་རྣམས་དང་ཧ་མད་དང་ཨར་པད་ཀྱི་གྲོང་ཁྱེར་རྣམས་དབང་དུ་བསྡུས་པ་ཡིན། ངས་ས་མར་ཡ་དང་དྷ་མསེ་ཀསེ་ཡང་དབང་དུ་བསྡུས་པ་ཡིན་ནོ། 10ཡེ་རུ་ཤ་ལེམ་དང་ས་མར་ཡ་ལས་སྐུ་འདྲ་ཧ་ཅང་མང་བ་ཡོད་མཁན་དང་སྐུ་འདྲར་མཆོད་མཁན་རྒྱལ་ཁབ་ལ་ཆད་པ་གཏོང་རྒྱུར་ལག་པ་བརྐྱངས་ཡོད་དོ། 11ས་མར་ཡ་དང་དེའི་སྐུ་འདྲ་ཚང་མ་མེད་པར་བཟོས་པ་ལྟར། ངས་ཡེ་རུ་ཤ་ལེམ་དུ་མཆོད་པའི་འདྲ་སྐུ་རྣམས་ལ་ཡང་དེ་ལྟར་བྱ་རྒྱུ་ཡིན་ཞེས་བཀའ་གནང་ངོ། 12འོན་ཀྱང་གཙོ་བོས། ངས་རི་བོ་ཛི་ཡོན་དང་ཡེ་རུ་ཤ་ལེམ་དུ་ཇི་ལྟར་བྱེད་བཞིན་པའི་རྗེས་སུ། ཨ་སུར་གྱི་རྒྱལ་པོ་ཆེན་པོའི་རང་བསྟོད་དང་ང་རྒྱལ་ལ་བརྟེན་ནས་ཁོ་ལ་ཆད་པ་གཏོང་རྒྱུ་ཡིན་ཞེས་བཀའ་གནང་ངོ། 13ཨ་སུར་གྱི་རྒྱལ་པོ་ཆེན་པོས་ངས་དེ་ཚོ་ཚང་མ་རང་ཉིད་ནས་བྱས་པ་ཡིན་ནོ། གང་ལ་ཟེར་ན། ང་སྟོབས་ཤུགས་ཆེན་པོ་དང་ཤེས་རབ་ཅན་དང་གཅང་པོ་བཅས་ཡིན། ངས་མི་མང་དབར་གྱི་ས་མཚམས་མེད་པར་བཟོས་པ་དང། དེ་ཚོས་བསགས་པའི་རྒྱུ་ནོར་རྣམས་བླངས་བ་ཡིན། ངས་བ་གླང་བཞིན་དེར་གནས་པའི་མི་མང་ལ་རྡོག་བརྫིས་བཏང་བ་ཡིན་ནོ། 14འཛམ་གླིང་གི་མི་རིགས་རྣམས་བྱིའུ་འི་ཚང་ལྟ་བུ་ཡིན་པ་དང། ངས་དེ་ཚོའི་རྒྱུ་ནོར་རྣམས་སྒོ་ང་བསྡུ་བ་ལྟར་ལས་སླ་པོ་བསྡུས་པ་ཡིན། ང་ལ་ཞེད་སྣང་བསྐུལ་བར་དེ་ཚོའི་ཤོག་པ་ཙམ་ཡང་ཀྲབ་ཀྲབ་བྱས་མེད་པ་དང་སྐད་རྒྱབ་པར་མཆུ་ལྟོ་ཡང་མ་ཕྱེས་སོ་ཅེས་རང་བསྟོད་བྱས་སོ། 15འོན་ཀྱང་གཙོ་བོ་དཀོན་མཆོག་གིས། སྟ་རེ་ཞིག་ལ་བེད་སྤྱོད་བྱ་མཁན་མི་དེ་ལས་སྟ་རེ་དེ་སྟོབས་ཆེ་བ་ཡོད་ཅེས་བརྗོད་ཐུབ་བམ། སོག་ལེ་ཞིག་ལ་བེད་སྤྱོད་བྱ་མཁན་མི་ཞིག་ལས་སོག་ལེ་གལ་ཆེ་བ་ཡོད་དམ། དབྱུག་པ་ཞིག་གིས་མི་ཡར་བཏེགས་པ་མ་ཡིན་ཞིང་མིས་དབྱུག་པ་ཡར་བཏེགས་པ་ཡིན་ཞེས་བཀའ་གནང་ངོ། 16ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས། ཟ་བཏུང་ལེགས་པོ་ཡོད་མཁན་ཚོར་ནད་གཞི་བཏང་ནས་ཉེས་ཆད་གཏོང་གནང་བ་དང། དེ་ཚོའི་ལུས་ལ་མེ་ཞིག་ཡང་ཡང་འབར་བར་འགྱུར་རོ། 17ཨིསི་རཱཨེལ་གྱི་འོད་དཀོན་མཆོག་ནི་མེ་རུ་འགྱུར་བ་དང། ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པ་དེས་མེ་ལྕེར་འགྱུར་བ་དང། ཉི་མ་གཅིག་རང་ལ་ཚེར་མ་དང་སྦྱང་ཚེར་བཅས་ཚང་མ་བསྲེགས་པར་འགྱུར། 18ནད་ཚབ་ཆེ་བའི་མི་མེད་པར་བཟོ་བ་ལྟར་ཤིང་ནགས་རྣམས་དང་སྐྱེ་མོས་ཚལ་ལེགས་པོ་རྣམས་ཡོད་པ་རྣམས་ཆ་ཚང་མེད་པར་བཟོ་བར་འགྱུར་རོ། 19ཤིང་སྡོང་དེ་ལྟ་བུ་ཉུང་དུ་ཕྱིན་པའི་རྐྱེན་ལྷག་ལུས་རྣམས་ཕྲུ་གུ་ཞིག་གིས་ཀྱང་གྲངས་ཀ་རྒྱབ་ཐུབ་བོ༎

མི་འགའ་ཤས་ཕྱིར་ལོག་པ།

20ཨིསི་རཱཨེལ་གྱི་མི་མང་གསོན་པོར་གནས་མཁན་ཚོས་དེ་ཚོ་ཧ་ལམ་རྩ་མེད་བཟོ་མཁན་གྱི་མི་རིགས་ལ་བློས་མི་འཁེལ་བའི་དུས་ཤིག་ཡོང་ངོ། དེ་ཚོས་ཏན་ཏན་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པར་ཡིད་ཆེས་བྱེད་པར་འགྱུར། 21ཨིསི་རཱཨེལ་གྱི་མི་མང་འགའ་ཤས་ཀུན་དབང་དཀོན་མཆོག་གི་དྲུང་དུ་ཕྱིར་ལོག་པར་བྱའོ། 22ཨིསི་རཱཨེལ་གྱི་མི་མང་རྣམས་རྒྱ་མཚོའི་ཁར་བྱེ་མ་ལྟར་ཧ་ཅང་མང་པོ་ཡོད་ན་ཡང། དེ་ཚོའི་ནང་ནས་གྲངས་ཉུང་ཉུང་ཞིག་ཕྱིར་ལོག་བྱའོ། མི་མང་འཇིགས་པར་བྱ་རྒྱུ་གྲ་སྒྲིགས་ཡོད་པ་དེ་ཏན་ཏན་འོས་པ་ཡིན་ནོ། 23སྐུ་དབང་ཅན་གྱི་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཡུལ་གྲུ་ཡོངས་སུ་ཇི་ལྟར་བཀའ་གནང་བ་ལྟར་འཇིགས་པ་འཁྱེར་ཡོང་བར་འགྱུར༎

གཙོ་བོ་དཀོན་མཆོག་གིས་ཨ་སུར་ལ་ཆད་པ།

24སྐུ་དབང་ཅན་གྱི་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཛི་ཡོན་དུ་སྡོད་པའི་ཁོང་གིས་མི་མང་རྣམས་ལ་སྔར་ཨི་ཇིབ་པ་ཚོས་བྱས་པ་ལྟར་ཨ་སུར་པ་ཚོས་མནར་གཅོད་བཏང་ན་ཡང་ཁྱོད་ཚོ་མ་འཇིགས་ཤིག 25ངས་ཁྱོད་ཚོར་ཉེས་ཆད་གཏོང་ཟིན་པའི་དུས་ཡུན་ཐུང་ངུའི་རྗེས་སུ་དེ་ཚོ་མེད་པར་བཟོ་རྒྱུ་ཡིན། 26ང་སྐུ་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་ཨོ་རེབ་ཀྱི་བྲག་རིར་མིད་ཡན་པའི་མི་མང་རྣམས་ལ་བརྡུང་བ་ལྟར་ངས་དེ་ཚོ་ལ་ཡང་ངའི་རྟ་ལྕག་གིས་བརྡུང་རྒྱུ་ཡིན། ངས་ཨི་ཇིབ་ལ་ཉེས་ཆད་བཏང་བ་ལྟར་ཨ་སུར་ལ་ཡང་ཉེས་ཆད་གཏོང་རྒྱུ་ཡིན་ནོ། 27དུ་ཚོད་དེ་སླེབས་སྐབས་སུ། ངས་ཁྱོད་ཚོ་ལ་ཨ་སུར་གྱི་དབང་འོག་ནས་གློད་བཀྲོལ་གཏོང་རྒྱུ་ཡིན། དེ་ཚོའི་གཉའ་ཤིང་གིས་ཁྱོད་ཚོའི་དཔུང་པའི་སྟེང་དུ་དོད་པོར་ནམ་ཡང་མི་འགྱུར་ཞེས་བཀའ་གནང་ངོ༎

བཙན་འཛུལ་བས་དམག་འཐབ་པ།

28དགྲ་བོའི་དམག་དཔུང་གིས་ཨེ་གྲོང་ཁྱེར་དབང་བཟུང་བྱས་སོ། དེ་ཚོས་མིག་རོན་བརྒྱུད་ནས་ཐོན་ནོ། དེ་ཚོའི་མཁོ་ཆས་རྣམས་མིག་མཤ་རུ་བཞག་གོ 29དེ་ཚོས་ལ་རྒྱབ་པ་དང་མཚན་མོར་གྷེ་བཱ་རུ་ཞག་སྡོད་བྱས་སོ། ར་མཱའི་གྲོང་ཁྱེར་གི་མི་མང་རྣམས་ཤིན་ཏུ་འཇིགས་པ་དང་རྒྱལ་པོ་ས་ཨུལ་གྱི་གྲོང་ཁྱེར་གྷི་བི་ཡེའི་མི་མང་རྣམས་བྲོས་སོ། 30གྷལ་ལིམ་གྱི་མི་མང་ཚོ་སྐད་རྒྱོབ་ཅིག། ལའི་ཤའི་མི་མང་རྣམས་ཉོན་ཞིག། ཨ་ན་ཐོད་ཀྱི་མི་མང་ཚོ་ལན་རྒྱོབ་ཅིག། 31མད་མེ་ནཱའི་མི་མང་དང་གྷེ་བྷིམ་གྱི་མི་མང་རྣམས་རང་གི་སྲོག་གི་ཕྱིར་བྲོས་བཞིན་འདུག་གོ 32དེ་རིང་དགྲ་བོ་རྣམས་ནོབ་ཀྱི་གྲོང་ཁྱེར་དུ་ཡོད་པ་དང་དེ་དག་གྲོང་ཁྱེར་ཡེ་རུ་ཤ་ལེམ་དུ་རི་བོ་ཛི་ཡོན་ལ་མུར་མཛོག་བསྟན་བཞིན་འདུག་གོ 33ཤིང་སྡོང་ནས་ཡལ་ག་གཅོད་ནས་ཤུགས་ཀྱི་མར་ཟག་པ་ལྟར་དཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ཡང་དེ་ལྟར་བྱ་རྒྱུ་ཡིན། ང་རྒྱལ་ཆེ་ཤོས་དང་གོ་གནས་མཐོ་པོ་རྣམས་མར་ཕབ་ནས་དམའ་འབེབས་མཛད་དོ། 34ཤིང་ནགས་ཀྱི་དཀྱིལ་དུ་ཤིང་སྡོང་སྟ་རེ་གཅོད་པ་ལྟར་དུ། ལེ་བ་ནོན་གྱི་ཤིང་ལེགས་ཤོས་རྣམས་གཅོད་པ་ལྟར་དུ་གཙོ་བོ་དཀོན་མཆོག་གིས་དེ་ཚོ་གཅོད་པར་མཛད་པར་འགྱུར་རོ༎

ཡེ་ཤ་ཡཱ 11

ཞི་བའི་རྒྱལ་ཁབ།

1དཱ་བིད་ཀྱི་རྒྱལ་བརྒྱུད་ནི་བཅད་པའི་ཤིང་དང་འདྲའོ། འོན་ཀྱང་སྡོང་དུམ་ནས་ཡལ་ག་གསར་པ་རྣམས་རྒྱས་པ་ལྟར་དཱ་བིད་ཀྱི་རིགས་བརྒྱུད་ནས་རྒྱལ་པོ་གསར་པ་ཞིག་ཡོང་བར་འགྱུར་རོ། 2གཙོ་བོ་དཀོན་མཆོག་ཁོང་གི་ཐུགས་ཉིད་ཀྱིས། མི་མང་ཐོག་ཏུ་རྒྱལ་སྲིད་སྐྱོང་བའི་ཕྱིར། ཁོང་ལ་ཤེས་རབ་དང་ཡོན་ཏན་དང་རིགས་རྩལ་བཅས་གནང་བར་འགྱུར། གཙོ་བོ་དཀོན་མཆོག་ཁོང་གི་ཐུགས་དགོངས་ཁག། ཁོང་གིས་མཁྱེན་ནས་ཁོང་ལ་གུས་བཀུར་ཞུས་པ་དང། 3ཁོང་གི་བཀའ་རྣམས་སྲུང་རྒྱུར་དགའ་བ་ཐོབ། ཁོང་གིས་སྣང་འཆར་དང་དཀྲོག་གཏམ་ཁག་ཐོས་ནས། ཁྲིམས་ཀྱི་དཔྱད་མཚམས་གཏོང་བར་མི་མཛད་དོ། 4དབུལ་པོར་ཁྲིམས་དྲང་ཐོག་ནས་དཔྱད་མཚམས་གཏོང། མགོན་མེད་རྣམས་ཀྱི་ཐོབ་ཐང་སྲུང་བར་མཛད། ཁོང་གི་བཀའ་རྣམས་ཐོས་ནས་མི་ཚོར་ཉེས་ཆད་གནང། མི་ངན་རྣམས་ནི་འཆི་བར་འགྱུར། 5ཁོང་གི་རང་གི་མི་མང་ཡོངས་ཀྱི་ཐོག། དྲང་བདེན་གཅིག་སྒྲིལ་ཐོག་ནས་རྒྱལ་སྲིད་སྐྱོངས༎ 6སྤྱང་ཀི་དང་ནི་ལུག་རྣམས་ལྷན་དུ་གནས། གཟིག་ནི་ན་གཞོན་ར་རྣམས་མཉམ་དུ་ཉལ། བེའུ་དང་ནི་སེང་ཕྲུག་མཉམ་ཟ་བྱས་། ཕྲུ་གུ་ཆུང་ངུས་དེ་ཚོར་བལྟ་རྟོགས་བྱེད། 7བ་དང་དོམ་རྣམས་མཉམ་དུ་ཟ་བར་བྱེད། དེ་ཚོའི་བེའུ་རྣམས་དང་དོམ་ཕྲུག་རྣམས། ཞི་བདེའི་ངང་དུ་མཉམ་དུ་ཉལ་བར་བྱེད། སེང་གེ་བ་གླང་བཞིན་དུ་རྩ་ཟའོ། 8དུག་སྦྲུལ་ཉེས་འགྲམ་རྩེད་མོ་རྩེར་ཡོང་བའི། བྱིས་པ་ཆུང་ངུ་ལ་ཡང་གནོད་མི་བྱེད། 9དཀོན་མཆོག་གི་དམ་པའི་རི་བོ་ཛི་ཡོན་ལ། གནོད་འཚེ་ཅན་དང་ངན་པ་གང་ཡང་མེད་པར་འགྱུར། རྒྱ་མཚོ་ཆུས་གང་བ་ལྟར། ཡུལ་ནི་གཙོ་བོ་དཀོན་མཆོག་ཁོང་གི་ཡོན་ཏན་གྱིས་ཁེངས་བར་འགྱུར།

བཙན་བྱོལ་དུ་འཁྲིད་པའི་མི་མང་ཕྱིར་ལོག་པ།

10དཱ་བིད་ཀྱི་རྒྱལ་བརྒྱུད་ནས་རྒྱལ་པོ་གསར་པ་ཞིག་མི་རིགས་རྣམས་ཀྱི་ཆེད་དུ་རྟགས་ཞིག་བྱུང་བའི་དུས་ཤིག་ཡོང་བཞིན་ཡོད། དེ་ཚོ་རྒྱལ་པོའི་གྲོང་ཁྱེར་དུ་བསྡུས་ནས་ཁོང་ལ་ཆེ་མཐོང་ཞུའོ། 11ཉིན་དེ་སླེབས་སྐབས་གཙོ་བོས། ཡང་སྐྱར་ཁོང་གི་མཐུ་སྟོབས་བེད་སྤྱོད་གནང་ནས་ཁོང་གི་མི་མང་ཨ་སུར་དང། ཨི་ཇིབ་དང། པ་ཐོ་རོསེ་དང། ཨི་ཐི་ཨོ་པི་ཡ་དང། ཨེ་ལམ་དང། བྷེ་བྷི་ལོ་ནི་ཡ་དང། ཧ་མད་དང། རྒྱ་མཚོའི་མཐའ་མཚམས་དང། རྒྱ་མཚོའི་གླིང་ཕྲན་ཁག་བཅས་པར་ལྷག་ལུས་པ་རྣམས་རང་ཡུལ་དུ་ཕྱིར་ལོག་གནང་བར་འགྱུར། 12གཙོ་བོ་དཀོན་མཆོག་གིས། ཁ་འཐོར་བའི་ཨིསི་རཱཨེལ་པ་དང་ཡ་ཧུ་དཱ་པའི་མི་མང་རྣམས་ས་གཞིའི་ཕྱོགས་བཞི་ནས་བསྡུས་ནས་ཕྱིར་ལོག་འཁྲིད་ཡོང་རྒྱུ་མི་རིགས་ཁག་ལ་བསྟེན་པའི་ཆེད་དུ་དར་ཆེན་ཞིག་བསྒྲེངས་གནང་བར་འགྱུར། 13དེ་ནས་བཟུང་སྟེ་ཨིསི་རཱཨེལ་གྱི་རྒྱལ་ཁབ་ཀྱིས་ཡ་ཧུ་དཱ་པར་ཕྲག་དོག་མི་བྱེད་པ་དང། ཡ་ཧུ་དཱ་པ་ཨིསི་རཱཨེལ་གྱི་དགྲ་བོར་བྱེད་པར་མི་འགྱུར་རོ། 14དེ་ཚོ་མཉམ་དུ་ཕེ་ལེ་ཤད་པར་ནུབ་ཕྱོགས་ནས་འཐབ་པ་མ་ཟད་ཤར་དུ་སྡོད་པའི་མི་མང་རྣམས་བཅོམ་མོ། དེ་ཚོས་ཨེ་དྷོམ་དང་མོ་ཨབ་ཀྱི་མི་མང་ལ་དབང་བསྒྱུར་བྱེད་པ་དང། ཨམ་མོན་གྱི་མི་མང་ནས་དེ་ཚོའི་བཀའ་ལ་ཉ་ནོ། 15གཙོ་བོ་དཀོན་མཆོག་གིས། ཨི་ཇིབ་ཀྱི་རྒྱ་མཚོའི་ཆ་ཤས་ཤིག་སྐམ་པར་མཛད་པ་དང། ཁོང་གིས་ཡུབ་རད་གཙང་པོ་ཡང་སྐམ་པ་གནང་རྒྱུར་རླུང་ཚ་པོ་རྒྱབ་བཅུག་ནས། དེ་ལ་ཆུ་མིག་ཆུང་ཆུང་བདུན་དུ་བགོས་ཡོང། མི་སུ་ཡང་དེ་རྒལ་ནས་བསྐྱོད་ཐུབ་ཡོང། 16དེ་ཚོའི་ཕ་མེས་ཚོ་ཨི་ཇིབ་ཡུལ་བཞག་ནས་ཡོང་སྐབས་བྱུང་བ་ལྟར། ཨིསི་རཱཨེལ་གྱི་མི་མང་ལྷག་པ་ཚོའི་ཆེད་དུ་ཨ་སུར་ནས་འཐོན་སའི་རྒྱ་ལམ་ཞིག་བྱུང་བར་འགྱུར་རོ༎

ཡེ་ཤ་ཡཱ 12

ཐུགས་རྗེའི་མགུར་མ།

1མི་མང་མགུར་མ་ལེན་པའི་དུས་ཤིག་ཡོང། ང་ཡིས་གཙོ་བོ་དཀོན་མཆོག་ཁྱེད་ལ་བསྟོད། ཁྱེད་ཀྱི་ཐུགས་དགོངས་ང་ལ་ཁྲོ་ཡོད། ཁྱེད་ཀྱི་ཐུགས་ཁྲོ་ཞི་བར་འགྱུར་བས་ན། ད་ཆ་ཁྱེད་ཀྱི་ང་ལ་སེམས་གསོ་གནང། 2དཀོན་མཆོག་ང་ཡི་སྐྱབས་མགོན་ཡིན། ང་ནི་ཁོང་ལ་བློས་འགེལ་མི་འཇིགས་སོ། གཙོ་བོ་དཀོན་མཆོག་མཐུ་དང་ནུས་པ་གནོང། ཁོང་ནི་ང་ཡི་སྐྱབས་མགོན་ཡིན་ནོ། 3ཆུ་གཙང་མས་ཁ་སྐོམ་པོར་དགའ་བ་བྱིན་པ་ལྟར། དཀོན་མཆོག་ཁོང་གི་མི་མང་ལ། སྐྱོབ་སྐབས་དེ་ཚོ་དགའ་ངོམས་བྱེད། 4མི་ཚོས་མགུར་མ་ལེན་པའི་དུས་ཤིག་ཡོང། གཙོ་བོ་དཀོན་མཆོག་ཁོང་ལ་ཐུགས་རྗེ་ཞུས། ཁྱོད་ལ་རོགས་པ་གནང་བར་ཁོང་ལ་བསྐུལ། ཁོང་གིས་ཇི་མཛད་མི་མང་ཡོངས་ལ་སྒྲོགས། ཁོང་ནི་རླབས་ཆེན་ཇི་ཡིན་དེ་ཚོར་སྒྲོགས། 5ཁོང་གིས་རླབས་ཆེན་ཇི་ལྟར་མཛད་པའི་རྐྱེན། གཙོ་བོ་དཀོན་མཆོག་ཁོང་ལ་མགུར་མ་ཕུལ། འཕྲིན་དེ་འཛམ་གླིང་ཡོངས་ཀྱི་ཐོས་པར་བྱོས། 6ཛི་ཡོན་ནང་དུ་སྡོད་པ་ཐམས་ཅད་ནས། སྐད་ཤུགས་ཆེན་པོས་ཁོང་ལ་མགུར་ལེན། ཨིསི་རཱཨེལ་པ་ཡི་དཀོན་མཆོག་དམ་པ་དང་ནི་རླབས་ཆེན་ཡིན། ཁོང་ནི་རང་གི་མི་མང་ཁྲོད་དུ་བཞུགས་པར་འགྱུར༎

ཡེ་ཤ་ཡཱ 13

དཀོན་མཆོག་གིས་བྷེ་བྷི་ལོན་ལ་ཉེས་ཆད།

1དཀོན་མཆོག་ནས། ཨ་མོཛའི་བུ་ཡེ་ཤ་ཡཱ་ལ་བྷེ་བྷི་ལོན་གྱི་སྐོར་ལ་གསུང་འཕྲིན་གནང་བ་འདི་ལྟར་ཡིན་ནོ། 2རི་སྟོང་པའི་སྟེང་དུ་དམག་གི་དར་ཆེན་སྒྲེངས་ཤིག། དམག་མི་ཚོར་སྐད་འབོད་བྱས་ནས་ང་རྒྱལ་ཅན་གྱི་གྲོང་ཁྱེར་གྱི་རྒྱལ་སྒོར་འཐབ་པའི་བརྡ་གཏོང་བའི་ཆེད་ཁྱེད་ཀྱིས་ལག་པ་ཡར་སླང་ཞིག། 3གཙོ་བོ་དཀོན་མཆོག་གིས། སྤོབ་པ་ལྡན་པ་དང་གདེངས་ཡོད་པ་དམག་མི་རྣམས་ལ་དམ་པའི་དམག་རྒྱབ་པ་དང། ཁོང་ཐུགས་ཁྲོས་པ་ཚོར་ཉེས་ཆད་གཏོང་བར་བཀའ་འགུག་གནང་ངོ། 4རི་བོའི་སྟེང་དུ་མི་མང་བསྡུ་ཚོགས་ཆེན་པོའི་སྐད་དང། མི་རིགས་རྣམས་དང་རྒྱལ་ཁབ་ཁག་འདུ་འཛོམས་བྱེད་པའི་སྒྲར་ཉོན་ཞིག དམག་མི་ཚོའི་གཙོ་བོ་དཀོན་མཆོག་གྱིས་དམག་དཔུང་རྣམས་གཡུལ་གྱི་ཆེད་དུ་གྲ་སྒྲིགས་བྱེད་བཞིན་འདུག་གོ 5དེ་ཚོ་ས་གཞིའི་མཐའ་ནས་ས་ཐག་རིང་པོའི་ཡུལ་གྲུ་ཁག་ནས་ཡོང་བཞིན་ཡོད། གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་བས་ཁོང་གིས་ཡུལ་ཆ་ཚང་མེད་པར་མཛད་པར་ཕེབས་བཞིན་ཡོད་དོ། 6ཉི་མོ་དེར་ནད་ཟུག་ཆེ་བས་སྐད་ངན་འདོན་ཅིག། ཀུན་དབང་ཅན་གྱིས་འཛིགས་པར་འཁྱེར་ཡོང་བར་འགྱུར། གཙོ་བོ་དཀོན་མཆོག་གི་ཉིན་མོ་ཐག་ཉེ་བར་ཡོད་པ་དང། 7ཚང་མས་ལག་པ་འཁྱོར་བ་དང་སྙིང་སྟོབས་ཁུམ་མོ། 8དེ་ཚོ་བུད་མེད་སྐྱེ་ཟུག་རྒྱབ་པ་ལྟར་འཇིགས་པ་དང་ནད་ཟུག་གིས་མནར་རོ། དེ་ཚོ་འཇིགས་ནས་གཅིག་གིས་གཅིག་ལ་བལྟ་བ་དང་དེ་ཚོའི་གདོང་ངོ་ཚས་འཚིགས་པར་འགྱུར། 9གཙོ་བོ་དཀོན་མཚོག་གི་ཉིན་མོ་སླེབས་བཞིན་ཡོད། ཉི་མོ་དེ་ནི་ཐུགས་ཁྲོ་དྲག་པོ་དང་སྐུ་རླུང་དྲག་པོའི་སྡུག་ཙུབ་ཅན་གྱི་ཉིན་མོ་ཡིན། ས་གཞི་རྣམས་མི་མེད་ལུང་སྟོང་བཟོ་གནང་བ་དང། སྡིག་ཅན་ཚང་མ་ཚར་གཅོད་པ་གནང་ངོ། 10སྐར་མ་རེ་རེ་དང་སྐར་ཚོགས་རེ་རེའི་འོད་ཟེར་འཕྲོ་བར་བཀག་པར་འགྱུར་བ་དང། ཉི་མ་ཤར་སྐབས་མུན་པར་འགྱུར་བ་དང་ཟླ་བས་འོད་མི་སྦྱིན་ནོ། 11གཙོ་བོ་དཀོན་མཆོག་གིས། ངས་ས་གཞིར་རྐྱེན་ངན་གཏོང་བ་དང་མི་ངན་རྣམས་ཀྱི་སྡིག་པའི་ཆེད་དུ་དེ་ཚོ་ལ་ཉེས་ཆད་གཏོང་བར་འགྱུར། སྤོབས་པ་ཅན་ཚང་མར་ཉམས་ཆུང་བཟོས་པ་དང་ང་རྒྱལ་ཅན་དང་སྡུག་ཙུབ་ཅན་ཚང་མར་ཆད་པ་གཏོང་རྒྱུ་ཡིན། 12གསོན་པོར་གནས་པ་རྣམས་གསེར་བཙོ་མ་ལས་ཀྱང་དཀོན་པོ་བྱུང་བར་འགྱར། 13ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་ཐུགས་ཁྲོ་བའི་ཉིན་དེ་ལ་མཐོ་རིས་འདར་བ་དང་ས་གཞི་རང་གནས་ནས་འགུལ་བར་འགྱུར། 14བྷེ་བྷི་ལོན་དུ་སྡོད་པའི་ཕྱི་རྒྱལ་བ་རྣམས་རང་གི་ཡུལ་དུ་བྲོས་ནས་འགྲོའོ། ཤྭ་བ་ཁྱི་ར་བའི་ལག་ནས་བྲོས་བ་ལྟ་བུ་དང་རྗི་བོ་མེད་པའི་ལུག་ཁྱུ་ལྟར་དེ་ཚོ་ཁ་ཐོར་བར་འགྱུར། 15ལག་ཏུ་ཟིན་པ་ཡིན་ཀྱང་གྲིས་གསོད་པར་བྱའོ། 16དེ་ཚོ་མགོན་མེད་ལྟ་བུར་བལྟ་བཞིན་སྡད་སྐབས་དེ་ཚོའི་བྱིས་པ་རྣམས་གང་མང་སྡབས་ནས་གསད་པ་དང། དེ་ཚོའི་ཁྱིམ་བཅོམ་པ་དང་དེ་ཚོའི་ཆུང་མ་རྣམས་ལ་བཙན་གཡེམ་བྱེད་པར་འགྱུར་ཞེས་བཀའ་གནང་ངོ། 17གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ངས་མིཌསི་ལ་བྷེ་བྷི་ལོན་དུ་བཙན་འཛུལ་བྱེད་རྒྱུར་རྒྱུད་བསྐུལ་བྱ་རྒྱུ་ཡིན། དེ་ཚོས་དངུལ་ལ་དོ་སྣང་མི་བྱེད་པ་དང་གསེར་ལ་ཡང་མི་ཆགས་སོ། 18དེ་ཚོས་མི་གཞོན་ནུ་རྣམས་མདའ་དང་གཞུས་གསོད་པར་འགྱུར། ཡང་དེ་ཚོའི་ཕྲུ་གུ་ཆུང་ཆུང་རྣམས་ལ་སྙིང་རྗེ་མི་བྱེད་པ་དང། བྱིས་པར་ཡང་སྙིང་རྗེ་མི་བྱེད་དོ། 19བྷེ་བྷི་ལོ་ནི་ཡ་ནི་ཚང་མའི་ནང་ནས་ཤིན་ཏུ་མཛེས་སྡུག་ཅན་གྱི་རྒྱལ་ཁབ་ཡིན་པ་དང་མི་མང་གི་སྤོབ་པ་བྱ་ཡུལ་ཡིན་ནོ། འོན་ཀྱང་གཙོ་བོ་དཀོན་མཆོག་ངས་བྷེ་བྷི་ལོན་དེ་བཞིན་སོ་དྷོམ་དང་གྷོ་མོ་རཱ་གཉིས་ལ་བྱས་པ་ལྟར་འཇིགས་པར་བྱ་རྒྱུ་ཡིན་ནོ། 20དེར་སླར་སུ་ཡང་གནས་པར་མི་འགྱུར་རོ། ཁྱམས་ཉུལ་བ་ཨ་རབ་པས་ཁོའི་གུར་ནམ་ཡང་དེར་མི་ཕུབ་པ་དང། ལུག་ཛི་སུ་ཞིག་གིས་ཀྱང་དེར་ཕྱུགས་འཚོ་བར་མི་འགྱུར་རོ། 21ས་གནས་དེ་ནི་བྲོག་སྟོང་ཁག་ཏུ་སྡད་པའི་སེམས་ཅན་དང་འུག་པའི་ཚང་བཟོ་བའི་ཡུལ་དུ་འགྱུར་རོ། དེར་བྱ་ཨོསེ་ཀྲི་རིཅེ་གནས་པ་དང་ར་རྒོད་ཚོས་གྱང་གོག་དུ་ཚོམས་ཞིང་རྩེ་བར་བྱེད་དོ། 22གྷན་དྷོ་ལ་དང་ཕོ་བྲང་ཁག་ནང་དྲེད་དང་ཁྱི་སྤྱང་གི་ངར་རོའི་བྲག་ཆ་སྒྲོགས་པ་དང། བྷེ་བྷི་ལོན་གྱི་དུས་དེ་སླེབས་ཡོད་པ་དང། མོའི་ཉིན་རྣམས་རྫོགས་བཞིན་ཡོད་དོ༎

ཡེ་ཤ་ཡཱ 14

བཙན་བྱོལ་ནས་ཕྱིར་ལོག་པ།

1གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་མི་མང་རྣམས་ལ་སླར་ཡང་སྙིང་རྗེ་གནང་ནས། དེ་ཚོར་ཁོང་རང་ཆེད་དུ་འདམས་གནང་ངོ། ཁོང་གིས་དེ་ཚོ་རང་གི་ཡུལ་དུ་སླར་ཡང་སྡོད་འཇུག་གནང་བ་དང། ཕྱི་རྒྱལ་བ་ཚོ་ཡང་དེར་ཡོང་ནས་ཁོ་ཚོ་དང་མཉམ་དུ་སྡོད་པར་འགྱུར། 2མི་རིགས་མང་པོས་ཨིསི་རཱཨེལ་པ་ཚོར་གཙོ་བོ་དཀོན་མཆོག་གིས་གནང་བའི་ཡུལ་དུ་ཕྱིར་ལོག་བྱེད་ཕྱིར་རོགས་བྱེད་པ་དང། མི་རིགས་དེ་ཚོས་ཨིསི་རཱཨེལ་པ་ཚོའི་གྲེན་གཡོག་གི་ཚུལ་དུ་དེར་ཞབས་ཕྱི་ཞུ་བར་འགྱུར། སྔར་ཨིསི་རཱཨེལ་པ་ཚོ་ལ་བཙོན་དུ་བཟུང་མཁན་ཚོར་ད་ཆ་ཨིསི་རཱཨེལ་པ་ཚོས་བཙོན་དུ་བཟུང་བ་དང། སྔར་ཨིསི་རཱཨེལ་པ་ཚོར་མནར་གཅོད་གཏོང་མཁན་དེ་ཆོའི་སྟེང་དུ་ཨིསི་རཱཨེལ་པ་ཚོས་རྒྱལ་སྲིད་སྐྱོངས་བར་བྱའོ༎

བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་སྟོངས་པ།

3གཙོ་བོ་དཀོན་མཆོག་གིས། ཨིསི་རཱཨེལ་གྱི་མི་མང་ཆོར་དེ་ཚོའི་དཀའ་ངལ་དང་སྡུག་བསྔལ་དང་བཙན་བསྐུལ་གྱི་ལས་ཀ་བྱེད་དགོས་པ་ལས་གུ་ཡངས་གནང་ངོ། 4ཁོང་གིས་དེ་ལྟར་མཛད་སྐབས། དེ་ཚོས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོར་འཕྱ་ཞིང་འདི་ལྟར་སྨྲ་དགོས། སྡུག་རྩུབ་ཅན་གྱི་རྒྱལ་པོ་སྟོངས་སོང། ད་ནས་བཟུང་ཁོང་གིས་སུ་ལ་ཡང་མནར་གཅོད་གཏོང་བར་མི་འགྱུར་རོ། 5གཙོ་བོ་དཀོན་མཆོག་གིས་རྒྱལ་པོ་ངན་པ་ཚོའི་དབང་ཤུགས་དེ་མེད་པར་བཟོ་གནང་ངོ། 6དེ་ཚོས་ཁྲོ་བཞིན་མི་མང་ལ་མནར་གཅོད་གཏོང་བ་དང། དེ་ཚོས་བཙན་བཟུང་བྱས་པའི་མི་མང་ཚོར་སྡུག་པོ་གཏོང་རྒྱུ་མཚམས་འཇོག་ནམ་ཡང་བྱེད་མེད་དོ། 7ད་ཆ་མཐའ་མར་འཛམ་གླིང་ཡོངས་ལ་ངལ་གསོ་དང་ཞི་བདེར་སྤྱོད་པ་དང། ཚང་མས་དགའ་བའི་གླུ་དབྱངལ་ལེན་ནོ། 8ལེ་བ་ནོན་གྱི་ཤུག་ཤིང་རྣམས་དང་འགྱམ་ཤིང་རྣམས་ནས་རྒྱལ་པོ་ཕམ་པར་དགྱེས་སྟོན་བྱེད་དོ། གང་ལ་ཟེར་ན། ཁོང་མེད་པའི་རྗེས་སུ་དེ་ཚོ་ལ་གཅོད་མཁན་སུ་ཡང་མེད་དོ། 9གཤིན་པོའི་ཡུལ་ཁམས་ཀྱིས་བྷེ་བྷི་ལོ་ནི་ཡའིརྒྱལ་པོ་ཕེབས་པར་དགའ་བསུ་ཞུ་རྒྱུར་གྲ་སྒྲིགས་བྱེད་བཞིན་ཡོད་དོ། ས་གཞིར་སྟོབས་ཤུགས་ཅན་ཚོའི་སེམས་ཉིད་རྣམས་ཕར་ཚུར་འགུལ་བཞིན་ཡོད་པ་དང། རྒྱལ་པོ་ཚོའི་སེམས་ཉིད་རྣམས་རྒྱལ་ཁྲི་ནས་ལངས་བཞིན་ཡོད་དོ། 10དེ་ཚོ་ཚང་མས་ཁོང་ལ་འདི་ལྟར་འབོད་དོ། ད་ཆ་ཁྱོད་རང་ཡང་ང་ཚོ་ལྟར་ཉམ་ཆུང་ཡིན་པ་དང། ང་ཚོ་དང་གཅིག་པ་ཡིན་ནོ། 11སྔར་ཁྱོད་ལ་སྒྲ་སྙན་གྱི་རོལ་དབྱངས་ཀྱིས་ཆེ་བསྟོད་ཞུ་བཞིན་ཡོད་ན་ཡང་ད་ཆ་ཁྱོད་གཤིན་པོའི་གླིང་དུ་ཡོད། ཁྱོད་ནི་ཤ་འབུའི་ཉལ་ཁྲིའི་སྟེང་དུ་ཉལ་ཡོད་པ་དང་འབུའི་ཉལ་ཟན་གྱིས་འགེབས་ཡོད་དོ། 12བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ཁྱོད་ཞོག་པའི་བཀྲ་མདངས་ཅན་གྱི་སྐར་མ་ཁྱོད་མཐོ་རིས་ནས་ཇི་ལྟར་ལྷུང་ངམ། འདས་པའི་རིང་ཁྱོད་ཀྱི་མི་རིགས་རྣམས་ལ་དབང་བཟུང་གནང་ཡོད་ན་ཡང་ད་ཆ་ཁྱོད་ས་གཞིར་འཕང་ཡོད་དོ། 13ཁྱོད་ཀྱི་བསམ་པར་མཐོ་རིས་འཛེག་སྟེ་ཁྱོད་རང་གི་བཞུགས་ཁྲི་སྐར་མ་མཐོ་ཤོས་ཀྱི་སྟེང་དུ་འཇོག་གནང་རྒྱུར་ཐུགས་ཐག་བཅད་ཡོད་པ་དང། ཁྱོད་རྒྱལ་པོ་བཞིན་ལྷ་རྣམས་འཛོམས་པའི་བྱང་ཕྱོགས་ཀྱི་རི་བོའི་སྟེང་བསྡད་ཀྱི་ཡིན་ཟེར་བསམ་བཞིན་ཡོད་དོ། 14ཁྱོད་ཀྱིས་སྤྲིན་པ་རྣམས་ཀྱི་སྟེང་འཛེགས་ནས་ཀུན་དབང་ཅན་ལྟར་འགྱུར་གྱི་ཡིན་ཞེས་སྨྲས་སོ། 15འོན་ཀྱང་དེའི་ཚབ་ལ་ཁྱོད་གཤིན་པོའི་གླིང་གི་དོང་གཏིང་རིང་ཤོས་ནང་མར་ཕབ་ཡོད་དོ། 16གཤིན་པོ་ཚོས་ཁྱེད་ལ་ཁ་གདངས་ནས་མིག་བལྟས་པ་དང། དེ་ཚོས་མི་འདི་ས་གཞི་འགུལ་བཅུག་མཁན་དང་རྒྱལ་ཁབ་རྣམས་འདར་བཅུག་མཁན་དེ་མ་རེད་དམ། 17མི་འདིས་གྲོང་ཁྱེར་རྣམས་མེད་པར་བཟོས་ནས། འཛམ་གླིང་བྱེ་ཐང་དུ་བསྒྱུར་མཁན་དེ་མ་རེད་དམ། མི་འདི་བཙོན་པ་རྣམས་གློད་བཀྲོལ་རྩ་བ་ནས་མ་བཏང་བའམ་ཁྱིམ་དུ་འགྲོར་མི་བཅུག་མཁན་དེ་མ་རེད་དམ་ཞེས་འདྲི་བ་བྱེད་དོ། 18ས་གཞིའི་རྒྱལ་པོ་རྣམས་རང་རང་གི་ཡིད་དུ་འོང་བའི་སྤུར་ཁང་ནང་བཞག་ཡོད་དོ། 19འོན་ཀྱང་ཁྱེད་ལ་སྤུར་ཁང་མེད་པ་དང་ཁྱེད་ཀྱི་སྐུ་ཕུང་དེ་རུལ་བའི་ཕྱིར་འཕངས་ཡོད་དོ། དེ་ནི་དམག་སར་བསད་པའི་དམག་མི་རྣམས་ཀྱི་རོའི་བཀབ་ཡོད་པ་དང། རོ་ཚང་མ་བྲག་དོང་ནང་བསྐྱུར་ནས་རྡོག་བརྫིས་བཏང་ཡོད་དོ། 20གང་ལ་ཟེར་ན། ཁྱོད་ཀྱིས་རང་གི་ཡུལ་གཞིགས་རུལ་དུ་བཏང་བ་དང་རང་གི་མི་མང་རྣམས་བསད་པའི་རྐྱེན་གྱིས་ཁྱོད་རྒྱལ་པོ་གཞན་ཚོ་ལྟར་སྦས་པར་མི་འགྱུར་རོ། ཁྱོད་ཀྱི་ཁྱིམ་ཚང་ངན་པ་ནས་སུ་ཡང་འཚོ་བར་མི་འགྱུར་རོ། 21གསོད་འགོ་ཚུགས་ཤིག། རྒྱལ་པོ་འདིའི་སྲས་རྣམས་དེ་ཚོའི་ཕ་མེས་ཀྱི་སྡིག་པའི་རྐྱེན་གྱིས་འཆིའོ། དེ་ཚོ་སུས་ཀྱང་ས་གཞི་འདིར་རྒྱལ་སྲིད་མི་བཟུང་བའམ་གྲོང་ཁྱེར་རྣམས་ཡང་མི་བཟོའོ༎

དཀོན་མཆོག་གིས་བྷེ་བྷི་ལོན་མེད་པར་བཟོ་རྒྱུ།

22ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་གསུངས་པ། ངས་བྷེ་བྷི་ལོན་ལ་འཐབ་ནས་དེ་གྱང་གོག་བཟོས་རྒྱུ་ཡིན། ངས་ཕྲུ་གུ་དང་མི་གསོན་པོ་སོགས་གང་ཡང་འཇོག་རྒྱུ་མིན། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 23ངས་བྷེ་བྷི་ལོན་དེ་བཞིན་འདམ་སར་བསྒྱུར་ནས་དེར་འུག་པ་གནས་པར་བྱེད་དོ། ངས་ཕྱག་མས་བྷེ་བྷི་ལོན་འཕྱག་རྒྱུ་དང་དེས་ཚང་མ་འཕྱག་པར་བྱེད་དོ། ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ཞེས་བཀའ་གནང་ངོ༎

དཀོན་མཆོག་གིས་ཨ་སུར་པ་ཚོ་མེད་པར་བཟོ་གནང་རྒྱུ།

24ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་དམ་བཅའ་གནང་བ་འདི་ལྟར་ཡིན། ངས་འཆར་གཞི་གཏིང་བ་རྣམས་སྒྲུབ་པར་འགྱུར་རྒྱུ་དང། ངས་བྱ་བ་བྱེད་རྒྱུར་ཐག་བཅོད་ཟིན་པ་རྣམས་བྱེད་རྒྱུ་ཡིན། 25ངས་ངའི་ཨིསི་རཱཨེལ་ཡུལ་དུ་ཡོད་པའི་ཨ་སུར་པ་རྣམས་ལ་མེད་པར་བཟོས་རྒྱུ་དང། ངའི་རི་བོའི་སྟེང་དུ་ཡོད་པ་དེ་ཚོ་རྡོག་བཛིས་གཏོང་རྒྱུ་ཡིན་ནོ། ངས་ངའི་མི་མང་རྣམས་ལ་ཨ་སུར་པའི་གཉའ་ཤིང་དང་དེ་ཚོས་འཁྱེར་དགོས་པའི་འཁུར་པོ་རྣམས་ལས་གློད་བཀྲོལ་གཏོང་རྒྱུ་ཡིན་ནོ། 26དེ་ཚོ་ནི་ངའི་འཛམ་གླིང་གི་ཆེད་དུ་འཆར་གཞི་ཡིན་པ་དང། ངས་མི་རིགས་ཚོར་ཆད་པ་གཏོང་བའི་ཆེད་ལག་པ་དེ་བརྐྱངས་ཡོད། 27ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས། དེ་ལྟར་མཛད་རྒྱུར་ཐུགས་ཐག་བཅད་ཡོད་། ཁོང་གིས་ཉེས་ཆད་གཏོང་གནང་རྒྱུར་ཕྱག་བརྐྱངས་ཡོད་པ་དེ་ལ་སུས་ཀྱང་འགོག་མི་ཐུབ་བོ༎

དཀོན་མཆོག་གིས་ཕེ་ལེ་ཤེད་པ་མེད་པར་བཟོ་གནང་རྒྱུ།

28རྒྱལ་པོ་ཨ་ཧཛ་གྲོངས་པའི་ལོར་གསུང་འཕྲིན་དེ་གསལ་བསྒྲགས་གནང་ཡོད་དོ། 29ཕེ་ལེ་ཤེད་ཀྱི་མི་མང་ཚོ་ཁྱོད་ཚོར་བརྡུང་བའི་དབྱུག་པ་དེ་ཆག་ཡོད་ན་ཡང་ཁྱོད་ཚོ་དགའ་ངོམ་བྱེད་དོན་གང་ཡང་མེད། སྦྲུལ་ཞིག་འཆི་བ་ཡིན་ན་དེའི་ཚབ་ལ་དེ་ལས་ངན་པ་ཞིག་སླེབས་ཡོང། སྦྲུལ་གི་སྒོ་ང་ནང་ནས་འཕུར་བའི་སྦྲུག་ཞིག་ཐོན་པར་འགྱུར་རོ། 30གཙོ་བོ་དཀོན་མཆོག་ཁོང་ནི་རང་གི་མི་མང་དབུལ་འཕོང་རྣམས་ཀྱི་ལུག་རྫིར་འགྱུར་བ་དང། ཁོང་གིས་དེ་ཚོ་བདེ་བར་གནས་འཇུག་པར་གནང་ངོ། འོན་ཀྱང་ཁོང་གིས་ཁྱོད་ཕེ་ལེ་ཤེད་པ་ཚོར་མུ་གེ་ཚབ་ཆེ་ཞིག་གཏོང་གནང་ནས། དེས་ཁྱོད་ཚོ་གཅིག་ཀྱང་གསོན་པོར་གནས་མི་བཅུག་གོ 31ཕེ་ལེ་ཤེད་པའི་གྲོང་ཁྱེར་ཚང་མ་ཁྱོད་ཚོ་སྐྱབས་རོགས་ཀྱི་ཆེད་སྐད་ཤུགས་ཆེན་པོས་འབོད་ཤིག ཁྱོད་ཚོ་ཚང་མ་འཇིགས་ཤིག། བྱང་ཕྱོགས་ནས་རྡུལ་གྱི་སྤྲིན་པ་ཡོང་བཞིན་ཡོད། དེ་ནི་དམག་དཔུང་ཞིག་ཡིན་པས་དེའི་གོ་གནས་ནང་སྙིང་སྟོབས་མེད་པ་གཅིག་ཀྱང་མེད་པ་ཡིན་ནོ། 32ང་ཚོས་ཕེ་ལེ་ཤེད་ནས་ཡོང་བའི་བང་ཆེན་ཚོར་ལན་འདེབས་ཇི་ལྟར་བྱེད་དམ། གཙོ་བོ་དཀོན་མཆོག་གིས་ཛི་ཡོན་བཞེངས་པ་དང་དེར་ཁོང་གིས་སྡུག་བསྔལ་མྱོང་བའི་མི་མང་རྣམས་སྲུང་སྐྱོབ་ནང་གནས་པའི་སྐོར་ང་ཚོས་སྨྲ་བར་བྱའོ༎

ཡེ་ཤ་ཡཱ 15

དཀོན་མཆོག་གིས་མོ་ཨབ་མེད་པར་མཛད་རྒྱུ།

1མོ་ཨབ་པའི་སྐོར་ལ་གསུང་འཕྲིན་འདི་ལྟར་ཡིན་ནོ། ཨར་དང་ཀིར་གྱི་གྲོང་ཁྱེར་མཚན་གཅིག་ལ་འཇིགས་པར་མཛད་པ་དང། མོ་ཨབ་པའི་ཡུལ་ནི་ཁ་ཁུ་སིམ་པོར་ཆགས་སོ། 2དྷི་བྷོན་གྱི་མི་མང་རྣམས་ངུ་བའི་ཆེད་རི་བོའི་སྟེང་མཆོད་ཁང་དུ་འཛེགས་སོ། མོ་ཨབ་ཀྱི་མི་མང་རྣམས་ནེ་བྷོ་དང་མེ་དྷེ་བྷ་གྲོང་ཁྱེར་གྱི་ཆེད་དུ་མྱ་ངན་གྱིས་ངུ་བ་དང། དེ་ཚོའི་མྱ་ངན་ངང་སྐྲ་དང་རྨ་ར་གཉིས་བྲེགས་སོ། 3ལམ་དུ་ཡོད་པའི་མི་མང་རྣམས་རྩ་རས་ཀྱི་གོས་གྱོནཡོད་པ་དང། གྲོང་ཁྱེར་གྱི་ཁྱམས་ར་དང་ཁང་པའི་ཐོག་ཁར་བཅས་པར་མི་མང་རྣམས་མྱ་ངན་བྱེད་ཅིང་བསྡད་ཡོད་དོ། 4ཧེཤ་བྷོན་དང་ཨེ་ལི་ལཱེའི་མི་མང་རྣམས་སྐད་འབོད་བྱེད་པ་དང་དེ་ཚོའི་སྐད་ཐག་རིང་ཡ་ཧཛ་བར་དུ་གོ་བ་དང། དམག་མི་ཚོ་ཡང་འདར་བ་དང་དེ་ཚོའི་སྙིང་སྟོབས་ཡང་རླག་པར་ཡོད་དོ། 5ངའི་སེམས་ནི་མོ་ཨབ་ཀྱི་ཆེད་དུ་ངུ་འབོད་བྱེད་དོ། མི་མང་རྣམས་ཛོ་ཨར་དང་ཨེག་ལད་ཤེ་ལི་ཤི་ཡཱའི་གྲོང་དུ་བྲོས་སོ། འགའ་ཤས་ལུ་ཧིདའི་ལམ་དུ་འཛེགས་སྐབས་ངུ་བཞིན་ཡོད་པ་དང། འགའ་ཤས་མྱ་ངན་གྱི་སྐད་ཆེན་པོ་འདོན་བཞིན་ཧོ་རོ་ནེམ་དུ་བྲོས་སོ། 6ནིམ་རིམ་གྱི་རྒྱུགས་ཆུ་སྐམ་ཡོད་པ་དང། དེའི་ཉེ་འགྲམ་གྱི་རྩ་སྐམ་ནས་སྔོ་རིགས་གང་ཡང་ལྷག་མེད་དོ། 7མི་མང་རང་གི་རྒྱུ་དངོས་ཡོངས་རྫོགས་འཁྱེར་ནས་བྲོས་ཐབས་ཀྱིས་ཝི་ལོའི་ལུང་གཤོང་རྒལ་ནས་ཕྱིན་ནོ། 8མོ་ཨབ་ཀྱི་ས་མཚམས་ཡོངས་སུ་ངུ་སྐད་གོ་བ་དང། དེ་ཨེག་ལེམ་དང་བྷིར་ཨེ་ལིམ་གྱི་གྲོང་དུ་ཡང་གོའོ། 9དྷི་བྷོན་གྱི་གྲོང་གི་རྒྱུགས་ཆུ་ཁྲག་གིས་དམར་པོ་ཆགས་ཡོད་པ་དང། ད་དུང་དེ་ཁུལ་གྱི་མི་མང་རྣམས་ཀྱི་ཆེད་དུ་གཙོ་བོ་དཀོན་མཆོག་ལ་དེ་ལས་ཆེ་བ་སྡུག་བསྔལ་གྱི་བྱ་བ་ཞིག་ཟུར་དུ་འཇོག་གནང་ཡོད་པ་དང། མོ་ཨབ་ཏུ་ལྷག་ལུས་གསོན་པོ་ཚང་མ་ཧ་ཅང་སྡུག་རྩུབ་ཅན་གྱི་འདེབས་གསོད་བྱེད་པར་འགྱུར་རོ༎

ཡེ་ཤ་ཡཱ 16

མོ་ཨབ་ཀྱི་རེ་བ་མེད་པའི་གནས་སྟངས།

1བྱེ་ཐང་གི་སེ་ལའི་གྲོང་ཁྱེར་ནས་མོ་ཨབ་པའི་མི་མང་རྣམས་ནས་ཡེ་རུ་ཤ་ལེམ་གྱི་ཁྲིམས་དཔོན་རྒྱལ་སྲིད་སྐྱོངས་མཁན་གྱི་ཆེད་དུ་ལུག་གུ་ཞིག་ཕྱག་རྟགས་སུ་བཏང་ངོ། 2བྱ་ཚང་ནས་བྱ་འཐོར་བ་ལྟར་དེ་ཚོ་ཆུ་བོ་ཨར་ནོན་གྱི་མཐར་སྒུག་ནས་ཕར་ཚུར་འགྲུལ་བ་རེད། 3དེ་ཚོས་ཡ་ཧུ་དཱ་པའི་མི་མང་ལ་ང་ཚོས་ཅི་བྱེད་དགོས་གྲོས་སྟོན་གནང་རོགས་གནང། ཉིན་གུང་གི་ཉི་མ་ཚ་པོའི་དུས་སུ་ཤིང་སྡོང་ཞིག་གི་འོག་ཏུ་གྲིབ་ནག་སིལ་པོ་ཡོང་བ་ལྟར་ང་ཚོར་སྐྱོབ་གནང་ནས་ཁྱེད་རྣམས་ཀྱི་གྲིབ་ནག་ནང་ངལ་གསོ་བྱེད་དུ་བཅུག་རོགས་གནང། ང་ཚོ་སྐྱབས་བཅོལ་བ་ཡིན་པས་སུས་ཀྱང་མི་མཐོང་བའི་གནས་སུ་སྦས་རོགས་གནང། 4ང་ཚོ་ཁྱེད་ཀྱི་ཡུལ་དུ་སྡོད་བཅུག་ནས་ང་ཚོ་ལ་མེད་པར་བཟོ་འདོད་ཡོད་པ་ཚོ་ནས་སྐྱབས་རོགས་གནང་ཞེས་ཞུས་སོ། (མནར་གཅོད་དང་འཇིགས་པའི་མཐའ་མ་བྱུང་བ་དང་ཡུལ་མེད་པར་བཟོ་མཁན་རྣམས་གནས་པར་མི་འགྱུར་རོ། 5དེ་ནས་དཱ་བིད་ཀྱི་རིགས་བརྒྱུད་ནས་ཅིག་རྒྱལ་པོར་འགྱུར་ནས། ཁོང་གིས་མི་མང་རྣམས་དམ་ཚིག་དང་བརྩེ་བའི་ཐོག་ནས་རྒྱལ་སྲིད་སྐྱོངས་བ་དང། ཁོང་གིས་དྲང་བདེན་གནང་རྒྱུར་མགྱོགས་པོ་དང་ཁྲིམས་ཀྱི་སྲུང་སྐྱོབ་གནང་བར་འགྱུར།) 6ཡ་ཧུ་དཱའི་མི་མང་རྣམས་ནས་སྨྲས་པ། ང་ཚོས་མོ་ཨབ་པའི་མི་མང་རྣམས་ཇི་ལྟར་སྤོབས་པ་ཅན་ཡིན་པ་ཐོས་བྱུང། ང་ཚོས་དེ་ཚོ་ང་རྒྱལ་ཅན་དང་སྤོབས་པ་ཅན་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་དེ་ཚོའི་གཏམ་འདོད་རྣམས་སྟོང་པ་ཡིན། 7མོ་ཨབ་པའི་མི་མང་རྣམས་མྱོང་པའི་དཀའ་སྡུག་གི་རྐྱེན་གྱིས་ངུའོ། དེ་ཚོའི་གྲོང་ཁྱེར་ཀིར་ཧེ་རེསེ་དུ་ཁ་ཟས་ཞིམ་པོ་ཟ་བ་རྣམས་དྲན་ནས་ཚང་མས་ངུ་བར་འགྱུར། དེ་ཚོ་རེ་བ་མེད་པའི་ངང་འགྱུར་བར་བྱའོ། 8ཧེཤ་བྷོན་ཉེ་འགྲམ་གྱི་ཞིང་དང་སིབ་མཱའི་རྒུན་ཚལ་ཁག་མེད་པར་ཆག་ཡོད་དོ། རྒུན་ཚལ་འདིའི་རྒུན་ཆང་གིས་རྒྱལ་ཁབ་རྣམས་ཀྱི་རྒྱལ་པོ་ཚོ་ལ་ར་བཟི་རུ་འཇུག་ཡོད། དུས་སྐབས་ཤིག་ལ་རྒུན་ཚལ་དེ་ཡ་ཛེར་གྱི་གྲོང་ཁྱེར་དང་ཤར་ཕྱོགས་ཀྱི་བྱེ་ཐང་ཁུལ་དང་ནུབ་ཕྱོགས་སུ་འཆི་བའི་རྒྱ་མཚོའི་ཕ་རོལ་བར་ཁྱབ་ཡོད་དོ། 9ད་ངས་ཡ་ཛེར་གྱི་ཆེད་དུ་ངུ་བ་ལྟར་སིབ་མཱའི་རྒུན་ཚལ་གྱི་ཆེད་དུ་ངུའོ། ངའི་མིག་ཆུ་ཧེཤ་བྷོན་དང་ཨེ་ལི་ལཱེའི་ཆེད་དུ་ཡང་བབས་སོ། གང་ལ་ཟེར་ན། དེ་ཚོ་ལ་དགའ་བར་བཟོ་བའི་ཆེད་ཏོན་ཐོག་མེད་དོ། 10ད་ས་ཞིང་ས་ལུད་འཛོམས་པོའི་ནང་སུ་ལ་ཡང་དགའ་བ་མེད་པར་འགྱུར། རྒུན་ཚལ་གྱི་ནང་སུ་ཞིག་གིས་ཀྱང་སྐད་འབོད་དང་གླུ་དབྱངས་མི་ལེན་ཞིང། སུས་ཀྱང་རྒུན་ཆང་བཟོ་བར་རྒུན་འབྲུམ་མི་བརྫིའོ། དགའ་བའི་སྐད་འབོད་རྫོགས་པ་ཡིན་ནོ། 11ངས་མོ་ཨབ་གྱི་ཆེད་དུ་སྐྱོ་བའི་སྐད་ངན་འདོན་པ་དང་ཀིར་ཧེ་རེསེ་ཆེད་དུ་མྱ་ངན་བྱེད་དོ། 12མོ་ཨབ་པའི་མི་མང་ཚོས། དེ་ཚོའི་རི་བོའི་སྟེང་གི་མཆོད་ཡུལ་དང་དེ་ཚོ་རང་གི་མཆོད་ཁང་ཁག་ནང་གསོལ་བ་འདེབས་པར་སོང་ནས་རང་ཉིས་ཐང་ཆད་དོ། འོན་ཀྱང་དེས་དེ་ཚོ་ལ་ཕན་ཐོགས་གང་ཡང་བྱུང་བར་མི་འགྱུར། 13སྔོན་དུ་གཙོ་བོ་དཀོན་མཆོག་གིས། མོ་ཨབ་པའི་སྐོར་ལ་གསུང་འཕྲིན་གནང་བ་དེ་འདི་ལྟར་ཡིན་ནོ། 14ད་ལྟ་གཙོ་བོ་དཀོན་མཆོག་གིས་གསུངས་པ། ཏན་ཏན་ལོ་གསུམ་གྱི་ནང་མོ་ཨབ་པའི་རྒྱུ་ནོར་འཕོན་ཆེ་རྣམས་རྫོགས་པར་འགྱུར་རོ། དེ་ཚོ་མི་མང་པོའི་འཕྲོད་ནས་ཉུང་ཉུང་ཞིག་གསོན་པོར་འཚོ་ན་ཡང་ཉམ་ཆུང་དུ་འགྱུར་ཡོང་ཞེས་སོ༎

ཡེ་ཤ་ཡཱ 17

དཀོན་མཆོག་གིས་སི་རི་ཡ་དང་ཨིསི་རཱཨེལ་ལ་ཉེས་པ།

1གཙོ་བོ་དཀོན་མཆོག་གིས་གསུངས་པ། དྷ་མསེ་ཀསེ་དེ་ཡུན་རིང་པོར་གྲོང་ཁྱེར་དུ་མི་གནས་པར་སྤུང་པའི་གྱང་གོག་ཏུ་འགྱུར་རོ། 2སི་རི་ཡའི་གྲོང་ཁྱེར་ཁག་གཏན་གྱི་ཆེད་དུ་སྟོངས་པར་འགྱུར། དེ་ཚོ་ནི་ལུག་དང་ཕྱུགས་ཟོག་གི་རྩ་ཁར་འགྱུར་བ་དང་སུས་ཀྱང་དཀྲོགས་པར་མི་འགྱུར་རོ། 3ཨིསི་རཱཨེལ་ནི་སྲུང་སྐྱོབ་མེད་པར་འགྱུར་བ་དང། དྷ་མསེ་ཀསེ་ནི་རང་གི་རང་དབང་རླག་པར་འགྱུར། ཨིསི་རཱཨེལ་པའི་མི་མང་ལྟར་སི་རི་ཡ་ལྷག་ལུས་རྣམས་དམའ་འབེབས་ངང་གནས་ཡོང། ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན། 4གཙོ་བོ་དཀོན་མཆོག་གིས། ཨིསི་རཱཨེལ་གྱི་རླབས་ཆེན་རྣམས་རྫོགས་པའི་དུས་ཤིག་ཡོང་གི་ཡོད་པ་དང། དེ་ཚོའི་རྒྱུ་ནོར་རྣམས་ཉམ་ནས་དབུལ་འཕོང་འགྱུར་རོ། 5ཨིསི་རཱཨེལ་ནི་ལོ་ཏོག་ཚོད་ནས་རྩད་མ་རྔས་ཟིན་པའི་ཞིང་ཁ་ལྟར་བྱུང་བར་འགྱུར། རེ་ཕ་ཨིམ་གྱི་ལུང་གཤོང་དུ་ལོ་ཐོག་བསྡུ་ཟིན་པའི་ཞིང་ཁ་བཞིན་མི་མེད་ལུང་སྟོང་དུ་འགྱུར། 6མི་འགའ་ཤས་གཅིག་པོར་གསོན་པོར་གནས་པ་དང། ཨིསི་རཱཨེལ་ནི་ཁ་སྐྱུར་པོའི་ཤིང་སྡོང་གི་རྩེ་མོར་འབྲས་བུ་གཉིས་གསུམ་མ་གཏོགས་ཚང་མ་ཏོག་ཟིན་པའམ་ཡང་ན་ཡལ་ག་འོག་མར་འབྲས་བུ་འགའ་ཤས་ལྷག་པ་དང་འདྲའོ། ང་གཙོ་བོ་དཀོན་མཚོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་སྨྲས་པ་ཡིན་ཞེས་བཀའ་གནང་ངོ། 7ཉིན་དེ་སླེབས་སྐབས་མི་མང་ཚོས་བཀོད་པ་པོ་ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པར་སྐྱབས་རོགས་ཞུས་ཕྱིར་ཁ་བསྒྱུར་ཡོང། 8དེ་ཚོས་རང་གི་ལག་པས་བཟོས་པའི་མཆོད་ཁྲིར་བློས་མི་འགེལ་བའམ། དེ་ཚོའི་རང་གི་ལག་པས་བཟོས་པའི་ལག་ཆ་ལྷ་མོ་ཨ་ཤེ་རཱ་དང་སྤོས་བདུག་པའི་མཆོད་ཁྲི་རྣམས་ལ་ཡིད་མི་ཆེས་སོ།། 9ཉིན་དེ་སླེབས་སྐབས་གྲོང་ཁྱེར་བཙན་པོ་བཟོས་པ་དང་སྲུང་སྐྱོབས་ལེགས་པར་བྱས་པ་རྣམས་ལུང་སྟོང་དུ་འགྱུར་བ་དང། དེ་ཚོ་ཧི་ཝི་པ་དང་ཨ་མོར་པ་ཚོས་ཨིསི་རཱཨེལ་པ་ཚོ་ནས་བྲོས་སྐབས་སྤངས་པའི་གྲོང་ཁྱེར་ལྟར་གྱང་རུལ་ཁག་ལྷག་པར་འགྱུར་རོ། 10ཨིསི་རཱཨེལ་པ་ཚོ་ཁྱོད་ཚོས་སྟོབས་ཆེན་བྲག་བཞིན་ཁྱོད་ཚོར་སྐྱོབས་པ་དང་སྲུང་སྐྱོབས་གནང་མཁན་དཀོན་མཆོག་དེ་བརྗེད་ཡོད་པ་དང། དེའི་ཚབ་ལ་ཁྱོད་ཚོས་ཕྱི་རྒྱལ་བའི་ལྷ་ལ་མཆོད་པའི་ཆེད་ལྡུམ་ར་རྩ་ཆེ་རྣམས་འཛུགས་ཡོད་དོ། 11འོན་ཀྱང་དེ་ཚོ་འདེབས་པའི་ཞོག་པ་དེ་རང་ལ་སྐྱེས་པ་དང་མེ་ཏོག་ཤར་ན་ཡང་དེ་ལ་སྟོན་ཐོག་མི་ཡོང། དེར་བཀའ་ངལ་དང་མི་དྲག་པའི་ནད་ཟུག་གཅིག་པོ་ཡོང་བར་འགྱུར་རོ༎

དགྲ་བོའི་མི་རིགས་ཕམ་པར་མཛད་པ།

12སྟོབས་ཆེན་མི་རིགས་ཚོ་རྒྱ་མཚོའི་རྦ་རླབ་ཆེན་པོའི་ཆུ་སྒྲ་སྒྲིགས་པ་ལྟར་འུར་སྒྲ་ཐོས་བཞིན་འདུག 13མི་རིགས་ཁག་རྦ་རླབ་རྒྱུགས་ཡོང་བ་ལྟར་ཡོང་ངོ། འོན་ཀྱང་དཀོན་མཆོག་གིས་བཀའ་བཀྱོན་གནང་བ་དང་དེ་ཚོས་ཕྱི་ནུར་བརྒྱབ་བོ། རི་བོའི་སྟེང་དུ་རྡུལ་ལྟར་དང་རླུང་ནང་སོག་མ་ལྟར་དེ་ཚོ་ཕྱིར་དེད་པར་འགྱུརོ། 14དགོང་དྲོ་དེ་ཚོས་འཇིགས་སྐྲག་བསྐུལ་ན་ཡང་ཞོག་པ་དེ་ཚོ་མེད་པར་འགྱུར། ང་ཚོའི་ཡུལ་དུ་འཕྲོག་བཅོམ་བྱ་མི་ཚོར་སྐྱལ་བ་ནི་དེ་ལྟར་ཡིན་ནོ༎

ཡེ་ཤ་ཡཱ 18

དཀོན་མཆོག་གིས་ཨི་ཐི་ཨོ་པི་ཡ་ལ་ཉེས་ཆད་གནང་རྒྱུ།

1ཨི་ཐི་ཨོ་པི་ཡའི་གཙང་པོ་རྣམས་ཀྱི་ཕ་རོལ་དུ་ཤོག་པའི་སྒྲ་ཐོས་པའི་ཡུལ་ཞིག་ཡོད་དོ། 2ཡུལ་དེ་ནས་སྐུ་ཚབ་རྣམས་སྨྱུག་མས་བཟོས་པའི་གྲུའི་ནང་དུ་ན་ཨེལ་རྒྱུད་ཡོང་ངོ། བང་ཆེན་ཁྱུག་པོ་ཚོ་ཁྱིམ་དུ་ཕྱིར་ལོག་ཅིག། གཙང་པོ་རྣམས་ཀྱི་བགོས་པའི་ཁྱོད་ཚོའི་ཡུལ་སྟོབས་དང་དབང་ཤུགས་ལྡན་པའི་ཁྱོད་ཚོའི་མི་རིགས། གཟུགས་རིང་ཤ་འཇམ་པོའི་ཁྱོད་ཚོའི་མི་མང་འཛམ་གླིང་ཡོངས་སུ་འཇིགས་སྣང་བྱེད་མཁན་ཚོར་འཕྲིན་ཞིག་འཁྱེར་ཞིག 3ས་གཞིར་སྡོད་མཁན་རྣམས་ཉོན་ཞིག། རི་བོའི་སྟེང་དུ་མཚོན་རྟགས་ཅན་གྱི་དར་ཆེན་བགྲེངས་པར་ལྟོས་ཤིག་དང། དུང་འབུད་པ་ལ་ཉོན་ཞིག། 4གཙོ་བོ་དཀོན་མཆོག་གིས། ང་ལ་འདི་ལྟར་གསུངས་སོ། བཙས་མ་རྔ་བའི་ཚ་དྲོད་ཅན་གྱི་མཚན་མོར་ཟིལ་པ་ཁུ་སིམ་མིར་ཆགས་པ་ལྟ་བུ། ཉིན་མོའི་ཚ་བར་ཉི་མ་དལ་བུར་ཤར་བ་བཞིན་ངས་ནམ་མཁའ་ནས་མར་ལྷོད་པོར་བལྟའོ། 5རྒུན་འབྲུམ་བསྡུ་བའི་སྔོན་དུ་མེ་ཏོག་ཤར་བ་ཚང་མ་མར་ལྷུང་ནས། རྒུན་འབྲུམ་སྨིན་པའི་སྐབས་རྒུན་ཤིང་གི་ཡལ་ག་གྲིས་ལས་སླ་པོར་བཅད་པ་ལྟར་དགྲ་བོས་ཨི་ཐི་ཨོ་པི་ཡ་པ་ཚོར་འཛིགས་པར་བྱེད་དོ། 6དེ་ཚོའི་དམག་མིའི་རོ་རྣམས་བྱ་དང་གཅན་གཟན་ཚོར་ལུས་པར་འགྱུར། དབྱར་ཁ་བྱ་རྣམས་ཀྱིས་དེ་ཚོ་ཟ་བ་དང་དགུན་ཁ་གཅན་གཟན་ཚོས་དེ་ཚོ་ཟའོ། 7དུས་ཚོས་སླེབས་བཞིན་ཡོད། ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས། གཙང་པོ་རྣམས་ཀྱི་བགོས་པའི་ཡུལ་འདི་དང་སྟོབས་ལྡན་དང་དབང་ཆེན་པོའི་མི་རིགས་འདི། གཟུགས་རིང་ཤ་འཇམ་པོའི་མི་མང་འཛམ་གླིང་ཡོངས་སུ་འཇིགས་སྣང་བྱེད་མཁན་དེ་ཚོ་ནས་འབུལ་བ་ངོས་ལེན་གནང་བར་འགྱུར། དེ་ཚོས་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ལ་མཆོད་ཡུལ་རི་བོ་ཛི་ཡོན་དུ་ཡོང་བར་བྱའོ༎

ཡེ་ཤ་ཡཱ 19

དཀོན་མཆོག་གི་ཨི་ཇིབ་ལ་ཉེས་ཆད།

1གསུང་འཕྲིན་འདི་ཨི་ཇིབ་པ་ཚོའི་སྐོར་ལ་ཡིན། གཙོ་བོ་དཀོན་མཆོག་སྤྲིན་པར་ཆིབས་ནས་ཨི་ཇིབ་ཡུལ་དུ་ཁྱུག་པོར་ཕེབས་བཞིན་ཡོད། ཁོང་གི་མདུན་དུ་ཨི་ཇིབ་པའི་འདྲ་སྐུ་རྣམས་འདར་བ་དང་ཨི་ཇིབ་ཀྱི་མི་མང་རྣམས་ཀྱི་སེམས་ཤུགས་ཆགས་ཡོད་དོ། 2གཙོ་བོ་དཀོན་མཆོག་གིས་གསུངས་པ། ངས་ཨི་ཇིབ་ཀྱི་ཡུལ་མིའི་དབར་དམག་འཁྲུགས་སློང་རྒྱུ་དང་སྤུན་གྱིས་སྤུན་དང་ཁྱིམ་མཚེས་ཁྱིམ་མཚེས་ལ་རྒོལ་བཅུག་རྒྱུ་ཡིན། གྲོང་ཁྱེར་རྣམས་གཅིག་གིས་གཅིག་ལ་འཐབ་པ་དང། རྒྱལ་པོ་རྣམས་དབང་ཆེའི་ཆེད་དུ་འཐབ་པར་འགྱུར་རོ། 3ངས་ཨི་ཇིབ་པའི་འཆར་གཞི་རྣམས་འཁྲུག་ཏུ་འཇུག་རྒྱུ་དང་དེ་ཚོའི་སེམས་ཤུགས་མེད་པ་བཟོ་རྒྱུ་ཡིན། དེ་ཚོའི་སྐུ་འདྲར་རོགས་བྱེད་དགོས་བརྗོད་རྒྱུ་དང། དེ་ཚོས་ལྷ་པར་བཀའ་བསྡུར་ཞུ་བར་འགྲོ་བ་དང་གཤིན་པོའི་རྣམ་ཤེས་ལ་སློབ་སྟོན་ཞུ་བར་འགྱུར་རོ། 4ངས་ཨི་ཇིབ་པ་ཚོ་ལ་མནར་གཅོོད་ཅན་དང་སྡུག་རྩུབ་ཅན་གྱི་རྒྱལ་པོ་ཞིག་ལ་རྩིས་སྤྲོད་བྱ་རྒྱུ་དང་ཁོས་དེ་ཆོའི་ཐོག་ཏུ་རྒྱལ་སྲིད་སྐྱོངས་བར་འགྱུར། ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན། 5ན་ཨེལ་གྱི་གཙང་པོ་དེ་ཆུང་ངུར་སོང་ནས་རིམ་བཞིན་དེ་སྐམ་པར་འགྱུར་རོ། 6རྒྱུགས་ཆུ་འགྲོ་སའི་ཡུར་བ་དེ་ག་ལེར་སྐམ་ནས་དྲི་མ་བྲོ་བ་དང། འདམ་རྩ་དང་སྨྱུག་རྩ་རྣམས་སྐམ་པར་འགྱུར་རོ། 7ན་ཨེལ་གཙང་པོའི་འགྲམ་དུ་བཏབ་པའི་སྟོན་ཐོག་རྣམས་སྐམ་ནས་རླུང་གིས་འཁྱེར་རོ། 8ན་ཨེལ་གཙང་པོ་ནས་ཉ་ཟིན་ནས་མི་ཚེ་སྐྱེལ་མཁན་རྣམས་སྐད་ངན་འདོན་ནས་ངུའོ། དེ་ཚོའི་ལྕགས་ཀྱུ་དང་དྲ་བ་རྣམས་ཕན་མེད་དུ་འགྱུར་རོ། 9ཀ་ཤི་ཀའི་རས་བཟོ་མཁན་རྣམས་ཡིད་མུག་པར་འགྱུར་རོ། 10ཐག་མཁན་དང་ལག་རྩལ་ལྡན་པའི་ལས་མི་རྣམས་སེམས་ཤུགས་ཆགས་པ་དང་ཡིད་མུག་པར་འགྱུར་རོ། 11ཛོ་ཨན་གྲོང་ཁྱེར་གྱི་འགོ་འཛིན་རྣམས་གླེན་པ་ཡིན། ཨི་ཇིབ་ཀྱི་སྐྱེ་བོ་ཤེས་རབ་ཆེ་ཤོས་ཚོས་ཀྱང་གླེན་པའི་སླབ་བྱ་སྤྲད་དོ། དེ་ཚོས་རྒྱལ་པོ་ལ་དེ་ཚོ་སྔོན་གྱི་མཁས་དབང་དང་རྒྱལ་པོ་ཚོའི་ཤུལ་འཛིན་ཡིན་ཞེས་ཇི་ལྟར་ཞུ་ནུས་སམ། 12ཨི་ཇིབ་ཀྱི་རྒྱལ་པོ་ཁྱེད་ཀྱི་སློབ་སྟོན་པ་གྲུང་པོ་ཚོ་གང་དུ་སོང། ཕལ་ཆེར་དེ་ཚོས་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་ཀྱི་ཆེད་དུ་འཆར་གཞི་ཇི་འདྲ་གཏིང་གནང་བ་བརྗོད་ཐུབ་བོ། 13ཛོ་ཨན་དང་མེམ་ཕིསིའི་འགོ་འཛིན་རྣམས་གླེན་པ་ཡིན། དེ་ཚོ་ནི་རྒྱལ་ཁབ་ཀྱི་སྣེ་འཁྲིད་མཁན་ཡིན་ན་ཡང་དེ་ཚོས་ལམ་ནོར་དུ་འཁྲིད་ཡོད་དོ། 14གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་བློ་རྨངས་པའི་ལམ་སྟོན་བྱེད་དུ་འཇུག་གནང་ཡོད། དེའི་རྐྱེན་གྱིས་ཨི་ཇིབ་ཀྱིས་ནོར་འཁྲུལ་འབའ་ཞིག་བྱེད་པ་དང། མི་ར་བཟི་བ་བཞིན་འཁྱོར་ནས་རང་གི་སྐྱུག་པའི་སྟེང་འདྲེད་དག་ཤོར་རོ། 15ཨི་ཇིབ་དུ་མི་དབུལ་པོའམ་ཕྱུག་པོ་དང་མི་གཙོ་ཆེའམ་རྒྱུས་མེད་བཅས་སུས་ཀྱང་རོགས་བྱེད་མི་ཐུབ་བོ༎

ཨི་ཇིབ་ཀྱིས་གཙོ་བོ་དཀོན་མཆོག་ལ་མཆོད་པ་འབུལ་རྒྱུ།

16ཨི་ཇིབ་ཀྱི་མི་མང་རྣམས་བུད་མེད་ལྟ་བུར་བློ་ཁོག་ཆུང་བར་འགྱུར་བའི་དུས་ཤིག་ཡོང། དེ་ཚོར་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་ཉེས་ཆད་གཏོང་འགྱུར་ཕྱག་བརྐྱངས་གནང་བ་མཐོང་ནས་དེ་ཚོ་འཇིགས་སྣང་ངང་འདར་བར་འགྱུར་རོ། 17ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་ཀྱི་མི་མང་རྣམས་ལ་ཇི་ལྟར་མཛད་འཆར་ཡོད་སྐོར་དྲན་གསོ་བྱེད་སྐབས་དེ་ཚོ་ཡ་ཧུ་དཱ་པར་ཤིན་ཏུ་འཇིགས་པར་འགྱུར་རོ། 18དུས་ཚོད་དེ་སླེབས་སྐབས་སུ། ཨི་ཇིབ་པའི་གྲོང་ཁྱེར་ལྔའི་ནང་ལ་ཨིབ་རི་པའི་སྐད་དེ་བེད་སྤྱོད་བྱེད་པ་དང། དེར་ཡོད་པའི་མི་མང་ཚོས་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གི་མཚན་ནས་མནའ་བསྐྱེལ་བར་བྱེད་དོ། གྲོང་ཁྱེར་ཞིག་ལ་ཉི་མའི་གྲོང་ཁྱེར་ཞེས་གྲགས་པར་འགྱུར་རོ། 19དུས་ཚོད་དེ་སླེབས་སྐབས་སུ། ཨི་ཇིབ་ཡུལ་དུ་གཙོ་བོ་དཀོན་མཆོག་ལ་མཆོད་ཁྲིད་ཞིག་བྱུང་བ་དང། ཨི་ཇིབ་ཀྱི་ས་མཚམས་སུ་ཁོང་ལ་རྡོའི་ཀ་བ་ཞིག་བསྔོ་བར་འགྱུར། 20དེ་ཚོ་ནི་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨི་ཇིབ་དུ་བཞུགས་པའི་རྟགས་སུ་འགྱུར། དེར་ཡོད་པའི་མི་མང་རྣམས་ལ་མནར་གཅོད་བྱུང་སྐབས་སྐྱབས་རོགས་སུ་གཙོ་བོ་དཀོན་མཆོག་ལ་འབོད་བསྐུལ་ཞུས་པ་ཡིན་ན། ཁོང་གིས་སུ་ཞིག་ལ་སྐྱོབ་པར་གཏོང་གནང་ངོ། 21གཙོ་བོ་དཀོན་མཆོག་ཁོང་རང་ཨི་ཇིབ་པའི་མི་མང་རྣམས་ལ་མངོན་པར་མཛད་རྒྱུ་དང། དེ་ཚོས་ཁོང་ལ་ངོས་ལེན་ཞུས་ནས་མཆོད་པ་དང་དམར་མཆོད་དང་འབུལ་བ་རྣམས་ཕུལ་བར་འགྱུར། དེ་ཚོས་ཁོང་ལ་དམ་བཅའ་བརྟན་པོ་ཕུལ་བ་ལྟར་བྱས་པར་འགྱུར། 22གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་པ་ཚོར་ཆད་པ་གཏོང་གནང་ན་ཡང་ཁོང་གིས་དེ་ཚོ་གསོ་བར་མཛད་དོ། དེ་ཚོ་ཁོང་གི་ཕྱོགས་སུ་ཁ་སྒྱུར་ནས་དེ་ཚོས་སྐྱབས་ཞུ་བ་དང་ཁོང་གིས་དེ་ཚོའི་གསོལ་འདེབས་ལ་གསན་ནས་གསོ་བར་མཛད་དོ། 23དུས་ཚོད་དེ་སླེབས་སྐབས་སུ། ཨི་ཇིབ་དང་ཨ་སུར་གྱི་དབར་རྒྱ་ལམ་ཞིག་ཡོང་བར་འགྱུར། ཡུལ་དེ་གཉིས་ཀྱི་མི་མང་ཚོ་ཕར་ཚུར་འགྲུལ་བཞུད་བྱེད་པ་དང། རྒྱལ་ཁབ་གཉིས་པོས་མཉམ་དུ་མཆོད་འབུལ་བྱེད་པར་འགྱུར། 24དུས་ཚོད་དེ་སླེབས་སྐབས་སུ། ཨིསི་རཱཨེལ་ཡང་ཨི་ཇིབ་དང་ཨ་སུར་དང་འདྲ་མཉམ་བྱུང་བ་དང། རྒྱལ་ཁབ་འདི་ཚོ་གསུམ་འཛམ་གླིང་ཡོངས་ཀྱི་བྱིན་རླབས་སུ་འགྱུར་རོ། 25ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་བྱིན་རླབས་གནང་རྒྱུ་དང། ངས་ངའི་མི་མང་ཨི་ཇིབ་དང་ངས་བཀོད་པའི་ཨ་སུར་དང་ངས་འདམས་པའི་ཨིསི་རཱཨེལ་གྱི་མི་མང་ལ་བྱིན་གྱིས་རླབས་ཀྱི་ཡིན་ཞེས་གསུངས་བར་འགྱུར༎

ཡེ་ཤ་ཡཱ 20

ཨི་ཇིབ་ཡུལ་དང་ཨི་ཐི་ཡོ་པི་ཡའི་སྐོར་ལ་ལུང་བསྟན།

1ཨ་སུར་གྱི་རྒྱལ་པོ་ཆེན་པོ་སར་གོན་གྱི་བཀའ་ལྟར་ཨ་སུར་པ་དམག་དཔུང་གི་དམག་སྤྱི་ཆེན་པོས་ཕེ་ལེ་ཤེད་པའི་གྲོང་ཁྱེར་ཨཤ་དྷོད་ལ་དམག་འཐབ་གནང་ངོ། 2ལོ་གསུམ་གྱི་སྔོན་ལ་གཙོ་བོ་དཀོན་མཆོག་གིས། ཨ་མོཛའི་བུ་ཡེ་ཤ་ཡཱ་ལ་ཁོས་གྱོན་པའི་ལྷམ་དང་རྩ་ཕད་ཀྱི་གྱོན་གོས་ཕུད་ཅིག་གསུངས་སོ། ཁོས་དེ་བཞིན་བྱས་ཏེ་དམར་ཧྲང་ང་དང་རྐང་རྗན་མར་འགྲུལ་ལོ། 3ཨཤ་དྷོད་འཛིན་བཟུང་སྐབས་སུ་གཙོ་བོ་དཀོན་མཆོག་གིས། ངའི་ཞབས་ཕྱི་ཡེ་ཤ་ཡཱ་ལོ་གསུམ་རིང་དམར་ཧྲང་དང་རྐང་རྗེན་མར་འགྲུལ་བཞིན་ཡོད་དོ། དེ་ནི་ཨི་ཇིབ་དང་ཨི་ཐི་ཨོ་པི་ཡ་གཉིས་ལ་ཇི་ཡོང་བའི་རྟགས་མཚན་ཡིན་ནོ། 4ཨ་སུར་གྱི་རྒྱལ་པོ་ཆེན་པོས་ཡུལ་དེ་ཚོ་གཉིས་ནས་བཟུང་བའི་བཙོན་པ་མི་རྒན་གཞོན་ཚང་མ་རྐང་རྗེན་མ་དང་དམར་ཧྲང་ང་དེ་ཚོར་རྐུབ་སྟོན་ནས་ཡོད་པར་སྣེ་འཁྲིད་གནང་ནས། ཨི་ཇིབ་ཐོག་ངོ་ཚ་བ་བཟོས་བར་འགྱུར། 5ཨི་ཐི་ཨོ་པི་ཡ་ལ་བློ་གཅོལ་བྱེད་མཁན་དང་ཨི་ཇིབ་ཀྱི་སྐོར་ལ་སྤོབས་པ་བྱེད་མཁན་རྣམས་འཇིག་པ་དང་ངོ་འཚེའི་ནང་ཚུད་པར་འགྱུར་རོ། 6དུས་ཚོད་དེ་སླེབས་སྐབས་སུ། རྒྱ་མཚོའི་མཐའ་འཁོར་དུ་བསྡད་པའི་ཕེ་ལེ་ཤེད་ཀྱི་མི་མང་རྣམས་ཀྱིས། ལྟོས་དང་། ང་ཚོ་ལ་ཨ་སུར་གྱི་རྒྱལ་པོ་ཆེན་པོ་ནས་སྐྱོབས་ཡོང་ཞེས་བློ་འགལ་བའི་མི་མང་ཚོར་ག་རེ་བྱུང་སོང་ངམ། ད་ང་ཚོ་ཇི་ལྟར་འཚོ་ཐུབ་བམ་ཞེས་སྨྲས་ཡོང༎

ཡེ་ཤ་ཡཱ 21

བྷེ་བྷི་ལོན་ཉམ་པའི་ཞལ་གཟིགས།

1གསུང་འཕྲིན་འདི་བྷེ་བྷི་ལོ་ནི་ཡའི་སྐོར་ལ་ཡིན། བྱེ་ཐང་བརྒྱུད་རླུང་འཚུབ་དྲག་པོ་ཡོང་བ་ལྟར་འཇིགས་སུ་རུང་བའི་ཡུལ་ཞིག་ནས་རྐྱེན་ངན་ཡོང་ངོ། 2ངས་སྡུག་རྩུབ་ཅན་དང་བསླུ་འཁྲིད་དང་འཇིག་པའི་སྐོར་ཞལ་གཟིགས་ཤིག་མཐོང་བྱུང། ཨེ་ལམ་གྱི་དམག་དཔུང་འཐབ་ཅིག། མ་དཱའི་དམག་དཔུང་གྲོང་ཁྱེར་ཁག་མཐའ་བསྐོར་ཞིག བྷེ་བྷི་ལོན་གྱིས་སྤྲད་པའི་སྡུག་བསྔལ་རྣམས་དཀོན་མཆོག་གིས་མཚམས་འཇོགས་མཛད་པར་འགྱུར། 3ངས་ཞལ་གཟིགས་དེ་མཐོང་བ་དང་ཐོས་པའི་རྐྱེན་གྱིས་ང་ལ་འཛིགས་སྣང་དང་བུད་མེད་སྐྱེ་ཟུགས་རྒྱབ་པ་ལྟར་ཟུག་རྒྱབ་བྱུང། 4ང་མགོ་ཡུ་འཁོར་བ་དང་ང་འཇིགས་ནས་འདར་བཞིན་འདུག ངས་དགོང་དྲོ་ཡོང་བར་སྒུག་ན་ཡང་དེས་ང་ལ་འཇིགས་སྣང་མ་གཏོགས་གང་ཡང་འཁྱེར་མི་ཡོང། 5ཞལ་གཟིགས་ནང་ཐུགས་སྤྲོ་གྲ་སྒྲིགས་ཡོད་པ་དང། སྐུ་མགྲོན་ཚོ་བཞུགས་པའི་གདན་བཏིང་འདུག། དེ་ཚོ་ཟ་ཞིང་འཐུང་ངོ། གློ་བུར་དུ་འདི་ལྟར་སྨྲས་པའི་བཀའ་ཕེབས་སོ། དཔོན་པོ་ཚོ་ཁྱོད་ཚོའི་ཕུབ་རྣམས་གྲ་སྒྲིགས་བྱོས་ཤིག 6དེ་ནས་གཙོ་བོས་ང་ལ་གསུངས་པ། ཕྱིན་ནས་སྒོ་སྲུང་བ་ཞིག་འཇོག་ཅིག། ཁོས་ཇི་མཐོང་བ་རྣམས་སྙན་སེང་ཞུ་དགོས། 7ཁོ་པས་མི་རྟར་ཞོན་ནས་ཆ་ཆ་བྱས་ནས་ཡོང་བ་དང་བོང་བུ་དང་རྔ་མོང་ལ་ཞོན་པའི་མི་མཐོང་བ་ཡིན་ན། ཁོས་དེ་ཚོ་ལ་ཟབ་ཟབ་བྱས་ནས་བལྟ་དགོས་སྨྲོས་ཤིག་ཅེས་བཀའ་གནང་བྱུང། 8སྒོ་སྲུང་པས་སྐུ་ཞབས་ལགས། ངས་ཉིན་མཚན་རང་གི་ས་གནས་སུ་ལང་ནས་སྲུང་བཞིན་ཡོད་ཅེས་སྨྲས་སོ། 9གློ་བུར་དུ་དེ་ཚོ་ལེབས་སོང་། རྟ་ལ་ཞོན་པའི་མི་ཆ་ཆ་བྱས་ནས་སླེབས་སོ། སྒོ་སྲུང་བས་བྷེ་བྷི་ལོན་ཤོར་སོང། དེ་ཚོས་མཆོད་པའི་སྐུ་འདྲ་རྣམས་ས་ལ་དུམ་བུར་ཆགས་ནས་ལྷུང་འདུག་ཅེས་སྙན་གསེང་ཞུས་སོ། 10ངའི་ཨིསི་རཱཨེལ་གྱི་མི་མང་ཚོ་གཡུལ་ཐག་སྐབས་སུ་གྲོ་བརྡུང་བ་ལྟར་ཁྱོད་ཚོ་བརྡུང་ཡོད་ན་ཡང་ད་ངས་ཨིསི་རཱཨེལ་གྱི་དཀོན་མཆོག་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ནས་ཇི་ལྟར་ཐོས་པའི་གཏམ་བཟང་རྣམས་ཁྱོད་ཚོར་གསལ་སྒྲགས་བྱ་བཞིན་ཡོད༎

ཨེ་དྷོམ་གྱི་སྐོར་ལ་གསུང་འཕྲིན།

11འདི་ནི་ཨེ་དྷོམ་སྐོར་ལ་གསུང་འཕྲིན་ཡིན་ནོ། ཨེ་དྷོམ་ནས་མི་ཞིག་གིས་ང་ལ། ཀྱེ་སྒོ་སྲུང་བ་མཚན་འདི་ག་དུས་ཡོལ་གྱི་རེད། དེའི་མཐའ་ག་དུས་ཡོང་གི་རེད་ང་ལ་ཤོད་རོགས་ཤེས་སྨྲས་པ་དང། 12སྔ་དྲོ་ཡོང་བཞིན་ཡོད། འོན་ཀྱང་མཚན་མོ་ཡང་སྐྱར་ཡོང་བར་འགྱུར། ཁྱོད་ཀྱིས་ང་ལ་ཡང་སྐྱར་འདྲི་འདོད་ན། ཕྱིར་ལོག་ནས་དྲིས་ཤིག་ཅེས་ངས་ལེན་འདེབས་པ་ཡིན༎

ཨ་ར་བི་ཡའི་སྐོར་གསུང་འཕྲིན།

13འདི་ནི་ཨ་ར་བི་ཡའི་སྐོར་གྱི་གསུང་འཕྲིན་ཡིན་ནོ། ཨ་ར་བི་ཡའི་ས་སྐམ་པོར་སྒར་བརྒྱབ་ནས་འགྲུལ་སྐྱོད་བྱེད་མི་ཚོགས་ཁག་དྷེ་དན་གྱི་མི་ཁྱོད་ཚོ། 14ཁྱོད་རྩར་ཡོང་མཁན་མི་མང་ཁ་སྐོམ་པ་ཚོར་ཆུ་སྤྲོད་ཅིག། ཏེ་མ་ཡུལ་གྱི་མི་མང་ཁྱོད་ཚོས་བཙན་བྱོལ་པ་ཚོར་ཁ་ཟས་སྤྲོད་ཅིག། 15མི་མང་རྣམས་དེ་ཚོ་གསོད་པར་གྲ་སྒྲིགས་ཡོད་པའི་རལ་གྲི་དང་དེ་ཚོ་ལ་རྒྱབ་གྲབ་ཡོད་པའི་མདའ་དང་དམག་གི་ཉེན་ཁ་ཚང་མ་ནས་ཐར་བའི་ཆེད་བྲོས་བཞིན་ཡོད་དོ། 16དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་གསུངས་པ། ལོ་གཅིག་ནང་ཀེ་དར་གྱི་སྙན་གྲགས་རྫོགས་པར་འགྱུར་རོ། 17ཀེ་དར་གྱི་མདའ་པ་རྣམས་མི་བློ་སྟོབས་ཆེ་ཤོས་ཡིན་ན་ཡང་དེ་ཚོ་ཧ་ཅང་ཉུང་ཉུང་ལྷག་པར་འགྱུར། ང་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་སྨྲས་པ་ཡིན༎

ཡེ་ཤ་ཡཱ 22

ཡེ་རུ་ཤ་ལེམ་གྱི་སྐོར་ལ་གསུང་འཕྲིན།

1གསུང་འཕྲིན་འདི་ཞལ་གཟིགས་ཀྱི་ལུང་གཤོང་སྐོར་ལ་ཡིན། ད་ག་རེ་ཡོང་བཞིན་ཡོད། གྲོང་ཁྱེར་གྱི་མི་མང་རྣམས་ཁང་པའི་རྩེ་ཐོག་ཏུ་གང་གི་དོན་དུ་དུས་སྟོན་བྱེད་བཞིན་ཡོད་དོ། 2གྲོང་ཁྱེར་ཡོངས་རྫོགས་སྐད་སྒྲ་དང་ངར་སྟོབས་ཀྱི་ཟང་ཟིང་གིས་ཁེངས་ཡོད་དོ། ཁྱོད་ཀྱི་མི་ཚོ་དམག་དེའི་ནང་དུ་ཤི་ཡོད་པ་རྣམས་འཐབ་རྩོད་ནང་ཤི་མེད་ཅིང། 3ཁྱོད་ཀྱི་འགོ་འཛིན་ཚང་མ་བྲོས་འགྲོ་བ་དང་དེ་ཚོས་མདའ་གཅིག་མ་འཕེན་པའི་སྔོན་དུ་བཟུང་ངོ་། 4ད་ང་མི་མང་ཤི་བ་དེ་ཚོ་ཚང་མའི་ཆེད་དུ་ང་ལ་གཅིག་པུར་བཞག་ནས་རབ་ཏུ་ངུ་རུ་བཅུག་ཅིག་ ང་ལ་སེམས་གསོ་གཏོང་ཐབས་མ་བྱེད་ཅིག 5ཞལ་གཟིགས་ཀྱི་ལུང་གཤོང་ནང་མགོ་རྙོག་དང་དངངས་སྐྲག་དང་ཕམ་པའི་དུས་སྐབས་ཡིན། འདི་ནི་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཀུན་དབང་ཅན་གྱི་གིས་ང་ཚོའི་ཐོག་ཏུ་གཏོང་གནང་བ་ཡིན། ང་ཚོའི་གྲོང་ཁྱེར་གྱི་ལྕགས་རི་རྣམས་སྟོར་ཡོད་པ་དང་རི་བོ་རྣམས་ཀྱི་ཁྲོད་དུ་རོགས་པ་ཞུ་བའི་ཆེད་ངུ་སྐད་ཀྱིས་བྲག་ཆར་འཐབ་བོ། 6ཨེ་ལམ་ཡུལ་གྱི་དམག་མི་རྣམས་རྟར་ཞོན་ནས་མདའ་དང་གཞུའི་གོ་མཚོན་དང་བཅས་ཡོང་བ་དང། ཀིར་ཡུལ་གྱི་དམག་མི་རྣམས་ནས་དེ་ཚོའི་ཕུབ་གྲ་སྒྲིགས་ཡོད་དོ། 7ས་ལུས་འཛོམས་པའི་ཡ་ཧུ་དཱའི་ལུང་གཤོང་དེ་ཚོ་ཤིང་རྟ་འཁོར་ལོས་ཁེངས་པ་དང། རྟ་ལ་ཞོན་པའི་དམག་མི་རྣམས་ཡེ་རུ་ཤ་ལེམ་གྱི་རྒྱལ་སྒོ་རྣམས་ཀྱི་མདུན་དུ་ལངས་སོ། 8ཡ་ཧུ་དཱའི་སྲུང་སྐྱོབས་ཡོངས་རྫོགས་གཞིགས་སོ། དེ་ལྟར་བྱུང་སྐབས་ཁྱོད་ཀྱི་གོ་མཛོད་ཁང་ནས་མཚོན་ཆ་རྣམས་འཁྱེར་ཡོང་ངོ། 9-10ཁྱོད་ཀྱིས་ཉམས་གསོ་བྱེད་དགོས་པའི་ཡེ་རུ་ཤ་ལེམ་གྱི་ལྕགས་རི་རྣམས་རྙེད་དོ། ཁྱོད་ཀྱིས་ཡེ་རུ་ཤ་ལེམ་གྱི་ཁང་ཁྱིམ་ཚང་མར་རྟགས་ཞིབ་བྱས་ནས་གྲོང་ཁྱེར་གྱི་ལྕགས་རི་རྣམས་ཉམས་གསོ་བྱེད་པའི་ཆེད་རྡོ་ཐོབ་པའི་ཕྱིར་ཁང་ཁྱིམ་ཁ་ཤས་བཤིགས་སོ། ཆུ་གསོག་པའི་ཆེད་དུ། 11གྲོང་ཁྱེར་གྱི་ནང་ཆུ་རྫིང་རྙིང་པ་རྣམས་ཆུ་རྒྱུགས་ནས་གསོགས་པའི་ཆེད་ཆུ་མཛོད་ཞིག་བཟོས་སོ། འོན་ཀྱང་དུས་ཡུན་རིང་པོའི་སྔོན་ནས་འཆར་གཞི་དེ་ལྟར་བཟོ་གནང་བ་དང། དེ་ལྟར་བྱུང་བ་མཛད་མཁན་དཀོན་མཆོག་ལ་ཁྱོད་ཀྱིས་དོ་སྣང་མི་བྱེད་དོ། 12དུས་སྐབས་དེ་ལ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཀུན་དབང་ཅན་གྱིས། ཁྱོད་ཚོ་ངུ་བ་དང་མྱ་ངན་བྱེད་པ་དང་ཁྱོད་ཚོའི་སྐྲ་བཞར་བ་དང་རྩ་ཕད་ཀྱི་གོས་གྱོན་པའི་ཆེད་འབོད་བཞིན་ཡོད་དོ། 13དེའི་ཚབ་ལ་ཁྱོད་ཚོས་གད་མོ་གད་པ་དང་དུས་སྟོན་བྱེད་དོ། ཁྱོད་ཚོས་ཟ་བའི་ཆེད་ལུག་དང་བ་ཕྱུགས་གསོད་པ་དང་རྒུན་ཆང་འཐུང་བ་དང། ཁྱོད་ཚོས་ང་ཚོ་ཟ་བ་དང་འཐུང་བ་བྱ་དགོས། སང་ཉིན་ང་ཚོ་འཆི་བར་འགྱུར་ཞེས་སྨྲས་སོ། 14བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཀུན་དབང་ཅན་གྱིས་ཁོང་རང་ཉིད་ནས་ང་ལ་བཀའ་གནང་བར། དེ་ཚོས་བྱས་པས་ལས་ངན་གྱི་ཆེད་དུ་དེ་ཚོ་ཇི་སྲིད་ནམ་གནས་བར་བཟོད་གསོལ་ནམ་ཡང་ཐོབ་མི་ཡོང། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཀུན་དབང་ཅན་གྱིས་སྨྲས་པ་ཡིན་ནོ༎

ཤེབ་ན་ལ་ཉེན་བརྡ།

15བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཀུན་དབང་ཅན་གྱིས། ང་ལ་རྒྱལ་པོའི་ཁྱིམ་ཚང་གི་ཕྱག་མཛོད་ཤེབ་ན་རྩར་ཕྱིན་ནས་འདི་ལྟར་སྨྲས་པར་བཀའ་གནང་བྱུང། 16ཁྱོད་ཀྱི་བསམ་པར་ཁྱོད་སུ་ཡིན་བསམ་གྱི་འདུག་གམ། ཁྱོད་ཀྱི་ཆེད་དུ་བྲག་རིར་རོ་ཁང་བཀོས་བའི་ཐོབ་ཐང་ཡོད་དམ། 17ཁྱོད་གཙོ་བོ་ཡིན་ན་ཡང། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་ཡར་སྒྲུག་གནང་ནས་ཕར་འཕེན་པར་མཛད་དོ། 18ཁོང་གིས་ཁྱོད་ལ་པོ་ལོ་བཞིན་ཡར་སྒྲུག་གནང་ནས་ཡུལ་ཧ་ཅང་ཆེ་བ་ཞིག་ནང་འཕེན་པར་མཛད་དོ། ཁྱོད་ཀྱིས་ཧ་ཅང་སྤོབས་པ་བྱེད་པའི་ཤིང་རྟ་འཁོར་ལོ་ཚོའི་ཉེ་འཁྲིས་སུ་ཁྱོད་འཆི་བར་འགྱུར། ཁྱོད་ཀྱི་སྦྱིན་བདག་གི་ཁྱིམ་ཚང་ནང་ཁྱོད་རང་ཞབས་འདྲེན་ཡིན་ནོ། 19གཙོ་བོ་དཀོན་མཆོག་གིས། ཁྱོད་ལས་ཁུངས་ནས་ཕྱིར་འབུད་གནང་བ་དང་ཁྱོད་ཀྱི་གོ་གནས་མཐོ་རིམ་ནས་མར་འབེབས་པར་གནང་ངོ། 20གཙོ་བོ་དཀོན་མཆོག་གིས་ཤེབ་ན་ལ་གསུངས་པ། དེ་ལྟར་བྱུང་སྐབས་ངས་ཧིལ་ཀི་ཡཱའི་བུ་ངའི་ཞབས་ཕྱི་ཨེལ་ཡ་ཀིམ་ལ་སྐད་གཏོང་རྒྱུ་ཡིན། 21ངས་ཁོ་ལ་ཁྱོད་ཀྱི་ལས་བྱེད་པའི་གོས་དེ་བསྐོན་ནས་སྐེ་རག་དེ་བཅིངས་ནས་ཁྱོད་ཀྱི་དབང་ཆ་ཚང་མ་ཁོ་ལ་སྤྲོད་རྒྱུ་ཡིན་ནོ། ཁོ་ནི་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་མི་མང་གི་ཆེད་དུ་ཕ་བཞིན་དུ་འགྱུར་རོ། 22ངས་དཱ་བིད་ཀྱི་རིགས་བརྒྱུད་ཀྱི་རྒྱལ་པོའི་འོག་ཁོ་པར་དབང་ཆ་ཆ་ཚང་སྤྲད་ནས། ཁོ་ལ་ལས་ཁུངས་ཀྱི་ལྡེ་མིག་ཡོད་པ་དང་ཁོས་ཕྱེས་པ་རྣམས་སུས་ཀྱང་རྒྱབ་མི་ཐུབ་པ་དང་ཁོས་རྒྱབ་པ་རྣམས་སུས་ཀྱང་ཕྱེས་མི་ཐུབ་བོ། 23ངས་ཁོ་ལ་ཕུར་པ་ལྟར་ས་གནས་བརྟན་པོར་བཙུགས་པ་དང། ཁོ་རང་གི་ཁྱིམ་ཚང་གི་གུས་བརྩི་འབྱུང་ཁུངས་སུ་འགྱུར་རོ། 24འོན་ཀྱང་ཁོ་པའི་གཉེན་ཉེ་བ་དང་བློ་བཅོལ་བ་རྣམས་ཁོ་པའི་འཁུར་པོ་ལྟ་བུར་འགྱུར། དེ་ཚོ་ནི་སྣོད་དང་དུང་ཕན་སོགས་ཕུར་པར་འཁོན་པ་ལྟ་བུར་ཁོ་པའི་སྟེང་འཁོན་པར་འགྱུར་རོ། 25དེ་ལྟར་བྱུང་སྐབས་ཕུར་པ་དམ་པོར་བཙུགས་པ་དེ་ལྷུག་ལྷུག་ཆག་པ་དང་འགྱེལ་བར་འགྱུར། དེ་ནི་དེ་ལ་བཀལ་བ་ཐམས་ཅད་ཀྱི་མཐའ་མར་འགྱུར། གཙོ་བོ་དཀོན་མཆོག་གིས་བཀའ་གནང་ངོ༎

ཡེ་ཤ་ཡཱ 23

ཕོ་ནི་སི་ཨའི་སྐོར་ལ་གསུང་འཕྲིན།

1འདི་ནི་ཊ་ཡར་གྱི་སྐོར་ལ་གསུང་འཕྲིན་ཡིན། རྒྱ་མཚོ་ནས་ཡོང་བའི་གྲུ་པ་ཚོ་མྱ་ངན་གྱི་སྨྲེ་ངག་འདོན་ཞིག ཁྱོད་ཚོའི་ཊ་ཡར་གྱི་ཡུལ་གྱི་གྲུ་ཁ་དེ་མེད་པར་བཟོས་ཡོད་པ་དང། དེའི་ཁང་པ་རྣམས་དང་གྲོང་ཁྱེར་གཙོ་བོ་རྣམས་གྱང་འཁོག་དུ་འགྱུར་ཡོད། ས་ཡི་པེརེསེེ་ཡུལ་ནས་གྲུ་རྣམས་ལོག་ཡོང་སྐབས་ཁྱོད་ཚོས་གནས་ཚུལ་དེ་ཤེས་པར་འགྱུར་རོ། 2སི་དོན་གྱི་ཚོང་པ་ཁྱོད་ཚོ་སྨྲེ་ངག་འདོན་ཞིག། ཁྱོད་ཚོས་མི་རྣམས་ལ། 3རྒྱ་ཚོའི་ཕ་རོལ་དུ་ཨི་ཇིབ་དུ་སྐྱེས་པའི་འབྲུ་ཉོ་ཚོང་དང་རྒྱལ་ཁབ་ཡོངས་ལ་ཚོང་བྱེད་པར་བཏང་ངོ། 4སི་དོན་གྱི་གྲོང་ཁྱེར་ལ་དམའ་འབེབས་བྱུང་ཡོད། རྒྱ་མཚོ་དང་རྒྱ་མཚོ་ཆེན་པོའི་གཏིང་ནས་ཁྱོད་ཚོར་བདག་སྤྲོད་མ་བྱས་པར་ང་ལ་ཕྲུ་གུ་རྩ་བ་ནས་བྱུང་མེད་པ་དང། ངས་བུ་དང་བུ་མོ་ཚོ་འཚར་ལོངས་རྩ་བ་ནས་བྱས་མེད་སྨྲ་བར་འགྱུར། 5ཨི་ཇིབ་པ་ཚོ་ཡང་ཊ་ཡར་མེད་པར་བཟོ་བའི་སྐོར་ཤེས་པ་དང་དེ་ཚོ་ཧང་སང་ནས་སེམས་ཤུགས་ཆག་པར་འགྱུར། 6ཕོ་ནི་སི་ཨའི་མི་མང་རྣམས་མྱ་ངན་གྱི་ངུ་འབོད་བྱོས་ཤིག ཨིསི་པེན་དུ་བྲོས་ཐབས་བྱོས་ཤིག། 7ཊ་ཡར་གྱི་གྲོང་ཁྱེར་དེ་ལོ་མང་པོའི་སྔོན་ནས་ཆགས་པའི་དགའ་སྐྱིད་ཅན་དེ་ཡིན་ནོ། རྒྱ་མཚོའི་ཕ་རོལ་དུ་མི་རྣམས་གཞིས་ཆགས་པར་གཏོང་ནས་གྲོང་ཁྱེར་གསར་པ་བཟོས་མཁན་གྲོང་ཁྱེར་འདི་རེད་དམ། 8ཊ་ཡར་རྒྱལ་པོའི་གྲོང་ཁྱེར་དེའི་ཚོང་པ་རྒྱལ་སྲས་རྣམས་ས་གཞི་འདིའི་སྟེང་གུས་བཀུར་ཞུ་བའི་སྐྱེ་བོ་ཡིན། གྲོང་ཁྱེར་འདི་ཐོག་འདི་ལྟར་ཡོང་བའི་འཆར་གཞི་སུས་གཏིང་པ་རེད་དམ། 9ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་འཆར་གཞི་དེ་གཏིང་བ་ཡིན་ནོ། ཁོང་གིས་དེ་ཚོས་དེ་ལྟར་སྤོབས་པ་བྱེད་པར་མཚམས་འཇོག་གནང་བ་དང་། དེ་ཚོའི་གུས་བཀུར་ཞུ་བའི་མི་ཚོར་དམའ་འབེབས་མཛད་པའི་ཕྱིར་འཆར་གཞི་བཏིང་གནང་ངོ། 10ཁྱོད་ཚོ་ཨིསི་པེན་གྱི་གྲོང་ཁྱེར་གསར་པ་ཁག་ནང་སོང་ལ་ས་གནས་དེར་ཞིང་འདེབས་ཤིག དེར་ཁྱོད་ཚོ་ལ་སྲུང་སྐྱོབ་བྱེད་མཁན་སུ་ཡང་མེད་དོ། 11གཙོ་བོ་དཀོན་མཆོག་གིས། རྒྱ་མཚོའི་སྟེང་དུ་ཁོང་གིས་ཕྱག་བརྐྱངས་ནས་རྒྱལ་ཁབ་རྣམས་ཕམ་པར་མཛད་ཡོད་དོ། ཁོང་གིས་ཕོ་ནི་སི་ཡན་གྱི་ཚོང་རའི་སྟི་གནས་མེད་པར་བཟོ་བའི་བཀའ་གནང་ཡོད་དོ། 12སི་དོན་གྱི་གྲོང་ཁྱེར་ཁྱོད་ཀྱི་བདེ་སྐྱིད་རྫོགས་ཡོད་པ་དང། ཁྱོད་ཚོའི་མི་མང་རྣམས་མནར་གཅོད་མྱོང་ཡོད་པ་དང། དེ་ཚོ་ས་ཡི་པེརེསེ་རུ་བྲོས་ན་ཡང་དེར་ཡང་སྲུང་སྐྱོབས་མེད་དོ། 13ཊ་ཡར་སྟེང་དུ་གཅན་གཟན་རྣམས་ཀྱིས་ཁེངས་བཅུག་མཁན་དེ་ནི་བྷེ་བྷི་ལོ་ནི་ཨ་པ་ཚོ་ཡིན་པ་དང་ཨ་སུར་པ་ཚོ་མ་ཡིན་ནོ། བྷེ་བྷི་ལོ་ནི་ཨ་པ་ཚོས་མཐའ་བསྐོར་རུ་གན་དྷོ་ལ་བཟོས་པ་དང་ཊ་ཡར་གྱི་འཛིངས་རག་རྣམས་གཤིགས་པ་དང་གྲོང་ཁྱེར་རྣམས་གྱང་གོག་བཟོས་པ་རེད། 14རྒྱ་མཚོར་ཡོད་པའི་གྲུད་པ་ཚོ་མྱ་ངན་གྱི་སྨྲེ་ངག་འདོན་ཞིག ཁྱོད་ཚོས་བློས་འགེལ་བའི་གྲོང་ཁྱེར་མེད་པར་བཟོས་ཡོད་དོ། 15རྒྱལ་པོ་ཞིག་གིས་སྐུ་ཚེའི་དུས་ཡུན་ལོ་བདུན་ཅུའི་རིང་ཊ་ཡར་བརྗེད་པའི་དུས་སྐབས་ཤིག་ཡོང་བཞིན་ཡོད། ལོ་དུས་དེ་ཡོལ་བའི་རྗེས་སུ་ཊ་ཡར་ནི་གཞས་ནང་གི་དེ་བཞིན་སྨད་འཚོང་མ་ལྟར་འགྱུར་རོ། 16བརྗེད་པའི་སྨད་འཚོང་མ་སྐྱོ་པོ་ཁྱོད། པི་ཝང་ཐོག་སྟེ་གྲོང་ཁྱེར་ནང་དུ་རྒྱུགས། ཁྱོ་རྣམས་ཡང་སྐྱར་ཕྱི་རུ་བཀུག་པའི་ཆེད། པི་ཝང་གཏོང་ནས་ཡང་སྐྱར་གཞས་རྣམས་གཏོང། 17ལོ་བདུན་ཅུ་ཐམ་པ་རྫོགས་པའི་རྗེས་ལ་གཙོ་བོ་དཀོན་མཆོག་གིས་ཊ་ཡར་ལ་སྔར་གྱི་ཚོང་བྱེད་དུ་འཇུག་གནང་བ་དང། མོ་ནི་རང་ལ་འཛམ་གླིང་གི་རྒྱལ་ཁབ་ཚང་མར་གླ་ཆར་སྤྲད། 18མོས་ཚོང་ནས་བསགས་པའི་དངུལ་ཚོ་གཙོ་བོ་དཀོན་མཆོག་ལ་བསྔོ་བར་བྱེད་དོ། མོས་དངུལ་གསོག་འཇོག་མི་བྱེད་པ་དང་། འོན་ཀྱང་གཙོ་བོ་དཀོན་མཆོག་ལ་མཆོད་མཁན་ཚོས་དེ་ཚོ་ལ་དགོས་པའི་ཟས་དང་གོས་ཉོ་བར་མོའི་དངུལ་རྣམས་བེད་སྤྱོད་བྱེད་པར་འགྱུར༎

ཡེ་ཤ་ཡཱ 24

གཙོ་བོ་དཀོན་མཆོག་གི་ས་གཞིར་ཆད་པ།

1གཙོ་བོ་དཀོན་མཆོག་གིས། ས་གཞིར་གྱང་རོང་དུ་བཏང་གནང་ནས་དེ་མི་མེད་ལུང་སྟོང་དུ་འཇོག་གནང་བར་འགྱུར། ཁོང་གིས་ས་གཞིའི་དབྱིབས་ལ་བསྒྱུར་བ་གཏོང་གནང་ནས་དེར་གནས་པའི་མི་མང་རྣམས་ཁ་འཐོར་དུ་གཏོང་གནང་བར་བྱའོ། 2བླ་མ་ཚོ་དང་མི་མང་ཚོ་དང་ཚེ་གཡོག་ཚོ་དང་སྦྱིན་བདག་ཚོ་དང་ཉོ་མཁན་ཚོ་དང་ཚོང་མཁན་ཚོ་དང་བུ་ལོན་ལེན་མཁན་ཚོ་དང་གཏོང་མཁན་ཚོ་དང་འབྱོར་ལྡན་དང་དབུལ་ཕོངས་དང་བཅས་པ་ཚང་མའི་སྐྱལ་བ་འདྲ་མཉམ་ཡོང་བར་འགྱུར་རོ། 3ས་གཞི་དུམ་བུར་འགྱུར་ནས་གྱང་གོག་ཏུ་གནས་པ་དང། འདི་ནི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཡིན་པ་དང། དེ་ནི་སྒྲུབ་པར་མཛད་པར་འགྱུར་རོ། 4ས་གཞི་སྐམ་ནས་རྙིད་པ་དང། འཛམ་གླིང་ཡོངས་སུ་ཉམས་པ་དང་། ས་གཞི་དང་ནམ་མཁའ་གཉིས་ཀ་རུལ་བར་འགྱུར་རོ། 5མི་མང་རྣམས་ནས་དཀོན་མཆོག་གི་བཀའ་ཁྲིམས་དང། ཁོང་གིས་ཇི་སྲིད་ནམ་གནས་བར་འཇོག་གནང་བའི་དམ་བཅའ་ཁག་དང་འགལ་བའི་རྐྱེན་གྱིས་ས་གཞི་མི་གཙང་བ་བཟོས་སོ། 6དེ་འདྲ་སོང་ཙང་དཀོན་མཆོག་གིས་ས་གཞིར་དམོད་པ་མཛད་ཡོད་། དེར་གནས་པའི་མི་མང་རྣམས་ནས་ཇི་བྱས་པར་རིམ་པ་འཇལ་བཞིན་ཡོད། མི་ཉུང་ཉུང་གསོན་པོར་འཚོ་ཐུབ་ཡོང། 7རྒུན་ཚལ་རྙིད་པ་དང་རྒུན་ཆང་དཀོན་པོར་འགྱུར་ཡོད། སྔར་དགའ་སྐྱིད་ཡོད་མཁན་ཚང་མ་ད་ཆ་སེམས་སྡུག་ཏུ་འགྱུར་རོ། 8ད་དེ་ཚོའི་དགའ་བའི་པི་ཝང་གི་དབྱངས་དང་རྔ་སྒྲ་སྒྲོགས་པར་མི་འགྱུར་རོ། 9རྒུན་ཆང་འཐུང་ནས་དགའ་པོའི་གཞས་གཏོང་མཁན་མེད་པ་དང། སུས་ཀྱང་དེའི་བྲོ་བར་སླར་ཡང་མྱོང་བར་མི་འགྱུར་རོ། 10གྲོང་ཁྱེར་ནང་གནས་ཚུལ་ཚང་མ་ཟིང་ཕྱང་ཡོད་པ་དང་མི་མང་རྣམས་རང་གི་སྲུང་སྐྱབས་ཀྱི་ཆེད་དུ་ཁྱིམ་ནང་དུ་སྒོ་ལྕགས་རྒྱབ་ནས་བསྡད་དོ། 11མི་མང་རྣམས་ཁྲོམ་ལམ་དུ་སྐད་ཅོར་རྒྱབ་པར་བྱའོ། གང་ལག་ཟེེར་ན། དེ་ཚོ་ལ་རྒུན་ཆང་མེད་དོ། བདེ་སྐྱིད་གཏན་གྱི་ཆེད་དུ་མེད་པ་དང། དེས་ཡུལ་ནས་རྒྱང་ཕུད་གཏོང་ཡོད་དོ། 12གྲོང་ཁྱེར་གྱང་གོག་ཏུ་འགྱུར་ཡོད་པ་དང་དེའི་རྒྱལ་སྒོ་རྣམས་བཅག་ཡོད་དོ། 13དེ་ལྟར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཚང་མར་བྱུང་ཡོང། དེ་ནི་ཁ་སྐྱུར་པོའི་ཤིང་སྡོང་ཚང་མ་དཀྲུག་ཟིན་པ་དང་རྒུན་ཤིང་ནས་རྒུན་འབྲུམ་སྒྲུག་ཟིན་ནས་སྟོན་ཐོག་གི་མཐའ་མ་ལྟ་བུར་བྱུང་ཡོང། 14གསོན་པོར་གནས་མཁན་རྣམས་ནས་དགའ་བའི་ཆེད་དུ་གཞས་གཏོང་བར་འགྱུར། ནུབ་ཕྱོགས་སུ་ཡོད་མཁན་རྣམས་ནས་གཙོ་བོ་དཀོན་མཆོག་ཇི་ལྟར་རླབས་ཆེན་ཡིན་པའི་སྐོར་བརྗོད་པ་དང། 15ཤར་ཕྱོགས་སུ་ཡོད་མཁན་ཚོ་ཁོང་ལ་བསྟོད་པ་ཕུལ་བར་འགྱུར། རྒྱ་མཚོའི་ཉེ་འཁྲིས་སུ་ཡོད་པའི་མི་མང་རྣམས་ནས་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ལ་བསྟོད་པ་ཕུལ་བར་འགྱུར། 16འཛམ་གླིང་ཐག་རིང་ཤོས་ཡུལ་གྲུ་རྣམས་ནས་དྲང་བདེན་གྱི་རྒྱལ་ཁབ་ཨིསི་རཱཨེལ་ལ་བསྟོད་པའི་གཞས་ང་ཚོས་ཐོས་ཡོང། འོན་ཀྱང་ང་ལ་རེ་བ་གང་ཡང་མེད། ང་ཆུད་ཟོས་སུ་འགྲོ་བཞིན་ཡོད། བསླུ་འཁྲིད་མཁན་གྱིས་མུ་མཐུད་བསླུ་འཁྲིད་བྱེད་པ་དང། དེ་ཚོའི་བསླུ་འཁྲིད་ཇེ་སྡུག་ཏུ་འཕེལ་བར་འགྱུར་རོ། 17ཚང་མས་ང་ལ་ཉོན་ཞིག། འཇིགས་སྐྲག་དང་ས་དོང་དང་རྙིད་ཀྱིས་ཁྱོད་ཚོར་སྒུག་བཞིན་ཡོད་དོ། 18འཇིགས་སྐྲག་ནས་བྲོས་ཐབས་བྱེད་མཁན་རྣམས་ས་དོང་ནང་ལྷུང་བ་དང། དོང་ནས་བྲོས་ཐར་བ་རྣམས་རྙིས་བཟུང་བར་བྱ། ནམ་མཁའ་ནས་ཆར་ཤུགས་ཆེན་པོ་བབས་པ་དང་ས་གཞིའི་རྨང་གཞི་རྣམས་འགུལ་བར་བྱེད་དོ། 19ས་གཞི་གས་པ་དང་གཞིགས་པ་དང་དུམ་བུར་གས་ནས་ཁ་ཕྱེ་བར་འགྱུར་རོ། 20ས་གཞི་དེ་ར་བཟི་བའི་མི་བཞིན་འཁྱོར་བ་དང། རླུང་འཚུབ་ནང་རྩ་གཡབ་ཀྱི་ཁང་ཆུང་གཡོ་བ་ལྟར་གཡོ་བར་འགྱུར། འཛམ་གླིང་རང་གི་སྡིག་པས་མར་འདེགས་པ་དང་དེ་མར་རྡིབ་ནས་ཡར་རྩ་བ་ནས་ལང་བར་མི་འགྱུར་རོ། 21གཙོ་བོ་དཀོན་མཆོག་གིས། མཐོ་བའི་ནུས་སྟོབས་དང་ས་གཞིའི་རྒྱལ་པོ་རྣམས་ལ་ཆད་པ་གཏོང་བའི་དུས་ཚོད་ཅིག་ཡོང་བཞིན་ཡོད་དོ། 22དཀོན་མཆོག་གིས་རྒྱལ་པོ་རྣམས་ས་དོང་ནང་ཡོད་པའི་བཙོན་པ་ལྟར་བཀོང་བར་འགྱུར། དེ་ཚོ་ལ་ཉེས་ཆད་གཏོང་བའི་དུས་ཚོད་དེ་མ་སླེབས་བར་ཁོང་གིས་དེ་ཚོར་བཙོན་ཁང་ནང་བཅུག་པར་གནང་ངོ། 23ཟླ་བ་མུན་པར་འགྱུར་བ་དང། ཉི་མ་སླར་ཡང་འཆར་བར་མི་འགྱུར། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་ཀུན་དབང་ཅན་རྒྱལ་པོར་གྱུར་ནས། ཁོང་གིས་ཡེ་རུ་ཤ་ལེམ་གྱི་རི་བོ་ཛི་ཡོན་ནས་རྒྱལ་སྲིད་སྐྱོངས་གནང་བ་དང། མི་མང་གི་འགོ་པ་ཚོས་ཁོང་གི་གཟི་བརྗིད་མཐོང་བར་འགྱུར་རོ༎

ཡེ་ཤ་ཡཱ 25

1གཙོ་བོ་དཀོན་མཆོག་ཁྱེད་ངའི་དཀོན་མཆོག་ཡིན། ང་ཡིས་ཁྱེད་ལ་གུས་བཀུར་ཞུ་རྒྱུ་དང། ཁྱེད་ཀྱི་མཚན་ལ་བསྟོད་པ་ཕུལ་རྒྱུ་ཡིན། ཁྱེད་ཀྱི་ངོ་མཚར་ཅན་གྱི་བྱ་བ་མཛད། དུས་རིང་སྔོན་ནས་བཟོས་པའི་འཆར་གཞི་རྣམས། ཁྱེད་ཀྱིས་དམ་ལྡན་ཐོག་ཏུ་ཕྱག་ལེན་མཛད། 2ཁྱེད་ཀྱིས་གྲོང་ཁྱེར་རྣམས་ནི་གྱང་གོག་མཛད། དེ་ཚོའི་འཛིང་རག་རྣམས་ནི་མེད་པར་མཛད། ང་ཚོའི་དགྲ་བོས་བཞེངས་པའི་ཕོ་བྲང་རྣམས། གཏན་གྱི་ཆད་དུ་མེད་པར་འགྱུར་ཡོད་དོ། 3སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་མི་མང་ནས། དེ་ཚོས་ཁྱེད་ལ་བསྟོད་པ་ཕུལ་བར་འགྱུར། སྡུག་རྩུབ་ཅན་གྱི་རྒྱལ་ཁབ་དེ་རྣམས་ཀྱིས། གྲོང་ནང་ཁྱེད་ལ་འཇིགས་ཤིང་སྐྲག་པར་འགྱུར། 4དབུལ་འཕོང་མགོན་མེད་རྣམས་ནི་ཁྱེད་ཀྱི་སར་བྲོས་ནས་ཡོང་བ་དང། དཀའ་ངལ་དུས་ཚོད་སྐབས་དེ་ཚོ་བདེ་བར་གནས་པར་འགྱུར་བར་བྱ། ཁྱེད་ཀྱིས་དེ་ཚོ་རླུང་འཚུབ་ནས་སྐྱབས་པའི་ཆེད་སྐྱབས་གནས་དང། འབར་བའི་ཚ་དྲོད་ཆེད་དུ་བསིལ་གྲིབ་གནང། སྡུག་ཙུབ་ཅན་གྱི་དགྲ་བོ་རྣམས་ཀྱིས་ནི། དགུན་གྱི་རླུང་འཚུབ་ལྟ་བུ་དང་། 5ས་སྐམ་ཡུལ་གྱི་ཐེན་པ་འདྲ་འཐབ་པར་གྱིས། འོན་ཀྱང་སྤྲིན་པས་ཉིན་གྱི་ཚ་དྲོད་བསིལ་བ་ལྟར། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ནི། ང་ཚོའི་དགྲ་བོའི་ཁ་རྣམས་འགོག་པ་དང། སྡུག་རྩུབ་མི་ཡི་སྐད་ཅོར་འགོག་པར་མཛད།

དཀོན་མཆོག་གིས་མགྲོན་ཞིག་བཤམས་པ།

6རི་བོ་ཛི་ཡོན་འདིའི་སྟེང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས། འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ཆེད་དུ་ཁ་ཟས་ཡག་ཤོས་ཀྱི་མགྲོན་འབོད་དང། རྒུན་ཆང་ལེགས་ཤོས་ཀྱི་མགྲོན་འབོད་ཞིག་གྲ་སྒྲིགས་གནང་བར་འགྱུར། 7དེར་ཁོང་གིས་བློ་བུར་དུ་རྒྱལ་ཁབ་ཚང་མའི་སྟེང་དུ་ཁྱབ་པའི་སྡུག་བསྔལ་གྱི་སྤྲིན་པ་དེ་མེད་པར་མཛད་དོ། 8བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་འཆི་བ་དེ་གཏན་གྱི་ཆེད་དུ་མེད་པར་མཛད་པ་དང། ཁོང་གིས་མི་ཚང་མའི་མིག་ཆུ་ཕྱིས་གནང་བ་དང། འཛམ་གླིང་ཀུན་ཏུ་ཁོང་གི་མི་མང་གིས་མྱོང་བའི་དམའ་འབེབས་རྣམས་མེད་པར་བཟོས་གནང་བར་འགྱུར། གཙོ་བོ་དཀོན་མཆོག་རང་ཉིས་ཀྱིས་བཀའ་གནང་བ་ཡིན་ནོ། 9དེ་ལྟར་བྱུང་སྐབས། ཚང་མས་ཁོང་ང་ཚོའི་དཀོན་མཆོག་ཡིན་པས། ང་ཚོས་ཁོང་ལ་བློ་བཅོལ་ཞུས་པ་དང་ཁོང་གིས་ང་ཚོ་སྐྱོབས་པ་གནང་ཡོད། ཁོང་ནི་གཙོ་བོ་དཀོན་མཆོག་ཡིན་། ང་ཚོས་ཁོང་ལ་བློ་བཅོལ་ཞུས་པ་དང་ང་ཚོ་སྐྱིད་པོ་དང་དགའ་པོ་ཡོད་དོ། གང་ལ་ཟེར་ན། ཁོང་གིས་ང་ཚོ་སྐྱོབས་གནང་ཡོད་ཅེས་སྨྲས་བར་བྱའོ༎

དཀོན་མཆོག་གིས་མོ་ཨབ་ལ་ཆད་པ།

10གཙོ་བོ་དཀོན་མཆོག་གིས། རི་བོ་ཛི་ཡོན་ལ་སྐྱབས་པར་མཛད་དོ། འོན་ཀྱང་མོ་ཨབ་ཀྱི་མི་མང་རྣམས་ལུད་ནང་སོག་མ་རྡོག་རྫིས་བཏང་བ་ལྟར་རྡོག་རྫིས་གཏོང་བར་མཛད་དོ། 11དེ་ཚོས་རྐྱལ་རྒྱབ་ཐབས་བྱེད་པ་ལྟར་ལག་པ་བརྐྱངས་བར་བྱེད་དོ། འོན་ཀྱང་དཀོན་མཆོག་གིས་དེ་ཚོ་ལ་དམའ་འབེབས་མཛད་པ་དང། དེ་ཚོའི་ལག་པ་རང་དབང་མེད་པར་དིམ་པར་འགྱུར། 12ཁོང་གིས་མོ་ཨབ་པའི་འཛིང་རག་ལྕགས་རི་མཐོ་པོ་ཡོད་པ་རྣམས་མེད་པར་མཛད་པ་དང། དེ་ཚོ་སའི་རྡུལ་དུ་རློག་པར་མཛད་དོ༎

ཡེ་ཤ་ཡཱ 26

དཀོན་མཆོག་གིས་ཁོང་གི་མི་མང་ལ་རྒྱལ་ཁ་གནང་བ།

1ཡ་ཧུ་དཱའི་ཡུལ་དུ་མི་མང་ནས་གཞས་འདི་གཏོང་བའི་ཉིན་ཞིག་ཡོང་བཞིན་ཡོད། ང་ཚོའི་གྲོང་ཁྱེར་བཙན་པོ་ཡིན། དེའི་ལྕགས་རི་རྣམས་ནི་དཀོན་མཆོག་ཉིས་ཀྱིས་སྲུང། 2གྲོང་ཁྱེར་འདི་ཡི་རྒྱལ་སྒོ་རྣམས་ཕྱེ་ཞིག། དམ་ཚིག་ཅན་གྱི་མི་རིགས་དང་། དྲང་བདེན་བྱེད་མི་རྣམས་ལ་འཛུལ་དུ་བཅུག། 3གཙོ་བོ་དཀོན་མཆོག་ཁྱེད་ལ་སུ་ཞིག་གིས། ཁྱེད་དང་དམིགས་ཡུལ་བརྟན་པོར་སྲུང་མཁན་དང། ཁྱེད་ལ་ཡིད་ཆེས་བློས་འགེལ་ཞུ་མཁན་ལ། ཁྱེད་ཀྱིས་ཞི་བདེ་ཕུན་ཚོགས་གནང་བར་འགྱུར། 4གཙོ་བོ་དཀོན་མཆོག་ཁོང་ལ་རྟག་ཏུ་ཡིད་ཆེས་བྱོས། ཁོང་གིས་རྒྱུན་དུ་ང་ཚོ་སྲུང་བར་མཛད། 5ཁོང་གིས་ང་རྒྱལ་ཅན་རྣམས་ཉམ་ཆུང་བཟོ་། དེ་ཚོ་སྡོད་པའི་གྲོང་ཁྱེར་བཙན་པོ་རྣམས། མེད་པར་མཛད་ནས་དེའི་ལྕགས་རི་རྣམས། ཐལ་བའི་རྡུལ་དུ་རློག་པར་མཛད་པར་འགྱུར། 6མནར་བའི་མི་རྣམས་དེའི་སྟེང་གོམ་པ་སྤོས། དེ་ཚོའི་རྐང་པའི་འོག་ཏུ་རྡོག་རྫིས་བཏང། 7གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་མི་བཟང་པོ་རྣམས་ཀྱི་ཆེད། ལམ་དེ་ཐང་དུ་འགྱུར་བ་དང། དེ་ཚོ་འགྲོ་བའི་ལམ་དེ་དྲང་པོར་མཛད། 8ང་ཚོས་ཁྱེད་ཀྱི་ཐུགས་དགོངས་བཞིན་དུ་བྱས། ང་ཚོའི་རེ་བ་ཁྱེད་ལ་བཅོལ་ནས་ཡོད། ཁྱེད་ནི་ང་ཚོའི་འདོད་པ་རྣམས་ཡིན་ནོ། 9ཁྱེད་ཀྱིས་ས་གཞི་དང་ནི་དེའི་མི་ཚོར། ཁྲིམས་ཞིབ་མཛད་སྐབས་མཚན་མོའི་དུས་སྐབས་སུ། ངའི་སེམས་གཏིང་ནས་ཁྱེད་ལ་དྲན་པར་འགྱུར། དེ་ཚོས་ཁྱེད་ཀྱི་དྲང་བདེན་སྦྱངས་པར་འགྱུར། 10ཁྱེད་ཀྱི་སྤྱོད་ངན་མི་ཚོར་བྱམས་ན་ཡང། དེ་ཚོས་ཁྱེད་ཀྱི་དྲང་བདེན་སྦྱོངས་མི་ཐུབ། དྲང་པོའི་ལུང་པ་འདི་ཡི་མི་མང་རྣམས། ད་དུང་དེ་ཚོས་ནོར་འཁྲུལ་འགའ་ཞིག་བྱས། དེ་ཚོས་ཁྱེད་ཀྱི་ཆེ་མཐོང་མཁས་མི་ལེན། 11ཁྱེད་ཀྱིས་དགྲ་བོར་ཆད་པ་གཏོང་རྒྱུ་དེ། དེ་ཚོ་རང་གི་ཧ་ནིམི་གོའོ། གཙོ་བོ་དཀོན་མཆོག་དེ་ཚོ་ངོ་ཚར་བཅུག། སྡུག་པོ་མྱོང་དུ་འཇུག་པར་གནང་རོགས་གནང། ཐག་གཅོད་མཛད་པའི་ཉེས་ཆད་མྱོང་དུ་འཇུག། ཁྱེད་ཀྱི་མི་མང་རྣམས་ལ་ཐུགས་བརྩེ་དེ། ཇི་ལྟར་མཛད་པ་དེ་ཚོར་སྟོན་རོགས་གནང། 12གཙོ་བོ་དཀོན་མཆོག་ང་ཚོར་འཕེལ་རྒྱས་དང། ང་ཚོས་སྒྲུབ་འབྲས་ཇི་འདྲ་ཐོན་པ་རྣམས། ཁྱེད་ཀྱིས་ཇི་ལྟར་མཛད་པའི་འབྲས་བུ་ཡིན། 13ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག། ང་ཚོར་གཞན་གྱིས་དབང་འཛིན་བྱས་ན་ཡང། ཁྱེད་ཉིད་གཅིག་པོ་ང་ཚོའི་གཙོ་བོ་དཀོན་མཆོག་ཡིན། 14དེ་ཚོ་འཆི་ནས་ཡང་སྐྱར་གསོན་མི་འགྱུར། དེ་ཚོའི་ནམ་ཤེས་ནམ་ཡང་ལང་མི་འགྱུར། གང་ལགས་ཞུ་ན་ཁྱེད་ཀྱིས་དེ་ཚོ་ལ། ཉེས་ཆད་བཏང་ནས་མེད་པར་བཟོས་གནང་ངོ། སུ་ཞིག་གི་ཀྱང་དེ་ཚོར་དྲེན་མི་འགྱུར། 15གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ཚོའི་མི་རིགས་འདི། སྤེལ་ཞིང་དེ་ཚོའི་ས་མཚམས་ཕྱོགས་གང་ནས། རྒྱ་སྐྱེད་མཛད་པའི་ཁྱེད་ཀྱི་ནུས་མཐུའི་རྐྱེན། ཁྱེད་ལ་མཚན་མཐོང་ཆེན་པོ་བྱུང་ཡོད་དོ། 16གཙོ་བོ་དཀོན་མཆོག་ཁྱེད་ཀྱི་མི་མང་ལ། ཁྱེད་ཀྱི་ཆད་པ་གཏོང་བར་མཛད་པ་ཡིན། དེ་ཚོ་སྡུག་བསྔལ་བྱུང་དུས་ཁྱེད་ལ་གསོལ། 17གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ཚོ་ལ། བུད་མེད་སྐྱེས་ཟུག་བྱུང་སྐབས་ངུ་ཤོར་ལྟར། ཁྱེད་ཀྱིས་ང་ཚོ་ངུ་རུ་བཅུག་པར་མཛད། 18ང་ཚོ་ཟུག་དང་སྡུག་བསྔལ་ནང་ཡོད་ཅིང། འོན་ཀྱང་ང་ཚོ་གང་ལའང་སྐྱེས་མེད་དོ། ང་ཚོར་རང་ཡུལ་ཆེད་དུ་རྒྱལ་མ་ཐོབ། ང་ཚོར་སྒྲུབ་འབྲས་གང་ཡང་ཐོན་མེད་དོ། 19ང་ཚོའི་མི་མང་འདས་གྲོངས་གྱུར་བ་རྣམས། སླར་ཡང་གསོན་པོར་འགྱུར་ཞིང་དེ་ཚོ་ཡི། ལུས་པོ་རྣམས་ནི་གསོན་པོར་འགྱུར། རང་གི་སྤུར་ཁང་ནང་དུ་ཉལ་བ་རྣམས། གཉིད་ནས་སད་དེ་དགའ་བའི་གླུ་གཞས་ལེན། འོད་ཚེར་ཟིལ་པས་ས་གཞིར་ནུས་བྱིན་ལྟར། གཙོ་བོ་དཀོན་མཆོག་ཡུན་རིང་འདས་གྲོངས་རྣམས། གསོན་པོར་འགྱུར་བ་མཛད་པ་གནང་བར་འགྱུར༎

ཁྲིམས་ཀྱི་དཔྱད་མཚམས་དང་སླར་གསོ།

20ངའི་མི་མང་རྣམས་རང་གི་ཁྱིམ་དུ་སོང་ལ་ནང་གི་སྒོ་རྒྱོབ་ཅིག དཀོན་མཆོག་གི་ཐུགས་ཁྲོ་བ་མ་ཞི་བར་ཁྱུགས་ཙམ་རིང་ཡིབ་ནས་སྡོད་ཅིག 21གཙོ་བོ་དཀོན་མཆོག་རང་གི་མཐོ་རིས་ཀྱི་བཞུགས་གནས་ནས་ས་གཞིའི་མི་མང་གི་སྡིག་པར་ཉེས་ཆད་གཏོང་བར་ཕེབས་ཡོང། ས་གཞིར་ལྐོག་གསོད་བྱ་མཁན་མི་རྣམས་མངོན་པར་འགྱུར་བ་དང། བསད་པའི་མི་རྣམས་ས་ཡིས་འགེབས་པར་མི་བྱའོ༎

ཡེ་ཤ་ཡཱ 27

ཡེ་ཤ་ཡཱ 28

བྱང་ཕྱོགས་ཀྱི་རྒྱལ་ཁབ་ཨིསི་རཱཨེལ་ལ་ཉེན་བརྡ།

1ཨིསི་རཱཨེལ་གྱི་རྒྱལ་ཁབ་འཇིགས་སོ། དེའི་གཟི་བརྗིད་ནི་ར་བཟི་བའི་འགོ་འཛིན་གྱི་མགོ་ལ་ཡོད་པའི་མེ་ཏོག་གི་ཅོད་པན་ལྟར་ཡལ་བཞིན་ཡོད། དེ་ཚོའི་ང་རྒྱལ་ཅན་གྱི་མགོ་བོ་རྣམས་དྲི་ཞིམ་ལེགས་པར་བྱུག་ཡོད་ན་ཡང་དེར་དེ་ཚོ་ཚོད་མེད་ར་བཟི་ནས་ཉལ་ཡོད་དོ། 2གཙོ་བོས་དེ་ཚོར་རྒོལ་ཕྱིར་སྟོབས་དང་ནུས་ཤུགས་ལྡན་པ་ཞིག་གྲ་སྒྲིགས་ཡོད་དོ། ཁོ་ནི་སེར་བའི་རླུང་འཚུབ་དང་། ཆར་ཤོད་དྲག་པོ་དང་རྒྱུགས་པའི་ཆུ་ལོག་དྲག་པོ་ལྟར་ཡོང་ནས་ཡུལ་དབང་དུ་སྡུད་པར་འགྱུར། 3ར་བཟིའི་འགོ་འཁྲིད་རྣམས་ཀྱི་ང་རྒྱལ་དེ་རྐང་པའི་འོག་ཏུ་བརྫི་བར་བྱའོ། 4ང་རྒྱལ་ཅན་གྱི་འགོ་འཁྲིད་ཚོའི་ཉམ་རྒུད་འགྱུར་བཞིན་པའི་གཟི་བརྗིད་དེ་ནམ་དུས་སུ་ཤར་བ་དང་སྨིན་མ་ཐག་ཏུ་སྒྲུག་ནས་ཟ་བའི་སེ་ཡབ་སྔོན་མ་བཞིན་ཡལ་བར་འགྱུར་རོ། 5ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཁོང་རང་གི་མི་མང་གསོན་པོ་གནས་པ་ཚོའི་ཆད་དུ་གཟི་བརྗིད་ཅན་གྱི་མེ་ཏོག་གི་ཅོད་པན་དུ་འགྱུར་བའི་ཉིན་ཞིག་ཡོང་བཞིན་ཡོད་དོ། 6ཁོང་གིས་ཁྲིམས་དཔོན་གྱི་ལས་འགན་ཡོད་པ་ཚོར་དྲང་བདེན་གྱི་བློ་གྲོས་གནང་བ་དང། བཙན་འཛུལ་བྱེད་མཁན་ཚོ་ནས་གྲོང་ཁྱེར་གྱི་རྒྱལ་སྒོ་སྲུང་མཁན་ཚོར་བློ་སྟོབས་གནང་བར་འགྱུར་རོ༎

ཡེ་ཤ་ཡཱ་དང་ཡ་ཧུ་དཱའི་ར་བཟི་ཅན་གྱི་ལུང་སྟོན་པ་རྣམས།

7ལུང་སྟོན་པ་ཚོ་དང་བླ་མ་ཚོ་ཡང་ཧ་ཅང་ར་བཟི་ཡོད་སྟབས་ཕར་ཚུར་འཁྱོར་བར་བྱེད། དེ་ཚོས་ཆང་དང་ཨ་རག་ཧ་ཅང་མང་པོ་འཐུང་ཡོད་སྟབས་མགོ་འཐོམས་ཤིང་འགྱེལ་བར་བྱེད། ལུང་སྟོན་པ་རྣམས་ཧ་ཅང་ར་བཟི་ཡོད་སྟབས་དཀོན་མཆོག་གིས་གནང་བའི་ཞལ་གཟིགས་རྣམས་ཧ་གོ་རྒྱུ་བྲལ་བ་དང། བླ་མ་ཚོ་ཡང་ཧ་ཅང་ར་བཟི་ཡོད་སྟབས་དེ་ཚོའི་སར་འཁྱེར་ཡོང་བའི་ཁ་མཆུ་ཐག་གཅོད་བྱེད་མི་ཐུབ་བོ། 8དེ་ཚོ་བསྡད་པའི་རྒྱ་ལྕོག་རྣམས་སྐྱུགས་པས་ཁེངས་ཡོད་པ་དང་གཙང་བའི་གནས་གང་ཡང་ལྷག་མེད་དོ། 9དེ་ཚོས་ངའི་སྐོར་ལ་སྐྱོན་བརྗོད་བྱེད་དོ། དེ་ཚོས་ཁོང་གི་སུ་ལ་སློབ་སྟོན་བྱེད་ཀྱི་ཡོད་བསམ་གྱི་ཡོད་དམ། ཁོང་གི་གསུང་འཕྲིན་དེ་སུ་ལ་དགོས་སམ། དེ་ནི་ཕྲུ་གུ་འོ་ཐག་བཅད་ཙམ་གྱི་དོན་ལ་ཡིན་ནོ། 10ཁོང་གིས་ང་ཚོར་ཡི་གེ་རེ་རེ་དང་ཐིག་རེ་རེ་དང་སློབ་ཚན་རེ་བཞིན་སློབ་ཐབས་གནང་བཞིན་ཡོད་ཅེས་སྨྲ་བཞིན་ཡོད་དོ། 11གལ་ཏེ་ཁྱོད་ཚོས་ང་ལ་མི་ཉན་པ་ཡིན་ན། དཀོན་མཆོག་གིས་ཕྱི་རྒྱལ་བའི་མི་རིགས་ཚོས་ང་ཚོར་སློབ་སྟོན་བྱེད་པའི་ཆེད་སྐད་སྒྲའི་མདངས་ཁྱད་ཚར་རྒྱབ་མཁན་ཚོ་བེད་སྤྱོད་གནང་བར་འགྱུར་རོ། 12ཁོང་གིས་ཁྱོད་ཚོ་ཚང་མར་ངལ་གསོ་དང་སེམས་གསོ་གནང་ཡོད་ཀྱང། ཁྱོད་ཚོས་ཁོང་གི་བཀའ་ལ་ཉན་འགྱུར་ངོས་ལེན་མི་བྱེད་དོ། 13དེའི་རྐྱེན་གྱིས་དཀོན་མཆོག་གིས་ཁྱོད་ཚོར་ཡི་གེ་རེ་རེ་དང་ཐིག་རེ་རེ་དང་སློབ་ཚན་རེ་རེ་བཞིན་སློབ་པར་གནང་ཡོང། དེ་ནས་ཁྱོད་ཚོ་གོམ་པ་རེ་རེ་སྤོས་ཚད་འགྱེལ་བར་འགྱུར། ཁྱོད་ཚོ་རྨས་པ་དང་རྙིད་ནང་ཚུད་པ་དང་བཙོན་དུ་བཟུང་བར་བྱའོ༎

ཛི་ཡོན་གྱི་ཆེད་དུ་ཟུར་རྡོ་ཞིག།

14ད་དེར་ཡེ་རུ་ཤ་ལེམ་འདིའི་ནང་མི་མང་གི་སྟེང་དུ་རྒྱལ་སྲིད་བཟུང་མཁན་ཁྱོད་ཚོ་གཏམ་འདོད་ཅན་གྱི་མི་རྣམས་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་བཞིན་ཡོད་པར་ཉོན་ཞིག 15ཁྱོད་ཚོས་འཆི་བ་དང་མཉམ་དུ་ཆིང་སྒྲིགས་དང། གཤིན་པོའི་གླིང་དང་མཉམ་དུ་ཁ་ཆད་བྱས་པར་རང་ངོམ་བྱེད་དོ། ཁྱོད་ཚོ་བདེ་བར་ཡོང་བའི་ཆེད་རྫུན་དང་བསླུ་འཁྲིད་ལ་བློས་འགེལ་བྱས་ཡོད་སྟབས། རྐྱེན་ངན་འབྱུང་སྐབས་དེས་ཁྱོད་ཚོ་ལ་སྐྱོབས་པར་ཡིད་ཆེས་བྱེད་དོ། 16ད་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། ངས་ཛི་ཡོན་ལ་རྨང་གཞི་བརྟན་པོ་དང་སྟོབས་ཤུགས་ཅན་ཞིག་གཏིང་བཞིན་ཡོད། དེར་ངས་ཟུར་རྡོ་མཁྲེགས་པོ་ཞིག་བཞག་རྒྱུ་ཡིན་པས་དེའི་སྟེང་དུ་དད་པ་བརྟན་པོ་ཡོད་པ་དེ་བཟོད་སྲན་ཡང་ཡིན་ཞེས་པའི་ཚིག་རྣམས་འབྲི་བར་བྱའོ། 17ཁྲིམས་དྲང་ནི་རྨང་གཞིའི་འཇལ་བའི་ཐིག་ཚད་དང་དྲང་པོ་ནི་དེའི་ཚད་རྡོ་ཡིན་ནོ། སེར་བའི་རླུང་འཚུབ་ཀྱིས་ཁྱོད་ཚོས་བློས་འགེལ་བྱེད་པའི་རྫུན་རྣམས་འཁྱེར་བ་དང། ཁྱོད་ཚོའི་སྲུང་སྐྱོབ་ནི་ཆུ་ལོག་གིས་མེད་པར་བཟོའོ། 18ཁྱོད་ཚོས་འཆི་བ་མཉམ་དུ་བཞག་པའི་ཆིང་སྒྲིགས་དེ་མེད་པར་བཟོ་བ་དང་ཁྱོད་ཚོས་གཤིན་པོའི་གླིང་མཉམ་དུ་བཞག་པའི་ཁ་ཆད་དེ་ཕྱིར་འཐེན་པར་འགྱུར། རྐྱེན་ངན་ལེབས་དུས་དེས་ཁྱོད་ཚོ་འཕམ་པར་འགྱུར། 19དེས་ཁྱོད་ཚོ་སྔ་དྲོ་རེ་རེ་བཞིན་ཡང་ཡང་བརྡུང་བར་བྱའོ། དེ་ཁྱོད་ཚོས་ཉིན་མཚན་མེད་པར་མྱོང་དགོས། དཀོན་མཆོག་གིས་གསུང་འཕྲིན་གསར་པ་རེ་རེས་ཁྱོད་ཚོར་འཇིགས་སྐྲག་གསར་པ་རེ་འབྱུང་བར་འགྱུར་རོ། 20ཁྱོད་ནི་གཏམ་དཔེ་ནང་གི་མི་ལྟར་ཁྱོད་ནི་མལ་ཁྲི་ཧ་ཅང་ཐུང་ཐུང་ཡོད་པའི་སྟེང་དུ་རྐང་ལག་བརྐྱངས་ནས་ཉལ་ཐབས་བྱ་མཁན་བཞིན། ཧ་ཅང་ཆུང་བའི་མལ་གོས་ཀྱི་ལུས་བཏུམ་ཐབས་བྱ་མཁན་ལྟ་བུར་འགྱུར་རོ། 21རི་བོ་པེ་ར་ཛིམ་དང་གྷི་བི་ཨོན་གྱི་ལུང་གཤོང་དུ་དམག་འཐབ་གནང་བ་ལྟར། གཙོ་བོ་དཀོན་མཆོག་གིས་རང་གི་ལས་ཇི་ལྟར་ཡ་མཚན་ཡིན་ན་ཡང་གནང་བར་མཛད་དོ། ཁོང་གི་གསང་བའི་མཛད་པ་རྣམས་ངེས་པར་སྒྲུབ་པར་མཛད་དོ། 22ངས་ཁྱོད་ལ་ཉེན་བརྡ་གཏོང་བར་གད་མོ་མ་གད་ཅིག། གལ་སྲིད་ཁྱོད་ཀྱིས་དེ་ལྟར་བྱས་པ་ཡིན་ན་ཁྱོད་བྲོས་ཐར་རྒྱུར་ཁག་པར་འགྱུར། ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས། ལུང་པ་ཡོངས་རྫོགས་མེད་པར་བཟོ་གནང་རྒྱུའི་ཐུགས་ཐག་བཅད་པ་དེ་ངས་ཐོས་བྱུང༎

དཀོན་མཆོག་གི་ཤེས་རབ།

23ངས་ཇི་ལྟར་བཤད་པ་རྣམས་ལ་ཉན་ནས། དོ་སྣང་བྱོས་ཤིག། 24ཞིང་པ་ཞིག་གིས་རང་གི་ཞིང་དུ་གཏན་དུ་རྨོན་པ་རྒྱབ་པ་དང་ས་བོན་འདེབས་པར་ཡང་ཡང་གྲ་སྒྲིགས་མི་བྱེད་དོ། 25ཁོས་ཐེངས་གཅིག་རང་གི་ས་ཞིང་གྲ་སྒྲིགས་བྱས་པའི་རྗེས་སུ། ཁོས་སུབ་དང་གོ་སྙོད་རྩ་སྨན་གྱི་ས་བོན་འདེབས་པར་བྱེད་དོ། ཁོས་གྲོ་དང་ནས་དང་ཞིང་ཁའི་མཐའ་འཁོར་དུ་འབྲུ་རིགས་གཞན་འདེབས་པར་བྱེད་དོ། 26དཀོན་མཆོག་གིས་ཁོ་ལ་རང་གི་ལས་ཀ་ཇི་ལྟར་བྱེད་དགོས་པ་བསླབ་པའི་རྐྱེན་གྱིས་ཁོས་ཤེས་སོ། 27ཁོས་མེ་ཏོག་སེར་པོའི་ས་བོན་རྣམས་ཡང་ན་གོ་སྙོད་ཀྱི་ས་བོན་རྣམས་བརྡུང་བའི་ཆེད་དབྱུག་པ་ལྗིད་པོ་བེད་སྤྱོད་མི་བྱེད་དོ། དེའི་ཚབ་ལ་ཁོས་བེར་ཀ་ཡངས་པོ་ཚད་ལྡན་ཞིག་བེད་སྤྱོད་བྱེད་དོ། 28ཁོས་གྲོ་ཚོད་མེད་པར་བརྡུང་ནས་དེ་མེད་པར་མི་བཟོ་བ་དང། ཁོས་དེའི་སྟེང་དུ་ཤིང་རྟ་འཁོར་ལོ་བཏང་ནས་འབྲུ་ལ་སྐྱོན་མ་ཤོར་བ་བྱས་ནས་བརྡུང་རྒྱུ་ཡིན་པ་དེ་ཤེས་སོ། 29ཤེས་རབ་དེ་ཚོ་ཚང་མ་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ནས་བྱུང་བ་ཡིན་ནོ། དཀོན་མཆོག་གིས་འཆར་གཞི་བཟོ་གནང་བ་རྣམས་ཤེས་རབ་དང་ལྡན་པ་དེ་ཚོ་རྟག་ཏུ་སྒྲུབ་པར་འགྱུར་རོ༎

ཡེ་ཤ་ཡཱ 29

ཡེ་རུ་ཤ་ལེམ་གྱི་ལས་འབྲལ།

1དཀོན་མཆོག་གི་མཆོག་ཁྲི་ཡེ་རུ་ཤ་ལེམ་དེ་ཉིད་འཇིགས་ཡོད། དཱ་བིད་ཀྱིས་སྒར་བརྒྱབ་ནས་བསྡད་ཡོད་པའི་གྲོང་ཁྱེར་དེ་འཇིགས་ཡོད། ལོ་གཅིག་གཉིས་ཀྱི་རིང་དེ་ཚོའི་དུས་སྟོན་གྱི་ཐུགས་སྤྲོ་འཁོར་བར་བཅུག་ཅིིག། 2དེ་ནས་དཀོན་མཆོག་གི་མཆོད་ཁྲི་ཞེས་པའི་གྲོང་ཁེར་ལ་རྐྱེན་ངན་བསྣམས་ཕེབས་ཡོང། དེར་ངུ་འབོད་དང་མྱ་ངན་ཡོང་བ་དང་གྲོང་ཁྱེར་ཡོངས་རྫོགས་ཁྲག་གིས་བཀབ་པའི་མཆོད་ཁྲི་ལྟར་འགྱུར་རོ། 3དཀོན་མཆོག་གིས་གྲོང་ཁྱེར་ལ་འཐབ་གནང་བ་དང་དེའི་ཕྱོགས་བཞིར་བཀག་ནས་མཐར་བསྐོར་གནང་ངོ། 4ཡེ་རུ་ཤ་ལེམ་དེ་བཞིན་གདོང་འདྲེ་སའི་འོག་ནས་སྐད་ཆ་ཤོད་པར་འཐབ་རྩོད་བྱ་མཁན་དང་རྡུལ་གྱི་ནང་ནས་སྐད་ཙི་རེ་རེ་འཐོན་མཁན་ལྟ་བུར་འགྱུར་རོ། 5ཡེ་རུ་ཤ་ལེམ་ཁྱོད་ལ་འཐབ་མཁན་གྱི་ཕྱི་རྒྱལ་བ་རྣམས་རྡུལ་ལྟར་འཁྱེར་བ་དང། དེ་ཚོའི་འཇིགས་སུ་རུང་བའི་དམག་དཔུང་རྣམས་སོག་མ་ལྟར་ཕྱིར་འཕུར་རོ། མ་བསམ་པའི་དུས་དང་བློ་བུར་དུ། 6ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་འབྲུག་སྒྲའི་རླུང་འཚུབ་དྲག་པོ་དང་ས་གཡོམ་གྱི་སྒོ་ནས་ཁྱོད་ལ་སྐྱབས་པར་འགྱུར། ཁོང་གིས་རླུང་འཚུབ་དྲག་པོ་དང་མེ་ལྕེ་དྲག་པོར་འབར་བ་གཏོང་གནང་ངོ། 7དེ་ནས་དཀོན་མཆོག་གི་མཆོད་ཁྲིའི་གྲོང་ཁྱེར་ལ་འཐབ་མཁན་རྒྱལ་ཁབ་ཡོངས་ཀྱི་དམག་དཔུང་རྣམས་དང། དེ་ཚོའི་གོ་མཚོན་དང་ཅ་དངོས་ཚང་མ་རྨི་ལམ་བཞིན་མཚན་གྱི་དམིགས་སྣང་བཞིན་ཡལ་བར་འགྱུར་རོ། 8ཡེ་རུ་ཤ་ལེམ་ལ་འཐབ་པར་འཛོམས་མཁན་མི་རིགས་ཡོངས་འཛོགས་གྲོད་པ་ལྟོགས་པའི་མི་ཞིག་གིས་རྨི་ལམ་དུ་ཟས་ཟ་བ་རྨིས་པའི་དཔེ་ལྟར། གཉིད་སད་སྐབས་སུ་ལྟོགས་པ་རང་ཡིན་ནོ། ཡང་ན་ཁ་སྐོམ་ནས་ཤི་གྲབ་ཡོད་པའི་མི་ཞིག་གིས་རྨི་ལམ་དུ་ཆུ་འཐུང་བ་བཞིན་ཡོད་པའི་དཔེ་ལྟར། ཁོ་གཉིད་སད་སྐབས་སུ་མིག་པ་སྐམ་པོར་ཡོད་པ་དང་འདྲའོ༎

བརྩི་མེད་བྱས་པའི་ཉེན་བརྡ་རྣམས།

9ད་དུང་གླེན་པར་འགྱུར་ཅིག། ད་དུང་ལོང་བར་འགྱུར་ཅིག། རྒུན་ཆང་མེད་པར་ར་བཟི་ཤིག། ཐིག་པ་གཅིག་མ་འཐུང་བར་གོམ་པ་འཁྱོར་ཞིག 10གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་གཉིད་ཀྱི་བཟི་བཅུག་གནང་ཡོད། ཁྱོད་ཚོ་གཉིད་ལྗིད་པོ་ཁུག་གྲབ་ཡོད། ལུང་སྟོན་པ་རྣམས་མི་ཚོ་མིག་བྱུང་དགོས། འོན་ཀྱང་དཀོན་མཆོག་གིས་དེ་ཚོའི་མིག་རས་གཡོག་གནང་ཡོད་དོ། 11ལུང་བསྟན་རེ་རེའི་ཞལ་གཟིགས་ཀྱི་དོན་རྣམས་དམ་ཕྲུག་རྒྱབ་པའི་ཤོག་གྲིལ་ལྟར་ཁྱོད་ཚོ་ནས་གསང་བར་བཞག་ཡོད། གལ་ཏེ་ཁྱོད་ཀྱི་དེ་ཀློག་ཤེས་མཁན་གྱི་མི་ཞིག་གི་སར་འཁྱེར་ནས་དེ་ལ་ཀློག་རོགས་བརྗོད་པ་ཡིན་ན། ཁོས་ངས་དེ་ཀློག་མི་ཐུབ་བོ། གང་ལ་ཟེར་ན། དེ་ལ་དམ་ཕྲུག་རྒྱབ་འདུག་ཅེས་སྨྲས་ཡོང། 12ཁྱོད་ཀྱིས་དེ་ཀློག་མི་ཤེས་མཁན་ཞིག་གི་སར་འཁྱེར་ནས། ཁོ་ལ་དེ་ཀློག་རོགས་ལབ་པ་ཡིན་ན། ཁོས་ངས་ཀློག་ཤེས་ཀྱི་མེད་ཅེས་ལན་རྒྱབ་ཡོང། 13གཙོ་བོས་བཀའ་གནང་བ། མི་མང་དེ་ཚོས་ང་ལ་མཆོད་ཀྱི་ཡོད་བརྗོད་ཀྱང། དེ་ཚོའི་ཚིག་ལ་དོན་མེད་དང་དེ་ཚོའི་སེམས་ནི་གཞན་དུ་ཡོད་པ་དང། དེ་ཚོའི་ཆོས་ནི་ངག་ཐོག་ཟིན་པའི་འགྲོ་བ་མིའི་ཁྲིམས་ལུགས་ལས་གཞན་མེད་དོ། 14དེ་འདྲ་སོང་ཙང་ངས་དེ་ཚོ་ལ་གློ་བུར་དུ་གཅིག་འཇུག་གཉིས་འཇུག་ཀྱིས་དཀྲོགས་རྒྱུ་ཡིན་པ་དང། ཤེས་རབ་ཅན་རྣམས་བླུན་པོར་འགྱུར་བ་དང་དེ་ཚོའི་ཤེས་རབ་རྣམས་ཕན་ཐོགས་མེད་པར་འགྱུར༎

མ་འོངས་པའི་ཆེད་དུ་རེ་བ།

15གཙོ་བོ་དཀོན་མཆོག་ནས་རང་གི་འཆར་གཞི་རྣམས་སྦས་ཐབས་བྱ་མཁན་རྣམས་མེད་པར་འགྱུར། དེ་ཚོའི་འཆར་གཞི་རྣམས་གསང་བའི་ཐོག་བྱས་ནས། དེ་ནི་སུས་ཀྱང་མཐོང་གི་མེད་པ་དང་དེ་ཚོས་བྱས་པ་རྣམས་སུས་ཀྱངཤེས་ཀྱི་མེད་བསམ་གྱི་ཡོད་པ་ཡིན་ནོ། 16དེ་ཚོས་ལས་ཚང་མ་འགོ་འཇུག་རློག་པ་དང། རྫ་མཁན་དང་རྫ་ས་གཉིས་ནས་སུ་གལ་ཆེའམ། དངོས་གང་ཞིག་གིས་དེས་བཟོས་མཁན་ལ་ཁྱོད་ཀྱི་ང་ལ་བཟོས་པ་མ་ཡིན། ཡང་ན་དེས་ཁོ་ལ་ཁྱོད་ཀྱིས་ཇི་བྱེད་པ་ཤེས་ཀྱི་མི་འདུག་ཅེས་བརྗོད་ཐུབ་བམ། 17ཤོད་སྲོལ་ལ་ཡུན་རིང་མ་སོང་བའི་སྔོན་དུ་ཤིང་ནགས་སྟུག་པོ་དེ་ཞིང་ཁའི་ས་ཆར་འགྱུར་ཐུབ་པ་དང། ཞིང་ཁའི་ས་ཆ་དེ་ཤིང་ནགས་སུ་འགྱུར་ཐུབ་ཅེས་སོ། 18ཉིན་དེ་སླེབས་སྐབས། འོན་པས་ཁོའི་མདུན་དུ་སྐད་ཆེན་པོས་དེབ་ཀློག་པ་ཐོས་པར་འགྱུར་བ་དང། ནག་ཁུང་ནང་སྡོད་མཁན་ལོང་བ་དེ་ཚོས་མིག་ཕྱེ་ནས་མཐོང་ངོ། 19ཨིསི་རཱཨེལ་གྱི་དམ་པའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་གནང་བའི་བདེ་སྐྱིད་སྐྱོ་པོ་དང་ཉམ་ཆུང་གི་མི་མང་རྣམས་ཀྱི་སླར་ཡང་ཐོབ་པར་འགྱུར་རོ། 20དེ་ནི་གཞན་ལ་མནར་གཅོད་གཏོང་མཁན་དང་དཀོན་མཆོག་ལ་འཕྱ་མཁན་རྣམས་ཀྱི་མཐའ་མ་ཡིན་ནོ། སྡིག་ཅན་ཚང་མ་མེད་པར་འགྱུར་རོ། 21དཀོན་མཆོག་གིས་གཞན་ལ་སྨད་མཁན་དང། ཉེས་ཅན་ལ་ཁྲིམས་གཅོད་བྱ་རྒྱུར་བཀའ་འགོག་བྱ་མཁན་དང། མི་དྲང་པོར་བདེན་པ་ཐོབ་རྒྱུ་དེ་ལ་འགོག་པར་རྫུན་ཤོད་མཁན་རྣམས་མེད་པར་བཟོ་གནང་ངོ། 22དེར་བརྟེན་ད་ལྟ་ཨབ་ར་ཧམ་ལ་དཀའ་ངལ་ལས་སྐྱོབས་གནང་མཁན། གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་གསུངས་པ། ངའི་མི་མང་ཚོ། ད་དུང་ཁྱོད་ཚོར་དམའ་འབེབས་མི་ཡོང་བ་དང། ཁྱོད་ཚོའི་གདོང་པ་ངོ་ཚས་སེར་པོར་ནམ་ཡང་འགྱུར་མི་ཡོང། 23ངས་ཁྱོད་ཚོར་སྤྲོད་རྒྱུའི་ཕྲུ་གུ་ཚོ་ཁྱོད་ཚོས་མཐོང་སྐབས། ཁྱོད་ཚོས་ང་ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པ་ཡིན་པར་ཁས་ལེན་བྱེད་ཡོང། ཁྱོད་ཚོས་ང་ལ་གུས་བཀུར་ཞུ་བ་དང་ཟིལ་གྱིས་གནོན་པར་བྱེད་དོ། 24མི་གླེན་པ་ཚོས་ཧ་གོ་བ་ཤེས་པ་དང། རྟག་ཏུ་རྙོག་དྲ་བཤད་མཁན་རྣམས་ཀྱིས་སློབ་སྟོན་བྱ་བ་ལ་དགའ་བར་འགྱུར་རོ༎

ཡེ་ཤ་ཡཱ 30

ཨི་ཇིབ་མཉམ་དུ་ཕེན་མི་ཐོག་པའི་འཆིང་ཡིག།

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཡ་ཧུ་དཱར་རྒྱལ་སྲིད་སྐྱོངས་མཁན་ཚོ་འཇིགས་པར་འགྱུར། གང་ལ་ཟེར་ན། དེ་ཚོས་ང་ལ་ངོ་ལོག་བྱེད་ཡོད། དེ་ཚོས་ངས་མ་བཟོས་པའི་འཆར་གཞིའི་རྗེས་སུ་འཇུག་པ་དང། ངས་མི་འདོད་པའི་འཆིང་ཡིག་ལ་མིང་རྟགས་བཀོད་ནས་སྡིག་པ་གཅིག་གི་ཐོག་ཏུ་གཅིག་སྤུངས་ཡོད་དོ། 2དེ་ཚོས་ང་ལ་མ་དྲིས་པར་ཨི་ཇིབ་དུ་རོགས་རམ་སློང་བར་ཕྱིན་ཡོད། དེ་ཚོས་ཨི་ཇིབ་ཀྱིས་དེ་ཚོར་སྐྱོབས་པའི་འདོད་པ་ཡོད། དེ་འདྲ་སོང་ཙང་དེ་ཚོས་ཨི་ཇིབ་ཀྱིི་རྒྱལ་པོར་བློས་འགེལ་ཡོད། 3འོན་ཀྱང་རྒྱལ་པོས་དེ་ཚོ་ལ་རོགས་པ་བྱ་རྒྱུར་ནུས་ཤུགས་མེད་པར་འགྱུར་བ་དང། ཨི་ཇིབ་ཀྱི་སྲུང་སྐྱོབས་དེ་ནི་གནོད་སྐྱོན་ཆེན་པོར་འགྱུར་རོ། 4དེ་ཚོའི་གཞུང་ཚབ་པ་ཨི་ཇིབ་པའི་གྲོང་ཁྱེར་རྣམས་ཛོ་ཨན་དང་ཧ་ནེསེ་ལ་སླེབས་ཡོད་ན་ཡང། 5ཡ་ཧུ་དཱ་པའི་མི་མང་རྣམས་ནས་དེ་ཚོ་ནམ་ཡང་བློས་འགལ་མེད་པའི་རྒྱལ་ཁབ་དེ་ལ་དགོས་པའི་སྐབས་ལ་རོགས་པ་བྱེད་མི་ཐུབ་མཁན་རྒྱལ་ཁབ་ཞིག་ལ་བློས་འགལ་བྱས་པར་འགྱོད་པ་བྱའོ། 6དཀོན་མཆོག་གི་ལྷོ་ཕྱོགས་སུ་བྱེད་ཐང་གི་སེམས་ཅན་ཚོའི་སྐོར་ལ་གསུང་འཕྲིན་གནང་བ་འདི་ལྟར་ཡིན། གཞུང་ཚབ་པ་ཚོ་ཉེན་ཁ་ཅན་གྱི་ཡུལ་སེང་གེ་རྣམས་ཀྱི་གནས་ཡུལ་དང་དུག་སྦྲུལ་རྣམས་དང་འཕུར་བའི་འབྲུག་རྣམས་ཀྱི་གནས་ཡུལ་བརྒྱུད་འགྲུལ་བཞུད་བྱེད་དགོས་པས། དེ་ཚོས་བུང་བུ་དང་རྔ་མོང་རྣམས་ལ་དེ་ཚོ་ལ་རོགས་བྱེད་མི་ཐུབ་མཁན་གྱི་རྒྱལ་ཁབ་ཚོ་ལ་འབུལ་རྒྱུའི་རིན་ཐང་ཅན་གྱི་འབུལ་བ་རྣམས་བཀལ་ཡོད་དོ། 7ཨི་ཇིབ་ཡུལ་གྱི་རོགས་པ་བྱེད་པ་དེ་ཕན་མེད་ཡིན། དེ་འདྲ་སོང་ཙང་ངས་ཨི་ཇིབ་ལ་གནོད་སྐྱོན་བྱེད་མི་ཐུབ་པའི་འབྲུག་ཅེས་མིང་ལྡོག་བཏགས་ཡོད་ཅེས་སོ༎

ཁ་ལ་མི་ཉན་པའི་མི་མང།

8དཀོན་མཆོག་གིས་མི་མང་རྣམས་ཇི་ལྟར་ངན་པ་ཡོད་པའི་ལོ་རྒྱུས་དེ་གཏན་འཇགས་ཡོང་བའི་ཆེད་ང་ལ་མི་མང་རྣམས་ཇི་ལྟར་ཡོད་སྐོར་དེབ་ཞིག་འབྲི་དགོས་པའི་བཀའ་གནང་བྱུང། 9དེ་ཚོ་ནི་རྟག་ཏུ་དཀོན་མཆོག་ལ་ངོ་ལོག་རྒྱབ་མཁན་དང་རྫུན་ཤོད་མཁན་དང་གཙོ་བོ་དཀོན་མཆོག་གི་སློབ་སྟོན་ལ་རྟག་ཏུ་མི་ཉན་མཁན་འབའ་ཞིག་ཡིན་ནོ། 10དེ་ཚོས་ལུང་སྟོན་པ་ཚོར་ཁ་རོག་སྡོད་ཅེས་སྨྲས་པ་དང། དེ་ཚོས་ང་ཚོ་དྲང་པོ་ཇི་ཡིན་སྐོར་མ་ཤོད་ཅིག། ང་ཚོ་ལ་ཉན་འདོད་ཇི་ཡོད་པ་རྣམས་ཤོད་ཅིག། ང་ཚོས་ང་ཚོའི་སྒྱུ་མ་ཉར་བར་བྱའོ། 11ང་ཚོའི་ལམ་ནས་ཕར་སོང་ཞིག་དང། ང་ཚོའི་ལམ་འགོག་རྒྱུ་ལ་མཚམས་འཇོག་བྱོས་ཤིག། ཁྱོད་ཀྱི་ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པའི་སྐོར་ང་ཚོ་ལ་ཉན་འདོད་མེད་ཅེས་སོ། 12འོན་ཀྱང་ཨིསི་རཱཨེལ་གྱི་དམ་པའི་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། ཁྱོད་ཚོས་ངས་སྨྲས་པར་བརྩི་མེད་བྱས་པ་དང་ཟིང་འཁྲུགས་དང་བསླུ་འཁྲིད་ལ་བློ་བཅོལ་ཡོད་པས། 13ཁྱོད་ཚོ་ཉེས་ཅན་ཡིན། ཁྱོད་ཚོ་ལྕགས་རི་མཐོ་པོ་ལ་མར་སེར་ག་གས་ནས་ཡོད་པ་དང་འདྲ་བས་བློ་བུར་དུ་བཞིགས་པར་འགྱུར་རོ། 14ཁྱོད་ཚོ་རྫའི་ཁོག་མ་ལྟར་དུམ་བུ་དུམ་བུར་ཆགས་པ་དང་། དེ་བཞིན་ཧ་ཅང་ངན་པར་ཆགས་པའི་རྐྱེན་གྱི་རྡོ་སོལ་ཚ་པོ་ལེན་པའམ་ཆུ་དོང་ནས་ཆུ་བཅུས་ནུས་པ་ཆགས་དུམ་ཆེན་པོ་ཞིག་ཀྱང་མ་རྙེད་པར་འགྱུར་རོ། 15བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དམ་པའི་དཀོན་མཆོག་གིས། ཚུར་ཤོག་ལ་ལྷོད་ལྷོད་བྱེད་ནས་ང་ལ་ཡིད་ཆེས་བརྟན་པོ་བྱོས་ཤིག དེ་ནས་ཁྱོད་ཚོ་ཤུགས་ཆེན་པོ་དང་བརྟན་པར་འགྱར་རོ་ཞེས་བཀའ་གནང་ངོ། འོན་ཀྱང་ཁྱོད་ཚོས་དེ་ལྟར་བྱ་རྒྱུར་ངོས་ལེན་མི་བྱེད་དོ། 16དེའི་ཚབ་ལ་ཁྱོད་ཚོ་རྟ་མགྱོགས་པོའི་སྟེང་ཞོན་ནས་ཁྱོད་ཚོའི་དགྲ་བོ་ལས་བྲོས་པའི་འཆར་གཞི་བཟོའོ། ཁྱོད་ཚོས་བྲོས་ཐབས་བྱེད་དགོས་པ་དེ་བདེན་པ་ཡིན། ཁྱོད་ཚོའི་བསམ་པར་ཁྱོད་ཚོའི་རྟ་དེ་མགྱོགས་པོ་ཡོད་བསམ་གྱི་ཡོད་དོ། འོན་ཀྱང་ཁྱོད་ཚོར་དེད་མཁན་ཚོ་དེ་བས་མགྱོགས་པོ་ཡོད་དོ། 17ཁྱོད་ཚོས་དགྲ་བོའི་དམག་མི་གཅིག་མཐོང་སྐབས་ཁྱོད་ཚོ་ཆིག་སྟོང་ཐམ་པ་བྲོས་པ་དང། ཁྱོད་ཚོ་བྲོས་རྒྱུ་བཟོ་བར་དམག་མི་ལྔ་ལས་མི་དགོས་སོ། རི་བོའི་སྟེང་དུ་ཁྱོད་ཚོའི་དམག་དཔུང་ལ་དར་ཆ་གཅིག་རང་གི་གདུང་མ་མ་གཏོགས་གཞན་གང་ཡང་ལྷག་པར་མི་འགྱུར་རོ། 18ཡིན་ན་ཡང་གཙོ་བོ་དཀོན་མཆོག་གི་ཁྱོད་ཚོར་སྙིང་རྗེ་ཆེན་པོས་སྒུག་ནས། ཁོང་གི་ཁྱོད་ཚོར་ཐུགས་བརྩེ་མཛད་རྒྱུར་གྲ་སྒྲིགས་ཡོད་དོ། གང་ལ་ཟེར་ན། ཁོང་གིས་རྟག་ཏུ་དྲང་བདེན་གང་ཡིན་པ་དེ་གནང་ངོ། གཙོ་བོ་དཀོན་མཆོག་རང་ལ་བློ་བཅོལ་མཁན་ཚོ་དགའ་བར་འགྱུར་རོ༎

དཀོན་མཆོག་གིས་རང་གི་མི་མང་ལ་བྱིན་རླབས།

19ཡེ་རུ་ཤ་ལེམ་དུ་སྡོད་མཁན་ཚོ་ད་ནས་བཟུང་ངུ་བར་མི་བྱའོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་སྙིང་རྗེ་ཅན་ཡིན་པ་དང། ཁྱོད་ཚོས་སྐྱབས་རོགས་ཆེད་འབོད་བསྐུལ་ཞུས་པ་ཡིན་ན་ཁོང་གི་དེ་གསན་པར་འགྱུར་རོ། 20གཙོ་བོ་དཀོན་མཆོག་ཁོང་རང་གིས་ཁྱོད་ཚོ་དཀའ་ངལ་ངང་དུ་ལྷུང་བཅུག་པ་གནང་ན་ཡང། ཁོང་རང་ཁྱོད་ཚོར་སློབ་སྟོན་གནང་བ་དེར་ཡོད་པ་དང་ཁྱོད་ཚོས་ཁོང་སླར་ཡང་ཚོལ་མི་དགོས་སོ། 21ཁྱོད་ཚོ་ལམ་གྱི་གཡས་སམ་གཡོན་གང་དུ་འགྲུལ་ཡང། ཁྱོད་ཀྱི་རྒྱབ་ནས་ལམ་འདིར་ཡོད་པས་དེའི་རྗེས་སུ་ཤོག་ཅེས་ཁོང་གིས་གསུངས་པ་ཐོས་པར་འགྱུར་རོ། 22ཁྱོད་རང་ཉིད་ཀྱི་སྐུ་འདྲ་དངུལ་གྱི་བླུག་པ་དང་གསེར་གྱི་བཀབ་པའི་སྐུ་འདྲ་བླངས་ནས་དེ་ཚོ་གྲིབ་ཅན་བཙོག་པ་བཞིན་དབྱུགས་པ་དང་ངའི་མཐོང་སར་ནས་ཕར་རྒྱུགས་ཤིག་ཅེས་སྐད་བརྒྱབ་པར་བྱའོ། 23ཁྱོད་ཀྱིས་ས་བོན་ནམ་འདེབས་སྐབས་གཙོ་བོ་དཀོན་མཆོག་གིས་དེ་ཚོ་སྐྱེས་བར་ཆར་པ་འབེབས་གནང་བ་དང། ཁྱོད་ལ་སྟོན་ཐོག་ཧ་ཅང་མང་པོ་ཡོང་བ་དང་ཁྱོད་ཀྱི་ཕྱུགས་ཚོར་རྩ་ཁ་ཧ་ཅང་འབོལ་པོ་ཡོང་ངོ། 24ཁྱོད་ཀྱི་བ་གླང་དང་བོང་བུ་ས་ཞིང་རྨོ་མཁན་རྣམས་རྩ་ཆག་བཟང་ཤོས་ཟ་བར་བྱའོ། 25ཁྱོད་ཚོའི་དགྲ་བོ་ཚོའི་མཁར་རྫོང་བཟུང་བ་དང། དེ་ཚོའི་མི་རྣམས་གསོད་པའི་ཉིན་མོ་དེར་རི་མཐོ་པོ་ཚང་མ་དང་རི་ཆུང་ཚང་མ་ནས་རྒྱུག་ཆུའི་ཆུ་བོ་རྒྱུགས་པར་བྱའོ། 26ཟླ་བ་ཉི་མ་ལྟར་གསལ་བ་དང་ཉི་མ་ནམ་རྒྱུན་ལས་ལྡབ་བདུན་གྱིས་གསལ་བ་དང། ཉིན་བདུན་གྱི་འོད་ཉི་མ་གཅིག་ལ་འཚེར་བ་ལྟར་བྱུང་བར་འགྱུར། དེ་ཚོ་རྣམས་གཙོ་བོ་དཀོན་མཆོག་གིས་ཁོང་གི་མི་མང་རྣམས་ལ་རྨ་བཟོས་པ་རྣམས་ལ་རྨ་རས་དཀྲི་གནང་ནས་གསོ་གནང་སྐབས་འབྱུང་བར་འགྱུར་རོ༎

དཀོན་མཆོག་གིས་ཨ་སུར་ལ་ཆད་པ་གཏོང་གནང་བ།

27གཙོ་བོ་དཀོན་མཆོག་གི་མཐུ་སྟོབས་དང་གཟི་བརྗིད་ཐག་རིང་པོར་མཐོང་བ་དང། མེ་དང་དུ་བས་སྒོ་ནས་ཁོང་ཐུགས་ཁྲོ་བ་ཤེས་སོ། ཁོང་གི་བཀའ་དང་ཚིག་རྣམས་མེ་ལྟར་ཚིགས་པར་འགྱུར་རོ། 28ཁོང་གིས་རླུང་ནི་ཆུ་ལོག་གིས་ཚང་མ་འཁྱེར་བ་ལྟར་གཏོང་གནང་ངོ། དེས་མི་རིགས་རྣམས་འཕྱགས་ནས་འཇིགས་པ་དང་དེ་ཚོའི་འཆར་གཞི་ངན་པ་རྣམས་མཐའ་མར་འགྱུར་བར་བྱའོ། 29འོན་ཀྱང་ཁྱོད་ཚོ་དཀོན་མཆོག་གི་མི་མང་རྣམས་དམ་པའི་དུས་སྟོན་གྱི་མཚན་མོར་བྱེད་པ་ལྟར་དགའ་ཞིང་གཞས་གཏོང་བར་བྱེད་དོ། ཨིསི་རཱཨེལ་གྱི་སྐྱོབ་པ་པོ་གཙོ་བོ་དཀོན་མཆོག་གི་མཆོད་ཁང་གི་ལམ་དུ་གླིང་བུའི་རོལ་ཆའི་སྒྲ་ལ་འགྲོ་མཁན་ལྟར་ཁྱོད་ཚོ་དགའ་སྤྲོ་བྱེད་པར་འགྱུར་རོ། 30གཙོ་བོ་དཀོན་མཆོག་ཁོང་གི་དཔའ་བརྗིད་ཅན་གྱི་གསུང་དེ་ཚང་མར་གོ་བཅུག་པ་དང། ཁོང་གི་ཐུགས་ཁྲོ་བའི་ནུས་ཤུགས་འཚོར་བར་མཛད་དོ། དེར་མེ་ལྕེ་དང་གློག་འཁྱུགས་པ་དང་སེར་བ་དང་ཆར་རླུང་དྲག་པོ་འོང་བར་འགྱུར་རོ། 31ཨ་སུར་པ་རྣམས་གཙོ་བོ་དཀོན་མཆོག་གི་གསུང་ཐོས་པ་དང། ཁོང་གི་ཆད་པ་གཏོང་བའི་ནུས་པ་འཚོར་བ་དང་འཇིགས་ཤིང་སྐྲག་པར་འགྱུར་རོ། 32གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ཡང་ཡང་རྡུང་གནང་སྐབས། ཁོང་གི་མི་མང་ཚོས་རྔ་རྣམས་དང་པི་ཝང་རྣམས་ཀྱི་རོལ་ཆས་དང་མཉམ་དུ་རྟེན་འབྲེལ་བྱེད་པར་འགྱུར། དཀོན་མཆོག་ཁོང་རང་ཉིད་ཀྱིས་ཨ་སུར་པ་ཚོ་དང་མཉམ་དུ་འཐབ་པར་མཛད་དོ། 33དུས་ཡུན་རིང་པོའི་སྔོན་ལ་མེ་ཆེན་པོ་ཞིག་གིས་ཨ་སུར་གྱི་རྒྱལ་པོ་ཆེན་པོ་བསྲེག་ཡུལ་གྲ་སྒྲིགས་བྱས་ཡོད། དེ་ནི་ཧ་ཅང་གཏིང་རིང་པོ་དང་ཞེང་ཆེན་པོ་ཡོད་པ་དང་། དེར་བུད་ཤིང་ཧ་ཅང་མཐོ་པོ་རྩིག་པ་ཞིག་ཡོད། གཙོ་བོ་དཀོན་མཆོག་གི་ལྗགས་དབུགས་ཀྱིས་མེ་ལྕེའི་རྒྱུག་ཆུ་དེར་མེ་སྤར་བར་མཛད་དོ༎

ཡེ་ཤ་ཡཱ 31

དཀོན་མཆོག་གིས་ཡེ་རུ་ཤ་ལེམ་སྐྱོབས་རྒྱུ།

1ཨི་ཇིབ་དུ་རོགས་རམ་ཐོབ་ཕྱིར་འགྲོ་མཁན་ཚོ་མེད་པར་འགྱུར། དེ་ཚོས་ཨི་ཇིབ་ཀྱི་དམག་མིའི་སྟོབས་ཤུགས་དང། རྟ་རྣམས་དང་ཤིང་རྟ་འཁོར་ལོ་རྣམས་དང་དམག་མི་རྣམས་ལ་བློས་འགེལ་བྱེད་བཞིན་ཡོད་དོ། འོན་ཀྱང་དེ་ཚོས་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པར་བློས་འགེལ་མི་བྱེད་པའམ་ཁོང་ལ་རོགས་རམ་སྐྱབས་འཇུག་སོགས་ཞུས་མེད་དོ། 2ཁོང་གིས་ཇི་འདྲ་གནང་བཞིན་ཡོད་པ་དེ་ཁོང་གི་མཁྱེན་གྱི་ཡོད། ཁོང་གིས་རྐྱེན་ངན་རྣམས་གཏོང་གནང་ངོ། ཁོང་གིས་མི་ངན་ཚོ་དང་དེ་ཚོར་སྲུང་སྐྱོབས་བྱ་མཁན་རྣམས་ཆད་པ་གཏོང་རྒྱུའི་ཉེན་བརྡ་དེ་སྒྲུབ་པར་གནང་ངོ། 3ཨི་ཇིབ་པ་རྣམས་དཀོན་མཆོག་མིན་པ་དང། དེ་ཚོ་མི་གཅིག་པོ་ཡིན་ནོ། དེ་ཚོའི་རྟ་རྣམས་གཟུགས་ཡིན་པ་དང་སེམས་ཉིད་མ་ཡིན་ནོ། གཙོ་བོ་དཀོན་མཆོག་གིས་ཕྱག་བརྐྱངས་གནང་སྐབས་མི་རིགས་སྟོབས་ཤུགས་ཅན་དེ་འགྱེལ་བར་མཛད་པ་དང་། དེས་རོགས་བྱེད་པའི་མི་རིགས་སྐྱོ་པོ་དེ་སྟོངས་པར་འགྱུར། དེ་ཚོ་གཉིས་ཀ་མེད་པར་འགྱུར་རོ། 4གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བར། སེང་གེ་ཞིག་རང་གིས་བསད་པའི་སེམས་ཅན་གྱི་ཐོག་ཏུ་ཡོད་སྐབས། ལུག་རྫི་རྣམས་ཀྱི་ཇི་ལྟར་སྐད་ཤུགས་ཆེན་པོ་རྒྱབ་ན་ཡང། ཁོང་ཚོས་སེང་གེ་ལ་འཇིགས་སྣང་བསྐུལ་ནས་དེད་མི་ཐུབ། དེ་ལྟར་ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་རི་བོ་ཛི་ཡོན་སྲུང་སྐྱོབས་བྱ་རྒྱུར་སུས་ཀྱང་འགོག་མི་ཐུབ་བོ། 5ཇི་ལྟར་བྱིའུ་ཞིག་གིས་རང་གི་བྱི་ཕྲུག་ཚོ་སྐྱོབས་པའི་ཆེད་ཚང་གི་སྟེང་དུ་ལྡིང་བ་ལྟར་ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་ལ་སྐྱོབས་པ་དང་སྲུང་བར་བྱའོ། 6གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཨིསི་རཱཨེལ་གྱི་མི་མང་ཁྱོད་ཚོས་ངའི་སྤྱན་སྔར་སྡིག་པ་གྱིས་པ་དང་ང་ལ་ངོ་རྒོལ་བྱེད་ཡོད། འོན་ཀྱང་ད་ཆ་ངའི་སར་ཚུར་ལོག་ཤོག། 7ཁྱོད་ཚོ་ཚང་མས་དངུལ་དང་གསེར་ལས་བཟོས་པའི་སྡིག་ཅན་གྱི་སྐུ་འདྲ་རྣམས་འདོར་བའི་དུས་སྐབས་ཤིག་ཡོང་བཞིན་ཡོད་དོ། 8ཨ་སུར་དམག་སར་མེད་པར་བཟོས་ན་ཡང། དེ་ནི་མིའི་སྟོབས་ཤུགས་ཀྱི་མ་ཡིན་ནོ། ཨ་སུར་པ་རྣམས་དམག་ས་ནས་བྲོས་འགྲོ་བ་དང། དེ་ཚོའི་མི་གཞོན་པ་རྣམས་བྲེན་གཡོག་བཟོས་པར་འགྱུར་རོ། 9དེ་ཚོའི་རྒྱལ་པོ་ཆེན་པོ་འཇིགས་སྐྲག་ངང་བྲོས་འགྲོ་བ་དང། དཔོན་པོ་རྣམས་ཧ་ཅང་འཇིགས་སྟབས་དེ་ཚོའི་དམག་གི་དར་ཆ་རྣམས་སྤངས་པར་བྱའོ། ཡེ་རུ་ཤ་ལེམ་དུ་མཆོད་པ་དང་དེར་ཁོང་གི་མེས་དམར་མཆོད་བསྲག་པར་གནང་མཁན་གཙོ་བོ་དཀོན་མཆོག་གི་བཀའ་གནང་ཡོད་དོ༎

ཡེ་ཤ་ཡཱ 32

དྲང་ལྡན་གྱི་རྒྱལ་པོ།

1ཉིན་ཞིག་རིང་རྒྱལ་པོ་དྲང་པོའི་ངང་ནས་རྒྱལ་སྲིད་སྐྱོངས་མཁན་ཞིག་བྱུང་བ་དང། འགོ་འཛིན་ཚོས་ཁྲིམས་དྲང་པོའི་ཐོག་འཛིན་སྐྱོངས་བྱེད་པར་འགྱུར། 2དེ་ཚོ་རེ་རེ་རླུང་ནས་སྐྱབས་ཡུལ་དང་རླུང་འཚུབ་དྲག་པོའི་ནང་ཡིབ་ཡུལ་ལྟ་བུ་ཡིན་པར་འགྱུར། དེ་ཚོ་བྱེ་ཐང་ལ་རྒྱུག་པའི་རྒྱུག་ཆུ་ལྟ་བུ་དང། ས་ཆ་སྐམ་པོའི་ནང་བྲག་ཧ་ཅང་ཆེན་པོ་ཞིག་གིགྲིབ་མ་ལྟ་བུ་ཡོང་བར་འགྱུར། 3མི་རྣམས་ཀྱི་དགོས་མཁོ་མཐོང་བ་དང་ཐོས་པའི་ཆད་དུ་དེ་ཚོའི་མིག་དང་རྣ་བ་ཕྱེ་ནས་འཇོག་པར་འགྱུར། 4དེ་ཚོ་བཟོད་སེམས་མེད་པར་མི་འགྱུར་བ་དང་བསམ་ཤེས་ཅན་ལྟར་ཡོད་པ་དང་དེ་ཚོས་ཇི་བསམ་པ་རྣམས་བརྗོད་པར་བྱའོ། 5སུ་ཞིག་གིས་གླེན་པ་ཞིག་ལ་བསྐུར་འོས་པ་ཡིན་པར་མི་བསམ་པ་དང། ཡང་ན་མི་འཛབ་ཅན་ཞིག་ལ་དྲང་པོ་རེད་ཅེས་མི་བརྗོད་དོ། 6གླེན་པ་ཞིག་གིས་གླེན་པའི་ཐོག་སྨྲས་པ་དང་། ཁོས་ངན་རིགས་བྱས་པར་བསམ་པ་དང་། ཁོས་གང་བྱས་པ་དང་གང་ལབ་པ་རྣམས་གཙོ་བོ་དཀོན་མཆོག་ལ་དམའ་འབེབས་ཡིན་ནོ། མི་ལྟོགས་པ་ལ་ཁ་ཟས་མི་སྟེར་བ་དང། སྐོམ་པའི་མི་ལ་ཆུ་མི་སྟེར་རོ། 7བླུན་པོ་ཞིག་ནི་མི་ངན་པ་ཡིན་པས་ངན་ལས་བྱེད་པ་དང། ཁོས་རྫུན་གྱི་སྒོ་ནས་དབུལ་པོ་མེད་པར་བཟོ་རྒྱུའི་འཆར་གཞི་ངན་པ་གཏིང་བ་དང། དེ་ཚོ་ལ་རང་གི་ཐོབ་ཐང་ཡོད་པ་རྣམས་བཀག་འགོག་བྱེད་དོ། 8འོན་ཀྱང་བཀུར་འོས་ཅན་གྱི་མི་ཞིག་གིས་དྲང་པོའི་ངང་ནས་ལས་བྱེད་པ་དང། དྲང་བདེན་གང་ཡིན་པར་བརྟན་པོའི་ངང་གནས་སོ༎ 9བུད་མེད་ཁྱོད་ཚོ་སེམས་ཁྲལ་མེད་པར་མི་ཚེ་ལས་སླ་པོའི་ངང་ལ་བསྐྱེལ་མཁན་ཚོ་ངས་བཤད་པར་ཉོན་ཞིག་། 10ད་ལྟ་ཁྱོད་ཚོ་འདོད་པ་ཁེངས་ཡོད་ན་ཡང་ལོ་རྗེས་མ་དུས་ཚོས་འདིའི་སྐབས་སུ་ཁྱོད་ཚོར་ཡིད་མུག་པར་འགྱུར། གང་ལ་ཟེར་ན། ཁྱོད་ཚོས་བསྡུས་པའི་ཕྱིར་རྒུན་འབྲུམ་མེད་པར་འགྱུར་རོ། 11ཁྱོད་ཚོ་སེམས་ཁྲལ་མེད་པར་མི་ཚེ་ལས་སླ་པོར་བསྐྱེལ་བཞིན་ཡོད། འོན་ཀྱང་ད་ཆ་འཇིགས་ཤིང་འདར་ཞིག། ཁྱོད་ཚོའི་གོས་རྣམས་བཤུས་ནས་རྐེད་པར་རྩ་རས་དཀྲི་ཞིག 12མྱ་ངན་གྱི་ཁྱོད་ཚོའི་བྲང་བརྡུང་ཞིག། གང་ལ་ཟེར་ན། ཁྱོད་ཚོའི་ས་ལུད་འཛོམས་པོའི་ཞིང་ཁ་དང་རྒུལ་ཚལ་མེད་པར་བཟོས་ཡོད་དོ། 13ངའི་མི་མང་གི་ས་ཆར་ཚེར་མའི་སྡོང་པོ་ཆུང་ཆུང་དང་སེ་བ་སྐྱེ་ཞིང་ཡོད། ཁྱིམ་ནང་བདེ་སྐྱིད་ཡོད་པ་དང་གྲོང་ཁྱེར་ནང་མི་ཚེ་བཟང་པོ་ཡོད་པ་ཚོའི་ཆེད་དུ་ངུ་ཞིག 14ཕོ་བྲང་ཡང་སྤང་བར་འགྱུར་བ་དང། རྒྱལ་སའི་གྲོང་ཁྱེར་ཡང་སྟོངས་བར་འགྱུར་། དེ་ཚོ་ལ་སྲུང་བའི་ཁང་པ་དང་མཁར་རྫོང་རྣམས་གཏན་གྱི་ཆེད་དུ་གྱང་གོག་ཏུ་གནས་པར་འགྱུར། དེར་རྐྱང་རྣམས་འཁྱམ་པ་དང་ལུག་རྣམས་ལ་རྩ་ཁ་རྙེད་པར་བྱེད་དོ། 15འོན་ཀྱང་དཀོན་མཆོག་གིས་ཡང་སྐྱར་ཐེང་གཅིག་ང་ཚོར་ཁོང་གི་ཐུགས་ཉིད་གཏོང་བར་གནང་ཡོང། ཕན་མེད་ས་རྣམས་ས་ལུད་འཛོམས་པོར་འགྱུར་བ་དང་ཞིང་ནས་སྟོན་ཐོག་ཧ་ཅང་ལེགས་པོ་ཐོན་ཡོང། 16ཡུལ་ཚང་མ་ལ་དྲང་བདེན་དང་ཁྲིམས་དྲང་པོ་ཡོང་བར་འགྱུར། 17གང་ལ་ཟེར་ན། ཚང་མས་དྲང་པོ་འབའ་ཞིག་བྱེད་པར་འགྱུར་བ་དང་དེར་གཏན་གྱི་ཆེད་དུ་ཞི་བདེ་དང་སྲུང་སྐྱོབ་ཡོང་བར་བྱེད་དོ། 18དཀོན་མཆོག་གིི་མི་མང་རྣམས་སེམས་ཁྲལ་མེད་པར་འགྱུར་བ་དང། དེ་ཚོའི་ཁྱིམ་ནང་ཞི་བདེ་དང་སྲུང་སྐྱོབ་འབྱུང་བར་འགྱུར་རོ། 19(འོན་ཀྱང་ཤིང་ནགས་ཐོག་སེར་བ་བབས་པ་དང། གྲོང་ཁྱེར་རྣམས་མེད་པར་འགྱུར་རོ།) 20སྟོན་ཐོག་གི་ཆེད་དུ་ཆུ་འབོལ་པོ་དང་བོང་བུ་དང་ཕྱུགས་ལ་ས་གནས་གང་སར་རྩ་ཁ་བཟང་པོ་ཐོབ་པས་ཚང་མ་ཇི་ལྟར་དགའ་སྤྲོ་རྙེད་དོ༎

ཡེ་ཤ་ཡཱ 33

རོགས་ཀྱི་ཆེད་དུ་སྨོན་ལམ།

1ང་ཚོའི་དགྲ་བོ་རྣམས་འཇིགས་ཡོད། དེ་ཚོ་ལ་སུས་ཀྱང་འཕྲོག་བཅོམ་དང་བསླུ་མེད་ན་ཡང་དེ་ཚོས་འཕྲོག་བཅོམ་དང་བསླུ་ཡོད་དོ། འོན་ཀྱང་དེ་ཚོའི་འཕྲོག་བཅོམ་དང་བསླུ་རྒྱུ་དུས་ཚོད་འཛོག་པར་འགྱུར་བ་དང། དེ་ཚོ་རང་ཉིད་ལ་འཕྲོག་བཅོམ་དང་བསླུ་འཁྲིད་བྱེད་པར་འགྱུར་རོ། 2གཙོ་བོ་དཀོན་མཆོག་གིས་ང་ཚོར་སྙིང་རྗེ་གནང་རོགས་གནང། ང་ཚོས་ཁྱེད་ལ་རེ་བ་བཅོལ་ཡོད། ང་ཚོར་ཉིན་ལྟར་སྲུང་སྐྱོབས་དང་ང་ཚོའི་དཀའ་ངལ་ལས་སྐྱབས་རོགས་གནང། 3ཁྱེད་ཀྱིས་ང་ཚོའི་ཆེད་དུ་དམག་སྐྱོན་གནང་སྐབས་རྒྱལ་ཁབ་ཚོ་གཡུལ་གྱི་སྒྲ་ལས་བྲོས་པར་བྱེད་དོ། 4དེ་ཚོའི་རྒྱུ་དངོས་རྣམས་ཀྱི་ཐོག་འབུ་འཆོང་བ་ལྟར་དབང་བཟུང་བྱས་པ་དང་བཅོམ་ནོར་དུ་འཁྱེར་རོ། 5གཙོ་བོ་དཀོན་མཆོག་ཇི་འདྲ་རླབས་ཆེན་ཡིན། ཁོང་གི་ཚང་མའི་ཐོག་ཏུ་རྒྱལ་སྲིད་སྐྱོངས་ཡོང། ཁོང་གིས་ཡེ་རུ་ཤ་ལེམ་དུ་ཁྲིམས་དྲང་པོ་དང་དྲང་བ་ཉིད་ཀྱིས་གང་བར་མཛད་དོ། 6མི་མང་ལ་བརྟན་པོ་ཡོང་བར་མཛད་པ་དང། ཁོང་གིས་རྟག་ཏུ་ཁོང་མི་མང་རྣམས་སྐྱོབ་པར་མཛད་པ་དང། དེ་ཚོ་ལ་ཤེས་རབ་དང་ཡོན་ཏན་གནང་བར་མཛད་དོ། དེ་ཚོའི་རྒྱུ་ནོར་གཏེར་མཛོད་ཆེ་ཤོས་ནི་གཙོ་བོ་དཀོན་མཆོག་ལ་གུས་བཀུར་ཞུ་རྒྱུ་དེ་ཡིན་ནོ། 7མི་བློ་སྟོབས་ཆེན་པོ་རྣམས་ཀྱི་རོགས་རམ་ཆེད་འབོད་བསྐུལ་ཞུ་བཞིན་འདུག ཞི་བདེ་ཡོང་བ་བྱ་མཁན་གཞུང་ཚབ་པ་ཚོ་དྲག་པོར་ངུ་བཞིན་འདུག་གོ 8གཞུང་ལམ་རྣམས་ལ་ཉེན་ཁ་ཆེན་པོ་ཡོད་སྟབས་སུ་ཡང་དེ་ཚོའི་སྟེང་དུ་འགྲུལ་བར་མི་བྱེད། འཆིང་ཡིག་རྣམས་ལ་བརྩི་མེད་བྱས་པ་དང་མཐུན་སྒྲིགས་རྣམས་འགལ་བར་བྱས་ཡོད། སུ་ལ་ཡང་གུས་བརྩི་ཞུ་བར་མི་བྱེད་དོ། 9ས་ཆར་ལས་མེད་པར་སྟོངས་ནས་ཡོད། ལེ་བ་ནོན་གྱི་ཤིང་ནགས་སྐམ་པ་དང་ས་ལུད་འཛོམས་པོའི་ཤ་རོན་གྱི་ལུང་གཤོང་དེ་བཞིན་བྱེ་ཐང་ལྟ་བུ་དང། བྷ་ཤཱན་དང་རི་བོ་ཀར་མེལ་གྱི་ཤིང་སྡོང་གི་ལོ་མ་ཟར་བཞིན་ཡོད་དོ༎

གཙོ་བོ་དཀོན་མཆོག་གིས་ཁོང་གི་དགྲ་བོར་ཉེན་བརྡ།

10གཙོ་བོ་དཀོན་མཆོག་གིས་མི་རིགས་ཚོ་ལ་བཀའ་གནང་བ། ད་ང་ལང་རྒྱུ་ཡིན་པ་དང། ང་ཇི་ལྟར་མཐུ་སྟོབས་ཅན་ཡིན་པ་དེ་སྟོན་རྒྱུ་ཡིན་ནོ། 11ཁྱོད་ཀྱིས་ཁུང་ལུང་མེད་པའི་འཆར་གཞི་བཟོ་བ་དང་ཁྱོད་ཀྱིས་བྱས་པ་རྣམས་ཕན་ཐོག་མེད་པ་ཡིན་ནོ། ངའི་སེམས་ཉིད་ཁྱོད་ཚོར་མེད་པར་བཟོས་བས་མེ་ལྟ་བུ་ཡིན། 12ཁྱོད་ཚོ་རྡོ་ཞོ་བཟོ་བར་ཕ་བོང་སྲེག་པ་ལྟར་དང། ཚེར་མ་གོག་ཐལ་འགྱུར་རྒྱུར་སྲེག་པ་ལྟར་མེད་པར་འགྱུར་རོ། 13ངས་ཇི་བྱས་པ་ཐག་ཉེ་དང་ཐག་རིང་དུ་ཡོད་པ་ཚང་མར་ཉོན་བཅུག་ཅིག་དང། ངས་སྟོབས་ཤུགས་ངོས་ལེན་བྱེད་དུ་བཅུག་ཅིག། 14ཛི་ཡོན་དུ་ཡོད་པའི་སྡིག་ཅན་གྱི་མི་རྣམས་འཇིགས་སྐྲག་གིས་འདར་བཞིན་ཡོད། དེ་ཚོས་དཀོན་མཆོག་གི་ཁྲིམས་ཀྱི་དཔྱད་མཚམས་དེ་མེ་ལྟར་གཏན་གྱི་ཆེད་བསྲེག་གོ ང་ཚོ་སུ་ཞིག་མེ་དེ་ལས་ཐར་ཐུབ་བམ་ཅེས་སྨྲས་སོ། 15གལ་ཏེ་ཁྱོད་ཀྱིས་དྲང་བདེན་ཇི་ཡིན་སྨྲས་པ་དང་བྱས་པ་ཡིན་ན་ཁྱོད་ཐར་ཐུབ་བོ། སྐྱོ་པོར་མགོ་སྐོར་གཏོང་རྒྱུར་ཁྱོད་ཀྱི་དབང་ལ་བེད་སྤྱོད་མ་བྱེད་ལ་ལྐོག་རྔན་ཡང་མ་ལེན་ཞིག གཞན་གྱི་མི་གསོད་པའམ་ངན་ལས་བྱ་རྒྱུའི་འཆར་གཞི་བཟོས་པའི་ནང་མ་ཞུགས་ཤིག 16དེ་ནས་ཁྱོད་བདེ་བར་འགྱུར། ཁྱོད་ནི་མཁར་རྫོང་བཙན་པོའི་ནང་ཡོད་པ་ལྟར་བརྟན་པོར་གནས་སོ། ཁྱོད་ལ་ཟ་བའི་ཟས་དང་འཐུང་བའི་ཆུ་ཡོད་པར་འགྱུར་རོ༎

གཟི་བརྗིད་ཅན་གྱི་མ་འོངས་པ།

17ཡང་སྐྱར་ཐེངས་ཅིག་ཁྱོད་ཚོས་རྒྱལ་པོས་ཕྱོགས་ཚང་མའི་ནང་ཁྱབ་པའི་ཡུལ་དུ་གཟི་བརྗིད་ངང་རྒྱལ་སྲིད་སྐྱོངས་བ་མཐོང་བར་འགྱུར་རོ། 18ཁྱོད་ཚོས་དེས་པའི་ཉིན་གྱི་ཕྱི་རྒྱལ་བའི་ཁྲལ་བསྡུ་མཁན་དང། སོ་པ་རྣམས་ཀྱི་འཇིགས་སྣང་རྣམས་དྲན་གསོ་གཅིག་པོར་གནས་པར་འགྱུར་རོ། 19ད་ནས་ཟུང་ཁྱོད་ཀྱིས་ཧ་མི་གོ་བའི་སྐད་ཆ་ཤོད་མཁན་ང་རྒྱལ་ཅན་གྱི་ཕྱི་རྒྱལ་བ་མཐོང་བར་མི་འགྱུར་རོ། 20ང་ཚོས་ཆོས་ཀྱི་དུས་ཆེན་སྲུང་བརྩི་ཞུ་ཡུལ་གྲོང་ཁྱེར་ཛི་ཡོན་ལ་ལྟོས་དང། ཡེ་རུ་ཤ་ལེམ་ལ་ལྟོས་ཤིག། དེར་བསྡད་པའི་ས་གནས་བརྟན་པོ་ཇི་འདྲ་ཞིག་ཏུ་འགྱུར་རམ། དེ་ནི་རྩ་བ་ནས་མི་སྤོ་བའི་གུར་ལྟ་བུ་དང་། དེའི་ཕུར་པ་རྣམས་རྩ་བ་ནས་བཏོན་མེད་པ་དང། ཐག་པ་རྣམས་རྩ་བ་ནས་མི་ཆད་པ་ལྟ་བུར་འགྱུར་རོ། 21གཙོ་བོ་དཀོན་མཆོག་གིས་ང་ཚོ་ལ་ཁོང་གི་གཟི་བརྗིད་བཏོན་གནང་རྒྱུ་ཡིན་པ་དང། ང་ཚོ་གཙང་པོ་དང་རྒྱུག་ཆུ་ཞེང་ཁ་ཆེན་པོའི་འགྲམ་ལ་བསྡད་རྒྱུ་དང་། འོན་ཀྱང་དེར་དགྲ་བོའི་གྲུ་གཟིང་བསྐྱོད་པར་མི་བྱེད་དོ། 22-23གྲུའི་རླུང་གཡོར་གྱི་ཐག་པ་རྣམས་ཕན་མེད་ཡིན་པ་དང། རླུང་གཡོར་རྣམས་འཕྱར་མི་ཐུབ་བོ། ང་ཚོས་དམག་མི་དགྲ་བོའི་རྒྱུ་ནོར་ཡོངས་རྫོགས་དབང་བཟུང་བྱ་རྒྱུ་དང། རྒྱུ་ནོར་ཧ་ཆང་ཁྱོན་ཆེན་པོ་ཡོད་སྟབས་ཞ་བོ་ཚོ་ལ་ཡང་སྐལ་བ་ཐོབ་པར་འགྱུར་རོ། གཙོ་བོ་དཀོན་མཆོག་ཁོང་རང་ང་ཚོའི་རྒྱལ་པོར་འགྱུར་བ་དང། ཁོང་གིས་ང་ཚོའི་སྟེང་རྒྱལ་སྲིད་སྐྱོངས་གནང་བ་དང་ང་ཚོ་སྐྱོབས་པར་མཛད་དོ། 24ང་ཚོའི་ཡུལ་དུ་སྡོད་མཁན་སུ་ཞིག་གིས་ན་བའི་སྐོར་ནམ་ཡང་སྐྱོན་བརྗོད་བྱེད་མི་ཡོང་བ་དང་སྡིག་པ་ཚང་མར་བཟོད་གསོལ་མཛད་དོ༎

ཡེ་ཤ་ཡཱ 34

དཀོན་མཆོག་གིས་ཁོང་གི་དགྲ་བོར་ཆད་པ་གཏོང་གནང་རྒྱུ།

1རྒྱལ་ཁབ་ཚང་མའི་མི་རིགས་རྣམས་ཚུར་ཤོག། ཚང་མ་འཛོམས་ནས་ཉོན་ཞིག། ས་གཞི་ཡོངས་དང་དེའི་སྟེང་དུ་སྡོད་པ་རྣམས་འདིར་ཡོངས་ནས་ཉོན་བཅུག་ཅིག 2གཙོ་བོ་དཀོན་མཆོག་ནི་རྒྱལ་ཁབ་ཚང་མ་དང་དེ་ཚོའི་དམག་མི་ཚང་མ་ཐུགས་ཁྲོས་ཡོད། ཁོང་གིས་དེ་ཚོ་ཆ་ཚང་མེད་པར་བཟོ་བའི་སྐྱོན་བརྗོད་གནང་ཡོད། 3དེ་ཚོའི་ཕུང་པོ་ས་ལ་སྦས་པར་མི་བྱ་བ་དང། འོན་ཀྱང་དེ་ཚོ་རུལ་ནས་དྲི་ངན་དྲོ་ཞིང་ལུས་པ་དང་རི་བོ་རྣམས་ཁྲག་གིས་དམར་པོར་འགྱུར་རོ། 4ཉི་མ་དང་ཟླ་བའི་སྐར་ཚོགས་བཅས་པ་རྡུལ་དུ་བརྡིབས་བར་བྱ། ནམ་མཁའ་ཤོག་སྒྲིལ་སྒྲིལ་བ་བཞིན་ཡལ་བར་བྱ་བ་དང་སྐར་ཚོགས་རྣམས་རྒུན་ཤིང་ངམ་སེ་ཡབ་ཤིང་གི་ལོ་མ་བཞིན་ཟག་པར་འགྱུར་རོ། 5གཙོ་བོ་དཀོན་མཆོག་གིས་ཁོང་གི་རལ་གྲི་མཐོ་རིས་སུ་གྲ་སྒྲིགས་གནང་ཡོད་པ་དང། རང་གི་མེད་པར་བཟོས་རྒྱུ་སྐྱོན་བརྗོད་གནང་བའི་མི་མང་ཨེ་དྷོམ་ཐོག་ཞུ་བར་འགྱུར། 6ལུ་གུ་དང་ར་དམར་མཆོད་ཕུལ་བའིི་ཁྲག་དང་ཚིལ་ལུ་བཞིན་ཁོང་གི་རལ་གྲི་དེ་ཚོའི་ཁྲག་དང་ཚིལ་ལུས་བཀབ་པར་འགྱུར་རོ། གཙོ་བོ་དཀོན་མཆོག་ཁོང་གིས་དམར་མཆོད་དེ་བྷོཛ་རཱའི་གྲོང་ཁྱེར་ནང་ཕུལ་བ་གནང་ཡོང། ཁོང་གིས་རླབས་ཆེན་གྱི་དེབས་གསོད་དེ་ཨེ་དྷོམ་པའི་ཡུལ་དུ་གནང་བར་མཛད་དོ། 7མི་མང་རྣམས་གླང་རྒོད་པོ་དང་གླང་གཞོན་པ་ཚོ་ལྟར་ལྷུང་བར་འགྱུར་བ་དང། ས་གཞི་ཁྲག་ལྟར་དམར་པོར་འགྱུར་བ་དང་ཚིལ་ལུས་བཀབ་པར་འགྱུར་རོ། 8དེ་ནི་གཙོ་བོ་དཀོན་མཆོག་གིས་ཛི་ཡོན་ལ་སྐྱོབ་གནང་བ་དང། མོའི་དགྲ་བོ་ཚོ་ལས་དགྲ་ཤ་ལེན་པའི་དུས་སྐབས་ཡིན་ནོ། 9ཨེ་དྷོམ་གྱི་གཙང་པོ་རྣམས་བྲག་ཞུན་དུ་འགྱུར་བ་དང་ས་ནི་མུ་ཟིར་འགྱུར། དེ་ཚོའི་ཡུལ་ཡོངས་སུ་བྲག་ཞུན་འབར་བ་ལྟར་འགྱུར་རོ། 10ཉིན་མཚན་མེད་པར་མེ་འབར་བ་དང་གཏན་གྱི་ཕྱིར་དུ་བ་འདོན་པར་འགྱུར། དུས་རབས་ནས་དུས་རབས་བར་སྟོངས་བར་འགྱུར་བ་དང། དེ་བརྒྱུད་ནས་སུ་ཡང་འགྲུལ་བར་མེ་བྱའོ། 11འུག་པ་དང་པོ་རོག་གིས་ཡུལ་དེ་ལེན་པར་བྱ། གཙོ་བོ་དཀོན་མཆོག་གིས་དེས་ལ་བཀོད་པའི་སྔོན་ལྟར་སླར་ཡང་སྐམ་པོ་དང་སྟོངས་བར་མཛད་དོ། 12དེར་རྒྱལ་སྲིད་སྐྱོང་མཁན་རྒྱལ་པོ་མེད་པ་མ་ཟད་འགོ་འཛིན་རྣམས་ཀྱང་མེད་པར་འགྱུར་རོ། 13རྒྱལ་པོས་ཕོ་བྲང་ཚང་མ་དང་གྲོང་ཁྱེར་གྱི་ལྕགས་རི་ཚོའི་ནང་ཚེར་མ་དང་ལྗང་ཚེར་སྐྱེས་པ་དང་དེ་ཚོའི་ནང་ཁྱི་སྤྱང་དང་འུག་པ་གནས་པར་བྱེད་དོ། 14ནགས་ཀྱི་སེམས་ཅན་རྣམས་དེར་འཁྱམས་པ་དང་འདྲེ་རྣམས་གཅིག་གིས་གཅིག་ལ་འབོད་པ་དང། མཚན་གྱི་སེམས་ཅན་ངལ་གསོ་བའི་གནས་འཚོལ་དུ་ཡོང་ངོ། 15འུག་པ་རྣམས་དེར་ཚང་རྣམས་བཟོས་ནས་སྒོ་ང་བཏང་བ་དང་སྒོ་ང་བསྙལ་ནས་དེ་ལ་བལྟ་རྟོགས་བྱེད་དོ། བྱ་རྒོད་རྣམས་དེར་གཅིག་འཇུག་གཉིས་འཇུག་འཛོམས་པར་བྱེད་དོ། 16གཙོ་བོ་དཀོན་མཆོག་གི་དེབ་དེའི་ནང་འཚོལ་ནས་དེའི་ནང་ཇི་ཡོད་པ་ཀློག་ཅིག སེམས་ཅན་དེ་ཚོ་གཅིག་ཀྱང་མི་ཚང་བར་མི་འགྱུར་བ་དང། དེ་ཚོ་གཅིག་ཀྱང་རང་གི་རོགས་མེད་པར་མི་འགྱུར་རོ། གཙོ་བོ་དཀོན་མཆོག་གིས་དེ་བཞིན་བཀའ་གནང་ཡོད་དོ། ཁོང་རང་ཉིད་ཀྱི་དེ་ཚོ་ལ་བསྡུ་བར་གནང་ཡོང་། 17གཙོ་བོ་དཀོན་མཆོག་རང་ཉིད་ཀྱིས་དེ་ཚོ་ལ་ས་ཆ་བགོས་གནང་རྒྱུ་དང། དེ་ཚོ་རེ་རེར་རང་གི་ཐོབ་སྐལ་གནང་ངོ། དེ་ཚོ་ཡུལ་དུ་དུས་རབས་ནས་དུས་རབས་བར་གནས་པར་བྱེད་པ་དང། དེ་ནི་རྟག་ཏུ་དེ་ཚོ་ལ་བདག་པར་འགྱུར་རོ༎

ཡེ་ཤ་ཡཱ 35

དམ་པའི་ལམ།

1བྱེ་ཐང་དགའ་བདེར་སྤྱོད་བར་འགྱུར་བ་དང། མེ་ཏོག་རྣམས་ནི་མི་མེད་ལུང་སྟོང་ནང་དུ་བཞད་པར་འགྱུར། 2བྱེ་ཐང་གཞས་གཏོང་དགའ་འབོད་བྱེད་པ་དང། དེ་ནི་ལེ་བ་ནོན་གྱི་རི་ལྟར་མཛེས། ཀར་མེལ་དང་ཤ་རོན་གྱི་ཞིང་ལྟར་ས་ལུད་འཛོམ། ཚང་མས་དཀོན་མཆོག་ཁོང་གི་གཟི་བརྗིད་མཐོང། ཁོང་གི་རླབས་ཆེན་སྟོབས་ཤུགས་རྣམས་མཐོང་ངོ། 3ཐང་ཆད་པ་ཡི་ལག་པར་ནུས་ཤུགས་གནོང། སྟོབས་མེད་འདར་བའི་པུས་མོར་ནུས་ཤུགས་གནོང། 4སེམས་ཤུགས་ཆགས་མཁན་ཚང་མ་ཐམས་ཅད་ལ། འཇིགས་པ་མེད་པར་སྟོབས་ཤུགས་ལྡན་པ་བྱོས། དཀོན་མཆོག་ཁྱེད་རང་སྐྱོབ་པར་ཕེབས་བཞིན་ཡོད། ཁྱོད་ཀྱི་དགྲ་ལ་ཆད་པ་གཏོང་ཕྱིར་ཕེབས་བཞིན་འདུག་ཅེས་སྨྲོས། 5ལོང་བས་མཐོང་ཞིང། འོན་པས་ཐོས་པར་འགྱུར། 6ཞ་བོས་མཆོང་ནས་གར་ཁྲབ་བྱེད་པར་འགྱུར། སྨྲ་མི་ཐུབ་པས་དགའ་བས་སྐད་འབོད་བྱེད། བྱེ་ཐང་ནང་དུ་རྒྱུག་ཆུ་རྒྱུགས་པར་བྱེད། 7འཚིག་པའི་བྱེད་མ་མཚོ་རུ་འགྱུར། ས་གནས་སྐམ་པོར་ཆུ་མིག་རྣམས་ཀྱི་ཁེངས་པར་འགྱུར། ཁྱི་སྤྱང་རྣམས་ཀྱི་སྡོད་པའི་ས་གནས་སུ། དེ་རུ་འདམ་རྩ་དང་ནི་སྨྱུག་རྩ་སྐྱེས། 8དེ་རུ་རྒྱ་ལམ་ཞིག་བྱུང་བར་འགྱུར། དེའི་མིང་ལ་དམ་པའི་ལམ་ཞེས་གྲགས། སྡིག་ཅན་སུ་ཞིག་ལམ་དེའི་སྟེང་ནམ་ཡང་མི་འགྲོད་དོ། དེ་རྒྱུ་འགྲོ་མཁན་ལ་ནི་གླེན་པ་སུ་ཞིག་གིས་ལམ་ནོར་འཁྲིད་མི་ཐུབ། 9དེ་རུ་སེང་གེ་བྱུང་མི་ཡོང། འཇིགས་རུང་སེམས་ཅན་རྣམས་ནི་ལམ་དེར་མི་འགྲོའོ། གཙོ་བོ་དཀོན་མཆོག་ཁོང་གིས་སྐྱོབ་པར་མཛད་གནང་བ་ཚོ། ལམ་དེ་བརྒྱུད་ནས་ཁྱིམ་དུ་ལོག་པར་བྱ། 10དེ་ཚོ་གླུ་དང་སྐད་འབོད་བྱེད་བཞིན་པར། དགའ་སྤྲོའི་ངང་ནས་ཡེ་རུ་ཤ་ལེམ་འབྱོར། དེ་ཚོ་སྡུག་བསྔལ་དང་ནི་མྱ་ངན་ལས། དེ་ཚོ་གཏན་གྱི་ཆེད་དུ་རང་དབང་ཐོབ་པར་འགྱུར༎

ཡེ་ཤ་ཡཱ 36

ཨ་སུར་པས་ཡེ་རུ་ཤ་ལེམ་ལ་འཇིགས་སྣང་བསྐུལ་བ།

(༢ རྒྱལ་རབས་ ༡༨:༡༣-༢༧; ༢ སྔོན་རབས་ ༣༢:༡-༡༩)

1ཧེ་ཛི་ཀི་ཡཱས་ཡ་ཧུ་དཱ་པའི་རྒྱལ་པོ་གནང་བའི་ལོ་བཅུ་བཞི་པར་ཨ་སུར་པའི་རྒྱལ་པོ་ཆེན་པོ་སེན་ན་ཀེ་རིབ་ཀྱིས་ཡ་ཧུ་དཱ་པའི་གྲོང་ཁྱེར་བཙན་པོ་རྣམས་ལ་འཐབ་ནས་དེ་ཚོ་དབང་བཟུང་བྱས་སོ། 2ཁོང་གིས་རང་གི་ལས་བྱེད་པ་གཙོ་བོ་དེ་ལ་ལ་ཀིཤི་ནས་ཡེ་རུ་ཤ་ལེམ་དུ་རྒྱལ་པོ་ཧེ་ཛི་ཀི་ཡཱ་ལ་མགོ་བཏགས་ཞུ་ཕྱིར་དམག་མི་ཁྱོན་ཆེ་ཞིག་དང་མཉམ་དུ་བཏང་ངོ། ལས་བྱེད་པ་དེས་རྫིང་བུ་སྟེང་མའི་ཆུ་ཡོང་སའི་ཡུར་བའི་འཁྲིས་སུ་ཡོད་པའི་རས་བཟོ་སའི་ལམ་དེ་དབང་ངོ། 3ཕོ་བྲང་གི་ལས་བྱེད་པ་གཙོ་བོ་ཧིལ་ཀི་ཡཱའི་བུ་ཨེལ་ཡ་ཀིམ་དང། ཁྲིམས་ཁང་གི་དྲུང་ཡིག་ཤེབ་ན་དང། ཨ་སཕའི་བུ་ཡོ་ཨ་ཐོ་འགོད་ཀྱི་ལས་བྱེད་པ་གཙོ་བོ་དང་བཅས་པ་ཡ་ཧུ་དཱ་པ་གསུམ་པོ་ཁོ་པར་ཐུག་པར་ཕྱིར་ཡོང་ངོ། 4ཨ་སུར་པ་ལས་བྱེད་པ་གྱིས། རྒྱལ་པོ་ཧེ་ཛི་ཀི་ཡཱ་ཅིའི་ཕྱིར་བློས་འཁེལ་པོ་ཡོད་པ་དེ་རྒྱལ་པོ་ཆེན་པོས་མཁྱེན་འདོད་ཡོད་པ་དེ་ཚོ་ལ་སྨྲས་སོ། 5ཁོང་གིས་ཁྱོད་ཚོའི་བསམ་བློར་ཚིག་རྣམས་ཀྱིས་དམག་དཔུང་གི་རྩལ་སྟོབས་ཀྱི་ཚབ་བྱེད་ཐུབ་ཀྱི་རེད་དམ། ཁྱོད་ཚོའི་བསམ་བློར་ཨ་སུར་ལ་ངོ་ལོག་བྱ་རྒྱུར་སུས་ཁྱོད་ཚོར་རོགས་རམ་བྱེད་ཀྱི་རེད་བསམ་གྱི་འདུག་གམ། 6ཨི་ཇིབ་ཀྱིས་ཁྱོད་ཚོར་རོགས་རམ་བྱེད་ཀྱི་རེད་ཞེས་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་དེ་ནི་འདམ་རྩ་དེ་མཁར་རྒྱུག་གི་ཚབ་ལ་བེད་སྤྱོད་བྱ་བ་ལྟ་བུ་ཡིན། དེ་ཆག་ནས་ཁྱོད་ཀྱི་ལག་པར་ཟུག་གི་རེད། སུ་ཞིག་གིས་ཨི་ཇིབ་ཀྱི་རྒྱལ་པོར་བློས་བཅོལ་བྱ་བ་ཡིན་ན་ཁོང་ནི་དེ་ལྟ་བུ་ཡིན་ཞེས་གསུངས་སོ། 7ཨ་སུར་པ་ལས་བྱེད་པ་མུ་མཐུད་ནས་སྨྲས་པ། ཡང་ན་ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་བློས་འགེལ་བྱ་གི་ཡོད་ཅེས་ང་ལ་བརྗོད་ཀྱི་ཡིན་ནམ། ཧེ་ཛི་ཀི་ཡཱས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ལ་མཆོད་ཁྲི་གཅིག་རང་ལ་མཆོད་དགོས་གསུངས་སྐབས། ཁོང་གིས་གཙོ་བོ་དཀོན་མཆོག་རང་གི་མཆོད་ཁང་དང་མཆོད་ཁྲི་མེད་པར་བཟོས་ཡོད་དོ། 8རྒྱལ་པོ་ཆེན་པོའི་མཚན་ནས་ངས་ཁྱོད་ཚོར་གོ་སྐབས་སྤྲོད་རྒྱུ་ཡིན། ཁྱོད་ཚོས་རྟ་ཞོན་མཁན་མི་ ༢,༠༠༠ ཐོབ་པ་ཡིན་ན། ངས་ཁྱོད་ཚོར་རྟ་ ༢,༠༠༠ སྤྲོད་རྒྱུ་ཡིན་ནོ། 9ཁྱོད་ཚོ་ཨ་སུར་པ་ལས་བྱེད་པ་ནང་ནས་གོ་གནས་ཆུང་ཤོས་དེ་དང་འགྲན་མི་ནུས་པ་དང། དེ་བས་ན་ཨི་ཇིབ་པ་ཚོ་ནས་ཤིང་རྟ་འཁོར་ལོ་རྣམས་དང་རྟ་པ་རྣམས་ཁྱོད་ཚོའི་རྩར་བཏང་བའི་རེ་བ་བྱས་བཞིན་ཡོད་དོ། 10ཁྱོད་ཚོའི་བསམ་བློར་ངས་གཙོ་བོ་དཀོན་མཆོག་གི་སྐྱབས་གྲོགས་མེད་པར་ཁྱོད་ཚོའི་ཡུལ་དུ་འཐབ་ནས་དེ་མེད་པར་བཟོས་པ་རེ་བསམ་གྱི་འདུག་གམ། གཙོ་བོ་དཀོན་མཆོག་ཁོང་རང་གིས་དེར་འཐབ་ནས་མེད་པར་བཟོས་ཤིག་ཅེས་ང་ལ་བཀའ་གནང་བྱུང་ཞེས་སོ། 11དེ་ནས་ཨེལ་ཡ་ཀིམ་དང་ཤེབ་ན་དང་ཡོ་ཨ་བཅས་གསུམ་པོས་ལས་བྱེད་པ་ལ། ང་ཚོར་ཨ་རམ་པའི་སྐད་དེ་ཤེས་པས། དེའི་ཐོག་གསུངས་གླེང་གནང་རོགས། ཨིབ་རི་པའི་སྐད་ཐོག་གསུང་གླེང་མ་གནང་རོགས་། གང་ལ་ཟེར་ན། ལྕགས་རིའི་སྟེང་གི་མི་མང་རྣམས་ནས་ཉན་བཞིན་འདུག་ཅེས་ཞུས་སོ། 12ཁོང་གིས་ལན་དུ། ཁྱོད་ཚོའི་བསམ་པར་རྒྱལ་པོ་ཆེན་པོས་ང་ཁྱོད་ཚོ་དང་ཁྱོད་ཚོའི་རྒྱལ་པོ་གཅིག་པུར་གཏམ་འདི་ཙམ་ཤོད་དུ་གཏོང་གནང་བ་རེད་བསམ་གྱི་འདུག་གམ། དེ་ལྟར་མ་ཡིན། ངས་ལྕགས་རིའི་སྟེང་དུ་སྡོད་པའི་མི་མང་རྣམས་ལ་ཡང་ཤོད་ཀྱི་ཡོད། ཁྱོད་ཚོས་བྱེད་དགོས་པ་ལྟར་དེ་ཚོས་ཀྱང་རང་གི་བཙོག་པ་ཟ་བ་དང་གཅིན་འཐུང་དགོས་ཅེས་གསུངས་སོ། 13དེ་ནས་ལས་བྱེད་པ་དེས། ཡར་ལངས་ནས་སྐད་ཆེན་པོས་ཨིབ་རི་པའི་སྐད་དུ་སྨྲས་པ། ཨ་སུར་གྱི་རྒྱལ་པོ་ཆེན་པོས་ཁྱོད་ཚོར་ཇི་ལྟར་བཀའ་གནང་བར་ཉོན་ཞིག 14ཁོང་གིས་ཧེ་ཛི་ཀི་ཡཱས་ཁྱོད་ཚོར་བསླུ་འཁྲིད་བྱེད་དུ་མ་བཅུག་རྒྱུའི་ཉེན་བརྡ་གཏོང་གནང་ཡོད། ཧེ་ཛི་ཀི་ཡཱས་ཁྱོད་ཚོ་ལ་སྐྱོབ་མི་ཐུབ་བོ། 15ཁོང་གིས་ཁྱོད་ཚོར་གཙོ་བོ་དཀོན་མཆོག་ལ་བློས་འགེལ་བྱེད་དུ་ཡང་མ་བཅུག་ཅིག གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་སྐྱོབ་གནང་བ་དང། ཨ་སུར་པ་དམག་མིས་ཁྱོད་ཚོའི་གྲོང་ཁྱེར་བཙན་བཟུང་བྱ་རྒྱུ་འགོག་གནང་གི་རེད་མ་བསམ་ཞིག 16ཧེ་ཛི་ཀི་ཡཱ་ལ་མ་ཉོན་ཞིག། ཨ་སུར་གྱི་རྒྱལ་པོ་ཆེན་པོས། ཁྱོད་ཚོ་གྲོང་ཁྱེར་གྱི་ཕྱིར་ཐོན་ནས་མགོ་སྒུར་པའི་བཀའ་གནང་ཡོད། གནས་སྐབས་རིང་ཁྱོད་ཚོའི་རྒུན་ཚལ་ནས་རྒུན་འབྲུམ་དང་སེ་ཡབ་ཤིང་ནས་སེ་ཡབ་ཟ་བ་དང། ཁྱོད་རང་ཚོའི་ཁྲོན་པ་ནས་ཆུ་འཐུང་བ་དང། 17རྒྱལ་པོ་ཆེན་པོས་ཁྱོད་ཚོའི་ཡུལ་ལྟར་ཡུལ་གཞན་ཞིག་ཏུ་གཞིས་ཆགས་མ་འཇུག་བར་དུ་དེ་བཞིན་བྱེད་བཅུག་གནང་ཡོང། དེར་རྒུན་ཚལ་ནས་རྒུན་ཆང་དང་བག་ལེབ་བཟོ་ཆེད་འབྲུ་བྱུང་བར་འགྱུར། 18ཧེ་ཛི་ཀི་ཡཱས། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་སྐྱོབ་གནང་གི་རེད་ཅེས་བསླུ་འཁྲིད་བྱེད་མ་བཅུག་ཅིག ཡུལ་གཞན་གྱི་ལྷ་ཚོས་རང་གི་རྒྱལ་ཁབ་དེ་ཨ་སུར་རྒྱལ་པོ་ཆེན་པོའི་ལག་ནས་སྐྱོབ་ཡོད་པ་རེད་དམ། 19ཧ་མད་དང་ཨར་པད་ཀྱི་ལྷ་རྣམས་ད་ལྟ་གང་དུ་ཡོད། སེ་ཕར་ཝེམ་གྱི་ལྷ་རྣམས་ད་ལྟ་གང་དུ་ཡོད་དམ། སུ་ཞིག་གིས་ས་མར་ཡ་ལ་སྐྱོབ་སོང་ངམ། 20ང་ཚོའི་རྒྱལ་པོ་ཆེན་པོའི་ལག་ནས་རྒྱལ་ཁབ་དེ་ཚོའི་ལྷ་ཚོས་རང་གི་རྒྱལ་ཁབ་ག་དུས་སྐྱབས་ཡོད་པ་རེད་དམ། དེ་འདྲ་སོང་ཙང་གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་ལ་སྐྱོབ་གནང་ཀྱི་རེད་ཞེས་ཁྱོད་ཚོས་ཇི་ལྟར་བསམ་བློ་འཁོར་རམ། 21རྒྱལ་པོ་ཧེ་ཛི་ཀི་ཡཱས་བཀའ་གནང་བ་ལྟར། མི་མང་རྣམས་ཁུ་སི་མེར་བསྡད་ནས་ཚིག་གཅིག་ཀྱང་མ་སྨྲས་སོ། 22དེ་ནས་ཨེལ་ཡ་ཀིམ་དང་ཤེབ་ན་དང་ཡོ་ཨས་བཅས་ནས་མྱ་ངན་གྱིས་རང་གི་གོས་ཧྲལ་ནས་ཨ་སུར་པ་ལས་བྱེད་པས་ཇི་ལྟར་སྨྲས་པ་རྣམས་རྒྱལ་པོར་སྙན་གསེང་ཞུ་བར་ཕྱིན་ནོ༎

ཡེ་ཤ་ཡཱ 37

རྒྱལ་པོས་ཡེ་ཤ་ཡཱ་ནས་སླབ་བྱ་ཞུ་བ།

(༢ རྒྱལ་རབས་ ༡༩:༡-༧)

1རྒྱལ་པོ་ཧེ་ཛི་ཀི་ཡཱས་གནས་ཚུལ་དེ་གསན་མ་ཐག་ཏུ་མྱ་ངན་གྱིས་ན་བཟའ་ཧྲལ་ནས་རྩ་ཕད་ཀྱི་གོས་ཤིག་བཞེས་ནས་གཙོ་བོ་དཀོན་མཆོག་གིས་མཆོད་ཁང་དུ་ཕེབས་སོ། 2ཁོང་གིས་ཕོ་བྲང་གི་ལས་བྱེད་པ་ཨེལ་ཡ་ཀིམ་དང་ཁྲིམས་ཁང་གི་དྲུང་ཡིག་ཤེབ་ན་དང་བླ་མ་གཙོ་བོ་རྣམས་དང་བཅས་པར་རྩ་ཕད་ཀྱི་གོས་གྱོན་ནས་ཨ་མོཛ་ཀྱི་བུ་ལུང་སྟོན་པ་ཡེ་ཤ་ཡཱའི་དྲུང་དུ་བཏང་གནང་ངོ། 3ཁོང་གིས་དེ་ཚོ་ལ་ཡེ་ཤ་ཡཱ་ལ་གསུང་འཕྲིན་འདི་ལྟར་ཕུལ་དགོས་པའི་བཀའ་གནང་ངོ། དེ་རིང་སྡུག་བསྔལ་གྱི་ཉི་མ་ཡིིན། ང་ཚོར་ཆད་པ་ཕོག་པ་དང་དམའ་འབེབས་བྱུང་ཡོད། ང་ཚོ་བུད་མེད་ཕྲུ་གུ་སྐྱེ་གྲབ་ཡོད་མཁན་འོན་ཀྱང་སྐྱེ་བའི་ནུས་སྟོབས་མེད་མཁན་ལྟ་བུ་ཡིན་ནོ། 4ཨ་སུར་པ་རྒྱལ་པོ་ཆེན་པོས་ཁོང་གིས་ལས་བྱེད་པ་གཙོ་བོ་དེ་ལ། གསོན་པའི་གཙོ་བོ་དཀོན་མཆོག་ལ་བསྐུར་བ་འདེབས་ཕྱིར་བཏང་ངོ། གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག་གིས་བསྐུར་བ་འདེབས་པ་དེ་ཚོ་གསན་ནས། དེ་ཚོ་ཤོད་མཁན་ལ་ཆད་པ་གཏོང་གནང་བར་ཤོག། དེ་འདྲ་སོང་ཙང་ང་ཚོའི་མི་མང་གསོན་པོ་གནས་པ་ཚོའི་ཆེད་དུ་དཀོན་མཆོག་ལ་ཐུགས་སྨོན་གནང་རོགས་ཤེས་ཞུས་སོ། 5ཡེ་ཤ་ཡཱ་ལ་རྒྱལ་པོ་ཧེ་ཛི་ཀི་ཡཱའི་གསུང་འཕྲིན་དེ་འབྱོར་བ་དང། 6ཁོང་གིས་ལན་འདི་ལྟར་གནང་ངོ། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་སྐྱོབ་ཐུབ་ཀྱི་མ་རེད་ཅེས་པའི་ཨ་སུར་པ་ཚོའི་གཏམ་དེ་ལ་མ་འཇིགས་ཤིག་ཅེས་ཁོང་གིས་བཀའ་གནང་བྱུང། 7གཙོ་བོ་དཀོན་མཆོག་གིས་རྒྱལ་པོ་ཆེན་པོ་ལ་དཀྲོག་གཏམ་ཞིག་ཐོས་སུ་འཇུག་གནང་རྒྱུ་དེས་ཁོང་རང་གི་ཡུལ་དུ་འགྲོ་དགོས་བྱུང་བ་དང། དེར་གཙོ་བོ་དཀོན་མཆོག་གིས་ཁོང་ལ་དེར་གསོད་དུ་བཇུག་གནང་ངོ༎

ཨ་སུར་པ་ཚོས་འཇིགས་སྣང་གཞན་ཞིག་བཏང་བ།

(༢ རྒྱལ་རབས་ ༡༩:༨-༡༩)

8ཨ་སུར་པ་ལས་བྱེད་པས། རྒྱལ་པོ་ཆེན་པོ་ལ་ཀིཤི་ནས་ཐོན་ནས། ལེབ་ནཱའི་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་དམག་འཐབ་གནང་གི་ཡོད་པ་ཐོས་པ་དང། ཁོང་དེར་རྒྱལ་པོ་ཆེན་པོ་དང་གོ་བསྡུར་ཞུ་བར་ཕྱིན་ནོ། 9ཨ་སུར་པ་ཚོར་འཐབ་པར་ཨི་ཐི་ཨོ་པི་ཡའི་རྒྱལ་པོ་ཏིར་ཧ་ཀཱ་ཨི་ཇིབ་པའི་དམག་མི་ཚོ་ལ་སྣེ་འཁྲིད་བྱེད་ནས་ཡོང་གི་ཡོད་པའི་གཏམ་ཞིག་འབྱོར་བ་དང། རྒྱལ་པོ་ཆེན་པོས་གཏམ་དེ་གསན་པ་དང་ཁོང་གིས་ཡ་ཧུ་དཱའི་རྒྱལ་པོ་ཧེ་ཛི་ཀི་ཡཱ་ལ། 10ཕྱག་བྲིས་ཤིག་འདི་ལྟར་བཏང་གནང་ངོ། དེའི་ནང་གསལ་ཁྱོད་ཀྱིས་བློས་འགེལ་བྱེད་པའི་དཀོན་མཆོག་གིས་ཁྱོད་ངའི་ལག་འོག་ཏུ་ཚུད་ཀྱི་མ་རེད་ཞེས་སྨྲས་ཡོད། འོན་ཀྱང་དེས་ཁྱོད་ཚོ་ལ་མགོ་མ་འཁོར་ཞིག 11ཁྱོད་ཀྱིས་ཨ་སུར་པ་རྒྱལ་པོ་ཆེན་པོས་རྒྱལ་ཁབ་མེད་པར་བཟོ་གནང་རྒྱུའི་ཐག་གཅོད་མཛད་པའི་རྒྱལ་ཁབ་དེར་ཇི་ལྟར་མཛད་པ་གསན་ཡོད། ཁྱོད་ཀྱི་ཐུགས་ལ་ཁྱེད་རང་དེ་ནས་ཐར་གྱི་རེད་བསམ་གྱི་འདུག་གམ། 12ངའི་ཕ་མེས་ཚོས་གྷོ་ཛན་དང་ཧ་རན་དང་རེ་ཛེཕའི་གྲོང་ཁྱེར་མེད་པར་བཟོ་བ་དང་ཏེ་ལ་སར་རུ་བསྡད་པའི་བེ་ཨེ་དིན་གྱི་མི་མང་བསད་ཡོད་པ་དེ་ཚོའི་ལྷ་སུས་ཀྱང་དེ་ཚོ་ལ་སྐྱོབ་ཐུབ་མེད་དོ། 13གྲོང་ཁྱེར་ཧ་མད་དང་ཨར་པད་དང་སེ་ཕར་ཝེམ་དང་ཧེ་ན་དང་ཨི་ཝའི་རྒྱལ་པོ་རྣམས་གང་དུ་ཡོད་ཅེས་འཁོད་ཡོད་དོ། 14རྒྱལ་པོ་ཧེ་ཛི་ཀི་ཡཱས་བང་ཆེན་དེ་ཚོ་ནས་ཕྱག་བྲིས་དེ་བཞེས་ནས་ལྗགས་ཀློག་གནང་ངོ། དེ་ནས་ཁོང་མཆོད་ཁང་དུ་ཕེབས་པ་དང་ཕྱག་བྲིས་དེ་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་བཞག་གནང་ངོ། 15དེ་ནས་ཐུགས་སྨོན་གནང་ངོ། 16ཀེ་རུབ་ཀྱི་སྟེང་གི་བཞུགས་ཁྲིར་བཞུགས་པའི་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གི་རྒྱལ་ཁབ་ཡོངས་ལ་དབང་བསྒྱུར་གནང་མཁན་ཁྱེད་དཀོན་མཆོག་གཅིག་པུ་ཡིན། ཁྱེད་ཀྱིས་ས་གཞི་དང་ནམ་མཁའ་བཀོད་གནང་ཡོད་དོ། 17ད་གཙོ་བོ་དཀོན་མཆོག་ང་ཚོར་གསན་རོགས་གནང། ང་ཚོ་ཇི་འདྲ་ཡོང་བར་གཟིགས་རོགས་གནང། གསོན་པའི་དཀོན་མཆོག་ཁྱེད་ལ་སེན་ན་ཀེ་རིབ་ཀྱིས་དམའ་འབེབས་ཞུ་བར་ཚང་མར་གསན་རོགས་གནང། 18གཙོ་བོ་དཀོན་མཆོག་ཨ་སུར་གྱི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་མི་རིགས་མང་པོ་མེད་པར་བཟོས་པ་དང། དེ་ཚོའི་ཡུལ་ལུང་སྟོང་པ་བཟོས་སོ། 19དེ་ཚོའི་ལྷ་རྣམས་མེར་བསྲེག་བཏང་ངོ། ལྷ་དེ་ཚོ་དཀོན་མཆོག་དངོས་མིན་པ་དང་དེ་ཚོ་མིའི་ལག་པས་ཤིང་དང་རྡོ་ལས་བཟོས་པའི་སྐུ་འདྲ་རྣམས་ཡིན་ནོ། 20ད་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཚང་མས་ཁྱེད་དཀོན་མཆོག་གཅིག་པུ་དེ་ཡིན་པ་ཤེས་པའི་ཆེད་ང་ཚོ་ཨ་སུར་པའི་ལག་ནས་སྐྱོབས་རོགས་ཞེས་ཞུས་སོ༎

ཡེ་ཤ་ཡཱས་རྒྱལ་པོ་ལ་བསྐུར་བའི་གསུང་འཕྲིན།

(༢ རྒྱལ་རབས་ ༡༩:༢༠-༣༧)

21དེ་ནས་ཡེ་ཤ་ཡཱས། རྒྱལ་པོ་ཧེ་ཛི་ཀི་ཡཱ་ལ་གསུང་འཕྲིན་འདི་གཏོང་གནང་ངོ། ཨ་སུར་གྱི་རྒྱལ་པོ་སེན་ན་ཀེ་རིབ་ཀྱི་སྐོར་ལ་ཁྱོད་ཀྱིས་བྱེད་པའི་སྨོན་ལམ་གྱི་ལན་དུ་ཨིསི་རཱཨེལ་གྱི་དཀོན་མཆོག་གཅོ་བོ་དཀོན་མཆོག་གིས་འདི་ལྟར་གསུངས་པ། 22གཙོ་བོ་དཀོན་མཆོག་གིས། ཁོ་ལ་ངོ་རྒོལ་གནང་སྟེ་གསུངས་པ། ཡེ་རུ་ཤ་ལེམ་གྱི་གྲོང་ཁྱེར་གྱིས་ཁྱོད་ལ་གད་ཅིང་སྨད་པར་བྱེད་དོ། 23ཁྱོད་ཀྱིས་སུ་ལ་དམའ་འབེབས་དང་སྨད་ཀྱི་ཡོད་བསམ་གྱི་འདུག་གམ། ཁྱོད་ཀྱིས་ང་ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པ་ལ་གུས་བརྩི་བྱས་མེད་དོ། 24ཁྱོད་ཀྱིས་རང་གི་གཡོག་པོ་རྣམས་བཏང་ནས་ཁྱོད་ཀྱི་ཤིང་རྟ་འཁོར་ལོ་ཚང་མའི་བརྒྱུད་དེ་ལེབ་ནོན་གྱི་རི་བོ་མཐོ་ཤོས་དབང་བཟུང་བྱས་པ་དེས་ང་ལ་ངོམ་པར་བཏང་ཡོད། ཁྱོད་ཀྱིས་འགྱམ་ཤིང་དང་ཤུག་ཤིང་ལེགས་ཤོས་བཅད་པ་དང་ཁྱོད་ཤིང་ནགས་མཐུག་ཤོས་ནང་སླེབས་པའི་རང་ངོམ་བྱས་ཡོད་དོ། 25ཁྱོད་ཀྱིས་ཕྱི་རྒྱལ་གྱི་ཡུལ་དུ་ཁྲོན་པ་བྲུས་ནས་ཆུ་འཐུང་བ་དང། ཁྱོད་ཀྱི་དམག་མིའི་རྐང་པས་ཆུ་བོ་ན་ཨེལ་སྐམ་པར་བྱས་པར་རང་ངོམ་བྱས་ཡོད་དོ། 26ངས་དེ་ལྟར་ལོ་མང་པོའི་སྔོན་ནས་འཆར་གཞི་དེ་ལྟར་གཏིང་ཡོད་པ་དེ་ཁྱོད་ཀྱིས་མི་ཐོས་སམ། ད་ཆ་ངས་དེ་ལྟར་ལས་ཆ་ཚང་སྒྲུབ་པ་ཡིན། ངས་ཁྱོད་ལ་གྲོང་ཁྱེར་བཙན་པོར་རྣམས་རྡོ་ཧྲུལ་བཟོ་བའི་ནུས་པ་སྤྲད་ཡོད་དོ། 27དེར་གནས་པའི་མི་མང་རྣམས་ནུས་ཤུགས་ཆུང་ངུ་ཡོད་དོ། དེ་ཚོ་འཇིགས་ཤིང་ཧོན་ཐོར་ཡོད། དེ་ཚོ་ནི་རླུང་ཚ་པོས་ཤུགས་ཆེན་པོ་ཕོག་པའི་ཞིང་ཁའི་རྩ་ཡང་ན་ཁང་པའི་ཐོག་ཏུ་སྐྱེ་བའི་སྨྱུག་རྩ་ལྟ་བུ་ཡིན་ནོ། 28འོན་ཀྱང་ཁྱོད་གང་དུ་འགྲོ་བ་དང་ཁྱོད་ཀྱི་གང་བྱེད་པ་ཚང་མའི་སྐོར་ངས་ཤེས་ཀྱི་ཡོད། ཁྱོད་ཀྱིས་ང་ལ་ཁོང་ཁྲོ་ཇི་ལྟར་འབར་བ་དེ་ཡང་ངས་ཤེས་ཀྱི་ཡོད། 29ཁྱོད་ཀྱི་ཁོང་ཁྲོ་དང་ང་རྒྱལ་གྱི་གནས་ཚུལ་ང་ལ་འབྱོར་བྱུང། ད་ངས་ཁྱོད་ཀྱི་སྣ་ལ་ལྕགས་ཀྱུ་དང་ཁ་ལ་སྲབ་རྒྱབ་ནས་ཁྱོད་གང་ནས་ཡོང་བའི་ལམ་དེར་ཕྱིར་འཁྲིད་པར་བྱའོ། 30དེ་ནས་ཡེ་ཤ་ཡཱས་རྒྱལ་པོ་ཧེ་ཛི་ཀི་ཡཱ་ལ་བཀའ་གནང་བ། འདི་ནི་ཁྱོད་ལ་གང་བྱུང་རྒྱུ་ཡིན་པའི་རྟགས་ཡིན། འདི་ལོ་དང་ཕྱི་ལོ་གཉིས་ལ་ཁྱོད་ཚོར་ནགས་ཀྱི་འབྲུ་གཅིག་པུ་ཟ་རྒྱུ་ཡོང་ངོ། འོན་ཀྱང་རྗེས་མའི་ལོར་ཁྱོད་ཚོས་འབྲུ་བཏབ་ནས་སྟོན་ཐོག་རྔ་རྒྱུ་དང་རྒུན་ཤིང་བཏབ་ནས་རྒུན་འབྲུམ་ཟ་ཐུབ་བོ། 31ཡ་ཧུ་དཱར་གསོན་པོར་གནས་པ་རྣམས་རྩེ་ཤིང་གི་རྩ་བ་གཏིང་རིང་པོར་བཏང་ནས་འབྲས་བུ་སྐྱེ་བ་ལྟར་འཕེལ་རྒྱས་འབྱུང་ཡོང། 32ཡེ་རུ་ཤ་ལེམ་དང་རི་བོ་ཛི་ཡོན་དུ་མི་མང་རྣམས་གསོན་པོར་གནས་པར་འགྱུར། གང་ལ་ཟེར་ན། ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་དེ་ལྟར་ཡོང་བ་མཛད་རྒྱུར་ཐུགས་ཐག་བཅད་ཡོད་དོ། 33གཙོ་བོ་དཀོན་མཆོག་གིས་ཨ་སུར་པ་རྒྱལ་པོ་ཆེན་པོའི་སྐོར་ལ་འདི་ལྟར་བཀའ་གནང་ཡོད། ཁོང་གྲོང་ཁྱེར་འདིའི་ནང་འཇུག་མི་ཐུབ་པ་དང། ཡང་ན་དེར་མདའ་གཅིག་ཀྱང་འཕེན་མི་ཐུབ། གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཕུབ་ཐོག་པའི་དམག་མི་མི་ཡོང་བ་དང། དེའི་མཐའ་འཁོར་དུ་འཛིང་ར་རྩིག་པ་ཡང་མི་ཡོང་ངོ། 34གྲོང་ཁྱེར་འདིའི་ནང་མ་འཛུལ་བར་ཁོ་ཡོང་སའི་ལམ་དེ་ནས་ཕྱིར་ལོག་འགྲོ་བར་བྱ། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 35ང་རང་གི་ཚེ་མཐོང་གི་ཆེད་དང་ངའི་ཞབས་ཕྱི་དཱ་བིད་ལ་ཁས་ལེན་གྱིས་པའི་རྐྱེན་གྱིས་ངས་གྲོང་ཁྱེར་འདི་སྲུང་བ་དང་སྐྱོབ་པར་བྱའོ། 36གཙོ་བོ་དཀོན་མཆོག་གི་ཕོ་ཉ་ཞིག་ཨ་སུར་པའི་སྡོད་སྒར་དུ་ཕྱིན་ནས་དམག་མི་ ༡༨༥,༠༠༠ བསད་དོ། ཉིན་རྗེས་མའི་ཐོ་རེངས་ལ་དེ་ཚོ་ཚང་མ་ཤི་ནས་འགྱལ་ཡོད་དོ། 37དེ་ནས་ཨ་སུར་པ་རྒྱལ་པོ་ཆེན་པོ་སེན་ན་ཀེ་རིབ་ཀྱིས་ཕྱིར་འཐེན་མཛད་ནས་ནི་ན་ཝཱེ་དུ་ཕྱིར་ལོག་གོ 38ཉིན་ཞིག་ཁོང་ལྷ་ཁང་ནང་ལྷ་ནིསི་རོག་ལ་མཆོད་པའི་སྐབས་སུ། ཁོང་གི་སྲས་ཨ་དྲ་ར་མེ་ལེག་དང་ཤ་རེ་ཛེར་གཉིས་ཀྱིས་རལ་གྲིས་ཁོང་བཀྲོངས་པ་དང། ཨ་ར་རད་ཀྱི་ཡུལ་དུ་བྲོས་སོ། ཁོང་གི་ཚབ་ལ་ཁོང་གི་སྲས་གཞན་པ་ཨེ་སར་ཧད་དྷོན་རྒྱལ་པོ་ཆེན་པོར་འགྱུར་རོ༎

ཡེ་ཤ་ཡཱ 38

རྒྱལ་པོ་ཧེ་ཛི་ཀི་ཡཱ་སྙུང་འཞི་དང་དྲག་གསོ་བ།

(༢ རྒྱལ་རབས་ ༢༠:༡-༡༡; ༢ སྔོན་རབས་ ༣༢:༢༤-༢༦)

1དུས་སྐབས་དེར་རྒྱལ་པོ་ཧེ་ཛི་ཀི་ཡཱ་ཧ་ཅང་སྙུང་ནས་གྲོངས་གྲབ་ཡོད་སྐབས་སུ། ཨ་མོཛ་ཀྱི་བུ་ལུང་སྟོན་པ་ཡེ་ཤ་ཡཱ་ཁོང་མཇལ་དུ་ཕེབས་ནས་ཞུས་སོ། གཙོ་བོ་དཀོན་མཆོག་གིས་ཁྱོད་འཆི་བར་གྲ་སྒྲིགས་བྱོས་ཤིག་དང། ཁྱོད་གསོ་བར་མི་འགྱུར་བས་ཚང་མ་ལེགས་པར་གྲ་སྒྲིགས་བྱོས་ཤིག་ཅེས་བཀའ་གནང་ངོ། 2ཧེ་ཛི་ཀི་ཡཱས་རང་གི་གདོང་པ་རྩིག་པའི་ཕྱོགས་སུ་ལྟས་ནས་སྨོན་ལམ་བཏབ་གནང་བ། 3གཙོ་བོ་དཀོན་མཆོག་ངས་ཁྱེད་ལ་དད་པ་དང་དམ་ཚིག་གཅང་མའི་ཐོག་ཞབས་ཕྱི་ཞུས་པ་དང། རྟག་ཏུ་ངས་ཁྱོད་ཀྱིས་ཐུགས་འདོད་གནང་བ་ལྟར་ཆ་ཚང་ཞུས་ཡོད་། ཐུགས་དྲན་གསོས་པ་གནང་རོགས་ཅེས་ཞུས་ནས། ཧ་ཅང་ཤུགས་ཆེན་པོས་ཤུམས་འགོ་འཚུགས་སོ། 4དེ་ནས་གཙོ་བོ་དཀོན་མཆོག་གིས་ཡེ་ཤ་ཡཱ་ལ། 5ཧེ་ཛི་ཀི་ཡཱ་སར་ཕྱིན་ནས་ཁོང་ལ། ང་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་ཕ་མེས་དཱ་བིད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་སྨོན་ལམ་ཐོས་པ་དང་མིག་ཆུ་མཐོང་བྱུང་བས། ངས་ཁྱོད་ཀྱི་མི་ཚེ་ད་དུང་ལོ་བཅོ་ལྔ་རིང་དུ་གཏོང་གི་ཡིན། 6ངས་ཁྱོད་དང་ཡེ་རུ་ཤ་ལེམ་གྱི་གྲོང་ཁྱེར་འདི་བཞིན་ཨ་སུར་རྒྱལ་པོ་ཆེན་པོའི་ལག་ནས་སྐྱོབ་རྒྱུ་དང། ངས་མུ་མཐུད་ནས་གྲོང་ཁྱེར་འདི་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཀའ་གནང་ངོ། 7ཡེ་ཤ་ཡཱས། གཙོ་བོ་དཀོན་མཆོག་ཁོང་གིས་ཁྱོད་ལ་ཞལ་བཞེས་གནང་བ་སྒྲུབ་པའི་ཆེད་དུ་རྟགས་མཚན་ཞིག་སྟོན་པར་གནང་ངོ། 8རྒྱལ་པོ་ཨ་ཧཛས་བཟོས་པའི་ཐེམ་སྐས་ལ་གཙོ་བོ་དཀོན་མཆོག་གིས་གྲིབ་ནག་གོམ་པ་བཅུ་རྒྱབ་ཏུ་སྤོས་བར་འགྱུར་ཞེས་བཀའ་གནང་ངོ། དེ་ལྟར་གྲིབ་ནག་གོམ་པ་བཅུ་ཕྱིར་ལོག་གོ། 9ཧེ་ཛི་ཀི་ཡཱ་ནད་ལས་དྲག་གསོ་བའི་རྗེས་སུ་ཁོང་གིས་མགུར་མ་འདི་བྲིས་པ་གནང་ངོ། 10ང་ཡི་ན་སོ་དར་ལ་བབས་པའི་མི་ཚེ་འདིར། གཤིན་པོའི་གླིང་དུ་འགྲོ་བཞིན་ཡོད་པ་དང། ད་ནས་ཟུང་ཏེ་ང་ཡི་སྲོག་དེ་གསོན་མི་ཡོང། 11གསོན་པོར་གནས་པའི་འཛམ་བུ་གླིང་འདིའི་ནང། ཡང་སྐྱར་དཀོན་མཆོག་ནམ་ཡང་མི་མཇལ་ལམ། མི་ནི་གསོན་པོར་སུ་ཡང་མི་མཐོང་བསམ། 12གུར་ཞིག་ས་ལ་ཕུབ་པ་ནང་བཞིན་ལྟར། འཐག་ཁྲི་ཞིག་ནས་རས་མར་བཅད་ཟིན་ལྟར། ང་ཡི་ཚེ་སྲོག་བཅད་ནས་མཐར་སླེབས་སོ། ང་ཡི་བསམ་པར་དཀོན་མཆོག་ཁོང་གིས། ང་ཡི་མི་ཚེ་མཐའ་མར་འགྱུར་བ་གནང། 13སེང་གེས་ང་ཡི་རུས་པ་བཅག་པ་ལྟར། ང་ནི་མཚན་གང་ན་ནས་ངུས་པ་ཡིན། ང་ཡི་བསམ་པར་དཀོན་མཆོག་ཁོང་གིས། ང་ཡི་མི་ཚེ་མཐའ་མར་འགྱུར་བ་གནང། 14ང་ཡི་སྐད་ཤུགས་ཕྲ་ཞིང་སྐྱོ་བ་དང། ཕུག་རོན་ལྟར་དུ་ང་ཡི་མྱ་ངན་གྱིས། མཐོ་རིས་བལྟ་རྐྱེན་ང་ཡི་མིག་ཐང་ཆད། གཙོ་བོས་སྡུག་བསྔལ་འདི་ནས་སྐྱོབ་པར་མཛད། 15ང་ཡིས་ཅི་ཞུས་ཐུབ་བམ། གཙོ་བོ་དཀོན་མཆོག་ཁོང་གི་འདི་ལྟར་མཛད་གནང་ཡོད། ང་ཡི་སྙིང་ནི་ཁག་ཏི་འགྱུར་བས་གཉིད་མི་ཁུག། 16གཙོ་བོ་ང་ནི་ཁྱེད་ཀྱི་ཆེད་དུ་གསོན། ཁྱེད་ཀྱི་ཆེད་དུ་གཅིག་པོ་གསོན་རྒྱུ་ཡིན། ང་ལ་གསོ་བར་མཛད་ནས་འཚོ་རུ་འཇུག། 17ང་ཡི་ཁག་ཏི་འདི་ནི་ཞི་བདེར་འགྱུར། ཉེན་ཁ་ཡོངས་ནས་ཁྱེད་ཀྱིས་ང་ལ་སྐྱབས། ཁྱེད་ཀྱས་ང་ཡི་སྡིག་པར་བཟོད་གསོལ་གནང། 18ཁྱེད་ལ་གཤིན་ཡུལ་ནང་ནས་སུས་བསྟོད་ཐུབ། གཤིན་པོས་ཁྱེད་ཀྱི་དམ་ཚིག་ལ་ཡིད་མི་ཆེས། 19ད་ལྟ་ང་ཡིས་ཁྱེད་ལ་བསྟོད་པར་ལྟར། གསོན་པོ་རྣམས་ཀྱི་ཁྱེད་ལ་བསྟོད་པར་འགྱུར། ཁྱེད་ནི་དམ་ལྡན་ཇི་ལྟར་ཡིན་པ་དེ། ཕ་ཡིས་རང་གི་ཕྲུ་གུར་ཤེས་སུ་འཇུག། 20གཙོ་བོ་ཁྱེད་ཀྱིས་ང་ལ་གསོ་བར་མཛད། ང་ཚོས་པི་ཝང་བཏང་ནས་བསྟོད་གླུ་ལེན། ང་ཚོ་ཇི་སྲིད་ནམ་འཚོ་ཡི་བར་དུ། ཁྱེད་ཀྱི་མཆོད་ཁང་ནང་དུ་བསྟོད་གླུ་ལེན། 21ཡེ་ཤ་ཡཱས་རྒྱལ་པོ་ལ་གཉན་འབུར་གྱི་སྟེང་དུ་སེ་ཡབ་ཀྱིས་ཀྱོ་མ་བཟོས་ནས་བྱུག་པ་ཡིན་ན་ཁོང་དྲག་གི་རེད་གསུང་ངོ། 22དེ་ནས་རྒྱལ་པོ་ཧེ་ཛི་ཀི་ཡཱས་ང་མཆོད་ཁང་དུ་འགྲོ་ཐུབ་པ་ཡོང་བའི་རྟགས་མཚན་ག་རེ་ཡོད་དམ་ཞེས་བཀའ་འདྲི་ཞུས་ཡོད་པ་ཡིན་ནོ༎

ཡེ་ཤ་ཡཱ 39

བྷེ་བྷི་ལོ་ནི་ཡ་ནས་ཡོང་བའི་བང་ཆེན་ཚོ།

(༢ རྒྱལ་རབས་ ༢༠:༡༢-༡༩)

1དུས་སྐབས་དེར་བྷ་ལ་དྷན་གྱི་སྲས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་མེ་རོ་དག་བྷ་ལ་དྷན་ཞུ་བས་རྒྱལ་པོ་ཧེ་ཛི་ཀི་ཡཱ་སྙུང་བའི་སྐོར་གསན་པ་དང། ཁོང་གིས་ཕྱག་བྲིས་ཤིག་དང་འབུལ་བ་བཅས་ཁོང་ལ་ཕུལ་བར་བཏང་ངོ། 2ཧེ་ཛི་ཀི་ཡཱས་ཁོ་ཚོར་དགའ་བསུ་གནང་ནས། ཁོང་གི་རྒྱུ་ནོར་དངུལ་དང་གསེར་དང་སྨན་དང་དྲི་བཟང་དང་ཁོང་གི་དམག་མིའི་ཡོ་ཆས་ཡོངས་རྗོགས་ཁོ་ཚོར་བསྟན་གནང་ངོ། ཁོང་གི་བང་མཛོད་ཁག་ནང་དང། རྒྱལ་ཁབ་ནང་དེ་ཚོ་ལ་མ་བསྟན་པ་གང་ཡང་མ་ལུས་སོ། 3དེ་ནས་ཡེ་ཤ་ཡཱ་རྒྱལ་པོ་ཧེ་ཛི་ཀི་ཡཱའི་སར་ཕེབས་ནས་ཁོང་ལ། མི་དེ་ཚོ་གང་ནས་ཡོང་བ་དང། དེ་ཚོས་ཁྱེད་ལ་ག་རེ་ཞུས་བྱུང་ངམ་ཞེས་བཀའ་འདྲི་གནང་བས། ཧེ་ཛི་ཀི་ཡཱས་དེ་ཚོ་ཧ་ཅང་ཐག་རིང་ཡུལ་བྷེ་བྷི་ལོ་ནི་ཡ་ནས་ཡོང་བ་རེད་ཅེས་ཞུས་སོ། 4དེ་ཚོས་ཕོ་བྲང་ནང་ཅི་མཐོང་སོང་ངམ། དེ་ཚོས་ཚང་མ་མཐོང་སོང། དེ་ཚོ་ལ་མཛོད་ཁང་ཁག་ནང་ངས་མ་བསྟན་པ་གང་ཡང་མ་ལུས་སོ། 5དེ་ནས་ཡེ་ཤ་ཡཱས་རྒྱལ་པོ་ལ་གསུངས་པ། ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། 6ཁྱོད་རང་གི་ཕ་མེས་ཚོས་ཉིན་དེ་རིང་གི་བར་དུ་ཁྱེད་ཀྱི་ཕོ་བྲང་ནང་བསགས་པའི་རྒྱུ་ནོར་ཐམས་ཅད་བྷེ་བྷི་ལོ་ནི་ཡ་རུ་འཁྱེར་བའི་དུས་སྐབས་ཤིག་ཡོང་བཞིན་ཡོད། དེར་གང་ཡང་ལྷག་པར་མི་འགྱུར་རོ། 7ཁྱེད་ཀྱི་རང་གི་རིགས་བརྒྱུད་ནས་འགའ་ཤས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་ཕོ་བྲང་དུ་གཡོག་བྱེད་པར་འཁྲིད་ནས་ཉུག་རུམ་པ་བཟོ་བར་འགྱུར་རོ། 8རྒྱལ་པོ་ཧེ་ཛི་ཀི་ཡཱས་དེའི་དོན་ནི་ཁོང་རང་གི་སྐུ་ཚེའི་རིང་ཞི་བདེ་དང་བདེ་འཇགས་ཡོང་བ་ཡིན་པ་མཁྱེན་ནས་གཙོ་བོ་དཀོན་མཆོག་གི་གསུང་འཕྲིན་ཁྱེད་ཀྱི་ང་ལ་གནང་བ་ལེགས་སོ་ཞེས་གསུངས་སོ༎

ཡེ་ཤ་ཡཱ 40

རེ་བའི་ཚིག་རྣམས།

1ང་ཚོའི་དཀོན་མཆོག་གིས་གསུངས་པ། ང་ཡི་མི་མང་ལ་སེམས་གསོ་གཏོང་ལ། དེ་ཚོར་སེམས་གསོ་གཏོང། 2ཡེ་རུ་ཤ་ལེམ་དུ་ཡོད་མི་མང་ལ། སེམས་ཤུགས་སྤར་ཞིག་དེར་ཡོད་མི་རྣམས་ཀྱིས། དེ་ཚོ་ཡུན་རིང་བར་དུ་སྡུག་མྱོང་ནས། ད་ཆ་དེ་ཚོའི་སྡིག་པ་ཐམས་ཅད་སེལ། བཟོད་གསོལ་མཛད་ཡོད་ཅེས་པ་དེ་ཚོར་སྨྲོས། དེ་ཚོའི་སྡིག་པའི་ཆེད་དུ་ང་རང་གིས། ཉེས་ཆད་ཆ་ཚང་བཏང་ཡོད་བཀའ་གནང་ངོ། 3སྒྲ་ཞིག་གིས་འདི་ལྟར་འབོད་བཞིན་འདུག། གཙོ་བོ་དཀོན་མཆོག་ཆེད་འབྲོག་སྟོང་ནང་དུ་ལམ་ཞིག་བཟོས་ཤིག། ང་ཚོའི་དཀོན་མཆོག་ཆེད་བྱེ་ཐང་ནང་དུ་རྒྱ་ལམ་དྲང་པོར་བཟོས་ཤིག། 4ལུང་གཤོང་ཚང་མ་བཀང་ཞིག་དང་། རི་ཚང་མ་སྙོམས་པར་བྱོས། རི་ཆུང་རྣམས་ནི་ཐང་དུ་འགྱུར་བར་བྱས། ཡུལ་ལུང་རྩུབ་པོ་རྣམས་ནི་འཇམ་པོར་བཟོས། 5དེ་ནས་གཙོ་བོ་དཀོན་མཆོག་ཁོང་གི་གཟི་བརྗིད་དེ། མངོན་པར་འགྱུར་བ་སྐྱེ་བོ་ཀུན་གྱི་མཐོང། གཙོ་བོ་དཀོན་མཆོག་ཉིད་ཀྱི་ཞལ་བཞེས་དེ་གནང་ངོ། 6སྒྲ་ཞིག་གིས་འདི་ལྟར་འབོད་བཞིན་འདུག། གསུང་འཕྲིན་ཞིག་ཁྱབ་སྒྲགས་བྱོས། ང་ཡིས་གསུང་འཕྲིན་ཇི་ཞིག་གསལ་སྒྲགས་བྱ་ཞེས་འདྲིས། མི་རྣམས་རྩ་ལྟར་ཡིན་པ་ཁྱབ་སྒྲག་བྱོས། དེ་ཚོ་ནགས་ཀྱི་མེ་ཏོག་ལས་ཀྱང་ལྷག་པ་མི་གནས་སོ། 7དཀོན་མཆོག་ཁོང་གིས་དེའི་སྟེང་རླུང་གཏོང་སྐབས། རྩ་ནི་སྐམ་ཞིང་མེ་ཏོག་རྙིད་པར་འགྱུར་། མི་མང་རྩ་ལས་ལྷག་པ་གནས་མི་ཐུབ། 8རྩ་ནི་ངེས་པར་སྐམ་ཞིང་མེ་ཏོག་རྙིད། འོན་ཀྱང་ང་ཚོའི་དཀོན་མཆོག་ཁོང་གི་བཀའ། གཏན་གྱི་ཆེད་དུ་གནས་པར་འགྱུར། 9ཡེ་རུ་ཤ་ལེམ་རི་བོ་མཐོ་རྩེར་སོང། འཕྲིན་བཟང་ཁྱབ་སྒྲགས་བྱོས་ཤིག། ཛི་ཡོན་སྐད་ཤུགས་ཆེན་པོས་འབོད་ཅིག་དང། འཕྲིན་བཟང་ཐམས་ཅད་གསལ་སྒྲགས་བྱེད་པར་འགྱུར། ཁྱོད་ཚོ་འཇིགས་མི་དགོས་པར་ཚང་མར་སྨྲོས། ཡ་ཧུ་དཱ་པའི་གྲོང་ཁྱེར་ཁག་གི་ནང། དེ་ཚོའི་དཀོན་མཆོག་ཕེབས་པའི་སྐོར་ཤོད་ཅིག། 10ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ཉིད། སྐྱབས་པ་གནང་བའི་མི་མང་རྣམས་འཁྲིད་ནས། སྟོབས་ཤུགས་ཆེན་པོའི་རྒྱལ་སྲིད་སྐྱོངས་བར་ཕེབས། 11ཁོང་གི་ལུག་རྫི་ལྟར་དུ་རང་གི་ཁྱུ། སྐྱོང་བ་གནང་ནས་དེ་ཚོའི་ལུག་གུ་རྣམས། མཉམ་དུ་བསྡུས་ནས་ཕྱག་ཏུ་འཁྱེར་བ་གནང། ཁོང་གིས་དེ་ཚོའི་མ་ལ་དལ་པོར་འཁྲིད་པར་མཛད།

ཨིསི་རཱཨེལ་གྱི་བླ་ན་མེད་པའི་དཀོན་མཆོག།

12སུ་ཡིས་རྒྱ་མཚོར་ལག་པའི་སྦ་རས་ཚད་ཐུབ་བམ། ཡང་ན་ལག་པས་ནམ་མཁར་ཚད་ཐུབ་བམ། ས་གཞིའི་ས་ནི་ཕོར་པའི་ནང་དུ་འཁྱེར་ཐུབ་བམ། རི་དང་རི་ཆུང་ཉ་གར་བཏེགས་ཐུབ་བམ། 13གཙོ་བོ་དཀོན་མཆོག་ཁོང་ལ་ཇི་བྱེད་སུས་ཞུ་ཐུབ། ཁོང་ལ་སུ་ཡིས་སློབ་སྟོན་དང་ནི་བསླབ་བྱ་སྤྲད་ཐུབ་བམ། 14ལས་རྣམས་ཇི་ལྟར་བྱེད་དགོས་ཤེས་པ་དང། རྟོགས་ཤིང་སྦྱོངས་བའི་ཆེད་དུ་དཀོན་མཆོག་གིས། སུ་ལ་གོ་བསྡུར་གནང་བ་ཡོད་སྲིད་དམ། 15གཙོ་བོ་དཀོན་མཆོག་དྲུང་དུ་མི་རིགས་རྣམས་གང་ཡང་མིན། དེ་ཚོ་ཆུ་ཡི་ཐིག་པ་གཅིག་པོ་ཡིན། ཐག་རིང་གླིན་ཕྲན་རྣམས་ནི་རྡུལ་ལྟར་ཡང་པོ་ཡོད། 16ལེ་བྷ་ནོན་གྱི་ནགས་ཀྱི་སེམས་ཅན་རྣམས། ཁོང་ལ་དམར་མཆོད་ཕུལ་རྒྱུར་མི་ལྡང་ངོ། ཡང་ན་ཤིང་ནགས་མེ་ཁ་གསོས་རྒྱུར་ཉུང། 17ཁོང་གི་དྲུང་དུ་མི་རིགས་གང་ཡང་མིན། 18དཀོན་མཆོག་ཁོང་ནི་སུ་དང་བསྡུར་བར་ནུས། ཁོང་ནི་ཇི་འདྲ་ཡོད་པ་བརྗོད་ཐུབ་བམ། 19ཁོང་ནི་བཟོས་པའི་བཟོས་པའི་སྐུ་འདྲ་འམ། གསེར་གྱིས་གཡོགས་ནས་དངུལ་གྱི་ཞབས་སྟེགས་སྟེང། སྒྲིག་པའི་སྐུ་འདྲ་ལྟ་བུ་མ་ཡིན་ནོ། 20དངུལ་དང་གསེར་གྱི་དཔལ་འབྱོར་མེད་པའི་མིས། མི་རུལ་བ་ཡི་ཤིང་ཞིག་འདམ་བྱ་ཞིང། མི་རིལ་བ་ཡི་འདྲ་སྐུ་བཟོ་བའི་ཆེད། རྩལ་དང་ལྡན་པའི་ལག་ཤེས་པ་ཞིག་འཚོལ། 21ཁྱོད་ཀྱིས་ཤེས་ཀྱི་མེད་པ་མ་ཡིན་ནམ། ཡུན་རིང་སྔོན་དུ་ཁྱོད་ལ་བཤད་མེད་དམ། འཛམ་གླིང་ཆགས་ཚུལ་ཁྱོད་ཀྱིས་མ་ཐོས་སམ། 22ས་དང་གནམ་ལས་མཐོ་བའི་བཞུགས་ཁྲིའི་སྟེང། བཞུགས་མཁན་ཁོང་གིས་དེ་ཚོ་བཟོས་གནང་ངོ། འོག་ཏུ་ཡོད་པའི་མི་མང་གྲོག་མ་ལྟར་ཆུང་ཆུང་མཐོང། ཁོང་གིས་ནམ་མཁའ་ཡོལ་བ་ལྟར་བཀྲམ། ཁོང་ནི་བཞུགས་པའི་ཕྱིར་གུར་བཞིན་བཟོས། 23ཁོང་གི་སྟོབས་ཤུགས་ཅན་གྱི་རྒྱལ་པོ་རྣམས། མར་ལ་ཕབས་ནས་གནས་མེད་བསྐྱུར་བར་མཛད། 24དེ་ཚོ་རྩི་ཤིང་གསར་དུ་སྐྱེས་པ་འདྲ། སྐྱེས་ཟིན་ཙམ་ལས་རྩ་བ་བརྟན་པོ་མེད། དཀོན་མཆོག་ཁོང་གིས་རླུང་ཞིག་གཏོང་གནང་སྐབས། དེ་ཚོ་སྐམ་ནས་སོག་མ་ལྟར་འཁྱེར་རོ། 25དཀོན་མཆོག་དམ་པ་སུ་དང་བསྡུར་བར་ནུས། ཁོང་ལྟར་སུ་ཞིག་འདི་རུ་ཡོད་རེད་དམ། 26གྱེན་དུ་ཡར་ལ་ནམ་མཁར་ལྟོས་ཤིག་དང། ཁྱོད་ཀྱིས་མཐོང་བའི་ཀར་མ་སུས་བཀོད་དམ། དམག་མི་ལྟར་དུ་དེ་ཚོའི་སྣེ་འཁྲིད་མཁན དེ་ཚོའི་གྲངས་ནི་ཡོད་ཤེས་པ་དང། རེ་རེར་རང་གི་མིང་ནས་འབོད་པར་བྱེད། ཁོང་གི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡིན། དེ་ཚོ་གཅིག་ཀྱང་གཏན་ནས་མི་ལུས་སོ། 27ཨིསི་རཱཨེལ་པ་ཡི་མི་མང་ཁྱོད་ཚོ་ནི། ཁྱོད་ཚོའི་དཀའ་ངལ་གཅོ་བོ་དཀོན་མཆོག་གིས་མི་མཁྱེན་ནམ། ཡང་ན་བདེན་མིན་སྡུག་པོ་མྱོང་བ་དེ། མི་གཟིགས་པའི་ཕྱིར་སྐྱོན་བརྗོད་ཅི་ལ་བྱེད། 28ཁྱོད་ཚོས་དེ་ནི་མི་ཤེས་མི་ཐོས་སམ། དཀོན་མཆོག་ཁོང་ནི་མཐའ་མེད་དཀོན་མཆོག་ཡིན། ཁོང་གིས་ས་གཞི་ཡོངས་རྫོགས་བཀོད་པར་མཛད། ཁོང་ནི་རྩ་ནས་མི་ངལ་ཡང་མི་ཆེད། སུས་ཀྱང་ཁོང་གི་དགོངས་པ་རྟོགས་མི་ཐུབ། 29ཁོང་གིས་ཉམས་ཐག་རྣམས་ལ་སྟོབས་ཤུགས་གནང། 30ན་གཞོན་ཚོ་ཡང་ཉམས་ཐག་འགྱུར་བ་དང། ན་གཞོན་ཚོ་ཡང་ཐང་ཆད་པར་སྲིད་དོ། 31འོན་ཀྱང་སུ་ཞིག་གཙོ་བོ་དཀོན་མཆོག་ཁོང་སྟེང་རོགས་ཆེད་བློ་བཅོལ་མཁན། དེ་ཚོས་ནུས་ཤུགས་སླར་ཡང་ཐོབ་པར་འགྱུར། དེ་ཚོ་བྱ་གླག་ལྟ་བུར་ཤོག་པའི་སྟེང་དུ་ཡར་ཕུར། དེ་ཚོ་རྒྱུགས་ནས་ཐང་ནི་མི་ཆད་དོ། དེ་ཚོ་གོམ་པ་རྒྱབ་ཀྱང་མི་ཉམས་སོ༎

ཡེ་ཤ་ཡཱ 41

དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་སེམས་ཤུགས་གནང་བ།

1དཀོན་མཆོག་ཁོང་གིས་གསུངས་པ། ཁྱོད་གླིང་ཕྲན་རྣམས་ཁ་རོག་སྡོད་ལ་ང་ལ་ཉོན་ཞིག། ཁྲིམས་སར་འགྲོ་བར་ཁ་མཆུ་གྲ་སྒྲིགས་བྱོས། ཁྱོད་ཚོར་སྨྲ་བའི་གོ་སྐབས་ཐོབ་པར་འགྱུར། ང་ཚོ་ཚང་མ་མཉམ་དུ་ཁྲིམས་དཔྱོད་ཆེད་དུ་འཛོམས། 2ཤར་ནས་དབང་སྒྱུར་བྱ་མཁན་སུས་འཁྲིད་ཡོང་ངམ། ཁོ་ནི་གང་དུ་སོང་ཡང་རྒྱལ་ཁ་ཐོབ། ཁོ་པར་རྒྱལ་པོ་དང་ནི་མི་རིགས་ཐོག། སུ་ཡིས་རྒྱལ་ཁ་སྤྲད་པར་འགྱུར་བ་ཡིན། ཁོ་ཡི་རལ་གྲིས་དེ་ཚོ་རྡུལ་ལྟར་རྡུང། ཁོ་ཡི་མདའ་ཡི་རླུང་གི་མདུན་དུ་སོག་མ་ལྟར་དེ་ཚོ་སྟོར། 3ཁོ་ཡིས་དེ་ཚོ་ལ་དེད་བཞིན་བདེ་བར་བསྐྱོད། ས་ལ་མ་རེག་ཙམ་དུ་མགྱོགས་པར་རྒྱུགས། 4དེ་ལྟར་བྱུང་བ་བཟོ་མཁན་སུ་ཡིན་ནམ། རྒྱལ་རབས་ལམ་དེ་སུ་ཡིས་ཐག་ཚོད་བྱས། ང་གཙོ་བོ་དཀོན་མཆོག་ཐོག་མའི་དུས་ནས་ཡོད། ང་གཙོ་བོ་དཀོན་མཆོག་མཐའ་མའི་བར་དུ་གནས་པར་འགྱུར། 5གླིང་ཕྲན་རྣམས་ཀྱི་མི་མང་ཚོས་ང་ཡི་ཇི་བྱས་པ་མཐོང་ཡོད་དོ། དེ་ཚོ་འཇིགས་ཤིང་སྐྲག་ནས་འདར་བཞིན་ཡོད། དེར་བརྟེན་དེ་ཚོ་ཚང་མ་འཛོམས་ནས་ཡོང། 6དེ་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་ནི། རོགས་རམ་བྱེད་པར་སེམས་ཤུགས་སྤེལ་བར་བྱ། 7ཤིང་བཟོ་བ་ཡིས་གསེར་བཟོར་ལས་ཀ་ལེགས་པ་འདུག་སྨྲས། སྐུ་འདྲ་འཇམ་པོར་བརྡུང་མཁན་མི་དེ་ཡིས། སྐུ་འདྲ་མཉམ་དུ་སྦྱར་མཁན་ལ་སེམས་ཤུགས་སྤེལ། དེ་ཚོའི་ཚ་ལ་ཡག་པོ་བྱུང་སོང་སྨྲས། དེ་ནས་འདྲ་སྐུར་གཟེར་གྱིས་བརྟན་པོར་བཟོས། 8འོན་ཀྱང་ཨིསི་རཱཨེལ་ང་ཡི་བྲན་པོ་ཁྱོད། ང་ཡིས་འདམས་པའི་ཡ་ཀོབ། ངའི་གྲོགས་པོ་ཨབ་ར་ཧམ་གྱི་རིགས་བརྒྱུད་ཡིན་ནོ། 9ང་ཡིས་ཁྱོད་ལ་ས་གཞིའི་མཐའ་ནས་འཁྲིད། ང་ཡིས་ཁྱོད་ལ་ཐག་རིང་ས་ནས་བཀུག། ཁྱོད་ང་ཡི་ཞབས་ཕྱི་ཡིན་ཞེས་ངས་སྨྲས། ང་ཡིས་ཁྱོད་ལ་འདམས་པས་སྤངས་མེད་དོ། 10ང་ནི་ཁྱོད་མཉམ་ཡོད་པས་མ་འཇིགས་ཤིག། ང་ནི་ཁྱོད་ཀྱི་དཀོན་མཆོག་ཡིན། གང་གི་ཁྱོད་ལ་འཇིགས་སྣང་མི་བསྐུལ་ཤོག། ཁྱོད་ལ་ཤུགས་ཆེན་བཟོས་ནས་རོགས་བྱེད་དོ། ང་ཡིས་ཁྱོད་ལ་སྲུང་ནས་སྐྱོབ་པར་བྱེད། 11ཁྱོད་མཉམ་སུ་ཡི་ཁྲོ་བར་བྱེད་མཁན་རྣམས། ཕམ་ནས་ངོ་ཚ་ཤེས་པར་འགྱུར་བར་བྱེད། ཁྱོད་ལ་འཐབ་མཁན་རྣམས་ནི་འཆི་བ་དང། 12དེ་ཚོ་ས་གཞི་ནང་ནས་ཡལ་བར་འགྱུར། 13ང་ནི་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་ཡིན། ང་ཡིས་ཁྱོད་ལ་ནུས་ཤུགས་འབྱིན་པ་དང། ང་ཡིས་ཁྱོད་ལ་རོགས་བྱས་མ་འཇིགས་སྨྲས། 14གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཨིསི་རཱཨེལ་ཁྱོད་ནི་ཆུང་ཆུང་དང་ཉམས་ཐག་ཡིན་པར་འགྱུར་ན་ཡང། ང་ཡིས་ཁྱོད་ལ་རོགས་བྱེད་འཇིགས་མི་དགོས། ང་ནི་ཨིསི་རཱཨེལ་དཀོན་མཆོག་དམ་པ་དང། ང་ནི་ཁྱོད་ལ་སྐྱོབ་མཁན་དེ་ཡིན་ནོ། 15ངས་ནི་ཁྱོད་ལ་གསར་པ་དང་རྣོ་པོ་སོ་ཡོད་པ། འབྲུ་རྡུང་བའི་པང་ལེབ་བཟོས་བར་བྱ། ཁྱོད་ཀྱིས་རི་རྣམས་བརྡུང་ནས་མེད་པར་བཟོ། རི་ཆུང་རྣམས་ནི་རྡུལ་དུ་གཞིགས་པར་འགྱུར། 16ཁྱོད་ཀྱིས་དེ་རྣམས་རླུང་ལ་འཕྱར་བ་དང། རླུང་གིས་དེ་ཚོ་འཁྱེར་བར་བྱེད་པར་འགྱུར། དེ་ཚོ་རླུང་འཚུབ་ཀྱིས་ཀྱང་སྟོར་བར་བྱེད། དེ་ནས་ཁྱོད་དགའ་བར་བྱེད་པར་འགྱུར། གང་ལ་ཟེར་ན་ང་ནི་ཁྱོད་ཚོའི་དཀོན་མཆོག་ཡིན། ང་ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པ་ལ་ཁྱོད་ཀྱིས་བསྟོད་པར་བྱེད། 17ང་ཡི་མི་མང་དགོས་མཁོའི་ཆུ་འཚོལ་སྐབས། དེ་ཚོ་སྐོམ་ནས་མིག་པ་སྐམ་པའི་སྐབས། དེ་ནས་ང་གཙོ་བོ་དཀོན་མཆོག་གིས། དེ་ཚོའི་གསོལ་བ་འདེབས་པས་ལན་འདེབས་གྱིས། ང་ནི་ཨིསི་རཱཨེལ་པ་ཡི་དཀོན་མཆོག་གིས། དེ་ཚོ་རྩ་བ་ཉིད་ནས་ངས་མི་འདོར། 18ང་ཡིས་རི་ཆུང་སྐམ་པོར་རྒྱུག་ཆུ་གཏོང། ལུང་གཤོང་ནང་དུ་ཆུ་མིག་རྒྱུགས་སུ་བཅུག། ང་ཡིས་བྱེ་ཐང་རྫིང་བུར་འགྱུར་རྒྱུ་དང། ས་སྐམ་སྟེང་དུ་ཆུ་མིག་རྒྱུགས་པར་འགྱུར། 19ང་ཡིས་བྱེ་ཐང་ནང་དུ་འགྱམ་ཤིང་དང། ཏིམ་ཤིང་དང་ཧ་དས་དང་ཁ་སྐྱུར་པོའི་ཤིང་བཅས་སྐྱེས་སུ་བཅུག། ཐང་ཤིང་དང་ཤུག་ཤིང་དང་སོམ་ཤིང་བཅས་སྐྱེ་བར་བྱས། ས་གཞི་སྐམ་པོར་ཤིང་ནགས་སྐྱེ་བར་འགྱུར། 20མི་མང་རྣམས་ཀྱི་དེ་ཚོ་མཐོང་བ་དང། དེ་ལྟར་ང་ནི་གཙོ་བོ་དཀོན་མཆོག་གིས། བགྱིས་པ་ཡིན་པ་དེ་ཚོས་ཤེས་པར་འགྱུར། དེ་ཚོའི་ཨིསི་རཱཨེལ་དཀོན་མཆོག་དམ་པ་ཡིས། དེ་ལྟར་མཛད་པ་ཡིན་པ་རྟོགས་པར་འགྱུར༎

ལྷ་འཛུན་རྣམས་ལ་གཙོ་བོ་དཀོན་མཆོག་གི་འགྲན་སྡུར།

21ཡ་ཀོབ་ཀྱི་རྒྱལ་པོ་མཆོག་གཙོ་བོ་དཀོན་མཆོག། ཁོང་གིས་འདི་ལྟར་གསུངས་རྒྱུ་ཡོད། མི་རིགས་རྣམས་ཀྱི་དཀོན་མཆོག་ཁྱོད་ཚོ་ཡི། ཁ་མཆུ་རྣམས་ནི་འཁྱེར་ཤོག་དང། རྩོད་གཞི་ལེགས་ཤོས་རྣམས་ནི་འཁྱེར་ནས་ཤོག། 22དེ་ལྟར་ནམ་ཡོང་ང་ཚོས་ཤེས་པའི་ཆེད། འདི་རུ་ཡོང་ནས་ཇི་ཡོང་ལུང་བསྟན་བྱོས། འདས་པའི་ལོ་རྒྱུས་ཁྲིམས་ཁང་ནང་དུ་སྨྲོས། དེ་ཚོའི་དོན་དེ་ཅི་ཡིན་ང་ཚོར་ཤོད། 23མ་འོངས་པར་ཇི་ཡོང་ང་ཚོར་ཤོད། དེ་ནས་ཁྱོད་ནི་དཀོན་མཆོག་ཡིན་པར་ཤེས། ལེགས་པའི་ལས་འདི་འགའ་ཞིག་བྱོད་ཤིག་དང། ཡང་ན་རྐྱེན་ངན་འགའ་ཞིག་འབེབས་པར་བྱ། ང་ཚོར་འཇིགས་སྣང་དངངས་ཚབ་སྐྱེས་སུ་བཅུག། 24ཁྱོད་ཚོ་དང་ཁྱོད་ཚོའི་ལས་རྣམས་ཅི་ཡང་མིན། ཁྱོད་ཚོར་མཆོད་མཁན་རྣམས་ནི་ཞེན་ལོག་ཡིན། 25ཤར་དུ་སྡོད་པའི་མི་ཞིག་ངས་འདམས་ཡོད། བྱང་ནས་འཐབ་པའི་ཆེད་དུ་ངས་ཁོ་འཁྲིད། རྫ་མཁན་གྱིས་འདམ་ཞིག་བརྫིས་པ་བཞིན། ཁོ་ཡིས་རྒྱལ་པོ་རྣམས་ནི་འདམ་ལྟར་བཛི། 26ཁྱོད་ཚོའི་ནང་ནས་དེ་འདྲ་ཡོང་ཟེར་སུ་ཡིས་ལུང་བསྟན་བྱེད། ང་ཚོས་ཁྱོད་ཚོ་བདེན་པ་རེད་བརྗོད་རྒྱུར། དེའི་སྐོར་ཁྱོད་ཚོ་སུས་ཀྱང་ཚིག་གཅིག་སྨྲས་མེད་དོ། སུས་ཀྱང་ཁྱོད་ཚོས་བཤད་པ་ཐོས་མེད་དོ། 27ཛི་ཡོན་ལ་གནས་ཚུལ་དང་པོ་བཤད་མཁན་ང་ནི་གཙོ་བོ་དཀོན་མཆོག་ཡིན་ནོ། ང་ཡིས་ཡེ་རུ་ཤ་ལེམ་དུ་འདི་ལྟར་བཤད་པའི་བང་ཆེན་ཞིག་བཏང་ངོ། ཁྱོད་ཚོའི་མི་མང་ཡོང་བཞིན་འདུག། དེ་ཚོ་ཁྱིམ་ལ་ཡོང་བཞིན་འདུག། 28ང་ཡིས་ལྷ་རྣམས་ཁྲོད་དུ་བལྟ་བའི་སྐབས། སུ་ལ་གང་ཡང་ཤོད་རྒྱུ་མི་འདུག་གོ། ང་ཡིས་འདྲི་བར་སུས་ཀྱང་ལན་མི་འདེབས། 29ལྷ་དེ་རྣམས་ནི་ཕན་ཐོག་མེད་པ་དང། དེ་ཚོའི་གང་ཡང་བྱེད་མི་ཐུབ་པའོ། དྲ་སྐུ་དེ་རྣམས་སྐྱོ་ཞིང་ནུས་མེད་ཡིན༎

ཡེ་ཤ་ཡཱ 42

གཙོ་བོ་དཀོན་མཆོག་གི་ཞབས་ཕྱི།

1གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ང་ཡིས་ནུས་སྟོབས་བྱིན་པའི་ངའི་ཞབས་ཕྱི་འདིར། ང་ཡིས་དེ་ལ་འདམས་ཡོད། ཁོ་མཉམ་ང་ནི་དགའ། ང་ཡི་ཐུགས་ཉིད་ཁོའི་ནང་བཀང་ཡོད་པས། མི་རིགས་ཡོངས་ལ་ཁྲིམས་དྲང་སྤེལ་ཡོང་ངོ། 2ཁོ་ནི་སྐད་ཤུགས་མཐོ་པོར་མི་སྨྲའོ། རྒྱ་ལམ་ཁག་ཏུ་སྐད་ཤུགས་གཏམ་མི་གླེང། 3རྨད་པའི་འདམ་རྩྭ་དེ་ལ་ཁོ་ཡིས་མི་ཆག་གོ། ཞུ་མར་ཤི་གྲབ་ཡོད་ཀྱང་མ་བསད་དོ། ཁོང་གིས་ཚང་མར་གཏན་གྱི་ཁྲིམས་དྲང་འཁྱེར་ཡོང་ངོ། 4ཁོང་གི་རེ་བ་དང་ནི་སྙིང་སྟོབས་དེ་མི་རླག། ཁོང་གིིས་ས་གཞིར་ཁྲིམས་དྲང་འཇུག་པར་བྱ། གླིང་ཕྲན་ཚོས་ཁོང་གི་སློབ་སྟོན་སྒུག། 5དཀོན་མཆོག་ཁོང་གིས་མཐོ་རིས་བཀོད་ནས་དེ་བརྐྱངས་སོ། ཁོང་གིས་ས་གཞི་དང་དེར་གནས་རྣམས་ལ་བཀོད་གནང་ངོ་། ཚང་མར་སྲོག་དང་དབུགས་ནི་གནང་བར་མཛད། ད་ནི་དཀོན་མཆོག་གཙོ་བོ་དཀོན་མཆོག ཁོང་གིས་རང་གི་ཞབས་ཕྱིར་བཀའ་གནང་བ། 6ས་གཞིར་ཁྲིམས་དྲང་བྱེད་པའི་ཕྱིར་ང་གཙོ་བོ་དཀོན་མཆོག། ཁྱོད་ལ་བོས་ནས་ནུས་མཐུ་འབྱིན། ཁྱོད་རང་བརྒྱུད་ནས་ང་མི་མང་ཚང་མ། མཉམ་དུ་དམ་བཅའ་འཇོག་རྒྱུ་ཡིན། ཁྱོད་བརྒྱུད་མི་རིགས་ཡོངས་ལ་འོད་གསལ་འབྱིན། 7ཁྱོད་ཀྱིས་ལོང་བའི་མིག་ནི་འབྱེད་པར་འགྱུར། མུན་པའི་བཙོན་ནས་བཙོན་པ་རྣམས་སྒྲོལ་ལོ། 8གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་ང་རང་གཅིག་པུ་ཡིན། ང་ཡི་གཟི་བརྗིད་ལྷ་གཞན་ཚོར་མི་སྤྲད་དོ། ང་ཡི་བསྟོད་པར་འདྲ་སྐུར་ཚོ་ལ་མི་སྤྲོད་དོ། 9ང་ཡིས་ལུང་བསྟན་བདེན་པར་བྱུང་ཡོད་དོ། ད་ངས་བྱ་བ་གསར་པ་མ་བྱུང་སྔོན། དེ་ཚོའི་སྐོར་དེ་ཁྱོད་ལ་ཤོད་རྒྱུ་ཡིན༎ 10གཙོ་བོ་དཀོན་མཆོག་ཁོང་ལ་མགུར་མ་གསར་པ་ཞིག་ལེན་ཞིག། འཛམ་གླིང་ཡོངས་ཀྱི་ཁོང་ལ་བསྟོད་དབྱངས་ལེན། ཁྱོད་རྣམས་རྒྱ་མཚོར་འགྲུལ་མཁན་ཁོང་ལ་བསྟོད། རྒྱ་མཚོའི་སེམས་ཅན་ཡོངས་ཀྱི་ཁོང་ལ་བསྟོད། གླིང་ཕྲན་རྣམས་དང་དེར་གནས་གཞས་ཐོང་ཞིག། 11བྱེ་ཐང་དང་དེ་ཡི་གྲོང་རྣམས་དཀོན་མཆོག་ཁོང་ལ་བསྟོད། ཀེ་དར་མི་མང་ཁོང་ལ་བསྟོད་དུ་བཅུག། སེ་ལའི་གྲོང་ཁྱེར་ནང་དུ་སྡོད་མཁན་ཚོས། རི་བོའི་རྩེ་ནས་དགའ་བའི་སྐད་འབོད་ཅིག། 12གླིང་ཕྲན་རྣམས་སུ་གནས་མཁན་མི་མང་རྣམས། གཙོ་བོ་དཀོན་མཆོག་ཁོང་ལ་གཟི་བརྗིད་དང་བསྟོད་པ་ཕུལ་ཞིག། 13གཙོ་བོ་དཀོན་མཆོག་ཁོང་ནི་དཔའ་བོ་ལྟ་བུ་དམག་འདྲེན་ཕེབས། ཁོང་ནི་གཡུལ་དུ་གྲ་སྒྲིགས་ཐུགས་འདོད་ཡོད། ཁོང་གིས་དམག་སྐད་གཡུལ་གྱི་འབོད་སྒྲ་སྒྲོགས། ཁོང་གིས་དགྲ་བོའི་ཐོག་ཏུ་རང་ནུས་སྟོབས་སྟོན།

དཀོན་མཆོག་གིས་ཁོང་གི་མི་མང་ལ་རོགས་གནང་རྒྱུའི་ཞལ་བཞེས།

14དཀོན་མཆོག་ཁོང་གིས་བཀའ་གནང་བ། དུས་ཡུན་རིང་པོར་ང་ཡི་ཁ་རོག་བསྡད། ང་ཡིས་མི་མང་རྣམས་ལ་ལན་འདེབས་མེད། ད་ཆ་ལས་འགུལ་བྱེད་པའི་དུས་ལ་སླེབས་ནས་ཡོད། བུད་མེད་སྐྱེ་གཟེར་རྒྱབ་འདྲ་ངས་སྐད་འདོན། 15ང་ཡིས་རི་དང་རི་ཕྲན་རྣམས་ནི་མེད་པར་བཟོ། རྩ་དངཤིང་སྡོང་རྣམས་ནི་སྐམ་པར་བྱེད། ང་ཡིས་ལུང་གཤོང་རྒྱུག་ཆུ་བྱེ་ཐང་བཟོ། ཆུ་ཡི་རྫིང་བུ་རྣམས་ནི་སྐམ་པར་བྱས། 16ང་ཡིས་ང་ཡི་མི་མང་ལོང་བ་རྣམས། འགྲོ་མ་མྱོང་བའི་ལམ་དུ་སྣེ་འཁྲིད་བྱད། ང་ཡིས་དེ་ཚོའི་མུན་པར་འོད་དུ་འགྱུར། དེ་ཚོའི་མདུན་གྱི་ལམ་རྩུབ་འཇམ་པོར་བཟོ། དེ་ཚོ་རྣམས་ནི་ང་ཡི་ཞལ་བཞེས་ཡིན། ང་ཡིས་འགལ་མེད་དེ་རྣམས་སྲུང་རྒྱུ་ཡིན། 17འདྲ་སྐུར་ཡིད་ཆེས་བློས་འགེལ་བྱ་མཁན་རྣམས། འདྲ་སྐུར་དེ་ཚོའི་དཀོན་མཆོག་བརྗོད་མཁན་ཚོར། དམའ་འབེབས་དང་ནི་ཞབས་འདྲེན་གཏོང་རྒྱུ་ཡིན༎

ཨིསི་རཱཨེལ་གྱིས་སྦྱོངས་མི་ཐུབ་པ།

18གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཁྱོད་ཚོ་མི་མང་འོན་པ་རྣམས་ཉོན་ཞིག། ཁྱོད་ཚོ་ལོང་བ་རྣམས་ནི་ཞིབ་མོར་ལྟོས། 19ང་ཡི་ཞབས་ཕྱི་ལས་ལྷག་པ། གཞན་དག་ལོང་བ་སུ་ཞིག་ཡོད་རེད་དམ། ང་ཡིས་བཏང་བའི་བང་ཆེན་ལས། གཞན་དག་འོན་པ་སུ་ཞིག་ཡོད་རེད་དམ། 20ཨིསི་རཱཨེལ་ཁྱོད་ཀྱིས་མང་པོ་མཐོང་ཡོད་དོ། འོན་ཀྱང་དེ་ཡིས་ཁྱོད་ཀྱིས་ཅི་རྟོགས་སམ། ཁྱོད་ལ་ཉན་པའི་རྣ་བ་ཡོད་ན་ཡང། ཁྱོད་ཀྱིས་དངོས་འབྲེལ་ག་རེ་གོ་བྱུང་ངམ། 21གཙོ་བོ་དཀོན་མཆོག་ཁོང་ནི་སྐྱོབ་པ་གནང་རྒྱུར་ཐུགས་འདོད་ཆེན་པོ་ཡོད། དེར་བརྟེན་ཁོང་གི་ཁྲིམས་དང་སློབ་སྟོན་རྣམས་ཡར་ལ་བཏེགས། རང་གི་མི་མང་ནས་དེར་གུས་བརྩི་ཞུ་བར་འདོད། 22འོན་ཀྱང་ཁོང་གི་མི་མང་བཅོམ་ནས་ཡོད། དེ་ཚོ་བཙོན་དོང་ནང་དུ་བཅུག་ནས་ཡོད། བཙོན་ཁང་ནང་དུ་ཡིབ་པར་གྱིས་བཅུག་ཡོད། ཇག་བཅོམ་དང་ནི་འཕྲོག་བཅོམ་ནང་ཚུད་ཡོད་པས། དེ་ཚོར་སྐྱོབ་རོགས་བྱེད་མི་སུ་ཡང་མེད། 23ཁྱོད་ཚོའི་ནང་ནས་སུ་ཞིག་དེ་ལ་ཉན་ནམ། ད་ནས་ཟུང་ཁྱོད་ཚོས་ཟབ་ཟབ་ངང་ནས་ཉོན་ནམ། 24ཡ་ཀོབ་ལ་ཇག་པར་སུས་སྤྲད་དམ། དཀོན་མཆོག་ཉིད་ཀྱིས་གནང་བ་ཡིན། ཁོང་གི་སྤྱན་སྔར་ང་ཚོས་སྡིག་པ་གྱིས། ང་ཚོ་ཁོང་གི་ཐུགས་འདོད་ལྟར་གནས་མེད། ཁོང་གིས་སློབ་སྟོན་གནང་བར་ཉན་མེད་དོ། 25དེར་བརྟེན་ཁོང་གི་ཐུགས་ཁྲོའི་ནུས་པ་ང་ཚོར་འཚོར་རུ་འཇུག། དམག་གི་དཀའ་ངལ་མྱོང་བར་འཇུག་པ་གནང། ཁོང་གི་ཐུགས་ཁྲོ་མེ་ལྟར་འབར་བ་དེས། ཨིསི་རཱཨེལ་ཡོངས་ལ་འབར་རུ་འཇུག་ན་ཡང། ཇི་ལྟར་བྱུང་བ་ཡིན་པ་ང་ཚོས་མི་ཤེས་སོ། དེ་ནས་ང་ཚོས་སློབ་སྟོན་གང་ཡང་མ་ལེན་ནོ༎

ཡེ་ཤ་ཡཱ 43

དཀོན་མཆོག་གིས་ཁོང་གི་མི་མང་སྐྱོབ་རྒྱུའི་ཞལ་བཞེས།

1ཡ་ཀོབ་ཁྱོད་ལ་བཀོད་མཁན། ཨིསི་རཱཨེལ་ཁྱོད་ལ་བཀོད་མཁན་གཙོ་བོ་དཀོན་མཆོག་ཁོང་གིས་འདི་སྐད་གསུངས། མ་འཇིགས་ཤིག། ང་ཡིས་ཁྱོད་ལ་སྐྱོབ་རྒྱུ་ཡིན། ཁྱོད་ལ་མིང་ནས་འབོད་ཡོད། ཁྱོད་ང་ཡི་ཡིན། 2ཁྱོད་ཆུ་གཏིང་རིང་པོར་འགྲོ་བའི་སྐབས། ང་ནི་ཁྱོད་ཚོ་མཉམ་དུ་ཡོད་པར་འགྱུར། ཁྱོད་དཀའ་ངལ་གྱིས་ནི་བསྣན་མི་བྱ། ཁྱོད་མེ་ཡི་ནང་ནས་འགྲུལ་བའི་སྐབས། མེ་ཡིས་ཁྱོད་འཚིག་པར་མི་འགྱུར་རོ། ཁྱོད་ལ་དཀའ་ཚེགས་དྲག་པོས་གནོད་མི་ཡོང། 3གང་ལ་ཟེར་ན་ང་ནི་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་ཡིན། ཁྱོད་ལ་སྐྱོབ་མཁན་ཨིསི་རཱཨེལ་དམ་པའི་དཀོན་མཆོག་ཡིན་ནོ། ང་ཡིས་ཁྱོད་ལ་བླུ་བར་བྱེད་པའི་ཆེད། ཨི་ཇིབ་ཡུལ་དེ་སྤོང་བར་བྱེད་རྒྱུ་ཡིན། ང་ཡིས་ཨི་ཐི་ཨོ་པི་ཡ་དང་ནི་ཤེ་བྷ་ཡང་སྤོང་བར་བྱེད་རྒྱུ་ཡིན། 4ཁྱོད་ཀྱི་མི་ཚེ་སྐྱོབ་པའི་ཆེད། ང་ཡི་མི་རིགས་ཡོངས་རྫོགས་དོར་བར་བྱ། གང་ལ་ཟེར་ན་ངའི་ཆེད་ཁྱོད་ནི་རིན་ཐང་ཆེ་དང། ངས་ནི་ཁྱོད་ལ་ཆེ་མཐོང་དང་ནི་བརྩེ་བ་གྱིས། 5ང་ནི་ཁྱོད་མཉམ་ཡོད་པས་མ་འཇིགས་ཤིག། ཤར་གྱི་ཕྱོགས་དང་ནུབ་ཕྱོགས་ཐག་རིང་ནས། ང་ཡིས་ཁྱོད་ཀྱི་མི་རྣམས་ཁྱིམ་དུ་འཁྲིད། 6ང་ཡིས་དེ་ཚོ་ལ་འགྲོར་བཅུག་ཅེས་བྱང་གི་ཕྱོགས་ལ་ལབ་རྒྱུ་ཡིན། ལྷོ་ཡི་ཕྱོགས་ལ་མ་བཀག་སྨྲས། འཛམ་གླིང་ཡོངས་དང་ཐག་རིང་ཡུལ་རྣམས་ནས། ང་ཡི་མི་མང་ཕྱིར་ལོག་ཡོང་དུ་འཇུག། 7དེ་རྣམས་ང་རང་ཉིད་ཀྱི་མི་མང་ཡིན། ང་ལ་གཟི་བརྗི་ཡོང་ཕྱིར་དེ་ཚོ་བཀོད་པ་ཡིན༎

ཨིསི་རཱཨེལ་གཙོ་བོ་དཀོན་མཆོག་གི་དཔང་པོ།

8དཀོན་མཆོག་ཁོང་གིས་བཀའ་གནང་བ། ཁྲིམས་ཁང་ནང་དུ་ང་ཡི་མི་མང་འབོད། དེ་ཚོར་མིག་ནི་ཡོད་ཀྱང་ལོང་བ་ཡིན། དེ་ཚོར་རྣ་བ་ཡོད་ཀྱང་འོན་པ་ཡིན། 9མི་རིགས་རྣམས་ནི་ཞིབ་དཔྱོད་བྱེད་པར་འབོད། དེ་ཚོའི་ལྷ་སུས་མ་འོངས་ལུང་བསྟན་བྱེད། ད་ལྟ་ཅི་བྱུང་དེའི་སྐོར་ལྷ་སུས་མངོན་ཤེས་བཤད་དམ། དེ་རྣམས་བདེན་པ་ཡིན་པ་སྟོན་པའི་ཆེད། གཏམ་དེ་བདེན་པ་ཡིན་མིན་རྟོགས་པའི་ཆེད། དེ་ཚོའི་ལྷ་རྣམས་ཀྱིས་དཔང་པོར་འཁྲིད་ཡོང་འཇུག། 10ཨིསི་རཱཨེལ་གྱི་མི་མང་ཁྱོད་ཚོ་རྣམས། ང་ཡི་དཔང་པོ་ཁག་ཚོ་ཡིན་པ་དང། ང་ངོ་ཤེས་ནས་ང་ལ་ཡིད་ཆད་བྱོས། ང་ནི་དཀོན་མཆོག་གཅིག་པུར་རྟོགས་པའི་ཕྱིར། ཁྱོད་ཚོར་ང་ཡིས་ཞབས་ཕྱིར་འདམས་ཡོད་དོ། ང་མིན་དཀོན་མཆོག་གཞན་ནི་སུ་ཡང་མེད། དེ་སྔར་བྱུང་མེད་རྗེས་སུ་ནམ་ཡང་མི་ཡོང་ངོ། 11ང་གཅིག་པོ་གཙོ་བོ་དཀོན་མཆོག་ཡིན། ཁྱོད་ཚོར་སྐྱོབ་པར་ང་ནི་གཅིག་པུ་ཡིན། 12ང་ཡིས་ཇི་ཡོང་ལུང་བསྟན་གྱིས་པ་དང། དེ་ནས་ང་ནི་ཁྱོད་ཚོའི་རོགས་སུ་ཡོང། ཕྱི་རྒྱལ་ལྷ་ཚོས་དེ་ལྟར་བྱས་མེད་དོ། ཁྱོད་ཚོ་རྣམས་ནི་ང་ཡི་དཔང་པོ་ཡིན། 13ང་ནི་དཀོན་མཆོག་ཡིན་པས་རྟག་ཏུ་གནས། སུ་ཡང་ང་ཡི་དབང་ནས་བྲོས་མི་ཐུབ། ང་ཡི་བྱ་བར་སུས་ཀྱང་བསྒྱུར་མི་ཐུབ༎

བྷེ་བྷི་ལོན་ནས་ཐར་བ།

14ཨིསི་རཱཨེལ་གྱི་དམ་པའི་དཀོན་མཆོག། ཁྱོད་ཚོར་སྐྱོབ་མཁན་གཙོ་བོ་དཀོན་མཆོག་གིས་བཀའ་གནང་ངོ། ཁྱོད་རྣམས་སྐྱོབ་པའི་ཆེད་དུ་ང་རང་གིས་བྷེ་བྷི་ལོན་ཐོག་དམག་མི་བཏང། གྲོང་ཁྱེར་རྒྱལ་སྒོ་རྣམས་ནི་ངས་བཅག་གོ། མི་མང་རྣམས་ནི་སྐད་ཆེན་ངུ་འབོད་འགྱུར། 15ང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་དམ་པ་ཡིན། ཨིསི་རཱཨེལ་ཁྱོད་ལ་ངས་བཀོད་པ་ཡིན། ང་ནི་ཁྱོད་ཀྱི་རྒྱལ་པོ་ཡིན་ནོ། 16གཙོ་བོ་དཀོན་མཆོག་ཁོང་གིས་ཡུན་རིང་སྔོན། རྒྱ་མཚོ་བརྒྱུད་ནས་རྒྱ་ལམ་བཟོ་བར་བྱས། འཁྱིལ་བའི་ཆུའི་དཀྱིལ་ནས་འགྲོ་བའི་ལམ། 17ཁོང་གིས་ཤིང་རྟ་འཁོར་ལོ་རྟ་དང་བཅས། དམག་དཔུང་སྟོབས་ཆེན་རྣམས་ནི་འཇིགས་པར་མཛད། ཞུ་མའི་མེ་ལྕེ་བསད་པ་ལྟར། མར་ལ་རིལ་ནས་ཡར་ལ་ལངས་རྒྱུ་མེད། 18འོན་ཀྱང་གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཁྱོད་ཚོ་འདས་པའི་བྱ་བར་མ་དྲན་ཞིག། ཡང་ན་ཡུན་རིང་སྔོན་དུ་བྱུང་བར་མ་ཆགས་ཤིག། 19ང་ཡིས་བྱ་རྒྱུའི་བྱ་བ་གསར་པར་ལྟོས། བྱུང་བཞིན་པ་དེ་ད་ལྟ་ཁྱོད་ཚོས་མཐོང་ཐུབ། མི་མེད་ལུང་སྟོང་བརྒྱུད་ནས་ལམ་བཟོས་ཏེ། ཁྱོད་ལ་དེ་རུ་རྒྱུགས་ཆུ་བྱིན་པར་བྱ། 20ནགས་ཀྱི་སེམས་ཅན་ཀྱང་ནི་ང་ལ་བཀུར། ཁྱི་སྤྱང་དང་ནི་བྱ་ཆེན་ཨོསེ་ཊིརིཆི་ཚོས་ང་ལ་བསྟོད། ང་ཡིས་འདམས་པའི་མི་མང་འཐུང་བའི་ཕྱིར། བྱེ་ཐང་བརྒྱུད་ནས་གཙང་པོ་རྒྱུགས་པར་བྱས། 21མི་རིགས་རྣམས་ནི་ང་ཡི་ཆེད་དུ་བཟོས། དེཚོས་ང་ལ་བསྟོད་པའི་མགུར་མ་ལེན༎

ཨིསི་རཱཨེལ་གྱི་སྡིག་པ།

22གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། འོན་ཀྱང་ཨིསི་རཱཨེལ་ཁྱོད་ནི་ང་མཉམ་ཐང་ཆད་ཡོད། ཡ་ཀོབ་ཁྱོད་ཀྱིས་ང་ལ་མཆོད་པར་མི་བྱེད་དོ། 23ཁྱོད་ཀྱིས་ང་ལ་ལུག་གི་སྦྱིན་སྲེག་ཡང་མི་ཕུལ། ཁྱོད་ཀྱིས་དམར་མཆོད་འབུལ་ནས་ང་ལ་བཀུར་མེད་དོ། ཁྱོད་ལ་འབུལ་བ་དགོས་ཟེར་འཁུར་པོ་བཟོས་མེད་དོ། ཡང་ན་བདུག་སྤོས་དགོས་ཅེས་ཐང་ཆད་བཅུག་མེད་དོ། 24ཁྱོད་ཚོས་ངའི་ཆེད་བདུག་སྤོས་ཉོས་མེད་དོ། ཡང་ན་སེམས་ཅན་ཚིལ་གྱིས་ཚིམ་པར་བྱས་མེད་དོ། དེ་ཡི་ཚབ་ལ་ཁྱོད་ཀྱི་སྡིག་པའི་འཁུར་པོས་ང་ལ་མནན། ལས་ངན་གྱིས་པས་ང་ལ་ཐང་ཆད་བཅུག། 25དེ་བས་ན་ཁྱོད་ཀྱི་སྡིག་སེལ་བྱ་མཁན་གྱི། གཙོ་བོ་དཀོན་མཆོག་དེ་ནི་ང་ཡིན་ནོ། ང་ནི་རང་གི་ཆེད་དུ་འདི་ལྟར་བྱས། ང་ཡིས་ཁྱོད་ཆོའི་སྡིག་པར་སླར་མི་དྲན། 26ང་ཚོ་ལྷན་དུ་ཁྲིམས་ཁང་ནང་དུ་བསྐྱོད། ཁྱོད་ཀྱི་བདེན་པ་ཁུངས་བསྐྱེལ་བྱ་བའི་ཕྱིར། ཁྱོད་ཀྱི་སྐྱོན་བརྫོད་མཉམ་དུ་འཁྱེར་ནས་ཤོག། 27ཁྱོད་ཀྱི་སྔོན་གྱི་མེ་པོས་སྡིག་པ་གྱིས། ཁྱོད་ཀྱི་འགོ་པས་ངའི་དྲུང་སྡིག་པ་གྱིས། 28ཁྱོད་ཡི་སྲིད་སྐྱོང་པ་རྣམས་ཀྱིས་ང་ཡི་ས་གནས་དམ་པར་མི་གཙང་བ་བཟོས་པའི་རྐྱེན། ང་ཡིས་ཡ་ཀོབ་སྟེང་དུ་འཇིགས་པ་འབེབས། ང་ཡིས་ཨིསི་རཱཨེལ་སྟེང་དམའ་འབེབས་བྱུང་དགོས་བཟོས༎

ཡེ་ཤ་ཡཱ 44

གཙོ་བོ་དཀོན་མཆོག་གཅིག་པུ་དཀོན་མཆོག་ཡིན།

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ང་ཡི་བྲན་པོ་ཡ་ཀོབ་ཉོན། ང་ཡིས་འདམ་པའི་ཨིསི་རཱཨེལ་ད་ཉོན་ཞིག། 2ང་ནི་ཁྱོད་ཀྱི་བཀོད་པ་གཙོ་བོ་དཀོན་མཆོག་ཡིན། ཁྱོད་སྐྱེས་ནས་བཟུང་སྟེ་ངས་རོགས་གྱིས། མ་འཇིགས་ཁྱོད་ང་ཡི་བྲན་པོ་ཡིན་། ང་ཡིས་བརྩེ་ཞིང་འདམས་པའི་མི་མང་ཡིན། 3སྐོམ་པའི་ས་ཆར་ང་ཡིས་ཆུ་འབྱིན་ནོ། ས་སྐམ་སྟེང་དུ་རྒྱུགས་ཆུ་རྒྱུགས་སུ་འཇུག། ཁྱོད་ཀྱི་ཕྲུ་གུར་ང་ཡི་ཐུགས་ཉིད་བླུག་རྒྱུ་ཡིན། ཁྱོད་ཀྱི་རིགས་བརྒྱུད་རྣམས་ལ་ངས་བྱིན་རླབས། 4དེ་ཚོ་རྒྱུགས་ཆུའི་འགྲམ་གྱི་ལྕང་སྡོང་ལྟར། ཆུ་ནི་ལེགས་པར་ཐོབ་པའི་རྩ་ལྟར་འཕེལ། 5རེ་རེས་བྱེས་ནས་མི་ཚོས་ཟེར། ང་ནི་གཙོ་བོ་དཀོན་མཆོག་ཁོང་གི་ཡིན། དེ་ཚོ་ཨིསི་རཱཨེལ་གྱི་མི་མཉམ་མཐུན་ཕྱིར་ཡོང། དེ་ཚོ་རེ་རེས་རང་གི་ལག་པའི་སྟེང། གཙོ་བོ་དཀོན་མཆོག་ཁོང་གི་མཚན་བཀོད་ཅིང། རང་ལ་དཀོན་མཆོག་ཁོང་གི་སྐྱེ་བོར་འབོད། 6ཨིསི་རཱཨེལ་ལ་རྒྱལ་སྲིད་སྐྱོངས་ཤིང་། སྐྱོབ་པར་མཛད་མཁན་གཙོ་བོ་དཀོན་མཆོག། ཀུན་དབང་ལྡན་པ་གཙོ་བོ་དཀོན་མཆོག་ཁོང་གིས་འདི་སྐད་གསུངས། ང་ནི་ཐོག་མཐའ་མེད་པའི་དཀོན་མཆོག་གཅིག་པོ་ཡིན། ང་མིན་དཀོནམཆོག་གཞན་ཞིག་སུ་ཡང་མེད། 7ང་ཡིས་བྱས་པ་ལྟ་བུ་སུས་བྱས་ཐུབ་བམ། ཐོག་མའི་དུས་ནས་མཐའ་མའི་བར་དེ་རུ། དེ་ལྟར་འབྱུང་རྒྱུའི་མངོན་ཤེས་སུས་ཤེས་ཐུབ། 8ང་ཡི་མི་མང་ཁྱོད་ཚོ་མ་འཇིགས་ཤིག། སྔ་མོའི་དུས་ནས་ད་ལྟའི་བར་དེ་ལ། འབྱུང་བ་རྣམས་ནི་ང་ཡིས་སྔོན་དུ་བཤད། ཁྱོད་ཀྱིས་ཤེས་ཤིང་ང་ཡི་དཔང་པོ་ཡིན། ང་མིན་དཀོན་མཆོག་གཞན་ཞིག་སུ་ཡོད་དམ། ང་ཡིས་མ་ཐོས་པ་ཡི་དཀོན་མཆོག་ནི། སྟོབས་ཆེན་དཀོན་མཆོག་གཞན་ཞིག་སུ་ཡོད་དམ༎

འདྲ་སྐུར་མཆོད་པ་ལ་སྨད་པ།

9སྐུ་འདྲ་བཟོ་མཁན་རྣམས་སྙིང་པོ་མེད་པ་དང། དེ་ཚོས་རིང་ཐང་ཆེན་པོར་བརྩི་བའི་ལྷ་རྣམས་ཕན་མེད་ཡིན། ལྷ་དེ་ཚོ་ལ་མཆོད་མཁན་རྣམས་ལོང་བ་དང་རྨོངས་པ་ཡིན་པ་དང། དེ་ཚོ་ལ་དམའ་འབེབས་བྱ་བར་འགྱུར་རོ། 10ལྷ་བཞིན་མཆོད་རྒྱུར་ལྕགས་རིགས་ཀྱིས་བཟོས་པ་རྣམས་ཕན་ཐོག་མེད་དོ། 11དེ་ཚོ་མཆོད་མཁན་རྣམས་ལ་དམའ་འབེབས་བྱ་བར་འགྱུར་། སྐུ་འདྲ་བཟོ་མཁན་རྣམས་ནི་མི་རང་ཡིན་པ་མ་གཏོགས་གཞན་གང་ཡང་མིན། དེ་ཚོ་མཉམ་དུ་ལང་བཅུག་ནས་ཞིབ་དཔྱོད་བྱེད་དུ་འཇུག་དང་དེ་ཚོ་འཇིགས་ཤིང་སྐྲག་པ་དང་མཉམ་དུ་དམའ་འབེབས་མྱོང་བར་བྱའོ། 12ལྕགས་རིགས་ཀྱི་ལག་ཤེས་པ་ཚོས་ལྕགས་རིགས་ཤིག་བླངས་ནས་མེའི་སྟེང་དུ་བཞུར་བ་དང། དེ་ལས་ལྕགས་རིགས་ལ་བཟོ་འདོན་པའི་ཆེད་ཁོའི་སྟོབས་ཅན་ལག་ངར་གྱིས་ཐོ་བས་ཞུས་སོ། ཁོས་ལས་བྱེད་བཞིན་པའི་སྐབས་ལྟོགས་པ་དང་སྐོམ་པ་དང་ཐང་ཆད་པར་འགྱུར་རོ། 13ཤིང་བཟོ་པས་ཤིང་ལ་ཚད་རྒྱབ་ནས། ས་དཀར་གྱིས་དབྱིབས་བྲིས་ནས་ཁོ་པའི་ལག་ཆས་དེ་ལ་སྤྲོས་རྒྱབ་པ་དང་ཁོ་པའི་ཁྱིམ་དུ་འཇོག་བྱེད་མིའི་བཟོ་དབྱིབས་མཛེས་པོ་ཞིག་བཟོ་བར་བྱེད་དོ། 14ཁོས་ཤིང་ནགས་ནས་བེད་སྤྱོད་ཆེད་དུ་འགྱམ་ཤིང་བཅད་པའམ་བེ་ཤིང་ངམ་སོམ་ཤིང་འདམ་པར་བྱེད་སྲིད་དོ། ཡང་ན་ཁོས་འོ་རིན་ཤིང་འདེབས་ནས་དེ་སྐྱེས་བའི་ཕྱིར་ཆར་པ་སྒུག་སྲིད་དོ། 15མི་ཞིག་གིས་ཤིང་སྡོང་གི་ཆ་ཤས་ཤིག་མེ་ཤིང་ལ་བེད་སྤྱོད་བྱེད་པ་དང། ཆ་ཤས་ཤིག་སྐུ་འདྲ་བཟོ་བར་བེད་སྤྱོད་བྱེད་དོ། ཆ་ཤས་ཤིག་ཁོ་རང་སྤྲོ་བའི་མེ་དང་བག་ལེབ་བཟོའོ། ཆ་ཤས་གཞན་དེས་ཁོས་ལྷ་ཞིག་བཟོས་ནས་དེ་ལ་མཆོད་པར་བྱེད་དོ། 16ཤིང་ཕྲན་བུས་ཤིག་མེ་སྤར་ནས་དེ་ལ་ཤ་སྲེག་སྟེ། དེ་ཟས་ནས་འདོད་པ་འཚིམ་པར་བྱེད་དོ། ཁོ་རང་མེས་དྲོ་བར་བྱས་ནས་ད་ག་འདྲ་སྐྱིད་པོ་དང་དྲོ་པོ་འདུག མེ་ག་འདྲ་ལེགས་པོ་འདུག་ཅེས་སྨྲ་བར་བྱེ་དོ། 17ཤིང་ལྷག་འཕྲོས་དེས་འདྲ་སྐུ་ཞིག་བཟོས་ནས་དེ་ལ་ཕྱག་འཚལ་ཞིང་མཆོད་པར་བྱེད་དོ། ཁོས་དེ་ལ་གསོལ་བ་བཏབ་ནས་ཁྱེད་ནི་ངའི་ལྷ་ཡིན་པས་ང་ལ་སྐྱོབ་རོགས་གནང་ཞེས་སྨྲས་སོ། 18མི་དེ་ཚོ་ནི་དེ་ཚོས་ག་རེ་བྱེད་པ་མི་ཤེས་མཁན་གླེན་པ་རྣམས་ཡིན་ནོ། དེ་ཚོས་བདེན་པ་ལ་མིག་དང་སེམས་ཉིད་བཙུམ་ནས་ཡོད་དོ། 19སྐུ་འདྲ་བཟོ་མཁན་གྱིས་ངས་ཤིང་འགའ་ཤས་མེར་བསྲེག་པ་ཡིན། དེའི་སྟེང་དུ་ངས་བག་ལེབ་བསྲེགས་པ་དང་ཤ་རྣམས་བསྲེགས་ནས་ཟས་པ་ཡིན། ཤིང་ལྷག་འཕྲོས་དེས་ངས་སྐུ་འདྲ་ཞིག་བཟོས་པ་ཡིན། ང་འདིར་ཤིང་དུམ་བུ་ཞིག་ལ་ཕྱག་འཚལ་གྱི་ཡོད་ཅེས་ཟེར་བའི་བློ་གྲོས་མེད་དོ། 20དེར་གོག་ཐལ་འགམ་པ་ལྟ་བུའི་ཤེས་རབས་ཡོད། ཁོ་གླེན་པའི་བསམ་བློས་འདི་ལྟར་ལམ་ནོར་དུ་འཁྲིད་ཡོད་པའི་རྐྱེན་གྱིས་ཁོ་རོགས་རམ་ནས་བྲལ་ཡོད་དོ། ཁོས་ཁོ་རང་གི་ལག་ཏུ་བཟུང་བའི་སྐུ་འདྲ་དེ་ལྷ་རྩ་བ་ནས་མིན་པར་ཁས་ལེན་མི་བྱེད་དོ༎

བཀོད་པ་པོ་དང་སྐྱབས་མགོན་གཙོ་བོ་དཀོན་མཆོག།

21གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཀྱེ་ཡ་ཀོབ་འདི་ལ་དྲན་པར་བྱོས། ཀྱེ་ཨིསི་རཱཨེལ་ཁྱོད་ང་ཡི་ཞབས་ཕྱི་ཡིན་པ་དྲན་ཞིག། ང་ཡི་ཞབས་ཕྱིའི་ཕྱིར་དུ་ཁྱོད་བཀོད་ཡོད། ཁྱོད་རྩ་བ་ནས་ངས་མི་བརྗེད། 22ང་ཡིས་ཁྱོད་ཚོའི་སྡིག་པ་སྤྲིན་ལྟར་འཕྱག། ཁྱོད་ལ་སྐྱོབ་མཁན་ང་ཡིན་ངའི་སར་ལོག་ནས་ཤོག། 23མཐོ་རིས་དགའ་བའི་སྐད་འབོད་བྱོས་ཤིག་དང། ས་གཞི་གཏིང་རིང་གནས་ནས་སྐད་འབོད་ཅིག། རི་དང་ནགས་ཀྱི་ཤིང་རྣམས་སྐད་འབོད་བྱོས། གཙོ་བོ་དཀོན་མཆོག་ཁོང་གིས་ཨིསི་རཱཨེལ་མི་ལ། སྐྱོབ་ནས་ཁོང་གི་རླབས་ཆེན་འདོན་གནང་ངོ། 24ང་ནི་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་སྐྱབས་མགོན་ཡིན། ང་ནི་ཁྱོད་ལ་བཀོད་མཁན་དེ་རང་ཡིན། དངོས་རིགས་རྣམས་ནི་བཀོད་མཁན་གཙོ་བོ་དཀོན་མཆོག་ང་རང་ཡིན། མཐོ་རིས་ཡོངས་ནི་ང་རང་གཅིག་པུས་བརྐྱངས། ང་ཡིས་ས་གཞི་བཀོད་སྐབས་རོགས་མེད་དོ། 25མངོན་ཤེས་མཁན་རྣམས་ང་ཡིས་གླེན་པ་བཟོས། རྩིས་པའི་ལུང་བསྟན་ཁུངས་ལུང་མེད་པ་བཟོས། ཤེས་རབ་ཅན་གྱི་གཏམ་ནི་ནོར་འཁྲུལ་བཟོས། དེ་ཚོའི་ཤེས་རབ་རྣམས་ནི་གླེན་པར་བཟོས། 26འོན་ཀྱང་ང་ཡི་ཞབས་ཕྱིས་ལུང་བསྟན་སྐབས། ང་ཡི་འཆར་གཞི་སྟོན་པར་བང་ཆེན་བཏང་བའི་སྐབས། ང་ཡིས་ལུང་བསྟན་འཆར་གཞི་དེ་ཚོ་དངོས་སུ་བསྟན། མི་རྣམས་སྐྱར་དུ་གཞི་ཆགས་ཡོང་ཟེར་ཡེ་རུ་ཤ་ལེམ་ལ་ནི་ང་ཡིས་སྨྲས། ཡ་ཧུ་དཱ་ཡི་གྲོང་ཁྱེར་ཡོངས་ལ་བརྗོད་བཞིན་ཡོད། འདི་ནི་གསར་དུ་སྐྱར་བཞེངས་བྱས་པར་འགྱུར། གྲོང་ཁྱེར་དེ་ཚོ་གཞིག་ཤུལ་ནས་ལངས་པར་འགྱུར། 27ང་ཡི་སྨྲས་པའི་བཀའ་དེ་ཚིག་གཅིག་གིས། རྒྱ་མཚོ་རྣམས་ནི་སྐམ་པར་བྱེད་དུ་བཅུག། 28ང་ཡིས་སའི་རསེ་ལ་འདི་ལྟར་སྨྲས། ཁྱོད་ནི་ང་ཡི་ཆེད་དུ་རྒྱལ་སྲིད་སྐྱོངས། ང་ཡི་ཇི་འདོད་ཁྱོད་ཀྱིས་བྱེད་པ་དང། ཡེ་རུ་ཤ་ལེམ་སྐྱར་བཞེངས་བྱ་རྒྱུ་དང་། མཆོད་ཁང་རྨང་གཞི་འདིང་བར་ཁྱོད་ཀྱིས་བཀའ་གཏོང་ཡོང༎

ཡེ་ཤ་ཡཱ 45

གཙོ་བོ་དཀོན་མཆོག་གིས་སའི་རསེ་བསྐོས་གནང་བ།

1གཙོ་བོ་དཀོན་མཆོག་ཁོང་གིས་སའི་རསེ་རྒྱལ་པོར་འདམས། ཁོང་གིས་མི་རིགས་དབང་འོག་བསྡུ་བར་བསྐོས། ཁོང་གིས་ཁོ་ལ་རྒྱལ་པོ་ཚོའི་སྟོབས་ཤུགས་འཕྲོག་པར་བཏང་གནང་ངོ། ཁོ་ཡི་ཆེད་དུ་གཙོ་བོ་དཀོན་མཆོག་གིས་གྲོང་ཁྱེར་རྣམས་ཀྱི་རྒྱལ་སྒོ་རྣམས་འབྱེད་པར་མཛད། སའི་རསེ་ལ་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། 2རི་དང་རི་ཕྲན་རྣམས་ནི་སྙོམ་པར་བྱས་ནས། ང་ཡིས་ཁྱོད་ཀྱི་ལམ་དེ་བཟོ་བར་བྱ། ང་ཡིས་ལིའིི་སྒོ་རྣམས་བཅག་པར་བྱས། དེ་ཡི་ལྕགས་ཀྱི་མདུང་མ་རྣམས་དུམ་བུར་བསིལ། 3ང་ཡིས་ཁྱོད་ལ་མུན་པ་དང་ནི་གསང་བའི་ཡུལ་ནས་གཏེར་བྱིན་ནོ། ཁྱོད་ཀྱིས་ང་ནི་གཙོ་བོ་དཀོན་མཆོག་ཡིན་པར་ཤེས། ཨིསི་རཱཨེལ་ཡི་དཀོན་མཆོག་གིས། ཁྱོད་ལ་ཁྱོད་ཀྱི་མིང་ནས་འབོད་པ་ཤེས། 4ང་ཡི་བྲན་གཡོག་ཨིསི་རཱཨེལ། ང་ཡིས་འདམས་པའི་མི་མང་ལ། རོགས་པ་བྱེད་ཕྱིར་ངས་ཁྱོད་བསྐོས་པ་ཡིན། ཁྱོད་ཀྱིས་ང་ངོ་ཤེས་ཀྱི་མེད་ན་ཡང། ང་ཡིས་ཁྱོད་ལ་ཆེ་མཐོང་ཆེན་པོ་བྱིན། 5གཙོ་བོ་དཀོན་མཆོག་ང་ཡིན་གཞན་ཞིག་དཀོན་མཆོག་མེད། ཁྱོད་ཀྱིས་ང་ངོ་ཤེས་ཀྱི་མེད་ན་ཡང། ང་ཡིས་ཁྱོད་ལ་དགོས་པའི་ནུས་ཤུགས་བྱིན། 6ང་ནི་གཙོ་བོ་དཀོན་མཆོག་ཡིན་པ་དང། དཀོན་མཆོག་གཞན་ཞིག་མེད་པ་འཛམ་གླིང་མཐའ་གཅིག་ནས། གཞན་གྱི་བར་ཚང་མས་ཤེས་པའི་ཕྱིར་ངས་འདི་ལྟར་བྱ་བཞིན་ཡོད། 7འོད་དང་མུན་པ་གཉིས་ཀ་ངས་བཟོས་པ་ཡིན། བྱིན་རླབས་དང་ནི་རྐྱེན་ངན་ངས་འཁྱེར་ཡོང་བ་ཡིན། གཙོ་བོ་དཀོན་མཆོག་ང་ཡིས་དེ་རྣམས་གྱིས། 8ང་ཡིས་གནམ་ནས་རྒྱལ་ཁ་ཆར་ལྟར་གཏོང། ལེན་པའི་ཆེད་དུ་ས་གཞིས་ཁ་འབྱེད། དེ་ཡི་རང་དབང་དང་ནི་ཁྲིམས་དྲང་བཞད་པར་འགྱུར། དེ་ལྟར་གཙོ་བོ་དཀོན་མཆོག་ང་ཡིས་སྒྲུབ་པར་བྱས༎

བཀོད་པ་དང་རྒྱལ་རབས་ཀྱི་གཙོ་བོ་དཀོན་མཆོག།

9རྫ་སྣོད་གཞན་ལྟར་རྫ་ཡི་སྣོད་གཅིག་གིས། བཟོ་མཁན་དེ་ལ་རྩོད་པ་བྱེད་ནུས་སམ། ས་ཡི་རྫ་མཁན་དེ་ལ་ཁྱེད་ག་རེ་བྱེད་ཀྱི་ཡོད་དམ་ཞེས་འདྲིས་སམ། རྫ་སྣོད་ཀྱིས་རྫ་མཁན་དེ་ལ་སྦྱོང་དར་མེད་ཟེར་སྐྱོན་མརྗོད་དམ། 10སུ་ཞིག་རང་གི་སོ་སོའི་ཕ་མ་ལ། ང་ལ་ཅིའི་ཕྱིར་འདི་ལྟར་བཟོས་པ་ཡིན་ཞེས་འདྲིས་སམ། 11གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་པ་ཡི་དཀོན་མཆོག་དམ་པ་དེས། མ་འོང་དབྱིབས་འདོན་པ་ཡིས་འདི་ལྟར་གསུངས། ང་ཡི་ཕྲུ་གུའི་སྐོར་ལ་དྲི་བའམ། ཇི་ལྟར་བྱེད་དགོས་ང་ལ་་བརྗོད་པ་དེ། ཁྱོད་ལ་ཐོབ་ཐང་རྩ་བ་ཉིད་ནས་མེད། 12ས་གཞི་བཀོད་མཁན་ང་ཡིན་ནོ། མི་རྣམས་དེར་གནས་པའི་ཆེད་དུ་ངས་བཀོད་པ་ཡིན། ང་ཡི་ནུས་མཐུས་མཐོ་རིས་བརྐྱངས་པར་བྱས། ང་ཡིས་ཉི་ཟླ་སྐར་གསུམ་དབང་བསྒྱུར་བྱེད། 13ང་ཡི་དམིགས་ཡུལ་སྒྲུབ་ཆེད་ལམ་སྲོང་ཆེད། ང་ཡིས་སའི་རསེ་ལ་དཀྲུགས་པ་ཡིན། ཁོ་ནི་འགྲུལ་བའི་ལམ་ཚང་མ་ངས་དྲང་པོ་བཟོས། ང་ཡི་གྲོང་ཁྱེར་ཡེ་རུ་ཤ་ལེམ་ཁོ་ཡིས་སྐྱར་བཞེངས་པར་འགྱུར། ང་ཡི་བཙོན་པ་རྣམས་ནི་བཀྲོལ་བར་བྱ། དེ་ལྟར་བྱེད་པར་ཁོ་ལ་སུ་ཞིག་གིས། གླས་པ་དང་ནི་ལྐོག་རྔན་བླངས་མེད་དོ། གཙོ་བོ་དཀོན་མཆོག་ཀུན་དབང་ཅན་གྱིས་གསུངས། 14གཙོ་བོ་དཀོན་མཆོག་ཁོང་གིས་ཨིསི་རཱཨེལ་ལ་གསུངས་པ། ཨི་ཇིབ་དང་ནི་ཨི་ཐི་ཨོ་པི་ཡའི་རྒྱུ་ནོར་ཁྱོད་ཀྱི་ཡིན་པར་འགྱུར། སེ་བྷའི་མི་གཟུགས་རིང་མི་རྣམས་ཁྱོད་ཀྱི་ཚེ་གཡོག་འགྱུར། དེ་ཚོ་ལྕགས་སྒྲོགས་ངང་དུ་ཁྱོད་ཀྱི་རྗེས་སུ་འཇུག། དེ་ཚོས་ཁྱོད་ལ་མགོ་སྒུར་ཁས་ལེན་བྱེད། ཁྱོད་མཉམ་དཀོན་མཆོག་བཞུགས་ཡོད་ཅིང། ཁོང་ནི་གཅིག་པོ་དཀོན་མཆོག་ཡིན། 15རང་གི་མི་མང་སྐྱོབ་པར་མཛད་མཁན་ཨིསི་རཱཨེལ་གྱི་དཀོན་མཆོག་ནི། གསང་བར་བཞུགས་པའི་དཀོན་མཆོག་ཡིན། 16སྐུ་འདྲ་བཟོ་མཁན་རྣམས་ནི་ངོ་ཚར་འགྱུར། དེ་ཚོ་ཚང་མར་དམའ་འབེབས་བྱེད་པར་འགྱུར། 17འོན་ཀྱང་ཨིསི་རཱཨེལ་ལ་ནི་གཙོ་བོ་དཀོན་མཆོག་ཁོང་གིས་སྐྱབས། མོའི་རྒྱལ་ཁ་གཏན་གྱི་ཆེད་དུ་གནས། མོའི་མི་མང་ནམ་ཡང་དམའ་མི་འབེབས། 18གཙོ་བོ་དཀོན་མཆོག་ཁོང་གིས་མཐོ་རིས་བཀོད་ཡོད་དོ། དེ་ལྟར་མཛད་མཁན་དཀོན་མཆོག་ཁོང་རང་ཡིན། ཁོང་གིས་ས་གཞིའི་བཟོས་ནས་བཀོད་པར་མཛད། ཁོང་གིས་དེ་ནི་རྒྱུན་དུ་བརྟན་པོར་བཟོས། ཁོང་གིས་དེ་ནི་ཕན་མེད་བཟོས་མེད་དོ། མི་མང་སྡོད་པའི་ཆེད་དུ་བཟོས་གནང་ངོ། ཁོང་རང་ཉིད་ཀྱིས་ང་ནི་གཙོ་བོ་དཀོན་མཆོག་དེ་ཡིན། ང་མིན་དཀོན་མཆོག་གཞན་ཞིག་སུ་ཡང་མེད། 19གསང་བའི་ཐོག་ནས་གཏམ་གླེང་ངས་མ་བྱས། ང་ཡི་དམིགས་ཡུལ་སྦས་ནས་བཞག་མེད་དོ། ང་ཡིས་ཨིསི་རཱཨེལ་མི་མང་ལ། ང་ལ་དོན་མེད་འཚོལ་དུ་བཅུག་མེད་དོ། ང་ནི་གཙོ་བོ་དཀོན་མཆོག་ཡིན་པས་བདེན་པར་སྨྲ། ང་ཡིས་དྲང་བདེན་ཇི་ཡིན་སྟོན་པར་བྱ་ཞེས་གསུངས་སོ༎

འཛམ་གླིང་གི་གཙོ་བོ་དཀོན་མཆོག་དང་བྷེ་བྷི་ལོན་གྱི་སྐུ་འདྲ་རྣམས།

20གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། རྒྱལ་ཁམས་སྟོངས་བར་བྱུང་བ་ལས་གསོན་པོར་ལུས་པ་རྣམས། མི་རིགས་སོ་སོ་མཉམ་དུ་འཛོམས་པར་ཤོག། ཁྱོད་ཚོ་ཞིབ་དཔྱོད་ཆེད་དུ་སྤྱན་དྲུང་ཞུས། ཤིང་གི་སྐུ་འདྲ་མཉམ་བསྐྱོད་མི་མང་ཚོ། སྐྱོབ་མི་ནུས་པའི་ལྷ་ལ་གསོལ་འདེབས་མཁན། མི་རིགས་དེ་ཚོས་གང་ཡང་ཤེས་ཀྱི་མེད། 21ཁྱོད་ཚོའི་ཁ་མཆུ་ཁྲིམས་ཁང་ནང་འབུལ་ཞིག། དེ་ཚོ་གཅིག་གི་གཅིག་ལ་གོ་བསྡུར་བྱེད་དུ་འཇུག། ཡུན་རིང་སྔོན་དུ་ཇི་ཡོང་སུས་མངོན་ཤེས་སོ། རང་གི་མི་མང་སྐྱོབ་མཁན་དཀོན་མཆོག་དེ། གཙོ་བོ་དཀོན་མཆོག་ངས་མངོན་ཤེས་པ་མ་ཡིན་ནམ། དཀོན་མཆོག་གཞན་ཞིག་སུ་ཡང་མེད། 22འཛམ་གླིང་ཡོངས་སུ་ཡོད་པའི་མི་མང་ཚོ། ང་ཡི་ཕྱོགས་སུ་བསྒྱུར་ནས་སྐྱོབ་པར་བྱོས། ང་ནི་དཀོན་མཆོག་གཅིག་པོ་དེ་རང་ཡིན། 23ང་ཡི་ཁས་ལེན་དེ་ནི་བདེན་པ་ཡིན། དེ་ནི་ནམ་ཡང་བསྒྱུར་བར་མི་བྱའོ། ང་ཡི་སྲོག་གི་མནའ་སྐྱེལ་རྒྱུ་ཡིན། ཚང་མ་ཡོངས་ནས་ངའི་མདུན་པུས་མོ་བཚུགས་པ་དང། ང་ལ་དམ་གཙང་གནས་རྒྱུར་དམ་བཅའ་གྱིས་བར་འགྱུར། 24ང་བརྒྱུད་གཅིག་པོ་རྒྱལ་ཁ་དང་ནུས་སྟོབས་ཐོབ་བོ་ཅེས། དེ་ཚོ་རྣམས་ཀྱིས་སྨྲ་བར་བྱེད། འོན་ཀྱང་ང་ལ་སྡང་མཁན་དམའ་འབེབས་བྱུང་བར་འགྱུར། 25ང་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི། རིགས་བརྒྱུད་ཡོངས་ལ་སྐྱོབ་པར་བྱས། དེ་ཚོས་ང་ལ་བསྟོད་བསྔགས་བྱེད་པར་འགྱུར༎

ཡེ་ཤ་ཡཱ 46

1འདི་ནི་བྷེ་བྷི་ལོན་གྱི་ལྷ་ཚོའི་མཐའ་མ་ཡིན། བྷེལ་དང་ནེ་བྷོ་ལ་ནི་སྔོན་ནས་མཆོད་པར་གྱིས། འོན་ཀྱང་ད་ཆ་དེ་ཚོ་བོང་བུར་ཁལ་བཀལ་ཡོད། ཐང་ཆད་པ་ཡི་སེམས་ཅན་གྱི་སྒལ་པར་འཁུར་པོར་འགྱུར། 2སྐུ་འདྲ་ཚོ་ཡིས་དེ་ཚོ་རང་ལ་སྐྱོབ་མི་ཐུབ། དེ་ཚོ་དབང་བཟུང་བྱས་ནས་འཁྱེར་རོ། དེ་ནི་བྷེ་བྷི་ལོན་ལྷ་ཚོའི་མཐའ་མ་ཡིན། 3ང་ཡི་མི་མང་ལྷག་མར་ལུས་པ་ཚང་མ། ཡ་ཀོབ་རིགས་བརྒྱུད་རྣམས་ནི་ང་ལ་ཉོན། ཁྱོད་ཚོ་སྐྱེས་ནས་ཟུང་ང་ཡིས་བལྟ་རྟོགས་བྱས། 4ཁྱོད་ཚོ་རྒས་ནས་སྐྲ་དཀར་མ་བསྒུར་བར། ཁྱོད་ཚོའི་དཀོན་མཆོག་ང་ཡིས་བལྟ་རྟོགས་བྱས། ང་ཡིས་ཁྱོད་ཚོ་བཟོས་ནས་བལྟ་རྟོགས་བྱས། ང་ཡིས་ཁྱོད་ཚོར་རོགས་དང་སྐྱོབ་པར་བྱ་རྒྱུ་ཡིན། 5ཁྱོད་ཚོས་ང་ནི་སུ་དང་བསྡུར་བར་བྱ། ང་དང་འདྲ་བའི་གཞན་ཞིག་སུ་ཡོད་དམ། གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་ངོ། 6མི་མང་དངུལ་ཁུག་ཕྱེས་ནས་གསེར་འདོན་ནོ། དེ་ཚོས་དངུལ་རྣམས་ཉ་གའི་སྟེང་དུ་འདེགས། གསེར་བཟོ་བ་ཞིག་གླས་ནས་ལྷ་ཞིག་བཟོ། དེ་ནས་དེ་ལ་ཕྱག་འཚལ་མཆོད་པར་བྱེད། 7དེ་ཚོས་དེ་ནི་གཉའ་བར་བཏེགས་ནས་འཁུར། དེ་ནི་གང་དུ་བཞག་ཀྱང་དེར་གནས་སོ། འགུལ་མི་ཐུབ་པ་དེ་རུ་གནས་པར་འགྱུར། སུ་ཞིག་དེ་ལ་སྨོན་ལམ་འདེབས་རྩ་ན་། དེ་ཡིས་ལན་འདེབས་བྱས་མི་ཐུབ་པ་དང། ཡང་ན་རྐྱེན་ངན་སོགས་ནས་སྐྱོབ་མི་ཐུབ། 8སྡིག་ཅན་རྣམས་ཚོ་འདི་ལ་དྲན་པར་བྱོས། ང་ཡིས་ཇི་འདྲ་བྱས་པར་བསམ་བློ་གཏོང། 9དུས་རིང་སྔོན་དུ་ཇི་ལྟར་བྱུང་དྲན། ང་གཅིག་པོ་དཀོན་མཆོག་ཡིན་པ་དང། ང་ལྟར་གཞན་ཞིག་མེད་པར་ངོས་ལེན་བྱོས། 10སྔོན་ནས་ང་ཡིས་མཐའ་མའི་འབྲས་བུ་གང་བྱུང་ངས་ལུང་བསྟན། ཡུན་རིང་སྔོན་དུ་ང་ཡིས་ཇི་ཡོང་མངོན་ཤེས་བཤད། ང་ཡི་འཆར་གཞི་མ་སྒྲུབ་མི་ཡོང་སྨྲས། ང་ཡི་འཆར་གཞི་ཇི་ཡོད་ཚང་མ་གྱིས། 11ཤར་གྱི་ཕྱོགས་ནས་ང་ཡིས་མི་ཞིག་འབོད། ཁོ་ནི་ཁྲ་ལྟར་མཐོ་གཤོག་བརྒྱབ་ནས་མར་བབ་ཡོང། ང་ཡིས་འཆར་གཞི་བཀོད་པ་རྣམས་སྒྲུབ་བྱེད། ང་ཡི་སྨྲས་པ་དེ་ལྟར་བྱ་བར་འགྱུར། 12ཀྱེ་གྱོང་པོའི་མི་རྣམས་ང་ལ་ཉོན། རྒྱལ་ཁ་ཐག་རིང་ཡོད་ཟེར་ཁྱོད་ཚོས་བསམ། 13ང་ཡིས་རྒྱལ་ཁའི་ཉི་མ་ཉེ་བར་འདྲེན། དེ་ནི་ཐག་རིང་རྩ་བ་ཉིད་ནས་མེད། ང་ཡིས་རྒྱལ་ཁ་དེ་བཞིན་འགྱངས་མི་འགྱུར། ང་ཡིས་ཡེ་རུ་ཤ་ལེམ་སྐྱོབ་རྒྱུ་ཡིན། ཨིསི་རཱཨེལ་ལ་ནི་ཆེ་མཐོང་སྤྲོད་རྒྱུ་ཡིན༎

ཡེ་ཤ་ཡཱ 47

བྷེ་བྷི་ལོན་ལ་ཁྲིམས་ཀྱི་དཔྱད་མཚམས།

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། བྷེ་བྷི་ལོན་ཁྱོད་ཀྱི་ཁྲི་ནས་མར་བབས་ཤིག། ས་ཡི་སྟེང་དུ་ཐལ་བའི་ཁྲོད་དུ་སྡོད། ཁྱོད་ནི་དབང་བཟུང་མེད་པའི་གྲོང་ཁྱེར་ཞིག། དུས་ཤིག་ལ་གཞོན་ནུ་མོ་ཞིག་ལྟ་བུ་ཡོད། འོན་ཀྱང་ཤ་འཇམ་མཉེན་པོར་གནས་མེད་དོ། ད་ཆ་ཁྱོད་ནི་ཚེ་གཡོག་ཞིག་ཡིན་ནོ། 2རང་འཐག་བསྐོར་ནས་གྲོ་ཞིབ་བཏག་པར་གྱིས། གདོང་ཁེབས་འབྱེད་ལ་གྱོན་བཟང་ཕུད་པར་གྱིས། རྒྱུགས་ཆུ་རྒྱལ་དུས་ཁྱོད་ཀྱི་གོས་ཡར་མརྫས་ཞིག། 3མི་མང་ཁྱོད་ལ་གཅེར་བུར་མཐོང་བར་འགྱུར། དེ་ཚོས་ཁྱོད་ལ་ཉམས་ཆུང་ངོ་ཚར་མཐོང། དགྲ་ཤ་ལེན་པར་ངར་སུས་བཀག་མི་ཡོང། 4ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པས་ང་ཚོར་རང་དབང་མཛད། ཁོང་མཚན་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཡིན། 5གཙོ་བོ་དཀོན་མཆོག་ཁོང་གིས་བྷེ་བྷི་ལོན་ལ་བཀའ་གནང་བ། མུན་པའི་ནང་དུ་ཁ་ཁུ་སིམ་པོར་སྡོད། ད་ནས་ཟུང་ཁྱོད་ལ་རྒྱལ་ཁབ་རྣམས་ཀྱི་བཙུན་མོར་སུས་ཀྱང་མི་བརྗོད་དོ། 6ང་ཡི་མི་མང་ཐོག་ཏུ་ང་ཁྲོ་བས། ད་ནས་དེ་ཚོ་ང་ཡིས་མིན་པ་བརྩི་བས། དེ་ཚོ་ཁྱོད་ཀྱི་དབང་འོག་ངས་བཅུག་ཡོད། ཁྱོད་ཀྱིས་དེ་ཚོར་སྙིང་རྗེ་མི་བསྟན་ནོ། རྒས་ཁོག་ཚོ་ལ་ཀྱང་རྩུབ་པོས་སྐྱོངས་བར་བྱེད། 7ཁྱོད་ཀྱི་རྟག་ཏུ་བཙུན་མོར་གནས་ཡོང་བསམ། འདི་ཆོ་སེམས་ཀྱི་ནང་དུ་མ་བཞག་པས། ཡང་ན་མཐའ་མར་ཇི་ལྟར་ཡོང་བ་ཡང་མ་བསམ། 8ལོངས་སྤྱོད་རྣམས་ལ་དགའ་མཁན་འདིར་ཉོན་ཞིག། ཁྱོད་ཀྱི་བསམ་བློར་བརྟན་ཅིང་བདེ་བ་བསམ། དཀོན་མཆོག་ལྟར་དུ་ཁྱོད་ཆེན་པོར་མངོན། ཁྱོད་ལྟ་བུར་སུ་ཡང་མེད་པར་གྲགས། ཁྱོད་ཀྱི་བསམ་པར་ཁྱོད་ནི་ཡུགས་ས་མར། ནམ་ཡང་མི་འགྱུར་བསམ་ཡོད་དོ། ཡང་ན་རང་གི་བུ་ཕྲུག་རྣམས་བོར་བའི། སྡུག་བསྔལ་དེ་ནི་མྱོང་མི་དགོས་པ་བསམ། 9འོན་ཀྱང་ཁྱུག་ཙམ་ཞིག་ལ་ཉིན་གཅིག་ནང་དུ། གནས་ཚུལ་དེ་ཚོ་གཉིས་ཀ་འབྱུང་བར་འགྱུར། ཁྱོད་ཀྱིས་ངན་སྔགས་ཚང་མ་བེད་སྤྱོད་བྱས་ན་ཡང། ཁྱོད་ཀྱི་ཁྱོ་དང་བུ་ཕྲུག་རླག་པར་བྱེད། 10ཁྱོད་ཀྱི་ལས་ངན་ཐོག་ལ་བློས་གཙང་ཁེལ། ཁྱོད་རང་སུས་ཀྱང་མཐོང་བར་མི་འགྱུར་བསམ། ཤེས་རབ་དང་ནི་ཡོན་ཏན་ཁྱོད་ལམ་ལོག་ཏུ་འཁྲིད། ཁྱོད་ནི་རང་ཉིད་དཀོན་མཆོག་ཡིན་པར་ཟེར། ང་ལྟར་གཞན་ཞིག་མེད་ཅེས་རང་ལ་སྨྲས། 11ཁྱོད་ཀྱིས་ཐོག་ཏུ་རྐྱེན་ངན་བབས་གྱུར་བས། ཁྱོད་ཀྱི་ངན་སྔགས་རྣམས་ཀྱིས་འགོག་མི་ཐུབ། ཁྱོད་ལ་བློ་བུར་འཇིགས་པ་བྱུང་བས་ན། འཇིག་པ་དེ་ནི་ཁྱོད་ཀྱི་རྨི་ལམ་ནང་དུ་མཐོང་མེད་དོ། 12ཁྱོད་ནི་ན་གཞོན་སྐབས་ནས་བེད་སྤྱོད་པའི། ངན་སྔགས་རྫུ་འཕྲུལ་ཐམས་ཅད་ཉར་ར་བྱོས། དེ་ཡིས་ཁྱོད་ལ་ཕན་ཐོག་ཕྲན་བུས་ཡོང། ཁྱོད་ཀྱི་དགྲ་བོར་འཇིགས་བསྐུལ་བྱེད་ཐུབ་སྲིད། 13སློབ་བྱ་ཇི་འདྲ་ཐོབ་ཀྱང་ཁྱོད་ནུས་མེད། སྐར་མའི་ཚོགས་ལ་སློབ་སྦྱོང་བྱ་མཁན་རྣམས། མཐོ་རིས་མུ་འཁྱུད་ས་བཀྲ་བཀོད་མཁན་དང། ཁྱོད་ལ་ཇི་ཡོང་ཟླ་རེར་སྨྲས་ཡོང་མཁན། ཁྱོད་ཀྱི་རྩིས་པས་སྐྱོབ་པར་ཡོང་དུ་འཇུག། 14ཁྱོད་ཚོ་རྣམས་སོག་མའི་དུམ་བུ་ལྟ་བུ་ཡིན། མེ་ཡིས་དེ་ཚོ་ཚང་མ་སྲེག་པར་བྱེད། མེ་ལྕེ་དྲོད་ཆེ་ནས་དེ་ཚོས་རང་ལ་སྐྱབས་མི་ཐུབ། དེར་མེ་འབར་བའི་སོལ་བ་ཐོབ་མི་ཡོང། དྲོད་པར་བྱེད་པས་མེ་ཐོབ་མི་ཡོང། 15ཁྱོད་ཀྱིས་མི་ཚེ་རིང་རྩིས་པར་གྲོས་བགྱིས་པར། ཁྱོད་ལ་དེ་ལས་ལྷག་པ་བཟང་པོ་མི་ཡོང་། ཁྱོད་ལ་སྤངས་ནས་དེ་རྣམས་རང་ལམ་འགྲོ། ཁྱོད་ལ་སྐྱོབ་པར་སུ་ཡང་ལྷག་མི་འགྱུར༎

ཡེ་ཤ་ཡཱ 48

དཀོན་མཆོག་ནི་མ་འོངས་པའི་གཙོ་བོ་དཀོན་མཆོག་ཡིན།

1ཨིསི་རཱཨེལ་གྱི་མི་མང་རྣམས་འདི་ལ་ཉན་པར་གྱིས། ཁྱོད་ཚོ་ཡ་ཧུ་དཱའི་རིགས་བརྒྱུད་འདི་ཉོན་ཞིག། ཁྱོད་ཚོས་གཙོ་བོ་དཀོན་མཆོག་མཚན་ལ་མནའ་བསྐྱེལ་ནས། ཨིསི་རཱཨེལ་གྱི་དཀོན་མཆོག་ལ་མཆོད་ཟེར། འོན་ཀྱང་ཁྱོད་ཀྱི་བརྗོད་པའི་ཚིག་མི་བདེན། 2ཁྱོད་ཚོ་གྲོང་ཁྱེར་དམ་པའི་ཡུལ་མི་ཡིན་པ་དང། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ཁོང་གི་མཚན་ཡིན་པར། ཨིསི་རཱཨེལ་གྱིི་དཀོན་མཆོག་ལ་བློས་འགེལ་བྱེད་ཅེས་བརྗོད་རྒྱུར་སྤོབས་པ་བྱེད་དོ། 3གཙོ་བོ་དཀོན་མཆོག་ཁོང་གིས་ཨིསི་རཱཨེལ་ལ་གསུངས་པ། ཡུན་རིང་སྔོན་དུ་ཇི་ཡོང་ངས་ལུང་བསྟན། དེ་ནས་བློ་བུར་དེ་རྣམས་ཡོང་བར་བྱས། 4ལྕགས་ལྟར་མཁྲེགས་པོ་དང་དགུག་མི་ཐུབ་པའི་ལི་ལྟར། ཁྱོད་གྱོང་པོ་ཡོད་བ་ངས་ཤེས་སོ། 5ཁྱོད་ཀྱི་བླུག་པའི་སྐུ་དང་འདྲ་སྐུ་ཡིས། ཇི་བྱུང་གྱིས་པ་ཁྱོད་ཀྱིས་གྲགས་རྒྱུ་འགོགས་པའི་ཆེད། མ་བྱུང་སྔོན་དུ་གནས་ཚུལ་གསལ་སྒྲགས་ཀྱིས། ང་ཡིས་ཡུན་རིང་སྔོན་དུ་ཁྱོད་ཀྱི་མ་འོངས་ལུང་བསྟན་ཡོད། 6ང་ཡིས་ལུང་བསྟན་གྱིས་པ་རྣམས་ད་སྒྲུབ་ཡོད། ང་ཡི་ལུང་བསྟན་དངོས་བདེན་ཡིན་པ་ཁས་ལེན་དགོས། ང་ཡི་སྔོན་དུ་མ་བཤད་པའི་གནས་ཚུལ། ད་གནས་ཚུལ་གསར་པ་ཁག་ནི་ཁྱོད་ལ་གཤོད་རྒྱུ་ཡིན། 7འདས་པའི་རིང་ལ་དེ་ལྟར་བྱུང་མེད་དོ། ང་ཡིས་ད་ལྟ་གཞི་ནས་བྱུང་བར་བྱ། གལ་ཏེ་འདི་ནི་སྔོན་ནས་བྱུང་བ་ཡིན་ན། ཁྱོད་ཀྱིས་དེ་སྐོར་ཤེས་ནས་བརྗོད་པར་བྱེད། 8ཁྱོད་ནི་རྟག་ཏུ་ངོ་ལོག་མཁན་དུ་རྩིས། ཁྱོད་ལ་བློ་བཀལ་བྱ་མི་རུང་བ་ང་ཡིས་ཤེས། དེ་རྐྱེན་ཁྱོད་ཀྱིས་དེ་སྐོར་ནམ་ཡང་ཐོས་མེད་དོ། དེ་ཕྱིར་ཁྱོད་ཀྱིས་རྣ་བར་ཚིག་ཅིག་ཐོས་མེད་དོ། 9མི་མང་ང་ཡི་མཚན་ལ་བསྟོད་པའི་ཆེད། ང་ཡི་ཁྲོ་བར་བཟོད་ནས་འགོག་གིས་ཡོད། ངས་དེ་བཀག་ནས་ཁྱོད་ལ་འཇིགས་པར་མི་བཟོ་འོ། 10དངུལ་ནི་མེ་ནང་སྤུས་གཙང་བཟོ་བ་ལྟར། ང་ཡིས་ཁྱོད་ལ་མེ་ཡི་སྡུག་བསྔལ་ནང་དུ་ཚོད་བལྟ་བགྱིས། འོན་ཀྱང་ངས་ཁྱོད་ཕན་མེད་རྙེད་བྱུང། 11ང་ཡིས་བྱ་རྒྱུ་དེ་ནི་ངའི་ཆེད་གྱིས། ང་ཡིས་ངའི་མཚན་མཐོང་མེད་འགྱུར་མི་འཇུག། ཡང་ན་ང་དང་རང་ཉིད་གཅིག་པུའི་གཟི་བརྗིད་དེ། གཞན་དང་མཉམ་དུ་བེད་སྤྱོད་བྱེད་མི་འཇུག།

གཙོ་བོ་དཀོན་མཆོག་གིས་འདམས་གནང་བའི་འགོ་འཁྲིད་སའི་རསེ།

12གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ང་ཡིས་འབོད་པའི་མི་མང་ཨིསི་རཱཨེལ། ཁྱོད་ཚོ་རྣམས་ནི་ང་ལ་ཉོན་ཞིག་དང། ང་ནི་ཐོག་མཐའ་མེད་པའི་དཀོན་མཆོག་ཡིན། དཀོན་མཆོག་གཅིག་པུ་དེ་ནི་རང་ཉིད་ཡིན། 13ང་ཡི་ལག་གིས་ས་གཞིའི་རྨང་དེ་བཏིང། ལག་པས་མཐོ་རིས་རྣམས་ནི་བརྐྱངས་པ་ཡིན། ང་ཡི་ས་དང་ནམ་མཁར་སྐད་གཏོང་སྐབས། དེ་ཚོ་འཕྲལ་དུ་ཡོང་ནས་ངའི་དྲུང་བཅར། 14ཁྱོད་ཚོ་ཚང་མ་འཛོམས་ནས་ཉན་པར་གྱིས། ལྷ་ནི་སུ་ཞིག་གིས་ཀྱང་ལུང་མི་བསྟན། ང་ཡིས་འདམས་པའི་སྐྱེ་བོ་དེས། བྷེ་བྷི་ལོན་ལ་འཐབ་པར་བྱེད་པར་འགྱུར། ང་ཡི་ཇི་ལྟར་འདོད་པ་ཁོས་བྱེད་དོ། 15ཁོ་ལ་སྨྲ་ནས་འབོད་མཁན་ང་ཡིན་ནོ། ང་ཡིས་ཁོ་ལ་ཕྱི་རུ་སྣེ་ཁྲིད་བྱེད་ནས་ལམ་ལྷོང་སྤྲད་པ་ཡིན། 16ཁྱོད་རྣམས་ཉེ་བར་ཤོག་ལ་ང་ཡིས་བཤད་པར་ཉོན། སྔོན་ནས་ང་ཡིས་གསལ་པོར་བཤད་པ་དང། ང་ཡིས་གཏམ་རྣམས་གཏན་དུ་དངོས་བདེན་བྱུང་བ་བཟོས། (བླ་ན་མེད་པའིི་གཙོ་བོ་དཀོན་མཆོག་གིས་ཁོང་གི་ནུས་མཐུ་གནང་ནས་ང་ལ་གཏོང་གནང་ངོ།)

གཙོ་བོ་དཀོན་མཆོག་གི་ཁོང་གི་མི་མང་ཆེད་འཆར་གཞི།

17ཨིསི་རཱཨེལ་པ་ཡི་དཀོན་མཆོག་དམ་པ་ཡིས། ཁྱོད་ཚོར་སྐྱོབ་མཁན་གཙོ་བོ་དཀོན་མཆོག་གིས་གསུངས། ཁྱོད་ཚོའི་ཕན་ཐོག་ཆེད་དུ་སློབ་སྟོན་མཁན། ཁྱོད་ཚོ་སྐྱོད་པའི་ལམ་དུ་འགྲོ་བར་བཀའ་བཀོད་མཁན། ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ང་ཡིན་ནོ། 18ཁྱོད་ཚོས་ང་ཡི་བཀའ་ལ་ཉན་འགྱུར་ན། བྱིན་རླབས་ཁྱོད་ཀྱི་ཆེད་དུ་རྒྱུགས་ནས་ཡོང་། རྒྱུགས་ཆུ་ལྟ་བུ་ནམ་ཡང་སྐམ་མིན་ཡོང་། རྒྱ་མཚོའི་མཐའ་རུ་རྦ་རླབས་རྒྱུགས་པ་བཞིན། རྒྱལ་ཁ་ཡང་ནི་ཁྱོད་སར་ཡོང་བར་བྱེད། 19ཁྱོད་ཀྱི་རིགས་བརྒྱུད་བྱེ་མ་ལྟ་བུར་མང། དེ་ཚོ་མི་འཇིགས་ང་ཡིས་ངས་བརྟེན་བྱེད། 20བྷེ་བྷི་ལོན་ནས་ཐོན་སྟེ་རང་དབང་སོང། དགའ་བའི་གནས་ཚུལ་སྒྲོགས་ལ་ཡོངས་ཁྱབ་བྱོས། གཙོ་བོ་དཀོན་མཆོག་ཁོང་གིས་ཞབས་ཕྱི་ཡ་ཀོབ་ལ་སྐྱོབ། 21གཙོ་བོ་དཀོན་མཆོག་ཁོང་གིས་མི་མང་རྣམས། ཚ་དྲོད་ཆེན་པོ་བྱེ་ཐང་སྐམ་པོའི་བརྒྱུད། སྣེ་འཁྲིད་གནང་སྐབས་ཁོང་གི་དེ་ཚོ་ལ། སྐོམ་པའི་སྡུག་བསྔལ་ནམ་ཡང་མྱོང་མེད་དོ། དེ་ཚོའི་ཆེད་དུ་བྲག་ནས་ཆུ་འདོན་གནང། ཁོང་གིས་བྲག་དེ་རྟོལ་བས་ཆུ་རྒྱུགས་ཡོང་ངོ། 22གཙོ་བོ་དཀོན་མཆོག་ཁོང་གིས་སྡིག་ཅན་རྣམས་ནི་བརྟན་པོ་མེད་ཅེས་གསུངས༎

ཡེ་ཤ་ཡཱ 49

1ཐག་རིང་གནས་སྡོད་བྱེད་པའི་མི་མང་རྣམས། ཐག་རིང་མི་རིགས་རྣམས་ང་ལ་ཉོན། ང་ནི་མ་སྐྱེས་སྔོན་དུ་ཁོང་གིས་འདམས། ཁོང་གི་ཞབས་ཕྱིར་ང་ལ་བསྐོས་པ་གནང། 2ཁོང་གིས་ང་ཡི་གཏམ་ནི་གྲི་རྣོར་མཛད་གནངོ། རང་གི་ཕྱག་གིས་ང་ལ་སྐྱོབ་པར་མཛད་གནངོ། ཁོང་གིས་ང་ནི་མདའ་ལྟར་རྣོ་བར་མཛད་གནངོ། བེད་སྤྱོད་ཆེད་དུ་གྲ་སྒྲིགས་ཡོང་བར་མཛད་གནངོ། 3ཁོང་གིས་ཨིསི་རཱཨེལ་ཁྱོད་ནི་ང་ཡི་ཞབས་ཕྱི་ཡིན་པས་རྐྱེན། མི་མང་རྣམས་ཀྱིས་ང་ལ་བསྟོད་དོ་གསུངས། 4ང་ཡི་སྨྲས་པ། ང་ཡིས་གྱིས་པའི་ལས་དེ་རེ་མེད་འགྱུར། ང་ཡི་ནུས་ཤུགས་ཡོངས་རྫོགས་བེད་སྤྱོད་ཀྱང། དེ་ལ་སྒྲུབ་འབྲས་གང་ཡང་མ་ཐོན་ནོ། ཡིན་ཡང་གཙོ་བོ་དཀོན་མཆོག་ཁོང་གིས་ནི། ང་ཡི་དོན་ལ་རྒྱབ་སྐྱོར་གནང་བ་བློས་འཁྱལ་ཡོད། ཁོང་གིས་ང་ཡིས་ལས་བྱེད་པའི་ཆེད་བྱ་དགའ་གནང། 5མ་སྐྱེ་སྔོན་དུ་གཙོ་བོ་དཀོན་མཆོག་ཁོང་གིས་ང་ལ་བཀོད། ཨིསི་རཱཨེལ་གྱི་མི་མང་ཁ་འཐོར་རྣམས། ཁོང་ཙར་ཕྱིར་ལོག་བཞེས་པའི་ཆེད་དུ་ང་ལ་ཞབས་ཕྱི་བཟོས། གཙོ་བོ་དཀོན་མཆོག་ཁོང་གིས་ང་ལ་ཆེ་མཐོང་གནང་། ང་ཡི་ནུས་ཤུགས་འབྱུང་ཁུངས་ཁོང་རང་ཡིན། 6གཙོ་བོ་དཀོན་མཆོག་ཁོང་གིས་ང་ལ་བཀའ་གནང་བ། ཀྱེ་ངའི་ཞབས་ཕྱི་ཁྱོད་ཆད་ལས་དོན་ཆེན་པོ་ཞིག་ཡོད། ཨིསི་རཱཨེལ་མི་མང་གསོན་པོ་ལུས་པ་ཚོའི། ཆེ་མཐོང་ཁྱོད་ཀྱིས་སླར་གསོ་བྱེད་པའི་ཁར། ཁྱོད་ནི་མི་རིགས་རྣམས་ཀྱི་ཆེད། ང་ཡིས་ཁྱོད་ལ་འོད་ཅིག་བཟོ་རྒྱུ་ཡིན། དེར་བརྟེན་འཛམ་གླིང་ཡོངས་རྫོགས་སྐྱོབ་པར་འགྱུར། 7མི་རིགས་རྣམས་ཀྱིས་སྡང་པོ་བྱེད་པ་དང་སྤང་བ་ལ། རྒྱལ་པོ་རྣམས་ཀྱི་གཡོག་པོ་དེ་ལ། ཨིསི་རཱཨེལ་གྱི་དམ་པའི་དཀོན་མཆོག་དང་སྐྱབས་མགོན་གྱིས་གསུངས་པ། རྒྱལ་པོ་རྣམས་ཀྱིས་ཁྱོད་ནི་གློད་བཀྲོལ་བྱུང་བ་མཐོང། ཁྱོད་ལ་གུས་ཞབས་ཞུ་ཕྱིར་དེ་ཚོ་ལངས། རྒྱལ་སྲས་ཚོས་ཀྱང་དེ་མཐོང་བ་དང། གུས་བཀུར་ཞུས་ཕྱིར་དེ་ཚོ་མགོ་སྒུར་རོ། གཙོ་བོ་དཀོན་མཆོག་གིས་རང་གི་ཞབས་ཕྱི་ལ་ནི་འདམས་པ་དང། ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པ་ནི། དམ་ཚིག་ཅན་ཡིན་པའི་རྐྱེན་འདི་ལྟར་བྱུང་བར་འགྱུར།

ཡེ་རུ་ཤ་ལེམ་སླར་གསོ།

8གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཁྱོད་ལ་སྐྱོབ་པའི་དུས་ལ་སླེབས་པའི་སྐབས། ང་ཡིས་ཁྱོད་ལ་ཐུགས་རྗེ་བསྟེན་པར་བྱ། ཁྱོད་ཀྱི་ངུ་འབོད་ཞུ་བར་ལན་འདེབས་གྱིས། ང་ཡིས་ཁྱོད་ལ་སྲུང་ཞིང་སྐྱོབ་པར་བྱེད། ཁྱོད་ཀྱི་བརྒྱུད་ནས་མི་མང་ཡོངས་རྫོགས་ལ། དམ་བཅའ་ཞིག་ནི་འཇོག་པར་བྱ་རྒྱུ་ཡིན། ད་ལྟ་སྟོངས་པར་ལུས་པའི་ཁྱོད་ཀྱི་ཡུལ། སླར་ཡང་གཞིས་སུ་ཆགས་པར་འཛུག་རྒྱུ་ཡིན། 9ང་ཡིས་བཙོན་པར་རང་དབང་སོང་ཞེས་སྨྲས། མུན་ནག་མི་རྣམས་འོད་ནང་ཤོག་ཅེས་སྨྲས། དེ་ཚོ་རི་ཕྲན་རྩ་ཁའི་ལུག་འདྲའོ། 10དེ་ཚོ་ལྟོགས་སྐོམ་ནམ་ཡང་མི་འགྱུར་རོ། དེ་ཚོར་ཉི་དང་བྱེད་ཐང་དྲོད་ཀྱི་མི་མནར་རོ། དེ་ནི་བྱམས་པས་འཁྲིད་པའི་རྐྱེན་ཡིན་ནོ། ཁོང་གིས་དེ་ཚོ་ཆུ་མིག་ཁར་འཁྲིད་དོ། 11རི་བརྒྱུད་རྒྱ་ལམ་ཁག་ནི་ངས་བཟོའོ། མི་མང་འགྲུལ་བའི་ཕྱིར་དུ་ངའི་ལམ་བཟོ། 12ང་ཡི་མི་མང་ཐག་རིང་བྱང་དང་ནུབ། ལྷོ་ཨསེ་ཝན་བཅས་ནས་ཡོང་བར་བྱེད། 13མཐོ་རིས་གཞས་གཏོང་ས་གཞིར་དགའ་འབོད་བྱོས། རི་རྣམས་སྐད་འབོད་ཆེན་པོས་གཞས་གཏོང་བཅུག་ཅིག། གཙོ་བོ་དཀོན་མཆོག་ཁོང་གིས་རང་གི་མི་ཚོར་སེམས་གསོ་མཛད། སྡུག་བསྔལ་ནང་ཡོད་མི་རྣམས་ཁོང་གིས་སྙིང་རྗེ་མཛད། 14འོན་ཀྱང་ཡེ་རུ་ཤ་ལེམ་མི་རྣམས་སྨྲས། གཙོ་བོ་དཀོན་མཆོག་ཁོང་གིས་ང་ཚོ་སྤངས་བར་མཛད་ཡོད་དོ། ཁོང་གིས་ང་ཚོ་བརྗེད་པར་འགྱུར་ཡོད་དོ། 15དེར་བརྟེན་གཙོ་བོ་དཀོན་མཆོག་ཁོང་གིས་ལན་འདེབས་གནང་བ་ལ། བུ་མེད་ཞིག་གིས་རང་ཕྲུག་བརྗེད་ཐུབ་བམ། མོ་ལ་སྐེས་པའི་ཕྲུ་གུར་མི་བརྩེའམ། མ་ཞིག་རང་གི་ཕྲུ་གུར་བརྗེད་ན་ཡང། ང་ཡིས་ཁྱོད་ཚོར་ནམ་ཡང་བརྗེད་མི་འགྱུར། 16ཡེ་རུ་ཤ་ལེམ་ངས་ཁྱོད་ནམ་ཡང་བརྗེད་མི་འགྱུར། ང་ཡི་ལག་མཐིལ་ཁྱོད་མིང་བྲིས་ཡོད་དོ། 17ཁྱོད་ལ་སྐྱར་བཟོ་གནང་མཁན་མགྱོགས་པོར་ཕེབས། ཁྱོད་ལ་འཇིག་པར་བྱ་མཁན་ཐོན་པར་འགྱུར། 18ཁྱོད་ཀྱི་མཐའ་འཁོར་ཇི་བྱུང་བཞིན་ལ་ལྟོས། ཁྱོད་ཀྱི་མི་མང་འཛོམས་པར་ཁྱིམ་ལ་ཡོང། ང་ནི་གསོན་པོའི་དཀོན་མཆོག་ཡིན་ངེས་པས། མནའ་མས་རང་གི་རྒྱན་ཆར་སྤོབས་པ་བྱེད་པ་ལྟར། ཁྱོད་ཀྱིས་རང་གི་མི་མང་སྤོབས་པ་བྱེད། 19ཁྱོད་ཀྱི་ཡུལ་ནི་གྱང་གོག་ལུང་སྟོང་དུ་འགྱུར་ཡོད། དེ་རུ་གནས་སྡོད་བྱེད་པར་ཡོང་མི་ཚོར། ད་ཆ་དེ་ནི་ཧ་ཆང་ཆུང་བར་འགྱུར། ཁྱོད་ལ་གྱང་གོག་ནང་དུ་སྤངས་མཁན་ཚོ། ཁྱོད་ནས་ཧ་ཅང་ཐག་རིང་བསྐྱེལ་བར་འགྱུར། 20བཙན་བྱོལ་སྐབས་སུ་སྐྱེས་པའི་ཁྱོད་ཀྱི་མིས། ཡུལ་འདི་བཞིན་དུ་ཧ་ཅང་ཆུང་དྲག་འདུག། ང་ཚོ་སྡོད་པའི་ས་གནས་མང་བ་དགོས། ཅེས་པ་དེ་ཚོས་ཉིན་ཞིག་སྨྲ་བར་བྱེད། 21དེ་ནས་རང་གིས་རང་ལ་འདི་ལྟར་སྨྲ། ང་ཡི་ཆེད་དུ་ཕྲུ་གུ་འདི་ཚོ་སུ་ལས་སྐྱེས་པ་ཡིན། ང་ཡི་ཕྲུ་གུར་བོར་བས་ཡང་མི་ཡོང་། ང་ནི་བཙན་བྱོལ་འགྱུར་ནས་ཕྱིར་དེད་ཡོད། ཕྲུ་གུ་དེ་ཚོར་སུ་ཡིས་འཚར་ལོངས་བྱས། ང་ལ་གཅིག་པུར་བཞག་པར་བྱས་ཡོད་དོ། ཕྲུ་གུ་འདི་ཚོ་གང་ནས་ཡོང་བ་ཡིན། 22བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ཁོང་གིས་མི་རྣམས་ལ་བཀའ་གནང་བ། ང་ཡི་མི་རིགས་རྣམས་ལ་བརྡ་གཏོང་རྒྱུ། ཁྱོད་ཀྱི་རང་གི་ཕྲུ་གུ་ཁྱིམ་དུ་འཁྱེར། 23རྒྱལ་པོ་རྣམས་ནི་ཁྱོད་ཀྱི་ཕ་ལྟར་འགྱུར། བཙུན་མོ་རྣམས་ནི་ཁྱོད་ཀྱི་མ་ལྟར་འགྱུར། དེ་ཚོས་ཁྱོད་ཀྱི་མདུན་དུ་དགུར་ནས་གུས་ཞབས་ཞུ་པ་དང། ཉམས་ཆུང་ཐོག་ནས་དེ་ཚོས་ཁྱོད་ལ་རང་གི་གུས་ཞབས་བརྟན་པར་འགྱུར། དེ་ཡི་རྗེས་སུ་ཁྱོད་ཀྱིས་ང་ནི། གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། ང་ལ་བློ་བཅོལ་མཁན་རེ་སྟོང་མི་འགྱུར་རོ། 24ཁྱོད་ཀྱིས་དམག་མིའི་བཅོམ་ནོར་འཕྲོག་ཐུབ་བམ། དབང་ཅན་ལག་ནས་བཙོན་པ་སྐྱོབ་ཐུབ་བམ། 25གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་ལན་གནང། དེ་ནི་ཇི་ལྟར་བྱུང་བར་འགྱུར་བ་ཡིན། དམག་མིའི་བཙོན་པ་རྣམས་ནི་ཕྱིར་འཁྲིད་དང་། དབང་ཅན་ལག་ནས་བཅོམ་ནོར་འཕྲོག་པར་བྱེད། ཁྱོད་ལ་འཐབ་མཁན་རྣམས་ལ་ངས་འཐབ་ཆིང་། ཁྱོད་ཀྱི་ཕྲུ་གུ་རྣམས་ནི་ངས་སྐྱོབ་བོ། 26ང་ཡིས་ཁྱོད་ལ་མནར་གཅོད་གཏོང་མཁན་རྣམས། གཅིག་གིས་གཅིག་ལ་གསོད་དུ་འཇུག་པར་བྱེད། དེ་ཚོ་སྲོག་གཅོད་ཁྲོ་བ་དྲག་པོས་བཟིའོ། དེ་ནས་འགྲོ་བ་མི་རིགས་ཚང་མ་ཡིས། ཁྱོད་ལ་སྐྱབས་ནས་རང་དབང་གཏོང་མཁན་ང་། གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། ང་ནི་ཨིསི་རཱཨེལ་མཐུ་སྟོབས་ཅན་གྱི་དཀོན་མཆོག་ཡིན་པ་དེ་ཚོས་ཤེས༎

ཡེ་ཤ་ཡཱ 50

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཁྱོད་ཚོ་ཁྱོ་དང་སྐྱེ་དམན་ཁ་བྲལ་ལྟར། ང་ཡི་མི་མང་ཕྱིར་ལོག་གཏོང་བར་བསམ། དེ་ལྟར་ཡིན་ན་ཁ་བྲལ་ཡིག་ཆ་ཁག། བྲལ་ཡིག་དེ་ཚོ་གང་ན་ཡོད་རེད་དམ། མི་ཡིས་ཕྲུ་གུ་ཚེ་གཡོག་ཆེད་ཚོང་ལྟར། ཡིས་ཁྱོད་ཚོར་བཙོན་པར་ཚོང་བསམ་མམ། དེ་མ་ཡིན། ཁྱོད་ཚོའི་སྡིག་པའི་རྐྱེན་གྱིས་བཙོན་པར་ཕྱིན། ཁྱོད་ཚོའི་ཉེས་པའི་རྐྱེན་ཕྱིར་གཏོང་བ་ཡིན། 2ང་ཡིས་མི་མང་སྐྱོབ་པར་ཡོང་བའི་སྐབས། ཅིའི་ཕྱིར་དེ་ཚོས་ལན་འདེབས་མ་ཐུབ་བམ། འབོད་སྐབས་ལན་འདེབས་ཅིའི་ཕྱིར་མ་བྱས་སམ། དེ་ཚོ་སྐྱོབ་རྒྱུར་ང་ལ་སྟོབས་མེད་དམ། ངའི་བཀའ་གཅིག་གིས་རྒྱ་མཚོ་སྐམ་པར་དང་། གཙང་པོ་རྣམས་ནི་བྱེད་ཐང་དུ་འགྱུར་ཐུབ་པ་དང། ཆུ་ནི་མེད་རྐྱེན་ཉ་རྣམས་འཆི་བར་འགྱུར། 3འཆི་བའི་ཆེད་དུ་མྱ་ངན་བྱེད་པ་ལྟར། ང་ཡིས་ནམ་མཁའ་དེ་ནི་མུན་པར་བསྒྱུར་ཐུབ༎

བཀའ་ལ་ཉན་པའི་གཙོ་བོ་དཀོན་མཆོག་གི་ཞབས་ཕྱི།

4ཐང་ཆད་པ་ལ་ང་ཡིས་ནུས་ཤུགས་བྱིན་ཐུབ་ཕྱིར། ང་ཡིས་ཇི་ལྟར་སྨྲ་དགོས་བླ་ན་མེད་པའིི་གཙོ་བོ་དཀོན་མཆོག་གིས་ངར་སློབ་གནང། སྔ་དྲོ་རེ་བཞིན་ཁོང་གིས་ང་ལ་ཇི་སློབ་པར། ཉན་འདོད་ཡོད་པ་ཅན་ཞིག་བཟོས་པར་མཛད། 5གཙོ་བོ་དཀོན་མཆོག་ཁོང་གིས་ང་ལ་དྲེན་དབང་གནང། ང་ཡི་ཁོང་ལ་ངོ་ལོག་ཞུས་མེད་དོ། ཡང་ན་ཁོང་ནས་བློ་ཁ་བསྒྱུར་བ་བྱས་མེད་དོ། 6ང་ལ་བརྡུང་མཁན་དེ་ལ་ངས་རྒྱབ་བསྟན། དེ་ཚོས་ང་ལ་དམའ་འབེབས་བྱ་བ་དང་། ང་ཡི་ཁ་སྤུ་རྣམས་ནི་འཐེན་པའི་སྐབས། ང་ཡི་གདོང་པར་མཆིལ་མ་སྟོར་བའི་སྐབས། ང་ཡིས་དེ་ཚོར་འགོག་པར་བྱས་མེད་དོ། 7འོན་ཀྱང་བླ་མེད་གཙོ་བོ་དཀོན་མཆོག་གིས། ང་ལ་ཁོང་གི་རོགས་པ་གནང་ཡོད་ཙང་། དེ་ཚོའི་དམའ་འབེབས་ང་ལ་གནོད་མི་ཐུབ། དེ་ཚོར་བཟོད་སྲན་བྱ་རྒྱུར་བློ་སྟོབས་བྱས། ང་ལ་ཞབས་འདྲེན་མི་ཡོང་ངས་ཤེས་སོ། 8གང་ལ་ཟེར་ན་དཀོན་མཆོག་ཉེ་བར་ཡོད། ཁོང་གིས་ང་ལ་སྐྱོན་མེད་འདོན་པར་མཛད། ང་ལ་སྐྱོན་འདོགས་ནུས་མཁན་སུ་ཡོད་དམ། ང་ཚོ་མཉམ་དུ་ཁྲིམས་ཁང་ནང་དུ་འགྲོ། ཁོ་ཡི་སྐྱོན་བརྗོད་རྣམས་ནི་འཁྱེར་ཡོང་འཇུག། 9བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ཁོང་གི་ཉིད་ཀྱིས་ང་ལ་སྐྱོབ་མཛད་པས། སུ་ཞིག་ང་ཡི་ཉེས་པ་ཁུངས་བསྐྱེལ་ཐུབ། ང་ལ་སྐྱོན་བརྗོད་པ་རྣམས་ཡལ་བར་འགྱུར། དེ་ཚོ་མུག་པས་ཟས་པས་གོས་ལྟར་ཡལ། 10གཙོ་བོ་དཀོན་མཆོག་ཁོང་ལ་གུས་བཀུར་ཞུ་མཁན་དང་། ཁོང་གི་ཞབས་ཕྱིའི་བཀའ་ལ་ཉན་མཁན་རྣམས། ཁྱོད་ཚོའི་འགྲུལ་ལམ་མུན་ནག་ཡིན་ན་ཡང་། དཀོན་མཆོག་ཁོང་ལ་ཡིད་ཆེས་བློས་འགེལ་བྱས། 11གཞན་ལ་འཇིག་པའི་བྱུས་ངན་བརྩམ་མི་ཁྱོད་ཚོ་ཚང་མ། བྱུས་ངན་དེ་ཡིས་རང་ཉིད་འཇིག་པར་བྱེད། གཙོ་བོ་དཀོན་མཆོག་ཉིད་ཀྱིས་དེ་ལྟར་བྱུང་བར་མཛད། ཁྱོད་ནི་སྡུག་བསྔལ་དྲག་པོས་མྱོང་བར་འགྱུར༎

ཡེ་ཤ་ཡཱ 51

ཡེ་རུ་ཤ་ལེམ་ལ་སེམས་གསོའི་བཀའ་རྣམས།

1གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཁྱོད་ཚོ་སྐྱོབ་པར་འདོད་མཁན་རྣམས། ངའི་སར་རོགས་ཕྱིར་ཡོང་མི་རྣམས་ནི་ང་ལ་ཉོན། ཁྱོད་ཚོ་ཡོང་བའི་བྲག་དེ་དང་། ཁྱོད་ཚོ་སྟོན་པས་རྡོ་གཏེར་དེ་དྲན་པར་གྱིས། 2ཁྱོད་ཚོའི་ཕ་མེས་ཨབ་ར་ཧམ་དང་ཁྱོད་ཚོའི་མི་རིགས་སྐྱེས་མཁན་ས་རཱ་དྲན། ང་ཡིས་ཨབ་ར་ཧམ་ལ་འབོད་སྐབས་སུ། ཁོ་ལ་ཕྲུ་གུ་མེད་ཅིང་ངས་ཁོ་ལ། བྱིན་གྱི་རླབས་ནས་ཕྲུ་གུ་བྱིན་པར་མཛད། ཁོ་ལ་རིགས་བརྒྱུད་གྲངས་མེད་ངས་བཟོས་པ་ཡིན། 3ཡེ་རུ་ཤ་ལེམ་དང་ནི་དེའི་གཞིགས་ཤུལ། བཅས་པའི་ནང་དུ་སྡོད་མི་ཚང་མར་ངས་སྙིང་རྗེ། ཡུལ་དེ་བྱེ་ཐང་ཡིན་པ་ཡིན་ན་ཡང་། ང་ཡིས་ཨེ་དྷེན་ནང་བཟོས་ལྡུམ་ར་ལྟར། དེ་ཡི་ས་གཞི་ལྡུམ་ར་བཟོ་བར་བྱེད། དེ་གར་དགའ་བ་དང་ནི་སྐྱིད་པ་བཅས། ང་ལ་བསྟོད་པ་དང་ནི་ཐུགས་རྗེའི་མགུར་མ་ལེན། 4ང་ཡི་མི་མང་རྣམས་ནི་ང་ལ་ཉོན། ང་ཡིས་ཇི་ལྟར་སྨྲས་པར་ཉན་པར་གྱིས། ང་ཡིས་མི་རིགས་རྣམས་ལ་སློབ་སྟོན་བྱེད། ང་ཡི་ཁྲིམས་ཀྱི་དེ་ཚོར་འོད་ཐོབ་བོ། 5ང་ནི་མགྱོགས་པོར་ཡོང་ནས་དེ་ཚོར་སྐྱོབ། ང་ཡི་རྒྱལ་ཁའི་དུས་ཚོད་ཉེ་བར་ཡོད། རང་ཉིད་མི་རིགས་ཐོག་ཏུ་རྒྱལ་སྲིད་སྐྱོངས། གླིང་ཕྲན་རྣམས་ནི་ང་ལ་སྒུག། དེ་ཚོར་སྐྱོབ་པའི་རེ་བར་ང་སྒུག་གོ། 6ཡར་མཐོ་རིས་སུ་ལྟོས་དང་མར་ས་གཞི་དག་ལ་ལྟོས། མཐོ་རིས་དུ་བ་ལྟར་དུ་ཡལ་བར་འགྱུར། ས་གཞི་གོས་རྙིང་ལྟར་དུ་ཟད་པར་འགྱུར། དེ་ཡི་མི་མང་ཚང་མ་བྲང་བུ་ལྟར་དུ་འཆི་བར་འགྱུར། འོན་ཀྱང་ང་ཡི་ཐར་པ་གཏན་དུ་གནས། ང་ཡི་རྒྱལ་ཁ་མཐའ་མ་བྱུང་བར་འགྱུར། 7དྲང་པོ་ཇི་ཡིན་ཤེས་མཁན་ཁྱོད་ཚོ་རྣམས། ང་ཡི་སློབ་སྟོན་སེམས་ཀྱི་གཏིང་དུ་ཡོད་མཁན་རྣམས་ནི་ངར་ཉོན། མི་མང་ཁྱོད་ལ་ཁྲེལ་རྒོད་དམའ་འབེབས་སོགས། བྱས་པར་ཁྱོད་རང་འཇིགས་པར་མ་བྱེད་ཅིག། 8དེ་ཚོ་མུག་པས་ཟས་པས་གོས་ལྟར་ཡལ། འོན་ཀྱང་ང་ཡི་ཐར་པ་གཏན་དུ་གནས། ང་ཡི་རྒྱལ་ཁ་གཏན་དུ་གནས་པར་འགྱུར། 9གཙོ་བོ་དཀོན་མཆོག་བཞེངས་ནས་ང་ཚོར་རོགས་མཛོད་ཅིག། ཁྱེད་ཀྱི་མཐུ་སྟོབས་བེད་སྤྱོད་མཛད་ནས་ང་ཆོར་སྐྱོབ། སྔོན་དུས་མཛད་ལྟར་དེས་ལ་བེད་སྤྱོད་མཛད། ཁྱོད་ཀྱི་རྒྱ་མཚོའི་སེམས་ཅན་ར་ཧབ་ཅེས་ལ། དུམ་བུ་མང་པོར་བཏུབ་པར་མཛད་གནང་ངོ། 10ཁྱེད་ཀྱིས་བླུས་པ་རྣམས་ནི་འགྲུལ་ཐུབ་ཆེད། ཁྱེད་ཀྱིས་རྒྱ་མཚོ་སྐམ་པར་མཛད་པ་དང། ཆུ་བོའི་དཀྱིལ་དུ་ལམ་ཞིག་མཛད་མཁན་ཁྱེད་ཉིད་ཡིན། 11ཁྱེད་ཀྱིས་སྐྱོབ་པར་མཛད་པ་དེ་ཚོ་རྣམས། དགའ་བའི་གླུ་ལེན་སྐད་འབོད་བྱེད་བཞིན་དུ། དགའ་སྤྲོའི་ངང་དུ་ཡེ་རུ་ཤ་ལེམ་འབྱོར། དེ་ཚོ་གཏན་གྱི་ཆེད་དུ་སྐྱིད་པར་འགྱུར། གཏན་དུ་སྡུག་བསྔལ་མྱ་ངན་ལས་བྲལ་ལོ། 12གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ་། ང་ནི་ཁྱོད་ཚོར་ནུས་ཤུགས་སྤྲོད་མཁན་ཡིན། རྩ་ལས་ལྷག་པ་ཡུན་རིང་གནས་མི་ཐུབ་མཁན། མི་རྟག་མི་ལ་ཁྱོད་ཚོ་ཅིའི་ཕྱིར་འཇིགས། 13ཁྱོད་ཚོ་བཀོད་པར་མཛད་མཁན་དང་། མཐོ་རིས་བརྐྱངས་མཁན་དང་། ས་གཞིའི་རྨང་གཞི་བཏིང་བར་མཛད་མཁན་གཙོ་བོ་དཀོན་མཆོག་བརྗེད་དམ། ཁྱོད་ལ་མནར་བར་བྱ་མཁན་དེ་ཚོ་དང་། ཁྱོད་ལ་མེད་པར་བཟོ་རྒྱུའི་གྲ་སྒྲིགས་ཅན། ཁྲོ་གཏན་འཇིགས་པའི་འོག་ཏུ་ཅིའི་ཕྱིར་སྡོད། དེ་ཚོའི་ཁྲོ་བས་ཁྱོད་ལ་མི་རེག་གོ། 14བཙོན་པ་ཡིན་པ་རྣམས་ནི་མྱུར་དུ་རང་དབང་ཐོབ། དེ་ཚོ་མི་ཚེ་རིང་པོར་སྡོད་པ་དང། དེ་ཚོར་དགོས་པའི་ཟས་རྣམས་ཐོབ་པར་འགྱུར། 15ང་ནི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཡིན། ང་ཡིས་རྒྱ་མཚོ་དེ་བཞིན་དཀྲུག་པ་དང་། དེ་ཡི་རྦ་རླབས་འུར་སྒྲ་སྒྲོགས་པར་བྱེད། ང་ཡི་མིང་ལ་གཙོ་བོ་དཀོན་མཆོག་ཀུན་དབང་ཟེར། 16ང་ཡིས་མཐོ་རིས་རྣམས་ནི་བརྐྱངས་པར་གྱིས། ས་གཞིའི་རྨང་གཞི་རྣམས་ནི་བཏིང་བ་ཡིན། ཡེ་རུ་ཤ་ལེམ་ཁྱོད་ལ་ང་ཡི་སྨྲས། ཁྱོད་ནི་ང་ཡི་མི་མང་ཡིན་པས་ན། ང་ཡི་ཁྱོད་ལ་སློབ་སྟོན་སྤྲད་ཡོད་དོ། ང་ཡི་ལག་གིས་ཁྱོད་ཚོར་སྐྱོབ་བྱ་བཞིན་ཡོད༎

ཡེ་རུ་ཤ་ལེམ་གྱི་སྡུག་བསྔལ་གྱི་མཐའ་མ།

17ཡེ་རུ་ཤ་ལེམ་གཉིད་ནས་ཡར་ལོངས་ཤིག། ཁྱོད་རང་རང་ཉིད་གཉིད་སད་ཡར་ལོངས་ཤིག། གཙོ་བོ་དཀོན་མཆོག་ཐུགས་ཁྲོའི་སྐབས་སུ་འཐུང་འཇུག་པའི། ཉེས་ཆད་ཕོར་པ་དེ་ནི་ཁྱོད་འཐུང་ཡོད། ཁྱོད་ཀྱིས་འཐུང་བས་ཁྱོད་ནི་འཁྱོར་བར་བྱས། 18ཁྱོད་ཀྱི་ལག་པ་བཟུང་ནས། སྣེ་འཁྲིད་བྱ་མཁན་སུ་ཡང་མེད། ཁྱོད་ཀྱི་བུ་རྣམས་གཅིག་ཀྱང་གསོན་པོ་མེད། 19རྐྱེན་ངན་གཉིས་ནི་ཁྱོད་ཐོག་མཉམ་དུ་ལྷུང་། ཁྱོད་ཀྱིས་ས་ཞིང་དམག་གིས་སྟོར་བཅོམ་བྱས། ཁྱོད་ཀྱི་མི་མང་རྣམས་ནི་ལྟོགས་ཤི་རྒྱབ། ཁྱོད་ལ་སྙིང་རྗེ་བསྟན་མཁན་སུ་ཡང་མེད། 20ལམ་གྱི་གཡས་གཡོན་ཐམས་ཅད་ཀྱི་ནང་དུ། ཁྱོད་ཀྱི་མི་མང་སྟོབས་ཞན་དུ་ཕྱིན་ནས་འགྱེལ་བཞིན་ཡོད། དེ་ཚོ་ཤ་བ་ཁྱི་རའི་རྙི་ནང་ཚུད་པ་འདྲ། དེ་ཚོས་དཀོན་མཆོག་ཐུགས་ཁྲོའི་ནུས་པ་འཚོར། 21ཡེ་རུ་ཤ་ལེམ་གྱི་སྡུག་བསྔལ་མྱོང་བའི་མི་མང་རྣམས། ར་བཟི་ལྟར་དུ་འཁྱོར་བར་བྱེད་མཁན་ཚོ། 22ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོར་སྲུང་སྐྱོབ་གནང་བཞིན་བཀའ་གནང་བ། ང་ནི་ཁྲོ་བའི་སྐབས་སུ་ཁྱོད་ཚོ་ལ། སྤྲད་པའི་ཕོར་པ་དེ་ནི་ངས་ཕྱིར་ལེན། ཁྱོད་རྣམས་འཁྱོར་བར་བྱེད་མཁན་རྒུན་ཆང་དེ། དེ་ནས་ཁྱོད་ཚོས་འཐུང་བར་མི་དགོས་སོ། 23ཁྱོད་ཚོར་མནར་གཅོད་བྱ་མཁན་དང་། ལམ་དུ་ཁྱོད་ཚོར་ཉལ་དུ་འཇུག་མཁན་དང་། ཁྱོད་ཚོ་དུལ་ལྟར་བརྫི་མཁན་ཚོ་ལ་ངས་དེ་འཐུང་བཅུག་རྒྱུ་ཡིན༎

ཡེ་ཤ་ཡཱ 52

དཀོན་མཆོག་གིས་ཡེ་རུ་ཤ་ལེམ་སྐྱོབ་པར་མཛད་རྒྱུ།

1ཡེ་རུ་ཤ་ལེམ་སླར་ཡང་སྟོབས་ཤུགས་ཆེ། རླབས་ཆེན་ཡོང་བར་ཁྱོད་གྱིས་ཤིག། དཀོན་མཆོག་ཁོང་གི་དམ་པའི་གྲོང་ཁྱེར་དེ། གཟི་བརྗིད་ལྡན་པའི་གྱོན་གོས་རང་ཉིད་གྱོན། ཁྱོད་ཀྱི་རྒྱལ་སྒོར་ཕྱི་པ་སླར་མི་འཛུལ། 2ཡེ་རུ་ཤ་ལེམ་རང་དབང་དུ་སོང་ཞིག། རྡུལ་ནས་ལངས་ཤིང་རང་གི་རྒྱལ་ཁྲིར་སྡོད། ཛི་ཡོན་གྱི་བཙོན་ནང་ཚུད་པའི་མི་མང་ཚོ། ཁྱོད་ལ་བཀྱིག་པའི་ལྕགས་ཐག་རྣམས་ཁྲོལ་ཞིག། 3བླ་མེད་གཙོ་བོ་དཀོན་མཆོག་གིས་ཁོང་གི་མི་མང་ལ་བཀའ་གནང་བ། ཁྱོད་ཚོ་ཚེ་གཡོག་ཏུ་འགྱུར་སྐབས་ཁྱོད་ཚོའི་ཆེད་དངུལ་སྤྲད་མེད། དེ་ལྟར་ཁྱོད་ཚོ་རང་དབང་དུ་གཏོང་སྐབས་དངུལ་སྤྲོད་མི་དགོས་སོ། 4ཕྱི་རྒྱལ་བ་ལྟར་ཁྱོད་ཚོ་ཨི་ཇིབ་དུ་གནས་སྡོད་བྱེད་པར་འགྲོ་སྐབས། དེ་ལྟར་ཁྱོད་རང་གི་རང་འདོད་ལྟར་བྱས་ཡོད་། འོན་ཀྱང་ཨ་སུར་གྱིས་ཁྱོད་ཚོ་བཙན་དབང་དུ་འཁྲིད་སྐབས་ཁྱོད་ཚོའི་ཆེད་དུ་གང་ཡང་སྤྲད་མེད་དོ། 5ད་ཆ་བྷེ་བྷི་ལོ་ནི་ཡ་དུ་ཡང་དེ་བཞིན་བྱུང་ཡོད། ཁྱོད་ཚོ་བཙོན་པ་ཡིན་པ་དང་ཁྱོད་ཚོའི་ཆེད་དུ་རིམ་པ་གང་ཡང་སྤྲད་མེད། ཁྱོད་ཚོའི་ཐོག་དབང་བསྒྱུར་བྱ་མཁན་ཚོས་རང་བསྟོད་བྱེད་པ་དང་དཔའ་ངོམ་བྱེད་པ་དང་ང་ལ་རྒྱུན་ཆད་མེད་པར་བསྐུར་བ་འདེབས་སོ། 6དུས་ཚོད་སླེབས་སྐབས་ཁྱོད་ཚོས་ང་དཀོན་མཆོག་ཡིན་པ་དང་ངས་ཁྱོད་ཚོ་དང་སྨྲས་ཡོད་པར་ངོས་ལེན་བྱེད་དོ། 7འཕྲིན་བཟང་དང་ནི་ཞི་བདེའི་གཏམ་འཁྱེར་ནས། བང་ཆེན་ཞིག་ནི་རི་བོ་བརྒྱུད་ནས་ཡོང། མཐོང་བ་ངོ་མཚར་ཆེན་པོ་ཇི་འདྲ་ཡིན། དེ་ཡི་རྒྱལ་ཁ་གསལ་སྒྲགས་ཛི་ཡོན་ལ། ཁྱོད་ཀྱི་དཀོན་མཆོག་རྒྱལ་པོ་རེད་ཅེས་སྨྲས། 8གྲོང་ཁྱེར་སྲུང་སྐྱོབ་མཁན་ཚོས་སྐད་འབོད་བྱེད། དགའ་བའི་ཆེད་དུ་མཉམ་དུ་སྐད་འབོད་བྱེད། དཀོན་མཆོག་ཛི་ཡོན་ནང་དུ་ཕྱིར་ཕེབས་པ། དེ་ཚོའི་རང་གི་མིག་གིས་མཐོང་བར་འགྱུར། 9ཡེ་རུ་ཤ་ལེམ་ཉམས་ཆག་བྱུང་ཁག་ཚོ། དགའ་བའི་སྐད་འབོད་པར་གྱིས། གཙོ་བོ་དཀོན་མཆོག་ཁོང་གི་གྲོང་ཁྱེར་སྐྱོབ། མི་མང་རྣམས་ལ་ཁོང་གིས་སེམས་གསོ་མཛད། 10གཙོ་བོ་དཀོན་མཆོག་ཁོང་རང་གིས། དམ་པའི་མཐུ་སྟོབས་བེད་སྤྱོད་མཛད་ནས་ནི། ཁོང་གི་མི་མང་སྐྱོབ་པར་མཛད་པ་དང་། འཛམ་གླིང་ཡོངས་ཀྱི་དེ་ནི་མཐོང་བར་འགྱུར། 11མཆོད་ཁང་ནང་གི་མཆོད་རྫས་འཁྱེར་མཁན་ཚོ། བྷེ་བྷི་ལོ་ནི་ཡ་ནས་ཐོན་རྒྱུར་ངེས་བརྟན་བྱོས། དངོས་པོ་རེག་མི་ཆོག་པ་ལ་མ་རེག་ཅིག། རང་ཉིད་དམ་པར་བྱས་ནས་ཕྱིར་ཐོན་ཞིག། 12ད་ལེན་ཁྱོད་ཚོ་བྲེལ་ཚབ་ངང་ནས་ཐོན་མི་དགོས། ཁྱོད་རང་བྲོས་པའི་ཐབས་ཤེས་བྱེད་མི་དགོས། གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་ཁོང་གིས་ཁྱོད་ལ་ལམ་སྟོན་ནོ། ས་ཕྱོགས་ཡོངས་ལ་ཁྱོད་ལ་སྐྱོབ་པར་མཛད༎

སྡུག་བསྔལ་མྱོང་མཁན་ཞབས་ཕྱི།

13གཙོ་བོ་དཀོན་མཆོག་ཁོང་གི་བཀའ་གནང་བ། ང་ཡི་ཞབས་ཕྱིས་རང་ལས་ལེགས་པར་སྒྲུབ། ཁོང་ལ་ཆེ་མཐོང་ཆེན་པོ་ཐོབ་པར་འགྱུར། 14ཁོང་ལ་མཐོང་མཁན་མང་པོ་ཧ་ལས་འགྱུར། ཁོང་གི་དབྱིབས་ནི་འདི་ལྟ་བུ་བཟོ་རྟ་རླག་ཡོད་པས། མི་འདྲ་བ་མི་མཐོང་ངོ། 15འོན་ཀྱང་ད་ལྟ་མི་རིགས་མང་པོས་ཁོ་ལ་ངོ་མཚར་སྐྱེས། རྒྱལ་པོ་ཚོ་ཡང་ཡ་མཚན་སྨྲ་མི་ནུས། སྔར་ནས་མ་ཤེས་པ་ཡི་གནས་ཚུལ་དེ། དེ་ཚོས་མཐོང་བ་དང་ནི་རྟོགས་པར་འགྱུར༎

ཡེ་ཤ་ཡཱ 53

1མི་མང་ཚོ་ཡི་ལན་དུ་སྨྲས་པ་ལ། ད་ལྟ་ང་ཚོས་ཞུས་པར་སུ་ཡིད་ཆེས། གནས་ཚུལ་དེའི་ཐོག་ཏུ་གཙོ་བོ་དཀོན་མཆོག། ཁོང་གི་ཕྱག་ཡོད་པ་དེ་ནི་སུ་ཡིས་མཐོང། 2ས་སྐམ་ནང་ལ་རྩ་བ་འཛུགས་པའི་རྩི་ཤིང་ལྟར་ཁོང་གི་ཞབས་ཕྱི་ཡར་སྐྱེས་པ། གཙོ་བོ་དཀོན་མཆོག་ཁོང་གི་ཐུགས་དགོངས་ཡིན། ཁོ་ལ་ང་ཚོས་དོ་སྣང་བྱེད་པའི་ཕྱིར། གཟི་བརྗིད་ཡང་ན་མཛེས་ཚུལ་གང་ཡང་མེད། ཁོ་ཡི་སྐོར་ལ་ཡིད་འཕྲོག་བྱ་རྒྱུ་གང་ཡང་མེད། ཁོང་གི་གང་ཞིག་གིས་ང་ཚོར་བཀུགས་མི་ཐུབ། 3ང་ཚོས་ཁོང་ལ་སྨད་ཅིང་སྤངས་བར་བྱ། ཁོ་ཡི་སྡུག་བསྔལ་ན་ཚར་བཟོད་སྲན་བྱས། སུས་ཀྱང་ཁོ་ལ་བལྟ་བར་མི་བྱེད་དོ། ཁོ་ལ་ང་ཚོས་རིང་ཐང་བརྩི་མེད་བྱས། 4འོན་ཀྱང་ང་ཚོས་མྱོང་དགོས་སྡུག་བསྔལ་དང་། ང་ཚོས་ན་ཚ་འཁྱེར་དགོས་ཁག་བཅས་དང་། ཁོང་གིས་བཟོད་སྲན་བྱས་པར་འགྱུར་བ་ཡིན། ཁོང་གིས་མྱོང་བའི་སྡུག་བསྔལ་ཚང་མ། དཀོན་མཆོག་ཁོང་གིས་གཏོང་བའི་ཉེས་ཆད་ཡིན་ཞེས་ང་ཚོས་བསམ་བྱུང། 5ང་ཚོས་སྡིག་པའི་རྐྱེན་གྱིས་ཁོང་ལ་རྨས། ང་ཚོས་ལས་ངན་རྐྱེན་གྱིས་ཁོང་ལ་བརྡུང་། ཁོང་གི་མྱོང་བའི་ཉེས་ཆད་རྐྱེན་ང་ཚོར་སྐྱིད་པོ་དང་ཞི་བདེ་ཐོབ། ཁོང་གི་རྨས་ང་ཚོ་དྲག་ཡོད། 6ང་ཚོ་ཚང་མ་ལུག་ལྟར་རླག་ཡོད་དོ། ང་ཚོ་རང་རང་སོ་སོའི་ལམ་དུ་འགྲོ། འོན་ཀྱང་ང་ཚོར་ཕོག་དགོས་ཉེས་ཆད་དེ། གཙོ་བོ་དཀོན་མཆོག་གིས་ཁོང་རང་གི་ཐོག་ཕོག་པར་མཛད། 7ཁོང་ལ་མནར་སྤྱོད་རྩུབ་པོ་བྱས་ན་ཡང་། ཉམས་ཆུང་ངང་ནས་བཟོད་སྲན་གནང་བ་དང་། ཁོང་གི་་ཚིག་གཅིག་ཙམ་ཡང་སྨྲས་མེད་དོ། གསོད་གྲབ་ཡོད་པའི་ལུག་གུ་ལྟ་བུ་དང་། བལ་ནི་འབྲེག་གྲབ་ཡོད་པའི་ལུག་ལྟར། ཁོང་གི་ཚི་གཅིག་རྩ་ནས་སྨྲས་མེད་དོ། 8ཁོང་ནི་བཟུང་སྟེ་ཁྲིམས་གཅོད་བྱེས་ནས་བསད་པར་འཁྲིད། ཁོང་གི་སྐྱལ་བའི་སྐོར་སུས་ཀྱང་དོ་སྣང་བྱེད་མེད་དོ། ང་ཚོའི་མི་མང་རྣམས་ཀྱི་སྡིག་པའི་ཆེད། ཁོང་ལ་འཆི་བའི་ཉེས་ཆད་བཏང་ཡོད་དོ། 9ཁོང་གིས་ཁྲིམས་འགལ་གྱི་ལས་ནམ་ཡང་མ་བྱས་ཀྱང་། ཡང་ན་རྫུན་ཚིག་གཅིག་ཀྱང་བཤད་མེད་དོ། ཁོང་ནི་དུར་དུ་མི་ངན་མཉམ་དུ་བཞག། ཁོང་ནི་ཕྱུག་པོའི་རོ་དང་མཉམ་དུ་སྦས། 10གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཁོ་ཡི་སྡུག་པོ་མྱོང་དགོས་དེ་ནི་ང་ཡི་འདོད་ཡིན། ཁོང་གི་འཆི་བ་ནི་སྡིག་བཤགས་འཁྱེར་བའི་ཆེད་དུ་དམར་མཆོད་ཡིན། ཁོང་གིས་རང་གི་རིགས་བརྒྱུད་རྣམས་ལ་མཐོང་བ་དང་། ཁོང་ནི་ཚེ་རིང་གནས་པར་འགྱུར་བ་དང། ཁོང་གི་རྒྱུད་ནས་ང་ཡི་དམིགས་ཡུལ་སྒྲུབ། 11ཁོང་གི་མི་ཚེ་སྡུག་བསྔལ་མྱང་བའི་རྗེས། ཡང་སྐྱར་ཁོང་ལ་དགའ་བ་ཐོབ་པར་འགྱུར། ཁོང་གི་སྡུག་བསྔལ་དོན་མེད་མྱོང་མེད་པ་ཤེས། ང་ཡི་དགའ་བའི་མོས་གུས་ཅན་གྱི་ཞབས་ཕྱི་དེ། མང་པོའི་ཆེད་དུ་ཁོང་གིས་ཉེས་ཆད་མྱོང་། ཁོང་གི་ཆེད་དུ་ང་ཡི་དེ་ཚོར་བཟོད། 12དེར་བརྟེན་རླབས་ཆེན་དང་ནི་སྟོབས་ཆེན་ཁྲོད། ང་ཡིས་ཁོང་ལ་ཆེ་མཐོང་གོ་གནས་སྤྲད། ཁོང་གི་ཐུགས་འདོད་བཞིན་དུ་རང་གི་མི་ཚེ་ཕུལ། མི་ངན་ཚོ་དང་མཉམ་དུ་སྡུག་བསྔལ་མྱོང་། ཁོང་ནི་སྡིག་ཅན་མང་པོའི་ས་གནས་བཟུང། དེ་ཚོར་བཟོད་གསོལ་ཡོང་བའི་གསོལ་འདེབས་ཞུས༎

ཡེ་ཤ་ཡཱ 54

གཙོ་བོ་དཀོན་མཆོག་གི་ཨིསི་རཱཨེལ་ལ་ཐུགས་བརྩེ།

1ཡེ་རུ་ཤ་ལེམ་ཁྱོད་ནི་བུད་མེད་མོ་གཤམ་འདྲ། འོན་ཀྱང་ད་ཁྱོད་དགའ་སྤྲོའི་སྐད་ཀྱི་གླུ་ལེན་ཞིག། བུད་མེད་གཏན་དུ་ཁྱོ་མཉམ་སྡོད་པ་ལས། ད་ནི་ཁྱོད་ལ་ཕྲུ་གུ་མང་བ་ཡོང་བར་འགྱུར། 2ཁྱོད་སྡོད་པའི་གུར་དེ་ཆེ་རུ་གཏོང་། ཐག་པ་རིང་དུ་བཏང་ནས་ཕུར་བརྟན་བཟོས། 3ས་ཕྱོགས་ཡོངས་ནས་ས་མཚམས་རྒྱ་བསྐྱེད་བྱེད། མི་རིགས་གཞན་གྱིས་ད་ལྟ་དབང་བའི་ས་ཆ་དེ། ཁྱོད་ཀྱི་མི་མང་རྣམས་ལ་ཕྱིར་ལོག་ཐོབ་པར་འགྱུར། ད་ལྟ་སྟོངས་པའི་གྲོང་རྣམས་མིས་ཁེངས་འགྱུར། 4ཁྱོད་མ་འཇིགས་ཞབས་འདྲེན་ནང་ཡང་མི་ཚུད། ཁྱོད་ལ་སུས་ཀྱང་དམའ་འབེབས་བྱེད་མི་འགྱུར། ཆུང་མ་ན་ཆུང་དམ་ཚིག་མི་གཙང་བ་དང་། ཡུག་མོའི་སྐབས་སུ་གཅིག་པོར་ལུས་པ་ཁྱོད་ཀྱིས་བརྗེད་ཡོང། 5བཀོད་པ་པོ་ནི་ཁྱོད་ཀྱི་ཁྱོ་ལྟར་འགྱུར། ཁོང་གི་མཚན་ནི་གཙོ་བོ་དཀོན་མཆོག་ཀུན་དབང་ཅན་ཡིན། ཨིསི་རཱཨེལ་གྱིི་དཀོན་མཆོག་དམ་པ་དེས། ཁོང་ནི་ཁྱོད་རང་སྐྱོབ་པར་མཛད་རྒྱུ་དང་། ཁོང་ནི་འཛམ་གླིང་ཡོངས་ཀྱི་རྒྱལ་པོ་ཡིན། 6ཨིསི་རཱཨེལ་ཁྱོད་ནི་ཁྱོ་ཡིས་སྤངས་ནས། སྡུག་བསྔལ་ནང་ཡོད་པ་ཆུང་མ་ན་ཆུང་ལྟར། འོན་ཀྱང་གཙོ་བོ་དཀོན་མཆོག་ཁོང་གིས་ནི། ཁྱོད་ལ་འབོད་ནས་ཁོང་གིས་བཀའ་འདི་གསུངས། 7དུས་ཡུན་ཐུང་ངུའི་རིང་ལ་ངས་ཁྱོད་སྤངས། བརྩེ་བ་ཆེན་པོས་ང་ཡིས་ཁྱོད་ལ་ཕྱིར་ལོག་ལེན་རྒྱུ་ཡིན། 8ང་ཡིས་ཁོང་ཁྲོ་ཁྱུག་ཙམ་ལངས་ནས་ཁ་བསྒྱུར་ན་ཡང་། ང་ཡིས་ཁྱོད་ལ་གཏན་གྱི་བརྩེ་བ་སྟོན་རྒྱུ་ཡིན། དེར་བརྟེན་ཁྱོད་ལ་སྐྱོབ་མཁན་གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་འདི་གནང་། 9ནོ་ཨའི་དུས་སུ་ཡང་སྐྱར་ས་གཞི་འདིར། ཆུ་ལོག་མི་གཏོང་ང་ཡིས་དམ་བཅའ་བྱས། ད་ལྟ་སྐྱར་དུ་ཁོང་ཁྲོ་མི་བྱེད་དམ་བཅའ་བྱ་རྒྱུ་ཡིན། ང་ཡིས་ཁྱོད་ལ་བཀའ་སྐྱོན་ཡང་ན་ཉེས་ཆད་མི་གཏོང་ངོ་། 10རི་དང་རི་ཕྲན་རྣམས་འགྱལ་ན་ཡང་། ང་ཡི་བྱམས་པར་མཐའ་མེད་དོ། ང་ཡི་ཞི་བདེའི་དམ་བཅའ་ངས་གཏན་སྲུང་། ཁྱོད་ལ་བྱམས་མཁན་གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་འདི་གནང་། འོངས་པའི་ཡེ་རུ་ཤ་ལེམ། 11གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཀྱེ་ཡེ་རུ་ཤ་ལེམ་སྡུག་པོ་མྱོང་མཁན་དང་། སྐྱབས་མེད་སེམས་གསོ་མེད་པའི་གྲོང་ཁྱེར་ཁྱོད། ང་ཡི་རིན་ཆེན་རྡོ་ཡིས་རྩིག་རྨང་བཟོས། 12ཁྱོད་ཀྱི་སྤེའུ་པད་མ་ར་གས་བཞེངས། མེ་ལྟར་འབར་བའི་རྡོ་ཡིས་རྒྱལ་སྒོ་བཟོས། མཐའ་འཁོར་ལྕགས་རི་རིན་ཆེན་ནོར་བུས་བཟོས། 13ཁྱོད་ཀྱི་མི་མང་རྣམས་ལ་ང་རང་ཉིད་ཀྱིས་བསླབ། དེ་ཚོར་དར་རྒྱས་དང་ནི་ཞི་བདེ་བྱིན། 14ཁྲིམས་དྲང་བདེན་པས་ཁྱོད་ལ་སྟོབས་ཅན་བཟོ། ཁྱོད་ལ་མནར་གཅོད་འཇིགས་སྐྲག་ལས་བདེ་བ་རྙེད། 15སུ་ཡིས་ཁྱོད་ལ་འཐབ་པ་ཡིན་ན་ཡང་། ང་ཡི་བཀའ་ཁྲོལ་མེད་པར་ཁོས་བྱས་ཡོད། ཁྱོད་ལ་འཐབ་མཁན་རྣམས་ནི་ཕམ་པར་འགྱུར། 16མེ་ཡི་ཐབ་ལ་མཚོན་ཆ་བཟོ་མཁན་དང་། མགར་བ་དེ་བཞིན་ང་ཡིས་བཀོད་པ་ཡིན། མི་གསོད་ཆེད་དུ་མཚོན་ཆ་བེད་སྤྱོད་མཁན། དམག་མི་དེ་ཡང་ང་ཡིས་བཀོད་པ་ཡིན། 17འོན་ཀྱང་ཁྱོད་ལ་མཚོན་ཆ་ཇི་འདྲ་ཡིས། ཁྱོད་ལ་དེ་ཡིས་གནོད་པ་བྱེད་མི་ཐུབ། ཁྱོད་ལ་སྐྱོན་བཏགས་བྱེད་མི་ཚང་མ་ལ། ཁྱོད་ཀྱི་དེ་ལ་ལན་འདེབས་བྱེད་པར་འགྱུར། ང་ཡི་བྲན་པོ་ཚོར་སྐྱབས་ནས་རྒྱལ་ཁ་སྤྲོད། གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་ངོ༎

ཡེ་ཤ་ཡཱ 55

དཀོན་མཆོག་གིས་སྙིང་རྗེ་གནང་བ།

1གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཁ་སྐོམ་ཚང་མ་ཤོག་ཅིག་འདིར་ཆུ་ཡོད། དངུལ་མེད་མཁན་ཚོ་ཤོག་ལ་འབྲུ་ཉོས་ནས་བཟའ་ཤིག། ཚུར་ཤོག་རྒུན་ཆང་དང་ནི་འོ་མ་ཉོས། དེ་ལ་རིན་འབབ་གང་ཡང་མི་གནས་སོ། 2མ་མཚིམ་པ་ཡི་བྱ་བར་ཅིའི་ཕྱིར་དངུལ་གཏོང་ངམ། གླ་ཆར་བེད་སྤྱོད་གྱིས་ནས་ཅིའི་ཕྱིར་ལྟོགས་པར་སྡོད། ང་ལ་ཉན་ནས་ངས་བཤད་ལྟར་གྱིས་ཤིག་དང། ཁྱོད་ཚོས་ཁ་ཟས་ལེགས་ཤོས་ལོང་སྤྱོད་དོ། 3ང་ཡི་མི་མང་ངའི་རྩར་ཉན་པར་ཤོག། ངའི་རྩར་ཡོང་ན་ཁྱོད་ལ་ཚེ་ཐོབ་བོ། ང་ཡིས་ཁྱོད་ཚོར་གཏན་གནས་དམ་བཅའ་འཇོག། ང་ཡིས་དཱ་བིད་ལ་དམ་བཅའ་གྱིས་པའི་བྱིན་རླབས་དེ་ཁྱོད་ལ་བྱིན། 4ང་ཡིས་ཁོ་ལ་མི་རིགས་ཀྱིི་འགོ་པ་དང། དམག་དཔྱིར་བཀོད་ནས་ཁོ་བརྒྱུད་ངས། དེ་ཚོར་ང་ཡི་མཐུ་སྟོབས་སྟོན་པ་ཡིན། 5ད་ཆ་ཁྱོད་ཚོས་ཕྱི་རྒྱལ་མི་རིགས་ཚོ་ལ་འབོད། སྐབས་ཤིག་དེ་ཚོས་ཁྱོད་ཚོར་ངོ་མི་ཤེས། ད་ཆ་ཁྱོད་ཚོ་མཉམ་བཞུགས་རྒྱུགས་ནས་ཡོང་། ང་ནི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཡིན། ཨིསི་རཱཨེལ་པ་ཡི་དཀོན་མཆོག་དམ་པ་ཡིས། དེ་ཚོ་ཚང་མ་སྒྲུབ་པར་བྱ་རྒྱུ་ཡིན། ང་ཡིས་ཁྱོད་ཚོར་ཆེ་མཐོང་གཟི་བརྗིད་སྤྲོད། 6ཁོང་གི་ཕྱོགས་སུ་བསྒྱུར་ནས་ཁོང་ལ་སྨོན་ལམ་འདེབས། ད་ལྟ་ཁོང་ནི་ཐག་ཉེར་ཡོད་པ་ཡིན། 7སྤྱོད་ངན་རང་གི་བྱེད་ལུགས་དོར་བཅུག་ནས། དེ་ཚོའི་བསམ་བློ་གཏོང་ཚུལ་བསྒྱུར་རུ་བཅུག། དེ་ཚོ་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ཁོང་གི་ཕྱོགས། དེ་ཚོ་བློ་ཁ་བསྒྱུར་དུ་འཇུག་ཅིག་དང་། ཁོང་ནི་བྱམས་བརྩེ་བཟོད་གསོལ་གནང་རྒྱུར་མགྱོགས། 8གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ང་ཡི་བསམ་བློ་ཁྱོད་ཚོའི་བསམ་བློ་ལྟར་མེད། ང་ཡི་ལམ་ནི་ཁྱོད་ཚོའི་ལམ་མི་འདྲ། 9ས་ལས་མཐོ་རིས་ཇི་ལྟར་མཐོ་བ་ལྟར། ཁྱོད་སྟེང་ང་ཡི་ལམ་དང་བསམ་བློ་མཐོ། 10ང་ཡི་བཀའ་ནི་ཁ་ཆར་བབ་པ་བཞིན། དེ་ཚོ་གནམ་ནས་ས་གཞིར་ཆུ་བྱིན་བབས། དེ་ཚོས་སྟོན་ཐོག་སྐྱེས་རུ་འཇུག་པ་དང་། སོ་ནམ་པ་ལ་སོན་དང་ཟ་མཁན་ལ་ཟས་བྱིན་ནོ། 11དེར་བརྟེན་ང་ཡི་སྨྲས་པའི་བཀའ་འང་དེ་ལྟར་བྱས། དེ་ཡིས་ང་ཡི་འཆར་གཞི་མི་འགལ་ལོ། ང་ཡིས་བྱ་རྒྱུར་བཏང་བ་ཚང་མ་དེ་ཡིས་གྱིས། 12ཁྱོད་ཚོ་བྷེ་བྷི་ལོན་ནས་དགའ་ཞིང་ཏོན། ཁྱོད་ཚོ་གྲོང་ཁྱེར་ནང་ནས་ཞི་བདེར་འཁྲིད། རི་དང་རི་ཕྲན་རྣམས་ནི་གཞས་གཏོང་ངོ་། ཤིང་སྡོང་རྣམས་ནི་དགའ་སྤྲོའི་སྐད་འབོད་བྱེད། 13ད་ལྟ་ཚེར་ཤིང་ཡོད་པའི་ས་གནས་སུ་སོམ་ཤིང་སྐྱེས་པར་འགྱུར། ཚེར་མའི་ཤུལ་དུ་ཧ་དས་ཤིང་སྐྱེས་འགྱུར། ང་གཙོ་བོ་དཀོན་མཆོག་གིས་ཇི་གྱིས་དྲན་གསོ་ཆེད། རྟག་ཏུ་གནས་པའི་མཚན་མར་གྱུར་བར་འགྱུར༎

ཡེ་ཤ་ཡཱ 56

དཀོན་མཆོག་གི་མི་མང་ནང་མི་རིགས་ཚང་མ་ཚུད་ཡོང།

1གཙོ་བོ་དཀོན་མཆོག་གིས་རང་གི་མི་མང་རྣམས་ལ་བཀའ་གནང་བ། ཁྲིམས་དྲང་དང་དྲང་པོ་ཇི་ཡིན་པ་རྣམས་གྱིས་ཤིག གང་ལ་ཟེར་ན། ངས་མགྱོགས་པོར་ཁྱོད་ལ་སྐྱོབ་རྒྱུ་ཡིན་ནོ། 2ངས་ངལ་གསོ་བའི་ཞག་གཏན་དུ་སྲུང་མཁན་དང་། དེ་ལོག་པར་བེད་སྤྱོད་མི་བྱ་མཁན་ལ་བྱིན་གྱིས་རླབས་རྒྱུ་ཡིན། ངན་ལས་ཅི་ཡང་མི་བྱེད་མཁན་ལ་བྱིན་གྱིས་རླབས་རྒྱུ་ཡིན་ནོ། 3ཕྱི་རྒྱལ་བ་ཞིག་གཙོ་བོ་དཀོན་མཆོག་གི་མི་མང་དང་མཉམ་དུ་བསྡད་མཁན་གྱིས། ང་ཁོང་གི་མི་མང་མཉམ་དུ་མཆོད་པ་བྱེད་དུ་འཇུག་གནང་གི་མ་རེད་ཅེས་བརྗོད་མི་རུང་། མི་ཉུག་རུམ་པ་ཞིག་གིས་ཁོ་པར་ཕྲུ་གུ་མེད་སྟབས་དཀོན་མཆོག་གི་མི་མང་གི་ཆ་ཤས་སུ་མི་ཡོང་བསམ་པ་རྩ་བ་ནས་བྱེད་མི་རུང་། 4མི་དེ་ལ་གཙོ་བོ་དཀོན་མཆོག་གིས་འདི་ལྟར་གསུངས་པ། ཁྱོད་ཀྱིས་ངལ་གསོ་བའི་ཞག་སྲུང་བརྩི་ཞུས་པ་དང་། ང་མཉེས་པ་འབའ་ཞིག་གི་ལས་བྱས་པ་དང་། དམ་ཚིག་བརྟན་པོས་ངའི་དམ་བཅའ་སྲུང་ནས་ང་ལ་གུས་བཀུར་ཞུ་བ་ཡིན་ན། 5ཁྱོད་ཀྱི་མིང་ངའི་མཆོད་ཁང་ནང་ངའི་མི་མང་གི་ཁྲོད་དུ་ཁྱོད་ལ་བུ་དང་བུ་མོ་ཡོད་པ་ལས་དུས་ཡུན་རིང་བ་དྲན་པར་བྱེད་དོ། ཁྱོད་ལ་ནམ་ཡང་བརྗེད་པར་མི་འགྱུར་ཞེས་སོ། 6གཙོ་བོ་དཀོན་མཆོག་གིས་ཕྱི་རྒྱལ་བ་ཚོ་ཁོང་གི་ཆ་ཤས་སུ་འགྱུར་བ་དང་། ཁོང་ལ་བརྩེ་བའི་ཞབས་ཕྱི་ཞུ་མཁན་དང་། ངལ་གསོ་བའི་ཞག་སྲུང་མཁན་དང་། དམ་ཚིག་བརྟན་པོས་ཁོང་གི་དམ་བཅའ་སྲུང་མཁན་ལ་བཀའ་གནང་བ་ནི། 7ཁྱོད་ལ་ངས་ངའི་དམ་པའི་རི་བོ་ཛི་ཡོན་དུ་འཁྲིད་པ་དང་། ངའི་སྨོན་ལམ་འདེབས་པའི་ཁང་པར་ཁྱོད་ལ་དགའ་སྤྲོ་བྱིན་པ་དང་། ཁྱོད་ཀྱིས་ངའི་མཆོད་ཁྲིའི་སྟེང་ཕུལ་བའི་དམར་མཆོད་རྣམས་ལ་ངས་ངོས་ལེན་བྱའོ། ངའི་མཆོད་ཁང་དེ་མི་རིགས་ཡོངས་ཀྱི་སྨོན་ལམ་འདེབས་སའི་ཁང་ཞེས་གྲགས་པར་འགྱུར་རོ། 8བླ་ན་མེད་པའིི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་པ་བཙན་བྱོལ་ནས་ཁྱིམ་དུ་འཁྲིད་ཕེབས་མཁན་གྱིས། དེ་ཚོ་མཉམ་དུ་བཞུགས་པར་ད་དུང་མི་མང་པོ་འཁྲིད་ཕེབས་རྒྱུའི་དམ་བཅའ་གནང་བ་ཡོད་དོ༎

ཨིསི་རཱཨེལ་གྱི་འགོ་པ་ཚོར་སྐྱོན་བརྗོད་གནང་བ།

9གཙོ་བོ་དཀོན་མཆོག་གིས་ཕྱི་རྒྱལ་བའི་མི་རིགས་ཚོར། ནགས་ཀྱི་སེམས་ཅན་ལྟར་ཡོང་ནས་ཁོང་གི་མི་མང་ལ་ཟ་བའི་ཕྱིར་ཤོག་ཅིག་གསུངས་ཡོད། 10ཁོང་གིས་བཀའ་གནང་བ། ངའི་མི་མང་ལ་ཉེན་བརྡ་གཏོང་བར་བྱ་མཁན་འགོ་པ་རྣམས་ལོང་བ་ཡིན་ནོ། དེ་ཚོས་གང་ཡང་མི་ཤེས་སོ། དེ་ཚོ་འཆང་མི་ཐུབ་མཁན་འདོགས་ཁྱི་ལྟར་ཡིན་པ་དང་། དེ་ཚོ་ཉལ་ནས་གཉིད་ལམ་གཅིག་པོ་མཐོང་བར་བྱེད་དོ། དེ་ཚོ་ཇི་ལྟར་ཉལ་རྒྱུར་དགའོ། 11དེ་ཚོ་ནམ་ཡང་གྲོད་པ་མི་རྒྱགས་མཁན་གྱི་འདོད་རྔམ་ཅན་གྱི་ཁྱི་ལྟར་ཡོད། འགོ་པ་དེ་ཚོ་ལ་གོ་ཤེས་མེད་པ་དང་། དེ་ཚོ་རེ་རེས་རང་གིས་འདོད་པ་ལྟར་བྱེད་པ་དང་། རང་གི་མཁེ་ཕན་ཤ་སྟགས་འཚོལ་ལོ། 12ར་བཟི་པ་ཚོས་ང་ཚོ་ལ་རྒུན་ཆང་ཕྲན་བུ་ལེན་དགོས་ཟེར་བ་དང་། གང་འཐུང་ཐུབ་པ་འཐུང་དགོས། སང་ཉིན་དེ་རིང་ལས་ལེགས་པ་ཡོང་ཞེས་སྨྲས་སོ༎

ཡེ་ཤ་ཡཱ 57

ཨིསི་རཱཨེལ་གྱི་སྐུ་འདྲར་མཆོད་པར་སྐྱོན་བརྗོད།

1མི་བཟང་པོ་འཆི་བ་ལ་སུས་ཀྱང་མི་ཤེས་པ་དང་དོ་སྣང་མི་བྱེད་དོ། འོན་ཀྱང་དེ་ཚོ་འཆི་བའི་སྐབས་སུ་རྐྱེན་ངན་གང་གི་ཀྱང་དེ་ཚོར་གནོད་པར་མི་བྱེད་དོ། 2མི་ཚེ་བཟང་པོའི་ངང་གནས་མཁན་ཚོར་འཆི་བར་ཞི་བདེ་དང་ངལ་གསོ་རྙེད་དོ། 3ཁྱོད་ཚོ་སྡིག་ཅན་ཚོ་ཁྲིམས་ཞིབ་ཡོང་བའི་ཆེད་དུ་འདིར་ཤོག་ཅིག ཁྱོད་ཚོ་ངན་སྔགས་མཁན་དང་ལོག་གཡེམ་པ་དང་སྨད་འཚོང་མ་ལས་བཟང་བ་མེད་དོ། 4ཁྱོད་ཚོས་སུ་ལ་འཕྱ་ལས་བརྒྱབ་ཀྱི་ཡོད་དམ། རྫུན་ཅན་ཁྱོད་ཚོ་སུ་ལ་འཕྱ་འམ། 5ཁྱོད་ཚོའི་ཤིང་སྡོང་དམ་པ་དེ་ཚོའི་འོག་ཏུ་འཁྲིག་སྤྱོད་བྱས་ནས་ཕྲུ་གུ་བྱིན་མཁན་གྱིི་ལྷ་རྣམས་ལ་མཆོད་དོ། བྲག་ཕུག་ཚོའི་ཆུ་འགྲམ་དུ་རང་གི་ཕྲུ་གུ་རྣམས་ལ་དམར་མཆོད་དུ་ཕུལ་ལོ། 6དེ་ནས་ཁྱོད་ཚོས་རྡོ་འཇམ་པོ་བླངས་ནས་ལྷ་ལྟར་དེ་ཚོ་ལ་མཆོད་དོ། ཁྱོད་ཚོས་རྒུན་ཆང་དེ་ཚོ་ལ་མཆོད་འབུལ་གྱི་ཚུལ་དུ་བླུག་པ་དང་དེ་ཚོ་ལ་འབྲུའི་མཆོད་པ་འཁྱེར་ཡོང་ངོ། ཁྱོད་ཚོའི་བསམ་པར་ངས་དེ་ཚོར་དགའ་གི་རེད་བསམ་གྱི་འདུག་གམ། 7ཁྱོད་ཚོས་རི་མཐོ་པོའི་སྟེང་དམར་མཆོད་འབུལ་བ་དང་། འཁྲིད་སྤྱོད་བྱེད་པར་ཕྱིན་ནོ། 8ཁྱོད་ཀྱི་སྐྱུག་བྲོའི་སྐུ་འདྲ་རྣམས་སྒོའི་མདུན་ནང་ལ་སྒྲིགས་ནས། ཁྱོད་ཀྱིས་ང་ལ་སྤངས་སོ། ཁྱོད་རང་གི་གྱོན་གོས་ཕུད་ནས་ཁྱོད་ཀྱི་སྙིང་སྡུག་དེ་མཉམ་དུ་ཉལ་བའི་ཆེད་དངུལ་སྤྲད་ནས་དེ་མཉམ་དུ་ཉལ་ཁྲི་རྒྱ་ཆེན་པོའི་སྟེང་དུ་འཛེགས་སོ། དེར་ཁྱོད་ཀྱི་འདོད་ཆགས་བློ་ཁེངས་བར་བྱེད་དོ། 9ཁྱོད་ཀྱིས་དྲི་ཞིམ་གྱི་སྣུམ་བྱུག་ནས་མོ་ལེག་ལྷ་ལ་མཆོད་པར་འགྲོའོ། མཆོད་པའི་ལྷ་འཚོལ་བའི་ཆེད་ཁྱོད་ཀྱིས་ཐག་རིང་དང་གཤིན་པོའི་གླིང་བཅས་པར་བང་ཆེན་བཏང་ངོ། 10ལྷ་གཞན་རྣམས་འཚོལ་སྐབས་ཐང་ཆད་པར་འགྱུར་ན་ཡང་ཁྱོད་ཀྱི་རེ་ཐག་བཅད་པར་མི་བྱའོ། ཁྱོད་ཀྱི་བསམ་བློར་སྐྱུག་བྲོའི་སྐུ་འདྲ་ཚོས་ཁྱོད་ལ་སྟོབས་ཤུགས་སྤྲད་ནས་ཁྱོད་སྐྱོ་པོར་འགྱུར་གྱི་མ་རེད་བསམ་མམ། 11གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཁྱོད་ཀྱིས་ང་ལ་རྫུན་ཤོད་པ་དང་ང་ཆ་ཚང་བརྗེད་པར་འགྱུར་བ་དང་ཁྱོད་འཇིགས་པར་བཟོ་མཁན་ལྷ་འདི་ཚོ་སུ་རེད་དམ། ངས་དུས་ཚོད་རིང་པོའི་བར་ཁུ་སིམ་མེར་བསྡད་སྐབས་ཁྱོད་ཚོས་ང་ལ་གུས་བཀུར་ཞུ་རྒྱུ་མཚམས་འཇོག་བྱེད་པ་རེད་དམ། 12ཁྱོད་ཚོས་གང་བྱས་པ་རྣམས་དྲང་བདེན་ཡིན་བསམ་གྱི་ཡོད་ན་ཡང་། ངས་ཁྱོད་ཀྱི་བྱ་སྤྱོད་རྣམས་འཐེར་འདོན་བྱ་རྒྱུ་ཡིན་པ་དང་། ཁྱོད་ཀྱི་སྐུ་འདྲ་ཚོས་ཁྱོད་ལ་རོགས་བྱེད་མི་ཐུབ་བོ། 13ཁྱོད་ཀྱིས་རོགས་རམ་གྱི་ཆེད་ངུ་འབོད་སྐབས་སུ་ཁྱོད་ཀྱི་སྐུ་འདྲ་ཚོར་སྐྱོབ་ཏུ་འཇུག་ཅིག དེ་ཚོ་རླུང་འཚུབ་ཡང་པོ་ཞིག་གིས་འཁྱེར་བར་འགྱུར་རོ། འོན་ཀྱང་ང་ལ་བློ་བཀལ་བྱ་མཁན་ཚོ་ཡུལ་དུ་བསྡད་ནས་ངའི་མཆོད་ཁང་དུ་ང་ལ་མཆོད་པར་བྱེད་དོ༎

དཀོན་མཆོག་གིས་རོགས་རམ་དང་གསོ་བ་གནང་རྒྱུའི་ཞལ་བཞེས།

14གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངའི་མི་མང་རྣམས་ངའི་སར་ལོག་དུ་འཇུག་ཅིག། ལམ་འགོག་རྐྱེན་རྣམས་ཕྱིར་འབུད་ཅིག། ལམ་བཟོས་ནས་དེ་གྲ་སྒྲིགས་བྱོས་ཤིག། 15ང་རྒྱུན་དུ་གནས་པའི་དཀོན་མཆོག་མཐོ་པོ་དང་དམ་པ་དེ་ཡིན། ང་གནས་མཐོ་པོ་དང་དམ་པར་སྡོད་དོ། འོན་ཀྱང་བློ་སྟོབས་དང་རེ་བ་སླར་གསོ་བྱེད་པའི་ཆེད་དུ་ང་མི་མང་ཉམས་ཆུང་དང་འགྱོད་སེམས་ཅན་ཚོའི་མཉམ་དུ་ཡང་བསྡད་དོ། 16ངས་ངའི་མི་མང་ལ་སྲོག་སྤྲད་པ་དང་ངས་མུ་མཐུད་ནས་དེ་ཚོ་ལ་སྐྱོན་བརྗོད་དང་དུས་གཏན་དུ་དེ་ཚོ་ལ་མི་ཁྲོའོ། 17དེ་ཚོའི་སྡིག་པ་དང་འདོད་རྔམ་གྱི་རྐྱེན་གྱི་ངས་དེ་ཚོར་ཁྲོ་བ་དང་ཉེས་ཆད་གཏོང་ནས་སྤངས་བ་ཡིན། འོན་ཀྱང་དེ་ཚོའི་སེམས་གྱོང་པོ་ཡིན་སྟབས་དེ་ཚོ་རང་གི་ལམ་དུ་མུ་མཐུད་ནས་ཕྱིན་ཡོད་དོ། 18ངས་དེ་ཚོས་ལས་ཇི་བྱས་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་ངས་དེ་ཚོ་གསོ་བར་བྱེད་དོ། ངས་དེ་ཚོ་ལ་སྣེ་འཁྲིད་དང་རོགས་རམ་བྱེད་པ་དང་། མྱ་ངན་བྱེད་མཁན་རྣམས་ལ་སེམས་གསོ་བྱེད་དོ། 19ངས་ཉེ་འཁོར་དང་ཐག་རིང་དུ་ཡོད་པ་ཚང་མར་ཞི་བདེ་སྤྲོད་པ་དང་། ངའི་མི་མང་ཚོར་ངས་དྲག་གསོ་བར་བྱེད་དོ། 20འོན་ཀྱང་མི་ངན་པ་རྣམས་རྒྱ་མཚོ་འཁྲུགས་པ་དང་འདྲ་བས་དེའི་རྦ་རླབས་ཀྱིས་བཙོག་པ་དང་འདམ་རྫབ་འཁྱེར་ཡོང་བ་མཚམས་མི་ཆད་དོ། 21སྡིག་ཅན་ལ་བརྟན་ཆ་མེད་ཅེས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་ཡོད་དོ༎

ཡེ་ཤ་ཡཱ 58

སྨྱུང་གནས་ངོ་མ།

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། སྐད་ཤུགས་གང་ཐུབ་ཐུབ་རྒྱབ་ནས། ངའི་ཨིསི་རཱཨེལ་གྱི་མི་མང་ལ་དེ་ཚོའི་སྡིག་པའི་སྐོར་ལ་ཤོད་ཅིག 2དེ་ཚོས་ང་ལ་ཉིན་ལྟར་མཆོད་པ་དང་། ངའི་ལམ་ཤེས་འདོད་དང་། ངའི་བཀའ་ཁྲིམས་རྣམས་ལ་སྲུང་བརྩི་བྱ་འདོད་ཡོད་སྐོར་བརྗོད་ཀྱི་ཡོད་པ་དང་། དེ་ཚོ་ལ་ངས་ཁྲིམས་དྲང་པོ་སྤྲོད་པའི་འདོད་པ་ཡོད་པ་དང་ང་ལ་དེ་ཚོས་མཆོད་རྒྱུར་དགའ་བ་ཡོད་ཅེས་བརྗོད་དོ། 3མི་མང་གིས་འདྲིས་པ། གཙོ་བོ་དཀོན་མཆོག་གིས་ཐུགས་སྣང་མི་གནང་བ་ཡིན་ན། ང་ཚོས་ཅིའི་ཕྱིར་སྨྱུང་གནས་སྲུང་དགོས་སམ། ཁོང་གིས་ང་ཚོ་ལ་ཡ་མ་གནང་བ་ཡི་ན་ང་ཚོས་ཟས་མི་ཟ་བར་ཅིའི་ཕྱིར་སྡོད་དམ། གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་བཀའ་གནང་བ། བདེན་པ་ཅི་ཡིན་ཟེར་ན་ཁྱོད་ཀྱིས་སྨྱུང་གནས་སྲུང་བ་དང་། དུས་མཚུངས་ཁྱོད་ཀྱིས་རང་གི་ཁེ་ཕན་སྲུང་བ་དང་ལས་མིར་མནར་གཅོད་བྱེད་ཀྱི་ཡོད་དོ། 4ཁྱོད་ཀྱི་སྨྱུང་གནས་ཀྱི་ཁྱོད་དྲག་པོར་འགྱུར་བ་དང་འཁྲུག་རྩོད་དང་འཁོན་འཛིན་བྱེད་ཀྱི་ཡོད་པ་དང་། ཁྱོད་ཀྱི་འདོད་པས་སྨྱུང་གནས་དེ་ལྟར་གྱིས་པས་ངས་ཁྱོད་ཚོའི་སྨོན་ལམ་ལ་ཉན་གྱི་རེད་བསམ་གྱི་འདུག་གམ། 5ཁྱོད་ཚོས་སྨྱུང་གནས་སྲུང་སྐབས་རང་གི་རང་ལ་སྡུག་པོ་གཏོང་གི་ཡོད། ཁྱོད་ཚོས་རྩའི་འདབ་མ་ལྟར་རང་གི་མགོ་སྒུར་བ་དང་། དེའི་སྒང་ལ་ཉལ་བའི་ཆེད་རྩ་ཕད་དང་གོག་ཐལ་བཀྲམ་གྱི་ཡོད། དེ་ལ་ཁྱོད་ཚོས་སྨྱུང་གནས་ཟེར་གྱི་ཡོད་དམ། ཁྱོད་ཚོའི་བསམ་བློར་དེས་ང་དགའ་གི་རེད་བསམ་གྱི་འདུག་གམ། 6ངས་འདོད་པའི་སྨྱུང་གནས་ནི། ཁྱོད་ཚོའི་མནར་གཅོད་ཀྱི་ལྕགས་སྒྲོག་དང་དྲང་མིན་གྱི་མཉའ་ཤིང་ཕྱིར་འབུད་ནས་མནར་གཅོད་མྱོང་མཁན་རྣམས་རང་དབང་དུ་གཏོང་ཞིག 7མི་ལྟོགས་པ་དང་མཉམ་དུ་རང་གི་ཁ་ཟས་མཉམ་བགོས་བྱེད་པ་དང་། ཁྱིམ་མེད་དབུལ་པོར་རང་གི་ཁྱིམ་གྱི་སྒོ་ཕྱེས་ཤིག། གྱོན་ཆས་གང་ཡང་མེད་མཁན་ཚོར་གྱོན་གོས་བྱིན་པ་དང་། རང་གི་གཉེན་མཚན་ཚོར་རོགས་ཕན་བྱ་རྒྱུར་ཁས་ལེན་མེད་པ་མ་བྱེད་ཅིག 8དེ་ནས་ཁྱོད་ལ་ངའི་ཐུགས་རྗེ་དེ་སྔ་དྲོའི་ཉི་མ་ལྟར་འཚེར་བ་དང་། ཁྱོད་ཀྱི་རྨ་མགྱོགས་པོར་གསོས་པར་འགྱུར། ཁྱོད་སྐྱོབ་པའི་ཆེད་ང་རྟག་ཏུ་ཁྱོད་དང་མཉམ་དུ་འགྲོགས་སོ། ང་མདུན་དུ་ཡོད་པ་ལས་ཁྱོད་ཀྱི་ཕྱོགས་ཐམས་ཅད་ནས་སྲུང་བར་བྱའོ། 9ཁྱོད་ཀྱིས་སྨོན་ལམ་འདེབས་པར་ངས་ལན་འདེབས་བྱ་བ་དང་། ཁྱོད་ཀྱིས་ང་ལ་འབོད་སྐབས་ངས་ཁྱོད་ལ་ལན་འདེབས་པར་བྱའོ། ཁྱོད་ཀྱིས་མནར་གཅོད་དང་། གཉའ་ཤིང་བཀལ་བ་དང་། ཚིག་ངན་རྣམས་མཚམས་འཇོག་བྱས་པ་ཡིན་ན། 10ཁྱོད་ཀྱིས་ལྟོགས་པར་ཟས་བྱིན་པ་དང་དེ་ཚོའི་དགོས་དོན་སྒྲུབ་པ་ཡིན་ན། ཁྱོད་ཀྱི་མཐའ་འཁོར་གྱི་མུན་པ་རྣམས་ཉིན་གུང་གི་འོད་དུ་འགྱུར་རོ། 11ངས་ཁྱོད་ལ་རྟག་ཏུ་ལམ་སྟོན་པ་དང་། བཟང་པོའི་རིགས་ཀྱི་ཁྱོད་ཀྱི་འདོད་དོན་རྣམས་སྒྲུབ་པར་བྱ། ངས་ཁྱོད་ཤུགས་ཆེན་པོ་དང་བདེ་པོར་གནས་པར་བྱ་རྒྱུ་དང་། ཁྱོད་ཆུ་འབོལ་པོ་ཡོད་པའི་ལྡུམ་ར་དང་ནམ་ཡང་མི་སྐམ་པའི་ཆུ་མིག་ལྟ་བུར་འགྱུར་རོ། 12ཁྱོད་ཀྱི་མི་མང་ཚོས་ལོ་མང་རིང་དུ་གྱང་གོག་ཏུ་གནས་པ་རྣམས་སྐྱར་བཞེངས་དང་རྩིག་རྨང་རྙིང་པའི་སྟེང་བཟོ་བར་འགྱུར། ཁྱོད་ཚོ་ལ་རྩིག་པ་སླར་གསོ་བྱེད་མཁན་དང་ཁང་པ་གྱང་གོག་རྣམས་སླར་གསོ་བྱ་མཁན་གྱི་མི་མང་ལ་ངོ་ཤེས་པར་འགྱུར་རོ༎

ངལ་གསོ་བའི་ཞག་སྲུང་མཁན་ཚོར་བྱ་དགའ།

13གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཁྱོད་ཚོས་ངལ་གསོ་བའི་ཞག་དེ་དམ་པར་རྩིས་པ་དང་། ཉིན་དེར་རང་གི་ཁེ་ཕན་གྱི་རྗེས་སུ་མ་བྲངས་པ་དང་། ཁྱོད་ཚོས་འགྲུལ་སྐྱོད་མ་བྱེད་པ་དང་ལས་སོགས་གང་ཡང་མ་བྱས་པར་ཉིན་དེར་ལེ་ལོའི་གཏམ་མི་སྨྲ་ཞིང་ངའི་ཉིན་དམ་པ་དེར་རིན་ཐང་རྩིས་ནས་ཆེ་མཐོང་ཞུས་པ་ཡིན་ན། 14དེ་ནས་ཁྱོད་ཚོར་ང་ལ་ཞབས་ཞུ་ཞུ་བའི་དགའ་བ་དེ་རྙེད་པར་འགྱུར་རོ། ངས་ཁྱོད་ཚོར་འཛམ་གླིང་ཡོངས་ལ་གུས་བཀུར་ཡོང་བ་བྱ་རྒྱུ་དང་། ངས་ཁྱོད་ཚོའི་མེས་པོ་ཡ་ཀོབ་ལ་སྤྲད་པའི་ཡུལ་དེ་ཁྱོད་ཚོས་ལོངས་སྤྱོད་པར་འགྱུར་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཡེ་ཤ་ཡཱ 59

ལུང་སྟོན་པས་མི་མང་གི་སྡིག་པར་སྐྱོན་བརྗོད་གནང་བ།

1གཙོ་བོ་དཀོན་མཆོག་ནི་ཁྱོད་ཚོར་སྐྱོབ་རྒྱུར་ཧ་ཅང་སྐྱོ་པོ་ཡང་ན། ཁྱོད་ཚོའི་སྐྱབ་རོགས་ཀྱི་ཆེད་དུ་སྐད་འབོད་གསན་རྒྱུར་ཤིན་ཏུ་འོན་པ་རེད་མ་བསམ་ཞིག 2ཁྱོད་ཚོའི་སྡིག་པའི་རྐྱེན་གྱིས་ཁོང་གིས་ཁྱོད་ཆོའི་སྐད་འབོད་མི་ཐོས་པ་དང་། ཁྱོད་ཚོས་ཁོང་ལ་མཆོད་ཐོབས་བྱ་སྐབས་ཁྱོད་ཚོའི་སྡིག་པས་ཁྱོད་ཚོ་དང་དཀོན་མཆོག་གི་དབར་ཁ་བྲལ་ནས་ཡོད་དོ། 3ཁྱོད་ཚོར་རྫུན་བཤད་པ་དང་དྲག་ལས་དང་སྲོག་གཅོད་པའི་ཉེས་སྐྱོན་ཡོད་དོ། 4ཁྱོད་ཚོ་ཁྲིམས་ཁང་དུ་སོང་ན་ཡང་ཁྱོད་ཀྱི་ཕྱོགས་སུ་ཁྲིམས་དྲང་མེད་པ་དང་། ཁྱོད་ཚོས་ཁ་མཆུ་ཐོབ་པར་རྫུན་ལ་རེ་བ་བཅོལ་ལོ། ཁྱོད་ཚོས་གཞན་ལ་གནོད་པའི་འཆར་གཞི་ལྟར་བྱེད། 5-6ཁྱོད་ཚོས་བྱུས་ངན་བརྩོམ་པ་རྣམས་དུག་སྦྲུལ་གྱི་སྒོ་ང་ལྟར་ཉེན་ཅན་ཡིན་པ་དང་། སྒོ་ང་དེ་བཅག་པ་ཡིན་ན་སྦྲུལ་ཐོན་པར་འགྱུར། འོན་ཀྱང་ཁྱོད་ཚོའི་བྱུས་ངན་གྱིས་ཁྱོད་ཚོར་ལེགས་པར་མི་ཡོང་བ་དང་། དེ་ཚོ་སྡོམ་ཐག་གི་བཟོས་པའི་གྱོན་གོས་ལྟར་ཕན་མེད་ཡིན་ནོ། 7ཁྱོད་ཚོས་རྟག་ཏུ་ངན་པ་འབའ་ཞིག་བྱ་རྒྱུའི་འཆར་གཞི་གཏིང་བ་དང་། དེ་ལྟར་བྱ་རྒྱུར་སྒུག་ཀྱང་མི་ཐུབ་བོ། ཁྱོད་ཚོས་མི་སྐྱོན་མེད་གསོད་པར་ཡང་ཐེ་ཚོམ་མི་བྱེད་པ་དང་། ཁྱོད་ཚོ་གང་དུ་སོང་ཡང་ལམ་རྣམས་གྱང་གོག་བཟོ་བ་དང་སྟོར་སྐྱོན་གཏོང་ངོ། 8ཁྱོད་ཚོ་ཉེ་འཁོར་ཡོད་དུས་སུ་ལ་ཡང་བརྟན་པོ་མེད་པ་དང་། ཁྱོད་ཀྱིས་ལས་གང་བྱས་པ་རྣམས་ཁྲིམས་དྲང་པོ་མེད་པ་དང་། ཁྱོད་ཚོ་ལམ་ཀྱོག་ཀྱོག་ནང་འགྲོ་བ་དང་། ལམ་དེའི་ནང་འགྲོ་མི་སུ་ཡང་བརྟེན་པོ་མེད་དོ༎

མི་མང་གིས་རང་གི་སྡིག་པར་ཁས་ལེན་ཞུས་པ།

9མི་མང་གིས་སྨྲས་པ། ད་ང་ཚོས་དཀོན་མཆོག་གིས་ང་ཚོར་མནར་གཅོད་གཏོང་མཁན་ལས་མི་སྐྱོབ་པའི་དོན་ཤེས་སོ། ང་ཚོ་འོད་ཡོང་བའི་རེ་བ་བྱས་ཀྱང་དེར་མུན་པ་འབའ་ཞིག་མ་གཏོགས་མེད་པ་དང། 10ང་ཚོ་མི་ལོང་བ་ལྟར་སྦར་ཡུལ་བརྒྱབ་བོ། མཚན་མོ་ལྟར་དུ་ང་ཚོ་འཆི་བའི་ཡུལ་གྱི་མུན་པའི་ནང་ཡོད་པ་ལྟར་ཉིན་གུང་ཡང་རྐང་པ་ཐོག་ནས་འགྱལ་ལོ། 11ང་ཚོ་འཇིགས་པ་དང་སྡུག་བསྔལ་ནང་ཡོད་པས། དཀོན་མཆོག་གིས་ང་ཚོ་མནར་གཅོད་དང་ནོར་བ་ལས་སྐྱོབ་པར་རེ་བ་བྱས་ན་ཡང་དེ་ལྟར་བྱུང་མི་ཐུབ་བོ། 12གཙོ་བོ་དཀོན་མཆོག། ང་ཚོས་ཁྱེད་ཀྱི་སྤྱན་སྔར་གྱིས་པའི་ཉེས་པ་མང་པོ་ཡོད། ང་ཚོའི་སྡིག་པས་ང་ཚོར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེ་ཚང་མ་ང་ཚོས་ཤེས་ཀྱི་ཡོད་དོ། 13ང་ཚོས་ཁྱེད་ལ་ངོ་ལོག་བྱས་པ་དང་། ཁྱེད་ལ་སྤངས་བ་དང་ཁྱེད་ཀྱི་རྗེས་སུ་འཇུག་རྒྱུར་ཁས་ལེན་བྱས་མེད་པ་དང་། ང་ཚོས་གཞན་ལ་བཙན་གནོན་བྱས་པ་དང་ཁྱེད་ལས་བློ་ཁ་བསྒྱུར་ཡོད་པ་དང་། ང་ཚོའི་བསམ་བློ་རྣམས་ནོར་འཁྲུལ་དང་ང་ཚོའི་གཏམ་རྣམས་རྫུན་ཡིན་ནོ། 14ཁྲིམས་དྲང་ཕྱིར་འབུད་བྱས་པ་ཡིན་ན་དྲང་བདེན་ཉེ་འཁྲིས་སུ་ཡོང་མི་ཐུབ་བོ། བདེན་པ་རྒྱ་ལམ་དུ་འགྱལ་བ་དང་དེར་དྲང་པོ་གནས་མི་ཐུབ་བོ། 15དྲང་པོ་ཧ་ཅང་ཉུང་ཉུང་ཡོད་སྐབས་ངན་པ་མཚམ་འཇོག་བྱ་མཁན་དེ་རྣམས་གནོད་སྐྱོན་བྱུང་བའི་མི་རྣམས་སུ་འགྱུར་རོ༎

གཙོ་བོ་དཀོན་མཆོག་གིས་ཁོང་གི་མི་མང་ལ་སྐྱོབ་པ་གནང་རྒྱུའི་གྲ་སྒྲིགས་གནང་བ།

གཙོ་བོ་དཀོན་མཆོག་གིས་དེ་དག་གཟིགས་གནང་ནས་ཁྲིམས་དྲང་མེད་པ་དེ་ལ་ཐུགས་མ་དགྱེས་སོ། 16ཁོང་གིས་མནར་གཅོག་མྱོང་མཁན་ལ་རོགས་བྱ་མཁན་སུ་ཞིག་མེད་པ་གཟིགས་ནས་ཡ་མཚན་གནང་ངོ་། དེ་འདྲ་སོང་ཙང་དེ་ཚོ་སྐྱོབ་ཆེད་དང་རྒྱལ་ཁ་ཐོབ་ཆེད་ཁོང་གི་རང་ཉིད་ཀྱིས་མཐུ་སྟོབས་བེད་སྤྱོད་གནང་ངོ། 17ཁོང་གིས་ཁྲིམས་དྲང་ནི་ཁྲབ་ཀྱི་སྟོད་ཐུང་ལྟར་དང་སྐྱབ་པའི་མཐུ་སྟོབས་རྨོག་ལྟར་རྒྱོན་པ་གནང་ཞིང་། ཁོང་གིས་ཚང་མ་དྲང་བདེན་བཟོ་བ་དང་མི་མང་གི་ནོར་འཁྲུལ་གྱི་ཆེད་སྡུག་བསྔལ་མྱོང་བར་ཉེས་ཆད་གཏོང་བ་དང་། དགྲ་ལེན་གནང་བར་ཐུགས་འདོད་ཆེན་པོའི་ན་བཟའ་བཞེས་གནང་ཡོང། 18ཁོང་གིས་དགྲ་བོ་རྣམས་གླིང་ཕྲན་དུ་སྡོད་མཁན་དང་བཅས་པར་དེ་ཚོའི་ལས་དང་བསྟུན་ནས་ཉེས་ཆད་གཏོང་གནང་ཡོང་། 19ཤར་ནས་ནུབ་བར་སྡོད་མཁན་ཚང་མས་ཁོང་དང་ཁོང་གི་མཐུ་སྟོབས་ཆེན་པོ་ལ་འཇིག་པར་འགྱུར། ཁོང་ནི་རྒྱུགས་ཆུ་དང་རླུང་ཤུགས་ཆེན་པོ་ལྟར་ཕེབས་པར་འགྱུར་རོ། 20གཙོ་བོ་དཀོན་མཆོག་གིས་ཁོང་གི་མི་མང་ལ་བཀའ་གནང་བ། ང་ཡེ་རུ་ཤ་ལེམ་དུ་ཁྱོད་ཚོར་སྲུང་བ་དང་རང་གི་སྡིག་པ་ལས་ཕྱིར་ལོག་མཁན་རྣམས་ལ་སྐྱབ་པའི་ཆེད་ཡོང་གི་ཡིན། 21ངས་ཁྱོད་ཚོ་དང་མཉམ་དུ་དམ་བཅའ་ཞིག་འཇོག་རྒྱུ་ཡིན་ནོ། ངས་གཏན་གྱི་ཆེད་ཁྱོད་ཚོར་ངའི་མཐུ་སྟོབས་དང་སློབ་སྟོན་བྱིན་པ་དང་། ད་ནས་བཟུང་ཁྱོད་ཚོས་ངའི་བཀའ་ལ་ཉན་པ་དང་ཁྱོད་ཚོའི་བུ་ཕྲུག་དང་རིགས་བརྒྱུད་ཚོར་དུས་རྟག་ཏུ་ངའི་བཀའ་ལ་ཉན་དགོས་པའི་སློབ་སྟོན་བྱའོ༎

ཡེ་ཤ་ཡཱ 60

ཡེ་རུ་ཤ་ལེམ་གྱི་མ་འོངས་པའི་གཟི་བརྗིད།

1ཀྱེ་ཡེ་རུ་ཤ་ལེམ་ལངས་ཞིག། ཉི་མ་ལྟར་འཚེར་ཞིག། གཙོ་བོ་དཀོན་མཆོག་ཁོང་གི་གཟི་བརྗིད་ཁྱོད་སྟེང་ཤར་བཞིན་འདུག། 2མི་རིགས་གཞན་རྣམས་མུན་པས་བཀབ་པར་འགྱུར། འོན་ཀྱང་ཁྱོད་སྟེང་གཙོ་བོ་དཀོན་མཆོག་ཁོང་གི་འོད་ཤར་རོ། ཁོང་བཞུགས་པའི་འོད་དེ་ཁྱོད་མཉམ་གནས་པར་འགྱུར། 3མི་རིགས་རྣམས་ནི་ཁྱོད་ཀྱི་འོད་ལ་འཁོར། རྒྱལ་པོ་རྣམས་ནི་ཁྱོད་ཀྱི་ཉི་གསར་འོད་ལ་འཁོར། 4ད་ལྟ་ཇི་བྱུང་ཁྱོད་ཀྱི་མཐའ་འཁོར་ལ་ལྟོས་ཤིག། ཁྱོད་ཀྱི་མི་རྣམས་ཁྱིམ་དུ་ཡོང་བར་འཛོམས། ཁྱོད་ཀྱི་བུ་རྣམས་ཐག་རིང་ནས་ཡོང་ངོ་། ཁྱོད་ཀྱི་བུ་མོ་རྣམས་ནི་ཕྲུ་གུ་ལྟར་འཁྱེར་ནས་ཡོང། 5ཁྱོད་ཀྱིས་འདི་མཐོང་ནས་ཡིད་འཕྲོག་འགྱུར། ཁྱོད་ཀྱི་སེམས་ནི་དགའ་ཞིང་ལུས་འདར་འགྱུར། མི་རིགས་རྣམས་ཀྱི་རྒྱུ་ནོར་ཁྱོད་སར་འཁྱེར། དེ་ཚོའི་རྒྱུ་ནོར་རྒྱ་མཚོའི་ཕར་ཕྱོགས་ནས་ཡོང་བར་འགྱུར། 6མིད་ཡན་དང་ཨེ་ཕཱའི་ས་ཁུལ་ནས། རྔ་མོང་རྣམས་ཀྱི་ཁྱུ་ཚོགས་ཆེན་པོ་ཡོང་བར་འགྱུར། དེ་ཚོས་གསེར་དང་སྤོས་ནི་ཤེ་བྷ་ནས་འཁྱེར་ཡོང་། གཙོ་བོ་དཀོན་མཆོག་ཁོང་གིས་ཇི་ལྟར་མཛད་པའི་སྐོར། འཕྲིན་བཟང་དེ་ནི་མི་མང་རྣམས་ཀྱིས་བཤད། 7ཀེ་དར་དང་ནི་ནེ་བ་ཡོད་ཀྱི་ལུག་ཡོངས་ནི། ཁྱོད་སར་དམར་མཆོད་འབུལ་ཕྱིར་འཁྱེར་ཡོང་ངོ་། གཙོ་བོ་དཀོན་མཆོག་མཉེས་ཕྱིར་མཆོད་ཁྲིའི་སྟེང་དུ་ཕུལ། གཙོ་བོ་དཀོན་མཆོག་ཁོང་གིས་མཆོད་ཁང་ནི། སྔོན་ལས་ལྷག་པའི་གཟི་བརྗིད་ཅན་བཟོ་གནང་། 8སྤྲིན་ལྟར་ཡོང་མཁན་ཡང་ན་འཚང་དུ་ཕུར་བཞིན། ལོག་ཡོང་མཁན་ཕུག་རོན་ལྟར་དེ་ཚོ་སུ་ཡིན་ནམ། 9གྲུ་དེ་ཚོ་གླིང་ཕྲན་ནས་ཡོང་བ་ཡིན། དཀོན་མཆོག་ཁོང་གི་མི་མང་ཁྱིམ་དུ་འཁྱེར། ཁོང་གི་རང་གི་མི་མང་ལ་མི་རིགས་ཚང་མས། གུས་བཀུར་ཞུ་བར་མཛད་མཁན། ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པ། གཙོ་བོ་དཀོན་མཆོག་ཁོང་གི་མཚན་ལ་གུས་བཀུར་ཞུ་བའི་ཆེད། དེ་ཚོས་གསེར་དང་དངུལ་རྣམས་འཁྱེར་ཡོང་ངོ་། 10གཙོ་བོ་དཀོན་མཆོག་ཁོང་གིས་ཡེ་རུ་ཤ་ལེམ་ལ་གསུངས་པ། ཕྱི་རྒྱལ་བ་ཚོས་ཁྱོད་ཚོའི་ལྕགས་རི་སྐྱར་དུ་བརྩིགས། དེ་ཚོའི་རྒྱལ་པོས་ཁྱོད་ཚོར་ཞབས་ཞུ་བྱེད། ང་ནི་ཁྲོ་སྐབས་ཁྱོད་ཚོར་ཆད་པ་བཏང་། འོན་ཀྱང་ད་ངས་ཁྱོད་ལ་ཐུགས་རྗེ་དང་ནི་སྙིང་རྗེ་བསྟན། 11རྒྱལ་ཁབ་ཚོ་ཡི་རྒྱལ་པོ་ཚོས་རང་གི་ནོར། ཁྱོད་ཚོའི་དྲུང་དུ་འཁྱེར་ནས་ཡོང་བའི་ཆེད། ཁྱོད་ཚོའི་རྒྱལ་སྒོ་རྣམས་ཉིན་མཚན་མེད་པར་འབྱེད། 12འོན་ཀྱང་ཁྱོད་ཚོར་ཞབས་ཕྱི་མི་བྱེད་མཁན་མི་རིགས་རྣམས། ཆ་ཚང་ཚར་དུ་གཅོད་པར་བྱེད་པར་འགྱུར། 13ལེ་བ་ནོན་གྱི་ནགས་ཀྱི་ཤིང་ལེགས་ཤོས། ཐང་ཤིང་ཤུག་ཤིང་དང་ནི་སོམ་ཤིང་བཅས། ཡེ་རུ་ཤ་ལེམ་ཁྱོད་ལ་སྐྱར་བཞེངས་ཆེད། ང་ཡི་མཆོད་ཁང་མཛེས་སྡུག་ཅན་བཟོ་ཆེད། ང་ཡི་གྲོང་ཁྱེར་གཟི་བརྗིད་བཟོས་ཆེད་འཁྱེར་ཡོང་ངོ། 14ཁྱོད་ཚོར་མནར་གཅོད་གཏོང་མཁན་རིགས་རྒྱུད་ཚོ་ཡོང་ནས། ཁྱོད་ཚོར་གུས་ཞབས་ཞུས་ཕྱིར་མགོ་སྒུར་ཡོང་། སྔོན་དུ་ཁྱོད་ཚོར་སྙད་པར་བྱེད་མཁན་ཚོས། ཁྱོད་ཚོའི་རྐང་པར་མཆོད་པ་བྱེད་པར་འགྱུར། དེ་ཚོས་ཁྱེད་ལ་དཀོན་མཆོག་གི་གྲོང་ཁྱེར། ཨིསི་རཱཨེལ་པ་ཡི་དཀོན་མཆོག་དམ་པ་ཡི། གྲོང་ཁྱེར་ཛི་ཡོན་ཞེས་ཟེར་འབོད་པར་བྱེད། 15ཁྱོད་དུས་སྐབས་ཤིག་ལ་མི་མེད་ལུང་སྟོང་ཆགས་པའི་གྲོང་ཁྱེར་ཡོད་ན་ཡང། ད་ནས་ཟུང་ཁྱོད་ལ་སྤངས་ཤིང་སྡང་པོ་མི་བྱེད་པར་འགྱུར། ང་ཡིས་ཁྱོད་ལ་གཏན་གྱི་དགའ་བའི་གནས། རླབས་ཆེན་དང་ནི་མཛེས་སྡུག་ཅན་བཟོའོ། 16མ་ཡིས་རང་ཕྲུག་ལྟ་སྐྱོངས་བྱེད་པ་ལྟར། ཁྱོད་ལ་མི་རིགས་རྣམས་དང་ནི་རྒྱལ་པོ་རྣམས་ཀྱིས་སྐྱོངས། ང་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་སྐྱོབས་པ་དང། ཨིསི་རཱཨེལ་གྱི་དཀོན་མཆོག་ཀུན་དབང་ཅན་གྱིས། ཁྱོད་ལ་རང་དབང་དུ་གཏོང་བ་ཡིན་ཞེས་ཁྱོད་ཚོས་ཤེས་པར་འགྱུར། 17ང་ཡིས་ཁྱོད་ལ་ལི་ཡི་ཚབ་ཏུ་གསེར། ལྕགས་དང་ཤིང་གི་ཚབ་ཏུ་དངུལ་དང་ལི། རྡོ་ཡི་ཚབ་ཏུ་ལྕགས་ནི་འཁྱེར་བར་བྱ། ཁྱོད་ཀྱི་སྲིད་སྐྱོང་པ་ཚོས་ཁྱོད་ལ་མནར་མི་ཡོང་། ང་ཡིས་དེ་ཚོར་ཁྲིམས་དྲང་དང་ནི་ཞི་བདེའི་ངང་། རྒྱལ་སྲིད་སྐྱོངས་བར་བྱེད་དུ་འཇུག་པར་བྱ། 18ཁྱོད་ཀྱི་ཡུལ་དུ་དྲག་པོའི་སྒྲ་མི་ཐོས། འཇིགས་པའི་ཁྱོད་ཀྱི་ཡུལ་འདི་ནམ་ཡང་དུམ་བུར་བཟོས་མི་འགྱུར། ང་ཡིས་ལྕགས་རི་ལྟར་དུ་ཁྱོད་ལ་སྲུང་ཞིང་སྐྱོབ། ངས་ཁྱོད་སྐྱོབ་པས་ཁྱོད་ཀྱིས་བསྟོད་པར་བྱེད། 19ཉི་མས་ཁྱོད་ལ་ཉིན་མོར་སླར་ཡང་འོད་མི་བྱིན། ཡང་ན་ཟླ་བས་ཁྱོད་ལ་མཚན་མོོར་འོད་མི་བྱིན། ང་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་མཐའ་མེད་འོད་དུ་འགྱུར། ང་ཡི་གཟི་བརྗིད་འོད་དེ་ཁྱོད་སྟེང་ཤར། 20ཁྱོད་ཀྱི་མྱ་ངན་ཉི་མོ་མཐའ་མར་འགྱུར། ཉི་ཟླ་གཉིས་ལས་ཡུན་རིང་དཀོན་མཆོག་གནས། ང་གཙོ་བོ་དཀོན་མཆོག་ནི་ཁྱོད་ཀྱི་མཐའ་མེད་འོད་དུ་འགྱུར། 21ཁྱོད་ཀྱི་མི་མང་དྲང་བདེན་འབའ་ཞིག་བྱེད། དེ་ཚོར་གཏན་གྱི་ཆེད་དུ་ཡུལ་དེ་བདག། ཚང་མར་ང་ཡི་རླབས་ཆེན་མངོན་པར་བྱེད། ང་ཡིས་དེ་ཚོ་བཙུགས་པ་དང་། ང་ཡིས་དེ་ཚོ་བཟོས་པ་ཡིན། 22ཁྱོད་ཀྱི་ཁྱིམ་ཚང་ཆུང་ཤོས་དང་ནི་ཉམས་ཆུང་ནི། མི་རིགས་རླབས་ཆེན་དང་ནི་སྟོབས་ཆེན་འགྱུར། དུས་ཚོད་ངེས་གཏན་དེ་ནི་སླེབས་པའི་སྐབས། ང་ཡིས་དེ་ནི་མགྱོགས་པོར་སྒྲུབ་པར་བྱེད། ང་ནི་གཙོ་བོ་དཀོན་མཆོག་དེ་ཡིན་ནོ༎

ཡེ་ཤ་ཡཱ 61

ཐར་པའི་འཕྲིན་བཟང།

1བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ང་ལ་ཁོང་གི་ཐུགས་ཉིད་ཀྱིས་བཀང་བར་མཛད། སྐྱོ་པོ་རྣམས་ལ་འཕྲིན་བཟང་འཁྱེར་བའི་ཆེད། ཁོང་གིས་ང་ལ་བསྔོ་འབུལ་མཛད་ནས་ནི། སེམས་ཆག་པ་རྣམས་གསོ་བའི་ཆེད་དུ་དང་། བཙོན་པར་གློད་བཀྲོལ་དང་ནི་བཙོན་ཡོད་རྣམས། རང་དབང་གསལ་སྒྲགས་བྱེད་པར་ང་ལ་ཁོང་གིས་གཏོང་གནང་ངོ་། 2དཀོན་མཆོག་ཁོང་གི་རང་གི་མི་མང་ལ། སྐྱོབ་པ་དང་ནི་དེ་ཚོའི་དགྲ་བོ་རྣམས། ཕམ་པར་བྱེད་པའི་དུས་ལ་སླེབས་ཡོད་པའི། གསལ་སྒྲགས་བྱེད་དུ་ང་ལ་ཁོང་གིས་གཏོང་བར་མཛད་གནང་ངོ་། མྱ་ངན་ཅན་ཚོར་སེམས་གསོ་བྱེད་པར། 3ཛི་ཡོན་དུ་མྱ་ངན་བྱེད་མཁན་མི་རྣམས་ལ། མྱ་ངན་ཚབ་ཏུ་དགའ་སྤྲོ་དང་། སེམས་སྡུག་ཚབ་ཏུ་བསྟོད་པའི་མགུར་མ་སྤྲོ་ཕྱིར་ཁོང་གི་ང་ལ་བཏང་། དེ་ཚོ་གཙོ་བོ་དཀོན་མཆོག་སྐུ་ཉིད་ཀྱིས། འདེབས་པར་མཛད་པའི་ཤིང་སྡོང་ལྟ་བུ་འགྱུར། དེ་ཚོས་དྲང་བདེན་ཇི་ཡིན་བྱེད་པ་དང་། དཀོན་མཆོག་ཁོང་གིས་ཇི་གནང་བར་བསྟོད་པ་ཕུལ། 4དེ་ཚོས་ཡུན་རིང་སྔོན་གྱི་གྱང་གོག་ཏུ། འགྱུར་བའི་གྲོང་ཁྱེར་རྣམས་ནི་སྐྱར་བཞེངས་བྱེད། 5ཀྱེ་ང་ཡི་མི་མང་རྣམས་ཕྱི་རྒྱལ་བས། ཁྱོད་ཚོར་ཞབས་ཞུ་བྱེད་པར་འགྱུར། དེ་ཚོས་ཁྱོད་ཚོའི་སེམས་ཅན་ཁྱུ་ལ་མིག་ལྟ་བྱེད་པར་འགྱུར། ས་ཞིང་འདེབས་པའི་རྒུན་ཚལ་བལྟ་རྟོགས་བྱེད། 6ཁྱོད་ཚོ་ལ་གཙོ་བོ་དཀོན་མཆོག་ཁོང་གི་བླ་མ་དང་། ང་ཚོའི་དཀོན་མཆོག་ཁོང་གི་ཞབས་ཕྱིར་བརྩི་བར་འགྱུར། ཁྱོད་ཚོས་མི་རིགས་གཞན་གྱི་ནོར་ལ་སྤྱོད། ནོར་རྣམས་ཁྱོད་ཚོའི་ཡིན་པར་སྤོབས་པ་བྱེད། 7ཁྱོད་ཚོའི་ངོ་ཚ་དང་ནི་ཞབས་འདྲེན་རྫོགས། ཁྱོད་ཚོ་ནི་རང་གི་ཡུལ་དུ་སྡོད་པར་བྱེད། ཁྱོད་ཚོའི་རྒྱུ་ནོར་རྣམས་ནི་ཉིས་ལྡབ་འགྱུར། ཁྱོད་ཚོའི་དགའ་སྤྲོ་གཏན་གྱི་ཆེད་དུ་གནས། 8གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ང་ནི་ཁྲིམས་དྲང་ལ་ནི་དགའ་བ་དང་མནར་གཅོད་དང་ནི། ཁྲིམས་འགལ་རིགས་ལ་སྡང་བར་བྱེད་ཀྱི་ཡོད། མི་མང་རྣམས་ལ་དམ་ལྡན་བྱ་དགའ་བྱིན། ང་ཡིས་དེ་ཚོར་མཐའ་མེད་དམ་བཅའ་འཇོག། 9མི་མང་ཁྲོད་དུ་དེ་ཚོ་སྙན་གྲགས་འགྱུར། ངས་དེ་ཚོར་བྱིན་གྱིས་རླབས་པའི་མི་མང་ཡིན་པ། དེ་ཚོར་མཐོང་མཁན་ཚོ་ཡིས་ཤེས། 10གཙོ་བོ་དཀོན་མཆོག་གིས། ཇི་ལྟར་མཛད་པར་ཡེ་རུ་ཤ་ལེམ་དགའ་ཞིང་སྤྲོ་བ་བྱས། མོ་ནི་ཆང་སའི་ཆེད་དུ་མནའ་མའི་གཟབ་སྤྲོས་གྱོན་པ་འདྲ། དཀོན་མཆོག་ཁོང་གིས་མོ་ལ་ཐར་པ་དང་རྒྱལ་ཁའི་གོས་གཡོག་གོ། 11ས་གཞིས་སོན་འབུར་ཐོན་ཆེད་སྐྱེ་བ་ལྟར། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ཁོང་གི་མི་མང་སྐྱོབ་པར་མཛད་པ་དང་། མི་རིགས་ཚང་མས་ཁོང་ལ་བསྟོད་བསྔགས་འབུལ༎

ཡེ་ཤ་ཡཱ 62

1ང་ཡིས་ཡེ་རུ་ཤ་ལེམ་དེ་ལ་ནི། སེམས་ཤུགས་འཕར་བའི་ཆེད་དུ་སྨྲ་བར་བྱ། ང་ཡི་མོ་ལ་མ་སྐྱོབ་པ་ཡི་བར། མོ་ཡི་རྒྱལ་ཁ་དེ་ནི་མཚན་གྱི་དཔལ་འབར་ལྟ་བུར་མ་འཚེར་བར། ང་ནི་ཁ་རོགས་མི་སྡོད་དོ། 2མི་རིགས་ཚང་མས་ཡེ་རུ་ཤ་ལེམ་ཁྱོད། རྒྱལ་ཁ་ཐོབ་པ་ཡིན་པར་མཐོང་བར་འགྱུར། དེ་ཚོའི་རྒྱལ་པོ་ཚང་མས་ཁྱོད་ཀྱི་གཟི་བརྗིད་མཐོང་། གཙོ་བོ་དཀོན་མཆོག་ཁོང་གིས་ཁྱོད་ལ་མིང་གསར་ཞིག། གནང་བ་དེ་ནས་ཁྱོད་ལ་འབོད་པར་བྱེད། 3ཁྱོད་ཚོ་ནི་གཙོ་བོ་དཀོན་མཆོག་ཁོང་གི་ཆེད། མཛེས་སྡུག་ཅན་གྱི་ཅོད་པན་ལྟ་བུར་འགྱུར། 4སླར་ཡང་ཁྱོད་ལ་སྤངས་བ་ཅེས་འབོད་མི་ཡོང་། ཡང་ན་ཁྱོད་ཀྱི་ཡུལ་ལ་སྤངས་བའི་ཆུང་མ་ཞེས་འབོད་མི་ཡོང། ཁྱོད་མིང་གསར་པ་ནི་དཀོན་མཆོག་མོར་མཉེས་ཟེར། ཁྱོད་ཀྱི་ཡུལ་ལ་དགའ་བའི་སྒོ་ནས་ཆང་ས་བརྒྱབ་བ་ཟེར། གང་ལ་ཟེར་ན་གཙོ་བོ་དཀོན་མཆོག་ཁྱོད་ལ་མཉེས། ཁོང་ནི་ཁྱོད་ཀྱི་ཡུལ་གྱི་ཁྱོ་ལྟར་འགྱུར། 5མོ་གསར་ན་གཞོན་མནའ་མར་ལེན་པ་ལྟར། བཀོད་པ་པོ་ཡིས་ཁྱོད་མཉམ་ཆང་ས་བརྒྱབ། མག་པ་རང་གི་མནའ་མར་དགའ་བ་བཞིན། ཁྱོད་ཀྱི་དཀོན་མཆོག་ཁྱོད་ལ་དགའ་བར་འགྱུར། 6ཡེ་རུ་ཤ་ལེམ་ཁྱོད་ཀྱི་ལྕགས་རིའི་ཁར། ང་ཡི་སྲུང་བྱ་བཞག་ཡོད་དེ་ཚོ་ཡིས། ཉིན་མཚན་གཉིས་པོར་ཁ་རོག་སྡོད་མི་རུང་། དེ་ཚོས་ཁོང་གི་ཞལ་བཞེས་གནང་བ་ལ། དྲན་བསྐུལ་གྱིས་ནས་དེ་ཚོ་ཁོང་ལ་བརྗེད་བཅུག་མི་རུང་། 7ཁོང་གིས་ཡེ་རུ་ཤ་ལེམ་སླར་གསོ་དང་། འཛམ་གླིང་ཡོངས་ཀྱིས་བསྟོད་པའི་གྲོང་ཁྱེར་ལ། མི་མཛད་བར་དུ་ངལ་གསོ་འཇུག་མི་རུང་། 8གཙོ་བོ་དཀོན་མཆོག་ཁོང་གིས་དམ་བཅའ་ནན་པོ་གནང་། ཁོང་གི་མཐུ་ཡིས་དེ་ལྟར་སྒྲུབ་པར་མཛད། ཁྱོད་ཀྱི་འབྲུ་ནི་དགྲ་བོས་ཟས་མི་འགྱུར། ཕྱི་རྒྱལ་བ་ཡིས་ཁྱོད་ཀྱི་རྒུན་ཆང་མི་འཐུང་། 9འོན་ཀྱང་ཁྱོད་ཚོ་འབྲུ་ནི་འདེབས་མཁན་དང་། རྔ་མཁན་རྣམས་ཀྱིས་བག་ལེབ་དེ་ཟ་ཞིང་། གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་པར་བྱ། ཁྱོད་ཚོ་རྒུན་འབྲུམ་ལ་ཡང་མིག་བལྟ་མཁན་དང་བསྡུ་མཁན་ཚོས། ང་ཡི་མཆོད་ཁང་འཁྱམས་རའི་ནང་དུ་འཐུང་བར་བྱ། 10ཁྱོད་ཡེ་རུ་ཤ་ལེམ་མི་མང་ཚོ། གྲོང་ཁྱེར་དེ་ནས་ཕྱི་རོལ་སོང་ཞིག་དང་། མི་མང་ཕྱིར་ལོག་ཆེད་དུ་ལམ་བཟོས་ཤིག། གཞུང་ལམ་བཟོས་ནས་རྡོ་རྣམས་ཕྱིར་དབྱུག་ཅིག། རྒྱལ་ཁབ་ཡོངས་ཀྱི་ཤེས་ཕྱིར་རྟགས་རྒྱོབ་ཅིག། 11གཙོ་བོ་དཀོན་མཆོག་ཁོང་གིས་ས་གཞི་ཡོངས་ལ་འདི་གསལ་སྒྲགས་གནང་བཞིན་ཡོད། ཡེ་རུ་ཤ་ལེམ་མི་མང་ཡོངས་རྫོགས་ལ་སྨྲོས་ཤིག གཙོ་བོ་དཀོན་མཆོག་ཁོང་གིས་སྐྱབས་པའི་མི་མང་ལ་རང་མཉམ་དུ། འཁྲིས་ནས་ཁྱོད་ཚོ་སྐྱོབ་ཆེད་ཕེབས་བཞིན་འདུག། 12ཁྱོད་ཚོ་དཀོན་མཆོག་ཁོང་གི་མི་མང་དམ་པ་དང་། གཙོ་བོ་དཀོན་མཆོག་ཁོང་གིས་སྐྱབས་པའི་མི་མང་ཅེས་འབོད་དོ། ཡེ་རུ་ཤ་ལེམ་དཀོན་མཆོག་གིས་བརྩེ་བའི་གྲོང་ཁྱེར་དང། དཀོན་མཆོག་གིས་ནམ་ཡང་སྤངས་བར་མཛད་མེད་པའི་གྲོང་ཁྱེར་ཅེས་འབོད་དོ༎

ཡེ་ཤ་ཡཱ 63

རྒྱལ་ཁབ་ཚོའི་ཐོག་གཙོ་བོ་དཀོན་མཆོག་གི་རྒྱལ་ཁ།

1ཨེ་དྷོམ་གྱི་བྷོཛ་རཱའི་གྲོང་ཁྱེར་ནས་ཕེབས་མཁན་དེ་སུ་རེད་དམ། ན་བཟའ་ཧ་ཅང་གཟི་བརྗིད་ཅན་གྱི་དམར་པོ་བཞེས་ནས་མཐུ་དང་སྟོབས་ཤུགས་མཉམ་ཕེབས་མཁན་དེ་སུ་རེད་དམ། དེ་ནི་གཙོ་བོ་དཀོན་མཆོག་ཡིན། ཁོང་ནི་སྐྱོབ་པར་མཐུ་སྟོབས་ལྡན་པ་ཁོང་གི་རྒྱལ་ཁའི་ཆེད་གསལ་སྒྲགས་གནང་བར་ཕེབས་བཞིན་ཡོད་དོ། 2རྒུན་ཆང་བཟོ་ཆེད་རྒུན་འབྲུམ་རྡོག་བརྫིས་གཏོང་མཁན་གྱི་མི་ལྟ་བུ། ཁོང་གི་ན་བཟའ་ཧ་ཅང་དམར་པོ་ཅི་ལ་ཡིན་ནམ། 3གཙོ་བོ་དཀོན་མཆོག་གིས་བཀའ་ལན་གནང་བ། ངས་མི་རིགས་ཚོ་རྒུན་འབྲུམ་ལྟར་རྡོག་བརྫིས་བཏང་བ་དང་། སྐབས་དེར་ང་ལ་རོགས་བྱེད་པར་སུ་ཡང་སླེབས་མ་བྱུང་། ང་ཁྲོ་བའི་སྐབས་སུ་དེ་ཚོ་ལ་བརྫིས་པ་དང་། དེ་ཚོའི་ཁྲག་གིས་ངའི་གྱོན་གོས་ནག་ཐིག་རྒྱབ་སོང་། 4ངའི་མི་མང་སྐྱོབ་པའི་དུས་ཚོད་སླེབས་པའི་ངས་ཚོད་གྱིས་པ་དང་། དེ་ནི་དེ་ཚོའི་དགྲ་བོར་ཆད་པ་གཏོང་བའི་དུས་ཚོད་ཡིན་ནོ། 5ངས་བལྟ་བའི་སྐབས་སུ། ང་ལ་རོགས་བྱེད་མཁན་སུ་ཡང་མེད་སྟོབས་ང་ཧ་ལས་བྱུང་། འོན་ཀྱང་ངས་ཁྲོ་བས་ང་ལ་སྟོབས་ཤུགས་ཆེན་པོ་བཟོས་ནས། ང་རང་ཉིད་ཀྱིས་རྒྱལ་ཁ་ཐོབ་བྱུང་། 6ང་ཁྲོ་བའི་ངང་དུ་ངས་མི་རིགས་ཚང་མ་བརྫིས་ནས་བསིལ་བུར་བཏང་བ་ཡིན། ངས་དེ་ཚོའི་སྲོག་གི་ཁྲག་དེ་སའི་སྟེང་གཤོས་པ་ཡིན༎

གཙོ་བོ་དཀོན་མཆོག་གི་ཨིསི་རཱཨེལ་ལ་གཟིགས་པ་ཆེན་པོ་གནང་བ།

7ངས་གཙོ་བོ་དཀོན་མཆོག་ཁོང་གི་ཐུགས་བརྩེ་བརྟན་པོའི་སྐོར་ལ་སྨྲ། ཁོང་གིས་ང་ཚོར་ཇི་མཛད་ངས་བསྟོད་དོ། ཁོང་གི་སྙིང་རྗེ་དང་ནི་རྒྱུན་ལྡན་ཐུགས་བརྩེ་ཡིས། ཁོང་གིས་ཨིསི་རཱཨེལ་པ་ཡི་མི་མང་ཚོར། ཤིན་ཏུ་ཕྱུག་པའི་བྱིན་རླབས་གནང་བར་མཛད། 8གཙོ་བོ་དཀོན་མཆོག་གིས། དེ་ཚོ་ངའི་མི་མང་ཡིན་པས། དེ་ཚོས་ང་ལ་བསླུ་བར་མི་བྱེད་ཅེས་གསུང་སོ། དེར་བརྟེན་ཁོང་གིས་དེ་ཚོ་ལ། 9སྡུག་བསྔལ་ཡོངས་ལས་སྐྱོབ་པ་གནང་ངོ། གཙོ་བོ་དཀོན་མཆོག་ཁོང་རང་གིས་དེ་ཚོ་ལ་སྐྱོབ་པ་གནང་བ་དང་ཕོ་ཉས་མ་ཡིན་ནོ། ཁོང་གི་ཐུགས་བརྩེ་དང་སྙིང་རྗེས་དེ་ཚོ་ལ་སྐྱོབ་པ་གནང་ངོ། ཁོང་གིས་འདས་པའི་རིང་རྟག་ཏུ་དེ་ཚོ་ལ་གཟིགས་སྐྱོངས་གནང་ངོ། 10འོན་ཀྱང་དེ་ཚོས་ཁོང་ལ་ངོ་ལོག་རྒྱབ་པ་དང་། ཁོང་གི་དམ་པའི་ཐུགས་ཉིད་ལ་སྐྱོ་རུ་བཅུག་གོ། དེར་བརྟེན་གཙོ་བོ་དཀོན་མཆོག་དེ་ཚོའི་དགྲར་འགྱུར་བ་དང་། དེ་ཚོ་དང་འཐབ་པར་མཛད་དོ། 11འོན་ཀྱང་དེ་ཚོས། གཙོ་བོ་དཀོན་མཆོག་གི་ཞབས་ཕྱི་མོ་ཤེའི་དུས་སྐབས་ཀྱི་འདས་པའི་སྐོར་དྲན་གསོས་པ་དང་། དེ་ཚོས་དྲི་བ་བྱས་པ་ནི། གཙོ་བོ་དཀོན་མཆོག་ཁོང་རང་གི་མི་མང་གི་འགོ་འཁྲིད་ཚོ་རྒྱ་མཚོ་ནས་སྐྱོབ་པ་གནང་མཁན་དེ་གང་དུ་ཡོད། མོ་ཤེ་ལ་ཁོང་གིི་ཐུགས་ཉིད་གནང་མཁན་གཙོ་བོ་དཀོན་མཆོག་དེ་གང་དུ་ཡོད་དམ། 12-13གཙོ་བོ་དཀོན་མཆོག་མཐའ་མེད་པའི་མཚན་སྙན་གྲགས་ཐོབ་པར་གནང་མཁན་ཁོང་གིས་མཐུ་སྟོབས་ཀྱིས་མོ་ཤེ་བརྒྱུད་ལས་རླབས་ཆེན་གནང་ནས་རྒྱ་མཚོའི་ཆུ་བོ་ཁག་གཉིས་སུ་བགོས་ནས། ཆུ་བོ་གཏིང་རིང་པོ་བརྒྱུད་ནས་ཁོང་གི་མི་མང་གི་སྣེ་འཁྲིད་གནང་མཁན་དེ་གང་དུ་ཡོད་དམ། གཙོ་བོ་དཀོན་མཆོག་གི་སྣེ་འཁྲིད་ཀྱིས། དེ་ཚོའི་རྐང་པ་ནགས་ཀྱི་རྟ་བཞིན་བརྟན་པོ་ཡོད་པ་དང་རྩ་བ་ནས་རྡབ་མེད་དོ། 14དུད་འགྲོ་རྣམས་ས་ལུད་འཛོམས་པོའི་ལུང་གཤོང་དུ་འཁྲིད་པ་ལྟར་གཙོ་བོ་དཀོན་མཆོག་གིས་ཁོང་གི་མི་མང་ལ་ངལ་གསོ་གནང་ངོ་། ཁོང་གི་མཚན་ཆེ་མཐོང་ཐོབ་པའི་ཆེད་དུ་རང་གི་མི་མང་འཁྲིད་གནང་ངོ་༎

སྙིང་རྗི་དང་རོགས་རམ་ཆེད་སྨོན་ལམ།

15གཙོ་བོ་དཀོན་མཆོག་ཁྱེད་བཞུགས་ཡུལ་དམ་པ་དང་གཟི་བརྗིད་ཅན་མཐོ་རིས་ནས་ང་ཚོར་གཟིགས་རོགས་གནང་། ཁྱེད་ཀྱི་ང་ཚོར་ཐུགས་ཁུར་ཆེ་བཞེས་གནང་བ་དེ་གང་དུ་ཡོད། ཁྱེད་ཀྱི་མཐུ་སྟོབས་དང་བྱམས་དང་སྙིང་རྗེ་གང་དུ་ཡོད་དམ། ང་ཚོ་ལ་སྣང་མེད་དུ་འཇོག་པ་མ་གནང་རོགས་གནང་། 16ཁྱེད་ང་ཚོའི་ཡབ་ཡིན། ང་ཚོའི་མེས་པོ་ཨབ་ར་ཧམ་དང་ཡ་ཀོབ་བཅས་ཀྱིས་ང་ཚོར་ངོ་ལེན་མི་བྱས་སོ། འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱེད་ནི་ང་ཚོར་རྟག་ཏུ་སྐྱོབས་མཁན་ང་ཚོའི་ཡབ་ཡིན་ནོ། 17ཁྱེད་ཀྱིས་ཅིའི་ཕྱིར་ཁྱེད་ཀྱི་ཕེབས་ལམ་ནས་ང་ཚོ་ལ་ལམ་ནོར་དུ་འགྲོ་བཅུག་གནང་ངོ་། ཁྱེད་ཀྱི་ཅིའི་ཕྱིར་ང་ཚོ་ལ་སེམས་གྱོང་པོ་བཟོས་ནས་ཁྱེད་ལས་ཁ་འགྱུར་བཅུག་གནང་ངམ། ཁྱེད་ལ་རྟག་ཏུ་ཞབས་ཕྱི་ཞུ་མཁན་དང་ཁྱེད་ཀྱི་མི་མང་རྟག་ཏུ་ཁྱེད་རང་གི་ཡིན་པ་ཚོའི་ཆེད་དུ་ཕྱིར་ལོག་ཕེབས་པར་མཛོད། 18ང་ཚོ་ཁྱེད་ཀྱི་མི་མང་དམ་པ་རྣམས་རེ་ཞིག་དགྲ་བོ་ཚོ་ཕྱིར་འབུད་བྱས་པ་དང་ཁྱེད་ཀྱི་གནས་དམ་པར་དེ་ཚོས་རྡོག་བརྫིས་གཏོང་ཡོད་དོ། 19ཁྱེད་ཀྱིས་ང་ཚོའི་རྒྱལ་པོ་རྩ་བ་ནས་གནང་མེད་པ་དང་། ང་ཚོ་ཁྱེད་ཀྱི་འབངས་རྩ་བ་ནས་འགྱུར་མེད་པ་ལྟར་ཁྱེད་ཀྱིས་ང་ཚོར་ཆ་འཛིན་གནང་ཡོད་དོ༎

ཡེ་ཤ་ཡཱ 64

1ཁྱེད་ཀྱིས་ནམ་མཁའ་ཧྲལ་ནས་མར་ཅིའི་ཕྱིར་མི་ཕེབས་སམ། རི་བོ་རྣམས་ཀྱིས་ཁྱེད་མཐོང་ནས་འཇིགས་ཤིང་གཡོ་བར་འགྱུར་རོ། 2དེ་ཚོ་མེ་ཚ་པོའི་སྟེང་ཆུ་འཁོལ་བ་ལྟར་འདར་བར་འགྱུར། ཁྱེད་ཕེབས་ནས་ཁྱེད་ཀྱི་དགྲ་བོ་ཚོར་ཁྱེད་ཀྱི་མཐུ་སྟོབས་མངོན་པར་མཛད་ནས། ཁྱེད་བཞུགས་ཡོད་པ་ལས་རྒྱལ་ཁབ་རྣམས་འདར་འཇུག་པར་མཛོད། 3དུས་སྐབས་ཤིག་ལ་ཁྱེད་ཕེབས་ནས་ང་ཚོས་རྩ་བ་ནས་བསམ་བློར་མ་འཁོར་བའི་འཇིགས་སུ་རུང་བའི་མཛད་པ་གནང་ཡོད་པ་དང་། དེ་དུས་རི་བོ་ཚོས་ཁྱེད་མཇལ་ནས་འཇིགས་ཤིང་གཡོས་སོ། 4ཁྱེད་ལ་རེ་བ་བྱ་མཁན་ཚོའི་ཆེད་མཛད་པ་དེ་ལྟར་དཀོན་མཆོག་ཁྱེད་ལྟ་བུ་སུས་ཀྱང་ནམ་ཡང་མཐོང་མེད་པ་དང་ཐོས་མེད་དོ། 5ཁྱེད་ཀྱིས་དྲང་བདེན་བྱེད་པར་དགའ་མཁན་ཚོ་དང་། ཁྱེད་ཀྱིས་དེ་ཚོ་ཇི་ལྟར་འཚོ་བར་ཐུགས་འདོད་གནང་བ་དྲན་མཁན་ཚོར་དགའ་བསུ་གནང་ངོ། ཁྱེད་ང་ཚོར་ཐུགས་ཁྲོས་ན་ཡང་ང་ཚོས་མུ་མཐུ་སྡིག་པ་བྱས་ཡོད། ཁྱེད་ཧ་ཅང་ཁྲོ་བཞིན་ཡོད་བཞིན་དུ་ང་ཚོས་སྔ་དུས་ནས་མུ་མཐུད་ནོར་འཁྲུལ་གྱིས་ཡོད་དོ། 6ང་ཚོ་ཚང་མ་སྡིག་ཅན་དུ་འགྱུར་ཡོད། ང་ཚོའི་བྱ་བ་བཟང་ཤོས་ཀྱང་གྲིབ་ཅན་དུ་འགྱུར་ཡོད། ང་ཚོའི་སྡིག་པའི་རྐྱེན་གྱིས་ང་ཚོ་རྙིད་ནས་རླུང་གིས་འཁྱེར་བའི་ལོ་མ་ལྟར་ཡིན་ནོ། 7སུ་ཡང་ཁྱེད་ལ་གསོལ་བ་མི་འདེབས་པ་དང་། སུས་ཀྱང་ཁྱེད་ཀྱི་སར་སྐྱབས་རོགས་ཞུ་བར་ཕྱིན་མེད་དོ། ང་ཚོའི་སྡིག་པའི་རྐྱེན་གྱིས་ཁྱེད་ང་ཚོ་ནས་ཡིབ་གནང་བ་དང་ང་ཚོ་སྤངས་གནང་ཡོད་དོ། 8འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱེད་ནི་ང་ཚོའི་ཡབ་ཡིན་ནོ། ང་ཚོ་རྫ་མའི་ས་ལྟ་བུ་དང་ཁྱེད་ནི་རྫ་མཁན་ལྟ་བུ་ཡིན་ནོ། ཁྱེད་ཀྱི་ང་ཚོ་བཀོད་གནང་བ་ཡིན་ནོ། 9དེ་འདྲ་སོང་ཙང་ཁྱེད་ང་ཚོར་ཐུགས་ཧ་ཅང་མི་ཁྲོ་རོགས་གནང་། ཡང་ན་ང་ཚོའི་སྡིག་པ་རྣམས་གཏན་གྱི་ཆེད་དུ་དྲན་གསོ་མ་གནང་རོགས་གནང་། ང་ཚོ་ཁྱེད་ཀྱི་མི་མང་ཡིན་པས་ང་ཚོར་སྙིང་རྗེ་གཟིགས་གནང་རོགས། 10ཁྱེད་ཀྱི་གྲོང་ཁྱེར་རྩ་ཆེ་ཁག་རྣམས་བྱེ་ཐང་ལྟ་བུ་དང་། ཡེ་རུ་ཤ་ལེམ་ནི་སྤངས་བའི་གྱང་གོག་དུ་འགྱུར་ཡོད། 11ང་ཚོའི་མེས་པོ་ཆོས་ཁྱེད་ལ་བསྟོད་ཡུལ་ང་ཚོའི་མཆོད་ཁང་རྩ་ཆེ་ཁག་དང་མཛེས་སྡུག་ཅན་རྣམས་མེས་མེད་པར་བཟོས་ཡོད། ང་ཚོས་དགའ་བའི་གནས་རྣམས་ཀྱང་གྱང་གོག་ཏུ་འགྱུར་ཡོད་དོ། 12གཙོ་བོ་དཀོན་མཆོག་འདི་ཚོ་ཚང་མ་ནས་ཁྱེད་ཀྱི་ཐུགས་མི་གཡོ་འམ། ང་ཚོས་བཟོད་སྲན་ཐུབ་པ་ལས་ལྷག་པ་མྱོང་འཇུག་གནང་ནས་ཁྱེད་ཀྱིས་གང་ཡང་གནང་བར་མི་མཛད་དམ༎

ཡེ་ཤ་ཡཱ 65

དཀོན་མཆོག་གི་ངོ་ལོག་མཁན་ཚོར་ཉེས་ཆད།

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངས་ངའི་མི་མང་གི་གསོལ་འདེབས་ལ་ལན་འདེབས་བྱ་རྒྱུར་གྲ་སྒྲིགས་ཡོད་ན་ཡང་། དེ་ཚོས་གསོལ་བ་མི་འདེབས་སོ། ང་དེ་ཚོ་ལ་རྙེད་པར་བྱ་རྒྱུར་གྲ་སྒྲིགས་ཡོད་ན་ཡང་། དེ་ཚོས་དེ་ལྟར་ཐབས་ཤེས་ཙམ་ཡང་མི་བྱེད་དོ། ངས་རྟག་ཏུ་ང་འདིར་ཡོད་ངས་ཁྱོད་ལ་རོགས་པ་བྱ་རྒྱུ་ཡིན་ཞེས་ལན་འདེབས་བྱ་རྒྱུར་གྲ་སྒྲིགས་ཡོད་ན་ཡང་། མི་རིགས་དེས་ང་ལ་གསོལ་འདེབས་མི་བྱེད་དོ། 2ངའི་མི་དམང་སེམས་གྱོང་པོས་ནོར་འཁྲུལ་བྱ་མཁན་དང་རང་འདོད་ཀྱི་ལམ་དུ་འགྲོ་མཁན་རྣམས་ལ་དགའ་བསུ་བྱ་རྒྱུར་རྟག་ཏུ་གྲ་སྒྲིགས་ཡོད་དོ། 3དེ་ཚོས་ངོ་ཚ་མེད་པའི་ཐོག། ང་ཁྲོ་རུ་བཅུག་ཡོད། དེ་ཚོས་ཀླ་ཀློའི་དམར་མཆོད་རྩ་ཆེའི་ལྡུམ་རའི་ནང་ཕུལ་བ་དང་། ཀླ་ཀློའི་མཆོད་ཁྲིའི་སྟེང་སྤོས་བདུག་ཡོད་དོ། 4མཚན་མོ་དེ་ཚོ་གཤིན་པོའི་རྣམ་ཤེས་ལ་གྲོས་སྡུར་བྱེད་པར་བྲག་ཕུག་དང་སྤུར་ཁང་དུ་འགྲོ་བ་དང་། དེ་ཚོའི་ཕག་ཤ་ཟ་ཞིང་ཀླ་ཀློའི་དམར་མཆོད་རྣམས་ཀྱི་ཆེད་དུ་ཕུལ་བའི་ཤའི་ཤ་ཁུ་འཐུང་ངོ་། 5དེ་ནས་དེ་ཚོས་གཞན་ལ་ང་ཚོ་ལས་ཐག་རིང་སྡོད་ཅིག་ཅེས་ཟེར་བ་དང་། ང་ཚོ་ཁྱོད་ཚོ་ལས་ཧ་ཅང་དམ་པ་ཡིན་པས་མ་རེག་ཅིག་ཅེས་སྨྲས་སོ། ངས་མི་དེ་འདྲར་བཟོད་སྲན་མི་ཐུབ་པ་དང་དེ་ཚོའི་སྟེང་དུ་ངའི་ཁོང་ཁྲོ་ལངས་ཏེ་རྩ་བ་ནས་མ་ཤི་བའི་མེ་ལྟར་འབར་རོ། 6ངས་སྔོན་ནས་དེ་ཚོར་ཉེས་ཆད་ཇི་འདྲ་ཞིག་བཏང་དགོས་ཟེར་ཐག་གཅོད་ཟིན་པ་དང་། དེ་ཚོའི་ཉེས་པ་རྣམས་ཡིག་ཐོག་ཏུ་བཀོད་ཟིན་ཡོད། ངས་དེ་ཚོས་ཇི་བྱས་པར་དོ་སྣང་མ་བྱེད་པར་བྱ་རྒྱུ་མིན། འོན་ཀྱང་ངས་དེ་ཚོ་ལ་ཉེས་ཆད་གཏོང་རྒྱུ་ཡིན། 7འོན་ཀྱང་ངས་དེ་ཚོའི་སྡིག་པ་དང་ཕ་མེས་ཀྱི་སྡིག་པའི་ལན་འཇལ་རྒྱུ་ཡིན། དེ་ཚོས་ཕྱི་པའི་རི་བོའི་ལྷ་ཁང་དུ་སྤོས་བདུག་པ་དང་ང་ལ་གཏམ་ངན་པ་སྨྲས་ཡོད་དོ། དེར་བརྟེན་དེ་ཚོའི་འདས་པའི་བྱ་སྤྱོད་ལ་གཞིགས་པའི་དགོས་ངེས་ཀྱི་ཉེས་ཆད་གཏོང་རྒྱུ་ཡིན་ནོ། 8གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། སུ་ཞིག་གིས་རྒུན་འབྲུམ་ཡག་པོ་རྣམས་མེད་པར་མི་བཟོ། དེའི་ཚབ་ལ་དེ་ཚོས་དེས་རྒུན་ཆང་བཟོའོ། དེ་ལྟར་ངས་ངའི་མི་མང་ཚང་མ་མེད་པར་མི་བཟོ་བ་དང་། ང་ལ་ཞབས་ཕྱི་ཞུ་མཁན་རྣམས་ངས་སྐྱོབ་རྒྱུ་ཡིན་ནོ། 9ངས་ཨིསི་རཱ་ཨེལ་པ་ཡ་ཧུ་དཱའི་སྡེ་རིགས་ལ་བྱིན་རླབས་སྤྲོད་པ་དང་། དེ་ཚོའི་རིགས་བརྒྱུད་ལ་ངའི་རི་བོའི་ཡུལ་རྣམས་བདག་པར་བྱེད་པ་དང་། ང་ལ་ཞབས་ཞུ་ཞུ་མཁན་ངས་འདམས་པའི་མི་རྣམས་དེར་གནས་པར་འགྱུར་རོ། 10དེ་ཚོས་ང་ལ་མཆོད་ཅིང་རང་གི་ལུག་དང་དུད་འགྲོ་རྣམས་ནུབ་ཕྱོགས་སུ་ཤ་རོན་གྱི་ཐང་གའི་རྩ་ཁ་དང་། ཤར་དུ་སྡུག་བསྔལ་གྱི་ལུང་གཤོང་གི་རྩ་ཁའི་བར་འཁྲིད་པར་འགྱུར་རོ། 11འོན་ཀྱང་ང་ལ་སྤོངས་མཁན་དང་། ངའི་དམ་པའི་རི་བོ་ཛི་ཡོན་ལ་བརྩི་མེད་བྱེད་ནས་ལས་འབྲས་དང་བསོད་བདེའི་ལྷ་གྷཌ་དང་མེ་ནི་ལ་མཆོད་མཁན་ལ་དེ་ལྟར་མི་ཡོང་ངོ་། 12ཁྱོད་ཚོའི་སྐྱལ་བ་དེ་དྲག་པོའི་དབང་གིས་འཆི་རྒྱུ་ཡིན་ནོ། གང་ལ་ཟེར་ན། ངས་འབོད་སྐབས་ཁྱོད་ཚོས་ལན་འདེབས་བྱས་མེད། ང་སྨྲ་བའི་སྐབས་སུ་ཉན་མེད་དོ། ཁྱོད་ཚོས་ང་ལ་མི་ཉན་པ་དང་ངན་ལས་བྱ་རྒྱུ་འདམས་ཡོད་དོ། 13དེ་ཡིན་ཙང་ངས་བརྗོད་རྒྱུར། ང་ལ་མཆོད་མཁན་དང་ང་ལ་ཉན་མཁན་རྣམས་ལ་ཟ་རྒྱུ་དང་འཐུང་རྒྱུ་འབོལ་པོ་ཡོང་ངོ་། འོན་ཀྱང་ཁྱོད་ཚོ་ལྟོགས་པ་དང་སྐོམ་པར་འགྱུར། དེ་ཚོ་དགའ་མགུར་སྤྱོད་པར་འགྱུར་རོ། འོན་ཀྱང་ཁྱོད་ཚོར་དམའ་འབེབས་བྱུང་ཡོང་། 14དེ་ཚོས་དགའ་བའི་གླུ་ལེན་པ་དང་། འོན་ཀྱང་ཁྱོད་ཚོ་སེམས་ཆགས་ནས་ངུ་བར་འགྱུར། 15ངས་འདམས་པའི་མི་མང་ཚོས་ཁྱོད་ཚོའི་མིང་དམོད་པ་ལྟར་བེད་སྤྱོད་བྱེད་དོ། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཁྱོད་གསོད་རྒྱུ་ཡིན། འོན་ཀྱང་ང་ལ་ཉན་མཁན་རྣམས་ལ་ངས་མིང་གསར་པ་ཞིག་སྤྲོད་རྒྱུ་ཡིན་ནོ། 16ཡུལ་གྱི་ནང་བྱིན་རླབས་འབོད་བསྐུལ་ཞུ་མཁན་གྱི་དམ་ཚིག་ཅན་གྱི་དཀོན་མཆོག་ནས་བྱིན་རླབས་ཞུ་བར་འགྱུར། མནའ་བཀྱལ་མཁན་སུ་ཞིག་གི་དམ་ཚིག་ཅན་གྱི་དཀོན་མཆོག་གི་མཚན་ལ་མནའ་བཀྱལ་བར་འགྱུར། འདས་པའི་སྡུག་བསྔལ་རྣམས་ཡོལ་བ་དང་བརྗེད་དོ༎

བཀོད་པ་གསར་པ།

17གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངས་ས་གཞི་གསར་པ་དང་མཐོ་རིས་གསར་པ་བཟོ་བཞིན་ཡོད། འདས་པའི་བྱ་བ་རྣམས་ཆ་ཚང་བརྗེད་པར་འགྱུར་རོ། 18ངས་བཀོད་པར་རྟག་ཏུ་དགའ་བ་དང་སྤྲོ་བ་བྱོས་ཤིག ངས་ཡེ་རུ་ཤ་ལེམ་གསར་པ་བཟོས་པ་དེར་དགའ་སྤྲོས་ཁེངས་པ་དང་། དེའི་མི་མང་རྣམས་ལ་བདེ་སྐྱིད་ཡོང་ངོ་། 19ཡེ་རུ་ཤ་ལེམ་དང་དེའི་མི་མང་ལ་བརྟེན་ནས་ང་རང་ཡང་དགའ་སྤྲོས་ཁེངས་པར་འགྱུར། དེར་སྨྲེ་ངག་དང་སྐྱབས་རོགས་འབོད་བསྐུལ་མི་ཡོང་ངོ་། 20ཕྲུ་གུ་བྱིས་པའི་དུས་སུ་མི་ཤི་བ་དང་མི་མང་རྣམས་མི་ཚེའི་དུས་སྐབས་ཆ་ཚང་འཚོའོ། ལོ་བརྒྱར་སླེབས་མཁན་ཚོ་ཡང་ན་གཞོན་དུ་བརྩིའོ། དེའི་སྔོན་དུ་འཆི་མཁན་རྣམས་ངས་ཉེས་ཆད་བཏང་བའི་རྟགས་ཡིན་ནོ། 21-22མི་མང་གིས་རང་གི་རྒྱབ་པའི་ཁང་པའི་ནང་དུ་སྡོད་པ་དང་། དེ་ཚོ་མི་གཞན་གྱིས་བེད་སྤྱོད་མི་བྱེད་དོ། དེ་ཚོས་རྒུན་ཚལ་འདེབས་པ་དང་རྒུན་ཆང་ལ་སྤྱོད་པར་བྱེད་དོ། མི་གཞན་གྱིས་དེ་འཐུང་བར་མི་བྱེད་དོ། ཤིང་སྡོང་ལྟར་ངའི་མི་མང་ཚེ་རིང་པོ་སྡོད་དོ། དེ་ཚོས་དཀའ་ལས་བརྒྱབ་པའི་འབྲས་བུ་ལ་དེ་ཚོ་རང་གི་ལོང་སྤྱོད་པར་འགྱུར་རོ། 23དེ་ཚོའི་ལས་རྣམས་ལམ་ལྷོང་ཡོང་བ་དང་། དེ་ཚོའི་བུ་ཕྲུག་ཚོར་རྐྱེན་ངན་དང་མི་འཕྲད་དོ། ངས་དུས་རྟག་ཏུ་དེ་ཚོ་དང་དེ་ཚོའི་རིགས་བརྒྱུད་ལ་བྱིན་གྱིས་རློབ་པར་འགྱུར་རོ། 24དེ་ཚོའི་སྨོན་ལམ་མ་ཚར་སྔོན་ལ་ངས་དེ་ཚོར་ལན་འདེབས་བྱ་རྒྱུ་ཡིན་ནོ། 25སྤྱང་ཀི་དང་ལུ་གུ་མཉམ་དུ་ཟ་བ་དང་། སེང་གེས་ཕྱུགས་ལྟར་སོག་མ་ཟ་བ་དང་། སྦྲུལ་ཀྱང་ཉེན་ཁ་ཅན་དུ་མི་འགྱུར། ངའི་དམ་པའི་རི་བོ་ཛི་ཡོན་ལ་གནོད་འཚེ་ཅན་དང་ངན་པའི་རིགས་གང་ཡང་ཡོང་བར་མི་འགྱུར་རོ༎

ཡེ་ཤ་ཡཱ 66

གཙོ་བོ་དཀོན་མཆོག་གིས་མི་རིགས་ཚོར་ཁྲིམས་ཞིབ་གནང་བ།

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། མཐོ་རིས་ནི་ངའི་ཁྲི་ཡིན་པ་དང་། ས་གཞི་ནི་ངའི་ཞབས་སྟེགས་ཡིན་ནོ། དེ་ཡིན་ཙང་ཁྱོད་ཚོས་ངའི་ཆེད་དུ་ཁང་པ་ཇི་འདྲ་ཞིག་བཞེངས་ཐུབ་བམ། ང་སྡོད་པའི་ས་གནས་ག་འདྲ་ཞིག་བཟོ་ཐུབ་བམ། 2ང་རང་རང་ཉིད་ནས་ས་གཞི་ཡོངས་སུ་བཀོད་པ་ཡིན། ཉམས་ཆུང་དང་འགྱོད་སེམས་ཅན་དང་ང་ལ་འཇིགས་མཁན་དང་ངའི་བཀའ་ལ་ཉན་མཁན་ལ་ང་མཉེས་པ་ཡིན་ནོ། 3མི་མང་གིས་རང་གི་འདོད་པ་ལྟར་བྱེད་དོ། དམར་མཆོད་འབུལ་སྐབས་དེ་ཚོས་གླང་གོག་ཞིག་བསད་པ་ཡང་ན་མི་བསད་པ། ལུ་གུ་དམར་མཆོད་དུ་ཕུལ་བ་ཡང་ན་ཁྱིའི་སྐེ་བཅད་པ། འབྲུའི་མཆོད་པ་ཕུལ་བ་ཡང་ན་ཕག་པའི་ཁྲག་ཕུལ་བ། སྤོས་བདུག་པ་ཡང་ན་སྐུ་འདྲར་སྨོན་ལམ་འདེབས་པ། དེ་ཚོའི་ཆེད་དུ་དེ་ཚོ་ཚང་མ་འདྲ་མཉམ་ཡིན་ནོ། དེ་ཚོས་ཞེན་ལོག་ཅན་གྱི་ལམ་ནས་མཆོད་པ་ཕུལ་རྒྱུར་དགའོ། 4དེ་འདྲ་སོང་ཙང་དེ་ཚོས་གང་ཞིག་ལ་འཇིགས་པའི་རྐྱེན་ངན་དེ་ཆོའི་སྟེང་དུ་འབེབས་པར་བྱའོ། གང་ལ་ཟེར་ན། ངས་འབོད་སྐབས་སུས་ཀྱང་ལན་འདེབས་བྱས་མེད། ཡང་ན་ངས་སྨྲ་སྐབས་སུས་ཀྱང་ཉན་མེད། དེ་ཚོས་ང་ལ་མི་ཉན་པ་དང་ངན་ལས་བྱ་རྒྱུར་འདམས་སོ། 5གཙོ་བོ་དཀོན་མཆོག་ལ་འཇིག་མཁན་དང་། ཁོང་གྱི་བཀའ་ལ་ཉན་མཁན་རྣམས་ཁྱོད་ཚོ་ཁོང་གིས་ཇི་ལྟར་བཀའ་གནང་བར་ཉོན་ཞིག ཁྱོད་ཚོ་ང་ལ་དམ་ཚིག་ལྡན་པ་ཡིན་སྟབས། ཁྱོད་ཚོ་ལ་ཁྱོད་ཚོ་རང་གི་མི་འགའ་ཞིག་གིས་སྡང་པོ་བྱེད་པ་དང་། ཁྱོད་ཚོར་འབྲེལ་བར་གང་ཡང་མི་བྱེད་དོ། དེ་ཚོས་ཁྱོད་ཚོར་ཁྱད་གསོད་བྱེད་ནས་འདི་ལྟར་སྨྲས་པར་འགྱུར། ང་ཚོས་ཁྱོད་ཚོ་དགའ་བདེར་སྤྱོད་པ་མཐོང་བའི་ཆེད་གཙོ་བོ་དཀོན་མཆོག་གིས་རང་གི་མཐུ་སྟོབས་བརྟན་ནས་ཁྱོད་ཚོ་སྐྱོབ་ཏུ་འཇུག། འོན་ཀྱང་དེ་ཚོ་རང་ཉིད་ལ་ངོ་ཚ་ཡོང་བར་འགྱུར་རོ། 6ཁྱོད་ཚོ་ཉོན་ཞིག། གྲོང་ཁྱེར་གྱི་སྒྲ་ཤུགས་ཆེན་པོ་དེ། མཆོད་ཁང་ནང་དུ་ཡོད་པའི་སྒྲ་དེ་གཙོ་བོ་དཀོན་མཆོག་གིས་ཁོང་གི་དགྲ་བོ་ཚོར་ཆད་པ་གཏོང་བའི་སྒྲ་ཡིན་ནོ། 7ངའི་གྲོང་ཁྱེར་དམ་པ་འདི་བཞིན་སྐྱེས་གཟེར་མེད་པར་བློ་བུར་དུ་ཕྲུ་གུ་ཞིག་སྐྱེས་པའི་བུད་མེད་ཞིག་དང་འདྲའོ། 8སུ་ཞིག་གིས་དེ་ལྟར་མཐོང་བ་དང་ཐོས་ཡོད་དམ། མི་རིགས་ཤིག་ཉིན་གཅིག་ལ་སྐྱེས་ཡོད་དམ། མི་རིགས་དེ་སྐྱེས་པའི་སྔོན་དུ་ཛི་ཡོན་གྱི་སླར་སྡུག་བསྔལ་མྱོང་མི་དགོས་སོ། 9ཁྱོད་ཚོའི་བསམ་བློར་ངས་ངའི་མི་མང་ཕྲུ་གུ་སྐྱེ་རན་པར་བཞག་ནས་དེ་ཚོར་སྐྱེར་འཇུག་གི་མ་རེ་མ་བསམ་ཞིག ཅེས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་ངོ། 10ཡེ་རུ་ཤ་ལེམ་མཉམ་དུ་དགའ་ངོམ་གྱིས། མོའི་ཆེད་དུ་དགའ་ངོམ་བྱོས། གྲོང་ཁྱེར་འདི་ལ་བརྩེ་བ་བྱ་མཁན་རྣམས། མོ་ཡི་ཆེད་དུ་མྱ་ངན་བྱེད་མཁན་རྣམས། ད་ལྟ་མོ་དང་མཉམ་དུ་དགའ་ངོམ་བྱོས། 11ཕྲུ་གུ་མ་ཡི་ནུ་གཞུར་ཡོད་པ་ལྟར། ཁྱོད་ཀྱིས་མོ་ཡི་ལམ་ལྷོང་སྤྱོད་པར་འགྱུར། 12གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངས་ཁྱོད་ཚོར་གཏན་གྱི་ཕལ་རྒྱས་སྤྲད་པར་བྱ། མི་རིགས་ཚོའི་རྒྱུ་ནོར་རྣམས་ནམ་ཡང་མི་སྐམ་པའི་རྒྱུག་ཆུ་ལྟར་ཁྱོད་ཚོའི་སར་ཡོང་བར་འགྱུར། ཁྱོད་ཚོ་མས་རང་གི་ཕྲུ་གུར་འོ་མ་སྤྲད་པ་དང་ལག་པར་འཁྱེར་ནས་བརྩེ་བསྟན་པའི་ཕྲུ་གུ་ལྟ་བུ་ཡོང་ངོ། 13མས་རང་གི་ཕྲུ་གུར་སེམས་གསོ་བྱས་པ་ལྟར། ངས་ཁྱོད་ཚོར་ཡེ་རུ་ཤ་ལེམ་དུ་སེམས་གསོ་བྱེད་དོ། 14ཁྱོད་ཀྱིས་དེ་ལྟར་མཐོང་སྐབས་ཁྱོད་དགའ་བར་འགྱུར། དེས་ཁྱེད་ཚོ་ཤུགས་ཆེན་པོ་དང་བདེ་ཐང་བཟོ་བར་བྱའོ། དེ་ནས་ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་གིས་ངའི་བཀའ་ལ་ཉན་མཁན་རྣམས་ལ་རོགས་བྱེད་པ་དང་། ངའི་དགྲ་བོ་ཚོར་ཁྲོ་བ་སྟོན་པ་དེ་ཁྱོད་ཚོས་ཤེས་པར་འགྱུར་རོ། 15གཙོ་བོ་དཀོན་མཆོག་མེ་དང་མཉམ་དུ་ཕེབས་ཡོང། ཁོང་ཐུགས་ཁྲོས་ཡོད་པ་རྣམས་ལ་ཆད་པ་གཏོང་བའི་ཆེད་རླུང་གི་ཤོག་པར་འཆིབས་པ་གནང་ངོ། 16ཁོང་གིས་མེ་དང་རལ་གྲིས་འཛམ་གླིང་གི་མི་མང་ཉེས་ཅན་གཟིགས་པ་རྣམས་ལ་ཆད་པ་གནང་བ་དང་མང་པོ་ཞིག་གསོད་པ་གནང་ངོ། 17གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཕྱི་པའི་མཆོད་པ་བྱ་རྒྱུར་དག་བྱང་བྱ་མཁན་དང་། ལྡུམ་ར་དམ་པའི་ནང་དུ་སྒྲིག་ཏེ་འགྲོ་མཁན་དང་ཕག་ཤ་དང་རྩི་རྩི་དང་གཞན་སྐྱུག་བྲོའི་ཟས་ཟ་མཁན་ཚོའི་མཐའ་ཉེ་བར་ཡོད་དོ། 18ངས་དེ་ཚོའི་བསམ་བློ་དང་ངན་ལས་རྣམས་ཤེས་སོ། ང་མི་རིགས་ཡོངས་ཀྱི་མི་མང་རྣམས་བསྡུ་བར་ཡོང་བཞིན་ཡོད། དེ་ཚོ་མཉམ་དུ་འཛོམས་སྐབས་དེ་ཚོས་ངའི་མཐུ་སྟོབས་ཀྱིས་ཇི་འདྲ་བྱེད་ཐུབ་པ་མཐོང་བར་འགྱུར་རོ། 19དེ་ཚོ་ལ་ཆད་པ་གཏོང་མཁན་དེ་ང་ཡིན་པ་ཤེས་པར་འགྱུར་རོ། འོན་ཀྱང་ངས་དེ་ཚོ་འགའ་ཤས་ཐར་བར་བྱེད་པ་དང་། དེ་ཚོས་ངའི་སྙན་གྲགས་མི་ཐོས་པ་དང་ཡང་ན་ངའི་རླབས་ཆེན་དང་མཐུ་སྟོབས་ལ་མི་མཐོང་བའི་མི་རིགས་རྣམས་དང་གླིང་ཕྲན་ཨིསི་པེན་དང་ལིབ་ཡ་དང་ལི་ཌི་ཡ་བཅས་པར་དེས་རྩལ་དང་ལྡན་པའི་མདའ་པ་མཉམ་དུ། ཏུ་བྷལ་དང་གྷིརིསི་བཅས་པར་མངགས་པར་བྱའོ། དེ་ཚོས་མི་རིགས་དེ་ཚོའི་ཁྲོད་དུ་ངའི་ཆེ་མཐོང་ཁྱབ་སྒྲགས་བྱའོ། 20དེ་ཚོས་ཁྱོད་ཚོའི་ཡུལ་གཅིག་པའི་མི་རྣམས་ལ་མི་རིགས་རྣམས་ནས་ངའི་འབུལ་བའི་ཚུལ་དུ་འཁྲིད་ཡོང་བར་བྱའོ། ཇི་ལྟར་ཨིསི་རཱཨེལ་པ་ཚོས་ཆོ་ག་ལྟར་སྣོད་གཙང་མའི་ནང་ངའི་མཆོད་ཁང་དུ་འབྲུའི་མཆོད་པ་འཁྱེར་ཡོང་བ་ལྟར། དེ་ཚོས་ཡེ་རུ་ཤ་ལེམ་གྱི་ངའི་དམ་པའི་རི་བོར་རྟ་དང་དྲེལ་དང་རྔ་མོང་དང་ཤིང་རྟ་འཁོར་ལོ་དང་འཁྱོག་དཔྱང་བཅས་པའི་ནང་དེ་ཚོར་འཁྱེར་ཡོང་བར་བྱའོ། 21ངས་དེ་ཚོ་ནས་འགའ་ཤས་བླ་མ་རྣམས་དང་ལེ་ཝི་པ་རྣམས་བཟོ་བར་བྱའོ། 22ཇི་ལྟར་ངའི་མཐུ་སྟོབས་ཀྱིས་ས་གཞི་གསར་པ་དང་མཐོ་རིས་གསར་པ་གནས་པ་ལྟར། ཁྱོད་ཚོའི་རིགས་བརྒྱུད་དང་ཁྱོད་ཚོའི་མིང་གནས་པར་འགྱུར་རོ། 23ཟླ་བ་གསར་པའི་དུས་སྟོན་དང་ངལ་གསོ་བའི་ཞག་རེ་བཞིན་མི་རིགས་ཡོངས་རྫོགས་ཀྱི་མི་མང་རྣམས་ཡེ་རུ་ཤ་ལེམ་དུ་ང་ལ་མཆོད་པར་ཡོང་བར་འགྱུར་ཞེས་གཙོ་བོ་དཀོན་མཆོག་གི་བཀའ་གནང་ངོ། 24དེ་ཚོ་ལོག་ནས་འགྲོ་སྐབས་དེ་ཚོས་ང་ལ་ངོ་ལོག་བྱ་མཁན་ཚོའི་རོ་རྣམས་མཐོང་བར་འགྱུར། དེ་ཚོ་ཟ་མཁན་གྱི་འབུ་རྣམས་ནམ་ཡང་མི་འཆི་བ་དང་། དེ་ཚོ་སྲེག་པའི་མེ་ནམ་ཡང་གསོད་པར་མི་བྱ། དེ་ཚོའི་མཐོང་ཚུལ་དེ་བཞིན་འགྲོ་བ་མི་ཡོངས་ལ་ཞེན་ལོག་ཅན་དུ་འགྱུར་རོ༎

ཡེར་མི་ཡཱ། 1

ཡེར་མི་ཡཱ།

1དེབ་འདིའི་ལོ་རྒྱུས་རྣམས་བྷེན་ཡ་མིན་གྱི་མངའ་ཁུལ་གྱི་ཨ་ན་ཐོད་ཀྱི་གྲོང་ཁྱེར་གི་བླ་མའི་ཁོངས་སུ་གཏོགས་པ་ཧིལ་ཀི་ཡཱའི་བུ་ཡེར་མི་ཡཱས་གསུངས་པ་ཁག་ཡིན་ནོ། 2གཙོ་བོ་དཀོན་མཆོག་གིས་ཨ་མོན་གྱི་སྲས་ཡོ་ཤི་ཡཱ་ཡ་ཧུ་དཱ་པའི་རྒྱལ་པོ་གནང་བའི་ལོ་བཅུ་གསུམ་པར་ཡེར་མི་ཡཱ་ལ་བཀའ་གནང་བ། 3ཡང་སྐྱར་ཁོང་གིས་ཡོ་ཤི་ཡཱའི་སྲས་ཡེ་ཧོ་ཡ་ཀིམ་རྒྱལ་པོ་ཡིན་སྐབས་ཁོང་ལ་བཀའ་གནང་ཡོད། དེའི་རྗེས་གཙོ་བོ་དཀོན་མཆོག་གིས་ཡོ་ཤི་ཡཱའི་སྲས་ཛེ་དེ་ཀི་ཡཱས་རྒྱལ་སྲིད་སྐྱོངས་བའི་ལོ་ངོ་བཅུ་གཅིག་བར་ཐེངས་མང་པོར་ཁོང་ལ་བཀའ་གནང་ཡོད། ལོ་དེའི་ཟླ་བ་ལྔ་པར་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་བཙན་བྱོལ་དུ་འཁྲིད་དོ༎

ཡེར་མི་ཡཱ་འབོད་པ།

4གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། 5ངས་ཁྱོད་ལ་སྲོག་མ་བྱིན་པའི་སྔོན་དུ་ཁྱོད་ལ་འདམས་པ་དང་། ཁྱོད་མ་སྐྱེས་པའི་སྔོན་ལ་ངས་ཁྱོད་མི་རིགས་ཚོའི་ཆེད་དུ་ལུང་སྟོན་པར་འདམས་པ་ཡིན་ནོ། 6ཀྱེ་བླ་ན་མེད་པའིི་གཙོ་བོ་དཀོན་མཆོག། ང་ཧ་ཅང་ཆུང་བས་ངས་ཇི་ལྟར་སྨྲ་དགོས་པ་མི་ཤེས་ཅེས་ངས་ལན་ཞུས་པ་ཡིན། 7འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ཁྱོད་ཧ་ཅང་ལོ་ཆུང་བ་ཡིན་ཞེས་མ་ཟེར་ཞིག། ངས་ཁྱོད་ལ་གཏོང་བའི་མི་མང་ཚོའི་སར་སོང་ལ་ངས་ཁྱོད་ལ་ཇི་ལྟར་བཀའ་བསྒོ་བ་རྣམས་དེ་ཚོ་ལ་ཤོད་ཞིག 8ཁྱོད་དེ་ཚོ་ལ་མ་འཇིགས་ཤིག། གང་ལ་ཟེར་ན། ང་ཁྱོད་དང་མཉམ་དུ་སྐྱོབས་པའི་ཕྱིར་འགྲོག་པར་བྱ་ཞེས། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 9དེ་ནས་གཙོ་བོ་དཀོན་མཆོག་གིས། ཕྱག་བརྐྱངས་ནས་ངའི་མཆུ་ལྟོ་ལ་རེག་ནས་ང་ལ་བཀའ་གནང་བ། ཉོན་ཞིག། ངས་ཁྱོད་ཀྱིས་སྨྲ་དགོས་པའི་གཏམ་རྣམས་ཁྱོད་ལ་སྟེར་བར་བྱའོ། 10དེ་རིང་ངས་ཁྱོད་ལ་མི་རིགས་དང་རྒྱལ་ཁབ་ཚོ་རྩ་བཀོག་གཏང་བ་དང་མར་རློག་པ་དང་མེད་པར་བཟོ་བ་དང་མགོ་མཛུག་སློག་པ་དང་བཞེངས་པ་དང་འཛུགས་པ་བཅས་ཀྱི་དབང་ཆ་སྤྲོད་རྒྱུ་ཡིན་ཞེས་གསུངས་སོ༎

ཞལ་གཟིགས་ཁག་གཉིས།

11གཙོ་བོ་དཀོན་མཆོག་གིས། ཀྱེ་ཡེར་མི་ཡཱ་ཁྱོད་ཀྱིས་ག་རེ་མཐོང་ངམ་ཟེར་ང་ལ་བཀའ་འདྲི་གནང་བྱུང་། ངས་ལན་དུ་སྟར་གའི་ཤིང་གི་ཡལ་ག་ཞིག་མཐོང་གི་འདུག་ཅེས་ཞུས་པ་ཡིན། 12གཙོ་བོ་དཀོན་མཆོག་གིས། ཁྱོད་ཀྱིས་མཐོང་བ་དེ་བདེན་པ་རེད། ངས་ངའི་བཀའ་རྣམས་དངོས་སུ་སྒྲུབ་པ་དེ་བལྟ་བར་འགུག་བསྡད་ཡོད་ཅེས་བཀའ་གནང་ངོ་། 13དེ་ནས་གཙོ་བོ་དཀོན་མཆོག་གིས། ང་ལ་ཡང་སྐྱར་བཀའ་གནང་བྱུང་། ཁོང་གིས། ད་ཁྱོད་ཀྱིས་ཅི་མཐོང་ངམ་ཞེས་བཀའ་འདྲི་གནང་བས། ངས་བྱང་དུ་སྣོད་ཅིག་འཁོལ་བ་མཐོང་བ་དང་། དེ་འདིའི་ཕྱོགས་ལུད་གྲབ་འདུག་ཅེས་ཞུས་པ་ཡིན། 14གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ཡུལ་འདིར་སྡོད་མི་རྣམས་ཐོག་བྱང་ཕྱོགས་ནས་འཇིག་པ་ཁོལ་ནས་ལུད་གྲབ་འདུག 15གང་ལ་ཟེར་ན། ངས་བྱང་ཕྱོགས་སུ་ཡོད་པའི་རྒྱལ་ཁབ་ཚང་མར་ཡོང་བར་འབོད་བཞིན་ཡོད། དེ་ཚོའི་རྒྱལ་པོ་ཚོས་རང་གི་རྒྱལ་ཁྲི་རྣམས་ཡེ་རུ་ཤ་ལེམ་གྱི་རྒྱལ་སྒོ་རྣམས་དང་དེའི་མཐའ་འཁོར་གྱི་ལྕགས་རི་རྣམས་དང་ཡ་ཧུ་དཱ་པའི་གྲོང་ཁྱེར་གཞན་ཚོའི་མཐའ་འཁོར་དུ་རྒྱབ་པར་བྱའོ། 16ངས་ངའི་མི་མང་ལ་ཆད་པ་གཏོང་བར་བྱ། གང་ལ་ཟེར་ན། དེ་ཚོས་སྡིག་པ་གྱིས་ཡོད། དེ་ཚོས་ང་སྤངས་ནས་ལྷ་གཞན་ལ་དམར་མཆོད་ཕུལ་བ་དང་སྐུ་འདྲ་བཟོས་པ་དང་དེ་ཚོ་ལ་མཆོད་འབུལ་བྱེད་ཡོད་དོ། 17ཡེར་མི་ཡཱ་གྲ་སྒྲིགས་བྱོས་ཤིག། ཁྱོད་སོང་ལ་ཁྱོད་ལ་ཇི་ལྟར་བཀའ་བསྒོ་བ་རྣམས་དེ་ཚོ་ལ་སྨྲོས་ཤིག ད་ཁྱོད་དེ་ཚོ་ལ་མ་འཇིགས་ཤིག དེ་མིན་ངས་ཁྱོད་དེ་ཚོ་མཉམ་དུ་ཡོད་སྐབས་སུ་ཧ་ཅང་འཇིག་དགོས་པ་བཟོ་རྒྱུ་ཡིན། 18-19ཡེར་མི་ཡཱ་ཉོན་ཞིག། ཡུལ་འདིའི་ནང་ཡོད་པའི་ཡ་ཧུ་དཱ་པའི་རྒྱལ་པོ་ཚོ་དང་ལས་བྱེད་པ་ཚོ་དང་བླ་མ་ཚོ་དང་མི་མང་ཚོ་བཅས་ཚང་མ་ཁྱོད་ཀྱི་རྒྱབ་འགལ་དུ་ཡིན་པར་འགྱུར། འོན་ཀྱང་ངས་ཁྱོད་ཀྱིས་དེ་ཚོ་ལ་གདོང་ལེན་བྱེད་པའི་ནུས་སྟོབས་སྤྲོད་རྒྱུ་ཡིན། ཁྱོད་ནི་བཙན་པོར་བཟོས་པའི་གྲོང་ཁྱེར། ལྕགས་ཀྱི་ཀ་བ་དང་ལིའི་ལྕགས་རི་ལྟ་བུར་བྱུང་བར་འགྱུར། དེ་ཚོས་ཁྱོད་ལ་ཕམ་པར་མི་བྱེས། གང་ལ་ཟེར་ན། ཁྱོད་སྐྱོབས་པར་ང་ཁྱོད་དང་མཉམ་དུ་ཡོད་དོ། ང་གཙོ་བ་དཀོན་མཆོག་གིས་སྨྲས་པ་ཡིན་ཞེས་སོ༎

ཡེར་མི་ཡཱ། 2

དཀོན་མཆོག་གིས་ཨིསི་རཱཨེལ་ལ་ཐུགས་འཁུར།

1གཙོ་བོ་དཀོན་མཆོག་ཁོང་གིས་ང་ལ་བཀའ་གནང་བ། 2ཡེ་རུ་ཤ་ལེམ་ནང་གི་ཡོངས་རྫོགས་ལ་གསུང་འཕྲིན་འདི་ཁྱབ་སྒྲགས་བྱ་དགོས་སོ། ཁྱོད་ནི་གཞོན་དུས་དམ་ལྡན་ཇི་ང་ཡི་དྲན། ཐོག་མར་ཆང་ས་རྒྱབས་པའི་སྐབས་སུ་ཁྱོད་ངར་ཇི་འདྲ་བརྩེ། བྱེ་ཐང་དང་ཞིང་མི་འདེབས་པའི་ཡུལ་རྒྱུད། ཁྱོད་ཀྱིས་ང་ཡི་རྗེས་སུ་འཇུག། 3ཨིསི་རཱཨེལ་ཁྱོད་ནི་ང་ཡི་གཅིག་པུ་ཡིན། ཁྱོད་ནི་ང་ཡི་རྩ་ཆེ་བདག་ཏུ་བཟུང་བ་ཡིས། ང་ཡིས་ཁྱོད་ཚོར་གནོད་འཚེ་བྱ་མཁན་ཚང་མར། སྡུག་བསྔལ་དང་ནི་རྐྱེན་ངན་གཏོང་བ་ཡིན། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན༎

ཨིསི་རཱཨེལ་གྱི་ཕ་མེས་ཚོའི་སྡིག་པ།

4ཁྱོད་ཚོ་ཨིསི་རཱཨེལ་པ་ཡི་སྡེ་རིགས་རྣམས། ཡ་ཀོབ་རིགས་བརྒྱུད་ཡིན་པ་ཡོངས་རྫོགས་ལ། གཙོ་བོ་དཀོན་མཆོག་བཀའ་ལ་འདིར་ཉོན་ཞིག། 5གཙོ་བོ་དཀོན་མཆོག་ཁོང་གིས་གསུངས་པ། ཁྱོད་ཚོའི་མེས་པོས་ངའི་རྒྱབ་འགལ་དུ་ཉེས་སྐྱོན་ཅི་འཁྱེར་ཡོང་ངམ། དེ་ཚོ་ཅི་ཕྱིར་ང་ལས་ཁ་བསྒྱུར་བ་ཡིན་ནམ། དེ་ཚོས་ཕན་མེད་སྐུ་འདྲར་མཆོད་པས་ན། དེ་ཚོ་སོ་སོ་ཡང་ནི་ཕན་མེད་འགྱུར། 6ང་ཡི་དེ་ཚོར་ཨི་ཇིབ་ཡུལ་ནས་སྐྱོབས། མི་མད་ལུང་སྟོང་དང་བྱེ་ཐང་དང་ནི་བྱེ་མའི་རི་རྣམས་ཡོད་པའི་གནས། མི་ནི་སུ་ཡང་མི་སྡོད་པ་དང་སུ་ཡང་འགྲོད་མི་བྱ་བའི་ས་སྐམ་དང་ཉན་ཅན་ཡུལ་བརྒྱུད་ནས་ང་ཡི་དེ་ཚོ་སྣེ་འཁྲིད་བྱས། འོན་ཀྱང་དེ་ཚོས་ང་ལ་བརྩི་མི་བྱེད། 7སྟོན་ཐོག་བཟང་རིགས་བེད་སྤྱོད་བྱེད་པའི་ཕྱིར། ང་ཡི་དེ་ཚོ་ས་ལུད་འཛོམས་སར་འཁྲིད། འོན་ཀྱང་དེ་ཚོས་ངའི་ཡུལ་མེད་པར་བཟོས། ང་ཡི་སྤྲད་པའི་ཡུལ་དེ་བཙོག་པ་བཟོས། 8བླ་མ་རྣམས་ཀྱི་གཙོ་བོ་དཀོན་མཆོག་ནི། གང་ན་བཞུགས་ཤེས་འདྲི་བར་མི་བྱའོ། བླ་མ་ཉིད་ཀྱི་ང་ལ་ངོ་མི་ཤེས། སྲིད་སྐྱོང་རྣམས་ཀྱིས་ང་ལ་ངོ་ལོག་བྱས། ལུང་སྟོན་པ་ཡིས་བྷལ་མིང་ནས་སྨྲ། དེ་ཚོས་ཕན་མེད་འདྲ་སྐུར་མཆོད་པར་བྱེད༎

གཙོ་བོ་དཀོན་མཆོག་གི་ཁོང་གི་མི་མང་གི་ཐོག་ཏུ་ཁ་མཆུ།

9དེ་བས་ང་ནི་གཙོ་བོ་དཀོན་མཆོག་གིས། སླར་ཡང་ང་ཡི་མི་མང་ཐོག་ཏུ་ཁ་མཆུ་སྨྲ་རྒྱུ་ཡིན། ང་ཡིས་དེ་ཚོའི་རིགས་ལ་འགལ་སྐྱོན་འདོན། 10ནུབ་ཏུ་ས་ཡི་པེརེསེ་གླིང་ཕྲན་ལ་སོང་ཤིག། ཤར་ཕྱོགས་ཀེ་དར་ཡུལ་དུ་མི་ཞིག་གཏོང་། དེ་ལྟར་སྔོན་དུ་མ་བྱུང་བ་ཞིག་ཁྱོད་ཀྱིས་མཐོང་། 11མི་རིགས་གཞན་སུས་རང་གི་ལྷ་རྣམས་ལ། ངོ་མིན་ཀྱང་རྗེད་པར་བྱས་མེད་དོ། འོན་ཀྱང་ང་ཡི་ཆེ་མཐོང་བྱིན་པའི་མིས། དེ་ཚོར་ཅི་ཡང་བྱེད་མི་ཐུབ་པ་ཡིས། ལྷ་ཚོ་མཉམ་དུ་ང་ལ་བརྗེ་པོ་རྒྱབ། 12ཧང་སང་བ་དང་ངོ་མཚར་སྐྱེས་པའི་ཕྱིར། ང་ཡིས་ནམ་མཁར་འཇིགས་སྐྲག་ཆེན་པོའི་ངང་། གཡོ་འགུལ་བྱས་པའི་བཀའ་ཚིག་བཏང་བ་ཡིན། 13གང་ལགས་ཟེར་ན་ང་ཡི་མི་མང་སྡིག་པ་གཉིས་བགྱིས་ཡོད། ང་ནི་གསོས་པའི་ཆུ་རྫིང་དེ་ནས་དེ་ཚོ་ཁ་འགྱུར་ཡོད། ཆུ་རྣམས་རྩ་བ་ཉིད་ནས་མི་གནས་པའི། ཁྲོན་པ་གས་ཆགས་ཅན་ཁག་བྲུས་ཡོད་དོ།།

ཨིསི་རཱཨེལ་གྱི་དམ་ཚིག་མི་གཙང་བའི་འབྲས་བུ།

14ཨིསི་རཱཨེལ་ནི་ཚེ་གཡོག་ཡིན་ནམ། ཁོ་ནི་ཚེ་གཡོག་ནང་ལ་སྐྱེས་པ་མིན། ཁོ་ལ་དགྲ་བོས་ཅིའི་ཕྱིར་རྒོལ་ནས་འཁྱེར་ཕྱིན་ནོ། 15དེ་ཚོས་ཁོ་ལ་སེང་གེའི་ངར་སྐད་སྒྲོགས། དེ་ཚོས་ཁོ་ཡི་ས་ཆ་བྱེ་ཐང་བཟོས། ཁོ་ཡི་གྲོང་ཁྱེར་རྣམས་གྱང་གོག་བཟོས་པ་དང་ཆ་ཚང་སྤངས་ཡོད། 16མེམ་ཕིསི་དང་ཏ་ཕན་ཧེསེ་ཀྱི་མིས། ཁོ་ཡི་ཐོད་པར་དེ་བཞིན་གས་ཆགས་བཏང་། 17ང་ནི་ཁྱོད་ཚོའི་གཙོ་བོ་དཀོན་མཆོག་གིས། ཁྱོད་ནི་ལམ་ནས་འཁྲིད་པའི་དུས་སྐབས་དེར། ཁྱོད་ཀྱིས་ང་ལ་སྤངས་བ་ཡིན་པས། ཨིསི་རཱཨེལ་ཁྱོད་ཀྱིས་རང་ཉིད་ཐོག་ཏུ་དེ་འཁྱེར་ཡོང་ངོ། 18ཁྱོད་ཀྱིས་ཨི་ཇིབ་ཡུལ་གྱི་ན་ཨེལ་ཆུ། འཐུང་བར་ཕྱིན་ནས་ཁྱོད་ལ་ཅི་ཐོབ་བསམ། ཁྱོད་ཀྱིས་ཨ་སུར་དུ་ཡུབ་རད་ཆུ། འཐུང་བར་ཕྱིན་ནས་ཁྱོད་ལ་ཅི་ཐོབ་བསམ། 19ཁྱོད་ཀྱི་ལས་ངན་ཁྱོད་ལ་ཉེས་ཆད་གཏོང་། ཁྱོད་ཀྱིས་ང་ལ་སྤངས་བས་ཁྱོད་ལ་སྐྱོན་མཛོད་གྱིས། ང་ནི་ཁྱོད་ཀྱི་གཙོ་བོ་དཀོན་མཆོག་ལ། སྤངས་ནས་དམ་ཚིག་ཅན་དུ་མི་གནས་པར། སྡུག་རྩུབ་དང་ནི་སྐྱོན་ཅན་ཇི་ཡིན་རྟོགས། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ངས། ཀུན་དབང་ཅན་དང་ལྡན་པས་སྨྲས་པ་ཡིན༎

ཨིསི་རཱཨེལ་གྱིས་གཙོ་བོ་དཀོན་མཆོག་ལ་མཆོད་རྒྱུར་ཁས་ལེན་མ་བྱས་པ།

20བླ་ན་མེད་པའི་གཙོ་བོས་བཀའ་གནང་བ། ཡུན་རིང་སྔོན་ནས་ཨིསི་རཱཨེལ་ཁྱོད་ཀྱིས། ང་ཡི་དབང་ཆའི་ཚད་ལ་བརྩི་མེད་བྱས། ཁྱོད་ཀྱིས་ང་ཡི་བཀའ་ལ་ཉན་རྒྱུ་དང་། ང་ལ་མཆོད་རྒྱུར་ཁས་ལེན་བྱས་མེད་དོ། ཁྱོད་ཀྱིས་རི་བོ་མཐོ་པོ་ཚང་མའི་སྟེང་། ཤིང་སྡོང་ལྗང་ཁུ་ཚང་མ་ཡི་འོག་ཏུ། ས་ལུད་འཛོམས་པོའི་ལྷ་ཚོར་ཁྱོད་ཀྱིས་མཆོད་ཡོད། 21ངས་ཁྱོད་ཤིན་ཏུ་ལེགས་ཤོས་སོན་ངང་ནས། འདམས་པའི་རྒུན་ཤིང་བཞིན་དུ་བཙུག་ཡོད་དོ། འོན་ཀྱང་ཁྱོད་ནི་ཇི་ལྟར་འགྱུར་ལ་ལྟོས། ཁྱོད་ནི་རུལ་བའི་ཕན་མེད་རྒུན་ཤིང་ལྟར། 22ཡི་རྩེ་ནུས་པ་ཆེ་ཤོས་ཁྱོད་འཁྲུད་ཀྱང་། ང་ཡིས་ཁྱོད་ཀྱི་ཉེས་སྐྱོན་བཙོག་པ་མཐོང་། 23ཁྱོད་ནི་རང་ལ་གྲིབ་ཅན་བཟོས་མེད་ཇི་ལྟར་བརྗོད། བྷལ་ལ་མཆོད་མེད་ཇི་ལྟར་བརྗོད། ལུང་གཤོང་ནང་དུ་སྡིག་པ་ཇི་གྱིས་ལྟོས། ཁྱོད་ཀྱིས་ཇི་ལྟར་བྱས་པར་ལྟོས་ཤིག་དང་། ཁྱོད་ནི་འདོད་ཆགས་ཅན་ནགས་གི་རྔ་མོང་རྒོད་པོ་ལྟར། བདག་མེད་ཕར་ཚུར་གང་བྱུང་མང་བྱུང་རྒྱུགས། 24བྱེ་ཐང་ནང་དུ་བྲེལ་ཟིང་བྱེད་ཅིང་རྒྱུགས། མོ་ལ་ཆགས་པ་ཡོད་སྐབས་སུས་དབང་བསྒྱུར། ཕོ་མོ་འདོད་མཁན་རང་ཉིད་དཀའ་ལས་རྒྱབ་མི་དགོས། མོ་ལ་རྟག་ཏུ་ཆགས་སྤྱོད་སྐབས་རྙེད་འགྱུར། 25ཀྱེ་ཨིསི་རཱཨེལ་ལྷ་གཞན་གྱི་རྗེས་སུ་འབྲངས་ནས། རང་གི་རྐང་པ་སྣ་མ་བཅུག། ཡང་ན་རང་གི་མིག་པ་སྐམ་དུ་མ་འཇུག་ཅིག། འོན་ཀྱང་ཁྱོད་ཀྱིས་བརྗོད་གསལ་དེ་ལྟར་མིན། ང་ནི་ཕྱིར་ལོག་ཐུབ་པ་རྩ་ནས་མེད། ང་ནི་ཕྱི་རྒྱལ་ལྷ་ལ་དགའ་བའི་རྐྱེན། ང་ནི་དེ་ཚོའི་རྗེས་སུ་འབྲངས་ཀྱི་ཡིན༎

ཨིསི་རཱཨེལ་ལ་ཉེས་ཆད་ཕོག་འོས་པ།

26གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། རྐུན་མ་ཞིག་བཟུང་བའི་རྗེས་ལ་ངོ་ཚ་པོ་བྱུང་བ་ལྟར། ཨིསི་རཱཨེལ་གྱི་མི་མང་དང་ཁྱོད་ཚོའི་རྒྱལ་པོ་ཚོ་དང་ལས་བྱེད་པ་ཚོ་དང་ལུང་སྟོན་པ་ཚོ་དང་བཅས་པར་ངོ་ཚ་བྱུང་བར་འགྱུར་རོ། 27ཤིང་སྡོང་ནི་ཕ་དང་བྲག་ནི་མ་ཡིན་བརྗོད་མཁན་ཁྱོད་ཚོ་ཚང་མ་དམའ་འབེབས་བྱུང་བར་འགྱུར། ཁྱོད་ཀྱིས་ངའི་ཕྱོགས་སུ་ཡོང་རྒྱུའི་ཚབ་ལ་ང་ལ་རྒྱབ་བསྒྱུར་བའི་རྐྱེན་གྱིས་དེ་ལྟར་ཡོང་བར་འགྱུར། འོན་ཀྱང་ཁྱོད་དཀའ་ངལ་ནང་ཡོད་སྐབས་སུ་ཁྱོད་ཀྱིས་ང་ཡོང་ནས་སྐྱོབས་པའི་འབོད་བསྐུལ་བྱེད་དོ། 28ཁྱོད་རང་ཚོའི་ཆེད་དུ་བཟོས་པའི་ལྷ་རྣམས་གང་དུ་ཡོད་དམ། དེ་ཚོ་ལ་སྐྱོབས་པའི་ནུས་པ་ཡོད་ན་ཁྱོད་ལ་དཀའ་ངལ་ཡོད་སྐབས་དེ་ཚོར་སྐྱོབས་སུ་འཇུག་ཅིག ཀྱེ་ཡ་ཧུ་དཱ་ཁྱོད་ལ་གྲོང་ཁྱེར་མང་པོ་ཡོད་པ་ལྟར་ལྷ་ཡང་མང་པོ་ཡོད་དོ། 29ཁྱོད་ཀྱི་སྐྱོན་བརྗོད་དེ་ཅི་ཡིན་ནམ། ཁྱོད་ཀྱིས་ང་ལ་ཅིའི་ཕྱིར་ངོ་ལོག་བྱས་སམ། 30ངས་ཁྱོད་ལ་ཉེས་ཆད་བཏང་ཡོད། འོན་ཀྱང་དེ་ནི་ལེགས་པ་མ་ཡིན་ནོ། ཁྱོད་ཀྱི་ང་ལ་སྐྱོན་སེལ་བྱེད་དུ་མ་འཇུག་གོ། ཤིན་ཏུ་ཁྲོ་བའི་སེང་གེ་ལྟར་ཁྱོད་ཀྱིས་ལུང་སྟོན་པ་ཚོར་བསད་དོ། 31ཨིསི་རཱཨེལ་གྱི་མི་མང་ཚོ་ངས་ཇི་ལྟར་བཤད་པར་ཉོན་ཞིག ང་ཁྱོད་ཚོའི་ཆེད་དུ་བྱེད་ཐང་ལྟར། ཡུལ་མུན་ནག་ཉེས་ཅན་བཞིན་བྱུང་ཡོད་དམ། དེ་བས་ན་ཅིའི་ཕྱིར་ཁྱོད་ཀྱིས་འདོད་པ་ལྟར་བྱེད་པ་དང་། ངའི་ཕྱོགས་སུ་བློ་ཁ་བསྒྱུར་བར་མི་བྱེད་ཅེས་ཟེར་རོ། 32བུད་མེད་ན་ཆུང་ཞིག་གིས་རང་གི་རྒྱན་ཆ་དང་། བག་མ་ཞིག་གིས་རང་གི་བག་གོས་བརྗེད་ཐུབ་བམ། འོན་ཀྱང་ངའི་མི་མང་ཚོའི་གྲངས་རྩིས་ཐུབ་པའི་ཉིན་གྲངས་ལས་ལྷག་པའི་རིང་ང་ལ་བརྗེད་ཡོད་དོ། 33ཁྱོད་ཀྱིས་སྙིང་སྡུག་ཇི་ལྟར་དེད་རྒྱུ་ཏན་ཏན་ཤེས་སོ། དེ་ལྟར་བུད་མེད་ངན་ཤོས་ཀྱིས་ཀྱང་ཁྱོད་ལས་སྦྱངས་སོ། 34ཁྱོད་ཀྱི་གོས་རྣམས་ཇག་པའི་ཁྲག་མིན་པར་དབུལ་པོ་དང་ཉེས་མེད་ཚོའི་ཁྲག་ཐིག་རྒྱབ་ཡོད་དོ། འོན་ཀྱང་དེ་ལྟར་ཡོད་བཞིན་དུ། 35ཁྱོད་ཀྱིས་སྨྲས་པ་། ང་སྣོང་མེད་ཡིན་པས་ངེས་པར་གཙོ་བོ་དཀོན་མཆོག་ང་མཉམ་དུ་ཁྲོ་མེད་དོ། འོན་ཀྱང་ང་གཙོ་བོ་དཀོན་མཆོག་གིས། ཁྱོད་ལ་ཉེས་ཆད་གཏོང་རྒྱུ་ཡིན་ནོ། གང་ལ་ཟེར་ན། ཁྱོད་ཀྱིས་སྡིག་པ་གྱིས་པར་ངོས་ལེན་གྱིས་མེད་དོ། 36ཁྱོད་རྒྱལ་ཁབ་གཞན་གྱི་ལྷ་ཚོའི་ཕྱོགས་སུ་སོང་ནས་ཁྱོད་རང་རང་ཉིད་དམར་རུ་བཏང་ཡོད་དོ། ཨ་སུར་གྱིས་བྱེད་པ་ལྟར་ཨི་ཇིབ་ཀྱིས་ཁྱོད་བློ་ཕམ་བཟོའོ། 37ཁྱོད་ངོ་ཚས་མགོ་སྒུར་ནས་ཨི་ཇིབ་ནས་ཕྱིར་ལོག་པར་འགྱུར། ཁྱོད་ཀྱིས་བློས་འགེལ་བྱས་པ་དེ་ལ་ང་གཙོ་བོ་དཀོན་མཆོག་གིས་ཁས་ལེན་མི་བྱེད་དོ། ཁྱོད་ལ་དེ་ཚོ་ལས་ཕན་ཐོག་གང་ཡང་མི་ཡོང་ངོ་༎

ཡེར་མི་ཡཱ། 3

དམ་ཚིག་མི་གཙང་བའི་ཨིསི་རཱཨེལ།

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། མི་སུ་ཞིག་གིས་རང་གི་ཆུང་མ་དང་ཁ་བྲལ་ནས་ཆུང་མ་དེས་ཁོ་སྤངས་ནས་མི་གཞན་ཞིག་གི་ཆུང་མར་འགྱུར་བ་ཡིན་ན། ཁོས་མོ་ཕྱིར་ལོག་ལེན་མི་ཐུབ་བོ། དེས་ཡུལ་ཆ་ཚང་མི་གཙང་བར་བཟོའོ། འོན་ཀྱང་ཨིསི་རཱཨེལ་ཁྱོད་ལ་བརྩེ་བ་བྱ་མཁན་མང་པོ་ཡོད་ནའང་ད་ཆ་ཁྱོད་ངའི་ཕྱོགས་སུ་བསྒྱུར་འདོད་ཡོད་དོ། 2རིའི་རྩེ་མོ་ཚོར་ལྟོས་ཤིག། ཁྱོད་ཀྱིས་སྨད་ཚོང་མའི་ལས་ལྟར་མ་གྱིས་པའི་གནས་ཤིག་འདུག་གམ། ཁྱོད་ཀྱིས་ཨ་རབ་པ་ཞིག་གིས་བྱེ་ཐང་དུ་འཕྲོག་ཅོམ་བྱེད་པར་མི་སྒུག་པ་ལྟར་ཁྱོད་ཀྱི་ལམ་གྱི་ཟུར་དུ་རང་གི་སྙིང་སྡུག་ལ་སྒུག་ཡོད་དོ། ཁྱོད་ཀྱི་སྨད་ཚོང་མས་ལས་ཀྱིས་ཡུལ་མི་གཙང་བ་བཟོས་སོ། 3དེའི་རྐྱེན་གྱིས་ཆར་པ་ཆད་པ་དང་། དཔྱིད་ཀའི་ཆར་པ་ཡང་མི་འབབས་པ་དང་། ཁྱོད་སྨད་ཚོང་མ་ལྟར་མཐོང་ནས་ཁྱོད་ལ་ངོ་ཚ་མེད་དོ། 4ད་ཁྱོད་ཀྱིས་ང་ལ་བརྗོད་གསལ། ཁྱེད་ངའི་ཡབ་ཡིན་པ་དང་ང་ཕྲུ་གུའི་སྐབས་ནས་ཁྱེད་ཀྱིས་ང་ལ་བྱམས་བརྩེ་གནང་ཡོད་དོ། 5ཁྱེད་རྒྱུན་དུ་ཐུགས་མི་ཁྲོ་ཞིང་ང་ལ་རྒྱབ་འགལ་མི་མཛད་དོ་ཅེས་ཨིསི་རཱཨེལ་ཁྱོད་ཀྱིས་དེ་ལྟར་བརྗོད་ན་ཡང་ཁྱོད་ཀྱིས་ཅི་ནུས་ཀྱི་ངན་ལས་གྱིས་ཡོད་དོ༎

ཨིསི་རཱཨེལ་དང་ཡ་ཧུ་དཱས་འགྱོད་བཤགས་འབུལ་དགོས།

6ཡོ་ཤི་ཡཱ་རྒྱལ་པོ་བྱེད་སྐབས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ཁྱོད་ཀྱིས་ཨིསི་རཱཨེལ་དམ་ཚིག་མི་གཙང་བ་བུད་མེད་དེས་ཇི་བྱས་པ་མཐོང་བྱུང་ངམ། མོས་ང་ལས་ཕྱིར་ལོག་ནས་རི་བོ་མཐོ་པོ་ཚང་མའི་སྟེང་དང་། ཤིང་སྡོང་ལྗང་ཁུ་ཚང་མའི་འོག་ཏུ་སྨེ་ཚོང་མ་ལྟར་གྱིས་ཡོད་དོ། 7ངའི་བསམ་བློར་མོས་དེ་ལྟར་གྱིས་པའི་རྗེས་ལ་ཏན་ཏན་ངའི་རྩར་ལོག་ཡོང་གི་རེད། འོན་ཀྱང་མོ་ཕྱིར་ལོག་མ་ཡོང་བ་དང་། མོའི་དམ་ཚིག་མེད་པའི་སྲིང་མོ་ཡ་ཧུ་དཱས་དེ་ཚང་མ་མཐོང་ཡོད་དོ། 8ཡ་ཧུ་དཱས། ངས་ཨིསི་རཱཨེལ་གྱིས་ང་ལས་ཁ་བསྒྱུར་ཏེ་སྨད་འཚོང་མ་ཞིག་འགྱུར་རྐྱེན་ངས་མོ་དང་ཁ་བྲལ་བ་ཡང་མཐོང་ཡོད། འོན་ཀྱང་ཨིསི་རཱཨེལ་གྱི་དམ་ཚིག་མེད་པའི་སྲིང་མོ་ཡ་ཧུ་དཱ་འཇིགས་མེད་དོ། མོ་ཡང་སྨད་འཚོང་མར་འགྱུར་རོ། 9རྩ་བ་ནས་ངོ་ཚ་མེད། མོས་རྡོ་དང་ཤིང་སྡོང་ལ་མཆོད་ནས་ས་གཞི་མི་གཙང་བ་བཟོས་པ་དང་ལོག་གཡེམ་གྱིས་ཡོད། 10དེ་ཚོ་ཚང་མའི་རྗེས་ལ་ཨིསི་རཱཨེལ་གྱི་དམ་ཚིག་མེད་པའི་སྲིང་མོ་དེས་ངའི་སར་ལོག་ཡོང་བའི་གཡོ་སྒྱུ་གྱིས་ཡོད། མོ་དྲང་པོ་མིན། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 11དེ་ནས་གཙོ་བོ་དཀོན་མཆོག་གིས། ང་ལ་ཨིསི་རཱཨེལ་པ་ཆོས་ཁོང་ལས་ཁ་བསྒྱུར་ན་ཡང་མོ་དམ་ཚིག་མེད་པ་ཡ་ཧུ་དཱ་ལས་ལེགས་པ་ཡོད་པ་མངོན་པ་བྱེད་དོ་གསུངས་བྱུང་། 12ཁོང་གིས་ང་ཕྱིན་ནས་ཨིསི་རཱཨེལ་ལ་འདི་ལྟར་སྨྲོས་ཤིག་གསུངས་བྱུང་། དམ་ཚིག་མེད་པའི་ཨིསི་རཱཨེལ་ངའི་སར་ལོག་ཤོག། ང་སྙིང་རྗེ་ཅན་ཡིན་པ་དང་མི་ཁྲོའོ། ང་ཁྱོད་མཉམ་དུ་དུས་རྒྱུན་དུ་ཁྲོ་བར་མི་འགྱུར། 13ཁྱོད་ཉེས་ཅན་ཡིན་པ་དང་། ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་ལ་ངོ་ལོག་གྱིས་པར་ངོས་ལེན་གྱིས་ཤིག ཁྱོད་ཀྱིས་ཤིང་སྡོང་ལྗང་ཁུའི་འོག་ཏུ་ཁྱོད་ཀྱིས་པྱི་རྒྱལ་གྱི་ལྷ་ཚོར་བརྩེ་བ་གྱིས་པ་དང་། ངའི་བཀའ་ལ་མ་བརྩི་བ་ངོས་ལེན་གྱིས་ཤིག་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 14དམ་ཚིག་མེད་པའི་མི་མང་རྣམས་ཁྱོད་ངའི་ཡིན་པའི་ངའི་རྩར་ཚུར་ལོག་ཤོག ངས་གྲོང་ཁྱེར་རེ་རེ་ནས་ཁྱོད་ཚོ་རེ་རེ་དང་། ཁྱིམ་སྡེ་རེ་རེ་ནས་གཉིས་གཉིས་འཁྲིད་ནས་རི་བོ་ཛི་ཡོོན་དུ་ཕྱིར་འཁྲིད་པར་བྱའོ། 15ངས་ཁྱོད་ཚོར་ངའི་བཀའ་ལ་ཉན་མཁན་དང་ཤེས་རབ་དང་གོ་སྟོབས་ཅན་གྱི་སྒོ་ནས་ཁྱོད་ཚོའི་སྟེང་དུ་རྒྱལ་སྲིད་སྐྱོངས་མཁན་སྲིད་སྐྱོང་པ་ཞིག་སྤྲོད་རྒྱུ་ཡིན། 16དེ་ནས་ཁྱོད་ཡུལ་དེར་གྲངས་མང་དུ་འགྱུར་སྐབས་སུ། མི་མང་ཚོའི་ངའི་དམ་བཅའི་སྒྲོམ་གྱི་སྐོར་གླེང་བར་མི་བྱའོ། དེ་ཚོས་དེའི་སྐོར་བསམ་བློ་མི་གཏོང་བ་དང་དེ་མི་དྲན་ནོ། དེ་ཚོ་ལ་དེའི་དགོས་པ་མེད་པ་དང་གཞན་ཞིག་ཡང་མི་བཟོའོ། 17དུས་སྐབས་དེ་སླེབས་སུ་ཡེ་རུ་ཤ་ལེམ་ལ་གཙོ་བོ་དཀོན་མཆོག་གི་བཞུག་ཁྲི་ཞེས་འབོད་པ་དང་། མི་རིགས་ཚང་མ་དེར་ང་ལ་མཆོད་པར་འཛོམས་པར་བྱའོ། དེ་རྗེས་དེ་ཚོས་སེམས་གྱོང་པོ་དང་བསམ་ངན་གྱི་ལས་མི་བྱེད་དོ། 18ཨིསི་རཱཨེལ་གྱིས་ཡ་ཧུ་དཱ་མཉམ་དུ་འཛོམས་ནས། དེ་ཚོ་མཐུན་མོང་ཐོག་བྱང་ཕྱོགས་ཀྱི་ཡུལ་དུ་བཙན་བྱོལ་ནས་ཡོང་བ་དང་། ངས་ཁྱོད་ཀྱི་ཕ་མེས་ཚོར་གཏན་དུ་བདག་ཕྱིར་སྤྲད་པའི་ཡུལ་དེར་ལོག་པར་བྱའོ༎

དཀོན་མཆོག་གི་མི་མང་ནས་འདྲ་སྐུར་མཆོད་ལུགས།

19གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཨིསི་རཱཨེལ་ཁྱོད་ནི་ང་ཡི་བུ་ལྟར་དུ། ངོས་ལེན་བྱེད་པར་འདོད་པའི་ཐོག་ནས་ནི། འཛམ་གླིང་ཡོངས་ལ་ཤིན་ཏུ་མཛེས་པའི་ཡུལ། དགའ་སྤྲོའི་ཡུལ་ཞིག་ཁྱོད་ལ་སྤྲད་འདོད་ཡོད། ང་ལ་ཁྱོད་ཀྱིས་ཡབ་ཅེས་འབོད་པ་དང་། ཡང་སྐྱར་ང་ནས་ནམ་ཡང་མི་བྲལ་བ་ངས་འདོད་དོ། 20འོན་ཀྱང་དམ་ཚིག་མེད་པའི་ཆུང་མ་བཞིན། ཁྱོད་ནི་ང་ལ་དམ་ལྡན་འགྱུར་མེད་དོ། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན། 21རི་བོའི་སྟེང་ནས་སྒྲ་ཞིག་ཐོས་བཞིན་དུ། དེ་ནི་ཨིསི་རཱཨེལ་མི་མང་གྱིས། ངུས་འབོད་བྱེད་པའི་སྒྲ་ཡིན་ནོ། གང་ལ་ཟེར་ན་དེ་ཚོས་སྡིག་ཅན་གྱི། ལམ་ནས་མི་ཚེ་བསྐྱེལ་བཞིན་དེ་ཚོ་ཡི། རང་གི་གཙོ་བོ་དཀོན་མཆོག་བརྗེད་ནས་ཡོད། 22གཙོ་བོ་དཀོན་མཆོག་ཁོང་ནས་ངོ་ལོག་ཐག་རིང་དུ། ཕྱིན་པ་ཁྱོད་ཚོར་ཁོང་རྩར་ཚུར་ལོག་ཤོག། ཁྱོད་རྣམས་དྲག་ཅིང་དམ་ལྡན་བཟོ་བར་བྱ། ཁྱོད་ཀྱིས་སྨྲས་པ། ང་ཚོ་གཙོ་བོ་དཀོན་མཆོག་གི་སར་ལོག་བཞིན་ཡོད། གང་ལ་ཟེར་ན། ཁོང་ནི་ང་ཚོའི་དཀོན་མཆོག་ཡིན་ནོ། 23ང་ཚོས་རི་བོའི་སྟེང་དུ་ཀླ་ཀློའི་ལྷ་ལ་མཆོད་པས་ཕན་ཐོག་གང་ཡང་བྱུང་མེད་དོ། ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁོང་རང་ཉིད་ནས་ཨིསི་རཱཨེལ་ལ་རོགས་རམ་ཐོབ་བོ། 24དུས་རབས་རིང་པོའི་སྔོན་ནས་ང་ཚོའི་ཕ་མེས་ཚོས་གསོག་ཛོགས་བྱེད་པ་ཐམས་ཅད་ཕྱུགས་ཀྱི་ཁྱུ་ཚོགས་དང་། བུ་དང་བུ་མོ་རྣམས་ངོ་ཚ་ཅན་གྱི་ལྷ་བྷལ་གྱི་མཆོད་པས་ང་ཚོ་ནས་བོར་རླག་སོང་བར་འགྱུར་ཡོད་དོ། 25ང་ཚོ་ངོ་ཚའི་ངང་རིལ་ནས་ང་ཚོའི་དམའ་འབེབས་ཀྱིས་ང་ཚོ་ལ་འགེབ་བཅུག་ཅིག ང་ཚོ་དང་ང་ཆོའི་ཕ་མེས་ཚོས་གཏན་དུ་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་མ་ཟད། ང་ཚོས་ཁོང་གི་བཀའ་ལ་ནམ་ཡང་ཉན་མེད་དོ༎

ཡེར་མི་ཡཱ། 4

འགྱོད་བཤགས་བྱེད་པར་འབོད་པ།

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཨིསི་རཱཨེལ་མི་མང་ཁྱོད་ཚོ་ཁ་ལོག་འདོད་ཡོད་ན། ངའི་ཕྱོགས་སུ་ལོག་ཅིག། གལ་ཏེ་ཁྱོད་ཀྱིས་ངས་སྡང་བར་བྱེད་པའི་སྐུ་འདྲ་རྣམས་ཕྱིར་དབྱུགས་ནས། ང་ལ་དམ་ལྡན་དུ་འགྱུར་ན། 2ཁྱོད་ཀྱིས་ངའི་མིང་ནས་མནའ་བསྐྱེལ་བ་དེ་འོས་པ་ཡིན་ནོ། དེ་ནས་མི་རིགས་ཡོངས་ནས་ང་ལ་བྱིན་རླབས་སྟེར་བར་འབོད་པ་དང་། ཚང་མས་ང་ལ་བསྟོད་པར་བྱེད་དོ། 3གཙོ་བོ་དཀོན་མཆོག་གིས། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ལ་བཀའ་གནང་བ། ཁྱོད་ཀྱིས་ཞིང་མ་རྨོས་པ་རྣམས་རྨོས་ཤིག། ཚེར་མའི་ཁྲོད་དུ་རང་གི་ས་བོན་མ་འདེབས་ཤིག། 4ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ཚོ་ཁྱོད་ཀྱི་དམ་བཅའ་ཁྱོད་ཀྱི་གཙོ་བོ་དཀོན་མཆོག་ང་ལ་འཇོག་ཅིང་ཁྱོད་རང་ཉིད་ང་ལ་བསྔོས་ཤིག དེ་ལྟར་ཁྱོད་ཀྱིས་མ་གྱིས་པ་ཡིན་ན་ངའི་ཁྲོ་བ་མེ་ལྟར་འབར་རོ། གང་ལ་ཟེར་ན། ཁྱོད་ཀྱིས་ལས་ངན་གྱིས་པའི་རྐྱེན་གྱིས་ཡིན་ནོ། དེ་འབར་བ་དང་དེ་གསོད་པར་བྱ་མཁན་སུ་ཡང་མེད་པར་འགྱུར་རོ༎

ཡ་ཧུ་དཱར་བཙན་འཛུལ་གྱི་ཉེན་བརྡ་གཏོང་བ།

5ཡུལ་དེ་ཡོངས་སུ་དམག་དུང་འབུད་པར་བྱོས། གསལ་པོ་དང་ནི་སྐད་ཤུགས་ཆེན་པོ་རྒྱོབ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ལ། གྲོང་ཁྱེར་བཙན་པོ་བཟོས་པའི་ནང་རྒྱུགས་ཤིགས་ཅེས་སྨྲོས་ཤིག 6ཛི་ཡོན་ཕྱོགས་ལ་ལམ་བསྟན་ཤིག། བཙན་སར་རྒྱུགས་ལ་འགོར་པོ་མ་བྱེད་ཅིག། གཙོ་བོ་དཀོན་མཆོག་ཁོང་གི་བྱང་ཕྱོགས་ནས། རྐེན་ངན་དང་ནི་འཇིགས་ཆེན་འབེབས་པར་མཛད། 7སེང་གེ་ཡིབ་པའི་ཁུལ་ནས་ཐོན་པ་ལྟར། མི་རིགས་མེད་པར་བཟོ་མཁན་དེ་ཐོན་ཡོད། ཡ་ཧུ་དཱ་ནི་མེད་པར་མཛད་ཁོང་ཕེབས། ཡ་ཧུ་དཱ་ཡི་གྲོང་ཁྱེར་རྣམས་ནི་གྱང་གོག་འགྱུར། དེའི་ནང་སུ་ཡང་སྡོད་པར་མི་བྱེད་དོ། 8དེར་བརྟེན་རྩ་ཕད་གྱོན་ནས་ངུ་ཞིང་མྱ་ངན་བྱོས། གང་ལ་ཟེར་ན་གཙོ་བོ་དཀོན་མཆོག་གིས། ཐུགས་ཁྲོ་དྲག་པོ་ཡ་ཧུ་དཱ་ནས་ཡོལ་མེད་དོ། 9གཙོ་བོ་དཀོན་མཆོག་གིས་གསུངས་པར། ཉིན་དེར་རྒྱལ་པོ་ཚོ་དང་ལས་བྱེད་པ་ཚོའི་སེམས་ཤུགས་ཆགས་པ་དང་། བླ་མ་ཚོ་ཧོན་ཐོར་ཞིང་ལུང་སྟོན་པ་རྣམས་ཧ་ལས་པར་འགྱུར། 10དེ་ནས་ངས་ཞུས་པ་ཡིན། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཁྱོད་ཀྱིས་ཡེ་རུ་ཤ་ལེམ་གྱི་མི་མང་ཚོར་བསླུ་འཁྲིད་ཆ་ཚང་གནང་ཡོད། གང་ལ་ཟེར་ན། ཁྱོད་ཀྱིས་ཞི་བདེ་ཡོང་གསུངས་ན་ཡང་དེ་ཚོའི་མཛིང་པར་རལ་གྲི་འདུག 11ཡེ་རུ་ཤ་ལེམ་གྱི་མི་མང་ལ་ཤིན་ཏུ་འབར་བའི་རླུང་འཆུབ་བྱེ་ཐང་ནས་དེ་ཚོའི་ཕྱོགས་སུ་ཡོང་ཟིན་ཡོད་པ་བཤད་པའི་དུས་ཚོད་སླེབས་བཞིན་ཡོད། དེ་སོག་མ་འཁྱེར་མཁན་རླུང་དལ་པོ་ལྟར་མ་ཡིན་ནོ། 12གཙོ་བོ་དཀོན་མཆོག་གི་བཀའ་ལྟར་ཡོང་བའི་རླུང་དེ་དེ་ལས་ཧ་ཅང་ཤུགས་ཆེ་བ་ཡོད། དེ་ནི་གཙོ་བོ་དཀོན་མཆོག་སྐུ་ཉིད་ནས་ཁོང་གི་མི་མང་ལ་ཁྲིམས་ཀྱིས་དཔྱད་མཚམས་གསལ་སྒྲགས་གནང་བ་དེ་ཡིན་ནོ༎

ཡ་ཧུ་དཱ་ལ་དགྲ་བོ་ཚོས་མཐའ་བསྐོར་བ།

13ལྟོས་དང་དགྲ་བོ་སྤྲིན་ལྟར་ཡོང་ཟིན་འདུག། ཁོའི་དམག་གི་ཤིང་རྟ་འཁོར་ལོ་དེ་རླུང་འཚུབ་འཁྱིལ་བ་ལྟར་དང་། ཁོའི་རྟ་རྣམས་བྱ་གླག་ལས་མགྱོགས་པ་ཡོད་དོ། ང་ཚོ་ཕམ་སོང་། ང་ཚོ་འཇིགས་སོང་ངོ་། 14ཡེ་རུ་ཤ་ལེམ་ཁྱོད་སྐྱོབས་པའི་ཆེད་ཁྱོད་ཀྱི་སེམས་ནས་ངན་པ་རྣམས་འཁྲུས་ཤིག ཁྱོད་ཀྱིས་སྡིག་པའི་ལས་ཀྱི་བསམ་བློ་དེ་བཞིན་དུས་ཡུན་ཇི་ཙམ་བར་བསམ་བཞིན་སྡོད་དོ། 15དཱན་གྱི་གྲོང་ཁྱེར་ནས་བང་ཆེན་ཚོས་ཨེཕ་ར་ཡིམ་གྱི་རི་བོའི་རྩེ་ནས་གཏམ་ངན་རྣམས་གསལ་སྒྲགས་བྱས་སོ། 16ཐག་རིང་ཡུལ་ནས་དགྲ་བོ་ཡོང་བཞིན་ཡོད་པ་དེ་ཚོས་མི་རིགས་ཚོར་ཉེན་བརྡ་གཏོང་བ་དང་། ཡེ་རུ་ཤ་ལེམ་ལ་ཤོད་དུ་ཡོང། དགྲ་བོ་དེ་ཚོས་ཡ་ཧུ་དཱའི་གྲོང་ཁྱེར་ཚོ་ལ་སྐད་ཆེན་པོས་ངོ་རྒོལ་བྱེད་པ་དང་། 17མི་དེ་ཚོས་ཞིང་ཁ་སྲུང་བ་ལྟར་ཡེ་རུ་ཤ་ལེམ་གྱི་མཐའ་བསྐོར་རོ། གང་ལ་ཟེར་ན། མོའི་མི་མང་ཚོས་གཙོ་བོ་དཀོན་མཆོག་ལ་ངོ་ལོག་བྱས་ཡོད་ཅེས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་ངོ་། 18ཡ་ཧུ་དཱ་ཁྱོད་ཀྱིས་བྱེད་སྟངས་དང་སྤྱོད་ལམ་ཇི་ལྟར་གྱིས་པའི་དབང་གིས་དེ་ཚོ་ཚང་མ་རང་གི་སྟེང་དུ་འཁྱེར་ཡོང་བ་ཡིན། ཁྱོད་ཀྱི་སྡིག་པའི་རྐྱེན་གྱིས་སྡུག་བསྔལ་དེ་མྱོང་དགོས་བྱུང་། དེས་ཁྱོད་ཀྱི་སྙིང་ལ་གྲི་ཟུག་ཡོད་དོ༎

ཡེར་མི་ཡཱས་ཁོང་གི་མི་མང་གི་དོན་ལ་མྱ་ངན་གནང་བ།

19ན་ཚ་དེ་ལ་ང་ཡི་བཟོད་མི་ཐུབ། ཚབ་ཚུབ་ངང་ནས་ངའི་སྙིང་བརྡུང་བཞིན་འདུག། ང་ཡི་དམག་དུང་དམག་སྒྲ་ཐོས་པས་ན། ང་ནི་ཁ་ཁུ་སིམ་པོར་སྡོད་མི་ཐུབ། 20རྐྱེན་ངན་གཅིག་གིས་རྗེས་ལ་གཅིག་བྱུང་བས། ལུང་པ་ཡོངས་རྫོགས་གྱང་གོག་ལྟ་བུར་འགྱུར། གློ་བུར་ང་ཚོའི་གུར་རྣམས་མེད་པར་བཟོས། དེ་ཚོའི་ཡོལ་བ་རྣམས་ནི་དུམ་བུར་ཧྲལ། 21ང་ཡི་དུས་ཡུན་ཇི་ཙམ་དམག་འཐབ་བལྟ། དམག་དུང་འབུད་པ་ཉན་བཞིན་སྡོད་དགོས་སམ། 22གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ང་ཡི་མི་མང་གླེན་པ་འབའ་ཞིག་ཡིན། དེ་ཚོས་ང་ལ་ངོ་མི་ཤེས་པར་བྱེད། དེ་ཚོ་རྣམས་ནི་ཕྲུ་གུ་གླེན་པ་ཡིན། དེ་ཚོ་ལ་ནི་གོ་ཤེས་མེད་པ་ཡིན། དེ་ཚོ་ལས་ངན་བྱ་རྒྱུར་མཁས་པ་ཡིན། འོན་ཀྱང་བཟང་ལས་བྱ་རྒྱུར་མི་ཤེས་སོ༎

ཡེར་མི་ཡཱ་ལ་ཡོང་གི་ཡོད་པའི་འཇིགས་པའི་ཞལ་གཟིགས།

23ང་ཡི་ས་གཞི་ལ་ནི་བལྟ་སྐབས་སུ། དེ་ནི་སྟོངས་པ་ཕན་མེད་ཞིག་རེད་འདུག། ནམ་མཁར་བལྟ་སྐབས་དེ་ལ་འོད་མི་འདུག། 24ང་ཡི་རི་བོར་ཚོར་བལྟས་པས་དེ་འགུལ་འདུག། རི་ཕྲན་རྣམས་ནི་ཕར་ཚུར་གཡོ་འགུལ་བྱེད། 25དེ་རུ་མི་མང་ཡོད་པ་ངས་མ་མཐོང་། བྱེའུ་ཚོ་ཡང་དེ་ནས་འཕུར་ཟིན་འདུག། 26ས་ལུད་འཛོམས་པོའི་ས་དེ་བྱེ་ཐང་འགྱུར། དེ་ཚོའི་གྲོང་ཁྱེར་རྣམས་ནི་གྱང་གོག་འགྱུར། དེ་ནི་དཀོན་མཆོག་དྲག་པོ་ཁྲོས་རྐྱེན་ཡིན། 27(གཙོ་བོ་དཀོན་མཆོག་གིས། ས་གཞི་ཡོངས་སུ་འབྲོག་སྟོང་དུ་འགྱུར་རོ། འོན་ཀྱང་ཁོང་གིས་དེ་ཆ་ཚང་མེད་པར་བཟོ་གནང་གི་མིན་གསུངས་ཡོད་པ་ཡིན།) 28ས་གཞིས་མྱ་ངན་བྱེད་པར་འགྱུར་བ་དང་། ནམ་མཁའ་དེ་ནི་མུན་པར་བསྒྱུར་བར་བྱེད། གཙོ་བོ་དཀོན་མཆོག་ཁོང་གི་བཀའ་གནང་བ། ཁོང་གི་ཐུགས་ལ་འགྱུར་བ་འགྲོ་མི་སྲིད། ཁོང་གིས་ཐུགས་ཐག་བཅད་པས་ཕྱིར་མི་གཟིགས། 29རྟ་དང་མདའ་པའི་སྒྲ་ཐོས་ཚང་མ་བྲོས། འགའ་ཤས་ཤིང་ནགས་ནང་དུ་བྲོས་པ་དང་། འགའ་ཤས་བྲག་གི་ཁྲོད་དུ་འཛེགས་པར་བྱེད། གྲོང་ཁྱེར་ཚང་མ་སྟོང་པར་ལུས་པར་འགྱུར། དེ་ཚོའི་ནང་དུ་སུ་ཡང་སླར་སྡོད་མི་འགྱུར། 30ཡེ་རུ་ཤ་ལེམ་ཁྱོད་ནི་འཇིགས་པར་འགྱུར། ཁྱོད་ཀྱི་གྱོན་གོས་དམར་པོ་ཅི་ལ་གྱོན། རྒྱན་ཆ་གྱོན་ཞིང་མིག་མཚོན་ཅི་ལ་བྱུག། ཁྱོད་ནི་རང་ཉིད་དོན་མེད་མཛེས་ཅན་བཟོས། ཁྱོད་ཀྱི་སྙིང་སྡུག་རྣམས་ཀྱིས་ཁྱོད་ལ་སྤངས་ཡོད་དོ། དེ་ཚོས་ཁྱོད་ལ་གསོད་པར་འདོད་པ་ཡིན། 31སྐྱེ་གཟེར་ཅན་གྱི་བུད་མེད་ཀྱི་སྐད་ལྟར། བུད་མེད་སྔོན་སྐྱེས་བྱེད་པའི་སྐད་ལྟར་ངས་ཐོས། དེ་ནི་ཡེ་རུ་ཤ་ལེམ་དབུགས་རྡུབ་གཏོང་ཡིན། མོ་ཡི་ལག་བརྐྱངས་ང་ནི་འཇིག་སོང་ཞེས། དེ་ཚོས་ང་ལ་གསོད་པའི་ཆེད་དུ་ཡོང་ཟེར་སྨྲས༎

ཡེར་མི་ཡཱ། 5

ཡེ་རུ་ཤ་ལེམ་གྱི་སྡིག་པ།

1ཡེ་རུ་ཤ་ལེམ་པ་ཚོ་རང་ལམ་ཚོར་ཕར་ཚུར་རྒྱུགས་ཤིག། ཕྱོགས་བཞིར་བལྟས་ནས་བསམ་བློ་གཏོང་ཞིག། ཁྲོམ་སའི་ས་ཁུལ་དེ་ཚོར་འཚོལ་ཞིབ་གྱིས། དཀོན་མཆོག་ཁོང་དང་དམ་གཙང་གནས་མཁན་དང། དྲང་བདེན་ཡིན་པའི་མི་ཞིག་ཐོབ་ཐུབ་བམ། གལ་སྲིད་ཁྱོད་ཀྱིས་དེ་ལྟར་འཚོལ་ཐུབ་ན། གཙོ་བོ་དཀོན་མཆོག་ཉིད་ཀྱིས་ཡེ་རུ་ཤ་ལེམ་ལ། བཟོད་གསོལ་གནང་བར་མཛད་པར་འགྱུར་རྒྱུ་ཡིན། 2ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་ཁོང་ལ་མཆོད་ཟེར་ཡང་། ཁྱོད་ཀྱིས་བརྗོད་པ་ལྟར་དུ་སེམས་ནང་མེད། 3གཙོ་བོ་དཀོན་མཆོག་ཁོང་ནི་དམ་ཚིག་ལྡན་ཚུལ་ལ་ངས་གཏན་འཚོལ། ཁོང་གིས་ཁྱོད་ལ་བརྡུང་། འོན་ཀྱང་ཁྱོད་ཀྱིས་དོ་སྣང་མ་བྱེད་དོ། ཁོང་གིས་ཁྱོད་ལ་བརྫི། འོན་ཀྱང་ཁྱོད་ཀྱིས་དེ་ལས་མི་ལབས་སོ། ཁྱོད་ཀྱི་སེམས་ནི་གྱོང་པོ་ཞིག་ཡིན་སྟབས། སྡིག་པའི་ལས་ནས་ཁ་མ་འགྱུར་རོ། 4དེ་ནས་ང་ལ་བསམ་བློ་འདི་ལྟར་འཁོར། འདི་ཚོ་དབུལ་འཕོང་དང་ནི་ཤེས་རྨོངས་ཅན། ཡིན་པས་དེ་ཚོས་གླེན་པའི་བྱ་སྤྱོད་བྱེད། དེ་ཚོས་དཀོན་མཆོག་ཁོང་གི་ལམ་མི་ཤེས། དེ་ཚོས་གཙོ་བོ་དཀོན་མཆོག་ཁོང་གི་ཁྲིམས་རྣམས་རྟོགས་མི་ཐུབ། 5ང་ནི་དབང་ཆ་ཡོད་པའི་མི་མང་སར། ཕྱིན་ནས་དེ་ཚོ་མཉམ་དུ་གཏམ་གླེང་བྱ། ཏན་ཏན་དེ་ཚོས་དཀོན་མཆོག་ཁོང་གི་ལམ་རྣམས་ཤེས་པ་དང། དཀོན་མཆོག་ཁོང་གི་ཁྲིམས་རྣམས་རྟོགས། འོན་ཀྱང་ཚང་མས་ཁོང་གི་དབང་ཆ་ལ། ཁས་ལེན་མ་ཞུས་པ་དང་ཁོང་ལ་མི་ཉན་ནོ། 6དེའི་རྐྱེན་ནགས་ཀྱི་སེང་གེས་དེ་ཚོ་གསོད། འབྲོག་སྟོང་སྤྱང་ཀིས་དེ་ཚོ་དུམ་བུར་ཧྲལ། གཟིག་ཚོ་གྲོང་ཁྱེར་ནང་དུ་འཇབ་ནས་ཡོང་། མི་མང་དེ་ཚོ་ཕྱིར་རུ་ཡོང་འགྱུར་ན། དེ་ཚོ་ལ་དུམ་བུར་ཧྲལ་བར་བྱ། གང་ལ་ཟེར་ན་དེ་ཚོའི་སྡིག་པ་མང་། དེ་ཚོས་ཡང་ཡང་དཀོན་མཆོག་ཁོང་ལ་རྒྱབ་ལོག་གོ། 7གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་འདྲི་གནང་། ང་ཡི་མི་མང་རྣམས་ཀྱི་སྡིག་པར་ཅིའི་ཕྱིར་བཟོད། དེ་ཚོས་ང་ལ་སྤོང་བར་བྱེད་པ་དང་། ངོ་མ་མིན་པའི་ལྷ་ལ་མཆོད་ཡོད་དོ། མི་མང་མ་འགྲང་བར་དུ་ང་ཡིས་སྟེར། འོན་ཀྱང་དེ་ཚོས་ལོག་གཡེམ་གྱིས་ཡོད་ཅིང་། སྨད་འཚོང་མཉམ་དུ་དུས་ཚོད་བེད་སྤྱོད་གྱིས། 8དེ་ཚོ་ལེགས་པར་འགྲང་བ་དང་འདོད་ཆགས་ཁེངས་བའི་རྟ་དང་འདྲ། རེ་རེ་རང་གི་ཁྱིམ་མཚེའི་ཆུང་མར་འདོད་ཆགས་གྱིས། 9དེ་ཚོས་གྱིས་པའི་བྱ་བ་དེ་ཚོ་ལ། ང་ཡི་ཅིའི་ཕྱིར་ཉེས་ཆད་མི་གཏོང་ངམ། མི་རིགས་དེ་ཚོར་དགྲ་ཤ་མི་ལེན་ནམ། 10ང་ཡི་མི་མང་རྒུན་ཚལ་བཅད་པའི་ཕྱིར། ང་ཡིས་དགྲ་ཚོ་གཏོང་བར་བྱ་རྒྱུ་ཡིན། འོན་ཀྱང་ཆ་ཚང་མེད་པར་བཟོ་ཕྱིར་མིན། དེ་ཚོར་ཡལ་ག་བཅད་ཤིག་ཅེས་ངས་སྨྲས། གང་ལ་ཟེར་ན་ཡལ་ག་ངའི་མིན་ནོ། 11ཨིསི་རཱཨེལ་པ་དང་ཡ་ཧུ་དཱ་པ་ཡི། མི་མང་དེ་ཚོས་ང་ལ་རྦད་དེ་བསླུ་འཁྲིད་བྱས། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན༎

གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་ལ་སྤངས་གནང་བ།

12དེ་ནས་གཙོ་བོ་དཀོན་མཆོག་གི་མི་མང་གིས་ཁོང་ལ་ངོས་ལེན་མ་བྱས་པར། དངོས་འབྲེལ་ཁོང་གིས་གང་ཡང་གནང་མི་ཡོང་། ང་ཚོར་དཀའ་ངལ་གྱི་དུས་སྐབས་མི་ཡོང་། ང་ཚོར་དམག་དང་མུ་གེ་མི་ཡོང་ཞེས་སྨྲས་སོ། 13-14དེ་ཚོའི་ལུང་སྟོན་པ་རྣམས་རླུང་དང་འདྲ་བ་ཡིན་པ་ལས། དེ་ཚོ་ལ་གཙོ་བོ་དཀོན་མཆོག་ནས་གསུང་འཕྲིན་གང་ཡང་མེད་སྨྲས་སོ། ཀུན་དབང་ཅན་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས། ཡེར་མི་ཡཱ་མི་དེ་ཚོས་དེ་ལྟར་བརྗོད་ཡོད་སྟབས། ངས་ང་ཡི་བཀའ་ཁྱོད་ཀྱི་ཁའི་ནང་གཏམ་མེ་ལྟར་བཟོ་རྒྱུ་ཡིན། མི་རིགས་དེ་རྣམས་ཤིང་ལྟར་འགྱུར་བ་དང་། མེས་དེ་ཚོ་སྲེགས་པར་འགྱུར་རོ། 15གཙོ་བོ་དཀོན་མཆོག་གིས། ཨིསི་རཱཨེལ་གྱི་མི་མང་ཚོ་ལ། ཐག་རིང་ནས་མི་རིགས་ཤིག་ཁྱོད་ཚོའི་སྟེང་དུ་འཐབ་པར་འདྲེན་ནོ། དེ་ནི་སྟོབས་ཆེན་དང་སྔར་གྱི་མི་རིགས་ཤིག་ཡིན་པ་དང་། མི་རིགས་དེ་ཚོའི་སྐད་དེ་ཁྱོད་ཚོའི་མི་ཤེས་སོ། 16དེ་ཚོའི་མདའ་པ་རྣམས་སྟོབས་ཤུགས་ཅན་གྱི་དམག་མི་སྙིང་རྗེ་མེད་པར་གསོད་མཁན་འབའ་ཞིག་ཡིན་ནོ། 17དེ་ཚོས་ཁྱོད་ཚོའི་སྟོན་ཐོག་དང་ཁ་ཟས་ཟ་ཞིང་ཁྱོད་ཚོའི་བུ་དང་བུ་མོ་ཚོ་ཡང་གསོད་པར་བྱེད་དོ། དེ་ཚོས་ཁྱོད་ཚོའི་ལུག་ཁྱུ་དང་བ་ཕྱུགས་སོགས་གསོད་པར་བྱེད་པ་དང་། ཁྱོད་ཚོའི་རྒུན་འབྲུམ་དང་སེ་ཡབ་ཀྱི་ཤིང་རྣམས་མེད་པར་བཟོ་བ་དང་། ཁྱོད་ཚོའི་བློས་འཁེལ་བའི་བཙན་པོར་བཟོས་པའི་གྲོང་ཁྱེར་རྣམས་དེ་ཚོའི་དམག་མིས་མེད་པར་བཟོའོ། 18གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། དུས་ཚོད་དེའི་སྐབས་ལ། ཡང་ངས་ངའི་མི་མང་ཆ་ཚང་མེད་པར་བཟོ་བར་མི་བྱེད་དོ། 19ཡེར་མི་ཡཱ། དེ་ཚོས་ངས་དེ་ལྟར་ཅིའི་ཕྱིར་བྱས་པ་རེད་ཅེས་དྲིས་པ་ཡིན་ན། དེ་ཚོས་ངའི་ཕྱོགས་ནས་ཁ་བསྒྱུར་ཏེ་རང་ཡུལ་དུ་ཕྱི་རྒྱལ་བའི་ལྷ་ལ་གཡོག་རྒྱུགས་པ་ལྟར། དེ་ཚོས་རང་ཡུལ་མིན་པར་མི་ངོ་མི་ཤེས་པ་ཚོའི་གཡོག་རྒྱུགས་ཀྱི་རེད་ཅེས་སྨྲོས་ཤིག།

དཀོན་མཆོག་གིས་ཁོང་གི་མི་མང་ལ་ཉེན་བརྡ།

20གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཡ་ཀོབ་ཀྱི་རིགས་བརྒྱུད་ལ་གསལ་སྒྲགས་བྱོས་ཤིག། ཡ་ཧུ་དཱའི་མི་མང་ལ་སྨྲོས་ཤིག 21མིག་ཡོད་ཀྱང་མཐོང་མི་ཐུབ་མཁན། རྣ་བ་ཡོད་ཀྱང་གོ་མི་ཐུབ་མཁན། མི་ལྐུགས་པ་དང་གླེན་པ་ཁྱོད་ཚོ་ཟབ་ཟབ་བྱས་ནས་ཉོན་ཞིག 22ང་གཙོ་བོ་དཀོན་མཆོག་ཡིན། ཁྱོད་ཚོ་ང་ལ་མི་འཇིགས་སམ། ངའི་མདུན་དུ་ཅིའི་ཕྱིར་མི་འདར་རམ། ངས་རྒལ་མི་ཐུབ་པའི་ས་མཚམས་གཏན་འཇགས་བྱེ་མའི་ས་མཚམས་སུ་བཞག་ཡོད། རྒྱ་མཚོ་རྒྱུགས་ཀྱང་དེ་ནས་རྒལ་མི་ཐུབ། རྦ་རླབས་གྲགས་ཀྱང་དེ་བཅག་ནས་ཡོང་མི་ཐུབ་བོ། 23འོན་ཀྱང་མི་དེ་ཚོ་སེམས་གྱོང་པོ་དང་ངོ་ལོག་ཅན་གྱི་མི་མང་ཁྱོད་ཚོས་ང་ལ་ཁ་བསྒྱུར་ནས་སོང་ངོ་། 24ངས་སྟོན་གྱི་ཆར་པ་དང་དཔྱིད་ཀྱི་ཆར་པ་བཏང་ནས་ལོ་སྟར་སྟོན་ཐོག་ལེན་པའི་དུས་སྐབས་སྤྲད་ན་ཡང་ང་ལ་གུས་ཞབས་ཞུ་རྒྱུའི་བསམ་བློ་བཏང་མེད་དོ། 25དེ་ལས་ལྡོག་ཏེ་ཁྱོད་ཀྱི་སྡིག་པའི་རྐྱེན་གྱིས་དངོས་པོ་བཟང་པོ་དེ་རྣམས་ཁྱོད་ལས་འགོག་ཡོད་དོ། 26མི་ངན་པ་རྣམས་ངའི་མི་མང་གི་ཁྲོད་དུ་སྡོད་པ་དང་། དེ་ཚོས་བྱིའུ་བཟུང་ཕྱིར་དྲ་བ་བཀྲམ་ནས་བསྡད་མཁན་མི་ལྟར་ཉལ་སྒུག་རྒྱབ། འོན་ཀྱང་དེ་ཚོས་རྙི་རྒྱབ་ནས་མི་བཟུང་གིས་ཡོད། 27རྔོན་པས་རང་གི་ལྕགས་ཁྲའི་ནང་བྱ་བྱིའུའི་བཀང་བ་ལྟར། དེ་ཚོས་ཁང་པ་བཅོམ་ནོར་གྱིས་བཀང་ཡོད། དེའི་རྐྱེན་དེ་ཚོ་སྟོབས་ཤུགས་ཅན་དང་ཕྱུག་པོར་འགྱུར་ཡོད། 28དེ་ཚོ་ཁ་ཟས་ལེགས་པོ་ཟས་ནས་རྒྱག་པ་འབའ་ཞིག་ཆགས་ཡོད་དོ། དེ་ཚོར་ངན་ལས་ལ་ཚད་མེད་དོ། དེ་ཚོས་ད་ཕྲུག་ཚོར་ཐོབ་ཐང་མི་སྤྲོད་པ་དང་། ཡང་ན་མནར་གཅོད་མྱོང་བ་པོ་དང་བདེན་མི་བྱེད། 29འོན་ཀྱང་ང་གཙོ་བོ་དཀོན་མཆོག་གིས། བྱ་བ་དེ་ཚོའི་རྐྱེན་གྱིས་དེ་ཚོར་ཆད་པ་གཏོང་ཡིན། མི་རིགས་དེ་ཚོར་ངས་དགྲ་ཤ་ལེན་རྒྱུ་ཡིན། 30ཡུལ་དེར་འཇིགས་སུ་རུང་བ་དང་ཧང་སང་དགོས་པ་ཞིག་བྱུང་ཡོད། 31ལུང་སྟོན་པས་རྫུན་མ་གཏོགས་མི་སྨྲ། ལུང་སྟོན་པས་བཀའ་གནང་བ་ལྟར། བླ་མས་རྒྱལ་སྲིད་སྐྱོངས་བ་དང་། ངའི་མི་མང་གིས་འགག་བྱ་མི་བྱེད་དོ། འོན་ཀྱང་ཚང་མའི་མཐའ་མར་སླེབས་སྐབས་དེ་ཚོས་ཅི་བྱེད་དམ༎

ཡེར་མི་ཡཱ། 6

ཡེ་རུ་ཤ་ལེམ་དགྲ་བོས་མཐའ་བསྐོར་བ།

1བྷེན་ཡ་མིན་གྱི་མི་མང་ཚོ་སྲུང་སྐྱོབ་ཀྱི་ཆེད་དུ་ཡེ་རུ་ཤ་ལེམ་ནས་བྲོས་ཤིག ཊེ་ཀོ་ཨ་རུ་དམག་དུང་འབུད་ལ། བྷེད་ཧག་ཀེ་རེམ་དུ་མེའི་བརྡ་གཏོང་ཞིག། བྱང་ཕྱོགས་ནས་རྐྱེན་ངན་དང་འཇིགས་པ་ཡོང་གྲབ་ཡོད། ལྕགས་རིགས 2ཛི་ཡོན་གྱི་གྲོང་ཁྱེར་མཛེས་པོ་ཡོད་ན་ཡང་དེ་འཛིགས་པར་འགྱུར། 3རྒྱལ་པོ་ཚོ་དམག་མི་མཉམ་དུ་དེར་སྒར་བཏབ་ཡོང། དེ་ཚོའི་རང་གི་གུར་གྲོང་ཁྱེར་གྱི་མཐའ་འཁོར་དུ་ཕུབ་པ་དང་། རང་གི་འདོད་པ་གང་ཡོད་སར་སྒར་བཏབ་ཡོང། 4དེ་ཚོས་སྨྲས་ཡོང། ཡེ་རུ་ཤ་ལེམ་དུ་འཐབ་ཕྱིར་གྲ་སྒྲིགས་བྱོས་ཤིག། གྲ་སྒྲིགས་གྱིས་ཤིག། ང་ཚོས་ཉིན་གུང་ལ་འཐབ་རྒྱུ་ཡིན་ཞེས་སྨྲས་སོ། འོན་ཀྱང་ཡང་སྐྱར་དེ་ཚོས་བརྗོད་རྒྱུར། ད་ཧ་ཅང་ཕྱིས་སོང་། གང་ལ་ཟེར་ན། ཉི་མ་ཡོལ་གྲབ་ཡོད་པ་དང་ཕྱི་གྲོའི་གྲིབ་ནག་ཉེ་བར་ཡོང་བཞིན་འདུག 5ང་ཚོས་མཚན་མོའི་དུས་སུ་འཐབ་རྒྱུ་ཡིན་པས། ང་ཚོས་གྲོང་ཁྱེར་གྱི་རྫོང་རྣམས་མེད་པར་བཟོ་རྒྱུ་ཡིན་ཞེས་སོ། 6ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས། རྒྱལ་པོ་དེ་ཚོ་ལ་ཡེ་རུ་ཤ་ལེམ་མཐའ་སྐོར་བའི་ཆེད་ཤིང་གཅོད་པ་དང་ས་རྡོའི་ཕུང་པོ་རྩིག་པར་ཁོང་གིས་བཀའ་གནང་བ། ངས་གྲོང་ཁྱེར་དེ་ཆེད་པ་གཏོང་རྒྱུ་ཡིན། གང་ལ་ཟེར་ན། དེ་ནི་མནར་གཅོད་ཀྱིས་ཁེངས་ཡོད། 7ཁྲོན་པ་ཞིག་གིས་རང་གི་ཆུ་གཙང་མ་ཉར་བ་ལྟར་ཡེ་རུ་ཤ་ལེམ་གྱིས་དེའི་ངན་པ་རྣམས་གསོས་པ་ཉར་བར་བྱེད། ངས་གྲོང་ཁྱེར་ནང་ཟང་ཟིང་དང་འཇིག་པའི་སྐད་ཐོས་བཞིན་འདུག ནད་པ་དང་རྨ་ཡོད་པ་འབའ་ཞིག་མཐོང་བཞིན་འདུག། 8ཡེ་རུ་ཤ་ལེམ་གྱི་མི་མང་ཚོ་སྡུག་བསྔལ་འདི་ཚོ་ཁྱོད་ཀྱི་ཉེན་བརྡར་མངོན་ཞིག དེ་མིན་ངས་ཁྱོད་ཚོར་སྤོང་བར་བྱ། ངས་ཁྱོད་ཚོའི་གྲོང་ཁྱེར་དེ་སུ་ཡང་མི་སྡོད་པའི་གནས་འབྲོག་སྟོང་ལྟར་འགྱུར་བར་བྱའོ༎

ངོ་ལོག་ཅན་ཨིསི་རཱཨེལ།

9ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས། ང་ལ་ཨིསི་རཱཨེལ་གྱི་རྒུན་ཤིང་ནས་རྒུན་འབྲུམ་ཆ་ཚང་སྒྲུག་པ་ལྟར་གཙང་མར་འདོན་པར་བྱའོ། དེར་བརྟེན་ཁྱོད་ཀྱི་དུས་ཚོད་ཡོད་རིང་གང་ཐུབ་ཐུབ་ཚང་མར་སྐྱོབས་ཅིག་གསུངས་སོ། 10ལན་དུ། ངས་དེ་ཚོ་ལ་སྐད་ཆ་བཤད་ནས་ཉེན་བརྡ་བཏང་བ་ཡིན་ན་སུས་ང་ལ་ཉན་གྱི་རེད་དམ། དེ་ཚོ་གྱོང་པོ་ཡིན་སྟབས་ཁྱེད་ཀྱི་གསུང་འཕྲིན་ལ་མི་ཉན། ཁྱེད་ཀྱིས་ང་ལ་བརྗོད་དགོས་གསུངས་པ་དེ་ལ་དེ་ཚོས་གད་མོ་བགད་པར་འགྱུར་རོ། 11གཙོ་བོ་དཀོན་མཆོག་ཁྱེད་ཀྱི་དེ་ཚོའི་སྟེང་དུ་ཐུགས་ཁྲོ་བས་ང་ཡང་འཚིག་བཞིན་འདུག་པས་ངས་དེ་ཡུན་རིང་བར་འགོག་མི་ཐུབ་བོ། དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ངའི་ཁྲོ་བ་རྣམས་རྒྱ་ལམ་སྟེང་གི་ཕྲུ་གུ་ཚོ་དང་མི་ན་གཞོན་འདུ་འཛོམས་ཡོད་སར་འབེབས་ཤིག ཁྱོད་དང་སྐྱེ་དམན་ཚོ་ཡང་བཟུང་བར་འགྱུར་བ་དང་ལོ་ན་མཐོ་པོ་ཚོ་ཡང་ཐར་བར་མི་འགྱུར། 12དེ་ཚོའི་ཁྱིམ་དང་ཞིང་དང་ཆུང་མ་བཅས་པ་གཞན་ལ་སྤྲད་པར་བྱེད་དོ། ངས་ཡུལ་འདིའི་མི་མང་ལ་ཉེས་ཆད་གཏོང་རྒྱུ་ཡིན། 13ཆེ་ཆུང་ཚང་མས་ཚུལ་མིན་གྱིས་དངུལ་བཟོ་ཐབས་བྱེད་པ་དང་། ལུང་སྟོན་པ་དང་བླ་མ་ཚོས་ཀྱང་མི་མང་ལ་མགོ་བསྐོར་གཏོང་ངོ་། 14དེ་ཚོས་ངའི་མི་མང་གི་རྨ་རྣམས་སྦར་ཤས་རྒྱབ་ཤུལ་གཅིག་པོ་ཡིན་པ་ལྟར་བྱེད་དོ། དེ་ཚོས་ཚང་མ་ལེགས་པར་མེད་བཞིན་དུ་ལེགས་པར་ཡོད་ཅེས་ཟེར་རོ། 15དེ་ཚོས་ཞེན་ལོག་ཅན་གྱི་བྱ་བ་དེ་ལྟར་བྱས་པ་ངོ་མི་ཚའམ། དེ་ཚོ་རྩ་བ་ནས་ངོ་ཚ་མེད་པ་དང་། དེ་ཚོས་ངོ་ཇི་ལྟར་ཚ་དགོས་པའམ་མི་ཤེས་སོ། གཞན་རྣམས་མར་ལྷུང་བ་ལྟར་དེ་ཚོ་ཡང་མར་ལྷུང་བར་འགྱུར། ངས་དེ་ཚོ་ལ་ཉེས་ཆད་གཏོང་སྐབས་དེ་ནི་དེ་ཚོའི་མཐའ་མ་ཡིན་ཞེས། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨིསི་རཱཨེལ་གྱིས་དཀོན་མཆོག་གི་ལམ་ལ་ཁས་ལེན་མ་བྱས་པ།

16གཙོ་བོ་དཀོན་མཆོག་གིས་ཁོང་གི་མི་མང་ལ་ཁྱོད་ཚོ་ལམ་བཞི་འཛོམས་སར་ལོངས་ལ་ལྟོས་ཤིག སྔོན་གྱི་ལམ་དང་ལམ་ལེགས་ཤོས་འཚོལ་ཤིག། དེའི་ཁར་སོང་ལ་ཁྱོད་ཚོ་བདེ་བར་གནས་ཐུབ་ཅེས་བཀའ་གནང་ངོ་། འོན་ཀྱང་དེ་ཚོས་ང་ཚོ་དེ་ལྟར་བྱེད་ཀྱི་མིན་ཞེས་སྨྲས་སོ། 17དེ་ནས་གཙོ་བོ་དཀོན་མཆོག་གིས། དམག་དུང་གི་ཉེན་བརྡ་ཉན་མཁན་སྲུང་བྱ་བ་ཞིག་བསྐོ་བཞག་གནང་ངོ་། འོནཀྱང་དེ་ཚོས་ང་ཚོ་ཉན་གྱི་མིན་ཞེས་ཞུས་སོ། 18དེར་བརྟེན་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། མི་རིགས་ཁྱོད་ཚོ་ཉོན་ཞིག་དང་ངའི་མི་མང་ལ་ཇི་བྱུང་རྟོགས་པར་གྱིས་ཤིག 19ས་གཞི་ཉོན་ཞིག། དེ་ཚོའི་གཡོ་འཕྲུལ་རྣམས་ཀྱི་རྐྱེན་གྱིས་ངས་མི་མང་འདི་ཚོའི་ཐོག་ཆད་པ་འཇིག་པ་འཁྱེར་ཡོང་རྒྱུ་ཡིན། གང་ལ་ཟེར་ན། དེ་ཚོས་ངའི་སློབ་སྟོན་ཁས་ལེན་མ་བྱས་པ་དང་ངའི་བཀའ་ལའང་ཉན་མེད་དོ། 20དེ་ཚོས་ཤེ་བྷ་ནས་འཁྱེར་ཡོང་བའི་བདུག་སྤོས་དང་ཡང་ན་ཐག་རིང་ཡུལ་ནས་འཁྱེར་ཡོང་བའི་སྨན་སྣར་ང་མི་དགའོ། ངས་དེ་ཚོའི་འབུལ་བ་མི་ལེན་པ་དང་དེ་ཚོའི་དམར་མཆོད་མཉེས་པར་མི་བྱེད་དོ། 21དེ་བརྟེན་ངས་མི་མང་འདི་ཚོ་རྡབ་པ་དང་འགྱེལ་བཅུག་རྒྱུ་ཡིན། ཕ་མ་ཚོ་དང་ཕྲུ་གུ་ཚོ་དང་གྲོགས་པོ་ཚོ་དང་ཁྱིམ་མཚེས་རྣམས་ཀྱང་ཤི་བར་འགྱུར་རོ༎

བྱང་ནས་བཙན་འཛུལ།

22གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། བྱང་གི་ཡུལ་ནས་མི་མང་ཡོང་བཞིན་འདུག། ཐག་རིང་ཡུལ་གྱི་སྟོབས་ཆེན་མི་རིགས་ཞིག་གིས་དམག་གི་གྲ་སྒྲིགས་བྱེད་བཞིན་འདུག་གོ 23དེ་ཚོས་གཞུ་དང་རལ་གྲི་ཐོག་ཡོད་དོ། དེ་རྣམས་སྡུག་རྩུབ་ཅན་དང་སྙིང་རྗེ་མེད་མཁན་ཡིན་ནོ། དེ་ཚོའི་རྟ་བཞོན་སྐབས་རྒྱ་མཚོའི་ངར་སྐད་བཞིན་སྒྲ་སྒོགས་པར་བྱེད། དེ་ཚོ་ཡེ་རུ་ཤ་ལེམ་ཐོག་དམག་རྒྱབ་རྒྱུར་གྲ་སྒྲིགས་ཡོད་དོ། 24ཡེ་རུ་ཤ་ལེམ་གྱི་མི་མང་ཚོས་སྨྲས་པ། ང་ཚོས་གནས་ཚུལ་ཐོས་བྱུང་། ང་ཚོའི་ཡན་ལག་འཕྱར་ཞིང་ང་ཚོ་བུད་མེད་སྐྱེ་ཟུག་ཅན་ལྟར་སེམས་ནད་ཆེན་པོ་དང་ན་ཟུག་གིས་མནར་སོང། 25ང་ཚོ་གྲོང་གསེབ་གྱི་ཁུལ་དུ་འགྲོ་མི་ནུས་པ་མ་ཟད་རྒྱ་ལམ་སྟོང་དུ་བགྲོད་པར་མི་ནུས་སོ། གང་ལ་ཟེར་ན། ང་ཚོའི་དགྲ་བོ་རྣམས་གོ་མཚོན་ཐོག་ཡོད་པ་དང་ང་ཚོའི་མཐའ་འཁོར་ཡོངས་སུ་འཇིགས་སྐྲག་གིས་བསྐོར་ཡོད་དོ། 26གཙོ་བོ་དཀོན་མཆོག་གིས་ཁོང་གི་མི་མང་ལ་བཀའ་གནང་བ། རྩ་ཕད་ཀྱི་གོས་གྱོན་ལ་གོག་ཐལ་ནང་སྒྲིལ་ཞིག་དང་། ཁྱོད་ཀྱི་བུ་གཅིག་པུའི་ཆེད་མྱ་ངན་བྱེད་པ་ལྟར་མིག་ཆུ་དྲག་པོས་མྱ་ངན་བྱོས་ཤིག གང་ལ་ཟེར་ན། ཁྱོད་ཚོ་མེད་པར་བཟོ་བར་ཡོང་མཁན་དེས་གློ་བུར་དུ་ཁྱོད་ཚོར་འཐབ་པར་བྱེད་དོ། 27ཡེར་མི་ཡཱ་ཁྱོད་ཀྱིས་ལྕགས་རིགས་ཁག་རྟགས་དཔྱད་བྱེད་པ་ལྟར་ངའི་མི་མང་ལ་ཇི་ལྟར་ཡོད་ལུགས་རྟགས་དཔྱད་བྱོས་ཤིག 28དེ་ཚོ་ལི་དང་ལྕགས་མཁྲེགས་པོ་ལྟར་ཚང་མ་གྱོང་པོ་ངོ་ལོག་ཅན་ཡིན། དེ་ཚོ་ཚང་མ་ལྷད་ཅན་དཀྲོག་གཏམ་ཁྱབ་སྤེལ་བྱ་ཞིང་འགྲོ་མཁན་འབའ་ཞིག་ཡིན་ནོ། 29ཐབ་ཀྱི་མེ་དཔུང་རབ་ཏུ་འབར་ན་ཡང་ཕན་མེད་ལྕགས་རིགས་རྣམས་མི་བཞུ་བར་ཕྱིར་ལུད་པ་ལྟར། ངའི་མི་མང་རྣམས་དག་སྦྱངས་བྱ་རྒྱུ་དེ་ཕན་མེད་ཡིན། གང་ལ་ཟེར་ན། ངན་པ་རྣམ་ཕྱིར་འབུད་བྱས་མེད་དོ། 30དེ་ཚོ་ལ་ཕན་མེད་དངུལ་ཅེས་སྨྲ་བར་འགྱུར། གང་ལ་ཟེར་ན། ང་གཙོ་བོ་དཀོན་མཆོག་གིས་དེ་ཚོ་སྤངས་བ་ཡིན་ནོ༎

ཡེར་མི་ཡཱ། 7

ཡེར་མི་ཡཱས་མཆོད་ཁང་དུ་ཆོས་བཤད་པ།

1-3གཙོ་བོ་དཀོན་མཆོག་གིས་ང་ལ་ཡ་ཧུ་དཱའི་མི་རྣམས་མཆོད་འབུལ་བྱེད་སའི་མཆོད་ཁང་གི་རྒྱལ་སྒོར་བཏང་གནང་བྱུང་། ཁོང་གིས་ང་དེར་ལངས་ནས་དེ་ཚོ་ལ་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་གསལ་སྒྲགས་བྱོས་ཤིག་གསུངས་བྱུང་། ཁྱོད་ཚོའི་སྡོད་སྟངས་དང་ལས་ཀ་བྱེད་སྟངས་ལ་བསྒྱུར་བ་གཏོང་ཞིག་དང་། ངས་ཁྱོད་ཚོ་འདིར་གནས་བཅུག་རྒྱུ་ཡིན་ནོ། 4ང་ཚོ་བརྟན་པོ་ཡོད། འདི་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ཡིན། འདི་གཙོ་བོ་དཀོན་མཆོག་མཆོག་གི་མཆོད་ཁང་ཡིན། འདི་གཙོ་བོ་དཀོན་མཆོག་གི་མཆོད་ཁང་རེད་ཅེས་པར་བླུ་འཁྲིད་ཀྱི་གཏམ་དེ་ཚོ་ལ་ཡིད་ཆེས་བྱ་རྒྱུ་མཚམས་འཇོགས་བྱོས་ཤིག 5ཁྱོད་ཚོའི་སྡོད་སྟངས་ལ་བསྒྱུར་བ་དང་ཁྱོད་ཚོས་བྱེད་བཞིན་པའི་བྱ་བ་རྣམས་མཚམས་འཇོགས་བྱོས་ཤིག ཁྱོད་ཚོས་གཅིག་གིས་གཅིག་ལ་ཁྲིམས་དྲང་པོ་བྱོས་ཤིག། 6ཕྱི་རྒྱལ་བ་དང་དྭ་ཕྲུག་དང་ཡུག་མོ་རྣམས་མཐོང་ཆུང་བྱ་རྒྱུ་མཚམས་འཇོགས་བྱོས་ཤིགལ་འདིར་མི་སྐྱོན་མེད་གསོད་རྒྱུར་མཚམས་འཇོགས་བྱེད་དགོས། ལྷ་གཞན་ལ་མཆོད་རྒྱུར་མཚམས་འཇོགས་བྱེད་དགོས། དེས་ཁྱོད་ཚོ་མེད་པར་བཟོས་ཡོང་། 7ཁྱོད་ཀྱིས་ལས་ལ་བསྒྱུར་བ་བཏང་བ་ཡིན་ན་ངས་ཁྱོད་ཚོའི་ཕ་མེས་ཚོར་གཏན་གྱི་ཆེད་དུ་བདག་པར་སྤྲད་པའི་ཡུལ་འདིར་ཁྱོད་ཚོ་སྡོད་དུ་འཇུག་རྒྱུ་ཡིན་ནོ། 8ལྟོས་དང་ཁྱོད་ཚོས་བསླུ་འཁྲིད་ཀྱི་གཏམ་ལ་བློ་བཅོལ་བ་དང་། 9ཁྱོད་ཀྱིས་རྐུས་པ་དང་མི་གསོད་པ་དང་ལོག་གཡེམ་དང་རྫུན་གྱི་མནའ་སྐྱེལ་བ་དང་། བྷལ་ལ་དམར་མཆོད་ཕུལ་བ་དང་སྔོན་ལ་མ་ཤེས་པའི་ལྷ་ལ་མཆོད་པ་བཅས་བྱས་ཡོད། 10ཁྱོད་ཀྱིས་ངས་མི་དགའ་བ་འདི་ཚོ་བྱེད་ཅིང་དེ་ནས་ཡོང་ནས་ངའི་མཆོད་ཁང་དུ་ངའི་དྲུང་དུ་ལངས་ནས་ང་ཚོ་བརྟེན་པོ་ཡོད་ཅེས་སོ། 11ཁྱོད་ཚོའི་བསམ་བློར་ངའི་མཆོད་ཁང་འདི་ཇག་པ་ཡིབ་པའི་ས་གནས་རེད་བསམ་གྱི་འདུག་གམ། ཁྱོད་ཚོས་ཇི་ལྟར་བྱས་པ་ངས་མཐོང་ཡོད། 12ངས་འདམས་པའི་མཆོད་ཡུལ་དང་པོར་ཤི་ལཱོར་སོང་ལ། ངིའ་མི་མང་ཨིསི་རཱཨེལ་གི་སྡིག་པའི་རྐྱེན་གྱིས་ངས་དེར་ཇི་འདྲ་བྱས་ཡོད་པར་ལྟོས་ཤིག 13ཁྱོད་ཚོས་སྡིག་པ་འདི་ཚོ་ཚང་མ་བྱས་པ་དང་། ངས་ཁྱོད་ཚོར་ཡང་ཡང་གཏམ་གླེང་བྱས་ན་ཡང་ཁྱོད་ཚོས་ཉན་མེད། ངས་བོས་སྐབས་ཁྱོད་ཚོས་ལན་འདེབས་བྱེད་མེད་དོ། 14དེ་འདྲ་སོང་ཙང་ངས་ཤི་ལཱོ་ལ་ཇི་ལྟར་བྱས་པ་ལྟར་ཁྱོད་ཚོས་བློ་བཅོལ་བྱ་ཡུལ་ངའི་མཆོད་ཁང་འདིར་ཡང་དེ་ལྟར་བྱ་རྒྱུ་ཡིན། ངས་ཁྱོད་ཚོའི་ཕ་མེས་ཚོ་དང་ཁྱོད་ཚོར་སྤྲད་པའི་གནས་འདིར་ངས་ཤི་ལོར་བྱ་པ་ལྟར་བྱ་རྒྱུ་ཡིན་ནོ། 15ངས་ཁྱོད་ཚོའི་སྤུན་ཨིསི་རཱཨེལ་གྱི་མི་མང་རྣམས་ངའི་མཐོང་ཡུལ་ནས་ཕྱིར་འབུད་བྱས་པ་ལྟར་ཁྱོད་ཚོ་ཡང་ངའི་མཐོང་ཡུལ་ནས་ཕྱིར་འབུད་བྱ་རྒྱུ་ཡིན་ཞེས། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

བཀའ་ལ་མི་ཉན་པའི་མི་མང།

16གཙོ་བོ་དཀོན་མཆོག་གིས། ཡེར་མི་ཡཱ་ཁྱོད་ཀྱིས་མི་མང་འདི་ཚོའི་ཆེད་དུ་སྨོན་ལམ་མ་འདེབས་ཤིག་གསུངས་སོ། དེ་ཚོའི་ཆེད་དུ་སྨྲེ་ངག་འདོན་པ་དང་སྨོན་ལམ་མ་འདེབས་ཤིག ཁྱོད་ཀྱིས་ང་ལ་ཞུ་བ་མ་འབུལ་ཞིག་ངས་ཁྱོད་ཀྱི་ཞུ་བ་ལ་ཉན་རྒྱུ་མིན་ནོ། 17ཁྱོད་ཀྱིས་དེ་ཚོས་ཡ་ཧུ་དཱའི་གྲོང་ཁྱེར་ནང་དང་། ཡེ་རུ་ཤ་ལེམ་གྱི་རྒྱ་ལམ་གྱི་སྟེང་ཇི་འདྲ་བྱེད་བཞིན་པ་མི་མཐོང་ངམ། 18དེ་ཚོས་མཐོ་རིས་ཀྱིི་རྒྱལ་མོ་ཞེས་འབོད་པའི་ལྷ་མོར་བག་ལེབ་བཟོ་བའི་ཆེད་དུ་ཕྲུ་གུ་ཚོས་མེ་ཤིང་སྒྲུག་པ་དང་ཁྱོད་ཚོས་མེ་སྤར་བ་དང་བུད་མེད་ཚོས་གྲོ་ཞིབ་བརྫིའོ། དེ་ཚོས་ང་ལ་གནོད་བསྐྱལ་བའི་ཆེད་ལྷ་གཞན་ལ་རྒུན་ཆང་གི་མཆོད་པ་ཡང་འབུལ་ལོ། 19འོན་ཀྱང་དེ་ཚོས་ང་ལ་དངོས་འབྲེལ་གནོད་བསྐྱལ་གི་ཡོད་པ་རེད་དམ། མ་ཡིན། དེ་ཚོ་རང་གིས་རང་ལ་གནོད་བསྐྱལ་བ་དང་དེ་ཚོ་རང་གི་ཐོག་ཏུ་ངོ་ཚ་འབེབས་པ་ཡིན་ནོ། 20དེ་བས་ན་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། མཆོད་ཁང་འདིའི་སྟེང་ངའི་ཁོང་ཁྲོ་དྲག་པོ་འབེབས་རྒྱུ་ཡིན་ནོ། ངས་དེ་ལྟར་མི་དང་སེམས་ཅན་དང་ཤིང་སྡོང་དང་སྟོན་ཐོག་ཚོའི་ཐོག་ལ་ཡང་འབེབས་རྒྱུ་ཡིན། ངའི་ཁྲོ་བ་དེ་མེ་འབར་བ་ལྟར་སུས་ཀྱང་གསོད་མི་ཐུབ་བོ། 21ངའི་མི་མང་ཚོ་དམར་མཆོད་འགའ་ཤས་ཁྱོད་ཚོས་མཆོད་ཁྲིའི་སྟེང་ཆ་ཚང་སྲེག་པ་དང་། འགའ་ཤས་ཁྱོད་ཚོས་ཟ་ཆོག་པ་ཡིན། འོན་ཀྱང་ང་གཙོ་བོ་དཀོན་མཆོག་གིས་བརྗོད་རྒྱུར་དེ་ཚོ་ཚང་མ་ཁྱོད་ཚོ་རང་གི་ཟ་ཞིག 22ངས་ཁྱོད་ཚོ་ཕ་མེས་ཚོ་ཨི་ཇིབ་ནས་འདོན་སྐབས་ངས་ཁོ་ཚོར་སྦྱིན་སྲེག་གི་མཆོད་པ་དང་ཡང་ན་གཞན་དམར་མཆོད་ཁག་སྐོར་བཀའ་གང་ཡང་སྤྲད་མེད་དོ། 23འོན་ཀྱང་ངས་དེ་ཚོ་ལ་ང་དེ་ཚོའི་དཀོན་མཆོག་དང་། དེ་ཚོ་ངའི་མི་མང་ལ་འགྱུར་བའི་ཆེད་ངའི་བཀའ་ལ་ཉན་དགོས་པའི་བཀའ་བཏང་ཡོད། དེ་ཚོའི་བྱ་བ་ལམ་འགྲོ་ཡོང་བའི་ཆེད་ངས་དེ་ཚོ་ལ་བཀའ་བཏང་བ་ལྟར་འཚོ་དགོས་ལུགས་བཤད་ཡོད་དོ། 24འོན་ཀྱང་དེ་ཚོས་མ་ཉན་པ་མ་ཟད་དོ་སྣང་ཡང་བྱས་མེད་དོ། དེ་ལས་ལྡོག་ཏེ་དེ་ཚོས་སེམས་གྱོང་པོ་དང་ངན་སེམས་ཀྱིས་ཇི་ལྟར་བརྗོད་པ་ལྟར་བྱས་ཡོད་པ་དང་། དེ་ཚོ་ལེགས་པའི་ཚབ་ལ་ངན་པར་འགྱུར་ཡོད། 25ཁྱོད་ཚོའི་ཕ་མེས་ཚོ་ཨི་ཇིབ་ནས་ཐོན་པའི་ཉིན་མ་ནས་དུས་དེ་རིང་གི་བར་དུ་ངས་ངའི་ཞབས་ཕྱི་ལུང་སྟོན་པ་ཚོ་མུ་མཐུད་ཁྱོད་ཚོའི་སར་བཏང་ཡོད། 26འོན་ཀྱང་སུས་ཀྱང་ཉན་མེད་པ་དང་དོ་སྣང་བྱས་མེད། དེའི་ཚབ་ལ་ཁྱོད་ཚོ་ཁྱོད་ཚོའི་ཕ་མེས་ཚོ་ལས་ལྷག་པའི་གྱོང་པོ་དང་ངོ་ལོག་མཁན་དུ་འགྱུར་ཡོད་དོ། 27དེར་བརྟེན་ཡེར་མི་ཡཱ་ཁྱོད་ཀྱིས་གཏམ་འདི་རྣམས་ཚང་མ་ངའི་མི་མང་ལ་བཤད་ན་ཡང་དེ་ཚོས་ཁྱོད་ལ་མི་ཉན། ཁྱོད་ཀྱིས་དེ་ཚོ་ལ་འབོད་ན་ཡང་ལན་འདེབས་མི་བྱེད་དོ། 28ཁྱོད་ཀྱིས་དེ་ཚོ་ལ་སྨྲོས་ཤིག། དེ་ཚོས་མི་མང་གི་དེ་ཆོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ང་ལ་མི་ཉན་པ་དང་། དེ་ཚོའི་ཉེས་ཆད་ལས་བསླབ་བྱ་མི་ལེན་བརྗོད་དོ། དམ་ཚིག་དང་ལྡན་པ་འཆི་ཡོད། སུས་ཀྱང་དེའི་སྐོར་མི་བཤད་དོ༎

ཧིན་ནོམ་གྱི་ལུང་གཤོང་དུ་བྱེད་པའི་སྡིག་པའི་ལས་རྣམས།

29ཡེ་རུ་ཤ་ལེམ་པ་ཚོ་མྱ་ངན་བྱོས་ཤིག། རང་གི་སྐྲ་དེ་བྲེག་ནས་ཕར་དབྱུགས་ཤིག། རི་སྟེང་རོ་འདོན་པའི་མགུར་མ་འདོན། གང་ཡིན་ཟེར་ན་ང་ནི་གཙོ་བོ་དཀོན་མཆོག་ཁྲོ་བཞིན་ཡོད་པ་དང། ང་ཡི་མི་མང་རྣམས་ལ་སྤངས་བ་ཡིན། 30ཡ་ཧུ་དཱའི་མི་མང་རྣམས་ནས་ངན་པའི་བྱ་བ་ཞིག་བྱས་ཡོད། དེ་ཚོས་ངས་སྡང་བར་བྱེད་པའི་དེ་ཚོའི་སྐུ་འདྲ་ངའི་མཆོད་ཁང་ནང་བཞག་པ་དང་དེ་མི་གཙང་བ་བཟོས་ཡོད་དོ། 31དེ་ཚོས་དེ་ཚོའི་བུ་དང་བུ་མོ་ཚོ་མེ་ལ་དམར་མཆད་འབུལ་བའི་ཆེད། ཧིན་ནོམ་གྱི་ལུང་གཤོང་དུ་དེ་ཚོས་མཆོད་ཁྲི་ཏོ་ཕེད་ཟེར་བ་ཞིག་བརྩིགས་སོ། ངས་དེ་ཚོ་ལ་དེ་ལྟར་བྱེད་དགོས་པའི་བཀའ་བཏང་མེད། དེ་ལྟར་ངའི་སེམས་ལ་ཡང་འཁོར་མ་བྱུང་། 32དེ་བས་ན་དེ་ལ་ཏོ་ཕེད་དམ་ཧིན་ནོམ་གྱི་ལུང་གཤོང་ཞེས་མིང་འབོད་པར་མི་འགྱུར། འོན་ཀྱང་སྲོག་གཅོད་ཀྱི་ལུང་གཤོང་ཞེས་འབོད་པའི་དུས་ཤིག་ཡོང་། དེ་ཚོས་མི་མང་དེར་སྦས་པར་བྱེད་དོ། གང་ལ་ཟེར་ན། སྦས་པའི་ས་ཁུལ་གཞན་གང་དུ་ཡང་མེད་པ་ཡིན་ནོ། 33རོ་རྣམས་བྱ་དང་གཅན་གཟན་གྱི་ཟས་སུ་འགྱུར་བ་དངདེར་དེ་ཚོ་དཀྲོག་མཁན་སུ་ཡང་མེད་དོ། 34ཡུལ་དེ་ལུང་སྟོང་ཞིག་ཏུ་འགྱུར་ཡོང་། ངས་ཡ་ཧུ་དཱའི་གྲོང་ཁྱེར་ཁག་ནང་དང་ཡེ་རུ་ཤ་ལེམ་གྱི་རྒྱ་ལམ་སྟེང་སྐྱིད་པ་དང་དགའ་བའི་སྒྲ་དང་ཆང་སའི་ཐུགས་སྤྲོའི་དགའ་སྒྲ་མེད་པར་བཟོ་རྒྱུ་ཡིན་ནོ༎

ཡེར་མི་ཡཱ། 8

1དུས་སྐབས་དེར་ཡ་ཧུ་དཱའི་རྒྱལ་པོ་ཚོ་དང་ལས་བྱེད་པ་ཚོ་དང་བླ་མ་ཚོ་དང་ལུང་སྟོན་པ་ཚོ་དང་གཞན་མི་མང་ཡེ་རུ་ཤ་ལེམ་དུ་སྡོད་པ་རྣམས་ཀྱི་རུས་པ་དུར་ཁང་ནས་འདོན་པར་བྱེད་དོ། 2དེ་ཚོ་བསྡུས་ནས་སྦས་རྒྱུའི་ཚབ་ལ་དེ་ཚོའི་རུས་པ་སའི་སྟེང་དུ་ལུད་ལུས་པ་ལྟར་འགྱུར། དེ་ཚོ་མི་མང་ཚོས་བརྩེ་བ་དང་ཞབས་ཕྱི་ཞུས་པ་དང་དེ་ཆོས་ཐུགས་བརྟག་ཞུས་པ་དང་། མཆོད་པའི་ཉི་མ་དང་ཟླ་བ་དང་སྐར་ཚོགས་ཀྱི་མདུན་དུ་བཀྲམ་པར་བྱའོ། 3མི་རིགས་ངན་པ་འདིའི་མི་མང་ཚེ་ཐར་བ་རྣམས་ངས་དེ་ཚོ་བཀྲམ་པའི་གནས་སུ་སྡོད་མཁན་ཚོ་གསོན་པོར་སྡོད་པ་ལས་འཆི་བ་ལ་དགའོ། ང་གཙོ་བོ་དཀོན་མཆོག་ཀུན་དབང་ཅན་གྱིས་སྨྲས་པ་ཡིན་ནོ༎

སྡིག་པ་དང་ཉེས་ཆད།

4གཙོ་བོ་དཀོན་མཆོག་གིས་ང་ལ། ཁོང་གི་མི་མང་ལ་འདི་ལྟར་ཤོད་ཅིག་གསུངས་སོ། མི་ཞིག་འགྱེལ་སྐབས་ཡར་ལངས་ཀྱི་མ་རེད་དམ། མི་ཞིག་གིས་ལམ་ནོར་བ་ཡིན་ན། ཕྱི་བལྟས་བྱེད་ཀྱི་མ་རེད་དམ། 5དེ་ལྟར་བས་ན་ངའི་མི་མང་ཚོ་ང་ལ་ཕྱི་བལྟས་ཙམ་མ་བྱས་པར་ང་ལས་ཅིའི་ཕྱིར་ངོ་ལོག་པ་ཡིན་ནམ། ཁྱོད་ཚོ་ཁྱོད་ཚོའི་སྐུ་འདྲར་འཇུས་ནས་ངའི་སར་ཅི་ནས་མི་ལོག་པ་ཡིན་ནམ། 6ངས་ཟབ་ཟབ་བྱས་ནས་ཉན་ན་ཡང་ཁྱོད་ཚོས་བདེན་པ་མི་སྨྲའོ། ཁྱོད་ཚོ་སུ་ཡང་རང་གི་སྤྱོད་ངན་ལ་འགྱོད་པ་མི་བྱེད་དོ། ཁྱོད་ཚོ་སུས་ཀྱང་ངས་ནོར་འཁྲུལ་ཅི་བྱས་ཡོད་ད་ཞེས་མ་འདྲིའོ། དམག་སར་རྟག་རྒྱུག་པ་ལྟར་ཚང་མ་རང་གི་ལམ་དུ་རྒྱུག་གོ། 7བྱ་ཁྲུང་ཁྲུང་གིས་ཀྱང་ཕྱིར་ལོག་པའི་དུས་ཚོད་ཤེས་པ་དང་། ཕུག་རོན་དང་ཁུག་རྟ་དང་ཐི་བ་བཅས་ཀྱིས་གནས་སྤོ་བའི་དུས་ཚོས་ཤེས་སོ། འོན་ཀྱང་ངའི་མི་མང་ཚོ་ཁྱོད་ཚོས་ངས་ཁྱོད་ཚོར་རྒྱལ་སྲིད་སྐྱོངས་བའི་བཀའ་ཁྲིམས་མི་ཤེས་སོ། 8ཁྱོད་ཚོ་ཤེས་རབ་ཅན་དང་ངའི་བཀའ་ཁྲིམས་ཤེས་མཁན་ཡིན་ཞེས་ཇི་ལྟར་བརྗོད་ཐུབ་བམ། ལྟོས་དང་བཀའ་ཁྲིམས་རྣམས་དྲང་བདེན་མེད་པའི་རྩིས་པ་རྣམས་ཀྱིས་བསྒྱུར་བཅོས་བཏང་ཡོད། 9ཁྱོད་ཚོས་མི་ཤེས་རབ་ཅན་རྣམས་ངོ་ཚ་རུ་འཇུག་ཡོད། དེ་ཚོ་མགོ་འཐོམས་པ་དང་རྙི་ནང་ཚུད་ཡོད་དོ། དེ་ཚོས་ངའི་བཀའ་རྣམས་ལ་སྤངས་ཡོད་དོ། ད་ཆ་དེ་ཚོ་ལ་ཤེས་རབ་ཇི་འདྲ་ཞིག་ཡོད་དམ། 10དེར་བརྟེན་ངས་དེ་ཚོའི་ཞིང་ཀ་རྣམས་བདག་པོ་གསར་པ་དང་། ཆུང་མ་ཚོ་ཁྱོ་གཞན་ཚོར་སྤྲད་དོ། ཆེ་ཆུང་ཚང་མས་དྲང་བདེན་མིན་པར་དངུལ་གསོག་འཇོག་བྱེད་དོ། ལུང་སྟོན་པ་དང་བླ་མ་ཚོས་ཀྱང་མི་མང་ལ་མགོ་བསྐོར་བཏང་ངོ་། 11དེ་ཚོས་ངའི་མི་མང་གི་རྨ་རྣམས་སྦར་ཤས་རྒྱབ་ཤུལ་གཅིག་པོ་ཡིན་པ་ལྟར་བྱེད་དོ། དེ་ཚོས་ཚང་མ་ལེགས་པར་མེད་ན་ཡང་ལེགས་པར་ཡོད་ཅེས་ཟེར་རོ། 12ངའི་མི་མང་ཚོ་ཁྱོད་ཚོས་སྐྱུག་བྲོའོ་ལས་འདི་ཚོ་བྱས་རྐྱེན་ངོ་ཚ་བཞིན་མི་འདུག་གམ། ཏན་ཏན་ཁྱོད་ཚོ་རྩ་བ་ནས་ངོ་ཚ་མེད་པ་མ་ཟད། ཁྱོད་ཚོས་ངོ་ཇི་ལྟར་ཚ་བ་ཡང་མི་ཤེས་སོ། དེར་བརྟེན་གཞན་ཚོ་འགྱེལ་བ་ལྟར་ཁྱོད་ཚོ་ཡང་འགྱེལ་བར་འགྱུར། ངས་ཁྱོད་ཚོར་ཉེས་པ་གཏོང་སྐབས་དེ་ནི་ཁྱོད་ཚོའི་མཐའ་མ་ཡིན་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 13སོ་ནམ་པ་ཞིག་གིས་སྟོན་ཐོག་བསྡུ་བ་ལྟར་ངས་ངའི་མི་མང་རྣམས་བསྡུ་འདོད་ཡོད། འོན་ཀྱང་དེ་ཚོ་རྒུན་འབྲུམ་མེད་པའི་རྒུན་ཤིང་དང་སེ་ཡབ་མེད་པའི་སེ་ཡབ་ཤིང་འདྲ་བ་དང་ལོ་མ་ཡང་རྙིད་ཡོད་དོ། དེ་འདྲ་སོང་ཙང་ངས་ཕྱི་མི་རྣམས་དེ་ཚོའི་ཡུལ་ལེན་དུ་བཅུག་པ་ཡིན་ནོ། 14དཀོན་མཆོག་གི་མི་མང་ཚོས་དྲིས་པ། ང་ཚོ་ད་དུང་ཅི་ལ་འདིར་སྡོད། ང་ཚོ་གྲོང་ཁྱེར་བཙན་པོར་བཟོས་པ་ཚོའི་ནང་ལ་བྲོས་ནས་དེར་འཆིའོ། ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ང་ཚོར་འཆི་བར་ཁྲིམས་གཅོད་གནང་ཡོད། ཁོང་གིས་ང་ཚོར་འཐུང་བའི་དུག་གནང་ཡོད། གང་ལ་ཟེར་ན། ང་ཚོས་ཁོང་གི་སྤྱན་སྔར་སྡིག་པ་གྱིས་ཡོད་དོ། 15ང་ཚོས་ཞི་བདེ་དང་གསོ་བའི་དུས་ཤིག་རེ་བ་ཡོད་ན་ཡང་དེ་ཕན་པ་མེད་པར་དེའི་ཚབ་ལ་འཇིགས་སྐྲག་སླེབས་ཡོད་དོ། 16ང་ཚོའི་དགྲ་བོ་རྣམས་དཱན་གྱི་གྲོང་ཁྱེར་ནང་སླེབས་ཡོད། ང་ཚོས་དེ་ཚོའི་རྟ་སྐད་ཐོས་པར་འགྱུར། དེ་ཚོའི་རྟ་སྐད་ཀྱིས་ཡུལ་ཚང་མ་གཡོའོ། ང་ཚོའི་དགྲ་བོ་ཚོས་ང་ཚོའི་ཡུལ་དང་དེའི་ནང་ཡོད་པ་ཚང་མ་གྲོང་ཁྱེར་དང་དེའི་མི་མང་བཅས་པར་མེད་པར་བཟོ་བར་ཡོང་ངོ་། 17གཙོ་བོ་དཀོན་མཆོག་གིས་ལྟོས་ཤིག། ངས་ཁྱོད་ཚོའི་ཁྲོད་དུ་དུག་སྦྲུལ་སྔགས་ཀྱིས་འདུལ་མི་ཐུབ་མཁན་གཏོང་རྒྱུ་དང་། དེ་ཚོས་ཁྱོད་ཚོར་སོ་རྒྱབ་ཡོང་གསུངས་སོ༎

ཁོང་གི་མི་མང་གི་དོན་ལ་ཡེར་མི་ཡཱའི་སྡུག་བསྔལ།

18ང་ཡི་སྡུག་བསྔལ་གསོ་བར་བྱེད་མི་ཐུབ། ང་ཡི་སེམས་ཉིད་དེ་ནི་ནད་པ་ཡིན། 19ཡུལ་ཁམས་ཡོངས་རྫོགས་ལེགས་པར་ཉོན་ཞིག་དང་། ང་ཡིས་མི་མང་རྣམས་ནི་ངུ་བ་གོ། ཛི་ཡོན་དུ་ནི་གཙོ་བོ་དཀོན་མཆོག་མེད་ཡིན་ནམ། ཛི་ཡོན་གྱི་རྒྱལ་པོ་ད་དེར་མེད་ཡིན་ནམ། གཙོ་བོ་དཀོན་མཆོག་དེ་ཚོའི་རྒྱལ་པོས་ལན་གནང་བ། ཁྱོད་ཚོས་ཁྱོད་ཚོའི་སྐུ་འདྲར་མཆོད་བཞིན་དུ། ཕ་མེས་ཕྱི་རྒྱལ་ལྷ་མདུན་ཕྱག་འཚལ་ཞིང་། ང་ལ་ཅི་ཕྱིར་ཁྱོད་ཚོའི་ཁྲོ་འཇུག་གམ། 20མི་མང་རྣམས་ནས་ངུ་འབོད་བྱས་པ་ལ། དབྱར་དུས་ཡོལ་ནས་སྟོན་ཐོག་རྔས་ཟིན་པས། ང་ཚོ་ཚང་མ་ལ་ནི་སྐྱོབས་པར་འགྱུར་མེད་དོ། 21ངའི་སེམས་འཐོར་ཞིག་སོང་ཡོད་གང་ལ་ཟེར་ན། ང་ཡི་མི་མང་རྣམས་འཐོར་ཞིག་སོང་ཡོད་དོ། མྱ་ངན་བྱེད་ཅིང་ང་ལ་ཡིད་མུག་ཡོད། 22གྷིལ་ཨད་ནང་དུ་སྨན་ཞིག་མེད་རེད་དམ། དེ་རུ་ཨེམ་ཆི་ཡོད་པ་མ་རེད་དམ། དེ་བས་ང་ཡི་མི་མང་ཅི་ཕྱིར་དྲག་མེད་དོ༎

ཡེར་མི་ཡཱ། 9

1ང་ཡི་མི་མང་བསད་པ་རྣམས་ཀྱི་ཆེད། ཉིན་མཚན་མེད་པར་ངུ་ནི་ཐུབ་པའི་ཆེད། ང་ཡི་འདོད་པར་ངའི་མགོ་ཆུའི་ཁྲོན་པ་དང། མིག་ནི་མིག་ཆུའི་ཆུ་མིག་ལྟ་བུ་འགྱུར་བར་འདོད། 2ང་ཡི་མི་མང་ཚོ་ལས་ཐག་རིང་སྡོད། ང་ལ་སྡོད་ཡུལ་འབྲོག་སྟོང་དུ་ཡོད་འདོད། དེ་ཚོ་ཐམས་ཅད་དམ་ཚིག་མི་གཙང་བའི། བསླུ་འཁྲིད་བྱ་མཁན་རྣམས་ཀྱི་ཚོགས་ཤིག་ཡིན། 3དེ་ཚོ་རྟག་ཏུ་རྫུན་སྨྲར་གྲ་སྒྲིགས་ཡོད། དྲང་པོའི་ཚབ་ཏུ་དྲང་མིན་ཡུལ་ཁམས་སྐྱོངས། གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ང་ཡི་མི་ཚོས་ངན་ལས་གཅིག་རྗེས་གཉིས་བྱེད། ང་ལ་དེ་ཚོའི་དཀོན་མཆོག་ཁས་མི་ལེན། 4ཚང་མས་རང་གི་གྲོགས་པོར་དྭོགས་ཟོན་དགོས། སུས་ཀྱང་རང་གི་སྤུན་ལ་བློ་བསྐྱལ་མི་ཐུབ། སྤུན་རྣམས་ཡ་ཀོབ་ལྟ་བུ་བསླུ་ཅན་ཡིན། ཚང་མས་རང་གི་གྲོགས་པོར་དམའ་འབེབས་བྱེད། 5-6དེ་ཚོས་རང་གི་གྲོགས་ལ་བསླུ་འཁྲིད་བྱས། སུས་ཀྱང་དྲང་པོ་ཤོད་པར་མི་བྱེད་ཅིང་། དེ་ཚོའི་ལྕེ་ལ་རྫུན་ཤོད་བསླབ་ཡོད་ཅིང་། དེ་ཚོས་སྡིག་པ་བྱ་རྒྱུ་སྤངས་མི་ཡོང་། དེ་ཚོས་དྲག་ལས་གཅིག་རྗེས་གཉིས་བྱེད་ཅིང་། གཡོ་སྒྱུའི་བྱ་བ་གཅིག་རྗེས་གཞན་བྱེད་དོ། གཙོ་བོ་དཀོན་མཆོག་ཁོང་གིས་རང་མིས་ཁོང་སྤངས་གསུངས། 7དེ་ཡི་རྐྱེན་གིས་གཙོ་བོ་དཀོན་མཆོག་ནི། ཀུན་དབང་ཅན་གྱི་ཁོང་གིས་བཀའ་གནང་གསལ། ང་ཡི་རང་གི་མི་མང་ལྕགས་རིགས་ལྟར། སྤུས་གཙང་བཟོ་ཞིང་དེ་ལ་རྟགས་དཔྱད་བྱེད། ང་ཡི་མི་མང་ངན་པའི་ལས་གྱིས་ནས། དེ་མིན་ང་ཡི་དེ་ཚོར་ཅི་བྱེད་ཐུབ། 8དེ་ཚོའི་ལྕེ་ནི་སྡུག་རྩུབ་མདའ་དང་འདྲ། དེ་ཚོས་རྒྱུན་དུ་རྫུན་གཏམ་ཤོད་པར་བྱེད། ཚང་མས་ཁྱིམ་མཚེར་མཐུན་པའི་གཏམ་སྨྲའོ། འོན་ཀྱང་ཁོའི་ཆེད་དུ་དངོས་སུ་རྙི་བཙུགས་སོ། 9ང་ཡིས་ལས་དེར་ཆད་པ་མི་གཏོང་ངམ། མི་མང་དེ་ཚོར་དགྲ་ཤ་མི་ལེན་ནམ། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན། 10ང་ཡིས་རི་བོའི་ཆེད་དུ་མྱ་ངན་བྱེད། རྩྭ་ཁ་ཁག་གི་ཆེད་དུ་ངུ་བར་བྱེད། གང་ལ་ཟེར་ན་དེ་ཚོ་སྐམ་ཡོད་དོ། སུ་ཡང་དེ་ལ་བརྒྱུད་ནས་མི་འགྲོའོ། དུད་འགྲོའི་སྐད་ཀྱང་ཐོས་པར་མི་འགྱུར་ཞིང་། བྱ་དང་གཅན་གཟན་བྲོས་ནས་སོང་ཡོད་དོ། 11གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཡེ་རུ་ཤ་ལེམ་ཁྱི་སྤྱང་སྡོད་པའི་གནས། ང་ཡིས་གྱང་གོག་ཕུང་པོ་བཟོ་བར་བྱ། ཡ་ཧུ་དཱ་ཡི་གྲོང་ཁྱེར་ཁག་གི་ནང་། སུ་ཡང་མེད་པའི་འབྲོག་སྟོང་ཞིག་ཏུ་འགྱུར། 12གཙོ་བོ་དཀོན་མཆོག་གི་ཡུལ་སྟོར་རླག་ཏུ་འགྱུར་ནས་བྱེ་ཐང་ལྟར་སྐམ་ནས་དེ་བརྒྱུད་སུ་ཡང་མི་འགྲོ་བ་ཅི་ལ་ཡོད། དེ་ལྟར་རྟོགས་པར་འགྱུར་བའི་ཤེས་རབ་སུ་ལ་ཡོད། ཁྱེད་ཀྱིས་དེ་ལྟར་གཞན་ལ་ཤོད་པའི་གསལ་བཤད་སུ་ལ་གནང་ཡོད་དམ་ཞེས་ངས་བཀའ་འདྲི་ཞུས་པ་ཡིན། 13གཙོ་བོ་དཀོན་མཆོག་གིས་བཀའ་ལན་གནང་བ། ངའི་མི་མང་རྣམས་ནས་ངས་སློབ་སྟོན་གྱིས་པ་རྣམས་སྤངས་ཡོད་སྟབས་དེ་ལྟར་བྱུང་བ་ཡིན། དེ་ཚོས་ང་ལ་མ་ཉན་པར་ངས་བཤད་པ་ལྟར་གྱིས་མེད་དོ། 14དེ་ལས་ལྡོག་ཏེ་དེ་ཚོའི་ཕ་མེས་ཚོས་སློབ་སྟོན་གྱིས་པ་ལྟར་གྱོང་པོར་འགྱུར་བ་དང་། བྷལ་གྱི་སྐུ་འདྲར་མཆོད་ཡོད་དོ། 15དེ་བས་ང་ཀུན་དབང་ཅན་གྱིས་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ཇི་ལྟར་སྨྲས་པ་ལ་ཉོན་ཞིག ངས་ངའི་མི་མང་ལ་ཟ་བར་རྩི་ཤིང་ཁ་ཏིག་དང་འཐུང་བར་དུག་ཆུ་སྤྲོད་རྒྱུ་ཡིན། 16ངས་དེ་ཚོ་དང་དེ་ཚོའི་ཕ་མེས་ཚོས་ཀྱང་མ་ཐོས་པའི་མི་མང་ཚོའི་ཁྲོད་དུ་ཁ་སྟོར་བ་དང་། དེ་ཚོ་ཚང་མ་མེད་པར་མ་བཟོས་བར་དུ་དེ་ཚོའི་ཐོག་ཏུ་དམག་མི་གཏོང་རྒྱུ་ཡིན་ནོ༎

ཡེ་རུ་ཤ་ལེམ་གྱི་མི་མང་ཚོས་རོགས་རམ་ཆེད་ཞུ་འབོད་བྱས་པ།

17གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཇི་ལྟར་ཡོང་བཞིན་པ་ལ་བསམ་བློ་གཏོང་། མྱ་ངན་བྱེད་མི་ཡོང་བའི་ཆེད། རོ་འདོན་ཆེད་དུ་མགུར་ལེན་མཁན་བུད་མེད་བོས། 18མི་ཚོས་ང་ཚོའི་མིག་ལ་མིག་ཆུས་ཁེངས་བ་དང། མིག་ལྤགས་ངུ་བ་རློན་དུ་མི་འགྱུར་བར་དུ། དེ་ཚོ་མགྱོགས་པར་ཡོང་ནས་ང་ཚོའི་ཆེད། རོ་འདོན་ཆེད་དུ་མགུར་མ་ལེན་ཞིག་གསུངས། 19ཛི་ཡོན་དུ་ངུ་བའི་སྒྲ་ལ་ཉན་པར་གྱིས། ང་ཚོ་མེད་པར་འགྱུར་སོང་། ང་ཚོར་དམའ་འབེབས་ཆ་ཚང་བྱུང་སོང་བས། ང་ཚོའི་ཁྱིམ་རྣམས་བཤིགས་པར་འགྱུར་ཡོད། ང་ཚོ་ཚང་མ་ཡུལ་ནས་ཐོན་པར་བྱ། 20ངས་སྨྲས་པ་ཡིན། བུད་མེད་ཚོ་གཙོ་བོ་དཀོན་མཆོག་ལ་ཉན་ཞིག། ཁོང་གི་བཀའ་ལ་དོ་སྣང་ལེགས་པར་གྱིས། ཁྱོད་ཀྱི་བུ་མོར་མྱ་ངན་བྱེད་སྟངས་སློབ། གྲོགས་ཚོར་རོ་འདོན་མགུར་མ་ལེན་སྟངས་སློབ། 21འཆི་བ་ང་ཚོའི་སྒེ་ཁུང་ནས་ཡོང་ངོ་། ང་ཚོའི་ཕོ་བྲང་ནང་དུ་འཛུལ་སོང་ངོ་། དེ་ཡིས་རྒྱ་ལམ་དུ་ཕྲུ་གུ་ཚོར་དང་། ཁྲོམ་རར་ན་གཞོན་ཚོ་ཡི་སྲོག་གཅོད་དོ། 22གཤིང་པོའི་རོ་ནི་ཞིང་སྟེང་ལུད་ཕུང་ལྟར། རྔ་མཁན་རྔས་ནས་དོར་བའི་འབྲུ་ལྟར་དུ། བསྡུ་མི་མེད་པའི་འབྲུ་ལྟར་གང་སར་འཐོར། གཙོ་བོ་དཀོན་མཆོག་ཁོང་གི་ང་ལ་འདི་ལྟར་སྨྲོས་ཞིག་གསུངས། 23གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཤེས་རབ་ཅན་གྱིས་རང་གི་ཤེས་རབ་དང་། ཤུགས་ཆེན་མི་ཡིས་རང་གི་སྟོབས་ཤུགས་དང་། ཕྱུག་པོ་རྣམས་ནས་རང་གི་རྒྱུ་ནོར་དང་། བཅས་ལ་སྤོབ་པ་ངོམ་པར་བྱེད་མི་རུང་། 24སུ་ཞིག་དེ་ལ་ངོམ་པར་འགྱུར་འདོད་ན། དེ་ཚོས་ང་ངོ་ཤེས་པ་དང་རྟོགས་པར་ངོམ་དགོས་སོ། གང་ལ་ཟེར་ན་ང་ཡི་བྱམས་བརྩེ་རྒྱུན་ལྡན་ཡིན་པ་དང། ང་ཡིས་ཁྲིམས་དྲང་དང་དྲང་བདེན་འབའ་ཞིག་བྱེད། བྱ་བ་དེ་ཚོར་ང་ནི་དགའ་བ་ཡིན། གཙོ་བོ་དཀོན་མཆོག་ངཡིས་སྨྲས་པ་ཡིན། 25-26གཙོ་བོ་དཀོན་མཆོག་གིས། ངས་ཨི་ཇིབ་དང་ཡ་ཧུ་དཱ་དང་ཨེ་དྷོམ་དང་ཨམ་མོན་དང་མོ་ཨབ་དང་སྐྲ་ཐུང་ཐུང་བཅད་མཁན་བྲོང་སྟོང་གི་མི་མང་བཅས་པར་ཆད་པ་གཏོང་བའི་དུས་སྐབས་སླེབས་བཞིན་ཡོད། མི་མང་དེ་ཚོ་ཚང་མས་མདུན་ལྤགས་བྲེག་ཡོད་ན་ཡང་དེས་མཚོན་པའི་དམ་བཅའ་སྲུང་མེད། མི་མང་དེ་ཚོའི་དང་ཨིསི་རཱཨེལ་གྱི་མི་མང་བཅས་པ་སུས་ཀྱང་གི་སེམས་ཀྱི་མདུན་ལྤགས་བྲེག་མེད་ཅེས་བཀའ་གནང་ངོ་༎

ཡེར་མི་ཡཱ། 10

སྐུ་འདྲ་མཆོད་སྲོལ་དང་དྲང་བདེན་གྱི་མཆོད་པ།

1ཨིསི་རཱཨེལ་ཡུལ་གྱི་མི་མང་ཁྱོད་ཚོ་ནི། གཙོ་བོ་དཀོན་མཆོག་ཁོང་གིས་ཁྱོད་ཆོའི་ཆེད་དུ་གནང་བའི་གསུང་འཕྲིན་ཉོན། 2དཀོན་མཆོག་ཁོང་གིས་ཁྱོད་ཚོར་བཀའ་གནང་ལྟར། མི་རིགས་གཞན་གྱི་ལམ་ལ་མ་འགྲོ་ཞིག། མི་རིགས་གཞན་ཞིག་འཇིགས་ཤིང་སྐྲག་ན་ཡང་། ཁྱོད་ཚོ་སྔོན་དུ་བྱུང་མེད་ནམ་མཁའ་ལ། མཐོང་ཚུལ་དེ་ཚོས་བར་ཆད་བྱེད་མ་འཇུག། 3མི་མང་དེ་ཚོའི་ཆོས་ནི་ཕན་མེད་ཡིན། ནགས་ཚལ་ནང་དུ་ཤིང་སྡོང་ཞིག་བཅད་ཡོང་། ཤིང་བཟོའི་ལག་ཆས་དེ་ལ་བརྐོད་རྒྱབ་ཅིང་། 4གསེར་དང་དངུལ་གྱི་དེ་ལ་རྒྱན་སྤྲོད་བྱས། དེ་ནི་མར་ལ་ཟག་པར་སྐྱོབས་པའི་ཆེད། གཟེར་ཞིག་རྒྱབ་ནས་བརྟན་པོར་བཟོས་ནས་ཡོད། 5སྐུ་འདྲ་དེ་ཚོ་ཆུའི་ཤིང་ཏོག་གི་ཞིང་གར་ཡོད་པའི་ཞིང་སྲུང་མི་གསོབ་འདྲ། དེ་ཚོ་གཏམ་སོགས་གཤོད་མི་ཐུབ། དེ་ཚོ་འགྲོ་མི་ཐུབ་པ་འཁུར་དགོས་སོས། དེ་ཚོས་ཁྱོད་ལ་གནོད་པ་མི་བྱེད་ཅིང་། ཁྱོད་ལ་ཕན་ཐོག་ལ་སོགས་བྱེད་མི་ཐུབ། དེ་ཚོར་ཁྱོད་ནི་འཇིགས་པར་མ་བྱོས་ཤིག། 6གཙོ་བོ་དཀོན་མཆོག་ཁྱེད་དང་འདྲ་བ་སུ་ཡང་མེད། ཁྱེད་ནི་མཐུ་སྟོབས་ལྡན་པ་ཡིན། ཁྱེད་མཚན་རླབས་ཆེན་དང་ནི་སྟོབས་ཆེན་ཡིན། 7མི་རིགས་ཡོངས་ཀྱི་རྒྱབ་པོ་ཁྱེད་ཉིད་ལ། སུ་འདྲ་ཞིག་གིས་གུས་བཀུར་མི་ཞུའམ། ཁྱེད་ལ་གུས་བཀུར་ཞུས་པ་འོས་པ་ཡིན། མི་རིགས་ནང་ནས་ཤེས་རབ་ཅན་ཡོངས་དང་། དེ་ཚོའི་རྒྱལ་པོ་ཚང་མའི་ཁྲོད་དུ་ཡང་། ཁྱེད་དང་འདྲ་བ་སུ་ཞིག་ཡོད་མི་འགྱུར། 8དེ་ཚོ་རྣམས་ནི་རྨོངས་ཤིང་གླེན་པ་ཡིན། དེ་ཚོས་ཤིང་གི་སྐུ་ལས་ཅི་ཞིག་སྦྱོངས། 9དེ་ཚོའི་སྐུ་འདྲར་ཨིསི་པན་དངུལ་གྱི་གཡོག། ཨུ་ཕཛ་ཡུལ་གྱི་གསེར་གྱི་གཏུམ་ནས་ཡོད། དེ་ཚོ་ཚང་མ་ལག་ཤེས་མཁས་པས་བཟོས་ནས་སྒྲུབ་པའོ། དེ་རྣམས་འཐག་པར་ལག་རྩལ་མཁས་པ་ཡིས། གོས་ནི་སྔོ་ནག་མུ་མན་གཡོགས། 10འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱེད་ནི་བདེན་པ་ཡིན། འཚོ་ཞིང་གསོན་པོར་བཞུགས་པའི་དཀོན་མཆོག་དང་། དུས་མཐའ་མེད་པའི་རྒྱལ་པོ་ཁྱེད་ཡིན་ནོ། ཁྱོད་ནི་ཁྲོ་སྐབས་འཛམ་བུ་གླིང་འདར་ཞིང་། ཁྱེད་ཀྱི་ཐུགས་ཁྲོ་མི་རིགས་རྣམས་ཀྱིས་བཟོད་མི་ཐུབ། 11(མི་མང་ཁྱོད་ཚོས་ངེས་པར་དུ་ས་གཞི་དང་ནམ་མཁའ་མི་བཟོ་མཁན་གྱི་ལྷ་རྣམས་མེད་པར་བཟོ་བ་དང་། ས་གཞི་འདིའི་ཐོག་དེ་ཚོ་ནམ་ཡང་གནས་མི་འཇུག་ཅེས་དེ་ཚོ་ལ་ཤོད་དགོས་སོ།)

དཀོན་མཆོག་ལ་བསྟོད་པའི་མགུར་མ་ཞིག།

12གཙོ་བོ་དཀོན་མཆོག་ཁོང་གི་མཐུ་ཡིས་ས་གཞི་བཀོད། ཁོང་གི་མཁྱེན་རྒྱས་འཛམ་གླིང་བཟོས་གནང་ངོ་། དེ་རྗེས་ཁོང་གིས་མཐོ་རིས་བརྐྱངས་པར་མཛད། 13ཁོང་གི་བཀའ་ཡིས་ནམ་མཁའི་སྟེང་དུ་ནི། ཆུ་བོ་རྣམས་ནི་འུར་སྒྲ་སྒྲོགས་པར་བྱེད། ས་གཞིའི་མཐའ་ནས་སྤྲིན་པ་འཁྱེར་བ་དང་། ཁོང་གིས་ཆར་ནང་གློག་ནི་འཁྱུགས་པར་མཛད། རང་གི་བང་མཛོད་ནང་ནས་རླུང་གཏོང་མཛད། 14མཐོང་སྣང་དེ་ཡིས་མི་གླེན་བསམ་མེད་འཚོར། སྐུ་འདྲ་བཟོས་མཁན་རྣམས་ནི་ངོ་འཚའི་ནང་དུ་ཚུད། གང་ལ་ཟེར་ན་དེ་ཚོས་བཟོས་པའི་ལྷ། རྫུན་མ་དང་ནི་སྲོག་མེད་འབའ་ཞིག་ཡིན། 15དེ་རྣམས་ཕན་ཐོག་མེད་པར་སྨད་ར་གཏོང་། གཙོ་བོ་དཀོན་མཆོག་དེ་ཚོར་ཁྲིམས་གཅོད་གནང་ཕེབས་སྐབས། ཁོང་གིས་དེ་རྣམས་མེད་པར་བཟོ་གནང་ངོ་། 16ཡ་ཀོབ་ཁྱོད་ཀྱི་དཀོན་མཆོག་གཞན་མི་འདྲ། ཁོང་ནི་ཚང་མ་བཟོ་བ་གནང་མཁན་ཡིན། ཁོང་གིས་ཨིསི་རཱཨེལ་མི་མང་དེ་ཚོ་ལ། ཁོང་གི་འབངས་སུ་འདམས་པར་མཛད་པ་ཡིན། ཁོང་གི་མཚན་ནི་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཡིན༎

བཙན་བྱོལ་དུ་འགྲོ་གྲབ་ཡོད་པ།

17ཡེ་རུ་ཤ་ལེམ་གྱི་མི་མང་ཚོ་ཁྱོད་རྣམས་ཀྱི་མཐའ་ནས་བསྐོར་ནས་ཡོད་དོ། ཁྱོད་ཚོའི་རང་དངོས་རྣམས་བསྡུས་ཤིག། 18གཙོ་བོ་དཀོན་མཆོག་གིས་ཁྱོད་རྣམས་ཡུལ་དེ་ནས་མཐར་སྐྲོད་གནང་རྒྱུ་ཡིན། ཁོང་གིས་ཁྱོད་ཚོ་གཅིག་ཀྱང་མ་ལྷག་པར་གཅོག་པར་མཛད་རྒྱུ་རེད། གཙོོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ། 19ཡེ་རུ་ཤ་ལེམ་པ་ཡི་སྨྲེ་ངག་འདོན། ང་ཚོར་རྨས་སྐྱོན་ཚབ་ཆེ་ཇི་ལྟར་བྱུང་། ང་ཚོའི་རྨ་རྣམས་གསོ་བར་མི་ཡོང་ངོ་། ང་ཚོས་དེ་རྣམས་བཟོད་སྲན་ཐུབ་ཡོང་བསམ། 20ང་ཚོའི་གུར་རྣམས་འཕྲོ་སླག་ཏུ་འགྱུར་རོ། དེ་རྣམས་འཐེན་པའི་ཐག་པ་རྣམས་ཆད་ཡོད། ང་ཚོའི་བུ་ཕྲུག་རྣམས་ནི་ཐག་རིང་སོང་། ང་ཚོའི་གུར་རྣམས་སྐྱར་དུ་ཕུབ་མཁན་མེད། དེ་ཡི་ཡོལ་བ་གཏོང་མཁན་སུ་ཞིག་མེད། 21ངས་ལན་ཞུས་པར་ང་ཚོའི་འགོ་འཁྲིད་རྣམས། གླེན་པ་ཡིན་པས་གཙོ་བོ་དཀོན་མཆོག་ལ། དེ་ཚོས་ལམ་སྟོན་གནང་རོགས་ཤེས་ཞུས་མེད། དེའི་རྐྱེན་དེ་ཚོ་གོ་མ་ཆོད་པར་འགྱུར། ང་ཚོའི་མི་མང་རྣམས་ནི་ཁ་འཐོར་གནས། 22གསར་འགྱུར་འབྱོར་བས་དེ་ལ་ཚང་མས་ཉོན། བྱང་དུ་མི་རིགས་ཞིག་ནང་སྐད་ཆེན་འདུག། དེ་ཡི་དམག་དཔུང་ཡ་ཧུ་དཱའི་གྲོང་ཚོ་ལ། ཁྱི་སྤྱང་སྡོད་ཡུལ་བྱེ་ཐང་དུ་འགྱུར་རོ། 23སུ་ཡང་རང་གི་མདུན་ལམ་ཁོ་ཡི་ལག་པར་མེད། རང་གི་མི་ཚེར་དབང་བསྒྱུར་མི་ཐུབ་པ། བཅས་ངས་ཤེས་སོ་གཙོ་བོ་དཀོན་མཆོག། 24གཙོ་བོ་དཀོན་མཆོག་ཁྱེད་ཀྱི་མི་མང་རྣམས། ལེགས་བཅོས་མཛོད་ལ་ཧ་ཅང་བཙེན་པོ་མ་མཛོད་ཅིག། ཡང་ན་ཐུགས་ཁྲོའི་སྐབས་སུ་ང་ཚོར་ཆད་པ་མ་གནང་ཞིག དེ་མིན་ང་ཚོའི་མཐའ་མར་འགྱུར་རྒྱུ་ཡིན། 25ཁྱེད་ལ་མི་མཆོད་མཁན་གྱི་མི་རིགས་དང་། ཁྱེད་ལ་ཁས་མི་ལེན་པའི་མི་མང་ལ། ཁྱེད་ཀྱི་ཐུགས་ཁྲོ་དེ་ཚོར་འབེབས་པར་མཛོད། དེ་ཚོས་ཁྱེད་ཀྱི་མི་མང་ཚོ་བསད་ཅིང་། ང་ཚོ་ཚང་མ་མེད་པར་བཟོ་བ་དང་། ང་ཚོའི་ལུང་པ་གྱང་གོག་བཏང་ཡོད་དོ༎

ཡེར་མི་ཡཱ། 11

ཡེར་མི་ཡཱ་དང་དམ་བཅའ།

1-2གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། དམ་བཅའིི་ཚིག་དོན་རྣམས་ལ་ཉོན་ཞིག། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ཚོར་སྨྲ་རྒྱུར། 3ང་གཙོ་བོ་དཀོན་མཆོག་ཨིསི་རཱ་ཨེལ་གྱི་དཀོན་མཆོག་གིས། དམ་བཅའ་ཀྱི་ཚིག་དོན་ལ་མི་ཉན་མཁན་ཚང་མར་དམོད་པ་གྱིས་ཡོད། 4དེ་ནི་ངས་དེ་ཚོའི་ཕ་མེས་ཚོ་ཨི་ཇིབ་དུ་འབར་བའི་མེ་ཐབ་ལྟ་བུ་ནས་འདོན་སྐབས་དེ་ཚོ་མཉམ་དུ་བཞག་པའི་དམ་བཅའ་དེ་ཡིན་ནོ། ངས་དེ་ཚོ་ལ་ངའི་བཀའ་ལ་ཉན་ནས་བཀའ་བཀོད་པ་རྣམས་བྱ་དགོས་ཞེས་སྨྲས་པ་ཡིན། ངས་དེ་ཚོ་ལ་གལ་སྲིད་དེ་ཚོས་ངའི་བཀའ་ལ་ཉན་པ་ཡིན་ན། དེ་ཚོ་ངའི་མི་མང་དང་ང་དེ་ཚོའི་དཀོན་མཆོག་ལ་འགྱུར་ཡོང་། 5དེ་ནས་ད་ལྟ་དེ་ཚོས་དབང་བའི་ས་ཆ་ཕྱུག་པོ་དང་ས་ལུད་འཛོམས་པོ་དེ་ངས་དེ་ཚོའི་ཕ་མེས་ཚོ་ལ་སྤྲོད་རྒྱུ་ཡིན་ཞེས་བཞག་པའི་དམ་བཅའ་སྲུང་རྒྱུ་ཡིན། ངས་ཞུས་པ། གཙོ་བོ་དཀོན་མཆོག་དེ་ལྟར་ལེགས་སོ། 6དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་། ཡ་ཧུ་དཱའི་གྲོང་ཁྱེར་ཁག་དང་ཡེ་རུ་ཤ་ལེམ་གྱི་རྒྱ་ལམ་ཁག་ཏུ་སོང་ཞིག དེར་ངའི་གསུང་འཕྲིན་གསལ་སྒྲགས་བྱས་ནས་མི་མང་ཚོས་དམ་བཅའི་ཚིག་དོན་རྣམས་ཉན་ནས་དེ་ཚོ་སྲུང་བར་སྨྲོས་ཤིག 7ངས་དེ་ཚོའི་ཕ་མེས་ཚོ་ཨི་ཇིབ་ནས་འདོན་སྐབས་ངས་དེ་ཚོ་ལ་ངའི་བཀའ་ཉན་དགོས་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། དུས་དེ་རིང་གི་བར་དུ་ཡང་ངས་ཉེན་བརྡ་གཏོང་མུས་ཡིན། 8འོན་ཀྱང་དེ་ཚོས་མི་ཉན་པ་དང་སྲུང་བརྩི་ཞུས་མེད་དོ། དེའི་ཚབ་ལ་དེ་ཚོ་མུ་མཐུད་གྱོང་པོ་དང་སྔར་ལྟར་ངན་པར་གནས་སོ། ངས་དེ་ཚོ་ལ་ཞལ་ཆད་སྲུང་དགོས་པའི་བཀའ་བཏང་ཡང་དེ་ཚོས་ཁས་ལེན་མ་བྱས་སོ། དེར་བརྟེན་དེའི་ནང་འགྲེལ་བཤད་རྒྱབ་པ་ཆད་པ་ཚང་མ་ངས་དེ་ཚོའི་ཐོག་འཁྱེར་ཡོང་བ་ཡིན། 9དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ཚོས་ང་ལ་གཡོ་བྱུས་བརྩོམས་བཞིན་འདུག 10དེ་ཚོས་རང་གི་ཕ་མེས་ཚོར་ངས་བཤད་པར་མི་ཉན་མཁན་ཚོའི་སྡིག་པར་ཡང་སྐྱར་ཕྱིར་ལོག་བྱས་འདུག དེ་ཚོས་ལྷ་གཞན་པར་མཆོད་ཡོད་དོ། ཨིསི་རཱཨེལ་དང་ཡ་ཧུ་དཱ་གཉིས་ཀས་དེ་ཚོའི་ཕ་མེས་ཚོར་ངས་བཞག་པའི་དམ་བཅའ་རྣམས་དང་འགལ་ཡོད་དོ། 11དེ་འདྲ་སོང་ཙང་ང་གཙོ་བོ་དཀོན་མཆོག་གིས། ད་ལྟ་དེ་ཚོ་ལ་མེད་པར་བཟོ་རྒྱུ་མ་ཟད། དེ་ཚོ་དེ་ལས་མི་ཐར་བའི་ཉེན་བརྡ་གཏོང་རྒྱུ་ཡིན། དེ་ཚོ་སྐྱབས་པའི་ཆེད་ང་ལ་རེ་འབོད་བྱས་སྐབས་ངས་དེ་ཚོ་ལ་མི་ཉན་ནོ། 12དེ་ནས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་དེ་ཚོས་མཆོད་པའི་ལྷ་ཚོའི་སར་སོང་ནས་དེ་ཚོ་ལ་སྐྱབས་རོགས་ཞུ་འབོད་བྱ་གི་རེད། འོན་ཀྱང་སྟོར་སྐྱོན་གྱིས་རྐྱེན་ངན་དེ་སླེབས་སྐབས་སུ་ལྷ་དེ་ཚོས་དེ་ཚོ་ལ་སྐྱོབས་མི་ཐུབ་བོ། 13ཡ་ཧུ་དཱ་པ་རྣམས་ལ་གྲོང་ཁྱེར་མང་པོ་ཡོད་པ་ལྟར་དེ་ཚོ་ལ་ལྷ་ཡང་མང་པོ་ཡོད་པ་དང་། ཡེ་རུ་ཤ་ལེམ་དུ་གནས་སྡོད་པ་ཚོས་གྲོང་ཁྱེར་ནང་རྒྱ་ལམ་ཡོད་པ་ལྟར་ཞེན་ལོག་ཅན་གྱི་ལྷ་བྷལ་ལ་དམར་མཆོད་འབུལ་སའི་མཆོད་ཁྲི་བཟོས་ཡོད། 14ཡེར་མི་ཡཱ་ཁྱོད་ཀྱིས། མི་མང་དེ་ཚོའི་ཆེད་དུ་ང་ལ་སྨོན་ལམ་དང་ཞུ་བ་མ་ཕུལ་ཞིག དེ་ཚོ་དཀའ་ངལ་ངང་ལྷུང་ནས་ང་ལ་སྐྱབས་རོགས་ཞུས་པར་ངས་ཉན་རྒྱུ་མིན་ནོ། 15གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངས་བརྩེ་བའི་མི་མང་ཚོས་ལས་ངན་བྱ་བཞིན་འདུག་དེ་ཚོ་ངའི་མཆོད་ཁང་ནང་ཡོང་རྒྱུར་ཐོབ་ཐང་ཅི་ཡོད་དམ། དེ་ཚོའི་བསམ་བློར་དེ་ཚོས་ང་ལ་ཁས་ལེན་དང་སེམས་ཅན་གྱི་དམར་མཆོད་ཕུལ་ནས་རྐྱེན་ངན་འགོག་ཐུབ་ཀྱི་རེད་བསམ་གྱི་ཡོད་པ་རེད་དམ། དེས་དེ་ཚོ་དགའ་བར་འགྱུར་རམ། 16ངས་སྔར་དེ་ཚོ་ལ་ལོ་མ་ཅན་གྱི་སྐྱུ་རུའི་ཤིང་སྡོང་ཡིད་དུ་འོང་བའི་འབྲས་བུས་ཁེངས་པ་ཅེས་མིང་བཏགས་ཡོད། འོན་ཀྱང་ད་ཆ་འབྲུག་སྐད་ལྟར་གྱིས་འུར་སྒྲས་དེའི་ལོ་མ་རྣམས་མེར་སྲེག་གཏོང་རྒྱུ་དང་ཡལ་ག་རྣམས་བཅོག་རྒྱུ་ཡིན་ནོ། 17ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས། ཨིསི་རཱཨེལ་དང་ཡ་ཧུ་དཱ་གཉིས་བཙུགས་ན་ཡང་། ད་ཆ་ངས་དེ་ཚོ་ལ་རྐྱེན་ངན་གྱི་ཉེན་བརྡ་གཏོང་རྒྱུ་ཡིན། འདི་ཚོ་རང་གི་བཟོས་པའི་ལས་ཡིན་ནོ། གང་ལ་ཟེར་ན། དེ་ཚོས་ནོར་འཁྲུལ་གྱིས་པ་དང་བྷལ་ལ་དམར་མཆོད་ཕུལ་ནས་ང་ཁྲོ་རུ་འཇུག་ཡོད༎

ཡེར་མི་ཡཱའི་སྲོག་ལ་གཡོ་བྱུས་བརྩོམས་པ།

18གཙོ་བོ་དཀོན་མཆོག་གིས་ངའི་དགྲ་བོ་ཚོས་ང་ལ་གཡོ་བྱུས་བརྩོམ་པའི་སྐོར་ལོན་གནང་བྱུང་། 19ང་གསོད་པར་འཁྲིད་པ་ཞི་དུལ་ཅན་ལུ་གུ་ལྟར་དང་དེ་ཚོས་ང་ལ་བྱུས་ངན་གྱིས་འཆར་གཞི་བཟོ་བཞིན་པ་ངས་ཤེས་མ་བྱུང་། དེ་ཚོས་ཤིང་སྡོང་དེ་རྒྱས་བཞིན་པའི་སྐབས་ལ་རང་གཅོད་དགོས། ང་ཚོས་ཁོ་སུས་ཀྱང་ནམ་ཡང་དྲན་གསོ་བྱ་མི་ཐུབ་པའི་ཆེད་གསོད་དགོས་ཤེས་བརྗོད་བཞིན་འདུག་གོ 20དེ་ནས་ངས་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཁྱེད་ནི་ཁྲིམས་དཔོན་དྲང་པོ་ཞིག་ཡིན། ཁྱེད་ཀྱིས་མི་མང་གི་བསམ་བློ་དང་འཚོར་བ་ལ་ཞིབ་དཔྱོད་གནང་གི་རེད། ཁྱེད་ཀྱིས་མི་མང་འདི་ཚོ་ལ་དགྲ་ཤ་བཞེས་པ་ངས་བལྟ་རུ་འཇུག་གནང་བའི་ཆེད། ངའི་རྒྱུ་རྐྱེན་རྣམས་ཁྱེད་ཀྱི་ཕྱག་ཏུ་ཕུལ་ཡོད་ཅེས་སྨོན་ལམ་འདེབས་པ་ཡིན་ནོ། 21ཨ་ན་ཐོད་ཀྱི་མི་ཆོས་ང་ལ་བསད་འདོད་ཡོད་པ་དང་། དེ་ཚོས་ངས་གཙོ་བོ་དཀོན་མཆོག་གི་གསུང་འཕྲིན་མུ་མཐུད་གསལ་སྒྲགས་གྱིས་པ་ཡིན་ན་གསོད་ཀྱི་ཡིན་ཞེས་སྨྲས་བྱུང་། 22དེར་བརྟེན་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངས་དེ་ཚོ་ལ་ཆད་པ་གཏོང་རྒྱུ་ཡིན། དེ་ཚོའི་ན་གཞོན་རྣམས་དམག་སར་གསོད་པར་འགྱུར་བ་དང་། བུ་ཕྲུག་རྣམས་མུ་གེས་འཆི་བར་འགྱུར། 23ངས་ཨ་ན་ཐོད་ཀྱི་མི་མང་རྣམས་ལ་རྐྱེན་ངན་གཏོང་རྒྱུའི་དུས་ཚོད་གཏན་འབེབས་ཟིན་པ་དང་། དུས་ཚོད་དེ་སླེབས་སྐབས་དེ་ཚོ་སུ་ཡང་གསོན་པོར་གནས་མི་ཐུབ་བོ་ཅེས་སོ༎

ཡེར་མི་ཡཱ། 12

ཡེར་མི་ཡཱའི་གཙོ་བོ་དཀོན་མཆོག་ལ་དྲི་བ་ཞུས་པ།

1གཙོ་བོ་དཀོན་མཆོག་ཁྱེད་མཉམ་ང་ཡི་རྩོད་པས་ན། ཁྱེད་ཉིད་བདེན་པ་ཡིན་པར་ཁུངས་བསྐྱེལ་གནང། འོན་ཀྱང་ཁྲིམས་དྲང་སྐོར་ལ་ངས་དྲིས་པས། སྤྱོད་ངན་མི་རྣམས་ཅིའི་ཕྱིར་ཕུན་སུམ་ཚོགས། དྲང་མིན་མི་རྣམས་ཅི་ལ་ལམ་ལྷོང་བྱུང། 2ཁྱེད་ཀྱི་དེ་རྣམས་བཙུགས་པས་རྩ་བ་རྒྱས། དེ་ཚོ་སྐྱེས་ནས་འབྲས་བུ་བཏགས་པར་འགྱུར། དེ་ཚོས་རྒྱུན་དུ་ཁྱེད་སྐོར་བཟང་པོ་བརྗོད། དངོས་སུ་ཁྱེད་ལ་བརྩི་མཐོང་བྱེད་མི་འགྱུར། 3འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ངོ་མཁྱེན། ང་ཡིས་ཇི་གྱིས་པ་ཁྱེད་ཀྱིས་མཐོང། ང་ཡི་ཁྱེད་ལ་ཇི་འདྲའི་སེམས་བརྩེ་བ། གསོད་པར་འཁྲིད་པའི་ལུག་ལྟར་མི་ངན་དེ་ཚོར་དྲུད་ནས་འཁྲིད་ཅིག གསོད་པའི་དུས་སྐབས་མ་སླེབས་བར་དུ་དེ་ཚོར་སྲུང་བར་མཛོད། 4དུས་ཡུན་ཇི་རིང་ང་ཚོའི་ས་སྐམ་ཞིང་། ང་ཚོའི་ཞིང་གི་རྩ་རྣམས་མེད་པར་འགྱུར། ང་ཚོས་ཇི་གྱིས་དཀོན་མཆོག་གིས་མི་གཟིགས། མཛོད་མཁན་མི་ཚོས་སྤྱོད་ངན་གྱིས། སེམས་ཅན་དང་ནི་འདབ་ཆགས་རྣམས་ནི་འཆི་བཞིན་འདུག། 5གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཡེར་མི་ཡཱ་མི་མཉམ་རྒྱུགས་ཆད་ན། རྟ་དང་མཉམ་དུ་ཇི་ལྟར་རྒྱུགས་ཐུབ་བམ། ཁྱོད་ནི་ཐང་སྟོང་ཁུལ་དུ་ལངས་ཀྱང་མ་ནུས་ན། ཇི་ལྟར་ཡོར་དན་འགྲམ་གྱི་ནགས་སུ་ཁྱོད་ལངས་ཐུབ་བམ། 6ཁྱོད་ཀྱི་གཉན་ཚན་ཚོ་དང་ནང་མི་ཚོས། ཁྱོད་ལ་བསླུ་འཁྲིད་འཐབ་རྩོད་མཉམ་བཞུགས་ཡོད། དེ་ཚོས་ཁྱོད་ལ་ཉེ་བའི་གཏམ་སྨྲས་ཀྱང་། དེ་ཚོར་ཁྱོད་ཀྱིས་བློ་བཅོལ་མ་བྱེད་ཅིག།

ཁོང་གི་མི་མང་གི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་ལ་མྱ་ངན།

7གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ང་ཡིས་ཨིསི་རཱཨེལ་པ་ཚོ་སྤངས་པ་ཡིན། ང་ཡིས་འདམས་པའི་མི་རིགས་དོར་བ་ཡིན། བརྩེ་བའི་མི་མང་དེ་ཚོའི་དགྲའི་དབང་སྤྲད། 8ང་ཡི་འདམས་པའི་མི་ཚོས་ང་རྒོལ་ནས། ནགས་ཀྱི་སེང་གེ་ལྟར་དུ་ང་ལ་ངར་སྐད་འདོན། དེའི་རྐྱེན་ང་ཡིས་དེ་ཚོར་སྡང་བར་བྱེད། 9ང་ཡི་འདམས་པའི་མི་མང་བྱིའུ་བཞིན། ཁྲ་ཚོས་ཕྱོགས་ལ་ཡོང་ནས་འཐབ་པ་ལྟར། གཅན་གཟན་རྣམས་ནི་ཐུགས་སྤྲོ་སྤྱོད་པར་འབོད། 10ཕྱི་རྒྱལ་སྲིད་སྐྱོང་པ་མང་པོས་ང་ཡི་རྒུན་ཚལ་བཤིགས། དེ་ཚོས་ང་ཡི་ཞིང་ཁར་རྡོག་བརྫིས་བཏང་། ང་ཡི་ཡིད་འོང་ཡུལ་དེ་བྱེ་ཐང་བཟོས། 11དེ་ཚོས་དེ་ནི་མི་མེད་ལུང་སྟོང་བཟོས། དེ་ནི་ལུང་སྟོང་ཞིག་ཏུ་ངའི་མདུན་གནས། ཡུལ་ནི་ཡོངས་རྫོགས་བྱེ་ཐང་ཞིག་ཏུ་འགྱུར། སུ་ཞིག་གིས་ཀྱང་དོ་སྣང་མི་བྱེད་དོ། 12བྱེ་ཐང་ནང་གི་རྩེ་མཐོ་པོར། མི་ཚོས་བཅོམ་པའི་ཆེད་དུ་ཡོང་ཡོད་དོ། ཡུལ་རྣམས་མེད་པར་བཟོ་ཆེད་ཡོང་ཡོད་དོ། སུ་ཞིག་ཀྱང་ནི་ཞི་བདེར་གནས་མི་ཐུབ། 13ང་ཡི་མི་ཚོས་གྲོ་བཏབ་རྩ་ཡན་བསྡུ། ཧུར་ཐག་ལས་ཀྱང་གང་ཡང་མི་ཐོབ་བོ། གང་ལ་ཟེར་ན་ང་ཡི་ཁྲོ་བ་དེས། དེ་ཚོའི་སྟོན་ཐོག་དོན་འབྲས་མ་བྱུང་ངོ་༎

ཨིསི་རཱཨེལ་གྱི་ཁྱིམ་མཚེས་ཚོར་གཙོ་བོ་དཀོན་མཆོག་གི་ཞལ་ཆད།

14གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངས་ཨིསི་རཱཨེལ་མི་མང་ཚོར་སྤྲད་པའི་ཡུལ་མེད་པར་བཟོ་མཁན་གྱི་ཨིསི་རཱཨེལ་གྱི་ཁྱིམ་མཚེས་ཚོའི་སྐོར་ཕྲན་བུའི་བརྗོད་རྒྱུ་ཡོད། ངས་མི་ངན་དེ་ཚོ་རྩེ་ཤིང་རྩ་བཀོག་བཏང་བ་ལྟར་དེ་ཚོའི་ཡུལ་ནས་འདོན་རྒྱུ་དང་། དེ་ཚོ་ནས་ཡ་ཧུ་དཱ་པ་རྣམས་སྐྱོབས་རྒྱུ་ཡིན་ནོ། 15འོན་ཀྱང་དེ་ཚོ་བཏོན་པའི་རྗེས་ལ་དེ་ཚོ་ལ་ངས་སྙིང་རྗེ་བྱ་རྒྱུ་ཡིན། ངས་མི་རིགས་དེ་ཚོ་རེ་རེ་བཞིན་དེ་ཚོའི་ཡུལ་དང་ལུང་པར་འཁྲིད་ཡོང་རྒྱུ་ཡིན་ནོ། 16དེ་ཚོས་སེམས་ཀྱི་གཏིང་ནས་ངའི་མི་མང་གི་ཆོས་ཁས་ལེན་ནས། དེ་ཚོས་ངའི་མི་མང་ལ་བྷལ་གྱི་མིང་ནས་མནའ་བསྐྱེལ་སྟངས་བསླབ་པ་བཞིན་གཙོ་བོ་དཀོན་མཆོག་གསོན་པོ་ཡིན་སྟབས་སྨྲ་བཞིན་མནའ་བསྐྱེལ་བ་ཡིན་ན། དེ་ཚོ་ངའི་མི་མང་གི་ཆ་ཤས་སུ་འགྱུར་བ་དང་དེ་ཚོ་ལ་ཕུན་སུམ་ཚོགས་པ་ཡོང་བར་འགྱུར་རོ། 17འོན་ཀྱང་མི་རིགས་ཤིག་གིས་ང་ལ་མ་ཉན་པ་ཡིན་ན། ངས་དེའི་རྩ་བཀོག་ཆ་ཚང་གཏོང་རྒྱུ་དང་དེ་མེད་པ་བཟོ་རྒྱུ་ཡིན་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཡེར་མི་ཡཱ། 13

ཀ་ཅིའི་རས་ཀྱི་སྐེ་རག།

1གཙོ་བོ་དཀོན་མཆོག་གིས་ང་ལ་སོང་ནས། རེས་ཀ་ཤི་ཀའི་སྨད་གོས་ཉོས་ནས་གྱོན་དགོས་པའི་བཀའ་གནང་བ་དང་། འོན་ཀྱང་དེ་ཆུའི་ནང་དུ་མ་སྦང་ཞེས་བཀའ་གནང་བྱུང་། 2དེ་འདྲ་སོང་ཙང་ང་སོང་ནས་དེ་ཉོས་ནས་གྱོན་པ་ཡིན། 3དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་ཡང་སྐྱར་བཀའ་གནང་བ། 4གཙང་པོ་ཡུབ་རད་ལ་སོང་ལ་བྲག་གི་ཨི་ཁུང་ནང་སྨད་གོས་དེ་སྦས་ཤིག་ཅེས་བཀའ་གནང་ངོ་། 5དེ་འདྲ་སོང་ཙང་ང་ཕྱིན་ནས་དེ་ཡུབ་རད་གཙང་པོ་ཉེ་འཁྲིས་སུ་སྦས་པ་ཡིན། 6དེ་ནས་དུས་ཚོད་ཡུན་རིང་རྗེས་གཙོ་བོ་དཀོན་མཆོག་གིས་ང་ལ། གཙང་པོ་ཡུབ་རད་ལ་སོང་ནས་སྨད་གོས་དེ་ལེན་ཞིག་གསུངས་བྱུང་། 7དེ་ནས་ང་ཕྱིར་སོང་ནས་དེ་ཚོ་སྦས་པའི་ས་ཁུལ་དེ་རྙེད་སྐབས་དེ་ཚོ་འཕྲོག་སླག་ཕྱིན་ནས་ཕན་མེད་དུ་འགྱུར་འདུག་གོ 8དེ་ནས་གཙོ་བོ་དཀོན་མཆོག་གི་ང་ལ་ཡང་སྐྱར་བཀའ་གནང་བྱུང་། 9ངས་ཡ་ཧུ་དཱའི་སྤོབ་པ་དང་ཡེ་རུ་ཤ་ལེམ་གྱི་སྤོབ་པ་ཆེན་པོ་དེ་ཚོ་དེ་ལྟར་མེད་པར་བཟོ་རྒྱུ་ཡིན། 10མི་ངན་དེ་ཚོས་ངའི་བཀའ་ལ་མ་ཉན་ཞིང་། དེ་ཚོ་སྔར་ལྟར་གྱོང་པོ་དང་སྤྱོད་ངན་དུ་གནས་ནས་ལྷ་གཞན་ཚོར་མཆོད་པ་དང་ཞབས་ཕྱི་ཞུ་ཡོད། དེར་བརྟེན་དེ་ཚོ་ད་ནས་ཟུང་སྨད་གོས་དེ་བཞིན་ཕན་མེད་དུ་འགྱུར་རོ། 11སྨད་གོས་དེ་ཚོ་སྐེ་པར་དམ་པོར་གནས་པ་ལྟར་ཨིསི་རཱཨེལ་དང་ཡ་ཧུ་དཱ་པའི་མི་མང་རྣམས་ནས་ང་ལ་དམ་པོར་བཟུང་བར་འདོད་དོ། ངས་དེ་ལྟར་བྱེད་དོན་ནི་དེ་ཚོ་ངའི་མི་མང་ལ་འགྱུར་བ་དང་ངའི་མཚན་ལ་བསྟོད་པ་དང་མཆེ་མཐོང་ཡོང་ཕྱིར་ཡིན། འོན་ཀྱང་དེ་ཚོས་ངའི་བཀའ་ཉན་མེད་དོ༎

རྒུན་ཆང་གི་བུམ་པ།

12དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ཡེར་མི་ཡཱ་ཨིསི་རཱཨེལ་གྱི་མི་མང་ཚོར་རྒུན་ཆང་གི་བུམ་པ་རྣམས་རྒུན་ཆང་གིས་བཀང་བ་ཞིག་བྱུང་དགོས་ཅེས་སྨྲོས་ཤིག དེ་ཚོས་དེ་ལྟར་ལན་སྤྲད་བརྒྱབ་ཡོང་རྒུན་ཆང་གི་བུམ་པར་རྒུན་ཆང་གིས་བཀང་དགོས་པའི་ང་ཚོས་ཤེས་ཀྱི་ཡོད། 13དེ་ནས་དེ་ཚོ་ལ་ང་གཙོ་བོ་དཀོན་མཆོག་གིས་དཱ་བིད་ཀྱི་བརྒྱུད་པའི་རྒྱལ་པོ་ཚོ་དང་བླ་མ་དང་ལུང་སྟོན་པ་ཚོ་དང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་དང་བཅས་པ་ཡུལ་འདིའི་མི་མང་ཚོ་རྒུན་ཆང་གི་ར་མ་བཟ་བར་དུ་འཐུང་རྒྱུ་ཡིན་སྨྲོས་ཤིག་ཅས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 14དེ་ནས་ངས་དེ་ཚོ་བུམ་པ་ལྟར་རྒན་པ་དང་ན་གཞོན་འདྲ་མཉམ་གཅིག་གིས་གཅིག་ལ་བཞུས་ནས་གཅོག་རྒྱུ་ཡིན། དེ་ཚོ་གསོད་པར་ང་ལ་བྱམས་བརྩེ་དང་སྙིང་རྗེ་བཅས་གང་གི་ཀྱང་འགོག་མི་ཐུབ་ཅེས་སོ༎

ཡེར་མི་ཡཱས་ང་རྒྱལ་བྱ་རྒྱུ་ལས་ཉེན་བརྡ།

15ཨིསི་རཱཨེལ་པ་ཡི་མི་མང་ཚོ། གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཉམས་ཆུང་བྱས་ནས་ཁོང་ལ་ཉན་པར་གྱིས། 16ཁོང་གིས་མུན་ནག་འཁྱེར་ཡོང་བའི་སྔོན། ཁྱོད་ནི་རི་སྟེང་བརྡབ་པའི་སྔོན་དུ་དང་། ཁྱོས་ཀྱིས་རེ་བ་བྱེད་པའི་འོད་དེ་བཞིན། ཁོང་གིས་མུན་པར་བསྒྱུར་བའི་སྔོན། ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་ལ་ཆེ་བསྟོད་ཞུས། 17གལ་སྲིད་ཁྱོད་ཀྱིས་ཉན་པར་མ་བྱས་ན། ཁྱོད་ཀྱི་ང་རྒྱལ་ཆེ་བའི་རྐྱེན་གྱིས་ནི། ང་ནི་གསང་བའི་གནས་སུ་ངུ་བར་བྱ། ང་ནི་རབ་ཏུ་ངུ་བའི་མིག་ཆུ་རྒྱུགས། གང་ལ་ཟེར་ན་གཙོ་བོ་དཀོན་མཆོག་གིས། མི་མང་རྣམས་ནི་བཙོན་པར་འཁྲིད་ཟིན་ནོ། 18གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། རྒྱལ་པོ་དང་ཁོང་གི་ཡུམ་ལ་སྨྲོས་ཤིག། ཁྲི་ནས་མར་བབས་ཤིག་གང་ལ་ཟེར་ན། དེ་ཚོའི་ཡིད་དུ་འོང་བའི་ཅོད་པན་དེ་ཚོ་མགོ་ནས་མར་ཟག་ཡོད། 19ཡ་ཧུ་དཱའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་རྣམས་མཐའ་བསྐོར་ཡོད། སུ་ཡང་དེ་ཚོའི་སར་འགྲོ་མི་ཐུབ། ཡ་ཧུ་དཱ་པའི་མི་མང་རྣམས་བཙན་བྱོལ་དུ་འཁྲིད་ཡོད་དོ། 20ཡེ་རུ་ཤ་ལེམ་ལྟོས་ཤིག། བྱང་ཕྱོགས་ནས་ཁྱོད་ཀྱི་དགྲ་བོ་རྣམས་ཡོང་བཞིན་འདུག། ཁྱོད་ཚོས་སྤོབ་པ་བྱེད་པའི་མི་མང་དང་ཁྱོད་ཚོས་བལྟ་རྟོགས་བློ་བཅོལ་བྱེད་པ་ཚོ་གང་དུ་ཡོད་དམ། 21ཁྱོད་ཚོས་གྲོགས་པོ་ཡིན་བསམ་པའི་མི་ཚོས་ཁྱོད་ཚོའི་སྟེང་དུ་དབང་བསྒྱུར་བྱས་པ་ཡིན་ན། ཁྱོད་ཚོས་ཅི་བརྗོད་དམ། ཁྱོད་ལ་བུད་མེད་སྐྱེ་ཟུག་གིས་མནར་བ་ལྟར་ན་ཟུག་རྒྱབ་པར་འགྱུར་རོ། 22དེ་ལྟར་ཅིའི་ཕྱིར་ཁྱོད་ལ་བྱུང་བ་དང་། ཁྱོད་ཀྱི་གོས་རྣམས་ཅི་ལ་རལ་བ་དང་། ཁྱོད་ལ་བཙན་གཡེམ་བྱས་པ་རེད་དམ་ཟེར་ཁྱོད་ཀྱིས་འདྲིས་པ་ཡིན་ན། ཁྱོད་ཀྱི་སྡིག་པ་རྣམས་ཧ་ཅང་འཇིགས་སུ་རུང་བ་ཡོད་སྟབས་དེའི་རྐྱེན་གྱིས་ཡིན་ནོ། 23མི་ནག་པོ་ཞིག་གིས་རང་གི་ཤ་མདོག་བསྒྱུར་ཐུབ་བམ། གཟིག་གི་པགས་པའི་ཐིག་ལེ་བསྒྱུར་ཐུབ་བམ། དེ་རྣམས་ཐུབ་པ་ཡིན་ན་ཁྱོད་ངན་པ་བྱེད་མཁན་ཚོ་ཡང་དྲང་བདེན་བྱ་རྒྱུ་སྦྱོངས་ཐུབ་བོ། 24གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོ་བྱེ་ཐང་གི་རླུང་གི་སོག་མ་འཁྱེར་བ་ལྟར་སྟོར་བར་མཛད་དོ། 25ཁོང་གིས་དེ་ནི་ཁྱོད་ཀྱི་སྐལ་བ་ཡིན་གསུངས་ཡོད། ཁྱོད་ཚོས་ཁོང་བརྗེད་པ་དང་ལྷ་རྫུན་མ་ཚོར་བློ་བཅོལ་བྱས་སྐབས་ཁོང་གིས་ཁྱོད་ཚོར་དེ་ལྟར་མཛད་རྒྱུ་ཐུགས་ཐག་བཅད་པ་ཡིན་ནོ། 26གཙོ་བོ་དཀོན་མཆོག་རང་ཉིད་ཀྱིས། ཁྱོད་ཚོའི་གོས་རྣམས་ཤུས་ནས་ཁྱོད་ཚོ་ངོ་ཚ་རུ་འཇུག་གནང་གི་རེད། 27ཁྱོད་ཚོས་ཁོང་གི་ཐུགས་མ་མཉེས་པ་བྱེད་པ་རྣམས་ཁོང་གིས་གཟིགས་ཡོད། མི་ཞིག་གིས་རང་གི་ཁྱིམ་མཚེས་ཀྱི་ཆུང་མ་ལ་འདོད་ཆགས་བྱས་པ་ལྟར་དང་། ཡང་ན་རྟ་ཕོ་ཞིག་གིས་རྟ་རྒོས་མར་བྱས་པ་ལྟར་ཁྱོད་ཚོ་རི་སྟེང་དང་ཞིང་གར་ཡོད་པའི་ཕྱི་པའི་ལྷ་ཚོའི་རྗེས་སུ་སོང་བ་ཁོང་གིས་གཟིགས་ཡོད། ཡེ་རུ་ཤ་ལེམ་གྱི་མི་མང་ཁྱོད་ཚོ་འཇིགས་ཡོད། ཁྱོད་ཚོ་གཅང་མར་ནམ་འགྱུར་རམ༎

ཡེར་མི་ཡཱ། 14

འཐེན་པ་ཚབ་ཆེ།

1འཐེན་པའི་སྐོར་ལ་གཙོ་བོ་དཀོན་མཆོག་ཁོང་གིས་ང་ལ་གསུངས། 2ཡ་ཧུ་དཱ་ནི་མྱ་ངན་ངང་དུ་ཡོད། དེ་ཡི་གྲོང་ཁྱེར་ཚོ་ནི་འཆི་བཞིན་ཡོད། དེ་ཡི་མི་མང་སྡུག་བསྔལ་ངང་ས་རུ་ཉལ། ཡེ་རུ་ཤ་ལེམ་རོགས་རམ་ཆེད་དུ་འབོད། 3ཕྱུག་པོའི་མི་ཚོས་རང་གཡོག་ཆུ་ལེན་བཏང་། ཁྲོན་པའི་ཁར་རུ་སོང་ཡང་ཆུ་མ་རྙེད། སྣོད་སྟོང་འཁྱེར་ནས་དེ་ཚོ་ཕྱིར་ལོག་ཡོང་། སེམས་ཤུགས་ཆགས་ཤིང་མགོ་ནི་འཐོམས་པར་འགྱུར། དེ་ཚོས་རང་གི་གདོང་པ་འགེབས་པར་བྱེད། 4ཆར་པ་མ་བབས་རྐྱེན་གྱིས་ས་སྐམ་མོ། ཞིང་པ་ཚོ་ཡི་སེམས་འཁྲལ་བྱེད། དེ་ཚོས་རང་གི་གདོང་པ་འགེབས་པར་བྱེད། 5ཞིང་ཁའི་ནང་དུ་ཤྭ་བ་ཨ་མ་ཡིས། རང་གི་ཤྭ་ཕྲུག་གསར་སྐྱེས་དོར་བར་བྱེད། གང་ལ་ཟེར་ན་དེ་ཚོར་རྩ་མེད་དོ། 6རྐྱང་རྣམས་རི་བོའི་སྟེང་ལངས་ཤིང་། ཁྱི་སྤྱང་བཞིན་དུ་དབུགས་ཐུང་གཏོང་བར་བྱེད། དེ་ཡི་མིག་གི་མཐོང་བའི་ནུས་པ་མེད། གང་ལ་ཟེར་ན་དེ་ཚོར་ཟས་མེད་དོ། 7ང་ཡི་མི་མང་ང་ལ་ཞུ་འབོད་བྱེད། ང་ཚོའི་སྡིག་པས་ང་ཚོར་སྐྱོན་འདོན་ཡང་། ཁྱེད་ཀྱིས་ཞལ་བཞེས་གནང་བ་དེ་བཞིན་དུ། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ཚོར་སྐྱོབས། ང་ཚོས་ཐེངས་མང་ཁྱེད་ལ་སྤངས་ཡོད་པས། ཁྱེད་ཀྱི་སྤྱན་སྔར་ང་ཚོས་སྡིག་པ་གྱིས། 8སྐུ་ཉིད་ཁྱེད་ནི་ཨིསི་རཱཨེལ་པ་རྣམས་ཀྱི། རེ་བ་གཅིག་པོ་དེ་ནི་ཁྱེད་ཡིན་ནོ། ང་ཚོ་རྐྱེན་ངན་རྣམས་ལས་སྐྱོབས་མཁན་ཡིན། འགྲུལ་པ་མཚན་གཅིག་གནས་སར་སྡོད་མཁན་ལྟར། ཡུལ་འདི་ངོ་མ་ཤེས་ལྟར་ཅི་ལ་མཛད། 9དམག་མི་རོགས་བྱེད་ནུས་པ་མེད་པ་ལྟར། མི་ཡི་བླུ་བུར་ཡ་མཚན་ཅི་ལ་མཛད། ཐེ་ཚོམ་མེད་པར་གཙོ་བོ་དཀོན་མཆོག་ཁྱེད། ང་ཚོ་མཉམ་དུ་ཡོད་ཅིང་ང་ཚོ་ནི། ཁྱེད་ཀྱི་མི་ལ་ཡི་སྤོང་བར་མ་མཛོད་ཅིག། 10མི་མང་འདི་ཚོའི་སྐོར་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། དེ་ཚོ་ང་ལས་བྲོས་འགྱུར་དགའ་བ་དང་རང་ཚོད་ཟིན་མི་ཐུབ། དེའི་རྐྱེན་ང་དེ་ཚོར་མི་དགའ་བས་ངས་དེ་ཚོའི་ནོར་འཁྲུལ་དྲན་རྒྱུ་དང་། དེ་ཚོའི་སྡིག་པའི་རྐྱེན་གྱིས་དེ་ཚོར་ཆད་པ་གཏོང་རྒྱུ་ཡིན་ནོ། 11གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ཁྱོད་ཀྱིས་ང་ལ་མི་དེ་ཚོར་རོགས་བྱེད་རོགས་མ་ལབ་ཅིག། 12དེ་ཚོས་སྨྱུང་གནས་བྱས་ན་ཡང་ངས་དེ་ཚོའི་ཞུ་འབོད་ལ་ཉན་རྒྱུ་མིན་ནོ། དེ་ཚོས་ང་ལ་སྦྱིན་སྲེག་གི་མཆོད་པ་དང་འབྲུའི་མཆོད་པ་ཕུལ་ན་ཡང་ང་དེ་ཚོ་ལ་དགའ་བར་མི་བྱེད། དེ་ལས་ལྡོག་ཏེ་ངས་དེ་ཚོ་ལ་དམག་འཁྲུགས་ནང་དང་མུ་གེ་དང་ནད་ཡམས་བཅས་ཀྱི་གསོད་རྒྱུ་ཡིན། 13དེ་ནས་ངས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གི་མཁྱེན་པ་ལྟར། ལུང་སྟོན་པ་ཚོས་ཁྱེད་ཀྱིས་ཞལ་བཞེས་གནང་བ་ལྟར་དམག་དང་མུ་གེ་མི་ཡོང་བ་དང་ང་ཚོའི་ཡུལ་དུ་བདེ་སྐྱིད་ཡོང་གི་རེད་ཅེས་མི་མང་ལ་ཤོད་བཞིན་འདུག་ཅེས་ཞུས་སོ། 14འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ལུང་སྟོན་པ་ཚོས་ངའི་མིང་ཐོག་རྫུན་གྱི་ལུང་སྟོན་ནོ། ངས་དེ་ཚོ་བཏང་མེད་པ་མ་ཟད་བཀའ་གང་ཡང་བཏང་མེད་པ་དང་། དེ་ཚོར་ཚིག་ཅིག་ཀྱང་བཤད་མེད། དེ་ཚོས་སྨྲ་བའི་ཞལ་གཟིགས་རྣམས་ངས་སྟོན་པ་མ་ཡིན། དེ་ཚོའི་མངོན་ཤེས་རྣམས་དེ་ཚོའི་བསམ་བློ་བཏང་བ་ལྟར་ཕན་མེད་འབའ་ཞིག་ཡིན་ནོ། 15གཙོ་བོ་དཀོན་མཆོག་གིས། ཁྱོད་ལ་ངས་མ་བཏང་བའི་ལུང་སྟོན་པ་དེ་ཚོ་ངའི་མིང་ནས་ཡུལ་འདིར་དམག་དང་མུ་གེ་མི་ཡོང་ཟེར་མཁན་ཚོར་ཇི་བྱ་རྒྱུ་ཡིན་པ་དེ་ཁྱོད་ལ་ཤོད་རྒྱུ་ཡིན་ནོ། ངས་དེ་ཚོར་དམག་དང་མུ་གེས་གསོད་རྒྱུ་ཡིན་ནོ། 16དེ་ཚོས་ཤོད་སའི་མི་ཚོ་ཡང་དེ་ལྟར་གསོད་པར་བྱེད་དེ། དེ་ཚོའི་རོ་རྣམས་ཡེ་རུ་ཤ་ལེམ་གྱི་རྒྱ་ལམ་སྟེང་དུ་དོར་བ་དང་། དེ་ཚོ་ལ་སྦས་མཁན་སུ་ཡང་མི་ཡོང་ངོ་། དེ་ཚོའི་ཆུང་མ་དང་བུ་དང་བུ་མོ་ཚོ་ཚང་མར་དེ་ལྟར་ཡོང་བར་འགྱུར། ངས་དེ་ཚོའི་སྤྱོད་ངན་གྱི་ལན་འཇལ་དུ་འཇུག་རྒྱུ་ཡིན་ནོ། 17གཙོ་བོ་དཀོན་མཆོག་གིས་མི་མང་ལ་ངའི་སྡུག་བསྔལ་གྱི་སྐོར་ཤོད་དགོས་པའི་བཀའ་གནང་བ་དང་། འདི་ལྟར་ཤོད་གསུངས་བྱུང་། ང་ཡི་མིག་ཆུ་ཉིན་མཚན་མེད་པར་ཐོན། ང་ཡི་ངུ་རྒྱུ་བར་མཚམས་མ་ཆད་ཤོག། གང་ལ་ཟེར་ན་ང་ཡི་མི་མང་རྣམས། གཏིང་ཟབ་རྨས་ཤིང་ཚབ་ཆེན་མནར་ཡོད་དོ། 18ང་ནི་ཞིང་ཁར་འགྲོ་བའི་སྐབས་དེ་ལ། དམག་ཏུ་བསད་པའི་མི་ཡི་རོ་མཐོང་ངོ་། ང་ནི་གྲོང་ཁྱེར་རྣམས་ནང་དུ་འགྲོ་བའི་སྐབས། ང་ཡིས་མི་མང་མུ་གེས་འཆི་བ་མཐོང་། ལུང་སྟོན་པ་དང་བླ་མ་རྣམས་ཀྱི་རང་ལས་བྱེད། བྱེད་མི་དེ་ཚོས་ཅི་བྱེད་མི་ཤེས་སོ༎

མི་མང་གིས་གཙོ་བོ་དཀོན་མཆོག་ལ་ཞུ་བ་ཕུལ་བ།

19གཙོ་བོ་དཀོན་མཆོག་སྐུ་ཉིད་ངེད་ཚོ་ལ། ཡ་ཧུ་དཱ་རྣམས་སྤོང་བར་མཛད་ཡིན་ནམ། ཛི་ཡོན་མི་མང་སྡང་བར་བྱེད་ཡོད་དམ། ངེད་ཚོ་ནམ་ཡང་གསོ་བར་མི་འགྱུར་བའི། ཁྱེད་ཀྱིས་ང་ཚོར་དྲག་པོས་ཅི་ལ་མནར། ངེད་ནི་ཞི་བདེར་འདོད་ཀྱང་མ་ལེགས་སོ། ང་ཚོས་གསོ་བའི་རེ་བ་བྱས་ན་ཡང་། དེ་ཡི་ཚབ་ཏུ་འཇིགས་སྐྲག་འབའ་ཞིག་བྱུང་། 20གཙོ་བོ་དཀོན་མཆོག་ཁྱེད་ཀྱི་སྤྱན་སྔ་རུ། ང་ཚོས་སྡིག་པ་གྱིས་པ་ཡིན་པའི་སྟབས། ང་ཚོ་དང་ནི་ང་ཚོའིི་ཕ་མེས་ཚོས། སྡིག་པ་རྣམས་ལ་ཁས་ལན་ཞུས་རྒྱུ་ཡིན། 21ཁྱེད་ཀྱིས་ཞལ་བཞེས་མཛད་པ་དྲན་པར་མཛོད། ཁྱེད་ཀྱིས་ང་ཚོར་སྨད་པར་མ་མཛོད་ཅིག། ཁྱེད་ཀྱི་བཞུགས་ཁྲི་གཟི་བརྗིད་ཅན་ཡོད་ནས། ཡེ་རུ་ཤ་ལེམ་ལ་ནི་དམའ་འབེབས་མ་གནང་ཤིག། ང་ཚོ་མཉམ་དུ་གནང་བའི་དམ་བཅའ་མ་སྤངས་ཤིག། 22མི་མང་ཚོ་ཡི་སྐུ་འདྲ་ཞིག་ལ་ནི། ཆར་བ་འབེབས་པས་ནུས་པ་དེ་ཚོར་མེད། ནམ་མཁའ་ཉིད་ཀྱིས་ཆར་པ་འབེབས་མི་ཐུབ། གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ཁྱེད། དེ་ལྟར་མཛད་མཁན་གཅིག་པོ་ཁྱེད་ཡིན་པས། ང་ཚོས་ཁྱེད་ལ་རེ་བ་བཅོལ་ཡོད་དོ༎

ཡེར་མི་ཡཱ། 15

ཡ་ཧུ་དཱ་པའི་མི་མང་ལ་འཇིགས་པ།

1དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། མོ་ཤེ་དང་ཤ་མུ་ཨེལ་གཉིས་འདིར་ལངས་ནས་ང་ལ་ཞུ་བ་ཕུལ་ན་ཡང་ངས་མི་མང་འདི་ཚོར་སྙིང་རྗེ་མི་བྱེད་དོ། དེ་ཚོ་ལ་ཕར་གཏོང་ཞིག། དེ་ཚོ་ངའི་མཐོང་ཡུལ་ནས་ཕར་གཏོང་ཞིག 2ཁྱོད་ལ་དེ་ཚོས་ང་ཚོ་གང་དུ་འགྲོ་དགོས་ཤེས་འདྲིས་པ་ཡིན་ན་ངས་ཇི་ལྟར་སྨྲས་པ་དེ་ཚོར་ཤོད་ཅིག འགའ་ཤས་ནད་ཀྱི་རྐྱེན་གྱིས་འཆི་བར་འགྱུར། དེ་ནི་དེ་ཚོའི་འགྲོ་ཡུལ་ཡིན། གཞན་ཚོ་དམག་ཏུ་ཕྱིན་ནས་འཆི་བར་འགྱུར། དེ་ནི་དེ་ཚོའི་འགྲོ་ཡུལ་ཡིན། འགའ་ཤས་མུ་གེས་རྐྱེན་གྱིས་འཆི་བར་འགྱུར། དེ་ནི་དེ་ཚོའི་འགྲོ་ཡུལ་ཡིན། གཞན་ཚོ་བཟུང་ནས་བཙོན་པར་འཁྲིད་པར་འགྱུར། དེ་ནི་དེ་ཚོའི་འགྲོ་ཡུལ་ཡིན། 3ང་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་འཇིགས་སུ་རུང་བ་བཞི་ཡོང་བའི་ཐག་གཅོད་བྱས་པ་ཡིན། དེ་ཚོ་དམག་ཏུ་གསོད་པར་འགྱུར། དེ་ཚོའི་རོ་རྣམས་ཁྱིས་འདྲུད་པར་འགྱུར། དེ་ཚོ་བྱ་ཚོས་ཟ་བར་འགྱུར། ལྷག་མ་རྣམས་གཅན་གཟན་གྱིས་ཟ་བར་འགྱུར་རོ། 4ཧི་ཛི་ཀི་ཡའི་བུ་མ་ནསེ་སཱེ་ཡ་ཧུ་དཱ་པའི་རྒྱལ་པོ་བྱེད་སྐབས་སུ། ཡེ་རུ་ཤ་ལེམ་དུ་གང་བྱས་པའི་རྐྱེན་གྱིས་ངས་འཛམ་བུ་གླིང་གི་མི་མང་རྣམས་ལ་དེ་ཚོར་འཇིགས་པར་བྱ་རྒྱུ་ཡིན་ནོ། 5གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཡེ་རུ་ཤ་ལེམ་མི་མང་ཁྱོད་ཚོ་ལ། སུ་ཞིག་གིས་ནི་ཁྱོད་ཆོར་སྙིང་རྗེ་སྐྱེས། ཁྱོད་ཚོའི་ཆེད་དུ་མྱ་ངན་བྱེད་འགྱུར་རམ། ཁྱོད་ཚོ་ཇི་འདྲ་ཡོད་མེད་སུས་དྲིས་སམ། 6མི་མང་ཁྱོད་ཚོས་ང་ལ་སྤོང་བར་བྱས། ཁྱོད་ཚོས་ང་ལ་རྒྱབ་བསྒྱུར་འགྱུར་ནས། ང་ཡི་ཁྲོ་བར་བཟོད་སྲན་གྱིས་ཆད་པས། ང་ཡི་ལག་པ་བརྐྱངས་ནས་ཁྱོད་ཚོ་མནར། 7ཡུལ་གྱི་གྲོང་ཁྱེར་ཚང་མ་ཡི་ནང་དུ། ཁྱོད་ཚོ་སོག་མ་ལྟར་ངས་རླུང་བསྐྱུར། ང་ཡི་རང་གི་མི་མང་མེད་པར་བཟོས། ཁྱོད་ཚོའི་བུ་ཕྲུག་ང་ཡིས་བསད་པར་གྱིས། གང་ལ་ཟེར་ན་ཁྱོད་ཚོ་ཚང་མ་ཡིས། རང་གི་ངན་ལས་མཚམས་འཇོགས་བྱས་མེད་དོ། 8རྒྱ་མཚོའི་འགྲམ་གྱི་བྱེ་མའི་གྲངས་ཀ་ལས། ཁྱོད་ཚོའི་ཡུལ་ནང་ཡུགས་ཟ་མ་ནི་མང་། ཁྱོད་ཚོའི་ན་གཞོན་དར་མའི་སྐབས་བསད་ནས། དེ་ཚོའི་མ་རྣམས་སྡུག་བསྔལ་མྱོང་དུ་བཅུག། དེ་ཚོར་བློ་བུར་སེམས་ནད་འཇིགས་སྐྲག་ཕབ། 9ཕྲུ་གུ་བདུན་ཙམ་ཤི་བའི་མ་རྣམས་འགྱེལ། དབུགས་ནི་གཏོང་ལེན་བྱེད་སྐབས་འཐབ་རྩོད་བྱེད། མོ་ཡི་ཉིན་མོའི་འོད་རྣམས་མུན་པར་འགྱུར། དམའ་འབེབས་བྱུང་ཞིང་སེམས་ལ་ནད་བྱུང་ངོ་། ང་ཡི་ཁྱོད་ཚོའི་ལྷག་ལུས་དགྲས་གསོད་འཇུག། གཙོ་བོ་དཀོན་མཆོག་ང་ཡི་སྨྲས་པ་ཡིན༎

ཡེར་མི་ཡཱས་གཙོ་བོ་དཀོན་མཆོག་ལ་སྐྱོན་བརྗོད་ཞུ་བའི་སྐོར།

10ང་ནི་དགའ་སྐྱིད་མེད་པའི་མི་ལྟར་ཡིན། ངའི་ཨ་མས་འཛམ་གླིང་འདིར་ཅི་ལ་སྐྱེས་རུ་འཇུག་པ་ཡིན་ནམ། ཡུལ་འདིའི་ནང་ངས་མི་ཚང་མ་དང་འཁྲུགས་རྩོད་རྒྱབ་དགོས་ཀྱི་འདུག ངས་སུ་ལ་ཡང་དངུལ་བུ་ལོན་བཏང་བ་དང་གཡར་བ་སོགས་གྱིས་མེད་དོ། ཚང་མས་ང་ལ་དམོད་ཀྱིས་འདུག། 11གཙོ་བོ་དཀོན་མཆོག་ངས་ཁྱེད་ལ་ཞབས་ཕྱི་གང་ལེགས་ཞུས་མེད་པ་དང་། ངའི་དགྲ་བོ་ཚོ་དཀའ་ངལ་དང་སྡུག་བསྔལ་ནང་ཡོད་སྐབས་སུ། ངས་ཁོ་ཚོའི་ཆེད་ཁྱེད་ལ་ཞུ་འབུལ་བྱས་མེད་པ་ཡིན་ན་དམོད་པ་རྣམས་དངོས་སུ་འགྱུར་བ་མཛོད་ཅིག 12(སུས་ཀྱང་བྱང་ཕྱོགས་ཀྱི་ལྕགས་ལི་དང་འདྲེས་པ་གཅོག་པར་མི་ནུས་སོ།) 13གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ངའི་མི་མང་ཚོ་ཡུལ་ཡོངས་རྫོགས་སུ་སྡིག་པ་གྱིས་པའི་ཆེད་ཆད་པ་གཏོང་བའི་ཕྱིར་ངས་དེ་ཚོའི་དགྲ་བོ་རྣམས་ལ་དེ་ཚོའི་རྒྱུ་ནོར་དང་གཏེར་མཛོད་རྣམས་འཕྲོག་པར་གཏོང་རྒྱུ་ཡིན་ནོ། 14ངས་དེ་ཚོ་ལ་རྒྱུས་མེད་པའི་ཡུལ་དུ་དེ་ཚོའི་དགྲ་བོ་ཚོའི་གཡོག་རྒྱུགས་སུ་འཇུག་གི་ཡིན། གང་ལ་ཟེར་ན། ངའི་ཁྲོ་བ་མེ་ལྟར་ཡིན་པ་དང་དེ་ནི་གཏན་གྱི་ཆེད་འབར་བར་འགྱུར་རོ། 15དེ་ནས་ངས་ཞུས་པར། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་མཁྱེན་པ་ཡིན་པས། ང་ལ་དྲན་པ་གནང་ནས་རོགས་གནང་བར་མཛོད། ང་ལ་དེད་མཁན་ཚོར་དགྲ་ཤ་ལེན་དུ་འཇུག་པ་གནང་རོགས་གནང་། དེ་ཚོས་ང་གསོད་ཐུབ་རྒྱུར་ཁྱེད་ཀྱི་བཟོད་སྲན་མ་མཛད་རོགས་གནང་། ཁྱེད་ཀྱི་དོན་དུ་ང་ལ་དམའ་འབེབས་བྱས་པ་ཐུགས་དྲན་གསོས་པར་མཛོད། 16ཁྱེད་ཀྱིས་ང་ལ་བཀའ་གནང་བ་ལྟར་ངས་བཀའ་ཚང་མ་སྒྲུབ་ཡོད། ཀུན་དབང་ཅན་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ང་ཁྱེད་ལ་བདག་པ་ཡིན་པས། ཁྱེད་ཀྱི་བཀའ་ཡིས་ངའི་སེམས་དགའ་བ་དང་བདེ་སྐྱིད་ཀྱིས་ཁེངས་པར་འགྱུར་རོ། 17ངས་མི་གཞན་མཉམ་དུ་ངའི་དུས་ཚོད་དེ་གད་མོ་གད་ཅིང་སྐྱིད་པོ་བྱས་ནས་བསྡད་མེད། ཁྱེད་ཀྱི་བཀའ་ལ་ཉན་ཕྱིར་ང་གཅིག་པུར་གནས་པ་དང་ཁྲོ་བས་ཁེངས་པར་འགྱུར་རོ། 18ཅི་ལ་ང་སྡུག་བསྔལ་མུ་མཐུད་མྱོང་དགོས་པ་ཡིན་ནམ། ངའི་རྨ་རྣམས་མི་གསོ་བ་ཅི་ཡིན་ནམ། དེ་ཚོ་མི་གསོ་བ་ཅི་ཡིན་ནམ། ཆུ་མིག་དབྱར་དུས་སུ་ཡང་སྐམ་པོ་གནས་པ་ལྟར། ཁྱེད་ཀྱིས་ང་ཡིད་མ་རངས་པར་བློ་ཕམ་དུ་འཇོག་པར་གནང་འདོད་ཡོད་པ་ཡིན་ནམ། 19དེར་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཁྱོད་ལོག་ཡོང་བ་ཡིན་ན། ངས་ཁྱོད་ལ་ངོས་ལེན་བྱ་རྒྱུ་དང་། ཁྱོད་ཡང་སྐྱར་ངའི་ཞབས་ཕྱིར་འགྱུར་རོ། དོན་མེད་ཀྱི་གཏམ་སྨྲ་བའི་ཚབས་སྙིང་པོ་ཅན་གྱི་འཕྲིན་གསལ་སྒྲགས་བྱོས་ཤིག་དང་། ཁྱོད་ཡང་སྐྱར་ངའི་ལུང་སྟོན་པར་འགྱུར། མི་མང་ཁྱོད་ཀྱི་སར་ཡོང་བས་ཁྱོད་ཁོ་ཚོའི་སར་འགྲོ་མི་དགོས་སོ། 20དེ་ཚོའི་ཆེད་དུ་ངས་ཁྱོད་ལིའིི་ལྕགས་རི་བརྟན་པོ་ཞིག་ལྟར་བཟོ་རྒྱུ་ཡིན། དེ་ཚོས་ཁྱོད་ལ་འཐབ་ན་ཡང་ཁྱོད་ཕམ་པར་བྱེད་མི་ཐུབ། ངས་ཁྱོད་སྐྱོབས་པ་དང་སྐྱོན་མེད་བརྟན་པོར་འཇོག་པའི་ཆེད་ཁྱོད་མཉམ་དུ་ཡོད། 21ངས་ཁྱོད་སྤྱོད་ངན་ཚོའི་མཐུ་དང་དྲག་ཤུགས་ཅན་གྱི་མི་ཚོ་ལས་སྐྱོབས་རྒྱུ་ཡིན་ཞེས། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཡེར་མི་ཡཱ། 16

ཡེར་མི་ཡཱའི་མི་ཚེ་ཆེད་དུ་གཙོ་བོ་དཀོན་མཆོག་གིས་ཐུགས་འདོད།

1ཡང་སྐྱར་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་མོལ་གནང་ནས་གསུངས་པ། 2ཆང་ས་མ་རྒྱོབ་ཅིག། ཡུལ་འདི་ལྟ་བུར་ཕྲུ་གུ་མ་བཟོས་ཤིག། 3འདིར་སྐྱེས་པའི་ཕྲུ་གུ་དང་དེ་ཚོའི་ཕ་མ་ཚོར་ཇི་ལྟར་ཡོང་རྒྱུ་ཡིན་པ་ངས་ཁྱོད་ལ་ཤོད་རྒྱུ་ཡིན་ནོ། 4དེ་ཚོ་ནད་ཚབ་ཆེ་བ་ཞིག་གིས་འཆི་བ་དང་། སུ་ཡང་དེ་ཚོའི་ཆེད་དུ་མྱང་ངན་མི་བྱེད་པ་དང་སྦས་པར་མི་བྱེད། དེ་ཚོའི་རོ་རྣམས་ས་སྟེང་གི་ལུད་ཕུང་དྲང་འདྲའོ། དེ་ཚོ་དམག་ཏུ་གསོད་པ་དང་། མུ་གེས་འཆི་བར་འགྱུར་བ་དང་། དེ་ཚོའི་རོ་རྣམས་བྱ་དང་གཅན་གཟན་གིས་ཟས་སུ་འགྱུར་རོ། 5ཁྱོད་མྱ་ངན་བྱ་སའི་ཁྱིམ་དུ་འགྲོ་བར་མི་བྱའོ། སུའི་ཆེད་དུ་ཡང་མྱ་ངན་མ་བྱེད། ངའི་མི་མང་ལ་ཞི་བདེའི་ངང་བྱིན་རླབས་སྤྲོད་པ་དང་བརྩེ་བ་དང་སྙིང་རྗེ་འདོན་པ་བཅས་ངས་ད་ནས་ཟུང་ནམ་ཡང་མི་བྱེད། 6ཡུལ་འདིར་ཕྱུག་པོ་དང་དབུལ་པོ་རྣམས་འཆི་བ་དང་སུས་ཀྱང་དེ་ཚོ་སྦས་པ་དང་དེ་ཚོའི་ཆེད་དུ་མྱ་ངན་མི་བྱེད་དོ། སུ་ཞིག་གིས་ཀྱང་མྱ་ངན་བྱེད་པའི་ཆེད་རང་ལ་རྨ་གཏིང་ཟབ་དང་སྐྲ་ཞར་བ་སོགས་མི་བྱེད་དོ། 7རང་གི་ཉེ་བ་དང་བརྩེ་བ་ཞིག་གྲོངས་སྐབས་དེར་སེམས་གསོ་བྱེད་པར་སུས་ཀྱང་ཟ་འཐུང་མི་བྱེད་དོ། སུ་ཞིག་གི་ཕ་མ་ཤི་ན་ཡང་དེ་ལ་སུས་ཀྱང་སེམས་གསོ་གཏོང་བར་མི་བྱེད་དོ། 8ཁྱོད་མི་མང་ཐུགས་སྤྲོ་གཏོང་བའི་ཁྱིམ་དུ་མ་སོང་ཞིག དེ་ཚོ་མཉམ་དུ་སྡོད་པ་དང་ཟ་བ་དང་འཐུང་བ་བཅས་མ་བྱེད་ཅིག 9ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ཇི་ལྟར་སྨྲ་བར་ཉོན་ཞིག ངས་སྐྱིད་པོ་དང་དགའ་བའི་སྒྲ་དང་ཆང་སའི་ཐུགས་སྤྲོའི་དགའ་སྐྱིད་ཀྱི་སྒྲ་རྣམས་མཚམས་འཛོག་བྱ་རྒྱུ་ཡིན། འདིར་ཡོད་པའི་མི་རྣམས་ཀྱིས་རང་ཉིད་མ་འཆི་བའི་སྔོན་དུ་དེ་ལྟར་བྱུང་བ་མཐོང་ཡོང། 10ཁྱོད་ཀྱིས་དེ་ཚོ་ལ་འདི་ཚོ་ཚང་མ་ཤོད་སྐབས་དེ་ཚོས་ཁྱོད་ལ་ངས་དེ་ཚོ་ལ་ཉེས་པ་ཧ་ཅང་རྩུབ་པོ་དེ་ལྟར་གཏོང་རྒྱུར་ཐག་གཅོད་ཅི་ལ་བྱེད་པ་རེད་དམ་ཞེས་འདྲིས་པར་འགྱུར། དེ་ཚོས་རང་གི་ཁྲིམས་འགལ་གང་གི་སྐྱོན་བརྗོད་དང་དེ་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད་སྐོར་འདྲི་པར་འགྱུར། 11དེ་དུས་དེ་ཚོ་ལ་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཤོད་ཅིག ཁྱོད་ཀྱི་ཕ་མེས་ཚོས་ང་ལས་ངོ་ལོག་ཏེ་ལྷ་གཞན་ཚོར་མཆོད་ཅིང་ཞབས་ཕྱི་ཞུས་ཡོད། དེ་ཚོས་ང་སྤངས་ནས་ངའི་སློབ་སྟོན་ཚོ་ལ་ཉེན་མེད་དོ། 12འོན་ཀྱང་ཁྱོད་ཚོས་ཁྱོད་ཚོའི་རང་གི་ཕ་མེས་ཚོ་ལས་ཀྱང་ཧ་ཅང་སྡུག་པོ་བྱས་ཡོད། ཁྱོད་ཚོ་ཚང་མ་གྱོང་པོ་དང་ངན་པ་ཡིན་པས་ངའི་བཀའ་ལ་ཉན་གྱི་མེད་དོ། 13དེ་འདྲ་སོང་ཙང་ཁྱོད་ཚོ་དང་ཁྱོད་ཚོའི་ཕ་མེས་ཚོས་མ་ཤེས་པའི་ཡུལ་ཞིག་ཏུ་ཕྱིར་འབུད་གཏོང་རྒྱུ་ཡིན། དེར་ཁྱོད་ཚོས་ཉིན་མཚན་མེད་པར་ལྷ་གཞན་ཚོའི་ཞབས་ཕྱི་ཞུ་བ་དང་ངས་ཁྱོད་ཚོར་སྙིང་རྗེ་བྱེད་རྒྱུ་མིན་ནོ༎ 14གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། མི་མང་གིས་ཨིསི་རཱཨེལ་པ་རྣམས་ཨི་ཇིབ་ཡུལ་ནས་འདོན་མཁན་ང་འཚོ་བཞིན་པའི་དཀོན་མཆོག་གི་མཆན་ནས་མནའ་མི་བསྐྱེལ་བའི་དུས་ཚོད་ཅིག་ཡོང་བཞིན་ཡོད། 15དེའི་ཚབ་ལ་དེ་ཚོས་ཨིསི་རཱཨེལ་གྱི་མི་མང་རྣམས་བྱང་གི་ཡུལ་དང་ངས་ཁ་སྟོར་བའི་ལུང་པ་རྣམས་ནས་འདོན་མཁན་འཚོ་བཞིན་པའི་དཀོན་མཆོག་ངའི་མིང་ཐོག་མནའ་བསྐྱེལ་བར་བྱེད་དོ། ངས་དེ་ཚོ་རང་གི་ཡུལ་དེ་ཚོའི་ཕ་མེས་ཚོར་སྤྲོད་པ་དེར་འཁྲིད་པར་བྱ་ཞེས། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

མ་འོངས་པའི་ཉེས་ཆད།

16གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངས་ཉ་པ་མང་པོ་མི་མང་དེ་ཚོ་བཟུང་བའི་ཕྱིར་དེར་གཏོང་བཞིན་ཡོད། དེ་ནས་ངས་ཁྱི་ར་བ་མང་པོ་རི་བོ་རྣམས་དང་རི་ཕྲན་རྣམས་དང་བྲག་རིའི་ཁྲོད་ཀྱི་བྲག་ཕུག་བཅས་ཀྱི་ནང་དེ་ཚོ་འཚོལ་ཞིབ་བྱ་བར་གཏོང་རྒྱུ་ཡིན། 17ངས་དེ་ཚོས་གང་བྱས་པ་རྣམས་མཐོང་གི་འདུག། ང་ནས་གང་ཡང་སྦས་མི་ཐུབ་བོ། དེ་ཚོའི་སྡིག་པ་རྣམས་ངའི་མིག་ནས་ཐར་མི་ཐུབ། 18ངས་དེ་ཚོའི་སྡིག་པ་དང་སྤྱོད་ངན་རྣམས་ལན་གཉིས་ལྡབ་འཇལ་དུ་འཇུག་རྒྱུ་ཡིན། གང་ལ་ཟེར་ན། དེ་ཚོས་ངའི་ཡུལ་དེ་སྲོག་མེད་པའི་རོ་ལྟར་གྱི་སྐུ་འདྲས་མི་གཙང་བ་བཟོས་པ་དང་། དེ་ཚོའི་ལྷ་རྫུན་མ་ཚོས་བཀང་ཡོད་དོ༎

ཡེར་མི་ཡཱའི་གཙོ་བོ་དཀོན་མཆོག་ལ་བློས་འཁེལ་བའི་སྨོན་ལམ།

19གཙོ་བོ་དཀོན་མཆོག་ཁྱེད་ནི་ང་སྐྱོབས་མཁན་དང་ང་ལ་ནུས་ཤུགས་གནང་མཁན་དེ་ཡིན་ནོ། ང་ལ་དཀའ་ངལ་བྱུང་སྐབས་ཁྱེད་ཀྱིས་ང་ལ་རོགས་རམ་གནང་ཡོད། མི་རིགས་ཚོ་ས་གཞིའི་མཐའ་ནས་ཡོང་ཞིང་ཁྱེད་ལ་འདི་ལྟར་ཞུས་ཡོང་། ང་ཚོའི་ཕ་མེས་ཚོར་ལྷ་རྫུན་མ་དང་ཕན་ཐོག་མེད་པའི་སྐུ་འདྲ་ཚོ་མ་གཏོགས་གཞན་གང་ཡང་མེད་དོ། 20མི་རང་ཉིད་ཀྱིས་རང་གི་ལྷ་བཟོ་ཐུབ་བམ། ཁོས་ཏན་ཏན་དེ་ལྟར་བཟོ་མི་ཐུབ། ཁོས་བཟོས་པ་ཡིན་ན་དེ་ཚོ་ལྷ་ངོ་མ་མ་ཡིན་ནོ། 21གཙོ་བོ་དཀོན་མཆོག་གིས། དེར་བརྟེན་ངས་གཏན་གྱི་ཆེད་དུ་མི་རིགས་ཚོ་ལ་ངའི་ནུས་ཤུགས་དང་མཐུ་སྟོབས་ངོ་ཤེས་པ་བཟོ་རྒྱུ་ཡིན་ནོ། དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་གསུངས་སོ༎

ཡེར་མི་ཡཱ། 17

ཡ་ཧུ་དཱ་པའི་སྡིག་པ་དང་ཉེས་ཆད།

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཡ་ཧུ་དཱ་པའི་མི་མང་རྣམས་ཁྱོད་ཚོའི་སྡིག་པ་རྣམས་ལྕགས་ཀྱི་སྨྱུ་གུས་བྲིས་ཡོད་དོ། དེས་ཁྱོད་ཀྱི་སེམས་ནང་རྡོ་རྗེ་ཕ་ལམ་གྱི་རྩེས་རྐོས་ཡོད་པ་དང་། ཁྱོད་ཀྱི་མཆོད་ཁྲིའི་ཟུར་ཚོར་སྤྲོད་རྒྱབ་ཡོད། 2ཁྱོད་ཀྱི་མི་མང་ཚོས་མཆོད་ཁྲིད་ཚོ་དང་ལྷ་མོ་ཨ་ཤེ་རཱའི་མཚན་མ་ཤིང་སྡོང་ལྗང་ཁུ་ཚོ་དང་རི་མཐོ་པོའི་སྟེང་དང་། 3རི་སྟེང་ལ་ཡོད་པའི་ཡུལ་སྟོང་པ་བཅས་ལ་མཆོད་དོ། ཁྱོད་ཚོས་ཡུལ་ཁམས་ཡོངས་སུ་སྡིག་པ་གྱིས་པའི་རྐྱེན་གྱིས་ངས་ཁྱོད་ཚོའི་རྒྱུ་ནོར་དང་ནོར་མཛོད་རྣམས་ཁྱོད་ཚོའི་དགྲ་བོར་འཕྲོག་ཏུ་འཇུག་རྒྱུ་ཡིན་ནོ། 4ངས་ཁྱོད་ཚོར་སྨྲས་པའི་ཡུལ་དེ་ཁྱོད་ཚོས་སྤོང་དགོས་པ་དང་། ཁྱོད་ཚོས་མ་ཐོས་པའི་ཡུལ་དུ་དགྲ་བོའི་གཡོག་རྒྱུག་ཏུ་འཇུག་རྒྱུ་ཡིན་ནོ། གང་ལ་ཟེར་ན། ངའི་ཁྲོ་བ་མེ་ལྟར་ཡོད་པ་དང་དེ་གཏན་དུ་འབར་བར་འགྱུར་རོ༎

བཤད་སྲོལ་འདྲ་མིན།

5གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ང་ལས་ཁ་ཕྱོགས་བསྒྱུར་མཁན་ཚོར་དང། མི་ཏག་པའི་འགྲོ་བ་མིའི་ནུས་ཤུགས་ལ་བློ་བཅོལ་མཁན། དེ་ཚོ་ལ་ནི་ང་ཡིས་དམོད་རྒྱུ་ཡིན། 6དེ་ཚོ་ནི་བྱེ་ཐང་ནང་དུ་སྐྱེས་པའི་ཤིང་ལྡུམ་ལྟར། གང་ཡང་མི་སྐྱེས་ཚྭ་ཡི་བྲོ་བ་ཡོད་པའི་ས། ལུང་སྟོང་སྐམ་པོར་སྐྱེས་མཁན་དེ་དང་འདྲ། ཁོ་ཚོ་ལ་ལེགས་པར་ཅི་ཡང་ཡོང་མི་འགྱུར། 7འོན་ཀྱང་ང་ལ་བློ་བཅོལ་བྱ་མཁན་གྱི། སྐྱེ་བོ་དེ་ཚོར་ང་ཡིས་བྱིན་རླབས་སྤྲོད། 8ཁོ་ཚོ་ནི་ཆུ་ཡི་འགྲམ་དུ་སྐྱེས་པའི་ཤིང་། ཆུ་ཡི་ནང་དུ་རྩ་བ་གཏོང་མཁན་འདྲ། དེ་ལ་ཚད་པ་སླེབས་སྐབས་མི་འཇིག་གོ། གང་ལ་ཟེར་ན་ལོ་མ་ལྗང་ཁུར་གནས། ཆར་པ་མེད་ཀྱང་དེ་ལ་སེམས་ཁྲལ་མེད། དེ་ལ་འབྲས་བུ་ཐོག་བཞིན་གནས་པར་འགྱུར། 9འགྲོ་བ་མི་ཡི་སེམས་ནི་སུས་རྟོགས་ནུས། དེ་ནི་བསླུ་འཁྲིད་མ་གཏོགས་གང་ཡང་མེད། དེ་ལ་གྲག་གསོ་ཧ་ཅང་ཁག་པོ་ཡིན། 10གཙོ་བོ་དཀོན་མཆོག་ང་ཡི་མི་ཡི་སེམས་འཚོལ་ཞིང་། མི་ཚོའི་སེམས་ལ་རྟགས་དཔྱད་བྱེད་པ་ཡིན། ང་ཡིས་ཚང་མ་སོ་སོའི་མི་ཚེའི་མདུན་ལམ་དུ། ཁོ་ཡིས་ཇི་ལྟར་གྱིས་པ་ནང་ལྟར་ཆ་འཛིན་བྱེད། 11དྲང་མིན་དངུལ་དེ་གསོག་འཛོག་བྱེད་མཁན་མི་དེ་ནི། རང་གི་མ་བཏང་བ་ཡི་སྒོ་ང་བསྙལ་བའི་བྱ་དང་འདྲ། ན་གསོ་དར་མར་ཁོ་ཡི་རྒྱུ་ནོར་རླག། མཐའ་མར་ཁོ་ནི་གླེན་པ་ཞིག་ཏུ་འགྱུར། 12ང་ཚོའི་མཆོད་ཁང་ཐོག་མར་རི་མཐོའི་རྩེར། གནས་པའི་གཟི་བརྗིད་ཅན་གྱི་རྒྱལ་ཁྲི་འདྲ། 13ཨིསི་རཱཨེལ་པ་ཡི་གཙོ་བོ་དཀོན་མཆོག་ཁྱེད། རེ་ས་ཡིན་ཞིང་ཁྱོད་ལ་སྤོང་མཁན་རྣམས། དེ་ཚོ་ཚང་མ་ངོ་ཚར་འཇུག་པར་བྱེད། དེ་ཚོ་རྡུལ་སྟེང་བྲིས་པའི་མིང་ལྟར་ཡལ། གང་ལ་ཟེར་ན་དེ་ཚོས་ཁྱེད་གཙོ་བོ་དཀོན་ཆོག། ཆུ་མིག་ཆུ་གཙང་དེ་ནི་སྤངས་ཡོད༎

ཡེར་མི་ཡཱས་གཙོ་བོ་དཀོན་མཆོག་ལ་རོགས་རམ་འབོད་བསྐུལ་ཞུས་པ།

14གཙོ་བོ་དཀོན་མཆོག་ང་ལ་དྲག་པར་མཛོད་དང་ང་མངོན་སུམ་བདེ་ཐང་དུ་འགྱུར། ང་ལ་སྐྱོབས་པར་མཛོད་དང་ང་ཧ་ཅང་སྐྱོན་མེད་བརྟན་པོར་འགྱུར། ངས་བསྟོད་པ་འབུལ་ས་གཅིག་པུ་དེ་ནི་ཁྱེད་ཡིན་ནོ། 15མི་མང་གིས་ང་ལ། གཙོ་བོ་དཀོན་མཆོག་གིས། ང་ཚོར་འཛིགས་སྣང་བཀུལ་གནང་བ་དེ་ཚོ་གང་དུ་ཡོད་དམ། ཁོང་ལ་དེ་ཚོ་ད་ལྟ་རང་བཏོན་དུ་བཅུག་ཅེས་ཟེར་རོ། 16འོན་ཀྱང་གཙོ་བོ་དཀོན་མཆོག། ངས་ཁྱེད་ལ་དེ་ཚོའི་སྟེང་དུ་རྐྱེན་ངན་གཏོང་བར་རྩ་བ་ནས་ཞུས་མེད་དོ། ང་ལ་དེ་ཚོའི་ཐོག་ཏུ་དཀའ་ངལ་ཀྱི་དུས་སྐབས་ཡོང་བའི་འདོད་པ་མེད་དོ། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་དེ་ལྟར་མཁྱེན་ནོ། ངས་ཇི་འདྲ་སྨྲས་པ་ཁྱེད་ཀྱིས་མཁྱེན་ནོ། 17ཁྱེད་ནི་ངའི་འཇིགས་པའི་རྐྱེན་ཞིག་ཏུ་མ་འགྱུར་རོགས་གནང་། ཁྱེད་ནི་ང་ལ་དཀའ་ངལ་ཡོང་སྐབས་ཀྱི་སྐྱབས་གནས་ཤིག་ཡིན་ནོ། 18གཙོ་བོ་དཀོན་མཆོག་ང་ལ་མནར་གཅོད་བྱ་མཁན་ཚོར་དམའ་འབེབས་བྱུང་དུ་འཇུག་ནས་ང་ལ་ཐར་བར་མཛད་རོགས། དེ་ཚོ་ལ་འཇིགས་སྐྲག་བསྐུལ་རོགས་གནང་། འོན་ཀྱང་ང་ལ་འཇིགས་སྐྲག་བསྐུལ་མ་གནང་རོགས། དེ་ཚོའི་སྟེང་དུ་རྐྱེན་ངན་འབེབས་ནས་དེ་ཚོ་དུམ་བུར་གཏོང་རོགས་གནང་༎

ངལ་གསོ་བའི་ཞག་སྲུང་བ།

19གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ཡེར་མི་ཡཱ་མི་མང་གི་རྒྱལ་སྒོ་ཡ་ཧུ་དཱ་པའི་རྒྱལ་པོ་ཚོ་གྲོང་ཁྱེར་ནང་འཛུལ་ཐོན་གནང་ཡུལ་དེར་སོང་ནས་ངའི་བཀའ་འཕྲིན་རྣམས་གསལ་སྒྲགས་བྱོས་ཤིག དེ་ནས་ཡེ་རུ་ཤ་ལེམ་གྱི་རྒྱལ་སྒོ་གཞན་ཚང་མའི་ནང་སོང་ཞིག 20རྒྱལ་པོ་ཚོ་དང་ཡ་ཧུ་དཱ་པའི་མི་མང་ཚོ་དང་ཡེ་རུ་ཤ་ལེམ་དུ་སྡོད་མཁན་ཚང་མ་དང་རྒྱལ་སྒོ་དེ་ཚོ་ནང་འཛུལ་མཁན་ཚོར་ངས་བརྗོད་པར་ཉོན་ཞིག་ཅེས་སྨྲོས་ཤིག 21དེ་ཚོས་རང་གི་སྲོག་ལ་བརྩེ་བཞིན་ཡོད་ན་ངལ་གསོ་བའི་ཞག་ལ་དེ་ཚོས་ཁལ་འཁུར་མི་ཆོག དེ་ཚོས་ཡེ་རུ་ཤ་ལེམ་གྱི་རྒྱལ་སྒོ་བརྒྱུད་གང་ཡང་འཁྱེར་མི་ཆོག་གོ 22ངལ་གསོ་བའི་ཞག་དེར་རང་གི་ཁྱིམ་ནས་གང་ཡང་འཁྱེར་མི་ཆོག་ཅེས་སྨྲོས་ཤིག ངལ་གསོ་བའི་ཞག་དེར་དེ་ཚོས་ལས་གང་ཡང་བྱེད་མི་ཆོག་ཅིང་། ངས་དེ་ཚོའི་ཕ་མེས་ཚོར་བཀའ་བཏང་བ་ལྟར་དེ་ཚོས་ཉིན་དེ་དམ་པར་སྲུང་བརྩི་བྱ་དགོས་སོ། 23དེ་ཚོའི་ཕ་མེས་ཚོས་ང་ལ་ཉན་པ་དང་དོ་སྣང་གང་ཡང་བྱས་མེད་དོ། དེའི་ཚབ་ལ་དེ་ཚོ་གྱོང་པོ་འགྱུར་བ་དང་དེ་ཚོས་ངའི་བཀའ་ལ་མ་ཉན་པ་དང་ང་ལས་གང་ཡང་སྦྱངས་མེད་དོ། 24མི་མང་དེ་ཚོར་ངའི་བཀའ་ཚང་མ་ཉན་དགོས་སྨྲོས་ཤིག། དེ་ཚོས་ངལ་གསོ་བའི་ཞག་གྲོང་ཁྱེར་འདིའི་རྒྱལ་སྒོའི་ནང་ཁལ་གང་ཡང་འཁྱེར་མི་ཆོག དེ་ཚོས་ངལ་གསོ་བའི་ཞག་དེ་དམ་པར་སྲུང་བརྩི་བྱ་དགོས་ཤིང་ལས་ཀ་གང་ཡང་བྱེད་མི་ཆོག་གོ 25དེ་ནས་དེ་ཚོས་རྒྱལ་པོ་ཚོ་དང་རྒྱལ་སྲས་ཚོར་ཡེ་རུ་ཤ་ལེམ་གྱི་རྒྱལ་སྒོའི་ནང་འཛུལ་བ་དང་དཱ་བིད་ལྟར་རྒྱལ་སྲིད་ཀྱི་དབང་ཆ་ཡོང་བར་འགྱུར་རོ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་མཉམ་དུ་དེ་ཚོས་ཤིང་རྟ་འཁོར་ལོ་དང་རྟ་ཞོན་པ་དང་ཡེ་རུ་ཤ་ལེམ་གྱི་གྲོང་ཁྱེར་འདི་བཞིན་རྟག་ཏུ་མི་མང་གིས་ཁེངས་པ་འགྱུར། 26མི་མང་རྣམས་ཡ་ཧུ་དཱ་པའི་གྲོང་ཁྱེར་ཚོ་དང་ཡེ་རུ་ཤ་ལེམ་གྱི་ཉེ་འཁོར་གྱི་གྲོང་གསེབ་ཚོ་ནས་ཡོང་བར་འགྱུར་རོ། དེ་ཚོ་བྷེན་ཡ་མིན་གྱི་མངའ་ཁུལ་གྱི་རི་གཤམ་དང་གང་རི་དང་ཡ་ཧུ་དཱའི་ལྷོ་ཕྱོགས་ཁུལ་བཅས་ནས་ཀྱང་ཡོང་བར་འགྱུར། དེ་ཚོས་ངའི་མཆོད་ཁང་ནང་སྦྱིན་སྲེག་གི་མཆོད་པ་དང་དམར་མཆོད་དང་འབྲུའི་མཆོད་པ་དང་བདུག་སྤོས་དང་གཏང་རག་གི་མཆོད་པ་བཅས་འཁྱེར་ཡོང་བར་འགྱུར་རོ། 27འོན་ཀྱང་དེ་ཚོས་ངའི་བཀའ་ལ་ཉན་ནས། ངལ་གསོ་བའི་ཞག་དམ་པ་ལྟར་སྲུང་བརྩི་ཞུས་དགོས་སོ། དེ་ཚོས་ཉིན་དེར་ཡེ་རུ་ཤ་ལེམ་གྱི་རྒྱལ་སྒོ་བརྒྱུད་དངོས་པོ་གང་ཡང་འཁྱེར་མི་ཆོག དེ་ཚོས་དེ་ལྟར་བྱས་པ་མ་ཡིན་ན། ངས་ཡེ་རུ་ཤ་ལེམ་གྱི་རྒྱལ་སྒོ་འསྲེགས་པར་བྱའོ། མེ་དེས་ཡེ་རུ་ཤ་ལེམ་གྱི་ཕོ་བྲང་ཚོ་སྲེག་པར་འགྱུར་བ་དང་སུས་ཀྱང་དེ་གསོད་མི་ཐུབ་བོ༎

ཡེར་མི་ཡཱ། 18

ཡེར་མི་ཡཱ་རྫ་མཁན་གྱི་ཁྱིམ་ནང།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། 2ཛ་མཁན་གྱི་ཁྱིམ་ནང་སོང་ཞིག། དེར་ངས་ཁྱོད་ལ་ངའི་འཕྲིན་སྤྲོད་པར་བྱ་ཅེས་སོ། 3དེར་བརྟེན་ང་ཛ་མཁན་དེའི་ནང་སོང་བ་དང་། ཛ་མཁན་དེས་དེར་འཁོར་ལོར་ལས་ཀ་བྱེད་བཞིན་པ་མཐོང་བྱུང་། 4རྫ་སྣོད་ཞིག་ཡག་པོ་མ་བྱུང་སྐབས། ཁོས་འདམ་དེ་ལེན་ནས་དེས་དངོས་པོ་གཞན་ཞིག་བཟོ་བར་བྱེད་དོ། 5དེ་ནས་གཙོ་བོ་དཀོནམཆོག་གིས་ང་ལ་བཀའ་གནང་བ། 6ངས་ཨིསི་རཱཨེལ་གྱི་མི་མང་རྣམས་རྫ་མཁན་གྱིས་འདམ་ལ་ཇི་ལྟར་བྱེད་པ་ལྟར་བྱེད་པའི་དབང་ཆ་ང་ལ་མེད་དམ། ཁྱོད་ནི་ངའི་ལག་ཏུ་རྫ་མཁན་གྱི་ལག་ཏུ་ཡོད་པའི་འདམ་ལྟར་ཡིན་ནོ། 7གལ་སྲིད་དུས་སྐབས་ཞིག་ལ་ངས་མི་རིགས་དང་རྒྱལ་ཁབ་རྩ་བཀོག་བཏང་བ་དང་སྟོར་བ་ཡང་ན་མེད་པར་བཟོ་རྒྱུ་ཡིན་ཞེས་སྨྲས་པ་ཡིན་ན། 8ཡང་མི་རིགས་དེས་ངན་ལས་བྱ་རྒྱུ་དེ་ལས་བསྒྱུར་བ་ཡིན་ན་ངས་བརྗོད་པར་ལྟར་དེ་ལྟར་བྱ་རྒྱུ་མིན་ནོ། 9དུས་སྐབས་གཞན་ཞིག་ལ་ངས་མི་རིགས་སམ་རྒྱལ་ཁབ་གང་ཞིག་འདེབས་རྒྱུ་ཡང་ན་བཟོ་རྒྱུ་ཡིན་ཞེས་སྨྲས་ན་ཡང་། 10མི་རིགས་དེས་ངའི་བཀའ་ལ་མ་ཉན་པར་ངན་རིགས་བྱས་པ་ཡིན་ན། ངས་ཇི་ལྟར་བྱ་རྒྱུ་ཡིན་བརྗོད་པ་ལྟར་བྱེད་རྒྱུ་མིན་ནོ། 11དེ་འདྲ་སོང་ཙང་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ལ་ངས་དེ་ཚོ་ལ་ཆད་པ་གཏོང་རྒྱུའི་འཆར་གཞི་བརྩོམ་ཞིང་གྲ་སྒྲིགས་བྱ་བཞིན་ཡོད་སྨྲོས་ཤིག དེ་ཚོ་ལ་དེ་ཚོའི་སྡིག་ཅན་གྱི་མི་ཚེ་མཚམས་འཇོག་བྱེད་ནས་དེ་ཚོའི་ལམ་དང་དེ་ཚོས་བྱེད་པའི་ལས་ལ་བསྒྱུར་བ་གཏོང་དགོས་ཤེས་སྨྲོས་ཤིག 12དེ་ཚོས་དེ་ལྟར་བྱ་རྒྱུ་མིན། དེ་ལྟར་ཅི་ལ་བྱས། ང་ཚོས་འདོད་པ་ལྟར་ང་ཚོ་གྱོང་པོ་དང་ངན་ལས་བྱེད་ཅེས་ལན་འདེབས་བྱས་པར་འགྱུར༎

མི་མང་གིས་གཙོ་བོ་དཀོན་མཆོག་ལ་ཁས་ལེན་མ་བྱས་པ།

13གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། མི་རིགས་ཡོངས་ལ་དེ་ལྟར་སྔོན་བྱུང་དང་། བྱུང་མེད་ཚང་མར་སྐད་ཆ་འདྲིས་ཤིག་དང་། ཨིསི་རཱཨེལ་པ་ཡི་མི་མང་དེ་ཚོ་ཡིས། འཇིགས་སུ་རུང་བའི་བྱ་བ་ཞིག་བྱས་ཡོད། 14ལེབ་ནོན་བྲག་མཐོར་གངས་མེད་གནས་ཡོད་དམ། རི་བོའི་ཆུ་ཀླུང་གྲང་མོ་སྐམ་ཡོད་དམ། 15འོན་ཀྱང་ང་ཡི་མི་མང་ང་ལ་བརྗེད། དེ་ཚོས་སྐུ་འདྲར་བདུག་སྤོས་ཕུལ་བར་བྱེད། དེ་ཚོ་འགྲོ་སའི་ལམ་དུ་འགྱེལ་ཡོད་དོ། དེ་ཚོ་ལམ་ནི་རྙིང་པར་འཇུག་མི་བྱེད། དེ་ཚོས་མ་བཟོས་པའི་ཟུར་ལམ་སྟེང་འགྲོ་ཡོད་དོ། 16དེ་ཚོའི་ཡུལ་འདི་འཇིགས་སུ་རུང་བའི་གནས། གཏན་དུ་སྨད་པར་འགྱུར་བ་ཞིག་བཟོས་ཡོད། དེ་བརྒྱུད་འགྲོ་མཁན་མཐོང་བས་ཧང་སང་འགྱུར། དེ་ཚོ་ཡ་མཚན་བྱུང་ནས་མགོ་དབྱུག་བྱེད། 17ཤར་གྱི་རླུང་གིས་རྡུལ་རྣམས་འཁྱེར་བ་བཞིན། ང་ཡི་མི་མང་དགྲའི་མདུན་ངས་གཏོར་རོ། ང་ཡི་དེ་ཚོར་རང་གི་རྒྱབ་སྟོན་ནས། རྐྱེན་ངན་བྱུང་སྐབས་ང་ཡིས་རོགས་མ་བྱེད༎

ཡེར་མི་ཡཱ་ལ་གཡོ་བྱུས་བརྩོམ་པ།

18དེ་ནས་མི་མང་གིས། ང་ཚོ་ཡེར་མི་ཡཱའི་སྐོར་ལ་ལས་འགུལ་ཞིག་བྱ་དགོས། ང་ཚོར་རྟག་ཏུ་སློབ་སྟོན་གནང་མཁན་བླ་མ་ཚོ་དང་། གྲོས་སྟོན་མཁན་མི་ཤེས་རབ་ཅན་ཚོ་དང་། དཀོན་མཆོག་གི་བཀའ་གསལ་སྒྲགས་གནང་མཁན་ལུང་སྟོན་པ་ཚོ་ཡོད། ང་ཚོ་ཁོ་ལ་སྐྱོན་བརྫོད་བཙུགས་ནས་ཁོས་བཤད་པར་ཉན་རྒྱུ་མཚམས་འཇོག་བྱ་དགོས་ཤེས་སྨྲས་སོ། 19དེར་བརྟེན་ངས་གསོལ་བ་འདེབས་པ་ནི། གཙོ་བོ་དཀོན་མཆོག་ངས་ཇི་ལྟར་གསོལ་བར་དགོངས་བཞེས་གནང་ནས། ངའི་དགྲ་བོ་ཚོས་ངའི་སྐོར་ཇི་ལྟར་སྨྲ་བཞིན་པར་དགོངས་བཞེས་གནང་བར་མཛོད། 20ལས་བཟང་པོའི་བྱ་དགའ་དེ་ངན་པ་ཡིན་ནམ། དེ་ཚོས་ང་ལྷུང་བའི་ཆེད་ས་དོང་ཞིག་བྲུས་ཡོད། ཁྱེད་ཀྱིས་ཐུགས་ཁྲོའི་ངང་ནས་དེ་ཚོ་ལ་གཟིགས་ཞིབ་མི་གནང་བའི་ཆེད་ང་ཇི་ལྟར་ཁྱེད་ཀྱི་དྲུང་དུ་བཅར་ནས་དེ་ཚོའི་ཆེད་དུ་ཞུ་འབོད་བྱས་པར་ཐུགས་ལ་དྲན་གསོས་པར་མཛོད། 21འོན་ཀྱང་ད་ཆ་གཙོ་བོ་དཀོན་མཆོག་དེཚོའི་བུ་ཕྲུག་ཚོར་མུ་གེས་འཆི་རུ་འཇུག་རོགས་གནང་། དེ་ཚོ་དམག་གི་ནང་དུ་གསོད་དུ་འཇུག་རོགས་གནང་། དེ་ཚོའི་བུད་མེད་ཚོ་རང་གི་ཁྱོད་ཚོ་དང་བུ་ཕྲུག་ཚོ་དང་ཁ་འཕྲལ་དུ་འཇུག་རོགས་གནང་། སྐྱེས་པ་ཚོ་ནད་ཀྱི་འཆི་བ་དང་མི་ན་གཞོན་ཚོ་གཡུལ་དུ་གསོད་དུ་འཇུག་རོགས་གནང་། 22ཉེན་བརྡ་མེད་པར་མི་ཚོགས་ཤིག་དེ་ཚོའི་ཁྱིམ་དུ་འཕྲོག་བཅོམ་བྱེད་པར་གཏོང་གནང་ནས། དེ་ཚོ་འཇིག་སྐྲག་ངང་ངུ་རུ་འཇུག་རོགས་གནང་། དེ་ཚོས་ང་ལྷུང་བའི་ཆེད་ས་དོང་བྲུས་པ་དང་ང་བཟུང་བའི་ཆེད་རྙི་རྒྱབ་ཡོད་དོ། 23འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་དེ་ཚོས་ང་གསོད་རྒྱུའི་གཡོ་བྱུས་བརྩོམ་པ་དེ་ཁྱེད་ཀྱི་མཁྱེན་གསལ་རེད། ཁྱེད་ཀྱི་དེ་ཚོའི་ངན་ལས་ལ་བཟོད་གསོལ་མ་གནང་རོགས། ཡང་ན་དེ་ཚོའི་སྡིག་པ་མ་སུབ་རོགས་གནང། དེ་ཚོ་ཕམ་དུ་འཇུག་ནས་འགྱལ་བཅུག་བ་དང་ཁྱེད་ཐུགས་ཁྲོ་བའི་སྐབས་སུ་དེ་ཚོ་ལ་ཉེས་ཆེད་བཏང་བར་མཛོད༎

ཡེར་མི་ཡཱ། 19

བུམ་པ་ཆག་ཀྱོག་དེ།

1གཙོ་བོ་དཀོན་མཆོག་གིས་ང་ལ་སོང་ནས་རྫ་བུམ་ཞིག་ཉོས་ཤིག་གསུངས་བྱུང་། ཁོང་གིས་ང་ལ་མི་མང་ནས་མི་རྒན་པ་འགའ་ཞིག་དང་བླ་མ་ལོ་ན་རྒས་པོ་འགའ་ཞིག་འཁྲིད་ནས། 2ཧིན་ནོམ་གྱི་ལུང་གཤོང་གི་ཕྱི་རོལ་དུ་རྫ་ཆག་གི་རྒྱལ་སྒོ་བརྒྱུད་སོང་ཞིག་ཅེས་བཀའ་གནང་ངོ་། དེར་ངས་ཁོང་གི་གནང་བའི་གསུང་འཕྲིན་དེ་གསལ་སྒྲགས་བྱ་དགོས་སོ། 3གཙོ་བོ་དཀོན་མཆོག་གིས་ང་ལ་འདི་ལྟར་བརྗོད་དགོས་ཤེས་བཀའ་གནང་བྱུང་། ཡ་ཧུ་དཱ་པའི་རྒྱལ་པོ་ཚོ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ཚོ་ང་མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱ་ཨེལ་གྱི་དཀོན་མཆོག་གི་བཀའ་ཇི་ལྟར་ཤོད་རྒྱུ་ཡོད་པར་ཉོན་ཞིག ངས་ཡུལ་འདིར་རྐྱེན་ངན་གཏོང་རྒྱུ་ཡིན་པས་དེ་ལྟར་ཐོས་མཁན་ཚོ་ཡང་ཧོན་ཐོར་བར་འགྱུར་རོ། 4མི་མང་ཚོས་ང་སྤངས་ནས་དེ་ཚོ་དང་ཕ་མེས་ཚོ་དང་ཡ་ཧུ་དཱའི་རྒྱལ་པོ་ཚོས་ཀྱང་ངོ་མི་ཤེས་པའི་ལྷ་གཞན་ཚོར་མཆོད་པ་ཕུལ་ནས་མི་གཙང་བ་བཟོས་ཡོད་སྟབས་ངས་དེ་ལྟར་བྱ་རྒྱུ་ཡིན་ནོ། དེ་ཚོས་གནས་འདི་མི་ནོངས་མེད་ཚོའི་ཁྲག་གིས་བཀང་ཡོད་དོ། 5དེ་ཚོས་རང་གི་བུ་ཕྲུག་དམར་མཆོད་དུ་མེར་སྲེག་པའི་ཆེད་བྷལ་ལ་མཆོད་ཁྲི་རྣམས་བཞེངས་ཡོད་དོ། ངས་དེ་ལྟར་བྱེད་དགོས་པའི་བཀའ་བཏང་མེད་པ་མ་ཟད། དེ་ལྟར་ངའི་སེམས་ལ་ནམ་ཡང་མ་འཁོར་རོ། 6དེ་འདྲ་སོང་གཙང་གནས་འདིར་ཏོ་ཕེད་དམ་ཧིན་ནོམ་གྱི་ལུང་གཤོང་ཞེས་མི་གྲགས་པའི་དུས་ཤིག་ཡོང་བར་འགྱུར། དེའི་ཚབ་ལ་ས་གནས་འདིར་སྲོག་གཅོད་ཀྱི་ལུང་གཤོང་ཞེས་གྲགས་པར་འགྱུར། 7འདིར་ངས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་རྣམས་ཀྱི་འཆར་གཞི་རྣམས་ལམ་ལྷོང་མེད་པ་བཟོའོ། ངས་དེ་ཚོའི་དགྲ་བོ་རྣམས་དེ་ཚོའི་ཐོག་རྒྱལ་དུ་འཇུག་པ་དང་། དེ་ཚོ་དམག་གི་ནང་དུ་གསོད་འཇུག་ནས་དེ་ཚོའི་རོ་རྣམས་བྱ་དང་གཅན་གཟན་གྱི་ཟས་སུ་སྤྲོད་རྒྱུ་ཡིན་ནོ། 8ངས་གྲོང་ཁྱེར་འདིར་ཧ་ཅང་ཚབ་ཆེའི་འཇིག་པ་གཏོང་རྒྱུ་ཡིན་པས་གྲོང་ཁྱེར་འདི་བརྒྱུད་ནས་འགྲོ་མི་རྣམས་ཧ་ལས་པ་དང་ཧོན་འཐོར་བར་འགྱུར་རོ། 9དགྲ་བོས་གྲོང་ཁྱེར་གྱི་མཐའ་བསྐོར་བ་དང་དེའི་མི་མང་གསོད་ཐབས་བྱེད་པ་དང་། དམག་དཔུང་གིས་བསྐོར་ནས་དེ་བཞིན་ཧ་ཅང་འཇིགས་རུང་ཡོད་སྟབས་གྲོང་ཁྱེར་གྱི་ནང་དུ་ཡོད་པའི་མི་མང་ཚོས་གཅིག་གིས་གཅིག་ལ་ཟ་བ་དང་རང་གི་བུ་ཕྲུག་ཀྱང་ཟ་བར་བྱེད་དོ། 10དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ། ང་མཉམ་དུ་ཡོད་པའི་མི་ཚོའི་མདུན་དུ་བུམ་པ་དེ་གཅོག་ཅིག་ཅེས་གསུངས་པ་དང་། 11ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཤོད་གསུངས་པ་དང། ངས་མི་མང་འདི་ཚོ་དང་གྲོང་ཁྱེར་འདི་བཞིན་རྫའི་བུམ་པ་ཆག་པ་དེ་སླར་ཡང་ལྷུ་སྒྲིགས་མི་ཐུབ་མཁན་ལྟར་བཅོག་རྒྱུ་ཡིན། རོ་སྦས་ཡུལ་གང་དུ་ཡང་མེད་སྟབས་དེ་ཚོའི་རང་གི་གཤིན་པོའི་རོ་ཚོ་ཏོ་ཕེད་དུ་སྦས་པར་བྱེད་དོ། 12ངས་གྲོང་ཁྱེར་འདི་དང་འདིའི་ནང་གནས་སྡོད་བྱེད་པ་རྣམས་ཏོ་ཕེད་ལྟར་བཟོ་རྒྱུའི་མནའ་བསྐྱལ་རྒྱུ་ཡིན། 13ཡེ་རུ་ཤ་ལེམ་གྱི་ཁང་པ་ཚོ་དང་ཡ་ཧུ་དཱ་པའི་རྒྱལ་པོ་ཚོའི་ཕོ་བྲང་རྣམས་དང་ཁང་པ་ཚང་མའི་ཐོག་ཁའི་སྟེང་དུ་སྐར་ཚོགས་ལ་བདུག་སྤོས་ཕུལ་ནས། ལྷ་གཞན་ཚོར་མཆོད་པར་རྒུན་ཆང་ཕུལ་བའི་ཁང་པ་ཚང་མ་ཏོ་ཕེད་ལྟར་མི་གཙང་བར་འགྱུར་ཞེས་སོ། 14དེ་ནས་གཙོ་བོ་དཀོན་མཆོག་གིས་གསུང་འཕྲིན་གསལ་སྒྲགས་བྱེད་པར་ཏོ་ཕེད་དུ་གཏོང་གནང་བས་དེ་ནས་ང་ཐོན་པ་ཡིན། ང་སོང་ནས་མཆོད་ཁང་གི་ཁྱམས་རར་ལངས་ནས་མི་མང་ཚང་མར། 15ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། ཁྱོད་ཚོ་གྱོང་པོ་ཡིན་པ་དང་ཇི་ལྟར་སྨྲས་པར་མི་ཉན་པས་ངས་གྲོང་ཁྱེར་འདི་དང་དེའི་ཉེ་འགྲམ་གྱི་གྲོང་རྣམས་ལ་ངས་བརྗོད་པ་ལྟར་ཉེས་ཆད་གཏོང་རྒྱུ་ཡིན་ནོ༎

ཡེར་མི་ཡཱ། 20

བླ་མ་པ་ཤུར་དང་མཉམ་དུ་ཡེར་མི་ཡཱའི་གཉིས་ཀྱི་བར་འཁོན་འཁྲུགས།

1ཨིམ་མེར་གྱི་བུ་པ་ཤུར་མཆོད་ཁང་གི་དཔོན་པོ་གཙོ་བོས་ངས་གསལ་སྒྲགས་གྱིས་པ་དེ་ཚོ་ཐོས་སྐབས་སུ། 2ཁོས་ང་ལ་ཉེས་བརྡུང་བཏང་ནས་མཆོད་ཁང་ནང་དུ་བྷེན་ཡ་མིན་གྱི་རྒྱལ་སྒོ་གོང་མར་ལྕགས་ཐག་རྒྱབ་སྟེ་འཇོག་དགོས་པའི་བཀའ་གནང་ངོ་། 3སང་ཞོག་དེར་པ་ཤུར་གྱིས་ང་ལྕགས་ཐག་ནས་གློད་པའི་རྗེས་ལ་ངས་ཁོ་ལ་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་པ་ཤུར་ཞེས་མིང་གནང་བ་མ་ཡིན་ནོ། ཁོང་གིས་ཁྱོད་ལ་གནང་བའི་མིང་དེ་ས་གནས་གང་སར་འཇིགས་སྐྲག་ཡིན་ཞེས་སྨྲས་པ་ཡིན་ནོ། 4གཙོ་བོ་དཀོན་མཆོག་ཁོང་རང་གིས་འདི་ལྟར་བཀའ་གནང་ཡོད། ངས་ཁྱོད་རང་དང་ཁྱོད་རང་གི་གྲོགས་པོ་ཚོར་འཇིགས་སྐྲག་ཅན་བཟོ་རྒྱུ་དང་། ཁྱོད་ཀྱིས་དེ་ཚོ་ཚང་མ་དགྲ་བོའི་རལ་གྲིས་གསོད་པར་མཐོང་བར་འགྱུར། ངས་ཡ་ཧུ་དཱ་པའི་མི་མང་ཚང་མ་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་དབང་འོག་ཏུ་འཇོག་རྒྱུ་དང་ཁོང་གིས་ཁོ་ཚོ་འགའ་ཤས་རང་གི་ཡུལ་དུ་བཙོན་པར་འཁྲིད་པ་དང་གཞན་རྣམས་གསོད་པར་བྱེད་དོ། 5ངས་དེ་ཚོའི་དགྲ་བོ་ཚོར་གྲོང་ཁྱེར་འདིའི་རྒྱུ་ནོར་ཐམས་ཅད་འཕྲོག་བཅོམ་བྱེད་དུ་འཇུག་རྒྱུ་དང་། དེའི་ཁར་དབང་དང་རྒྱུ་དངོས་རྣམས་དང་ཡ་ཧུ་དཱ་པའི་རྒྱལ་པོ་ཚོའི་གཏེར་མཛོད་དང་བཅས་པ་དབང་བཟུང་བྱས་ནས་བྷེ་བྷི་ལོ་ནི་ཡ་དུ་འཁྱེར་ཏུ་འཇུག་རྒྱུ་ཡིན་ནོ། 6པ་ཤུར་ཁྱོད་རང་དང་ནང་མི་ཚང་མ་འཛིན་བཟུང་གིས་བྷེ་བྷི་ལོ་ནི་ཡ་དུ་འཁྲིད་པར་འགྱུར། དེར་ཁྱོད་འཆི་བ་དང་ཁྱོད་རང་གི་རྫུན་ཐེངས་མང་པོ་བཤད་པའི་གྲོགས་པོ་ཚོ་མཉམ་དུ་སྦས་པར་འགྱུར་རོ་ཞེས་སོ༎

ཡེར་མི་ཡཱས་གཙོ་བོ་དཀོན་མཆོག་ལ་སྐྱོན་བརྗོད་བྱས་པ།

7གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ལ་བསླུ་འཁྲིད་གནང་། ང་ནི་བསླུ་འཁྲིད་འོག་ཏུ་ཚུད་སོང་ངོ་། ཁྱེད་ནི་ང་ལས་སྟོབས་ཤུགས་ཆེ་བ་ཡོད། ཁྱེད་ཀྱིས་ང་ལ་ཤུགས་སྣོན་མཛད་སོང་ངོ་། ཚང་མས་ང་ལ་འཕྱར་བཞིན་འདུག། དེ་ཚོས་ཉིན་གང་ང་ལ་ཁྱད་གསོད་བྱེད། 8ང་ཡི་སྐད་ཆ་ཤོད་པའི་སྐབས། དྲག་ཤུགས་དང་ནི་སྟོར་རྒྱུ་ཅེས་སྐད་ཆེན་པོས་སྨྲས་དགོས། གཙོ་བོ་དཀོན་མཆོག་ང་ལ་དུས་རྟག་ཏུ། ཁྱད་གསོད་དང་ནི་བརྙས་བཅོས་འབའ་ཞིག་བྱུང་། ང་ཡི་ཁྱེད་ཀྱི་གསུང་འཕྲིན་གསལ་སྒྲགས་རྐྱེན། 9འོན་ཀྱང་ངས་གཙོ་བོ་དཀོན་མཆོག་ཁྱེད་བརྗེད་ནས། ཁྱེད་ཀྱི་མཚན་ནས་མི་སྨྲ་ཅེས་བརྗོད་སྐབས། ཁྱེད་ཀྱི་བཀའ་དེ་མེ་ལྟར་ངའི་ཁོག་འབར། ང་ཡི་འགོག་ཐབས་གང་བྱས་ཀྱང་། ང་ཡི་དེ་ལ་མུ་མཐུད་འགོག་མི་ཐུབ། 10ང་ཡིས་ཚང་མས་ཤབ་ཤོབ་སྨྲས་པ་ཐོས། ཕྱོགས་བཞིར་འཇིགས་པས་ཁྱབ་ནས་འདུག། ང་ཚོས་ཁོའི་སྐོར་འགོ་འཛིན་ལ་ཞུས་དགོས། གྲོགས་པོ་ཉེ་ཤོས་ཚོས་ཀྱང་ང་ཕམ་སྒུག། དེ་ཚོས་ཁོ་ལ་ང་ཚོས་བསླུ་འཁྲིད་ཐུབ། དེ་རྗེས་ཁོ་ལ་བཟུང་ནས་དགྲ་ཤ་ལེན། 11འོན་ཀྱང་གཙོ་བོ་དཀོན་མཆོག་ངའི་ཕྱོགས་ཡོད། སྟོབས་ཤུགས་ནི་དང་མཐུ་ལྡན་ཡོད་འགྱུར་བས། ང་ལ་མནར་གཅོད་བྱ་མཁན་དོན་མི་སྒྲུབ། དེ་ཚོ་རྣམ་ནི་རྒྱལ་བར་འགྱུར་མི་ཐུབ། གཏན་གྱི་ཆེད་དུ་དམའ་འབེབས་ཡོང་བར་འགྱུར། དེ་ཚོའི་དམའ་འབེབས་ནམ་ཡང་བརྗེད་མི་ཡོང་། 12འོན་ཀྱང་ཀུན་དབང་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ནི། ཁྲིམས་དྲང་སྒོ་ནས་མི་ཚོར་ཞིབ་དཔྱོད་གནང་། དེ་ཚོའི་སེམས་ནང་ཇི་ཡོད་ཁྱེད་ཀྱིས་མཁྱེན། ཁྱེད་ཀྱིས་དགྲ་ཤ་བཞེས་པ་ང་ལ་མཐོང་དུ་བཅུག། གང་ལགས་ཟེར་ན་ཁྱེད་ལ་ང་ཡི་རྒྱུ་རྐྱེན་རྣམས་ཞུས་ཡོད། 13གཙོ་བོ་དཀོན་མཆོག་ཁོང་ལ་མགུར་མ་ཕུལ། གཙོ་བོ་དཀོན་མཆོག་ཁོང་ལ་བསྟོད་པ་ཕུལ། ཁོང་གིས་མནར་གཅོད་མྱོང་མཁན་མི་རྣམས་ལ། མི་ངན་ལག་ནས་ཁོང་གིས་སྐྱོབས་པར་མཛོད། 14ང་ནི་སྐྱེས་པའི་ཉིན་དེར་དམོད་འགྱུར་ཅིག། ང་ནི་མ་ནས་སྐྱེས་པའི་ཉིན་བརྗེད་འགྱུར། 15ང་ཡི་ཡབ་ལ་དེ་ནི་བུ་ཞིག་རེད། ཁྱེད་ལ་བུ་ཞིག་བྱུང་སོང་ཞེས་ཞུས་ནས། ཁོང་ནི་མཉེས་པར་བཟོ་མི་དམོད་པར་ཤོག། 16གཙོ་བོ་དཀོན་མཆོག་ཁོང་གིས་མི་དེ་ལ། བྱམས་མེད་འཇིགས་མཛད་གྲོང་ལྟར་འགྱུར་བར་ཤོག། ཞོག་པར་ཁོ་པར་ནད་ཟུག་བྱུང་བའི་སྐད་ངན་དང་། ཉིན་གུང་དམག་གི་འཇིགས་བརྡ་ཐོས་པར་ཤོག། 17གང་ལ་ཟེར་ན་ཁོ་ཡི་ང་ལ་ནི། མ་སྐྱེས་སྔོན་དུ་ང་ལ་བསད་མེད་དོ། དེ་མིན་མ་ཡི་མངལ་ནི་ངའི་དུར་འགྱུར། 18ང་ནི་གང་གི་དོན་དུ་སྐྱེས་ཡིན་ནམ། དཀའ་ངལ་དང་སྡུག་ངལ་ཐོབ་རྒྱུ་དང་། ང་ཡི་མི་ཚེ་དམའ་འབེབས་ངང་རྫོགས་རྒྱུར་སྐྱེས་པ་ཡིན་ནམ༎

ཡེར་མི་ཡཱ། 21

ཡེ་རུ་ཤ་ལེམ་ཕམ་རྒྱུའི་ལུང་བསྟན་གནང་བ།

1ཡ་ཧུ་དཱའི་རྒྱལ་པོ་ཛེ་དེ་ཀི་ཡཱས་མལ་ཀི་ཨའི་བུ་པ་ཤུར་དང་མ་སི་ཨའི་བུ་བླ་མ་ཛེ་ཕན་ཡཱ་ངའི་སར་འདི་ལྟར་སྐྱབས་འཇུག་ཞུ་བར་བཏང་ངོ་། 2ཐུགས་རྗེས་གཟིགས་ནས་ང་ཚོའི་ཆེད་དུ་གཙོ་བོ་དཀོནམཆོག་དང་བཀའ་མོལ་ཞུས་རོགས་གནང་། གང་ལ་ཟེར་ན། བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་དང་ཁོང་གི་དམག་དཔུང་ཚོས་ང་ཚོའི་གྲོང་ཁྱེར་དམག་དཔུང་གིས་བསྐོར་ནས་བཟུང་བཞིན་འདུག ཕལ་ཆེར་གཙོ་བོ་དཀོན་མཆོག་གིས་ང་ཚོའི་ཆེད་དུ་རྫུ་འཕྲུལ་ཞིག་བསྟན་གནང་ནས་ནེ་བུ་ཀད་ནེ་ཛར་ཕྱིར་འཐེན་བྱེད་འཇུག་ཡོང། 3-4དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་མོལ་གནང་བ་དང་། ངའི་སར་བཏང་བའི་མི་ཚོར་སྨྲས་པ་ཡིན། ཛེ་དེ་ཀི་ཡཱ་ལ་སྨྲོས་ཤིག་ཨིསི་རཱཨེལ་གྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། ཛེ་དེ་ཀི་ཡཱ་ངས་བྷེ་བྷི་ལོན་ནི་ཡའི་རྒྱལ་པོ་དང་ཁོང་གི་དམག་དཔུང་དང་མཉམ་དུ་འཐབ་མཁན་ཁྱོད་ཀྱི་དམག་མི་རྣམས་ཕམ་པར་བྱ་རྒྱུ་ཡིན། ངས་ཁྱོད་ཀྱི་དམག་མིའི་མཚོན་ཆ་རྣམས་གྲོང་ཁྱེར་གྱི་དཀྱིལ་དུ་སྤུངས་འཇུག་རྒྱུ་ཡིན། 5ངས་ཁྱོད་དང་མཉམ་དུ་ངའི་སྟོབས་ཤུགས་ཡོངས་དང་ཁྲོ་བ་དང་ཁྲོ་བ་དྲག་པོ་བཅས་འཐབ་རྒྱུ་ཡིན། 6ངས་གྲོང་ཁྱེར་འདིའི་ནང་སྡོད་མཁན་ཚང་མ་གསོད་པར་བྱའོ། མི་དང་སེམས་ཅན་འདྲ་མཚུངས་ནད་ཡམས་དྲག་པོས་འཆི་བར་འགྱུར་རོ། 7འོན་ཀྱང་ཁྱོད་དང་ཁྱོད་ཀྱི་ལས་བྱེད་པ་ཚོ་དང་གཞན་མི་མང་བཅས་དམག་དང་མུ་གེ་དང་ནད་ཡམ་བཅས་ནས་ཐར་མཁན་རྣམས་ཁྱོད་ཀྱི་དགྲ་བོ་ཁྱོད་ལ་གསོད་པར་འདོད་མཁན་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱི་ལག་ཏུ་སྤྲོད་རྒྱུ་ཡིན། ནེ་བུ་ཀད་ནེ་ཛར་གྱིས་ཁྱོད་ལ་བསད་ཡོང། ཁོང་གིས་ཁྱོད་ཚོ་སུ་ཡང་ཚེ་ཐར་མི་གཏོང་བ་ཡང་ན་སུ་ཡང་ལ་སྙིང་རྗེ་ཡང་ན་བརྩེ་བ་མི་མཛད་དོ། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 8དེ་ནས་གཙོ་བོ་དཀོན་མཆོག་གིས་མི་མང་ཚོར་འདི་ལྟར་ཤོད་ཅིག་ཅེས་ང་ལ་གསུངས་སོ། ཉོན་ཞིག་ང་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་གསོན་པོའི་ལམ་དང་འཆི་བའི་ལམ་གཉིས་ལ་འདམས་ཁ་བྱེད་དུ་འཇུག་པར་བྱའོ། 9གྲོང་ཁྱེར་ནང་སྡོད་མཁན་རྣམས་དམག་དང་མུ་གེ་ནད་ཡམས་ཀྱིས་འཆི་བར་འགྱུར་རོ། འོན་ཀྱང་བྷེ་བྷི་ལོ་ནི་ཡ་གྲོང་ཁྱེར་ལ་བཙན་འཇུལ་བྱ་མཁན་ཆོར་མགོ་བཏགས་ཞུས་པ་ཡིན་ན་དེ་ཚོ་གསོད་པར་མི་བྱེད་པ་དང་དེ་ཚོ་ཚེ་ཐར་གཏོང་ཐར་འགྱུར་རོ། 10ངས་གྲོང་ཁྱེར་འདི་ཐར་མི་འཇུག་པ་དང་དེ་མེད་པར་བཟོ་རྒྱུ་ཐག་བཅད་ཟིན་པ་ཡིན། དེ་བྷེ་བྷི་ལོ་ནི་ཡ་གྱི་རྒྱལ་པོའི་ལག་ཏུ་སྤྲོད་པ་དང་ཁོང་གིས་དེ་མེར་སྲེག་གིས་ཐལ་བར་འགྱུར་བར་བྱེད་དོ་ཞེས་ང་གཙོ་བོ་དཀོན་ཆམོག་གིས་སྨྲས་པ་ཡིན༎

ཡ་ཧུ་དཱའི་རྒྱལ་པོ་རྣམས་ལ་ཁྲིམས་གཏོང་བ།

11-12གཙོ་བོ་དཀོན་མཆོག་གིས་ང་ལ་འཕྲིན་འདི་དཱ་བིད་ཀྱི་རིགས་བརྒྱུད་ཡ་ཧུ་དཱ་པའི་རྒྱལ་པོའི་ཁྱིམ་ཚང་ལ་སྤྲོད་དགོས་པའི་བཀའ་གནང་བྱུང་། ང་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲ་བཞིན་པར་ཉོན་ཞིག ཉིན་རེ་བཞིན་ཁྲིམས་དྲང་ཡོང་བ་བྱོས་ཤིག། མགོ་བསྐོར་ཐེབས་པ་ཚོར་མགོ་བསྐོར་གཏོང་མཁན་ལས་སྲུང་ཞིག ཁྱོད་ཀྱིས་དེ་ལྟར་མ་བྱས་པར་ངན་ལས་གྱིས་པ་ཡིན་ན། དེས་ངའི་ཁྲོ་བ་དེ་མེ་ལྟར་འབར་ནས་སུས་ཀྱང་གསོད་མི་ཐུབ་པ་ལྟར་འབར་བར་འགྱུར་རོ། 13ཡེ་རུ་ཤ་ལེམ་ཁྱོད་ལུང་གཤོང་མཐོ་པོའི་སྟེང་ཐང་ནས་བྲག་མཐོ་པོ་ཐོན་པ་ལྟར་གནས་ཡོད། འོན་ཀྱང་ཁྱོད་དང་འཐབ་པར་བྱ། ཁྱོད་ཀྱིས་རང་ལ་སུས་ཀྱང་འཐབ་པ་དང་ཁྱོད་ཀྱི་འཛིང་རག་སུས་ཀྱང་གཅོག་མི་ཐུབ་ཅེས་སྨྲའོ། 14འོན་ཀྱང་ངས་ཁྱོད་ལ་ཁྱོད་ཀྱིས་ལས་ཇི་ལྟར་བྱས་པ་ལྟར་ཉེས་ཆད་གཏོང་རྒྱུ་ཡིན། ངས་ཁྱོད་ཀྱི་ཕོ་བྲང་ལ་མེ་སྤར་བ་དང་མེ་དེས་མཐའ་འཁོར་རྣམས་འཚིག་པར་འགྱུར་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ཞེས་སོ༎

ཡེར་མི་ཡཱ། 22

ཡ་ཧུ་དཱའི་རྒྱལ་པོ་རྣམས་ལ་ཡེར་མི་ཡཱའི་འཕྲིན།

1-2གཙོ་བོ་དཀོན་མཆོག་གིས་ང་ལ་རྒྱལ་པོ་དཱ་བིད་ཀྱི་རིགས་བརྒྱུད་ཀྱི་ཡ་ཧུ་དཱ་པའི་རྒྱལ་པོའི་ཕོ་བྲང་དུ་སོང་ལ། དེར་རྒྱལ་པོ་དང་ཁོང་གི་ལས་བྱེད་པ་ཚོ་དང་ཡེ་རུ་ཤ་ལེམ་གྱི་མི་མང་བཅས་པར་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་འདིའི་སྐོར་སྨྲོས་ཤིག་གསུངས་སོ། 3ང་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ལ་དྲང་པོ་དང་བདེན་པ་ཡིན་པ་དེ་བྱེད་པར་བཀའ་གཏོང་རྒྱུ་ཡིན་ནོ། མགོ་བསྐོར་ཐེབས་པ་ཚོར་མགོ་བསྐོར་གཏོང་མཁན་ལས་སྲུང་ཞིག ཕྱི་རྒྱལ་བ་དང་དྭ་ཕྲུག་དང་ཡུག་མོ་བཅས་ལ་ངན་སེམས་ཡང་ན་མནར་གཅོད་མ་གཏོང་ཞིག མི་སྐྱོན་མེད་ཚོར་དམ་པའི་གནས་སུ་མ་གསོད་ཅིག། 4ཁྱོད་ཀྱིས་ངས་ཇི་ལྟར་བཀའ་བསྐོ་བ་ལྟར་དངོས་སུ་གྱིས་པ་དང་། དཱ་བིད་ཀྱི་རིགས་ཚོ་རྒྱལ་པོ་མུ་མཐུད་ཡོང་བར་འགྱུར། དེ་ཚོ་རང་གི་ལས་བྱེད་པ་ཚོ་དང་མི་མང་ཚོ་མཉམ་མུ་མཐུད་རྒྱལ་སྒོ་འདི་རྒྱུད་ནས་ཕོ་བྲང་དུ་ཤིང་རྟ་འཁོར་ལོ་དང་རྟའི་སྟེང་བཞོན་ནས་འགྲོ་བར་བྱའོ། 5འོན་ཀྱང་ཁྱོད་ཚོས་ངའི་བཀའ་ལ་མ་ཉན་པ་ཡིན་ན། ངས་ཕོ་བྲང་འདི་གྱང་གོག་ཞིག་ཏུ་འགྱུར་རྒྱུའི་དམ་བཅའ་བྱ་རྒྱུ་ཡིན་ནོ་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 6ང་ལ་ཡ་ཧུ་དཱ་པའི་རྒྱལ་པོའི་ཕོ་བྲང་འདི་བཞིན་གྷིལ་ཨད་ཀྱི་ས་ཆ་དང་ལེ་བ་ནོན་གྱི་རི་བོ་ལྟར་མཛེས་སྡུག་ཅན་ཞིག་ཡིན་ནོ། འོན་ཀྱང་ངས་དེ་སུ་ཡང་མི་གནས་པའི་མི་མེད་ལུང་སྟོང་ཞིག་བཟོ་བར་བྱའོ། 7ངས་དེ་མེད་པར་བཟོ་རྒྱུར་མི་གཏོང་རྒྱུ་ཡིན། དེ་ཚོས་སྟ་རེ་འཁྱེར་ཡོང་ནས་ཡིད་དུ་འོང་བའི་འགྱམ་ཤིང་གི་ཀ་བ་བཅད་ནས་མེའི་སྟེང་དབྱུགས་པར་བྱའོ། 8དེའི་རྗེས་སུ་ཕྱི་རྒྱལ་བ་མང་པོ་དེ་བརྒྱུད་ནས་འགྲོ་མཁན་ཚོས་གཅིག་གིས་གཅིག་ལ་གཙོ་བོ་དཀོན་མཆོག་གིས་གྲོང་ཁྱེར་རླབས་ཆེན་འདི་ལ་འདི་ལྟར་ཅི་ལ་མཛད་པ་ཡིན་ནམ་ཞེས་འདྲི་བར་བྱེད་དོ། 9དེ་དུས་དེ་ཚོས་དེ་ལྟར་ལན་བཏབ་བོ། ང་ཁྱོད་ཚོའི་དཀོན་མཆོག་དང་མཉམ་དུ་བཞག་པའི་དམ་བཅའ་ཁྱོད་ཚོས་སྤངས་ནས་ལྷ་གཞན་ཚོར་མཆོད་ཅིང་ཞབས་ཕྱི་ཞུས་པ་རེད༎

ཡེར་མི་ཡཱའི་ཡོ་ཨ་ཧཛའི་སྐོར་ལ་འཕྲིན།

10ཡ་ཧུ་དཱ་པའི་མི་མང་རྣམ་པ་ཚོ། རྒྱལ་པོ་ཡོ་ཤི་ཡཱའི་ཆེད་མ་ངུ་ཞིག། ཁོང་གྲོང་མྱ་ངན་མ་བྱེད་ཅིག། འོན་ཀྱང་ཡོ་ཨ་ཧཛ་ཁོང་གི་སྲས། ཁོང་གཉིས་ཆེད་དུ་དྲག་པོར་ངུས་ཤིག་དང་། དེ་ཚོས་ཁོང་ལ་ནམ་ཡང་ཕྱིར་མི་ཕེབས་ཆེད་འཁྲིད་གནང་བས། ཁོང་ནི་འཁྲུངས་པའི་ཡུལ་དུ་སླར་མི་མཇལ། 11གཙོ་བོ་དཀོན་མཆོག་གིས། ཡོ་ཤི་ཡཱའི་རྗེས་སུ་རྒྱལ་པོར་འགྱུར་མཁན་ཁོང་རང་གི་སྲས་ཡོ་ཨ་ཧཛས་སྐོར་འདི་ལྟར་བཀའ་གནང་ཡོད། ཁོ་ནི་ས་གནས་འདི་ནས་ཕྱིན་ཡོད་པས་ནམ་ཡང་ཕྱིར་ལོག་པར་མི་འགྱུར། 12ཁོང་འཁྲིད་པའི་ཡུལ་དེར་གྲོངས་ནས་ཁོང་གིས་ཡུལ་འདི་ཡང་སྐྱར་མཐོང་བར་མི་འགྱུར་རོ༎

ཡེ་ཧོ་ཡ་ཀིམ་སྐོར་ཡེར་མི་ཡཱའི་འཕྲིན།

13ཚུལ་མིན་ཐོག་ཏུ་རང་ཁྱིམ་བཟོ་བ་དང་། དྲང་པོ་མིན་པའི་ཐོག་ཁོའི་ཁང་མིག་བཟོ་མི། རང་གི་ཡུལ་མིར་གླ་མེད་ལས་བཅུག་མཁན། གླ་མི་སྤྲོད་མཁན་དེ་འཇིགས་པར་འགྱུར། 14ང་ནི་རང་གི་ཆེད་དུ་ཁང་ཆེན་ཞིག། དེའི་སྟེང་ཁང་མིག་ཆེན་པོ་ཁག་བཟོའོ། ཅེས་སོ་སྨྲ་མཁན་མི་དེ་འཇིག་པར་འགྱུར། དེར་བརྟེན་ཁོ་ཡི་ཁང་པའི་སྒེ་ཁུང་འདོན། འགྱམ་ཤིང་ཐོག་ཅིག་ཕུབ་ནས་མཚོན་དམར་བྱུགས། 15འགྱམ་ཤིང་ཁང་པ་དེ་ནི་གཞན་ལས་ལེགས། ཁང་པ་ཞིག་ནི་ཁྱོད་ཀྱིས་བཟོས་འགྱུར་ན། དེ་ཡིས་ཁྱོད་ཀྱི་རྒྱལ་པོ་ལེགས་འགྱུར་རམ། ཁྱོད་ཀྱི་ཡབ་ཀྱིས་མི་ཚེ་ཆ་ཚང་སྤྱོད། ཁོང་ནི་རྟག་ཏུ་ཁྲིམས་དྲང་དང་དྲང་པོ་ཡོད། ཁོང་གིས་ཇི་ལྟར་མཛད་པ་ལམ་འགྲོ་བྱུང་། 16ཁོང་གིས་དབུལ་པོར་དྲང་པོའི་ཁྲིམས་ཞིབ་གནང་། ཁོང་ལ་བྱ་བ་ཚང་མ་གང་ལེགས་བྱུང་། དེ་ནི་དཀོན་མཆོག་ཤེས་པའི་དོན་ཡིན་ནོ། 17འོན་ཀྱང་ཁྱོད་ཀྱིས་རང་འདོད་ཁོ་ན་མཐོང་། ཁྱོད་ཀྱི་རང་གིས་སྐྱོན་མེད་མི་བསད་ཅིང་། རང་གི་མི་ཚོར་མནར་གཅོད་དྲག་པོ་བཏང་། གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་ངོ་། 18དེ་འདྲ་སོང་ཙང་ཡོ་ཤི་ཡཱའི་སྲས། ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡ་ཀིམ་སྐོར། གཙོ་བོ་དཀོན་མཆོག་འདི་ལྟར་བཀའ་གནང་ངོ་། སུས་ཀྱང་ཁོང་གྲངས་མྱ་ངན་མི་བྱེད་དོ། ཐབས་སྡུག་ཇི་འདྲ་རེད་དམ་ཙམ་མི་ཟེར། སུས་ཀྱང་ཁོངགི་ཆེད་དུ་མི་ངུ་ཞིང་། ང་ཡི་གཙོ་བོ་རྒྱལ་པོ་ཅེས་མི་ཟེར། 19ཤི་བའི་བོང་བུ་ལྟར་ཁོ་སྦས་པར་འགྱུར། ཁོ་ཡི་རོ་ལ་དྲུད་ནས་ཡེ་རུ་ཤ་ལེམ་གྱི། རྒྱལ་སྒོའི་ཕྱི་རོལ་དུ་ནི་དབྱུགས་པར་འགྱུར༎

ཡེ་རུ་ཤ་ལེམ་གྱི་སྐོར་ལ་ཡེར་མི་ཡཱའི་འཕྲིན།

20ཡེ་རུ་ཤ་ལེམ་མི་མང་ཁྱོད་ཚོ་ཡི། ལེ་བ་ནོན་དུ་སོང་ནས་སྐད་རྒྱོབ་ཅིག། བྷ་ཤཱན་ཡུལ་དི་སོང་ལ་ངུས་ཤིག་དང་། མོ་ཨབ་པ་ཡི་རི་ནས་འབོད་པར་བྱོས། གང་ལ་ཟེར་ན་ཁྱོད་ཚོའི་མཐུན་ཕྱོགས་ཕམ། 21ཁྱོད་ཚོ་ཡར་རྒྱས་ཐོག་ཏུ་གནས་པའི་སྐབས། གཙོ་བོ་དཀོན་མཆོག་ཁོང་གི་ཁྱོད་ཚོར་གསུང་གནང་ཀྱང་། ཁྱོད་ཚོའི་ཉན་རྒྱུར་ཁས་ལེན་བྱས་མེད་དོ། ཁྱོད་ཚོས་ཚེ་གང་དེ་ལྟར་བྱས་ཡོད་དོ། གཙོ་བོ་དཀོན་མཆོག་བཀའ་ལ་ནམ་ཡང་ཉན་མེད་དོ། 22ཁྱོད་ཚོའི་འགོ་འཛིན་རྣམས་ནི་རླུང་གིས་འཁྱེར། ཁྱོད་ཚོའི་མཐུན་ཕྱོགས་དམག་སར་བཙོན་དུ་བཟུང་། ཁྱོད་ཚོའི་གྲོང་ཁྱེར་དམའ་འབེབས་ངོ་མཚར་འཇུག། དེ་ནི་ཁྱོད་ཚོའི་ངན་ལས་རྐྱེན་གྱིས་ཡིན། 23ཁྱོད་ཚོ་ལེ་བ་ནོན་ནས་འཁྱེར་ཡོང་། འགྱམ་ཤིང་ཁྲོད་དུ་བདེ་བར་གནས་ཡོད་ཀྱང་། འོན་ཀྱང་བུད་མེད་སྐྱེ་ཟུག་རྒྱབ་པ་ལྟ་བུ། ནད་ཟུག་ཁྱོད་ལ་རྒྱབ་སྐབས་འཁུན་སྐད་འདོན་པར་འགྱུར༎

དཀོན་མཆོག་གི་ཡེ་ཧོ་ཡ་ཀིན་ལ་ཁྲིམས་གནང་བ།

24གཙོ་བོ་དཀོན་མཆོག་གིས་ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཡ་ཀིམ་གྱི་སྲས་རྒྱལ་པོ་ཡེ་ཧོ་ཡ་ཀིན་ལ་བཀའ་གནང་བ། ང་ནི་འཚོ་བཞིན་པའི་དཀོན་མཆོག་ངོ་མ་ཡིན་པས་ཁྱོད་ངའི་ལག་པ་གཡས་པའི་མིང་རྟགས་ཡོད་པའི་སོར་གདུབ་ཡིན་རུང་ངས་ཁྱོད་ཕུད་ནས། 25ཁྱོད་ལ་གསོད་པར་འདོད་མཁན་དང་ཁྱོད་ཀྱི་འཇིག་པའི་མི་མང་དེ་ཚོའི་ལག་ཏུ་ཁྱོད་སྤྲོད་པར་བྱའོ། ངས་ཁྱོད་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་དང་ཁོའི་དམག་མི་ཚོའི་ལག་ཏུ་སྤྲོད་པར་བྱའོ། 26ངས་ཁྱོད་དང་ཁྱོད་ཀྱི་མ་བཙན་བྱོལ་དུ་འགྲོ་དགོས་པ་བཟོ་རྒྱུ་ཡིན། ཁྱོད་ཚོ་གཉིས་མ་སྐྱེས་པའི་ཡུལ་དུ་ཁྱོད་གཉིས་འགྲོ་བ་དང་དེར་ཁྱོད་ཚོ་གཉིས་འཆི་བར་འགྱུར་རོ། 27ཁྱོད་ཚོས་རང་གི་ཡུལ་དེ་སྐྱར་དུ་མཐོང་བར་འདོད་ན་ཡང་ཁྱོད་ཚོ་ནམ་ཡང་ཕྱིར་ལོག་མི་ཐུབ་བོ། 28རྒྱལ་པོ་ཡེ་ཧོ་ཡ་ཀིན་བུམ་པ་ཆག་ཀྱོག་ཕྱིར་དབྱུགས་པ་དེ་སུ་ཡང་མི་འདོད་མཁན་ལྟར་ཡིན་ནམ། དེའི་རྐྱེན་གྱིས་ཁོང་དང་ཁོང་གིས་བུ་ཕྲུག་ཚོས་སྔར་རྩ་བ་ནས་ཤེས་མྱོང་མེད་པའི་ཡུལ་དུ་བཙན་བྱོལ་དུ་འགྲོ་དགོས་པ་བྱུང་བ་ཡིན་ནམ་ཞེས་ངས་སྨྲས་པ་ཡིན། 29ཀྱེ་ཡུལ་ཁམས་ཡུལ་ཁམས་ཡུལ་ཁམས་ཁྱེད། གཙོ་བོ་དཀོན་མཆོག་ཁོང་གིས་ཇི་ལྟར་བཀའ་གནང་བར་ཉོན། 30མི་འདི་ནམ་ཡང་ལམ་འགྲོ་མི་ཡོང་མཁན། རང་གི་བུ་ཕྲུག་མེད་པའི་ཉེས་ཆད་འཕོག་ཡོད། དཱ་བིད་ཁོང་གི་ཤུལ་འཛིན་དུ་འགྱུར་མཁན། ཡ་ཧུ་དཱ་ཡི་རྒྱལ་སྲིད་སྐྱོངས་མཁན་གྱི། ཁོ་ཡི་རིགས་བརྒྱུད་ཡོང་བར་མི་འགྱུར་རོ། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན༎

ཡེར་མི་ཡཱ། 23

མ་འོངས་པའི་རེ་བ།

1ཁོང་གི་མི་མང་ཚོ་མེད་པར་བཟོ་མཁན་དང་ཁ་སྟོར་གཏོང་མཁན་གྱི་རྒྱལ་པོ་ཚོར། གཙོ་བོ་དཀོན་མཆོག་གི་ཁྲིམས་ཀྱི་དཔྱད་མཚམས་དེ་འཇིགས་སྐྲག་ཅན་ཇི་ལྟར་ཆེ་བ་ཡོད། 2ཁོང་གི་མི་མང་ཚོར་བལྟ་སྐྱོངས་བྱེད་པའི་རྒྱལ་པོ་ཚོར་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་འདི་ལྟར་བཀའ་གནང་ཡོད། ཁྱོད་ཚོས་ངའི་མི་མང་ལ་བལྟ་རྟོགས་བྱས་མེད་པ་མ་ཟད། ཁྱོད་ཚོས་དེ་ཚོ་ཁ་སྟོར་ནས་ཕྱིར་འབུད་བྱས་ཡོད་པས། ད་ཆ་ཁྱོད་ཚོས་ཇི་ལྟར་ངན་པ་བྱས་པར་ཆད་པ་གཏོང་རྒྱུ་ཡིན། 3ངའི་མི་མང་ལྷག་འཕྲོས་རྣམས་ངས་ཁ་སྟོར་བཏང་བའི་ཡུལ་ཚོ་ནས་ཕྱིར་བསྡུ་བ་དང་དེ་ཚོ་རང་རང་སོ་སོའི་ཡུལ་དུ་ཕྱིར་ལོག་འཁྲིད་རྒྱུ་ཡིན་ནོ། དེ་ཚོ་ལ་བུ་ཕྲུག་མང་པོ་བྱུང་ནས་གྲངས་འཕེལ་བར་འགྱུར་རོ། 4ངས་དེ་ཚོ་ལ་བལྟ་རྟོགས་བྱ་མི་སྲིད་སྐྱོང་པ་ཞིག་བསྐོ་བར་བྱའོ། སླར་ངའི་མི་མང་འཇིགས་པ་དང་སྐྲག་པར་མི་འགྱུར་བ་དང་ངས་དེ་ཚོ་ལ་ཉེས་ཆད་གཏོང་རྒྱུ་མིན་ནོ་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 5གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངས་རྒྱལ་པོ་དཱ་བིད་ཀྱི་རིགས་བརྒྱུད་ནས་དྲང་བདེན་གྱི་རྒྱལ་པོར་བསྐོ་བའི་དུས་ཤིག་ཡོང་བཞིན་ཡོད། རྒྱལ་པོ་དེས་ས་ཁུལ་ཡོངས་སུ་ཤེས་རབ་དང་ལྡན་པའི་སྒོ་ནས་རྒྱལ་སྲིད་སྐྱོངས་བ་དང་དྲང་བདེན་དང་ཁྲིམས་དྲང་འབའ་ཞིག་བྱེད་པར་འགྱུར། 6ཁོང་རྒྱལ་པོར་འགྱུར་སྐབས་ཡ་ཧུ་དཱ་པའི་མི་མང་རྣམས་སྲུང་སྐྱོབ་ཐོབ་པར་འགྱུར། ཨིསི་རཱཨེལ་གྱི་མི་མང་རྣམས་ཞི་བདེར་གནས་སོ། ཁོང་ལ་གཙོ་བོ་དཀོན་མཆོག་ང་ཚོའི་དྲང་བདེན་ཞེས་འབོད་པར་འགྱུར་རོ། 7གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། མི་མང་ནས་སླར་ང་ནི་འཚོ་བཞིན་པའི་དཀོན་མཆོག། ཨིསི་རཱཨེལ་གྱི་མི་མང་རྣམས་ཨི་ཇིབ་ཡུལ་ནས་འདོན་མཁན་ཞེས་ངའི་མིང་ནས་མནའ་མི་བསྐེལ་བའི་དུས་ཚོད་ཅིག་ཡོང་བཞིན་ཡོད་དོ། 8དེའི་ཚབ་ཏུ་དེ་ཚོས་ང་ནི་འཚོ་བཞིན་པའི་དཀོན་མཆོག་ཨིསི་རཱཨེལ་གྱི་མི་མང་རྣམས་བྱང་ཕྱོགས་ཀྱི་ཡུལ་གྲུ་དང་གཞན་ངས་ཁ་སྟོར་དུ་བཏང་བའི་ཡུལ་རྣམས་ནས་འདོན་གནང་མཁན་ངའི་མིང་ནས་མནའ་བསྐྱེལ་བར་འགྱུར། དེ་ནས་དེ་ཚོ་རང་གི་ཡུལ་དུ་དོད་པར་བྱེད་དོ༎

ལུང་སྟོན་པ་ཚོའི་སྐོར་ལ་ཡེར་མི་ཡཱའི་འཕྲིན།

9ང་ཡི་སེམས་ཆག་ང་ནི་འདར་བཞིན་ཡོད། གཙོ་བོ་དཀོན་མཆོག་དམ་པའི་གསུང་དེ་ཡིས། ང་ནི་ར་བཟི་བ་ཡི་མི་ཞིག་ལྟར། ཆང་ནི་ཧ་ཆང་མང་པོ་འཐུང་ཡོད་འདྲ། 10གཙོ་བོ་དཀོན་མཆོག་ཁོང་ལ་དད་མེད་མི་ཡི་ཡུལ་རྣམས་ཁེངས། དེ་ཚོས་མི་ཚོ་སྤྱོད་ངན་ངང་དུ་སྤྱོད། རང་གི་དབང་ཆ་བེད་སྤྱོད་ལོག་པར་བྱས། གཙོ་བོ་དཀོན་མཆོག་ཁོང་གི་དམོད་པ་ཡིས། ཡུལ་གྱི་མྱ་ངན་བྱེད་ཅིང་ཡུལ་གྱི་རྩ་ཁ་སྐམ། 11གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། དཀོན་མཆོག་མེད་པའི་ལུང་སྟོན་པ་དང་བླ་མ་ཚོ། ཁོ་ཚོ་རང་གི་ངན་ལས་གྱིས་པའི་སྐབས། ང་ཡིས་མཆོད་ཁང་ནང་དུ་བཟུང་བ་ཡི། 12དེ་ཚོའི་བགྲོད་ལམ་མུན་པར་འདྲེད་ཤོར་ལྟར། ང་ཡིས་དེ་ཚོ་འགྱེལ་ཞིང་བརྡབ་པར་བྱེད། དེ་ཚོའི་སྟེང་དུ་ང་ཡིས་རྐྱེན་ངན་འབེབས། དེ་ཚོར་ཉེས་ཆད་ཕོག་པའི་དུས་ཤིག་ཡོང་། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན། 13ས་མར་ཡའི་ཡུལ་གྱི་ལུང་སྟོན་པ་ཚོས། སྡིག་པ་གྱིས་པ་ང་ཡིས་མཐོང་བ་ཡིན། དེ་ཚོས་བྷལ་གྱི་མིང་ནས་གཏམ་སྨྲས་སོ། ང་ཡི་མི་མང་ཚོར་ཁ་འཐོར་སྣེ་འཁྲིད་དོ། 14ཡེ་རུ་ཤ་ལེམ་པ་ཡི་ལུང་སྟོན་ཚོས། དེ་ལས་སྡུག་པ་ལས་ངན་བྱེད་པ་ང་ཡི་མཐོང་། དེ་ཚོས་ལོག་གཡེམ་བྱེད་ཅིང་རྫུན་སྨྲས་སོ། ངན་ལས་བྱེད་པར་འགོག་མི་ཐུབ་པའི་ཆེད། དེ་ཚོས་ནོར་འཁྲུལ་བྱ་རྒྱུར་རོགས་བྱེད་དོ། སོ་དྷོམ་དང་ནི་གྷོ་མོ་རཱའི་མི་མང་ལྟར། ངའི་མདུན་དེ་ཚོ་ངན་པ་གཅིག་བསྒྱུར་ཡིན། 15དེ་ནས་ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་གྱི་ལུང་སྟོན་པ་ཚོའི་སྐོར་ལ་འདི་ལྟར་བརྗོད་རྒྱུ་ཡིན། དེ་ཚོས་ཟ་ཆེད་ང་ཡི་རྩི་ཤིང་ཁག་ཏིག་སྤྲད། འཐུང་བའི་ཆེད་དུ་དུག་ཆུ་སྤྲོད་རྒྱུ་ཡིན། གང་ལ་ཟེར་ན་དེ་ཚོས་ཡུལ་ཡོངས་སུ། དེ་ཚོས་ཆོས་མིན་སྤྱོད་ཚུལ་འབའ་ཞིག་སྤེལ། 16ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས། ཡེ་རུ་ཤ་ལེམ་གྱི་མི་མང་ལ་བཀའ་གནང་བ། ལུང་སྟོན་པ་ཚོས་བཤད་པ་ཚོ་ལ་མ་ཉོན་ཞིག། དེ་ཚོས་ཁྱོད་ཚོར་རེ་བ་རྫུན་མར་སྟོན་ནོ། དེ་ཚོས་ངས་བཤད་རྣམས་ཁྱོད་ཚོར་མི་སྨྲ་བ་དང་ཁོ་ཚོའི་བསམ་ཚུལ་འབའ་ཞིག་བཤད་དོ། 17ངས་བཤད་པར་མི་ཉན་མཁན་ཚོར་དེ་ཚོས་ཚང་མ་གང་ལེགས་ཡོང་ཞེས་མུ་མཐུད་སྨྲའོ། དེ་ཚོས་གྱོང་པོ་ཚོར་རྐྱེན་ངན་ནམ་ཡང་མི་ཡོང་ཞེས་སྨྲའོ། 18ངས་ཞུས་པ། ལུང་སྟོན་པ་དེ་ཚོ་སུས་ཀྱང་གཙོ་བོ་དཀོན་མཆོག་གི་གསང་བའི་དགོངས་པ་ཁག་མི་ཤེས་སོ། དེ་ཚོ་སུས་ཀྱང་ཁོང་གི་འཕྲིན་ནམ་ཡང་ཐོས་མེད་པ་དང་། ཤེས་རྟོགས་མེད་པ་དང་ཁོང་གིས་བཀའ་གནང་བར་ཉན་པ་དང་དོ་སྣང་ཙམ་ཡང་བྱས་མེད་དོ། 19ཁོང་གི་ཐུགས་ཁྲོ་ནི་རླུང་འཚུབ་དང་ལྷག་པ་དྲག་པོ་ལྟར་སྤྱོད་ངན་ཚོའི་མགོའི་སྟེང་དུ་འབབ་པར་འགྱུར། 20དེ་ཁོང་གི་ཐུགས་དགོངས་ལྟར་མཛད་རྒྱུ་རྣམས་ལ་མ་སྒྲུབ་བར་དུ་ཁོང་གི་ཁྲོ་བ་བཞི་བར་མི་འགྱུར། མ་འོངས་པར་ཁོང་གི་མི་མང་རྣམས་ནས་དེ་ཚོ་ཚང་མ་གསལ་པོར་རྟོགས་པར་འགྱུར་རོ། 21གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངས་ལུང་སྟོན་པ་དེ་ཚོ་མ་མངགས་ཀྱང་དེ་ཚོ་རང་ཉིད་སོང་བ་ཡིན་ནོ། ངས་དེ་ཚོ་ལ་འཕྲིན་གང་ཡང་སྤྲད་མེད་ན་ཡང་དེ་ཚོས་ངའི་མིང་ནས་གཏམ་སྨྲས་སོ། 22དེ་ཚོས་ངའི་གསང་བའི་བསམ་བློ་ཁག་རྟོགས་ཡོད་ན། དེ་ཚོས་ངའི་གསུང་འཕྲིན་མི་མང་ལ་གསལ་སྒྲགས་བྱས་པ་ཡོད། དེ་ཚོའི་མི་ཚེ་ངན་པ་དང་སྤྱོད་ཚུལ་ངན་པ་རྣམས་སྤོངས་སུ་འཇུག་ཐུབ་བོ། 23ང་ནི་ས་གནས་ཅིག་རང་མ་ཡིན་པར་ས་གནས་ཚང་མར་ཡོད་མཁན་དཀོན་མཆོག་དེ་ཡིན་ནོ། 24ཡང་ངས་མི་མཐོང་བའི་ཡུལ་དུ་སུ་ཞིག་ཡིབ་མི་ཐུབ་པ་དང་། ང་ནི་མཐོ་རིས་དང་ས་གཞི་ཚང་མར་ཡོད་པ་ཁྱོད་ཀྱིས་ཤེས་ཀྱི་ཡོད་དམ། 25ངའི་མིང་ནས་རྫུན་སྨྲ་མཁན་ལུང་སྟོན་པ་དེ་ཚོའི་རྨི་ལམ་ནང་དུ། ངས་གསུང་འཕྲིན་སྤྲད་བྱུང་བརྗོད་མཁན་ཚོས་ཇི་ལྟར་སྨྲས་པ་རྣམས་ངས་ཤེས་ཀྱི་ཡོད། 26ལུང་སྟོན་པ་དེ་ཚོས་བཟོས་པའི་རྫུན་གྱིས་ངའི་མི་མང་རྣམས་དུས་ཡུན་ཇི་ཙམ་རིང་བསླུ་འཁྲིད་བྱེད་ཐུབ་བམ། 27དེ་ཚོའི་བསམ་བློར་དེ་ཚོས་བཟོས་པའི་རྨི་ལམ་བརྗོད་པས་དེ་ཚོའི་ཕ་མེས་ཚོས་ང་བརྗེད་ནས་བྷལ་ལ་བློ་ཁ་བསྒྱུར་བ་ལྟར་ངའི་མི་མང་གིས་ང་བརྗེད་དུ་འཇུག་ཐུབ་ཀྱི་རེད་བསམ་གྱི་ཡོད་དམ། 28ལུང་སྟོན་པ་རྨི་ལམ་རྨི་མཁན་ཚོས་དེ་རྨི་ལམ་རེད་ཅེས་བརྗོད་དགོས་སོ། འོན་ཀྱང་ངའི་འཕྲིན་ཐོས་མཁན་ལུང་སྟོན་པ་ཚོས་དམ་ཚིག་བརྟན་པོས་ངའི་གསུང་འཕྲིན་གསལ་སྒྲགས་བྱེད་དགོས་སོ། གྲོ་དང་སོག་མ་བསྡུར་སྲིད་དམ། 29ངའི་གསུང་འཕྲིན་དེ་མེ་དང་ཐོ་བ་འདྲ་བས་བྲག་དུམ་བུར་གཅོག་པར་བྱེད་དོ། 30ངས་ལུང་སྟོན་པ་ཚོས་གཅིག་གིས་གཅིག་ནས་གཏམ་ལེན་ནས་དེ་ཚོ་ངའི་འཕྲིན་རེད་ཅེས་གསལ་སྒྲགས་བྱ་མཁན་ཚོར་ངོ་རྒོལ་བྱེད་ཀྱི་ཡོད། 31ཡང་ལུང་སྟོན་པ་ཚོས་རང་གི་གཏམ་སྨྲས་ནས་དེ་ཚོ་ང་ནས་བྱུང་བའི་འཕྲིན་རེད་ཅེས་བརྗོད་མཁན་ཚོར་ཀྱང་ངོ་རྒོལ་བྱེད་ཀྱི་ཡོད། 32ང་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲས་པར་ཉོན་ཞིག། ལུང་སྟོན་པས་རང་གི་རྫུན་མའི་རྨི་ལམ་སྨྲ་མཁན་ཚོར་ངས་ངོ་རྒོལ་ཡོད། དེ་ཚོས་རྨི་ལམ་དེ་ཚོ་བརྗོད་ནས་དེ་ཚོའི་རྫུན་དང་གཏམ་འདོད་ཀྱིས་ངའི་མི་མང་རྣམས་ལམ་ནོར་དུ་འཁྲིད་པར་བྱེད་དོ། ངས་དེ་ཚོ་ལ་བཏང་མེད་པ་མ་ཟད། དེ་ཚོ་འགྲོ་དགོས་པའི་བཀའ་ཡང་སྤྲད་མེད་སྟབས། དེ་ཚོ་ངའི་མི་མང་ལ་ཕན་ཐོག་མེད་ཅེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

གཙོ་བོ་དཀོན་མཆོག་གི་འཁུར་པོ།

33གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ཡེར་མི་ཡཱ་ངའི་མི་ཞིག་གམ་ལུང་སྟོན་པ་ཞིག་གམ་བླ་མ་ཞིག་གིས་གཙོ་བོ་དཀོན་མཆོག་གི་གསུང་འཕྲིན་ཇི་ཡིན་ཞེས་དྲིས་པ་ཡིན་ན་ཁྱོད་ཀྱིས་ཁོ་ལ་འདི་ལྟར་བརྗོད་དགོས། ཁྱོད་ཚོ་ནི་གཙོ་བོ་དཀོན་མཆོག་གི་ཆེད་དུ་འཁུར་པོ་ཞིག་ཟེར་བ་ཡིན་སྟབས་ཁོང་གིས་ཁྱོད་སྤོང་བར་མཛད་དོ། 34ངའི་མི་ཞིག་གམ་ལུང་སྟོན་པ་ཞིག་གམ་བླ་མ་ཞིག་བཅས་ཀྱིས་གཙོ་བོ་དཀོན་མཆོག་གི་འཁུར་པོ་ཞེས་པའི་ཚིག་བེད་སྤྱོད་བྱས་པ་ཡིན་ན། ངས་ཁོ་དང་ཁོའི་ཁྱིམ་ཚང་ལ་ཆད་པ་གཏོང་རྒྱུ་ཡིན། 35དེའི་ཚབ་ལ་གཅིག་གིས་གཅིག་ལ་རང་གི་གྲོགས་པོ་དང་སྤུན་ཚོར་གཙོ་བོ་དཀོན་མཆོག་གིས་བཀའ་ལན་གང་གནང་ཡོད་དམ། གཙོ་བོ་དཀོན་མཆོག་གིས་ག་རེ་གསུངས་ཡོད་དམ་ཞེས་འདྲིས་དགོས་སོ། 36དེ་བས་ན་བླ་མ་དེ་ཚོས་གཙོ་བོ་དཀོན་མཆོག་གིས་འཁུར་པོ་ཅེས་པའི་ཚིག་བེད་སྤྱོད་བྱ་མི་རུང། གང་ལ་ཟེར་ན། སུ་ཞིག་གིས་དེ་ལྟར་བྱས་པ་ཡིན་ན། ངས་དེ་ཚོ་ལ་ངའི་གསུང་འཕྲིན་དེ་ཁོ་ལ་འཁུར་པོ་ངོ་མ་བཟོ་བར་བྱའོ། མི་མང་དེ་ཚོས་འཚོ་བཞིན་པའི་དཀོན་མཆོག་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གི་བཀའ་ལོག་པར་བེད་སྤྱོད་བྱས་ཡོད་དོ། 37ཡེར་མི་ཡཱ། ལུང་སྟོན་པ་ཚོར་གཙོ་བོ་དཀོན་མཆོག་གིས་བཀའ་ལན་ག་རེ་གནང་སོང་ངམ། གཙོ་བོ་དཀོན་མཆོག་གིས་ག་རེ་གསུངས་སོང་ངམ་ཞེས་འདྲིས་ཤིག 38དེ་ཚོས་ངའི་བཀའ་ལ་མ་ཉན་པར་གཙོ་བོ་དཀོན་མཆོག་གི་འཁུར་པོ་ཅེས་པའི་ཚིག་བེད་སྤྱོད་བྱས་པ་ཡིན་ན། དེ་ཚོར་སྨྲོས་ཤིག། 39ངས་དེ་ཚོ་ལ་སྒྲུག་ནས་དེ་ཚོ་དང་དེ་ཚོའི་ཕ་མེས་ཚོར་སྤྲད་པའི་གྲོང་ཁྱེར་གཉིས་ཀ་ང་ལས་ཐག་རིང་དུ་དབྱུགས་པར་བྱའོ། 40ངས་དེ་ཚོ་ལ་དེ་ཚོས་ནམ་ཡང་མ་བརྗེད་པའི་གཏན་གྱི་ངོ་ཚ་དང་དམའ་འབེབས་གཏོང་བར་བྱ་ཞེས་སོ༎

ཡེར་མི་ཡཱ། 24

སེ་ཡབ་ཀྱི་སླེ་པོ་གཉིས།

1གཙོ་བོ་དཀོན་མཆོག་གིས། མཆོད་ཁང་གི་མདུན་དུ་བཞག་ཡོད་པའི་སེ་ཡབ་ཀྱི་སླེ་པོ་གཉིས་ང་ལ་སྟོན་གནང་བྱུང་། (དེ་ནི་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཡེ་ཧོ་ཡ་ཀིམ་གྱི་སྲས་ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཡ་ཀིན་དང་། ཡ་ཧུ་དཱ་པའི་འགོ་འཛིན་ཚོ་དང་ལག་ཤེས་པ་ཚོ་དང་ལག་རྩལ་ཅན་གྱི་ལས་མི་བཅས་པ་ཡེ་རུ་ཤ་ལེམ་ནས་བྷེ་བྷི་ལོ་ནི་ཡ་དུ་བཙོན་དུ་འཁྲིད་པའི་རྗེས་ལ་ཡིན།) 2སླེ་པོ་དང་པོ་དེའི་ནང་སྨིན་ཚར་བའི་སེ་ཡབ་ཡག་པོ་ཁག་ཡོད། གཞན་པ་དེའི་ནང་ཟ་མི་ལོ་བའི་སེ་ཡབ་ཧ་ཅང་སྡུག་པོ་ཁག་ཡོད། 3དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ། ཡེར་མི་ཡཱ་ཁྱོད་ཀྱིས་ག་རེ་མཐོང་ངམ་ཞེས་གསུངས་པས། ངལ་ལན་དུ་སེ་ཡབ་འདུག། སེ་ཡབ་ཡག་པོ་རྣམས་ནི་ཧ་ཅང་ཡག་པོ་ཡོད་པ་དང་། སྡུག་པ་ཁག་ནི་ཧ་ཅང་གི་སྡུག་པོ་ཟ་བར་མི་ལོ་བ་འདུག་ཅེས་ཞུས་པ་ཡིན། 4དེ་འདྲ་སོང་ཙང་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། 5ང་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་བྷེ་བྷི་ལོ་ནི་ཡ་དུ་འཁྲིད་པའི་མི་མང་ཚོ་སེ་ཡབ་བཟང་པོ་ལྟར་ཆ་འཛིན་བྱ་རྒྱུ་དང་དེ་ཚོར་དྲིན་སྐྱོང་བྱ་རྒྱུ་ཡིན་ནོ། 6ངས་དེ་ཚོ་ལ་ལྟ་རྟོག་ཀྱིས་ཡུལ་འདིར་ཚུར་འཁྲིད་ཡོང་རྒྱུ་ཡིན། ངས་དེ་ཚོ་བཟོ་རྒྱུ་ལས་བཤིགས་པར་མི་བྱའོ། ངས་དེ་ཚོ་འདེབས་རྒྱུ་ལས་བཀོག་པར་མི་བྱའོ། 7ངས་དེ་ཚོ་ལ་ང་གཙོ་བོ་དཀོན་མཆོག་ཡིན་པ་ངོ་ཤེས་པའི་འདོད་པ་སྐྱེད་པ་བཟོ་རྒྱུ་ཡིན། དེ་ནས་དེ་དག་ངའི་མི་མང་ལ་འགྱུར་བ་དང་། ང་དེ་དག་གི་དཀོན་མཆོག་ཏུ་འགྱུར་རོ། གང་ལ་ཟེར་ན། དེ་དག་སེམས་ཀྱི་གཏིང་ནས་ངའི་སར་ལོག་པར་འགྱུར། 8ཡ་ཧུ་དཱ་པའི་རྒྱལ་པོ་ཛེ་དེ་ཀི་ཡཱ་དང་ཁོང་གི་སྲིད་དོན་པ་ཚོ་དང་གཞན་ཡེ་རུ་ཤ་ལེམ་གྱི་མི་མང་ལྷག་འཕྲོས་ཡུལ་འདིར་གནས་སྡོད་མཁན་ནམ། ཨི་ཇིབ་དུ་འགྲོ་མཁན་ཚོར་ང་གཙོ་བོ་དཀོན་མཆོག་གིས་ཟ་བར་མི་ལོ་བའི་སེ་ཡབ་ཧ་ཅང་སྡུག་པོ་ལྟར་འཛིན་ནོ། 9ངས་དེ་ཚོའི་སྟེང་རྐྱེན་ངན་དེ་འདྲ་འབེབས་པར་བྱ་རྒྱུ་ཡིན་དེ་མཐོང་ནས་འཛམ་གླིང་གི་མི་རིགས་རྣམས་འཇིག་པར་འགྱུར། མི་ཚོས་དེ་ཚོ་ལ་འཕྱ་བ་དང་དེ་ཚོའི་སྐོར་ལ་བསྟན་བཤིག་ལངས་བ་དང་ཁྱད་གསོད་བྱེད་པ་དང་། དེ་ཚོའི་མིང་ངས་དེ་ཚོ་སྟོར་བ་ཁག་ལ་དམོད་པ་ལྟར་བེད་སྤྱོད་བྱེད་དོ། 10ངས་དེ་ཚོ་དང་དེ་ཚོའི་ཕ་མེས་ཚོར་སྤྲད་པའི་ཡུལ་དུ་དེ་ཚོ་གཅིག་ཀྱང་མ་ལུས་པར་དམག་དང་མུ་གེ་དང་ནད་ཡམས་གཏོང་བར་བྱའོ༎

ཡེར་མི་ཡཱ། 25

བྱང་ཕྱོགས་ནས་དགྲ་བོ་ཡོང་བ།

1ཡོ་ཤི་ཡཱའི་སྲས་ཡེ་ཧོ་ཡ་ཀིམ་ཡ་ཧུ་དཱ་པའི་རྒྱལ་པོ་གནང་བའི་ལོ་བཞི་པར་གཙོ་བོ་དཀོན་མཆོག་ནས་ང་ལ་ཡ་ཧུ་དཱ་པའི་མི་མང་ཚང་མའི་སྐོར་གསུང་འཕྲིན་ཞིག་འབྱོར་བྱུང། (དེ་ནི་ནེ་བུ་ཀད་ནེ་ཛར་བྷེ་བྷི་ལོ་ནི་ཡའི་རྒྱལ་པོར་འགྱུར་བའི་ལོ་དང་པོ་དེ་ཡིན་ནོ།) 2ངས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ཚང་མར་སྨྲས་པ་ཡིན། 3ལོ་ཉི་ཤུ་རྩ་གསུམ་རིང་ཨ་མོན་གྱི་སྲས་ཡོ་ཤི་ཡཱ་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་ནས་ལོ་བཅུ་གསུམ་འཁོར་བ་ནས་དུས་དེ་རིང་གི་བར་གཙོ་བོ་དཀོན་མཆོག་གིས་ང་ལ་གསུང་གླེང་གང་གནང་བ་དང་། ཁོང་གི་ཇི་ལྟར་བཀའ་གནང་བ་ངས་ཁྱོད་ཚོར་ཡང་ཡང་བཤད་ན་ཡང། ཁྱོད་ཚོས་དོ་སྣང་ཙམ་ཡང་བྱས་མེད་དོ། 4གཙོ་བོ་དཀོན་མཆོག་གིས་རྒྱུན་ཆད་མེད་པར་ཁོང་གི་ཞབས་ཕྱི་ལུང་སྟོན་པ་ཚོ་གཏོང་གནང་ཡོད་ན་ཡང་། ཁྱོད་ཚོས་མི་ཉན་པ་ཡང་ན་དོ་སྣང་ཙམ་ཡང་བྱེད་མེད་དོ། 5གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་དང་ཁྱོད་ཚོའི་ཕ་མེས་ཚོར་གནང་བའི་ཡུལ་དེ་གཏན་གྱི་ཕྱིར་གནང་ནས། མུ་མཐུད་གནས་པའི་ཆེད་ཁོང་གིས་ཁྱོད་ཚོའི་སྡུག་རྩུབ་ཅན་གྱི་མི་ཚེ་དང་ཁྱོད་ཚོས་བྱེད་པའི་ལས་ངན་པ་ལས་བསྒྱུར་བ་གཏོང་དགོས་གསུངས་ཡོད། 6ཁོང་གིས་ཁྱོད་ཚོས་ལྷ་གཞན་ལ་མཆོད་ནས་ཞབས་ཕྱི་ཞུ་བ་དང་། ཁྱོད་ཚོས་བཟོས་པའི་སྐུ་འདྲ་མཆོད་ནས་གཙོ་བོ་དཀོན་མཆོག་ཐུས་ཁྲོ་རུ་མ་འཇུག་ཅེས་གསུངས་ཡོད། ཁྱོད་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ན་ཁོང་གིས་ཁྱོད་ཚོར་ཉེས་ཆད་གཏོང་མི་གནང་ངོ་། 7འོན་ཀྱང་ཁྱོད་ཚོས་ཁོང་གིས་བཀའ་ལ་ཉན་རྒྱུར་ཁས་ལེན་བྱས་མེད་ཅེས་གཙོ་བོ་དཀོན་མཆོག་ཁོང་རང་གིས་གསུངས་ཡོད། དེའི་ཚབ་ལ་ཁྱོད་ཚོའི་སྐུ་འདྲའི་སྒོ་ནས་ཁོང་གི་ཐུགས་ཁྲོ་རུ་བཅུག་པ་དང་ཁྱོད་ཚོའི་ཐོག་ཏུ་ཉེས་ཆད་འབེབས་ཡོད། 8དེར་བརྟེན་ཁྱོད་ཚོས་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གི་བཀའ་ལ་མ་ཉན་པའི་རྐྱེན་གྱིས་ཁོང་གིས་འདི་ལྟར་བཀའ་གནང་ངོ་། 9ངས་བྱང་ཕྱོགས་ཀྱི་མི་མང་རྣམས་དང་ངའི་ཞབས་ཕྱི་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་ལ་འབོད་རྒྱུ་ཡིན། ངས་དེ་ཚོ་ཡ་ཧུ་དཱ་དང་དེར་གནས་པ་རྣམས་དང་དེའི་ཁྱིམ་མཚེས་ཀྱི་མི་མང་ཚང་མ་དང་འཐབ་པར་འཁྲིད་ཡོང་ངོ་། ངས་མི་རིགས་འདི་དང་འདིའི་ཁྱིམ་མཚེས་བཅས་པ་མེད་པར་བཟོ་བ་དང་། དེ་ཚོ་འཇིགས་སུ་རུང་བ་དང་ཧང་སང་དགོས་པའི་ས་གནས་གྱང་གོག་ཞིག་ཏུ་གཏོང་རྒྱུ་ཡིན་ནོ་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 10ངས་དེ་ཚོའི་དགའ་བའི་སྐད་སྒྲ་དང་ཆང་སའི་ཐུགས་སྤྲོའི་དགའ་སྐྱིད་ཀྱི་སྒྲ་རྣམས་མེད་པར་བཟོ་བར་བྱའོ། དེ་ཚོའི་ཞུ་མར་གྱི་ཆེད་དེ་ཚོ་ལ་སྣུམ་མེད་པར་འགྱུར་བ་དང་འབྲུ་ཡང་མེད་པར་འགྱུར་རོ། 11ཡུལ་འདི་ཡོངས་རྫོགས་གྱང་གོག་དང་ཧང་སང་དགོས་པའི་གནས་སུ་འགྱུར་བ་དང་། ཁྱིམ་མཚེས་ཀྱི་མི་མང་ཚོས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོར་ལོ་བདུན་ཅུའི་རིང་གཡོག་བྱེད་པར་གྱུར་རོ། 12དེའི་རྗེས་ལ་ངས་བྷེ་བྷི་ལོ་ནི་ཡ་དང་དེའི་རྒྱལ་པོར་དེ་ཚོའི་སྡིག་པའི་ཆེད་ཉེས་ཆད་གཏོང་བར་བྱའོ། ངས་ཡུལ་དེ་མེད་པར་བཟོ་བ་དང་དེ་ནི་གཏན་གྱི་ཆེད་གྱང་གོག་ཏུ་འཇིག་རྒྱུ་ཡིན། 13ངས་ཡེར་མི་ཡཱ་བརྒྱུད་སྨྲས་པའི་རྐྱེན་ངན་ཚང་མ་མི་རིགས་ཚོར་འཁྱེར་ཡོང་རྒྱུ་ཉེན་བརྡ་དེ། ཡང་ན་མདོ་འདིའི་ནང་བཀོད་ཡོད་པའི་རྐྱེན་ངན་རྣམས་བྷེ་བྷི་ལོ་ནི་ཡའི་ཐོག་འཁྱེར་ཡོང་ནས་དེ་ལ་ཉེས་ཆད་གཏོང་རྒྱུ་ཡིན། 14ངས་བྷེ་བྷི་ལོ་ནི་ཡ་པ་ཚོར་དེ་ཚོས་ཇི་ལྟར་གྱིས་པར་ལན་འཇལ་བ་དང་། མི་རིགས་མང་པོ་དང་རྒྱལ་པོ་ཆེན་པོ་ཚོས་དེ་ཚོ་ལ་ཚེ་གཡོག་བཟོ་བར་བྱའོ༎

མི་རིགས་ཚོའིི་སྟེང་གཙོ་བོ་དཀོན་མཆོག་གི་ཁྲིམས་གཅོད།

15གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ང་ལ་བཀའ་གནང་བ། འདིར་ངས་ཁྲོ་བས་བཀའ་བའི་རྒུན་ཆང་གི་དཀའ་ཡོལ་ཞིག་ཡོད། དེ་ངས་ཁྱོད་གཏོང་སའི་རྒྱལ་ཁབ་ཚང་མའི་སར་འཁྱེར་ནས་དེ་ཚོ་ལ་དེ་ནས་འཏུང་འཇུག་ཅིག 16དེ་ཚོས་དེ་ནས་འཐུང་སྐབས་འཁྱོར་བ་དང་དྲན་མེད་དུ་འགྱུར་རོ། གང་ལགས་ཟེར་ན་ངས་དེ་ཚོའི་ཐོག་དམག་འཐབ་གཏོང་བཞིན་ཡོད། 17དེར་བརྟེན་ངས་གཙོ་བོ་དཀོན་མཆོག་གི་ཕྱག་ནས་སྐར་ཡོལ་དེ་བླངས་ནས། གཙོ་བོ་དཀོན་མཆོག་གིས་ང་གཏོང་གནང་ཡུལ་མི་མང་ཚང་མའི་སར་སོང་ནས་དེ་ཚོ་ལ་དེ་ནས་འཐུང་དུ་བཅུག་པ་ཡིན། 18ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་དེ་ཚོའི་རྒྱལ་པོ་དང་འགོ་པ་ཚོ་དང་བཅས་པ་བྱེ་ཐང་དང་འཇིགས་སུ་རུང་བའི་ཧང་སང་དགོས་པའི་གནས་སུ་འགྱུར་བ་དང་། དེང་སང་ཡང་དེ་ཚོའི་མིང་དམོད་ཚིག་ཏུ་བེད་དསྤྱོད་བྱས་བའི་ཆེད་དེ་ནས་འཐུང་དུ་འཇུག་པ་ཡིན་ནོ། 19-26དཀར་ཡོལ་དེ་ནས་འཐུང་འཇུག་པའི་མིང་ཐོ་གཞན་ཚང་མ་ནི། ཨི་ཇིབ་ཀྱི་རྒྱལ་པོ་དང་ཁོང་གི་ལས་བྱེད་པ་ཚོ་དང་འགོ་འཛིན་ཚོ་དང་། ཨི་ཇིབ་པ་ཚང་མ་དང་ཨི་ཇིབ་ཏུ་གནས་སྡོད་བྱས་མཁན་ཕྱི་རྒྱལ་བ་ཚང་མ་དང། ཨུཛ་ཡུལ་གྱིི་རྒྱལ་པོ་ཚང་མ་དང་། ཕེ་ལེ་ཤེད་པའི་གྲོང་ཁྱེར་རྣམས་ཨཤ་ཀེ་ལོན་དང་གྷ་ཛ་དང་ཨེག་རོན་དང་ཨཤ་དྷོད་ཀྱི་ལྷག་ཕྲོས་བཅས་པའི་རྒྱལ་པོ་ཚང་མ་དང། ཨེ་དྷོམ་དང་མོ་ཨབ་དང་ཨམ་མོན་ཡུལ་གྱི་མི་མང་ཚང་མ་དང་། ཊ་ཡར་དང་སི་དོན་གྱི་རྒྱལ་པོ་ཚང་མ། མེ་ཌི་ཊ་རེ་ནི་ཡན་ཡུལ་རྣམས་ཀྱི་རྒྱལ་པོ་ཚང་མ་དང། དྷེ་དན་དང་ཏེ་མ་དང་བྷཛ་ཀྱི་གྲོང་ཁྱེར་རྣམས་དང་། སྐྲ་ཐུང་ཐུང་གཏུབ་མཁན་མི་མང་ཚང་མ་དང། ཨ་ར་བི་ཡའི་རྒྱལ་པོ་ཚང་མ་དང་། བྱེ་ཐང་སྡེ་རིགས་ཁག་གི་རྒྱལ་པོ་ཚང་མ། ཛིམ་རི་དང་ཨེ་ལམ་དང་མ་དཱའི་རྒྱལ་པོ་ཚང་མ་དང་། བྱང་ཕྱོགས་ཀྱི་ཐག་རིང་ཐུང་དང་གཅིག་རྗེས་གཉིས་མཐུད་ཀྱི་རྒྱལ་པོ་ཚང་མ་དང་། ས་གཞིའི་སྟེང་དུ་ཡོད་པའི་མི་རིགས་ཡོངས་ནས་འཐུང་དགོས་པས་མཐའ་མར་བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་ཀྱང་དེ་ནས་འཐུང་བར་འགྱུར། 27དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ངས་དེ་ཚོ་ལ་དམག་གཏོང་རྒྱུར་བརྟེན། མི་མང་ཡོངས་ལ་ང་མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་དེ་ཚོ་ར་མ་བཟི་བར་དང་སྐྱུག་པ་མ་ཤོར་བར་དང་མ་འགྱེལ་བར་དང་ཡར་ལངས་མ་ཏུབ་བར་དེ་ནས་འཐུང་དགོས་པའི་བཀའ་གནང་སོང་སྨྲོས་ཤིག 28དེ་ཚོས་ཁྱོད་ཀྱིས་ལག་ནས་དཀར་ཡོལ་མ་ལེན་ནས་མ་འཐུང་བ་ཡིན་ན། དེ་ཚོ་ལ་ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་དེ་ནས་ངས་པར་དུ་འཐུང་དགོས་པའི་བཀའ་གནང་ངོ་ཞེས་སྨྲོས་ཤིག 29ངས་ང་རང་ཉིད་ཀྱི་གྲོང་ཁྱེར་མེད་པར་བཟོ་རྒྱུའི་ལས་འགོ་བཙུགས་རྒྱུ་ཡིན། དེ་ཚོའི་བསམ་པར་ཉེས་ཆད་མེད་པར་ཐར་གྱི་རེད་བསམ་གྱི་ཡོད་དམ། དེ་ལྟར་མིན་ནོ། དེ་ཚོ་ལ་ཉེས་ཆད་གཏོང་རྒྱུ་ཡིན་ནོ། གང་ལ་ཟེར་ན། ངས་ས་གཞིའི་མི་མང་ཡོངས་ལ་དམག་གཏོང་རྒྱུ་ཡིན་ཞེས་ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 30ཡེར་མི་ཡཱ་ཁྱོད་ཀྱིས་ངས་བརྗོད་པ་རྣམས་གསལ་སྒྲགས་བྱེད་དགོས་སོ། ཁྱོད་ཀྱིས་མི་དེ་ཚོ་ལ་འདི་ལྟར་བརྗོད་དགོས་སོ། དཀོན་མཆོག་ཁོང་གི་མཐོ་རིས་ནས་ངར་སྐད་འདོན། མཐོ་རིས་ཀྱི་དགུང་ནས་འབྲུག་སྒྲ་སྒྲོགས། ཁོང་གིས་རང་གི་མི་ལ་ངར་སྐད་འདོན། རྒུན་འབྲུམ་བརྫི་མཁན་མི་ལྟར་གསུང་སྐད་སྐྱོན། ས་གཞིའི་ཡོངས་ཀྱིས་ཁོང་གི་གསུང་སྐད་ཐོས། 31གསུང་གི་གྲགས་ཆར་ས་གཞིའི་མཐའ་བར་ཐོས། མི་རིགས་རྣམས་ཀྱི་ཐོག་ཏུ་གཙོ་བོ་དཀོན་མཆོག་ཁོང་ལ་ཁ་མཆུ་ཡོད། ཁོང་གིས་མི་མང་ཡོངས་ལ་ཞིབ་དཔྱོད་གནང་། སྤྱོད་ངན་རྣམས་ལ་ཉེས་པ་སྲོག་ཐོག་གནང་། གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་ངོ་། 32ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས། རྐྱེན་ངན་དེ་བཞིན་མི་རིགས་གཅིག་འཇུག་གཉིས་འཇུག་ལ་འབྱུང་བ་དང་། ས་གཞིའི་ས་ཐག་རིང་པོའི་མཐའ་དག་ལ་རླུང་འཚུབ་དྲག་པོ་གསོགས་བཞིན་ཡོད་གསུངས་སོ། 33ཉིན་དེ་གཙོ་བོ་དཀོན་མཆོག་གིས་བསད་གནང་བའི་རོ་རྣམས་ས་གཞིའི་མཐའ་གཅིག་ནས་གཞན་བར་འཐོར་བར་འགྱུར། དེ་ཚོའི་ཆེད་སུས་ཀྱང་མྱ་ངན་མི་བྱེད་པ་དང་དེ་ཚོ་ལེན་ནས་སྦས་པར་མི་བྱེད་དོ། དེ་ཚོ་སའི་སྟེང་དུ་ལུད་ཀྱི་ཕུང་པོ་ལྟར་ལུས་པར་འགྱུར་རོ། 34ཁྱོད་ཚོ་འགོ་འཁྲིད་ཚོ་དང་ངའི་མི་མང་གི་ལུག་རྫི་ཚོ་ངུ་ཞིག། སྐད་ཆེན་པོས་ངུ་ཞིག། མྱ་ངན་བྱེད་ཅིང་རྡུལ་སྟེང་སྒྲིལ་ཞིག། ཁྱོད་ཚོ་གསོད་པའི་དུས་ལ་སླེབས་ཡོད་པའི་ཁྱོད་ཚོ་ལུག་ཐུག་ལྟར་གསོད་པར་བྱའོ། 35ཁྱོད་ཚོ་ལ་ཐར་བའི་ལམ་མེད་དོ། 36-37ཁྱོད་ཚོ་མྱ་ངན་བྱ་བཞིན་སྡུག་བསྔལ་གྱིས་ངུ་ཞིག། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་ཐུགས་ཁྲོ་བའི་སྐབས་ཁྱོད་ཚོའི་མི་རིགས་སྟོར་གནང་བ་དང་ཁྱོད་ཚོའི་ཞི་བདེའི་ཡུལ་དེ་བཞིན་གྱང་གོག་ཏུ་གཏོང་གནང་ངོ་། 38སེང་གེས་རང་གི་བྲག་ཕུག་དོར་བ་ལྟར་གཙོ་བོ་དཀོན་མཆོག་གིས་ཁོང་གི་མི་མང་སྤོང་གནང་ངོ་། དམག་གི་འཇིགས་སྐྲག་དང་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་དྲག་པོས་ཡུལ་དེ་བཞིན་བྱེ་ཐང་དུ་འགྱུར་ཡོད་དོ༎

ཡེར་མི་ཡཱ། 26

ཡེར་མི་ཡཱ་ལ་ཁྲིམས་ཞིབ་བྱེད་པ།

1ཡོ་ཤི་ཡཱའི་སྲས་ཡེ་ཧོ་ཡ་ཀིམ་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་མ་ཐག་ཏུ། 2གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། མཆོད་ཁང་གི་འཁྱམས་རར་ལངས་ནས་དེར་མཆོད་པར་ཡོང་བའི་ཡ་ཧུ་དཱའི་གྲོང་ཁྱེར་གྱི་མི་མང་ཚོ་ལ་ངས་ཁྱོད་ལ་ཇི་ལྟར་ཤོད་དགོས་པའི་བཀའ་བཏབ་བ་རྣམས་གསལ་སྒྲགས་བྱོས་ཤིག ཁྱོད་ཀྱིས་གང་ཡང་མ་ལུས་པ་ཤོད་ཅིག། 3མི་མང་གིས་ཉན་ནས་རང་གི་ལམ་ངན་པ་རྣམས་སྤོང་སྲིད་དོ། དེ་ལྟར་བྱས་པ་ཡིན་ན་ངས་དེ་ཚོའི་བྱ་སྤྱོད་ངན་པའི་ཆེད་འཇིག་སྐྲག་གཏོང་རྒྱུའི་འཆར་གཞི་སྐོར་ངའི་སེམས་བསྒྱུར་བ་གཏོང་རྒྱུ་ཡིན་ནོ། 4གཙོ་བོ་དཀོན་མཆོག་གིས་ང་ལ། མི་མང་ཚོ་ལ་འདི་ལྟར་ཤོད་དགོས་བཀའ་གནང་བྱུང་། ང་གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོས་ངའི་སློབ་སྟོན་གྱིས་པའི་རྗེས་སུ་འཇུག་པ་དང་། 5ཁྱོད་ཚོའི་སར་ངས་བཏང་བའི་ངའི་ཞབས་ཕྱི་ལུང་སྟོན་པ་ཚོའི་བཀའ་ལ་ངེས་པར་དུ་ཉན་དགོས་སྨྲས་ཡོད། འོན་ཀྱང་ཁྱོད་ཚོས་དེ་ཚོར་ནམ་ཡང་ཉན་མེད་དོ། 6ཁྱོད་ཚོས་མུ་མཐུད་མི་ཉན་པ་ཡིན་ན། ངས་ཤི་ལཱོ་ལ་བྱས་པ་ལྟར་མཆོད་ཁང་འདིར་བྱ་རྒྱུ་དང་། འཛམ་གླིང་གི་མི་རིགས་ཡོངས་ཀྱིས་གྲོང་ཁྱེར་འདིའི་མིང་དམོད་ལྟར་བེད་སྤྱོད་པར་བྱའོ། 7བླ་མ་ཚོ་དང་ལུང་སྟོན་པ་ཚོ་དང་མི་མང་རྣམས་ནས་ངས་མཆོད་ཁང་ནང་དེ་ལྟར་བཤད་པ་ཐོས་པ་དང་། 8གཙོ་བོ་དཀོན་མཆོག་གིས་ང་ལ་ཤོད་དགོས་གསུངས་པའི་བཀའ་གནང་བ་རྣམས་བཤད་ཟིན་མ་ཐག་ཏུ་དེ་ཚོས་ང་བཟུང་ནས་སྐད་ཅོར་རྒྱབས་སོ། བྱ་བ་འདིའི་རྐྱེན་གྱིས་ཁྱོད་གསོད་དགོས་པ་ཡིན་ནོ། 9ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་གི་མཚན་ཐོག་མཆོད་ཁང་འདི་བཞིན་ཤི་ལཱོ་ལྟར་འགྱུར་བ་དང་། གྲོང་ཁྱེར་འདི་བཞིན་འཇིག་སྟོར་གྱིས་འདིའི་ནང་སུ་ཡང་མི་སྡོད་ཅེས་ཅི་ལ་བརྗོད་པ་ཡིན་ནམ་ཞེས་ཟེར་ནས་མི་མང་ངའི་མཐའ་འཁོར་དུ་འདུས་སོ། 10ཡ་ཧུ་དཱ་པའི་འགོ་འཁྲིད་ཚོས་ཇི་ལྟར་བྱུང་བ་ཐོས་པ་དང་། དེ་ཚོ་མགྱོགས་པོར་རྒྱལ་པོའི་ཕོ་བྲང་ནས་མཆོད་ཁང་དུ་སོང་བ་དང་། དེ་ཚོའི་རྒྱལ་སྒོ་གསར་པར་རང་རང་གི་ས་གནས་བཟུང་ངོ། 11དེ་ནས་བླ་མ་ཚོ་དང་ལུང་སྟོན་པ་ཚོས་འགོ་འཁྲིད་ཚོ་དང་མི་མང་ཚོར་མི་འདི་ལ་ཉེས་པ་སྲོག་ཐོག་གཏོང་འོས་པ་ཡིན་ནོ། གང་ལ་ཟེར་ན། ཁོས་ང་ཚོའི་གྲོང་ཁྱེར་ལ་ངོ་རྒོལ་བྱས་ཡོད། ཁྱོད་ཚོས་རང་གི་རྣ་བས་ཐོས་ཡོད་ཅེས་སྨྲས་སོ། 12དེ་ནས་ངས་སྨྲས་པ། གཙོ་བོ་དཀོན་མཆོག་གིས། ང་ཁྱོད་ཚོའི་མཆོད་ཁང་འདི་དང་གྲོང་ཁྱེར་འདི་ལ་ངོ་རྒོལ་གྱི་གསལ་སྒྲགས་བྱེད་པར་གཏོང་གནང་ཡོད། 13ད་ལྟ་ཁྱོད་ཚོའི་སྡོད་སྟངས་དང་ཁྱོད་ཚོས་བྱེད་བཞིན་པར་བསྒྱུར་བ་བཏང་ནས། ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་བཀའ་ལ་ཉན་ཞིག ཁྱོད་ཚོས་དེ་ལྟར་བྱས་པ་ཡིན་ན། ཁོང་གིས་ཁྱོད་ཚོའི་ཐོག་འཁྱེར་ཡོང་གི་ཡིན་གསུངས་བའི་འཇིག་སྟོར་གྱི་སྐོར་དགོངས་པ་བསྒྱུར་བ་གཏོང་གནང་ཡོང་། 14ང་ནི་ཁྱོད་ཚོའི་དབང་འོག་ཏུ་ཡོད། ཁྱོད་ཚོས་དྲང་བདེན་ཇི་ཡིན་བསམ་པ་ང་ལ་བྱས་ན་སྒྲིགས་སོ། 15འོན་ཀྱང་ཁྱོད་ཚོས་དེར་ངེས་ཏན་གྱིས་ཤིག། ཁྱོད་ཚོས་ང་བསད་པ་ཡིན་ན་ཁྱོད་ཚོ་དང་གྲོང་ཁྱེར་འདིའི་མི་མང་ཚོར་མི་སྐྱོན་མེད་གཅིག་བསད་པའི་ཉེས་པ་ཡོད་དོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་ང་ལ་ཁྱོད་ཚོར་ཉེན་བརྡ་འདི་གཏོང་བར་བཏང་ཡོད་ཅེས་སྨྲས་སོ། 16དེ་ནས་འགོ་འཁྲིས་ཚོ་དང་མི་མང་ཚོས་བླ་མ་ཚོ་དང་ལུང་སྟོན་པ་ཚོ་ལ་མི་འདིས་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་མཚན་ནས་གཏམ་གླེང་བྱས་ཡོད་སྟབས་ང་ཚོས་ཁོ་ཉེས་པ་སྲོག་ཐོག་གཏོང་མི་རུང་ཞེས་ཞུས་སོ། 17དེའི་རྗེས་ལ་མི་རྒན་པ་འགའ་ཤས་ཡར་ལངས་ནས་དེར་འདུས་པའི་མི་མང་ཚོར་སྨྲས་པ། 18ཧི་ཛི་ཀི་ཡ་ཡ་ཧུ་དཱ་པའི་རྒྱལ་པོ་གནང་སྐབས་མོ་རེ་ཤེད་པའི་ལུང་སྟོན་པ་མི་ཀཱས་མི་མང་ལ་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གི་བཀའ་འདི་ལྟར་གནང་ཡོད་གསུངས་སོ། ཛི་ཡོན་ཞིང་ཁ་ལྟར་དུ་རྨོན་པ་རྒྱབ། ཡེ་རུ་ཤ་ལེམ་གྱང་གོག་ཕུང་པོར་འགྱུར། མཆོད་ཁང་རི་བོ་ནགས་ཚལ་དུ་འགྱུར་རོ། 19རྒྱལ་པོ་ཧེ་ཛེ་ཀི་ཡཱ་དང་ཡ་ཧུ་དཱ་པའི་མི་མང་གིས་མི་ཀཱ་ལ་ཉེས་པ་སྲོག་ཐོག་ཏུ་བཏང་མེད་དོ། དེ་ལས་ཟློག་སྟེ་ཧེ་ཛེ་ཀི་ཡཱ་གཙོ་བོ་དཀོན་མཆོག་ལ་འཇིག་ནས་ཁོང་གི་ཐུགས་རྗེ་ཐོབ་ཐབས་གནང་ངོ་། གཙོ་བོ་དཀོན་མཆོག་གིས་དེ་ཚོའི་སྟེང་རྐྱེན་ངན་གཏོང་གནང་རྒྱུའི་དགོངས་པར་བསྒྱུར་བར་མཛད་དོ། ད་ཆ་ང་ཚོས་རང་གི་ཐོག་ཏུ་རྐྱེན་ངན་འཇིགས་སུ་རུང་བ་ཞིག་འཁྱེར་ཡོང་གྲབ་ཡོད་ཅེས་སོ། 20(ཀིར་ཡད་ཡ་རིམ་གྱི་ཤེ་མ་ཡཱའི་བུ་ཨུ་རི་ཡཱ་བྱ་བ་ཡེར་མི་ཡཱས་སྨྲས་པ་ལྟར། གཙོ་བོ་དཀོན་མཆོག་གི་མཚན་ནས་གྲོང་ཁྱེར་འདི་དང་མི་མང་འདིའི་ཐོག་ངོ་རྒོལ་སྨྲ་མཁན་སྐྱེ་བོ་གཞན་ཞིག་ཡོད་དོ།) 21རྒྱལ་པོ་ཡེ་ཧོ་ཡ་ཀིམ་དང་ཁོང་གི་དམག་མི་དང་ལས་བྱེད་པ་ཚོས་ཨུ་རི་ཡཱས་ཇི་ལྟར་སྨྲ་བ་གསན་པ་དང་རྒྱལ་པོས་ཁོང་གསོད་ཐབས་གནང་ངོ་། འོན་ཀྱང་ཨུ་རི་ཡཱས་དེའི་སྐོར་ཐོས་ནས་འཇིག་སྐྲག་ངང་ཨི་ཇིབ་དུ་བྲོས་སོ། 22འོན་ཀྱང་རྒྱལ་པོ་ཡེ་ཧོ་ཡ་ཀིམ་གྱིས་ཨག་བྷོར་གྱི་བུ་ཨེལ་ན་ཐན་དང་གཞན་མི་འགའ་ཤས་བཅས་པ་ཨི་ཇིབ་དུ་ཨུ་རི་ཡཱ་ལེན་པར་བཏང་ངོ་། 23དེ་ཚོས་ཁོང་ལ་རྒྱལ་པོ་ཡེ་ཧོ་ཡ་ཀིམ་གྱི་སར་ཕྱིར་འཁྲིད་ཡོང་བ་དང་། ཁོང་གིས་ཁོ་བསད་ནས། ཁོའི་རོ་དེ་བཞིན་མི་མང་གི་ཕུང་པོ་སྦས་ཡུལ་དུ་དབྱུགས་སོ།) 24འོན་ཀྱང་ང་ལ་ཤ་ཕན་གྱི་བུ་ཨ་ཧི་ཀམ་གྱི་རྒྱབ་སྐྱོར་ཡོད་སྟབས་མི་མང་ལ་གསོད་པར་རྩིས་སྤྲོད་བྱས་མེད་དོ༎

ཡེར་མི་ཡཱ། 27

ཡེར་མི་ཡཱས་གླང་གི་གཉའ་ཤིང་ཞིག་གྱོན་པ།

1ཡོ་ཤི་ཡཱའི་སྲས་ཛེ་དེ་ཀི་ཡཱ་ཞུ་བ་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་མ་ཐག་ཏུ་གཙོ་བོ་དཀོན་མཆོག་གིས་ང་ལ། 2ང་རང་གི་ཆེད་དུ་ཀོ་བའི་ཐག་པ་དང་ཤིང་གི་རྒྱ་ཀྲམ་གྱི་གཉའ་ཤིག་ཞིག་བཟོས་ནས་རང་གི་རྐེ་ལ་གྱོན་ཞིག་གསུངས་སོ། 3དེ་ནས་གཙོ་བོ་དཀོན་མཆོག་གིས་ཨེ་དྷོམ་དང་མོ་ཨབ་དང་ཨམ་མོན་དང་ཊ་ཡར་དང་སི་དོན་བཅས་ཀྱི་རྒྱལ་པོ་ཚོར་དེ་ཚོའི་གཞུང་ཚབ་པ་ཡེ་རུ་ཤ་ལེམ་དུ་རྒྱལ་པོ་ཛེ་དེ་ཀི་ཡཱ་མཇལ་བར་ཡོང་མཁན་ཚོར་འཕྲིན་ཞིག་གཏོང་ཞེས་བཀའ་གནང་ངོ་། 4ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་འདི་ལྟར་བརྗོད་དགོས་པའི་བཀའ་གནང་ངོ་། 5ངའི་མཐུ་དང་སྟོབས་ཤུགས་ཆེན་པོས་འཇིག་རྟེན་འདི་དང་འགྲོ་བ་མི་དང་སེམས་ཅན་བཅས་པ་ས་གཞི་འདིའི་སྟེང་གནས་པར་བཀོད་དོ། དེ་ནི་ངས་འདམས་པ་འབའ་ཞིག་ལ་བྱིན་ནོ། 6མི་རིགས་འདི་ཚོ་ཚང་མ་ངའི་ཞབས་ཕྱི་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱི་དབང་འོག་འཇོག་མཁན་དེ་ང་ཡིན་པ་དང་། ནགས་ཀྱི་གཅན་གཟན་ཚོས་ཀྱང་ཁོང་གི་ཞབས་ཕྱི་ཞུས་དགོས་པ་ངས་བཟོས་པ་ཡིན། 7མི་རིགས་ཚང་མས་ཁོང་གི་ཞབས་ཕྱི་ཞུ་བ་དང་དེ་ཚོས་ཁོང་གི་སྲས་དང་ཁོང་གི་ཚ་བོ་བཅས་པར་ཁོང་རང་གི་མི་རིགས་དེ་བཞིན་ཉམས་གུད་མ་སོང་བར་ཞབས་ཕྱི་ཞུས་ཡོང། དེ་ནས་ཁོང་གི་མི་རིགས་ཀྱི་རྒྱལ་ཁབ་སྟོབས་ཆེན་ཚོ་དང་རྒྱལ་པོ་ཆེན་པོ་ཚོའི་ཞབས་ཕྱི་ཞུས་ཡོང། 8འོན་ཀྱང་མི་རིགས་སམ་རྒྱལ་ཁབ་སུ་འདྲ་ཞིག་གི་ཁོའི་དབང་འོག་ཏུ་མ་བསྡད་པ་ཡིན་ན། ངས་མི་རིགས་ཚོར་དམག་དང་མུ་གེ་དང་ནད་ཡམས་ཀྱིས་ནེ་བུ་ཀད་ནེ་ཛར་དེ་ཚོ་ཚང་མེད་པར་མ་བཟོ་བར་ཉེས་པ་གཏོང་རྒྱུ་ཡིན། 9ཁྱོད་ཚོས་ལུང་སྟོན་པ་འམ་གཉིད་ལམ་དང་གཤིན་པོའི་རྣམ་ཤེས་བཀུག་པའམ་ཡང་ན་སྒྱུར་འཕྲུལ་བཅས་མ་འོངས་པའི་སྐོར་ཤོད་ཐུབ་ཀྱི་ཡོད་བརྗོད་མཁན་ལ་མ་ཉོན་ཞིག དེ་ཚོ་ཚང་མས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་དབང་འོག་མ་བཞུགས་ཅེས་བརྗོད་ཡོང་། 10དེ་ཚོས་ཁྱོད་ཚོ་ལ་བསླུ་འཁྲིད་བྱེད་བཞིན་ཡོད་པ་དང་། ཁྱོད་རང་ཚོའི་ཡུལ་ནས་ཐག་རིང་པོར་འཁྲིད་པའི་རྐྱེན་དུ་འགྱུར། ངས་ཁྱོད་ཚོ་ཕྱིར་འབུད་བྱ་རྒྱུ་དང་ཁྱོད་ཚོ་མེད་པར་བཟོའོ། 11འོན་ཀྱང་མི་རིགས་སུ་ཞིག་གིས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་དབང་འོག་ཏུ་བཞུགས་པ་ཡིན་ན། ངས་དེ་ཚོར་དེ་ཚོའི་ཡུལ་དུ་ས་ཞིང་འདེབས་པ་དང་དེར་གནས་སྡོད་བྱེད་དུ་འཇུག་རྒྱུ་ཡིན་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 12ངས་ཡ་ཧུ་དཱ་པའི་རྒྱལ་པོ་ཛེ་དེ་ཀི་ཡཱ་ལ་ཡང་དེ་ལྟར་སྨྲས་པ་ཡིན། བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་དབང་འོག་ཏུ་བཞུགས་ཤིག། ཁོང་དང་ཁོང་གི་མི་མང་ཚོའི་ཞབས་ཕྱི་ཞུས་ཤིག་དང་ཁྱོད་འཚོ་བར་འགྱུར་རོ། 13ཁྱེད་དང་ཁྱེད་ཀྱི་མི་མང་ལ་དམག་དང་མུ་གེ་དང་ནད་ཡམས་ལས་ཅི་ལ་འཆི། གཙོ་བོ་དཀོན་མཆོག་གིས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་དབང་འོག་མ་བཞུགས་མཁན་མི་མང་ལ་དེ་ལྟར་ཡོང་ཞེས་བཀའ་གནང་ཡོད། 14ཁྱེད་ཀྱིས་ཁོང་གི་དབང་འོག་མ་བཞུགས་ཅེས་བརྗོད་མཁན་ལུང་སྟོན་པ་ཚོ་ལ་ཡང་མ་ཉན་ཞིག དེ་ཚོས་ཁྱེད་ལ་བསླུ་འཁྲིད་བྱེད་བཞིན་ཡོད་དོ། 15གཙོ་བོ་དཀོན་མཆོག་ཁོང་རང་གིས་ངས་དེ་ཚོ་ལ་བཏང་མེད་པ་དང་། དེ་ཚོས་ཁྱོད་ཚོར་ངའི་མིང་ནས་རྫུན་ཤོད་བཞིན་ཡོད་གསུངས་སོ། དེར་བརྟེན་ཁོང་གིས་ཁྱོད་ཕྱིར་འབུད་གནང་བ་དང་ཁྱོད་གསོད་པར་འགྱུར། ཁྱོད་དང་ཁྱོད་ལ་རྫུན་ཤོད་མཁན་ལུང་སྟོན་པ་ཚོར་དེ་བཞིན་བྱེད་པར་འགྱུར། 16དེ་ནས་ངས་བླ་མ་ཚོ་དང་མི་མང་ཚོར་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་དེ་འདི་ལྟར་སྨྲས་པ་ཡིན། ལུང་སྟོན་པ་ཚོས་མཆོད་ཁང་གི་གཏེར་མཛོད་རྣམས་བྷེ་བྷི་ལོ་ནི་ཡ་ནས་མགྱོགས་པོ་ཕྱིར་འཁྱེར་འོང་ངོ་ཟེར་མཁན་ལ་མ་ཉོན་ཞིག དེ་ཚོས་ཁྱོད་ཚོར་རྫུན་ཤོད་བཞིན་ཡོད་པས། 17དེ་ཚོར་མ་ཉོན་ཞིག། བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་དབང་འོག་ཏུ་བཞུགས་ཤིག་དང་ཁྱོད་ཚོ་འཚོ་བར་འགྱུར། གྲོང་ཁྱེར་འདི་བཞིན་ཅི་ལ་གྱང་གོག་གི་ཕུང་པོར་འགྱུར་རམ། 18གལ་སྲིད་དེ་ཚོ་ལུང་སྟོན་པ་ངོ་མ་ཡིན་པ་དང། དེ་ཚོ་ལ་ངའི་འཕྲིན་ཡོད་པ་ཡིན་ན། དེ་ཚོས་ང་ལ་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ལ། མཆོད་ཁང་དང་རྒྱལ་པོའི་ཕོ་བྲང་ནང་ཡོད་པའི་ལྷག་ཡོད་གཏེར་མཛོད་རྣམས་བྷེ་བྷི་ལོ་ནི་ཡ་དུ་འཁྱེར་དུ་མ་འཇུག་རོགས་ཞུ་བ་ཐེན་བཅུག་ཅིག 19-20(རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཡེ་ཧོ་ཡ་ཀིམ་གྱི་སྲས་ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཧོ་ཡ་ཀིན་དང་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་གནས་ཡོད་མི་སྣ་ཁག་བྷེ་བྷི་ལོ་ནི་ཡ་དུ་འཁྲིད་སྐབས་ཁོང་གིས་ཀ་བ་ཚོ་དང་ལིའི་ཆུ་མཛོད་དང་ཤིང་རྟ་འཁོར་ལོ་ཚོ་དང་གཞན་མཆོད་ཁང་གི་གཏེར་མཛོད་འགའ་ཤས་བཅས་བཞག་ཡོད་དོ།) 21ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། མཆོད་ཁང་ནང་དང་ཡེ་རུ་ཤ་ལེམ་གྱི་རྒྱལ་པོའི་ཕོ་བྲང་ནང་དུ་བཞག་པའི་གཏེར་མཛོད་ལྷག་ཡོད་ཀྱི་སྐོར་ཇི་ལྟར་བརྗོད་རྒྱུ་ཡོད་པར་ཉོན་ཞིག 22དེ་ཚོ་བྷེ་བྷི་ལོ་ནི་ཡ་དུ་འཁྱེར་བ་དང་ངས་དེ་ཚོ་ལ་དྲན་གསོ་མ་བྱེད་བར་དེར་གནས་པར་འགྱུར། དེ་ནས་ངས་དེ་ཚོ་ཕྱིར་འཁྱེར་ཡོང་ནས་རང་གནས་འདི་རུ་སླར་གསོ་བྱེད་དོ་ཅེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཡེར་མི་ཡཱ། 28

ཡེར་མི་ཡཱ་དང་ལུང་སྟོན་པ་ཧ་ནན་ཡཱ།

1-2ལོ་དེར་ཛེ་དེ་ཀི་ཡཱ་རྒྱལ་པོ་གནང་བའི་ལོ་བཞི་པའི་ཟླ་བ་ལྔ་པར་གྷི་བི་ཨོན་གྲོང་ཁྱེར་གྱི་ཨ་ཛུར་གྱི་བུ་ཧ་ནན་ཡཱས་མཆོད་ཁང་ནང་ང་ལ་སྐད་ཆ་བཤད་བྱུང་། བླ་མ་ཚོ་དང་མི་མང་ཚོ་ཡོད་སར་ཁོང་གིས་ང་ལ། ཀུན་དབང་ཅན་གྱི་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་འདི་ལྟར་བཀའ་གནང་བྱུང་། ངས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་སྟོབས་ཤུགས་བཅག་པ་ཡིན། 3ལོ་གཉིས་ཀྱི་ནང་ངས་ས་གནས་འདིར་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་མཆོད་ཁང་གི་གཏེར་མཛོད་བྷེ་བྷི་ལོ་ནི་ཡ་དུ་འཁྱེར་བ་རྣམས་ཕྱིར་ལོག་འཁྱེར་ཡོང་རྒྱུ་ཡིན། 4དེ་མིན་ངས་ཡེ་ཧོ་ཡ་ཀིམ་གྱི་སྲས་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡ་ཀིན་དང་མཉམ་དུ་བྷེ་བྷི་ལོ་ནི་ཡ་དུ་བཙན་བྱོལ་དུ་ཕྱིན་པའི་ཡ་ཧུ་དཱའི་མི་མང་རྣམས་ཕྱིར་འཁྲིད་ཡོང་རྒྱུ་ཡིན། ངས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་སྟོབས་ཤུགས་བཅོག་རྒྱུ་ཡིན་ནོ་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 5དེ་ནས་ངས་བླ་མ་ཚོ་དང་མི་མང་ཚོ་མཆོད་ཁང་ནང་བཞེངས་ཡོད་སར་ཧ་ནན་ཡཱ་ལ་འདི་ལྟར་ཞུས་པ་ཡིན། 6དེ་ནི་ངོ་མཚར་ཆེན་པོ་ཡིན། གཙོ་བོ་དཀོན་མཆོག་གིས་དེ་ལྟརགནང་བའི་རེ་བ་ང་ལ་ཡོད། ཁོང་གིས་ཁྱོད་ཀྱི་ལུང་བསྟན་དེ་བཞིན་དངོས་སུ་སྒྲུབ་པར་མཛད་ནས་བྷེ་བྷི་ལོ་ནི་ཡ་ནས་མཆོད་ཁང་གི་གཏེར་མཛོད་རྣམས་དང་མི་མང་བཙོན་པར་འཁྲིད་པ་རྣམས་ཕྱིར་འཁྲིད་འཕེབས་པའི་ང་ལ་རེ་བ་བརྟན་པོ་ཡོད། 7འོན་ཀྱང་ངས་ཁྱོད་ཚོ་དང་མི་མང་ཚོར་སྨྲས་པར་ཉོན་ཞིག། 8ང་དང་ཁྱོད་ཀྱི་ཡུན་རིང་སྔོན་གྱི་དུས་ཚོད་ཀྱི་ལུང་སྟོན་པ་ཚོས་མི་རིགས་མང་པོ་དང་རྒྱལ་ཁབ་སྟོབས་ཆེན་ཚོར་དམག་དང་མུ་གེ་དང་ནད་ཡམས་བཅས་ཡོང་རྒྱུའི་ལུང་བསྟན་གནང་ཡོད་དོ། 9འོན་ཀྱང་ཞི་བདེའི་ལུང་བསྟན་དངོས་སུ་སྒྲུབ་པ་ཡིན་ན། ལུང་སྟོན་པ་དེ་གཙོ་བོ་དཀོན་མཆོག་གི་དངོས་སུ་བཏང་བའི་ལུང་སྟོན་པར་ཡིན་པར་ངོས་འཛིན་བྱ་དགོས་ཤེས་གསུངས་སོ། 10ཧ་ནན་ཡཱས་ངའི་མཇིང་པ་ནས་གཉའ་ཤིང་དེ་བླངས་ནས་དེ་དུམ་བུར་བཅག་ནས། 11དེར་ཡོད་པའི་མི་མང་རྣམས་ལ་འདི་ལྟར་སྨྲས་སོ། གཙོ་བོ་དཀོན་མཆོག་གིས། ཁོང་གིས་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱི་མི་རིགས་ཚང་མའི་མཇིང་པའི་སྟེང་གཡོག་པའི་གཉའ་ཤིང་དེ་དེ་ལྟར་བཅག་གནང་བ་དང་། ཁོང་གིས་དེ་ལྟར་ལོ་གཉིས་ཀྱི་ནང་གནང་རྒྱུ་ཡིན་ཞེས་གསུངས་སོ། དེ་ནས་ང་ཕྱིན་པ་ཡིན། 12དུས་ཚོད་ཕྲན་བུའི་རྗེས་ལ་གཙོ་བོ་དཀོན་མཆོག་གིས་ང་ལ། 13ཧ་ནན་ཡཱའི་སར་སོང་ནས་འདི་ལྟར་སྨྲོས་ཤིག་གསུངས་བྱུང་། གཙོ་བོ་དཀོན་མཆོག་གིས། ཁྱོད་ཀྱིས་ཤིང་གི་གཉའ་ཤིང་བཅག་ཐུབ་ན་ཡང་། ཁོང་གི་དེའི་ཚབ་ཏུ་ལྕགས་ཀྱི་གཉའ་ཤིང་འཇོག་རྒྱུ་ཡིན་གསུངས་སོ། 14ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། མི་རིགས་ཚང་མའི་མཇིང་པར་ལྕགས་ཀྱི་གཉའ་ཤིང་གཡོག་གནང་རྒྱུ་དང་། དེ་ཚོས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱི་ཞབས་ཕྱི་ཞུ་བར་བྱེད་དོ་ཅེས་བཀའ་གནང་ངོ་། གཙོ་བོ་དཀོན་མཆོག་གིས། ཁོང་གི་ནགས་ཀྱི་སེམས་ཅན་རྣམས་ལ་ཡང་ནེ་བུ་ཀད་ནེ་ཛར་གྱི་ཞབས་ཕྱི་ཞུ་བཅུག་གོ་ཞེས་གསུངས་སོ། 15དེ་ནས་མུ་མཐུད་ཀྱིས་ཧ་ནན་ཡཱ་ཉོན་ཞིག་སྨྲས་སོ། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་བཏང་བ་མིན་པ་དང་། ཁྱོད་ཀྱིས་མི་མང་འདི་ཚོར་རྫུན་ལ་ཡིད་ཆེས་བྱེད་དུ་འཇུག་ཡོད་དོ། 16དེར་བརྟེན་གཙོ་བོ་དཀོན་མཆོག་ཁོང་རང་གི་ཁྱོད་མེད་པར་མཛད་རྒྱུ་ཡིན་གསུངས་པ་དང་། ལོ་འདི་རྫོགས་པའི་སྔོན་ལ་ཁྱོད་འཆི་བར་འགྱུར། གང་ལ་ཟེར་ན། ཁྱོད་ཀྱིས་མི་མང་ལ་གཙོ་བོ་དཀོན་མཆོག་ལ་ངོ་ལོག་བྱེད་དགོས་ལབ་ཡོད་པ་ཡིན་ནོ། 17ལོ་དེ་རང་གི་ཟླ་བ་བདུན་པར་ཧ་ནན་ཡཱ་གྲོངས་སོ༎

ཡེར་མི་ཡཱ། 29

བྷེ་བྷི་ལོ་ནི་ཡ་དུ་གནས་སྡོད་བྱེད་པའི་ཡ་ཧུ་དཱ་པ་ཚོ་ལ་ཡེར་མི་ཡཱའི་ཡི་གེ་བཏང་བ།

1ཡེ་རུ་ཤ་ལེམ་ནས་བྷེ་བྷི་ལོ་ནི་ཡ་དུ་ནེ་བུ་ཀད་ནེ་ཛར་གྱིས་བཙོན་པར་འཁྲིད་པའི་བླ་མ་ཚོ་དང་ལུང་སྟོན་པ་ཚོ་དང་མི་མང་གི་འགོ་འཁྲིད་ཚོ་དང་གཞན་ཚང་མར་ངས་ཡི་གེ་ཞིག་བྲིས་པ་ཡིན་ནོ། 2ངས་ཡི་གེ་དེ་རྒྱལ་པོ་ཡེ་ཧོ་ཡ་ཀིན་དང་ཁོང་གི་ཡུམ་དང་ཕོ་བྲང་གི་ལས་བྱེད་པ་ཚོ་དང་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་འགོ་འཁྲིད་ཚོ་དང་ལག་ཤེས་པ་ཚོ་དང་ལས་མི་མཁས་པོ་ཚོ་བཅས་ལ་བཙན་བྱོལ་དུ་འཁྲིད་པའི་རྗེས་སུ་བྲིས་པ་ཡིན། 3ངས་ཡི་གེ་འདི་ཡ་ཧུ་དཱ་པའི་རྒྱལ་པོ་ཛེ་དེ་ཀི་ཡཱས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་ལ་ཡི་གེ་བཏང་བ་དེ་ཤ་ཕན་གྱི་བུ་ཨེ་ལ་སཱ་དང་ཧིལ་ཀི་ཡཱའི་བུ་གྷེ་མར་ཡཱ་ལ་སྤྲད་པ་ཡིན། དེའི་ནང་འདི་ལྟར་བྲིས་ཡོད་དོ། 4ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ནེ་བུ་ཀད་ནེ་ཛར་ལ་ཡེ་རུ་ཤ་ལེམ་ནས་བྷེ་བྷི་ལོ་ནི་ཡ་དུ་བཙོན་པར་འཁྲིད་བཅུག་པའི་མི་མང་ཚང་མ་ལ་བཀའ་འདི་ལྟར་གནང་ཡོད། 5ཁང་པ་བརྩིགས་ནས་གནས་སྡོད་བྱོས་ཤིག། ལྡུམ་རའི་ནང་སོན་བཏབ་ནས་དེའི་ནང་གང་སྐྱེས་པ་རྣམས་ཟ་ཞིག 6ཆང་ས་རྒྱབ་ནས་བུ་ཕྲུག་སྐྱེས་པར་བྱོས་ཤིག། དེ་ནས་ཁྱོད་ཚོའི་བུ་ཕྲུག་ཚོ་ཆང་ས་རྒྱབ་བཅུག་ནས་དེ་ཚོ་ལ་ཡང་ཕྲུ་གུ་སྐྱེས་སུ་འཇུག་ཅིག ཁྱོད་ཚོའི་གྲངས་འབོར་ནི་འཕེལ་དགོས་པ་ལས་ཆགས་མི་རུང་། 7ངས་ཁྱོད་ཚོར་བཙོན་པར་འགྲོ་རུ་འཇུག་པའི་གྲོང་ཁྱེར་ལེགས་པར་ཡོང་བའི་ཆེད་ལས་འགུལ་གྱིས་ཤིག དེ་ཚོའི་ཆེད་དུ་ང་ལ་གསོལ་བ་འདེབས་ཤིག། གང་ལ་ཟེར་ན། དེ་ཚོ་དར་རྒྱས་བྱུང་བ་ཡིན་ན་ཁྱོད་ཚོ་ཡང་དར་རྒྱས་བྱུང་བར་འགྱུར། 8ང་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ཁྱོད་ཚོའི་ཁྲོད་དུ་ཡོད་པའི་ལུང་སྟོན་པའམ་གཞན་མ་འོངས་ལུང་བསྟན་བྱེད་མཁན་ཚོས་ཁྱོད་ཚོར་བསླུ་འཁྲིད་བྱེད་མི་བཅུག་པའི་ཉེན་བརྡ་གཏོང་རྒྱུ་ཡིན། དེ་ཚོའི་རྨི་ལམ་ལ་ཁྱོད་ཚོས་དོ་སྣང་མ་བྱེད་ཅིག 9དེ་ཚོས་ངའི་མིང་བརྗོད་ནས་ཁྱོད་ཚོར་རྫུན་ཤོད་བཞིན་ཡོད། ངས་དེ་ཚོ་བཏང་མེད་དོ་ཅེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 10གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། བྷེ་བྷི་ལོ་ནི་ཡ་དུ་ལོ་བདུན་ཅུ་སོང་བའི་རྗེས་སུ་ངས་ཁྱོད་ཚོར་བལྟ་རྟོགས་བྱེད་ཅིང་ངས་ཁྱོད་ཚོར་རང་ཁྱིམ་དུ་འཁྲིད་རྒྱུའི་དམ་བཅའ་དེ་སྲུང་རྒྱུ་ཡིན་ནོ། 11ངས་ཁྱོད་ཚོའི་ཆེད་དུ་འཆར་གཞི་དེ་ཁྱོད་ཚོ་དར་རྒྱས་བཟོ་རྒྱུ་དང་རྐྱེན་ངན་མི་ཡོང་རྒྱུའི་འཆར་གཞི་དང་ཁྱོད་ཚོའི་མ་འོངས་པའི་རེ་འབྲས་སྒྲུབ་པ་བྱ་རྒྱུ་འཆར་གཞི་བཅས་ང་གཅིག་པུས་ཤེས་བཞིན་ཡོད། 12དེ་ནས་ཁྱོད་ཚོ་ང་ལ་འབོད་པ་དང་། ངའི་སར་ཡོང་ནས་ང་ལ་གསོལ་འདེབས་བྱེད་པ་དང་། ངས་ཁྱོད་ཚོར་ལན་འདེབས་བྱེད་དོ། 13ཁྱོད་ཚོས་ང་ལ་འཚོལ་བ་དང་ང་རྙེད་པར་འགྱུར་རོ། གང་ལ་ཟེར་ན། ཁྱོད་ཚོའི་སེམས་ཀྱི་གཏིང་ནས་ང་འཚོལ་བཞིན་ཡོད་དོ། 14ཁྱོད་ཚོས་ང་རྙེད་པ་དང་། ངས་ཁྱོད་ཚོའི་རང་ཡུལ་དུ་སླར་གསོ་བྱ་རྒྱུ་ཡིན་ཞེས་བརྗོད་རྒྱུ་ཡིན། ངས་ཁྱོད་ཚོའི་ཡུལ་ཚང་མ་དང་ངས་ཁྱོད་ཚོ་ཁ་སྟོར་བའི་ས་ཁུལ་ཚང་མ་ནས་བསྡུས་ཏེ་ངས་ཁྱོད་ཚོ་བཙན་བྱོལ་དུ་གཏོང་ཡུལ་དེ་ནས་ཚུར་འཁྲིད་ཡོང་རྒྱུ་ཡིན་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 15ཁྱོད་ཚོས་གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོར་བྷེ་བྷི་ལོ་ནི་ཡ་དུ་ལུང་སྟོན་པ་ཚོ་གནང་ཡོད་ཅེས་སྨྲས་སོ། 16གཙོ་བོ་དཀོན་མཆོག་གིས། དཱ་བིད་ཀྱིས་སྲིད་སྐྱོང་གནང་བའི་ཡུལ་དུ་རྒྱལ་སྲིད་སྐྱོངས་མཁན་རྒྱལ་པོ་དང་གྲོང་ཁྱེར་འདིའི་མི་མང་ཁྱོད་ཚོ་མཉམ་དུ་བཙོན་དུ་མ་འཁྲིད་པའི་གཉན་ཚན་ཚོའི་སྐོར་ལ་ཇི་ལྟར་བཀའ་གནང་ཡོད་པར་ཉོན་ཞིག 17ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངས་དེ་ཚོའི་སྟེང་དམག་དང་མུ་གེ་དང་ནད་ཡམས་བཏང་ནས་དེ་ཚོར་ཧ་ཅང་རུལ་བའི་སེ་ཡབ་ཟ་བར་མི་རུང་བ་ལྟར་བཟོ་རྒྱུ་ཡིན། 18ངས་དེ་ཚོ་ལ་དམག་དང་མུ་གེ་དང་ནད་ཡམས་བཅས་པས་དེད་ནས་འཛམ་གླིང་གི་མི་རིགས་རྣམས་ནས་དེ་ཚོས་ཇི་ལྟར་མཐོང་བར་འཇིགས་སྐྲག་སྐྱེས་པར་འགྱུར་རོ། དེ་ཚོ་ས་ཁུལ་ཡོངས་སུ་ཁ་སྟོར་རྒྱུ་ཡིན་པས་མི་མང་རྣམས་ནས་དེ་ཚོ་ལ་ཇི་འདྲ་བྱུང་བར་ཧང་སང་བ་དང་འཇིགས་དངངས་སྐྱེས་པར་འགྱུར། མི་མང་ནས་དེ་ཚོ་ལ་ཁྱད་གསོད་བྱེད་པ་དང་དེ་ཚོའི་མིང་ནི་དམོད་པ་ལྟར་འབོད་པར་འགྱུར། 19དེ་ཚོ་ལ་དེ་ལྟར་ཡོང་རྒྱུ་ཡིན། གང་ལ་ཟེར་ན། ངས་ངའི་ཞབས་ཕྱི་ལུང་སྟོན་པ་ཚོ་བརྒྱུད་མུ་མཐུད་འཕྲིན་བཏང་བར་དེ་ཚོས་ཉན་མེད་དོ། དེ་ཚོས་ཉན་རྒྱུར་ངོས་ལེན་བྱས་མེད་དོ། 20ངས་བྷེ་བྷི་ལོ་ནི་ཡ་དུ་བཙན་བྱོལ་དུ་གྲོང་མཁན་ཚོ་ཚང་མར་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པར་ཉོན་ཞིག 21ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ཁོང་གི་མཚན་ནས་རྫུན་ཤོད་མཁན་ཀོ་ལ་ཡཱའི་བུ་ཨ་ཧབ་དང་མ་སི་ཨའི་བུ་ཛེ་དེ་ཀི་ཡཱའི་སྐོར་ལ་བཀའ་གནང་བ། ཁོང་གིས་དེ་ཚོ་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛེར་གྱི་དབང་འོག་ཏུ་རྩིས་སྤྲོད་གནང་རྒྱུ་དང་། ཁོང་གིས་དེ་ཚོ་ཁྱོད་ཚོའི་མིག་གི་མཐོང་སརསྲོག་ཐོག་གཏོང་གི་རེད་ཅེས་གསུངས་སོ། 22ཡེ་རུ་ཤ་ལེམ་ནས་བྷེ་བྷི་ལོ་ནི་ཡ་དུ་བཙོན་དུ་འཁྲིད་པའི་མི་མང་གིས་སུ་ཞིག་ལ་དམོད་པ་རྒྱབ་སྐབས་ཁོ་ཚོས་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་ཛེ་དེ་ཀི་ཡཱ་དང་ཨ་ཧབ་གཉིས་གསོན་པོར་སྲེགས་པ་ལྟར་མཛད་པར་ཤོག་ཅེས་བརྗོད་དོ། 23དེ་ཚོའི་ཐོབ་སྐལ་དེ་ལྟར་ཡིན། གང་ལ་ཟེར་ན། དེ་ཚོའི་སྡིག་པ་ཚབ་ཆེན་ཡིན་ནོ། དེ་ཚོས་ལོག་གཡེམ་གྱིས་པ་དང་གཙོ་བོ་དཀོན་མཆོག་གི་མཚན་ནས་རྫུན་སྨྲས་ཡོད་དོ། དེ་ནི་གཙོ་བོ་དཀོན་མཆོག་གི་དགོངས་པ་དང་འགལ་བ་ཡིན། དེ་ཚོས་ཇི་གྱིས་པར་ཁོང་གིས་མཁྱེན་ནས་ཁོང་དེའི་དཔང་པོ་ཞིག་ཡིན་ཞེས་ནོ་ཞེས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ༎

ཤེ་མ་ཡཱའི་ཡི་གེ།

24-25ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ནེ་ཧེ་ལམ་ནས་ཡིན་པ་ཤེ་མ་ཡཱའི་ཆེད་དུ་ང་ལ་འཕྲིན་ཞིག་གནང་བྱུང་། ཡེ་རུ་ཤ་ལེམ་གྱི་མི་མང་དང་མ་སི་ཨའི་བུ་བླ་མ་ཛེ་ཕན་ཡཱ་དང་གཞན་བླ་མ་ཚང་མར་ཁོ་རང་གི་མིང་ཐོག་ཡི་གེ་ཞིག་བཏང་ཡོད། ཡི་གེའི་ནང་ཤེ་མ་ཡཱས་ཛེ་ཕན་ཡཱ་ལ་འདི་ལྟར་བྲིས་ཡོད། 26གཙོ་བོ་དཀོན་མཆོག་གིས་ཁྱོད་ཡེ་ཧོ་ཡ་དྷའི་ཚབ་ཏུ་བླ་མར་བསྐོས་གནང་བ་དང་། ད་ཆ་ཁྱོད་མཆོད་ཁང་གི་དཔོན་པོ་གཙོ་བོ་ཡིན། ཁྱོད་ཀྱིས་ལུང་སྟོན་པ་ཡིན་མདོག་བྱེད་མཁན་མི་སྨྱོན་པ་ཚང་མར་སྐེ་ལ་ལྕགས་ཀྱི་གོ་ང་བཅས་ལྕགས་སྒྲོག་རྒྱབ་རྒྱུའི་ལས་འགན་ཡིན་ནོ། 27ཁྱོད་ཀྱིས་ཨ་ན་ཐོད་ཀྱི་ཡེར་མི་ཡཱས་མི་མང་ལུང་སྟོན་པ་ལྟར་སྨྲ་མཁན་དེ་ལ་དེ་ལྟར་མ་བྱས་པ་ཡིན་ནམ། 28ཁོ་ལ་ངེས་པར་དུ་བཀག་འགོག་བྱེད་དགོས་སོ། གང་ལ་ཟེར་ན། ཁོས་བྷེ་བྷི་ལོ་ནི་ཡ་དུ་མི་མང་དེ་ཚོ་ཡུན་རིང་པོ་དེར་བཙོན་པར་སྡོད་དགོས་པའི་ཁང་པ་བརྩིགས་ནས་གཞིས་ཆགས་དགོས་པ་དང་། ལྡུམ་རར་ཚལ་གྱི་ས་བོན་བཏབ་ནས་དེར་གང་སྐྱེས་པ་རྣམས་ཟ་དགོས་ཅེས་སྨྲས་ཡོད། 29ཛེ་ཕན་ཡཱས་ངལ་ཡི་གེ་དེ་བཞིན་ཀློག་བྱུང་། 30དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ། 31-32ཤེ་མ་ཡཱའི་སྐོར་ལ་བྷེ་བྷི་ལོ་ནི་ཡའི་བཙོན་པ་ཚོར་འཕྲིན་འདི་ལྟར་གཏོང་ཞིག་ཅེས་བཀའ་གནང་ངོ་། ང་གཙོ་བོ་དཀོན་མཆོག་གིས་ཤེ་མ་ཡཱ་དང་ཁོའི་རིགས་བརྒྱུད་ཚང་མར་ཆད་པ་གཏོང་རྒྱུ་ཡིན། ངས་ཁོ་ལ་བཏང་མེད་ན་ཡང་། ཁོས་ལུང་སྟོན་པ་ལྟར་ཁྱོད་ཚོར་གཏམ་གླེང་བྱས་པ་དང་ཁྱོད་ཚོར་རྫུན་ལ་ཡིད་ཆེས་བྱེད་དུ་འཇུག་ཡོད། ཁྱོད་ཚོའི་ཁྲོད་དུ་ཁོའི་རིགས་བརྒྱུད་བྱུང་བར་མི་འགྱུར་རོ། ཁོས་ངའི་མི་མང་རྣམས་ལ་བྱ་བ་བཟང་པོ་བྱ་རྒྱུ་མཐོང་མི་ཐུབ། གང་ལ་ཟེར་ན། ཁོས་དེ་ཚོར་ང་ལ་ངོ་ལོག་རྒྱབ་དགོས་ཅེས་སྨྲས་ཡོད། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཡེར་མི་ཡཱ། 30

གཙོ་བོ་དཀོན་མཆོག་གི་ཁོང་གི་མི་མང་ལ་ཞལ་བཞེས།

1གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། 2ང་ལ་བཀའ་གནང་བ། ངས་སྨྲས་པ་ཚང་མ་དེབ་ཞིག་ནང་བྲིས་ཤིག། 3གང་ལ་ཟེར་ན། ངའི་ཨིསི་རཱཨེལ་དང་ཡ་ཧུ་དཱ་པའི་མི་མང་རྣམས་ངས་སླར་གསོ་བྱེད་པའི་དུས་ལ་བབས་བཞིན་ཡོད། ངས་དེཚོའི་ཕ་མེས་ཚོར་སྤྲད་པའི་ཡུལ་དུ་ཕྱིར་འཁྲིད་ཡོང་བ་དང་། དེ་ཚོས་ཡང་སྐྱར་དེ་ལ་བདག་བཟུང་བྱེད་དོ་ཅེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 4གཙོ་བོ་དཀོན་མཆོག་ཁོང་གིས་ཨིསི་རཱཨེལ་དང་། ཡ་ཧུ་དཱ་པའི་མི་ཚོར་བཀའ་གནང་བ། 5ཞི་བདེ་མིན་པའི་འཇིགས་སྐྲག་སྐད་ཅིག་དང་། འཇིགས་སྣང་སྐད་ཅིག་ང་ཡི་ཐོས་བྱུང། 6ད་ཆ་མཚམས་འཇོག་བྱས་ཏེ་བསམ་བློ་གཏོང་། སྐྱེས་པ་ཞིག་ལ་ཕྲུ་གུ་སྐྱེས་སྲིད་དམ། དེ་བས་སྐྱེས་པ་ཚང་མས་རང་ཉིད་ཀྱི། བུད་མེད་སྐྱེས་ཟུག་བརྒྱབ་ལྟར་ལག་པ་གྲོད་པའི་སྟེང་། འཇོག་བཞིན་ཡོད་པ་ང་ཡིས་ཅི་ལ་མཐོང་། ཚང་མའི་གདོང་པ་སེར་པོ་ཅི་ལ་ཡིན། 7འཇིགས་སྐྲག་གི་ཉིན་མོ་དེ་ནི་ཡོང་བཞིན་ཡོད། ཉི་མོ་གཞན་དང་བསྡུར་མི་ཐུབ། ང་ཡི་མི་ལ་སྡུག་བསྔལ་དུས་ཞིག་ཡོང་། འོན་ཀྱང་དེ་ཚོ་གསོན་པོར་གནས་ཡོང། 8ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཉིན་དེ་སླེབས་སྐབས་སུ། ངས་དེ་ཚོའི་མཇིང་པར་གཡོག་པའི་གཉའ་ཤིང་དེ་བཅག་ནས་དེ་ཚོའི་ལྕགས་སྒྲོག་བཀྲོལ་རྒྱུ་ཡིན་པས། དེ་ནས་ཟུང་དེ་ཚོ་ཕྱི་རྒྱལ་བའི་ཚེ་གཡོག་ཏུ་གནས་པར་མི་འགྱུར་རོ། 9དེའི་ཚབ་ལ་དེ་ཚོས་ང་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་དང། ངས་བསྐོས་པའི་དཱ་བིད་ཀྱི་རིགས་བརྒྱུད་ཀྱི་རྒྱལ་པོར་དེ་ཚོས་ཞབས་ཕྱི་ཞུ་བར་འགྱུར། 10ང་ཡི་མི་མང་ཁྱོད་ཚོ་མ་འཇིགས་ཤིག། ཨིསི་རཱཨེལ་པ་ཡི་མི་མང་ཁྱོད་ཚོ་ནི། འཇིགས་པ་དང་ནི་ཧྲག་པ་སོགས་མ་བྱེད། ང་ཡི་ཁྱོད་ཚོ་བཙོན་དུ་གནས་སྡོད་ཡུལ། ཐག་རིང་ཡུལ་ནས་ཁྱོད་ཚོ་སྐྱོབས་རྒྱུ་ཡིན། ཁྱོད་ཚོ་རང་ཁྱིམ་ལོག་ནས་ཞི་བདེར་གནས། ཁྱོད་ཚོ་བརྟན་པོར་འགྱུར་ནས་སུ་ཡིས་ཀྱང་། ཁྱོད་ཚོར་འཇིགས་སྣང་བསྐུལ་བར་མི་བྱེད་དོ། 11ང་ཉིད་ཡོང་ནས་ཁྱོད་ཚོ་སྐྱོབས་རྒྱུ་ཡིན། ང་ཡིས་ཁྱོད་ལ་སྟོར་བའི་མི་རིགས་ཚང་མར་འཇིགས་པར་བྱ་རྒྱུ་ཡིན། འོན་ཀྱང་ཁྱོད་ཚོ་འཇིགས་པར་མི་བྱེད་དོ། ཁྱོད་ཚོ་ཉེས་ཆད་མེད་པར་ངས་མི་འཇོག། འོན་ཀྱང་ཉེས་ཆད་གཏོང་སྐབས་དྲང་པོ་བྱ་རྒྱུ་ཡིན། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན། 12དཀོན་མཆོག་ཁོང་གི་རང་མིར་བཀའ་གནང་བ། ཁྱོད་ཚོའི་རྨ་རྣམས་དྲག་པར་མི་བྱེད་དོ། ཁྱོད་ཚོའི་སྨད་སྐྱོན་རྣམས་ནི་གསོ་མི་འགྱུར། 13ཁྱོད་ཚོར་བལྟ་རྟོགས་བྱ་མཁན་སུ་ཡང་མེད། ཁྱོད་ཚོའི་རྨ་རྣམས་བཅོས་ཐབས་མེད་པ་དང་། ཁྱོད་ཚོ་གསོ་བར་བྱ་རྒྱུའི་རེ་བ་མེད། 14ཁྱོད་ཚོའི་སྙིང་སྡུག་ཚང་མའི་ཁྱོད་ཚོར་བརྫེད། དེ་ཚོས་ཁྱོད་ཚོར་དོ་སྣང་ཙམ་མི་བྱེད། ང་ཡི་ཁྱོད་ཚོར་དགྲ་བོ་ལྟར་དུ་འཐབ། ཁྱོད་ཚོའི་ཉེས་པ་རྣམས་ནི་རྩུབ་པོ་བྱུང་། གང་ལ་ཟེར་ན་ཁྱོད་ཚོའི་སྡིག་པ་མང་། ཁྱོད་ཚོའི་སྤྱོད་ངན་རྣམས་ནི་ཚབ་ཆེན་ཡིན། 15ཁྱོད་ཚོའི་རྨས་སྐྱོན་སྐོར་ལ་རྙོག་གཏམ་མ་བརྗོད་ཅིག། དེ་ཚོ་དྲག་པའི་ཐབས་ཤེས་གང་ཡང་མེད། དེ་ལྟར་ང་ཡི་ཁྱོད་ཚོར་ཉེས་ཆད་བཏང་། གང་ལ་ཟེར་ན་ཁྱོད་ཚོའི་སྡིག་པ་མང་། ཁྱོད་ཚོའི་སྤྱོད་ངན་རྣམས་ནི་ཚབ་ཆེན་ཡིན། 16འོན་ཀྱང་ཁྱོད་ཚོ་མིག་མཁན་མིག་པར་འགྱུར། ཁྱོད་ཚོའི་དགྲ་རྣམས་བཙོན་དུ་འཁྲིད་པར་འགྱུར། ཁྱོད་ཚོར་མནར་གཅོད་གཏོང་མིར་མནར་གཅོད་གཏོང་། ཁྱོད་ཚོར་འཕྲོག་བཅོམ་བྱེད་པོར་འཕྲོག་བཅོམ་བྱེད། 17ཁྱོད་ཚོའི་དགྲ་བོ་རྣམས་ཀྱིས་ཛི་ཡོན་རིགས་ངན་ཡིན། སུས་ཀྱང་མོ་ལ་བལྟ་རྟོགས་མི་བྱེད་ཞེས་སྨྲས་ཀྱང། ཁྱོད་ལ་ང་ཡི་ཡང་སྐྱར་དྲག་པར་བྱ། ཁྱོད་ཚོའི་རྨ་ནི་ང་ཡིས་གསོ་བར་བྱ། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན། 18གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ང་ཡི་མི་མང་རང་ཡུལ་དུ་སླར་གསོ་བྱས། ཁྱིམ་ཚང་རེ་རེར་སྙིང་རྗེ་བསྟན་རྒྱུ་ཡིན། ཡེ་རུ་ཤ་ལེམ་ཡང་སྐྱར་བཞེངས་པ་དང་། དེ་ཡི་ཕོ་བྲང་རྣམས་ནི་སླར་གསོ་བྱེད། 19དེར་གནས་མི་མང་གིས་ནི་བསྟོད་དབྱངས་ཕུལ། དེ་ཚོས་དགའ་བའི་སྐད་འབོད་བྱེད་པར་འགྱུར། ང་ཡི་བྱིན་རླབས་དེ་ཚོའི་གྲངས་འཕར་རོ། ང་ཡི་བྱིན་རླབས་དེ་ཚོར་གུས་རྩིས་ཐོབ། 20ང་ཡིས་མི་རིགས་ཚོ་ཡི་སྔོན་གྱི་སྟོབས་ཤུགས་སླར་གསོ་གྱིས། དེ་ནི་སླར་ཡང་བརྟན་པོ་འཚུགས་རྒྱུ་ཡིན། དེ་ཚོར་མནར་གཅོད་བྱེད་མིར་ང་ཡིས་ཉེས་ཆད་གཏོང། 21-22དེ་ཚོའི་རྒྱལ་པོ་རང་གི་ནང་ནས་ཡོང་། དེ་ཚོའི་རྒྱལ་སྲས་རང་གི་མི་ནས་ཡོང་། ང་ཡི་ཁོ་ལ་གདན་ཞུ་བྱ་བས་ན། ཁོ་ནི་ང་ཡི་རྩར་རུ་ཡོང་བར་འགྱུར། དེ་མིན་གདན་ཞུ་མེད་པར་སུ་ཡོང་ནུས། དེ་ཚོ་རྣམས་ནི་ང་ཡི་མི་མང་འགྱུར། ང་ནི་དེ་ཚོའི་དཀོན་མཆོག་ལ་འགྱུར་རོ། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན། 23-24གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་ནི་རླུང་འཚུབ་ཡིན་ཞིང་། རླུང་འཚུབ་དྲག་པོ་དེ་སྤྱོད་ངན་ཚོའི་མགོ་བོར་འབབ་པར་འགྱུར། ཁོང་གི་ཐུགས་འདོད་ཡོད་པ་དེ་མ་གྲུབ་པར་དེ་ནི་ཞི་བར་མི་འགྱུར། མ་འོངས་དུས་སུ་ཁོང་གི་མི་མང་ཚོས་དེ་གསལ་པོར་རྟོགས་པར་འགྱུར་རོ༎

ཡེར་མི་ཡཱ། 31

ཨིསི་རཱཨེལ་པ་ཁྱིམ་དུ་ཕྱིར་ལོག་པ།

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ང་ཨིསི་རཱཨེལ་གྱི་སྡེ་རིགས་ཚང་མའི་དཀོན་མཆོག་དང་ཁོ་ཚོ་ངའི་མི་མང་དུ་འགྱུར་བའི་དུས་ཚོད་སླེབས་བཞིན་ཡོད། 2འཆི་བ་ནས་ཐར་བ་ཚོར་བྱེ་ཐང་ནང་ངས་སྙིང་རྗེ་བཏོན་ཡོད། ཨིསི་རཱཨེལ་གྱི་མི་མང་ཚོས་ང་ལ་གསོ་བྱེད་འདོད་པའི་སྐབས་སུ། 3ཐག་རིང་ནས་ང་དེ་ཚོར་མངོན་བསལ་གྱིས་པ་ཡིན། ཨིསི་རཱཨེལ་གྱི་མི་མང་ཚོ་ངས་ཁྱོད་ཚོར་རྟག་ཏུ་བྱམས་བརྩེ་གྱིས་ཡོད། དེར་བརྟེན་ངས་ཁྱོད་ཚོར་ངའི་གཏན་གྱི་བྱམས་བརྩེ་མུ་མཐུད་བཏོན་བཞིན་ཡོད། 4ཡང་སྐྱར་ངས་ཁྱོད་ཚོ་སླར་གསོ་བྱ་རྒྱུ་ཡིན། ཁྱོད་ཚོས་ཡང་སྐྱར་ལག་རྔ་རྣམས་ལེན་ནས་དགའ་བའི་ཆེད་ཞབས་བྲོ་རྒྱབ་པར་བྱེད་དོ། 5ཡང་སྐྱར་ཁྱོད་ཚོས་ས་མར་ཡའི་རི་བོ་རྣམས་ཀྱི་སྟེང་རྒུན་ཚལ་འཛུགས་པ་དང་། འཛུགས་མཁན་ཚོས་རྒུན་ཚལ་ནང་སྐྱེས་པ་རྣམས་སྤྱོད་པར་བྱེད། 6ཨེཕ་ར་ཡིམ་གྱི་རི་བོ་རྣམས་ཀྱི་སྟེང་ནས་སྲུང་མཁན་ཚོས་ང་ཚོ་ཛི་ཡོན་དུ་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གི་དྲུང་དུ་འགྲོའོ་ཞེས་འབོད་པའི་དུས་སྐབས་ཡོང་བཞིན་ཡོད་དོ། 7གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། མི་རིགས་ནང་ནས་རླབས་ཆེན་ཨིསི་རཱཨེལ་པ་ཡི་ཆེད། དགའ་ཞིང་སྤྲོ་བའི་གླུ་དབྱངས་ལེན་པར་གྱིས། ཁྱོད་ཚོའི་བསྟོད་དབྱངས་གླུ་གཞས་ལེན་པར་གྱི། གཙོ་བོ་དཀོན་མཆོག་ཁོང་གི་མི་མང་ཚོ་ལ་སྐྱབས། ལྷག་ལུས་རྣམས་ལ་ཐར་བར་མཛད་ཡོད་དོ། 8དེ་ཚོ་ང་ཡི་བྱང་ནས་འཁྲིད་ཡོང་ཞིང་། ས་གཞིའི་མཐའ་ནས་ཚུར་རུ་བསྡུས་པར་བྱ། དེ་ཚོ་མཉམ་དུ་ཞ་བོ་ལོང་བ་དང་། མངལ་ལྡན་སྐྱེས་གྲབ་ཡོད་མཁན་བུད་མེད་བྱུང་བར་འགྱུར། དེ་ཚོ་མི་རིགས་རླབས་ཆེན་འགྱུར་ནས་ལོག་ཡོང་བར་འགྱུར། 9མི་མང་དེ་ཚོ་ང་ཡི་འཁྲིད་ཡོང་སྐབས། ངུས་ནས་སྨོན་ལམ་འདེབས་ཤིག་ཕྱིར་ལོག་ཡོང་། ང་ཡི་དེ་རྣམས་ཆུ་མིག་གི་ཆུ་དང་། མ་བརྡབ་ལམ་འཇམ་བརྒྱུད་ནས་སྣེ་འཁྲིད་བྱ་རྒྱུ་ཡིན། ང་ནི་ཨིསི་རཱཨེལ་པ་ཡི་ཕ་ལྟར་དང་། ཨེཕ་ར་ཡིམ་ངའི་བུ་ནི་རྒན་ཤོས་ལྟར། 10གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། མི་རིགས་ཚོ་ནི་ང་ལ་ཚུར་ཉོན་ཞིག། ཐག་རིང་མཚོ་འགྲམ་ལ་ངའི་བཀའ་ཁྱབ་སྒྲགས་བྱོས། ང་ཡི་མི་མང་ཁ་སྟོར་དེ་ཚོ་བསྡུས། ལུག་རྫིས་ལུག་ཁྱུ་སྲུང་ལྟར་ངས་དེས་སྲུང་། 11ང་ཡི་ཨིསི་རཱཨེལ་པ་རྣམས་རང་དབང་བཏང་། སྟོབས་ཆེན་མི་རིགས་ལག་ནས་དེ་ཚོ་སྐྱབས། 12དེ་རྣམས་ཛི་ཡོན་རི་བོ་དགའ་གཞས་གཏོང་། འབྲུ་དང་ཆང་དང་སྐྱུར་སྣུམ་གནང་སྦྱིན་དང་། ལུག་དང་ཕྱུགས་ཟོག་ང་ཡི་གནང་སྦྱིན་གྱིས། དེ་ཚོ་ཚང་མ་དགའ་བར་འགྱུར་བར་བྱེད། སྐྱེད་མོས་ཚལ་དུ་ཆུ་བཟང་གཏོང་བ་ལྟར། དེ་ཚོས་འདོད་པ་གང་ཡོད་ཐོབ་པར་འགྱུར། 13བུ་མོ་ཚོ་ཡི་བྲོ་ཁྲབ་དགའ་སྤྲོ་བྱེད། སྐྱེས་པ་རྒན་གཞོན་རྣམས་ནི་དགའ་བདེར་སྤྱོད། དེ་ཚོ་རྣམས་ལ་ང་ཡི་སེམས་གསོ་བྱེད། དེ་ཚོའི་མྱ་ངན་རྣམས་ནི་དགའ་བར་བཟོས། དེ་ཚོའི་སྡུག་བསྔལ་རྣམས་ནི་སྐྱིད་དུ་འགྱུར། 14ང་ཡི་བླ་མར་བཅུད་ལྡན་ཟས་ཚིམ་བྱ། ང་ཡི་མི་མང་དགོས་པ་རྣམས་སྒྲུབ་བྱེད། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན༎

ཨིསི་རཱཨེལ་ཐོག་གཙོ་བོ་དཀོན་མཆོག་གི་སྙིང་རྗེ།

15གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ར་མཱའི་ནང་ནས་སྐད་ཅིག་ཐོས་པ་དང་། དེ་ནི་ངུ་བའི་སྐད་ཅིག་ཡིན་པ་དང་། ར་ཧེལ་རང་གི་ཕྲུ་གུ་ཚོའི་ཆེད་དུ་ངུ་། དེ་ཚོ་ཕྱིན་ནས་སུ་ཡང་མེད་པ་དང་། མོ་ལ་སེམས་གསོ་བྱེད་པར་མི་འདོད་དོ། 16ངུ་མཚམས་བཞག་ནས་མིག་ནས་མིག་ཆུ་ཕྱིས། ཕྲུ་གུའི་ཆེད་དུ་ཇི་བྱེད་བྱ་དགའ་ཐོབ། དེ་ཚོ་དགྲ་བོའི་ཡུལ་ནས་ལོག་པར་འགྱུར། 17ཁྱོད་ཀྱི་མ་འོངས་ཆེད་དུ་རེ་བ་ཡོད། ཁྱོད་ཀྱི་ཕྲུ་གུ་ཁྱིམ་དུ་ལོག་པར་འགྱུར། གཙོ་བོ་དཀོན་མཆོག་ང་ཡིས་སྨས་པ་ཡིན། 18ང་ཡི་ཨིསི་རཱཨེལ་པ་ཡི་མི་མང་རྣམས། སྡུག་བསྔལ་ངང་ནས་འདི་ལྟར་སྨྲས་པ་ཐོས། གཙོ་བོ་དཀོན་མཆོག་ང་ཚོ་སེམས་ཅན་མ་དུལ་འདྲ། ཡིན་པས་ཁྱོད་ཀྱིས་བཀའ་ལ་ཉན་རྒྱུ་སློབ། ང་ཚོ་ཚང་མ་ཕྱིར་ལོག་འཁྲིད་པར་མཛོད། གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ཁྱེད་ཀྱི་སྐུ་དྲུང། ང་ཚོ་ཕྱིར་ལོག་བྱ་རྒྱུར་གྲ་སྒྲིག་ཡོད། 19ང་ཚོས་ཁྱེད་ལ་བློ་ཁ་བསྒྱུར་ཡོད་པས། མགྱོགས་པར་ང་ཚོ་ཁྱེད་དྲུང་ལོག་འདོད་ཡོད། ཁྱེད་ཀྱིས་ང་ཚོ་ཆད་པ་གཏོང་བའི་རྗེས། ང་ཚོའི་མགོ་བོ་མྱ་ངན་ངང་ནས་འཕྱར། ང་ཚོ་ངོ་ཚ་དམའ་འབེབས་བྱུང་ཡོད་དོ། གང་ལ་ཟེར་ན་ང་ཚོ་གཞོན་ནུས་དུས་སུ་སྡིག་པ་གྱིས། 20ཨིསི་རཱཨེལ་ཁྱོད་ནི་ང་ཡི་བུ་བརྩེ་ཤོས་ཡིན། ངའི་ཕྲུ་གུ་བརྩེ་བ་ཆེ་ཤོས་དེ་ཡིན་ནོ། སྐབས་རེ་སྐབས་རེ་ཁྱོད་ཀྱི་མིང་ལེན་སྐབས། བརྩེ་བའི་ཐོག་ཏུ་ངས་ཁྱོད་བསམ་བཞིན་ཡོད། ངའི་སེམས་རྟག་ཏུ་ཁྱོད་ཀྱི་སར་ཡོད་དོ། ང་ནི་ཁྱོད་ལ་སྙིང་རྗེ་བྱ་རྒྱུ་ཡིན། 21ལམ་དེར་བརྡ་སོགས་བཞག་ནས་རྟགས་རྒྱོབ་ཅིག། ཁྱོད་རང་ཐོན་པའི་ལམ་དེ་ཡང་སྐྱར་རྙེད་པར་བྱོས། ཨིསི་རཱཨེལ་པ་ཡི་མི་མང་ཚུར་ལོག་ཤོག། ཁྱོད་ཚོས་བཞག་པའི་གྲོང་གི་ཁྱིམ་དུ་ལོག། 22དད་པ་མེད་པའི་མི་མང་ཁྱོད་ཚོ་རྣམས། དུས་ཡུན་ཇི་ཙམ་རིང་ལ་ཐེ་ཚོམ་བྱེད། བུད་མེད་ཁྱོ་ལ་སྐྱོབ་ལྟར་མི་འདྲ་ཞིག། ང་ཡི་མི་འདྲ་བ་གསར་པ་ཞིག་བསྐྲུན་ཡོད༎

དཀོན་མཆོག་གི་མི་མང་ལ་མ་འོངས་པའི་འཕེལ་རྒྱས།

23ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་བཀའ་གནང་བ། ངས་ངའི་མི་མང་གི་ཡུལ་སླར་གསོ་བྱ་སྐབས་དེ་ཚོའི་སླར་ཡང་ཡ་ཧུ་དཱའི་ཡུལ་དང་དེའི་གྲོང་ཁྱེར་ཚོ་ནང་དེ་ལྟར་སྨྲས་ཡོང་། གཙོ་བོ་དཀོན་མཆོག་གིས་ཁོང་བཞུགས་པའི་གནས་ཡེ་རུ་ཤ་ལེམ་གྱི་རི་བོ་དམ་པ་འདིར་བྱིན་གྱིས་རློབས་པར་ཤོག་ཅེས་བརྗོད་པར་བྱའོ། 24མི་མང་རྣམས་ཡ་ཧུ་དཱ་དང་དེའི་གྲོང་ཁྱེར་རྣམས་ནང་སྡོད་པ་དང་། དེའི་ནང་ཞིང་པ་དང་ལུག་ཁྱུ་ཡོད་པའི་ལུག་རྫི་བཅས་གནས་ཡོང་། 25ངས་ཐང་ཆད་པ་རྣམས་ལ་སངས་པར་བྱེད་ཅིང་ལྟོགས་ནས་སྐྱོ་པོ་ཡོད་པ་ཚོར་ཟས་ཀྱིས་ཚིམ་པར་བྱ་རྒྱུ་ཡིན་ནོ། 26དེ་བས་ན་མི་མང་ཚོས་ང་གཉིད་ཉལ་དུ་སོང་བ་དང་སི་སང་སང་བྱས་ནས་གཉིད་སད་བྱུང་ཞེས་བརྗོད་པར་བྱའོ། 27ང་གཙོ་བོ་དཀོན་མཆོག་གིས་སྨྲས་རྒྱུར། ངས་ཨིསི་རཱཨེལ་དང་ཡ་ཧུ་དཱའི་ཡུལ་ནང་ལ་མི་དང་སེམས་ཅན་གྱི་ཁེངས་པར་བྱ་རྒྱུའི་དུས་ཚོད་སླེབས་བཞིན་ཡོད། 28ངས་ཇི་ལྟར་རྩ་འགོག་བྱ་རྒྱུ་དང་། རྟིབ་རྒྱུ་དང་དོར་རྒྱུ་དང་། མེད་པར་བཟོ་རྒྱུ་དང་། བཤིགས་རྒྱུ་བཅས་པར་ཟབ་ནན་གྱིས་པ་ལྟར་ངས་དེ་ཚོ་འདེབས་རྒྱུ་དང་བཟོ་རྒྱུ་ཡང་ཟབ་ནན་བྱ་རྒྱུ་ཡིན་ནོ། 29དུས་ཚོས་དེ་སླེབས་སྐབས་མི་ཚོས་དེ་ལྟར་ནམ་ཡང་སྨྲ་མི་ཡོང། ཕ་མེས་རྒུན་འབྲུམ་སྐྱུར་པོ་བཟའ་བ་དང། འོན་ཀྱང་ཕྲུ་གུ་ཚོར་སྐྱུར་པོའི་བྲོ་བ་འཚོར་རོ། 30དེའི་ཚབ་ལ་རྒུན་འབྲུམ་སྐྱུར་པོ་ཟ་མཁན་ཚོའི་སོ་གཙིད་པར་འགྱུར་བ་དང་རང་གི་སྡིག་པའི་རྐྱེན་གྱིས་འཆི་བར་འགྱུར་ཞེས་བརྗོད་དོ། 31གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཨིསི་རཱཨེལ་དང་ཡ་ཧུ་དཱ་པའི་མི་མང་ལ་ངས་དམ་བཅའ་གསར་པ་ཞིག་འཇོག་པའི་དུས་ཚོད་སླེབས་བཞིན་ཡོད། 32དེ་ནི་ངས་དེ་ཚོའི་ཕ་མེས་ཚོའི་ལག་ནས་འཇུས་ཤིང་ཨི་ཇིབ་ཡུལ་ནས་འདོན་སྐབས་འཇོག་པའི་དམ་བཅའི་རྙིང་པ་དེ་དང་མི་འདྲའོ། ང་དེ་ཚོའི་ཁྱོ་ལྟར་ཡིན་ན་ཡང་དེ་ཚོས་དམ་བཅའ་དེ་རྩ་འཛིན་བྱས་མེད་དོ། 33ངས་ཨིསི་རཱཨེལ་གྱི་མི་མང་མཉམ་དུ་འཇོག་པའི་དམ་བཅའ་གསར་པ་དེ་ངས་ངའི་ཁྲིམས་དེ་ཚོའི་ཁྲོད་དུ་འཇོག་རྒྱུ་དང་། དེ་ཚོའི་སེམས་ནང་དེ་བྲིས་རྒྱུ་ཡིན་ནོ། ང་དེ་ཚོའི་དཀོན་མཆོག་ཏུ་འགྱུར་བ་དང་དེ་ཚོ་ངའི་འབངས་སུ་འགྱུར་རོ། 34དེ་ཚོ་སུས་ཀྱང་རང་གི་ཡུལ་མི་ཚོར་གཙོ་བོ་དཀོན་མཆོག་ངོ་ཤེས་པར་སློབ་མི་དགོས། གང་ལ་ཟེར་ན། ཆུང་བ་ནས་ཆེ་ཤོས་བར་ཚང་མས་ང་ངོ་ཤེས་སོ། ངས་དེ་ཚོའི་སྡིག་པ་སེལ་བ་དང་དེ་ཚོའི་ནོར་འཁྲུལ་སླར་དྲན་པར་མི་བྱའོ། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 35གཙོ་བོ་དཀོན་མཆོག་ཁོང་གི་ཉི་འོད་ཆེད་དུ་ཉི་མ་གནང་། མཚན་དུ་ཤར་ཆེད་ཟླ་བ་སྐར་མ་གནང་། རྒྱ་མཚོ་དཀྲུག་ནས་སྐད་སྒྲ་སྒྲོགས་སུ་བཅུག། ཁོང་མཚན་གཙོ་བོ་དཀོན་མཆོག་ཀུན་དབང་ཅན་ཡིན་ནོ། 36སྔར་སྲོལ་ནམ་གནས་བར་དུ་ཨིསི་རཱཨེལ། མི་རིགས་ཞིག་ཏུ་གནས་པའི་ཞལ་བཞེས་གནང་། 37གལ་སྲིད་ཉིན་ཅིག་ནམ་མཁར་ཚད་རྒྱབ་ཐུབ་པ་དང་། ས་གཞིའི་རྨང་གཞི་རྣམས་རྩད་གཅོད་ཐུབ་པ་ན། དེ་ནས་གཅིག་པོ་ཁོང་གིས་ཨིསི་རཱཨེལ་མི་མང་ལ་དེ་ཚོས་ཇི་བྱས་རྣམས་ཀྱི་རྐྱེན་སྤོང་བར་མཛད། གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་ངོ་། 38གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། ཧ་ན་ནེལ་གྱི་གན་དོ་ལ་ནས་ཟུར་གྱི་རྒྱལ་སྒོ་བར་ཡེ་རུ་ཤ་ལེམ་ཡོངས་ཛོགས་ངའི་གྲོང་ཁྱེར་བཞིན་སྐྱར་བཟོ་བའི་དུས་ཚོད་སླེབས་བཞིན་ཡོད། 39དེའི་ས་མཚམས་ནི་གྷ་རེབ་རི་བོ་ནས་འགོ་ཚུགས་ནས་གོ་ཨཱའི་མཐའ་འཁོར་བར་ཡིན། 40ལུང་གཤོང་ཡོངས་རྫོགས་གཤིན་པོ་སྦས་ཡུལ་དང་གས་སྙིགས་དབྱུགས་ཡུལ་དང་ཀིད་རོན་ཆུ་རླུང་ཡན་གྱི་ཞིང་ཁ་ཡོངས་རྫོགས་རྟའི་རྒྱལ་སྒོའི་བར་ང་ལ་དམ་པར་འགྱུར། ཕྱིན་ཆད་གྲོང་ཁྱེར་དེ་བཤིགས་པ་དང་མེད་པར་མི་བཟོའོ༎

ཡེར་མི་ཡཱ། 32

ཡེར་མི་ཡཱས་ཞིང་ཁ་ཞིག་ཉོས་པ།

1གཙོ་བོ་དཀོན་མཆོག་གིས་ཛེ་དེ་ཀི་ཡཱ་ཡ་ཧུ་དཱའི་རྒྱལ་པོར་འགྱུར་ནས་ལོ་བཅུ་པ་དང་། རྒྱལ་པོ་ནེ་བུ་ཀད་ནེ་ཛར་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་གནང་བའི་ལོ་བཅོ་བརྒྱད་པར་ང་ལ་བཀའ་མོལ་གནང་བ། 2སྐབས་དེར་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་དམག་མིས་ཡེ་རུ་ཤ་ལེམ་ལ་འཐབ་པའི་སྐབས་དེར། ང་རྒྱལ་པོའི་ཕོ་བྲང་གི་ཁྱམས་རའི་ནང་བཅུག་ཡོད་པའི་སྐབས་ཡིན་ནོ། 3ངས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ལ་གྲོང་ཁྱེར་འདི་དབང་བཟུང་བྱེད་དུ་འཇུག་རྒྱུ་ཡིན་ཞེས། གཙོ་བོ་དཀོན་མཆོག་གི་བཀའ་འདི་ལྟར་གནང་བ་གསལ་སྒྲགས་གྱིས་པར་བརྟེན་རྒྱལ་པོ་ཛེ་དེ་ཀི་ཡཱས་སྐྱོན་འཛུག་གནང་ནས་ང་ལ་དེར་བཙོན་འཇུག་གནང་ངོ་། 4རྒྱལ་པོ་ཛེ་དེ་ཀི་ཡཱ་བྲོས་མི་ཐུབ་པ་དང། ཁོ་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་ལག་ཏུ་རྩིས་སྤྲོད་བྱེད་པ་དང་། ཁོ་གཉིས་གཅིག་གིས་གཅིག་ལ་བལྟས་ནས་གཏམ་སྨྲ་བར་འགྱུར། 5ཛེ་དེ་ཀི་ཡཱ་བྷེ་བྷི་ལོ་ནི་ཡ་དུ་འཁྲིད་པ་དང་། ངས་ཁོ་དང་མཉམ་དུ་འབྲེལ་བ་མ་བྱས་བར་ཁོ་དེར་ལུས་པར་འགྱུར། ཁོས་བྷེ་བྷི་ལོ་ནི་ཡ་པ་ཚོ་དང་མཉམ་དུ་འཐབ་ན་ཡང་རྒྱལ་བར་མི་འགྱུར་རོ་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 6-7གཙོ་བོ་དཀོན་མཆོག་གིས་ང་ལ། ངའི་ཨ་ཁུ་ཤལ་ལུམ་གྱི་བུ་ཧ་ན་མེལ་ངའི་སར་ཡོང་ནས་བྷེན་ཡ་མིན་གྱི་མངའ་ཁུལ་དུ་ཨ་ན་ཐོད་དུ་ཡོད་པའི་ཁོའི་ཞིང་ཞིག་ཉོ་རོགས་ཞུ་བར་ཡོང་། གང་ལ་ཟེར་ན། ཁོ་ངའི་སྤུན་ཉེས་ཤོས་ཡིན་པས་ངའི་ཆེད་དུ་ཉོ་བའི་ཐོབ་ཐང་ང་ལ་ཡོད་གསུངས་སོ། 8དེ་ནས་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་ལྟར ཧ་ན་མེལ་ངའི་སར་ཁྱམས་རར་ཡོང་ནས་ཁོའི་ཞིང་ཁ་ཉོ་རོགས་ཅེས་སྨྲས་སོ། གཙོ་བོ་དཀོན་མཆོག་གིས་ང་ལ་དངོས་སུ་བཀའ་གནང་བ་ངས་ཤེས་སོ། 9དེ་ནས་ངས་ཧ་ན་མེལ་ནས་ཞིང་ཁ་ཉོས་ཏེ་ཁོ་ལ་དངུལ་འདེགས་ནས་སྤྲད་པ་ཡིན། རིན་གོང་དངུལ་རྡོག་རྡོག་བཅུ་བདུན་གནས་སོ། 10ངས་གན་རྒྱར་མིང་རྟགས་བཀོད་ནས་ཐེའུ་ཙེ་བརྒྱབ་སྟེ་དེར་དཔང་པོ་བཞག་ནས་རྒྱ་མའི་སྟེང་དངུལ་འདེགས་ནས་སྤྲད་པ་ཡིན། 11དེ་ནས་ངས་ཉོས་པའི་གན་རྒྱ་ཁག་དང་ཐེའུ་ཙེ་རྒྱབ་པའི་ཡིག་ཆ་དང་ཁས་ལེན་གཅད་དོན་ཡིག་ཆ་བླངས་ཏེ་ཁ་ཕྱེས་ནས། 12མ་ཨ་སེའི་ཚ་བོ་དང་ནེ་རི་ཡཱ་མའི་བུ་ཡིན་པ་བྷ་རུག་ལ་སྤྲད་དོ། ངས་དེ་ཚོ་ཁོ་ལ་ཧ་ན་མེལ་གྱི་མདུན་དུ་ཉོས་པའི་ཡིག་ཆར་མིང་རྟགས་བརྒྱབ་མཁན་དཔང་པོ་ཚོ་དང་ཁྱམས་རའི་ནང་བསྡད་པའི་མི་ཚང་མའི་མདུན་དུ་སྤྲད་པ་ཡིན། 13དེ་ཚོ་ཚང་མའི་མདུན་དུ་ངས་བྷ་རུག་ལ་སྨྲས་པ། 14ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ཁྱོད་ནས་ཐེའུ་རྒྱབ་ནས་ཉོས་པའི་གན་རྒྱ་དང་ཁ་ཕྱེས་པའི་གན་རྒྱ་འདི་ཚོ་བླངས་ནས་མ་འོངས་པའི་ལོ་མང་པོའི་རིང་བདག་ཉར་བྱེད་ཐུབ་པའི་ཆེད་དུ་རྫའི་བུམ་པའི་ནང་འཇོག་ཅེས་བཀའ་གནང་ངོ་། 15ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ཡུལ་འདིར་ཡོད་པའི་ཁང་པ་ཚོ་དང་ཞིང་ཁ་དང་རྒུན་ཚལ་བཅས་པ་ཡང་སྐྱར་ཉོ་ཆོག་པ་ཡིན་ཞེས་བཀའ་གནང་ངོ་༎

ཡེར་མི་ཡཱའི་སྨོན་ལམ།

16ཉོས་པའི་གན་རྒྱ་བྷ་རུག་ལ་སྤྲད་པའི་རྗེས་ལ་ངས་སྨོན་ལམ་བཏབ་པ་ཡིན། 17ཀྱེ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཁྱེད་ཀྱི་མཐུ་དང་ནུས་པ་ཆེན་པོས་ས་གཞི་དང་ནམ་མཁའ་བཀོད་པར་མཛད་དོ། ཁྱེད་ལ་བྱ་བ་གང་ཡང་དཀའ་བ་མེད་དོ། 18ཁྱེད་ཀྱིས་སྟོང་ཕྲག་མང་པོར་ཡང་ཡང་བྱམས་པ་གནང་ཡོད་ན་ཡང་། ཁྱེད་ཀྱིས་མི་མང་གི་རང་གི་ཕ་མེས་ཀྱི་སྡིག་པའི་ཆེད་དུ་ཉེས་ཆད་ཀྱང་གཏོང་གནང་ཡོད། ཁྱེད་ནི་སྟོབས་ཆེན་དང་ཀུན་དབང་ཅན་གྱི་དཀོན་མཆོག་ཡིན་ནོ། 19ཁྱེད་ཀྱི་ཤེས་རབ་ལྡན་པའི་འཆར་གཞི་བཟོ་གནང་ནས་རླབས་ཆེན་གྱི་བྱ་བ་མཛད་དོ། ཁྱེད་ཀྱི་མི་མང་གིས་གྱིས་པ་ཚང་མ་གཟིགས་ཐུབ་པ་དང་། དེ་ཚོས་ཇི་ལྟར་ལས་བྱས་པ་ལྟར་གནང་སྦྱིན་གནང་ངོ་། 20ཡུན་རིང་སྔོན་ཁྱེད་ཀྱིས་ཨི་ཇིབ་དུ་རྫུ་འཕྲུལ་དང་ངོ་མཚར་ཅན་གྱི་མཇད་པ་བཏོན་གནང་ངོ་། ཚང་མས་ཁྱེད་ལ་ཤེས་པའི་ཆེད་ཁྱེད་ཀྱིས་ཨིསི་རཱཨེལ་དང་མི་མང་གཞན་ཚོའི་ཁྲོད་དུ་དུས་དེང་སང་ཡང་དེ་ལྟར་མཛད་བཞིན་ཡོད་དོ། 21རྫུ་འཕྲུལ་དང་ངོ་མཚར་ཅན་གྱི་མཛད་པ་དེ་ཁྱེད་ཀྱིས་ང་ཚོའི་དགྲ་བོ་ཚོ་འཇིགས་པར་མཛད་པ་དང་། ཁྱེད་ཀྱིས་མི་མང་ལ་ཨི་ཇིབ་ནས་འདོན་གནང་བའི་ཕྱིར་མཐུ་དང་སྟོབས་ཤུགས་བེད་སྤྱོད་མཛད་ཡོད་དོ། 22ཁྱེད་ཀྱིས་དེ་ཚོའི་ཕ་མེས་ཚོར་ཞལ་བཞེས་མཛད་པ་ལྟར་དེ་ཚོ་ལ་ས་ཆ་ཕྱུག་པོ་དང་ས་ལུད་འཛོམས་པོ་འདི་གནང་ངོ་། 23འོན་ཀྱང་དེ་ཚོ་ཡུལ་འདིར་སླེབས་ནས་དེ་ཚོས་བདག་ཏུ་བཟུང་ནས། དེ་ཚོས་ཁྱེད་ཀྱི་བཀའ་མ་ཉན་པ་དང་། ཁྱེད་ཀྱི་བཀའ་ལྟར་གནས་སྡོད་བྱས་མེད། ཁྱེད་ཀྱིས་དེ་ཚོ་ལ་བྱེད་དགོས་པའི་བཀའ་གནང་བ་རྣམས་གང་ཡང་བྱས་མེད་དོ། དེ་འདྲ་སོང་ཙང་ཁྱེད་ཀྱིས་དེ་ཚོ་ལ་རྐྱེན་ངན་འདི་ལྟར་འབེབས་པར་མཛད་དོ། 24བྷེ་བྷི་ལོ་ནི་ཡ་པ་ཚོས་གྲོང་ཁྱེར་དབང་བཟུང་བྱེད་པིའ་ཆེད་དེའི་མཐའ་འཁོར་དུ་ས་རྡོའི་ཕུང་པོའི་བསྐོར་བ་དང་དེ་ཚོས་འཐབ་བཞིན་ཡོད། དམག་དང་མུ་གེ་ནད་ཡམས་བཅས་ཀྱིས་དེ་ཚོའི་ལག་ནས་གྲོང་ཁྱེར་ཤོར་བ་བྱེད་དོ། ཁྱེད་ཀྱི་ཇི་ལྟར་གསུངས་པ་རྣམས་དངོས་སུ་སྒྲུབ་པ་ཁྱེད་ཀྱིས་གཟིགས་སོ། 25འོན་ཀྱང་བྷེ་བྷི་ལོ་ནི་ཡ་པ་ཚོས་གྲོང་ཁྱེར་དབང་བཟུང་བྱ་གྲབ་ཡོད་ན་ཡང་། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་སྐུ་ཉིད་ཀྱིས་དཔང་པོ་ཚོའི་མདུན་དུ་ང་ལ་ཞིང་ཁ་དེ་ཉོ་དགོས་པའི་བཀའ་གནང་བྱུང་ཞེས་སོ། 26དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། 27ང་ནི་གཙོ་བོ་དཀོན་མཆོག་མི་ཚང་མའི་དཀོན་མཆོག་ཡིན་ནོ། བྱ་བ་གང་ཡང་ང་ལ་ཁག་པོ་མེད་དོ། 28ངས་གྲོང་ཁྱེར་འདི་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་དང་ཁོང་གི་དམག་མིའི་ལག་ཏུ་སྤྲོད་རྒྱུ་དང་། དེ་ཚོས་དེ་དབང་བཟུང་བྱས་ནས། 29དེར་མེར་བསྲེགས་པ་དང། དེ་ཚོས་དེ་མི་མང་གི་ཁང་པའི་རྩེ་ཐོག་ཏུ་བྷལ་ལ་སྤོས་བདུག་པ་དང་ལྷ་གཞན་ཚོར་རྒུན་ཆང་གི་མཆོད་པ་འབུལ་བ་བཅས་བྱས་ནས་ངའི་ཁོང་ཁྲོ་དཀྲུགས་པའི་དེ་ཚོས་ཁང་པ་བཅས་མཉམ་དུ་མེར་བསྲེག་པར་འགྱུར། 30ཐོག་མ་ཉིད་ནས་ཨིསི་རཱཨེལ་དང་ཡ་ཧུ་དཱ་པའི་མི་མང་གི་རྒྱལ་རབས་ནས་ཇི་ལྟར་གྱིས་པའི་ལས་ལ་ང་མ་དགའ་བ་བཟོས་པ་དང། ང་ལ་ཁྲོ་རུ་འཇུག་ཡོད་དོ། 31གྲོང་ཁྱེར་འདི་བཟོས་པའི་ཉིན་མོ་དེ་རང་ནས་གྲོང་ཁྱེར་དེའི་མི་མང་གིས་ང་ཁོང་ཁྲོ་དང་ཁྲོ་བ་དྲག་པོ་སླངས་ཡོད་པས། ངས་གྲོང་ཁྱེར་དེ་མེད་པར་བཟོ་རྒྱུའི་ཐག་ཆོད་གྱིས་པ་ཡིན་ནོ། 32གང་ལ་ཟེར་ན། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་དང་དེ་ཚོའི་རྒྱལ་པོ་ཚོ་དང་འགོ་འཁྲིད་ཚོ་དང་བླ་མ་ཚོ་དང་ལུང་སྟོན་པ་བཅས་ཀྱིས་ལས་ངན་ཁག་བགྱིས་པའི་རྐྱེན་གྱིས། 33དེ་ཚོས་ང་ལ་རྒྱབ་བསྒྱུར་བ་དང་། ངས་དེ་ཚོ་ལ་མུ་མཐུད་སློབ་སྟོན་གྱིས་ན་ཡང་། དེ་ཚོས་མ་ཉན་པ་དང་བསླབ་མེད་དོ། 34ང་ལ་མཆོད་ཕྱིར་བཞེངས་པའི་མཆོད་ཁང་ནང་དུ་དེ་ཚོས་ཞེན་ལོག་ཅན་གྱི་སྐུ་འདྲ་ཚོ་བཞག་ནས་དེ་མི་གཙང་བ་བཟོས་ཡོད། 35དེ་ཚོའི་བུ་དང་བུ་མོ་ཚོ་མོ་ལེག་ལྷ་ལ་དམར་མཆོད་དུ་འབུལ་བའི་ཆེད་ཧིན་ནོམ་གྱི་ལུང་གཤོང་དུ་བྷལ་ལ་མཆོད་ཁྲིད་བཞེངས་སོ། ངས་དེ་ཚོ་ལ་དེ་ལྟར་བྱས་རྒྱུ་བཀའ་སྤྲད་མེད་པ་དང། དེ་ཚོས་ཡ་ཧུ་དཱ་པའི་མི་མང་རྣམས་ལ་དེ་ལྟར་བྱེད་ནས་སྡིག་པ་བྱེད་དུ་འཇུག་རྒྱུ་སྐོར་ངས་བསམ་བློ་ཡང་འཁོར་མེད་དོ༎

རེ་བའི་ཞལ་བཞེས།

36གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ཡེར་མི་ཡཱ། མི་མང་ཚོས་དམག་དང་མུ་གེ་ནད་ཡམས་བཅས་ཀྱི་རྐྱེན་གྲོང་ཁྱེར་འདི་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་ལག་ཏུ་ཤོར་རུ་འཇུག་གི་རེད་ཅེས་སྨྲ་བཞིན་ཡོད། དེ་མིན་ང་ལ་ཇི་ལྟར་སྨྲ་རྒྱུ་ཡོད་པར་ཉོན་ཞིག། 37ང་ཁྲོ་བ་དང་ཁོང་ཁྲོ་ལངས་པའི་སྐབས་མི་མང་ཚོ་ཁ་སྟོར་བའི་ལུང་པ་རྣམས་ནས་དེ་ཚོ་རུབ་རུབ་བཟོས་ནས་ཡུལ་འདིར་འཁྲིད་ཡོང་ནས་དེ་ཚོ་འདིར་བདེ་བར་སྡོད་དུ་འཇུག་རྒྱུ་ཡིན་ནོ། 38དེ་ནས་དེ་ཚོ་ངའི་མི་མང་དང་ང་དེ་ཚོའི་དཀོན་མཆོག་ཏུ་འགྱུར་རུ། 39དེ་ཚོ་རང་གི་ཕན་ཐོག་དང་དེ་ཚོའི་རིགས་བརྒྱུད་ཚོའི་ཕན་ཐོག་ཆེད་དེ་ཚོའི་མི་ཚེའི་ནང་ང་ལ་རྟག་ཏུ་གུས་བརྩི་ཞུ་རྒྱུའི་དོན་གནས་གཅིག་ནས་དེ་ཚོ་ལ་སྤྲོད་རྒྱུ་ཡིན་ནོ། 40ངས་དེ་ཚོ་མཉམ་དུ་མཐའ་མེད་པའི་དམ་བཅའ་ཞིག་འཇོག་རྒྱུ་ཡིན། ངས་དེ་ཚོའི་ཆེད་བཟང་པོ་བྱ་རྒྱུ་མཚམས་འཇོགས་མི་བྱེད་པ་དང་། དེ་ཚོ་ང་ལས་ནམ་ཡང་ཁ་མི་འབྲེལ་བའི་ཆེད་ངས་དེ་ཚོའི་སེམས་ཀྱི་གཏིང་ནས་ང་ལ་འཇིགས་སྣང་ཡོང་བ་བཟོ་རྒྱུ་ཡིན། 41དེ་ཚོའི་ཆེད་དུ་བཟང་པོ་བྱ་རྒྱུར་ངས་དགའ་བར་བྱེད་རྒྱུ་དང་། ངས་དེ་ཚོ་ཡུལ་འདིར་གཏན་གྱི་ཆེད་དུ་འཇོག་པར་བྱའོ། 42ངས་མི་མང་འདི་ཚོའི་སྟེང་ཇི་ལྟར་རྐྱེན་ངན་དྲངས་པ་ལྟར་ངས་དེ་ཚོ་ལ་ཁས་ལེན་གྱིས་པའི་བཟང་པོ་ཐམས་ཅད་ཡང་སྤྲོད་རྒྱུ་ཡིན། 43མི་མང་ནས་སྨྲས་པ། ཡུལ་འདི་མི་དང་སེམས་ཅན་གང་ཡང་མི་གནས་པའི་བྱེ་ཐང་ཞིག་ཏུ་འགྱུར་བ་དང་། དེ་ལ་བྷེ་བྷི་ལོ་ནི་ཡ་པ་ཚོའི་ལག་ཏུ་སྤྲོད་ཀྱི་རེད་ཅེས་བརྗོད་བཞིན་ཡོད། འོན་ཀྱང་འདིར་སླར་ཡང་ཞིང་ཁ་ཉོ་བར་བྱེད་དོ། 44མི་མང་གིས་དེ་ཚོ་ཉོ་བ་དང་། གན་རྒྱར་མིང་རྟགས་བརྒྱབ་པ་དང་ཐེའུ་བརྒྱབ་ནས་དཔང་པོ་འཇོག་པར་བྱེད་དོ། དེ་ལྟར་བྷེན་ཡ་མིན་གྱི་མངའ་ཁུལ་དང་། ཡེ་རུ་ཤ་ལེམ་གྱི་མཐའ་འཁོར་གྱི་གྲོང་གསེབ་དང་། ཡ་ཧུ་དཱའི་གྲོང་ཁྱེར་དང་། རི་ཁུལ་གྱི་གྲོང་ཁྱེར་དང་། རི་གཤམ་གྱི་གྲོང་ཁྱེར་དང་ཡ་ཧུ་དཱའི་ལྷོ་ཕྱོགས་བཅས་པར་དེ་ལྟར་བྱེད་དོ། ངས་མི་མང་རྣམས་རང་གི་ཡུལ་དུ་སླར་བསོ་བྱ་རྒྱུ་ཡིན་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཡེར་མི་ཡཱ། 33

རེ་བའི་ཞལ་བཞེས་གནང་བ།

1ང་ཁྱམས་རའི་བཙོན་ཁང་ནང་ཡོད་པའི་སྐབས་སུ། སླར་ཡང་ང་ལ་གཙོ་བོ་དཀོན་མཆོག་གི་གསུང་འཕྲིན་ཞིག་འབྱོར་བྱུང་། 2ས་གཞི་བཀོད་ནས་རང་གནས་སུ་འཇོག་གནང་མཁན་གཅོ་བོ་དཀོན་མཆོག་གིས་ང་ལ་བཀའ་མོལ་གནང་བ། ཁོང་གི་མཚན་གཙོ་བོ་དཀོན་མཆོག་ཡིན་པ་དེས་ང་ལ་འདི་ལྟར་བཀའ་གནང་ངོ་། 3ང་ལ་འབོད་དང་ངས་ཁྱོད་ལ་ལན་འདེབས་བྱེད། ངས་ཁྱོད་ཀྱི་གང་ཡང་མི་ཤེས་པའི་ངོ་མཚར་ཅན་དང་རླབས་ཆེན་གྱི་བྱ་བ་ཁག་བརྗོད་པར་བྱའོ། 4ང་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་གྱི་ཁང་པ་རྣམས་དང་། ཡ་ཧུ་དཱའི་རྒྱལ་པོའི་ཕོ་བྲང་ལ་མཐའ་སྐོར་བ་དང་འཐབ་རྒོལ་བྱེད་པའི་རྐྱེན་གྱིས་དེ་བཤིགས་པར་འགྱུར་ཟེར་བརྗོད་རྒྱུ་ཡིན་ནོ། 5འགའ་ཤས་ཀྱིས་བྷེ་བྷི་ལོ་ནི་ཡ་པ་ཚོ་མཉམ་དུ་འཐབ་རྒོལ་བྱེད་པ་དང་། དེ་ཚོས་ངའི་ཁོང་ཁྲོ་དང་ཁྲོ་བ་དྲག་པོ་ལངས་བཞིན་པའི་སྐབས་སུ་བསད་གྲབ་ཡོད་པའིི་རོས་ཁང་པ་རྣམས་ཁེངས་པར་འགྱུར་རོ། གྲོང་ཁྱེར་འདིའི་མི་མང་ཚོས་ལས་ངན་གྱིས་པའི་རྐྱེན་གྱིས་ངས་གྲོང་ཁྱེར་འདི་ནས་ཁ་བསྒྱུར་བ་ཡིན་ནོ། 6འོན་ཀྱང་ངས་གྲོང་ཁྱེར་འདི་དང་འདིའི་མི་མང་ཚོ་གསོ་བར་བྱ་ཞིང་། དེ་ཚོའི་འཕྲོད་བརྟེན་སླར་གསོ་བྱ་རྒྱུ་ཡིན། ངས་དེ་ཚོ་ལ་པག་དུ་མེད་པ་ཞི་བདེ་དང་སྲུང་སྐྱོབ་སྤྲོད་རྒྱུ་ཡིན་ནོ། 7ངས་ཡ་ཧུ་དཱ་དང་ཨིསི་རཱཨེལ་གཉིས་ཧ་ཅང་འཕེལ་རྒྱས་བཟོ་བ་དང་དེ་ཚོ་སྔར་ལྟར་སླར་གསོ་བྱ་རྒྱུ་ཡིན། 8དེ་ཚོས་ང་ལ་གྱིས་པའི་སྡིག་པ་རྣམས་ངས་གཙང་མ་བཟོ་རྒྱུ་དང་། དེ་ཚོའི་སྡིག་པ་དང་ངོ་ལོག་བཅས་ལ་བཟོད་གསོལ་བྱ་རྒྱུ་ཡིན་ནོ། 9ཡེ་རུ་ཤ་ལེམ་དེ་བཞིན་དགའ་བ་དང་གུས་བརྩི་འབྱུང་ཁུངས་དང་ངའི་སྤོབས་པ་བྱ་ཡུལ་དུ་འགྱུར་བ་དང་། འཛམ་གླིང་གི་མི་རིགས་ཚང་མའི་ངས་ཡེ་རུ་ཤ་ལེམ་གྱི་མི་མང་ལ་བཟང་པོ་བྱས་པ་ཁག་དང་། གྲོང་ཁྱེར་དེར་འཕེལ་རྒྱས་བཟོས་ཡོད་པའི་སྐོར་ཐོས་སྐབས་འཇིགས་ཤིང་འདར་བར་འགྱུར་རོ། 10གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། མི་མང་གི་གྲོང་ཁྱེར་འདི་བྱེ་ཐང་ལྟར་མི་དང་སེམས་ཅན་གང་ཡང་གནས་སྡོད་མི་བྱེད་པའི་བྱེ་ཐང་རེད་ཅེས་བརྗོད་པ་དེ་ཚོ་བདེན་པ་ཡིན་ནོ། ཡ་ཧུ་དཱའི་གྲོང་ཁྱེར་དང་ཡེ་རུ་ཤ་ལེམ་གྱི་ཁྲོམ་ལམ་ལ་མི་དང་སེམས་ཅན་གང་ཡང་གནས་སྡོད་བྱ་མཁན་མེད་པ་སྟོང་པ་ཡིན་ནོ། འོན་ཀྱང་ས་གནས་འདིར་ཡང་སྐྱར། 11དགའ་བ་དང་སྤྲོ་བའི་སྐད་དང་ཆང་སའི་ཐུགས་སྤྲོའི་སྒྲ་ཐོས་པར་འགྱུར་རོ། ཁྱོད་ཀྱིས་མི་མང་གི་ངའི་མཆོད་ཁང་དུ་ཐུགས་རྗེའི་མཆོད་པ་འཁྱེར་ཡོང་སྐབས་ལེན་པའི་མགུར་མ་ཐོས་པར་འགྱུར། དེ་ཚོས། ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུས་ཤིག། གང་ལ་ཟེར་ན། ཁོང་ནི་བཟང་པོ་དང་། ཁོང་གི་ཐུགས་བརྩེ་མཐའ་མེད་པ་ཡིན་ཞེས་ཟེར་རོ། ངས་ཡུལ་འདི་སྔར་ལྟར་འཕེལ་རྒྱས་བཟོ་རྒྱུ་ཡིན་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 12ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ས་གནས་འདིར་མི་དང་སེམས་ཅན་གནས་སྡོད་མི་བྱེད་པའི་བྱེ་ཐང་ལྟར་ཡོད་པ་ཡུལ་འདིར་སླར་ཡང་ལུག་རྫི་ཚོས་རང་གི་ལུག་རྣམས་འཁྲིད་ཐུབ་པའི་ཆེད་རྩྭ་ཁ་རྣམས་ཡོང་བར་འགྱུར་རོ། 13རི་ཁུལ་གྱི་གྲོང་ཁྱེར་དང་རི་གཤམ་དང་ཡ་ཧུ་དའི་ལྷོ་ཕྱོགས་དང་བྷེན་ཡ་མིན་གྱི་མངའ་ཁུལ་དང་ཡེ་རུ་ཤ་ལེམ་གྱི་མཐའ་འཁོར་གྱི་གྲོང་གསེབ་རྣམས་དང་ཡ་ཧུ་དཱའི་གྲོང་ཁྱེར་བཅས་པའི་ནང་སླར་ཡང་ལུག་རྫི་ཚོས་རང་་གི་ལུག་གྲངས་གཤེར་བྱེད་དོ་ཅེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 14གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངས་ཨིསི་རཱཨེལ་དང་ཡ་ཧུ་དཱའི་མི་མང་ལ་ཁས་ལེན་གྱིས་པ་རྣམས་སྒྲུབ་པར་བྱེད་པའི་དུས་ཚོད་དེ་སླེབས་བཞིན་ཡོད། 15དུས་སྐབས་དེར་ངས་དཱ་བིད་ཀྱི་རིགས་བརྒྱུད་དྲང་བ་ཉིད་ཀྱི་རྒྱལ་པོར་འདམས་རྒྱུ་ཡིན། རྒྱལ་པོ་དེས་ཡུལ་ཡོངས་སུ་དྲང་པོ་དང་བདེན་པ་འབའ་ཞིག་གནང་ངོ་། 16ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་སྐྱོབས་པ་དང་དེ་ཚོ་བདེ་འཇགས་སུ་གནས་སོ། གྲོང་ཁྱེར་དེར་གཙོ་བོ་དཀོན་མཆོག་ང་ཚོའི་ཐར་པ་ཅེས་འབོད་པར་བྱའོ། 17ང་གཙོ་བོ་དཀོན་མཆོག་གིས། དུས་རྟག་ཏུ་དཱ་བིད་ཀྱི་མི་བརྒྱུད་ཅིག་ཨིསི་རཱཨེལ་གྱི་རྒྱལ་པོར་འགྱུར་བ་དང་། 18རྟག་ཏུ་ལེ་ཝའི་སྡེ་རིགས་ཀྱི་བླ་མ་ཚོས་ངའི་ཞབས་ཞུ་དང་སྦྱིན་སྲེག་གི་མཆོད་པ་དང་འབྲུའི་མཆོད་པ་དང་དམར་མཆོད་བཅས་བྱ་མཁན་ཡོང་བའི་དམ་བཅའ་བྱ་རྒྱུ་ཡིན་ནོ། 19གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། 20དེ་ཚོ་རྟག་ཏུ་རང་རང་གི་དུས་ཐོག་ཡོང་བ་དང་དམ་བཅའ་ནམ་ཡང་མི་འགལ་བའི་ཆེད་ངས་ཉིན་མཚན་གཉིས་ལ་དམ་བཅའ་འཇོག་ཡོད་དོ། 21དེ་ལྟར་ངས་ངའི་ཞབས་ཕྱི་དཱ་བིད་ལ་ཁོའི་མི་བརྒྱུད་ཅིག་རྟག་ཏུ་རྒྱལ་པོར་འགྱུར་རྒྱུའི་དམ་བཅའ་དང་ལེ་ཝིའི་རིགས་བརྒྱུད་ཀྱི་བླ་མ་ཚོར་དེ་ཚོས་རྟག་ཏུ་ངའི་ཞབས་ཕྱི་ཞུ་རྒྱུའི་དམ་བཅའ་བཞག་པ་དང་། དམ་བཅའ་དེ་ཚོ་ནམ་ཡང་མི་འགལ་ལོ། 22ཇི་ལྟར་ནམ་མཁའི་སྐར་ཚོགས་ལ་གྲངས་རྩི་མི་ཐུབ་པ་དང་། རྒྱ་མཚོའི་མཐའའི་བྱེ་མ་གྲངས་ཀ་རྒྱབ་མི་ཐུབ་པ་ལྟར་ངས་ངའི་ཞབས་ཕྱི་དཱ་བིད་ཀྱི་མི་བརྒྱུད་ཀྱི་མི་བརྒྱུད་ཀྱི་མི་འབོར་དང་ལེ་ཝའི་རིགས་བརྒྱུད་ཀྱི་བླ་མ་ཚོའི་གྲངས་འབོར་རྩིས་མི་ཐུབ་པ་འཕར་རྒྱུ་ཡིན་ནོ། 23གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། 24ངས་འདམས་པའི་ཁྱིམ་ཚང་གཉིས་པོ་ཨིསི་རཱཨེལ་དང་ཡ་ཧུ་དཱ་ངས་སྤངས་བ་རེད་ཅེས་ཁྱོད་ཀྱིས་མི་མང་གི་བརྗོད་པར་དོ་སྣང་བྱུང་ངམ། དེར་བརྟེན་དེ་ཚོས་ངའི་མི་མང་ལ་དམད་ནས་དེ་ཚོ་མི་རིགས་ཞིག་ལ་ངོས་འཛིན་མི་བྱེད་དོ། 25འོན་ཀྱང་ང་གཙོ་བོ་དཀོན་མཆོག་ལ་ཉིན་མཚན་གཉིས་མཉམ་དུ་དམ་བཅའ་ཡོད་པ་དང་། ངས་ས་གཞི་དང་ནམ་མཁར་དབང་བསྒྱུར་བྱེད་པའི་ཁྲིམས་བཟོས་ཡོད་དོ། 26ངས་དེ་ལྟར་ངེས་བརྟན་བྱས་པ་ལྟར་ཡ་ཀོབ་ཀྱི་མི་བརྒྱུད་དང་ངའི་ཞབས་ཕྱི་དཱ་བིད་ལ་བཞག་པའི་དམ་བཅའ་དེ་ངས་སྲུང་བརྩི་བྱ་རྒྱུ་ཡིན། ངས་དཱ་བིད་ཀྱི་མི་བརྒྱུད་ནང་ནས་གཅིག་འདམས་ནས་ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་ཀྱི་མི་བརྒྱུད་ཆོའི་སྟེང་དུ་དབང་བསྒྱུར་བྱེད་དུ་འཇུག་རྒྱུ་ཡིན། ངས་ངའི་མི་མང་ལ་སྙིང་རྗེ་བྱས་ནས་དེ་ཚོ་ཡང་སྐྱར་འཕེལ་རྒྱས་བཟོ་རྒྱུ་ཡིན་ཞེས་སོ༎

ཡེར་མི་ཡཱ། 34

ཛེ་དེ་ཀི་ཡཱའི་ཆེད་དུ་འཕྲིན།

1བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་དང་ཁོང་གི་དམག་མི་ཚོས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཚང་མའི་དམག་དཔུང་དང་ཁོང་གི་མངའ་འོག་ཏུ་ཡོད་པའི་མི་རིགས་ཚོ་མཉམ་དུ་ཡེ་རུ་ཤ་ལེམ་དང་དེའི་ཉེ་འཁོར་གྱི་གྲོང་ཁྱེར་ཁག་ཐོག་དམག་རྒྱབ་སྐབས་སུ། གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་མོལ་གནང་ངོ་། 2གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ང་ལ་ཡ་ཧུ་དཱའི་རྒྱལ་པོ་ཛེ་དེ་ཀི་ཡཱའི་སར་སོང་ནས་འདི་ལྟར་སྨྲོས་ཤིག་ཅེས་བཀའ་གནང་བྱུང་། གཙོ་བོ་དཀོན་མཆོག་གིས། ང་གྲོང་ཁྱེར་དེ་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་ལག་ཏུ་རྩིས་སྤྲོད་རྒྱུ་དང་ཁོང་གིས་དེ་བསྲེགས་པར་བྱེད་དོ། 3ཁྱོད་བྲོས་མི་ཐར་བ་དང་འཛིན་བཟུང་བྱས་ནས་ཁོང་གི་ལག་ཏུ་རྩིས་སྤྲོད་བྱེད་དོ། ཁྱོད་ཀྱིས་ཁོང་ངོ་ཐུག་བྱས་ཏེ་གཏམ་གླེང་བྱེད་དོ། དེ་ནས་ཁྱོད་བྷེ་བྷི་ལོ་ནི་ཡ་དུ་འགྲོ་བར་འགྱུར། 4ཛེ་དེ་ཀི་ཡཱ། ངས་ཁྱེད་ཀྱི་སྐོར་གང་སྨྲས་པར་ལེགས་པར་ཉོན་ཞིག། ཁྱེད་དམག་ཏུ་གསོད་པར་མི་འགྱུར་རོ། 5ཁྱེད་ཞི་བདེའི་ངང་གྲོངས་པ་དང་། མི་མང་ཚོས་ཁྱོད་ཀྱི་ཕ་མེས་ཚོ་ཁྱོད་ཀྱི་སྔོན་གྱི་རྒྱལ་པོ་ཚོ་ལ་སྦས་སྐབས་སུ་སྤོས་བདུག་པ་ལྟར་ཁྱེད་ལ་ཡང་སྤོས་བདུག་པར་བྱེད། དེ་ཚོས་ང་ཚོའི་རྒྱལ་པོ་གྲོངས་སོང་ཞེས་མྱ་ངན་བྱེད་ཡོང་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 6དེ་ནས་ངས་ཡེ་རུ་ཤ་ལེམ་དུ་རྒྱལ་པོ་ཛེ་དེ་ཀི་ཡཱ་ལ་འཕྲིན་དེ་ཕུལ་ལོ། 7སྐབས་དེར་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་དམག་མིས་གྲོང་ཁྱེར་དེ་ལ་འཐབ་བཞིན་ཡོད་པ་དང། དམག་མི་ཚོས་ལ་ཀིཤི་དང་ཨ་ཛི་ཀཱ་ལ་ཡང་འཐབ་ཅིང་ཡོད། ཡ་ཧུ་དཱའི་བཙན་པོར་བཟོས་པའི་ལྷག་ཕྲོས་གྲོང་ཁྱེར་གཉིད་གཅིག་པོ་དེ་རང་ཡིན་ནོ༎

ཚེ་གཡོག་ཚོར་གཡོ་སྒྱུའི་བྱ་སྤྱོད་བྱས་པ།

8རྒྱལ་པོ་ཛེ་དེ་ཀི་ཡཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་ཚོས་དམ་བཅའ་ཞིག་བཞག་པའི་ནང་འཁོད། 9ཨིསི་རཱཨེལ་པ་སུ་ཡང་ཚེ་གཡོག་ཏུ་མི་ཉར་རྒྱུ་དང་། ཁོ་ཚོའི་ཨིབ་རི་པའི་ཚེ་གཡོག་ཕ་མོ་ཚོ་སློད་བཀྲོལ་གཏོང་རྒྱུ་བྱས་སོ། 10མི་མང་ཚང་མ་དང་དེ་ཚོའི་འགོ་འཁྲིད་ཚོས་རང་གི་ཚེ་གཡོག་ཚོ་སློད་བཀྲོལ་གཏོང་རྒྱུ་དང་། དེ་ཚོ་ཡང་སྐྱར་ཚེ་གཡོག་མི་བཞག་རྒྱུའི་མོས་མཐུན་བྱས་སོ། དེ་ཚོས་དེ་ཚོ་རང་དབང་དུ་བཏང་ངོ་། 11འོན་ཀྱང་རྗེས་སུ་དེ་ཚོས་བསམ་བློར་བསྒྱུར་བ་བཏང་ནས། དེ་ཚོ་ཕྱིར་ལེན་ནས་སླར་ཡང་བཙན་དབང་གི་ཚེ་གཡོག་བྱེད་དུ་བཅུག་གོ 12-13དེ་ནས་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ང་ལ་མི་མང་ལ་འདི་ལྟར་བརྗོད་དགོས་པའི་བཀའ་གནང་ངོ་། ངས་ཁྱོད་ཚོའི་ཕ་མེས་ཚོ་ཨི་ཇིབ་ནས་སྐྱབས་ཏེ་ཚེ་གཡོག་ནས་རང་དབང་དུ་གཏོང་སྐབས་ངས་དེ་ཚོ་མཉམ་དུ་དམ་བཅའ་ཞིག་བཞག་པ་ཡིན། ངས་དེ་ཚོ་ལ། 14ལོ་བདུན་རེ་མཚམས་ལ་ཨིབ་རི་པའི་ཚེ་གཡོག་དེ་ཚོ་ལ་ལོ་དྲུག་རིང་གཡོག་རྒྱུ་མཁན་རྣམས་རང་དབང་དུ་གཏོང་དགོས་སྨྲས་ཡོད། འོན་ཀྱང་ཁྱོད་ཚོས་ཕ་མེས་ཚོས་ང་ལ་དོ་སྣང་གང་ཡང་མ་བྱས་པ་དང་ངས་བཤད་པར་ཉན་མེད་དོ། 15ཉི་མ་ཁ་ཤས་སྔོན་དུ་ཁྱོད་ཚོས་རང་གི་བསམ་བློར་བསྒྱུར་བ་བཏང་ནས་ང་དགའ་བ་ཁག་གྱིས་ཡོད། ཁྱོད་ཚོ་ཚང་མས་ཁྱོད་ཚོའི་གྲོགས་པོ་ཨིསི་རཱཨེལ་པ་ཚོ་རང་དབང་དུ་གཏོང་རྒྱུར་མོས་མཐོན་བྱས་པ་དང་། ང་ལ་མཆོད་པའི་མཆོད་ཁང་དུ་ངའི་མདུན་དུ་དམ་བཅའ་བཞག་ཡོད་དོ། 16འོན་ཀྱང་ཁྱོད་ཚོས་སླར་ཡང་བསམ་བློར་བསྒྱུར་བ་བཏང་ནས་ང་ལ་གུས་བཀུར་བྱས་མེད་དོ། ཁྱོད་ཚོ་ཚང་མས་ཁྱོད་ཚོའི་ཚེ་གཡོག་ཚོའི་འདོད་པ་ལྟར་རང་དབང་དུ་བཏང་བ་རྣམས་ཕྱིར་བླངས་ནས་ཡང་སྐྱར་བཙན་དབང་གིས་ཚེ་གཡོག་བྱེད་དུ་བཅུག་ཡོད། 17དེར་བརྟེན་ད་ང་གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོས་ངའི་བཀའ་ལ་མ་ཉན་པ་དང་། ཁྱོད་ཚོའི་གྲོགས་པོ་ཨིསི་རཱཨེལ་པ་ཚོར་རང་དབང་སྤྲད་མེད་བརྗོད་རྒྱུ་ཡིན་ནོ། དེར་བརྟེན་ངས་ཁྱོད་ཚོར་རང་དབང་སྤྲོད་རྒྱུ་ཡིན། དམག་དང་ནད་ཡམས་དང་མུ་གེ་ལས་འཆི་རྒྱུ་ར་དབང་སྤྲོད་རྒྱུ་ཡིན། ངས་ཁྱོད་ཚོར་ཇི་ལྟར་གྱིས་པར་འཛམ་གླིང་གི་མི་རིགས་རྣམས་འཇིགས་སྐྲག་སྐྱེས་པ་བཟོ་རྒྱུ་ཡིན་ནོ། 18-19ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་ལས་བྱེད་པ་ཚོ་དང་ཕོ་བྲང་གི་ལས་བྱེད་པ་ཚོ་དང་བླ་མ་ཚོ་དང་འགོ་འཁྲིད་ཚོ་བཅས་པས། དེ་ཚོས་གླང་གོག་དུམ་བུ་གཉིས་སུ་གཏུབ་པའི་དུམ་བུ་ཕྱེད་ཀ་གཉིས་རེ་བར་གོམ་པ་སྤོས་ནས་ང་དང་མཉམ་དུ་དམ་བཅའ་ཞིག་བཞག་ཡོད། འོན་ཀྱང་དེ་ཚོས་དམ་བཅའ་དང་འགལ་ནས་དེའི་དོ་གནད་རྣམས་སྲུང་མེད་དོ། དེ་འདྲ་སོང་ཙང་ངས་མི་འདི་ཚོ་ལ་དེ་ཚོས་གླང་གོག་ལ་བྱས་པ་ལྟར་ངས་བྱ་རྒྱུ་ཡིན་ནོ། 20ངས་དེ་ཚོའི་དགྲ་བོ་ཚོས་དེ་ཚོ་གསོད་པར་འདོད་མཁན་ཚོའི་ལག་ཏུ་དེ་ཚོ་རྩིས་སྤྲོད་བྱ་རྒྱུ་དང་། དེ་ཚོའི་རོ་རྣམས་བྱ་དང་གཅན་གཟན་ཚོས་ཟ་བར་འགྱུར་རོ། 21ངས་ཡ་ཧུ་དཱའི་རྒྱལ་པོ་ཛེ་དེ་ཀི་ཡཱ་དང་ཁོང་གི་ལས་བྱེད་པ་དེ་ཚོ་ལ་གསོད་པར་འདོད་མཁན་ཚོའི་ལག་ཏུ་སྤྲོད་བྱ་རྒྱུ་ཡིན། ངས་དེ་ཚོ་ཁྱོད་ལ་འཐབ་པར་མཚམས་འཛོག་བྱ་མཁན་བྷེ་བྷི་ལོན་པའི་དམག་མི་ལག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན། 22ངས་བཀའ་བཏང་བས་དེ་ཚོ་གྲོང་ཁྱེར་ནང་ཕྱིར་ལོག་པར་བྱེད་དོ། དེ་ཚོས་དེར་འཐབ་པ་དང་བཙན་བཟུང་བྱས་ནས་མེར་བསྲེགས་པར་བྱེད་དོ། ངས་ཡ་ཧུ་དཱའི་གྲོང་ཁྱེར་དེ་མི་སུ་ཡང་མི་སྡོད་པའི་བྱེ་ཐང་ལྟ་བུ་བཟོ་རྒྱུ་ཡིན་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཡེར་མི་ཡཱ། 35

ཡེར་མི་ཡཱ་དང་རེ་ཀབ་པ་རྣམས།

1ཡོ་ཤི་ཡཱའི་སྲས་ཡེ་ཧོ་ཡ་ཀིམ་ཡ་ཧུ་དཱའི་རྒྱལ་པོ་ཡིན་པའི་སྐབས་སུ་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། 2རེ་ཀབ་པའི་རིགས་རུས་ཀྱི་འཐུས་མི་ཚོའི་སར་སོང་ལ། དེ་ཚོ་ལ་གཏམ་གླེང་བྱོས་ཤིག། དེ་ནས་དེ་ཚོ་མཆོད་ཁང་གི་ཁང་མིག་གཅིག་ནང་འཁྲིད་ནས་དེ་ཚོ་ལ་རྒུན་ཆང་ཕྲན་བུ་སྤྲོད་ཅིག་ཅེས་སོ། 3དེར་བརྟེན་ངས་རེ་ཀབ་པའིི་རིགས་རུས་ཆ་ཚང་ཡ་ཛན་ཡཱ་ (ཡེར་མི་ཡཱ་གཞན་ཞིག་གི་བུ་དང་། དེ་ནི་ཧ་བ་ཛི་ནའི་བུ་) དང་ཁོའི་སྤུན་དང་བུ་ཚང་མ་མཆོད་ཁང་དུ་འཁྲིད་པ་ཡིན། 4ངས་དེ་ཚོ་ཨིག་དལ་ཡཱའི་བུ་ལུང་སྟོན་པ་ཧ་ནན་གྱི་ཉེ་གནས་ཀྱི་ཁང་མིག་ནང་འཁྲིད་པ་ཡིན། ཁང་མིག་དེ་མཆོད་ཁང་གི་ལས་བྱེད་པ་གཙོ་ཆེ་ཤལ་ལུམ་གྱི་བུ་མ་སི་ཨའི་ཁང་མིག་སྟེང་དང་གཞན་ལས་བྱེད་པ་ཚོའི་ཁང་མིག་གི་ཉེས་འགྲམ་དུ་ཡོད་དོ། 5དེ་ནས་ངས་རེ་ཀབ་པ་ཚོའི་མདུན་དུ་རྒུན་ཆང་གི་བཀང་བའི་དཀར་ཡོལ་དང་ཕོར་པ་བཞག་ནས་དེ་ཚོ་ལ་རྒུན་ཆང་ཕྲན་བུ་མཆོད་ཅིག་ཅེས་སྨྲས་པས། 6ལན་དུ་དེ་ཚོས། ང་ཚོ་རྒུན་ཆང་འཐུང་གི་མེད། ང་ཚོའི་མེས་པོ་རེ་ཀབ་ཀྱི་བུ་ཡོ་ན་དྷབ་ཀྱིས་ང་ཚོ་དང་ང་ཚོའི་བུ་ཕྲུག་བཅས་པས་ཆང་འཐུང་མི་ཆོག་ཅེས་ང་ཚོར་བཀའ་གནང་ཡོད། 7ཁོང་གིས་ང་ཚོར་ཁང་པ་མ་བཟོ། ཞིང་ཡང་མ་འདེབས་ཤིག། རྒུན་ཚལ་ཡང་མ་འདེབས་ཤིག། དེ་ཚོ་མ་ཉོས་ཤེས་བཀའ་གནང་ཡོད། ཁོང་གིས་ང་ཚོ་ཡུལ་འདིར་ཕྱི་པ་ལྟར་གནས་སྡོད་བྱེད་པའི་ཆེད་རྟག་ཏུ་གུར་ནང་སྡོད་ཅེས་བཀའ་གནང་ངོ་། 8ཡོ་ན་དྷབ་ཀྱིས་ང་ཚོར་སློབ་སྟོན་གནང་བ་ཚང་མར་ང་ཚོས་ཉན་ཡོད། ང་ཚོ་དང་ང་ཚོའི་ཆུང་མ་དང་བུ་དང་བུ་མོ་བཅས་པས་རྒུན་ཆང་ནམ་ཡང་འཐུང་མེད་དོ། 9-10ང་ཚོས་སྡོད་ཁང་གི་ཆེད་ཁང་པ་བཟོས་མེད་པ་དང་། ང་ཚོ་གུར་ནང་གནས་སྡོད་ཀྱིས་ང་ཚོར་རྒུན་ཚལ་དང་ཞིང་འབྲུ་བཅས་མེད་དོ། ང་ཚོས་ང་ཚོའི་མེས་པོ་ཡོ་ན་དྷབ་ཀྱིས་ང་ཆོར་ཇི་ལྟར་བཀའ་གནང་བ་ལྟར་ང་ཚོས་ཆ་ཚང་ཉན་ཡོད་དོ། 11འོན་ཀྱང་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ང་ཚོའི་ཡུལ་ལ་བཙན་འཛུལ་བྱ་སྐབས་བྷེ་བྷི་ལོན་པ་དང་སི་རི་ཡ་པ་ལས་ཐར་བའི་ཆེད་ང་ཚོ་ཡེ་རུ་ཤ་ལེམ་དུ་ཡོང་རྒྱུ་ཐག་ཆོད་གྱིས་པ་ཡིན། ང་ཚོ་ཡེ་རུ་ཤ་ལེམ་དུ་བསྡད་པའི་གནད་དོན་དེ་ཡིན་ནོ། 12-13དེ་ནས་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ང་ལ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་དུ་ཕྱིན་ནས་འདི་ལྟར་སྨྲོས་ཤིག་གསུངས་བྱུང་། ང་གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོས་ང་ལ་ཉན་གྱུར་ངོས་ལེན་མི་བྱེད་པ་དང་ངའི་སློབ་སྟན་ཁག་ལ་ཅིའི་ཕྱིར་མི་ཉན་པ་ཡིན་ནམ་ཞེས་འདྲི་རྒྱུ་ཡིན་ནོ། 14ཡོ་ན་དྷབ་ཀྱི་རིགས་བརྒྱུད་ཚོས་ཁོང་གིས་རྒུན་ཆང་མ་འཐུང་ཞེས་བཀའ་གནང་བར་ཉན་ནས་དུས་དེང་སང་བར་ཁོ་ཚོ་སུས་ཀྱང་རྒུན་ཆང་མི་འཐུང་ངོ་། འོན་ཀྱང་ངས་ཁྱོད་ཚོར་མུ་མཐུད་བསླབ་བྱ་བྱས་ན་ཡང་ཁྱོད་ཚོས་ང་ལ་ཉན་མེད་དོ། 15ངས་ངའི་ཞབས་ཕྱི་ལུང་སྟོན་པ་རྣམས་མུ་མཐུད་བཏང་ནས། དེ་ཚོས་ཁྱོད་ཚོར་ལམ་ངན་པ་རྣམས་སྤངས་ནས་དྲང་པོ་འབའ་ཞིག་བྱེད་དགོས་ཤེས་སྨྲས་ཡོད། ཁོང་ཚོས་ངས་ཁྱོད་ཚོ་དང་ཁྱོད་ཚོའི་མེས་པོ་ཚོར་སྤྲད་པའི་ཡུལ་དེར་གནས་སྡོད་ཐུབ་པའི་ཆེད་ཁྱོད་ཚོར་ལྷ་གཞན་ཚོར་མཆོད་པ་དང་ཞབས་ཕྱི་མ་ཞུ་ཞེས་ཉེན་བརྡ་བཏང་ཡོད། འོན་ཀྱང་ཁྱོད་ཚོས་ང་ལ་ཉན་མེད་པ་དང་ང་ལ་དོ་སྣང་ཡང་བྱས་མེད་དོ། 16ཡོ་ན་དྷབ་ཀྱི་རིགས་བརྒྱུད་ཚོས་རང་གི་མེས་པོས་བཀའ་ལ་ཉན་ཡོད། འོན་ཀྱང་ཁྱོད་ཚོས་ངའི་བཀའ་ལ་ཉན་མེད་དོ། 17དེ་འདྲ་སོང་ཙང་ད་ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ཇི་ལྟར་དམ་བཅའ་བྱས་བ་ལྟར་ཁྱོད་ཚོ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་མང་སྟེང་སྟོར་བཤིགས་གཏོང་རྒྱུ་ཡིན་ནོ། ངས་དེ་ལྟར་བྱ་དགོས་དོན་ནི་ངས་ཁྱོད་ཚོར་སྨྲ་བའི་སྐབས་ཉན་མེད་པ་དང་། ངས་འབོད་པའི་སྐབས་སུ་ལན་མ་བྱས་པའི་རྐྱེན་ཡིན་ནོ། 18དེ་ནས་ངས་རེ་ཀབ་པའི་རིགས་རུས་ལ་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ཇི་ལྟར་བཀའ་གནང་བ་སྨྲས་པ་ཡིན། ཁྱོད་ཚོས་ཁྱོད་ཚོའི་མེས་པོ་ཡོ་ན་དྷབ་ཀྱི་སྨྲས་པའི་བཀའ་ལ་ཉན་ཡོད། ཁྱོད་ཚོས་ཁོང་གི་སློབ་སྟོན་གནང་བ་ཚང་མའི་རྗེས་སུ་འཇུག་ཡོད་ཅིང་། ཁྱོད་ཚོས་ཁོང་གི་གང་སྨྲས་པ་ཚང་མ་སྒྲུབ་ཡོད་དོ། 19དེ་འདྲ་སོང་ཙང་ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། རེ་ཀབ་ཀྱི་བུ་ཡོ་ན་དྷབ་ཀྱི་རིགས་བརྒྱུད་སྐྱེས་པ་ཞིག་རྟག་ཏུ་ངའི་ཞབས་ཕྱི་ཞུ་མཁན་ཡོང་བའི་དམ་བཅའ་བྱ་རྒྱུ་ཡིན་ནོ༎

ཡེར་མི་ཡཱ། 36

བྷ་རུག་གིས་མཆོད་ཁང་ནང་ཤོག་སྒྲིལ་ཀློག་པ།

1ཡོ་ཤི་ཡཱའི་སྲས་ཡེ་ཧོ་ཡ་ཀིམ་ཡ་ཧུ་དཱའི་རྒྱལ་པོ་གནང་བའི་ལོ་བཞི་པར་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། 2ཤོག་སྒྲིལ་ཞིག་བླངས་ནས་དེའི་སྟེང་ངས་ཨིསི་རཱཨེལ་དང་ཡ་ཧུ་དཱ་དང་མི་རིགས་ཚང་མའི་སྐོར་ངས་སྨྲས་པ་རྣམས་བྲིས་ཤིག ཡོ་ཤི་ཡཱ་རྒྱལ་པོ་ཡིན་སྐབས་ངས་ཁྱོད་ལ་ཐོག་མར་སྨྲས་པ་ནས་བཟུང་ད་ལྟའི་བར་དུ་སྨྲས་པ་རྣམས་ཚང་མ་བྲིས་ཤིག 3ཕལ་ཆེར་ཡ་ཧུ་དཱ་པའི་མི་མང་གིས་ངས་དེ་ཚོ་ལ་སྟོར་བཤིགས་གཏོང་རྒྱུའི་འཆར་གཞི་ཡོད་པ་ཐོས་སྐབས་དེ་ཚོས་ལམ་ངན་པ་ལས་བསྒྱུར་བ་གཏོང་བར་བྱེད་ཡོང་། དེ་ནས་ངས་དེ་ཚོའི་སྤྱོད་ཚུལ་ངན་པ་དང་སྡིག་པར་བཟོད་གསོལ་བྱེད་རྒྱུ་ཡིན་ནོ། 4དེ་འདྲ་སོང་ཙང་ངས་ནེ་རི་ཡཱའི་བུ་བྷ་རུག་སྐད་བཏང་ནས། གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་རྣམས་ངག་ཐོག་ནས་བཤད་པ་ཡིན། བྷ་རུག་གིས་དེ་ཚོ་ཚང་མ་ཤོག་སྒྲིལ་སྟེང་བྲིས་སོ། 5དེ་ནས་ངས་བྷ་རུག་ལ་གཤམ་གསལ་སློབ་སྟོན་ཁག་སྤྲད་པ་ཡིན། ད་ང་མཆོད་ཁང་ནང་འགྲོ་ཆོག་གི་མེད་དོ། 6མི་མང་ཚོ་སྨྱུང་གནས་ལ་བསྡད་པའི་ཉིན་མོར་ཁྱོད་དེར་འགྲོ་དགོས་སོ། དེར་ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་དང་། ངས་ཁྱོད་ལ་ངག་ཐོག་ནས་བཤད་པ་རྣམས་ཆ་ཚང་ཚང་མས་ཐོས་པའི་ཆེད་ཤོག་སྒྲིལ་དེ་སྐད་ཆེན་པོས་ཀློག་དགོས་སོ། དེ་ལྟར་ཁྱོད་ལས་ཐོས་པ་ཚང་མ་དང་རང་རང་གི་གྲོང་ཁྱེར་ནས་དེར་ཡོང་བ་ཡ་ཧུ་དཱའི་མི་མང་རྣམས་བཅས་ཀྱིས་ཐོས་པའི་ཆེད་ཀློག་ཤིག 7ཕལ་ཆེར་དེ་ཚོས་གཙོ་བོ་དཀོན་མཆོག་ལ་གསོལ་བ་འདེབས་ཤིང་རང་གི་ལམ་ངན་པ་ལས་བསྒྱུར་གཏོང་སྲིད་དོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་མི་མང་དེ་ཚོ་ལ་ཐུགས་ཁྲོ་དང་ཁྲོ་བ་དྲག་པོས་ཉེན་བརྡ་གཏོང་གནང་ཡོད་དོ། 8དེར་བརྟེན་བྷ་རུག་གིས་ངས་ཇི་ལྟར་སྨྲས་པ་ལྟར་མཆོད་ཁང་ནང་གཙོ་བོ་དཀོན་མཆོག་གི་བཀའ་སྒྲགས་སོ། 9ཡེ་ཧོ་ཡ་ཀིམ་ཡ་ཧུ་དཱའི་རྒྱལ་པོ་གནང་བའི་ལོ་ལྔ་པའི་ཟླ་བ་དགུ་པར་མི་མང་གིས་གཙོ་བོ་དཀོན་མཆོག་གི་གཟིགས་པ་ཐོབ་པའི་ཆེད་སྨྱུང་གནས་སུ་བསྡད་དོ། སྨྱུང་གནས་དེ་བཞིན་ཡེ་རུ་ཤ་ལེམ་དུ་སྡོད་མཁན་ཡོངས་དང་། དེར་ཡ་ཧུ་དཱའི་གྲོང་ཁྱེར་ཁག་ནས་ཡོང་མཁན་ཚང་མས་སྲུང་ངོ་། 10དེ་ནས་མི་མང་རྣམས་ནས་ཉན་པའི་སྐབས་སུ། བྷ་རུག་གིས་ཤོག་སྒྲིལ་ནས་ངས་སྨྲས་པ་རྣམས་ཚང་མ་སྒྲོག་བྱང་བྱས་སོ། ཁོང་གིས་མཆོད་ཁང་ནང་ཤ་ཕན་གྱི་བུ་ཁྲིམས་ཁང་གི་དྲུང་ཡིག་གྷེ་མར་ཡཱའི་ཁང་པའི་ནང་སྒྲོག་བྱང་གནང་ངོ་། ཁོའི་ཁང་པ་དེ་ཁྲིམས་ཁང་གོང་མའི་མཆོད་ཁང་གི་རྒྱལ་སྒོ་གསར་པའི་འཛུལ་སྒོའི་ཉེ་འགྲམ་དུ་ཡོད་དོ༎

ལས་བྱེད་པ་ཚོ་ལ་ཤོག་སྒྲིལ་ཀློག་པ།

11ཤ་ཕན་གྱི་ཚ་བོ་གྷེ་མར་ཡཱའི་བུ་མི་ཀ་ཡས། བྷ་རུག་གིས་ཤོག་སྒྲིལ་ནས་གཙོ་བོ་དཀོན་མཆོག་གི་བཀའ་གནང་བ་ཁག་ཀློག་པ་ཐོས་སོ། 12དེ་ནས་ཁོས་རྒྱལ་པོའི་ཕོ་བྲང་གི་ཁྲིམས་ཁང་གི་དྲུང་ཡིག་གི་ཁང་མིག་དུ་སོང་བས། དེར་ལས་བྱེད་པ་ཚང་མ་ཚོགས་ཡོད་པ་ཡིན་ནོ། དེར་ཁྲིམས་ཁང་གི་དྲུང་ཡིག་ཨེ་ལི་ཤ་མ་དང་ཤེ་མ་ཡཱའི་བུ་དྷེ་ལའི་ཡཱ་དང་ཨག་བྷོར་གྱི་བུ་ཨེལ་ན་ཐན་དང་ཤ་ཕན་གྱི་བུ་གྷེ་མར་ཡཱ་དང་ཧ་ནན་ཡཱའི་བུ་ཛེ་དེ་ཀི་ཡཱ་དང་གཞན་ལས་བྱེད་པ་ཚང་མ་དེར་ཡོད་དོ། 13མི་ཀ་ཡས་བྷ་རུག་གིས་མི་མང་ལ་ཀློག་པ་ཁོས་ཐོས་པ་ཚང་མ་དེ་ཚོ་ལ་བཤད་དོ། 14དེ་ནས་ལས་བྱེད་པ་ཚོས་ཡེ་ཧུ་དྷི་ (ནེ་ཐན་ཡཱའི་བུ་དང་ཤེ་ལེམ་ཡཱའི་ཚ་བོའམ་ཀུ་ཤི་ཀྱི་ཚ་བོའི་བུ) བྷ་རུག་སར་བཏང་ནས། ཁོས་མི་མང་ལ་ཀློག་པའི་ཤོག་སྒྲིལ་དེ་ཕྱིར་ལོག་འཁྱེར་ཡོང་དགོས་ཅེས་བརྗོད་པར་བཏང་ངོ་། བྷ་རུག་གིས་ཤོག་སྒྲིལ་དེ་ཁོ་ཚོའི་སར་འཁྱེར་ཡོང་ངོ་། 15དེ་ཚོས་མར་སྡོད་ལ་ང་ཚོར་ཤོག་སྒྲིལ་དེ་ཀློག་ཅིག་ཅེས་སྨྲས་སོ། དེ་ལྟར་བྷ་རུག་གིས་བྱས་སོ། 16ཁོས་དེ་ཀློག་པའི་རྗེས་ལ་དེ་ཚོ་འཇིགས་སྣང་གིས་གཅིག་གིས་གཅིག་ལ་བལྟས་ནས་བྷ་རུག་ལ་ང་ཚོས་དེ་རྒྱལ་པོར་སྙན་གསེང་ཞུ་དགོས་ཤེས་སྨྲས་སོ། 17དེ་ནས་དེ་ཚོས་ཁྱོད་ཀྱིས་དེ་ཚོ་ཚང་མ་ཇི་ལྟར་བྲིས་པ་ཡིན་ནམ། ཡེར་མི་ཡཱས་ངག་ཐོག་ནས་བཤད་བྱུང་ངམ། ང་ཚོར་ཤོད་རོགས་ཤེས་སྨྲས་སོ། 18ལན་དུ་བྷ་རུག་གིས། དེའི་ཚིག་ཚང་མ་ཡེར་མི་ཡཱས་ང་ལ་ངག་ཐོག་ནས་བཤད་གནང་བ་དང་ངས་ཤོག་སྒྲིལ་སྟེང་སྣག་ཚས་བྲིས་པ་ཡིན་ཞེས་སྨྲས་སོ། 19དེ་ནས་དེ་ཚོས་ཁོང་ལ་ཁྱོད་དང་ཡེར་མི་ཡཱ་སོང་ནས་ཡིབ་དགོས་པ་དང་། ཁྱོད་ཚོ་གང་དུ་ཡོད་པ་སུས་ཀྱང་མ་ཤེས་པ་བྱེད་དགོས་སོ་ཤེས་སྨྲས་སོ༎

རྒྱལ་པོས་ཤོག་སྒྲིལ་བསྲེགས་པ།

20ལས་བྱེད་པ་ཚོས་ཤོག་སྒྲིལ་དེ་ཁྲིམས་ཁང་གི་དྲུང་ཡིག་ཨེ་ལི་ཤ་མའི་ཁང་མིག་ནང་བཞག་ནས། རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་རྒྱལ་པོར་སྙན་གསེང་ཆ་ཚང་ཞུས་སོ། 21དེ་ནས་རྒྱལ་པོས་ཤོག་སྒྲིལ་དེ་ལན་དུ་ཡེ་ཧུ་དྷི་ལ་བཏང་ངོ་། ཁོས་དེ་ཨེ་ལི་ཤ་མའི་ཁང་པ་ནས་བླངས་ཏེ་རྒྱལ་པོ་དང་ཁོང་གི་དྲུང་དུ་ལངས་ཡོད་པའི་ལས་བྱེད་པ་ཚོ་ཡོད་སར་ཀློག་གོ 22དུས་སྐབས་དེ་དགུན་ཁའི་སྐབས་ཡིན་པ་དང་། རྒྱལ་པོ་དགུན་ཁའི་ཕོ་བྲང་ནང་མེའི་མདུན་དུ་བཞུགས་ཡོད་པ་དང་། 23ཡེ་ཧུ་དྷིས་གླིང་གསུམ་བཞི་ཙམ་ཀློག་ཟིན་པ་དང་རྒྱལ་པོས་དེ་གྲི་ཆུང་ཞིག་གིས་བཏུབ་ནས་མེར་དབྱུགས་སོ། ཁོང་གིས་ཤོག་སྒྲིལ་དེ་ཆ་ཚང་མ་འཚིག་བར་དུ་དེ་ལྟར་གནང་ངོ་། 24འོན་ཀྱང་དེ་ཚོ་ཚང་མ་ཐོས་མཁན་རྒྱལ་པོ་དང་གཞན་ལས་བྱེད་པ་སུ་ཡང་འཇིགས་པ་མེད་པ་དང་སེམས་ཁྲལ་གྱི་རྣམ་པ་ཙམ་སྟོན་མེད་དོ། 25ཨེལ་ན་ཐན་དང་དྷེ་ལའི་ཡཱ་དང་གྷེ་མར་ཡཱ་བཅས་ཀྱིས་རྒྱལ་པོར་ཤོག་སྒྲིལ་དེ་མ་བསྲེག་རོགས་གནང་ཞེས་ཞུ་བ་ཕུལ་ན་ཡང་ཁོང་གིས་གསན་ཞེས་གནང་མེད་དོ། 26དེ་ནས་རྒྱལ་པོས་རྒྱལ་སྲས་ཡེ་ར་མིལ་དང་ཨཛ་རི་ཨེལ་གྱི་བུ་སེ་ར་ཡཱ་དང་ཨབ་དིལ་གྱི་བུ་ཤེ་ལེམ་ཡཱ་བཅས་ང་དང་ངའི་དྲུང་ཡིག་བྷ་རུག་བཟུང་དུ་བཏང་ངོ་། འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ང་ཚོར་སྦས་གནང་ངོ་༎

ཡེར་མི་ཡཱས་ཤོག་སྒྲིལ་གཞན་ཞིག་བྲིས་པ།

27ངས་བྷ་རུག་ལ་ངག་ཐོག་ནས་བྲིས་པའི་ཤོག་སྒྲིལ་དེ་རྒྱལ་པོ་ཡེ་ཧོ་ཡ་ཀིམ་གྱིས་མེར་བསྲེགས་བཏང་བའི་རྗེས་ལ། གཙོ་བོ་དཀོན་མཆོག་གིས་ང་ལ། 28ཤོག་སྒྲིལ་གཞན་པ་ཞིག་བླངས་ནས། དེ་ལ་ཤོག་སྒྲིལ་དང་པོ་དེའི་ནང་གང་ཡོད་པ་ཚང་མ་བྲིས་ཤིག་ཅེས་བཀའ་གནང་ངོ་། 29གཙོ་བོ་དཀོན་མཆོག་གིས། ང་ལ་རྒྱལ་པོར་འདི་ལྟར་ཞུ་དགོས་གསུངས་སོ། ཁྱོད་ཀྱིས་ཤོག་སྒྲིལ་མེར་བསྲེག་བཏང་བ་དང་ཡེར་མི་ཡཱ་ལ་ཁོས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ཕེབས་ནས་ཡུལ་འདི་མེད་པར་བཟོ་རྒྱུ་དང་། དེའི་མི་མང་དང་སེམས་ཅན་རྣམས་གསོད་ཀྱི་རེད་ཅེས་གང་གི་དོན་དུ་བྲིས་པ་ཡིན་ནམ་ཞེས་འདྲི་བ་བྱས་ཡོད། 30དེར་བརྟེན་ད་ང་གཙོ་བོ་དཀོན་མཆོག་གིས། ཁྱོད་རྒྱལ་པོ་ཡེ་ཧོ་ཡ་ཀིམ་ལ་ཁྱོད་ཀྱི་རིགས་བརྒྱུད་སུས་ཀྱང་དཱ་བིད་ཀྱི་རྒྱལ་ཁབ་ཀྱི་ནང་རྒྱལ་སྲིད་སྐྱོངས་བར་མི་འགྱུར་ཞེས་བརྗོད་རྒྱུ་ཡིན། ཁྱོད་ཀྱི་རོ་དེ་ཕྱིར་རུ་དབྱུགས་པ་དང་། ཉིན་མོར་ཉི་མ་དང་མཚན་མོར་འཁྱགས་པའི་ནང་ལུས་པར་འགྱུར། 31ངས་ཁྱོད་ཚོ་ཚང་མས་སྡིག་པ་གྱིས་པའི་རྐྱེན་གྱིས་ཁྱོད་དང་ཁྱོད་ཀྱི་རིགས་བརྒྱུད་དང་ལས་བྱེད་པ་ཚོ་དང་བཅས་པར་ཉེས་ཆད་གཏོང་རྒྱུ་ཡིན། ཁྱོད་དང་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་མི་མང་བཅས་པས་ངའི་ཉེན་བརྡར་དོ་སྣང་བྱེད་མེད་སྟབས། ངས་ཉེན་བརྡ་གཏོང་བའི་རྐྱེན་ངན་དེ་ཚོ་ཁྱོད་ཚོ་ཚང་མའི་སྟེང་འབེབས་རྒྱུ་ཡིན་ནོ། 32དེ་ནས་ངས་ཤོག་སྒྲིལ་གཞན་པ་ཞིག་ངས་དྲུང་ཡིག་བྷ་རུག་ལ་སྤྲད་དེ། ངས་ངག་ཐོག་ནས་བཤད་པ་ཆ་ཚང་ཁོས་བྲིས་སོ། ཁོས་ཤོག་སྒྲིལ་དང་པོའི་ནང་ཡོད་པ་ཆ་ཚང་དང་དེའི་འདྲ་མཚུངས་འཕྲིན་ཞིག་ཁོ་ལ་ངག་ཐོག་ནས་བཤད་པ་རྣམས་བྲིས་པ་ཡིན་ནོ༎

ཡེར་མི་ཡཱ། 37

ཡེར་མི་ཡཱ་ལ་ཛེ་དེ་ཀི་ཡཱའི་ཞུས་འབུལ།

1བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཡོ་ཤི་ཡཱའི་སྲས་ཛེ་དེག་ཀི་ཡ་ཞུ་བ་ཡེ་ཧོ་ཡ་ཀིམ་གྱི་སྲས་ཡེ་ཧོ་ཡ་ཀིན་གྱི་ཚབ་ཏུ་ཡ་ཧུ་དཱའི་རྒྱལ་པོར་བསྐོས་སོ། 2འོན་ཀྱང་ཡང་ན་ཛེ་དེ་ཀི་ཡཱ་འམ་ཁོང་གི་ལས་བྱེད་པ་ཚོ་ཡང་ན་མི་མང་བཅས་པས་གཙོ་བོ་དཀོན་མཆོག་གིས་ང་ལ་གནང་བའི་གསུང་འཕྲིན་ཁག་ལ་སྲུང་བརྩི་བྱས་མེད་དོ། 3རྒྱལ་པོ་ཛེ་དེ་ཀི་ཡཱས་ངའི་སར་ཤེ་ལེམ་ཡཱའི་བུ་ཡེ་ཧུ་ཀལ་དང་མ་སི་ཨའི་བུ་བླ་མ་ཛེ་ཕན་ཡཱ་གཉིས་ཀྱི་ང་ཚོའི་མི་རིགས་གི་ཆེད་དུ་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་གསོལ་འདེབས་ཞུ་བར་བཏང་ངོ་། 4དེ་དུས་ང་བཙོན་ཁང་ནང་བཅུག་མེད་པ་དང་། མི་མང་གི་ཁྲོད་དུ་རང་དབང་གིས་འགྲོ་བཞིན་ཡོད་དོ། 5བྷེ་བྷི་ལོན་པའི་དམག་དཔུང་གིས་ཡེ་རུ་ཤ་ལེམ་ལ་མཐའ་བསྐོར་བཞིན་ཡོད་ན་ཡང་། དེ་ཚོས་ཨི་ཇིབ་པའི་དམག་དཔུང་ཨི་ཇིབ་པའི་ས་མཚམས་ནས་ཐོན་ཚར་བ་ཐོས་པ་དང་ཁོ་ཚོ་ཕྱིར་འཐེན་བྱས་སོ། 6དེ་ནས་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ང་ལ། 7ཛེ་དེ་ཀི་ཡཱ་ལ་འདི་ལྟར་བརྗོད་དགོས་གསུངས་བྱུང་། ཨི་ཇིབ་པའི་དམག་དཔུང་གི་ཁྱོད་ལ་རོགས་བྱེད་པར་ཡོང་ན་ཡང་། དེ་ཚོ་རང་ཡུལ་དུ་ཕྱིར་ལོག་པར་བྱེད་དོ། 8དེ་ནས་བྷེ་བྷི་ལོ་ནི་ཡ་པ་ཚོ་ཡང་སྐྱར་ཡོང་ནས་གྲོང་ཁྱེར་འདིར་འཐབ་ནས་དབང་བཟུང་བྱས་ཏེ་དེ་མེར་བསྲེགས་ཡོང་། 9ང་གཙོ་བོ་དཀོན་མཆོག་གིས། ཁྱོད་ཀྱིས་བྷེ་བྷི་ལོ་ནི་ཡ་པ་ཆོ་ཡང་སྐྱར་ཡོང་གི་མ་རེད་བསམ་པའི་རང་གི་རང་ལ་མགོ་བསྐོར་བའི་ཉེན་བརྡ་གཏོང་རྒྱུ་ཡིན། གང་ལ་ཟེར་ན། དེ་ཚོ་ཡོང་གི་རེད། 10ཁྱོད་ཀྱིས་བྷེ་བྷི་ལོན་པའི་དམག་དཔུང་ཆ་ཚང་ཕམ་པར་བྱས་ནས་མི་རྨས་པ་འབའ་ཞིག་ལས་ལྷག་མེད་ན་ཡང། དེ་ཚོ་རང་གི་གུར་ནང་ནས་ཡར་ལངས་ཏེ་གྲོང་ཁྱེར་ཡོངས་རྫོགས་མེས་བསྲེགས་པར་བྱེད་དོ༎

ཡེར་མི་ཡཱ་བཟུང་ནས་བཙོན་དུ་འཇུག་པ།

11བྷེ་བྷི་ལོན་པའི་དམག་དཔུང་ཡེ་རུ་ཤ་ལེམ་ནས་ཕྱིར་འཐེན་བྱས་སོ། གང་ལ་ཟེར་ན། ཨི་ཇིབ་པའི་དམག་དཔུང་སླེབས་ཡོད་དོ། 12དེར་བརྟེན་ངས་ཡེ་རུ་ཤ་ལེམ་ནས་བྷེན་ཡ་མིན་གྱི་མངའ་ཁུལ་དུ་ང་རང་གི་ཁྱིམ་ཚང་གི་རྒྱུད་དངོས་ཀྱི་ཐོབ་སྐལ་ལེན་པར་ཐོན་འགོ་ཚུགས་པ་ཡིན། 13འོན་ཀྱང་ང་བྷེན་ཡ་མིན་གྱི་རྒྱལ་སྒོར་སླེབས་སྐབས། དེར་དམག་མི་ལས་འགན་དུ་ཡོད་པ་ཚོའི་དཔོན་པོ་ཧ་ནན་ཡའི་ཚ་བོ་ཤེ་ལེམ་ཡཱའི་བུ་ཨི་རི་ཡཱ་ཟེར་བས་ང་བཀག་ནས་ཁྱོད་བྷེ་བྷི་ལོ་ནི་ཡ་དུ་བྲོས་དུ་འགྲོ་བཞིན་འདུག་ཅེས་སྨྲས་སོ། 14ལན་དུ་ངས་དེ་ལྟར་མིན་། ང་བྲོས་འགྲོ་བ་མ་ཡིན་ཞེས་སྨྲས་པས། འོན་ཀྱང་ཨི་རི་ཡཱས་མ་ཉན་པར་ང་བཟུང་ནས་ལས་བྱེད་པ་ཚོའི་སར་འཁྲིད་དོ། 15དེ་ཚོ་ཧ་ཅང་དྲག་རྩུབ་ཆེན་པོ་ཡོད་པས་ངར་ནེས་བརྡུང་བཏང་ནས་ཁྲིམས་ཁང་གི་དྲུང་ཡིག་ཡོ་ན་ཐན་གྱི་ཁང་པ་བཙོན་ཁང་བཟོས་ཡོད་པ་དེའི་ནང་འཇུག་དགོས་པའི་བཀའ་བཏང་ངོ་། 16ང་ལ་ས་དོང་གི་བཙོན་ཁང་ནང་བཅུག་ནས་དེའི་ནང་ཡུན་རིང་པོའི་བར་བཞག་གོ 17དེའི་རྗེས་སུ་རྒྱལ་པོ་ཛེ་དེ་ཀི་ཡཱས་ང་འབོད་དུ་བཏང་ནས་ཕོ་བྲང་ནང་ལྐོག་དུ་སྨྲས་པ། ཁྱོད་ལ་གཙོ་བོ་དཀོན་མཆོག་གིས་གསུང་འཕྲིན་ཡོད་དམ་ཞེས་བཀའ་འདྲི་གནང་བས། ལན་དུ་ངས་ཡོད་ཅེས་སྨྲས་པ་ཡིན། ཁྱེད་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་ལག་ཏུ་རྩིས་སྤྲོད་བྱའོ། 18དེ་ནས་ངས་བཀའ་འདྲི་ཞུ་པར། ཁྱེད་ཀྱིས་ང་ལ་བཙོན་ཁང་དུ་འཇུག་དགོས་པའི་ངས་ཁྱེད་ཡང་ཁྱེད་ཀྱི་ལས་བྱེད་པ་ཚོ་ཡང་ན་མི་མང་བཅས་པར་ངས་ཉེས་སྐྱོན་ག་རེ་བྱས་ཡོད་དམ། 19བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་ཁྱེད་དང་ཡུལ་འདིར་བཙན་རྒོལ་བྱ་གི་མ་རེད་ཅེས་ཁྱེད་ལ་ཞུ་མཁན་ཁྱེད་ཀྱི་ལུང་སྟོན་པ་ཚོར་ག་རེ་བྱུང་སོང་ང་དམ། 20མི་དབང་ཁྱེད་ལ་ངས་ཞུ་བར་གསན་རོགས་གནང་ཞུ་རྒྱུ་ཡིན། ང་ཡོ་ན་ཐན་གྱི་ཁྱིམ་དུ་བཙོན་ཁང་དུ་མ་གཏོང་རོགས་གནང་། ཁྱེད་ཀྱིས་དེ་ལྟར་མཛད་པ་ཡིན་ན་ཏན་ཏན་ང་དེར་འཆི་རྒྱུ་རེད་ཅེས་སོ། 21དེར་བརྟེན་རྒྱལ་པོ་ཛེ་དེ་ཀི་ཡཱས་ང་ཕོ་བྲང་གི་ཁྱམས་རའི་ནང་འཇུག་དགོས་པའི་བཀའ་གནང་ངོ་། ང་དེར་བསྡད་པ་དང་གྲོང་ཁྱེར་གྱི་བག་ལེབ་ཚང་མ་མ་རྫོགས་བར་དུ་ང་ལ་ཉིན་རེར་བག་ལེབ་རེར་བཟོས་ས་ནས་སྤྲད་བྱུང་ངོ་༎

ཡེར་མི་ཡཱ། 38

ཡེར་མི་ཡཱ་ཁྲོན་པ་སྐམ་པོའི་ནང་དུ་བསྡད་པ།

1མཏ་ཏན་གྱི་བུ་ཤེ་ཕཏ་ཡཱ་དང་པ་ཤུར་གྱི་བུ་གྷེ་དལ་ཡཱ་དང་ཤེ་ལེམ་ཡཱའི་བུ་ཡེ་ཧུ་ཀལ་དང་མལ་ཀི་ཨའི་བུ་པ་ཤུར་བཅས་ཀྱིས་ངས་མི་མང་ལ་བཤད་པ་རྣམས་ཐོས་སོ། 2གཙོ་བོ་དཀོན་མཆོག་གིས། གྲོང་ཁྱེར་ནང་སྡོད་མཁན་རྣམས་དམག་དང་མུ་གེ་ནད་ཡམས་བཅས་ཀྱིས་འཆི་བར་འགྱུར། འོན་ཀྱང་དེ་ནས་ཐོན་ནས་བྷེ་བྷི་ལོ་ནི་ཡ་པ་ཚོར་མགོ་བཏགས་ཞུ་མཁན་རྣམས་བསད་པར་མི་འགྱུར་། དེ་ཚོ་རང་གི་སྲོག་སྐྱབས་ནས་ཐར་བར་འགྱུར་གསུངས་ཡོད། 3གཙོ་བོ་དཀོན་མཆོག་གིས། ངས་གྲོང་ཁྱེར་འདི་བཞིན་བྷེ་བྷི་ལོན་པའི་དམག་དཔུང་ལ་སྤྲོད་རྒྱུ་དང་། དེ་ཚོས་དེ་དབང་བཟུང་བྱ་གི་རེད་གསུངས་པ་དེ་ངས་དེ་ཚོ་ལ་ཤོད་བཞིན་ཡོད་དོ། 4དེ་ནས་ལས་བྱེད་པ་ཚོ་རྒྱལ་པོའི་དྲུང་དུ་ཕྱིན་ནས། རྒྱལ་པོ་ལ་མི་འདི་ངེས་པར་དུ་གསོད་དགོས་སོ། ཁོས་དེ་ལྟར་བརྗོད་ནས་གྲོང་ཁྱེར་གྱི་དམག་མི་ཚོའི་སེམས་ཤུགས་ཆགས་སུ་བཅུག་པ་དང་། ཁོས་གྲོང་ཁྱེར་ནང་ལྷག་ལུས་ཡོད་པ་ཚང་མ་ལ་དེ་ལྟར་བྱེད་བཞིན་འདུག་གོ ཁོས་མི་མང་ལ་རོགས་བྱ་ཐབས་མ་བྱས་པར་གནོད་བསྐྱེལ་འདོད་ཁོ་ན་བྱེད་ཀྱི་འདུག་ཅེས་ཞུས་སོ། 5ལན་དུ་རྒྱལ་པོ་ཛེ་དེ་ཀི་ཡཱས། དེ་ལྟར་ཡིན་ན་ཁྱོད་ཚོས་ཁོ་ལ་ག་རེ་བྱ་འདོད་ཡོད་ན་བྱོས་ཤིག ངས་ཁྱོད་ཚོར་བཀག་མི་ཐུབ་ཞེས་གསུངས་སོ། 6དེར་བརྟེན་དེ་ཚོས་ང་ལ་འཁྲིད་ནས་རྒྱལ་སྲས་མལ་ཀི་ཨའི་ཁྲོན་པའི་ནང་ཐག་པས་མར་སློད་དོ། ཁྲོན་པ་དེ་ཕོ་བྲང་གི་ཁྱམས་རའི་ནང་ཡོད་དོ། དེ་ནང་འདམ་མ་གཏོགས་ཆུ་མེད་པ་དང་ང་དེའི་ནང་དིམས་སོ། 7ཡིན་ནའི་རྒྱལ་པོའི་ཕོ་བྲང་ནང་ལས་བྱེད་པ་ཉུག་རུམ་པ་ཨི་ཐི་ཨོ་པི་ཡ་པ་ཨེ་བྷེད་མེ་ལེག་གིས་ང་ཁྲོན་པའི་ནང་བླུགས་པ་ཐོས་སོ། སྐབས་དེར་རྒྱལ་པོ་བྷེན་ཡ་མིན་གྱི་རྒྱལ་སྒོར་ཚོགས་འདུ་ཚོགས་ཡོད་པ་ཡིན་ནོ། 8དེ་འདྲ་སོང་ཙང་ཨེ་བྷེད་མེ་ལེག་དེར་ཕྱིན་ནས་རྒྱལ་པོ་ལ་ཞུས་སོ། 9མི་དབང་ཆེན་པོ་དེ་ཚོས་གང་བྱས་པ་དེ་ནོར་ཁྲུལ་ཡིན། དེ་ཚོས་ཡེར་མི་ཡཱ་ལ་ཁྲོན་པའི་ནང་བླུག་སོང་། གྲོང་ཁྱེར་ནང་ཁ་ཟས་མེད་སྟབས་དེར་ཁོ་མུ་གེས་འཆི་རྒྱུ་རེད། 10དེ་ནས་རྒྱལ་པོས་ཨེ་བྷེད་མེ་ལེག་ལ་མི་གསུམ་འཁྲིད་ནས་ང་འཆི་བའི་སྔོན་ལ་ཁྲོན་པ་ནས་འདོན་དགོས་པའི་བཀའ་གནང་ངོ་། 11དེར་བརྟེན་ཨེ་བྷེད་མེ་ལེག་མི་དེ་ཚོ་མཉམ་དུ་ཕོ་བྲང་གི་མཛོད་ཁང་ནང་ཕྱིན་ནས་གོས་ཧྲུལ་ཁ་ཤས་བླངས་ནས། ཁོས་ཐག་པས་བསྡམས་ནས་ངའི་སར་མར་བཏང་ངོ་། 12ཁོས་ཐག་པས་ང་ལ་རྨ་མ་བཟོས་པའི་ཆེད་གོས་ཧྲུག་དེ་ཚོ་ངའི་མཆན་ཁུང་འོག་བཅུག་ཅེས་སྨྲས་པས། ངས་དེ་ལྟར་བྱས་པ་ཡིན། 13དེ་ཚོས་ང་ཁྲོན་པའི་ནང་ནས་བཏོན་པའི་རྗེས་སུ་ང་ལ་ཁྱམས་རའི་ནང་བཞག་གོ།

ཛེ་དེ་ཀི་ཡཱས་ཡེར་མི་ཡཱ་ནས་བསླབ་བྱ་ཞུས་པ།

14དུས་སྐབས་གཞན་ཞིག་ལ་རྒྱལ་པོ་ཛེ་དེ་ཀི་ཡཱས། ང་ལ་མཆོད་ཁང་གི་འཛུལ་སྒོ་གསུམ་པར་འཁྲིད་ཡོང་ནས། ངས་ཁྱོད་ལ་དྲི་བ་ཞིག་འདྲི་རྒྱུ་ཡིན་པས་ཁྱོད་ཀྱིས་ང་ལ་དྲང་ཤོད་དགོས་ཤེས་བསུངས་པས། 15ལན་དུ་ངས། ཁྱེད་ལ་དྲང་པོ་ཞུས་པ་ཡིན་ན། ཁྱེད་ཀྱིས་ང་ལ་སྲོག་ཐོག་གཏོང་རྒྱུ་ཡིན་པ་དང་། ངས་ཁྱེད་ལ་བསླབ་བྱ་ཕུལ་བ་ཡིན་ན་ཁྱེད་ཀྱིས་དེ་ལ་ཐུགས་སྣང་གང་ཡང་གནང་མི་ཡོང་ཞེས་ཞུས་སོ། 16དེར་བརྟེན་རྒྱལ་པོ་ཛེ་དེ་ཀི་ཡཱས་གསང་བའི་ཐོག་གསོན་པོའི་གཙོ་བོ་དཀོན་མཆོག་ང་ཚོར་སྲོག་གནང་མཁན་དཀོན་མཆོག་དཔང་བཙུག་ནས། ངས་ཁྱོད་སྲོག་ཐོག་མི་གཏོང་བ་དང་ཁྱོད་གསོད་པར་འདོད་མཁན་ཚོའི་ལག་ཏུ་མི་སྤྲོད་པའི་མནའ་འཇོག་རྒྱུ་ཡིན། 17དེ་ནས་ངས་ཛེ་དེ་ཀི་ཡཱ་ལ། ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་བཀའ་གནང་བ་འདི་ཚོ་ཞུས་པ་ཡིན། ཁྱེད་ཀྱིས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་དཔོན་པོ་ཚོར་མགོ་བཏགས་ཞུས་པ་ཡིན་ན། ཁྱེད་ཀྱི་སྐུ་སྲོག་ཐར་བ་དང་གྲོང་ཁྱེར་འདི་ཚོ་བསྲེགས་པར་མི་འགྱུར། ཁྱེད་དང་ཁྱེད་ཀྱི་ཁྱིམ་ཚང་གཉིས་ཀ་ཐར་བར་འགྱུར་རོ། 18ཁྱེད་ཀྱིས་མགོ་བཏགས་མ་ཞུས་པ་ཡིན་ན། གྲོང་ཁྱེར་འདི་བཞིན་བྷེ་བྷི་ལོ་ནི་ཡ་པ་ཚོའི་ལག་ཏུ་རྩིས་སྤྲོད་བྱེད་པ་དང་། ཁོ་ཚོས་དེ་བསྲེགས་པར་འགྱུར་བ་དང་ཁྱེད་དེ་ལས་མི་ཐར་རོ་ཞེས་ཞུས་སོ། 19འོན་ཀྱང་ལན་དུ། རྒྱལ་པོས་ང་ཚོའི་ཡུལ་མི་བྷེ་བྷི་ལོ་ནི་ཡ་དུ་བྲོས་བྱོལ་དུ་འགྲོ་མཁན་ཚོར་འཇིགས་ཀྱི་འདུག ང་དེ་ཚོ་ལ་རྩིས་སྤྲོད་བྱས་པ་ཡིན་ན། དེ་ཚོས་ང་ལ་མནར་གཅོད་གཏོང་སྲིད་ཅེས་གསུངས་པས། 20ལན་དུ་ངས་འདི་ལྟར་ཞུས་པ་ཡིན། ཁྱེད་ཁོ་ཚོར་རྩིས་སྤྲོད་བྱེད་པར་མི་འགྱུར། ཁྱེད་ཀྱིས་གཙོ་བོ་དཀོན་མཆོག་གི་བཀའ་ལ་གསན་རོགས་ཤེས་ངས་ཞུ་འབུལ་བྱ་རྒྱུ་ཡིན། དེ་ནས་ཁྱེད་ཀྱི་དོན་གནད་ཚང་མ་ལེགས་ཤིང་ཁྱེད་ཀྱི་སྐུ་སྲོག་ཐར་བར་འགྱུར་རོ། 21གལ་སྲིད་ཁྱེད་ཀྱིས་མགོ་བཏགས་མ་ཞུས་པ་ཡིན་ན། གཙོ་བོ་དཀོན་མཆོག་གིས་ཇི་འདྲ་ཡོང་རྒྱུའི་སྐོར་ཞལ་གཟིགས་ཤིག་ང་ལ་སྟོན་གནང་བྱུང་། 22དེའི་ནང་ངས་ཡ་ཧུ་དཱའི་རྒྱལ་པོའི་ཕོ་བྲང་ནང་ལྷག་པའི་བུད་མེད་རྣམས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་དཔོན་པོ་ཚོའི་སར་འཁྲིད་དོ། དེ་ཆོ་འགྲོ་སྐབས་ཇི་འདྲ་བརྗོད་བཞིན་པར་གསན་ཞིག། རྒྱལ་པོའི་གྲོགས་པོ་ལེགས་ཤོས་ཚོས་ཁོ་ལ། ལམ་ལོག་འཁྲིད་ནས་ཁོང་ཐོག་དབང་བསྒྱུར་བྱས། ད་ལྟ་ཁོང་ཞབས་འདམ་རྫབ་ནང་དིམ་མོ། ཁོང་གི་གྲོགས་ཚོས་ཁོང་སྤངས་སོ། 23དེ་ནས་ངས་མུ་མཐུད་ནས། ཁྱེད་ཀྱི་བུད་མེད་རྣམས་དང་ཕྲུ་གུ་རྣམས་བྷེ་བྷི་ལོ་ནི་ཡ་པ་ཚོའི་སར་འཁྲིད་པ་དང་ཁྱེད་ཀྱང་དེ་ཚོ་ལས་ཐར་བར་མི་འགྱུར། ཁྱེད་ལ་བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་བཙོན་དུ་འཁྲིད་པ་དང་གྲོང་ཁྱེར་འདི་རྡུལ་བཞིན་བསྲེགས་པར་བྱའོ། 24ལན་དུ་ཛེ་དེ་ཀི་ཡཱས་གསུངས་པ། ང་ཚོའི་དབར་གྱི་སྐད་ཆ་དེ་བཞིན་སུས་ཀྱང་མ་ཤེས་པ་བྱོས་ཤིག་དང་། ཁྱོད་ཀྱི་སྲོག་ལ་ཉེན་ཁ་མི་ཡོང་། 25ལས་བྱེད་པ་ཚོས་ཁྱོད་དང་ང་གཉིས་སྐད་ཆ་བཤད་པ་དེ་ཚོས་ཐོས་པ་ཡིན་ན། དེ་ཚོ་ཁྱོད་སར་ཡོང་ནས། ང་ཚོའི་སྐད་ཆ་ཇི་བྱུང་བ་རྣམས་དེ་ཚོས་འདྲི་བར་བྱེད་དོ། དེ་ཚོར་ཁྱོད་ཀྱིས་ཆ་ཚང་བཤད་པ་ཡིན་ན། ཁྱོད་སྲོག་ཐོག་མི་གཏོང་བའི་ཁས་ལེན་བྱས་པ་དང་། 26དེ་ཚོར་ཁྱོད་ཀྱིས་ང་ལ་ཁྱོད་རང་བཙོན་དུ་འཆི་རུ་མ་གཏོང་རོགས་གནང་ཞེས་ཞུ་བ་ཕུལ་བ་དེ་བརྗོད་ཅིག 27དེ་ནས་ལས་བྱེད་པ་ཚོ་ཡོང་ནས་ང་ལ་སྐད་ཆ་དྲིས་པ་དང་། ངས་རྒྱལ་པོས་ང་ལ་ཇི་ལྟར་བཀའ་གནང་བ་ལྟར་ཁོ་ཚོར་སྨྲས་པ་ཡིན། དེ་ཚོས་གཞན་གང་ཡང་བྱེད་མ་ཐུབ་བོ། གང་ལ་ཟེར་ན། སུས་ཀྱང་ང་ཚོའི་དབར་སྐད་ཆ་བྱུང་བ་ཐོས་མེད་དོ། 28ཡེ་རུ་ཤ་ལེམ་དབང་བཟུང་མ་བྱས་བར་དུ་ང་ལ་ཕོ་བྲང་གི་ཁྱམས་རར་གཞག་གོ༎

ཡེར་མི་ཡཱ། 39

ཡེ་རུ་ཤ་ལེམ་སྟངས་པ།

1ཛེ་དེ་ཀི་ཡཱ་ཡ་ཧུ་དཱ་པའི་རྒྱལ་པོ་གནང་བའི་ལོ་དགུ་པའི་ཟླ་བ་བཅུ་པར་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཁོང་གི་དམག་དཔུང་ཆ་ཚང་དང་བཅས་པས་ཡེ་རུ་ཤ་ལེམ་ལ་བཙན་རྒོལ་བྱས་སོ། 2ཛེ་དེ་ཀི་ཡཱ་རྒྱལ་པོ་གནང་བའི་ལོ་བཅུ་གཅིག་པའི་ཟླ་བ་བཞི་པའི་ཚེས་དགུ་པར་གྲོང་ཁྱེར་གྱི་ལྕགས་རི་རྣམས་བཤིགས་སོ། 3(ཡེ་རུ་ཤ་ལེམ་བཙན་བཟུང་བྱ་སྐབས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་ལས་བྱེད་པ་མཐོ་བ་རྣམས་དང་། ནེར་གལ་ས་རེ་ཟེར་དང་སམ་གར་ནེ་བྷོ་དང་སར་སེ་ཀིམ་དང་གཞན་ནེར་གལ་ས་རེ་ཟེར་བཅས་ཡོང་ནས་རྒྱལ་སྒོའི་དཀྱིལ་དུ་བསྡད་དོ།) 4རྒྱལ་པོ་ཛེ་དེ་ཀི་ཡཱ་དང་ཁོང་གི་དམག་མི་ཚང་མས་དེ་ཚོ་ཇི་ལྟར་ཡོང་བཞིན་པ་མཐོང་བ་དང་། མཚན་མོའི་སྐབས་གྲོང་ཁྱེར་ནས་བྲོས་ཐབས་གནང་ངོ་། ཁོང་ཚོ་རྒྱལ་པོའི་ལྡུམ་རར་བརྒྱུད་ནས་ལྕགས་རི་གཉིས་འབྲེལ་བའི་རྒྱལ་སྒོའི་ལམ་ནས་ཐོན་སྟེ་ཡོར་དན་གྱི་ལུང་གཤོང་གི་ཕྱོགས་སུ་བྲོས་སོ། 5འོན་ཀྱང་བྷེ་བྷི་ལོན་པའི་དམག་དཔུང་གིས་ཁོ་ཚོར་རྗེད་དེད་ཀྱིས། ཡེ་རི་ཀོའི་འགྲམ་གྱི་ཐང་དུ་ཛེ་དེ་ཀི་ཡཱ་ལ་བཟུངས་སོ། དེ་ནས་དེ་ཚོས་ཁོང་ལ་རྒྱལ་པོ་ནེ་བུ་ཀད་ནེ་ཛར་ཧ་མད་ཀྱི་མངའ་ཁུལ་རིབ་ལཱའི་གྲོང་ཁྱེར་ནང་བཞུགས་ཡོད་སར་འཁྲིད་པ་དང་། ནེ་བུ་ཀད་ནེ་ཛར་གྱིས་ཁོང་ལ་ཁྲིམས་གཏོང་གནང་ངོ་། 6རིབ་ལཱ་རུ་ཛེ་དེ་ཀི་ཡཱས་ཁོང་གི་མཐོང་སར་ཁོང་གི་སྲས་ཚོར་ཉེས་པ་སྲོག་ཐོག་ཏུ་བཏང་བ་དང་། ཡ་ཧུ་དཱ་པའི་ལས་བྱེད་པ་རྣམས་ཀྱང་བསད་དོ། 7དེ་རྗེས་ཁོང་གིས་ཛེ་དེ་ཀི་ཡཱའི་མིག་གཉིས་བཏོན་ནས་བྷེ་བྷི་ལོ་ནི་ཡ་དུ་ལྕགས་ཐག་རྒྱབ་ནས་འཁྲིད་དོ། 8སྐབས་དེར་བྷེ་བྷི་ལོ་ནི་ཡ་པ་ཚོས་རྒྱལ་པོའི་ཕོ་བྲང་དང་མི་མང་ཚོའི་ཁང་ཁྱིམ་རྣམས་བསྲེགས་པ་དང་ཡེ་རུ་ཤ་ལེམ་གྱི་ལྕགས་རི་རྣམས་བཤིགས་སོ། 9མཐའ་མར་དམག་སྤྱི་ནེ་བུ་ཛ་ར་དྷན་གྱིས་གྲོང་ཁྱེར་དུ་ལྷག་པའི་མི་མང་དང་ངོ་རྒོལ་བྱ་མཁན་ཚོ་དང་བཅས་པ་བཙོན་པ་ལྟར་བྷེ་བྷི་ལོ་ནི་ཡ་དུ་འཁྲིད་དོ། 10ཁོང་གིས་ཡ་ཧུ་དཱའི་ཡུལ་དུ་མི་སྐྱོ་ཤོས་རྒྱུ་དངོས་གང་ཡང་མེད་མཁན་ཚོ་བཞག་པ་དང་ཁོང་ཚོར་རྒུན་ཚལ་གྱི་ཞིང་ཁ་སྤྲད་དོ༎

ཡེར་མི་ཡཱ་གློད་བཀྲོལ་བཏང་བ།

11རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་དམག་སྤྱི་ནེ་བུ་ཛ་ར་དྷན་ལ་གཤམ་གསལ་བཀའ་རྣམས་གཏོང་དགོས་པའི་བཀོད་ཁྱབ་གནང་ངོ་། 12སོང་ལ་ཡེར་མི་ཡཱ་འཚོལ་ནས་ཁོ་ལ་བལྟ་རྟོགས་ཡག་པོ་བྱེད་དགོས། ཁོ་ལ་གནོད་པ་མ་བྱས་པར་ཁོའི་འདོད་པ་ལྟར་བྱ་དགོས་ཤེས་སོ། 13དེར་བརྟེན་ནེ་བུ་ཛ་ར་དྷན་དང་མཉམ་དུ་ལས་བྱེད་པ་གཙོ་བོ་ནེ་བུ་ཤཛ་བྷན་དང་ནེར་གལ་ཤརེ་ཟེར་དང་གཞན་བྷེ་བྷི་ལོ་ནི་ཡའི་དཔོན་པོ་ཚང་མས། 14ང་ཕོ་བྲང་གི་ཁྱམས་ར་ནས་འཁྲིད་དེ། དེ་ཚོས་ཤ་ཕན་གྱི་ཚ་བོ་དང་ཨ་ཧི་ཀམ་གྱི་བུ་གྷེ་དལ་ཡཱའི་བལྟ་རྟོགས་འོག་བཞག་པ་དང་། ང་ལ་སྐྱོན་མེད་བདེ་བར་ཁྱིམ་དུ་བསྐྱེལ་རྒྱུ་ཁོའི་ལས་འགན་ཡིན། དེར་བརྟེན་ང་མི་མང་གི་ཁྲོད་དུ་དེར་བསྡད་དོ༎

ཨེ་བྷེད་མེ་ལེག་གི་རེ་བ།

15ང་ཕོ་བྲང་གི་ཁྱམས་རའི་བཙོན་ནང་དུ་ཡོད་སྐབས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། 16ཀུན་དབང་ཅན་གྱི་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་བཀའ་གནང་བ་འདི་ཨི་ཐི་ཨོ་པི་ཡ་པ་ཨེ་བྷེད་མེ་ལེག་ལ་ཤོད་ཅིག་གསུངས་པ་དང་། ཇི་ལྟར་ངས་བྱ་རྒྱུ་ཡིན་བརྗོད་པ་ལྟར་ངས་གྲོང་ཁྱེར་འདིར་སྟོར་བཤིགས་གཏོང་རྒྱུ་ཡིན་པ་ལས་འཕེལ་རྒྱས་གཏོང་རྒྱུ་མ་ཡིན་ནོ། དེ་ལྟར་བྱུང་སྐབས་དེ་ཚོ་མཐོང་བར་ཁྱོད་དེར་གནས་པར་འགྱུར་རོ། 17འོན་ཀྱང་གཙོ་བོ་དཀོན་མཆོག་གིས། ཁྱོད་སྐྱོབས་པ་དང་ཁྱོད་ཀྱིས་འཇིགས་པའི་མི་ཚོའི་ལག་ཏུ་ཁྱོད་རྩིས་སྤྲོད་མི་བྱེད་དོ། 18ངས་དེ་ལྟར་ཁྱོད་སྲོག་ཐོག་གཏོང་བར་མི་འགྱུར་བ་དང་། ཁྱོད་བདེ་བར་འཇོག་པར་འགྱུར། ངས་ཁྱོད་ཀྱི་སྲོག་ཐར་བར་བྱ་རྒྱུ་ཡིན། གང་ལ་ཟེར་ན། ཁྱོད་ཀྱིས་ང་ལ་ཡིད་ཆེས་བྱས་ཡོད་ཅེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཡེར་མི་ཡཱ། 40

ཡེར་མི་ཡཱ་གྷེ་དལ་ཡཱ་དང་མཉམ་དུ་བཞུགས་པ།

1དེ་ནས་གཙོ་བོ་དཀོན་མཆོག་གིས། ང་དམག་སྤྱི་ནེ་བུ་ཛ་ར་དྷན་གྱིས་ར་མཱ་ནས་གློད་བཀྲོལ་བཏང་བའི་རྗེས་ང་ལ་བཀའ་གནང་བ། ང་ལ་ལྕགས་རྒྱབ་ནས་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་མི་རྣམས་དང་མཉམ་དུ་བྷེ་བྷི་ལོ་ནི་ཡ་དུ་བཙོན་དུ་འཁྲིད་དོ། 2དམག་སྤྱི་དེས་ང་ཟུར་དུ་འཁྲིད་ནས་ང་ལ་སྨྲས་པ། ཁྱོད་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཡུལ་འདིར་སྟོར་བཤིགས་གནང་རྒྱུའི་ཉེན་བརྡ་གཏོང་གནང་ཡོད་དོ། 3ད་ལྟའི་རྐྱེན་ངན་འདི་ཁོང་རང་གིས་བཀའ་གནང་བ་ལྟར་མཛད་ཡོད། དེ་ཚོ་ནི་ཁྱོད་ཀྱི་མི་མང་གིས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་པ་དང་ཁོང་གི་བཀའ་ལ་མ་ཉན་པའི་རྐྱེན་གྱིས་བྱུང་བ་ཡིན་ནོ། 4ད་ངས་ཁྱོད་ཀྱི་ལག་ནས་ལྕགས་ཐག་བཀྲོལ་ནས་ཁྱོད་རང་དབང་དུ་གཏོང་རྒྱུ་ཡིན། ཁྱོད་ང་དང་མཉམ་དུ་བྷེ་བྷི་ལོ་ནི་ཡ་དུ་འགྲོ་འདོད་ཡོད་ན་དེ་ལྟར་བྱས་ན་འགྲིགས་རྒྱུ་དང་། ངས་ཁྱོད་ལ་བལྟ་རྟོགས་བྱ་རྒྱུ་ཡིན་ནོ། འོན་ཀྱང་ཁྱོད་ང་མཉམ་དུ་འགྲོ་འདོད་མེད་ན་ཡོང་མི་དགོས་སོ། ཁྱོད་ལ་ཡུལ་ཆ་ཚང་འདམས་རྒྱུ་ཡོད་པ་དང་། ཁྱོད་རང་གང་དུ་འགྲོ་དགོས་པ་འགྲོ་ན་འགྲིགས་སོ། 5ངས་ལན་འདེབས་གང་ཡང་མ་བྱས་སྟབས། ནེ་བུ་ཛ་ར་དྷན་གྱིས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་ཡ་ཧུ་དཱའི་གྲོང་ཁྱེར་ཚོའི་སྲིད་སྐྱོངས་པར་བསྐོས་པ་ཤ་ཕན་གྱི་ཚ་བོ་ཨ་ཧི་ཀམ་གྱི་བུ་གྷེ་དལ་ཡཱའི་རྩར་ཕྱིར་སོང་ཞིག ཁྱོད་ཁོ་དང་མཉམ་དུ་མི་མང་གི་ཁྲོད་དུ་བསྡད་ན་སྒྲིགས་པ་དང་། ཡང་ན་ཁྱོད་གང་དུ་འགྲོ་དགོས་བསམ་ན་དེར་སོང་ཞིག་སྨྲས་པ་དང་། དེ་ནས་ཁོས་ང་ལ་རྔན་པ་དང་ཟས་ཕྲན་བུ་སྤྲད་ནས་ང་རང་གི་འདོད་པའི་ལམ་དུ་འགྲོ་རུ་བཅུག་གོ 6ངས་མིཛ་པཱའི་གྷེ་དལ་ཡཱའི་སར་སྡོད་པར་སོང་ནས་ཡུལ་དེར་ལྷག་འཕྲོས་ཡོད་པའི་མི་མང་ཚོ་མཉམ་དུ་བསྡད་དོ༎

(༢ རྒྱལ་རབས་ ༢༥:༢༢-༢༤)

7ཡ་ཧུ་དཱ་པའི་དཔོན་པོ་འགའ་ཞིག་དང་དམག་མི་འགའ་ཞིག་གིས་ཁོ་ལ་མགོ་བཏགས་ཞུས་མེད་དེ། དེ་ཚོས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་གྷེ་དལ་ཡཱ་ཡུལ་དེའི་མི་མང་སྐྱོ་ཤོས་བྷེ་བྷི་ལོ་ནི་ཡ་དུ་མ་འཁྲིས་པ་ཚོའི་བལྟ་རྟོགས་བྱ་མཁན་བཟོས་པ་ཐོས་སོ། 8དེར་བརྟེན་ནེ་ཐན་ཡཱའི་བུ་ཨིཤ་མ་ཨེལ་དང་ཀ་རི་ཨའི་བུ་ཡོ་ཧ་ནན་དང་ཏན་ཧུ་མེད་ཀྱི་བུ་སེ་ར་ཡཱ་དང་ནེ་ཏོ་ཕཱ་ནས་ཨེ་ཕའི་བུ་ཚོ་དང་མ་ཀཱ་ནས་ཡེ་ཡེ་ཛ་ནི་ཡཱ་རང་གི་འཁོར་དང་བཅས་མིཛ་པཱ་རུ་གྷེ་དལ་ཡཱའི་སར་སོང་ངོ་། 9གྷེ་དལ་ཡཱས་དེ་ཚོ་ལ་སྨྲས་པ། ཁྱོད་ཚོས་བྷེ་བྷི་ལོ་ནི་ཡ་པ་ཚོར་མགོ་བཏགས་ཞུ་དགོས་པའི་ཆེད་འཇིགས་མི་དགོས་པའི་ངས་ཁས་ལེན་བྱ་རྒྱུ་ཡིན། ཁྱོད་ཚོ་ཡུལ་འདིར་གཞིས་ཆགས་ནས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་ཞབས་ཕྱི་ཞུས་ཤིག་དང་ཁྱོད་ཚོར་བྱ་བ་ལམ་འགྲོ་ཡོང་ངོ་། 10ང་མིཛ་པཱ་རུ་སྡོད་ཅིང་བྷེ་བྷི་ལོ་ནི་ཡ་པ་ཚོར་འདིར་ཡོང་སྐབས་ཁྱོད་ཚོའི་སྐུ་ཚབ་བྱེད་དོ། འོན་ཀྱང་ཁྱོད་ཚོས་རྒུན་ཆང་དང་ཤིང་འབྲས་དང་སྐྱུ་རུའི་སྣུམ་བཅས་པ་བསྡུས་ནས་གསོག་འཇོག་དང་ཁྱོད་ཚོས་དབང་བའི་གྲོང་གསེབ་ནང་གནས་སྡོད་བྱེད་ཆོག་གོ 11སྐབས་དེར་ཨིསི་རཱཨེལ་པ་མོ་ཨབ་ཏུ་ཡོང་བ་རྣམས་དང་ཨམ་མོན་དང་ཨེ་དྷོམ་དང་གཞན་ཡུལ་ཁག་ཏུ་ཡོད་མཁན་ཚང་མས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་ཨིསི་རཱཨེལ་པ་འགའ་ཤས་ཡ་ཧུ་དཱར་སྡོད་བཅུག་པ་དང་། གྷེ་དལ་ཡཱ་དེ་ཚོའི་སྲིད་སྐྱོངས་པ་བཟོས་པ་བཅས་ཐོས་སོ། 12དེ་འདྲ་སོང་ཙང་དེ་ཚོ་ཁ་འཐོར་ནས་གནས་པའི་ས་ཁུལ་ནས་ཐོན་སྟེ་ཡ་ཧུ་དཱར་ཕྱིར་ལོག་གོ དེ་ཚོའི་མིཛ་པཱ་རུ་གྷེ་དལ་ཡཱའི་སར་སླེབས་པ་དང་དེར་རྒུན་ཚལ་དང་ཤིང་འབྲས་ཁྱོན་ཆེ་བསྡུས་སོ༎

གྷེ་དལ་ཡཱ་ལ་བསད་པ།

(༢ རྒྱལ་རབས་ ༢༥:༢༥-༢༦)

13དེ་རྗེས་ཡོ་ཧ་ནན་དང་མགོ་བཏགས་མ་ཞུས་པའི་དམག་མིའི་འགོ་འཁྲིད་ཚོ་མིཛ་པཱ་རུ་གྷེ་དལ་ཡཱའི་སར་ཕྱིན་ནས། 14ཁྱེད་ཀྱིས་ཨམ་མོན་གྱི་རྒྱལ་པོ་བཱ་ལིསི་ཀྱིས་ཁྱེད་གསོད་པར་ཨིཤ་མ་ཨེལ་བཏང་བ་མི་མཁྱེན་ནམ་ཞེས་ཁོང་ལ་ཞུས་སོ། འོན་ཀྱང་གྷེ་དལ་ཡཱས་དེ་ལ་ཡིད་ཆེས་མ་གནང་ངོ་། 15དེ་ནས་ཡོ་ཧ་ནན་གྱིས་ཁོང་ལ་ལྐིག་ཏུ་ང་ཨིཤ་མ་ཨེལ་གསོད་དུ་གཏོང་རོགས་གནང་། དེ་སུས་ཀྱང་ཤེས་ཀྱི་མ་རེད། ཁོས་ཁྱེད་ལ་གསོད་དུ་ཅི་ལ་འཇུག། དེས་ཁྱེད་ཀྱི་ཉེ་འཁོར་དུ་ཡོད་པའི་ཡ་ཧུ་དཱ་པ་རྣམས་ཁ་འཐོར་ནས་ཡ་ཧུ་དཱར་ལྷག་ལུས་མི་མང་གི་སྟེང་དུ་རྐྱེན་ངན་ཡོང་བར་འགྱུར་ཞེས་ཞུས་སོ། 16འོན་ཀྱང་གྷེ་དལ་ཡཱས་ལན་དུ། དེ་ལྟར་མ་བྱེད་ཅིག། ཁྱེད་ཀྱིས་ཨིཤ་མ་ཨེལ་སྐོར་ལ་བཤད་པ་དེ་བདེན་པ་ཡིན་པ་མི་སྲིད་ཅེས་གསུངས་སོ༎

ཡེར་མི་ཡཱ། 41

1ལོ་དེའི་ཟླ་བ་བདུན་པར་ཨེ་ལི་ཤ་མའི་ཚ་བོ་དང་ནེ་ཐན་ཡཱའི་བུ་ཨིཤ་མ་ཨེལ་རྒྱལ་པོའི་ཁྱིམ་ཚང་གི་ནང་མི་དཔོན་པོའི་གཙོ་བོའི་གྲས་ཡིན་པ་དེ། མི་བཅུ་དང་བཅས་མིཛ་པཱ་རུ་གྷེ་དལ་ཡཱ་མཇལ་བར་ཕྱིན་ནོ། སྐབས་དེར་དེ་ཚོ་ཚང་མ་མཉམ་དུ་ཁ་ཟས་བཟས་བཞིན་ཡོད་པ་དང་། 2ཨིཤ་མ་ཨེལ་དང་ཁོང་གི་མི་བཅུ་པོས་རང་གི་རལ་གྲི་བཏོན་ནས་གྷེ་དལ་ཡཱ་བསད་དོ། 3ཨིཤ་མ་ཨེལ་གྱིས་མིཛ་པཱ་རུ་གྷེ་དལ་ཡཱ་མཉམ་དུ་ཡོད་པའི་ཨིསི་རཱཨེལ་པ་རྣམས་དང་བྷེ་བྷི་ལོན་པའི་དམག་མི་དེར་ཡོད་པ་བཅས་ཚང་མ་བསད་དོ། 4སང་ཉིན་དེར་སུས་ཀྱང་གྷེ་དལ་ཡཱ་བཀྲོང་པ་མ་ཐོས་པའི་སྔོན་ལ། 5ཤེ་ཀེམ་དང་ཤི་ལཱོ་དང་ས་མར་ཡ་ནས་མི་བརྒྱད་ཅུ་ཐམ་པ་འབྱོར་རོ། དེ་ཚོས་རང་གི་སྨ་ར་བཞར་ཡོད་པ་དང་རང་གི་གོས་ཧྲལ་ནས་རང་གི་གྲིས་རྨས་པ་དང་། དེ་ཚོས་འབྲུ་དང་བདུག་སྤོས་མཆོད་ཁང་དུ་འབུལ་བར་འཁྱེར་བཞིན་ཡོད། 6དེར་བརྟེན་ཨིཤ་མ་ཨེལ་མིཛི་པཱ་ནས་དེ་ཚོ་དང་འཕྲད་པར་ངུ་བཞིན་ཕྱིན་ནོ། ཁོ་དེ་ཚོ་སར་འབྱོར་བ་དང་ཁོས་གྷེ་དལ་ཡཱ་ལ་མཇལ་བར་ཕེབས་རོགས་གནང་ཞེས་སྨྲས་སོ། 7དེ་ཚོ་གྲོང་ཁྱེར་ནང་འབྱོར་མ་ཐག་ཨིཤ་མ་ཨེལ་དང་ཁོའི་མི་ཚོས་དེ་ཚོ་བསད་ནས་དེ་ཚོའི་རོ་ཁྲོན་པའི་ནང་དུ་དབྱུགས་སོ། 8འོན་ཀྱང་དེའི་ནང་ཡོད་མི་བཅུ་པོས་ཨིཤ་མ་ཨེལ་ལ་ང་ཚོ་མ་གསོད་རོགས་གནང་ཞེས་སྨྲས་སོ། ང་ཚོའི་ཞིང་ཁའི་ནང་འབྲུ་དང་གྲོ་དང་སྐྱུ་རུའི་སྣུམ་དང་སྦྲང་རྩི་བཅས་སྦས་ཡོད་ཅེས་སྨྲས་པས། དེར་བརྟེན་ཁོས་དེ་ཚོ་མ་བསད་དོ། 9ཨིཤ་མ་ཨེལ་གྱི་ཁོས་བསད་པའི་རོ་དབྱུགས་སའི་ཁྲོན་པ་དེ་བཞིན་རྒྱལ་པོ་ཨ་སས་ཨིསི་རཱཨེལ་གྱི་རྒྱལ་པོ་བྷ་ཤས་ཁོང་ལ་འཐབ་རྒོལ་བྱ་སྐབས་བྲུས་པས་ཁྲོན་པ་ཆེན་པོ་ཞིག་ཡོད། ཨིཤ་མ་ཨེལ་གྱིས་ཁྲོན་པ་དེའི་ནང་རོས་བཀང་ངོ་། 10དེ་ནས་ཁོས་དམག་སྤྱི་ནེ་བུ་ཛ་ར་དྷན་གྱིས་གྷེ་དལ་ཡཱའི་བལྟ་རྟོགས་འོག་བཞག་པའི་རྒྱལ་པོའི་སྲས་མོ་ཚོ་དང་མིཛ་པཱ་རུ་ལྷག་ལུས་མི་མང་ཚང་མ་བཙོན་པ་བཟོས་སོ། ཨིཤ་མ་ཨེལ་གྱིས་བཙོན་པ་རྣམས་འཁྲིད་ནས་ཨམ་མོན་གྱི་མངའ་ཁུལ་གྱི་ཕྱོགས་སུ་ཕྱིན་ནོ། 11ཡོ་ཧ་ནན་དང་ཁོ་མཉམ་ཡོད་པའི་འགོ་འཁྲིད་ཚོས་ཨིཤ་མ་ཨེལ་གྱིས་ཁྲིམས་འགལ་གྱི་ཉེས་པ་བྱས་པ་རྣམས་ཐོས་སོ། 12དེར་བརྟེན་དེ་ཚོས་རང་གི་མི་ཆོ་དང་མཉམ་དུ་ཁོ་རྗེས་སུ་སོང་བ་དང་གྷི་བི་ཨོན་གྱི་ཆུ་རྫིང་ཆེན་པོ་ཞིག་གི་ཉེ་འགྲམ་དུ་རྗེས་ཟིན་ནོ། 13ཨིཤ་མ་ཨེལ་གྱི་བཙོན་པ་ཚོས་ཡོ་ཧ་ནན་དང་དམག་མི་འགོ་འཁྲིད་ཚོ་མཐོང་སྐབས་དེ་ཚོ་དགའ་བ་དང་། 14ཁ་བསྒྱུར་ནས་དེ་ཚོའི་ཕྱོགས་སུ་རྒྱུགས་སོ། 15འོན་ཀྱང་ཨིཤ་མ་ཨེལ་དང་ཁོའི་མི་བརྒྱད་ཡོ་ཧ་ནན་ནས་ཐར་བ་དང་ཨམ་མོན་གྱི་ཡུལ་དུ་བྲོས་སོ། 16དེ་ནས་ཡོ་ཧ་ནན་དང་དམག་མི་འགོ་འཁྲིད་ཀྱིས་ཨིཤ་མ་ཨེལ་གྱིས་གྷེ་དལ་ཡཱ་དང་དམག་མི་ཚོ་དང་བུད་མེད་དང་ཕྲུ་གུ་དང་ཉུག་རུམ་པ་དང་བཅས་བསད་ནས་མིཛ་པཱ་ནས་བཙོན་དུ་འཁྲིད་པའི་མི་མང་གི་འགན་བླངས་སོ། 17-18དེ་ཚོ་བྷེ་བྷི་ལོ་ནི་ཡ་པ་ཚོར་འཇིགས་བཞིན་ཡོད། གང་ལ་ཟེར་ན། བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་ཡུལ་གྱི་སྲིད་སྐྱོངས་པར་བསྐོས་པ་གྷེ་དལ་ཡཱ་ལ་ཨིཤ་མ་ཨེལ་གྱིས་བསད་ཡོད་དོ། དེར་བརྟེན་དེ་ཚོ་བྷེ་བྷི་ལོ་ནི་ཡ་པ་ཚོ་ལས་ཐར་བའི་ཆེད་ཨི་ཇིབ་ཕྱོགས་སུ་ཐོན་ནོ། ལམ་དུ་དེ་ཚོ་བྷེད་ལེ་ཧེམ་གྱི་ཉེ་འགྲམ་དུ་ཀིམ་ཧམ་དུ་བསྡད་དོ༎

ཡེར་མི་ཡཱ། 42

མི་མང་གིས་དེ་ཚོའི་ཆེད་དུ་ཡེར་མི་ཡཱ་ལ་སྨོན་ལམ་རྒྱབ་རོགས་ཞུས་པ།

1དེ་ནས་ཀ་རི་ཨའི་བུ་ཡོ་ཧ་ནན་དང་ཧེ་ཤ་ཡའི་བུ་ཨ་ཛར་ཡཱ་བཅས་དམག་མིའི་འགོ་འཁྲིད་རྣམས་དང་མི་ཆེ་ཆུང་ཚང་མ་མཉམ་དུ་ངའི་སར་ཡོང་ནས། 2ང་ལ་འདི་ལྟར་སྨྲས་བྱུང་། ཐུགས་རྗེ་གཟིགས། ང་ཚོས་ཁྱེད་ལ་གང་ཞུས་པ་བྱེད་རོགས་གནང་། ང་ཚོའི་ཆེད་དུ་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ལ་སྨོན་ལམ་རྒྱབ་རོགས་གནང་། གསོན་པོར་འཚོ་བ་རྣམས་ཀྱི་ཆེད་དུ་སྨོན་ལམ་རྒྱབ་རོགས་གནང་། ཁྱེད་ཀྱི་གཟིགས་པ་ལྟར་སྔར་ང་ཚོ་མང་པོ་ཡོད་པ་དང་ད་ཆ་ང་ཚོ་ཉུང་ཉུང་ལས་ལྷག་མེད་དོ། 3གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་ང་ཚོར་འགྲོ་དགོས་པའི་ལམ་དང་ང་ཚོས་ཇི་ལྟར་བྱ་དགོས་སྟོན་གནང་བའི་ཆེད་སྨོན་ལམ་རྒྱབ་རོགས་གནང་ཞེས་སྨྲས་སོ། 4ལན་དུ་ངས་དེ་ལྟར་ལེགས་སོ། ངས་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་ཁྱོད་ཚོས་ཞུས་པ་ལྟར་གསོལ་བ་འདེབས་རྒྱུ་ཡིན་པ་དང་། ཁོང་གིས་ཇི་ལྟར་བཀའ་གནང་བ་རྣམས་མ་སྦས་པར་ཁྱོད་ཚོར་བརྗོད་རྒྱུར་ཡིན་ཞེས་སྨྲས་སོ། 5དེ་ནས་དེ་ཚོས་ང་ལ་སྨྲས་པ། ང་ཚོས་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཁྱེད་ལ་ང་ཚོའི་ཆེད་དུ་གནང་བའི་བཀའ་ཚང་མར་མ་ཉན་པ་ཡིན་ན་གཙོ་བོ་དཀོན་མཆོག་ང་ཚོའི་ཐོག་ཏུ་དཔང་པོ་བདེན་པ་དང་དམ་ཚིག་ཅན་ཡིན་པར་ཤོག 6ང་ཚོའི་བློ་ལ་བབས་ཀྱང་མ་བབས་ཀྱང་། ང་ཚོས་ཁྱེད་ལ་གསོལ་འདེབས་གནང་རོགས་ཞུ་སའི་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གི་བཀའ་ལ་ཉན་རྒྱུ་ཡིན། ང་ཚོས་ཁོང་ལ་ཉན་ན་ང་ཚོའི་བྱ་བ་ཚང་མ་ལམ་འགྲོ་ཡོང་ངོ་༎

གཙོ་བོ་དཀོན་མཆོག་གིས་ཡེར་མི་ཡཱའི་སྨོན་ལམ་ལ་ལན་འདེབས་གནང་བ།

7ཉིན་བཅུའི་རྗེས་ལ་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་ལན་གནང་བྱུང་། 8དེར་བརྟེན་ངས་ཡོ་ཧ་ནན་དང་ཁོང་མཉམ་དུ་ཡོད་པའི་དམག་མིའི་འགོ་འཁྲིད་ཚོ་དང་མི་མང་ཡོངས་དང་བཅས་སྐད་བཏང་ནས། 9ངས་དེ་ཚོ་ལ་འདི་ལྟར་སྨྲས་པ་ཡིན། གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་ཁྱོད་ཚོས་ང་ལ་ཞུ་བ་འབུལ་བ་གཏོང་ས་དེས་བཀའ་འདི་ལྟར་གནང་བྱུང་། 10ཁྱོད་ཚོ་མུ་མཐུད་ཡུལ་འདིར་གནས་སྡོད་བྱ་འདོད་ཡོད་ན་ངས་ཁྱོད་ཚོ་བཟོ་རྒྱུ་དང་སྟོར་བར་མི་བྱའོ། ངས་ཁྱོད་ཚོ་བཏབ་པ་ལས་བཀོག་པར་མི་བྱའོ། ངས་ཁྱོད་ཚོ་སྟོར་བཤིགས་བཏང་བས་ང་ལ་སེམས་སྡུག་ཚད་མེད་བྱུང་ངོ་། 11བྷེ་བྷི་ལོ་ནི་ཡའི་རྒྱལ་པོར་འཇིགས་རྒྱུ་མཚམས་འཇོགས་བྱོས་ཤིག ང་ཁྱོད་ཚོ་མཉམ་དུ་ཡོད་པ་དང་ངས་ཁྱོད་ཚོ་ཁོང་གི་དབང་འོག་ནས་སྐྱོབས་རྒྱུ་ཡིན་ནོ། 12གང་ལ་ཟེར་ན། ང་སྙིང་རྗེ་ཅན་ཡིན་པ་དང་ངས་ཁོ་ལ་ཁྱོད་ཚོར་སྙིང་རྗེ་སྟོན་འཇུག་རྒྱུ་དང་ཁྱོད་ཚོ་ཁྱིམ་དུ་ཕྱིར་ལོག་འཇུག་རྒྱུ་ཡིན་ཞེས། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 13-15འོན་ཀྱང་ཁྱོད་ཚོ་ཡ་ཧུ་དཱར་ལྷག་ལུས་ཡོད་པའི་མི་མང་རྣམས་ནས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གི་བཀའ་ལ་མི་ཉན་པ་དང་། ཡུལ་འདིར་གནས་སྡོད་མི་བྱེད་པ་བཅས་བྱེད་མི་རུང་། ཁྱོད་ཚོས་ང་ཚོ་འདིར་མི་སྡོད་པར་ང་ཚོ་ཨི་ཇིབ་དུ་སྡོད་པར་འགྲོ་གི་ཡིན། དེར་ང་ཚོས་དམག་གི་གདོང་ལེན་བྱེད་མི་དགོས་པ་དང་དམག་གི་སྒྲ་ཡང་མི་ཐོས་པ་དང་ལྟོགས་པར་སྡོད་མི་དགོས་ཅེས་བརྗོད་མི་རུང་། གལ་སྲིད་དེ་ལྟར་བརྗོད་པ་ཡིན་ན་ཀུན་དབང་ཅན་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་འདི་ལྟར་བཀའ་གནང་ངོ་། ཁྱོད་ཚོ་ཨི་ཇིབ་དུ་སོང་ནས་དེར་གནས་སྡོད་བྱ་རྒྱུར་བློ་ཐག་ཆོད་ཡོད་ན། 16ཁྱོད་ཚོས་འཇིགས་པའི་དམག་དེ་ཁྱོད་ཚོའི་ཐོག་ཡོང་རྒྱུ་དང་། ཁྱོད་ཚོས་འཇིགས་པའི་བཀྲེས་སྐོམ་དེ་ཁྱོད་ཚོའི་རྗེས་སུ་ཡོང་རྒྱུ་དང་། ཁྱོད་ཚོ་ཨི་ཇིབ་དུ་འཆི་བར་འགྱུར་རོ། 17ཨི་ཇིབ་དུ་སོང་ནས་དེར་གནས་སྡོད་བྱ་རྒྱུར་ཐག་ཆོད་ཟིན་པའི་མི་མང་རྣམས་དམག་གམ་མུ་གེའམ་ནད་ཡམས་བཅས་ཀྱིས་འཆི་བར་འགྱུར། ངས་དེ་ཚོའི་སྟེང་འབེབས་རྒྱུ་རྐྱེན་ངན་ལས་དེ་ཚོ་གཅིག་ཀྱང་མི་འཚོ་བ་དང་གཅིག་ཀྱང་ཐར་བར་མི་འགྱུར་རོ། 18གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་བཀའ་གནང་བ་ཇི་ལྟར་ངའི་ཁོང་ཁྲོ་དྲག་པོས་ཡེ་རུ་ཤ་ལེམ་གྱི་མི་མང་སྟེང་ཕོག་པ་ལྟར། ཁྱོད་ཚོ་ཨི་ཇིབ་དུ་སོང་བ་ཡིན་ན། ཁྱོད་ཚོའི་སྟེང་ངའི་ཁོང་ཁྲོ་དྲག་པོ་ཕོག་པར་འགྱུར། ཁྱོད་ཚོ་འཇིགས་སུ་རུང་བའི་གནས་ཏངས་སུ་འགྱུར་བ་དང་། དེ་ཧོན་ཐོར་བའི་ལྟས་མོར་འགྱུར་བ་དང་། མི་མང་གི་ཁྱོད་ཚོར་བསྙས་བཅོས་བྱེད་ཅིང་ཁྱོད་ཚོའི་མིང་དམོད་པར་འབོད་པར་བྱེད། ཁྱོད་ཚོས་ཡུལ་འདི་ནམ་ཡང་སྐྱར་མཐོང་བར་མི་འགྱུར་རོ། 19དེ་ནས་ངས་མུ་མཐུད་ནས་སྨྲས་པ། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ཡ་ཧུ་དཱར་ལྷག་པའི་མི་མང་རྣམས་ཨི་ཇིབ་དུ་མ་འགྲོ་ཞེས་བཀའ་གནང་ངོ་། དེ་འདྲ་སོང་ཙང་ངས་ཁྱོད་ཚོར་ད་ལྟ་ཉེན་བརྡ་གཏོང་རྒྱུ་ཡིན། 20ཁྱོད་ཚོས་ནོར་འཁྲུལ་ཚབ་ཆེ་བྱེད་བཞིན་ཡོད་པས། ཁྱོད་ཚོས་ཁྱོད་ཚོའི་ཆེད་ང་ལ་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་ལ་གསོལ་བ་འདེབས་རོགས་སྨྲས་པ་དང་། ཁྱོད་ཚོས་ཁོང་གི་བཀའ་རྣམས་སྒྲུབ་རྒྱུའི་ཁས་ལེན་བྱས་ཡོད་དོ། 21ད་ལྟ་ངས་ཁྱོད་ཚོར་བཤད་ཡོད་ན་ཡང་། གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་ཁྱོད་ཚོར་ཤོད་པར་གཏོང་གནང་བ་རྣམས་ལ་ཉན་མེད་དོ། 22དེ་བས་ན་ཁྱོད་ཚོ་སོང་ནས་གནས་སྡོད་བྱ་བའི་ཡུལ་དེར་ཁྱོད་ཚོ་དམག་དང་མུ་གེ་དང་ནད་ཡམས་བཅས་ཀྱིས་འཆི་རྒྱུ་ཡིན་པ་དེ་དྲན་པར་གྱིས་ཤིག།

ཡེར་མི་ཡཱ། 43

ཡེར་མི་ཡཱ་ཨི་ཇིབ་དུ་འཁྲིད་པ།

1གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་གིས་ངས་དེ་ཚོ་ལ་བཀའ་བཤད་པར་གཏོང་གནང་བ་ཐམས་ཅད་ངས་བཤད་ཚར་བ་ཡིན། 2དེ་ནས་ཧོ་ཤ་ཡཱའི་བུ་ཨ་ཛར་ཡཱ་དང་ཀ་རི་ཨའི་བུ་ཡོ་ཧ་ནན་དང་གཞན་ཏམ་འདོད་ཅན་གྱི་མི་ཚོས་ང་ལ་འདི་ལྟར་སྨྲས་སོ། ཁྱོད་ཀྱིས་རྫུན་ཤོད་བཞིན་ཡོད། གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་ང་ཚོ་ཨི་ཇིབ་དུ་གནས་སྡོད་བྱེད་པར་མ་འགྲོ་གསུངས་བར་ཁྱོད་ལ་གཏོང་གནང་མེད་དོ། 3བྷེ་བྷི་ལོ་ནི་ཡ་པ་ཚོས་ང་ཚོའི་སྟེང་དབང་བསྒྱུར་བྱེད་ཐུབ་པ་དང་ང་ཚོ་གསོད་པ་དང་ཡང་ན་བྷེ་བྷི་ལོ་ནི་ཡ་དུ་འཁྲིད་ཐུབ་པའི་ཆེད་ནེ་རི་ཡཱའི་བུ་བྷ་རུག་གིས་ང་ཚོའི་རྒྱབ་འགལ་དུ་ཁྱོད་ལ་དཀྲུགས་ཤིང་བརྒྱབ་བོ། 4དེར་བརྟེན་ཡོ་ཧ་ནན་དང་དམག་མིའི་འགོ་འཛིན་ཚོ་དང་མི་མང་བཅས་པ་སུས་ཀྱང་གཙོ་བོ་དཀོན་མཆོག་གིས་ཡ་ཧུ་དཱར་སྡོད་གསུང་པའི་བཀར་མ་ཉན་ནོ། 5དེ་ནས་ཡོ་ཧ་ནན་དང་དམག་མིའི་འགོ་འཛིན་ཚང་མས་ཡ་ཧུ་དཱ་ནས་ལྷག་ལུས་རྣམས་ཨི་ཇིབ་དུ་འཁྲིད་པ་དང། རྒྱལ་ཁབ་གཞན་ནས་ཁ་འཐོར་དུ་གནས་པའི་མི་མང་རྣམས། 6ཁྱོ་དང་བུད་མེད་དང་བུ་ཕྲུག་དང་རྒྱལ་པོའི་སྲས་མོ་བཅས་ཁོ་ཚོ་མཉམ་དུ་འཁྲིད་ནས་ཐོན་ནོ། དེ་ཚོས་ནེ་བུ་ཛ་ར་དྷན་གྱིས་གེ་ད་ལི་ཡའི་བལྟ་རྟོགས་འོག་བཞག་པའི་མི་རྣམས་དང་བྷ་རུག་དང་ང་བཅས་པ་ཚང་མ་འཁྲིད་དོ། 7དེ་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་ལ་མ་ཉན་པར། ཨི་ཇིབ་ཀྱི་གྲོང་ཁྱེར་ཏ་ཕན་ཧེསེ་བར་ཕྱིན་ནོ། 8-9དེར་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་འདི་ལྟར་གནང་ངོ་། རྡོ་ཆེན་པོ་འགའ་ཤས་བླང་ནས་གྲོང་ཁྱེར་འདིའི་གཞུང་གི་ཁང་པའི་འཛུལ་སྒོའི་མདུན་དུ་ཨར་ཁའི་རྡོ་བཅལ་འོག་སྦས་ཤིག དེ་ལྟར་ཁྱོད་ཀྱིས་བྱས་པ་དེ་ཨིསི་རཱཨེལ་པ་འགའ་ཤས་ཀྱིས་མཐོང་བ་བྱོས་ཤིག 10དེ་ནས་དེ་ཚོ་ལ་ང་མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ངའི་ཞབས་ཕྱི་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་ས་གནས་འདིར་འཁྲིད་པ་དང་། ཁོང་གིས་ཁྱོད་ཀྱིས་སྦས་པའི་རྡོ་འདི་ཚོའི་སྟེང་རྒྱལ་ཁྲི་རྒྱབ་ནས་ས་ཁུལ་ཡོངས་སུ་ཁོང་གི་རྒྱལ་པོའི་གུར་རྣམས་ཕུབ་པར་འགྱུར་ཞེས་སྨྲས་ཤིག 11ནེ་བུ་ཀད་ནེ་ཛར་ཡོང་ནས་ཨི་ཇིབ་འཕམ་པར་བྱེད་པར་འགྱུར། མི་མང་ནད་ཡམས་ཀྱིས་འཆི་རྒྱུར་བསྐོས་པ་རྣམས་ནད་ཡམས་ཀྱི་འཆི་བར་འགྱུར། བཙོན་དུ་འཁྲིད་པ་དང་བཙོན་དུ་འཁྲིད་པར་འགྱུར། དམག་ཏུ་གསོད་པར་བསྐོས་པ་རྣམས་དམག་དུ་གསོད་པར་འགྱུར། 12ངས་ཨི་ཇིབ་ཀྱི་ལྷ་ཁང་རྣམས་མེར་བསྲེགས་པ་དང་བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་དེ་ཚོའི་ལྷ་རྣམས་མེར་བསྲེག་པའམ་ཡང་ན་འཁྱེར་བར་བྱེད་དོ། ལུག་རྫི་ཞིག་གིས་རང་གི་གོས་ནས་ཤིག་གཙང་མར་སྒྲུག་པ་ལྟར་བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་ཨི་ཇིབ་ཡུལ་གཙང་མར་སྒྲུག་ནས་རྒྱལ་ཁའི་ངང་འཇོག་པར་མཛད་དོ། 13ཁོས་ཨི་ཇིབ་ཀྱི་ཧེ་ལི་ཨོ་པོ་ལིསེ་ཀྱི་རྡོའི་དྲན་རྟེན་རྩ་ཆེན་རྣམས་མེད་པར་བཟོ་པ་དང་། ཨི་ཇིབ་པའི་ལྷ་ཚོའི་ལྷ་ཁང་ཚོ་ཡང་སྲེག་པར་མཛད་དོ༎

ཡེར་མི་ཡཱ། 44

གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་དུ་ཡོད་པའི་ཨིསི་རཱཨེལ་པ་ཚོར་གསུང་འཕྲིན་གནང་བ།

1གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་ཀྱི་མིག་དྷོལ་དང་ཐ་ཕན་ཧེས་དང་མེམ་ཕིསི་གྲོང་ཁྱེར་རྣམས་དང་ལྷོ་ཕྱོགས་ཁུལ་གྱི་ལུང་པར་གནས་སྡོད་བྱེད་མཁན་ཨིསི་རཱཨེལ་པ་རྣམས་ཀྱི་སྐོར་ལ་ང་ལ་བཀའ་མོལ་གནང་བྱུང་། 2ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་བཀའ་གནང་བ། ཁྱོད་ཚོ་རང་ཉིད་ཀྱིས་ངས་ཡེ་རུ་ཤ་ལེམ་དང་གཞན་ཡ་ཧུ་དཱ་གྲོང་ཁྱེར་ཚང་མའི་ནང་སྟོར་བཤིགས་བཏང་ཡོད། ད་ལྟ་ཡང་དེ་ཚོ་གྱང་གོག་ཏུ་གནས་ཡོད་པ་དང་། དེར་སྡོད་མཁན་སུ་ཡང་མེད་དོ། 3གང་ལ་ཟེར་ན། དེ་ཚོའི་མི་མང་གིས་ལས་ངན་པ་གྱིས་པ་དང་ང་ལ་ཁྲོ་རུ་འཇུག་ཡོད་དོ། དེ་ཚོས་ལྷ་གཞན་ཚོར་མཆོད་པ་ཕུལ་བ་དང་ཁྱོད་དང་དེ་ཚོའི་ཕ་མེས་ཚོས་རྩ་བ་ནས་མ་མཆོད་པའི་ལྷ་གཞན་ཚོའི་ཞབས་ཕྱི་ཞུ་ཡོད་དོ། 4ངས་ངའི་ཞབས་ཕྱི་ལུང་སྟོན་པ་ཚོ་མུ་མཐུ་བཏང་ནས་ཁྱོད་ཚོར་ང་མི་དགའ་བའི་བྱ་བ་ཐབས་སྡུག་དེ་ཚོ་མ་བྱེད་ཅིག་སྨྲས་ཡོད་དོ། 5འོན་ཀྱང་ཁྱོད་ཚོས་མི་ཉན་པ་མ་ཟད་དོ་སྣང་ཙམ་ཡང་མ་བྱས་པར། ཁྱོད་ཚོས་ལྷ་གཞན་ཚོར་དམར་མཆོད་འབུལ་རྒྱུ་སྲོལ་ངན་པ་དེ་ཚོ་དོར་མེད་དོ། 6དེ་འདྲ་སོང་ཙང་ངའི་ཁྲོ་བ་དང་ཚིག་དྲག་པོ་ཡ་ཧུ་དཱའི་གྲོང་ཁྱེར་ཁག་དང་ཡེ་རུ་ཤ་ལེམ་གྱི་རྒྱ་ལམ་སྟེང་ཕབ་ནས་དེ་ཚོ་མེར་བསྲེགས་བཏང་བ་ཡིན་ནོ། དེ་ཚོ་གྱང་གོག་ཏུ་ལྷག་ཡོད་པ་དང་། དེང་སང་ཡང་འཇིགས་སུ་རུང་བའི་མཐོང་ཡུལ་དུ་འགྱུར་ཡོད་དོ། 7དེ་འདྲ་སོང་ཙང་ང་ཀུན་དབང་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ཁྱོད་ཚོས་བྱ་བ་ངན་པ་དེ་ལྟར་ཅིའི་ཕྱིར་བྱེད་བཞིན་ཡོད་འདྲི་རྒྱུ་ཡིན། ཁྱོད་ཚོས་ཁྱོ་དང་བུད་མེད་དང་བུ་ཕྲུག་དང་བྱིས་པ་བཅས་ཀྱི་སྟེང་རྐྱེ་ངན་ཕབ་ནས་ཁྱོད་ཚོའི་མི་མང་སུ་ཡང་མི་ལྷག་པ་བཟོས་འདོད་ཡོད་དམ། 8ཁྱོད་ཚོ་གནས་སྡོད་བྱེད་ཡོད་པའི་ཨི་ཇིབ་ཡུལ་འདིར་ཁྱོད་ཚོས་སྐུ་འདྲར་མཆོད་ཅིང་ལྷ་གཞན་ཚོར་དམར་མཆོད་ཕུལ་ནས་ང་ཅི་ལ་ཁྲོ་རུ་འཇུག་གིས་ཡོད་དམ། ཁྱོད་ཚོས་ས་གཞིའི་མི་རིགས་ཡོངས་ཀྱིས་ཁྱོད་ཚོར་དམའ་འབེབས་བྱེད་པ་དང་། ཁྱོད་ཚོའི་མིང་དམོད་པར་འབོད་ཕྱིར་ཁྱོད་ཚོ་རང་ཉིད་མེད་པར་བཟོ་རྒྱུར་བྱེད་པ་ཡིན་ནམ། 9ཁྱོད་ཚོའི་ཕ་མེས་ཚོ་དང་ཡ་ཧུ་དཱའི་རྒྱལ་པོ་ཚོ་དང་དེ་ཚོའི་བུད་མེད་དང་བཅས་ཁྱོད་ཚོ་དང་ཁྱོད་ཚོའི་ཆུང་མ་ཚོས་ཡ་ཧུ་དཱའི་གྲོང་ཁྱེར་ཚོ་དང་ཡེ་རུ་ཤ་ལེམ་གྱི་རྒྱ་ལམ་སྟེང་སྤྱོད་ཚུལ་ངན་པ་བྱས་པ་རྣམས་བརྗེད་སོང་ངམ། 10འོན་ཀྱང་དུས་ད་རིང་བར་ཁྱོད་ཚོ་ཉམ་ཆུང་གྱིས་མེད་དོ། ཁྱོད་ཚོས་ང་ལ་གུས་ཞབས་བྱས་མེད་པ་དང་། ངས་ཁྱོད་ཚོ་དང་ཁྱོད་ཚོའི་ཕ་མེས་ཚོར་སྤྲད་པའི་བཀའ་ཁྲིམས་ལྟར་བསྡད་མེད་དོ། 11དེ་འདྲ་སོང་ཙང་ང་མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག། ཁྱོད་ཚོའི་རྒྱབ་འགལ་དུ་འགྱུར་ནས་ཡ་ཧུ་དཱ་ཚང་མ་མེད་པར་བཟོའོ། 12ཡ་ཧུ་དཱའི་མི་མང་ལྷག་མ་རྣམས་ཨི་ཇིབ་དུ་གནས་སྡོད་བྱེད་པར་འགྲོ་མཁན་རྣམས་ངས་གཅིག་ཀྱང་མ་ལུས་པར་མེད་པར་བཟོ་རྒྱུ་ཡིན། དེ་ཚོ་ཆེ་ཆུང་ཚང་མ་ཨི་ཇིབ་དུ་དམག་འམ་མུ་གེས་འཆི་བར་འགྱུར། དེ་ཚོ་འཇིགས་སུ་རུང་བའི་མཐོང་ཚུལ་དུ་འགྱུར་བ་དང་མི་མང་གིས་དེ་ཚོ་ལ་དམའ་འབེབས་བྱེད་པ་དང་དེ་ཚོའི་མིང་དམོད་ནས་འབོད་པར་བྱེད་དོ། 13ངས་ཡེ་རུ་ཤ་ལེམ་ལ་དམག་དང་མུ་གེ་དང་ནད་ཡམས་བཅས་ཀྱི་ཆད་པ་བཏང་བ་ལྟར། ངས་ཨི་ཇིབ་དུ་སྡོད་མཁན་རྣམས་ལའང་ཆད་པ་གཏོང་རྒྱུ་ཡིན་ནོ། 14ཡ་ཧུ་དཱའི་ལྷག་ལུས་མི་མང་ཨི་ཇིབ་དུ་གནས་སྡོད་བྱེད་པར་ཡོང་མཁན་གཅིག་ཀྱང་ཐར་བ་ཡང་ན་གསོན་པར་མི་འགྱུར། དེ་ཚོ་སླར་ཡང་གནས་སྡོད་བྱ་བར་སྡོད་མཁན་སུ་ཡང་ཡ་ཧུ་དཱར་ཕྱིར་ལོག་པར་མི་འགྱུར། འོན་ཀྱང་བཙན་བྱོལ་བ་འགའ་ཤས་ཕྱིར་ལོག་པར་འགྱུར་རོ། 15དེ་ནས་ཁྱོ་ཚང་མའི་ཆུང་མ་ཚོས་ལྷ་གཞན་ལ་མཆོད་ཀྱི་ཡོད་པ་ཤེས་མཁན་རྣམས་དང་། དེར་ལངས་ནས་ཡོད་པ་བུད་མེད་ཡོངས་དང་ཨི་ཇིབ་ཀྱི་ལྷོ་ཕྱོགས་སུ་གནས་སྡོད་བྱེད་པའི་ཨིསི་རཱཨེལ་པ་ཚོ་དང་། མི་ཚོགས་ཆེན་པོ་བཅས་ནས་ང་ལ་འདི་ལྟར་སྨྲས་སོ། 16གཙོ་བོ་དཀོན་མཆོག་གི་མཚན་ནས་ཁྱོད་ཀྱིས་ཇི་ལྟར་བཤད་པར་ང་ཚོ་ཉན་རྒྱུ་མ་ཡིན། 17ང་ཚོས་བྱ་གི་ཡིན་བརྗོད་པ་ཚང་མ་ང་ཚོས་བྱ་རྒྱུ་ཡིན། ང་ཚོའི་ལྷ་མོ་མཐོ་རིས་ཀྱི་རྒྱལ་མོར་དམར་མཆོད་དང་། ང་ཚོའི་ཕ་མེས་ཚོ་དང་ང་ཚའི་རྒྱལ་པོ་དང་འགོ་འཁྲིད་ཚོས་ཡ་ཧུ་དཱའི་གྲོང་ཁྱེར་ཚོ་དང་ཡེ་རུ་ཤ་ལེམ་གྱི་རྒྱ་ལམ་ལ་བྱས་པ་ལྟར་ང་ཚོས་ཁོང་ལ་རྒུན་ཆང་གི་མཆོད་པ་འབུལ་རྒྱུ་ཡིན། དེ་དུས་ང་ཚོར་ཁ་ཟས་འབོལ་པོ་དང་ཡར་རྒྱས་ཕུན་སུམ་ཚོགས་པ་དང་དཀའ་ངལ་གང་ཡང་མ་བྱུང་ངོ་། 18འོན་ཀྱང་ང་ཚོས་མཐོ་རིས་ཀྱི་རྒྱལ་མོར་དམར་མཆོད་འབུལ་རྒྱུ་དང་རྒུན་ཆང་གི་མཆོད་པ་འབུལ་རྒྱུ་མཚམས་འཇོག་བྱས་པ་ནས་བཟུང་ང་ཚོར་གང་ཡང་མེད་པ་བྱུང་བ་དང་ང་ཚོའི་མི་མང་དམག་དང་མུ་གེས་འཆི་བ་རེད་ཅེས་སྨྲས་སོ། 19བུད་མེད་ཚོས་ང་ཚོའི་ནམ་མཁའི་རྒྱལ་མོའི་དབྱིབས་ལྟར་བག་ལེབ་སྲབ་པོ་བཟོས་ནས་མོ་ལ་དམར་མཆོད་ཕུལ་བ་དང་རྒུན་ཆང་གི་མཆོད་པ་འབུལ་སྐབས་ང་ཚོའི་ཁྱོ་ཚོས་ང་ཚོའི་གང་བྱས་པར་ངོས་ལེན་བྱས་ཡོད་ཅེས་སྨྲས་སོ། 20དེ་ནས་ངས་ཁྱོ་དང་སྐྱེད་དམན་རྣམས་ནས་ང་ལ་དེ་ལྟར་ལན་འདེབས་བྱ་མཁན་རྣམས་ལ་ངས་འདི་ལྟར་སྨྲས་པ་ཡིན། 21ཁྱོད་དང་ཁྱོད་ཚོའི་ཕ་མེས་ཚོ་དང་ཁྱོད་ཚོའི་རྒྱལ་པོ་ཚོ་དང་འགོ་འཁྲིད་ཚོ་དང་ཡུལ་གྱི་མི་མང་བཅས་པས། ཡ་ཧུ་དཱའི་གྲོང་ཁྱེར་དང་ཡེ་རུ་ཤ་ལེམ་གྱི་རྒྱ་ལམ་དུ་དམར་མཆོད་ཕུལ་བ་དེ་ཁྱོད་ཚོའི་བསམ་བློར་གཙོ་བོ་དཀོན་མཆོག་གིས་མི་མཁྱེན་པ་དང་། ཁོང་གིས་བརྗེད་པ་རེད་བསམ་གྱི་འདུག་གམ། 22ཉི་མ་དེ་རིང་ཁྱོད་ཚོའི་ཡུལ་གྱང་གོག་ཏུ་ལུས་ཡོད་པ་དང་། དེའི་ནང་སྡོད་མཁན་སུ་ཡང་མེད། དེ་ནི་འཇིགས་སུ་རུང་བའི་མཐོང་ཡུལ་དུ་འགྱུར་བ་དང་མི་མང་གི་དེའི་མིང་ནས་དམོད་པར་འབོད་ཡུལ་ཞིག་ཏུ་འགྱུར་ཡོད་དོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་སྤྱོད་ངན་དང་ལག་ལེན་ངན་པ་ཁག་ལ་ཐུགས་བཟོད་གནང་མི་ཐུབ་བོ། 23ཁྱོད་ཚོས་ལྷ་གཞན་ལ་དམར་མཆོད་ཕུལ་བ་དང་གཙོ་བོ་དཀོན་མཆོག་གི་བཀའ་རྣམས་ལ་མ་ཉན་པར་ཁོང་གི་སྤྱན་སྔ་སྡིག་པ་གྱིས་པའི་རྐྱེན་གྱིས་ཁྱོད་ཚོར་ད་ལྟའི་རྐྱེན་ངན་དེ་བྱུང་བ་ཡིན་ནོ། 24-25ངས་མི་མང་རྣམས་དང་དམིགས་བསལ་དུ་བུད་མེད་ཚོ་ལ་མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་ཨི་ཇིབ་དུ་སྡོད་མཁན་ཡ་ཧུ་དཱའི་མི་མང་རྣམས་ལ་ཇི་ལྟར་བཀའ་གནང་བ་འདི་བཤད་པ་ཡིན། ཁྱོད་དང་ཁྱོད་ཚོའི་ཆུང་མ་ཚོས་མཐོ་རིས་ཀྱི་རྒྱལ་མོ་ལ་དམ་བཅའ་ནན་པོ་གྱིས་ཡོད། ཁྱོད་ཚོས་མོ་ལ་དམར་མཆོད་འབུལ་རྒྱུ་དང་རྒུན་ཆང་གི་མཆོད་པ་འབུལ་རྒྱུའི་དམ་བཅའ་བྱས་ཡོད་པ་དང་ཁྱོད་ཚོས་དམ་བཅའ་དེ་ཚོ་སྲུང་ཡོད་དོ། དེ་བས་ན་ཁྱོད་ཚོས་དམ་བཅའ་རྣམས་དང་ཁས་ལན་གྱིས་པ་རྣམས་སྲུངས་ཤིག 26འོན་ཀྱང་ད་ཆ་ང་གཙོ་བོ་དཀོན་མཆོག་གིས་ངའི་མཐུ་སྟོབས་ཅན་གྱི་མིང་ཐོག་ཨི་ཇིབ་དུ་ཡོད་པའི་ཨིསི་རཱཨེལ་པ་རྣམས་ལ་དམ་བཅའ་བྱས་པར་ཉོན་ཞིག ད་ཕྱིན་ཆད་ངས་ཁྱོད་ཚོ་སུས་ཀྱང་ལ་ང་གསོན་པའི་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གི་མཚན་ནས་མནའ་བསྐྱེལ་རྒྱུ་ཡིན་ཟེར་ནས་ངའི་མིང་ནམ་ཡང་བེད་སྤྱོད་བྱེད་དུ་འཇུག་རྒྱུ་མིན། 27ངས་ཁྱོད་ཚོ་འཕེལ་རྒྱས་མི་འགྲོ་བར་འོན་ཀྱང་མེད་པར་སོང་བར་བལྟ་རྒྱུ་ཡིན། ཁྱོད་ཚོ་གཅིག་ཀྱང་མ་ལྷག་བར་ཁྱོད་ཚོ་ཚང་མ་དམག་ཡང་ན་ནད་ཡམས་ཀྱིས་འཆི་བར་འགྱུར་རོ། 28འོན་ཀྱང་ཁྱོད་ཚོ་འགའ་ཤས་འཆི་བ་ལས་ཐར་བ་དང་ཨི་ཇིབ་ནས་ཡ་ཧུ་དཱར་ཕྱིར་ལོག་ཐུབ་པར་འགྱུར། དེ་ནས་གསོན་པོར་གནས་པ་ཚོས་ངའི་གཏམ་དང་དེ་ཚོའི་གཏམ་རྣམས་ལ་སུའི་བདེན་པར་ཡིན་པ་རྟོགས་པར་འགྱུར་རོ། 29ང་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་ཡུལ་འདིར་ཉེས་ཆད་གཏོང་རྒྱུ་དང་། ངས་ཁྱོད་ཚོར་སྟོར་བཤིགས་གཏོང་རྒྱུའི་ཁས་ལེན་གྱིས་པ་དངོས་སུ་སྒྲུབ་པའི་རྟགས་མཚན་སྤྲོད་རྒྱུ་ཡིན། 30ངས་ཡ་ཧུ་དཱའི་རྒྱལ་པོ་ཛེ་དེ་ཀི་ཡཱ་ཁོང་གི་དགྲ་བོས་ཁོང་གསོད་པར་འདོད་མཁན་བྷེ་བྷི་ལོན་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱི་ལག་ཏུ་རྩིས་སྤྲོད་གྱིས་པ་ལྟར། ངས་ཨི་ཇིབ་ཀྱི་རྒྱལ་པོ་ཧོཕ་ར་ཡང་ཁོང་གི་དགྲ་བོ་ཁོང་གསོད་པར་འདོད་མཁན་གྱི་ལག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན་ནོ༎

ཡེར་མི་ཡཱ། 45

བྷ་རུག་ལ་དཀོན་མཆོག་གི་ཞལ་བཞེས་གནང་བ།

1ཡོ་ཤི་ཡཱའི་སྲས་ཡེ་ཧོ་ཡ་ཀིམ་ཡ་ཧུ་དཱའི་རྒྱལ་པོ་གནང་བའི་ལོ་བཞི་པར་ངས་སྔོན་དུ་དཔོད་པ་རྣམས་བྷ་རུག་གིས་བྲིས་པ་ཡིན་ནོ། དེ་ནས་ངས་ཁོ་ལ་སྨྲས་པ་ཡིན། 2གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གིས་བཀའ་གནང་བ་འདི་ཀད་དུ། བྷ་རུག། 3ཁྱོད་ཀྱིས་ད་ང་དབྱུགས་བཞག་གི་ཡིན། གཙོ་བོ་དཀོན་མཆོག་གིས་ང་ལ་སྡུག་བསྔལ་དང་དཀའ་ངལ་ལ་སྣོན་ཞིང་འདུག སྡུག་སྐད་འདོན་འདོན་ཉི་ཀྱིས་ང་ཐང་ཆད་སོང་། ང་ལ་ངལ་གསོ་ཐོབ་ཀྱི་མི་འདུག་ཅེས་ཤོད་བཞིན་ཡོད་དོ། 4འོན་ཀྱང་ང་གཙོ་བོ་དཀོན་མཆོག་གིས་ངས་བཟོས་པ་རྣམས་བཤིགས་པ་དང་བཙུག་པ་རྣམས་བཀོག་བཞིན་ཡོད། ངས་དེ་ལྟར་ས་གཞི་ཡོངས་ལ་བྱ་རྒྱུ་ཡིན། 5ཁྱོད་ཀྱིས་དམིགས་བསལ་གྱི་མགྲོན་པོ་ཞིག་ཡིན་པ་འཚོལ་བཞིན་ཡོད་དམ། དེ་ལྟར་མ་བྱེད་ཅིག། ངས་འགྲོ་བ་ཡོངས་ལ་རྐྱེན་ངན་གཏོང་བཞིན་ཡོད་འོན་ཀྱང་ཁྱོད་གང་དུ་སོང་ཡང་ཁྱོད་ཀྱི་སྲོག་ཐར་བར་འགྱུར་རོ། ང་གཙོ་བོ་དཀོནམཆོག་གིས་སྨྲས་པ་ཡིན་ནོ༎

ཡེར་མི་ཡཱ། 46

ཀར་ཀེ་མིཤ་རུ་ཨི་ཇིབ་འཕམ་པ།

1གཙོ་བོ་དཀོན་མཆོག་གིས་ང་ལ་མི་མང་ཚོའི་སྐོར་ལ། 2ཨི་ཇིབ་ནས་མགོ་འཛུག་ནས་བཀའ་གནང་བ། ཡེ་ཧོ་ཡ་ཀིམ་ཡ་ཧུ་དཱའི་རྒྱལ་པོ་གནང་བའི་ལོ་བཞི་པའི་སྐབས་བྷེ་བྷི་ལོན་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་གཙང་པོ་ཡུབ་རད་ཀྱི་ཉེ་འགྲམ་ཀར་ཀེ་མིཤ་རུ་འཕམ་པར་མཛད་པའི་ཨི་ཇིབ་ཀྱི་རྒྱལ་པོ་ནི་ཀོའི་དམག་མིའི་སྐོར་བཀའ་གནང་བ་འདི་ལྟར་ཡིན། 3ཨི་ཇིབ་པ་ཡི་འགོ་འཛིན་སྐད་རྒྱབ་པ། ཁྱོད་ཚོའི་ཕུབ་རྣམས་གྲ་སྒྲིགས་དམག་སར་རྒྱུགས། 4ཁྱོད་ཚོའི་རྟ་ལ་སྒ་ཆས་གཡོག་ནས་ཞོན། ཁྱོད་ཚོ་བྲལ་སྒྲིགས་བྱས་ནས་རྨོག་གྱོན་ཞིག། ཁྱོད་ཚོའི་མདུང་རྣམས་རྣོ་བཟོས་ཁྲབ་གྱོན་ཞིག 5ངས་ཇི་མཐོང་གཙོ་བོ་དཀོན་མཆོག་བཀའ་འདྲི་གནང་། དེ་ཚོ་འཇིགས་ནས་ཕྱིར་འཐེན་བསྒྱུར་བཞིན་འདུག། དེ་ཚོའི་དམག་མི་རྣམས་ནི་ཕམ་པར་བྱས། དེ་ཚོ་འཇིགས་ནས་ཕྱི་མིག་མི་བལྟ་བར། གང་མགྱོགས་ཅི་མགྱོགས་དེ་ཚོ་བྲོས་བཞིན་འདུག། 6མགྱོགས་པར་རྒྱུགས་ཀྱང་དེ་ཚོ་བྲོས་མི་འགྱུར། དམག་མི་རྣམས་ནི་ཐར་བར་མི་འགྱུར་རོ། བྱང་དུ་ཡུབ་རད་འགྲམ་དུ་འཁྱོར་ནས་རིལ། 7ན་ཨེལ་ལྟ་བུར་འཕེལ་ཞིང་གཙང་ཆུ་ལྟར། ཆུ་ལོག་རྒྱུགས་པ་དེ་ནི་ཅི་ཞིག་ཡིན། 8ཨི་ཇིབ་ཡུལ་ནི་ན་ཨེལ་ལྟ་བུར་འཕེལ། རྒྱུགས་ཆུ་ལྟ་བུ་གཙང་འགྲམ་ཆུ་ལོག་རྒྱུགས། ཨི་ཇིབ་ང་ནི་འཕེལ་ཞིང་ས་གཞི་འགེབ། གྲོང་ཁྱེར་དང་ནི་དེར་གནས་མི་མང་རྣམས། ང་ཡིས་མེད་པར་བཟོ་རྒྱུ་ཡིན་ཞེས་སྨྲས། 9རྟ་ཚོར་འགྲོ་དགོས་པ་ཡི་བཀའ་གཏོང་ཞིག། ཤིང་རྟ་འཁོར་ལོར་རྒྱུགས་དགོས་བཀའ་གཏོང་ཞིག། ཨི་ཐི་ཨོ་པི་ཡ་ལིབ་ཡའི་ཕུབ་ཐོག་མི་རྣམས་དང་། རྩལ་དང་ལྡན་པའི་ལི་ཌི་ཡའི་མདའ་པ་ཚོ། དམག་དཔུང་ཁག་ཚོ་ཕྱིར་རུ་གཏོང་བར་བྱོས། 10ཉིན་མོ་འདི་ནི་བླ་མེད་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ཁོང་གི་ཉིན་མོ་ཡིན། དེ་རིང་ཁོང་གིས་དགྲ་ཤ་ལེན་པར་མཛད། དེ་རིང་ཁོང་གིས་དགྲ་བོར་ཆད་པ་གཏོང་། ཁོང་གི་རལ་གྲིས་མ་ཁེངས་བར་དུ་ཟ། དེ་ཚོའི་ཁྲག་ནི་འདོད་པ་མ་ཁེངས་འཐུང་། དེ་རིང་བྱང་དུ་ཡུབ་རད་འགྲམ། ཀུན་དབང་ལྡན་པས་ཁོང་གི་དགྲ་བོ་རྣམས། དམར་མཆོད་ཆེད་དུ་འབུལ་བར་མཛད་རྒྱུ་ཡིན། 11ཨི་ཇིབ་ཀྱི་མི་མང་གྷིལ་ཨད་དུ། སོང་ནས་དེ་རུ་སྨན་དེ་འཚོལ་བར་བྱོས། ཁྱོད་ཚོའི་སྨན་རྣམས་ཕན་མེད་དུ་འགྱུར་ཡོད། ཁྱོད་ཚོ་གང་གིས་ཀྱང་ནས་དྲག་མི་ཐུབ། 12ཁྱོད་ཚོའི་ངོ་ཚའི་གཏམ་དེ་མི་མང་ཐོས། ཁྱོད་ཚོ་ཚང་མ་ཐམས་ཅད་ངུ་བ་ཐོས། དམག་མི་དམག་མི་སྟེང་དུ་ཐོག་པར་འགྱུར། དེ་ཚོ་གཉིས་ཀ་ས་ལ་འགྱེལ་བར་འགྱུར༎

ནེ་བུ་ཀད་ནེ་ཛར་ཡོང་རྒྱུ།

13བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་ཨི་ཇིབ་དུ་འཐབ་པར་སླེབས་སྐབས་སུ་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བར། 14ཨི་ཇིབ་ཡུལ་གྱི་གྲོང་ཁྱེར་ཁག་ནང་དང་། མིག་དྷོལ་མེམ་ཕིསི་ནི་ཏ་ཕན་ནེ། བཅས་ཀྱི་ནང་དུ་བཀའ་རྒྱ་སྒྲོགས་པར་བྱོས། ཁྱོད་ཚོ་རང་ཉིད་སྲུང་རྒྱུར་གྲ་སྒྲིགས་བྱོས། ཁྱོད་ཚོར་ཡོད་པ་དམག་ཏུ་མེད་པར་བཟོ། 15ཁྱོད་ཚོའི་སྟོབས་ཆེན་ལྷ་ནི་ཨ་པིསི། གང་གི་དོན་དུ་ལྷུང་བར་འགྱུར་བ་ཡིན། གཙོ་བོ་དཀོན་མཆོག་ཁོང་གིས་ཁོ་ལ་མར་བརྡབས་གནང་། 16ཁྱོད་ཚོའི་དམག་མི་ཐོག་ནས་འགྱེལ་ཡོད་དོ། དེ་ཚོ་གཅིག་གིས་གཅིག་ལ་འདི་ལྟར་སྨྲ། མགྱོགས་པར་རང་ཁྱིམ་མི་མང་སར་ལོག་འགྲོ། ངེད་ཚོ་དགྲ་བོའི་གྲི་ནས་བྲོས་ཐར་དགོས། 17ཁོ་པའི་གོ་སྐབས་རླག་པའི་ཀུ་ཅོ་ཅན་གྱི་འུར་ཤོབ་ཤོད་མཁན་ཞེས། ཨི་ཇིབ་ཀྱི་རྒྱལ་པོར་མིང་གསར་སྤྲོད། 18ང་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་རྒྱལ་པོ་ཡིན་ནོ། ང་ནི་གསོན་པོའི་དཀོན་མཆོག་དེ་ཡིན་ནོ། རི་རྣམས་ལས་མཐོ་བར་ཏ་བྷོར་རི་དང། རི་བོ་ཀར་མེལ་རྒྱ་མཚོ་ལས་མཐོ་བར་ཡོད་ལྟར། ཁྱོད་ཚོར་འཐབ་མཁན་གྱི་སྟོབས་ཤུགས་ཡོད་པར་འགྱུར། 19ཨི་ཇིབ་ཡུལ་གྱི་མི་མང་ཁྱོད་ཚོ་རྣམས། བཙོན་དུ་འགྲོ་བར་བྱ་རྒྱུར་གྲ་སྒྲིགས་བྱོས། མེམ་ཕིསི་དེ་བཞིན་བྱེད་ཐང་གྱང་གོག་འགྱུར། སུ་ཡང་གནས་སྡོད་མི་བྱེད་མཁན་ཞིག་བཟོས། 20ཨི་ཇིབ་ཡུལ་འདི་བ་ཕྱུགས་རྫིག་པོ་ཞིག། བྱང་ནས་མདུང་བཙུག་སྦྲང་མས་འཐབ་ལྟར་འདྲ། 21རྒྱུགས་ནས་བེའུ་ལྟར་གླས་པའི་དམག་མི་ཡིན། དེ་ཚོས་གདོང་ལེན་གྱིས་འཐབ་མ་ཐུབ་པར། དེ་ཚོ་ཚང་མ་ཁ་བསྒྱུར་བྲོས་ནས་སོ། དེ་ཚོ་སྟོར་བཤིགས་བྱ་བའི་དུས་ཚོད་དང་། དེ་ཚོའི་འཇིག་པའི་ཉི་མ་སླེབས་ཡོད་དོ། 22དགྲ་བོའི་དམག་དཔུང་ཉེ་འགྲམ་དུ་སླེབས་སྐབས། ཨི་ཇིབ་པ་ཡི་ཤུགས་སྒྲས་སྦྲུལ་ལྟར་བྲོས། མི་ཚོས་ཤིང་སྡོང་གཅོད་པ་ལྟ་བུར། དེ་ཚོས་མོ་ལ་སྟ་རིས་འཐབ་པར་བྱེད། 23ཤིང་ནགས་སྟུག་པོ་དེ་ཚོ་མེད་པར་བཟོས། དེ་ཚོའི་མི་རྣམས་གྲངས་ཀ་མང་པོ་ཡོད། དམག་མིའི་གྲངས་འབོར་ཆ་ག་འབུ་ལས་མང་། 24ཨི་ཇིབ་པ་ཡི་མི་མང་ངོ་ཚར་འཇུག། དེ་ཚོ་བྱང་གི་མི་ཚོས་དབང་བར་འགྱུར། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན། 25མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་བཀའ་གནང་བ། ངས་ཐེ་བེསི་ཀྱི་ལྷ་ཨ་མོན་དང་ཨི་ཇིབ་དང་དེའི་ལྷ་ཚོ་དང་རྒྱལ་པོ་དང་བཅས་པར་ཉེས་ཆད་གཏོང་རྒྱུ་ཡིན། ངས་ཨི་ཇིབ་ཀྱི་རྒྱལ་པོ་དང་ཁོང་ལ་བློ་གཏད་ཞུ་མཁན་རྣམས་འཁྲིད་ནས། 26དེ་ཚོ་གསོད་པར་འདོད་མཁན་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་དང་ཁོང་གི་དམག་མིའི་ལག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན། འོན་ཀྱང་དེའི་རྗེས་སུ་འདས་པའི་དུས་སྐབས་ལྟར་སླར་ཡང་ཨི་ཇིབ་དུ་མི་མང་སྡོད་པར་བྱེད་དོ། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

གཙོ་བོ་དཀོན་མཆོག་གི་མི་མང་སྐྱོབས་པར་མཛད་རྒྱུ།

27ང་ཡི་མི་མང་ཁྱོད་ཚོ་མ་འཇིགས་ཤིག། ཨིསི་རཱཨེལ་པ་ཚོ་དངངས་སྐྲག་མ་བྱེད་ཅིག། ཁྱོད་ཚོ་བཅོན་དུ་གནས་པའི་ཡུལ་དེ་བཞིན། ཐག་རིང་ཡུལ་ནས་ང་ཡིས་སྐྱོབས་པར་བྱེད། ཁྱོད་ཚོ་ཁྱིམ་དུ་ལོག་ནས་ཞི་བདེར་གནས། ཁྱོད་རྣམས་བཙན་པོར་གནས་པར་འགྱུར་བ་དང་། སུས་ཀྱང་ཁྱོད་ཚོར་འཇིགས་བསྐུལ་མི་བྱེད་དོ། 28ང་རང་ཡོང་ནས་ཁྱོད་ཚོ་སྐྱོབས་རྒྱུ་ཡིན། ང་ཡིས་ཁྱོད་ཚོ་ཁ་འཐོར་བཏང་བའི་མི་རིགས་ཚོ། དེ་ཚོ་ཚང་མ་མེད་པར་བཟོ་རྒྱུ་ཡིན། འོན་ཀྱང་ཁྱོད་ཚོར་མེད་པར་མི་བཟོའོ། ང་ཡིས་ཁྱོད་ཚོར་ཉེས་མེད་ངས་མི་འཇོག། འོན་ཀྱང་ངས་ཁྱོད་ཚོ་ཉེས་ཆད་གཏོང་སྐབས་དྲང་པོ་བྱ་རྒྱུ་ཡིན། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན༎

ཡེར་མི་ཡཱ། 47

གཙོ་བོ་དཀོན་མཆོག་གིས་ཕེ་ལེ་ཤེད་ཀྱི་སྐོར་ལ་གསུང་འཕྲིན་གནང་བ།

1ཨི་ཇིབ་ཀྱི་རྒྱལ་པོས་གྷ་ཛ་ལ་མ་འཐབ་སྔོན་ལ་གཙོ་བོ་དཀོན་མཆོག་གིས་ང་ལ་ཕེ་ལེ་ཤེད་ཀྱི་སྐོར་ལ་གསུང་འཕྲིན་གནང་ངོ་། 2གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བར། ལྟོས་དང་བྱང་ནས་ཆུ་ནི་འཕེལ་ཞིང་ཡོད། རྒྱུགས་ཆུ་ཆུ་ལོག་བཞིན་དུ་རྒྱུགས་པར་བྱེད། དེ་ཡིས་ཡུལ་དང་དེའི་སྟེང་ཡོད་ཚད་དང་། གྲོང་ཚོ་དང་ནི་གནས་སྡོད་མང་པོ་འགེབ། མི་མང་རོགས་རམ་ཆེད་དུ་འབོད་བསྐུལ་བྱེད། ས་གཞིའི་སྟེང་ཡོད་ཚང་མས་དྲག་པོས་ངུ་། 3དེ་ཚོས་རྟ་ཚོའི་རྨིག་པའི་སྒྲ་སྒྲོགས་དང་། ཤིང་རྟ་འཁོར་ལོ་ཚོ་ཡི་སྒྲ་སྒྲོགས་དང་། འཁོར་ལོ་འཁོར་བའི་ལྡིར་སྒྲ་བཅས་ཐོས་འགྱུར། ཕ་མ་ཚོས་བུ་ཕྲུག་ཚོར་རོགས་བྱེད་ཕྱིར་ཕྱི་མིག་མི་བལྟ་ཞིང་། དེ་ཚོའི་ཡན་ལག་དེ་ཚོས་ཕྱོགས་སུ་འཕྱར། 4ཕེ་ལེ་ཤེད་མེད་པར་བཟོ་བའི་དུས་སླེབས་ཡོད། ཊ་ཡར་དང་སི་དོན་ནས་ཡོང་བའི་རོགས་རྣམས་མེད་པར་འགྱུར། གཙོ་བོ་དཀོན་མཆོག་ང་ཡིས་ཀི་རི་ཏི་གླིང་ཕྲན་ནས་ཡོང་མཁན་ཕེ་ལེ་ཤེད་པ་ཚང་མ་མེད་པར་བཟོས། 5གྷ་ཛའི་མི་ཚོར་སྡུག་བསྔལ་ཆེན་པོ་བྱུང་། ཨཤ་ཀེ་ལོན་གྱི་མི་རྣམས་ཁུ་སིམ་གནས། ཕེ་ལེ་ཤེད་ཀྱི་ལྷག་འཕྲོས་གཞན་ཚང་མ། དུས་ཡུན་ཇི་ཙམ་རིང་ལ་མྱ་ངན་བྱེད། 6ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་གི་རལ་གྲི་དེ། དུས་ཡུན་ཇི་རིང་ཁྱེད་ཀྱིས་ང་ཚོར་གཅོད་གནང་ངམ། ཁྱེད་ཀྱི་རལ་གྲིའི་ཤུབ་ནང་ཕྱིར་འཛུལ་ནས། དེ་གར་བསྡད་ནས་ངལ་གསོས་རྒྱབ་ཅེས་ཁྱོད་ཚོས་འབོད། 7འོན་ཀྱང་ངས་དེར་ལས་འགན་བྱེད་དགོས་སྤྲད་ཡོད་སྐབས། དེ་ཡིས་ངལ་གསོ་ཇི་ལྟར་བྱེད་ནུས་སམ། ཨཤ་ཀེ་ལོན་དང་མཚོ་འགྲམ་གནས་པའི་མིར། ང་ཡི་དེ་ཚོར་འཐབ་དགོས་བཀའ་བཏང་ཡོད༎

ཡེར་མི་ཡཱ། 48

མོ་ཨབ་སྟོར་བཤིགས་བཏང་བ།

1མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་གིས། མོ་ཨབ་ཀྱི་སྐོར་ལ་བཀའ་འདི་གནང་། ནེ་བྷོའི་མི་མང་ལ་ནི་སྙིང་རེ་རྗེ། དེ་ཚོའི་གྲོང་ཁྱེར་དེ་བཞིན་མེད་པར་བཟོས། ཀི་རི་ཡཱ་ཐེམ་ལ་ནི་བཙན་བཟུང་བྱ། དེ་ཡི་སྟོབས་ཆེན་འཛིང་རག་བཤིགས་པར་མཛད། དེའི་མི་མང་རྣམས་ནི་ངོ་ཚར་འཇུག། 2མོ་ཨབ་ཀྱི་གཟི་བརྗིད་རླག་ཡོད་དོ། དགྲ་བོས་ཧེཤ་བྷོན་དབང་བཟུང་བྱས་ཡོད་ཅིང་། མོ་ཨབ་ཀྱི་མི་རིགས་ཡང་གཏོར་བའི་བྱུས་ངན་བརྩོམ། མད་མེན་གྱི་གྲོང་ཁྱེར་ཁུ་ཟིམ་གནས། དེ་ཡི་ཐོག་ཏུ་དམག་དཔུང་འགྲོ་བར་བྱེད། 3ཧོ་རོ་ནེམ་མི་ཚོས་སྐད་འབོད་ཀྱིས། དྲག་ཟིངས་དང་ནི་སྟོར་བཤིགས་ཅེས་འབོད་འགྱུར། 4མོ་ཨབ་དེ་བཞིན་མེད་པར་བཟོས་ཡོད་པས། བྱིས་པ་རྣམས་ནི་ངུ་བཞིན་ཡོད་པར་ཉོན། 5ལུ་ཧིད་ལམ་བར་དུ་ངུ་བའི་སྐད་འབོད་དང་། ཧོ་རོ་ནེམ་ཐུར་དུ་སྡུག་སྐད་ཐོས། 6དེ་ཚོས་རང་གི་སྲོག་གི་ཕྱིར་བྲོས་ཤིག། བྱང་གི་ཐང་ཏུ་རྐྱང་རྒོད་ལྟར་རྒྱུགས་སྨྲས། 7མོ་ཨབ་ཁྱོད་ཀྱིས་རང་གི་སྟོབས་ཤུགས་དང་། ནོར་ལ་ཡིད་ཆེས་བློས་འགེལ་བྱས་ཡོད་དོ། འོན་ཀྱང་ད་ཆ་ཁྱོད་ཀྱང་དབང་འོག་ཚུད། རྒྱལ་སྲས་ཚོ་དང་བླ་མ་ཚོ་མཉམ་དུ། ཁྱོད་ཀྱི་ལྷ་ནི་ཀེ་མོཤ་བཙན་བྱོལ་འགྲོ་བར་འགྱུར། 8གྲོང་ཁྱེར་གཅིག་ཀྱང་སྟོར་བཤིགས་ལས་མི་ཐར། ལུང་གཤོང་དང་ནི་ཐང་གཉིས་མེད་པར་འགྱུར། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན། 9མོ་ཨབ་ཀྱི་ཆེད་དུ་སྤུར་ཁང་ཞིག་བཟོས་ཤིག། དེ་ནི་མགྱོགས་པར་མེད་པར་བཟོ་རྒྱུ་ཡིན་ནོ། དེ་ཡི་གྲོང་ཁྱེར་རྣམས་ནི་གྱང་གོག་འགྱུར། ཡང་སྐྱར་དེ་གར་གཅིག་ཀྱང་གནས་མི་ཐུབ། 10(གཙོ་བོ་དཀོན་མཆོག་གིས་ཕྱག་ལས་སེམས་ཀྱི་གཏིང་ནས་མི་བྱེད་མཁན་མི་དེ་ལ་དམོད་པར་འགྱུར། གཏུབ་པ་དང་གསོད་པར་མི་བྱེད་མཁན་མི་དེ་ལ་དམོད་པར་འགྱུར་རོ།)

མོ་ཨབ་ཀྱི་གྲོང་ཁྱེར་ཚོ་མེད་པར་བཟོ་བ།

11གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། མོ་ཨབ་རྟག་ཏུ་བརྟན་པོར་གནས་ཡོད་པ་དང་བཙན་བྱོལ་དུ་འཁྲིད་མེད། མོ་ཨབ་དེ་བཞིན་མ་དཀྲུགས་པར་བཞག་པའི་རྒུན་ཆང་བུམ་པ་གཅིག་ནས་གཅིག་ཏུ་རྩ་བ་ནས་བླུག་མེད་པ་ལྟར་ཡིན། དེའི་བྲོ་བ་རྩ་བ་ནས་འཕྲོག་རླ་མ་ཕྱིན་པ་སྔར་ལྟར་བྲོ་བ་གང་ལེགས་ཡོད་པ་ཡིན་ནོ། 12ད་ངས་མོ་ཨབ་དེ་བཞིན་རྒུན་ཆང་ལྟར་བླུག་མཁན་གྱི་མི་རྣམས་གཏོང་རྒྱུ་ཡིན། དེ་ཚོས་རྒུན་ཆང་གི་བུམ་པ་སྟོང་པ་བཟོས་ནས་དེ་ཚོ་དུམ་བུར་གཅོག་པར་བྱེད། 13དེ་ནས་ཨིསི་རཱཨེལ་པ་ཚོ་དེ་ཚོས་ཡིད་ཆེས་བློས་འགེལ་བྱེད་པའི་ལྷ་བྷེ་ཐེལ་ལ་བློ་འཁྲུལ་བ་དེ་སང་བ་ལྟར་མོ་ཨབ་པ་ཚོ་རང་གི་ལྷ་ཨེ་མོས་ལ་བློ་འཁྲུལ་བ་སང་བ་འགྱུར་རོ། 14མོ་ཨབ་པ་ཡི་མི་ཚོ་དཔའ་བོ་དང་། དམག་སར་ཞིབ་དཔྱོད་མྱོང་བའི་དམག་མི་དང་། བློ་སྟོབས་ཅན་གྱི་ཇི་ལྟར་བརྗོད་ནུས་བསམ། 15མོ་ཨབ་ཀྱི་གྲོང་ཚོ་མེད་པར་བཟོས། དེ་ཡི་ན་གཞོན་ལེགས་ཤོས་བསད་ཡོད་དོ། མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་ང་། རྒྱལ་པོ་ཡིན་པ་དང་ངས་དེ་ལྟར་སྨྲས་པ་ཡིན། 16མོ་ཨབ་ཀྱི་འཇིག་པ་ཉེ་འགྲམ་ཡོད། དེ་ནི་མགྱོགས་པོར་མེད་པར་བཟོ་རྒྱུ་ཡིན། 17ཁྱོད་ཚོ་ཉེ་འགྲམ་སྡོད་མཁན་རྣམས། མི་རིགས་དེའི་ཆེད་དུ་མྱ་ངན་བྱོས། དེ་ཚོའི་སྙན་སྒྲགས་ཁྱོད་ཚོས་ཤེས་ཀྱི་ཡོད། དེ་ཡི་སྟོབས་ཅན་འཛིན་སྐྱོངས་བཤིག་ཡོད་ཅེས། གཟི་བརྗིད་དང་ནི་མངའ་ཐང་རྫོགས་ཡོད་སྨྲོས། 18དྷི་བྷོན་ཡུལ་དུ་གནས་སྡོད་བྱ་མཁན་ཚོ། ཁྱོད་ཚོའི་གུས་ཞབས་གནས་ནས་མར་ཡོང་ནས། རྡུལ་གྱི་ཐང་གི་སྟེང་དུ་སྡོད་ཅིག་དང་། མོ་ཨབ་མེད་པར་བཟོ་མཁན་འདིར་ཡོད་ཅིང་། དེ་ཡིས་མཁར་རྫོང་རྣམས་ནི་གྱང་གོག་བཏང་། 19ཨ་རོ་ཨེར་དུ་གནས་སྡོད་བྱ་མཁན་ཚོ། རྒྱལ་ལམ་ཁར་དུ་ལངས་ནས་སྒུག་སྡོད་ཅིག། བྲོས་ནས་འགྲོ་མཁན་ཚོ་ལ་སྐད་ཆ་དྲིས། ཇི་འདྲ་བྱུང་བའི་སྐོར་ལ་འཚོལ་ཞིབ་བྱོས། 20དེ་ཚོས་ལན་དུ་མོ་ཨབ་འཕམ་སོང་སྨྲས། དམའ་འབེབས་བྱུང་བས་དེའི་ཕྱིར་ངུ་ཞེས་སྨྲས། མོ་ཨབ་དེ་བཞིན་མེད་པར་བཟོས་སོང་ཞེས། ཆུ་བོ་ཨར་ནོན་བརྒྱུད་ནས་གསལ་སྒྲགས་བྱོས། 21ཁྲིམས་ཀྱི་དཔྱད་མཚམས་ས་མཐོའི་ཐང་ཆེན་གྱི་གྲོང་ཁྱེར་རྣམས་ཧོ་ལོན་དང་། ཡ་ཛཱ་དང་མེ་ཕད་དང་། 22དྷི་བྷོན་དང་ནེ་བྷོ་དང་། བྷེད་དིབ་ལ་ཐེམ་དང་། 23ཀི་རི་ཡཱ་ཐེམ་དང་བྷེད་ག་མུལ་དང་བྷེད་མི་ཨོན་དང་། 24ཀེ་རི་ཨོད་དང་བྷོཛ་རཱ་བཅས་ལ་སླེབས་ཡོད། མོ་ཨབ་ཀྱི་གྲོང་ཁྱེར་ཐག་རིང་དང་ཐག་ཉེ་ཚང་མར་ཁྲིམས་ཀྱི་དཔྱད་མཚམས་སླེབས་ཡོད་དོ། 25མོ་ཨབ་ཀྱི་མངའ་ཐང་རྡུལ་དུ་མེད་པར་བཟོད་ཡོད་པ་དང་། དེའི་སྟོབས་ཤུགས་དང་མེད་པར་བཟོས་ཡོད་ཅེས། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

མོ་ཨབ་ཉམས་ཆུང་ཡོང་བ།

26གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། མོ་ཨབ་ལ་ར་བཟི་རུ་བཅུག་ཅིག། གང་ལ་ཟེར་ན། དེས་ང་ལ་ངོ་ལོག་རྒྱབ་བྱུང་། མོ་ཨབ་རང་གི་སྐྱུག་པའི་སྟེང་རིལ་བ་དང་མི་མང་གིས་གད་མོ་གད་པར་འགྱུར། 27མོ་ཨབ་ཁྱོད་ཚོས་ཨིསི་རཱཨེལ་གྱི་མི་མང་ཚོར་ཇི་ལྟར་གད་མོ་གད་པ་དྲན་གྱི་འདུག་གམ། ཁྱོད་ཀྱིས་དེ་ཚོར་ཇག་པའི་ཚོ་འཁྲོད་འཛིན་བཟུང་བྱས་པ་ལྟར་གྱིས་ཡོད་དོ། 28མོ་ཨབ་ཏུ་སྡོད་མཁན་མི་མང་ཚོ་ཁྱོད་ཚོ་རང་གི་གྲོང་ཁྱེར་སྤངས་ནས་བྲག་ངོས་གཟར་པོར་སྡོད་ཅིག ཕུག་རོན་གྲོག་རོང་གི་ཟུར་དུ་ཚང་བཟོ་མཁན་ལྟར་འགྱུར་ཞིག 29མོ་ཨབ་ཧ་ཅང་ང་རྒྱལ་ཅན་ཞིག་ཡིན། མི་མང་དེ་རྣམས་ང་རྒྱལ་ཅན་དང་གཏམ་འདོད་ཅན་དང་རང་མཐོང་ཅན་ཇི་ལྟར་ཡིན་པ་དང་དེ་ཚོ་རང་གི་རང་ལ་བསམ་བློ་ཇི་ལྟར་བཏང་གི་ཡོད་པ་ངས་ཐོས་བྱུང་། 30ང་གཙོ་བོ་དཀོན་མཆོག་གིས་དེ་ཚོའི་ང་རྒྱལ་ཤེས། དེ་ཚོའི་རང་བསྟོད་བྱེད་པ་དོན་མེད་དང་དེ་ཚོའི་ཇི་ལྟར་བྱེད་པ་དེ་ཡུན་རིང་མི་གནས་སོ། 31དེར་བརྟེན་ངས་མོ་ཨབ་ཀྱི་མི་མང་དང་ཀིར་ཧེ་རེསེ་ཀྱི་མི་མང་གི་ཆེད་དུ་ངུའོ། 32ཡ་ཛེར་གྱི་མི་མང་ལས་ལྷག་པ་ངས་སིབ་མཱའི་མི་མང་གི་ཆེད་དུ་ངུའོ། ཀྱེ་སིབ་མཱའི་གྲོང་ཁྱེར་ཁྱོད་ནི་འཆི་བའི་རྒྱ་མཚོའི་ཕ་རོལ་དང་ཐག་རིང་ཡ་ཛེར་བར་དུ་སླེབས་པ་རྒུན་ཤིང་གི་ཡལ་ག་དང་འདྲའོ། འོན་ཀྱང་ད་ལྟ་ཁྱོད་ཀྱི་དབྱར་གྱི་ཤིང་འབྲས་དང་རྒུན་འབྲུམ་རྣམས་མེད་པར་བཟོས་ཡོད་དོ། 33མོ་ཨབ་ཀྱི་ལུད་འཛོམས་པོའི་ཡུལ་ནས་བདེ་སྐྱིད་དང་དགའ་སྤྲོ་རྣམས་ཕྱིར་འཁྱེར་ཡོད། ངས་ཆང་གཞོང་པ་ནས་རྒུན་ཆང་འཐོན་རྒྱུ་མཚམས་འཇོག་བྱས་ཡོད། རྒུན་ཆང་བཟོ་མཁན་དང་དགའ་སྤྲའི་སྐད་སྒྲོགས་མཁན་སུ་ཡང་མེད་དོ། 34ཧེཤ་བྷོན་དང་ཨེ་ལེ་ལཱེའི་མི་མང་ངུ་བ་དང་དེ་ཚོའི་ངུ་སྐད་ཐག་རིང་ཡ་ཧཛ་བར་ཐོས་པ་དང་། དེ་ཚོར་ཛོ་ཨར་གྱི་མི་མང་གིས་ཐོས་པ་དང་དེ་ཐག་རིང་ཧོ་རོ་ནེམ་དང་ཨེག་ལད་ཤེ་ལི་ཤི་ཡཱའི་བར་ཐོས་སོ། ནིམ་རིམ་གྱི་རྒྱུགས་ཆུ་ཡང་སྐམ་ཡོད་དོ། 35ངས་མོ་ཨབ་ཀྱི་མི་མང་རྣམས་དེ་ཚོའི་མཆོད་ཡུལ་དུ་སྦྱིན་སྲེག་གི་མཆོད་པ་འབུལ་རྒྱུ་དང་། དེ་ཚོའི་ལྷ་ཚོར་དམར་མཆོད་འབུལ་རྒྱུ་བཅས་པ་འགོག་རྒྱུ་ཡིན། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 36སུ་ཞིག་གིས་གླིང་བུའི་ནང་རོའི་མྱ་ངན་འདོན། མི་ཤི་བའི་མྱ་ངན་གྱི་མགུར་མ་ལྟར་ངའི་སེམས་ནང་མོ་ཨབ་དང་ཀིར་ཧེ་རེསེ་ཀྱི་མི་མང་གི་ཆེད་དུ་མྱ་ངན་བྱེད་དོ། གང་ལ་ཟེར་ན། དེ་ཚོའི་རྒྱུ་དངོས་ཡོངས་རྫོགས་མེད་པར་ཕྱིན་ཡོད། 37དེ་ཚོ་ཚང་མས་རང་གི་མགོའི་སྐྲ་དང་སྨ་ར་བྲེགས་ཡོད། དེ་ཚོ་ཚང་མས་རང་གི་ལག་པ་བཤགས་ནས་རྩ་ཕད་ཀྱི་གོས་གྱོན་ཡོད། 38མོ་ཨབ་པའི་ཁང་པའི་ཐོག་ཚང་མ་དང་དེའི་ལམ་སྲང་ཐམས་ཅད་ཀྱི་ནང་ན་མྱ་ངན་མ་གཏོགས་གང་ཡང་མེད་དོ། གང་ལ་ཟེར་ན། ངས་མོ་ཨབ་དེ་བཞིན་སུས་ཀྱང་མི་འདོད་པའི་བུམ་པ་ལྟར་བཅག་ཡོད། 39མོ་ཨབ་བསིལ་བུར་སྟོར་ཡོད། ཅེས་སྐད་རྒྱོབ་ཅིག། མོ་ཨབ་ལ་དམའ་འབེབས་བྱས་ཡོད། དེ་གྱང་གོག་ཏུ་གྱུར་ཡོད་པ་དང་། དེའི་མཐའ་འཁོར་གྱི་མི་རིགས་རྣམས་ཀྱིས་དེ་ལ་གད་མོ་གད་པ་བྱེད་ཅེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

མོ་ཨབ་བྲོས་མི་ཐར་རྒྱུ།

40གཙོ་བོ་དཀོན་མཆོག་གིས་བྱ་གླག་ཞིག་གི་ཤོག་པ་བརྐྱངས་ནས་ཐོ་ཤོག་བརྒྱབ་པ་ལྟར་མོ་ཨབ་སྟེང་མི་རིགས་ཞིག་གི་ཐོ་ཤོག་བརྒྱབ་པར་འགྱུར་བ་དང་། 41གྲོང་ཁྱེར་དང་རྫོང་ཚོ་དབང་བཟུང་བྱ་རྒྱུའི་ཞལ་བཞེས་གནང་ངོ་། ཉིན་དེར་མོ་ཨབ་ཀྱི་དམག་མི་རྣམས་བུད་མེད་སྐྱེ་གཟེར་རྒྱབ་མཁན་ལྟར་འཇིགས་པར་འགྱུར། 42མོ་ཨབ་དེ་བཞིན་མེད་པར་བཟོ་རྒྱུ་དང་། དེ་མི་རིགས་ཞིག་ཏུ་གནས་པར་མི་འགྱུར་རོ། གང་ལ་ཟེར་ན། དེས་ང་ལ་ངོ་ལོག་རྒྱབ་ཡོད་དོ། 43མོ་ཨབ་ཀྱི་མི་མང་ཆེད་དུ་འཇིགས་སྐྲག་དང་ས་དོང་དང་རྙི་སྒུག་ནས་ཡོད། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ། 44འཇིགས་སྐྲག་ནས་བྲོས་ཐབས་བྱ་མཁན་རྣམས་ས་དོང་ནང་ལྷུང་བ་དང་ས་དོང་ནས་འཛེགས་ཐབས་བྱ་མཁན་རྣམས་རྙིར་འཚུད་པར་འགྱུར། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་མོ་ཨབ་ལ་སྟོར་བཤིགས་གནང་རྒྱུའི་དུས་ཚོད་གཏན་འབེབས་གནང་ཡོད། 45སྐྱབས་མེད་སྐྱབས་བཅོལ་བ་ཚོས་སྔར་རྒྱལ་པོ་སི་ཧོན་གྱི་རྒྱལ་སྲིད་སྐྱོངས་ཡུལ་ཧེཤ་བྷོན་ནང་སྲུང་སྐྱོབས་ཐོབ་ཐབས་བྱེད་ན་ཡང་དེ་མེ་ལྕེའི་ནང་འབར་བཞིན་ཡོད། ས་མཚམས་ཁག་དང་དམག་འཐབ་ལ་དགའ་མཁན་མོ་ཨབ་པ་ཚོའི་རི་ཙེ་རྣམས་མེས་བསྲེག་པར་བྱེད་དོ། 46མོ་ཨབ་ཀྱི་མི་མང་ལ་སྙིང་རེ་རྗེ། ཀེ་མོཤ་ལ་མཆོད་མཁན་མི་མང་ཚོ་མེད་པར་བཟོས་ཡོད་པ་དང་དེ་ཚོའི་བུ་དང་བུ་མོ་ཚོ་བཙོན་དུ་འཁྲིད་ཡོད་དོ། 47འོན་ཀྱང་མ་འོངས་པའི་དུས་སུ་གཙོ་བོ་དཀོན་མཆོག་གིས་ཡང་སྐྱར་མོ་ཨབ་པ་དར་རྒྱས་ཕུན་སུམ་ཚོགས་པར་མཛད་རྒྱུ་ཡིན། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་དེ་ཚོ་ཚང་མ་མོ་ཨབ་ལ་ཡོང་བར་འགྱུར་རོ༎

ཡེར་མི་ཡཱ། 49

གཙོ་བོ་དཀོན་མཆོག་གིས་ཨམ་མོན་ཐོག་ཁྲིམས་ཀྱི་དཔྱད་མཚམས་གནང་བ།

1གཙོ་བོ་དཀོན་མཆོག་གིས་ཨམ་མོན་གྱི་སྐོར་ལ་བཀའ་གནང་བ་འདི་ལྟར་ཡིན་ནོ། ཨིསི་རཱཨེལ་གྱི་མི་རྣམས་གང་དུ་ཡོད་དམ། དེ་ཚོའི་ཡུལ་སྲུང་སྐྱོབས་བྱེད་མཁན་སུ་ཡང་མེད་པ་རེད་དམ། མོ་ལེག་ལ་མཆོད་མཁན་མི་མང་ཚོས་གྷཌ་ཀྱི་སྡེ་རིགས་ཀྱི་མངའ་ཁུལ་དབང་བཟུང་བྱས་ནས་དེར་གཞིས་ཅི་ལ་ཆགས་པ་ཡིན་ནམ། 2འོན་ཀྱང་ངས་གྲོང་ཁྱེར་རབ་བཱའི་རྒྱལ་ས་མི་མང་རྣམས་ནས་དམག་གི་སྒྲ་ཐོས་པར་བྱ་རྒྱུའི་དུས་ཚོད་སླེབས་བཞིན་ཡོད་པ་དང་། དེ་གྱང་གོག་ཏུ་ལྷག་པར་འགྱུར་བ་དང་དེའི་གྲོང་གསེབ་ཚོ་རྡུལ་དུ་མེ་བསྲེགས་པར་འགྱུར། དེ་ནས་ཨིསི་རཱཨེལ་པ་ཚོས་རང་གི་ཡུལ་དེ་འཕྲོག་མཁན་ཚོའི་ལག་ནས་ཕྱིར་ལེན་པར་བྱའོ། 3ཧེཤ་བྷོན་གྱི་མི་མང་ནས་སྡུག་སྐད་འདོན་ཞིག་ཨེ་མེད་པར་བཟོས་སོ། རབ་བཱའི་བུད་མེད་རྣམས་མྱ་ངན་བྱེད་ཅིག། རྩ་ཕད་ཀྱི་གོས་གྱོན་ནས་མྱ་ངན་བྱོས་ཤིག། མགོ་བོ་རྨོངས་ནས་ཕར་རྒྱུགས་ཚུར་རྒྱུགས་བྱེད་ཅིག ཁྱོད་ཚོའི་ལྷ་མོ་ལེག་དེ་ཉིད་ནི་ཁོའི་བླ་མ་ཚོ་དང་རྒྱལ་སྲས་ཚོ་མཉམ་དུ་བཙན་བྱོལ་དུ་འཁྲིད་པར་བྱེད་དོ། 4དམ་ཚིག་མི་གཙང་བའི་མི་མང་ཁྱོད་ཚོ་ཅིའི་ཕྱིར་ང་རྒྱལ་བྱེད་དམ། ཁྱོད་ཚོའི་སྟོབས་ཤུགས་ཉམས་བཞིན་ཡོད། ཁྱོད་ཚོས་ཁྱོད་ཚོའི་སྟོབས་ཤུགས་ལ་བློ་བཅོལ་ནས་ཁྱོད་ཚོར་སུས་ཀྱང་འཐབ་པར་མི་ནུས་ཅེས་ཅིའི་ཕྱིར་བརྗོད་པ་ཡིན་ནམ། 5ངས་ཁྱོད་ཚོའི་ཐོག་ཏུ་ཕྱོགས་ཐམས་ཅད་འཇིགས་སྐྲག་དྲངས་བར་བྱ། ཁྱོད་ཚོ་ཚང་མ་བྲོས་པར་བྱེད་དོ། ཁྱོད་ཚོ་རེ་རེ་བཞིན་རང་སྲོག་ཆེད་དུ་བྲོས་པ་དང་ཁྱོད་ཚོའི་དམག་དཔུང་སླར་ཡང་བསྡུ་མཁན་སུ་ཡང་མེད་པར་འགྱུར་རོ། 6འོན་ཀྱང་རྗེས་སུ་ངས་ཨམ་མོན་སླར་ཡང་ཡར་རྒྱས་བཟོ་བར་བྱའོ་ཞེས། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨེ་དྷོམ་པའི་ཐོག་ཏུ་གཙོ་བོ་དཀོན་མཆོག་གི་ཁྲིམས་གཅོད་གནང་བ།

7གཙོ་བོ་དཀོན་མཆོག་ཀུན་དབང་ལྡན་པའི་དཀོན་མཆོག་གིས་ཨེ་དྷོམ་གྱི་སྐོར་ལ་བཀའ་གནང་བ་འདི་ལྟར་ཡིན་ནོ། ཨེ་དྷོམ་གྱི་མི་མང་ཚོས་རང་གི་ཤེས་རབ་རླག་པ་ཡིན་ནམ། དེ་ཚོའི་སློབ་སྟོན་པ་ཚོས་ཇི་ལྟར་བྱེད་དགོས་པ་དེ་སློབ་སྟོན་མི་བྱེད་དམ། དེ་ཚོའི་ཤེས་རབ་རྣམས་ཡལ་བ་ཡིན་ནམ། 8དྷེ་དན་གྱི་མི་མང་ཚོ་ཕྱིར་ལོག་ནས་བྲོས་ནས་ཡིབ་ཅིག། ངས་ཨེ་སའོ་ཀྱི་རིགས་བརྒྱུད་རྣམས་མེད་པར་བཟོ་རྒྱུ་ཡིན་ནོ། གང་ལ་ཟེར་ན། ངས་དེ་ཚོར་ཉེས་ཆད་གཏོང་བའི་དུས་ལ་སླེབས་ཡོད། 9མི་ཚོས་རྒུན་འབྲུམ་བསྡུ་སྐབས་རྒུན་ཤིང་སྟེང་རྒུན་འབྲུམ་ཕྲན་བུ་འཇོག་པ་དང་མཚན་མོར་ཇག་པ་ཡོང་སྐབས་དེ་ཚོས་གང་འདོད་པ་གཅིག་པུ་འཁྱེར་བར་བྱའོ། 10འོན་ཀྱང་ངས་ཨེ་སོའི་ཀྱི་རིགས་བརྒྱུད་ཆ་ཚང་དམར་ཧྲང་བཟོ་ཡོད་པ་དང་དེ་ཚོ་ཡིབ་ཀྱང་མི་ཐུབ་པའི་ཆེད་ཡིབ་ས་ཚང་མ་མངོན་བསལ་བྱེད་ཡོད། ཨེ་དྷོམ་གྱི་མི་མང་ཚང་མ་མེད་པར་འགྱུར་ཡོད་པ་དང། དེ་ཚོ་གཅིག་ཀྱང་ལྷག་མེད་དོ། 11ཁྱོད་ཚོའི་དྭ་ཕྲུག་རྣམས་ང་མཉམ་འཇོག་ཅིག་དང་ངས་དེ་ཚོ་ལ་བལྟ་རྟོགས་བྱ་རྒྱུ་ཡིན། ཁྱོད་ཚོའི་ཡུག་མོ་རྣམས་ང་ལ་བློས་འགེལ་བྱེད་ཐུབ་བོ། 12ཉེས་ཆད་གཏོང་བར་མི་འོས་པ་ཚོས་ཀྱང་ཉེས་ཆད་ཀྱི་ཕོར་པ་ལས་འཐུང་དགོས་སྟབས་ཁྱོད་ཚོར་ཉེས་ཆད་མེད་པར་ཐར་གྱི་རེད་བསམ་གྱི་འདུག་གམ། དེ་ལྟར་མིན། ཁྱོད་ཚོས་ཀྱང་ཕོར་པ་དེ་ལས་འཐུང་དགོས་སོ། 13ང་ཉིད་ཀྱིས་བྷོཛ་རཱས་གྲོང་ཁྱེར་དེ་བཞིན་འཇིགས་སྐྲག་སྐྱེས་པའི་ས་གནས་བྱེ་ཐང་ཞིག་དང་མི་མང་གི་འཕྱ་བ་དང་དེའི་མིང་དམོད་པར་འབོད་རྒྱུའི་དམ་བཅའ་བྱེད་ཡོད། དེའི་ཉེ་འཁྲིས་ཀྱི་གྲོང་གསེབ་རྣམས་རྟག་ཏུ་གྱང་གོག་ཏུ་འགྱུར་རོ་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 14ངས་ཨེ་དྷོམ་ལ་སྨྲས་པ། ང་ལ་གཙོ་བོ་དཀོན་མཆོག་གི་བཀའ་ཞིག་འབྱོར་བྱུང་། ཁོང་གིས་མི་རིགས་ཚོར་དེ་ཚོའི་དམག་དཔུང་བསྡུ་ནས་ཁྱོད་ལ་འཐབ་རྒྱུར་གྲ་སྒྲིགས་དགོས་པའི་འཕྲིན་བཤད་པར་བང་ཆེན་བཏང་གནང་ཡོད་དོ། 15གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་སྟོབས་ཆུང་བཟོས་ནས་སུ་ཞིག་གིས་ཀྱང་གུས་ཞབས་མི་བྱེད་མཁན་ཞིག་བཟོ་གནང་ཡོང་། 16ཁྱོད་ཚོའི་ང་རྒྱལ་གྱིས་ཁྱོད་ཚོར་བསླུ་འཁྲིད་བྱས་ཡོད། ཁྱོད་ཚོས་བསམ་པ་ལྟར་ཁྱོད་ཚོར་སུས་ཀྱང་འཇིགས་པར་མི་བྱེད་དོ། ཁྱོད་ཚོ་བྱ་རྒོད་ལྟར་ཧ་ཅང་བྲག་ངོས་གཟར་པོ་རྩེ་ཐོག་ཏུ་གནས་སྡོད་བྱེད་ཀྱི་ཡོད་ཀྱང་། གཙོ་བོ་དཀོན་མཆོག་གིས་མར་འབེབས་པར་མཛད་དོ་ཅེས། གཙོ་བོ་དཀོན་མཆོག་གིས་དེ་ལྟར་བཀའ་གནང་ཡོད། 17གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཨེ་དྷོམ་ལ་སྟོར་བཤིགས་ཡོང་རྒྱུ་དེ་ཧ་ཅང་ཚབ་ཆེ་ཡོད་སྟབས་དེ་བརྒྱུད་ནས་འགྲོ་མཁན་ཚོ་ཧང་སང་བ་དང་འཇིགས་སྐྲག་སྐྱེས་པར་འགྱུར། 18སོ་དྷོམ་དང་གྷོ་མོ་རཱ་དང་དེ་ཚོའི་ཉེ་འགྲམ་ཀྱི་གྲོང་ཁྱེར་རྣམས་མེད་པར་བཟོ་བ་ལྟར་ཨེ་དྷོམ་ལ་ཡང་དེ་ལྟར་བྱུང་བར་འགྱུར། སླར་དེར་སུ་ཡང་འཚོ་བར་མི་འགྱུར་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 19སེང་གེ་ཞིག་ཡོར་དན་ཁུལ་གྱི་ཤིང་ནགས་མཐུག་པོ་བརྒྱུད་རྩ་ཁའི་སར་ཡོང་བ་ལྟར། ང་ཡོང་ནས་ཨེ་དོམ་པ་ཚོ་རང་གི་ཡུལ་ནས་བློ་བུར་དུ་བྲོས་དགོས་པ་བཟོ་རྒྱུ་ཡིན་ནོ། དེ་ནས་ངས་འདམ་པའི་འགོ་འཁྲིད་ཀྱིས་རྒྱལ་ཁབ་སྐྱོངས་བར་བྱེད་དོ། ང་དང་སུ་བསྡུར་བར་ནུས་སམ། སུ་ཞིག་གིས་ང་ལ་འགྲན་པར་ནུས་སམ། རྒྱལ་པོ་སུ་ཞིག་གིས་ང་ལ་ངོ་རྒོལ་བྱེད་དམ། 20དེར་བརྟེན་ངས་ཨེ་དྷོམ་པའི་མི་མང་ལ་བརྩམས་པའི་འཆར་གཞི་དང་། ངས་ཏེ་མན་གྲོང་ཁྱེར་གྱི་མི་མང་ཚོར་ཇི་ལྟར་བྱེད་རྒྱུ་ཡིན་པར་ཉོན་ཞིག དེ་ཚོའི་ཕྲུ་གུ་ཚོ་ཡང་དྲུད་ནས་འཁྱེར་ཕྱིན་པ་དང་། ཚང་མར་འཇིགས་སྐྲག་སྐྱེས་པར་འགྱུར་རོ། 21ཨེ་དྷོམ་གཞིགས་པའི་སྒྲ་དེས་ས་གཞི་ཡོངས་རྫོགས་འགུལ་བར་འགྱུར་བ་དང་། འཇིགས་སྐྲག་གི་སྐད་ངན་ཐག་རིང་རྒྱ་མཚོ་དམར་པོ་བར་ཐོས་པར་འགྱུར་རོ། 22དགྲ་བོས་བྷོཛ་རཱ་ལ་བྱ་རྒོད་ཤོག་པ་བརྐྱངས་ནས་ཐོ་ཤོག་བརྒྱབ་པ་ལྟར་འཐབ་པར་ཡོང། ཉིན་དེར་ཨེ་དྷོམ་གྱི་དམག་མི་རྣམས་བུད་མེད་སྐྱེ་ཟེར་རྒྱབ་པ་ལྟར་སྐྲག་པར་འགྱུར་རོ༎

དྷ་མསེ་ཀསེ་ལ་གཙོ་བོ་དཀོན་མཆོག་གི་ཁྲིམས་གཅོད་གནང་བ།

23དྷ་མསེ་ཀསེ་གི་སྐོར་ལ་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། ཧ་མད་དང་ཨར་པད་ཀྱི་གྲོང་ཁྱེར་གྱི་མི་མང་ཚོ་སེམས་འཁྲལ་དང་སྡུག་བསྔལ་བྱེད་བཞིན་ཡོད། གང་ལ་ཟེར་ན། དེ་ཚོས་གཏམ་ངན་ཐོས་ཡོད། དེ་ཆོའི་སྟེང་སེམས་འཁྲལ་རྒྱ་མཚོ་ལྟར་འབབས་པས་དེ་ཚོ་ལ་ངལ་གསོ་མི་ཐུབ་བོ། 24དྷ་མསེ་ཀསེ་གི་མི་མང་རྣམས་སྟོབས་མེད་ཡིན་སྟབས་འཇིགས་ནས་བྲོས་སོ། དེ་ཚོ་བུད་མེད་སྐྱེ་གཟེར་ཅན་ལྟར་ན་གཟུགས་དང་སྡུག་བསྔལ་ངང་ཡོད་དོ། 25སྔར་སྙན་གྲགས་ཅན་གྱི་གྲོང་ཁྱེར་དགའ་བདེའི་ངང་ཡོད་པ་དེ་བཞིན་མི་མེད་ལུང་སྟོང་དུ་འགྱུར་ཡོད་དོ། 26ཉིན་དེར་དེ་ཚོའི་ཁྱོ་ན་གཞོན་ཚོ་གྲོང་ཁྱེར་གྱི་རྒྱ་ལམ་སྟེང་གསོད་པར་འགྱུར་བ་དང་། དེ་ཚོའི་དམག་མི་རྣམས་མེད་པར་བཟོ་བར་འགྱུར་རོ། 27ངས་དྷ་མསེ་ཀསེ་གི་ལྕགས་རི་རྣམས་མེར་བསྲེག་པ་དང་རྒྱལ་པོ་བྷེན་ཧ་དྷད་ཀྱི་ཕོ་བྲང་ཚོར་མེ་སྤར་བར་བྱེད་དོ་ཅེས་ང་མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཀེ་དར་གྱི་སྡེ་རིགས་དང་ཧ་ཛོར་གྲོང་ཁྱེར་ལ་ཁྲིམས་གཅོད།

28གཙོ་བོ་དཀོན་མཆོག་གིས་ཀེ་དར་གྱི་སྡེ་རིགས་དང་། བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་དབང་བཟུང་བྱས་པའི་ཧ་ཛོར་གྱི་དབང་འོག་དུ་ཡོད་པ་རྫོང་ཁག་ཚོའི་སྐོར་བཀའ་གནང་བ་འདི་ལྟར་ཡིན། ཀེ་དར་གྱི་མི་མང་ལ་དམག་འཐབ་ནས་ཤར་ཕྱོགས་ཀྱི་མི་མང་གི་སྡེ་རིགས་བརྒྱུད་མེད་པར་བཟོས་ཤིག 29དེ་ཚོའི་གུར་ཚོ་དང་ཕྱུགས་དང་གུར་གྱི་ཡོལ་བ་དང་། དེ་ཚོའི་གུར་ཚོའི་ནང་ཡོད་པ་ཚང་མ་དབང་བཟུང་བྱོས་ཤིག དེ་ཚོའི་རྔ་མོང་ཚོ་འཁྱེར་ནས་མི་མང་ཚོར་ཁྱོད་ཚོའི་མཐའ་འཁོར་ཡོངས་སུ་འཇིགས་སྐྲག་ཡོད་ཅེས་སྨྲོས་ཤིག 30ཧ་ཛོར་གྱི་མི་མང་ཚོ་ང་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ཐག་རིང་བྲོས་ནས་ཡིབ་དགོས་པའི་ཉེན་བརྡ་གཏོང་རྒྱུ་ཡིན། བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཁྱོད་ཚོར་བྱུས་ངན་བརྩོམས་ནས་འདི་ལྟར་སྨྲས་ཡོད་དོ། 31ཤོག་ལ། ང་ཚོས་མི་མང་སྐྱོན་མེད་དང་བརྟན་པོ་ཡོད་བསམ་མཁན་ཚོར་འཐབ་པར་བྱའོ། དེ་ཚོའི་གྲོང་ཁྱེར་ལ་རྒྱལ་སྒོ་དང་སྒོ་ལྕགས་མེད་པ་དང་སྲུང་བྱ་ཡང་རྩ་བ་ནས་མེད་དོ། 32དེ་ཚོའི་རྔ་མོང་ཚོ་དང་ཕྱུགས་ཚོ་འཁྱེར་ཞིག། ངས་སྐྲ་ཐུང་ཐུང་བྲེག་མཁན་གྱི་མི་རྣམས་ཕྱོགས་ཚང་མར་ཁ་སྟོར་བ་དང་དེ་ཚོ་ལ་ཕྱོགས་ཐམས་ཅད་ནས་རྐྱེན་ངན་འབེབས་རྒྱུ་ཡིན་ནོ། 33ཧ་ཛོར་དེ་བཞིན་ཁྱི་སྤྱང་གནས་སྡོད་བྱེད་པའི་ཡུལ་དེ་གཏན་གྱི་ཆེད་དུ་ལུང་སྟོང་ཞིག་བཟོ་བར་བྱའོ། དེར་སླར་རང་མི་སུ་ཞིག་ཡང་སྡོད་པར་མི་བྱེད་དོ། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨེ་ལམ་ལ་གཙོ་བོ་དཀོན་མཆོག་གི་ཁྲིམས་གཅོད།

34ཛེ་དེ་ཀི་ཡཱ་ཡ་ཧུ་དཱ་པའི་རྒྱལ་པོར་འགྱུར་མ་ཐག་ཏུ་མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་གིས་ཨེ་ལམ་གྱི་གྲོང་ཁྱེར་གྱི་སྐོར་ང་ལ་འདི་ལྟར་བཀའ་གནང་ངོ་། 35ཁོང་གིས་བཀའ་གནང་བ་ནི། ངས་ཨེ་ལམ་དེ་ཧ་ཅང་སྟོབས་ཤུགས་ཅན་བཟོ་མཁན་མདའ་པ་ཚང་མ་གསོད་རྒྱུ་ཡིན། 36ངས་ཨེ་ལམ་གྱི་ཕྱོགས་སུ་ཕྱོགས་ཚང་མ་ནས་རླུང་གཏོང་རྒྱུ་ཡིན་པ་དང་དེའི་མི་མང་རྣམས་ཁ་སྟོར་བཏང་ནས་ཕྱོགས་གང་སར་བཙན་བྱོལ་དུ་མ་སོང་བའི་ས་ཁུལ་གཅིག་ཀྱང་མ་ལུས་སོ། 37ངས་དེའི་མི་མང་རྣམས་དེ་ཚོ་གསོད་མཁན་གྱི་དགྲ་བོ་ཚོ་ལས་འཇིགས་བཅུག་རྒྱུ་ཡིན། ང་དྲག་པོར་ཁྲོ་བའི་སྐབས་ངས་ཨེ་ལམ་གྱི་མི་མང་རྣམས་མེད་པར་བཟོ་རྒྱུ་དང་། དེ་ཚོ་ཤུལ་མེད་མ་བཟོས་བར་ངས་དེ་ཚོར་དམག་མི་གཏོང་རྒྱུ་ཡིན་ནོ། 38ངས་དེ་ཚོའི་རྒྱལ་པོ་ཚོ་དང་འགོ་འཁྲིད་ཚོ་མེད་པར་བཟོས་ནས་དེར་ངས་ཁྲི་རྒྱབ་རྒྱུ་ཡིན་ནོ། 39འོན་ཀྱང་ངས་རྗེས་སུ་ཡང་སྐྱར་ཨེ་ལམ་གྱི་མི་མང་ཚོ་དར་རྒྱས་བཟོ་རྒྱུ་ཡིན། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཡེར་མི་ཡཱ། 50

བྷེ་བྷི་ལོན་ལ་དབང་བཟུང་བྱེད་པ།

1གཙོ་བོ་དཀོན་མཆོག་གིས་ང་ལ་བྷེ་བྷི་ལོན་གྱི་གྲོང་ཁྱེར་དང་དེའི་མི་མང་སྐོར་གསུང་འཕྲིན་གནང་བ་འདི་ལྟར་ཡིན་ནོ། 2མི་རིགས་ཚོ་ལ་གསར་འགྱུར་དེ་སྨྲོས་ཤིག། གསལ་སྒྲགས་བྱོས་ཤིག། བརྡ་ཞིག་བཏང་ནས་གསར་འགྱུར་གསལ་སྒྲགས་བྱོས། དེ་ཚོ་ཁྱོད་ཀྱིས་གསང་བར་མ་འཇོག་ཅིག། བྷེ་བྷི་ལོ་ནི་ཡ་འཕམ་པར་འགྱུར་ཞིང་དེ་ཡི་ལྷ། མར་དུག་དེ་བཞིན་བསིལ་བུར་འཐོར་ཡོད། བྷེ་བྷི་ལོ་ནི་ཡའི་ནི་སྐུ་འདྲ་ངོ་ཚར་འཇུག་ཡོད། དེའི་སྐྱུག་བྲོའི་འདྲ་སྐུ་རྫིས་ཡོད་དོ། 3བྱང་ནས་མི་རིགས་ཞིག་བྷེ་བྷི་ལོ་ནི་ཡ་དུ་འཐབ་པར་ཡོང་ནས་དེས་ལུང་སྟོང་བཟོ་བར་འགྱུར། མི་དང་སེམས་ཅན་བྲོས་ནས་དེར་སུ་ཡང་མི་གནས་བར་འགྱུར༎

ཨིསི་རཱཨེལ་ཕྱིར་ལོག་པ།

4གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། དུས་ཚོད་དེ་སླེབས་སྐབས། ཨིསི་རཱཨེལ་དང་ཡ་ཧུ་དཱ་གཉིས་ཀ་ངུ་ཞིང་ང་དེ་ཚོའི་དཀོན་མཆོག་འཚོལ་བཞིན་ཡོང་བར་འགྱུར། 5དེ་ཚོས་ཛི་ཡོན་ལ་ལམ་འདྲི་ཞིང་དེ་ནས་དེའི་ཕྱོགས་སུ་འགྲོའོ། དེ་ཚོས་ང་མཉམ་དུ་གཏན་གྱི་དམ་བཅའ་ཞིག་བཞག་པ་དང་དེ་ནམ་ཡང་འགལ་མི་ཡོང་ངོ་། 6ངའི་མི་མང་རྣམས་ལུག་རྫིས་རིའི་སྟེང་རླག་ཏུ་བཅུག་པའི་ལུག་ལྟར་ཡོད་པ་དང། དེ་ཚོ་རི་གཅིག་ནས་གཞན་དུ་འཁྱམ་འགྲོ་བ་དང་རང་གི་ཁྱིམ་གང་དུ་ཡོད་མེད་བརྗེད་ཡོད་དོ། 7དེ་ཚོ་རྙེད་མཁན་ཚང་མས་དེ་ཚོ་ལ་འཐབ་པར་བྱེད་དོ། དེ་ཚོའི་དགྲ་བོ་ཚོས་ཁོ་ཚོས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད་སྟབས་ང་ཚོས་ཇི་ལྟར་གྱིས་པ་རྣམས་ནོར་འཁྲུལ་མིན། དེ་ཚོའི་ཕ་མེས་ཚོས་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ཞུས་ཡོད་པ་དང་དེ་ཚོ་རང་གི་ཁོང་ལ་དད་ལྡན་ངང་གནས་དགོས་ཅེས་བརྗོད་པར་བྱེད་དོ། 8ཨིསི་རཱཨེལ་གྱི་མི་མང་ཚོ་བྷེ་བྷི་ལོ་ནི་ཡ་ནས་བྲོས་རྒྱུགས་ཤིག། ཡུལ་དེ་སྤོང་ཞིག། དེ་སྤངས་མཁན་དང་པོ་ཡིན་པ་བྱོས་ཤིག། 9ངས་བྱང་གི་མི་རིགས་སྟོབས་ཤུགས་ཅན་ཚོ་ཁག་ཅིག་ལ་རྒྱུད་བསྐུལ་ནས་བྷེ་བྷི་ལོ་ནི་ཡ་ལ་འཐབ་ཏུ་འཇུག་རྒྱུ་ཡིན། དེ་ཚོས་ཡུལ་དེ་ཐོག་དམག་བརྒྱབ་པར་གྲལ་སྒྲིགས་ཀྱིས་དེ་དབང་བཟུང་བྱེད། དེ་ཚོ་རྩལ་དང་ལྡན་པའི་རྔོན་པ་འབའ་ཞིག་ཡིན་པ་དང་། དེ་ཚོའི་མདའ་རྣམས་འབེན་ནས་ནམ་ཡང་ཁྱོག་མི་ཡོང་། 10བྷེ་བྷི་ལོ་ནི་ཡ་ནས་འཕྲོག་བཅོམ་བྱེད་པར་འགྱུར་བ་དང་། འཕྲོག་བཅོམ་བྱ་མཁན་ཚོས་རང་གི་འདོད་པ་གང་ཡོད་འཁྱེར་བར་འགྱུར་ཞེས། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

བྷེ་བྷི་ལོན་འཕམ་པ།

11གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། བྷེ་བྷི་ལོན་གྱི་མི་མང་ཁྱོད་ཚོས་ངའི་མི་རིགས་བཅོམ་ཡོད། ཁྱོད་ཚོ་བ་ཕྱུགས་ཀྱིས་འབྲུ་ཕྱུགས་ཆག་བསྐོར་བའམ་འཚེར་སྐད་འདོན་མཁན་གྱི་རྟ་ལྟར་དགའ་མགུ་ཞིང་རྒྱུགས་བཞིན་ཡོད། 12འོན་ཀྱང་ཁྱོད་ཚོ་རང་ཉིད་ཀྱི་གྲོང་ཁྱེར་རླབས་ཆེན་དེར་དམའ་འབེབས་དང་ངོ་ཚ་རུ་འཇུག་པར་བྱའོ། བྷེ་བྷི་ལོ་ནི་ཡ་དེ་བཞིན་མི་རིགས་སྣང་ཆུང་ཤོས་སུ་འགྱུར་བ་དང་། དེ་ཡུལ་སྐམ་པོ་ཆུ་མེད་ལུང་སྟོང་ཏུ་འགྱུར་བར་བྱེད་དོ། 13གང་ལ་ཟེར་ན། ང་ཁྲོ་བའི་རྐྱེན་གྱིས་བྷེ་བྷི་ལོ་ནི་ཡ་དུ་སུ་ཡང་སྡོད་པར་མི་བྱེད། དེ་གྱང་གོག་ཞིག་ཏུ་ལྷག་པར་འགྱུར་བ་དང་། དེ་བརྒྱུད་ནས་འགྲོ་མཁན་རྣམས་ཧང་སང་བ་དང་ཧོན་ཐོར་བར་འགྱུར་རོ། 14མདའ་པ་ཚོ་བྷེ་བྷི་ལོན་ལ་དམག་འཐབ་པའི་ཆེད་གྲལ་སྒྲིགས་ནས་དེའི་མཐའ་ལ་བསྐོར་ཞིག། ཁྱོད་ཚོའི་མདའ་རྣམས་བྷེ་བྷི་ལོན་ཐོག་འཕེན་ཞིག། གང་ལ་ཟེར་ན། དེ་ཚོས་ང་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད། 15གྲོང་ཁྱེར་དེའི་མཐའ་འཁོར་ཡོངས་སུ་དམག་སྒྲ་སྒྲོགས་ཤིག། ད་ཆ་བྷེ་བྷི་ལོན་གྱིས་མགོ་བཏག་ཞུས་ཡོད། དེའི་ལྕགས་རི་ཚོ་འཐོར་ནས་གཞིགས་ཡོད། ངས་བྷེ་བྷི་ལོ་ནི་ཡ་པ་ཚོར་དགྲ་ཤ་ལེན་རྒྱུ་ཡིན། དེར་བརྟེན་ཁྱོད་ཚོས་དེ་ཚོར་དགྲ་ཤ་ལེན་ནས་དེ་ཚོས་གཞན་ལ་ཇི་ལྟར་གྱིས་པ་ལྟར་ཁྱོད་ཚོས་ཀྱང་དེ་ཚོར་བྱོས་ཤིག 16ཁྱོད་ཚོས་ཡུལ་དེར་ས་བོན་འདེབས་པ་དང་སྟོན་ཐོག་བསྡུ་བ་སོགས་མ་བྱེད་ཅིག དེར་སྡོད་པའི་ཕྱི་རྒྱལ་བ་རྣམས་དམག་འཐབ་པར་དམག་མིར་སྐྲགས་པ་དང་རང་གི་ཁྱིམ་དུ་ལོག་པར་བྱེད་དོ༎

ཨིསི་རཱཨེལ་པ་རྣམས་ཕྱིར་ལོག་པ།

17གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཨིསི་རཱཨེལ་གྱི་མི་མང་ཚོ་ནི་ལུག་ལྟར་སེང་གེ་ཚོས་དེད་ནས་ཁ་གཏོར་བ་དང་འདྲའོ། ཐོག་མར་དེ་ཚོ་ལ་ཨ་སུར་གྱི་རྒྱལ་པོས་འཐབ་རྒོལ་བྱས་པ་དང་། དེ་ནས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་དེ་ཚོའི་རུས་པ་མུར་རོ། 18དེའི་རྐྱེན་གྱིས་ང་མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས། ཨ་སུར་གྱི་རྒྱལ་པོར་ཉེས་ཆད་བཏང་བ་ལྟར་རྒྱལ་པོ་ནེ་བུ་ཀད་ནེ་ཛར་དང་ཁོའི་ཡུལ་ལ་ཡང་ཉེས་ཆད་གཏོང་རྒྱུའི་ན་ནོ། 19ངས་ཨིསི་རཱཨེལ་གྱི་མི་མང་ཚོ་དེ་ཚོའི་ཡུལ་དེ་སླར་གསོ་བྱ་རྒྱུ་ཡིན། དེ་ཚོས་རི་བོ་ཀར་མེལ་དང་བྷ་ཤཱན་གྱི་མངའ་ཁུལ་དུ་སྐྱེ་བའི་ཟས་ཟ་བར་འགྱུར་བ་དང་དེ་ཚོས་ཨེཕ་ར་ཡིམ་དང་གྷིལ་ཨད་ཀྱི་ལ་ཁུལ་དུ་སྐྱེ་བའི་སྟོན་ཐོག་དེ་ཚོས་འདོད་པ་རྣམས་ཟ་བར་བྱེད་དོ། 20དུས་ཚོད་དེ་སླེབས་སྐབས་ཨིསི་རཱཨེལ་ལ་སྡིག་པ་གང་ཡང་མི་རྙེད་པ་དང་ཡ་ཧུ་དཱར་སྤྱོད་ངན་རྙེད་པར་མི་འགྱུར་རོ། གང་ལ་ཟེར་ན། ངས་ཚེ་ཐར་བཏང་བའི་དེ་ཚོའི་སྡིག་པ་ལ་ངས་བཟོད་གསོལ་བྱ་རྒྱུ་ཡིན་ནོ་ཞེས་ང་གཙོ་བོ་དཀོན་མཆོག་གི་སྨྲས་པ་ཡིན་ནོ༎

བྷེ་བྷི་ལོ་ནི་ཡ་ཚོར་དཀོན་མཆོག་གི་ཁྲིམས་གཅོད།

21གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། མེ་ར་ཐེམ་དང་པེ་ཀོད་ཀྱི་མི་མང་ཚོར་ཕར་རྒོལ་བྱོས་ཤིག། དེ་ཚོ་བསད་ནས་མེད་པར་བཟོས་ཤིག། ངས་ཁྱོད་ཚོར་བཀའ་བཏང་བ་རྣམས་བྱོས་ཤིག། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 22ཡུལ་དུ་དམག་སྒྲ་ཐོས་པ་དང་སྟོར་བཤིགས་ཆེན་པོ་བྱུང་ཡོད། 23བྷེ་བྷི་ལོ་ནི་ཡས་འཛམ་གླིང་ཡོངས་རྫོགས་ཐོ་བས་བརྡུང་ནས་དུམ་བུར་བཟོ་བ་དང་ད་ཆ་ཐོ་བ་དེ་བཞིན་བསིལ་བུར་འཐོར་ཡོད། མི་རིགས་ཚང་མ་ཡུལ་དེར་ཇི་འདྲ་བྱུང་བར་མཐོང་ནས་ཧང་སང་ཡོད། 24བྷེ་བྷི་ལོ་ནི་ཡ་ཁྱོད་ཀྱིས་ང་ལ་འཐབ་ཡོད་པ་དང་། ངས་ཁྱོད་ལ་རྒྱབ་པའི་རྙིའི་ནང་ཁྱོད་འཚུད་ཡོད། དེ་ཁྱོད་ཀྱིས་མི་ཤེས་སོ། 25ངས་ངའི་མཚོན་ཆ་གསོགས་འཇོག་བྱ་ཡུལ་དེ་མཛོད་སྒོ་འབྱེད་པ་དང་ང་ཁྲོ་བའི་སྐབས་སུ་ངས་དེ་ཚོ་མར་བཏོན་པ་ཡིན། གང་ལ་ཟེར་ན། ང་ཀུན་དབང་ཅན་གྱི་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་བྷེ་བྷི་ལོ་ནི་ཡ་དུ་བྱ་རྒྱིུའ་བྱ་བ་ཞིག་ཡོད། 26དེར་ཕྱོགས་ཐམས་ཅད་ནས་ཕར་རྒོལ་བྱས་ནས། འབྲུ་རིགས་གསོགས་འཇོག་བྱ་ཡུལ་དེ་སྒོ་འབྱེད་ཅིག འབྲུའི་ཕུང་པོ་ལྟར་བཅོམ་ནོར་གྱི་ཕུང་པོ་སྤུང་ཞིག། ཡུལ་དེ་མེད་པར་བཟོས་ཤིག། གང་ཡང་མ་བཞག་ཅིག། 27དམག་མི་རྣམས་གསོད་ཅིག། དེ་ཚོ་དམར་གསོད་གཏོང་ཞིག། བྷེ་བྷི་ལོ་ནི་ཡའི་མི་མང་རྣམས་འཇིག་ཡོད། དེ་ཚོ་ལ་ཉེས་ཆད་གཏོང་བའི་དུས་ལ་སླེབས་ཡོད་དོ། 28(བྷེ་བྷི་ལོ་ནི་ཡ་ནས་བྲོས་པའི་སྐྱབས་བཅོས་པ་ཚོ་ཡེ་རུ་ཤ་ལེམ་དུ་ཡོང་བ་དང་། དེ་ཚོས་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་བྷེ་བྷི་ལོ་ནི་ཡ་པ་ཚོས་ཁོང་གི་མཆོད་ཁང་ལ་གང་བྱེད་པ་ལ་དགྲ་ཤ་ཇི་ལྟར་ལེན་པར་མཛད་པའི་སྐོར་སྨྲ་བར་བྱེད་དོ།) 29མདའ་པ་ཚོར་བྷེ་བྷི་ལོན་ལ་ཕར་རྒོལ་བྱོས་སྨྲོས་ཤིག། མདའ་གཞུ་བེད་སྤྱོད་བྱེད་ཤེས་མཁན་མི་རྣམས་གཏོང་ཞིག། གྲོང་ཁྱེར་ལ་མཐའ་བསྐོར་ནས་སུ་ཡང་བྲོས་སུ་མ་འཇུག་ཅིག དེ་ཚོས་གང་བྱས་པ་ཚང་མའི་ལན་འཇལ་ཞིང་དེ་ཚོས་གཞན་ལ་ཇི་ལྟར་སྐྱོངས་བ་ལྟར་དེ་ཚོར་སྐྱོངས་ཤིག གང་ལ་ཟེར་ན། དེ་ཚོས་ང་ཨིསི་རཱཨེལ་གྱི་དམ་པ་མཆོག་ལ་ང་རྒྱལ་བྱས་ཡོད་དོ། 30དེར་བརྟེན་དེའི་མི་ན་གཞོན་ཚོ་གྲོང་ཁྱེར་གྱི་རྒྱ་ལམ་སྟེང་གསོད་པ་དང་དེའི་དམག་དཔུང་རྣམས་ཉིན་དེར་མེད་པར་བཟོའོ་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 31བྷེ་བྷི་ལོ་ནི་ཡ་ཁྱོད་ང་རྒྱལ་གྱིས་ཁེངས་ཡོད་སྟབས་ང་ཀུན་དབང་ཅན་གྱི་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་རྒྱབ་འགལ་བྱ་བཞིན་ཡོད། ངས་ཁྱོད་ལ་ཆད་པ་གཏོང་རྒྱུའི་དུས་ཚོད་སླེབས་ཡོད། 32ཁྱོད་ཀྱི་སྤོབས་པ་ཅན་གྱི་མི་རིགས་དེ་བཞིན་འགྱེལ་ཞིང་འཕམ་པར་འགྱུར་བ་དང་ཁྱོད་ལ་རོགས་བྱ་མཁན་སུ་ཡང་ཡོང་བར་མི་འགྱུར། ངས་ཁྱོད་ཀྱི་གྲོང་ཁྱེར་ཚོར་མེ་སྤར་བ་དང་ཁྱོད་ཀྱི་མཐའ་འཁོར་དུ་ཡོད་པ་ཚང་མ་མེད་པར་བཟོ་རྒྱུ་ཡིན་ནོ། 33མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཨིསི་རཱཨེལ་དང་ཡ་ཧུ་དཱའི་མི་མང་རྣམས་ལ་མནར་གཅོད་བཏང་ཡོད། དེ་ཚོ་དབང་བཟུང་བྱ་མཁན་ཚོས་བཙན་པོར་བསྲུང་ནས་དེ་ཚོ་འགྲོ་རུ་མི་འཇུག་གོ 34འོན་ཀྱང་དེ་ཚོ་སྐྱོབས་མཁན་དེ་སྟོབས་ཤུགས་ཆེན་པོ་ཡིན་ནོ། ཁོང་གི་མཚན་ལ་མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་ཞུ་བ་ཡིན། ཁོང་སྐུ་ཉིད་ཀྱིས་དེ་ཚོའི་གནས་དོན་ལ་གཟིགས་སྐྱོངས་གནང་བ་དང་། ས་གཞིར་ཞི་བདེ་ཡོང་བར་མཛད་ན་ཡང་བྷེ་བྷི་ལོ་ནི་ཡ་ཚོར་སྡུག་བསྔལ་ཡོང་བར་མཛད་དོ། 35གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་ནང་བ། བྷེ་བྷི་ལོ་ནི་ཡ་ལ་འཆི་བ་ཡོང་བར་འགྱུར། དེའི་མི་མང་ཚོར་འཆི་བ་ཡོང་བར་འགྱུར། དེ་ཚོའི་རྒྱལ་པོ་ཚོ་དང་ཤེས་རབ་ཅན། བཅས་པ་དེ་ཚོར་འཆི་བ་ཡོང་བར་འགྱུར། 36རྫུན་གྱི་ལུང་སྟོན་ཚོར་ཡང་འཆི་བར་འགྱུར། དེ་ཚོ་རྣམས་ནི་གླེན་པ་ཇི་ལྟར་ཡིན། དེ་ཡི་དམག་མི་ཚོ་ཡང་འཆི་བར་འགྱུར། དེ་ཚོ་ཇི་ལྟར་འཇིགས་བཞིན་ཡོད་པ་ཡིན། 37དེའི་རྟ་དང་ཤིང་རྟ་འཁོར་ལོ་མེད་པར་བཟོས། དེ་ཚོའི་གླས་པའི་དམག་མི་འཆི་བར་འགྱུར། དེ་ཚོ་སྟོབས་ཆུང་ཇི་འདྲ་ཡོད་པ་ཡིན། དེ་ཚོའི་བང་མཛོད་རྣམས་ནི་མེད་པར་བཟོས། འཕྲོག་བཅོམ་དང་ནི་ཇག་བཅོམ་བཅས་བྱོས་ཤིག། 38དེ་ཚོའི་ཡུལ་དུ་ཐན་པ་གཏོང་བས་ན། དེ་ཚོའི་རྒྱུགས་ཆུ་སྐམ་པར་བྱོས་ཤིག་དང་། བྷེ་བྷི་ལོ་ནི་ཡ་སྐུ་འདྲ་འཇིགས་རུང་ཡུལ་ཡིན་ནོ། དེ་ཡིས་མི་མང་གླེན་པ་ཚོ་བཟོས་ཡོད། 39དེར་བརྟེན་བྷེ་བྷི་ལོན་དེ་བཞིན་གདོང་འདྲེ་རྣམས་དང་རྣམ་ཤེས་ངན་པ་རྣམས་དང་མི་གཙང་བའི་བྱིའུ་རྣམས་ཀྱི་བཞུགས་པར་བྱེད། དེར་ཡང་སྐྱར་མི་གནས་སྡོད་བྱེད་པར་མི་འགྱུར། དུས་གཏན་གྱི་ཆེད་དུ་དེར་གནས་མི་ཡོང་། 40ཇི་ལྟར་ངས་སོ་དྷོམ་དང་གྷོ་མོ་རཱ་དང་ཉེ་འཁྲིས་ཀྱི་གྲོང་ཁྱེར་ཚོ་མེད་པར་བཟོས་པ་ལྟར་བྷེ་བྷི་ལོན་ལ་ཡང་དེ་ལྟར་ཡོང་བར་འགྱུར། དེར་སླར་ཡང་སྡོད་པར་མི་བྱེད་ཅེས། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 41བྱང་ཡུལ་སྟོབས་ཆེན་ཐག་རིང་རྒྱལ་ཁབ་ནས། དེ་ནས་མི་རིགས་ཚོ་ཡང་ཡོང་བཞིན་འདུག། རྒྱལ་པོ་མང་པོས་དམག་གྲ་སྒྲིགས་བཞིན་ཡོད། 42དེ་ཚོས་རང་གི་མདའ་དང་རལ་གྲི་བླངས། སྡུག་རྩུབ་ཅན་དང་སྙིང་རྗེ་མེད་མཁན་ཡིན། དེ་ཚོས་རང་གི་རྟ་ཚོ་བཞོན་པའི་སྐབས། རྒྱ་མཚོ་བཞིན་དུ་དེ་ཚོས་ངར་རོ་སྒྲོགས། དེ་ཚོ་བྷེ་བྷི་ལོ་ནི་ཡ་དམག་འཐབ་གྲ་སྒྲིགས་ཡོད། 43བྷེ་བྷི་ལོ་ནི་ཡ་རྒྱལ་པོས་གཏམ་དེ་ཐོས་བས་ན། ཁོང་གི་ཕྱག་གཉིས་འཁྱོག་ནས་ལུས་པར་འགྱུར། སྐྱེ་གཟེར་རྒྱབ་མཁན་བུད་མེད་ལྟ་བུ་ནི། ཁོང་ལ་སྡུག་བསྔལ་དྲག་པོ་བྱུང་ངོ། 44ཤིང་ནགས་སྟུག་པོའི་ཡོར་དན་ཁུལ་ནས་རྩ་ཁ་ལྗང་ཁུའི་ཡུལ་དུ་སེང་གེ་ཞིག་ཡོང་བ་ལྟར་ང་གཙོ་བོ་དཀོན་མཆོག་ཡོང་ནས་གློ་བུར་དུ་བྷེ་བྷི་ལོ་ནི་ཡ་པ་ཚོ་རང་གི་ཡུལ་ནས་བྲོས་དགོས་པ་བཟོ་རྒྱུ་ཡིན། དེ་ནས་ངས་འདམས་པའི་འགོ་འཁྲིད་ཀྱི་རྒྱལ་ཁབ་དེ་དབང་བསྒྱུར་བྱེད་དོ། སུས་ང་དང་བསྡུར་བར་བྱེད་ནུས་སམ། ང་ལ་སུ་ཞིག་གིས་འདྲན་བསྡུར་བྱེད་ནུས་སམ། རྒྱལ་པོ་སུ་ཞིག་གིས་ང་ལ་ངོ་རྒོལ་བྱེད་ཐུབ་བམ། 45དེར་བརྟེན་ངས་བྷེ་བྷི་ལོན་གྱི་གྲོང་ཁྱེར་ཆེད་འཆར་གཞི་ཇི་བཟོས་པ་དང་། ངས་དེའི་མི་མང་ལ་ཇི་ལྟར་བྱེད་པའི་འཆར་གཞི་ཡོད་པར་ཉོན་ཞིག དེ་ཚོའི་བུ་ཕྲུག་ཚོ་ཡང་འདྲུད་ནས་འཁྱེར་བ་དང་ཚང་མ་འཇིགས་སྐྲག་སྐྱེས་པར་འགྱུར་རོ། 46བྷེ་བྷི་ལོན་འཕམ་སྐབས་དེར་སྒྲ་ཞིག་བྱུང་བས་ས་གཞི་ཡོངས་རྫོགས་འགུལ་བར་འགྱུར་བ་དང་། གཞན་མི་རིགས་ཚོས་སྐྲག་པའི་སྐད་ངན་ཐོས་པར་འགྱུར་རོ༎

ཡེར་མི་ཡཱ། 51

ད་རུང་ཡང་བྷེ་བྷི་ལོ་ནི་ཡ་ལ་ཁྲིམས་གཅོད་གནང་བ།

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ངས་བྷེ་བྷི་ལོ་ནི་ཡ་དང་དེའི་མི་མང་ལ་སྟོར་བཤིགས་ཀྱི་རླུང་འཚུབ་དྲག་པོ་ཞིག་འཁྱེར་ཡོང་བཞིན་ཡོད། 2སོག་མ་འཁྱེར་བའི་རླུང་འཚུབ་ལྟར་ངས་བྷེ་བྷི་ལོ་ནི་ཡ་མེད་པར་བཟོ་བར་ཕྱི་རྒྱལ་བ་རྣམས་གཏོང་རྒྱུ་ཡིན། སྟོར་བཤིགས་བྱ་རྒྱུའི་ཉིན་དེ་སླེབས་སྐབས་དེ་ཚོས་ཕྱོགས་ཐམས་ཅད་ནས་འཐབ་རྒོལ་བྱེད་ནས་ཡུལ་དེ་བཞིན་སྟོང་པར་འཇོག་པར་བྱེད་དོ། 3དེ་ཚོའི་དམག་མི་ཚོ་ལ་མདའ་འཕེན་པ་དང་ཁྲབ་གྱོན་པའི་དུས་སྐབས་མ་སྤྲོད་ཅིག ན་གཞོན་ཚོ་ལ་ཚེ་ཐར་མ་གཏོང་ཞིག། དམག་དཔུང་ཡོངས་རྫོགས་མེད་པར་བཟོས་ཤིག། 4དེ་ཚོ་རྨས་ནས་རང་གི་གྲོང་ཁྱེར་གྱི་རྒྱ་ལམ་གྱི་སྟེང་དུ་འཆི་བར་འགྱུར་རོ། 5ང་གཙོ་བོ་དཀོན་མཆོག་མཐུ་སྟོབས་ཅན་གྱི་དཀོན་མཆོག་གིས་ཨིསི་རཱཨེལ་དང་ཡ་ཧུ་དཱ་པས་ང་ཨིསི་རཱཨེལ་གྱི་དམ་པ་མཆོག་གི་སྤྱན་སྔར་སྡིག་པ་གྱིས་ཡོད་ན་ཡང་ངས་དེ་ཚོ་ལ་སྤངས་མེད་དོ། 6བྷེ་བྷི་ལོ་ནི་ཡ་ནས་བྲོས་ཤིག། ཁྱོད་ཚོའི་སྲོག་གི་ཆེད་དུ་བྲོས་ཤིག། བྷེ་བྷི་ལོ་ནི་ཡའི་སྡིག་པའི་རྐྱེན་གྱིས་ཁྱོད་ཚོ་འཆི་བར་མ་འགྱུར་ཞིག ངས་ད་ལྟ་དགྲ་ཤ་ལེན་རྒྱུ་དང་དེ་ཚོ་ལ་འོས་པའི་ཆད་པ་གཏོང་རྒྱུ་ཡིན་ནོ། 7བྷེ་བྷི་ལོ་ནི་ཡ་ནི་ངའི་ལག་གི་གསེར་གྱི་ཕོར་པ་ལྟར་འཛམ་གླིང་ཡོངས་ལ་ར་བཟི་བཅུག་ཡོད། མི་རིགས་ཚོས་དེས་ལས་རྒུན་ཆང་འཐུང་ནས་སྨྱོན་པ་ཆགས་སོ། 8བྷེ་བྷི་ལོ་ནི་ཡ་གློ་བུར་དུ་ལྷུང་ནས་མེད་པར་ཆགས་ཡོད། དེའི་ཆེད་དུ་མྱ་ངན་བྱོས་ཤིག། དེའི་རྨའི་ཆེད་དུ་སྨན་ལེན་ཞིག་དང་ཕལ་ཆེར་དེ་གསོད་པར་འགྱུར་སྲིད་དོ། 9དེར་གནས་སྡོད་བྱེད་པའི་ཕྱི་རྒྱལ་བ་ཚོས་ང་ཚོས་བྷེ་བྷི་ལོ་ནི་ཡ་ལ་རོགས་བྱ་རྒྱུའི་ཐབས་ཤེས་བྱས་ཡོད་ན་ཡང་དེ་ཧ་ཅང་ཕྱིས་དྲག་འདུག ད་མོ་བཞག་ནས་ང་ཚོ་རང་གི་ཁྱིམ་དུ་ལོག་འགྲོ། དཀོན་མཆོག་གིས་བྷེ་བྷི་ལོ་ནི་ཡ་ལ་ཁོང་གི་ནུས་ཤུགས་ཡོངས་ཀྱིས་ཉེས་ཆད་བཏང་ནས་དེ་ཆ་ཚང་མེད་པར་བཟོས་གནང་ཡོད་ཅེས་བརྗོད་དོ། 10གཙོ་བོ་དཀོན་མཆོག་གིས་ངའི་མི་མང་ཚོས་སྐད་རྒྱབ་ནས་ང་ཚོ་དྲང་བདེན་ཡིན་པ་སྟོན་གནང་སོང་། ང་ཚོས་ཡེ་རུ་ཤ་ལེམ་གྱི་མི་མང་ཚོར་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག་གིས་ཇི་ལྟར་མཛད་པ་ཤོད་དུ་འགྲོ་ཅེས་སྐད་རྒྱོབ་ཀྱི་འདུག་ཅེས་བཀའ་གནང་ངོ་། 11གཙོ་བོ་དཀོན་མཆོག་གིས་མ་དཱའི་རྒྱལ་པོ་ཚོར་རྒྱུད་བསྐུལ་མཛད་ཡོད། གང་ལ་ཟེར་ན། ཁོང་གིས་བྷེ་བྷི་ལོ་ནི་ཡ་ལ་མེད་པར་མཛད་རྒྱུའི་དགོངས་འཆར་ཡོད། དེ་ལྟར་ཁོང་གིས་མཆོད་ཁང་བཤིགས་པའི་དགྲ་ཤ་ལེན་པར་མཛད་རྒྱུ་ཡིན་ནོ། བཙོན་རྒོལ་མཁན་གྱི་འགོ་འཛིན་ཚོས་འདི་ལྟར་བཀའ་གཏོང་བར་བྱེད། ཁྱོད་ཚོའི་མདའ་ཚོར་རྣོ་བཏོན་ཞིག། ཁྱོད་ཚོའི་ཕུབ་གྲ་སྒྲིགས་བྱོས་ཤིག། 12བྷེ་བྷི་ལོན་གྱི་ལྕགས་རི་ཚོར་འཐབ་པའི་བརྡ་བཏོང་ཞིག། སྲུང་ཆ་ཤུགས་ཆེ་རུ་གཏོང་ཞིག། སྒོ་སྲུང་བ་འཇོག་ཅིག། འཇབ་དམག་རྣམས་འཇོག་ཅིག་ཅེས་སོ། གཙོ་བོ་དཀོན་མཆོག་གིས་བྷེ་བྷི་ལོ་ནི་ཡ་པའི་མི་མང་ཚོར་ཇི་ལྟར་མཛད་རྒྱུ་བཀའ་གནང་བ་ལྟར་མཛད་ཡོད། 13ཡུལ་དེར་རྒྱུགས་ཆུ་མང་པོ་དང་གཏེར་གྱི་ནོར་མང་པོ་ཡོད་ན་ཡང་དུས་ཚོད་དེ་རྫོགས་ཡོད་པ་དང་མི་ཚེའི་ཐག་པ་དེ་བཅད་ཡོད་དོ། 14མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་སྐུ་ཉིད་ཀྱིས་ཆ་ག་འབུའི་ཁྱུ་ཚོགས་ལྟར་བྷེ་བྷི་ལོ་ནི་ཡ་ལ་འཐབ་མཁན་མི་རྣམས་གཏོང་བ་གནང་རྒྱུའི་དབུ་མནའ་བཞེས་པ་དང་། དེ་ཚོའི་རྒྱལ་ཁའི་སྐད་འབོད་བྱེད་པར་འགྱུར་རོ༎

དཀོན་མཆོག་ལ་བསྟོད་པའི་མགུར་མ།

15གཙོ་བོ་དཀོན་མཆོག་གི་མཐུ་སྟོབས་ཀྱིས་ས་གཞི་བཀོད། ཁོང་གི་ཤེས་རབ་ཀྱིས་འཛམ་གླིང་བསྐྲུན་བ་དང། ཁོང་གིས་ནམ་མཁའ་བཀྲམ་པར་མཛད། 16ཁོང་གི་བཀའ་ཡིས་ནམ་མཁར་ཆུ་སྒྲ་སྒྲོགས། ས་གཞིའི་མཐའ་ནས་སྤྲིན་པ་འདྲེན་པར་མཛད། ཁོང་གིས་ཆར་པར་གནམ་གློག་འཁྱུག་པར་མཛད། ཁོང་གི་མཛོད་ཁང་ནང་ནས་རླུང་འཚུབ་གཏོང་བར་མཛད། 17མཐོང་སྣང་འདི་བྱུང་བས་མི་ཚོ་གླེན་པ་དང་ནི་བསམ་མེད་འཚོར་རོ། སྐུ་འདྲ་བཟོ་མཁན་ཚོ་སེམས་འཁྲུལ་ཡོང་། གང་ལ་ཟེར་ན། དེ་ཚོས་བཟོས་པས་ལྷ་ཚོ་རྫུན་མ་དང་སྲོག་མེད་ཡིན། 18དེ་རྣམས་ཕན་མེད་ཡིན་པས་འཕྱས་དགོས་སོ། གཙོ་བོ་དཀོན་མཆོག་དེ་ཚོར་འབྲེལ་བའི་ཆེད། ཕེབས་སྐབས་ཁོང་གིས་དེ་ཚོ་མེད་པར་བཟོ་མཛད། 19ཡ་ཀོབ་དཀོན་མཆོག་དེ་ཚོ་ནང་བཞིན་མེད། ཁོང་ནི་ཐམས་ཅད་བཟོ་བ་གནང་མཁན་ཡིན་ནོ། དཀོན་མཆོག་ཁོང་གིས་ཨིསི་རཱཨེལ་པ་རྣམས་ལ། རང་གི་མི་མང་ཆེད་དུ་འདམས་པར་མཛད། ཁོང་མཚན་མཐུ་སྟོབས་གཙོ་བོ་དཀོན་མཆོག་ཡིན༎

གཙོ་བོ་དཀོན་མཆོག་གི་ཐོ་བ།

20གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། བྷེ་བྷི་ལོ་ནི་ཡ་ཁྱོད་ངའི་ཐོ་བ་ཡིན། ངའི་དམག་གི་མཚོན་ཆ་ཡིན། ང་ཡིས་མི་རིགས་དང་ནི་རྒྱལ་ཁབ་ཚོར། མར་ལ་བསྣན་རྒྱུར་ཁྱོད་ལ་བེད་སྤྱོད་བྱེད། 21རྟ་དང་ཞོན་མཁན་བསིལ་བུར་གཏོང་རྒྱུ་དང་། ཤིང་རྟ་འཁོར་ལོ་དང་ནི་དེའི་ཁ་ལོ་ཕར། བསིལ་བུ་སྟོར་བར་བྱ་བའི་ཆེད་དུ་དང་། 22སྐྱེས་པ་དང་ནི་བུད་མེད་གསོད་པའི་ཆེད། རྒས་ཁོག་དང་ནི་ན་གཞོན་གསོད་པའི་ཆེད། བུ་དང་བུ་མོ་རྣམས་ཚོ་གསོད་པའི་ཆེད། 23ལུག་རྫི་དང་ནི་ལུག་ཁྱུ་གསོད་ཆེད་དང་། ས་ཞིང་རྨོ་མཁན་དང་ནི་དེ་ཚོའི་རྟ་རྣམས་གསོད་ཆེད། རྒྱལ་པོ་ཚོ་དང་ལས་བྱེད་པ་ཐོ་པོ་ཚོ། བཅས་ལ་བསྣན་ཆེད་བེད་སྤྱོད་བྱེད་ཀྱི་ཡོད༎

བྷེ་བྷི་ལོ་ནི་ཡའི་ཉེས་ཆད།

24གཙོ་བོ་དཀོནམཆོག་གིས་བཀའ་གནང་བ། ངས་བྷེ་བྷི་ལོ་ནི་ཡ་དང་དེའི་མི་མང་ཚོས་ཡེ་རུ་ཤ་ལེམ་ལ་ངན་པ་གྱིས་པ་ཚང་མའི་ངན་ལན་འཇལ་བ་ཁྱོད་ཚོས་མཐོང་བར་འགྱུར་རོ། 25བྷེ་བྷི་ལོ་ནི་ཡ་ཁྱོད་འཛམ་གླིང་ཡོངས་མེད་པར་བཟོ་མཁན་རི་དང་འདྲའོ། འོན་ཀྱང་ང་གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དགྲ་བོ་ཡིན། ངས་ཁྱོད་བཟུང་ནས་ཐང་ལྟར་སྙོམས་ནས་ཁྱོད་གོ་ཐལ་དུ་འཇོག་རྒྱུ་ཡིན་ནོ། 26ཁྱོད་ཀྱི་གྱང་ཤུལ་གྱི་རྡོ་གཅིག་ཀྱང་སླར་ཁང་པ་བཟོ་རྒྱུར་བེད་སྤྱོད་མི་བྱེད་དོ། ཁྱོད་གཏན་གྱི་ཆེད་བྱེ་ཐང་དང་འདྲ་བར་འགྱུར་རོ་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 27ཕར་རྒོལ་བྱེད་པའི་བརྡ་གཏོང་ཞིག། མི་རིགས་ཚོས་ཐོས་པའི་ཆེད་དུང་ཆེན་འབུད་ཅིག། བྷེ་བྷི་ལོ་ནི་ཡ་ལ་དམག་འཐབ་ཆེད་དུ་མི་རིགས་ཚོ་གྲ་སྒྲིགས་བྱོས་ཤིག ཨ་ར་རད་དང་མིན་ནི་དང་ཨཤ་ཀེ་ནཛ་ཀྱི་རྒྱལ་ཁབ་ཚོར་ཕར་རྒོལ་བྱོས་ཤིག་སྨྲོས་ཤིག དེ་ལ་འཐབ་རྒོལ་བྱེད་ཆེད་དམག་དཔོན་ཞིག་བསྐོས་ཤིག། ཆ་ག་འབུའི་ཁྱུ་ཚོགས་ལྟར་རྟ་རྣམས་འཁྲིད་ཤོག 28བྷེ་བྷི་ལོ་ནི་ཡ་ལ་དམག་འཐབ་ཆེད་མི་རིགས་ཚོ་གྲ་སྒྲིགས་བྱོས་ཤིག མ་དཱའི་རྒྱལ་པོ་ཚོ་དང་དེ་ཚོའི་འགོ་འཁྲིད་ཚོ་དང་ལས་བྱེད་པ་ཚོ་དང་དེ་ཚོས་དབང་བསྒྱུར་བྱས་པའི་ཡུལ་ཚང་མའི་དམག་མི་བོས་པར་གཏོང་ཞིག 29གཙོ་བོ་དཀོན་མཆོག་གིས་བྷེ་བྷི་ལོ་ནི་ཡ་དེ་བཞིན་སུ་ཡང་མི་སྡོད་པའི་མི་མེད་ལུང་སྟོང་གི་ས་གནས་བཟོ་བའི་ཁོང་གི་འཆར་གཞི་དེ་ཕྱག་ལེན་འགེལ་གྱི་ཡོད་སྟབས་ས་གཞི་འདར་ཞིང་འགུལ་བར་འགྱུར་རོ། 30བྷེ་བྷི་ལོན་པའི་དམག་མི་ཚོ་དམག་མཚམས་འཇོག་པ་དང་དེ་ཚོ་མཁར་རྫོང་དུ་གནས་སོ། དེ་ཚོ་རང་གི་བློ་སྟོབས་རླག་ནས་བུད་མེད་ལྟར་འགྱུར་རོ། གྲོང་ཁྱེར་གྱི་རྒྱལ་སྒོ་ཁག་མར་གཞིགས་པ་དང་ཁང་པ་ཚོ་མེས་འཚིགས་སོ། 31བྷེ་བྷི་ལོ་ནི་ཡའི་རྒྱལ་པོར་གྲོང་ཁྱེར་དེ་བཞིན་ཕྱོགས་ཚང་མ་ནས་གཞིགས་འདུག་ཞུ་བར་བང་ཆེན་གཅིག་འཇུག་གཉིས་འཇུག་རྒྱུགས་སོ། 32དགྲ་བོ་ཚོས་ཆུ་བོ་རྒལ་ཡུལ་བཙན་བཟུང་བྱས་ནས་འཛིངས་རག་ཚོ་མེར་སྲེག་གོ བྷེ་བྷི་ལོན་པའི་དམག་མི་ཚོར་འཇིགས་སྣང་སྐྱེས་སོ། 33མགྱོགས་པོར་དགྲ་བོ་ཚོས་དེ་ཚོར་མར་གཅོད་པ་དང་། འབྲུ་བརྡུང་སར་འབྲུ་ལྟར་དེ་ཚོར་རྡོག་རྫི་གཏོང་བར་འགྱུར། ང་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 34བྷེ་བྷི་ལོ་ནི་ཡ་རྒྱལ་པོས་ཡེ་རུ་ཤ་ལེམ་ལ། གཏུབ་ནས་བཟའ་བ་ཡིན། བུམ་པ་ལྟ་བུ་གྲོང་ཁྱེར་སྟོང་པ་བཟོས། སྦྲུལ་གྱི་མིག་པ་ལྟ་བུ་ཁོ་ཡིས་མིག། ཁོ་ཡིས་རང་འདོད་པ་ཚུར་བླངས་ནས། དེ་འཕྲོས་རྣམས་ཁོས་ཕྱིར་དུ་དབྱུགས་པ་ཡིན། 35ཛི་ཡོན་མི་ཚོས་འདི་ལྟར་བརྗོད་དུ་འཇུག། ང་ཚོའི་ཐོག་ཏུ་དྲག་ལས་ཇི་བྱས་པར། དེ་ཡི་འགན་འཁྲིད་བྷེ་བྷི་ལོ་ནི་ཡ་ལ་ཡོང་། ཡེ་རུ་ཤ་ལེམ་མི་ཚོས་འདི་བརྗོད་འཇུག། ང་ཚོས་སྡུག་བསྔལ་ཇི་ཞིག་མྱོང་དགོས་བྱུང་། དེ་ཡི་འགན་འཁྲིད་བྷེ་བྷི་ལོ་ནི་ཡ་ལ་ཡོང་བར་ཤོག།

གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་རོགས་གནང་རྒྱུ།

36དེར་བརྟེན་གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་གྱི་མི་མང་ཚོར་འདི་ལྟར་བཀའ་གནང་ང་། ངས་ཁྱོད་ཀྱི་དོན་དུ་ཁྱོད་ཀྱི་དགྲ་བོ་ཚོས་ཁྱོད་ལ་ཇི་ལྟར་བྱས་པར་ལན་འཇལ་དུ་འཇུག་རྒྱུ་ཡིན། ངས་བྷེ་བྷི་ལོ་ནི་ཡའི་ཆུའི་འབྱུང་ཁུངས་སྐམ་པར་བྱས་ནས་དེའི་རྒྱུགས་ཆུ་ཚོ་སྐམ་འཇུག་རྒྱུ་ཡིན། 37གྲོང་ཁྱེར་དེ་བཞིན་གྱང་གོག་གི་ཕུང་པོ་གཅན་གཟན་གནས་སྡོད་བྱེད་ཡུལ་དུ་འགྱུར། དེ་ནི་འཇིགས་སུ་རུང་བའི་མཐོང་ཡུལ་དུ་འགྱུར་བ་དང་དེར་སུ་ཡང་གནས་སྡོད་མི་བྱེད་པ་མ་ཟད། དེ་མཐོང་མཁན་རྣམས་འཇིགས་སྐྲག་སྐྱེས་པར་འགྱུར་རོ། 38བྷེ་བྷི་ལོ་ནི་ཡ་པ་ཚང་མ་སེང་གེ་དང་སེང་ཕྲུག་ལྟར་ངར་སྐད་འདོན་པར་བྱེད་དོ། 39དེ་ཚོ་འདོད་རྔམ་ཅན་ཡིན་ནམ། ངས་དེ་ཚོ་ལ་ཐུགས་སྤྲོ་ཞིག་བཤམས་ནས་དེ་ཚོ་ར་བཟི་བ་དང་དགའ་སྐྱིད་བཟོ་རྒྱུ་ཡིན། དེ་ཚོ་ཉལ་དུ་ཕྱིན་ནས་ནམ་ཡང་གཉིད་སད་པར་མི་འགྱུར། 40ངས་དེ་ཚོ་ལུག་དང་ར་དང་ར་ཕོ་ལྟར་གསོད་དུ་འཁྲིད་རྒྱུ་ཡིན་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

བྷེ་བྷི་ལོན་གྱི་ལས།

41གཙོ་བོ་དཀོན་མཆོག་གིས་བྷེ་བྷི་ལོན་གྱི་སྐོར་ལ་འདི་ལྟར་བཀའ་གནང་ངོ་། འཛམ་གླིང་ཡོངས་ཀྱི་བསྟོད་པའི་གྲོང་ཁྱེར་དེ་དབང་བཟུང་བྱས་ཡོད། བྷེ་བྷི་ལོན་དེ་བཞིན་མི་རིགས་ཚོ་ལ་འཇིགས་སྐྲག་སྐྱེས་པའི་མཐོང་ཡུལ་ཇི་འདྲ་འགྱུར་རོ། 42བྷེ་བྷི་ལོན་ཐོག་ཏུ་རྒྱ་མཚོ་རྒྱུགས་པ་དང་། ངར་སྒྲ་སྒྲོགས་པའི་རྦ་རླབས་ཀྱིས་དེ་ལ་བཀབ་བོ། 43གྲོང་ཁྱེར་ཚོ་འཇིགས་སུ་རུང་བའི་མཐོང་ཡུལ་དུ་འགྱུར་བ་དང་། དེར་སུ་ཡང་གནས་སྡོད་མི་བྱེད་པ་དང་ཕར་ཚུར་འགྲུལ་པ་ཙམ་མི་བྱེད་པའི་ཆུ་མེད་བྱེ་ཐང་ལྟ་བུར་འགྱུར་རོ། 44ངས་བྷེ་བྷི་ལོ་ནི་ཡའི་ལྷ་བྷེལ་ལ་ཆད་པ་གཏོང་རྒྱུ་ཡིན། ཁོས་རྐུས་ནས་འཁྱེར་བའི་དངོས་པོ་རྣམས་སྤོངས་སུ་འཇུག་རྒྱུ་དང་སླར་མི་རིགས་སུ་ཞིག་གིས་ཀྱང་ཁོ་ལ་མཆོད་པར་མི་བྱེད་དོ། བྷེ་བྷི་ལོན་གྱི་ལྕགས་རི་ཚོ་བཞིགས་པར་འགྱུར་ཡོད། 45ཨིསི་རཱཨེལ་གྱི་མི་མང་ཚོ་དེ་ནས་བྲོས་རྒྱུགས་ཤིག། ཁྱོད་ཚོའི་སྲོག་སྐྱོབས་པར་ངའི་ཁྲོ་བ་དྲག་པོ་ལས་བྲོས་ཤིག 46ཁྱོད་ཚོས་དཀྲོག་གཏམ་ཐོས་པའི་རྐྱེན་གྱིས་སེམས་ཤུགས་ཆགས་པ་དང་འཇིགས་སྣང་མ་བྱེད་ཅིག ཡུལ་དུ་དྲག་ལས་དང་རྒྱལ་པོ་གཅིག་གིས་གཞན་ལ་དམག་འཐབ་བྱེད་པའི་དཀྲོག་གཏམ་ལོ་རེ་བཞིན་མི་འདྲ་བ་ཞིག་ཁྱབ་པར་བྱེད་དོ། 47ངས་བྷེ་བྷི་ལོ་ནི་ཡའི་སྐུ་འདྲ་ཚོར་འབྲེལ་བྱེད་པའི་དུས་ཚོད་སླེབས་བཞིན་ཡོད། ཡུལ་ཡོངས་རྫོགས་ངོ་ཚ་རུ་འཇུག་པ་དང་དེའི་མི་མང་རྣམས་གསོད་པར་བྱེད་དོ། 48བྱང་ནས་མེད་པར་བཟོ་བར་ཡོང་མཁན་ཚོའི་ལག་ཏུ་བྷེ་བྷི་ལོ་ནི་ཡ་ཤོར་བའི་དུས་སྐབས་ལ་ས་གཞི་དང་ནམ་མཁར་ཡོད་པ་ཚང་མས་དགའ་བའི་སྐད་འབོད་བྱེད་དོ། 49འཛམ་གླིང་ཡོངས་སུ་བྷེ་བྷི་ལོ་ནི་ཡའི་མི་མང་པོ་འཆི་རུ་འཇུག་ཡོད་པ་དང་། ད་ཆ་བྷེ་བྷི་ལོ་ནི་ཡ་དེ་བཞིན་འཕམ་རྒྱུ་ཡིན། གང་ལ་ཟེར་ན། དེས་ཨིསི་རཱཨེལ་པ་ཧ་ཅང་མང་པོ་འཆི་རུ་འཇུག་ཡོད་ཅེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

བྷེ་བྷི་ལོ་ནི་ཡ་དུ་ཨིསི་རཱཨེལ་པ་ཚོ་ལ་དཀོན་མཆོག་གི་གསུང་འཕྲིན།

50གཙོ་བོ་དཀོན་མཆོག་གིས་བྷེ་བྷི་ལོ་ནི་ཡ་དུ་ཁོང་གི་མི་མང་ལ་བཀའ་གནང་བ། ཁྱོད་ཚོ་འཆི་བ་ལས་ཐར་ཡོད། ད་མ་སྒུག་པར་སོང་ཞིག། ཁྱོད་ཚོ་རང་ཁྱིམ་ནས་ཐག་རིང་ཡོད་ན་ཡང་ཁྱོད་ཚོའི་གཙོ་བོ་དཀོན་མཆོག་བསམ་པ་དང་ཡེ་རུ་ཤ་ལེམ་ལ་དྲན་ཞིག 51ཁྱོད་ཚོས་ང་ཚོར་དམའ་འབེབས་བྱུང་ཞིང་ངོ་ཚ་རུ་འཇུག་ཡོད། ང་ཚོར་རྩ་བ་ནས་མགོན་སྐྱབས་མེད་པ་ལྟ་བུ་འཚོར་བཞིན་འདུག། གང་ལ་ཟེར་ན། ཕྱི་རྒྱལ་བ་ཚོས་མཆོད་ཁང་ནང་གི་གནས་དམ་པ་རྣམས་དབང་བཟུང་བྱས་ཡོད་ཅེས་སྨྲའོ། 52དེར་བརྟེན་ངས་བྷེ་བྷི་ལོན་གྱི་སྐུ་འདྲ་ཚོར་འབྲེལ་བ་བྱེད་པའི་དུས་སྐབས་སླེབས་བཞིན་ཡོད་པ་དང་། རྨས་པ་ཚོས་ཡུལ་ཡོངས་སུ་ཟུག་སྐད་དྲག་པོ་འདོན་པར་བྱེད་ཅེས་ངས་སྨྲས་ཡོད། 53བྷེ་བྷི་ལོན་གྱིས་ནམ་མཁར་འཛེགས་ནས་དེར་མཁར་རྫོང་བརྟན་པོ་ཞིག་བཞེངས་ཐུབ་ན་ཡང་། ངས་དེ་ཚོ་མེད་པར་བཟོ་རྒྱུར་མི་རྣམས་གཏོང་རྒྱུ་ཡིན་ཞེས་ང་གཙོ་བོ་དཀོནམཆོག་གིས་སྨྲས་པ་ཡིན་ནོ༎

ད་དུང་བྷེ་བྷི་ལོན་ལ་སྟོར་བཤིགས་བཏང་བ།

54གཙོ་བོ་དཀོན་མཆོག་ཁོང་གིས་བཀའ་གནང་བ། བྷེ་བྷི་ལོན་ངུ་སྐད་དང་ནི་སྟོར་བཤིགས་གྱིས། ཡུལ་གྱི་ཆེད་དུ་མྱ་ངན་བྱེད་པར་ཉོན། 55ང་ཡིས་བྷེ་བྷི་ལོན་མེད་པར་བཟོ་རྒྱུ་ཡིན། དེ་ནི་ཁ་ཁུ་སིམ་པོར་འཇོག་རྒྱུ་ཡིན། རྦ་རླབས་འུར་སྒྲ་ལྟ་བུར་དམག་དཔུང་རྒྱུགས་ནས་ཡོང་། དེ་ཚོས་ཀུ་ཅོའི་སྐད་འབོད་མཉམ་འཐབ་བོ། 56དེ་རྣམས་བྷེ་བྷི་ལོན་མེད་པར་བཟོ་བར་ཡོང་། དེ་ཡི་དམག་མི་རྣམས་ནི་འཛིན་བཟུང་བྱས། དེ་ཚོའི་གཞུ་རྣམས་བཅག་ནས་ཡོད་པ་ཡིན། ངན་པར་ཆད་པ་གཏོང་མཁན་དཀོན་མཆོག་ང་། བྷེ་བྷི་ལོན་རང་གི་གྱིས་པའི་ལས་ངན་ལ། ང་ཡིས་དགོས་ངེས་ཉེས་ཆད་གཏོང་བར་བྱ། 57རྒྱལ་པོ་ཚོ་དང་ཤེས་རབ་ཅན་གྱི་མི། འགོ་འཛིན་དང་ནི་དམག་མི་ར་བཟི་རུ་འཇུག། དེ་རྣམས་གཉིད་ཁུག་གཉིད་ལས་སད་མི་འགྱུར། རྒྱལ་པོ་ང་ཡིས་དེ་ལྟར་བརྗོད་པ་ཡིན། མཐུ་སྟོབས་ལྡན་པའི་གཙོ་བོ་དཀོན་མཆོག་ཡིན། 58སྟོབས་ཅན་བྷེ་བྷི་ལོན་ལྕགས་རི་སར་རུ་རློག། དེ་ཡི་རྒྱལ་སྒོ་མཐོ་པོ་མེར་སྲེག་འགྱུར། མི་རིགས་ལས་དོན་འབྲས་བུ་གང་ཡང་མེད། དེ་ཚོའི་འབད་བརྩོན་རྣམས་ནི་མེ་ལྕེ་འབར། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ང་ཡིས་སྨྲས༎

ཡེར་མི་ཡཱའི་འཕྲིན་བྷེ་བྷི་ལོ་ནི་ཡ་ལ་བཏང་བ།

59རྒྱལ་པོ་ཛེ་དེ་ཀི་ཡཱའི་སྐུ་སྒེར་གྱི་སྐུ་བཅར་བ་སེ་ར་ཡཱ་ཞུ་བ་ནེ་རི་ཡཱའི་སྲས་དང་མ་ཡ་སེ་ཡའི་ཚ་བོ་དེ་ཡིན་ནོ། ཛེ་དེ་ཀི་ཡཱ་ཡ་ཧུ་དཱའི་རྒྱལ་པོ་གནང་བའི་ལོ་བཞི་པར་སེ་ར་ཡཱ་ཁོང་མཉམ་བྷེ་བྷི་ལོ་ནི་ཡ་དུ་འགྲོ་བཞིན་པ་དང་། ངས་ཁོ་ལ་སློབ་སྟོན་ཕྲན་བུ་སྤྲད་པ་ཡིན། 60ངས་དེབ་ཞིག་ནང་བྷེ་བྷི་ལོ་ནི་ཡ་སྟོར་བཤིགས་ཡོང་རྒྱུ་ཚང་མ་དང་། བྷེ་བྷི་ལོ་ནི་ཡའི་སྐོར་གཞན་འདི་ཚོ་ཚང་མའི་ལོ་རྒྱུས་རྣམས་བྲིས་ཡོད་དོ། 61ངས་སེ་ར་ཡཱ་ལ་འདི་ལྟར་སྨྲས་པ། ཁྱོད་རང་བྷེ་བྷི་ལོན་དུ་འབྱོར་སྐབས་འདིར་བྲིས་པ་རྣམས་ཆ་ཚང་མི་མང་ལ་སྐད་ཆེན་པོས་ངས་པར་དུ་ཀློག་པར་བྱོས་ཤིག 62དེ་ནས་དེ་ལྟར་སྨོན་འདེབས་བྱེད་དགོས། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ཡུལ་འདིར་འཚོ་བཞིན་པའི་སྲོག་ཆགས་མི་དང་སེམས་ཅན་བཅས་པ་གང་ཡང་མི་ཡོང་བའི་ཕྱིར་མེད་པར་བཟོ་གནང་རྒྱུ་དང་། དེ་ནི་གཏན་གྱི་ཆེད་བྱེ་ཐང་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ཡིན། 63སེ་ར་ཡཱ་ཁྱོད་ཀྱིས་དེབ་འདི་མི་མང་ལ་ཀློག་ཟིན་པ་དང་དེ་རྡོ་ཞིག་ལ་བཏགས་ནས་གཙང་པོ་ཡུབ་རད་དུ་དབྱུགས་ནས། 64དེ་ལྟར་སྨྲོས་ཤིག། བྷེ་བྷི་ལོ་ནི་ཡ་ལ་དེ་ལྟར་ཡོང་རྒྱུ་ཡིན། གཙོ་བོ་དཀོན་མཆོག་གིས་དེའི་སྟེང་དུ་སྟོར་བཤིགས་གནང་རྒྱུ་ཡིན་པའི་རྐྱེན་གྱིས་དེ་ནུབ་པར་འགྱུར་བ་དང་དེ་ནམ་ཡང་ལངས་མི་ཐུབ། ཡེར་མི་ཡཱའི་གསུང་འདིར་རྫོགས་པ་ཡིན་ནོ༎

ཡེར་མི་ཡཱ། 52

(༢ རྒྱལ་རབས་ ༢༤:༡༨—༢༥:༧)

1ཛེ་དེ་ཀི་ཡཱ་དགུང་ལོ་ཉི་ཤུ་རྩ་གཅིག་ཡིན་པའི་སྐབས་སུ་ཡ་ཧུ་དཱའི་རྒྱལ་པོར་འགྱུར་བ་དང་། ཁོང་གིས་ལོ་བཅུ་གཅིག་རིང་ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་བསྐྱངས་སོ། ཁོང་གི་ཡུམ་ནི་ལིབ་ནཱ་གྲོང་ཁྱེར་དུ་བཞུགས་མཁན་ཡེར་མི་ཡཱའི་སྲས་མོ་ཧ་མུ་ཏལ་ཞུ་བ་དེ་ཡིན་ནོ། 2རྒྱལ་པོ་ཡེ་ཧོ་ཡ་ཀིམ་གྱིས་མཛད་པ་ལྟར་རྒྱལ་པོ་ཛེ་དེ་ཀི་ཡཱས་གཙོ་བོ་དཀོན་མཆོག་གིས་སྤྱན་སྔར་སྡིག་པ་གྱིས་ཡོད། 3གཙོ་བོ་དཀོན་མཆོག་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་མི་མང་ལ་ཧ་ཅང་ཐུགས་ཁྲོ་སྟབས་ཁོང་གིས་དེ་ཚོ་ཁོང་གི་སྤྱན་སྔ་ནས་རྒྱང་འབུད་བཏང་གནང་བ་རེད། ཛེ་དེ་ཀི་ཡཱས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་ལ་ངོ་ལོག་རྒྱབ་པ་དང་། 4དེའི་རྐྱེན་གྱིས་ནེ་བུ་ཀད་ནེ་ཛར་གྱིས་རང་གི་དམག་དཔུང་འཁྲིད་ནས་ཡེ་རུ་ཤ་ལེམ་ལ་ཛེ་དེ་ཀི་ཡཱས་རྒྱལ་སྲིད་བསྐྱངས་པའི་ལོ་དགུ་པའི་ཟླ་བ་བཅུ་པའི་ཉིན་བཅུ་པར་དམག་འཐབ་པར་ཡོང་ངོ་། དེ་ཚོས་གྲོང་ཁྱེར་གྱི་ཕྱི་རོལ་དུ་སྒར་བཏབ་པ་དང་། དེའི་ཕྱོགས་བཞིར་ལྕགས་རིས་མཐའ་བསྐོར་བ་དང་། 5ཛེ་དེ་ཀི་ཡཱས་སྲིད་སྐྱོང་བྱས་པའི་ལོ་བཅུ་གཅིག་གི་བར་དུ་དམག་དཔུང་གི་བསྐོར་ཡོད། 6ལོ་དེའི་ཟླ་བ་དགུ་པའི་ཞག་དགུ་པར་མུ་གེ་ཧ་ཅང་ཚབ་ཆེ་བྱུང་བས་མི་མང་ལ་ཟ་རྒྱུ་གང་ཡང་ལྷག་མེད་སྐབས། 7གྲོང་ཁྱེར་གྱི་ལྕགས་རི་བཤིགས་ནས། བྷེ་བྷི་ལོ་ནི་ཡ་པ་ཚོས་གྲོང་ཁྱེར་གྱི་མཐའ་བསྐོར་ནས་ཡོད་ན་ཡང་། མཚན་མོའི་སྐབས་སུ་དམག་མི་ཚང་མ་བྲོས་སོ། དེ་ཚོ་རྒྱལ་པོའི་ལྡུམ་རའི་ལམ་ནས་ཐོན་ཏེ་རྒྱལ་སྒོའི་ལམ་བརྒྱུད་ལྕགས་རི་གཉིས་འབྲེལ་གྱི་མཚམས་ནས་སོང་ནས་ཡོར་དན་ལུང་གཤོང་གྱི་ཕྱོགས་སུ་བྲོས་སོ། 8འོན་ཀྱང་བྷེ་བྷི་ལོན་པའི་དམག་མིས་རྒྱལ་པོ་ཛེ་དེ་ཀི་ཡཱ་ལ་རྗེས་དེད་བྱས་ནས། ཡེ་རི་ཀོའི་ཉེ་འགྲམ་གྱི་ཐང་དུ་ཁོང་བཟུང་བ་དང་ཁོང་གི་དམག་མི་རྣམས་ཀྱི་ཁོང་ལ་སྤངས་སོ། 9ཛེ་དེ་ཀི་ཡཱ་ལ་རྒྱལ་པོ་ནེ་བུ་ཀད་ནེ་ཛར་ཧ་མད་ཀྱི་མངའ་ཁུལ་གྱི་རིབ་ལཱའི་གྲོང་ཁྱེར་དུ་བཞུགས་ཡོད་སར་འཁྲིད་པ་དང་། དེར་ཁོང་ལ་ཁྲིམས་ཀྱི་ཉེས་ཆད་བཏང་བ་རེད། 10རིབ་ལཱར་ཁོང་གིས་ཛེ་དེ་ཀི་ཡཱས་མཐོང་སར་ཛེ་དེ་ཀི་ཡཱའི་སྲས་ཚོར་སྲོག་ཐོག་དུ་བཏང་བ་མ་ཟད། ཡ་ཧུ་དཱའི་ལས་བྱེད་པ་ཚོ་ཡང་སྲོག་ཐོག་དུ་བཏང་བ་རེད། 11དེའི་རྗེས་ལ་ཁོང་གིས་ཛེ་དེ་ཀི་ཡཱའི་སྤྱན་གཉིས་བཏོན་སྟེ་ལྕགས་རྒྱབ་ནས་བྷེ་བྷི་ལོན་དུ་འཁྲིད་དོ། ཛེ་དེ་ཀི་ཡཱ་བྷེ་བྷི་ལོན་དུ་མ་ཤི་བར་བཙོན་དུ་བཞག་གོ།

མཆོད་ཁང་སྟོར་བཤིགས་བཏང་བ།

(༢ རྒྱལ་རབས ༢༥:༨-༡༧)

12བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱི་ལོ་བཅུ་དགུ་པའི་ཟླ་བ་ལྔ་པའི་ཉིན་བཅུ་པར་རྒྱལ་པོར་སླབས་སྟོན་ཞུ་མཁན་ནེ་བུ་ཛ་ར་དྷན་ཟེར་བ་དམག་མིའི་དམག་དཔྱི་དེ་ཡེ་རུ་ཤ་ལེམ་དུ་འཛུལ་ལོ། 13ཁོའི་མཆོད་ཁང་དང་རྒྱལ་པོའི་ཕོ་བྲང་དང་ཡེ་རུ་ཤ་ལེམ་གྱི་གནས་ཡོད་མི་སྣ་ཚོའི་ཁང་ཁྱིམ་བཅས་པ་མེར་བསྲེགས་པ་དང། 14ཁོའི་དམག་མི་ཚོས་གྲོང་ཁྱེར་གྱི་ལྕགས་རི་ཚོ་བཤིགས་སོ། 15དེ་ནས་ནེ་བུ་ཛ་ར་དྷན་གྱིས་གྲོང་ཁྱེར་དུ་ལྷག་པའི་མི་རྣམས་དང་ལག་ཤེས་མཁས་པ་ལྷག་ལུས་ཚོ་དང་རང་གི་རྒྱལ་པོར་སྤངས་ནས་ཡོང་མཁན་རྣམས་བྷེ་བྷི་ལོ་ནི་ཡ་དུ་འཁྲིད་དོ། 16འོན་ཀྱང་ཁོས་ཡ་ཧུ་དཱ་རུ་མི་སྐྱོ་ཤོས་རྒྱུ་དངོས་གང་ཡང་མེད་མཁན་འགའ་ཤས་བཞག་པ་དང་། དེ་ཚོ་རྒུན་ཚལ་དང་ཞིང་ཁ་བཅས་ལ་ལས་ཀ་བྱེད་དུ་བཅུག་གོ། 17བྷེ་བྷི་ལོན་པ་ཚོས་མཆོད་ཁང་ནང་ཡོད་པའི་ལི་གན་གི་ཀ་བ་རྣམས་དང་ཤིང་རྟ་འཁོར་ལོ་དང་ལི་གན་གྱི་ཆུ་མཛོད་ཆེན་པོ་བཅས་པ་དུམ་པོར་བཅག་ནས་ལི་རྣམས་བྷེ་བྷི་ལོན་དུ་འཁྱེར་རོ། 18དེ་ཚོའི་མེ་ཁྱིམ་དང་མཆོད་ཁྲི་གཙང་མ་བཟོ་བར་བེད་སྤྱོད་བྱེད་པའི་གོ་ཐལ་གྱི་སྣོད་ཚོ་དང་། མཆོད་མེར་བེད་སྤྱོད་བྱེད་པའི་ཡོ་བྱད་དང་། དམར་མཆོད་ཀྱི་ཁྲག་བསགས་པར་བེད་སྤྱོད་བྱེད་པའི་ཕོར་པ་ཚོ་དང་། སྤོས་བདུག་པར་བེད་སྤྱོད་བྱེད་པའི་ཕོར་པ་ཚོ་དང་། མཆོད་ཁང་གི་ལས་ཀར་བེད་སྤྱོད་བྱེད་པའི་གཞན་ལིའི་དངོས་པོ་ཚང་མ་ཡང་འཁྱེར་རོ། 19དེ་ཚོས་གསེར་དངུལ་ལས་བཟོས་པའི་ཕོར་པ་ཆུང་ཆུང་ཚོ་དང་། སོལ་བའི་མེར་བེད་སྤྱོད་བྱེད་པའི་སླ་ང་ཚོ་དང་། དམར་མཆོད་ཀྱི་ཁྲག་བཀང་བའི་ཕོར་པ་ཚོ་དང་། གོ་ཐལ་གྱི་སྣོད་ཚོ་དང་ཞུ་མར་གྱི་སྟེགས་བུ་ཚོ་དང་། སྤོས་ཀྱི་ཆེད་དུ་བེད་སྤྱོད་བྱེད་པའི་སྤོས་ཕོར་ཚོ་དང་། རྒུན་ཆང་གི་མཆོད་པ་བླུག་པར་བེད་སྤྱོད་བྱེད་པའི་ཕོར་པ་ཚོ་ཡང་འཁྱེར་རོ། 20རྒྱལ་པོ་སོ་ལོ་མོན་གྱིས་མཆོད་ཁང་གི་ཆེད་དུ་བཟོས་པའི་ལིའི་དངོས་པོ་རྣམས་ཀ་བ་གཉིས་དང་ཤིང་རྟ་འཁོར་ལོ་ཚོ་དང་ཆུ་མཛོད་ཆེན་པོ་དང་དེ་སྐྱོར་བའི་གླང་གོག་བཅུ་གཉིས་བཅས་པ་རྣམས་འདེགས་པར་ཧ་ཅང་ལྗིད་པོ་ཡོད་དོ། 21-22ཀ་བ་གཉིས་པོ་དེ་འདྲ་པོ་ཡོད་པ་དང་རེ་རེའི་རིང་ཚད་མི་ཀྲར་བརྒྱད་དང་མཐའ་འཁོར་དུ་མི་ཀྲར་ལྔ་དང་གྲངས་ཆ་གསུམ་ཡོད། དེ་ཚོ་ཁོག་སྟོང་ཡིན་པ་དང་དེའི་རྒྱུ་ནི་མི་ལི་མི་ཀྲར་བདུན་ཅུ་དོན་ལྔ་མཐུག་པོ་ཡོད་པ་དང་། ཀ་བ་རེ་རེའི་སྟེང་དུ་ལིའི་གན་གྱི་ཀ་ཞུ་མཐོ་ཚད་མི་ཀྲར་གཉིས་དང་གྲངས་ཆ་གཉིས་དང་དེའི་མཐའ་འཁོར་ཡོངས་སུ་ལིའི་བཟོས་པའི་དྲ་བ་དང་སེ་འབྲུས་བརྒྱན་ཡོད་དོ། 23ཀ་བ་རེ་རེའི་དྲ་བར་བསྡོམས་སེ་འབྲུ་གྲངས་ ༡༠༠ ཡོད་པ་ནས། གྲངས་དགུ་བཅུ་གོ་དྲུག་ནི་ས་མཐིལ་ནས་ཡར་མཐོང་ཐུབ་བོ༎

ཡ་ཧུ་དཱའི་མི་མང་ཚོ་བྷེ་བྷི་ལོ་ནི་ཡ་དུ་འཁྲིད་འགྲོ་བ།

(༢ རྒྱལ་རབས་ ༢༥:༡༨-༢༡,༢༧-༣༠)

24དེའི་ཐོག་དམག་སྤྱི་ནེ་བུ་ཛ་ར་དྷན་གྱིས་བླ་མ་ཆེན་པོ་སེ་ར་ཡཱ་དང་བླ་མ་གོ་གནས་འོག་མ་ཛེ་ཕན་ཡཱ་དང་། གཞན་མཆོད་ཁང་གི་ལས་བྱེད་པ་གཙོ་ཆེ་གསུམ་བཅས་བཙོན་པར་འཁྲིད་དོ། 25གྲོང་ཁྱེར་ནས་དམག་དཔུང་གི་འགོ་འཁྲི་བྱེད་མཁན་དཔོན་པོ་དེ་དང་གྲོང་ཁྱེར་ནང་ལུས་ཡོད་པའི་རྒྱལ་པོའི་སྐུ་སྒེར་གྱིས་སློབ་སྟོན་པ་བདུན་དང་དམག་སྤྱི་ལས་རོགས་དམག་མིའི་ཡིག་ཆའི་འགོན་འཛིན་དང་། གཞན་མི་གཙོ་ཆེ་དྲུག་ཅུ་བཅས་འཁྲིད་དོ། 26-27ནེ་བུ་ཛ་ར་དྷན་གྱིས་དེ་ཚོ་རིབ་ལཱའི་གྲོང་ཁྱེར་ཧ་མད་ཀྱི་མངའ་ཁུལ་དུ་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ཡོད་སར་འཁྲིད་པ་གནང་ངོ་། དེར་རྒྱལ་པོས་དེ་ཚོ་ལ་རྡུང་ནས་སྲོག་ཐོག་ཏུ་བཏང་ངོ་༎

དེར་བརྟན་ཡ་ཧུ་དཱའི་མི་མང་རྣམས་བཙན་བྱོལ་དུ་འཁྲིད་དོ།

28ནེ་བུ་ཀད་ནེ་ཛར་གྱིས་མི་མང་བཙོན་པར་འཁྲིད་པའི་ཡིག་ཆ་འདི་ལྟར་ཡིན་ནོ། ཁོང་རྒྱལ་པོ་གནང་བའི་ལོ་བདུན་པར་མི་གྲངས་ ༣,༠༢༣ འཁྲིད་དོ། 29ལོ་བཅོ་བརྒྱད་པར་ཡེ་རུ་ཤ་ལེམ་ནས་མི་གྲངས་ ༨༣༢ འཁྲིད་པ་དང། 30ལོ་ཉི་ཉེར་གསུམ་པར་ནེ་བུ་ཛ་ར་དྷན་གྱིས་མི་གྲངས་ ༧༤༥ འཁྲིད་དོ། ཁྱོན་བསྡོམས་གྲངས་ ༤,༦༠༠ འཁྲིད་དོ། 31ཨེ་ཝིལ་མེ་རོ་དག་བྷེ་བྷི་ལོ་ནི་ཡའི་རྒྱལ་པོར་འགྱུར་བའི་ལོ་དེར་ཁོང་གིས་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡ་ཀིན་ལ་སྙིང་རྗེ་གཟིགས་ནས་ཁོང་བཙོན་ནས་སློད་བཀྲོལ་བཏང་ངོ་། དེ་ལྟར་ཡེ་ཧོ་ཡ་ཀིན་བཙོན་དུ་འཁྲིད་ནས་ལོ་སུམ་ཅུ་སོ་བདུན་པའི་ཟླ་བ་བཅུ་གཉིས་པའི་ཚེས་ཉི་ཤུ་རྩ་ལྔའི་རྗེས་ལ་བྱུང་བ་ཡིན་ནོ། 32ཨེ་ཝིལ་མེ་རོ་དག་གིས་ཁོང་ལ་རྒྱུད་འཇམ་པོ་གནང་བ་དང། ཁོང་མཉམ་དུ་བྷེ་བྷི་ལོ་ནི་ཡ་དུ་བཙོན་དུ་ཡོད་པའི་རྒྱལ་པོ་གཞན་ལས་ཀྱང་ཁོང་ལ་གོ་གནས་ཆེ་བ་གནང་ཡོད་དོ། 33དེར་བརྟེན་ཡེ་ཧོ་ཡ་ཀིན་ལ་བཙོན་པའི་གོས་བརྗེ་རུ་བཅུག་གནང་བ་དང་། ཁོང་གི་སྐུ་ཚེའི་རིང་རྒྱལ་པོའི་གསོལ་ལྕོག་སྟེང་གསོལ་ཚིག་བཞེས་འཇུག་པ་གནང་བ་རེད། 34ཁོང་གི་སྐུ་ཚེའི་རིང་ཉིན་རེ་བཞིན་ཁོང་གི་ཐུགས་མཁོ་རྣམས་ཀྱི་ཆེད་ཕོགས་སྣོན་ཆད་མེད་ཐོབ་ཀྱི་ཡོད་དོ༎

སྐྱོ་གླུ 1

ཡེ་རུ་ཤ་ལེམ་གྱི་ཆེད་དུ་སྨྲེ་ངག་འདོན་པ།

1དེ་སྔ་མི་ཚོགས་ལྡན་པའི་ཡེ་རུ་ཤ་ལེམ་དེ། ད་ནི་ཡོངས་སུ་སྟོངས་པར་འགྱུར། དེ་སྔ་འཛམ་གླིང་ཀུན་གྱི་བཀུར་བའི་གྲོང་ཁྱེར་དེ། ད་ནི་བཟའ་མི་ཤི་བའི་མོ་ཧྲིང་མ་དང་མཚུངས། དེ་སྔ་གྲོང་ཁྱེར་ཀུན་ལས་མངའ་ཐང་ཆེ་བ་དེ། ད་ལྟ་གཞན་གྱི་མངའ་འོག་བྲན་འཁོལ་གནས་སུ་འགྱུར། 2མོ་ནི་མཚན་གང་ངུ་ཞིང་མིག་ཆུ་འགྲམ་པར་འཛག་བཞིན་འདུག། མོ་ལ་སེམས་གསོ་གཏོང་མཁན་མཛའ་གྲོགས་གཅིག་ཀྱང་མེད། མཛའ་གྲོགས་ཀུན་གྱིས་མོ་ལ་སླུས་ཏེ་ངོ་རྒོལ་གྱིས། 3ཡ་ཧུ་དཱ་ཡི་མི་རྣམས་ཐམས་ཅད་བྲན་དུ་འཁོད། དེ་ཚོ་རང་གི་ཡུལ་ནས་བཙན་འཁྲིད་ཀྱིས། གཞན་གྱི་ཡུལ་དུ་གནས་སྡོད་བྱེད་དགོས་ཏེ། རང་བདག་ཡིན་པའི་ཡུལ་ཞིག་དེ་ཚོར་མེད། དེ་ཚོ་དགྲ་བོས་ཡོངས་སུ་མཐའ་བསྐོར་ཏེ། བྲོས་ནས་ཐར་བའི་ལམ་ཞིག་ཅིག་ཀྱང་མེད། 4དམ་པའི་དུས་ཆེན་ཁག་གི་ཉིན་མོ་རྣམས་ལ། མཆོད་ཁང་ནང་དུ་མཆོད་འབུལ་བྱེད་པར་ཡོང་མཁན་མེད། ཡེ་རུ་ཤ་ལེམ་འགྲོ་བའི་ལམ་དུ་མྱ་ངན་འདུག། སྔར་གྱི་ན་ཆུང་མགུར་མ་ལེན་མཁན་རྣམས། ད་ལྟ་དཀའ་སྡུག་འཚོ་བ་དྲག་པོར་ཚུད། བླ་མ་རྣམས་ཀྱང་ཤུགས་ནར་འདོན་པ་དང་། གྲོང་གི་གཞུང་སྒོ་རྣམས་ཡོངས་སུ་སྟོངས། ཛི་ཡོན་དཀའ་འཚེ་བཟོད་མེད་ནང་དུ་ཚུད། 5མོ་ཡི་དགྲ་བོའི་བསམ་དོན་འགྲུབ་པས་ན། མོ་ནི་དེ་ཚོའི་དབང་དུ་སྒྱུར་པ་ཡིན། མོ་ཡིས་བྱས་པའི་ཉེས་སྡིག་མང་པོའི་རྐྱེན། གཙོ་བོ་དཀོན་མཆོག་གིས་མོ་ལ་དཀའ་འཚེ་མྱོང་དུ་གཅུག། མོ་ཡི་བུ་ཕྲུག་རྣམས་འཛིན་བཟུང་བྱས་ཏེ་འཁྲིད་པར་བྱས། 6ཡེ་རུ་ཤ་ལེམ་གྱི་ནི་གཟི་བརྗིད་དེ། སྔར་གྱི་ལོ་རྒྱུས་རྙིང་པ་ཞིག་ཏུ་འགྱུར། མོ་ཡི་འགོ་དཔོན་རྣམས་ལྟོགས་ནས་ལུས་སྟོབས་ཉམས་པའི་ཤ་བ་དང་འདྲ། རྔོན་པའི་མདུན་ནས་བྲོས་པའི་རི་དྭགས་བཞིན། ལུས་སྟོབས་ཉམས་པའི་སེམས་ཅན་ཞིག་དང་མཚུངས། 7སྟོངས་ཤིང་འཇིགས་པའི་ཡེ་རུ་ཤ་ལེམ་གྱིས། སྔར་གྱི་གཟི་བརྗིད་རྙིང་པར་དྲན་གསོ་བྱས། རང་ཉིད་དགྲ་བོའི་ལག་ཏུ་འཐེབ་པའི་དུས། མོ་ལ་སྐྱབས་གྲོགས་བྱེད་མཁན་སུའང་མེད། མོ་ལ་དབང་སྒྱུར་བྱེད་མཁན་དགྲ་བོ་ཚོས། མོ་རང་ཉམ་རྒུད་ཕྱིན་པར་འཕྱ་སྨད་བྱས། 8མོ་ཡི་མིང་དང་སྙན་གྲགས་ཀུན་ཡལ་ཏེ། གཅེར་བུར་ཆགས་ཤིང་ངོ་ཚའི་གནས་སུ་འགྱུར། མོས་ཤུགས་ནར་འདོན་པ་དང་། རང་གི་ངོ་གདོང་ངོ་ཚའི་རྐྱེན་གྱིས་བཀབ་པར་བྱས། སྡིག་པ་ཉེན་འཚབ་ཆེ་བའི་རྐྱེན་གྱིས་ནི། ཡེ་རུ་ཤ་ལེམ་གྲིབ་བཙོག་ལྡན་པར་འགྱུར། 9མོ་ཡི་གྲིབ་བཙོག་ཡོངས་སུ་མངོན་ནའང་། མོ་ཡིས་རང་གི་སྐྱལ་བར་རྩིས་མེད་སྣང་ཆུང་བྱས། མོ་ལ་ཉམ་རྒུད་ཆེན་པོ་བྱུང་ནའང་། སུས་ཀྱང་མོ་ལ་སེམས་གསོ་བྱེད་མི་ཐུབ། མོ་ཡི་དགྲ་བོས་རྒྱལ་ཁ་ཐོབ་པས་ན། མོས་ནི་ངུ་ཞིང་གཙོ་བོ་དཀོན་མཆོག་ལ་ཐུགས་རྗེ་ཞུས། 10དགྲ་བོས་མོ་ཡི་རྒྱུ་ནོར་ཡོངས་སུ་བཅོམ། དགྲ་རྣམས་དེ་ཚོ་དམ་པའི་མཆོད་ཁང་ནང་། འཛུལ་སྐྱོད་བྱེད་པ་མོ་ཡི་མིག་གིས་མཐོང་། གཙོ་བོ་དཀོན་མཆོག་གིས་ནི་དེར་འཛུལ་བར་ཕྱི་པ་རྣམས་ལ་བཀག་བྱ་གནང་ཡོད་དོ། 11མོ་ཡི་མི་རྣམས་འཁུན་སྐད་ཤོར་ཞིང་ཁ་ཟས་འཚོལ་བ་དང་། རང་ཉིད་གསོན་པོར་གནས་ཤིང་འཚོ་བའི་ཕྱིར། རྒྱུ་དངོས་རྣམས་དང་ཁ་ཟས་བརྗེ་ལེན་བྱས། གྲོང་ཁྱེར་གྱིས་གཙོ་བོ་དཀོན་མཆོག་ལ། ང་ཚོར་དཀའ་ངལ་དུས་སུ་གཟིགས་པར་མཛོད། ཅེས་པའི་ཞུ་བ་འབུལ་ཞིང་ངུ་འབོད་བྱས། 12མོས་ནི་ལམ་དུ་འགྲུལ་མཁན་ཐམས་ཅད་ལ། ང་ལ་ལྟོས་ཤིག། ང་ཡི་དཀའ་འཚེ་བཞིན་དུ་སུ་ལའང་མེད། དཀའ་འཚེ་དེ་ནི་གཙོ་བོ་དཀོན་མཆོག་གིས། ཉིད་ཀྱི་ཐུགས་ཁྲོའི་ནང་དུ་ང་ལ་གནང་ཞེས་ངུ་འབོད་བྱས། 13ཁོང་གིས་མཐོ་རིས་གནས་ནས་མེ་ཕབ་སྟེ། ང་ཡི་ལུས་གཟུགས་ནང་དུ་སྲེགས་པར་བྱས། ཁོང་གིས་ང་ལ་རྙིད་ནང་ཚུད་པར་མཛད། ས་ཁར་ང་ལ་ཁོང་གིས་སྐྱུར་བར་མཛད། ཁོང་གིས་ང་ལ་ཡོངས་སུ་སྤངས་མཛད་དེ། མུ་མཐུད་དཀའ་ངལ་ནང་དུ་ཚུད་པར་མཛད། 14ང་ཡི་སྡིག་པར་ཁོང་གིས་དྲན་གསོས་ཀྱིས། དེ་དག་ས་ཕྱོགས་གཅིག་ཏུ་བསྡམས་མཛད་དེ། ང་ཡི་མཇིང་པར་གཉའ་ཤིང་བཞིན་དུ་བཀལ། དེ་ཡི་འཁལ་ལྗིད་ཆེན་པོས་རང་སྟོབས་ཉམས། གཙོ་བོས་ང་ལ་དགྲ་བོའི་ལག་ཏུ་གནང་། ཕར་རྒོལ་བྱེད་ཕྱིར་ང་ནི་ཐབས་བྲལ་ལོ། 15གཙོ་བོས་ང་ཡི་དཔའ་བོར་འཕྱ་སྨད་མཛད། ང་ཡི་དམག་མི་གཞོན་པ་བསད་པའི་ཕྱིར། ཁོང་གིས་དམག་མིའི་སྤུང་ཚོགས་བཏང་བར་མཛད། བཙིར་གཞོང་ནང་དུ་གུན་འབྲུམ་བཙིར་བ་ལྟར། ང་ཡི་འབངས་ལ་ཁོང་གིས་དེ་བཞིན་བཙིར། 16དེ་ཡི་རྐྱེན་གྱིས་ང་ཡི་མིག་ནི་མཆི་མས་གང་། སུས་ཀྱང་ང་ལ་སེམས་གསོ་བྱེད་མི་ཐུབ། སུས་ཀྱང་ང་ལ་སེམས་ཤུགས་འབྱིན་མི་ཐུབ། དགྲ་བོས་ང་ལ་ཕམ་པར་བྱས་བཅུག་པས། ང་ཡི་མི་འབངས་དབུལ་ཞིང་འཕོང་པར་བྱས། 17མགོན་སྐྱབས་ཞུ་ཕྱིར་ང་ཡིས་ལག་གཉིས་བརྐྱངས། གཙོ་བོ་དཀོན་མཆོག་གིས་ས་ཕྱོགས་ཀུན་ནས་དགྲ་རྣམས་བཀོང་། དེ་ཚོས་ང་ལ་གྲིབ་བཅོག་ངན་པ་བཞིན་དུ་བྱས། 18འོན་ཀྱང་གཙོ་བོ་དཀོན་མཆོག་ཉིད་ནི་ཐུགས་དྲང་ལགས། ངས་ནི་ཁོང་ལ་རྩིས་མེད་ཞུས་ཡོད། ས་གཞིའི་མི་རིགས་ཚང་མ་ཚུར་ཉོན་དང་། ང་ཡི་དཀའ་ངལ་ནང་ང་ལ་ལྟོས་ཤིག་དང་། ཡུལ་ནས་ང་ཡི་གཞོན་ནུ་ཕོ་མོ་རྣམས། བཙོན་བཟུང་བྱས་ནས་གཞན་གྱི་ཡུལ་དུ་འཁྲིད། 19ང་ཡིས་མཐུན་གྲོགས་རྣམས་ལ་སྐྱབས་ཞུས་ཀྱང་། དེ་ཚོས་ང་ལ་སྐྱབས་གྲོགས་མ་བྱས་སོ། བླ་མ་རྣམས་དང་ཡུལ་གྱི་འགོ་དཔོན་རྣམས། གསོན་པོར་གནས་ཕྱིར་ཁ་ཟས་འཚོལ་བའི་དུས། གྲོང་གི་གཞུང་ལམ་ཁག་ཏུ་ཤི་བར་བྱས། 20གཙོ་བོ་དཀོན་མཆོག་ང་ལ་གཟིགས་པར་མཛོད། ང་ཡི་སེམས་ཀྱི་ནད་ཟུག་དེ་ལ་གཟིགས། སྡིག་པའི་རྐྱེན་གྱིས་ང་ནི་འགྱོད་སེམས་སྐྱེས། སྲང་ལམ་ཁག་ཏུ་སྲོག་གཅོད་འབྱུང་བ་དང་། ཁང་ཁྱིམ་ནང་དུ་འཆི་བའི་འཇིག་ཉེན་གང་། 21ང་ཡིས་ཤུགས་ནར་འདོན་པའི་སྒྲ་ལ་གསན། ང་ལ་སེམས་གསོ་བྱེད་མཁན་སུའང་མེད། ཁྱེད་ཀྱིས་ངའི་ཁར་དཀའ་འཚེ་བཏང་བས་རྐྱེན། ང་ཡི་དགྲ་བོ་རྣམས་ནི་དགའ་སྣང་ཆེན་པོ་བྱས། ཞལ་བཞེས་གནང་བའི་ཉིན་ཞག་དེ་བསྣམས་ཕེབས་རོགས་གནང། ང་ཡིས་དཀའ་སྡུག་མྱོང་བ་བཞིན། ང་ཡི་དགྲ་བོས་དེ་བཞིན་མྱོང་བར་ཤོག། 22དེ་ཚོས་བྱས་པའི་ལས་ངན་དག་གི་ཕྱིར། ཁྱེད་ཀྱིས་དེ་ཚོར་སྐྱོན་བརྗོད་གནང་བར་མཛོད། ང་ལ་སྡིག་པའི་ཉེས་ཆད་གནང་བ་བཞིན། དེ་ཚོར་དེ་བཞིན་ཆད་པ་གནང་བར་མཛོད། ང་ནི་དཀའ་སྡུག་རྐྱེན་གྱིས་ཤུགས་ནར་འདོན། ང་ནི་བློ་སེམས་སྐྱོ་བའི་ནང་ཚུད་དོ༎

སྐྱོ་གླུ 2

གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་གྱི་ཐོག་ཏུ་ཉེས་ཆད་གནང་བ།

1གཙོ་བོ་དཀོན་མཆོག་ཉིད་ཀྱིས་ཐུགས་ཁྲོའི་ངང་། ཛི་ཡོན་མུན་པའི་ནང་དུ་ཡོངས་སུ་བཏུམ། མཐོ་རིས་ལྟ་བུའི་དེ་ཡི་གཟི་བརྗིད་དེ། ཁོང་གིས་གྱང་གོག་དུ་འགྱུར་བར་མཛད། ཁོང་ཉིད་ཐུགས་དགོངས་ཁྲོས་པའི་ཉིན་མོ་དེར། ཉིད་ཀྱི་མཆོད་ཁང་དེའང་དོར་བར་མཛད། 2སྙིང་རྗེ་མེད་པར་གཙོ་བོ་དཀོན་མཆོག་གིས། ཡ་ཧུ་དཱ་ཡི་གྲོང་ཀུན་རློག་པར་མཛད། ཡུལ་གྱི་སྲུང་ཆར་བཟོས་པའི་མཁར་རྗོང་རྣམས། ཁོང་ཉིད་ཀྱིས་དེ་དག་ཡོངས་སུ་སྟོར་བར་མཛད། མངའ་བདག་རྣམས་དང་དེ་ཚོའི་རྒྱལ་ཁམས་ཐོག། གཙོ་བོ་དཀོན་མཆོག་གིས་ནི་དམའ་འབེབས་མཛད། 3ཁོང་ཉིད་ཀྱི་ཐུགས་ཁྲོའི་ངང་། ཨིསི་རཱཨེལ་ཡུལ་གྱི་ནུས་སྟོབས་ཡོངས་སུ་བཅག། དགྲ་བོས་ང་ཚོར་འཐབ་རྒོལ་བྱེད་པའི་སྐབས། ཁོང་གིས་ང་ཚོར་སྐྱབས་གྲོགས་མི་མཛད་དེ། ང་ཚོའི་ཐོག་ཏུ་མེ་བཞིན་ཐུགས་ཁྲོས་ཏེ། ཐམས་ཅད་ཇི་ཡོད་འཇིག་པར་མཛད། 4དགྲ་བོར་དམིགས་ཏེ་ཚད་པའི་མདའ་གཞུ་བཞིན། ཁོང་གི་ཕྱག་མདའ་ང་ཚོའི་ཐོག་ཏུ་ཚད། ང་ཚོར་དགའ་བར་འབྱིན་པའི་སྐྱེ་བོ་ཀུན། ཁོང་གིས་དེ་དག་ཡོངས་རྫོགས་ཚར་བཅད་མཛད། མེ་བཞིན་འབར་བའི་ཁོང་གི་ཐུགས་ཁྲོ་དེ། ཡེ་རུ་ཤ་ལེམ་གྲོང་དུ་ང་ཚོས་འཚོར། 5དགྲ་བོ་བཞིན་དུ་གཙོ་བོས་ཨིསི་རཱཨེལ་ཚར་བཅད་མཛད། དེ་ཡི་མཁར་ཛོང་ཁག་དང་ཕོ་བྲང་བཅས། ཁོང་གིས་དེ་དག་གྱང་གོག་བཞིན་དུ་འགྱུར་བར་མཛད། ཡ་ཧུ་དཱ་ཡི་ཡུལ་མི་རྣམས་ཀྱི་ཐོག། ཁོང་གིས་མྱ་ངན་མུ་མཐའ་མེད་པར་གནང་། 6ཁོང་ལ་བསྙེན་བཀུར་ཞུ་བའི་མཆོད་ཁང་དེ། ཁོང་གིས་ཡོངས་སུ་བཅག་སྟེ་དུམ་བུར་བཟོས། དམ་པའི་དུས་སྟོན་དང་ངལ་གསོ་བའི་ཞག་ལ་སོགས་པ། ཁོང་གིས་དེ་དག་ཚང་མ་མེད་པར་མཛད། རྒྱལ་པ་རྣམས་དང་བླ་མ་རྣམས་ཀྱིས། ཁོང་གི་ཐུགས་ཁྲོའི་མཐུ་དང་ནུས་པ་ཚོར། 7གཙོོ་བོས་མཆོད་ཁྲིར་ངོས་ལེན་མི་མཛད་པར། དམ་པའི་མཆོད་ཁང་དེ་འདྲ་སྤངས་པར་མཛད། མཆོད་ཁང་དེ་ཡི་རྩིག་པ་རློག་པའི་ཕྱིར། ཁོང་གིས་དགྲ་བོ་རྣམས་ལ་དབང་ཆ་གནང། དུས་སྐབས་ཤིག་ལ་ང་ཚོས་དགའ་ཞིང་བསྙེན་བཀུར་བྱེད་ཡུལ་དེར། དགྲ་བོ་རྣམས་ཀྱིས་རྒྱལ་ཁའི་སྐད་ཅོར་འདོན། 8ཛི་ཡོན་ལྕགས་རི་རློག་པར་གཙོ་བོ་དཀོན་མཆོག་ཁོང་གིས་ཐུགས་ཐག་བཅད། དེ་དག་མེད་པར་གཏོང་ཕྱིར་ཁོང་གིས་ཐིག་ཚད་སྐྱོན། ད་ལྟ་དེ་ཡི་མཁར་རྫོང་རྣམས་དང་་ལྕགས་རི་བཅས། ཡོངས་སུ་ཉམ་ནས་གྱང་གོག་བཞིན་དུ་འགྱུར། 9དེ་ཡི་རྒྱལ་སྒོ་རྣམས་ནི་རྡོ་ཧྲུག་ནང་དུ་ཚུད། དེ་ཡི་སྒོ་གཏན་རྣམས་ཆག་སྟེ་དུམ་བུར་འགྱུར། རྒྱལ་པོ་དང་ནི་ཡུལ་མི་གཙོ་དྲག་རྣམས། གཞན་གྱི་ཡུལ་དུ་བཙོན་རར་ཚུད་ནས་ཡོད། ཆོས་ཁྲིམས་སྐོར་གྱི་སློབ་སྟོན་མི་བྱེད་དོ། ལུང་སྟོན་པ་རྣམས་ཞལ་གཟིགས་མེད་པར་ལུས། 10ཡེ་རུ་ཤ་ལེམ་ཡུལ་གྱི་རྒན་པོ་རྣམས། ས་ཐང་སྒང་དུ་ཁ་རོག་བསྡད་པ་དང་། མགོ་ལ་ཐལ་བ་བྱུགས་ཏེ་ལུས་པོར་རྩ་རས་གྱོན། ན་ཆུང་མ་རྣམས་ས་ཁར་མགོ་སྒུར་བསྡད། 11ངུ་བའི་རྐྱེན་གྱིས་ང་ཡི་མིག་ནི་ཚ། ང་ཡི་སྲོག་ནི་སྡུག་བསྔལ་ནང་དུ་ཚུད། ང་ཡི་མི་འབངས་འཇིག་པའི་སྡུག་བསྔལ་གྱིས། ང་ནི་ཡིད་མྱ་ངན་གྱི་ནི་ཐང་ཆད་ཡོད། གྲོང་ཚོའི་ནང་གི་སྲང་ལམ་གང་ཡོད་སར། བུ་ཕྲུག་ཆེ་ཆུང་མང་པོ་དྲན་མེད་འགྱེལ། 12དེ་ཚོ་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་གྱིས། རང་གི་མ་ཡི་མདུན་དུ་ངུ་འབོད་བྱས། དེ་ཚོར་རྨས་སྐྱོན་ཆེན་པོ་བྱུང་བ་བཞིན། སྲང་ལམ་ཁུལ་དུ་དྲན་པ་མེད་པར་འགྱེལ། དེ་རྗེས་དལ་བུས་མ་ཡི་པང་དུ་འཆི། 13ཀྱེ་ཡེ་རུ་ཤ་ལེམ། ང་ཡིས་གཅེས་པའི་ཡེ་རུ་ཤ་ལེམ་ཁྱོད། ད་ངས་ཁྱོད་ལ་ཅི་ཞིག་སྨྲ་བར་བྱ། ངས་ནི་ཁྱོད་ལ་སེམས་གསོ་ཇི་ལྟར་བྱ། ཁྱོད་ཀྱིས་མྱང་བའི་དཀའ་ངལ་འདི་འདྲ་བ། ད་བར་སུས་ཀྱང་མྱོང་དགོས་བྱུང་མེད་དོ། ཁྱོད་ཀྱི་དཀའ་ངལ་རྒྱ་མཚོ་བཞིན་དུ་ཆེ་བས་རེ་བ་མེད། 14ཁྱོད་ཀྱི་ལུང་སྟོན་པ་ཚོས་རྫུན་གཏམ་སྨྲས། དེ་ཚོས་ཆོས་བཤད་ཀྱིས་ཁྱོད་ཀྱི་སྡིག་པ་མ་མངོན་པའི་རྐྱེན་གྱིས། ཁྱོད་ནི་བསླུ་ཁྲིད་ནང་དུ་ཚུད་ཡོད་དོ། དེ་ཚོས་ཆོས་བཤད་བྱེད་སྟངས་དེར་བརྟེན་པས། སྡིག་པར་འགྱོད་སེམས་སྐྱེ་པའི་སེམས་དང་བྲལ། 15གྲོང་ཁྱེར་བརྒྱུད་དེ་སྐྱོད་པའི་མི་རྣམས་ཀྱིས། ཁྱོད་ལ་སྨད་ཅིང་འཕྱ་བའི་མིག་གིས་བལྟ། ཡེ་རུ་ཤ་ལེམ་འཇིག་པའི་གནས་སྟངས་ལ། མགོ་དབྱུགས་ཁྲེལ་བགད་བྱས་ཤིང་འདི་ལྟ་སྟེ། མཛེས་སྤྲོས་ལྡན་པའི་གྲོང་ཁྱེར་འདི་ཡིན་ནམ། ས་གཞིས་སྤོབས་པ་བྱས་ཡུལ་འདི་ཡིན་ནམ། 16དགྲ་བོ་ཚང་མས་ཁྱོད་ལ་འཕྱ་ཞིང་སྡང་བ་དང་། དམའ་འབེབས་བྱེད་པའི་རྣམ་འགྱུར་སོགས་བསྟན་ཏེ། དེ་ལ་ནི་ང་ཚོས་ཡོངས་སུ་འཇིག་པར་བྱས། ང་ཚོས་སྒུགས་ནས་བསྡད་པའི་ཉིན་མོ་དེ། དེ་རིང་ཡིན་ཞེས་ཁོ་ཚོས་བརྗོད་པར་འགྱུར། 17གཙོ་བོ་དཀོན་མཆོག་ཁོང་གིས་ཇི་ལྟར་ཟོན་བསྐུལ་གནང་བ་བཞིན། མཐའ་མར་ཁོང་གིས་དེ་དག་བསྒྲུབས་པར་མཛད། ཡུན་རིང་སྔོན་ནས་ཟོན་བསྐུལ་གནང་བ་བཞིན། ཁོང་གི་སྙིང་རྗེ་དགོངས་ཞེས་མ་མཛད་པར། ཁོང་གིས་ང་ཚོར་ཡོངས་སུ་ཚར་བཅད་མཛད། ང་ཚོའི་དགྲ་བོར་རྒྱལ་ཁ་གནང་བ་དང་། ང་ཚོ་ཉམ་ཤིང་རྒུད་པའི་གནས་སྟངས་ཐོག། དགྲ་བོ་རྣམས་ལ་ཁོང་གིས་དགའ་ཚོར་འབྱིན། 18ཀྱེ་ཡེ་རུ་ཤ་ལེམ་ཁྱོད་ཀྱི་ལྕགས་རི་ཚོས་གཙོ་བོ་ལ་ནི་ཞུ་འབོད་བྱོས། ཉིན་མཚན་མེད་པར་ཁྱོད་ཀྱི་མིག་གཉིས་ནས། མིག་མཆུ་གཙང་པོ་བཞིན་དུ་འབབ་པར་ཤོག། མྱ་ངན་དང་ནི་སྨྲེ་ངག་རྐྱེན་གྱིས་ནི། ཁྱོད་ནི་ངལ་ཞིང་ཡིད་ཐང་ཆད་པར་ཤོག། 19མཚན་མོར་ཡང་ནས་ཡང་དུ་གཉིད་སད་དེ། གཙོ་བོ་ལ་ནི་ཞུ་འབོད་བྱེད། ཁོང་གི་སྙིང་རྗེ་དེ་རང་གི་བུ་ཕྲུག་རྣམས་ལ་ཐོབ་པའི་ཕྱིར། གདུང་ཤུགས་དྲག་པོས་ཁོང་ལ་གསོལ་བ་འདེབས། གང་ལགས་ཟེར་ན་བུ་ཕྲུག་དེ་དག་ནི། ལྟོགས་ནས་ལམ་སྲང་ཁག་ཏུ་འཆི་ཁར་ཐུག། 20ཐུགས་རྗེ་གཟིགས་ཀྱེ་གཙོ་བོ་དཀོན་མཆོག། ཁྱེད་ཀྱིས་ང་ཚོར་ཅི་ཕྱིར་དེ་ལྟར་ཆད་པ་གཏོང་བཞིན་ཡོད་དམ། བུད་མེད་ཚོས་རང་གིས་གཅེས་པའི་བུ་ཕྲུག་ཀྱང་ཟ་བཞིན་འདུག། དེ་བཞིན་ལུང་སྟོན་པ་དང་བླ་མ་རྣམས། མཆོད་ཁང་ནང་དུ་གསོད་བཞིན་ཡོད། 21སྐྱེ་བོ་རྒན་གཞོན་མེད་པའི་རོ་རྣམས་ནི་གཞུང་ལམ་ཁག་ཏུ་ལུས། དགྲ་བོའི་རལ་གྲིས་ཕོ་མོ་ན་གཞོན་བསད། ཉིད་ཀྱི་ཐུགས་ཁྲོ་བཞེས་པའི་ཉིན་མོ་ལ། སྙིང་རྗེ་མེད་པར་དེ་ཚོ་བསྡེབས་གསོད་མཛད། 22དདངས་སྐྲག་འཇིགས་སྣང་ལྡན་པའི་དགའ་སྟོན་བྱེད་པའི་ཕྱིར། ཁྱེད་ཉིད་ཀྱིས་ང་ཡི་དགྲ་བོ་རྣམས་ལ་འབོད་མཛད་དེ། དེ་ཚོས་ང་ཡི་ཕྱོགས་བཞིར་མཐའ་བསྐོར་རོ། ཁྱེད་ཀྱི་ཐུགས་ཁྲོ་དྲག་པོའི་ཉིན་མོ་ནས། སུའང་བྲོས་ནས་ཐར་བར་མི་བྱས་སོ། ང་ཡིས་གཅེས་སྐྱོང་བྱས་པའི་བུ་ཕྲུག་རྣམས། དེ་ཚོས་སྲོག་གཅོད་བཏང་སྟེ་མེད་པར་བྱས༎

སྐྱོ་གླུ 3

ཉེས་ཆད་དང་འགྱོད་བཤགས་དང་རེ་བ།

1དཀོན་མཆོག་ནས་ཉེས་ཆད་ཐོབ་རྒྱུ་ནི་གང་ཡིན་པ་ང་ཡི་ཤེས། 2ཁོང་གིས་ང་ལ་མུན་པའི་སྨག་རུམ་གྱི། མཐའ་གཏིང་ཟབ་མོའི་ནང་དུ་འདེད་པར་མཛད། 3ཁོང་གིས་སྙིང་རྗེ་མེད་པར་ང་ལ་ནི། ཡང་ནས་ཡང་དུ་ཕྱག་གིས་ཉེན་བརྡ་མཛད། 4ང་ཡི་ཤ་ལྤགས་འཁུམས་པར་མཛད་པ་དང་། ང་ཡི་རུས་པ་དུམ་བུར་བཅག་པར་མཛད། 5ཁོང་གིས་ང་ལ་དཀའ་སྡུག་དང་ནི་སྡུག་བསྔལ་གྱི་བཙོན་དུ་བཅུག། 6ཁོང་གིས་འཆི་བའི་མུན་པའི་ནང་དུ་ང་ལ་བཅུག། 7ཁོང་གིས་ལྕགས་ཐག་ལྗིད་པོས་ང་བཅིངས་པས། ཐར་ཐབས་བྲལ་བའི་བཙོན་པ་བཞིན་དུ་འགྱུར། 8ང་ནི་སྐྱབས་གྲོགས་ཞུ་ཕྱིར་སྐད་འབོད་འདོན། འོན་ཀྱང་དཀོན་མཆོག་གིས་དེ་ལ་གསན་མི་མཛད། 9ལམ་དུ་འགྲུལ་སྐབས་ང་ཡི་གོམ་པ་འཁྱོར། གང་དུ་ཕྱོགས་ཀྱང་རྡོའི་ལྕགས་རིས་འགྲུལ་ལམ་བཀག། 10ཁོང་གིས་ང་ལ་དོམ་བཞིན་ལམ་སྒུག་མཛད། སེང་གེ་བཞིན་དུ་ང་ཡི་ཁར་མཚོང་ངོ་། 11ང་ལ་རྗེས་དེད་མཛད་ཅིང་ང་ཡི་ལུས་གཟུགས་དུམ་བུར་བཟོས་ནས་བོར། 12ཁོང་གིས་ཉིད་ཀྱི་མདའ་གཞུ་ཚད་མཛད་དེ། ང་ལ་ཉིད་ཀྱི་ཕྱག་མདའི་འབེན་བཞིན་བཅོས། 13ཁོང་གིས་སྐྱོན་གནང་མཛད་པའི་ཕྱག་མདའ་ཡིས། ང་ཡི་ལུས་པོར་གཏིང་རིང་བར་དུ་ཟུགས། 14མི་ཚོས་ཉིན་གང་ང་ལ་འཕྱ་ཞིང་བགད། ང་ནི་དེ་ཚོའི་འཕྱ་ཡུལ་ཞིག་ཏུ་འགྱུར། 15བཟའ་བཏུང་གི་ཚབ་ལ་རོ་ཁག་ལྟ་བུའི་དཀའ་འཚེ་དྲག་པོ་གནང་། 16ཁོང་གིས་ང་ཡི་ངོ་གདོང་ས་ཁར་བདར། རྡོ་ཧྲུག་སྟེང་དུ་སོ་རྣམས་རྡབ་སྟེ་བཅག། 17འཕྲོད་རྟེན་ཞི་བདེ་དང་ནི་བདེ་སྐྱིད་སོགས། དེ་དག་ང་ཡི་སེམས་ནས་ཡོངས་སུ་བརྗེད། 18ང་ནི་གསོན་པོར་གནས་པའི་ཉིན་ཞག་ཉུང། གཙོ་བོ་དཀོན་མཆོག་གིས་གནང་བའི་རེ་འདུན་ཀུན་དང་བྲལ། 19ང་ཡི་དཀའ་འཚེ་མང་བའི་སེམས་འཁྲལ་དང་། རང་ཡུལ་ཁང་ཁྱིམ་བྲལ་བའི་སྡུག་བསྔལ་སོགས། རོ་ཁག་བཙན་དུག་བཞིན་དུ་སེམས་ལ་འཕེལ། 20གནས་ཚུལ་དེ་ནི་ཡང་ཡང་དྲན་པས་རྐྱེན། ང་ཡི་སེམས་ཉིད་སྨུག་ཅིང་ཡོངས་སུ་འཐིབས། 21འོན་ཀྱང་ངས་ནི་གནས་ཚུལ་ཞིག་གི་སྐོར། བསམ་བློ་གཏོང་དུས་རེ་བ་གསར་དུ་སྐྱེས། 22གཙོ་བོ་དཀོན་མཆོག་གི་བསླུ་བ་མེད་པའི་ཐུགས་བརྩེ་དང་། ཁོང་གི་སྙིང་རྗེའི་ཚད་ནི་ཟད་མེད་ལགས། 23སྔ་དྲོའི་དུས་བཞིན་སོས་པ་དང་། ཀུན་ཉི་ཤར་བཞིན་དུ་ངེས་གཏན་ལགས། 24གཙོ་བོ་དཀོན་མཆོག་ང་ཡི་ཐམས་ཅད་ཡིན་པས། ང་ནི་ཁོང་ལ་བློ་བརྟན་རེ་བཅོལ་ཞུ། 25གཙོ་བོ་དཀོན་མཆོག་ཁོང་ལ་བློ་བརྟན་རེ་བཅོལ་ཞུ་མཁན་ལ། ཁོང་ནི་ཐུགས་གཤིས་བཟང་པོ་ལགས། 26དེར་བརྟེན་ངེད་རྣམས་ངང་རིང་བཟོད་སྲན་ཐོག། ཁོང་གི་ཐར་ལམ་སྒུག་སྡོད་བྱེད་ན་ལེགས། 27དེ་ལྟར་ངང་རིང་བཟོད་སྲན་བྱེད་རྒྱུ་དེ། གཞོན་ནུའི་དུས་ནས་སྦྱངས་བརྩོན་བྱེད་ན་ལེགས། 28དཀའ་ངལ་དྲག་པོའི་ནང་དུ་ཚུད་པའི་སྐབས། ངང་རིང་བཟོད་སྲན་བྱེད་དེ་ཁུ་སིམ་མེར། རང་ཉིད་གཅིག་པོར་གནས་སྡོད་བྱེད་ན་ལེགས། 29ཁོང་གི་ཐུགས་དགོངས་བཞིན་དུ་ངོས་ལེན་དགོས། གང་ལགས་ཟེར་ན་ད་དུང་རེ་བ་ཡོད་སྲིད་དོ། 30ང་ཚོར་ཉེས་བརྡུངས་འཕྱ་སྨད་བྱུང་ནའང་། བཟོད་སྲན་ཆེན་པོས་དེ་དག་ངོས་ལེན་དགོས། 31གཙོ་བོ་སྙིང་རྗེ་ཆེན་པོ་ལགས་པས། ཉིད་ཀྱི་ངེད་རྣམས་གཏན་དུ་འདོར་མི་མཛད། 32ཁོང་གིས་ང་ཚོར་དཀའ་འཚེ་གནང་ནའང། ཉིད་ཀྱི་ཐུགས་བརྩེ་ངེས་ཤིང་ནུས་མཐུ་ཆེ། 33ང་ཚོར་སྐྱོ་སེམས་དཀའ་སྡུག་བྱུང་བས་ན། ཉིད་ཀྱི་ཐུགས་སུ་དགའ་སྤྲོ་ཅིའང་མེད། 34ང་ཚོའི་སེམས་ཉིད་བཙོན་རར་ཚུད་པའི་སྐབས་གཙོ་བོས་མཁྱེན་པ་དང། 35ཁོང་གིས་ང་ཚོར་གནང་བའི་ཁེ་དབང་རྣམས། ལོངས་སྤྱོད་བྱེད་དབང་མེད་པར་ཁོང་གིས་མཁྱེན། 36ཁྲིམས་རར་ཁྲིམས་གཅོད་དྲང་མིན་ཁོང་གིས་མཁྱེན། 37གཙོ་བོ་ཁོང་གི་ཐུགས་དགོངས་གང་ཡིན་པ། དེ་དག་འབའ་ཞིག་རྒྱུན་དུ་སྒྲུབ་པར་འགྱུར། 38བཟང་ངན་གཉིས་ཀ་ཁོང་གི་བཀའ་ཡིས་མཛད། 39ང་ཚོར་སྡིག་པའི་ཉེས་ཆད་ཕོག་པའི་སྐབས། ཁོང་ལ་སྐྱོན་བརྫོད་ཞུ་བ་ཇི་ལྟར་སྲིད། 40ང་ཚོའི་བྱ་སྤྱོད་རྣམས་ལ་བརྟག་དཔྱད་ཀྱིས། ཁོང་གི་ཕྱོགས་སུ་བློ་ཁ་བསྒྱུར་བར་བྱ། 41མཐོ་རིས་གནས་སུ་བཞུགས་པའི་དཀོན་མཆོག་ལ། རང་གི་སེམས་མ་གསང་བར་སྨོན་ལམ་འདེབས་དགོས་སོ། 42ང་ཚོས་གཙོ་བོར་རྒོལ་ཞིང་སྡིག་པ་བྱས། ཁྱེད་ཀྱིས་ང་ཚོར་སྡིག་སེལ་གནང་མེད་དོ། 43ཁྱེད་ཀྱིས་ང་ཚོར་འདེད་དེ་སྲོག་གཅོད་མཛད། ཁྱེད་ཀྱི་སྙིང་རྗེ་ཁྱེད་ཀྱི་ཁྲོ་བའི་ནང་དུ་གབ། 44རང་ཉིད་ཁྲོ་བོའི་སྤྲིན་ཐུག་པོས་བཏུམ་མཛད་པས། ང་ཚོའི་ཞུ་བ་ཁྱེད་དྲུང་མི་སླེབས་སོ། 45ཁྱེད་ཀྱིས་ང་ཚོར་འཛམ་གླིང་གི་བཙོག་སྙིགས་སྤུངས་པ་ལྟ་བུར་སྤུངས་མཛད་དོ། 46དགྲ་བོ་ཀུན་གྱིས་ང་ཚོར་འཕྱ་ཞིང་སྨད། 47ང་ཚོ་འཇིགས་ཤིང་འཕུངས་པའི་གནས་སུ་འགྱུར། ཉེན་དང་འཇིགས་པའི་ངང་དུ་ངེད་རྣམས་གནས། 48རང་གི་འབངས་ཀྱིས་འཇིག་པ་མཐོང་ནས། གཙང་པོའི་ཆུ་རྒྱུན་བཞིན་དུ་ང་ཡི་མིག་ཆུ་ཤོར། 49-50མཐོ་རིས་གནས་ནས་གཙོ་བོ་དཀོན་མཆོག་གིས་ང་ཚོར་མ་གཟིགས་བར། ང་ཡི་མིག་ནས་ཆུ་མིག་ཟད་མེད་ལྟར་མིག་ཆུ་འདོན་པར་བྱ། 51གྲོང་གི་བུད་མེད་རྣམས་ཀྱི་དཀའ་ངལ་དག། མཐོང་ནས་ང་ཡི་སེམས་ནང་སྐྱོ་བ་སྐྱེས། 52དོན་མེད་ང་ལ་སྡང་བའི་དགྲ་བོ་ཚོས། ང་ནི་འདབ་ཆགས་བཞིན་དུ་རྙིད་ནང་ཚུད། 53དེ་ཚོས་ང་ལ་གསོན་པོར་དོང་ནང་དབྱུགས། དོང་གི་ཁ་དེ་རྡོ་ཡི་འགེབས་པར་བྱས། 54དེ་ཡི་ནང་དུ་ཆུ་ཡང་ཡར་རྒྱས་པས། ང་ཡི་མགོ་བོ་ཆུ་ཡི་ནུབ་པར་བྱེད། སྐབས་དེར་འཆི་བའི་ཉམས་སྣང་ཉེ་བ་བྱུང་། 55དོང་གི་སྟིང་ནས་གཙོ་བོ་དཀོན་མཆོག་ངས་ཁྱེད་ལ། ངུ་འབོད་འདོན་ཞིང་ཞུ་བ་འབུལ་བ་དང་། 56ང་ཡི་ངུ་འབོད་འདོན་པའི་ཞུ་བ་ལ། གསན་པར་མཛོད་ཅེས་ཞུ་འབུལ་བྱས་པས་ན། ཁྱེད་ཀྱིས་དེ་དག་གསན་པར་མཛད་ལགས་སོ། 57ཁྱེད་ཀྱིས་ང་ལ་བཀའ་ལན་མཛད་གནང་སྟེ། འཇིག་སྣང་མ་བྱེད་ཅེས་པའི་སེམས་གསོ་མཛད། 58གཙོ་བོ་ཁྱེད་ནི་ངེད་ལ་སྐྱོབས་པར་ཕེབས། ང་ཡི་ལུས་སྲོག་ཁྱེད་ཀྱིས་སྐྱབས་པར་མཛད། 59ངའི་ཐོག་ཚུལ་མིན་གང་བྱུང་ཁྱེད་ཀྱིས་མཁྱེན། དེས་ན་ང་ཡི་ཕྱོགས་གཏོགས་མཛད་གནང་ནས། ཁྱེད་ཀྱིས་ཁྲིམས་གཅོད་དྲང་པོ་གནང་བར་མཛོད། 60ང་ཡི་དགྲ་བོས་ང་ལ་སྡང་བ་དང་། ཁོ་ཚོའི་ངའི་ཐོག་བྱུས་ངན་བརྩམས་པ་དེ། ཁྱེད་ཀྱིས་དེ་དག་ཡོངས་སུ་མཁྱེན་པར་མཛད། 61དེ་ཚོས་ང་ལ་འཕྱ་གཏམ་སྨྲ་བ་དེ། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་གསན་གནང་ཡོད། ཁོ་ཚོའི་བྱུས་ངན་རྣམས་ཀྱང་ཁྱེད་ཀྱིས་མཁྱེན། 62ཁོ་ཚོས་ང་ལ་ཉིན་གང་ཁ་བཏང་ཞིང་། དེ་ཚོས་རང་གི་བྱུས་རྣམས་བཙམས་པར་བྱས། 63ཞོག་པ་སྔ་དྲོའི་དུས་ནས་དགོང་དྲོའི་བར། དེ་ཚོས་ངའི་ཁར་འཕྱ་ཞིང་ཁྲེལ་བགད་བྱས། 64དེ་ཚོས་ལས་ངན་གང་བྱས་གཞིར་བཟུང་ལྟར། གཙོ་བོས་དེ་ཚོར་ཉེས་ཆད་གནང་བར་མཛོད། 65དེ་ཚོར་ཁྱེད་ཀྱིས་དམོད་པ་བོར་བ་དང་། རེ་ཐབས་ཟད་པའི་གནས་སུ་སྐྱུར་བར་མཛོད། 66དེ་ཚོར་ཁྲོ་བའི་ངང་རྗེས་འདེད་གནང་རྒྱུ་དང་། འཇིག་རྟེན་ཡོངས་ནས་ཤུལ་མེད་སྟོངས་པར་མཛོད༎

སྐྱོ་གླུ 4

སྟོར་བཤིགས་ཕྱིན་པའི་ཡེ་རུ་ཤ་ལེམ།

1ང་ཚོའི་བཀྲག་མདངས་ལྡན་པའི་གསེར་མདོག་དེ། ད་ལྟ་ཉམ་ནས་འོད་མདངས་མེད་པར་འགྱུར། མཆོད་ཁང་རྩིགས་པའི་རྡོ་རྣམས་ལམ་དུ་འཐོར། 2ཛི་ཡོན་ནང་གི་ན་གཞོན་བུ་རྣམས་ནི། གསེར་བཟང་བཙོམ་བཞིན་དུ་རིན་ཐང་ཆེ། འོན་ཀྱང་ད་ནི་ཛ་སྣོད་དཀྱུས་དང་མཚུངས། 3སྤྱང་ཀི་ཡིན་རུང་རང་གི་ཕྲུ་གུ་སྐྱོང་། འོན་ཀྱང་ང་ཡི་མི་འབངས་འདི་དག་ནི། བྱ་ཆེན་ཨོསི་ཏི་རཅི་ལྟར་དེ་ཚོས་རང་གི་ཕྲུ་གུར་སྡུག་ཙུབ་བྱས། 4དེ་ཚོས་རང་གི་བུ་ཕྲུག་རྣམས་ལྟོགས་སྐོམ་དབང་གིས་དེ་དག་ཤི་རུ་འཇུག། ཕྲུ་གུ་དེ་ཚོས་ཁ་ཟས་སློང་ན་ཡང་། སུས་ཀྱང་དེ་ཚོར་གང་ཡང་མི་སྦྱིན་ནོ། 5ནམ་ཞིག་ཟས་བཟང་ཁོ་ནར་སྤྱོད་མཁན་རྣམས། ད་ནི་ལམ་ཆེན་ཁུལ་དུ་ལྟོགས་པར་ཤི། དེ་སྔ་སྐྱིད་པོའི་ནང་དུ་འཚར་བ་རྣམས། ད་ནི་བཙོག་སྙིགས་ནང་དུ་ཁ་ཟས་འཚོལ། 6སོ་དྷོམ་མིར་ཉེས་ཆད་གང་བྱུང་བ། དེ་ལས་ལྷག་པར་ང་ཡི་མི་འབངས་ལ། ཉེས་ཆད་ཤིན་ཏུ་དྲག་པོ་ཕོག་པ་ཡིན། སོ་དྷོམ་ལ་ནི་དཀོན་མཆོག་གིས་ཉེས་ཆད་བཏང་གནང་སྟེ། བློ་བུར་འཇིག་སྐྱོན་བྱུང་། 7ང་ཚོའི་རྒྱལ་སྲས་རྣམས་ནི་གངས་ལས་གཙང་། འོ་མ་ལས་དཀར། དེ་ཚོའི་ལུས་ཁམས་བདེ་ཞིང་སྟོབས་ཤུགས་རྒྱས། 8ད་ནི་དེ་ཚོའི་ངོ་གདོང་ནི་དུ་དྲེག་ལས་ནག་པོ་ཆགས་ཡོད། དེ་ཚོར་ལམ་ཆེན་ཁུལ་ནང་དུ་སུས་ཀྱང་ངོ་མི་ཤེས། དེ་ཚོའི་ལུས་ལྤགས་སྐམ་ཞིང་རུས་པར་འབྱར་སྟེ་ཤིང་ལྟར་སྐམ། 9གསོན་ཕྱིར་མཁོ་བའི་ཁ་ཟས་མ་འབྱོར་བར། རིམ་བཞིན་དལ་པོར་འཆི་ཁར་ཐུག་པ་ལས། དམག་སར་ཤི་མཁན་རྣམས་ནི་བདེ་བ་ཡིན། 10ང་ཡི་འབངས་ལ་བྱུང་བའི་རྐྱེན་ངན་དེས། སེམས་ནང་དདངས་སྐྲག་འཇིགས་པ་ཆེན་པོ་སྐྱེད། བྱམས་སེམས་ལྡན་པའི་ཨ་མ་རྣམས་ཀྱིས། རང་གི་བུ་ཕྲུག་བཙོས་ཏེ་ཟས་སུ་བྱས། 11གཙོ་བོ་དཀོན་མཆོག་གིས་ཐུགས་ཁྲོ་དྲག་པོ་བཏོན་གནང། ཛི་ཡོན་དུ་མེ་འབར་བ་དང་། དེ་མེ་ཡིས་ཡོངས་སུ་འཇིག་པར་བྱས། 12ཡེ་རུ་ཤ་ལེམ་རྒྱལ་སྒོའི་རྣམས་ནས། བཙན་འཛུལ་བ་རྣམས་འཛུལ་ཐུབ་པ་དེ། ཕྱི་རྒྱལ་ཡུལ་གྱི་སྲིད་སྐྱོང་པ་རྣམས་ཡང་ན་འཛམ་གླིང་གི་སྐྱེ་བོ་སུས་ཀྱང་ཡིད་མི་ཆེས། 13འོན་ཀྱང་དངོས་སུ་གནས་ཚུལ་དེ་ལྟར་བྱུང་། གང་ལ་ཟེར་ན་དེ་ཆོའི་ལུང་སྟོན་པ་རྣམས་ཀྱིས་སྡིག་པ་བྱས་པ་དང་། བླ་མ་རྣམས་ཀྱང་གནོང་ཅན་ཡིན། དེ་ཚོས་སྐྱེ་བོ་གནོང་མེད་ཚོར་སྲོག་གཅོད་དོ། 14དེ་ཚོའི་འགོ་དཔོན་རྣམས་ཀྱང་ལོང་བ་བཞིན། གཞུང་ལམ་ཁུལ་དུ་ཡར་མར་འགྲུལ་སྐྱོད་བྱེད། དེ་ཚོའི་ལུས་གོས་སོགས་ལ་ཁྲག་བསྒོས་པས། སུས་ཀྱང་དེ་ཚོར་རེག་འཆང་བྱེད་མི་འདོད། 15ཕར་སོང་ཁྱོད་ཚོ་གྲིབ་བཙོག་ཅན་རྣམས་ནི། ང་ཚོར་རེག་འཆང་མ་བྱེད་ཅེས་ཟེར་ཏེ། མི་རྣམས་སྐད་ཅོར་འདོན་ནས་དེ་ཚོར་སྨྲས། དེས་ན་དེ་ཚོ་ཡུལ་གྲུ་གར་སོང་ཡང་། སུས་ཀྱང་དེ་ཚོར་དགའ་བསུ་མ་བྱས་སོ། 16གཙོ་བོ་དཀོན་མཆོག་གིས་དེ་ཚོར་ཐུགས་འཁུར་མི་བཞེས་པར། ཉིད་ཀྱིས་དེ་དག་ཡོངས་སུ་ཁ་གཏོར་མཛད། ང་ཚོའི་འགོ་དཔོན་དང་ནི་བླ་མ་རྣམས། ཁོང་གི་སྤྱན་སྔར་སྣང་མེད་མཐོང་ཆུང་འགྱུར། 17སྐྱབས་གྲོགས་ཞུས་ཕྱིར་དོན་མེད་ཡུན་རིང་སྒུག། ང་ཚོར་མགོན་སྐྱབས་བྱེད་པར་མི་ནུས་པའི། རྒྱལ་ཁབ་ཅིག་ལ་དོན་མེད་རེ་བཅོལ་བྱས། 18དགྲ་བོས་ང་ཚོར་སྒུག་སྡད་ཡོད། ང་ཚོ་ལམ་དུ་འགྲུལ་སྐྱོད་ཡང་བྱེད་མི་ཐུབ། ང་ཚོའི་ཞག་དུས་ཚང་ཞིང་མཐའ་མར་སླེབས། 19ནམ་མཁར་འཕུར་བའི་བྱ་གླག་ལས་མྱུར་བར་དེ་ཚོ་ཡིས། ང་ཚོའི་རྗེས་སུ་འདེད་ཅིང་ཡོང་། རི་རྣམས་ལ་དེ་ཚོས་ང་ཚོར་འདེད། འབྲོག་སྟོང་ཁུལ་དུ་ང་ཚོར་བློ་བུར་འཛིན་བཟུང་འཐེབ། 20ཕྱི་མི་བཙན་འཛུལ་མཁན་གྱི་ལག་འོག་ནས། ང་ཚོར་སྲུང་སྐྱོབས་ཆེད་དུ་ང་ཚོས་རེ་བཅོལ་བྱས་པའི་མི། ང་ཚོའི་སྲོག་གི་འབྱུང་གནས་གཙོ་བོ་དཀོན་མཆོག་གིས། འདེམས་བསྐོས་མཛད་པའི་ང་ཚོའི་རྒྱལ་པོ་དེ། དེ་ཚོས་ཁོང་ལ་འཛིན་བཟུང་བྱས་པ་རེད། 21ཨུཛ་དང་ནི་ཨེ་དྷོམ་ཡུལ་མི་རིགས། ད་ལྟ་གོ་སྐབས་ཡོད་དུས་གད་མོ་བགད་ཅིང་དགའ་མགུར་སྤྱོད། གང་ལ་ཟེར་ན་ཁྱོད་ཚོའི་ཐོག་ཏུའང་། རྐྱེན་ངན་དྲག་པོ་ཡོང་རྒྱུ་ངེས་ལགས་སོ། ཁྱེད་ཀྱང་གོས་མེད་གཅེར་བུར་འགྱུར་བས་རྐྱེན། ངོ་ཚའི་དབང་གིས་གོམ་པ་འཁྱོར་ཞིང་འགྲུལ། 22ཛི་ཡོན་གྱིས་ནི་རང་གི་ཉེས་སྡིག་གི། གླུ་རིན་དེ་དག་ཡོངས་སུ་འཇལ་ཟིན་པས། ད་ནི་ང་ཚོར་གཙོ་བོ་དཀོན་མཆོག་གིས། གཞན་ཡུལ་བྱེས་སུ་གནས་སྡོད་བྱེད་དགོས་པའི། གནས་སྟངས་དེ་ལ་ཡུན་རིང་འཇོག་མི་མཛད། འོན་ཀྱང་གཙོ་བོ་དཀོན་མཆོག་གིས་ཨེ་དྷོམ་ཁྱོད་ལ་ནི། སྡིག་པའི་ཆད་པ་གཏོང་གནང་མཛད་རྒྱུ་དང་། སྐྱོན་མཚང་གང་ཡོད་མངོན་པར་མཛད་རྒྱུ་ཡིན༎

སྐྱོ་གླུ 5

སྙིང་རྗེའི་ཆེད་དུ་སྨོན་འདུན་ཞུས་པ།

1ང་ཚོའི་ཐོག་ཏུ་གནས་ཚུལ་གང་བྱུང་བར། གཙོ་བོ་ཁྱེད་ཀྱིས་ཐུགས་དྲན་གསོ་བར་མཛོད། ང་ཚོར་དམའ་འབེབ་ཇི་ལྟར་བྱུང་བ་དེར། ཉིད་ཀྱིས་དེ་ལ་ཐུགས་བསམ་བཞེས་པར་མཛོད། 2ང་ཚོའི་རྒྱུ་དངོས་ཕྱི་མིའི་ལག་ཏུ་ཐེབས། ཕྱི་རྒྱལ་བ་རྣམས་ང་ཚོའི་ནང་དུ་གནས། 3ང་ཚོའི་ཕ་རྣམས་དགྲ་བོས་བསད་པས་ན། ང་ཚོའི་མ་རྣམས་ཡུགས་མོར་བཅོས་པར་བྱས། 4ང་ཚོས་འཐུང་ཆུར་རིན་པ་སྤྲོད་དགོས་ཏེ། དེ་བཞིན་མེ་ཤིང་སོགས་ཀྱང་ཉོས་དགོས་སོ། 5ངེད་རྣམས་བོང་བུ་དང་ནི་རྔ་མོང་བཞིན། ངལ་རྩོལ་བྱས་ཏེ་ལུས་ཐང་ཆད་ནའང་། ངལ་གསོ་རྒྱབ་པའི་དབང་ཆ་ང་ཚོར་མེད། 6གསོན་ཕྱིར་མཁོ་བའི་ཁ་ཟས་སློང་བའི་ཆེད། ཨི་ཇིབ་དང་ཨ་སུར་ཡུལ་དུ་ཕྱིན། 7མེས་པོས་བསགས་པའི་སྡིག་པའི་འགྲུབ་འབྲས་སུ། ཁོ་ཚོ་མེད་ཀྱང་ད་ལྟ་ང་ཚོས་མྱོང་། 8བྲན་འཁོལ་མི་ཚོས་ངེད་རྣམས་ལ། དབང་འགྱུར་བྱེད་ཡོད་པ་དང། དེ་ཚོས་ལག་ནས་སུས་ཀྱང་ང་ཚོར་སྐྱབས་གྲོགས་བྱེད་མི་ཐུབ། 9སྲོག་གཅོད་མཁན་རྣམས་གྲོང་གསེབ་ཁུལ་དུ་འགྲུལ། ང་ཚོས་ཁ་ཟས་འཚོལ་བའི་སྐབས། རང་སྲོག་ཉེན་ཁའི་ནང་དུ་བཞག་དགོས་སོ། 10ལྟོགས་པའི་རྐྱེན་གྱིས་མེ་བཞིན་ཚ་བ་འབར། ང་ཚོའི་པགས་པ་མེ་ཐབ་བཞིན་དུ་དྲོས། 11རི་བོ་ཛི་ཡོན་རང་གི་སའི་སྟེང་དུ། ང་ཚོའི་ཆུང་མ་རྣམས་ལ་དབང་ཡོད་བྱས། ཡ་ཧུ་དཱ་ཡི་གྲོང་ཚོའི་ཕྱོགས་ཀུན་ལ། ང་ཚོའི་ན་ཆུང་བུ་མོ་རྣམས་ལ་དབང་ཡོད་བྱས། 12ང་ཚོའི་འགོ་དཔོན་རྣམས་ལ་འཛིན་བཟུང་གིས། སྐེ་ལ་ཐག་པ་བཏགས་ནས་སྲོག་གཅོད་བྱས། དེ་བཞིན་ང་ཚོའི་མི་རྒན་རྣམས་ལ་ནི། སུས་ཀྱང་ཞེ་ས་གུས་བཀུར་མ་བྱས་སོ། 13ང་ཚོའི་གཞོན་ནུ་རྣམས་ལ་དབང་ཡོད་ཀྱིས། བྲན་འཁོལ་བཞིན་དུ་རང་འཐག་བསྐོར་དུ་བཅུག། ཕྲུ་གུ་རྣམས་ཀྱང་ཤིང་ཁུར་ལྗིད་པའི་རྐྱེན། ལམ་དུ་གོམ་པ་འཁྱོར་ནས་འགྲོ་བར་འགྱུར། 14ད་ནི་སྔར་བཞིན་གྲོང་གི་རྒྱལ་སྒོའི་སར། མི་རྒན་འཛོམས་ནས་སྡོད་པར་མི་བྱེད་དོ། དེ་བཞིན་ཡུལ་གྱི་གཞོན་ནུ་རྣམས་ཀྱིས་ཀྱང་། གླུ་གར་རོལ་དབྱངས་སོགས་ཀྱང་སྤངས་པར་བྱས། 15ང་ཚོའི་མི་ཚེའི་ཁྲོད་ནས་དགའ་སྐྱིད་ཡལ། ང་ཚོའི་གླུ་གར་ཞབས་གཞས་རྣམས་ཀྱི་ཚབ། སེམས་སྡུག་མྱ་ངན་སོགས་ཀྱིས་གང་བར་བྱས། 16ང་ཚོས་ང་རྒྱལ་སྤོབས་པ་བྱེད་དགོས་པའི། རྒྱུ་རྐྱེན་གནད་དོན་སོགས་ནི་གང་ཡང་མེད། ང་ཚོས་སྡིག་པ་བྱས་པའི་ཉེས་ལན་དུ། ད་ནི་ངེད་རྣམས་འཇིག་ཅིང་འཕུང་བར་བྱས། 17ང་ཆོའི་སེམས་ཤུགས་ཉམས་ཤིང་ཡིད་ཐང་ཆད། མིག་ནི་མཆིམས་གང་ཞིང་མཐོང་མི་ཐུབ། 18རི་བོ་ཛི་ཡོན་ཡོངས་སུ་སྟོངས་པས་རྐྱེན། ནགས་ཀྱི་ཁྱི་སྤྱང་རྣམས་ཕར་ཆུར་འགྲུལ། 19འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱེད་ཉིད་ནི། དུས་ཡུན་གཏན་གྱི་ཆེད་དུ་མངའ་བདག་དང་། དུས་རབས་མཐའ་མེད་བར་དུ་སྲིད་སྐྱོངས་མཛད། 20དུས་ཡུན་རིང་པོ་བར་དུ་ཁྱེད་ཀྱིས་ནི། ཅིའི་ཕྱིར་ང་ཚོ་དེ་བཞིན་བོར་བར་མཛད། ད་ནི་སླར་ཡང་ཁྱེད་ཀྱིས་ང་ཚོ་ལ། ནམ་ཡང་ཐུགས་དྲན་གསོ་བར་མཛད་གནང་ངམ། 21ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ནི། ངེད་རྣམས་ཁྱེད་ཕྱོགས་བློ་ཁ་བསྒྱུར་བར་མཛོད། ང་ཚོར་སྔར་གྱི་གཟི་བརྗིད་ཕྱིར་ལོག་མཛོད། 22ཁྱེད་ཀྱིས་ང་ཚོར་དུས་ཡུན་གཏན་གྱི་ཆེད། བདག་འཛིན་མེད་པར་དེ་མུར་བོར་མཛད་དམ། ཁྱེད་ཀྱི་ཐུགས་ཁྲོའི་མཐའ་དང་མཚམས་མེད་དོ༎

ཨི་ཛི་ཀི་ཨེལ 1

ཨི་ཛི་ཀི་ཨེལ་ལ་དཀོན་མཆོག་གི་ཞལ་གཟིགས་དང་པོ།

༡:༡—༧:༢༧

དཀོན་མཆོག་གི་རྒྱལ་ཁྲིད།

1ལོ་བཅུ་སུམ་པའི་ཟླ་བ་བཞི་པའི་ཚེས་ལྔ་པར་ང་བླ་མ་ཨི་ཛི་ཀི་ཨེལ་བྷུ་ཛིའི་བུ་བྷེ་བྷི་ལོན་གྱི་ཆུ་བོ་ཀེ་བར་དུ་ཡ་ཧུ་དཱ་པའི་བཙན་བྱོལ་བ་རྣམས་མཉམ་དུ་བསྡད་ཡོད་སྐབས་ནམ་མཁའ་ཕྱེས་པ་དང་དཀོན་མཆོག་གི་ཞལ་གཟིགས་ཞིག་ངས་མཐོང་བྱུང་། 2(དེ་ནི་རྒྱལ་པོ་ཡེ་ཧོ་ཡ་ཀིན་ལ་བཙན་བྱོལ་དུ་འཁྲིད་པའི་ལོ་ལྔ་པ་དེ་ཡིན་ནོ།) 3བྷེ་བྷི་ལོ་ནི་ཡ་དུ་གཙང་པོ་ཀེ་བར་གྱི་ཉེ་འགྲམ་དུ་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་རྣམས་ངས་ཐོས་པ་དང་ང་ལ་ཁོང་གི་མཐུ་སྟོབས་ཀྱི་ཤེས་འཚོར་བྱུང་ངོ་། 4ངས་ཡར་བལྟ་སྐབས་བྱང་ནས་རླུང་འཚུབ་ཅིག་ཡོང་བ་མཐོང་བྱུང་། སྤྲིན་སྟུག་པོ་ཞིག་ནས་གློག་དམར་འཁྱུགས་པ་དང་། དེའི་མཐའ་འཁོར་གྱི་ནམ་མཁའ་འོད་འཚེར་བཞིན་འདུག གློག་དམར་འཁྱུགས་ས་དེའི་ནང་ལི་ལྟ་བུ་ཞིག་འོད་འཚེར་བ་མཐོང་བྱུང་། 5རླུང་འཚུབ་དེའི་དཀྱིལ་དུ་ངས་མིའི་དབྱིབས་ཅན་གྱི་སྲོག་ཆགས་གསོན་པོ་ལྟ་བུ་བཞི་མཐོང་བྱུང་། 6འོན་ཀྱང་དེ་ཚོ་རེ་རེར་གདོང་བཞི་དང་ཤོག་པ་བཞི་འདུག་གོ 7དེ་ཚོའི་རྐང་པ་རྣམས་དྲོང་པོ་དང་དེ་ཚོ་ནི་གླང་གོག་གི་རྨིག་པ་ལྟ་བུ་འདུག་གོ དེ་ཚོ་ནི་ལི་གན་ལྟར་འོད་འཚེར་བཞིན་འདུག་གོ། 8དེ་ཚོའི་མདོང་བཞི་དང་ཤོག་པ་བཞི་མ་ཆད་པར་ཤོག་པ་རེ་རེའི་འོག་ཏུ་མིའི་ལག་པ་བཞི་འདུག་གོ 9སྲོག་ཆགས་གསོན་པོ་རེ་རེའི་ཤོག་པ་གཉིས་བརྐྱངས་ཡོད་པ་དང་། དེ་ཚོ་གཅིག་གིས་གཅིག་ལ་ཤོག་པའི་རྩེ་ཡིས་འབྱར་ཡོད་པའི་རྐྱེན་གྱིས་གྲུ་བཞི་ཡོད་པ་དང་། དེ་ཚོ་འགྲུལ་སྐབས་ཚོ་ཞིག་ལྟར་དེ་ཚོའི་གཟུགས་པོ་མ་བསྒྱུར་བར་འགྲུལ་བཞིན་ཡོད་དོ། 10སྲོག་ཆགས་གསོན་པོ་རེ་རེར་གདོང་མི་འདྲ་བ་བཞི་རེ་ཡོད་པ་ནི། མདུན་དུ་མིའི་གདོང་པ་དང་གཡས་སུ་སེང་གེའི་གདོང་པ་དང་གཡོན་དུ་གླང་གི་གདོང་པ་དང་རྒྱབ་ཏུ་བྱ་གླག་གི་གདོང་པ་འདྲ་བ་ཡོད་དོ། 11སྲོག་ཆགས་གསོན་པོ་རེ་རེའི་ཤོག་པ་གཉིས་པོ་དེའི་ཉེ་འགྲམ་གྱི་སྲོག་ཆགས་ཀྱི་ཤོག་པའི་རྩེ་དང་རྩེ་ཐུག་པའི་ཆེད་ཡར་བསྐྱངས་ཡོད། ཤོག་པ་གཉིས་པོ་གཞན་དེས་དེ་ཚོའི་གཟུགས་པོ་ལ་བཀབ་ཡོད་པ་ཡིན་ནོ། 12ཚོ་དེ་ཚོ་ཁ་བསྒྱུར་མ་དགོས་པར་རང་གི་འདོད་མོས་སར་འགྲོ་ཐུབ་པའི་ཆེད་སྲོག་ཆགས་གསོན་པོ་རེ་རེའི་གདོང་པ་ཕྱོགས་བཞིར་བལྟས་ཡོད་དོ། 13སྲོག་ཆགས་གསོན་པོ་དེ་ཚོའི་ཁྲོད་དུ་གཏན་དུ་གཡོ་བའི་འོད་འཚེར་བའི་པད་འབར་ལྟ་བུ་ཞིག་འདུག་གོ མེ་འབར་བ་དང་དེ་ལས་གློག་འཁྱུག་བཞིན་ཡོད་པ་འདུག་གོ 14གློག་འཁྱུག་པའི་མགྱོགས་ཚད་ལྟར་སྲོག་ཆགས་གསོན་པོ་དེ་ཚོ་ཕར་ཚུར་རྒྱུགས་བཞིན་འདུག་གོ 15ངས་སྲོག་ཆགས་གསོན་པོ་དེ་ཚོ་བཞི་ལ་བལྟ་སྐབས་དེ་ཚོ་རེ་རེའི་ཉེ་འགྲམ་དུ་འཁོར་ལོ་བཞི་ས་ལ་རེག་པ་མཐོང་བྱུང་། 16འཁོར་ལོ་བཞི་པོ་དེ་ཚོ་ནི་གཅིག་དང་འདྲ་བ་ཡོད་པ་དང་། དེ་ཚོ་རེ་རེ་བཞིན་རིན་ཆེན་རྡོ་ལྟར་འོད་འཚེར་བཞིན་ཡོད་པ་དང་། འཁོར་ལོ་རེ་རེའི་དཀྱིལ་དུ་འཁོར་ལོ་གཞན་དེ་འཛུལ་ཡོད་པ་དང་འདྲ་བ་མཐོང་བྱུང་། 17འཁོར་ལོ་དེ་ཚོ་ཕྱོགས་བཞི་གང་དུ་ཡང་འགྲོ་ཐུབ་པའི་ཆེད་དུ་ཡིན་ནོ། 18འཁོར་ལོ་དེ་ཚོའི་མཐའ་འཁོར་རྣམས་མཐོ་པོ་དང་ཞེད་སྣང་ཚ་པོ་ཡོད་པ་དང་། དེ་ཚོའི་མཐའ་འཁོར་རྣམས་མིག་གིས་བཀབ་ཡོད་དོ། 19སྲོག་ཆགས་གསོན་པོ་དེ་ཚོ་གང་དུ་འགྲོ་ན་ཡང་འཁོར་ལོ་རྣམས་ཡང་དེ་ཚོ་མཉམ་དུ་འགྲོ་བ་དང་སྲོག་ཆགས་ཚོ་ས་ནས་ཡར་ལངས་སྐབས་འཁོར་ལོ་རྣམས་ཡང་ལངས་བཞིན་ཡོད་དོ། 20སྲོག་ཆགས་གསོན་པོ་དེ་ཚོ་རང་གི་གང་འདོད་སར་འགྲོ་བ་དང་། འཁོར་ལོ་ཚོ་ཡང་སྲོག་ཆགས་གསོན་པོ་དེ་ཚོས་བྱས་པ་ལྟར་བྱེད་བཞིན་ཡོད་དོ། གང་ལ་ཟེར་ན། སྲོག་ཆགས་གསོན་པོ་དེ་ཚོས་དེ་ཚོ་ལ་དབང་བསྒྱུར་བྱེད་ཀྱི་ཡོད། 21དེར་བརྟེན་སྲོག་ཆགས་གསོན་པོ་དེ་ཚོ་ནམ་འགྲོ་བ་དང་བསྡད་པ་དང་ནམ་མཁར་ལངས་བ་སོགས་བྱ་སྐབས་འཁོར་ལོ་རྣམས་ཡང་འདྲ་མཚུངས་བྱེད་བཞིན་ཡོད་དོ། 22སྲོག་ཆགས་དེ་ཚོའི་མགོའི་སྟེང་རྨོག་ཐོག་གི་ཡིབ་ལྟར་རྡོ་ཤེལ་འོད་ཤིན་ཏུ་འཚེར་བས་བཟོས་པ་ཞིག་ཡོད་དོ། 23རྨོག་ཐོག་དེའི་འོག་སྲོག་ཆགས་གསོན་པོ་དེ་ཚོ་རང་གི་ཤོག་པ་གཉིས་གཉིས་དེའི་འགྲམ་གྱི་ཕྱོགས་སུ་བརྐྱངས་ཡོད་པ་དང་། གཞན་ཤོག་པ་གཉིས་པོ་རང་གི་གཟུགས་བཀབ་བཞིན་ལངས་ཡོད་པ་ཡིན་ནོ། 24དེ་ཚོ་འཕུར་སྐབས་ཤོག་པའི་སྒྲ་གྲགས་པ་ངས་ཐོས་བྱུང་། དེ་ནི་རྒྱ་མཚོ་གྲགས་པའི་གྲགས་སྐད་ལྟར་དང་དམག་དཔུང་ཧ་ཅང་ཁྱོན་ཆེའི་སྒྲ་ལྟར་དང་། མཐུ་སྟོབས་ཅན་གྱི་གཙོ་བོ་དཀོན་མཆོག་གི་གསུང་སྐད་ལྟར་ངས་ཐོས་བྱུང་། དེ་ཚོ་འཕུར་མཚམས་འཇོག་སྐབས་དེ་ཚོའི་ཤོག་པ་ལྟབ་རྩིག་རྒྱབ་བཞིན་ཡོད་དོ། 25འོན་ཀྱང་དེ་ཚོའི་མགོའི་སྟེང་གི་རྨོག་ཐོག་གི་སྟེང་ནས་སྒྲ་མུ་མཐུས་གྲགས་བཞིན་ཡོད་དོ། 26རྨོག་ཐོག་གི་སྟེང་ཨིན་དྲ་ནི་ལས་བཟོས་པའི་རྒྱལ་ཁྲི་ལྟ་བུ་ཞིག་ཡོད། རྒྱལ་ཁྲི་དེའི་སྟེང་མིའི་དབྱིབས་དང་འདྲ་བ་ཞིག་བཞུགས་ཡོད་དོ། 27དབྱིབས་དེ་མེའི་དཀྱིལ་དུ་ལིའི་་འོད་འཚེར་བ་ལྟར་འདུག་གོ དེའི་འོད་དེ་ཕྱོགས་བཞིར་ཁྱབ་ནས་ཡོད་དོ། 28དེའི་ཕྱོགས་བཞི་ལ་འཇའི་མཚོན་མདོག་ཚང་མར་འོད་འདུག་གོ ཤིན་ཏུ་འཚེར་བའི་འོད་དེ་ནི་གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ཡིན་པ་སྟོན་པའི་ཕྱིར་རོ། ངས་འདི་མཐོང་སྐབས་ང་ས་ལ་ཁ་འབུབས་ནས་འགྱལ་ལོ། དེ་ནས་ངས་མི་ཞིག་གི་གཏམ་གླེང་གནང་བ་སྐད་ཞིག་ཐོས་བྱུང་༎

ཨི་ཛི་ཀི་ཨེལ 2

དཀོན་མཆོག་གིས་ཨི་ཛི་ཀི་ཨེལ་ལ་ལུང་སྟོན་པ་བྱ་བར་འབོད་པ།

1ཁོང་གིས་ང་ལ་བཀའ་གནང་བ། མི་རྟག་པའི་སྐྱེ་བོ་ཡར་ལོངས་ཤིག། ངས་ཁྱོད་མཉམ་གཏམ་གླེང་ཞིག་བྱ་འདོད་ཡོད། 2སྒྲ་དེ་སྨྲས་བཞིན་པའི་སྐབས་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ངའི་ནང་བཞུགས་ནས་ང་ལ་རྐང་པར་ཡར་བསླང་གནང་བ་དང་། ངས་སྒྲ་དེ་མུ་མཐུད་ནས་འདི་ལྟར་གསུངས་པ་ཐོས་སོ། 3མི་རྟག་པའི་སྐྱེ་བོ་ཁྱོད་ལ་ངས་ཨིསི་རཱཨེལ་གྱི་མི་མང་གི་སར་གཏོང་རྒྱུ་ཡིན། དེ་ཚོས་ང་ལ་ངོ་ལོག་རྒྱབ་ནས་ང་ལ་རྒྱབ་འགལ་བྱས་ཡོད་པ་དང་། ད་དུང་ཡང་དེ་ཚོའི་ཕ་མེས་ཚོ་ལྟར་ངོ་ལོག་མཁན་ཡིན་ནོ། 4དེ་ཚོ་སྙིང་གྱོང་པོ་ཡིན་པ་དང་ང་ལ་གུས་ཞབས་མི་བྱེད་དོ། དེར་བརྟེན་ང་བླ་ན་མེད་པའི་གཙོ་བོ་དཀོནམ་ཆོག་གིས་དེ་ཚོ་ལ་ཇི་ལྟར་སྨྲ་བ་རྣམས་དེ་ཚོ་ལ་ཤོད་དུ་ངས་ཁྱོད་ལ་གཏོང་རྒྱུ་ཡིན། 5ངོ་ལོག་པ་དེ་ཚོས་ཁྱོད་ལ་ཉན་རུང་མི་ཉན་རུང་དེ་ཚོའི་ཁྲོད་དུ་ལུང་སྟོན་པ་ཞིག་ཡོད་པ་དེ་ཚོས་ཤེས་པར་འགྱུར་རོ། 6འོན་ཀྱང་མི་རྟག་པའི་སྐྱེ་བོ་ཁྱོད་དེ་ཚོ་དང་དེ་ཚོས་ཇི་ལྟར་སྨྲ་བར་འཇིགས་མི་རུང་། དེ་ཚོས་ཁྱོད་ལ་རྒོལ་བ་དང་སྨད་པར་བྱེད་དོ། དེ་ནི་སྡིག་པ་ར་ཛའི་ཁྲོད་དུ་བསྡད་པ་དང་མཚུངས་སོ། འོན་ཀྱང་ངོ་ལོག་པ་དེ་ཚོ་དང་དེ་ཚོས་ཇི་ལྟར་སྨྲ་བར་མ་འཇིགས་ཤིག 7དེ་ཚོས་ཉན་རུང་མི་ཉན་རུང་ངས་ཁྱོད་ལ་ཇི་ལྟར་སྨྲས་དགོས་ཤེས་བརྗོད་པ་ལྟར་སྨྲ་དགོས་སོ། དེ་ཚོ་ངོ་ལོག་མཁན་ཇི་ལྟར་ཡིན་པ་དྲན་པར་བྱོས་ཤིག 8མི་རྟག་པའི་སྐྱེ་བོ་ངས་ཁྱོད་ལ་ཇི་ལྟར་སྨྲས་པར་ཉོན་ཞིག། དེ་ཚོ་ལྟར་ངོ་ལོག་མཁན་མ་བྱེད་ཅིག། ཁྱོད་ཀྱིས་ཁ་གདང་ནས་ངས་གང་སྤྲད་པ་དེ་བཟོ་ཞིག་ཅེས་སོ། 9ངས་ངའི་ཕྱོགས་སུ་ལག་པ་ཞིག་བརྐྱངས་བཞིན་ཡོད་པ་མཐོང་བ་དང་། དེས་ཤོག་སྒྲིལ་ཞིག་བཟུང་ནས་ཡོད། 10ལག་པ་དེས་ཤོག་སྒྲིལ་དེ་ཕྱེས་པ་དང་དེའི་ཕྱོགས་གཉིས་ཀར་ཡི་གེ་བྲིས་ཡོད་པ་ངས་མཐོང་བྱུང་། དེའི་ནང་སྡུག་བསྔལ་གྱི་ངུ་འབོད་དང་མྱ་ངན་དང་མནར་གཅོད་གི་སྒྲ་བྲིས་ཡོད་དོ༎

ཨི་ཛི་ཀི་ཨེལ 3

1དཀོན་མཆོག་གིས་མི་རྟག་པའི་སྐྱེ་བོ་ཁྱོད་ཀྱི་ཤོག་སྒྲིལ་འདི་ཟ་ནས། ཨིསི་རཱཨེལ་གྱི་མི་མང་ལ་སྨྲས་པར་སོང་ཞིག་ཅེས་གསུང་སོ། 2དེར་བརྟེན་ནས་ཁ་གདངས་བ་དང་ཁོང་གིས་ཤོག་སྒྲིལ་དེ་ང་ལ་ཟ་ཕྱིར་གནང་བྱུང་། 3ཁོང་གིས་མི་རྟག་པའི་སྐྱེ་བོ་ངས་ཁྱོད་ལ་སྤྲད་པའི་ཤོག་སྒྲིལ་འདི་ཟ་ཞིག་དང་། དེས་ཁྱོད་ཀྱི་གྲོད་པ་རྒྱོངས་ཤིག་ཅེས་གསུངས་སོ། ངས་དེ་ཟ་བ་དང་དེའི་བྲོ་བ་ནི་སྦྲང་རྩི་དང་འདྲ་བ་མངར་བ་འདུག་གོ 4དེ་ནས་དཀོན་མཆོག་གིས་བཀའ་གནང་བ། མི་རྟག་པའི་སྐྱེ་བོ་ཁྱོད་ཨིསི་རཱཨེལ་གྱི་མི་མང་སར་སོང་ནས་དེ་ཚོ་ལ་ངས་ཁྱོད་ཀྱིས་ཇི་ལྟར་སྨྲ་དགོས་ཤེས་སྨྲས་པ་ལྟར་ཤོད་ཅིག 5ངས་ཁྱོད་ལ་ཕྱི་རྒྱལ་བ་སྐད་གོ་ཁག་པོ་རྒྱབ་མཁན་ཚོའི་སར་མིན་པར་ཨིསི་རཱཨེལ་པ་ཚོའི་སར་གཏོང་བཞིན་ཡོད། 6ངས་ཁྱོད་ལས་རྒྱལ་ཁབ་སྟོབས་ཆེན་པོ་ཁྱོད་ཀྱིས་མི་ཤེས་པའི་སྐད་གོ་ཁག་པོ་རྒྱབ་མཁན་ཚོའི་སར་བཏང་བ་ཡིན་ན། དེ་ཚོས་ཁྱོད་ལ་ཉན་པར་བྱེད་དོ། 7འོན་ཀྱང་ཨིསི་རཱཨེལ་གྱི་མི་མང་སུས་ཀྱང་ཉན་འདོད་མི་བྱེད། དེ་ཚོས་ང་ལ་ཡང་ཉན་པར་མི་བྱེད། དེ་ཚོ་ཚང་མ་སྙིང་གྱོང་པོ་དང་ཨུ་ཚུགས་ཅན་ཡིན་ནོ། 8ད་ངས་ཁྱོད་ལ་ཡང་དེ་ཚོ་ལྟར་སྙིང་གྱོང་པོ་དང་སྟོབས་ཤུགས་ཅན་བཟོ་རྒྱུ་ཡིན་ནོ། 9ངས་ཁྱོད་བྲག་ལྟར་བརྟན་པོ་དང་རྡོ་རྗེ་ཕ་ལམ་ལྟར་མཁྲེགས་པོ་བཟོ་རྒྱུ་ཡིན་པས་ཁྱོད་ངོ་ལོག་མཁན་དེ་ཚོར་མ་འཇིགས་ཤིག 10དཀོན་མཆོག་གིས་མུ་མཐུད་ནས་བཀའ་གནང་བར། མི་རྟག་པའི་སྐྱེ་བོ་ངས་སྨྲས་པ་རྣམས་སེམས་ལ་དོ་སྣང་དང་དྲན་པར་བྱོས་ཤིག 11དེ་ནས་ཁྱོད་ཀྱི་ཡུལ་མི་བཙན་བྱོལ་དུ་ཡོད་པ་ཚོའི་སར་སོང་ནས། དེ་ཚོས་ཉན་རུང་ཉན་མི་རུང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ཇི་ལྟར་སྨྲས་པ་རྣམས་ཤོད་ཅིག 12དེ་ནས་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ང་ཡར་བཏེགས་པ་དང་། ངའི་རྒྱབ་ནས་མཐོ་རིས་སྟེང་གི་གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ལ་བསྟོད་པ་ཕུལ་ཞེས་པའི་འབོད་སྒྲ་ཤུགས་ཆེན་པོ་ཞིག་ངས་ཐོས་བྱུང་། 13ངས་སྲོག་ཆགས་ཚོའི་ཤོག་པ་རླུང་ནང་སྒྲོག་པ་དང་འཁོར་ལོའི་སྒྲ་སྐད་ས་གཡོམ་གྱི་སྐད་ལྟར་ཐོས་བྱུང་། 14གཙོ་བོ་དཀོན་མཆོག་གི་ཐུགས་སྟབས་ནི་ངའི་སྟེང་དུ་ནུས་ཤུགས་ཆེན་པོས་ཕེབས་པ་དང་། ཁོང་གི་ཐུགས་ཉིད་ཀྱིས་ང་ཡར་དྲངས་སྐབས་ང་ལ་ཁག་ཏི་དང་ཁོང་ཁྲོའི་འཚོར་བ་བྱུང་ངོ་། 15དེར་བརྟེན་ང་ཆུ་བོ་ཀེ་བར་གྱི་ཉེ་འགྲམ་ཏེལ་ཨ་བིབ་ཏུ་བཙན་བྱོལ་བ་རྣམས་གནས་ཡུལ་དུ་སླེབས་པ་དང་། དེར་ངས་ཉིན་བདུན་རིང་བསྡད་ནས་ངས་ཇི་ལྟར་མཐོང་བ་དང་ཐོས་ནས་ང་འཐོམ་པར་འགྱུར་རོ༎

གཙོ་བོ་དཀོན་མཆོག་གིས་ཨི་ཛི་ཀི་ཨེལ་ལ་བལྟ་རྟོགས་བྱ་མཁན་དུ་བསྐོས་གནང་བ།

(ཨི་ཛི་ཀི་ཨེལ་ ༣༣:༡-༩)

16ཉིན་བདུན་སོང་བའི་རྗེས་ལ་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བྱུང་། 17ཁོང་གིས་བཀའ་གནང་བར་མི་རྟག་པའི་སྐྱེ་བོ་ངས་ཁྱོད་ལ་ཨིསི་རཱཨེལ་རྒྱལ་ཁབ་ཀྱི་བལྟ་རྟོགས་བྱ་མཁན་ལ་བསྐོ་བཞག་བྱ་རྒྱུ་ཡིན། ངས་ཁྱོད་ལ་ཉེན་བརྡ་གསལ་བཤད་བྱས་པ་དེ་ཚོ་ཁྱོད་ཀྱིས་ཁོ་ཚོར་བཤད་པར་བྱའོ། 18ངས་མི་ངན་པ་ཞིག་འཆི་བར་འགྱུར་ཞེས་གསལ་བསྒྲགས་བྱས་ན་ཡང་། ཁྱོད་ཀྱིས་ཁོའི་སྲོག་སྐྱོབས་པའི་ཆེད་ཁོའི་ལམ་ངན་པར་བསྒྱུར་བ་གཏོང་དགོས་རྒྱུར་ཉེན་བརྡ་མ་བཏང་ན། ཁོ་སྡིག་ཅན་ལྟར་འཆི་བར་འགྱུར་བ་དང་ངས་ཁོ་འཆི་བའི་ལས་ཁག་དེ་ཁྱོད་ལ་དཀྲི་རྒྱུ་ཡིན། 19ཁྱོད་ཀྱིས་མི་ངན་པ་ཞིག་ལ་ཉེན་བརྡ་བཏང་བ་དང་ཁོས་སྡིག་པ་བྱ་རྒྱུ་མཚམས་འཇོག་མ་བྱས་ན་ཁོ་སྡིག་ཅན་ལྟར་འཆི་བར་འགྱུར། འོན་ཀྱང་ཁྱོད་རང་གི་སྲོག་སྐྱོབ་པར་འགྱུར་རོ། 20མི་དངོས་འབྲེལ་བཟང་པོ་ཞིག་གིས་ལས་ངན་བྱེད་འགོ་འཛུགས་པ་དང་། ངས་ཁོ་ཉེན་ཁ་ཅན་གྱི་གནས་སྟངས་ནང་འཇོག་སྐབས་ཁྱོད་ཀྱིས་ཁོ་ལ་ཉེན་བརྡ་མ་བཏང་བ་ཡིན་ན་ཁོ་འཆི་བར་འགྱུར། ཁོ་ནི་རང་གི་སྡིག་པའི་རྐྱེན་གྱིས་འཆི་བ་ཡིན་པས། ཁོས་བཟང་པོ་བྱས་པ་ངས་མི་དྲན་པ་དང་། ངས་ཁོ་འཆི་བའི་ལས་ཁག་དེ་ཁྱོད་ལ་དཀྲི་རྒྱུ་ཡིན་ནོ། 21ཁྱོད་ཀྱིས་མི་བཟང་པོ་ཞིག་ལ་སྡིག་པ་མི་བྱེད་རྒྱུའི་ཉེན་བརྡ་བཏང་བ་དང་། ཁོས་ཁྱོད་ཀྱིས་ལབ་པར་ཉན་ནས་སྡིག་པ་མ་བྱས་པ་ཡིན་ན་ཁོ་གསོན་པོར་གནས་པར་འགྱུར་བ་དང་ཁྱོད་རང་གི་སྲོག་སྐྱོབས་པར་འགྱུར་རོ༎

ཨི་ཛི་ཀི་ཨེལ་སྨྲས་མི་ཐུབ་པར་འགྱུར།

22ང་ལ་གཙོ་བོ་དཀོན་མཆོག་ངའི་སྟེང་ལ་བཞུགས་ཡོད་པའི་ནུས་པ་ཤུགས་ཆེ་ཞིག་བྱུང་བ་དང་། ཁོང་གི་ང་ལ་ཡར་ལང་ནས་ལུང་གཤོང་དུ་སོང་ཞིག། དེར་ངས་ཁྱོད་ལ་གཏམ་གླེང་བྱ་རྒྱུ་ཡིན་ཞེས་གསུངས་པ་ཐོས་བྱུང་། 23དེར་བརྟེན་ང་ལུང་གཤོང་དུ་ཕྱིན་པ་དང་། དེར་ངས་ཀེ་བར་གཙང་ཆུའི་ཉེ་འགྲམ་དུ་སྔོན་ལ་མཐོང་བ་ལྟར་གཙོ་བོ་དཀོན་མཆོག་གི་གཟི་བརྗིད་དེ་མཐོང་བྱུང་། ངའི་གདོང་ས་ལ་འབུབ་ནས་ང་འགྱེལ་ལོ། 24འོན་ཀྱང་གཙོ་བོ་དཀོན་མཆོག་གི་ཐུག་ཉིད་ངའི་ནང་བཞུགས་ནས་ངའི་རྐང་པར་ཡར་བསླང་བར་མཛད་ནས། གཙོ་བོ་དཀོན་མཆོག་གི་ང་ལ་བཀའ་གནང་བ། ཁྱོད་རང་ཁྱིམ་དུ་སོང་ནས་ཁང་པའི་ནང་དུ་འཛུལ་ནས་སྒོ་རྒྱབ་ནས་སྡོད་ཅིག 25མི་རྟག་པའི་སྐྱེ་བོ་ཁྱོད་ལ་ཐག་པས་དཀྱིག་པར་འགྱུར་བ་དང་མང་ཚོགས་ཀྱི་ཁྲོད་དུ་ཕྱི་ལོག་ཏུ་འགྲོ་མི་ཐུབ་བོ། 26ཁྱོད་ཀྱིས་ངོ་ལོག་ཅན་གྱི་མི་མང་ཚོར་ཉེན་བརྡ་གཏོང་མི་ཐུབ་པའི་ཆེད་དུ་ངས་ཁྱོད་ཀྱི་ལྕེ་ལ་གཟའ་ནད་གཏོང་རྒྱུ་ཡིན་ནོ། 27དེ་ནས་ངས་ཁྱོད་ལ་ཡང་སྐྱར་གཏམ་གླེང་བྱ་ཞིང་། ཁྱོད་ལ་སྨྲ་བའི་ནུས་པ་སྐྱར་དུ་སྤྲོད་སྐབས་ཁྱོད་ཀྱིས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲ་བ་དེ་ཚོ་ལ་སྨྲ་དགོས་སོ། དེ་ཚོ་འགའ་ཤས་ཀྱི་ཉན་ན་ཡང་འགའ་ཤས་ཀྱིས་ཁྱོད་ལ་བརྩི་མེད་བྱེད་དོ། གང་ལ་ཟེར་ན། དེ་ཚོ་ནི་ངོ་ལོག་པའི་མི་རིགས་ཤིག་ཡིན་ནོ༎

ཨི་ཛི་ཀི་ཨེལ 4

ཡེ་རུ་ཤ་ལེམ་མཐའ་བསྐོར་བའི་སྐོར་ལ་ཨི་ཛི་ཀི་ཨེལ་གྱིས་དཔེ་བསྟན་པ།

1དཀོན་མཆོག་གིས་བཀའ་གནང་བ། མི་རྟག་པའི་སྐྱེ་བོ་ས་ཕག་ཅིག་བླངས་ནས་ཁྱོད་ཀྱི་མདུན་དུ་བཞག་སྟེ་ཡེ་རུ་ཤུ་ལེམ་གྱི་གྲོང་ཁྱེར་དང་འདྲ་བའི་རི་མོ་བྲིས་ཤིག 2དེ་ནས་དཔུང་དམག་གི་བསྐོར་བ་དང་འདྲ་བའི་ས་དོང་དང་ས་ལས་ཁག་དང་སྡོད་སྒར་ཕུབ་ཅིང་དེའི་མཐའ་འཁོར་དུ་ལྕགས་རི་སྟོར་བའི་མདུང་མ་རྣམས་འཇོག་ཅིག 3ལྕགས་ཀྱི་སླ་ང་ཞིག་བླངས་ནས་དེ་ཁྱོད་དང་གྲོང་ཁྱེར་གྱི་དཀྱིལ་དུ་ལྕགས་རི་ལྟར་སློངས་ཤིག ཁྱོད་ཀྱི་གདོང་གྲོང་ཁྱེར་ཕྱོགས་སུ་ལྟོས་ཤིག། དེ་དཔུང་དམག་གི་བསྐོར་ཡོད་པ་དང་། བསྐོར་མཁན་དེ་ཁྱོད་རང་ཉིད་ཡིན་ནོ། དེ་ཨིསི་རཱཨེལ་གྱི་རྒྱལ་ཁབ་ཀྱི་རྟགས་སུ་འགྱུར་རོ། 4-5དེ་ནས་ཁྱོད་གཡོན་ཕྱོགས་སུ་ཉལ་ཞིག་དང་། ངས་ཁྱོད་ཀྱི་ཐོག་ཏུ་ཨིསི་རཱཨེལ་གྱི་རྒྱལ་ཁབ་ཀྱི་ཉེས་པ་འཇོག་རྒྱུ་ཡིན། ཉིན་ ༣༩༠ རིང་ཁྱོད་དེ་ཚོའི་ཉེས་པའི་རྐྱེན་གྱིས་སྡུག་བསྔལ་མྱོང་བར་བྱེད་དོ། དེ་ཚོའི་ལོ་རེ་རེའི་ཚབ་ལ་ངས་ཁྱོད་ལ་ཉིན་རེ་རེ་ཆད་པ་གཏོང་བར་བྱའོ། 6དེ་རྫོགས་པའི་རྗེས་ལ་ཁྱོད་ཀྱིས་གཡས་ཕྱོགས་སུ་ཁ་བསྒྱུར་ནས་ཡ་ཧུ་དཱ་པའི་ཉེས་པ་དེ་ཚོའི་ལོ་རེའི་ཉེས་ཆད་ཁྱོད་ཀྱིས་ཉིན་རེ་རྩིས་པའི་ཉིན་བཞི་བཅུ་ཐམ་པའི་རིང་མྱོང་དགོས་སོ། 7ཁྱོད་ཀྱི་མིག་ཡེ་རུ་ཤ་ལེམ་ལ་དཔུང་དམག་གི་བསྐོར་བར་ལྟོས་ཤིག ཁྱོད་ཀྱི་རྫོག་མགོ་གྲོང་ཁྱེར་ལ་གཡུགས་ནས་དེའི་ངོ་རྒོལ་གྱི་ལུང་སྟོན་ཞིག 8དཔུང་དམག་གི་བསྐོར་བ་མ་རྫོགས་པར་ཁྱོད་ཀྱིས་ཁ་ཕྱོགས་གཅིག་ནས་གཞན་དུ་བསྒྱུར་མི་ཐུབ་པའི་ཆེད་ངས་ཁྱོད་ལ་བསྡམས་ནས་བཞག་རྒྱུ་ཡིན། 9ད་གྲོ་ནད་དང་རྒྱ་སྲན་དང་སྲན་མ་དང་མོན་འབྲུ་དང་གྲོའི་རིགས་གཞན་ཞིག་བཅས་ཕྲན་བུ་ལེན་ནས། དེ་ཚོ་ཚང་མ་མཉམ་དུ་སྲེག་ནས་བག་ལེབ་བཟོས་ཤིག། དེ་ནི་ཁྱོད་ཞག་ ༣༩༠ རིང་གཡོན་ཕྱོགས་སུ་ཉལ་བའི་སྐབས་ཟ་དགོས་པའི་ཁ་ཟས་དེ་ཡིན་ནོ། 10ཁྱོད་ལ་ཉིན་རེའི་གྷ་རམ་ ༢༣༠ བག་ལེབ་བྱིན་པ་དང་། ཁྱོད་ཀྱིས་དེ་སང་ཞོག་བར་འདང་བ་བྱ་དགོས་སོ། 11ཁྱོད་ཀྱི་འཐུང་ཆུ་ཡང་ཉིན་རེར་དཀར་ཡོལ་གཉིས་རེའི་ཚད་ཡིན་ནོ། 12ཁྱོད་ཀྱིས་མིའི་སྐྱག་པ་སྐམ་པོའི་སྟེང་མེ་སྤར་ཞིང་མེ་དེའི་སྟེང་བག་ལེབ་སྲེག་ཅིང་ཚང་མས་མཐོང་སར་ཟ་དགོས་པ་ཡིན་ནོ། 13གཙོ་བོ་དཀོན་མཆོག་གིས། འདི་ནི་ཨིསི་རཱཨེལ་པ་ཚོ་ངས་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཁ་སྟོར་སྐབས་བཀའ་ཁྲིམས་ཀྱིས་འགག་བྱ་གནང་བ་ལྟར་ཟ་དགོས་པའི་ཟས་སུ་མཚོན་པ་ཡིན་ཞེས་གསུངས་སོ། 14འོན་ཀྱང་ལན་དུ་ངས། བླ་ན་མེད་པའི་གཙོ་བོ་དཀོན་མཆོག། ངས་ནམ་ཡང་དེ་ལྟར་བརྩོག་པ་གྱིས་མེད། ང་ཆུང་དུས་ནས་རང་བཞིན་གྱི་འཆི་བའི་སེམས་ཅན་དང་གཅན་གཟན་གྱིས་བསད་པའི་ཤ་ཙ་བ་ནས་ཟད་མེད་དོ། ངས་མི་གཙང་བར་རྩིས་པའི་ཟས་ཀྱང་ཟས་མེད་ཅེས་ཞུས་སོ། 15དེར་བརྟེན་གཙོ་བོ་དཀོན་མཆོག་གིས། དེ་ལྟར་ལེགས་པས་ངས་ཁྱོད་ལ་བ་མོའི་ལྕི་བ་བེད་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན་པ་དང་། ཁྱོད་ཀྱིས་དེའི་སྟེང་བག་ལེབ་སྲེག་ཆོག་གསུངས་སོ། 16ཁོང་གིས་མུ་མཐུད་བཀའ་གནང་བར། མི་རྟག་པའི་སྐྱེ་བོ་ངས་ཡེ་རུ་ཤ་ལེམ་ལ་བག་ལེབ་ཡོང་ཁོངས་བཅད་རྒྱུ་ཡིན། དེར་ཡོད་པའི་མི་མང་ཚོས་དེ་ཚོས་ཟས་པའི་ཁ་ཟས་དང་འཐུང་བའི་ཆུ་ལ་ཚད་བྱ་སྐབས་སྡུག་བསྔལ་དང་སེམས་ཁྲལ་བྱེད་དོ། 17དེ་ཚོའི་བག་ལེབ་དང་འཐུང་ཆུ་ཆད་པ་དང་དེ་ཚོ་ཡིད་མུག་པར་འགྱུར། དེ་ཚོའི་སྡིག་པའི་རྐྱེན་གྱིས་དེ་ཚོ་ཆུད་ཟོས་སུ་འགྲོ་བར་འགྱུར༎

ཨི་ཛི་ཀི་ཨེལ 5

ཨི་ཛི་ཀི་ཨེལ་གྱིས་རང་གི་སྐྲ་བཞར་བ།

1གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། མི་རྟག་པའི་སྐྱེ་བོ་ཁྱོད་ཀྱིས་གྲི་རྣོ་པོ་ཞིག་བླངས་ནས་ཁྱོད་ཀྱི་ཁ་སྤུ་དང་སྐྲ་བཞར་བར་བེད་སྤྱོད་བྱོས་ཤིག དེ་ནས་ཡང་སྐྱར་དེ་ཚོ་ཉ་གངལ་འདེགས་ནས་དུམ་བུ་གསུམ་དུ་ཆ་བགོས་བྱོས་ཤིག 2དུམ་བུ་གསུམ་ཆ་དེ་གྲོང་ཁྱེར་ལ་དཔུང་དམག་གི་བསྐོར་བ་རྫོགས་སྐབས་མེར་བསྲེགས་ཤིག གསུམ་ཆ་གཞན་དེ་བླངས་ནས་ཁྱོད་གྲོང་ཁྱེར་གྱི་ཕྱི་རོལ་དུ་འགྲོ་སྐབས་རང་གི་རལ་གྲིས་དུམ་བུར་བཏུབ་ཅིག དུམ་བུ་གསུམ་པ་དེ་རླུང་ལ་སྟོར་ཞིག་དང་ངའི་རལ་གྲིས་དེའི་རྗེས་དེད་བྱའོ། 3སྐྲ་ཕྲན་བུ་ཉར་ནས་ཁྱོད་ཀྱི་གོས་ཀྱིི་མཐའ་ཆགས་ནང་སྒྲིལ་ཞིག 4དེ་རྗེས་ཡང་སྐྱེར་དེ་ནས་ཕྲན་བུ་བླངས་ནས་འཚིག་ཏུ་འཇུག་ཅིག མེ་དེ་ནས་ཨིསི་རཱཨེལ་གྱི་རྒྱལ་ཁབ་ཡོངས་རྫོགས་ལ་ཁྱབ་འཕེལ་དུ་འགྱུར་རོ་ཅེས་སོ། 5བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བར། ཡེ་རུ་ཤ་ལེམ་ལ་ལྟོས་ཤིག། ངས་དེ་འཛམ་གླིང་གི་དཀྱིལ་དུ་བཞག་པ་དང་དེའི་མཐའ་འཁོར་ཡོངས་སུ་རྒྱལ་ཁབ་གཞན་ཚོ་བཞག་ཡོད་དོ། 6འོན་ཀྱང་ཡེ་རུ་ཤ་ལེམ་གྱི་ང་ལ་ངོ་ལོག་བྱས་པ་དང་དེ་ནི་རྒྱལ་ཁབ་གཞན་ལས་སྡུག་རྩུབ་ཆེ་བ་དང་དེའི་མཐའ་འཁོར་གྱི་ཡུལ་གཞན་ཚོ་ལས་བཀའ་ལ་མི་ཉན་མཁན་ཞིག་གསལ་སྟོན་བྱས་ཡོད། ཡེ་རུ་ཤ་ལེམ་གྱིས་ངའི་བཀའ་ལ་ཁས་ལེན་མ་བྱས་པ་དང་ངའི་བཀའ་ཁྲིམས་སྲུང་རྒྱུར་ངོས་ལེན་བྱས་མེད་དོ། 7ད་ཡེ་རུ་ཤ་ལེམ་ཁྱོད་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲས་པར་ཉོན་ཞིག། ངའི་བཀའ་ཁྲིམས་ལ་མི་ཉན་པ་དང་ངའི་བཀའ་ལ་མ་སྲུང་བའི་རྐྱེན་གྱིས་ཁྱོད་ཀྱི་མཐའ་འཁོར་གྱི་རྒྱལ་ཁབ་ཚོ་ལས་ལྷག་པའི་དཀའ་ངལ་ཁྱོད་ལ་ཡོང་བ་ཡོད། ཁྱོད་ཚོས་མི་རིགས་གཞན་གྱི་ལུགས་སྲོལ་གྱི་རྗེས་སུ་འཇུག་ཡོད་པས། 8དེར་བརྟེན་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་ནི་ངའི་དགྲ་བོ་ཡིན་ཞེས་བརྗོད་རྒྱུ་ཡིན། ངས་མི་རིགས་ཚང་མས་མཐོང་སར་ཁྱོད་ཚོར་ཁྲིམས་གཅོད་གཏོང་རྒྱུ་ཡིན་ནོ། 9ཁྱོད་ཚོས་གང་བྱས་པ་ཚང་མར་ང་ཞེན་པ་ལོག་ཡོད་པ་དང་། དེ་རྐྱེན་གྱིས་ངས་སྔར་ནམ་ཡང་མ་བཏང་བ་དང་ཡངསྐྱར་ནམ་ཡང་མི་གཏོང་བའི་ཆད་པ་དེ་ཡེ་རུ་ཤ་ལེམ་ཁྱོད་ལ་གཏོང་རྒྱུ་ཡིན་ནོ། 10དེའི་འབྲས་བུར་ཡེ་རུ་ཤ་ལེམ་གྱི་ཕ་མ་ཚོས་རང་གི་ཕྲུ་གུ་ཟ་བ་དང་ཕྲུ་གུ་ཚོས་རང་གི་ཕ་མ་ཟ་བར་བྱེད་པ་དང་། ངས་ཁྱོད་ལ་ཉེས་ཆད་གཏོང་རྒྱུ་དང་སུ་ཡང་གསོན་པོར་ལྷག་པ་དེ་ས་ཕྱོགས་ཡོངས་སུ་ཁ་སྟོར་རྒྱུ་ཡིན་ནོ། 11དེར་བརྟེན་ང་འཚོ་བཞིན་པའི་དཀོན་མཆོག་ཡིན་པའི་རྐྱེན་གྱིས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གི་བཀའ་ནི་ཁྱོད་ཚོས་ངན་ལས་དང་སྐྱུག་བྲོ་བའི་བྱ་སྤྱོད་ཀྱིས་ངའི་མཆོད་ཁང་མི་གཙང་བ་བཟོས་ཡོད་སྟབས་ངས་སྙིང་རྗེ་མེད་པར་ཁྱོད་ཚོ་གསོད་རྒྱུ་ཡིན་ནོ། 12ཁྱོད་ཚོ་གསུམ་ཆ་གཅིག་ལ་ནད་དང་ལྟོགས་སྐོམ་གྱིས་གྲོང་ཁྱེར་ནང་འཆི་བར་འགྱུར་བ་དང་། གསུམ་ཆ་གཅིག་ལ་གྲོང་ཁྱེར་གྱི་ཕྱི་རོལ་དུ་རལ་གྲིས་གསོད་པར་འགྱུར་བ་དང་། གསུམ་ཆ་མཐའ་མ་དེ་ལ་ངས་རླུང་ལ་སྟོར་བ་དང་རལ་གྲིས་དེ་ཚོའི་རྗེས་དེད་བྱ་རྒྱུ་ཡིན་ནོ། 13ཁྱོད་ལ་ངའི་འདོད་པ་མ་ཚིམས་བར་ངའི་ཁྲོ་བ་དང་ཞེ་སྡང་གི་ནུས་ཤུགས་ཡོངས་ཛོགས་ཧ་གོ་བ་ཡོང་བར་འགྱུར། འདི་ལྟར་འབྱུང་སྐབས་ང་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་སྨྲས་པར་ཁྱོད་ཚོ་ལ་ཡིད་ཆེས་ཡོང་བར་འགྱུར་རོ། གང་ལ་ཟེར་ན། ཁྱོད་ཚོའི་དམ་ཚིག་མེད་པར་ང་ཤིན་ཏུ་ཁྲོ་བ་ཡིན་ནོ། 14ཁྱོད་ཚོའི་མཐའ་འཁོར་གྱི་མི་རིགས་ཚོའི་བརྒྱུད་ནས་འགྲོ་མཁན་ཚང་མས་ཁྱོད་ཚོར་མཐོང་ཆུང་བྱེད་པ་དང་། ཁྱོད་ཚོ་ལས་ཐག་རིང་གནས་པར་བྱེད་དོ། 15ང་ཁྲོ་ཞིང་འཇིགས་སྐྲག་ཅན་དུ་འགྱུར་ནས་ཁྱོད་ཚོར་ཆད་པ་གཏོང་སྐབས་ཁྱོད་ཚོའི་ཉེ་འཁོར་གྱི་མི་རིགས་རྣམས་ཤིན་ཏུ་སྐྲག་པར་འགྱུར་རོ། དེ་ཚོས་ཁྱོད་ཚོར་ཞེན་ལོག་གི་རྣམ་པས་བལྟ་བ་དང་ཁྱོད་ཚོར་ཁྱད་གསོད་བྱེད་དོ། 16ངས་ཁྱོད་ཚོའི་ཟ་ཆའི་འབྱུང་ཁུངས་མཚམས་འཇོག་བྱས་ནས་ཁྱོད་ཚོ་ལྟོགས་ཤི་རྒྱབ་ཏུ་འཇུག་རྒྱུ་ཡིན། ཁྱོད་ཚོ་མེད་པར་བཟོ་བར་མདའ་རྣོ་པོས་ཁྱོད་ཚོར་རྒྱབ་པ་ལྟར་ཁྱོད་ཚོར་ལྟོགས་སྐོམ་དང་ན་ཟུག་གི་འཚོར་བ་ཡོང་ངོ་། 17ངས་ཁྱོད་ཚོའི་བུ་ཕྲུག་གསོད་པར་ལྟོགས་སྐོམ་དང་གཅན་གཟན་དྲག་པོ་གཏོང་རྒྱུ་དང་། ཁྱོད་ཚོ་གསོད་པར་ནད་དང་ཟིང་འཁྲུགས་དང་དམག་གཏོང་རྒྱུ་ཡིན་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨི་ཛི་ཀི་ཨེལ 6

གཙོ་བོ་དཀོན་མཆོག་གིས་ལྷ་སྐུར་མཆོད་པར་སྐྱོན་བརྗོད་གནང་བ།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། 2ཀྱེ་མི་རྟག་པའི་སྐྱེ་བོ་ཨིསི་རཱཨེལ་གྱི་རི་བོའི་ཕྱོགས་སུ་ཁ་བལྟས་ནས་དེ་ཚོར་ངའི་བཀའ་ཤོད་ཅིག 3ཨིསི་རཱཨེལ་གྱི་རི་བོར་ཚོར་གཙོ་བོ་དཀོན་མཆོག་གིས་བཀའ་ཉོན་ཞེས་སྨྲོས་ཤིག ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་རི་བོ་ཚོ་དང་རོང་ཚོ་དང་ལུང་གཤོང་དང་བཅས་པར་ཇི་ལྟར་ངས་སྨྲས་པར་ཉོན་ཞེས་སྨྲོས་ཤིག མི་མང་ཚོ་ནས་སྐུ་འདྲ་མཆོད་ཡུལ་མེད་པར་བཟོ་རྒྱུར་ངས་རལ་གྲི་གཏོང་རྒྱུ་ཡིན། 4མཆོད་ཁྲིད་ཚོ་བཤིགས་པར་འགྱུར་བ་དང་བདུག་སྤོས་ཀྱི་མཆོད་ཁྲི་ཚོ་དང་བཅས་པར་བཤིགས་པར་བྱེད་དོ། དེར་ཡོད་མི་མང་རྣམས་ནི་སྐུ་འདྲ་ཚོའི་མདུན་དུ་གསོད་པར་བྱེད་དོ། 5ངས་ཨིསི་རཱཨེལ་གྱི་མི་མང་ཚོའི་རོ་རྣམས་གཏོར་ཞིང་དེ་ཚོའི་རུས་པ་རྣམས་མཆོད་ཁྲི་ཚོའི་མཐའ་འཁོར་དུ་གཏོར་བར་བྱའོ། 6ཨིསི་རཱཨེལ་གྱི་གྲོང་ཁྱེར་ཚང་མའི་མཆོད་ཁྲི་ཚོ་དང་སྐུ་འདྲ་ཚོ་དུམ་བུར་གཏོར་བའི་ཆེད་དང་། དེ་ཚོའི་བདུག་སྤོས་ཀྱི་མཆོད་ཁྲི་རྣམས་བསིལ་བུར་གཏོར་བ་དང་། དེ་ཚོས་བཟོས་པ་ཚང་མ་མི་སྣང་བར་འགྱུར་བའི་ཆེད་ངས་ཨིསི་རཱཨེལ་གྱི་གྲོང་ཁྱེར་རྣམས་མེད་པར་བཟོ་རྒྱུ་ཡིན་ནོ། 7ས་ཁུལ་ཡོངས་སུ་མི་མང་རྣམས་གསོད་པར་འགྱུར་བ་དང་། གསོན་པོ་ཡོད་པ་ཚོས་ང་ནི་གཙོ་བོ་དཀོན་མཆོག་ཡིན་པར་ངོས་ལེན་བྱེད་དོ། 8ངས་དེ་ཚོ་དམར་གསོད་ལས་འགའ་ཤས་བྲོས་ནས་ཐར་བར་བྱ་རྒྱུ་དང་། དེ་ཚོ་མི་རིགས་ཁག་གི་ནང་ཁ་གཏོར་བར་བྱེད་དོ། 9དེར་དེ་ཚོ་བཙན་བྱོལ་དུ་གནས་པར་འགྱུར། ངས་དེ་ཚོ་ལ་ཉེས་ཆད་བཏང་བ་དང་དམའ་འབེབས་བྱས་པ་རྣམས་དེ་ཚོས་དྲན་པ་དང་ཤེས་པར་འགྱུར་རོ། གང་ལ་ཟེར་ན། དེ་ཚོས་དམ་ཚིག་མ་སྲུང་བའི་རྐྱེན་གྱིས་ང་སྤོངས་བ་དང་ང་ལས་སྐུ་འདྲར་འདམས་པར་བྱས་ཡོད། དེ་ཚོའི་ལས་ངན་དང་དམའ་འབེབས་ཀྱི་ལས་རིགས་བྱས་པའི་རྐྱེན་གྱིས་དེ་ཚོ་རང་གི་རང་ལ་ཞེན་ལོག་བྱེད་པར་འགྱུར་རོ། 10དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པ་དང་། ངས་ཉེན་བརྡ་བཏང་བ་རྣམས་དོན་མེད་ཀྱི་འཇིགས་བསྐུལ་མིན་པར་ཤེས་པར་འགྱུར་རོ། 11བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བར། ཨིསི་རཱཨེལ་པ་ཚོས་སྐྱུག་བྲོའི་ངན་ལས་རྣམས་བགྱིས་པའི་རྐྱེན་གྱིས་ཁྱོད་ཚོས་ལག་པ་དང་རྐང་པ་བརྡབ་ནས་སྡུག་བསྔལ་གྱིས་ངུ་ཞིག དེ་ཚོ་དམག་འཁྲུགས་དང་མུ་གེ་དང་ནད་ཡམས་བཅས་ཀྱིས་འཆི་བར་འགྱུར་རོ། 12ཐག་རིང་དུ་ཡོད་པ་ཚོ་ན་ནས་འཆི་བ་དང་། ཐག་ཉེར་ཡོད་པ་ཚོ་དམག་ཏུ་གསོད་པར་འགྱུར་བ་དང་། གསོན་པོར་འཚོ་བ་རྣམས་ལྟོགས་ནས་འཆི་བར་འགྱུར། དེ་ཚོས་ངའི་ཁྲོ་བའི་ནུས་པ་འཚོར་བར་འགྱུར་རོ། 13དེ་ཚོའི་རོ་རྣམས་སྐུ་འདྲའི་ཁྲོད་དང་མཆོད་ཁྲིའི་མཐའ་འཁོར་དུ་གཏོར་བར་འགྱུར་བ་དང་། རི་ཕྲན་མཐོ་པོ་ཚང་མ་དང་གང་རི་རྩེ་དང་ཤིང་སྡོང་ལྗང་ཁུ་ཚང་མ་དང་བེ་ཤིང་ཆེན་པོ་ཚང་མའི་འོག་དང་དེ་ཚོའི་སྐུ་འདྲར་སྦྱིན་སྲེག་གི་དམར་མཆོད་འབུལ་ཡུལ་ཚང་མར་དེ་ཚོའི་རོ་རྣམས་འཐོར་བར་བྱེད་པ་དང་། དེ་ནས་ཚང་མས་ང་ནི་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 14ངས་ལག་པ་བརྐྱངས་ནས་དེ་ཚོའི་ལུང་པ་མེད་པར་བཟོ་རྒྱུ་དང་། ངས་ལྷོ་ཕྱོགས་ཀྱི་བྱེ་ཐང་ནས་བྱང་རིབ་ལའི་གྲོང་ཁྱེར་བར་ས་ཆ་ཚང་མ་ཕན་མེད་བཟོ་རྒྱུ་དང་། ཨིསི་རཱཨེལ་པ་ཚོ་སྡོད་ཡུལ་གཅིག་ཀྱང་མ་ལུས་པརབྱ་རྒྱུ་ཡིན། དེ་ནས་ཚང་མས་ང་ནི་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ༎

ཨི་ཛི་ཀི་ཨེལ 7

ཨིསི་རཱཨེལ་གྱི་མཐའ་མ་ཉེ་བར་ཡོད་པ།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བར། 2ཀྱེ་མི་རྟག་པའི་སྐྱེ་བོ་ཨིསི་རཱཨེལ་གྱི་ཡུལ་ཡོངས་རྫོགས་ལ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་འདི་ལྟར་ཡིན། འདི་ནི་ཡུལ་ཡོངས་རྫོགས་ཀྱི་མཐའ་མ་ཡིན་ནོ། 3ཀྱེ་ཨིསི་རཱཨེལ་མཐའ་མར་སླེབས་ཡོད། ཁྱོད་ཀྱི་ངའི་ཁྲོ་བ་དེ་འཚོར་བར་འགྱུར་རོ། གང་ལ་ཟེར་ན། ངས་ཁྱོད་ཀྱིས་ཇི་བྱས་པ་རྣམས་ལ་ཁྲིམས་དཔྱོད་བྱེད་བཞིན་ཡོད། ཁྱོད་ཀྱི་ཞེན་ལོག་ཅན་གྱི་སྤྱོད་ཚུལ་ལ་ངས་ལན་འཇལ་རྒྱུ་ཡིན་ནོ། 4ངས་ཁྱོད་ལ་ཚེ་ཐར་མི་གཏོང་བ་དང་སྙིང་རྗེ་མི་བྱེད་དོ། ཁྱོད་ཀྱིས་ང་གཙོ་བོ་དཀོན་མཆོག་ཡིན་ཟེར་ཤེས་པའི་ཆེད་ངས་ཁྱོད་ཀྱི་ཞེན་ལོག་ཅན་གྱི་བྱ་བ་གང་བྱས་པ་རྣམས་ལ་ཉེས་ཆད་གཏོང་རྒྱུ་ཡིན་ནོ། 5བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། ཁྱོད་ལ་དཀའ་ངལ་གཅིག་གིས་རྗེས་ལ་གཅིག་ཡོང་བར་འགྱུར་རོ། 6འདི་ནི་དུས་ཀྱི་མཐའ་མ་ལེབས་ཡོད་པས། ཁྱོད་ཡང་འཛིགས་པ་ཡིན་ནོ། 7ཡུལ་འདིར་སྡོད་མཁན་ཁྱོད་ཚོ་ཚང་མའི་མཐའ་མར་སླེབས་ཡོད། གང་རིའི་མཆོད་ཁང་དུ་དུས་སྟོན་སྲུང་བར་མི་འགྱུར་འོན་ཀྱང་ཟིང་འཕྱང་གཅིག་པོ་ཡོང་བའི་དུས་དེ་ཐག་ཉེར་ཡོད་དོ། 8ད་མྱུར་དུ་ཁྱོད་ཀྱིས་ངའི་ཁྲོ་བའི་ནུས་པ་ཚང་མ་ཤེས་པར་འགྱུར། ངས་ཁྱོད་ཀྱིས་ཇི་ལྟར་གྱིས་པ་ལྟར་ཁྲིམས་དཔྱོད་གཏོང་བཞིན་ཡོད་པ་དང་། ངས་ཁྱོད་ཀྱིས་སྐྱུག་བྲོའི་བྱ་སྤྱོད་རྣམས་ལ་ལན་འཇལ་བར་བྱེད་དོ། 9ངས་ཁྱོད་ལ་ཐར་པ་མི་གཏོང་བ་དང་སྙིང་རྗེ་ཡང་མི་བྱེད་དོ། ཁྱོད་ལ་ཉེས་ཆད་གཏོང་མཁན་དེ་ང་གཙོ་བོ་དཀོན་མཆོག་ཡིན་པ་དེ་ཁྱོད་ཀྱིས་ཤེས་པའི་ཆེད་ངས་ཁྱོད་ཀྱི་སྐྱུག་བྲོའི་ལས་རྣམས་ཀྱི་ཆེད་དུ་ཉེས་ཆད་གཏོང་རྒྱུ་ཡིན་ནོ། 10ཨིསི་རཱཨེལ་པ་ལ་རྐྱེན་ངན་གྱི་ཉིན་དེ་སླེབས་བཞིན་ཡོད་པ་དང་། དྲག་དཔྱོད་འཕེལ་བ་དང་། ང་རྒྱལ་ཆེ་ཤོས་ནང་སླེབས་ཡོད་དོ། 11དྲག་དཔྱོད་ཀྱི་ངན་ལས་སྤེལ་བ་དང་། དེ་ཚོའི་རྒྱུ་ནོར་དང་མངའ་ཐང་དང་གཟི་བརྗིད་དང་བཅས་པ་གང་ཡང་ལྷག་པར་མི་འགྱུར་རོ། 12དུས་ཚོད་དེ་སླེབས་བཞིན་ཡོད། ཉོ་ཚོང་ལ་དོན་གནད་གང་ཡང་མེད་པའི་ཉིན་དེ་ཉེ་བར་སླེབས་བཞིན་ཡོད་དོ། གང་ལ་ཟེར་ན། དཀོན་མཆོག་གི་ཆད་པ་དེ་ཚང་མར་འདྲ་མཉམ་ཕོག་པར་འགྱུར་རོ། 13ཚོང་པས་རང་གི་བོར་རླག་སོང་བ་རྣམས་ཕྱིར་ཐོབ་པའི་སྔོན་དུ་ཁོ་འཆི་བར་འགྱུར། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་དེ་ཚང་མའི་ཐོག་ཏུ་ཡོད། ངན་པ་རྣམས་གསོན་པོར་འཚོ་བར་མི་འགྱུར་རོ། 14དུང་འབུད་ཅིང་ཚང་མས་གྲ་སྒྲིགས་བྱས་ན་ཡང་། སུ་ཡང་དམག་ཏུ་འགྲོ་བར་མི་འགྱུར། གང་ལ་ཟེར་ན། དཀོན་མཆོག་གི་ཁྲོ་བ་དེ་ཚང་མའི་ཐོག་ཏུ་འདྲ་མཚུངས་ཡོད་དོ༎

ཨིསི་རཱཨེལ་གྱི་སྡིག་པར་ཉེས་ཆད།

15རྒྱ་ལམ་ཁག་ཏུ་འཁོན་འཁྲུགས་དང་ཁྱིམ་མཚེ་ཚོའི་ནང་དུ་ནད་དང་བཀྲེས་སྐོམ་ཡོད། གྲོང་ནང་སྡོད་མི་རྣམས་དམག་འཁྲུགས་ནང་འཆི་བ་དང་གྲོང་ཁྱེར་ནང་ཡོད་པ་རྣམས་ནད་དང་བཀྲེས་སྐོམ་གྱིས་མནར་བར་འགྱུར་རོ། 16ཕུག་རོན་ལུང་གཤོང་ལ་འཇིགས་པ་ལྟར་འགའ་ཤས་རི་བོར་བྲོས་ཐར་བ་དང་། ཚང་མས་རང་གི་སྡིག་པར་མྱ་ངན་བྱེད་དོ། 17ཚང་མའི་ལག་པ་ཤུགས་མེད་པ་དང་པུས་མོ་འདར་བར་བྱེད་དོ། 18དེ་ཚོས་རྩ་ཕད་ཀྱི་གོས་གྱོན་ཞིང་འཇིགས་ནས་འདར་བར་བྱེད་དོ། དེ་ཚོའི་སྐྲ་ཞར་ནས་ཚང་མས་དམའ་འབེབས་སུ་འགྱུར་རོ། 19དེ་ཚོས་རང་གི་གསེར་དངུལ་རྣམས་མི་གཙང་བ་ལྟར་རྒྱ་ལམ་དུ་དབྱུགས་པར་བྱེད་དོ། གང་ལ་ཟེར་ན། དེ་ཚོའི་གསེར་ཡང་ན་དངུལ་གིས་གཙོ་བོ་དཀོན་མཆོག་དེ་དག་ལ་ཐུགས་ཁྲོ་སྐབས་སྐྱོབས་མི་ཐུབ། དེ་ཚོས་རང་གི་འདོད་པ་ལྟར་སྒྲུབ་པའི་ཆེད་བེད་སྤྱོད་བྱེད་པ་ཡང་ན་གྲོད་པ་འགྲངས་བར་བྱེད་མི་ཐུབ་བོ། གསེར་དངུལ་གྱི་དེ་ཚོ་སྡིག་པར་སྣེ་འཁྲིད་བྱས་ཡོད། 20སྔར་དེ་ཚོ་རང་གི་མཛེས་སྡུག་ཅན་གྱི་རིན་ཆེན་ནོར་བུ་སོགས་ལ་ང་རྒྱལ་ཡོད་ན་ཡང་། དེ་ཚོས་དེ་ཚོ་ཞེན་ལོག་ཅན་གྱི་སྐུ་འདྲ་བཟོ་རྒྱུར་བེད་སྤྱོད་བྱས་ཡོད། དེའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གིས་དེ་ཚོའི་རྒྱུ་ནོར་དེ་ཚོ་ལ་ཞེན་ལོག་ཅན་བཟོ་བར་མཛད་དོ། 21གཙོ་བོ་དཀོན་མཆོག་གིས་བཀའ་གནང་བར། ངས་ཕྱི་རྒྱལ་ཚོས་དེ་ཚོ་ལ་བཅོམ་དུ་འཇུག་རྒྱུ་དང་། ཁྲིམས་འགལ་བ་ཚོས་དེ་ཚོའི་རྒྱུ་ནོར་རྣམས་འཁྱེར་ནས་དེ་ཚོ་གྲིབ་ཅན་བཟོ་བར་བྱེད་དོ། 22ངའི་རིན་ཐང་ཅན་གྱི་མཆོད་ཁང་ལ་ཆོས་མིན་གྱི་བྱ་བ་གྱིས་པ་དང་ཇག་པ་ཚོ་དེའི་ནང་འཛུལ་ནས་མི་གཙང་བ་བཟོ་སྐབས་ངས་བྱུས་གཏོགས་བྱ་རྒྱུ་མིན་ནོ། 23ཚང་མ་མགོ་རྙོག་ནང་ཡོད་པ་དང་ཡུལ་ནང་མི་སྲོག་དཔྱོད་ཀྱིས་ཁེངས་ཡོད་པ་དང་གྲོང་ཁྱེར་ཚོ་དྲག་དཔྱོད་ཀྱིས་ཁེངས་ཡོད་དོ། 24ངས་འདིར་མི་རིགས་ངན་ཤོས་དེ་ཚོ་འཁྲིད་ནས་དེ་ཚོ་ཁྱོད་ཚོའི་ཁྱིམ་གྱི་བདག་པོ་བྱེད་དུ་འཇུག་རྒྱུ་ཡིན། ངས་ཁྱོད་ཚོས་མཆོད་པའི་ས་གནས་དེ་མི་རིགས་ཚོས་མི་གཙང་བར་བཟོ་བར་འཇུག་སྐབས། ཁྱོད་ཚོའི་མི་ཤུགས་ཆེ་ཤོས་ཚོ་ཡང་སེམས་ཤུགས་ཆགས་པར་འགྱུར་རོ། 25རེ་བ་མེད་པའི་དུས་དེ་སླེབས་བཞིན་ཡོད། ཁྱོད་ཚོས་ཞི་བདེ་འཚོལ་ན་ཡང་དེ་རྩ་བ་ནས་རྙེད་པར་མི་འགྱུར་རོ། 26རྐྱེན་ངན་གཅིག་གིས་རྗེས་ལ་གཅིག་ཡོང་བ་དང་གཏམ་ངན་དེ་ཆུ་རྒྱུན་བཞིན་ཡོང་བ་དང་། ཁྱོད་ཚོས་ལུང་སྟོན་པ་ཚོར་ཁོང་ཚོས་ཇི་ལྟར་གཟིགས་པ་གསལ་སྟོན་ཡོང་བའི་ཞུ་བ་དང་། བླ་མ་ཚོས་ཡང་མི་མང་ཚོར་སློབ་སྟོན་བྱ་རྒྱུ་གང་ཡང་མེད་པ་དང་། རྒན་པ་ཚོས་ཡང་བསླབ་བྱ་གང་ཡང་སྤྲོད་ཡག་མེད་དོ། 27རྒྱལ་པོས་མྱ་ངན་གནང་བ་དང་རྒྱ་སྲས་རེ་བ་དོར་བ་དང་མི་མང་འཇིགས་ཤིང་འདར་རོ། ཁྱོད་ཚོས་ཇི་ལྟར་གྱིས་པར་ངས་ཉེས་པ་གཏོང་རྒྱུ་དང་། ཁྱོད་ཚོས་གཞན་ལ་ཁྲིམས་དཔྱོད་གྱིས་པ་ལྟར་ངས་ཀྱང་ཁྱོད་ཚོར་ཁྲིམས་དཔྱོད་བྱ་རྒྱུ་ཡིན། བྱ་བ་དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཁྱོད་ཚོར་སྟོན་པར་བྱེད་དོ༎

ཨི་ཛི་ཀི་ཨེལ 8

ཨི་ཛི་ཀི་ཨེལ་ལ་དཀོན་མཆོག་གི་ཞལ་གཟིགས་གཉིས་པ་བྱུང་བ།

༨:༡—༡༠:༢༢

ཡེ་རུ་ཤ་ལེམ་དུ་སྐུ་འདྲ་མཆོད་སྲོལ།

1ང་ཚོ་བཙན་བྱོལ་དུ་ལོ་དྲུག་པའི་ཟླ་བ་དྲུག་པའི་ཉིན་ལྔ་པར་ཡ་ཧུ་དཱ་ནས་བཙན་བྱོལ་བ་ཚོའི་འགོ་འཁྲིད་ཚོ་ངའི་ཁྱིམ་ནང་ང་དང་མཉམ་དུ་སྡོད་བཞིན་ཡོད་པ་དང་། གློ་བུར་དུ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གི་མཐུ་སྟོབས་དེ་ངའི་སྟེང་འབབས་ནས། 2ངས་ཡར་བལྟས་པ་དང་། མེ་འབར་བའི་མིའི་དབྱིབས་ཅན་གྱི་ཞལ་གཟིགས་ཤིག་མཐོང་བྱུང་། དེའི་རྐེད་པ་མན་གྱི་གཟུགས་ནི་མེ་ལྟ་བུ་དང་། དེའི་རྐེད་པ་ཡན་ནི་མདོག་སྟོན་པའི་ལི་ལྟར་འོད་འཚེར་བཞིན་འདུག་གོ 3དེས་ལག་པ་ལྟ་བུ་ཞིག་བརྐྱངས་ནས་ངའི་མགོའི་སྐྲ་ནས་ང་ལ་བཟུང་ངོ་། ཞལ་གཟིགས་དེའི་ནང་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ང་གནམ་མཐོ་པོར་ཡར་འཕང་ནས་ང་ཡེ་རུ་ཤ་ལེམ་དུ་འཁྲིད་གནང་བ་དང་། ཁོང་གིས་ང་བྱང་གི་རྒྱལ་སྒོའི་འཛུལ་སྒོའི་ནང་འཁྲིད་གནང་བ་དང་། དེར་དཀོན་མཆོག་ལ་ཧ་ཅང་ཐུགས་ཁྲོ་ལངས་མཁན་འདྲ་སྐུ་ཞིག་ཡོད་དོ། 4ངས་དེར་ཨིསི་རཱཨེལ་གྱི་དཀོན་མཆོག་གི་གཟི་བརྫིད་མཐོང་བྱུང་། གཟི་བརྫིད་དེ་སྔོན་དུ་ངས་ཀེ་བར་གཙང་པོའི་འགྲམ་དུ་ཡོད་དུས་མཐོང་བའི་གཟི་བརྫིད་དང་འདྲ་པོ་ཡོད་དོ། 5དཀོན་མཆོག་གི་ང་ལ་གསུངས་པ། ཀྱེ་མི་རྟག་པའི་སྐྱེ་བོ་བྱང་ཕྱོགས་སུ་བལྟོས་ཤིག། ངས་དེའི་ཕྱོགས་སུ་བལྟས་པ་དང་། དེར་མཆོད་ཁྲིའི་རྒྱལ་སྒོའི་བྱང་ཕྱོགས་སུ་ཡོད་པའི་འཛུལ་སྒོའི་འགྲམ་དུ་སྐུ་འདྲ་དེ་མཐོང་བྱུང་། དེས་དཀོན་མཆོག་ལ་ཧ་ཅང་ཁྲོ་བ་བསླངས་ཡོད་དོ། 6དཀོན་མཆོག་གིས་ང་ལ་ཀྱེ་མི་རྟག་པའི་སྐྱེ་བོ་ག་རེ་བྱུང་བཞིན་ཡོད་པ་ཁྱོད་ཀྱིས་མཐོང་གི་འདུག་གམ། ཨིསི་རཱཨེལ་གྱི་མི་མང་ཚོས་ང་དམ་པའི་གནས་ནས་ཕར་འབུད་ཕྱིར་འདིར་ཞེན་ལོག་ཅན་གྱི་བྱ་བ་ངན་པ་བྱས་པར་ལྟོས་ཤིག ཁྱོད་ཀྱིས་དེ་ལས་དམའ་འབེབས་ཅན་གྱི་བྱ་བ་མང་པོ་མཐོང་བར་འགྱུར་རོ། 7ཁོང་གིས་ང་ཕྱིའི་ཁྱམས་རའི་འཛུལ་སྒོར་འཁྲིད་ནས། ང་ལ་ལྕགས་རི་ལ་ཨི་ཁུང་ཞིག་སྟོན་གནང་བྱུང་། 8ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོལྕགས་རི་དེ་བཤིགས་ཤིག་ཅེས་གསུངས་བྱུང་། ངས་དེ་བཤིགས་པ་དང་སྒོ་ཞིག་མཐོང་བྱུང་། 9ཁོང་གིས་ང་ལ་ནང་དུ་སོང་ནས་དེ་ཚོས་ངན་ལས་དང་ཞེན་ལོག་ཅན་གྱི་བྱ་བ་ངན་པ་བྱེད་བཞིན་པར་ལྟོས་ཤིག་གསུངས་སོ། 10དེར་བརྟེན་ང་ནང་དུ་འཛུལ་ནས་བལྟས་པ་ཡིན། ལྕགས་རི་དེ་ལ་སྦྲུལ་དང་གཞན་སེམས་ཅན་མི་གཙང་དང་གཞན་ཨིསི་རཱཨེལ་པ་ཚོས་མཆོད་པའི་དངོས་པོ་ཚོའི་རི་མོས་བཀབ་ཡོད་དོ། 11ཤ་ཕན་གྱི་བུ་ཡ་ཛན་ཡཱའི་རྩིས་པས་དེར་ཨིསི་རཱཨེལ་པའི་འགོ་འཁྲིད་བདུན་ཅུ་ཐམ་པ་ཡོད་པ་དང་། དེ་ཚོ་རེ་རེ་ནས་སང་ཕོར་རེ་བཟུང་ཡོད་པ་དང་། སང་ཕོར་ནང་དུ་དུ་བ་འཁྲིགས་བཞིན་ཡོད་པ་དང་། 12དཀོན་མཆོག་གིས་ང་ལ་བཀའ་འདྲི་གནང་བ། ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཀྱིས་ཨིསི་རཱཨེལ་པའི་འགོ་འཁྲིད་ཚོས་གསང་བའི་ཐོག་ཇི་ལྟར་བྱེད་བཞིན་པ་མཐོང་གི་འདུག་གམ། དེ་ཚོ་ཚང་མས་སྐུ་འདྲས་ཁེངས་པའི་ཁང་པ་ཞིག་ནང་མཆོད་བཞིན་ཡོད། དེ་ཚོའི་ཡ་ལ་དེ་གཙོ་བོ་དཀོན་མཆོག་གིས་ང་ཚོ་ལ་མི་གཟིགས་ཤིང་ཁོང་གིས་ཡུལ་དེ་སྤོངས་གནང་ཡོད་ཅེས་ཟེར་རོ། 13དེ་ནས་གཙོ་བོ་དཀོན་མཆོག་གིས། ཁྱོད་ཀྱིས་དེ་ཚོའི་ལས་ངན་འདི་ལས་ཧ་ཅང་སྐྱུག་བྲོའི་ལས་བྱེད་པ་མཐོང་བར་འགྱུར་གསུངས་སོ། 14དེར་བརྟེན་ཁོང་གིས་ང་ལ་མཆོད་ཁང་གི་བྱང་ཕྱོགས་ཀྱི་སྒོར་འཁྲིད་གནང་བ་དང་། དེར་བུད་མེད་ཚོས་ལྷ་ཏམ་མུཛ་འཆི་བའི་རྐྱེན་གྱིས་ངུ་བཞིན་ཡོད་པ་སྟོན་བྱུང་། 15ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཀྱིས་དེ་མཐོང་བྱུང་ངམ། ཁྱོད་ཀྱིས་དེ་ལས་ཀྱང་སྐྱུག་བྲོའི་བྱ་བ་མང་པོ་མཐོང་བར་འགྱུར་གསུངས་སོ། 16དེ་ནས་ཁོང་གིས་ང་ལ་མཆོད་ཁང་གི་ཁྱམས་ར་ནང་མའི་ནང་འཁྲིད་གནང་ནས། དེར་དམ་པའི་གནས་ཀྱི་འཛུལ་སྒོའི་ཉེ་འགྲམ་གྱི་མཆོད་ཁྲི་དང་སྒོ་འབྱོར་དབར་སྐྱེ་པ་ཕོ་གྲངས་ཉི་ཤུ་ཙ་ལྔ་ཙམ་ཡོད། དེ་ཚོས་གནས་དམ་པའི་ཕྱོགས་སུ་རྒྱབ་ལོག་ནས་གུས་པ་ཆེན་པོས་ཤར་ཕྱོགས་ལ་ཕྱག་འབུལ་ནས་ཤར་བའི་ཉི་མ་ལ་མཆོད་བཞིན་ཡོད་དོ། 17གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བར། ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཀྱིས་དེ་ཚོ་མཐོང་བྱུང་ངམ། ཡ་ཧུ་དཱའི་མི་མང་འདི་ཚོས་ཁྱོད་ཀྱིས་འདིར་མཐོང་བའི་སྐྱུ་བྲོའི་བྱ་བ་དང་ཡུལ་ཡོངས་སུ་ཟང་ཟིང་སྤེལ་བའི་འདོད་པ་ཁེངས་མེད་པས། དེ་ཚོ་ཡོངས་ནས་མཆོད་ཁང་འདི་རང་དུ་དེ་ལྟར་བྱེད་ཅིང་ང་ལ་དེ་བས་མང་བ་ཁྲོ་རུ་འཇུག་གོ་དེ་ཚོས་ངོ་རྒོལ་གྱི་རྣམ་པ་གང་ཡོང་གི་ང་ལ་དམའ་འབེབས་ཇི་ལྟར་བྱེད་པར་ལྟོས་ཤིག 18དེ་ཚོ་ལ་ངའི་ཁྲོ་བའི་ནུས་ཤུགས་ཚང་མ་ལ་འཚོར་བར་འགྱུར། ངས་དེ་ཚོ་ལ་ཐར་པ་མི་གཏོང་བ་དང་སྙིང་རྗེ་ཡང་མི་བྱེད་དོ། དེ་ཚོས་སྐད་ཤུགས་ཆེན་པོའི་ངང་ང་ལ་གསོལ་བ་འདེབས་ཀྱང་ངས་དེ་ཚོ་ལ་ཉན་རྒྱུ་མིན་ནོ༎

ཨི་ཛི་ཀི་ཨེལ 9

ཡེ་རུ་ཤ་ལེམ་ལ་ཉེས་ཆད་བཏང་བ།

1དེ་ནས་དཀོན་མཆོག་གིས་གྲོང་ཁྱེར་འདིར་ཉེས་ཆད་གཏོང་མཁན་མི་ཁྱོད་ཚོ་འདིར་ཤོག་ཅིག ཁྱོད་ཚོའི་མཚོན་ཆ་མཉམ་དུ་འཁྱེར་ནས་ཤོག་ཅེས་གསུང་སྐད་གནང་བ་ངས་ཐོས་བྱུང་། 2དེ་མ་ཐག་མཆོད་ཁང་གི་བྱང་གི་ཕྱི་རོལ་གྱི་རྒྱལ་སྒོ་ནས་མི་རེ་རེས་རང་གི་མཚོན་ཆ་ཐོག་ཡོད་པའི་མི་དྲུག་ཡོང་ངོ་། དེ་ཚོ་དང་མཉམ་དུ་ཀ་ཅིའི་གོས་གྱོན་པ་བྲིས་ཡག་གི་དངོས་པོ་ཅིག་འཁྱེར་ཡོད་པའི་མི་ཞིག་འདུག དེ་ཚོ་ཚང་མ་ཡོང་ནས་ལིའི་མཆོད་ཁྲིའི་ཉེ་འགྲམ་དུ་ལངས་སོ། 3དེ་ནས་ཨིསི་རཱཨེལ་གྱི་དཀོན་མཆོག་གི་གཟི་བརྗེད་ཀྱི་འོད་དེ་ཀེ་རུབ་རྣམས་ཀྱི་བར་ནས་ཡར་བཞེངས་ནས་མཆོད་ཁང་གི་འཛུལ་སྒོར་ཕེབས་སོ། གཙོ་བོ་དཀོན་མཆོག་གིས་ཀ་ཅིའི་གོས་གྱོན་པའི་མི་དེ་ལ་བཀའ་གནང་བ། 4ཡེ་རུ་ཤ་ལེམ་གྱི་གྲོང་ཁྱེར་ཡོངས་སུ་སོང་ལ། གྲོང་ཁྱེར་ནང་ཞེན་ལོག་ཅན་གྱི་ལས་རིགས་གྱིས་པར་མྱ་ངན་དང་སྡུག་བསྔལ་བྱ་མཁན་ཚོའི་དཔྲལ་བར་རྟགས་རྒྱོབ་ཅིག 5དཀོན་མཆོག་གིས་མི་གཞན་ཚོར་འདི་ལྟར་བཀའ་གནང་བ་ངས་ཐོས་བྱུང་། གྲོང་ཁྱེར་ནང་ཁོའི་རྗེས་སུ་སོང་ལ་གསོད་ཅིག། སུ་ཡང་ཐར་པར་མ་གཏོང་བར་སུ་ལ་ཡང་སྙིང་རྗེ་མ་བྱེད་ཅིག 6རྒས་པོ་དང་ན་གཞོན་དང་བུད་མེད་ན་གཞོན་དང་བུ་ཕྲུག་ཚོ་དང་བཅས་པ་གསོད་ཅིག འོན་ཀྱང་དཔྲལ་བར་རྟགས་ཡོད་མཁན་ཚོར་ལག་པ་མ་འཆང་ཞིག ངའི་མཆོད་ཁང་འདི་ནས་འགོ་འཛུགས་ཤིག་ཅེས་བཀའ་གནང་བ་ངས་ཐོས་བྱུང་། དེར་བརྟེན་དེ་ཚོས་མཆོད་ཁང་གི་ནང་ལ་བསྡད་ཡོད་པའི་འགོ་འཁྲིད་ཚོ་ནས་འགོ་འཛུགས་སོ། 7དཀོན་མཆོག་གིས་དེ་ཚོ་ལ་མཆོད་ཁང་བརྩོག་པ་བཟོས་ནས་ཁྱམས་ར་ནང་མི་རོས་བཀོང་ཞིག ལས་འགོ་འཛུགས་ཤིག་ཅེས་བཀའ་གནང་ངོ་། དེར་བརྟེན་དེ་ཚོས་གྲོང་ཁྱེར་ནང་མི་རྣམས་གསོད་འགོ་ཚུགས་སོ། 8མི་གསོད་བཞིན་པའི་སྐབས་དེར་ང་གཅིག་པུ་ཡིན་ནོ། ངས་ས་ལ་ཁ་འབུབ་ནས། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཁྱེད་ཡེ་རུ་ཤ་ལེམ་ལ་ཐུགས་ཧ་ཅང་ཁྲོས་ནས་དེར་ལུས་པའི་ཨིསི་རཱཨེལ་པ་ཚང་མ་གསོད་པ་གནང་གི་ཡིན་ནམ་ཞེས་ཞུ་འབོད་བྱས་པ་ཡིན། 9དཀོན་མཆོག་གིས་དེའི་བཀའ་ལན་ལ། ཨིསི་རཱཨེལ་དང་ཡ་ཧུ་དཱ་པའི་མི་མང་རྣམས་སྡིག་པ་ཚབ་ཆེ་གྱིས་པའི་ཉེས་ཅན་ཡིན་ནོ། དེ་ཚོས་ཡུལ་ཡོངས་སུ་མི་གསོད་གྱིས་པ་དང་ཡེ་རུ་ཤ་ལེམ་དེ་བཞིན་ཁྲིམས་འགལ་གྱི་བཀང་ཡོད། དེ་ཚོས་ང་གཙོ་བོ་དཀོན་མཆོག་གིས་ཡུལ་དེ་སྤངས་ཡོད་པས། ངས་དེ་ཚོ་ལ་མི་མཐོང་ཅེས་ཟེར་རོ། 10འོན་ཀྱང་ངས་དེ་ཚོར་སྙིང་རྗེ་བྱ་རྒྱུ་ཡིན། དེ་ཚོས་གཞན་ལ་ཇི་ལྟར་གྱིས་པ་ལྟར་ངས་དེ་ཚོར་བྱ་རྒྱུ་མིན། 11དེ་ནས་ཀ་ཅིའི་གོས་གྱོན་པའི་སྐྱེ་བོ་དེ་ཕྱིར་ལོག་ནས་གཙོ་བོ་དཀོན་མཆོག་ལ་ངས་ཁྱེད་ཀྱི་བཀའ་སྒྲུབ་པ་ཡིན་ཞེས་ཞུས་སོ༎

ཨི་ཛི་ཀི་ཨེལ 10

གཙོ་བོ་དཀོན་མཆོག་གི་གཟི་བརྗིད་མཆོད་ཁང་ནས་ཐོན་པ།

1ངས་ཀེ་རུབ་ཚོའི་མགོའི་སྟེང་ཡོད་པའི་རྨོག་ཐོག་ལ་བལྟས་པ་དང་དེ་ཚོའི་སྟེང་ཨིདྲ་ནི་ལས་བཟོས་པའི་རྒྱལ་ཁྲི་ལྟ་བུ་ཞིག་འདུག་གོ 2དཀོན་མཆོག་གིས་ཀ་ཅིའི་རས་གོན་པའི་མི་དེ་ལ་ཀེ་རུབ་ཚོའི་འོག་གི་འཁོར་ལོ་ཚོའི་བར་སོང་ནས་དེའི་བར་ནས། ཁྱོད་ཀྱི་ལག་པ་མེ་འབར་བཞིན་པའི་སོལ་བས་བཀང་ཞིག། དེ་ནས་སོལ་བ་དེ་ཚོ་གྲོང་ཁྱེར་སྟེང་ལ་གཏོར་ཞིག་ཅེས་བཀའ་གནང་ངོ་། ངས་ཁོ་ཐོན་པར་བལྟས་པ་ཡིན། 3ཁོ་ནང་དུ་འགྲོ་སྐབས་ཀེ་རུབ་ཚོ་མཆོད་ཁང་གི་ལྷོ་ཕྱོགས་ལ་ལངས་ཡོད་པ་དང་། ནང་གི་ཁྱམས་ར་དེ་བཞིན་སྤྲིན་པས་ཁེངས་སོ། 4གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་དེ་བཞིན་ཀེ་རུབ་ཚོའི་སྟེང་ནས་ཡར་དོན་ནས་མཆོད་ཁང་གི་འཛུལ་སྒོར་ཕེབས་སོ། དེ་ནས་མཆོད་ཁང་དེ་བཞིན་སྤྲིན་པས་ཁེངས་པ་དང་། ཁྱམས་ར་དེ་བཞིན་གཟི་བརྗིད་ཀྱི་འོད་ཀྱིས་ཁྱབ་བཞིན་ཡོད། 5ཁྱམས་རའི་ཕྱི་རོལ་དུ་ཀེ་རུབ་ཚོའི་ཤོག་པའི་སྒྲ་ཐོས་བཞིན་ཡོད་པ་དང་། སྒྲ་དེ་ནི་ཀུན་དབང་ལྡན་པའི་དཀོན་མཆོག་གི་གསུང་ལྟར་ཡོད་དོ། 6གཅོ་བོ་དཀོན་མཆོག་གིས་ཀ་ཅིའི་གོས་གྱོན་པའི་མི་དེ་ལ། ཀེ་རུབ་ཚོའི་འོག་ཏུ་ཡོད་པའི་འཁོར་ལོའི་བར་ནས་མེ་ལེན་དགོས་པའི་བཀའ་གནང་བ་དང་། མི་དེ་སོང་ནས་འཁོར་ལོ་རྣམས་ཀྱིི་ཉེ་འགྲམ་དུ་ལངས་སོ། 7ཀེ་རུབ་གཅིག་གིས་རང་གི་ལག་པ་དེ་ཚོའི་ཁྲོད་དུ་ཡོད་པའི་མེའི་ནང་དུ་བཅུག་ནས། མེའི་སོལ་བ་ཕྲན་བུ་བླངས་ནས་ཀ་ཅིའི་གོས་གྱོན་པའི་མི་དེའི་ལག་པའི་ནང་བླུག་ནས། སྐྱེ་བོ་དེས་སོལ་བ་བླངས་ནས་ཐོན་ནོ། 8ངས་ཀེ་རུབ་དེ་ཚོའི་ཤོག་པ་རེ་རེའི་འོག་མིའི་ལག་པ་ལྟ་བུ་ཡོད་པ་མཐོང་ངོ་། 9-10དེ་མིན་ངས་དེར་མཐོང་བས་འཁོར་ལོ་བཞི་པོ་འདྲ་མཚུངས་ཡོད་པ་དང་ཀེ་རུབ་རེ་རེའི་འགྲམ་དུ་འདུག་གོ འཁོར་ལོ་དེ་ཚོ་ནི་རིན་ཆེན་རྡོ་ལྟར་འོད་འཚེར་བཞིན་ཡོད་པ་དང་། འཁོར་ལོ་རེ་རེའི་ནང་འཁོར་ལོ་གཞན་ཞིག་གཤག་གཏུབ་ཡོད་པས། 11ཀེ་རུབ་ཚོ་འགྲོ་སྐབས་དེ་ཚོ་ཁ་མ་བསྒྱུར་བར་ཕྱོགས་གང་དུ་ཡང་འགྲོ་ཐུབ་ཀྱི་ཡོད་པ་ཡིན། དེ་ཚོ་ཚང་མ་ཁ་མ་བསྐོར་བར་རང་འདོད་ཀྱི་ཕྱོགས་སུ་མཉམ་དུ་འགྲོ་ཀྱི་ཡོད་པ་དང་། 12དེ་ཚོའི་གཟུགས་དང་རྒྱབ་དང་ལག་པ་དང་ཤོག་པ་དང་འཁོར་ལོ་བཅས་པ་ཚང་མར་མིག་གིས་གང་ཡོད་དོ། 13ངས་འཁོར་བའི་འཁོར་ལོ་ཞེས་འབོད་པ་ཐོས་བྱུང་། དེ་ཚོ་ངས་ཞལ་གཟིགས་དང་པོའི་ནང་མཐོང་བ་དང་གཅིག་པ་འདུག་གོ 14ཀེ་རུབ་རེ་རེར་གདོང་བཞི་རེ་འདུག། དང་པོར་གླང་གོག་གི་གདོང་དང་གཉིས་པར་མིའི་གདོང་དང་གསུམ་པ་སེང་གེའི་གདོང་དང་བཞི་པ་བྱ་གླག་གི་གདོང་བཅས་ཡོད་དོ། 15(དེ་ཚོ་ནི་ངས་ཆུ་བོ་ཀེ་བར་རུ་མཐོང་བའི་ལུས་ཅན་དང་འདྲ་བ་འདུག་གོ) ཀེ་རུབ་དེ་ཚོ་དབྱིངས་སུ་ལངས་ནས། 16འགྲོ་སྐབས་འཁོར་ལོ་དེ་ཚོ་ཡང་མཉམ་དུ་འགྲོ་བཞིན་འདུག་པ་དང་། ཀེ་རུབ་དེ་ཚོ་འཕུར་སྐབས་འཁོར་ལོ་དེ་ཚོ་ཡང་མཉམ་དུ་འཕུར་བཞིན་འདུག་གོ 17ཀེ་རུབ་དེ་ཚོ་བསྡད་སྐབས་འཁོར་ལོ་དེ་ཚོ་ཡང་སྡོད་ཀྱི་ཡོད་པ་དང་། ཀེ་རུབ་དེ་ཚོ་འཕུར་སྐབས་འཁོར་ལོ་དེ་ཚོ་ཡང་མཉམ་དུ་འཕུར་གྱི་ཡོད་དོ། གང་ལ་ཟེར་ན། ཀེ་རུབ་ཚོས་དེ་ཚོ་ལ་བཀོད་བྱུས་བྱེད་ཀྱི་ཡོད་དོ། 18དེ་ནས་གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་དེ་མཆོད་ཁང་གི་འཛུལ་སྒོ་ནས་ཐོན་པ་དང་ཀེ་རུབ་ཚོའི་སྟེང་གི་ཕྱོགས་སུ་ཕེབས་སོ། 19ངས་བལྟ་བཞིན་པའི་སྐབས་སུ་དེ་ཚོས་རང་གི་ཤོག་པ་བརྐྱེངས་ནས་ནམ་མཁའ་ལ་འཕུར་བ་དང་འཁོར་ལོ་ཚོ་ཡང་དེ་དག་དང་མཉམ་དུ་འཕུར་རོ། དེ་ཚོས་མཆོད་ཁང་གི་ཤར་གྱི་རྒྱལ་སྒོར་སྒུག་པ་དང་ཤིན་ཏུ་འཚེར་བའི་གཟི་བརྗིད་ཀྱི་འོད་དེ་དེ་ཚོའི་སྟེང་དུ་ཡོད། 20ངས་དེ་ཚོ་ཆུ་བོ་ཀེ་བར་རུ་ཨིསི་རཱཨེལ་གྱི་དཀོན་མཆོག་གི་འོག་ཏུ་མཐོང་བའི་ལུས་ཅན་དེ་རང་ཡིན་པ་ངོ་ཤེས་བྱུང་། 21དེ་ཚོ་རེ་རེར་གདོང་པ་བཞི་རེ་དང་ཤོག་པ་བཞི་རེ་དང་ཤོག་པ་ཞི་རེའི་འོག་ཏུ་མིའི་ལག་པ་ལྟ་བུ་རེ་ཡོད་པ་དང་། 22དེ་ཚོའི་གདོང་ནི་ངས་ཆུ་བོ་ཀེ་བར་རུ་མཐོང་བ་ལྟར་འདྲ་མཚུངས་འདུག་གོ དེ་ཚོ་རེ་རེ་བཞིན་མདུན་དུ་ཁ་ཐུག་ལ་འགྲོ་བཞིན་འདུག་གོ།

ཨི་ཛི་ཀི་ཨེལ 11

ཡེ་རུ་ཤ་ལེམ་ལ་སྐྱོན་མཛོད་མཛུག་པ།

1དཀོན་མཆོག་གི་ཐུགས་ཉིད་ཀྱིས་ང་ལ་ཡར་འདེགས་གནང་ནས་མཆོད་ཁང་གི་ཤར་གྱི་རྒྱལ་སྒོར་འཁྲིད་གནང་བ་དང་། དེར་རྒྱལ་སྒོའི་ཉེ་འགྲམ་དུ་ངས་མི་མང་གི་འགོ་འཁྲིད་གཉིས་པོ་ཨ་ཛུར་གྱི་བུ་ཡ་ཛན་ཡཱ་དང་བྷེ་ན་ཡཱའི་བུ་པེ་ལཏ་ཡཱ་དང་བཅས་མི་ཉི་ཤུ་རྩ་ལྔ་མཐོང་བྱུང་། 2དཀོན་མཆོག་གིས་ང་ལ་བཀའ་གནང་བ། ཀྱེ་མི་རྟག་པའི་སྐྱེ་བོ་མི་འདི་ཚོས་འཆར་གཞི་ངན་པ་བཟོ་བ་དང་གྲོང་ཁྱེར་འདིར་སློབ་སྟོན་ངན་པ་སྤྲོད་པར་བྱེད་དོ། 3ང་ཚོས་སླར་ཡང་ཁང་པ་མགྱོགས་པོར་བཟོ་བར་བྱའོ། གྲོང་ཁྱེར་འདི་ནི་ཁ་ཟས་བསྐོལ་བའི་སྣོད་འདྲ་བ་དང་ང་ཚོ་ནི་དེའི་ནང་གི་ཤ་དང་འདྲ་བ་དང་། འོན་ཀྱང་ཉུང་མཐར་དེས་ང་ཚོ་མེ་ལས་སྐྱོབས་ཀྱི་ཡོད་ཅེས་དེ་ཚོས་སྨྲའོ། 4དེ་བས་ན་ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཀྱིས་དེ་ཚོའི་རྒྱབ་འགལ་དུ་ལུང་བསྟན་བྱོས་ཤིག 5གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ང་ལ་དབང་བསྒྱུར་གནང་བ་དང་། གཙོ་བོ་དཀོན་མཆོག་གིས་མི་མང་ལ་འཕྲིན་འདི་སྤྲོད་དགོས་ཤེས་ང་ལ་བཀའ་གནང་ངོ་། ཨིསི་རཱཨེལ་གྱི་མི་མང་ཚོ་ཁྱོད་ཚོས་ཇི་ལྟར་བརྗོད་བཞིན་ཡོད་པ་དང་ཁྱོད་ཚོས་འཆར་གཞི་ཇི་ལྟར་བཏིང་བཞིན་ཡོད་པ་དེ་ངས་ཤེས་ཀྱི་ཡོད། 6ཁྱོད་ཚོས་གྲོང་ཁྱེར་འདིར་མི་མང་པོ་དམར་གསོད་བཏང་ཡོད་པ་དང་རྒྱ་ལམ་ཚང་མ་མི་རོས་ཁེངས་ཡོད་དོ། 7དེར་བརྟེན་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་འདི་ལྟར་ཤོད་ཀྱི་ཡོད། གྲོང་ཁྱེར་འདི་བཞིན་ཏན་ཏན་བསྐོལ་སྣོད་ཞིག་ཡིན་ན་ཡང་ཤ་དེ་ག་རེ་རེད་དམ། ཁྱོད་ཚོས་བསད་པའི་རོ་ཚོའི་ཤ་ཡིན། ཁྱོད་ཚོ་འདིར་མི་གནས་པ་དང་། ངས་ཁྱོད་ཚོ་གྲོང་ཁྱེར་ནས་ཕྱི་རོལ་དུ་དད་རྒྱུ་ཡིན་ནོ། 8ཁྱོད་ཚོ་རལ་གྲི་ལ་འཇིགས་ཀྱི་འདུག་གམ། ངས་ཁྱོད་ཚོ་འཐབ་པར་རལ་གྲི་ཡོད་པའི་མི་འཁྲིད་ཡོང་རྒྱུ་ཡིན་ནོ། 9ངས་ཁྱོད་ཚོ་གྲོང་ཁྱེར་གྱི་ཕྱི་རོལ་དུ་འཁྲིད་ནས་ཕྱི་རྒྱལ་བ་ཚོའི་ལག་ཏུ་རྩི་སྤྲོད་བྱ་རྒྱུ་ཡིན། ངས་ཁྱོད་ཚོར་ཉེས་པ་སྲོག་ཐོག་ཏུ་བཏང་ཡོད་དོ། 10ཁྱོད་ནི་རང་གི་ཡུལ་དུ་དམག་སར་གསོད་པར་བྱེད་དོ། དེ་ནས་ཚང་མས་ང་ནི་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། 11བསྐོལ་སྣོད་ཞིག་གིས་དེའི་ནང་གི་ཤ་སྐྱོབ་པ་ལྟར་གྲོང་ཁྱེར་འདིས་ཁྱོད་ཚོ་ལ་སྐྱོབས་མི་ཡོང་། ཁྱོད་ཚོ་ཨིསི་རཱཨེལ་གྱི་ཡུལ་གང་དུ་ཡོད་ན་ཡང་ངས་ཉེས་ཆད་གཏོང་རྒྱུ་ཡིན་ནོ། 12ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པ་དང་། ཁྱོད་ཚོས་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ཁྲིམས་སྲུང་བཞིན་ཡོད་སྟབས་ཁྱོད་ཚོས་ངའི་བཀའ་ཁྲིམས་དེ་སྟོར་བ་དང་ངའི་བཀའ་ལ་ཉན་གྱི་མེད་དོ། 13ངས་ལུང་བསྟན་བྱེད་པའི་སྐབས་སུ་པེ་ལཏ་ཡཱ་གླུ་བུར་དུ་འཆི་བོ། ངས་གདོང་ས་ལ་ཁ་འབུབ་ནས་སྐད་ཆེན་པོས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་དེ་ལྟར་མ་མཛད་ཅིག ཁྱེད་ཀྱིས་ཨིསི་རཱཨེལ་དུ་ཡོད་པ་ལྷག་འཕྲོས་རྣམས་གསོད་གནང་རྒྱུ་ཡིན་ནམ་ཞེས་ཞུས་པ་ཡིན༎

བཙན་བྱོལ་དུ་ཡོད་མཁན་རྣམས་ལ་དཀོན་མཆོག་གི་ཞལ་བཞེས།

14གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། 15ཀྱེ་མི་རྟག་པའི་སྐྱེ་བོ་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་པའི་མི་མང་ཚོས། ཁྱོད་དང་ཁྱོད་ཀྱི་རོགས་པ་ཨིསི་རཱཨེལ་པ་བཙན་བྱོལ་དུ་གནས་སྡོད་བྱེད་པ་ཚོའི་སྐོར་གླེང་མོལ་བྱེད་བཞིན་ཡོད། བཙན་བྱོལ་བ་དེ་ཚོས་གཙོ་བོ་དཀོན་མཆོག་ལ་མཆོད་རྒྱུར་ཐག་རིང་ཡོད། ཁོང་གིས་ང་ཚོར་ཡུལ་དེ་བདག་དབང་བྱེད་འགྱུར་གནང་ཡོད་ཅེས་སྨྲས་སོ། 16ད་ཁྱོད་ཀྱིས་བཙན་བྱོལ་བ་རོགས་པ་ཚོར་ངས་ཇི་ལྟར་བརྗོད་པར་ཤོད་ཅིག ངས་དེ་ཚོ་ལ་ཐག་རིང་གི་རྒྱལ་ཁབ་ཚོར་གནས་སྡོད་བྱེད་པར་གཏོང་མཁན་དང་། དེ་ཚོ་ཡུལ་གཞན་ཚོར་ཁ་གཏོར་ནས་འཇོག་མཁན་དེ་ང་ཡིན་ནོ། ཡིན་ན་ཡང་གནས་སྐབས་རིང་དེ་ཚོ་གང་དུ་འགྲོ་ཡུལ་དེར་ང་དེ་ཚོ་དང་མཉམ་དུ་གནས་རྒྱུ་ཡིན་ནོ། 17དེར་བརྟེན་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲས་པ་དེ་ཚོ་ལ་ཤོད་ཅིག ངས་དེ་ཚོ་ཁ་གཏོར་བའི་ཡུལ་གྲུ་ཁག་ནས་ཕྱིར་བསྡུ་རྒྱུ་དང་། དེ་ཚོ་ལ་ཨིསི་རཱཨེལ་གྱི་ཡུལ་དེ་བཞིན་ཕྱིར་ལོག་སྤྲོད་རྒྱུ་ཡིན་ནོ། 18དེ་ཚོ་ཕྱིར་ལོག་ཡོང་སྐབས་དེ་ཚོས་དེར་རྙེད་པའི་བཙོག་པ་ཞེན་ལོག་ཅན་གྱི་སྐུ་འདྲ་རྣམས་སྤངས་དགོས་སོ། 19ངས་དེ་ཚོ་ལ་སྙིང་གསར་པ་དང་སེམས་གསར་པ་སྤྲོད་རྒྱུ་ཡིན། ངས་དེ་ཚོའི་རྡོའི་སྙིང་གྱོང་པོ་དེ་ཕྱིར་ལེན་ནས་བཀའ་ལ་ཉན་པོ་སྙིང་ཞིག་སྤྲོད་རྒྱུ་ཡིན། 20དེ་ནས་དེ་ཚོས་ངའི་བཀའ་ཁྲིམས་རྣམས་སྲུང་ཞིང་ངའི་བཀའ་རྣམས་དམ་ལྡན་ཐོག་ཉན་པར་བྱེད་དོ། དེ་ཚོ་ངའི་མི་འབངས་སུ་འགྱུར་བ་དང་ང་ནི་དེ་ཚོའི་དཀོན་མཆོག་ཏུ་འགྱུར་རོ། 21འོན་ཀྱང་ངའི་མི་འབངས་ཀྱི་ནང་ནས་བརྩོག་པ་དང་ཞེན་ལོག་ཅན་གྱི་སྐུ་འདྲ་མཆོད་པར་དགའ་མཁན་ཚོར་དེ་ཚོས་ཇི་ལྟར་གྱིས་པར་ཉེས་ཆད་གཏོང་རྒྱུ་ཡིན་ཞེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ༎

ཡེ་རུ་ཤ་ལེམ་ནས་དཀོན་མཆོག་གི་གཟི་བརྗིད་ཐོན་པ།

22ཀེ་རུབ་ཚོ་འཕུར་འགོ་ཚུགས་པ་དང་འཁོར་ལོ་དེ་ཚོ་ཡང་དེ་ཚོ་དང་མཉམ་དུ་འགྲོའོ། དེ་ཚོའི་སྟེང་ཨིསི་རཱཨེལ་གྱི་དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་དེ་འཚེར་བཞིན་ཡོད། 23དེ་ནས་འཚེར་བཞིན་པའི་འོད་དེ་གྲོང་ཁྱེར་ནས་ཐོན་ཏེ་ཤར་གྱི་རིའི་ཕྱོགས་སུ་ཕེབས་སོ། 24ཞལ་གཟིགས་ནང་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ང་ལ་ཡར་འདེགས་གནང་ནས། བྷེ་བྷི་ལོན་དུ་བཙན་བྱོལ་དུ་འཁྲིད་གནང་ངོ་། དེ་ནས་ཞལ་གཟིགས་དེ་ཡལ་ལོ། 25ངས་བཙན་བྱོལ་བ་ཚོར་གཙོ་བོ་དཀོན་མཆོག་གིས་སྟོན་གནང་བ་ཚང་མ་སྨྲས་པ་ཡིན༎

ཨི་ཛི་ཀི་ཨེལ 12

ལུང་སྟོན་པ་ཡང་སྐྱབས་བཅོལ་བ་ལྟ་བུ།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། 2ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ནི་ངོ་ལོག་པའི་མི་མང་ཁྲོད་དུ་སྡོད་བཞིན་ཡོད། དེ་ཚོ་ལ་མིག་ཡོད་ཀྱང་གང་ཡང་མི་མཐོང་བ་དང་། དེ་ཚོ་ལ་རྣ་བ་ཡོད་རུང་གང་ཡང་མི་ཐོས་སོ། གང་ལ་ཟེར་ན། དེ་དག་ངོ་ལོག་པ་ཡིན་ནོ། 3ཀྱེ་མི་རྟག་པའི་སྐྱེ་བོ་ད་ཁྱོད་ཀྱིས་སྐྱབས་བཅོལ་བ་ཞིག་ལྟར་གོས་སྒྲིལ་ནས་མཚན་མོ་མ་རན་གོང་ཐོན་ཞིག དེ་ཚོ་ཚང་མས་ཁྱོད་ཐོན་པ་དང་ཡུལ་གཞན་དུ་འགྲོ་བ་མཐོང་བར་གྱིས་ཤིག ཕལ་ཆེ་ངོ་ལོག་པ་ཚོས་ཁྱོད་ལ་དོ་སྣང་བྱེད་སྲིད་དོ། 4དེ་ཚོས་ཁྱོད་མཐོང་བའི་ཆེད་ཉིན་མོ་འོད་ཡོད་པའི་རིང་ལ་བཙན་བྱོལ་ཆེད་དུ་ཁྱོད་ཀྱི་གོས་སྒྲིལ་ཞིག་དང་། དེ་ནས་བཙན་བྱོལ་དུ་ཐོན་པ་ལྟ་བུ་ཁྱོད་ཕྱི་དྲོར་དེ་ཚོས་མཐོང་སར་སོང་ཞིག 5དེ་ཚོས་བལྟ་སྐབས་ཁྱོད་རང་གི་ཁང་པའི་རྩིག་པར་ཨི་ཁུང་ཞིག་འབིགས་ནས་ཁྱོད་ཀྱི་གོས་སྒྲིལ་དེ་འཁྱེར་ནས་དེ་ནས་ཐོན་ཞིག 6ཁོ་ཚོས་མཐོང་ཕྱིར་ཁྱོད་ཀྱི་གོས་སྒྲིལ་དེ་གཉའ་བར་བཀལ་ནས་ཁྱོད་གང་དུ་འགྲོ་བའི་གནས་དེམི་མཐོང་བའི་ཆེད་མིག་འགེབས་ནས་ནག་ཁུང་ནང་ཐོན་ཞིག ཁྱོད་ཀྱིས་ཇི་ལྟར་བྱེད་པ་དེ་ཨིསི་རཱཨེལ་པ་ཚོར་ཉེན་བརྡར་འགྱུར་བར་བྱེད་དོ། 7ངས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ལྟར་གྱིས་ནས། ཉིན་དེར་སྐྱབས་བཅོལ་བ་ཞིག་ལྟར་ངས་གོས་སྒྲིལ་ནས་ཕྱི་དྲོ་དེར་མུན་པ་ཆག་སྐབས་སུ་ངས་ངའི་ལག་པས་རྩིག་པར་ཨི་ཁུང་ཞིག་འབིགས་ནས་ཕྱིར་ཐོན་པ་ཡིན། ཚང་མས་བལྟ་སྐབས་ངས་གཉའ་བར་གོས་སྒྲིལ་བཀལ་ནས་ཐོན་པ་ཡིན་ནོ། 8སང་ཞོག་དེར་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བར། 9ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ད་ཨིསི་རཱཨེལ་པ་ངོ་ལོག་པ་ཚོས་ཁྱོད་ཀྱིས་ཇི་ལྟར་བྱེད་བཞིན་ཡོད་པར་འདྲི་བར་བྱེད་དོ། 10དེ་ཚོ་ལ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ལྟར་བརྗོད་ཅིག འཕྲིན་འདི་ནི་ཡེ་རུ་ཤ་ལེམ་ལ་རྒྱལ་སྲིད་སྐྱོངས་བའི་རྒྱལ་སྲས་དང་དེར་སྡོད་པའི་མི་མང་ཚང་མའི་ཆེད་དུ་ཡིན་ནོ། 11དེ་ཚོ་ཁྱོད་ཀྱིས་ཇི་ལྟར་བྱས་པ་རྣམས་དེ་ཚོ་ལ་ཡོང་རྒྱུའི་སྔོན་རྟགས་ཡིན་ཞེས་སྨྲོས་ཤིག དེ་ཚོ་བཙན་བྱོལ་པ་དང་བཙོན་པར་འགྱུར་བར་བྱའོ། 12དེ་ཚོ་ལ་རྒྱལ་སྲིད་སྐྱོངས་མཁན་རྒྱལ་སྲས་ཀྱིས་མཚན་མོར་རང་གི་གོས་སྒྲིལ་དེ་གཉའ་བར་བཀལ་ནས་དེ་ཚོས་ཁོང་གི་ཆེད་དུ་བྲུས་པའི་ཨི་ཁུང་ནས་བྲོས་པར་བྱེད་པ་དང་། ཁོང་གིས་རང་གི་མིག་འགེབ་པ་དང་གང་དུ་འགྲོ་བཞིན་ཡོད་པ་མི་མཐོང་ངོ་། 13འོན་ཀྱང་ངས་རྙི་རྒྱབ་རྒྱུ་དང་ཁོ་རྙི་དེར་བཟུང་རྒྱུ་ཡིན་ནོ། དེ་ནས་ཁོ་ལ་བྷེ་བྷི་ལོན་གྱི་གྲོང་ཁྱེར་དུ་འཁྲིད་རྒྱུ་དང་། དེར་ཁོང་གིས་དེ་མ་མཐོང་བར་གྲོངས་བར་འགྱུར་རོ། 14ངས་ཕྱོགས་ཡོངས་སུ་ཁོང་གི་ཕོ་བྲང་གི་འཐུས་མི་ཚོ་དང་སློབ་སྟོན་པ་ཚོ་དང་སྐུ་སྲུང་བ་བཅས་ཁ་གཏོར་གཏོང་རྒྱུ་དང་། མི་མང་གིས་ཁོང་ཚོ་གསོད་རྒྱུར་འཚོལ་བར་བྱེད་དོ། 15ངས་དེ་ཚོ་རྒྱལ་ཁབ་གཞན་ཚོ་དང་ཕྱི་རྒྱལ་བའི་ཡུལ་ཁག་ཏུ་ཁ་གཏོར་གཏོང་རྒྱུ་དང་། དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 16ངས་དེ་ཚོ་འགའ་ཤས་དམག་དང་མུ་གེ་དང་ནད་ཡམས་ལས་ཐར་བ་བྱ་རྒྱུ་དང་། དེ་ཚོས་རྒྱལ་ཁབ་གཞན་གྱི་ནང་ཞེན་ལོག་ཅན་གྱི་བྱ་བ་ཇི་བྱས་པར་རྟོགས་པར་འགྱུར་བ་དང་། ང་གཙོ་བོ་དཀོན་མཆོག་ཡིན་པ་ལ་ངོས་ལེན་བྱེད་པར་འགྱུར་རོ༎

འདར་བཞིན་པའི་ལུང་སྟོན་པའི་རྟགས།

17གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 18ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཟ་བའི་སྐབས་སུ་འདར་བ་དང་འཐུང་བའི་སྐབས་སུ་འཇིགས་ནས་འདར་ཞིག 19ཡུལ་ཡོངས་སུ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཡུལ་དེར་གནས་སྡོད་བྱ་མཁན་ཡེ་རུ་ཤ་ལེམ་གྱི་མི་མང་ཚོར་འཕྲིན་འདི་སྤྲོད་པ་དང་། དེ་ཚོའི་ཡུལ་དེ་སྟོངས་བར་བྱེད་དོ། གང་ལ་ཟེར་ན། དེར་གནས་སྡོད་བྱ་མཁན་རྣམས་ཁྲིམས་འགལ་འབའ་ཞིག་ཡིན་ནོ། 20ད་ལྟ་མིས་ཁེངས་པའི་གྲོང་ཁྱེར་རྣམས་མེད་པར་བཟོ་བ་དང་ཡུལ་རྣམས་མི་མེད་ལུང་སྟོང་བཟོ་བར་བྱེད་དོ། དེ་ནས་དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ༎

སྙན་གྲགས་ཅན་གྱི་གཏམ་དཔེ་དང་སྙན་གྲགས་མེད་པའི་འཕྲིན།

21གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 22ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ཨིསི་རཱཨེལ་གྱི་མི་མང་ཚོས་གཏམ་དཔེ་ནི་དུས་ཚོད་འགྲོ་བ་དང་། མངོན་ཤེས་རྣམས་གང་ཡང་མ་བྱུང་ཞེས་ཡང་ཡང་སྐྱར་བཟློས་ཅི་ལ་བྱེད་དམ། 23ད་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ལ་དེའི་སྐོར་ཇི་ལྟར་ཡིན་པ་ཤོད་རྒྱུ་ཡོད་པ་དེ་ཚོ་ལ་སྨོས་ཤིག ངས་གཏམ་དཔེ་དེ་མཚམས་འཇོག་བྱ་རྒྱུ་ཡིན། དེ་ཡང་སྐྱར་ཨིསི་རཱཨེལ་དུ་སྐྱར་བཟོས་བྱེད་པར་མི་འགྱུར་རོ། དེའི་ཚབ་ལ་དེ་ཚོ་ལ་དུས་ཚོད་སླེབས་བཞིན་ཡོད་པ་དང་ལུང་བསྟན་རྣམས་སྒྲུབ་པར་འགྱུར་ཞེས་སྨྲོས་ཤིག 24ཨིསི་རཱཨེལ་མི་མང་གི་ཁྲོད་དུ་ཞལ་གཟིགས་རྫུན་མ་དང་ནོར་འཁྲུལ་ཅན་གྱི་ལུང་བསྟན་ཡོང་བར་མི་འགྱུར་རོ། 25ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་དེ་ཚོར་སྨྲ་རྒྱུ་དང་ངས་ཇི་ལྟར་སྨྲས་པ་རྣམས་དེ་ཚོས་བྱེད་པར་འགྱུར། ད་ནས་དུས་འགྱངས་མི་ཡོང་། ཁྱོད་ངོ་ལོག་པ་རྣམས་ཁྱོད་ཚོའི་མི་ཚེའི་རིང་རང་ལ་ངས་ཇི་ལྟར་བྱ་རྒྱུའི་ཉེན་བརྡ་བཏང་བ་དེ་བྱ་རྒྱུ་ཡིན་ཞེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ངས་སྨྲས་པ་ཡིན་ནོ། 26གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 27ཀྱེ་མི་རྟག་པའི་སྐྱེ་བོ་ཨིསི་རཱཨེལ་པ་ཚོས་ཁྱོད་ཀྱི་མཐོང་བའི་ཞལ་གཟིགས་དང་ལུང་བསྟན་རྣམས་མ་འོངས་པའི་ཐག་རིང་པོའི་སྐོར་རེད་བསམ་གྱི་ཡོད་དོ། 28དེར་བརྟེན་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲས་པ་དེ་ཚོར་ཤོད་ཅིག ད་དུས་འགྱངས་མི་ཡོང། ངས་ཇི་ལྟར་སྨྲས་པ་བྱེད་པར་འགྱུར་ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨི་ཛི་ཀི་ཨེལ 13

ལུང་སྟོན་པ་རྫུན་མ་ཕོ་རྣམས་ཀྱི་ཐོག་ཏུ་ལུང་བསྟན་པ།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ། ཨིསི་རཱཨེལ་གྱི་ལུང་སྟོན་པ་ཚོས་རང་གི་བསམ་ཚུལ་ལྟར་ལུང་བསྟན་བཟོ་མཁན་ཚོར་རྒོལ་ཞིག དེ་ཚོ་ལ་གཙོ་བོ་དཀོན་མཆོག་གིས་བཀའ་ལ་ཉོན་ཞིག་ཅེས་སྨྲོས་ཤིག 3བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། ལུང་སྟོན་པ་གླེན་པ་ཚོ་འཇིགས་པར་འགྱུར། དེ་ཚོས་རང་གིས་ཞལ་གཟིགས་མ་མཐོང་བ་དང་རང་རང་གི་བསམ་ཚུལ་ལྟར་གྱི་བཟོ་བར་བྱེད་དོ། 4ཨིསི་རཱཨེལ་གྱི་མི་མང་ཚོ་ཁྱོད་ཚོའི་ལུང་སྟོན་པ་རྣམས་ཕན་མེད་ཡིན་ཞིང་། གྲོང་ཁྱེར་གྱང་གོག་ཞིག་ནང་སྡོད་པའི་ཝ་མོ་རྣམས་ལྟར་ཡིན་ནོ། 5དེ་ཚོས་རྩིག་པ་གཞིགས་པའི་ས་ཁུལ་མ་སྲུང་བ་དང་། རྩིག་པ་ཡང་སྐྱར་གསོ་མ་བྱེད་དོ། དེར་བརྟེན་གཙོ་བོ་དཀོན་མཆོག་གི་ཉིན་མོར་དམག་བྱུང་སྐབས་ཨིསི་རཱཨེལ་ལ་སྐྱོབས་མི་ཐུབ་བོ། 6དེ་ཚོའི་ཞལ་གཟིགས་རྣམས་རྫུན་མ་དང་ལུང་བསྟན་རྣམས་རྫུན་མ་ཡིན། དེ་ཚོས་ངའི་འཕྲིན་ཤོད་བཞིན་ཡོད་ཅེས་སྨྲ་ན་ཡང་ངས་དེ་ཚོ་ལ་བཏང་མེད། དེ་ཚོས་རང་གི་ལུང་བསྟན་རྣམས་བདེན་པར་ཡོང་བའི་རེ་བ་བྱེད་དོ། 7ངས་དེ་ཚོ་ལ་བརྗོད་རྒྱུར་ཁྱོད་ཚོས་མཐོང་བའི་ཞལ་གཟིགས་རྣམས་རྫུན་མ་དང་ལུང་བསྟན་གྱིས་པ་རྣམས་རྫུན་མ་ཡིན་ནོ། ཁྱོད་ཚོས་དེ་ཚོ་ངའི་བཀའ་ཡིན་ཞེས་བརྗོད་ན་ཡང་ངས་ཁྱོད་ཚོ་ལ་ནམ་ཡང་སྨྲས་མེད་དོ། 8དེར་བརྟེན་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་བཀའ་གནང་བ། ཁྱོད་ཚོའི་གཏམ་རྣམས་རྫུན་མ་དང་ཁྱོད་ཚོའི་ཞལ་གཟིགས་རྣམས་རྫུན་མ་ཡིན། ང་ནི་ཁྱོད་ཚོའི་རྒྱབ་འགལ་ཡིན་ནོ། 9ངས་རྫུན་གྱི་ཞལ་གཟིགས་མཐོང་མཁན་ལུང་སྟོན་པ་དང་། ནོར་འཁྲུལ་གྱི་ལུང་བསྟན་མཁན་ཁྱོད་ཚོར་ཉེས་ཆད་གཏོང་གྲབ་ཡོད་དོ། ངའི་མི་རྣམས་དེར་ཐག་ཆོད་བྱེད་པར་འཛོམས་སྐབས་ཁྱོད་ཚོ་དེར་ཡོད་པར་མི་འགྱུར་རོ། ཁྱོད་ཚོའི་མིང་ཨིསི་རཱཨེལ་གྱི་མི་བརྒྱུད་ཚོའི་མིང་ཐོའི་ནང་ཡོད་པར་མི་འགྱུར་བ་དང་། ཁྱོད་ཚོ་ཡུལ་དེར་སླར་ཡང་ཕྱིར་ལོག་བྱེད་མི་ཐུབ་བོ། དེ་ནས་ཁྱོད་ཆོས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 10ལུང་སྟོན་པ་ཚོས་ངའི་མི་མང་རྣམས་ལ། ཚང་མ་ལེགས་པར་ཡོད་ཅེས་བརྗོད་ནས་བསླུ་འཁྲིད་བྱས་ཡོད། འོན་ཀྱང་ཚང་མ་ལེགས་པ་རྩ་བ་ནས་མེད་དོ། ངའི་མི་མང་ཚོས་རྡོ་བརྟན་པོ་མེད་པས་རྩིག་པ་བཟོས་པ་དང་། ལུང་སྟོན་པ་ཚོ་ཡོང་ནས་དེའི་སྟེང་དཀར་རག་བྱུག་ནས་དེ་ལ་བཀབ་ཡོད་དོ། 11ལུང་སྟོན་པ་ཚོར་དེ་ཚོའི་རྩིག་པ་གཞིགས་པར་འགྱུར་ཞེས་སྨྲོས་ཤིག ངས་དྲག་ཆར་གཏོང་རྒྱུ་དང་། དེའི་སྟེང་སེར་བ་བབས་རྒྱུ་དང་རླུང་དྲག་པོ་ཞིག་དེ་ལ་ཕོག་པར་འགྱུར་རོ། 12རྩིག་པ་དེ་བཞིན་འགྱེལ་བར་འགྱུར་བ་དང་། ཚང་མས་དཀར་རག་བཏང་ནས་ཕན་ཐོག་ཅི་བྱུང་སོང་ངམ་ཞེས་འདྲི་བར་བྱེད་དོ། 13བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། ང་ཁྲོ་བའི་ནང་ངས་རྩིག་པ་དེ་མེད་པར་བཟོ་རྒྱུར་རླུང་དྲག་པོ་དང་དྲག་ཆར་དང་སེར་བ་བཅས་གཏོང་རྒྱུ་ཡིན་ནོ། 14ངས་དེ་ཚོས་དཀར་རག་བཏང་བའི་རྩིག་པ་དེ་བཞིན་བཤིགས་པའི་འཆར་གཞི་དང་དེ་ས་ལ་འབེབས་པའི་འཆར་གཞི་དང་རྨང་གཞིའི་རྡོ་རྣམས་གཅེར་བུར་འཇོག་པའི་འཆར་གཞི་ཡོད། དེ་མར་གཞིགས་ནས་ཁྱོད་ཚོ་ཚང་མ་འཆི་བར་འགྱུར། དེ་ནས་ཚང་མས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 15རྩིག་པ་དང་དེར་དཀར་རག་བྱུག་མཁན་རྣམས་ལ་ང་ཁྲོ་བའི་ནུས་པ་དེ་འཚོར་བ་ཡོང་བར་འགྱུར། དེ་ནས་རྩིག་པ་དང་དེར་དཀར་རག་བྱུག་མཁན་རྣམས་མེད་པར་འགྱུར་ཞེས་གསུངས་སོ། 16ལུང་སྟོན་པ་དེ་ཚོས་ཡེ་རུ་ཤ་ལེམ་ལ་ཚང་མ་ལེགས་པ་མེད་ན་ཡང་ལེགས་པ་ཡོད་ཅེས་སྨྲས་མཁན་ཡང་མེད་པར་འགྱུར། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ལུང་སྟོན་མ་རྫུན་མ་ཚོའི་ཐོག་ཏུ་ལུང་བསྟན་པ།

17གཙོ་བོ་དཀོན་མཆོག་གིས་བཀའ་གནང་བར། ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཚོའི་ཁྲོད་དུ་ཡོད་པའི་བུད་མེད་ལུང་བསྟན་བྱ་མཁན་ཚོར་ལྟོས་ཤིག དེ་ཚོ་ལ་རྒྱབ་འགལ་བྱོས་ཤིག། 18བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ཇི་ལྟར་བཀའ་གནང་བ་རྣམས་བརྗོད་ཅིག བུད་མེད་ཁྱོད་ཚོ་འཇིགས་པར་འགྱུར། དེ་ཚོས་མི་གཞན་གྱི་སྟེང་ནུས་པ་ཡོང་ཕྱིར་ཚང་མར་ལག་ངར་ལ་ངན་སྔགས་ཀྱིས་དཀྲི་རས་འཚེམ་པ་དང་། ཚང་མས་མགོ་ལ་གྱོན་བྱེད་ངན་སྔགས་ཀྱི་ཁ་བཀྲི་བཟོས་སོ། ཁྱོད་ཚོར་ངའི་མི་མང་སྟེང་འཆི་གསོན་གྱི་ནུས་སྟོབས་ཐོབ་འདོད་ཡོད་པ་དང་། དེས་ཁྱོད་ཚོས་མཁེ་ཕན་ཆེད་བེད་སྤྱོད་བྱ་འདོད་ཡོད་དོ། 19ནས་སྦར་ར་ཁ་ཤས་དང་བག་ལེབ་དུམ་བུ་ཁ་ཤས་ཐོབ་པའི་ཆེད་ཁྱོད་ཚོས་ངའི་མི་མང་གི་དཀྱིལ་དུ་ང་ལ་གུས་ཞབས་མི་བྱེད་དོ། མི་མང་འཆི་བར་མི་འོས་མཁན་ཁྱོད་ཚོས་བསད་པ་དང་། མི་མང་གསོན་པོར་གནས་པར་མི་འོས་པ་ཚོ་ལ་གསོན་པོར་བཞག་ཡོད། དེར་བརྟེན་ཁྱོད་ཚོས་ངའི་མི་མང་ལ་རྫུན་སྨྲས་པ་དང་དེ་ཚོས་ཁྱོད་ཚོར་ཡིད་ཆེས་བྱས་ཡོད་དོ། 20བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ད་འདི་ལྟར་བཀའ་གནང་བ། ཁྱོད་ཚོས་འཆི་གསོན་གཉིས་ལ་དབང་བསྒྱུར་བྱེད་རྒྱུར་ཁྱོད་ཚོས་ལག་ངར་ལ་དཀྲི་རས་བེད་སྤྱོད་བྱེད་པར་ངས་སྡང་བར་བྱའོ། ངས་ཁྱོད་ཚོའི་ལག་པ་ནས་དེ་རྣམས་དབྲལ་ནས་ཁྱོད་ཚོས་དབང་བསྒྱུར་བྱེད་པའི་མི་མང་ཚོར་གློད་འཁྲོལ་གཏོང་རྒྱུ་ཡིན། 21ངས་ཁྱོད་ཚོའི་ཁ་བཀྲི་གཤག་ནས་ངའི་མི་མང་རྣམས་གཏན་གྱི་ཆེད་དུ་ཁྱོད་ཚོའི་དབང་ཤུགས་ལས་ཐར་བ་བྱ་རྒྱུ་ཡིན་ནོ། དེ་ནས་ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 22ངས་གནོད་པར་བྱ་འདོད་མེད་པའི་མི་བཟང་པོའི་ཚོའི་སྟེང་ཁྱོད་ཚོའི་རྫུན་གྱིས་དེ་ཚོའི་སེམས་ཤུགས་བཅག་ཡོད། ཁྱོད་ཚོས་མི་ངན་ཚོས་ངན་ལས་སྤངས་ནས་དེ་ཚོའི་མི་ཚེ་སྐྱོབས་རྒྱུར་འགག་བྱ་བྱེད་བཞིན་ཡོད་དོ། 23དེར་བརྟེན་ད་ཆ་ཁྱོད་ཚོའི་ཞལ་གཟིགས་རྫུན་མ་དང་བསླུ་འཁྲིད་ཀྱི་ལུང་བསྟན་རྣམས་རྫོགས་ཡོད་དོ། ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པའི་ཆེད་ངས་ངའི་མི་མང་རྣམས་ཁྱོད་ཚོའི་དབང་འོག་ནས་སྐྱོབས་རྒྱུ་ཡིན་ནོ༎

ཨི་ཛི་ཀི་ཨེལ 14

དཀོན་མཆོག་གིས་སྐུ་འདྲར་མཆོད་པར་སྐྱོན་བཛོད་གནང་བ།

1ཨིསི་རཱཨེལ་པའི་འགོ་འཁྲིད་འགའ་ཤས་ངའི་སར་ཡོང་ནས། གཙོ་བོ་དཀོན་མཆོག་གིས་ཐུགས་དགོངས་ཀྱི་སྐོར་ལ་གོ་བསྡུར་བྱེད་པར་ཡོང་ངོ་། 2དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 3ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་མི་འདི་ཚོས་རང་གི་སེམས་སྐུ་འདྲར་སྤྲད་ཡོད་པ་དང་སྐུ་འདྲས་ཀྱང་དེ་ཚོ་ལ་སྡིག་པར་སྣེ་འཁྲིད་བྱེད་དུ་འཇུག་གི་ཡོད་དོ། ཁྱོད་ཚོའི་བསམ་བློར་ངས་དེ་ཚོ་ལ་ལན་འདེབས་བྱེད་ཀྱི་རེད་བསམ་གྱི་འདུག་གམ། 4ད་དེ་ཚོ་ལ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲ་བ་རྣམས་བརྗོད་ཅིག ཨིསི་རཱཨེལ་པ་སོ་སོས་རང་གི་སེམས་སྐུ་འདྲརསྤྲད་ནས་དེ་ཚོར་སྡིག་པར་སྣེ་འཁྲིད་བྱེད་དུ་འཇུག་པ་དང་། དེ་ནས་ལུང་སྟོན་པར་གོ་བསྡུར་བྱེད་པར་ཡོང་མཁན་ཚོ་ལ། དེ་ཚོའི་སྐུ་འདྲ་ཚོ་ལ་འོས་པའི་ལན་ཞིག་ང་ནས་ཐོབ་པར་འགྱུར། 5སྐུ་འདྲ་དེ་ཚོ་ཚང་མས་ཨིསི་རཱཨེལ་པ་ཚོ་ང་ལས་ཁ་བྲལ་ཡོད་ན་ཡང་། ངའི་ལན་འདེབས་རྒྱུད་ངས་དེ་ཚོའི་ཞེན་ངའི་ཕྱོགས་སུ་འཛིན་པར་བྱ་རྒྱུ་ཡིན། 6དེ་འདྲ་སོང་ཙང་ད་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་ཇི་ལྟར་སྨྲས་པར་ཉོན་ཞིག ཁྱོད་ཚོའི་ཞེན་ལོག་ཅན་གྱི་སྐུ་འདྲ་ཚོར་སྤངས་ནས་ངའི་རྩར་ཚུར་ལོག་ཤོག 7ཨིསི་རཱཨེལ་པ་ཞིག་གམ་ཡང་ན་ཕྱི་རྒྱལ་བ་ཞིག་གི་ཨིསི་རཱཨེལ་པའི་མི་སྡེའི་ནང་བསྡད་ནས་ང་ལས་ཁ་གྱེས་ཏེ་སྐུ་འདྲ་ཚོར་མཆོད་ནས་ལུང་སྟོན་པར་གོ་བསྡུར་བྱེད་པར་ཕྱིན་པ་ཡིན་ན། ང་གཙོ་བོ་དཀོན་མཆོག་གིས་ཁོ་ལ་ལན་འདེབས་བྱ་རྒྱུ་ཡིན་ནོ། 8ངས་ཁོ་ལ་ངོ་རྒོལ་བྱ་རྒྱུ་དང་། མིག་དཔེ་ཞིག་འཇོག་རྒྱུ་ཡིན་ནོ། ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པའི་ཆེད་ངས་ཁོ་ལ་ངའི་མི་མང་ཚོའི་ཁྲོད་ནས་ཕྱིར་འབུད་བྱ་རྒྱུ་ཡིན་ནོ། 9ལུང་སྟོན་པ་ཞིག་གིས་ལུང་བསྟན་རྫུན་མ་སྤྲད་ནས་བསླུ་བར་འགྱུར་ན་དེ་ནི་ང་གཙོ་བོ་དཀོན་མཆོག་གིས་ཁོ་ལ་བསླུ་པར་འགྱུར། ངས་ཁོ་ཨིསི་རཱཨེལ་གྱི་མི་མང་གི་ཁོངས་ནས་ཕྱིར་འབུད་བྱ་རྒྱུ་ཡིན་ནོ། 10ལུང་སྟོན་པ་དང་ཁོ་ལ་གོ་བསྡུར་བྱ་མཁན་གཉིས་ཀར་ཉེས་ཆད་འདྲ་མཚུངས་ཐོབ་པར་འགྱུར་རོ། 11ངས་དེ་ལྟར་ཨིསི་རཱཨེལ་པ་ཚོས་ང་ལ་སྤོང་རྒྱུ་ལས་ཕྱིར་འཐེན་བྱེད་པ་དང་། དེ་ཚོ་སྡིག་པས་བརྩོག་པ་བཟོ་བ་ལས་སྐྱོབ་པར་བྱ་རྒྱུ་ཡིན། དེ་ཚོ་ནི་ངའི་མི་མང་ཡིན་པ་དང་ང་ནི་དེ་ཚོའི་དཀོན་མཆོག་ཡིན། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ནོ་ཨ་དང་དཱ་ནི་ཨེལ་དང་ཡོབ་བཅས།

12གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 13ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་གལ་སྲིད་ཡུལ་ཞིག་གིས་སྡིག་པ་གྱིས་པ་དང་ང་ལ་དམ་ཚིག་མི་གཙང་བར་འགྱུར་ན་ངས་རང་གི་ལག་པ་བརྐྱངས་ནས་དེ་ཚོའི་ཟས་ཀྱི་མཁོ་སྒྲུབ་མེད་པ་བཟོ་རྒྱུ་ཡིན་གསུངས་ཤིང་། ངས་མུ་གེ་བཏང་ནས་མི་མང་དང་སེམས་ཅན་འདྲ་མཚུངས་གསོད་རྒྱུ་ཡིན་ནོ། 14ནོ་ཨ་དང་དྷ་ནི་ཨེལ་དང་ཡོབ་དང་བཅས་སྐྱེ་བོ་གསུམ་པོ་དེར་སྡོད་ཀྱི་ཡོད་པ་ཡིན་ན། དེ་ཚོའི་ཆོས་དྲང་པོས་དེ་ཚོ་རང་གི་སྲོག་གཅིག་པུ་སྐྱོབས་ཐུབ་བོ། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 15ཡང་ན་ངས་མི་མང་གསོད་དུ་གཅན་གཟན་གཏོང་རྒྱུ་དང་། ཡུལ་འདི་ཤིན་ཏུ་ཉེན་ཁ་ཅན་དུ་འགྱུར་ནས་འདི་བརྒྱུད་ནས་སུ་ཡང་འགྲོ་མི་ཐུབ་པ་བཟོ་རྒྱུ་ཡིན། 16སྐྱེ་བོ་གསུམ་པོ་དེ་སྡོད་ཀྱི་ཡོད་པ་ཡིན་ན་ཡང་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་འཚོ་བཞིན་པའི་དཀོན་མཆོག་ལ་ངེས་བརྟན་ཡོད་པ་ལྟར། དེ་ཚོས་རང་གི་བུ་ཕྲུག་སྐྱོབ་མི་ཐུབ་པ་དང་། དེ་ཚོས་རང་གི་སྲོག་གཅིག་པུ་སྐྱོབས་པ་དང་། ཡུལ་འདི་ནི་མི་མེད་ལུང་སྟོང་དུ་འགྱུར་རོ། 17ཡང་ན་ངས་ཡུལ་དེར་དམག་འདྲེན་ནས་མི་མང་སེམས་ཅན་འདྲ་མཚུངས་ཤུལ་མེད་བཟོ་བར་སྟོར་བཤིགས་ཀྱི་མཚོན་ཆ་བཏང་བ་དང་། 18སྐྱེ་བོ་གསུམ་པོ་དེར་སྡོད་ཀྱི་ཡོད་ན་ཡང་། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་འཚོ་བཞིན་པའི་དཀོན་མཆོག་ལ་ངེས་བརྟན་ཡོད་པ་ལྟར། དེ་ཚོས་རང་གི་སྲོག་མ་གཏོགས་པར་དེ་ཚོའི་བུ་ཕྲུག་ལ་སྐྱོབས་མི་ཐུབ་བོ། 19ངས་ཡུལ་དེར་ནད་ཡམས་ཤིག་བཏང་བ་དང་། ང་ཁྲོ་བའི་སྐབས་ངས་སྲོག་མང་པོ་བླངས་ནས་མི་མང་དང་སེམས་ཅན་མང་པོ་བསད་པ་ཡིན་ན། 20ནོ་ཨ་དང་དཱ་ནི་ཨེལ་དང་ཡོབ་བཅས་དེར་སྡོད་ཀྱི་ཡོད་ན་ཡང་། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་འཚོ་བཞིན་པའི་དཀོན་མཆོག་ལ་ངེས་བརྟན་ཡོད་པ་ལྟར་དེ་ཚོས་རང་གི་བུ་ཕྲུག་ཚོ་ཡང་སྐྱོབས་མི་ཐུབ་བོ། དེ་ཚོའི་ཆོས་དྲང་པོའི་རྐྱེན་གྱིས་རང་གི་སྲོག་གཅིག་པུ་སྐྱོབས་ཐུབ་བོ། 21བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་འདི་ལྟར་ཡིན། ངས་ངའི་ཉེས་པ་སྡུག་ཤོས་བཞི་པོ་ནི། དམག་འཁྲུགས་དང་མུ་གེ་དང་གཅན་གཟན་དང་ནད་ཡམས་བཅས་མི་མང་སེམས་ཅན་འདྲ་མཚུངས་མེད་པར་བཟོ་རྒྱུར་ཡེ་རུ་ཤ་ལེམ་དུ་གཏོང་རྒྱུ་ཡིན་ནོ། 22གལ་སྲིད་སུ་ཞིག་ཚེར་ཐར་བ་དང་དེ་ཚོའི་བུ་ཕྲུག་སྐྱོབས་ཐུབ་པ་ཡིན་ན། དེ་ཚོ་ཁྱོད་ཀྱི་སར་ཡོང་སྐབས་ལྟོས་ཤིག། དེ་ཚོ་ངན་པ་ཇི་ལྟར་ཡིན་པར་བལྟས་ནས། ངས་ཡེ་རུ་ཤ་ལེམ་དུ་གཏོང་རྒྱུའི་ཉེས་ཆད་ལ་བདེན་མཐའ་གསལ་བ་ངོས་འཛིན་བྱོས་ཤིག 23དེ་ནས་ཁྱོད་ཀྱིས་ངས་གང་བྱས་པ་རྣམས་ལ་དོན་བཟང་པོ་ཞིག་ཡོད་པ་ཤེས་པར་འགྱུར་ཞེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨི་ཛི་ཀི་ཨེལ 15

རྒུན་ཤིང་ཞིག་གི་གཏམ་དཔེ།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་རྒུན་ཤིང་དང་ཤིང་སྡོད་ཞིག་མཉམ་དུ་ཇི་ལྟར་བསྡུར་ཐུབ་བམ། ནགས་ཀྱི་ཤིང་ལས་རྒུན་ཤིང་གི་ཤིང་བཟང་བ་ཡོད་དམ། 3ཁྱོད་ཀྱི་དེ་ལས་དངོས་པོ་ཞིག་བཟོ་བར་བེད་སྤྱོད་བྱེད་ཐུབ་བམ། ཁྱོད་ཀྱིས་དེ་དོད་པོ་བཀལ་ཆེད་ཕུར་པ་ཞིག་ཀྱང་བཟོ་ཐུབ་བམ། 4དེ་ནི་མེ་ཤིང་གཅིག་པུར་བེད་སྤྱོད་བྱེད་པར་ལེགས། དེའི་རྩེ་རྣམས་འཚིགས་པ་དང་དཀྱིལ་དེ་མེས་གཞོབ་ཏུ་གཏང་ནས་ནག་པོར་འགྱུར་ཡོད་ན་དེ་ལས་དངོས་པོ་གང་ཞིག་བཟོས་ཐུབ་བམ། 5དེ་མ་འཚིག་པའི་སྔོན་དུ་ཕན་མེད་ཡིན་པ་དང་། ད་ལྟ་མེས་དེ་ཚིག་ནས་ནག་པོར་འགྱུར་ཡོད་པས་དེ་ནི་དེ་བས་ཕན་མེད་དུ་འགྱུར་ཡོད་ཅེས་གསུངས་སོ། 6ད་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། ཤིང་ནགས་ནས་རྒུན་ཤིང་བླངས་ནས་མེར་སྲེག་པ་ལྟར། ངས་ཡེ་རུ་ཤ་ལེམ་དུ་སྡོད་པའི་མི་མང་ཚོ་ལ་ཡང་དེ་ལྟར་བྱ་རྒྱུ་ཡིན་ནོ། 7དེ་ཚོ་ལ་ཉེས་ཆད་གཏོང་རྒྱུ་ཡིན། དེ་ཚོ་མེ་གཅིག་ལས་ཐར་ཡོད་རུང་ད་ཆ་དེ་ཚོ་མེ་དེས་ཚིག་པར་འགྱུར་རོ། ངས་དེ་ཚོ་ལ་ཉེས་ཆད་གཏོང་སྐབས། ཁྱོད་ཀྱིས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 8དེ་ཚོས་ང་ལ་དམ་ཚིག་མི་གཙང་བ་གྱིས་པའི་རྐྱེན་གྱིས་དེ་ཚོའི་ཡུལ་དེ་བཞིན་མི་མེད་ལུང་སྟོང་ཞིག་ཏུ་བཟོ་རྒྱུ་ཡིན། བླ་ན་མེད་པའི་གཙོ་བོ་དཀོནམ་ཆོག་གིས་སྨྲས་པ་ཡིན་ནོ༎

ཨི་ཛི་ཀི་ཨེལ 16

དམ་ཚིག་མི་གཙང་བའི་ཡེ་རུ་ཤ་ལེམ།

1གཙོ་བོ་དཀོན་མཆོག་གིས་ང་ལ་ཡང་སྐྱར་བཀའ་གནང་བ། 2ཀྱེ་མི་རྟག་པའི་སྐྱེ་བོ་ཡེ་རུ་ཤ་ལེམ་གྱི་ཞེན་ལོག་ཅན་གྱི་བྱ་བ་ཇི་བྱས་པ་དེ་ལ་སྟོན་ཞིག 3བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲས་པ་རྣམས་ཡེ་རུ་ཤ་ལེམ་ལ་ཤོད་ཅིག ཁྱོད་ཡུལ་ཀ་ནན་དུ་སྐྱེས་པ་དང་། ཁྱོད་ཀྱི་ཕ་ནི་ཨ་མོར་པ་དང་མ་ནི་ཧི་ཏི་པ་ཡིན་ནོ། 4ཁྱོད་སྐྱེས་སྐབས་སུ་སུས་ཀྱང་ཁྱོད་ཚོའི་ལྟེ་བ་བཅད་མེད་པ་དང་འཁྲུས་མེད་པ་དང་། ཚ་བྱུག་མེད་པ་དང་རས་ཀྱི་ཀྱང་བཏུམ་མེད་དོ། 5སུས་ཀྱང་ཁྱོད་སྙིང་རྗེ་མ་བྱས་པར་ལས་དེ་ཚོ་བྱེད་མེད་དོ། ཁྱོད་སྐྱེ་སྐབས་སུ་སུས་ཀྱང་ཁྱོད་ལ་བརྩེ་བ་བྱས་མེད་པ་དང་། ཁྱོད་གུ་ཡངས་ཀྱི་ཐང་ཞིག་གི་སྟེང་དབྱུགས་ཡོད་དོ། 6དེ་ནས་ང་ཁྱོད་ཀྱི་འགྲམ་ནས་འགྲོ་བའི་སྐབས་སུ་ངས་ཁྱོད་རང་གི་ཁྲག་གི་དཀྱིལ་དུ་འགུལ་བཞིན་པ་མཐོང་ངོ་། ཁྱོད་ཁྲག་གིས་འཐུམ་ཡོད་ན་ཡང་ངས་ཁྱོད་འཆི་རུ་འཇུག་མེད་དོ། 7ངས་ཁྱོད་ལྗོན་ཤིང་མཚར་སྡུག་ཅན་ཞིག་ལྟར་སྐྱེས་སུ་འཇུག་རྒྱུ་ཡིན། ཁྱོད་སྟོབས་ཤུགས་ཆེན་པོ་དང་རིང་པོ་ཞིག་ཏུ་ལོངས་བ་དང་ཁྱོད་ནི་བུ་མོ་ན་གཞོན་ཞིག་ཏུ་འགྱུར། ཁྱོད་ཀྱི་ནུ་མ་རྣམས་དབྱིབས་ཅན་དུ་འགྱུར་བ་དང་ཁྱོད་ཀྱི་ཀྲ་རིང་པོར་སྐྱེས་པར་འགྱུར་ཡོད། འོན་ཀྱང་ཁྱོད་གཅེར་བུ་ཡིན་ནོ། 8ཡང་སྐྱར་ང་ཁྱོད་ཀྱི་འགྲམ་ནས་འགྲོ་བའི་སྐབས་སུ་ཁྱོད་བརྩེ་གདུང་བྱེད་པའི་དུས་ལ་སླེབས་པ་ངས་མཐོང་བྱུང་། ངའི་སྟོད་ཐུང་གི་ཁྱོད་ཀྱི་ལུས་གཅེར་བུ་དེ་ངས་འགེབས་ནས་ཁྱོད་ལ་བརྩེ་བ་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན། བདེན་པར་ངས་ཁྱོད་དང་མཉམ་དུ་ཆང་སའི་དམ་བཅའ་གྱིས་པ་དང་ཁྱོད་ངའི་ཆགས་པ་ཡིན། འདི་ནི་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 9དེ་ནས་ངས་ཆུ་བླངས་ནས་ཁྱོད་ཀྱི་ཁྲག་རྣམས་འཁྲུ་བ་ཡིན། ཁྱོད་ཀྱི་ལུས་ལ་ཁ་སྐྱུ་པོའི་སྣུམ་བྱུགས་པ་དང་། 10ངས་ཁྱོད་ལ་འཚེམ་བྲུག་ཅན་གྱི་གོས་གཡོགས་པ་དང་། ལྤགས་པ་ལེགས་ཤོས་ཀྱི་ལྷམ་དང་། ཀ་ཅིའི་རས་ཀྱི་མགོ་རས་དང་། གོས་ཆེན་གྱི་གོས་གཡོགས་པ་ཡིན། 11ངས་ཁྱོད་ལ་ནོར་བུའི་རྒྱན་ཆ་དང་སྒྲོག་གདུབ་དང་སྐེ་རྒྱན་གཡོགས་པ་དང་། 12ངས་ཁྱོད་ལ་སྣ་རྒྱན་དང་རྣ་ལོང་དང་ཡིད་དུ་འོངས་བའི་ཅོད་པན་གཡོགས་པ་ཡིན། 13ཁྱོད་ལ་གསེར་དངུལ་གྱི་རྒྱན་ཆ་ཡོད་པ་དང་། རྟག་ཏུ་འཚེམ་བྲུག་ཅན་གྱི་ཀ་ཅིའི་རས་གོས་དང་གོས་ཆེན་གྱོན་ནོ། ཁྱོད་ཀྱིས་གྲོ་ཞིབ་ལེགས་ཤོས་ཀྱི་བཟོས་པའི་བག་ལེབ་དང་སྦྲང་རྩི་དང་ཁ་སྐྱུ་པོའི་སྣུམ་བཅས་ཟ་བར་བྱེད་པ་དང་། ཁྱོད་ནི་ཤིན་ཏུ་མཛེས་སྡུག་ཅན་གྱི་མཛེས་མ་དང་བཙུན་མོ་ཞིག་ཏུ་འགྱུར་རོ། 14ཁྱོད་ཀྱི་མཛེས་སྡུག་དེ་མི་རིགས་ཡོངས་སུ་གྲགས་པར་འགྱུར་རོ། གང་ལ་ཟེར་ན། ཁྱོད་ཤིན་ཏུ་ཡིད་དུ་འོང་བ་བཟོ་མཁན་དེ་ནི་ང་ཡིན་པ་དང་། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་འདི་ལྟར་སྨྲས་པ་ཡིན་ནོ། 15འོན་ཀྱང་ཁྱོད་ཀྱིས་མཛེས་སྡུག་དང་སྙན་གྲགས་ཀྱི་གོ་སྐབས་བཟུང་ནས་ཁྱོད་ཀྱི་སར་ཡོང་མཁན་ཚང་མ་དང་མཉམ་དུ་ཉལ་ལོ། 16ཁྱོད་ཀྱིས་གོས་འགའ་ཤས་ཁྱོད་ཀྱི་མཆོད་ཡུལ་ལ་རྒྱན་སྤྲོད་ཆེད་བེད་སྤྱོད་བྱས་པ་དང་། སྨད་ཚོང་མ་ལྟར་ཚང་མ་མཉམ་དུ་ཉལ་ལོ། 17ངས་ཁྱོད་ལ་སྤྲད་པའི་གསེར་དངུལ་གྱི་རྒྱན་ཆ་བླངས་ནས་ཁྱོད་ཀྱི་དེ་ཚོ་ཕོ་ཡི་འདྲ་སྐུ་བཟོ་བར་བེད་སྤྱོད་གྱིས་པ་དང་དེ་ཚོ་དང་མཉམ་དུ་ལོག་པར་སྤྱོད་པ་དང་། 18ངས་ཁྱོད་ལ་སྤྲད་པའི་འཚེམ་བྲུག་ཅན་གྱི་གོས་བླངས་ནས་སྐུ་འདྲ་ཚོར་གཡོགས་ཏེ་ཁྱོད་ཀྱིས་སྐུ་འདྲ་ཚོར་ངས་སྤྲད་པའི་ཁ་སྐྱུ་པོའི་སྣུམ་དང་སྤོས་བདུག་གོ 19ངས་ཁྱོད་ལ་གྲོ་ཞིབ་ལེགས་ཤོས་དང་ཁ་སྐྱུ་པོའི་སྣུམ་དང་སྦྲང་རྩི་བཅས་ཁ་ཟས་སྤྲད་པ་རྣམས་སྐུ་འདྲ་ཚོ་ལས་མཁེ་ཕན་ལེན་པའི་ཆེད་དམར་མཆོད་ཕུལ་ལོ། དེ་ཚོ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 20དེ་ནས་ཁྱོད་ཀྱིས་ང་ནས་སྐྱེས་པའི་ངའི་བུ་དང་བུ་མོ་རྣམས་འཁྲིད་ནས་དེ་ཚོ་སྐུ་འདྲ་ཚོར་དམར་མཆོད་ཕུལ་ལོ། ཁྱོད་ཀྱི་སྨད་འཚོང་གི་སྤྱོད་པས་དངས་མ་སོང་ངམ། 21ད་དུང་ཁྱོད་ཀྱིས་ངའི་ཕྲུག་གུ་ཚོ་བསད་ནས་དེ་ཚོ་སྐུ་འདྲར་དམར་མཆོད་ཕུལ་དགོས་སམ། 22ཁྱོད་ཀྱིས་ཞེན་ལོག་ཅན་གྱི་སྨད་ཚོང་མའི་མི་ཚེའི་སྐབས་སུ། ཁྱོད་གཅེར་བུ་དང་རང་གི་ཁྲག་ནང་འགུལ་བའི་ཕྲུ་གུའི་སྐབས་དེ་ཐེངས་གཅིག་ཀྱང་དྲན་མེད་དོ༎

ཡེ་རུ་ཤ་ལེམ་གྱི་སྨད་ཚོང་མའི་མི་ཚེ།

23བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་གསུངས་པ། ཁྱོད་ཀྱིས་ངན་ལས་ཚང་མ་བྱས་པས་ཁྱོད་འཛིགས་སོ། འཛིགས་སོ། 24དེ་ནས་ཁྱོད་ཀྱིས་ལམ་ཚང་མའི་ཟུར་དུ་སྐུ་འདྲར་མཆོད་ཡུལ་དང་སྨད་ཚོང་མའི་ལས་བྱ་ཡུལ་བཞེངས་སོ། 25ཁྱོད་ཀྱི་མཛེས་སྡུག་དེ་འདམས་ནང་འདྲེས་ཡོད་པ་དང་། ཁྱོད་སར་ཡོང་མཁན་ཚང་མ་དང་མཉམ་དུ་ལོག་པར་སྤྱོད་པ་དང་། ཉིན་ལྟར་ཁྱོད་སྨད་ཚོང་མར་འཕེལ་བར་བྱེད་དོ། 26ཁྱོད་ཀྱིས་ཁྱིམ་མཚེས་འདོད་ཆགས་ཅན་ཨི་ཇིབ་པ་བཅས་དང་མཉམ་དུ་ཉལ་ཡོད་པ་དང་། ཁྱོད་ཀྱིས་སྨད་ཚོང་མའི་ལས་ཀྱིས་ང་ཁྲོ་རུ་འཇུག་ཡོད་དོ། 27ད་ངས་ཁྱོད་ལ་ཉེས་ཆད་གཏོང་བ་དང་ཁྱོད་ཀྱི་བྱིན་རླབས་ཀྱི་ཆ་ཤས་དེ་ལེན་པའི་ཆེད་ངས་ལག་པ་འདེགས་ཡོད་དོ། ཕེ་ལེ་ཤེད་པ་ཁྱོད་ལ་སྡང་པོ་བྱ་མཁན་དང་ཁྱོད་ཀྱི་ཚུལ་མིན་གྱི་བྱ་སྤྱོད་ལ་ཞེན་ལོག་མཁན་ཚོའི་ལག་ཏུ་ངས་ཁྱོད་ལ་རྩིས་སྤྲོད་པ་ཡིན་ནོ། 28ཁྱོད་གཞན་ཚོ་དང་མཉམ་དུ་འདོད་པ་མ་ཚིམས་པར་ཨ་སུར་པ་ཚོའི་རྗེས་སུ་རྒྱུགས་བཞིན་ཡོད་པ་དང་། ཁྱོད་དེ་ཚོ་དང་མཉམ་དུ་སྨད་ཚོང་མ་བྱེད་ན་ཡང་དེ་ཚོས་ཀྱང་ཁྱོད་ཀྱི་འདོད་པ་ཚིམས་པར་བྱེད་མི་ཐུབ་བོ། 29ཁྱོད་བྷེ་བྷི་ལོན་གྱི་ཚོང་པ་དེ་ཚོ་དང་མཉམ་དུ་སྨད་ཚོང་མ་བྱེད་ན་ཡང་དེ་ཚོས་ཀྱང་ཁྱོད་ཀྱི་འདོད་པ་ཚིམས་པར་བྱེད་མི་ཐུབ་བོ། 30བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བརྗོད་པ་འདི་ལྟར་ཡིན། ཁྱོད་ཀྱིས་དེ་ཚོ་ཚང་མ་ངོ་ཚ་མེད་པའི་སྨད་ཚོང་མ་ལྟར་བྱས་ཡོད་དོ། 31རྒྱ་ལམ་ཚང་མར་ཁྱོད་ཀྱིས་སྐུ་འདྲར་མཆོད་ཡུལ་བཞེངས་པ་དང་སྨད་ཚོང་མའི་ལས་འགུལ་གྱིས་ཡོད་དོ། འོན་ཀྱང་སྨད་ཚོང་མ་སྐྱུས་མ་ལྟར་ཁྱོད་ལ་དངུལ་མི་ཐོབ་པ་ཡིན་ནོ། 32ཁྱོད་ནི་བུད་མེད་རང་གི་ཁྱོ་མཉམ་དུ་བརྩེ་བ་བྱེད་རྒྱུའི་ཚབ་ལ་མི་ངོ་མི་ཤེས་མཁན་མཉམ་དུ་ལོག་གཡེམ་བྱ་མཁན་ལྟ་བུ་ཡིན་ནོ། 33སྨད་ཚོང་མར་གཞན་གྱི་གླ་སྤྲོད་ཀྱི་ཡོད་ན་ཡང་ཁྱོད་མཉམ་དུ་ཡོང་མཁན་ཚང་མར་ཁྱོད་ཀྱིས་རྔན་པ་སྤྲད་པ་དང་། ཕྱོགས་ཀུན་ནས་ཁྱོད་མཉམ་དུ་ཉལ་བར་ཡོང་ཕྱིར་དེ་ཚོ་ལ་ཡང་ལྐོག་རྔན་སྤྲད་ཡོད་པ་དང་། 34ཁྱོད་ནི་དམིགས་བསལ་ཅན་གྱི་སྨད་ཚོང་མ་ཡིན་པ་དང་། ཁྱོད་ཀྱིས་དེ་བྱ་རྒྱུར་ཁྱོད་ལ་སུས་ཀྱང་བཙན་དབང་བཏང་མེད་ཅིང་། ཁྱོད་ལ་གླ་ཆ་ཐོབ་ཀྱི་མེད་པ་དང་ཁྱོད་ཀྱིས་དེ་ཚོ་ལ་གླ་ཆ་སྤྲད་ཡོད་པ་དང་། དེའི་ཕྱིར་ཁྱོད་ནི་མི་འདྲ་བ་ཡིན་ནོ༎

དཀོན་མཆོག་གིས་ཡེ་རུ་ཤ་ལེམ་ལ་ཁྲིམས་དཔྱོད་གནང་བ།

35དེ་བས་ན་སྨད་ཚོང་མ་ཡེ་རུ་ཤ་ལེམ་ཁྱོད་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བར་ཉོན་ཞིག 36བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། ཁྱོད་ཀྱིས་རང་གི་གོས་ཕུད་ནས་སྨད་ཚོང་མ་ལྟར་ཁྱོད་ལ་དགའ་མཁན་ཚོར་དང་ཞེན་ལོག་ཅན་གྱི་སྐུ་འདྲ་ཚོར་ལོག་གཡེམ་བྱེད་བཅུག་པ་དང་། ཁྱོད་ཀྱི་རང་གི་ཕྲུ་གུ་ཚོ་ལ་སྐུ་འདྲར་དམར་མཆོད་ཀྱི་ཚུལ་དུ་བསད་ཡོད་པས། 37དེའི་རྐྱེན་གྱིས་ཁྱོད་ཀྱི་སྔོན་གྱི་བརྩེ་བ་བྱེད་པའི་དགའ་བ་ཚོ་དང་སྡང་པོ་བྱེད་པ་ཚང་མ་མཉམ་དུ་འཁྲིད་ཡོང་རྒྱུ་ཡིན་ནོ། ངས་དེ་ཚོ་ཁྱོད་ཀྱི་མཐའ་འཁོར་དུ་འཁྲིད་ཡོང་ནས་ཁྱོད་ཀྱི་གོས་ཕུད་ནས་གཅེར་བུར་བྱེད་ནས་བལྟ་རུ་འཇུག་རྒྱུ་ཡིན། 38ངས་ཁྱོད་ཀྱི་ལོག་གཡེམ་དང་མི་གསོད་བྱས་པར་སྐྱོན་བརྫོད་བྱ་རྒྱུ་དང་ཁྲོ་བ་དང་རླུང་དྲག་པོ་ལངས་བས་ཁྱོད་ལ་ཉེས་པ་སྲོག་ཐོག་གཏོང་རྒྱུ་ཡིན་ནོ། 39ངས་དེ་ཚོའི་ལག་ཏུ་རྩིས་སྤྲོད་རྒྱུ་དང་། དེ་ཚོས་ཁྱོད་ཀྱི་སྨད་ཚོང་མ་བྱེད་ས་དང་སྐུ་འདྲར་མཆོད་ཡུལ་རྣམས་བཤིགས་པར་བྱེད་དོ། དེ་ཚོས་ཁྱོད་ཀྱི་གྱོན་གོས་དང་རྒྱན་ཆ་བཅས་འཕྲོག་ནས་ཁྱོད་གཅེར་བུར་འཇོག་གོ 40དེ་ཚོས་ཁྱོད་ལ་མང་ཚོགས་འཁོན་དུ་འཇུག་ནས་རྡོ་རུབ་གཏོང་དུ་འཇུག་པ་དང་། དེ་ཚོའི་རང་གི་རལ་གྲིས་ཁྱོད་དུམ་བུར་གཅོད་པར་བྱེད་དོ། 41ངས་ཁྱོད་ཀྱི་ཁྱིམ་མེར་བསྲེགས་བཏང་ནས་བུད་མེད་ཚོགས་ཀྱིས་ཁྱོད་ཀྱི་ཉེས་ཆད་མཐོང་དུ་འཇུག་རྒྱུ་ཡིན། ངས་ཁྱོད་ཀྱི་སྨད་ཚོང་མའི་བྱ་བ་མཚམས་འཇོག་བྱ་རྒྱུ་དང་། ཁྱོད་ཀྱིས་དགའ་པོ་བྱེད་པ་ཚོར་རྔན་པ་སྤྲོད་རྒྱུ་དེ་མཚམས་འཇོག་བྱ་རྒྱུ་ཡིན་ནོ། 42དེ་ནས་ངའི་ཁོང་ཁྲོ་རྫོགས་པ་དང་ཞི་བར་འགྱུར་རོ། སླར་ངས་ཁྲོ་བ་དང་ཞེ་སྡང་སོགས་བྱེད་མི་ཡོང་། 43ཁྱོད་ཀྱིས་བྱ་བ་ཇི་ལྟར་གྱིས་པ་ལས་ང་ཁྲོ་རུ་འཇུག། ཁྱོད་ལོ་ཆུང་དུས་ངས་ཁྱོད་ལ་ཇི་ལྟར་སྡང་འཛིན་བྱས་པ་ཁྱོད་ཀྱིས་བརྗེད་ཡོད་དོ། དེའི་རྐྱེན་གྱིས་ངས་ཁྱོད་ལ་དེ་ཚོ་ཚང་མའི་ཆེད་དུ་ལན་འཇལ་དུ་བཅུག་ཡོད། ཁྱོད་ཀྱིས་གཞན་ཞེན་ལོག་ཅན་གྱི་བྱ་བ་བྱས་པའི་ཐོག་འདོད་ཆགས་ཀྱི་སྤྱོད་ཚུལ་ངན་པ་ཅི་ལ་སྣན་པ་ཡིན་ནམ། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་གསུངས་པ་ཡིན་ནོ༎

མ་དང་འདྲ་བ་བུ་མོ།

44གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཡེ་རུ་ཤ་ལེམ་ཁྱོད་ལ་མི་མང་གི་གཏམ་དཔེ་ལྟར་མ་དང་འདྲ་བ་བུ་མོ་ཟེར་བ་འདི་བེད་སྤྱོད་བྱེད་དོ། 45ཁྱོད་ནི་རང་གི་ཨ་མའི་བུ་མོ་ངོ་མ་རང་རེད་ཤག། མོས་རང་གི་ཁྱོ་དང་བུ་ཕྲུག་ཚོ་ལ་སྤངས་ཡོད་དོ། ཁྱོད་ནི་རང་གི་ཁྱོ་ཚོ་དང་དེ་ཚོའི་ཕྲུ་གུ་ཚོ་ལ་སྡང་པོ་བྱ་མཁན་སྲིང་མོ་ཚོ་ལྟར་ཡིན། ཁྱོད་དང་ཁྱོད་ཀྱི་སྲིང་མོ་གྲོང་ཁྱེར་ཁག་ལ་མ་ཧི་ཏི་པ་དང་ཕ་ཨེ་མོར་པ་ཡོད་དོ། 46ཁྱོད་ཀྱི་གཅེན་མོ་ས་མར་ཡ་བྱང་ཕྱོགས་ཀྱི་གྲོང་གསེབ་པ་ཞིག་ཡིན་པ་དང་། ཁྱོད་ཀྱི་གཅུང་མོ་སོ་དྷོམ་གྱི་ལྷོ་ཕྱོགས་ཀྱི་གྲོང་གསེབ་པ་ཞིག་ཡིན་ནོ། 47ཁྱོད་དེ་ཚོ་འགྲོ་བའི་ལམ་དུ་ཕྱིན་ནས། དེ་ཚོའི་ཞེན་ལོག་ཅན་གྱི་ལས་ཀའི་མིག་དཔེ་ལེན་རྒྱུའི་འདོད་པ་ཁེངས་མ་སོང་ངམ། དེ་ལྟར་མིན་ཁྱུག་ཙམ་ལ་ཁྱོད་ཀྱིས་བྱས་པ་ཚང་མ་ལ་དེ་ཚོ་ལས་ངན་པ་བྱེད་ཡོད་དོ། 48བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བརྗོད་རྒྱུར། ང་འཚོ་བཞིན་པའི་དཀོན་མཆོག་ཡིན་པར་ངེས་བརྟན་ཡོད་པ་ལྟར། ཁྱོད་ཀྱི་གཅུང་མོ་སོ་དྷོམ་པ་དང་མོའི་གྲོང་གསེབ་ཀྱིས་ཀྱང་ཁྱོད་དང་ཁྱོད་ཀྱི་གྲོང་གསེབ་ཀྱི་བྱས་པ་ལྟར་ངན་པ་ནམ་ཡང་བྱས་མེད་དོ། 49མོ་དང་མོའི་བུ་མོ་ཚོ་སྤོབ་པ་ཅན་ཡིན་ནོ། གང་ལ་ཟེར་ན། དེ་ཚོ་ལ་ཟ་རྒྱུ་འབོལ་པོ་ཡོད་པ་དང་ཞི་བདེ་དང་ཁ་ཁུ་སིམ་པོའི་ངང་གནས་ཡོད། འོན་ཀྱང་དེ་ཚོས་དབུལ་པོ་དང་གོ་སྐབས་མ་ཐོབ་པ་ཚོར་བལྟ་རྟོགས་བྱེད་མེད་དོ། 50དེ་ཚོ་སྤོབས་པ་ཅན་དང་གྱོང་པོ་ཡོད་པ་དང་། ངས་མི་དགའ་བ་འབའ་ཞིག་བྱས་ཡོད་སྟབས། ཁྱོད་ཀྱིས་གསལ་པོ་ཤེས་པ་ལྟར་ངས་དེ་ཚོ་མེད་པར་བཟོས་ཡོད་དོ། 51ས་མར་ཡས་ཁྱོད་ཀྱིས་བྱས་པ་ལས་ལྷག་པའི་སྡིག་པ་ཕྱེད་ཀ་ཡང་བྱེད་མེད་པ་དང་། ཁྱོད་ཀྱིས་མོས་བྱས་པ་ལས་ལྷག་པའི་ཞེན་ལོག་ཅན་གྱི་བྱ་བ་གྱིས་ཡོད། ཁྱོད་ཀྱིས་ཞེན་ལོག་ཅན་གྱི་ངན་ལས་དང་བསྡུར་ན་ཁྱོད་ཀྱི་གཅེན་མོ་དང་གཅུང་མོ་ཚོ་སྣོང་མེད་ཡིན་ནོ། 52ད་ཁྱོད་ཀྱིས་དམའ་འབེབས་ལ་བཟོད་སྲན་བྱ་དགོས། ཁྱོད་ཀྱི་ཉེས་པ་རྣམས་ཁྱོད་ཀྱི་གཅེན་མོ་དང་གཅུང་མོ་ཚོ་ལས་ཧ་ཅང་ཚབ་ཆེ་བ་ཡོད་སྟབས། ཁོ་ཚོ་ཁྱོད་ཀྱི་འགྲམ་དུ་སྐྱོན་མེད་འགྱུར་གྱི་ཡོད། ད་ཁྱོད་ངོ་ཚ་བ་ནས་དེ་རང་གི་མྱོང་ཞིག། གང་ལ་ཟེར་ན། ཁྱོད་ཀྱིས་གཅེན་མོ་དང་གཅུང་མོ་གཙང་མ་བསྟན་བཞིན་ཡོད༎

སོ་དྷོམ་དང་ས་མར་ཡ་སླར་གསོ་གནང་རྒྱུ།

53གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་ལ་བཀའ་གནང་བ། ངས་སླར་ཡང་སོ་དྷོམ་དང་མོའི་གྲོང་གསེབ་ཚོ་དང་ས་མར་ཡ་དང་མོའི་གྲོང་ཁྱེར་ཚོ་ཡར་རྒྱས་བཟོ་རྒྱུ་ཡིན། ངས་ཁྱོད་ཀྱང་ཡར་རྒྱས་བཟོ་རྒྱུ་ཡིན་ནོ། 54ཁྱོད་རང་ཉིད་མཉམ་དུ་ངོ་ཚ་བར་འགྱུར་བ་དང་། ཁྱོད་ཀྱི་དམའ་འབེབས་ཀྱིས་སྲིང་མོ་ཚོར་དེ་ཚོ་ཇི་ལྟར་ལེགས་པ་ཡིན་པར་སྟོན་པར་བྱེད་དོ། 55དེ་ཚོ་སླར་ཡང་ཡར་རྒྱས་འགྲོ་བ་དང་། ཁྱོད་དང་ཁྱོད་ཀྱི་གྲོང་གསེབ་ཚོ་ཡང་སླར་གསོ་བྱེད་དོ། 56ཁྱོད་སྤོབས་པ་ཅན་ཡིན་པའི་སྐབས་སུ་ཁྱོད་ཀྱི་སོ་དྷོམ་ལ་མཐོང་ཆུང་བྱས་མེད་དམ། 57ཁྱོད་ཀྱི་ངན་པ་གྱིས་པ་རྣམས་མངོན་གསལ་མ་བྱུང་བའི་སྔོན་དུ་དེ་ལྟར་བྱས་མེད་དམ། ད་ཆ་ཁྱོད་མོ་ལྟར་འགྱུར་ཡོད། ཨེ་དྷོམ་པ་དང་ཕེ་ལེ་ཤེད་པ་དང་ཁྱོད་ལ་མི་དགའ་མཁན་ཁྱིམ་མཚེས་གཞན་ཚོའི་མདུན་དུ་ཁྱོད་མཐོང་ཆུང་དུ་འགྱུར་ཡོད། 58ཁྱོད་ཀྱི་ངོ་ཚའི་བྱ་སྤྱོད་དང་ཞེན་ལོག་ཅན་གྱི་བྱ་བ་བྱས་པར་སྡུག་བསྔལ་མྱོང་དགོས་ཤེས་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

གཏན་དུ་གནས་རྒྱུའི་དམ་བཅའ།

59བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ངས་ཁྱོད་ལ་ཇི་ལྟར་འོས་པ་ལྟར་ཆ་འཛིན་བྱ་རྒྱུ་ཡིན་ནོ། གང་ལ་ཟེར་ན། ཁྱོད་ཀྱིས་རང་གི་ཞལ་བཞེས་བརྩི་མེད་བྱས་པས་དམ་བཅའ་དང་འགལ་ཡོད། 60འོན་ཀྱང་ངས་ཁྱོད་གཞོན་ནུའི་སྐབས་སུ་ངས་ཁྱོད་དང་མཉམ་དུ་བཞག་པའི་དམ་བཅའ་ལ་སྲུང་བརྩི་བྱ་རྒྱུ་ཡིན་པ་དང་། ངས་ཁྱོད་དང་མཉམ་དུ་གཏན་དུ་གནས་པའི་དམ་བཅའ་འཇོག་རྒྱུ་ཡིན་ནོ། 61ཁྱོད་ཀྱི་གཅེན་མོ་དང་གཅུང་མོ་ཕྱིར་ལོག་སྐབས་ཁྱོད་ཀྱིས་ཇི་ལྟར་སྤྱོད་ཚུལ་གྱིས་པ་རྣམས་དྲན་ནས་ཁྱོད་དེ་ཚོ་ལ་ངོ་ཚ་བར་འགྱུར། ངས་ཁྱོད་དང་མཉམ་དུ་བཞག་པའི་དམ་བཅའི་ནང་མེད་ན་ཡང་ངས་དེ་ཚོ་ཁྱོད་ཀྱི་བུ་མོ་ལྟར་ཡོང་བ་བྱ་རྒྱུ་ཡིན་ནོ། 62ངས་ཁྱོད་དང་མཉམ་དུ་དམ་བཅའ་དེ་སླར་གསོ་བྱ་རྒྱུ་དང་། ཁྱོད་ཀྱིས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 63ངས་ཁྱོད་ཀྱིས་ནོར་འཁྲུལ་གྱིས་པ་ཚང་མར་བཟོད་གསོལ་བྱ་རྒྱུ་ཡིན་ནོ། འོན་ཀྱང་ཁྱོད་ཀྱིས་དེ་ཚོ་དྲན་པ་དང་ངོ་ཚེས་རང་གི་ཁ་ཕྱེ་མ་ཐུབ་པར་འགྱུར་ཞེས། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨི་ཛི་ཀི་ཨེལ 17

བྱ་གླག་དང་རྒུན་ཤིང་གི་གཏམ་དཔེ།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཀྱེ་མི་རྟག་པའི་སྐྱེ་བོ་ཨིསི་རཱཨེལ་པ་ཚོ་ལ་གཏམ་དཔེ་ཞིག་ཤོད་ཅིག 3དེ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ཇི་ལྟར་སྨྲས་པ་ཤེས་པའི་ཕྱིར་ཡིན། བྱ་གླག་ཧ་ཅང་ཆེན་པོ་དང་བྱ་སྤུ་ཧ་ཅང་མཛེས་པོ་དང་ཤོག་པ་ཤིན་ཏུ་ཆེན་པོ་ཐག་རིང་པོར་བརྐྱངས་ནས་ཡོད་པ་ཞིག་ཡོད་དོ། དེས་ལེ་བ་ནོན་གྱི་རི་བོའི་སྟེང་དུ་འཕུར་ནས་འགྱམ་ཤིང་གི་རྩེ་མོ་བཅག་པ་དང་། 4དེས་ཚོང་པའི་ཡུལ་ཞིག་ཏུ་འཁྱེར་ནས་གྲོང་ཁྱེར་ཞིག་ཏུ་བཞག་གོ 5དེ་ནས་ཁོས་ལྗོན་ཤིང་གི་མྱུ་གུ་ཞིག་ཨིསི་རཱཨེལ་གྱི་ཡུལ་ནས་འཁྱེར་ཏེ་ས་ལུད་འཛོམས་པོའི་ཞིང་དུ་སྐྱེས་པའི་ཆེད་ཆུ་ཡོད་ས་ཞིག་ལ་བཙུགས་སོ། 6ལྗོན་ཤིང་དེ་ལོ་འདབ་རྒྱས་ནས་རྒྱ་ཆེར་ཁྱབ་པའི་རྒུན་ཤིང་ཞིག་ཏུ་འགྱུར་རོ། དེའི་ཡལ་ག་བྱ་གླག་གི་ཕྱོགས་སུ་ཡར་སྐྱེས་པ་དང་། རྩ་བ་གཏིང་རིང་པོར་སྐྱེས་སོ། རྒུན་ཤིང་དེ་ནི་ཡལ་ག་དང་ལོ་མས་བསྟུམ་ནས་ཡོད་དོ། 7བྱ་གླག་གཞན་ཞིག་ཧ་ཅང་ཆེན་པོ་དང་ཤོག་པ་ཡང་ཆེན་པོ་དང་སྒྲོ་མང་པོ་ཡོད་པ་ཞིག་ཀྱང་ཡོད་དོ། སྐབས་དེར་རྒུན་ཤིང་གི་རྩ་བ་ནི་དེའི་ཕྱོགས་སུ་རྒྱུགས་པ་དང་། དེའི་ལོ་མའི་ཕྱོགས་སུ་སྐྱེས་པའི་ལྡུམ་ར་ལས་ཆུ་མང་བ་ཐོབ་པའི་ཕྱིར་དེའི་ཕྱོགས་སུ་ཁ་བསྒྱུར་རོ། 8འོན་ཀྱང་རྒུན་ཤིང་དེ་ཐོག་མ་ནས་ས་ལུད་འཛོམས་པོ་དང་ཆུ་འབོལ་པོ་ཡོད་སའི་ཞིང་ཁར་བཙུགས་ཡོད་པས། དེ་ལ་ལོ་མ་རྒྱས་ནས་རྒུན་འབྲུམ་ཆགས་པ་དང་ངོ་མཚར་ཅན་གྱི་རྒུན་ཤིང་ཞིག་ཏུ་འགྱུར་ཐུབ་བོ། 9དེར་བརྟེན་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། རྒུན་ཤིང་འདི་འཚོ་ཤིང་སྐྱེས་པར་འགྱུར་རམ་ཞེས་འདྲི་རྒྱུ་ཡིན། བྱ་གླག་དང་པོ་དེས་དེའི་རྩ་བ་བཏོན་ནས་རྒུན་འབྲུམ་རྣམས་བཀོག་པ་དང་ཡལ་ག་རྣམས་བཅག་ནས་དེ་སྐམ་དུ་མི་འཇུག་གམ། དེ་བཀོག་པའི་ཕྱིར་སྟོབས་ཤུགས་ཡང་ན་མི་རིགས་སྟོབས་ཆེན་ཞིག་མི་དགོས་སོ། 10དེ་བཏབ་ཡོད་ན་ཡང་དེ་འཚོ་བར་འགྱུར་ནས་སྐྱེས་སམ། དེ་ལ་ཤར་གྱི་རླུང་ཕོག་སྐབས་དེ་སྐམ་པར་མི་འགྱུར་རམ། དེ་སྐྱེས་ས་དེར་སྐམ་པར་མི་འགྱུར་རམ༎

གཏམ་དཔེ་གསལ་བཤད་གནང་བ།

11གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 12ངོ་ལོག་མཁན་དེ་ཚོར་གཏམ་དཔེ་དེའི་དོན་ག་རེ་ཡིན་པ་ཤེས་ཀྱི་ཡོད་མེད་དྲིས་ཤིག དེ་ཚོ་ལ་བྷེ་བྷི་ལོན་གྱི་རྒྱལ་པོ་ཡེ་རུ་ཤ་ལེམ་དུ་ཕེབས་ནས་ཡུལ་དེའི་རྒྱལ་པོ་དང་ཁོང་གི་ལས་བྱེད་པ་ཚོ་བྷེ་བྷི་ལོན་དུ་འཁྲིད་སོང་ཞེས་སྨྲོས་ཤིག 13-14ཁོང་གིས་རྒྱལ་པོའི་ཁྱིམ་ཚང་གི་མི་ཞིག་འཁྲིད་ནས། དེ་མཉམ་དུ་མཐུན་འགྲིགས་བཞག་ནས་ཁོ་དམ་ཚིག་ཅན་དུ་གནས་ཕྱིར་མནའ་བསྐྱེལ་དུ་བཅུག་གོ ཁོང་གིས་མི་གཙོ་ཆེ་ཚོ་བཙན་ཉར་གྱིས་སོ། རྒྱལ་ཁབ་སྐྱར་དུ་ལངས་པ་ལས་འགོག་པ་དང་མཐུན་འགྲིགས་སྲུང་རྒྱུར་ངེས་བརྟན་བཟོས་སོ། 15འོན་ཀྱང་ཡ་ཧུ་དཱའི་རྒྱལ་པོས་ངོ་ལོག་རྒྱབ་པ་དང་ཨི་ཇིབ་ཡུལ་དུ་རྟ་དང་དམག་དཔུང་འཁྱོན་ཆེ་ལེན་པར་བང་ཆེན་བཏང་ངོ་། ཁོ་རྒྱལ་བར་འགྱུར་རམ། ཁོའི་བསམ་དོན་སྒྲུབ་ཀྱི་རེད་དམ། ཁོས་མཐུན་འགྲིགས་ལ་བརྩི་མེད་བྱེད་མི་ཐུབ་པ་དང་ཉེས་ཆད་མེད་པར་ཐར་མི་ཐུབ་བོ། 16བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ང་ནི་འཚོ་བཞིན་པའི་དཀོན་མཆོག་དངོས་ཡིན་སྟབས་རྒྱལ་པོ་དེ་བྷེ་བྷི་ལོ་ནི་ཡ་དུ་གྲོངས་བར་འགྱུར། གང་ལ་ཟེར་ན། ཁོང་གིས་ཁོང་རང་རྒྱལ་ཁྲིར་བཀོད་མཁན་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་མཉམ་དུ་བཞག་པའི་དམ་བཅའ་དང་མཐུན་འགྲིགས་ལས་འགལ་ཡོད། 17བྷེ་བྷི་ལོན་པ་ཚོས་མི་མང་པོ་གསོད་པའི་ཆེད་ས་ལས་བཟོས་ནས་ས་དོང་བྲུས་སྐབས་ཨི་ཇིབ་རྒྱལ་པོའི་སྟོབས་ཤུགས་ཅན་གྱི་དམག་དཔུང་གིས་ཀྱང་དེ་ལ་བྷེ་བྷི་ལོན་པ་མཉམ་དུ་དམག་འཐབ་བྱ་རྒྱུར་རོགས་བྱེད་མི་ཐུབ་བོ། 18ཁོང་གིས་རང་གི་བཞག་པའི་དམ་བཅའ་དང་མཐུན་འགྲིགས་བཅས་ལ་འགལ་ཡོད། འདི་ཚོ་ཚང་མ་ཁོང་གིས་གནང་བའི་རྐྱེན་གྱིས་ད་ཆ་ཁོང་ཐར་མི་ཐུབ་བོ། 19བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ང་ནི་འཚོ་བཞིན་པའི་དཀོན་མཆོག་དངོས་ཡིན་སྟབས་ཁོས་ངའི་མིང་ཐོག་སྲུང་བྱ་རྒྱུའི་དམ་བཅའ་གྱིས་པའི་མཐུན་འགྲིགས་དང་འགལ་བས་ངས་ཁོ་ལ་ཆད་པ་གཏོང་རྒྱུ་ཡིན་ནོ། 20ངས་ཁོ་ལ་བཟུང་རྒྱུར་རྔོན་པའི་རྙི་བཀྲམ་རྒྱུ་ཡིན། ངས་ཁོ་བྷེ་བྷི་ལོན་དུ་འཁྲིད་ནས་དེར་ཁོ་ལ་ཆད་པ་གཏོང་རྒྱུ་ཡིན་ནོ། གང་ལ་ཟེར་ན། ཁོས་ང་ལ་དམ་ཚིག་མི་གཙང་བ་གྱིས་ཡོད་དོ། 21ཁོའི་དམག་མི་ལེགས་ཤོས་རྣམས་དམག་སར་གསོད་པ་དང་། གསོན་པོར་གནས་པ་ཚོ་ཕྱོགས་ཚང་མར་ཁ་འཐོར་བར་འགྱུར་རོ། དེ་ནས་ཁྱོད་ཀྱིས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་པ་ཤེས་པར་འགྱུར་རོ༎

དཀོན་མཆོག་གི་རེ་བའི་ཞལ་བཞེས།

22བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་བཀའ་གནང་བ་འདི་ལྟར་ཡིན་ནོ། འགྱམ་ཤིང་རིང་པོའི་རྩེ་མོ་ངས་བླངས་ནས། སྐྱེ་བཞིན་པ་ཡི་མྱུ་གུ་བཅོག་པར་བྱ། དེ་ནི་ང་ཡིས་རི་མཐོའི་སྟེང་དུ་འཛུགས། 23ཨིསི་རཱཨེལ་རི་བོ་མཐོ་ཤོས་སྟེང་དུ་འཛུགས། ཡལ་ག་སྐྱེས་ཤིང་ས་བོན་ཐོག་འགྱུར་ཞིང་། འགྱམ་ཤིང་རྨད་དུ་བྱུང་བ་ཞིག་ཏུ་འགྱུར། བྱིའུ་འདྲ་མིན་སྣ་ཚོགས་དེར་གནས་ནས། དེ་ཡི་བསིལ་གྲིབ་འོག་ཏུ་སྲུང་སྐྱོབས་རྙེད། 24ཡུལ་གྱི་ཤིང་སྡོང་ཡོངས་རྫོགས་ཀྱིས་ང་ནི། གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། ང་ཡིས་ཤིང་སྡོང་རིང་པོ་ཚོ་བཅད་ཅིང་། ཤིང་སྡོང་ཐུང་བར་རིང་པོ་སྐྱེ་བར་བྱ། ཤིང་སྡོང་ལྗང་ཁུ་ཚོ་ནི་སྐམ་པར་བྱ། ཤིང་སྡོང་སྐམ་པོ་ལྗང་ཁུར་འགྱུར་བར་བྱ། གཙོ་བོ་དཀོན་མཆོག་ང་ཡིས་སྨྲས་པ་ཡིན། ཇི་ལྟར་སྨྲས་པ་རྣམས་ནི་ངས་བྱའོ༎

ཨི་ཛི་ཀི་ཨེལ 18

རང་རང་གི་ལས་འགན།

1གཙོ་བོ་དཀོན་མཆོག་གིས་ང་ལ་གསུངས་པ། 2ཨིསི་རཱཨེལ་གྱི་ཡུལ་དུ་མི་མང་ཚོ་ཡང་ཡང་གཏམ་དཔེ་དེའི་བཤད་དོན་ཅི་ཡིན་ནམ། ཕ་མ་ཚོ་རྒུན་འབྲམ་སྐྱུར་པོ་ཟས་ཡོད་མོད། འོན་ཀྱང་དེའི་བྲོ་བ་སྐྱུར་པོ་བུ་ཕྲུག་ཚོར་བྱུང་ཡོད་དོ། 3བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ང་འཚོ་བཞིན་པའི་དཀོན་མཆོག་དངོས་ཡིན་སྟབས། ཁྱོད་ཚོར་གཏམ་དཔེ་འདི་ཡང་ཡང་ཨིསི་རཱཨེལ་དུ་བཤད་དགོས་མི་ཡོང་ངོ་། 4མི་ཚང་མའི་མི་ཚེ་ང་ཡི་ལག་པར་ཡོད། ཕ་མ་ཚོ་དང་ཕྲུ་གུ་ཚོའི་མི་ཚེ་བཅས་པར་ང་ཡི་ལག་པར་ཡོད། སྡིག་པ་གྱིས་མཁན་མི་དེ་རང་འཆི་རྒྱུ་ཡིན་ནོ། 5དཔེར་ན་ཆ་བཞག་ན་དངོས་འབྲེལ་གྱི་མི་བཟང་པོ་དང་དྲང་བདེན་དང་དྲང་པོ་ཞིག་ཡོད་པ་དང། 6ཁོས་ཨིསི་རཱཨེལ་པ་ཚོའི་སྐུ་འདྲར་མི་མཆོད་དོ། ཡང་ན་འགག་བྱ་བྱེད་པའི་ལྷ་ཁང་དུ་ཕུལ་བའི་དམར་མཆོད་མི་ཟའོ། ཁོས་མི་གཞན་གྱི་ཆུང་མར་བསླུ་འཁྲིད་མི་བྱེད་པ་དང་། བུད་མེད་ཀྱི་ཟླ་མཚན་ཡོང་སྐབས་འཁྲིག་སྤྱོད་མི་བྱེད་དོ། 7ཁོས་གཞན་ལ་མགོ་བསྐོར་མི་གཏོང་བ་དང་སུ་ལ་ཡང་འཕྲོག་བཅོམ་མི་བྱེད་པ་དང་བུན་ལོན་གཡར་མཁན་གྱིས་གཏའ་མ་བཞག་པ་དེ་ཕྱིར་ལོག་བྱེད་དོ། ལྟོགས་པར་ཁ་ཟས་གཏེར་བ་དང་གཅེར་བུར་གོས་བྱིན་པ་དང་། 8ཁོས་མཁེ་བཟང་གི་ཆེད་དུ་དངུལ་མི་གཡར་བ་དང་། ཁོས་ངན་ལས་ཀྱི་བྱ་བ་མི་བྱེད་པ་དང་། འཁྲུགས་རྩོད་ལ་དྲང་པོའི་ཐག་བཅོད་བྱེད་ཀྱི་ཡོད་དོ། 9མི་དེས་ངའི་བཀའ་ལ་ཉན་པ་དང་། བཀའ་ཁྲིམས་ལ་ཟབ་ཟབ་ཀྱིས་སྲུང་བརྩི་བྱེད་པ་དང་། ཁོ་དྲང་ལྡན་ཡིན་པས་འཚོར་བར་འགྱུར་ཞེས། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་ངོ་། 10གལ་ཏེ་མི་དེ་ལ་བུ་འཕྲོག་བཅོམ་བྱ་མཁན་དང་མི་གསོད་མཁན་དང་། 11ཁོའི་རང་གི་ཕས་ནམ་ཡང་མ་བྱས་པའི་ལས་ཀ་དེ་ཚོ་བྱ་མཁན་ཞིག་ཡོད་པ་ཡིན་ན། ཁོས་འགག་བྱ་ཡོད་པའི་ལྷ་ཁང་ནང་དམར་མཆོད་ཕུལ་བ་རྣམས་ཟ་བ་དང་གཞན་གྱི་ཆུང་མར་བསླུ་འཁྲིད་བྱེད་པ་དང་། 12ཁོས་དབུལ་པོར་མགོ་བསྐོར་གཏོང་བ་དང་། འཕྲོག་བཅོམ་བྱེད་པ་དང་། བུན་ལོན་གཡར་མཁན་གྱི་གཏའ་མ་བཞག་པར་བདག་ཉར་བྱེད་པ་དང་། ཁོས་ཕྱི་པའི་ལྷ་ལ་མཆོད་ཡུལ་གྱི་ལྷ་ཁང་དུ་འགྲོ་བ་དང་། སྐྱུག་བྲོའི་སྐུ་འདྲ་ཚོར་མཆོད་པ་དང་། 13མཁེ་བཟང་གི་ཆེད་དུ་དངུལ་བུ་ལོན་གཏོང་བ་དང་། ཁོ་འཚོར་བར་འགྱུར་རམ། ཁོ་བདེན་པར་འཚོར་བར་མི་འགྱུར། ཁོས་སྐྱུ་བྲོའི་བྱ་བ་འདི་ཚོ་ཚང་མ་གྱིས་པར་བརྟེན། ཁོ་འཆི་བར་འགྱུར། ཁོ་རང་འཆི་བའི་འགན་དེ་ཁོ་རང་ལ་ཡོད་དོ། 14ད་དཔེར་ན་ཆ་བཞག་ན་མི་གཉིས་པ་དེ་ལ་བུ་ཞིག་ཡོད་པ་ཡིན་ན། ཁོས་རང་གི་ཕས་བྱས་པའི་སྡིག་པ་ཚང་མ་མཐོང་ན་ཡང་ཁོས་དེའི་མིག་དཔེའི་རྗེས་སུ་མི་འཇུག་གོ 15ཁོས་ཨིསི་རཱཨེལ་པ་ཚོའི་སྐུ་འདྲ་ཚོར་མི་མཆོད་པ་དང་འགག་བྱ་ཡོད་པའི་ལྷ་ཁང་དུ་དམར་མཆོད་ཕུལ་བ་མི་ཟ་བ་དང་། མི་གཞན་གྱི་ཆུང་མར་བསླུ་འཁྲིད་མི་བྱེད་པ་དང་། 16ཡང་ན་སུ་ཞིག་ལ་མནར་གཅོད་མི་གཏོང་བ་དང་འཕྲོག་བཅོམ་མི་བྱེད་པ་དང་། ཁོས་བུན་ལོན་གཡར་མཁན་གྱི་གཏའ་མ་བཞག་པ་དེ་ཕྱིར་ལོག་བྱེད་དོ། ཁོས་ལྟོགས་པར་ཁ་ཟས་སྟེར་བ་དང་གཅེར་བུར་གོས་བྱིན་ནོ། 17ཁོས་ངན་ལས་མི་བྱེད་པ་དང་། མཁེ་བཟང་གི་ཆེད་དུ་བུན་ལོན་མི་གཡར་བ་དང་། ཁོས་ངའི་བཀའ་ལ་ཉན་པ་དང་བཀའ་ཁྲིམས་སྲུང་བར་བྱེད་དོ། ཁོའི་ཕའི་སྡིག་པའི་རྐྱེན་གྱིས་ཁོ་མི་འཆི་བར་ཁོ་ངེས་གཏན་འཚོ་བར་འགྱུར་རོ། 18ཕྱོགས་གཞན་ལ་ཁོའི་ཕས་གཞན་ལ་མགོ་བསྐོར་བཏང་བ་དང་། འཕྲོག་བཅོམ་བྱས་པ་དང་། ཚང་མར་ཏག་ཏུ་ངན་པ་གྱིས་ཡོད་པ་དང་། ཁོ་རང་རང་ཉིད་ཀྱིས་སྡིག་པའི་རྐྱེན་གྱིས་ཁོ་འཆི་བ་ཡིན་ནོ། 19འོན་ཀྱང་ཁྱོད་ཀྱིས་ཁོའི་ཕའི་སྡིག་པའི་རྐྱེན་གྱིས་བུས་ཅི་ལ་སྡུག་བསྔལ་མྱོང་མི་དགོས་སམ་ཞེས་དྲིས་པ་ཡིན་ན། དེའི་ལན་དུ་བུས་དྲང་པོ་དང་བཟང་པོ་ཡིན་པ་འབའ་ཞིག་གྱིས་ཡོད་པ་དང་། ཁོས་ངའི་བཀའ་ཁྲིམས་སྲུང་བ་དང་ནན་ཏན་གྱིས་དེ་ཚོའི་རྗེས་སུ་འཇུག་པའི་དབང་གིས་ཁོ་ཏན་ཏན་འཚོ་བར་འགྱུར་རོ། 20སྡིག་པ་བྱ་མཁན་དེ་འཆི་བར་འགྱུར། ཕའི་སྡིག་པའི་སྡུག་བསྔལ་དེ་བུས་མྱོང་མི་དགོས་པ་དང་། བུའི་སྡིག་པའི་སྡུག་བསྔལ་དེ་ཕས་མྱོང་མི་དགོས་སོ། མི་བཟང་པོས་ལས་བཟང་པོ་གྱིས་པར་བྱ་དགའ་བྱིན་པ་དང་། མི་ངན་པས་ལས་ངན་པ་གྱིས་པར་སྡུག་བསྔལ་མྱོང་དགོས་སོ། 21མི་ངན་པ་ཞིག་གིས་སྡིག་པ་ཚང་མ་སྤངས་ནས་ཁོས་ངའི་བཀའ་ཁྲིམས་རྣམས་སྲུང་བ་དང་། ཁོས་དྲང་པོ་དང་བཟང་པོ་ཇི་ཡིན་པ་བྱས་པ་ཡིན་ན་ཁོ་འཆི་བར་མི་འགྱུར་ཁོ་ངེས་པར་གསོན་པོར་གནས་པར་འགྱུར། 22ཁོའི་སྡིག་པ་ཚང་མ་བཟོད་གསོལ་གནང་བ་དང་ཁོ་འཚོ་བར་འགྱུར། གང་ལ་ཟེར་ན། ཁོས་དྲང་པོ་ཇི་ཡིན་པ་གྱིས་ཡོད་དོ། 23ཁྱོད་ཀྱི་བསམ་བློར་མི་ངན་པ་ཞིག་འཆི་བར་ང་དགའ་གི་རེད་བསམ་གྱི་འདུག་གམ། ཞེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་འདྲི་བ་ཡིན། དེ་ལྟར་མ་ཡིན། ཁོས་འགྱོད་པ་སྐྱེས་ནས་འཚོ་བར་འདོད་པ་དེ་ངས་མཐོང་འདོད་ཡོད་དོ། 24འོན་ཀྱང་མི་དྲང་ལྡན་ཞིག་གིས་བཟང་པོ་བྱ་རྒྱུ་མཚམས་འཇོག་བྱས་ནས་མི་ངན་པ་ཚོས་བྱེད་པའི་སྐྱུག་བྲོའི་ལས་རྣམས་བྱ་འགོ་འཇུག་པ་ཡིན་ན། ཁོ་འཚོ་བར་སྡོད་ཐུབ་བམ། ངེས་གཏན་སྡོད་མི་ཐུབ། ཁོས་བཟང་པོ་བྱས་པ་རྣམས་གང་ཡང་དྲན་པར་མི་འགྱུར། ཁོའི་དམ་ཚིག་མི་གཙང་བ་དང་སྡིག་པ་གྱིས་པའི་རྐྱེན་གྱིས་ཁོ་འཆི་བར་འགྱུར་རོ། 25འོན་ཀྱང་ཁྱོད་ཚོས་གཙོ་བོས་ཇི་ལྟར་མཛད་པ་རྣམས་དྲང་བདེན་མིན་ཞེས་ཟེར་རམ། ཨིསི་རཱཨེལ་པ་ཁྱོད་ཚོ་ང་ལ་ཉོན་ཞིག། ཁྱོད་ཚོའི་བསམ་བློར་ངའི་བྱེད་ལུགས་རྣམས་དྲང་བདེན་མ་རེད་བསམ་གྱི་འདུག་གམ། དྲང་བདེན་མིན་པ་དེ་ཁྱོད་ཚོའི་བྱེད་ལུགས་དེ་ཡིན། 26མི་དྲང་ལྡན་ཞིག་གིས་བཟང་པོ་བྱ་རྒྱུ་མཚམས་འཇོག་གྱིས་ནས་ངན་པ་བྱེད་འགོ་འཇུག་པ་ཡིན་ན་ཁོ་འཆི་བར་འགྱུར། ཁོས་ལས་ངན་པ་བྱས་པའི་རྐྱེན་གྱིས་ཡིན་ནོ། 27མི་ངན་པ་ཞིག་གིས་སྡིག་པ་བྱ་རྒྱུ་མཚམས་འཇོག་གྱིས་ནས་དྲང་བདེན་ཇི་ཡིན་གྱིས་པ་ཡིན་ན་ཁོས་རང་སྲོག་སྐྱོབས་པ་ཡིན་ནོ། 28ཁོས་རང་གིས་ཇི་བྱེད་པ་ཤེས་ནས་སྡིག་པ་བྱ་རྒྱུ་མཚམས་འཇོག་པས་ཁོ་ངེས་གཏན་མི་འཆི་བར་མུ་མཐུད་འཚོ་བར་འགྱུར། 29ཨིསི་རཱཨེལ་པ་ཁྱོད་ཚོས་གཙོ་བོའི་ཇི་ལྟར་གནང་བ་དྲང་བདེན་མིན་ཞེས་བ་དང་། ཁྱོད་ཚོའི་བསམ་བློར་ངའི་བྱེད་ལུགས་དེ་དྲང་བདེན་མ་རེད་བསམ་གྱི་འདུག་གམ། དངོས་འབྲེལ་ཁྱོད་ཚོའི་བྱེད་ལུགས་རྣམས་དྲང་བདེན་མ་ཡིན་ནོ། 30ད་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ཨིསི་རཱཨེལ་པ་ཁྱོད་ཚོར། ཁྱོད་ཚོ་རེ་རེར་ཇི་ལྟར་གྱིས་པར་ཁྲིམས་གཅོད་བྱ་རྒྱུ་ཡིན ཁྱོད་ཚོས་བྱེད་བཞིན་པའི་ལས་ངན་པ་རྣམས་ལས་ཁ་བསྒྱུར་ནས་ཁྱོད་ཚོའི་སྡིག་པས་ཁྱོད་ཚོར་མེད་པར་བཟོ་རུ་མ་འཇུག་ཅིག 31ཁྱོད་ཚོས་བྱེད་བཞིན་པའི་ལས་ངན་པ་རྣམས་སྤངས་ནས་སོ་སོར་སེམས་དང་སྙིང་གསར་པ་ཐོབ་པར་བྱོས་ཤིག ཨིསི་རཱཨེལ་པ་ཁྱོད་ཚོ་ཅི་ལ་འཆི་བར་འདོད་དམ། 32ང་ནི་ཁྱོད་ཚོ་སུ་ཡང་འཆི་བར་མི་འདོད་ཅེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་ངོ་། ཁྱོད་ཚོའི་སྡིག་པ་ལས་ཁ་བསྒྱུར་ནས་འཚོ་བར་བྱོས་ཤིག།

ཨི་ཛི་ཀི་ཨེལ 19

སྡུག་བསྔལ་གྱི་མགུར་མ།

1གཙོ་བོ་དཀོན་མཆོག་གིས་ང་ལ་ཨིསི་རཱཨེལ་གྱི་རྒྱལ་སྲས་གཉིས་ཀྱི་ཆེད་དུ་སྡུག་བསྔལ་གྱི་མགུར་མ་ལེན་ཞིག་གསུངས་སོ། 2ཁྱེད་ཀྱི་མ་ནི་སེང་གེའི་མ་དང་འདྲ། མོ་ཡིས་སེང་ཕྲུག་སེང་གེ་གཞོན་པའི་ཁྲོད་དུ་སྐྱོངས། 3མོ་ཡིས་སེང་ཕྲུག་སྐྱོངས་ཞིང་ཁྱི་ར་རྒྱབ་རྒྱུ་བསླབས། ཁོ་ནི་མི་རྣམས་ཟ་མཁན་ཞིག་ཏུ་འགྱུར། 4མི་རིགས་ཚོ་ཡིས་ཁོ་ཡི་སྐོར་ལ་ཐོས། དོང་ཞིག་བྲུས་པས་རྙི་ནང་ཁོ་ལ་བཟུང་། དེ་ཚོས་ལྕགས་ཀྱུས་ཨི་ཇིབ་ཡུལ་དུ་འདྲུད། 5མོ་ཡིས་རེ་བ་མ་རྫོགས་བར་དུ་སྒུགས། དེ་ནས་མོ་ཡིས་སེང་ཕྲུག་གཞན་ཞིག་སྐྱོངས། ཁོ་ནི་སེང་གེ་འཇིགས་རུང་ཞིག་ཏུ་འགྱུར། 6ཁོ་ནི་འཚར་ལོངས་ཆ་ཚང་བྱུང་བའི་སྐབས། ཁོ་ནི་སེག་གེ་གཞན་མཉམ་འཁྱམས་ནས་སོང་། ཁོ་ཡང་ཁྱི་ར་བརྒྱབ་རྒྱུ་སླབ་ནས་མི་ཤ་ཟ་མཁན་འགྱུར། 7ཁོ་ཡིས་མཁར་བཤིགས་གྲོང་ཁྱེར་གྱང་གོག་བཟོས། ཁོ་ཡི་ངར་སྐད་ཐོས་སྐབས་ཡུལ་མི་འཇིགས། 8མི་རིགས་ཁོ་ལ་འཐབ་འཛིངས་བྱེད་པར་འཛོམས། ས་ཕྱོགས་ཀུན་ནས་མི་མང་སླེབས་ཡོང་བས། དེ་ཚོས་ཁྱི་ར་རྒྱབ་རྒྱུའི་དྲ་བ་བཀྲམས། དེ་ཚོའི་རྙིའི་ནང་ཁོ་ལ་བཟུང་ངོ། 9དེ་ཚོས་ཁོ་ལ་ལྕགས་ཁྲ་ཞིག་ནང་བླུགས། ཁོ་ལ་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་དྲུང་དུ་འཁྲིད། ཨིསི་རཱཨེལ་ཡུལ་གྱི་རི་བོའི་རྣམས་སྟེང་དུ། ཁོ་ཡི་ངར་སྐད་ནམ་ཡང་མི་ཐོས་ཆེད། དེ་ཚོས་ཁོ་ལ་སྲུང་སྐྱོབས་གྱིས་ནས་བཞག། 10ཁྱོད་ཀྱི་མ་ནི་རྒྱུགས་ཆུའི་ཉེ་འགྲམ་བཙུགས། རྒུན་ཤིང་ལྟ་བུ་ཞིག་ཡོད་དོ། གང་ལ་ཟེར་ན་ཆུ་ནི་འབོལ་པོ་ཡོད། རྒུན་ཤིང་དེ་ལ་ལོ་མ་འབྲས་བུས་བསྟུམ། 11དེ་ཡི་ཡལ་ག་རྣམས་ནི་བརྟན་པོ་ཡོད། རྒྱལ་པོའི་འཁར་རྒྱུགས་ཡོང་ཕྱིར་སྐྱེས་ཞིང་ཡོད། རྒུན་ཤིང་སྤྲིན་པར་ཐུག་པའི་རིང་པོར་ཆགས། ལོ་མ་རིང་པོ་ཡོད་པ་ཚང་མས་མཐོང་། 12ཁྲོ་བའི་ལག་པས་དེ་ཡི་རྩ་ནས་བཏོན། དེ་ནི་ས་ཡི་ཁ་རུ་དབྱུགས་ནས་བཞག། ཤར་རླུང་གིས་ནི་དེ་ཡི་འབྲས་བུ་བསྐམ། དེ་ཡི་ཡལ་ག་རྣམས་ནི་བཅད་དོ། དེ་ཚོ་སྐམ་ནས་མེ་ལ་བུས་ཤིང་ཡོད། 13ས་དེ་སྐམ་པོ་དང་ནི་ཆུ་མེད་ཡུལ། མི་མེད་ལུང་སྟོང་ནང་དུ་བཙུགས་ཡོད་དོ། 14རྒུན་ཤིང་སྡོང་པོར་མེ་ནི་འབར་བ་དང། དེ་ཡིས་ཡལ་ག་དང་ནི་འབྲས་རྣམས་ཚིག། ཡལ་ག་བརྟན་པོ་སླར་ཡང་མི་ཡོང་ངོ་། དེ་ཡི་རྒྱལ་པོའི་འཁར་རྒྱུགས་སླར་མི་ཡོང་། འདི་ནི་སྡུག་བསྔལ་གྱི་མགུར་མ་ཞིག་ཡིན་པ་དང་དེ་ཡང་ཡང་ལེན་ཡོད་པ་ཡིན་ནོ༎

ཨི་ཛི་ཀི་ཨེལ 20

གཙོ་བོ་དཀོན་མཆོག་གི་ཐུགས་དགོངས་དང་མིའི་ངོ་རྒོལ།

1དེ་ནི་ང་ཚོའི་བཙན་བྱོལ་གྱི་ལོ་བདུན་དང་ཟླ་བ་ལྔ་པའི་ཉིན་བཅུ་པའི་སྐབས་སུ། ཨིསི་རཱཨེལ་གྱི་མི་སྡེའི་འགོ་འཁྲིད་འགའ་ཤས་ངའི་སར་གཙོ་བོ་དཀོན་མཆོག་གི་ཐུགས་དགོངས་སྐོར་གོ་བསྡུར་བྱེད་པར་ཡོང་བ་དང་། དེ་ཚོ་ངའི་མདུན་དུ་མར་བསྡད་དོ། 2དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་མོལ་གནང་བ་ནི། 3ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་འདི་ཚོ་ལ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་གསུངས་བཞིན་ཡོད་པ་སྨྲོས་ཤིག ཁྱོད་ཚོ་འདིར་ངའི་འདོད་པ་འདྲི་བར་ཡོང་བར་རེད་དམ། ང་ནི་འཚོ་བཞིན་པའི་དཀོན་མཆོག་དངོས་ཡིན་སྟབས། ངས་ཁྱོད་ཚོར་ང་ལ་སྐད་ཆ་གང་ཡང་འདྲི་རུ་འཇུག་རྒྱུ་མིན་ཞེས། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 4ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཀྱིས་དེ་ཚོ་ལ་ཁྲིམས་གཏོང་རྒྱུར་གྲ་སྒྲིགས་ཡོད་དམ། དེ་བཞིན་བྱོས་ཤིག། དེ་ཚོ་ལ། དེ་ཚོའི་ཕ་མེས་ཚོས་སྐྱུག་བྲོའི་བྱ་བ་བྱས་པ་རྣམས་དྲན་གསོ་བྱོས་ཤིག 5དེ་ཚོ་ལ་ངས་ཇི་ལྟར་སྨྲ་བཞིན་ཡོད་པ་བརྗོད་ཅིག། ངས་ཨིསི་རཱཨེལ་ལ་འདམས་པའི་སྐབས་སུ་ངས་དེ་ཚོ་ལ་ཁས་ལེན་ཞིག་གྱིས་ཡོད། ང་རང་གི་དེ་ཚོ་ལ་ཨི་ཇིབ་དུ་གསལ་སྟོན་གྱིས་ནས་ང་ནི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཡིན་ཞེས་སྨྲས་ཡོད་དོ། 6སྐབས་དེར་ངས་དེ་ཚོ་ཨི་ཇིབ་ནས་འདོན་རྒྱུ་དང་དེ་ཚོར་ངས་འདམས་པའི་ཡུལ་ཡོངས་ཀྱི་ནང་ནས་ལེགས་ཤོས་དང་ཕྱུག་པོ་དང་། ས་ལུད་འཛོམས་པོ་དེར་སྣེ་འཁྲིད་བྱ་རྒྱུའི་ཁས་ལེན་གྱིས་ཡོད། 7ངས་དེ་ཚོ་ལ་དེ་ཚོས་བརྩེ་བའི་སྐྱུག་བྲོའི་སྐུ་འདྲ་རྣམས་དབྱུགས་དགོས་པ་དང་། ཨི་ཇིབ་ཀྱི་ལྷ་རྫུན་མ་མཉམ་དུ་རང་ཉིད་མི་གཙང་བ་མ་བཟོ་ཞེས་སྨྲས་ཡོད་དོ། གང་ལ་ཟེར་ན། ང་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་ཡིན་ནོ། 8འོན་ཀྱང་དེ་ཚོས་ང་ལ་ངོ་རྒོལ་བྱས་ནས་ངས་བཤད་པར་ཉན་རྒྱུར་ཁས་ལེན་མ་བྱས་སོ། དེ་ཚོས་སྐྱུག་བྲོའི་སྐུ་འདྲ་ཚོ་ཕར་མ་དབྱུགས་པ་དང། ཡང་ན་ཨི་ཇིབ་པའི་ལྷ་པའི་ལྷ་རྣམས་སྤངས་མེད་དོ། དེར་ཨི་ཇིབ་དུ་ངས་དེ་ཚོ་ལ་ཁྲོ་བའི་ནུས་ཤུགས་ཀྱི་འཚོར་བ་བྱ་རྒྱུའི་གྲ་སྒྲིགས་ཡོད། 9འོན་ཀྱང་ངས་དེ་ལྟར་བྱས་མེད། གང་ལ་ཟེར་ན། དེ་ཚོ་གནས་སྡོད་བྱ་ཡུལ་གྱི་མི་མང་ཚོའི་ཁྲོད་དུ་ངས་ཨིསི་རཱཨེལ་པ་ཚོར་ངས་དེ་ཚོ་ཨི་ཇིབ་ནས་ཕྱིར་འདོན་གྱི་ཡིན་ཞེས་གསལ་སྒྲགས་བྱས་ཡོད་སྟབས་ངའི་མིང་ལ་དམའ་འབེབས་ཡོང་རྒྱུ་ཡིན་ནོ། 10དེར་བརྟེན་ངས་དེ་ཚོ་ཨི་ཇིབ་ནས་བཏོན་ནས་འབྲོག་སྟོང་དུ་སྣེ་འཁྲིད་བྱས་པ་ཡིན། 11ངས་དེ་ཚོ་ལ་བཀའ་བསླབ་ནས་ངའི་བཀའ་ཁྲིམས་སྦྱོང་དར་སྤྲད་ཡོད་པས། དེ་ལ་ཉན་མཁན་རྣམས་ལ་སྲོག་ཐོབ་པར་འགྱུར་རོ། 12ང་གཙོ་བོ་དཀོན་མཆོག་དེ་ཚོ་དམ་པ་བཟོ་མཁན་ཡིན་པ་དྲན་གསོ་བྱེད་པའི་ཆེད་ངལ་གསོ་བའི་ཞག་ལ་སྲུང་བརྩི་བྱ་རྒྱུ་དེ་ང་ཚོའི་དབར་གྱི་མཐུན་སྒྲིགས་ཀྱི་རྟག་མཚན་འཇོག་ཡོད་དོ། 13འོན་ཀྱང་དེ་ཚོས་འབྲོག་སྟོང་ནང་ང་ལ་ངོ་རྒོལ་བྱས་ཡོད། དེ་ཚོས་ངའི་བཀའ་ཁྲིམས་དང་འགལ་བས་ངའི་བཀའ་ལ་ཁས་ལེན་གྱིས་མེད་དོ། དེ་ཚོ་ལ་སྲུང་བརྩི་བྱ་མཁན་ཚོར་སྲོག་ཐོབ་པར་འགྱུར། དེ་ཚོས་ངལ་གསོ་བའི་ཞག་བརྩི་མེད་ཆ་ཚང་བྱས་ཡོད། འབྲོག་སྟོང་དུ་ངས་དེ་ཚོ་ལ་ང་ཁྲོ་བའི་ནུས་ཤུགས་ཀྱི་འཚོར་བ་ཡོང་བ་བྱ་རྒྱུ་དང་དེ་ཚོ་མེད་པར་བཟོ་རྒྱུའི་གྲ་སྒིགས་ཡོད་དོ། 14འོན་ཀྱང་ངས་དེ་ལྟར་གྱིས་མེད་དོ། གང་ལ་ཟེར་ན། ངས་དེ་ཚོ་ལ་ཨི་ཇིབ་ནས་སྣེ་འཁྲིད་བྱས་པ་མཐོང་མཁན་གྱི་མི་རིགས་ཚོའི་ཁྲོད་དུ་ངའི་མིང་ལ་དམའ་འབེབས་ཡོང་རྒྱུ་ཡིན་ནོ། 15དེར་བརྟེན་ངས་འབྲོག་སྟོང་དུ་དེ་ཚོ་ལ་སྤྲད་པའི་ཡུལ་གྱི་ནང་ནས་ལེགས་ཤོས་དང་ཕྱུག་པོ་དང་ས་ལུད་འཛོམས་པའི་ཡུལ་དེར་མ་འཁྲིད་རྒྱུའི་དམ་བཅའ་གྱིས་པ་ཡིན་ནོ། 16དེ་ཚོས་ངའི་བཀའ་ལ་མ་བརྩི་བ་དང་ངའི་བཀའ་ཁྲིམས་དང་འགལ་བ་དང་ངལ་གསོ་བའི་ཞག་བརྩི་མེད་ཆ་ཚང་བྱས་པ་དང་། དེ་ཚོའི་སྐུ་འདྲར་མཆོད་རྒྱུར་འདམས་པ་ཡིན་སྟབས་དམ་བཅའ་དེ་གྱིས་པ་ཡིན་ནོ། 17འོན་ཀྱང་དེ་ཚོ་ལ་སྙིང་རྗེ་སྐྱེས་བྱུང་། ངས་དེ་ཚོ་ལ་འབྲོག་སྟོང་དུ་མི་གསོད་རྒྱུའི་ཐག་གཅོད་བྱས་པ་ཡིན། 18དེའི་ཚབ་ལ་དེ་ཚོའི་ཁྲོད་ཀྱི་སྐྱེ་བོ་ན་གཞོན་ཚོར་ཁྱོད་རང་ཚོའི་ཕ་མེས་ཚོས་བཟོས་པའི་ཁྲིམས་ལ་སྲུང་བརྩི་མ་བྱེད་ཅིག དེ་ཚོའི་ལུགས་སྲོལ་གྱི་རྗེས་སུ་མ་འབྲངས་ཤིག། ཁྱོད་རང་ཚོར་དེ་ཚོའི་སྐུ་འདྲས་མི་གཙང་བ་བཟོ་རུ་མ་འཇུག་ཅིག་ཅེས་ཉེན་བརྡ་བཏང་ཡོད་དོ། 19ང་ནི་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཡིན་ནོ། ངའི་བཀའ་ཁྲིམས་དང་བཀའ་ལ་ཉོན་ཞིག། 20ངལ་གསོ་བའི་ཞག་དེ་བཞིན་ང་ཚོའི་དབར་བཞག་པའི་དམ་བཅའི་རྟགས་སུ་མཚོན་པ་དང་དེས་ང་གཅོ་བོ་དཀོནམ་ཆོག་ཁྱོད་ཚོའི་དཀོན་མཆོག་ཡིན་པ་ཁྱོད་ཚོ་ལ་དྲན་གསོ་བྱེད་པར་འགྱུར། དེ་རྐྱེན་ངལ་གསོ་བའི་ཞག་དམ་པར་བཞོག་ཅིག། 21འོན་ཀྱང་མི་རབས་དེ་ཀྱང་ང་ལ་ངོ་རྒོལ་བྱས་སོ། དེ་ཚོས་ངའི་བཀའ་ཁྲིམས་དང་འགལ་བ་དང་། སུས་ཉན་ཀྱང་སྲོག་ཐོབ་པའི་ངའི་བཀའ་ལ་སྲུང་བརྩི་གྱིས་མེད་པ་དང་། དེ་ཚོས་ངལ་གསོ་བའི་ཞག་བརྩི་མེད་བྱས་པ་དང་། ངས་འབྲོག་སྟོང་དེ་རང་ལ་ང་ཁྲོ་བའི་ནུས་ཤུགས་ཀྱིས་འཚོར་བ་ཡོང་བ་བྱ་རྒྱུ་དང་ཚང་མར་གསོད་རྒྱུར་གྲ་སྒྲིགས་ཡོད་དོ། 22འོན་ཀྱང་ངས་དེ་ལྟར་བྱས་མེད་དོ། གང་ལ་ཟེར་ན། ངས་ཨིསི་རཱཨེལ་པ་ཚོ་ཨི་ཇིབ་ནས་འཁྲིད་པ་མཐོང་མཁན་གྱི་མི་རིགས་ཚོའི་ཁྲོད་དུ་ངའི་མིང་ལ་དམའ་འབེབས་ཡོང་རྒྱུ་ཡིན་ནོ། 23དེར་བརྟེན་ངས་འབྲོག་སྟོང་དུ་དམ་བཅའ་གཞན་ཞིག་བཞག་པ་ཡིན། ངས་དེ་ཚོ་ལ་འཛམ་གླིང་ཡོངས་ལ་ཁ་གཏོར་རྒྱུའི་དམ་བཅའ་གྱིས་ཡོད། 24ངས་དེ་ལྟར་གྱིས་དགོས་དོན་ནི་དེ་ཚོས་ངའི་བཀའ་ལ་ཁས་ལེན་མ་བྱས་པ་དང་། ངའི་བཀའ་ཁྲིམས་དང་འགལ་ཞིང་ངལ་གསོ་བའི་ཞག་བརྩི་མེད་བྱས་པ་དང་། དེ་ཚོའི་ཕ་མེས་ཚོས་ཞབས་ཞུ་བྱེད་པའི་སྐུ་འདྲ་དེ་ཚོ་རང་ལ་མཆོད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་ནོ། 25དེ་ནས་ངས་དེ་ཚོ་ལ་བཟང་པོ་མེད་པའི་བཀའ་ཁྲིམས་དང་སྲོག་མི་ཐོབ་པའི་བཀའ་རྣམས་སྤྲད་པ་ཡིན། 26ངས་དེ་ཚོའི་རང་གི་འབུལ་བས་དེ་ཚོ་རང་ཉིད་ལ་མི་གཙང་བ་བཟོས་བཙུག་བ་དང་། དེ་ཚོའི་རང་གི་སྔོན་སྐྱེས་ཀྱི་བུ་ཚོ་ཡང་དམར་མཆོད་འབུལ་དུ་འཇུག་གོ དེ་ནི་དེ་ཚོ་ལ་ཉེས་ཆད་དང་ང་གཙོ་བོ་དཀོན་མཆོག་ཡིན་པ་སྟོན་ཆེད་ཡིན་ནོ། 27དེ་བས་ན་ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཀྱིས་ཨིསི་རཱཨེལ་པ་ཚོར་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲ་བ་རྣམས་ཤོད་ཅིག དེ་ནི་དེ་ཚོའི་ཕ་མེས་ཚོས་དེ་ཚོའི་དམ་ཚིག་མི་གཙང་བའི་ཐོག་ནས་ང་ལ་དམའ་འབེབས་བྱས་པའི་ལམ་གཞན་པ་ཞིག་ཡིན་ནོ། 28ངས་དེ་ཚོ་ལ་སྤྲོད་རྒྱུ་ཁས་ལེན་གྱིས་པའི་ཡུལ་དེར་འཁྲིད་ཡོད་དོ། དེ་ཚོས་རི་མཐོ་པོ་དང་ཤིང་སྡོང་ལྗང་ཁུ་མཐོང་སྐབས་དེ་ཚོ་ཚང་མར་དམར་མཆོད་ཕུལ་ལོ། དེ་ཚོས་སྦྱིན་སྲེག་གི་དམར་མཆོད་དང་འབུལ་བ་ལྟར་འཁྱེར་ཡོང་བའི་རྒུན་ཆང་གིས་ང་ཁྲོ་རུ་འཇུག་གོ 29ངས་དེ་ཚོ་ལ་ཁྱོད་ཚོ་འགྲོ་སའི་ས་གནས་མཐོ་པོ་དེ་ཚོ་ཅི་ཡིན་ཞེས་དྲིས་པ་དང་། དེ་ནས་བཟུང་ད་ལྟ་བར་དེ་ཚོར་ས་ཆ་མཐོ་པོ་ཞེས་གྲགས་སོ། 30ད་ཨིསི་རཱཨེལ་པ་ཚོར་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲ་བ་ཤོད་ཅིག ཁྱོད་ཚོས་ཅི་ལ་ཁྱོད་ཚོའི་ཕ་མེས་ཚོས་བྱེད་པའི་སྡིག་པ་ད་ག་རང་བྱས་ནས་དེ་ཚོའི་སྐུ་འདྲའི་རྗེས་སུ་ཅི་ལ་རྒྱུགས་པ་ཡིན་ནམ། 31དུས་དེ་རིང་གི་བར་ཁྱོད་ཚོས་འབུལ་བ་ད་ག་རང་འབུལ་བ་དང་མེའི་དཀྱིལ་དུ་རང་གི་ཕྲུག་གུ་ཚོ་ལ་མཆོད་པར་ཕུལ་ནས་སྐུ་འདྲ་ད་ག་རང་མཉམ་དུ་ཁྱོད་རང་མི་གཙང་བ་བཟོ་བཞིན་ཡོད། དེ་ནས་ད་དུང་ཨིསི་རཱཨེལ་པ་ཁྱོད་ཚོ་ངའི་སར་ངའི་ཐུགས་དགོངས་ཇི་ཡིན་འདྲི་བར་ཡོང་ངོ་། ངེས་གཏན་ཡོད་པ་ལྟར་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་འཚོ་བཞིན་པའི་དཀོན་མཆོག་ཡིན་སྟབས། ངས་ཁྱོད་ཚོར་ང་ལ་གང་ཡང་འདྲི་རུ་འཇུག་རྒྱུ་མིན་ནོ། 32ཁྱོད་ཚོ་མི་རིགས་གཞན་ཚོ་དང་ཡུལ་གཞན་ལ་བསྡད་མཁན་ཤིང་སྡོང་དང་བྲག་ཚོར་མཆོད་མཁན་ལྟར་ཡོང་རྒྱུར་ཐག་བཅད་ཡོད། འོན་ཀྱང་དེ་ལྟར་ནམ་ཡང་མི་ཡོང་ངོ་༎

དཀོན་མཆོག་གིས་ཉེས་ཆད་དང་བཟོད་གསོལ།

33བདེན་པར་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་འཚོ་བཞིན་པའི་དཀོན་མཆོག་དངོས་ཡིན་སྟབས། ང་ཁྲོ་བའི་སྐབས་སུ་ངའི་མཐུ་སྟོབས་ཡོངས་ཀྱི་ནུས་ཤུགས་ཆེན་པོས་ངས་ཁྱོད་ཚོའི་སྟེང་དབང་བསྒྱུར་བྱེད་ཀྱི་ཡིན། 34ངས་ཁྱོད་ཚོ་མཉམ་དུ་བསྡུས་ནས་ཁྱོད་ཚོ་ཁ་འཐོར་ནས་གནས་ཡུལ་ཚང་མ་ནས་ཕྱིར་འཁྲིད་སྐབས་ཁྱོད་ཚོར་ངའི་མཐུ་སྟོབས་དང་ངའི་ཁྲོ་བ་སྟོན་རྒྱུ་ཡིན་ནོ། 35ངས་ཁྱོད་ཚོ་མི་རིགས་རྣམས་ཀྱི་འབྲོག་སྟོང་དུ་འཁྲིད་ནས་དེར་ཁྱོད་ཚོའི་མདུན་དུ་སྐྱོན་བརྫོད་བྱ་རྒྱུ་ཡིན་ནོ། 36ངས་ཁྱོད་ཚོའི་ཕ་མེས་ཚོར་སི་ནཨེའི་འབྲོག་སྟོང་དུ་ཇི་ལྟར་སྐྱོན་བརྫོད་བྱེད་པ་ལྟར་ད་ཆ་ཁྱོད་ཚོར་སྐྱོན་བརྫོད་བྱ་རྒྱུ་ཡིན་ནོ། ཞེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་ངོ་། 37ངས་ཁྱོད་ཚོར་དབང་བསྒྱུར་བརྟན་པོ་བྱ་རྒྱུ་དང་། ངའི་དམ་བཅའ་ལ་བརྩི་བཀུར་ཞུ་རུ་འཇུག་རྒྱུ་ཡིན་ནོ། 38ངས་ཁྱོད་ཚོའི་ཁྲོད་ནས་ངོ་ལོག་མཁན་དང་སྡིག་ཅན་ཚོ་ཕྱིར་འཁྲིད་རྒྱུ་ཡིན་ནོ། ངས་དེ་ཚོ་ད་ལྟ་ཁྱོད་ཚོ་བསྡད་པའི་ཡུལ་ཚོ་ནས་ཕྱིར་འདོན་བྱ་རྒྱུ་ཡིན་ཡང་ངས་དེ་ཚོ་ལ་ཨིསི་རཱཨེལ་ཡུལ་དུ་ལོག་འཇུག་རྒྱུ་མ་ཡིན་ནོ། དེ་ནས་ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 39བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བར། ད་ཨིསི་རཱཨེལ་པ་ཁྱོད་ཚོ་སོང་ལ་ཁྱོད་ཚོས་འདོད་པ་ལྟར་བྱོས་ཤིག ཁྱོད་ཚོའི་སྐུ་འདྲ་ཚོའི་ཞབས་ཕྱི་ཞུས་ཤིག། འོན་ཀྱང་ངས་ཉེན་བརྡ་གཏོང་བའི་རྗེས་སུ་ཁྱོད་ཚོས་ངའི་བཀའ་ལ་ཉན་དགོས་པ་དང་། ཁྱོད་ཚོའི་སྐུ་འདྲ་ཚོར་འབུལ་བ་ཕུལ་ནས་ངའི་མིང་དམ་པར་བརྩི་མེད་བྱ་རྒྱུ་དེ་ཚོ་མཚམས་འཇོག་བྱེད་དགོས་སོ། 40དེའི་ཡུལ་གྱི་རི་བོ་དམ་པའི་ཨིསི་རཱཨེལ་གྱི་རི་མཐོ་པོར་ཨིསི་རཱཨེལ་གྱི་མི་མང་ཁྱོད་ཚོ་ཚང་མས་ང་ལ་བསྙེན་བཀུར་ཞུ་བར་བྱེད་དོ། ང་ཁྱོད་ཚོ་མཉམ་དུ་དགའ་བ་དང་། ཁྱོད་ཚོས་ང་ལ་དམར་མཆོད་རྣམས་དང་ཁྱོད་ཚོའི་འབུལ་བ་ལེགས་ཤོས་དང་ཁྱོད་ཚོའི་དམ་པའི་འབུལ་བ་འབུལ་བའི་ངས་རེ་བ་བྱེད་དོ། 41ངས་ཁྱོད་ཚོ་ཁ་གཏོར་བའི་ཡུལ་ཚོ་ནས་ཕྱིར་འཁྲིད་པ་དང་། ཁྱོད་ཚོ་དང་མཉམ་དུ་འདུ་འཛོམས་བྱས་པའི་རྗེས་ལ་ཁྱོད་ཚོས་སྲེག་པའི་དམར་མཆོད་ལ་ངས་ངོས་ལེན་བྱེད་པ་དང་མི་རིགས་ཚོས་ང་དམ་པ་ཡིན་པ་མཐོང་བར་འགྱུར་རོ། 42ངས་ཁྱོད་ཚོའི་ཕ་མེས་ཚོར་སྤྲོད་རྒྱུ་ཁས་ལེན་གྱིས་པའི་ཡུལ་ཨིསི་རཱཨེལ་དུ་ཕྱིར་འཁྲིད་སྐབས། ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། 43ད་ནས་ཁྱོད་ཚོས་དམའ་འབེབས་ཅན་གྱི་བྱ་བ་གྱིས་པ་དང་། ཁྱོད་ཚོས་རང་ལ་མི་གཙང་བ་ཇི་ལྟར་བཟོས་པ་རྣམས་དྲན་པར་འགྱུར། ཁྱོད་ཚོས་ངན་པའི་བྱ་བ་གྱིས་པའི་རྐྱེན་གྱིས་རང་གིས་རང་ལ་ཞེན་ལོག་སྐྱེས་པར་འགྱུར་རོ། 44ངས་ངའི་མཚན་ལ་སྲུང་སྐྱོབས་བྱ་རྒྱུའི་ལས་འགུལ་བྱེད་སྐབས་ཨིསི་རཱཨེལ་པ་ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། གང་ལ་ཟེར་ན། ངས་ཁྱོད་ཚོའི་སྤྱོད་ངན་དང་ངན་པའི་བྱ་སྤྱོད་ལ་དགོས་ངེས་ལྟར་བྱས་མེད་ཅེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་ངོ་༎

ལྷོ་ཕྱོགས་སུ་མེ།

45གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་མོལ་གནང་བ་ནི། 46ཀྱེ་མི་རྟག་པའི་སྐྱེ་བོ་ལྷོ་ཕྱོགས་སུ་ལྟོས་ཤིག། ལྷོ་ཕྱོགས་ལ་རྒོལ་གཏམ་དང་ལྷོ་ཕྱོགས་ཀྱི་ཤིང་ནགས་ཚོའི་ཐོག་ལུང་སྟོན་ཞིག 47ལྷོ་ཕྱོགས་ཀྱི་ཤིང་ནག་ཚོར་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲ་བ་ཉོན་ཞིག་ཅེས་སྨྲོས་ཤིག ལྟོས་ཤིག། ངས་མེ་ཞིག་སྤར་རྒྱུ་དང་དེས་ཁྱོད་ཚོའི་ནང་ཡོད་པའི་ཤིང་སྡོང་ལྗང་ཁུ་དང་སྐམ་པོ་བཅས་པ་ཚང་མ་བསྲེགས་པར་བྱེད་དོ། དེ་གང་གིས་ཀྱང་གསོད་པར་མི་ནུས་སོ། དེ་ནི་ལྷོ་ནས་བྱང་དུ་འཕེལ་བ་དང་ཚང་མར་མེ་ལྕེ་དེའི་ཚ་དྲོད་ཀྱི་འཚོར་བ་ཡོང་ངོ་། 48དེ་ཚོས་ང་གཙོ་བོ་དཀོན་མཆོག་གིས་མེ་དེ་སྤར་བ་དང་སུས་ཀྱང་དེ་གསོད་མི་ཐུབ་པ་མཐོང་བར་འགྱུར་རོ། 49འོན་ཀྱང་ངས་འགོག་ཐབས་ཞུས་ནས། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ང་ལ་དེ་ལྟར་བྱེད་དུ་མ་འཇུག་རོགས་གནང་། ཚང་མས་ངས་གཏམ་དཔེ་ཐོག་ནས་ཤོད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་དོ་ཅེས་ཞུས་སོ༎

ཨི་ཛི་ཀི་ཨེལ 21

གཙོ་བོ་དཀོན་མཆོག་གི་རལ་གྲི།

1གཙོ་བོ་དཀོན་མཆོག་གི་ང་ལ་གསུངས་པ། 2ཀྱེ་མི་རྟག་པའི་སྐྱེ་བོ་ཡེ་རུ་ཤ་ལེམ་ལ་སྐྱོན་བརྗོད་བྱོས་ཤིག མི་མང་གི་མཆོད་ཡུལ་ལ་སྐྱོན་བརྗོད་བྱོས་ཤིག། ཨིསི་རཱཨེལ་གྱི་ཡུལ་ལ་ཉེན་བརྡ་གཏོང་ཞིག། 3ང་ཁྱོད་ཚོའི་དགྲ་བོ་ཡིན་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲ་བ་བརྗོད་ཅིག ངས་རལ་གྲི་བཏོན་ནས་ཁྱོད་ཚོ་ངན་པ་དང་བཟང་པོ་དང་བཅས་པ་འདྲ་མཚུངས་གསོད་པར་བྱའོ། 4ངས་རལ་གྲིས་ལྷོ་ཕྱོགས་དང་བྱང་ཕྱོགས་ཚང་མར་བེད་སྤྱོད་བྱེད་ཀྱི་ཡིན། 5ང་གཙོ་བོ་དཀོན་མཆོག་གིས་ངའི་རལ་གྲི་བཏོན་ནས་ཤུབས་ནང་མི་བཅུག་པ་དེ་ཚང་མས་ཤེས་པར་འགྱུར་རོ། 6ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཀྱི་སེམས་ཡིད་མུག་པ་ལྟར་སྐད་ངན་འདོན་ཞིག ཚང་མས་མི་གི་མཐོང་སར་སྡུག་བསྔལ་གྱི་སྐད་འདོན་ཞིག 7དེ་ཚོས་ཁྱོད་ཀྱིས་སྐད་ངན་ཅི་ལ་འདོན་པ་ཡིན་ནམ་ཞེས་དྲིས་པ་ཡིན་ན། འཕྲིན་ཐོས་པའི་རྐྱེན་གྱིས་འདོན་པ་ཡིན་ཞེས་སྨྲོས་ཤིག། འཕྲིན་དེ་ཡོང་སྐབས་དེ་ཚོའི་སེམས་འཇིགས་པས་ཁེངས་པ་དང་དེ་ཚོའི་ལག་པ་འཁྱར་འཁྱོར་ཆགས་པ་དང་། དེ་ཚོའི་སེམས་ཤུགས་ཆགས་པ་དང་དེ་ཚོའི་སྤུས་མོ་འདར་བར་བྱེད་དོ། དུས་ལ་བབས་ཡོད་པ་དེ་དེར་ཡོད་ཅེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ། 8གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བར། 9ཀྱེ་མི་རྟག་པའི་སྐྱེ་བོ་ལུང་སྟོན་ཞིག། མི་མང་ལ་ང་གཙོ་བོ་དཀོན་མཆོག་གིས་སྨྲ་བ་འདི་ལྟར་ཤོད། རལ་གྲི་ཞིག་བདར་ཞིང་དེ་ལ་རྩི་བྱུག་ཡོད། 10དེ་ནི་གསོད་པའི་བདར་བ་དང་། འོད་རྒྱབ་པའི་ཆེད་དུ་རྩི་བྱུག་གོ། ང་ཡི་མི་མང་ཉེན་བརྡ་དང་ནི་ཉེས་ཆད་ལ། བརྩི་མེད་བྱས་རྐྱེན་དགའ་སྤྲོ་མེད། 11རལ་གྲི་བེད་སྤྱོད་བྱེད་ཆོག་ཡོང་བའི་ཕྱིར། དེ་ལ་རྩི་ཡི་བྱུག་བཞིན་ཡོད། དེ་ནི་གསོད་པ་ཚོའི་ལག་ཏུ་སྤྲོད་པའི་ཕྱིར། དེ་ནི་བདར་ཞིང་རྩི་ཡིས་བྱུག་བཞིན་ཡོད། 12ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་སྡུག་བསྔལ་གྱི་སྐད་འདོན་ཞིག། རལ་གྲི་འདི་ནི་ངའི་མི་མང་གི་ཆེད་དང་། ཨིསི་རཱཨེལ་པའི་འགོ་འཁྲིད་ཡོངས་ཀྱི་ཆེད་ཡིན་ནོ། ང་ཡི་གཞན་མི་ཚང་མའི་དོན་དུ་ཡིན། དེ་ཚོ་རྣམས་ཀྱང་གསོད་པར་འགྱུར། ཡིད་མུག་པ་ཁྱོད་ཚོའི་བྲང་ཁོག་བརྡུངས་ཤིག། 13ང་ནི་ང་ཡི་མི་ཚོར་རྟགས་དཔྱད་བྱེད། དེ་ཚོས་འགྱོད་སེམས་མ་བྱས་ན། འདི་ཚོ་ཚང་མ་དེ་ཚོར་བྱུང་བར་འགྱུར། 14ད་ཀྱེ་མི་རྟག་པའི་སྐྱེ་བོ་ལུང་བསྟན་སྨྲོས་ཤིག། ཁྱོད་ཀྱིས་ལག་པ་རྡབ་ཅིང་རལ་གྲི་ཡང་ཡང་གཞུས་བར་འགྱུར། དེ་ནི་གསོད་མཁན་རལ་གྲི་ཡིན་པ་དང་། དེ་ནི་འཇིགས་སྣང་བསྐུལ་ཞིང་དེབ་གསོད་གཏོང་མཁན་རལ་གྲི་ཡིན། 15དེས་ངའི་མི་མང་ཚོའི་སེམས་ཤུགས་ཆགས་པ་དང་འགྱལ་བར་བྱེད། ངས་དེ་ཚོའི་གྲོང་ཁྱེར་ལ་གློག་ལྟར་འཁྱུག་པའི་རལ་གྲི་ཞིག་གིས་འཇིགས་སྣང་བསྐུལ་བ་དང་གསོད་རྒྱུར་གྲ་སྒྲིགས་ཡོད། 16རལ་གྲི་རྣོ་པོ་ཁྱོད་ཀྱིས་གཡས་དང་གཡོན་ལ་གཏུབས་ཤིག ཁྱོད་རང་ཕྱོགས་གང་སར་ཁ་བསྒྱུར་སར་གཏུབས་ཤིག། 17ངས་ལག་པ་ཡང་རྡབ་རྒྱུ་དང་ངའི་ཁྲོ་བ་ཞི་བར་བྱེད་དོ་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་རལ་གྲི།

18གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 19ཀྱེ་མི་རྟག་པའི་སྐྱེ་བོ་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ཁོ་ནི་རལ་གྲི་དང་མཉམ་དུ་ཡོང་ཐུབ་པའི་ལམ་གཉིས་ལ་རྟགས་རྒྱོབ་ཅིག དེ་ཚོ་གཉིས་ཀ་ཡུལ་གཅིག་ནས་འགོ་འཛུགས་པ་དགོས་སོ། ལམ་དེ་ཁ་གྱེས་སར་རྟགས་ཞིག་སློངས་ཞིག། 20གཅིག་གིས་རྒྱལ་པོར་ཨམ་མོན་པའི་གྲོང་ཁྱེར་རབ་བཱར་སྟོན་པ་དང་། གཞན་དེས་ཡ་ཧུ་དཱ་ནས་ཡེ་རུ་ཤ་ལེམ་གྱི་འཛིང་རའི་སྐོར་བའི་གྲོང་ཁྱེར་ལ་སྟོན་དགོས། 21བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ལམ་གཉིས་གྱེལ་སའི་རྟགས་ཀྱི་འགྲམ་བཞེངས་སོ། ལམ་གང་ནས་ཕེབས་དགོས་རྟགས་ཞིབ་གནང་བའི་ཆེད་ཁོང་གིས་མདའ་དཀྲུག་པ་དང་སྐུ་འདྲ་ཚོར་གྲོས་བསྟོན་ཞུ་བ་དང་དམར་མཆོད་ཕུལ་བའི་སེམས་ཅན་གྱི་མཆིན་པར་རྟགས་ཞིབ་མཛད་དོ། 22ད་ཡེ་རུ་ཤ་ལེམ་ཞེས་རྟགས་རྒྱབ་པའི་མདའ་དེ་ཕྱག་གཡས་པར་བཟུང་ཡོད། དེས་ཐོན་ནས་ཁོ་ལ་ལྕགས་རི་སྟོར་བའི་མདུང་མ་གྲ་སྒྲིགས་བྱ་རྒྱུ་དང་། གཡུལ་དུ་སྐད་སྒྲོགས་རྒྱུ་དང་། རྒྱལ་སྒོར་ལྕགས་རི་སྟོར་བའི་མདུང་མ་འཛོག་རྒྱུ་དང་། ས་ལས་བཟོས་རྒྱུ་དང་ས་དོང་དྲུད་དགོས་པ་བཅས་ཤོད་ཀྱི་ཡོད་དོ། 23དེ་ཚོས་ཚིང་སྒྲིག་བཞག་པའི་རྐྱེན་གྱིས་ཡེ་རུ་ཤ་ལེམ་གྱི་མི་མང་ཚོས་དེ་ལ་ཡིད་ཆེས་མི་བྱེད་དོ། འོན་ཀྱང་ལུང་བསྟན་དེས་དེ་ཚོ་ལ་དེ་ཚོའི་སྡིག་པ་དྲན་གསོ་དང་དེ་ཚོ་བཙན་བཟུང་བྱ་རྒྱུ་ཡིན་པར་ཉེན་བརྡ་གཏོང་ཆེད་ཡིན་ནོ། 24འདི་ནི་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་དེ་ལྟར་སྨྲ་བ་ཡིན་ནོ། ཁྱོད་ཚོའི་སྡིག་པ་རྣམས་མངོན་གསལ་བྱུང་ཡོད། ཚང་མས་ཁྱོད་ཚོ་ཉེན་ཅན་ཇི་འདྲ་ཡིན་པ་ཤེས་པ་དང་། ཁྱོད་ཚོའི་བྱ་བ་ཐམས་ཅད་ལས་སྡིག་པ་བཏོན་པར་བྱེད་པ་དང་། ཁྱོད་ཚོ་ཉེས་ཅན་དུ་འགྱུར་ཡོད་པ་དང་། ངས་ཁྱོད་ཚོ་དགྲ་བོའི་ལག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན་ནོ། 25ཨིསི་རཱཨེལ་གྱི་རྒྱལ་པོ་སྤྱོད་ངན་དང་དྲང་བདེན་མེད་པ་ཁྱོད། ཁྱོད་ཀྱི་ཉེས་ཆད་ཀྱི་དུས་ཚོད་མཐའ་མ་དེ་སླེབས་བཞིན་ཡོད། 26ང་བླ་ན་མེད་པའི་གཅོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། ཁྱོད་ཀྱི་ཅོད་པན་དང་མགོ་དཀྲི་ཕུད་ཅིག། གང་ཡང་སྔར་ལྟར་འདྲ་བ་མི་ཡོང་། དབུལ་པོ་ཚོར་དབང་ཆ་སྤྲོད། དབང་བསྒྱུར་བྱེད་མཁན་ཚོར་མར་ཕོབ་ཆིག། 27གྱང་གོག་གྱང་གོག། ངས་གྲོང་ཁྱེར་དེ་ལ་གྱང་གོག་བཟོ་རྒྱུ་ཡིན། འོན་ཀྱང་ངས་འདམས་པའི་གྲོང་ཁྱེར་ལ་ཉེས་ཆད་གཏོང་མཁན་དེ་མ་སླེབས་བར་དེ་ལྟར་ཡོང་བར་མི་འགྱུར། དེ་ནས་ངས་ཁོ་ལ་དེ་རྩིས་སྤྲོད་བྱ་རྒྱུ་ཡིན་ནོ༎

རལ་གྲི་ཞིག་དང་ཨམ་མོན་པ་རྣམས།

28སྐྱེ་མི་རྟག་པའི་སྐྱེ་བོ་ལུང་སྟོན་ཞིག། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་ཚོར་དམའ་འབེབས་བྱ་མཁན་ཨམ་མོན་པ་ཚོར་ཇི་ལྟར་སྨྲ་བ་རྣམས་གསལ་སྒྲགས་བྱོས་ཤིག དེ་ཚོ་ལ་འདི་ལྟར་སྨྲོས་ཤིག། རལ་གྲིས་གཏོར་བཤིགས་བྱ་རྒྱུ་གྲ་སྒྲིགས་ཡོད། གསོད་པ་དང་གློག་ལྟར་འོད་རྒྱབ་པའི་ཆེད་དུ། དེ་ལ་ཕྱི་དར་གྱིས་ཡོད་པ་ཡིན་ནོ། 29ཁྱོད་ཀྱི་མཐོང་བ་དེ་རྫུན་མ་ཡིན་པ་དང་། ཁྱོད་ཀྱིས་ལུང་བསྟན་གྱིས་པ་རྣམས་རྫུན་མ་ཡིན་པ་དང་། ཁྱོད་སྡུག་རྩུབ་ཅན་དང་ངན་པ་ཡིན་པ་དང་། ཁྱོད་ཀྱི་ཉི་མོ་ཁྱོད་ཀྱི་མཐའ་མའི་ཉེས་ཆད་བཏང་བའི་ཉིན་དེ་སླེབས་བཞིན་ཡོད། རལ་གྲིས་ཁྱོད་ཚོའི་མཇིང་པར་འཁེལ་བར་བྱེད་དོ། 30རལ་གྲི་ཤུབ་ནང་ཆུག་ཅིག། ངས་ཁྱོད་ཚོར་བཀོད་པ་དང་ཁྱོད་ཚོ་སྐྱེས་པའི་ཡུལ་དུ་ཁྲིམས་གཅོད་བྱ་རྒྱུ་ཡིན་ནོ། 31ངས་ངའི་ཁྲོ་བ་དེ་མེ་འབར་བ་ལྟར་ཁྱོད་ཚོའི་སྟེང་གཏོང་སྐབས་ཁྱོད་ཚོར་དེའི་འཚོར་བ་ཡོང་བར་འགྱུར་རོ། ངས་ཁྱོད་ཚོ་སྡུག་རྩུབ་ཅན་གྱི་གཏོར་བཤིགས་བྱ་རྒྱུར་མཁས་པོ་ཚོའི་ལག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན་ནོ། 32ཁྱོད་ཚོ་མེས་འཇིགས་པར་བྱེད་པ་དང་། ཁྱོད་ཚོ་རང་གི་ཡུལ་དུ་ཁྱོད་ཚོའི་ཁྲག་འདོན་པ་དང་སུས་ཀྱང་ཁྱོད་ཚོ་དྲན་པར་མི་བྱེད་དོ། ཞེས་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ༎

ཨི་ཛི་ཀི་ཨེལ 22

ཡེ་རུ་ཤ་ལེམ་གྱི་ཁྲིམས་འགལ་རྣམས།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2སྐྱེ་མི་རྟག་པའི་སྐྱེ་བོ་ཁྱོད་མི་གསོད་མཁན་གྱི་ཁེངས་པའི་གྲོང་ཁྱེར་ལ་ཁྲིམས་གཅོད་བྱ་རྒྱུ་གྲ་སྒྲིགས་ཡོད་དམ། ཁྱོད་ཀྱིས་མོའི་སྐྱུག་བྲོའི་ལས་གྱིས་པ་རྣམས་གསལ་པོར་ཤོད་ཅིག 3ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲ་བཞིན་ཡོད་པ་དེ་གྲོང་ཁྱེར་ལ་ཤོད་ཅིག གང་ལ་ཟེར་ན། ཁྱོད་ཀྱིས་རང་གི་མི་མང་པོ་སྲོག་གཅོད་གྱིས་པ་དང་། སྐུ་འདྲར་མཆོད་ནས་ཁྱོད་རང་ཉིད་ལ་མི་གཙང་བ་བཟོས་པས་ཁྱོད་ཀྱི་དུས་ཚོད་སླེབས་བཞིན་ཡོད། 4སྲོག་གཅོད་དེ་ཚོའི་ཉེས་ཅན་ཁྱོད་ཡིན་པ་དང་། ཁྱོད་ཚོས་བཟོས་པས་སྐུ་འདྲའི་སྒོ་ནས་ཁྱོད་མི་གཙང་བ་འགྱུར་ཡོད་པས་ཁྱོད་ཀྱི་དུས་ཚོད་སླེབས་ནས་རྫོགས་བཞིན་ཡོད། དེའི་རྐྱེན་གྱིས་ངས་མི་རིགས་ཚོས་ཁྱོད་ལ་མཐོང་ཆུང་དང་ཡུལ་ཚང་མས་ཁྱོད་ལ་རྣམ་འགྱུར་ངན་པ་འདོན་དུ་འཇུག་གོ 5ཁྱོད་ཀྱི་ཁྲིམས་མེད་ཀྱི་རྐྱེན་གྱིས་ངས་ཐག་རིང་ཐུང་གི་ཡུལ་གྲུ་ཚང་མས་ཁྱོད་ལ་སྣང་ཆུང་བྱེད་པ་དང་། 6ཨིསི་རཱཨེལ་གྱི་འགོ་འཁྲིད་ཚང་མས་དེ་ཚོའི་རང་གི་ནུས་ཤུགས་ལ་བློས་འགེལ་གྱི་མི་གསོད་བྱེད་དོ། 7གྲོང་ཁྱེར་ནང་སུས་ཀྱང་རང་གི་ཕ་མ་ཚོར་བརྩི་གུས་མི་བྱེད་པ་དང་། ཁྱོད་ཀྱིས་ཕྱི་རྒྱལ་བ་ཚོར་མགོ་བསྐོར་བཏང་བ་དང་། ཡུག་མོ་ཚོ་དང་ད་ཕྲུག་ཚོ་ནས་ཁེ་ཕན་ལེན་པར་བྱེད་དོ། 8ཁྱོད་ཀྱིས་གནས་དམ་པ་ཚོར་གུས་ཞབས་མི་བྱེད་པ་དང་། ངལ་གསོ་བའི་ཞག་སྲུང་བརྩི་མི་བྱེད་དོ། 9ཁྱོད་ཀྱི་མི་མང་འགའ་ཤས་ཀྱིས་གཞན་གྱི་ཉེས་པ་སྲོག་ཐོག་གཏོང་བའི་ཆེད་དེ་ཚོའི་སྐོར་རྫུན་ཤོད་པར་བྱེད་དོ། དེ་ཚོ་འགའ་ཤས་ཀྱིས་སྐུ་འདྲར་ཕུལ་བའི་མཆོད་པ་ཟ་བ་དང་། དེ་ཚོ་འགའ་ཤས་ཀྱིས་འདོད་ལོག་སྤྱོད་པར་བྱེད་པ་དང་། 10དེ་ཚོ་འགའ་ཤས་ཀྱིས་རང་གི་ཕའི་ཆུང་མ་མཉམ་དུ་ཉལ་བར་བྱེད་པ་དང་། དེ་ཚོ་འགའ་ཤས་ཀྱིས་བུད་མེད་ལ་ཟླ་མཚན་ཡོང་སྐབས་བཙན་དབང་གིས་འཁྲིག་སྤྱོད་བྱེད་དོ། 11འགའ་ཤས་ཀྱིས་ལོག་གཡེམ་བྱེད་པ་དང་། གཞན་ཚོས་རང་གི་བུའི་མནའ་མ་ཡང་ན་ཕ་ཡར་འམ་མ་ཡར་ནས་སྐྱེས་པའི་སྲིང་མོ་ཚོར་བསླུ་འཁྲིད་བྱེད་པ་དང་། 12འགའ་ཤས་ཀྱིས་གླ་ཆ་ཐོབ་པའི་ཆེད་མི་གསོད་པ་དང་། འགའ་ཤས་ཀྱིས་དེ་ཚོའི་རོགས་པ་ཨིསི་རཱཨེལ་པ་ཚོར་བུ་ལོན་གཡར་བ་ལ་སྐྱེད་ཁ་ལེན་པ་དང་། དེ་ཚོ་ནས་མཁེ་ཕན་ལེན་ནས་ཕྱུག་པོར་འགྱུར་བ་བྱེད་པ་དང་། དེ་ཚོས་ང་ལ་བརྗེད་ཡོད་ཅེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ། 13ངས་ཁྱོད་ཚོའི་ཇག་ལས་དང་སྲོག་གཅོད་ལ་རྒོལ་ཕྱིར་ཟློག་པ་རྒྱབ་རྒྱུ་ཡིན་ནོ། 14ངས་ཁྱོད་ཚོར་ཐག་གཅོད་ཟིན་རྗེས་ཁྱོད་ཚོར་བློ་སྟོབས་ལྷག་པ་དང་ཁྱོད་ཚོའི་ལག་པ་འདེགས་པའི་ནུས་པ་ཁྱོད་ཚོར་ཡོད་བསམ་གྱི་འདུག་གམ། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་པ་དང་ངས་རང་གི་བཀའ་སྒྲུབ་པར་བྱེད་དོ། 15ངས་ཁྱོད་ཀྱི་མི་མང་ཚོ་ཡུལ་ཚང་མ་དང་རྒྱལ་ཁབ་ཚང་མར་ཁ་གཏོར་རྒྱུ་དང་། ཁྱོད་ཀྱི་ངན་པའི་ལས་རྣམས་གྱིས་པར་མཚམས་འཇོགས་བྱ་རྒྱུ་ཡིན་ནོ། 16དེར་བརྟན་རྒྱལ་ཁབ་གཞན་ཚོས་ཁྱོད་ལ་གུས་བརྩི་མི་བྱེད་པ་དང་། འོན་ཀྱང་ཁྱོད་ཀྱིས་ང་གཙོ་བོ་དཀོན་མཆོག་ཡིན་པ་དེ་ཤེས་པར་འགྱུར་རོ༎

དཀོན་མཆོག་གི་གཙང་མ་བཟོ་གནང་བའི་མེའི་ཐབ།

17གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 18ཀྱེ་མི་རྟག་པའི་སྐྱེ་བོ་ཨིསི་རཱཨེལ་པ་ཚོ་ང་ལ་ཕན་ཐོག་མེད། དེ་ཚོ་ཕན་མེད་ཀྱི་གསེར་དངུལ་ཟངས་ལྕགས་ཀྱི་རྒྱུ་ཟངས་དང་ལྕགས་ཀྲིན་དང་ལྕགས་དང་ཞ་ཉེ་བཅས་མེ་ཐབ་ནང་གཙང་མ་བཟོས་པའི་ལྷག་མ་དངུལ་ལྟར་ཡིན་ནོ། 19དེར་བརྟེན་ད་ཆ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ངས་དེ་ཚོ་གོང་གསལ་ལྟར་ཕན་མེད་རེད་ཅེས་བརྗོད་རྒྱུ་ཡིན། ངས་དེ་ཚོ་ཚང་མ་མཉམ་དུ་ཡེ་རུ་ཤ་ལེམ་དུ་འཁྲིད་རྒྱུ་ཡིན། 20དེར་གསེར་དངུལ་དང་ཟངས་དང་ལྕགས་དང་ཞ་ཉེ་དང་ལྕགས་ཀྲིན་བཅས་གཙང་མ་བཟོ་བའི་མེ་ཐབ་ནང་གོང་ལྟར་སྤུངས་རྒྱུ་ཡིན། ངའི་ཁྲོ་བ་དང་ཞེ་སྡང་སྐྲ་གཟེངས་གིས་དེ་དག་ལ་གཏེར་རྡོ་བཞུར་བ་ལྟར་བཞུ་རྒྱུ་ཡིན་ནོ། 21ངས་དེ་ཚོ་ཡེ་རུ་ཤ་ལེམ་དུ་བསྡུ་རྒྱུ་དང་། དེ་ཚོའི་འོག་ཏུ་མེ་སྤར་ནས་ངའི་ཁྲོ་བས་དེ་ཚོ་བཞུ་རུ་འཇུག་རྒྱུ་ཡི། 22དངུལ་མེ་ཐབ་ནང་བཞུ་བ་ལྟར་དེ་ཚོ་ཡེ་རུ་ཤ་ལེམ་དུ་བཞུ་བ་དང་། དེ་ནས་དེ་ཚོས་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོའི་འཚོར་བ་དེ་ཤེས་པར་འགྱུར་རོ༎

ཨིསི་རཱཨེལ་པའི་འགོ་འཁྲིད་ཚོའི་སྡིག་པ།

23གཙོ་བོ་དཀོན་མཆོག་གིས་ང་ལ་ཡང་སྐྱར་བཀའ་གནང་བ་ནི། 24ཀྱེ་མི་རྟག་པའི་སྐྱེ་བོ་ཨིསི་རཱཨེལ་པ་ཚོར་དེ་ཚོའི་ཡུལ་མི་གཙང་བའི་རྐྱེན་གྱིས་ང་ཁྲོ་བའི་ངང་དེ་ཚོ་ལ་ཉེས་ཆད་གཏོང་བཞིན་ཡོད་ཅེས་སྨྲོས་ཤིག 25འགོ་འཁྲིད་ཚོ་ནི་དེ་ཚོས་སེམས་ཅན་བསད་པའི་སྟེང་ངར་སྐད་འདོན་མཁན་གྱི་སེང་གེ་དང་མཚུངས་སོ། དེ་ཚོས་མི་མང་གསོད་པ་དང་དངུལ་དང་རྒྱུ་ནོར་ཚང་མ་གང་འཕྲོག་ཐུབ་ཐུབ་འཕྲོག་པ་དང་། དེ་ཚོའི་མི་བསད་པ་ལས་བུད་མེད་མང་པོ་ཁྱོ་མེད་པར་འཇོག་གོ 26བླ་མ་ཚོས་ངའི་བཀའ་ཁྲིམས་དང་འགལ་ཞིང་དམ་པ་ཇི་ཡིན་ལ་གུས་ཞབས་མི་བྱེད་པ་དང་། དེ་ཚོས་དམ་པ་ཇི་ཡིན་མིན་དབར་དབྱེ་བྱེད་མི་བྱེད་པ་དང་། དེ་ཚོ་གཙང་མ་དང་མི་གཙང་བ་ཇི་ཡིན་གྱི་ཁྱད་པར་སློབ་སྟོན་མི་བྱེད་པ་དང་། ངལ་གསོ་བའི་ཞག་སྲུང་བརྩི་མི་བྱེད་པ་དང་། དེའི་འབྲས་བུར་ཨིསི་རཱཨེལ་གྱི་མི་མང་ཚོས་ང་ལ་གུས་ཞབས་ཞུ་གི་མེད་པ་དང་། 27གཞུང་གི་ལས་བྱེད་པ་རྣམས་སྤྱང་ཀིས་བསད་པའི་སེམསཅན་གྱི་དུམ་བུར་སོ་རྒྱབ་མཁན་དང་མཚུངས་སོ། དེ་ཚོས་ཕྱུག་པོ་ཡོང་བའི་ཆེད་མི་གསོད་བྱེད་པ་དང་། 28ལུང་སྟོན་པ་ཚོས་སྡིག་པ་འདི་ཚོ་ཁང་པར་དཀར་རྩི་བྱུག་པ་ལྟར་བཀབ་པར་བྱེད་པ་དང་། དེ་ཚོས་ཞལ་གཟིགས་རྫུན་མ་མཐོང་བ་དང་ལུང་བསྟན་རྫུན་མ་སྟོན་པ་དང་། དེ་ཚོས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་སྒྲོགས་བཞིན་ཡོད་ཅེས་སྨྲ་བ་དང་། འོན་ཀྱང་ང་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་སྐད་ཆ་བཤད་མེད་དོ། 29ཕྱུག་པོ་ཚོས་མགོ་བསྐོར་གཏོང་བ་དང་འཕྲོག་བཅོམ་བྱེད་པ་དང་། དེ་ཚོས་དབུལ་པོ་ཚོར་སྡང་འཛིན་བྱེད་པ་དང་། ཕྱི་རྒྱལ་བ་ཚོའི་ཐོག་ནས་ཁེ་ཕན་ལེན་པར་བྱེད་པ་དང་། 30ངས་ལྕགས་རི་བཟོ་ཐུབ་མཁན་གྱི་མི་ཞིག་ལྕགས་རི་གཞིགས་སར་ལངས་ཐུབ་མཁན་དང་ངའི་ཁྲོ་བས་ཡུལ་དེ་མེད་པར་བཟོ་གྲབ་ཡོད་སྐབས་དེ་ལ་སྲུང་སྐྱོབས་བྱ་མཁན་ཞིག་བཙལ་ཡང་ང་ལ་དེ་ལྟར་སུ་ཡང་མ་རྙེད་དོ། 31དེ་བས་ན་ངའི་ཁྲོ་བ་དེ་ཚོའི་སྟེང་འབེབས་རྒྱུ་དང་། དེ་ཚོས་ཇི་ལྟར་གྱིས་པ་ལ་ངས་མེ་ལྟར་དེ་ཚོ་མེད་པར་བཟོ་རྒྱུ་ཡིན་ཞེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ༎

ཨི་ཛི་ཀི་ཨེལ 23

སྲིང་མོ་སྡིག་ཅན་རྣམས།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཀྱེ་མི་རྟག་པའི་སྐྱེ་བོ་སྔར་སྲིང་མོ་གཉིས་ཡོད་པ་དང་། 3དེ་ཚོ་གཞོན་ནུ་མ་ཡིན་དུས་ཨི་ཇིབ་དུ་སྡོད་སྐབས་དེ་ཚོའི་མོ་གསར་རླག་ནས་སྨད་འཚོང་མར་འགྱུར་བ་དང་། 4རྒན་པ་དེའི་མིང་ལ་ཨོ་ཧོ་ལཱ་ཟེར་བ་དང་། (ཨོ་ཧོ་ལཱས་ས་མར་ཡ་ལ་གོ་དགོས།) ཆུང་བའི་མིང་ལ་ཨོ་ཧོ་ལི་བཱ་ཟེར་བ་དང་། (ཨོ་ཧོ་ལི་བཱས་ཡེ་རུ་ཤ་ལེམ་ལ་གོ་དགོས།) ངས་དེ་ཚོ་གཉིས་ཀ་དང་ཆང་ས་རྒྱབ་ནས་དེ་ཚོར་ངའི་ཕྲུ་གུ་སྐྱེས་སོ། 5ཨོ་ཧོ་ལཱ་ངའི་ཡིན་ན་ཡང་མོས་མུ་མཐུད་སྨད་འཚོང་མར་བྱེད་པ་དང་། མོས་ཨ་སུར་དང་དགའ་པོ་བྱེད་མཁན་ཚོར་འདོད་ཆགས་ཆེན་པོ་བྱེད་བཞིན་ཡོད། 6དེ་ཚོ་མུ་མན་གྱི་མདོག་གི་དམག་ཆས་གྱོན་མཁན་དམག་མི་ཚོ་ཡིན་པ་དང་། སྐུ་དྲག་དང་ལས་བྱེད་པ་གོ་རིམ་མཐོ་པོ་ཚོ་ཡིན་པ་དང་། དེ་ཚོ་ནི་ཡིད་དུ་འོང་བའི་རྟ་དམག་གི་དཔོན་པོ་འབའ་ཞིག་ཡིན་ནོ། 7མོ་ནི་ཨ་སུར་པ་འགོ་འཛིན་ཚང་མ་དང་མཉམ་དུ་སྨད་འཚོང་མ་བྱེད་པ་དང་། མོའི་འདོད་ཆགས་ཀྱིས་ཨ་སུར་པའི་སྐུ་འདྲ་མཆོད་ནས་རང་ཉིད་མི་གཙང་བར་འགྱུར་རོ། 8མོས་ཨི་ཇིབ་དུ་མོ་གསར་རླག་པ་དང་། ས་གནས་དེར་མུ་མཐུད་སྨད་ཚོང་མ་གྱིས་ཡོད་པ་ཡིན། མོ་བུ་མོ་ཆུང་ཆུང་ཞིག་ཡིན་དུས་ནས་མོ་ཁྱོ་ཚོ་དང་མཉམ་དུ་ཉལ་བ་དང་། མོ་ལ་སྨད་འཚོང་མ་ལྟར་བེད་སྤྱོད་བྱེད་དོ། 9དེར་བརྟེན་མོས་ཧ་ཅང་འདོད་པ་ཡོད་པའི་ཨ་སུར་པ་དགའ་པོ་བྱེད་མཁན་ཚོའི་ལག་ཏུ་ངས་རྩིས་སྤྲད་པ་ཡིན། 10དེ་ཚོས་མོ་གཅེར་བུར་འདོན་པ་དང་། མོའི་བུ་དང་བུ་མོ་ཚོ་བཟུང་བ་དང་། དེ་ནས་མོ་ལ་རལ་གྲིས་བསད་དོ། བུད་མེད་གར་ཡོད་ཀྱིས་མོས་སྐྱལ་བའི་སྐོར་ལ་ལྐོག་གཏམ་ཤོད་དོ། 11མོའི་སྲིང་མོ་ཨོ་ཧོ་ལི་བཱས་དེ་ཚོ་མཐོང་ན་ཡང་། མོ་ཨོ་ཧོ་ལཱ་ལས་ཀྱང་ཧ་ཅང་སྡུག་རྩུབ་ཅན་དང་སྨད་འཚོང་བྱ་བ་བྱེད་མཁན་ཆེ་བ་ཞིག་ཏུ་འགྱུར་རོ། 12མོ་ཡང་ཨ་སུར་པ་སྐུ་དྲག་དང་འགོ་འཛིན་དང་དམག་མིའི་དམག་ཆས་སྐྲག་མདངས་ཅན་གྱོན་མཁན་དང་། རྟ་དམག་གི་འགོ་འཛིན་རྣམས་དང་ཡིད་དུ་འོང་བའི་གཞོན་ནུ་ཚང་མ་དང་མཉམ་དུ་འདོད་ཆགས་ཆེན་པོ་བྱེད་ཡོད་དོ། 13སྲིང་མོ་གཉིས་པ་དེ་རྒན་པ་ལྟར་སྡུག་ཙུབ་ཅན་དང་ཧ་ཅང་གི་ཚུལ་མིན་སྤྱོད་ཚུལ་ཞིག་ཡིན་པ་ངས་མཐོང་བྱུང་། 14-15མོ་ནི་ཚུལ་མིན་སྤྱོད་ཚུལ་མ་རབས་པ་དེ་ཚབ་ཆེ་རུ་ཆེ་རུ་འགྱུར་བ་དང་། མོ་ནི་ལྡེབ་རིས་སུ་བཀོད་པའི་བྷེ་བྷི་ལོན་པའི་ལས་བྱེད་པ་ཚོ་དམར་མདངས་ཅན་དེ་ཚོའི་རྐེད་པར་སྐེ་རགས་དཀྲིས་ནས་མགོ་ལ་མགོ་དཀྲི་གྱོན་ཡོད་པ་ཚོར་ཡིད་འཕྲོག་པར་འགྱུར་རོ། 16མོས་དེ་ཚོ་མཐོང་མ་ཐག་ཏུ་འདོད་ཆགས་ཆེན་པོ་བྱུང་ནས། དེ་ཚོ་ལ་བྷེ་བྷི་ལོ་ནི་ཡ་དུ་བང་ཆེན་ཚོ་བཏང་ནས། 17བྷེ་བྷི་ལོན་པ་ཚོས་མོ་ལ་ཆགས་པ་བྱེད་པར་ཡོང་ངོ་། དེ་ཚོས་མོ་ལ་བེད་སྤྱོད་བྱེད་ཅིང་ཧ་ཅང་མི་གཙང་བ་བཟོས་སྟབས་མཐའ་མར་མོ་དེ་ཚོ་ལ་ཞེན་པ་ལོག་གོ 18མོ་རང་མང་ཚོགས་ལ་མངོན་གསལ་དོད་པོ་བྱས་པ་དང་། མོ་སྨད་འཚོང་མ་ཡིན་པ་ཚང་མས་ཤེས་པར་གྱིས་སོ། ང་ནི་མོའི་སྲིང་མོར་ཞེན་པ་ལོག་པ་ལྟར་མོ་ལ་ཡང་ཞེན་པ་ལོག་གོ 19མོ་ནི་ཨི་ཇིབ་དུ་སྨད་འཚོང་མ་བུ་མོ་ཞིག་ཡིན་དུས་བྱེད་པ་ལས་ལྷག་པའི་སྨད་འཚོང་མར་འགྱུར་རོ། 20མོས་ཚད་ལས་འགལ་བའི་ཆགས་པ་ཅན་གྱི་མི་ཕོ་མཚན་ཆེན་པོ་ཡོད་མཁན་བོང་བུའམ་རྟའི་ཕོ་མཚན་ཡོད་མཁན་དང་མཉམ་དུ་འདོད་ཆགས་ཆེན་པོ་བྱེད་བཞིན་ཡོད་དོ། 21(ཨོ་ཧོ་ལི་བཱ་ཁྱོད་བུ་མོ་ཞིག་ཡིན་དུས་ཨི་ཇིབ་དུ་ཁྱོད་ཀྱི་ནུ་མར་རྩེད་མོ་རྩེད་ནས་ཁྱོད་ཀྱི་མོ་གསར་མེད་པར་འགྱུར་སྐབས་ཉེས་ཅན་ཡིན་པ་ལྟར་ཁྱོད་ཀྱི་ཚུལ་མིན་གྱི་སྤྱོད་ཚུལ་མ་རབས་དེ་སྐྱར་ཟློས་བྱེད་འདོད་ཡོད་དོ།)

སྲིད་མོ་ཆུང་བར་དཀོན་མཆོག་གི་ཁྲིམས་གཅོད།

22དེ་ནས་ཨོ་ཧོ་ལི་བཱ། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་བརྗོད་རྒྱུ་འདི་ལྟར་ཡིན་ནོ། ཁྱོད་ལ་བརྩེ་བ་བྱ་མཁན་དེ་ཚོར་ཐང་ཆད་ཡོད་དོ། འོན་ཀྱང་ངས་དེ་ཚོ་ཁྱོད་ལ་ཁྲོ་རུ་འཇུག་ནས་ཁྱོད་ཀྱི་མཐའ་འཁོར་དུ་དེ་ཚོ་འཁྲིད་པར་བྱའོ། 23ངས་བྷེ་བྷི་ལོན་པ་ཡོངས་དང་ཀལ་དི་པ་ཡོངས་དང་པེ་ཀོད་དང་ཤོ་ཨ་དང་ཀོ་ཨའི་མི་ཚོ་དང་ཨ་སུར་པ་ཡོང་རྫོགས་བཅས་འཁྲིད་པར་བྱའོ། ངས་སྐུ་དྲག་ན་གཞོན་ཚོ་དང་དཔོན་པོ་ཚོ་དང་གཙོ་ཆེའི་ལས་བྱེད་པ་ཚོ་དང་རྟ་དམག་གི་དཔོན་པོ་ཚོ་གོ་གནས་མཐོ་པོ་ཡིན་པ་བཅས་བསྡུས་པར་བྱའོ། 24དེ་ཚོས་བྱང་ནས་དམག་དཔུང་ཁྱོན་ཆེ་དང་ཤིང་རྟ་འཁོར་ལོ་འོར་འདྲེན་བྱ་མཁན་བཅས་འཁྲིད་ནས་ཁྱོད་ལ་འཐབ་པར་བྱེད་དོ། ཕུབ་དང་རྨོག་གིས་སྲུང་སྐྱོབས་བྱེད་བཞིན་དེ་ཚོས་ཁྱོད་ཀྱི་མཐའ་བསྐོར་བར་བྱེད་དོ། ངས་དེ་ཚོར་ཁྱོད་ལ་རྩིས་སྤྲོད་བྱ་རྒྱུ་དང་། དེ་ཚོས་རང་གི་བཀའ་ཁྲིམས་གཞིར་བཟུང་ཁྱོད་ལ་ཁྲིམས་གཅོད་བྱེད་དོ། 25ང་ཁྱོད་ལ་ཁྲོས་ཡོད་སྟབས། ངས་དེ་ཚོ་ཡང་ཁྲོ་བཞིན་དུ་ཁྱོད་ལ་ཞིབ་དཔྱོད་བྱེད་དུ་བཅུག་གོ དེ་ཚོས་ཁྱོད་ཀྱི་སྣ་དང་རྣ་བ་གཅོད་ཅིང་ཁྱོད་ཀྱི་ཕྱུག་གུ་ཚོ་གསོད་པར་བྱེད་དོ། དེ་ཚོས་ཁྱོད་ཀྱི་བུ་དང་བུ་མོ་ཚོ་ཁྱོད་ཀྱི་ས་ནས་འཁྲིད་དེ་གསོན་པོར་བསྲེགས་པར་བྱེད་དོ། 26དེ་ཚོས་ཁྱོད་ཀྱི་གོས་ཧྲལ་ནས་རིན་ཆེན་རྒྱན་ཆ་རྣམས་འཕྲོག་པར་བྱེད་དོ། 27ངས་ཁྱོད་ཨི་ཇིབ་དུ་ཡོད་དུས་ཁྱོད་ཀྱིས་འདོད་ཆགས་དང་ངོ་ཚ་བའི་བྱ་བ་བྱེད་བཞིན་པ་རྣམས་ཀྱི་མཚམས་འཇོག་བྱ་རྒྱུ་ཡིན། སླར་ཁྱོད་ཀྱི་སྐུ་འདྲ་མི་བལྟ་བ་དང་ཨི་ཇིབ་ཀྱི་སྐོར་བསམ་བློ་མི་བཏང་ངོ་། 28བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི་འདི་ལྟར་ཡིན། ངས་ཁྱོད་ཀྱི་མི་དགའ་བའི་མི་མང་དང་ཞེན་ལོག་སྐྱེས་པ་ཚོའི་ལག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན་ནོ། 29དེ་ཚོས་ཁྱོད་ལ་མི་དགའ་བའི་རྐྱེན་གྱིས་དེ་ཚོས་ཁྱོད་ཀྱིས་དཀའ་ལས་རྒྱབ་པའི་དངོས་པོ་རྣམས་འཁྱེར་ཞིང་ཁྱོད་དམར་ཧྲེང་དུ་འཇོག་པ་དང་། ཁྱོད་སྨད་འཚོང་མ་ལྟར་འཐེར་སྟོན་བྱེད་དོ། ཁྱོད་ཀྱི་འདོད་ཆགས་དང་སྨད་འཚོང་བྱས་པའི་རྐྱེན་གྱིས་ཁྱོད་ཀྱི་ཐོག་ཏུ་དེ་ལྟར་བྱུང་ངོ་། 30ཁྱོད་མི་རིགས་ཚོའི་སྨད་འཚོང་མ་ཡིན་པ་དང་། དེ་ཚོའི་སྐུ་འདྲ་དང་མཉམ་དུ་ཁྱོད་རང་ཉིད་མི་གཙང་བ་བཟོས་ཡོད་དོ། 31ཁྱོད་ནི་སྲིང་མོ་རྒན་པའི་ལམ་དུ་འཇུག་ཡོད་སྐབས། ངས་ཁྱོད་ཀྱི་འཐུང་བའི་ཉེས་ཆད་ཀྱི་ཕོར་པ་ད་ག་རང་སྤྲོད་རྒྱུ་ཡིན་ནོ། 32བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གི་གསུངས། ཁྱོད་ཀྱིས་སྲིང་མོའི་ཕོར་པ་ནས་འཐུང་ཞིང་། དེ་ནི་ཆེ་ཞིང་གཏིང་ཡང་རིང་པོ་ཡོད། ཚང་མས་ཁྱོད་ལ་འཕྱ་ཞིང་བརྙས་བཅོས་བྱེད། ཕོར་པ་ཡོངས་སུ་ཁངས་ནས་ཡོད 33ཁྱོད་ཀྱི་སྲིད་མོ་ས་མར་ཡའི་ཕོར་པ། འཇིགས་ཤིང་ཟད་པར་འགྱུར་བའི་ཕོར་པ་འདིས། ཁྱོད་ནི་སྡུག་བསྔལ་ཅན་དང་ར་བཟི་བཟོ། 34ཁྱོད་ཀྱིས་མ་སྟོང་བར་དུ་འཐུང་བར་བྱེད། དེ་ཡི་ཆག་པའི་དུམ་བུས་ནུ་མ་ཧྲལ་བར་བྱེད། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 35ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། ཁྱོད་ཀྱིས་ང་བརྗེད་ནས་རྒྱབ་བསྒྱུར་ཡོད་སྐབས། ཁྱོད་ཀྱི་འདོད་ཆགས་དང་སྨད་འཚོང་གི་བྱ་བས་སྡུག་བསྔལ་མྱོང་བར་འགྱུར་རོ༎

སྲིང་མོ་གཉིས་ཀ་ལ་དཀོན་མཆོག་གི་ཁྲིམས་གཅོད།

36གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། ཀྱེ་མི་རྟག་པའི་སྐྱེ་བོ་ཨོ་ཧོ་ལཱ་དང་ཨོ་ཧོ་ལི་བཱ་ལ་ཁྲིམས་གཅོད་བྱ་རྒྱུར་གྲ་སྒྲིགས་ཡོད་དམ། དེ་ཚོས་ཞེན་ལོག་ཅན་གྱི་བྱ་བ་གྱིས་པར་སྐྱོན་འཛུགས་ཤིག 37དེ་ཚོས་ལོག་གཡེམ་དང་མི་གསོད་བྱས་ཡོད། སྐུ་འདྲ་ཚོ་དང་མཉམ་དུ་ལོག་གཡེམ་བྱས་པ་དང་། ང་ལས་སྐྱེས་པའི་བུ་ཚོའི་སྲོག་གཅོད་བྱས་ཡོད། དེ་ཚོས་ངའི་བུ་ཚོ་སྐུ་འདྲ་ཚོ་ལ་དམར་མཆོད་ཕུལ་ཡོད་དོ། 38དེ་ཚོས་བྱས་པ་ཁག་དེ་ཙམ་མ་ཡིན་ནོ། དེ་ཚོས་ངའི་མཆོད་ཁང་མི་གཙང་བ་བཟོས་པ་དང་ངས་སྲུང་འཇུག་པའི་ངལ་གསོ་བའི་ཞག་སྲུང་མེད་དོ། 39དེ་ཚོས་ངའི་ཕྲུ་གུ་ཚོ་ལ་སྐུ་འདྲར་དམར་མཆོད་ཕུལ་བའི་ཉིན་དེ་རང་ལ་དེ་ཚོ་ངའི་མཆོད་ཁང་དུ་ཡོང་ནས་དེ་མི་གཙང་བ་བཟོས་སོ། 40དེ་ཚོས་ཡང་ཡང་ཐག་རིང་གི་སྐྱེས་པ་ཚོ་ལ་བང་ཆེན་བཏང་ནས་མགྲོན་འབོད་བྱས་པ་དང་སྐྱེས་པ་མང་པོ་ཡོང་ངོ་། སྲིང་མོ་གཉིས་ནས་གཟུགས་པོ་བཀྲུས་ནས་མིག་ལ་མིག་རྩི་བྱུག་པ་དང་རྒྱན་སྤྲོས་བྱས་སོ། 41དེ་ཚོ་ཡིད་དུ་འོང་བའི་ཉལ་ཁྲིའི་སྟེང་བསྡད་པ་དང་། དེ་ཚོའི་མདུན་དུ་རྒྱ་ལྕོག་སྟེང་དངོས་པོ་ཡག་པོ་ངས་དེ་ཚོར་སྤྲད་པའི་སྤོས་དང་ཁ་སྐྱུ་པོའི་སྣུམ་བཅས་པས་བཀང་ནས་བཞག་ཡོད། 42རང་འདོད་ཅན་གྱི་མི་ཚོགས་ཀྱི་སྒྲ་ཐོས་པ་དང་། སྐྱེས་པ་ཚོ་ཞིག་འབྲོག་སྟོང་གི་ནང་ནས་འཁྲིད་པ་དང་། དེ་ཚོའི་བུད་མེད་ཚོའི་ལག་ཏུ་སྒྲོག་གདུབ་དང་མཛེས་སྡུག་ཅན་གྱི་ཅོད་པན་མགོ་ལ་གཡོགས་པ་དང་། 43ངས་ང་རང་ལ། དེ་ཚོས་བུད་མེད་ལོག་གཡེམ་གྱི་ཐང་ཆད་པ་ཞིག་ལ་སྨད་འཚོང་མར་བེད་སྤྱོད་བྱེད་བཞིན་འདུག་ཅེས་སྨྲས་པ་ཡིན། 44དེ་ཚོ་སྨད་འཚོང་མའི་སར་ཡང་ཡང་འགྲོ་བཞིན་འདུག། དེ་ཚོ་ཚུལ་མིན་གྱི་བུད་མེད་ཨོ་ཧོ་ལཱ་དང་ཨོ་ཧོ་ལི་བཱའི་སར་ཕྱིན་སོང་། 45དྲང་བདེན་ཀྱི་སྐྱེས་པ་ཚོས་དེ་ཚོའི་ལོག་གཡེམ་དང་མི་གསོད་ཀྱི་ཉེས་པར་སྐྱོན་མཛོད་བྱེད་དོ། གང་ལ་ཟེར་ན། དེ་ཚོས་ལོག་གཡེམ་གྱི་ལས་འགུལ་བྱས་ཡོད་སྟབས་དེ་ཚོའི་ལག་ཏུ་ཁྲག་བགོས་ཡོད་ཅེས་སོ། 46བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། དེ་ཚོ་ལ་འཇིག་སྐྲག་བསྐུལ་བ་དང་འཕྲོག་བཅོམ་བྱེད་པའི་ཆེད་མི་དཔུང་ཞིག་འཁྲིད་ཤོག 47མི་དཔུང་གིས་དེ་ཚོ་ལ་རྡོ་རུབ་བཏང་བ་དང་། རལ་གྲིལ་འཐབ་རྒོལ་བྱས་པ་དང་། བུ་ཕྲུག་ཚོ་གསོད་པ་དང་དེ་ཚོའི་ཁང་པ་རྣམས་མེར་བསྲེགས་བྱེད་དུ་བཅུག་ཅིག 48ངས་ཡུལ་ཁམས་ཡོངས་སུ་བུད་མེད་ཚོ་ལ་དེ་ཚོས་བྱེད་པའི་ལོག་གཡེམ་མཚམས་འཇོག་བྱེད་དགོས་པ་དང་ཚུལ་མིན་གྱི་བྱ་སྤྱོད་རྣམས་འགོག་ཕྱིར་ཉེན་བརྡ་གཏོང་རྒྱུ་ཡིན་ནོ། 49ངས་སྲིང་མོ་ཁྱོད་ཚོ་གཉིས་ལ་ཁྱོད་ཚོའི་ཚུལ་མིན་གྱི་བྱ་སྤྱོད་དང་སྐུ་འདྲ་ཚོ་ལ་མཆོད་པར་ཉེས་ཆད་གཏོང་རྒྱུ་ཡིན། དེ་ནས་ཁྱོད་ཚོས་ང་བླ་ན་མེད་པའི་ཅན་གྱིས་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ༎

ཨི་ཛི་ཀི་ཨེལ 24

གཡའ་རྒྱབ་པའི་སྣོད།

1ང་ཚོ་བཙན་བྱོལ་གྱིི་ལོ་དགུ་པའི་ཟླ་བ་བཅུ་པའི་ཚེ་བཅུ་པར་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཀྱེ་མི་རྟག་པའི་སྐྱེ་བོ་དེ་རིང་གི་ཚེས་གྲངས་བྲིས་ཤིག། གང་ལ་ཟེར་ན། དེ་རིང་གི་ཉིན་མོར་བྷེ་བྷི་ལོ་ནི་ཡའི་རྒྱལ་པོས་ཡེ་རུ་ཤ་ལེམ་ལ་མཐའ་བསྐོར་བའི་ཉིན་དེ་འགོ་བཅུག་པ་ཡིན་ནོ། 3ངའི་ངོ་ལོག་ཅན་གྱི་མི་མང་ཚོར། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གི་དེ་ཚོ་ལ་གཏམ་དཔེ་འདི་ཡོད་ཅེས་སྨྲོས་ཤིག མེ་ཡི་སྟེང་དུ་སྣོད་ཆས་ཤིག་བཞག་ནས། སྣོད་ཆས་དེ་ནི་ཆུ་ཡིས་བཀང་བར་གྱིས། 4ཤ་ནི་ལེགས་ཤོས་དུམ་བུ་དེའི་ནང་བླུགས། སྤུང་ཤ་དང་ནི་རྐང་ཤ་བཅས་བླུག་ཅིག། རུས་ཁོག་ལེགས་པའི་དུམ་བུས་ཡང་བཀོང་ཞིག། 5ལུག་ནི་ཡག་ཤོས་ཤ་ལ་བེད་སྤྱོད་བྱོས། སྣོད་ཀྱི་འགོ་ཏུ་ཤིང་རྣམས་སྤུངས་བར་གྱིས། ཆུ་ནི་བསྐོལ་ཞིང་ཤ་རུས་བཅས་བཙོས་ཤིག། 6བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་འདི་ལྟར་བཀའ་གནང་ངོ་། མི་གསོད་མཁན་རྣམས་ཀྱི་གྲོང་ཁྱེར་ནི་འཇིགས་པར་འགྱུར། དེ་ནི་གཡའ་ཅན་གྱི་སྣོད་རྩ་བ་ནས་མ་ཁྲུས་པ་ལྟར་ཡིན། ཤ་དུམ་བུ་གཅིག་གི་རྗེས་ལ་གཅིག་ཕྱིར་འདོན་པ་དང་གཅིག་ཀྱང་ལྷག་མེད་དོ། 7གྲོང་ཁྱེར་ནང་མི་གསོད་གྱིས་ཡོད་ན་ཡང་། འོན་ཀྱང་ཁྲག་ནི་རྡུལ་གྱིས་འགེབས་ཐུབ་པའི་ས་ལ་འབོ་མེད་དོ། དེ་ནི་བྲག་རི་དམར་ཧྲེང་སྟེང་དུ་འབོ་ཡོད་དོ། 8ང་ཡིས་ཁྲག་དེ་དེ་གར་མཛོག་ཡོད་ཅིང་། དེ་རུ་དེ་ནི་འགེབས་མི་ཐུབ། དེས་ཁོང་ཁྲོས་དགྲ་ཤ་ལེན་པར་བསྐུལ་མ་བྱེད། 9བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན་ནོ། མི་གསོད་མཁན་རྣམས་ཀྱི་གྲོང་ཁྱེར་འཇིག་པར་འགྱུར། ང་རང་རང་ཉིད་ཀྱིས་མེ་ཤིང་དེ་སྤུངས་པར་བྱའོ། 10ཤིང་མང་ཙམ་འཁྱེར་ཤོག། མེ་ལ་རླུང་རྒྱབ་པ་དང་། ཤ་ཚོད་དུ་འཇུག། ཐུག་པ་འཁོལ་དུ་འཇུག། རུས་པ་འཚིག་འཇུག་ཅིག། 11ད་སྣོད་སྟོང་པ་སོལ་བའི་སྟེང་བཀབ་ནས་དེ་ཚ་པོ་ཆག་ནས་དམར་པོ་འགྱུར་བཅུག་ཅིག དེ་ནས་གཡའ་འཚིག་པའི་རྗེས་ལ་སྣོད་དེ་ཆོ་ག་ལྟར་གཙང་མར་འགྱུར་རོ། 12གཡའ་ཚང་མ་མེ་ལྕེའི་ནང་ཚིག་ནས་མ་ཕྱིན་ན་ཡང་འདི་གཙང་བར་འགྱུར། 13ཡེ་རུ་ཤ་ལེམ་ཁྱོད་ནི་ཚུལ་མིན་གྱི་བྱ་སྤྱོད་ལས་ཁྱོད་མི་གཙང་བར་འགྱུར་ཡོད། ངས་ཁྱོད་གཙང་མ་བཟོ་ཐབས་བྱས་ན་ཡང་ཁྱོད་མི་གཙང་བར་གནས་སོ། ཁྱོད་ལ་ངའི་ཁྲོ་བའི་ནུས་ཤུགས་ཀྱི་འཚོར་བ་ཆ་ཚང་མ་བྱུང་བར་གཙང་མ་མི་འགྱུར་རོ། 14ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན། ངས་ལས་འགུལ་གྱིས་པའི་དུས་ལ་སླེབས་ཡོད། ངས་ཁྱོད་ཚོའི་སྡིག་པ་སྣང་མེད་དུ་མི་བཞག་པ་དང་བྱམས་གཟིགས་དང་སྙིང་རྗེ་སྟོན་པར་མི་བྱེད་དོ། ཁྱོད་ཚོས་ཇི་ལྟར་གྱིས་པ་ལྟར་ཉེས་ཆད་འགེལ་བར་འགྱུར། ཞེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ༎

ལུང་སྟོན་པའི་ཆུང་མ་གྲོངས་པ།

15གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 16ཀྱེ་མི་རྟག་པའི་སྐྱེ་བོ། ངས་མུར་རྫོག་རྒྱབ་ཐེངས་གཅིག་ལ་ཁྱོད་ཀྱི་ཤིན་ཏུ་བརྩེ་བའི་མི་ལ་ཕྱིར་འཁྲིད་རྒྱུ་ཡིན། ཁྱོད་ཀྱིས་སྐྱོན་བརྗོད་དང་ངུ་བ་དང་མིག་ཆུ་འདོན་པ་བཅས་བྱེད་མི་རུང་ངོ་། 17ཁྱོད་ངུ་བ་དེ་སུས་ཀྱང་མ་ཐོས་པ་བྱོས་ཤིག་དང་། མྱ་ངན་གྱི་རྟགས་སུ་ཁྱོད་ཀྱིས་མགོ་རིལ་དང་རྐང་པ་རྐང་རྗེན་མར་མ་འགྲོ་ཞིག ཁྱོད་ཀྱིས་གདོང་པ་མ་འགེབས་ཤིག་ཡང་ན་མྱ་ངན་བྱེད་མཁན་ཚོས་བཟས་པའི་ཁ་ཟས་མ་ཟ་ཞིག 18ཞོག་པ་སྔ་པོ་ངས་མི་མང་ཚོ་དང་གཏམ་གླེང་བྱས་པ་དང་། ཕྱི་དྲོ་དེར་ཆུང་མ་གྲོང་བ་དང་། སང་ཞོག་དེར་ང་ལ་བཀའ་གནང་བ་ལྟར་ངས་གྱིས་ཡིན། 19མི་མང་གིས་ང་ལ། ཁྱེད་ཀྱི་དེ་ལྟར་ཅི་ལ་གནང་བ་ཡིན་ནམ་ཞེས་དྲིས་པས། 20དེར་བརྟན་ངས་དེ་ཚོ་ལ། གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་ནས་གསུངས་པ། 21ཨིསི་རཱཨེལ་པ་ཚོར་འཕྲིན་འདི་ལྟར་སྤྲོད་ཅིག། ཁྱོད་ཚོ་མཆོད་ཁང་གི་ནུས་ཤུགས་ལ་སྤོབས་པ་ཡོད། ཁྱོད་ཚོ་དེར་བལྟ་བར་ཡོང་འདོད་ཡོད། འོན་ཀྱང་གཙོ་བོ་དཀོན་མཆོག་གིས་དེར་མི་གཙང་བར་མཛད་རྒྱུ་ཡིན། ཁྱོད་ཀྱི་ཡེ་རུ་ཤ་ལེམ་དུ་སྤངས་པའི་ཁྱིམ་ཚང་གི་ནང་མི་ལོ་ཆུང་བ་ཚོ་དམག་སར་གསོད་པར་བྱེད་དོ། 22དེ་ནས་ཁྱོད་ཀྱིས་ངས་ཇི་ལྟར་བྱེད་པ་ལྟར་བྱ་བ་དང་། ཁྱོད་ཀྱི་གདོང་པ་མི་འགེབས་པ་དང་། ཡང་ན་མྱ་ངན་བྱེད་མཁན་ཚོས་ཟ་བའི་ཁ་ལག་ལས་མི་ཟའོ། 23ཁྱོད་ཀྱི་མགོ་རིལ་དང་རྐང་རྗེན་མར་མི་འགྲོ་བ་དང་མྱ་ངན་བྱེད་པ་དང་ངུ་བ་བཅས་མི་བྱེད་དོ། ཁྱོད་ཀྱི་སྡིག་པའི་རྐྱེན་གྱིས་ཆུད་ཟོས་སུ་འགྲོ་བ་དང་། གཅིག་གིས་གཅིག་ལ་འཁུན་པར་བྱེད་དོ། 24དེ་ནས་ང་ཁྱོད་ཚོའི་རྟགས་སུ་འགྱུར་བ་དང་ངས་ཇི་ལྟར་བྱས་པ་ལྟར་ཁྱོད་ཚོས་བྱེད་དོ། གཙོ་བོ་དཀོན་མཆོག་གིས་དེ་ལྟར་བྱུང་བའི་སྐབས་སུ་ཁྱོད་ཀྱིས་ཁོང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་ཞེས་བཀའ་གནང་ངོ་། 25གཙོ་བོ་དཀོན་མཆོག་གིས་བཀའ་གནང་བར། ཀྱེ་མི་རྟག་པའི་སྐྱེ་བོ་ད་ངས་དེ་ཚོ་ནས་དེ་ཚོས་སྤོབས་པ་དང་དགའ་བ་བྱེད་པའི་སྟོབས་ཤུགས་ཅན་གྱི་མཆོད་ཁང་ལ་དེ་ཚོས་མཇལ་བར་འདོད་པ་དེ་འཕྲོག་རྒྱུ་ཡིན། དེ་ཚོའི་བུ་དང་བུ་མོ་ཚོ་ཡང་འཁྲིད་རྒྱུ་ཡིན། 26ངས་དེ་ལྟར་བྱས་པའི་ཉིན་དེར་མི་གཅིག་བྲོས་ནས་ཐར་མཁན་དེ་ཁྱོད་ཀྱི་སར་ཡོང་ནས་དེའི་སྐོར་བརྗོད་པར་བྱེད་དོ། 27ཉིན་དེ་རང་ལ་ཁྱོད་ཀྱི་སྨྲ་བའི་ནུས་པ་རླག་པ་དེ་སླར་ཐོབ་པར་འགྱུར་ནས། ཁྱོད་ཀྱིས་ཁོ་དང་མཉམ་དུ་གཏམ་གླེང་བྱེད་དོ། དེ་ལྟར་ཁྱོད་ནི་མི་མང་གི་རྟགས་ཞིག་ཏུ་འགྱུར་བ་དང་། དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ༎

ཨི་ཛི་ཀི་ཨེལ 25

ཨམ་མོན་ཐོག་ཏུ་ལུང་བསྟན།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཀྱེ་མི་རྟག་པའི་སྐྱེ་བོ་ཨམ་མོན་ཡུལ་གྱི་ཐོག་བརྒྱབ་འགལ་བྱོས་ཤིག 3དེ་ཚོ་ལ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་གསུངས་པར་ཉོན་ཞིག་ཅེས་སྨྲོས་ཤིག ངའི་མཆོད་ཁང་དེ་མི་གཙང་བ་བཟོས་པ་དང་། ཨིསི་རཱཨེལ་གྱི་ཡུལ་དེ་སྟོར་རླག་ཏུ་བཏང་བ་དང་། ཡ་ཧུ་དཱ་པའི་མི་མང་བཙན་བྱོལ་དུ་ཡོང་བ་མཐོང་བ་ལ་ཁྱོད་ཚོས་དགའ་བར་བྱེད་དོ། 4ཁྱོད་ཚོ་དགའ་བའི་རྐྱེན་གྱི་ངས་ཤར་ཕྱོགས་ཀྱི་བྱང་ཐང་གི་སྡེ་རིགས་ཚོས་ཁྱོད་ཚོར་བཙན་འཛུལ་བྱེད་དུ་འཇུག་རྒྱུ་ཡིན། དེ་ཚོས་ཁྱོད་ཚོའི་ཡུལ་དུ་སྒར་བརྒྱབ་ནས་དེར་གཞིས་ཆགས་པ་དང་། ཁྱོད་ཚོའི་ཡིན་པའི་ཤིང་ཏོག་རྣམས་དེ་ཚོས་ཟ་བ་དང་འོ་མ་འཐུང་བར་བྱེད་དོ། 5ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པར་ཤེས་པར་འགྱུར་བའི་ཆེད་ངས་རབ་བཱའི་གྲོང་ཁྱེར་དེ་བཞིན་རྔ་མོང་རྣམས་འཇོག་ཡུལ་དང་། ཨམ་མོན་གྱི་ཡུལ་ནི་ལུག་ར་ཞིག་ཏུ་བསྒྱུར་བར་བྱའོ། 6བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་ཡིན། ཁྱོད་ཚོས་ལག་པ་བརྡབ་ནས་དགའ་ཞིང་མཆོང་བ་དང་། ཨིསི་རཱཨེལ་གྱི་ཡུལ་ལ་སྡང་པོ་བྱས་ཡོད་དོ། 7ཁྱོད་ཚོས་དེ་ལྟར་བྱས་པའི་རྐྱེན་ངས་ཁྱོད་ཚོ་ལ་འཕྲོག་བཅོམ་དང་ཇག་བཅོམ་བྱ་མཁན་གྱི་མི་རིགས་གཞན་ཚོའི་ལག་ཏུ་རྩིས་སྤྲོད་བྱ་རྒྱུ་ཡིན། ངས་ཁྱོད་ཚོ་ཆ་ཚང་མེད་པར་བཟོས་ནས། སླར་ཁྱོད་ཚོ་མི་རིགས་ཤིག་མི་ཡོང་བ་ཡང་ན་ཁྱོད་ཚོའི་རང་གི་ཡུལ་མི་ཡོང་བར་འགྱུར་རོ། དེ་ནས་ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ༎

མོ་ཨབ་པའི་ཐོག་ཏུ་ལུང་བསྟན།

8བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། མོ་ཨབ་པས་ཡ་ཧུ་དཱའི་མི་རིགས་གཞན་ཚོ་ལྟར་ཡིན་ཞེས་བརྗོད་པའི་རྐྱེན་གྱིས། 9ངས་མོ་ཨབ་ཀྱི་ས་མཚམས་སྲུང་སྐྱོབས་བྱ་མཁན་གྱི་གྲོང་ཁྱེར་ལེགས་ཤོས་བྷེད་ཡེ་ཤི་མོད་དང་བྷལ་མི་འོན་དང་ཀི་རི་ཡཱ་ཐེམ་བཅས་པར་བཙན་འཛུལ་བྱེད་དུ་འཇུག་རྒྱུ་ཡིན་ནོ། 10སླར་མོ་ཨབ་པ་རྣམས་མི་རིགས་ཤིག་མི་ཡོང་བའི་ཆེད་ངས་ཤར་གྱི་བྱང་ཐང་གི་སྡེ་རིགས་ཀྱིས་མོ་ཨབ་པ་དང་ཨམ་མོན་བཅས་ལ་བཙན་བཟུང་བྱེད་དུ་འཇུག་རྒྱུ་ཡིན་ནོ། 11ངས་མོ་ཨབ་པ་ལ་ཉེས་ཆད་གཏོང་རྒྱུ་ཡིན་པ་དང་། དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར༎

ཨེ་དྷོམ་གྱི་ཐོག་ཏུ་ལུང་བསྟན།

12བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ཨེ་དྷོམ་གྱི་མི་མང་ཚོས་ཡ་ཧུ་དཱ་པར་སྡུག་རྩུབ་ཅན་གྱི་དགྲ་ཤ་ལེན་ཡོད་པ་དང་། དགྲ་ཤ་དེས་ཨེ་དྷོམ་པ་ལ་གཏན་གྱི་ཆེད་དུ་ནག་ཉེས་བྱུང་ཡོད་དོ། 13ད་ངས་ཨེ་དྷོམ་པ་ལ་ཉེས་པ་གཏོང་རྒྱུ་དང་། དེར་ཡོད་པའི་མི་དང་སེམས་ཅན་ཚང་མ་གསོད་རྒྱུའི་གསལ་སྒྲགས་བྱ་རྒྱུ་ཡིན་ནོ། ངས་ཏེ་མན་གྱི་གྲོང་ཁྱེར་ནས་དྷེ་དན་གྱི་གྲོང་ཁྱེར་གྱི་བར་དུ་ཕན་མེད་བཟོ་རྒྱུ་དང་། མི་མང་ཚོ་དམག་སར་གསོད་པར་འགྱུར་རོ། 14ཨིསི་རཱཨེལ་མི་མང་གིས་ངའི་ཆེད་དུ་ཨེ་དྷོམ་ལ་དགྲ་ཤ་ལེན་པ་དང་། དེ་ཚོས་ཨེ་དྷོམ་ལ་ཁྲོས་ཤིང་འཇིགས་སྐྲག་ཅན་བཟོ་བར་བྱེད་དོ། ཨེ་དྷོམ་པ་ཚོས་ངའི་དགྲ་ཤ་ལེན་དོན་ཇི་ཡིན་པ་དེ་ཤེས་པར་འགྱུར་རོ། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ༎

ཕེ་ལེ་ཤེད་ཀྱི་ཐོག་ཏུ་ལུང་བསྟན།

15བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ཕེ་ལེ་ཤེད་པ་ཚོས་རང་གི་ཡུན་རིང་གི་དགྲར་སྡུག་རྩུབ་ཅན་གྱི་དགྲ་ཤ་ལེན་པ་དང་། དེ་ཚོའི་སྡང་བའི་སྐབས་སུ་དེ་ཚོ་མེད་པར་བཟོས་ཡོད་དོ། 16དེར་བརྟེན་ངས་ཕེ་ལེ་ཤེད་པ་ཚོར་འཐབ་ནས་དེ་ཚོ་ཤུལ་མེད་བཟོ་རྒྱུའི་གསལ་སྒྲགས་བྱེད་བཞིན་ཡོད། ངས་ཕེ་ལེ་ཤེད་པའི་ཐང་དུ་ལྷག་ལུས་ཚང་མ་མེད་པར་བཟོ་རྒྱུ་ཡིན། 17ངས་དེ་ཚོ་ལ་ཉེས་པ་ཚབ་ཆེ་གཏོང་རྒྱུ་དང་དགྲ་ཤ་ཆ་ཚང་ལེན་རྒྱུ་ཡིན། དེ་ཚོ་ལ་ང་ཁྲོ་བའི་འཚོར་བ་བྱུང་ནས། དེ་ནས་དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ༎

ཨི་ཛི་ཀི་ཨེལ 26

ཊ་ཡར་ཐོག་ལུང་བསྟན།

1ང་ཚོ་བཙན་བྱོལ་གྱི་ལོ་བཅུ་གཅིག་པའི་ཟླ་བའི་ཚེས་དང་པོར་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཀྱེ་མི་རྟག་པའི་སྐྱེ་བོ་ཊ་ཡར་གྲོང་ཁྱེར་གྱི་མི་མང་ཚོས་དགའ་བར་བྱེད་པའི་དོན་ནི་འདི་ལྟར་ཡིན། དེ་ཚོས་ཡེ་རུ་ཤ་ལེམ་བསིལ་བུར་འགྱུར་བ་དང་། དེ་ཚོའི་ཚོག་བརྒྱབ་པའི་ནུས་སྟོབས་མེད་པར་ཆགས་པ་དང་། དེ་ཚོས་ང་ཚོར་འགྲན་བསྡུར་བྱེད་མཁན་བྱུང་བར་མི་འགྱུར་ཞེས་སྐད་འབོད་བྱེད་ཀྱི་ཡོད་དོ། 3དེ་བས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་གསུངས་རྒྱུ་ནི་འདི་ལྟར་ཡིན་ནོ། ཊ་ཡར་གྱི་གྲོང་ཁྱེར་ང་ཁྱོད་ཀྱིི་དགྲ་བོ་ཡིན་ནོ། ངས་ཁྱོད་ལ་འཐབ་མཁན་མི་རིགས་མང་པོ་འཁྲིད་ཡོང་རྒྱུ་དང་། དེ་ཚོ་རྒྱ་མཚོའི་རྦ་རླབས་ལྟར་ཡོང་བར་འགྱུར་རོ། 4དེ་ཚོས་ཁྱོད་ཀྱི་གྲོང་ཁྱེར་གྱི་ལྕགས་རི་རྣམས་མེད་པར་བཟོ་བ་དང་། ཁྱོད་ཚོའི་གན་དོ་ལ་ཚོ་བཤིགས་པར་བྱེད་དོ། དེ་ནས་ངས་རྡུལ་རྣམས་འཕྱག་ནས་བྲག་དམར་ཧྲེང་མར་འཇོག་རྒྱུ་ཡིན་ནོ། 5རྒྱ་མཚོར་དེ་ལངས་ནས་སྡད་ཡོད་པས་ས་གནས་སུ་ཉ་པ་ཚོས་རང་གི་དྲ་བ་སྐམ་པར་བྱེད་དོ། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། མི་རིགས་ཚོས་ཊ་ཡར་ལ་ཇག་བཅོམ་བྱེད་པ་དང་། 6དེ་ཚོས་སྐམ་ས་ཆེན་པོའི་གྲོང་ཁྱེར་ཚོའི་ནང་གནས་སྡོད་བྱ་མཁན་ཚོར་རལ་གྲིས་གསོད་པར་བྱེད་དོ། དེ་ནས་ཊ་ཡར་གྱིས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 7བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ངས་རྒྱལ་པོ་ཡོངས་ཀྱི་ནང་ནས་སྟོབས་ཤུགས་ཆེ་ཤོས་བྷེ་བྷི་ལོན་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་ལ་ཊ་ཡར་ལ་འཐབ་པར་འཁྲིད་པར་བྱའོ། ཁོང་ནི་བྱང་ཕྱོགས་ནས་རྟ་དང་ཤིང་རྟ་འཁོར་ལོ་དང་རྟ་དམག་དང་བཅས་དམག་དཔུང་ཁྱོན་ཆེ་འཁྲིད་ནས་ཡོང་བར་འགྱུར་རོ། 8སྐམ་ས་ཆེན་པོའི་གྲོང་ཁྱེར་ཁག་ནང་གནས་སྡོད་བྱ་མཁན་ཚང་མ་དམག་འཐབ་ནང་གསོད་པར་འགྱུར། དགྲ་བོ་ཚོས་ཁྱོད་ཚོར་རྒོལ་ཕྱིར་དོང་རྣམས་བྲུ་བ་དང་ས་ལས་རྣམས་བཟོས་པ་དང་ཕུབ་བརྩན་པོའི་རྩིག་པ་རྣམས་བཟོས་པར་བྱེད་དོ། 9དེ་ཚོས་ལྕགས་རི་ལ་མདུང་མ་གཞུས་པ་དང་སྟ་རི་རྣམས་ཀྱིས་ཁྱོད་ཚོའི་གན་དོ་ལ་བཤིགས་པར་བྱེད་དོ། 10དེ་ཚོའི་རྟ་ཚོས་ཡར་སླང་པའི་རྡུལ་གྱིས་ཁྱོད་ཚོ་འགེབས་པར་བྱེད་དོ། དེ་ཚོའི་རྟ་སྒ་རིལ་དང་ཤིང་རྟ་འཁོར་ལོ་རྣམས་ཁྱོད་ཚོའི་གྲོང་ཁྱེར་གྱང་གོག་ཏུ་ཕྱིན་པའི་རྒྱལ་སྒོ་བརྒུད་ནས་ཡོང་སྐབས་དེ་ཚོའི་སྒྲ་ཤུགས་ཀྱིས་ཁྱོད་ཚོའི་ལྕགས་རི་རྣམས་འགུལ་བར་བྱེད་དོ། 11རྟ་པ་རྣམས་རྒྱ་ལམ་དུ་རླུང་ལྟར་རྒྱུགས་ནས་དེ་ཚོའི་རལ་གྲིས་ཁྱོད་ཚོའི་མི་མང་གསོད་པར་བྱེད་དོ། ཁྱོད་ཚོའི་ཀ་བ་བརྟན་པོ་དེ་ཚོ་ཐང་ལ་དབྱུགས་པར་བྱེད་དོ། 12ཁྱོད་ཚོའི་དགྲ་བོ་ཚོས་ཁྱོད་ཚོའི་རྒྱུ་ནོར་དང་ཚོང་ཟོག་ལ་བེད་སྤྱོད་བྱེད་དོ། དེ་ཚོས་ཁྱོད་ཚོའི་ལྕགས་རི་ཚོ་བཤིགས་པ་དང་མངའ་ཐང་ཅན་གྱི་ཁང་པ་རྣམས་རློག་པར་བྱེད་དོ། དེ་ཚོས་རྡོ་དང་ཤིང་དང་རྡོ་ཧྲུག་རྣམས་འཁྱེར་ནས་རྒྱ་མཚོའི་ནང་དབྱུགས་པར་བྱེད་དོ། 13ངས་ཁྱོད་ཚོའི་གཞས་རྣམས་མཚམས་འཇོག་བྱ་རྒྱུ་དང་པི་ཝང་གི་སྒྲ་སྙན་པོ་རྣམས་འགོག་པར་བྱ་རྒྱུ་ཡིན་ནོ། 14ངས་བྲག་གཅེར་བུ་དེ་ཉ་པ་ཚོས་དྲ་བ་སྐམ་ས་གཅིག་པུ་འཇོག་རྒྱུ་ཡིན། གྲོང་ཁྱེར་དེ་བཞིན་སླར་ཡང་སྐྱར་བཟོ་མི་བྱེད་ཅེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 15བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཊ་ཡར་གྲོང་ཁྱེར་ལ་བཀའ་འདི་ལྟར་གནང་ཡོད། ཁྱོད་ཚོས་དབང་བསྒྱུར་བྱེད་པའི་སྐབས་རྒྱ་མཚོའི་འགྲམ་དུ་སྡོད་མཁན་གྱི་མི་མང་རྣམས་དམར་གསོད་གཏོང་བ་ཚོའི་སྐད་ངན་ཤོར་བ་ཐོས་ནས་འཇིགས་སྐྲག་སྐྱེས་པར་འགྱུར་རོ། 16རྒྱ་མཚོར་ལས་ཀ་བྱེད་མཁན་མི་རིགས་ཚོས་རྒྱལ་པོ་རྣམས་ཁྲི་ལས་མར་བབས་པར་འགྱུར། དེ་ཚོས་རང་གི་ན་བཟའ་འཚེམ་འབྲུག་ཅན་གྱི་གྱོན་གོས་ཕུད་ནས་འདར་བཞིན་ས་ལ་བསྡད་པ་དང་། དེ་ཚོ་ཁྱོད་ཀྱི་བྱུས་ཉེས་ལ་ཧ་ཅང་འཇིགས་སྐྲག་སྐྱེས་ཡོད་སྟབས་འདར་བཞིན་དེ་འགོག་མི་ཐུབ་བོ། 17དེ་ཚོས་ཁྱོད་ཚོའི་ཕུང་པོ་འདོན་པའི་ཆེད་དུ་མགུར་མ་འདི་ལེན་པར་འགྱུར་རོ། སྙན་གྲགས་ཅན་གྱི་གྲོང་ཁྱེར་མེད་པར་བཟོས། དེ་ཡི་གྲུ་གཟིང་རྒྱ་མཚོས་འཁྱེར་བ་དང་། གྲོང་ཁྱེར་འདི་ཡི་མིས་རྒྱ་མཚོར་དབང་སྒྱུར་བྱེད། དེ་ཡི་མཐའ་འཁོར་སྡོད་མིར་འཇིགས་སྐྲག་སྐྱེད། 18ད་ལྟ་དེ་ནི་ཕམ་པའི་ཉིན་མོ་ལ། གླིང་ཕྲན་འདར་ཞིང་དེ་ཡི་མི་མང་རྣམས། འཇིག་གཏོར་དེ་དང་འདྲ་བ་ཧང་སང་འགྱུར། 19བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ངས་ཁྱོད་མི་སུ་ཡང་མི་སྡོད་པའི་གྲོང་ཁྱེར་ཞིག་སྟོང་ནས་གྱང་གོག་ཏུ་བཟོ་བ་དང། ངས་ཁྱོད་ནི་རྒྱ་མཚོ་གཏིང་རིང་པོའི་ཆུ་ཡིས་འགེབ་པར་བྱའོ། 20ངས་ཁྱོད་འཆི་བའི་ཡུལ་དུ་གནའ་བའི་དུས་ནས་བསྡད་པའི་མི་ཚོའི་སར་གཏོང་རྒྱུ་ཡིན་ནོ། ངས་ཁྱོ་ས་འོག་གི་འཛམ་གླིང་མཐའ་མེད་པའི་གྱང་གོག་ཏུ་འཚི་མཁན་ཚོའི་རོགས་སུ་སྡོད་འཇུག་རྒྱུ་ཡིན། དེའི་འབྲས་བུར་སླར་ཁྱོད་གནས་སྡོད་བྱེད་པའི་ཡུལ་དུ་གཏན་ཆགས་གནས་མི་ཐུབ་པ་དང་གསོན་པོ་ཚོའི་ཁྲོད་དུ་རང་གི་ས་གནས་བཟུང་མི་ཐུབ་བོ། 21ངས་ཁྱོད་ནི་འཇིགས་སུ་རུང་བའི་དཔེ་ཞིག་བཟོ་རྒྱུ་དང་། དེ་ནི་ཁྱོད་ཀྱི་མཐའ་མར་འགྱུར་རོ། མི་ཚོས་ཁྱོད་འཚོལ་ན་ཡང་རྙེད་པར་མི་འགྱུར། ཞེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ༎

ཨི་ཛི་ཀི་ཨེལ 27

ཊ་ཡར་གྱི་ཆེད་དིུ་ཕུང་པོ་འདོན་པའི་མགུར་མ།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཀྱེ་མི་རྟག་པའི་སྐྱེ་བོ་ཊ་ཡར་གྱི་ཆེད་དུ་ཕུང་པོ་འདོན་པའི་མགུར་མ་ཞིག་འདོན་ཞིག 3གྲོང་ཁྱེར་དེ་རྒྱ་མཚོའི་མཐའ་རུ་ཡོད་པ་དང་། རྒྱ་མཚོའི་མཐའ་ཚང་མར་སྡོད་མཁན་གྱི་མི་མང་མཉམ་དུ་འཚོང་བརྒྱབ་ཀྱི་ཡོད་དོ། མོ་ལ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་འདི་ལྟར་སྨྲོས་ཤིག ཊ་ཡར་ཁྱོད་ནི་མཛེས་སྡུག་ལྡན་པ་ཡིན་ཟེར་ང་རྒྱལ་བྱེད། 4ཁྱོད་ཀྱི་ཁྱིམ་ནི་རྒྱ་མཚོ་ཡིན། ཁྱོད་ལ་ཡིད་འོང་གྲུ་ལྟར་བཟོ་པས་བཟོས། 5དེ་ཚོས་ཤིང་ནི་རི་བོ་ཧར་མོན་གྱིས། སོམ་ཤིང་ལ་ནི་བེད་སྤྱོད་བྱས་པ་ཡིན། གྲུ་གཟིང་དར་ཤིང་ཆེད་དུ་ལེ་བ་ནོན་གྱི། འགྱམ་ཤིང་ཁག་ལ་བེད་སྤྱོད་བྱས་པ་ཡིན། 6དེ་ཚོས་སྐྱ་བ་བཟོ་བར་བྷ་ཤཱན་གྱི། བེ་ཤིང་དང་ནི་གྲུ་གཟིང་པང་ལེབ་རྣམས། ས་ཡི་པེརེསེ་ཡུལ་གྱི་ཤུག་ཤིང་ལས་བཟོས་ཡོད། དེ་ཚོའི་སྟེང་དུ་བ་སོས་བརྒྱན་སྤྲོས་བྱས། 7ཁྱོད་ཀྱི་རླུང་གཡོར་རྣམས་ནི་ཀ་ཅིས་རས། ཨི་ཇིབ་ཡུལ་ནས་འཚེམ་སྦྲུག་ཅན་གྱི་བཟོས། ཐག་རིང་གནས་ནས་སླ་པོར་ངོ་ཤེས་སོ། ཁྱོད་ཀྱི་བྱ་གཡབ་རྣམས་ནི་སྤུས་དག་རས་ཀྱི་བཟོས། མུ་མན་རས་དེ་ས་ཡི་པེརེསེ་གླིང་ཕྲན་ནས་འཁྱེར་ཡོང། 8ཁྱོད་ཀྱི་གྲུ་སྐྱ་མཁན་རྣམས་སི་དོན་དང་། ཨར་ཝད་གྲོང་ཁྱེར་ཁག་གི་མི་རྣམས་ཡིན། ཁྱོད་ཀྱི་རང་གི་རྩལ་ལྡན་མི་ཚོ་གྲུ་པ་ཡིན། 9གྲུ་ཡི་ཤིང་བཟོ་བ་ཡི་མི་རྣམས་ནི། བིབ་ལོསི་ཡི་ཡུལ་ལ་སྦྱོང་དར་ཟིན། རྒྱ་མཚོར་འགྲོ་མཁན་གྲུ་ཡི་གྲུ་པ་ཚོས། ཁྱོད་ཀྱི་ཚོང་ཁང་ནང་ལ་ཚོང་བརྒྱབ་བོ། 10པར་སི་ཡ་དང་ལི་ཌི་ཡ་དང་ལིབ་ཡ་བཅས་ཀྱི་དམག་མི་ཚོས་ཁྱོད་ཀྱི་དམག་དཔུང་ནང་དམག་ཞབས་ཞུས་པ་དང་། དེ་ཚོས་རང་གི་ཕུབ་དང་རྨོག་ཁྱོད་ཀྱི་དམག་སྒར་ནང་བཀལ་བར་བྱེད། དེ་ཚོ་ཁྱོད་ཀྱི་ཆེད་དུ་གཟི་བརྗིད་རྒྱལ་ཁ་ལེན་མཁན་ཡིན་ནོ། 11ཨར་ཝད་ཀྱི་དམག་མི་ཚོས་ཁྱོད་ཀྱི་ལྕགས་རིའི་རྣམས་སྲུང་བ་དང་། གྷ་མད་ཡུལ་གྱི་དམག་མི་ཚོས་ཁྱོད་ཀྱི་གན་དོ་ལ་རྣམས་སྲུང་བར་བྱེད་དོ། དེ་ཚོའི་ཕུབ་རྣམས་ཁྱོད་ཚོའི་ལྕགས་རིའི་སྟེང་དུ་བཀལ་བ་དང་། དེ་ཚོ་ནི་ཁྱོད་ལ་མཛེས་སྡུག་ཅན་བཟོ་མཁན་གྱི་སྐྱེ་བོ་ཡིན་ནོ། 12ཨིསི་པན་ནང་ཁྱོད་ཀྱིས་ཚོང་བྱེད་པ་དང་ཁྱོད་ཀྱི་ཚོང་ཟོག་འབོལ་པོ་ཚོའི་རིན་དུ་དངུལ་དང་ལྕགས་དང་ཀྲིང་དང་ཞ་ཉེ་བཅས་ལེན་ནོ། 13ཁྱོད་ཀྱིས་གྷིརིསི་དང་ཏུ་བྷལ་དང་མེ་ཤེག་བཅས་པར་ཚོང་བརྒྱབ་ཅིང་ཁྱོད་ཀྱི་ཚོང་ཟོག་མཉམ་དུ་ཚེ་གཡོག་དང་ལིའི་ཅ་དངོས་ཀྱི་ཚོང་བསྒྱུར་བྱེད་དོ། 14ཁྱོད་ཀྱིས་བྷེད་ཏོ་གར་མཱ་ནས་འཁོར་ལོ་འཐེན་པའི་རྟ་དང་དམག་རྟ་དང་དྲེལ་བཅས་པར་ཁྱོད་ཀྱི་ཅ་དངོས་ཚོ་ཚོང་འགྲེམ་བྱེད་དོ། 15རོ་དྷ་ནིམ་གྱི་མི་མང་ཚོས་ཁྱོད་མཉམ་དུ་ཚོང་བྱེད་པ་དང་། རྒྱ་མཚོའི་མཐའ་འགྲམ་གྱི་ཡུལ་གྱི་མི་མང་པོས་ཁྱོད་ཀྱི་ཅ་ལག་ཚོའི་ཚབ་ཏུ་བ་སོ་དང་ཤིང་ནག་པོ་བཅས་སྤྲོད་དོ། 16སི་རི་ཡའི་མི་མང་ཚོས་ཁྱོད་ཀྱི་ཚོང་ཟོག་དང་ཐོན་འབྲས་མང་པོ་ཉོ་བ་དང་། དེ་ཚོས་ཁྱོད་ཀྱི་ཅ་དངོས་ཚོའི་ཚབ་ཏུ་མརྒད་དང་གོས་ཆེན་མུ་མན་དང་འཚེམ་སྦྲུག་ཁག་དང་ཀ་ཅིའི་རས་སྤུས་དག་དང་བྱུ་རུ་དང་པད་མ་ར་ག་བཅས་སྤྲད་དོ། 17ཡ་ཧུ་དཱ་དང་ཨིསི་རཱཨེལ་པ་ཚོས་ཁྱོད་ཀྱི་དངོས་ཟོག་ཚོའི་ཚབ་ཏུ་གྲོ་དང་སྦྲང་རྩི་དང་ཁ་སྐྱུར་པོའི་སྣུམ་དང་སྨན་སྣ་ཁག་བཅས་སྤྲད་དོ། 18-19དྷ་མསེ་ཀསེ་ཀྱི་མི་མང་ཚོས་ཁྱོད་ཀྱི་ཚོང་ཟོག་དང་ཐོན་འབྲས་རྣམས་ཉོ་བ་དང་དེའི་ཚབ་ཏུ་ཧེལ་བྷོན་གི་རྒུན་ཆང་དང་ས་ཧར་གྱི་བལ་སྤྲད་དོ། དེ་ཚོས་ཁྱོད་ཀྱི་ཅ་དངོས་ཚོ་དང་ལྕགས་ལས་བཟོས་པའི་དངོས་པོ་དང་སྨན་སྣ་བཅས་བརྗེད་ལེན་བྱེད་དོ། 20དྷེ་དན་གྱི་མི་མང་ཚོས་ཁྱོད་ཀྱི་ཚོང་ཟོག་དང་རྟ་སྒའི་རས་བརྗེ་ལེན་བྱེད་དོ། 21ཨ་རབ་པ་དང་ཀེ་དར་ཡུལ་གྱི་རྒྱལ་པོ་ཚོས་ཁྱོད་ཀྱི་ཚོང་ཟོག་གི་ཚབ་ཏུ་ལུ་གུ་དང་ལུག་དང་ར་བཅས་སྤྲད་དོ། 22ཤེ་བྷ་དང་ར་མཱའི་ཚོང་པ་ཚོས་རིན་ཆེན་རིགས་དང་གསེར་དང་སྨན་སྣ་ལེགས་ཤོས་བརྗེ་ལེན་བྱེད་དོ། 23ཧ་རན་དང་ཀཱན་ནཱེ་དང་ཨེ་དྷེན་བཅས་ཀྱི་གྲོང་ཁྱེར་ཚོ་དང་ཤེ་བྷའི་ཚོང་པ་དང་ཨསེ་ཤུར་གྱི་གྲོང་ཁྱེར་ཚོ་དང་ཀིལ་མད་ཀྱི་ཚོང་པ་ཚང་མས་ཁྱོད་དང་མཉམ་དུ་ཚོང་བྱེད་དོ། 24དེ་ཚོས་ཁྱོད་ལ་རྒྱན་སྤྲོས་ཅན་གྱི་ན་བཟའ་དང་འཚེམ་སྦྲུག་ཅན་དང་ཚོན་དཀྲག་མདངས་ཅན་གྱི་གདན་དང་ལེགས་པར་བཟོས་པའི་ཐག་པ་དང་གོས་བཅས་ཚོང་ངོ་། 25ཁྱོད་ཀྱི་ཚོང་ཟོག་རྣམས་དོད་པོ་འཁྱེར་འཁྱེར་མཁན་གྱི་གྲུ་གཟིང་ཆེ་ཤོས་ནང་འཁྱེར་རོ། ཁྱོད་ལ་ཤིན་ཏུ་ལྗིད་བའི་དོ་པོ་བཀལ། རྒྱ་མཚོའི་ནང་གི་གྲུ་གཟིང་ཞིག་དང་འདྲ། 26གྲུ་སྐྱ་པ་ཚོས་ཁྱོད་ཚོ་མཚོར་འཁྱེར་སྐབས། ཤར་རླུང་གིས་ནི་ཐག་རིང་མཚོ་ཁྲོད་འཛིག། 27ཁྱོད་ཀྱི་གྲུ་གཟིང་ཆག་པར་འགྱུར་བའི་སྐབས། ཁྱོད་ཀྱི་ཚོང་ཟོག་དང་ནི་རྒྱུ་ནོར་རྣམས། གྲུ་ཡི་ལས་བྱེད་གྲུ་པ་ཡོངས་རྫོགས་དང་། ཁྱོད་ཀྱི་གྲུ་བཟོ་མཁན་དང་ཚོང་པ་རྣམས། གྲུ་གཟིང་ནང་ཡོད་དམག་མི་ཡོངས་རྫོགས་བཅས། དེ་ཚོ་ཚང་མ་རྒྱ་མཚོའི་ནང་དུ་བརླག། 28མཚོའི་ནང་དིམ་བཞིན་ཡོད་པའི་གྲུ་པའི་སྐད། རྒྱ་མཚོའི་མཐའ་རུ་གྲགས་པར་འགྱུར་བཞིན་ཡོད། 29ད་ཆ་གྲུ་གཟིང་རྣམས་ནི་སྤངས་བར་གྱིས། གྲུ་པ་རྣམས་ནི་རྒྱ་མཚོའི་མཐའ་རུ་ཕྱིན། 30ཁྱེད་ཆེད་ཚང་མས་མྱ་ངན་དྲག་པོ་བྱེད། མགོའི་སྟེང་རྡུལ་འཐོར་གོ་ཐལ་སྟེང་དུ་སྒྲིལ། 31དེ་ཚོས་ཁྱེད་ཀྱི་ཆེད་དུ་སྐྲ་བཞར་ཞིང་། རང་ཉིད་རྩ་ཕད་གོས་ནི་གྱོན་ཡོད་དོ། དེ་ཚོ་ངུ་སྐབས་སེམས་སྡུག་ཚད་མེད་འདུག། 32དེ་ཚོས་ཁྱེད་ཆེད་ཕུང་འདོན་མགུར་མ་བཏང་། ད་ལྟ་རྒྱ་མཚོའི་ནང་དུ་ཁུ་སིམ་ཡོད། ཊ་ཡར་ལ་ནི་སུ་ཡི་འགྲན་ནུས་སམ། 33ཁྱོད་ཀྱི་ཚོང་ཟོག་རྒྱ་མཚོའི་སྟེང་འགྲོ་སྐབས། ཁྱེད་ཀྱིས་རྒྱལ་ཁབས་ཚང་མའི་དགོས་མཁོ་བཀང་། ཁྱོད་ཀྱི་ཅ་ལག་དང་ནི་རྒྱུ་ནོར་གྱིས། རྒྱལ་པོ་ཚོ་ལ་ཕྱུག་པོ་བཟོ་ཡོད་དོ། 34ད་ཆ་ཁྱོད་ནི་རྒྱ་མཚོར་འཛིག་ནས་ཡོད། རྒྱ་མཚོའི་གཏིང་རིང་ནང་དུ་ཁྱེད་དིམ་ཡོད། ཁྱོད་ཀྱི་ཅ་དངོས་རྣམས་དང་ལས་བྱེད་རྣམས། ཁྱོད་རང་མཉམ་དུ་རྒྱ་མཚོའི་ནང་དུ་ཡལ། 35རྒྱ་མཚོའི་མཐའ་རུ་སྡོད་མཁན་རྣམས་ཁྱེད་ཀྱི་བྱུས་ཉེས་མཐོང་ནས་ཧ་ལས་སོ། དེ་ཚོའི་རྒྱལ་པོ་ཚོ་ཡང་འཇིགས་སྐྲག་སྐྱེས་ཤིང་དེ་ཚོའི་གདོང་ནི་འཇིགས་པའི་རྣམ་པ་འདོན་བཞིན་ཡོད་དོ། 36ཁྱོད་གཏན་གྱི་ཆེད་མེད་པར་འགྱུར་བ་དང་། འཛམ་གླིང་ཡོངས་ཀྱི་ཚོང་པ་རྣམས་འཇིགས་ཤིང་སྐྲག་ཡོད་དོ། དེ་ཚོ་ཁྱེད་ཀྱི་བྱུས་ཉེས་འདྲ་བ་རང་ལ་བྱུང་བར་འཇིགས་ཤིང་ཡོད༎

ཨི་ཛི་ཀི་ཨེལ 28

ཊ་ཡར་གྱི་རྒྱལ་པོའི་ཐོག་ཏུ་ངོ་རྒོལ་གྱི་ལུང་བསྟན།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། 2ཀྱེ་མི་རྟག་པའི་སྐྱེ་བོ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཊ་ཡར་གྱི་རྒྱལ་པོ་ལ་ཇི་ལྟར་སྨྲས་པ་རྣམས་བརྗོད་ཅིག ཁྱོད་ང་རྒྱལ་གྱིས་ཁེངས་ནས་ཁྱོད་རང་དཀོན་མཆོག་ཡིན་པ་གསལ་སྒྲགས་བྱེད་པ་དང་། ཁྱོད་རང་དཀོན་མཆོག་ཡིན་ཞེས་སྨྲ་ཞིང་རྒྱ་མཚོས་མཐའ་བསྐོར་བའི་ཁྲི་ཞིག་གི་སྟེང་བསྡད་པ་དང་། ཁྱོད་དཀོན་མཆོག་ཡིན་ཚུལ་བྱས་ན་ཡང་ཁྱོད་དེ་ལྟར་མིན་པ་དང་ཁྱོད་མི་རྟག་པ་ཞིག་ཡིན་པ་ལས་དཀོན་མཆོག་མ་ཡིན་ནོ། 3ཁྱོད་དྷ་ནི་ཨེལ་ལས་ལྷག་པའི་ཤེས་རབ་ཅན་ཡིན་པ་དང་། ཁྱོད་ནས་གསང་གཏམ་གང་ཡང་སྦས་མི་ཐུབ་བསམ་བཞིན་ཡོད། 4ཁྱོད་ཀྱིས་ཤེས་རབ་དང་རིག་རྩལ་གྱིས་གསེར་དངུལ་གྱི་གཏེར་མཛོད་ཀྱི་ཁྱོད་ཕྱུག་པོ་བཟོས་ཡོད་པ་དང་། 5ཁྱོད་ཀྱི་སྤྱང་གྲུང་གིས་ཚོང་གྱིས་ནས་མཁེ་སང་གསོགས་བཞིན་ཡོད་པ་དང་། ཁྱོད་རང་གི་རྒྱུ་ནོར་ལ་སྤོབས་པ་ཇི་ལྟར་ཡོད། 6དེ་བས་ན་ད་ཆ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བརྗོད་རྒྱུ་འདི་ལྟར་ཡིན། ཁྱོད་དཀོན་མཆོག་ལྟར་ཤེས་རབ་ཅན་ཡིན་བསམ་བཞིན་ཡོད་སྟབས། 7ངས་ཁྱོད་ལ་འཐབ་པའི་ཆེད་སྡུག་རྩུབ་ཅན་གྱི་དགྲ་བོ་རྣམས་འཁྲིད་ཡོང་རྒྱུ་ཡིན། དེ་ཚོས་ཁྱོད་ཀྱི་རྩལ་དང་ཤེས་རབ་ཀྱི་ཡིད་དུ་འོང་བའི་དངོས་པོ་སྒྲུབ་པ་རྣམས་མེད་པར་བཟོ་བ་དང་། 8དེ་ཚོས་ཁྱོད་ལ་བསད་ནས་ཆུའི་དུར་ཞིག་ཏུ་གཏོང་བར་བྱའོ། 9དེ་ཚོས་ཁྱོད་གསོད་པར་ཡོང་སྐབས་ད་དུང་ཁྱོད་དཀོན་མཆོག་ཡིན་ཞེས་བརྗོད་དམ། ཁྱོད་ལ་གསོད་མཁན་མདུན་དུ་སླེབས་སྐབས་ཁྱོད་དཀོན་མཆོག་མིན་པ་དང་ཁྱོད་མི་རྟག་པ་ཡིན་ནོ། 10ཁྱོད་དཀོན་མཆོག་མ་མཆོད་མཁན་གྱི་ཕྱི་རྒྱལ་བའི་ལག་ཏུ་ཁྱི་ལྟར་འཆི་བར་འགྱུར། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཊ་ཡར་གྱི་རྒྱལ་པོ་ལ་ཉམས་རྒུད་བྱུང་བ།

11གཙོ་བོ་དཀོན་མཆོག་གིས་ང་ལ་ཡང་སྐྱར་བཀའ་གནང་བ་ནི། 12ཁོང་གིས་ཀྱེ་མི་རྟག་བའི་སྐྱེ་བོ་ཊ་ཡར་གྱི་རྒྱལ་པོའི་ཐོག་ཏུ་ཡོང་གྲབ་ཡོད་པའི་བྱུས་ཉེས་ཀྱི་ཆེད་དུ་མྱ་ངན་བྱོས་ཤིག ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཁོ་ལ་འདི་ལྟར་སྨྲ་བ་བརྗོད་ཅིག སྔར་ཁྱོད་མཚན་ལྡན་ཕུན་ཚོགས་ཀྱི་མིག་དཔེ་ཞིག་ཡིན་པ་དང་། ཁྱོད་ཤེས་རབ་ཅན་དང་མཚར་སྡུག་ཅན་ཇི་ལྟར་ཡོད་དོ། 13ཁྱོད་དཀོན་མཆོག་གིས་སྡུམ་ར་ཨེ་དྷེན་དུ་སྡོད་བཞིན་ཡོད་པ་དང་། ནོར་བུའི་རིགས་འདྲ་མིན་ནི་པད་མ་ར་ག་དང་རྡོ་རྗེ་ཕ་ལམ་དང་ནོར་བུ་སེར་པོ་དང་པུ་ཤ་ཀ་ར་དང་མཆོང་དང་གཡང་ཏྲི་དང་ཨིནྡྲ་ནཱི་ལ་དང་མརྒད་དང་གྷར་ནེཊེ་བཅས་གྱོན་པ་དང་། ཁྱོད་ལ་གསེར་གྱི་རྒྱན་ཆ་ཡོད་པ་དང་། དེ་ཚོ་ཁྱོད་བཀོད་པའི་ཉིན་མོར་བཟོས་ཡོད་པ་ཡིན་ནོ། 14ངས་ཁྱོད་སྲུང་བར་འཇིགས་སུ་རུང་བའི་ཕོ་ཉ་འཇོག་ཡོད་པ་དང་། ཁྱོད་ངའི་རི་བོ་དམ་པ་རྣམས་ཀྱི་ཁྲོད་དུ་སྡོད་པ་དང་འོད་འཚེར་བཞིན་པའི་ནོར་བུའི་ཁྲོད་དུ་གོམ་སྤོས་བྱས་ཡོད་དོ། 15ཁྱོད་ལ་བཀོད་པའི་ཉིན་མོ་ནས་ངན་པ་བྱེད་འགོ་མ་བཅུག་གོང་ཁྱོད་ཀྱི་སྤྱོད་ལམ་མཚན་ལྡན་ཕུན་ཚོགས་ཡོད་དོ། 16ཁྱོད་ཉོ་ཚོང་གི་སྐོར་བྲེལ་འཚུབ་ཡོད་པ་དང་། དེས་ཁྱོད་ཟིང་འཁྲུགས་ཅན་དང་སྡིག་པའི་ལམ་ལ་སྣེ་འཁྲིད་བྱས་ཡོད་པ་དང་། དེར་བརྟེན་ངས་ཁྱོད་ལ་ངའི་རི་བོ་དམ་པ་ནས་ཕྱིར་འདོན་བྱས་པ་དང་། ཁྱོད་སྲུང་མཁན་གྱི་ཕོ་ཉས་ཁྱོད་ལ་འོད་འཚེར་བཞིན་པའི་ནོར་བུའི་ཁྲོད་ནས་ཕྱིར་འབུད་བྱས་ཡོད་པ་ཡིན་ནོ། 17ཁྱོད་ཡིད་དུ་འོང་བར་བྱེད་པར་སྤོབས་པ་ཡོད་པ་དང་། ཁྱོད་ཀྱི་སྙན་གྲགས་ཀྱིས་ཁྱོད་ལ་གླེན་པ་ལྟར་བྱེད་འཇུག་ཡོད་པ་དང་། དེའི་རྐྱེན་གྱིས་ངས་ཁྱོད་ས་ལ་བརྡབས་ནས་ཁྱོད་རྒྱལ་པོ་གཞན་ལ་ཉེན་བརྡ་ལྟར་འཇོག་ཡོད་དོ། 18ཁྱོད་ཀྱིས་ཉོ་ཚོང་སྐབས་ལ་ངན་པ་ཚབ་ཆེ་གྱིས་ཡོད་སྟབས། ཁྱོད་ཀྱི་མཆོད་པ་འབུལ་བའི་ས་གནས་དེ་ལྷད་ཡོད་པ་བཟོས་ཡོད་པ་དང་། དེར་བརྟེན་ངས་གྲོང་ཁྱེར་ལ་མེ་སྤར་ནས་དེ་རྡུལ་དུ་འགྲོ་བར་བསྲེགས་ཡོད་པ་དང་། ཁྱོད་ལ་བལྟ་མཁན་ཚང་མས་ཁྱོད་གོ་ཐལ་དུ་འགྱུར་བ་མཐོང་ངོ། 19ཁྱོད་མེད་པར་འགྱུར་བ་མ་ཟད་གཏན་གྱི་ཆེད་མེད་པར་འགྱུར་ཡོད། ཁྱོད་ལ་ཤེས་མཁན་གྱི་མི་རིགས་རྣམས་འཇིགས་ཤིང་སྐྲག་ཡོད་པ་དང་། ཁྱོད་ཀྱི་བྱུས་ཉེས་འདྲ་བ་རང་ལ་བྱུང་བར་དེ་ཚོ་འཇིག་ཡོད་དོ༎

སི་དོན་ཐོག་ཏུ་ངོ་རྒོལ་གྱི་ལུང་བསྟན།

20གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 21ཀྱེ་མི་རྟག་པའི་སྐྱེ་བོ་སི་དོན་གྱི་གྲོང་ཁྱེར་ཐོག་ཏུ་ངོ་རྒོལ་བྱོས་ཤིག 22དེ་ཚོའི་སྐོར་ལ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲས་པ་རྣམས་བརྗོད་ཅིག ང་སི་དོན་ཁྱོད་ཀྱི་དགྲ་བོ་ཡིན་པ་དང་། ངས་ཁྱོད་ལ་ཇི་ལྟར་གྱིས་པ་ལ་མི་མང་གིས་ང་ལ་བསྟོད་བསྔགས་བྱེད་དོ། ཁྱོད་ཀྱི་ནང་ལ་སྡོད་མཁན་ཚོར་ངས་ཉེས་ཆད་བཏང་ནས། ང་དམ་པ་ཇི་ལྟར་ཡིན་པ་སྟོན་སྐབས་དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། 23ངས་ཁྱོད་ལ་ནད་ཡམས་བཏང་ནས་རྒྱ་ལམ་དུ་ཁྲག་རྒྱུགས་སུ་འཇུག་རྒྱུ་ཡིན་པ་དང་། ཕྱོགས་ཚང་མ་ནས་ཁྱོད་ལ་འཐབ་ཅིང་ཁྱོད་ཀྱིས་མི་མང་རྣམས་གསོད་པར་བྱེད་དོ། དེ་ནས་ཁྱོད་ཀྱིས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར༎

ཨིསི་རཱཨེལ་ལ་བྱིན་རླབས་གནང་རྒྱུ།

24གཙོ་བོ་དཀོན་མཆོག་གིས། མཐའ་འཁོར་གྱི་རྒྱལ་ཁབ་སུ་ཞིག་ཨིསི་རཱཨེལ་ལ་བསྙས་བཅོས་བྱེད་མཁན་ཚོས་ཨིསི་རཱཨེལ་ལ་སླར་ཡང་ཚེར་མ་དང་ཚེར་ཤིང་ལྟར་རྨས་བར་མི་འགྱུར། དེ་ནས་ང་གཙོ་བོ་དཀོན་མཆོག་ཡིན་པ་དེ་ཚོས་ཤེས་པར་འགྱུར་གསུངས་སོ། 25བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ངས་ཨིསི་རཱཨེལ་གྱི་མི་མང་རྣམས་ཁ་གཏོར་བྱ་ཡུལ་རྒྱལ་ཁབ་ཚང་མ་ནས་ཕྱིར་ལོག་འཁྲིད་ཡོང་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཚང་མས་ང་དམ་པ་ཡིན་པ་ཤེས་པར་འགྱུར། ཨིསི་རཱཨེལ་གྱི་མི་མང་རྣམས་ངས་ངའི་ཞབས་ཕྱི་ཡ་ཀོབ་ལ་སྤྲད་པའི་རང་གི་ཡུལ་དེར་གནས་པར་འགྱུར། 26དེ་ཚོ་དེར་བདེ་ཐང་ཐོག་བསྡད་ཐུབ་པ་དང་། དེ་ཚོས་ཁང་པ་རྒྱབ་ནས་རྒུན་ཚལ་འདེབས་པར་བྱས་པ་དང་། ངས་དེ་ཚོ་ལ་བརྙས་བཅོས་བྱས་མཁན་དེ་ཚོའི་ཁྱིམ་མཚེས་ཚང་མར་ཉེས་ཆད་གཏོང་རྒྱུ་དང་། ཨིསི་རཱཨེལ་སྲུང་སྐྱོབ་ཐོག་གནས་པར་འགྱུར། དེ་ནས་ང་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་ཡིན་པ་དེ་ཚོས་ཤེས་པར་འགྱུར་རོ༎

ཨི་ཛི་ཀི་ཨེལ 29

ཨི་ཇིབ་ཐོག་ངོ་རྒོལ་གྱི་ལུང་བསྟན།

1ང་ཚོ་བཙན་བྱོལ་གྱི་ལོ་བཅུ་པའི་ཟླ་བ་བཅུ་པའི་ཚེས་བཅུ་གཉིས་ཀྱི་ཉིན་མོར་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ཨི་ཇིབ་ཀྱི་རྒྱལ་པོར་ངོ་རྒོལ་བྱོས་ཤིག ཁོ་ལ་ཨི་ཇིབ་ཡུལ་ཡོངས་ལ་ཉེས་པ་ཇི་ལྟར་གཏོང་གནང་རྒྱུ་ཡིན་པ་དེ་ཤོད་ཅིག 3བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ཨི་ཇིབ་ཀྱི་རྒྱལ་པོ་ལ་འདི་ལྟར་བཀའ་གནང་བ་ཤོད་ཅིག ཁྱོད་ནི་རྒྱུགས་ཆུའི་ནང་ཉལ་མཁན་གྱི་བདུད་ཆུ་སྲིན་ལྟར་ཡིན་པས། ང་ནི་ཁྱོད་ཀྱི་དགྲ་བོ་ཡིན། གཙང་པོ་ན་ཨེལ་དེ་བཞིན་ཁྱོད་ཀྱི་ཡིན་པ་དང་ཁྱོད་ཀྱིས་དེ་བཟོས་པ་ཡིན་ཞེས་སྨྲས་ཀྱི་ཡོད་དོ། 4ངས་ཁྱོད་ཀྱི་འགྲམ་རུས་ལ་ལྕགས་ཀྱུག་ཞིག་རྒྱབ་ནས་ཁྱོད་ཀྱི་རྒྱུགས་ཆུའི་ནང་གི་ཉ་དེ་ཁྱོད་ལ་དམ་པོར་འབྱར་བ་བྱ་རྒྱུ་ཡིན་ནོ། དེ་ནས་ངས་གཙང་པོ་ན་ཨེལ་ལས་ཉ་རྣམས་ཁྱོད་ལ་དམ་པོར་འབྱར་བ་དང་མཉམ་དུ་ཕྱིར་འདོན་བྱ་རྒྱུ་ཡིན་ནོ། 5ངས་ཁྱོད་དང་ཉ་དེ་ཚོ་བྱེ་ཐང་དུ་དབྱུགས་རྒྱུ་ཡིན་པ་དང། ཁྱོད་ཀྱི་ལུས་ས་ལ་ལྷུང་ཞིང་སྦེད་མཁན་མེད་པར་ལུས་པར་འགྱུར། ངས་དེ་བྱ་དང་གཅན་གཟན་ཚོའི་ཟས་སུ་སྤྲོད་རྒྱུ་ཡིན་ནོ། 6དེ་ནས་ཨི་ཇིབ་ཀྱི་མི་མང་རྣམས་ནས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཨིསི་རཱཨེལ་པ་ཚོས་ཨི་ཇིབ་པ་ཁྱོད་ཚོ་ལ་རྒྱབ་སྐྱོར་གྱི་ཆེད་བློ་བཅོལ་བྱེད་ན་ཡང་ཁྱོད་ཚོ་དབྱུག་པ་སྐྱོ་པོ་ཞིག་ལས་ལྷག་པ་མེད་དོ། 7དེ་ཚོས་ཁྱོད་ལ་རྙེད་སྐབས་ཁྱོད་ཆག་པ་དང་། དེ་ཚོའི་མཆན་ཁུང་དུ་ཨི་ཁུང་བིག་པ་དང་དེ་ཚོའི་རྒྱབ་ཚིག་འབུད་པར་བྱེད་དོ། 8དེ་ནས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོར་རལ་གྲིས་འཐབ་པར་མི་གཏོང་རྒྱུ་དང་དེ་ཚོས་ཁྱོད་ཚོའི་མི་མང་དང་སེམས་ཅན་རྣམས་གསོད་པ་དང་། 9ཨི་ཇིབ་ཡུལ་འདི་བཞིན་སྟོང་པ་ཆུ་ཟོས་སུ་འགྱུར། དེ་ནས་ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། ཁྱོད་ཀྱི་གཙང་པོ་ན་ཨེལ་འདི་བཞིན་ཁྱོད་ཀྱི་ཡིན་པ་དང་དེ་ཁྱོད་ཀྱིས་བཟོས་པ་ཡིན་ཞེས་བརྗོད་སྟབས། 10ང་ནི་ཁྱོད་དང་ཁྱོད་ཀྱི་གཙང་པོ་ན་ཨེལ་གྱི་དགྲ་བོ་ཡིན། ངས་ཨི་ཇིབ་ཡུལ་གྱི་བྱང་ཕྱོགས་ཀྱི་མིག་དྷོལ་གྱི་གྲོང་ཁྱེར་ནས་ལྷོ་ཕྱོགས་ཨསེ་ཝན་གྱི་གྲོང་ཁྱེར་དང་ཨི་ཐི་ཨོ་པི་ཡ་པའི་ས་མཚམས་བར་ཡོངས་རྫོགས་སྟོང་པ་ཆུ་ཟོས་སུ་གཏོང་རྒྱུ་ཡིན་ནོ། 11མི་དང་སེམས་ཅན་གང་ཡང་དེ་བརྒྱུད་འགྲོ་བར་མི་བྱེད་དོ། ལོ་བཞི་བཅུའི་རིང་དེ་རུ་སུ་ཡང་གནས་སྡོད་མི་བྱེད་དོ། 12ངས་ཨི་ཇིབ་དེ་བཞིན་འཛམ་གླིང་ནང་ལ་ཧ་ཅང་གི་ལུང་སྟོང་ཞིག་བཟོ་རྒྱུ་ཡིན་པ་དང་། ལོ་བཞི་བཅུའི་རིང་ཨི་ཇིབ་ཀྱི་གྲོང་ཁྱེར་རྣམས་གྲོང་ཁྱེར་གཞན་ལས་སྡུག་པའི་གྱང་གོག་ཏུ་གནས་པར་འགྱུར། ངས་ཨི་ཇིབ་པ་ཚོ་ལ་བཙན་བྱོལ་བ་བཟོ་རྒྱུ་ཡིན་པ་དང་། དེ་ཚོ་ཡུལ་ཚང་མར་བྲོས་འགྲོ་བ་དང་མི་རིགས་གཞན་པ་ཚོ་དང་མཉམ་དུ་བསྡད་པར་བྱེད་དོ། 13བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ལོ་བཞི་བཅུའི་རྗེས་སུ་ཨི་ཇིབ་པ་རྣམས་ངས་ཁ་གཏོར་བའི་ཡུལ་ནས་ཕྱིར་འཁྲིད་ཡོང་རྒྱུ་དང་། 14ངས་དེ་ཚོ་རང་གི་ཐོག་མའི་ཁང་ཁྱིམ་ཨི་ཇིབ་ཀྱི་ལྷོ་ཕྱོགས་སུ་སྡོད་འཇུག་རྒྱུ་ཡིན་པ་དང་། དེར་དེ་ཚོ་མི་རིགས་སྐྱོ་པོ་ཞིག་ཡོང་བར་འགྱུར་རོ། 15རྒྱལ་ཁབ་ཚང་མའི་ནང་ནས་སྐྱོ་ཤོས་སུ་འགྱུར་བ་དང་། དེ་ཚོས་རྒྱལ་ཁབ་གཞན་ཚོའིི་ཐོག་རྒྱལ་སྲིད་སྐྱོངས་བར་མི་བྱའོ། ངས་དེ་ཚོ་ལ་ཧ་ཅང་སྣང་ཆུང་བཟོ་རྒྱུ་དང་དེ་ཚོས་རྒྱལ་ཁབ་གཞན་སུ་ལ་ཡང་དེ་ཚོའི་མངའ་འོག་ཏུ་འགུག་པར་མི་ནུས་སོ། 16སླར་ཡང་ཨིསི་རཱཨེལ་པ་ཚོ་ནམ་ཡང་དེ་ཚོ་ལ་རོགས་རམ་ཆེད་རེ་བཅོལ་མི་བྱེད་དོ། ཨི་ཇིབ་ལ་བློ་བཅོལ་བའི་འབྲས་བུས་ཨིསི་རཱཨེལ་པ་ཚོ་ལ་རང་གི་ནོར་འཁྲུལ་ཇི་ལྟར་གྱིས་པ་དེ་འདྲེན་པར་འགྱུར། དེ་ནས་ཨིསི་རཱཨེལ་པ་ཚོས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར༎

རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཨི་ཇིབ་དབང་བསྒྱུར་བར་འགྱུར།

17ང་ཚོའི་བཙན་བྱོལ་གྱི་ལོ་ཉི་ཤུ་རྩ་བདུན་པའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 18ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ། བྷེ་བྷི་ལོན་གྱི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཊ་ཡར་ལ་བཙན་རྒོལ་བྱེད་པ་དང་། ཁོང་གིས་རང་གི་དམག་མི་ཚོར་དོ་པོ་ལྗིད་པོ་འཁུར་བཅུག་སྟབས་དེ་ཚོའི་མགོ་ལ་སྐྲ་མེད་པར་འགྱུར་བ་དང་། དེ་ཚོའི་དཔུང་པའི་པགས་པ་བཤུས་ན་ཡང་། རྒྱལ་པོ་དང་ཁོང་གི་དམག་མི་ཚོས་དེ་ཚོའི་དཀའ་ལས་རྒྱབ་པའི་འབྲས་བུ་གང་ཡང་མ་ཐོབ་བོ། 19དེར་བརྟེན་ད་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བརྗོད་རྒྱུ་འདི་ལྟར་ཡིན་ནོ། ངས་ཨི་ཇིབ་ཡུལ་དེ་རྒྱལ་པོ་ནེ་བུ་ཀད་ནེ་ཛར་ལ་སྤྲོད་རྒྱུ་ཡིན་པ་དང་། ཁོས་འཕྲོག་བཅོམ་བྱས་ནས་ཨི་ཇིབ་ཀྱི་རྒྱུ་ནོར་རྣམས་ཁོའི་དམག་མི་ཚོའི་གླ་ཆའི་ཆེད་འཁྱེར་བར་བྱེད་དོ། 20ངས་ཁོ་ལ་ཨི་ཇིབ་འདི་བཞིན་ལས་ཀ་བྱེད་པའི་གླ་ཆར་སྤྲོད་རྒྱུ་ཡིན་ནོ། གང་ལ་ཟེར་ན། ཁོའི་དམག་མི་ཚོས་ངའི་ཆེད་དུ་ལས་ཀ་བྱེད་བཞིན་ཡོད་ཅེས། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 21དེ་ལྟར་བྱུང་སྐབས་ངས་ཨིསི་རཱཨེལ་གྱི་མི་མང་ཚོ་ལ་སྟོགས་ཤུགས་ཆེན་པོ་བཟོ་རྒྱུ་དང་། ཨི་ཛི་ཀི་ཨེལ་ཁྱོད་ལ་དེ་ཚོའི་ཁྲོད་དུ་ཚང་མས་ཐོས་སར་སྐད་ཚ་ཤོད་དུ་འཇུག་རྒྱུ་ཡིན་པ་དང་། དེ་ནས་དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར༎

ཨི་ཛི་ཀི་ཨེལ 30

གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་ཐོག་ཆད་པ།

1གཙོ་བོ་དཀོན་མཆོག་གིས་སྐྱར་དུ་ང་ལ་བཀའ་གནང་བ་ནི། 2ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ལུང་བསྟན་གནང་ནས་ཇི་ལྟར་བརྗོད་པ་གསལ་སྒྲགས་གྱིས་ཤིག ཁྱོད་ཀྱི་ཚིག་འདི་ཚོ་སྐད་འབོད་བྱེད་དགོས་སོ། འཇིགས་སྐྲག་གི་ཉི་མ་དེ་ནི་སླེབས་བཞིན་ཡོད། 3གཙོ་བོ་དཀོན་མཆོག་ལས་འགུལ་མཛད་པའི་ཉིན། མི་རིགས་རྣམས་ལ་སྤྲིན་དང་སྡུག་བསྔལ་གྱིས། སྒྲིབ་པའི་ཉི་མ་དེ་ནི་ཐག་ཉེར་ཡོད། 4ཨི་ཇིབ་ཡུལ་དུ་དམག་འཁྲུགས་བྱུང་བ་དང་། ཨི་ཐི་ཨོ་པི་ཡ་ཡུལ་དུ་སྡུག་བསྔལ་ཚབ་ཆེ་ཡོང་། ཨི་ཇིབ་ཡུལ་དུ་སྲོག་གཅོད་མང་པོ་བྱེད། ལུང་པ་དེ་ལ་འཕྲོག་བཅོམ་བྱེད་པ་དང་། ཡུལ་དེ་གྱང་གོག་ཞིག་ཏུ་ལུས་པར་འགྱུར། 5དམག་འཁྲུགས་དེར་ཨི་ཐི་ཨོ་པི་ཡ་དང་ལི་ཌི་ཡ་དང་ལིབ་ཡ་དང་ཨ་ར་བི་ཡ་དང་ཀུབ་བཅས་ནས་གླས་པའི་དམག་མི་རྣམས་དང་ངའི་རང་གི་མི་མང་གི་ཁྲོད་ནས་ཀྱང་གསོད་པར་འགྱུར་རོ། 6གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། བྱང་གི་མིག་དྷོལ་ནས་ལྷོའི་ཨསེ་ཝན་བར་ཨི་ཇིབ་ཀྱི་སྲུང་སྐྱོབས་བྱེད་མཁན་ཚང་མ་དམག་ཏུ་གསོད་པར་འགྱུར། ཨི་ཇིབ་ཀྱི་སྤོབས་པ་ཅན་གྱི་དམག་དཔུང་རྣམས་མེད་པར་བཟོ་བར་འགྱུར། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 7ཡུལ་དེ་བཞིན་འཛམ་གླིང་ནང་ཧ་ཅང་གི་ལུང་སྟོང་ཞིག་ཏུ་འགྱུར་བ་དང་དེའི་གྲོང་ཁྱེར་ཚོ་གྱང་གོག་ཞིག་ཏུ་ལུས་པར་འགྱུར། 8ངས་ཨི་ཇིབ་མེར་བསྲེགས་པ་དང་དེའི་སྲུང་སྐྱོབས་བྱེད་མཁན་ཚོ་བསད་སྐབས། དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། 9ཉིན་དེ་སླེབས་སྐབས་སུ་ཨི་ཇིབ་མེད་པར་བཟོས་པའི་རྗེས་སུ་ཨི་ཐི་ཨོ་པི་ཡ་པའི་ཡུལ་གྱི་མི་མང་སྣང་མེད་དུ་བསྡད་མཁན་ཚོ་ལ་སེམས་འགུལ་གཏོང་བར་གྲུ་གཟིང་ནང་བང་ཆེ་རྣམས་གཏོང་རྒྱུ་དང་། དེ་ཚོ་འཇིགས་ཤིང་སྐྲག་པར་འགྱུར། ཉིན་དེ་ནི་སླེབས་བཞིན་ཡོད་དོ། 10བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ངས་ཨི་ཇིབ་ཀྱི་རྒྱུ་ནོར་མེད་པར་བཟོ་རྒྱུར་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་ལ་བེད་སྤྱོད་བྱ་རྒྱུ་ཡིན་ནོ། 11ཁོ་དང་ཁོའི་སྙིང་རྗེ་མེད་པའི་དམག་དཔུང་གི་ཡུལ་དེ་བཞིན་གཏོར་སྐྱོན་གཏོང་བར་ཡོང་བར་འགྱུར། དེ་ཚོས་ཨི་ཇིབ་ལ་རལ་གྲིས་བཙན་རྒོལ་བྱས་ནས་ཡུལ་དེ་མི་རོས་ཁེངས་པར་འགྱུར་རོ། 12ངས་གཙང་པོ་ན་ཨེལ་སྐམ་དུ་འཇུག་རྒྱུ་དང་། ཨི་ཇིབ་ལ་མི་ངན་ཚོའི་དབང་འོག་ཏུ་འཇོག་རྒྱུ་ཡིན་པ་དང་། ཕྱི་རྒྱལ་བ་ཚོས་ཡུལ་ཡོངས་རྫོགས་གཏོར་སྐྱོན་བྱེད་པར་འགྱུར། ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 13བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ངས་མེམ་ཕིསིའི་སྐུ་འདྲ་ཚོ་དང་དཀོན་མཆོག་རྫུན་མ་རྣམས་མེད་པར་བཟོ་རྒྱུ་ཡིན་པ་དང་། ཨི་ཇིབ་ཐོག་ཏུ་རྒྱལ་སྲིད་སྐྱོང་མཁན་སུ་ཡང་མེད་པར་འགྱུར་བ་དང་། ངས་མི་མང་ལ་འཇིགས་སྐྲག་བསྐུལ་རྒྱུ་ཡིན་ནོ། 14ངས་ཨི་ཇིབ་ཀྱི་ལྷོ་ཕྱོགས་དེ་ནི་མི་མེད་ལུང་སྟོང་བཟོ་རྒྱུ་དང་། བྱང་ཕྱོགས་ཀྱི་ཛོ་ཨན་གྲོང་ཁྱེར་མེར་བསྲེགས་བྱ་རྒྱུ་ཡིན་པ་དང་། ངས་ཐེ་བེསི་ཀྱི་རྒྱལ་ས་ལ་ཆད་པ་གཏོང་རྒྱུ་ཡིན་ནོ། 15ངས་ཨི་ཇིབ་ཀྱི་འཛིང་ར་ཆེ་ཤོས་པེ་ལུ་སི་ཨམ་གྱི་གྲོང་ཁྱེར་ལ་ངའི་ཁྲོ་བའི་འཚོར་བ་བྱུང་དུ་འཇུག་རྒྱུ་ཡིན་ནོ། ངས་ཐེ་བེསི་ཀྱི་རྒྱུ་ནོར་རྣམས་མེད་པར་བཟོ་རྒྱུ་ཡིན་ནོ། 16ངས་ཨི་ཇིབ་ལ་མེར་བསྲེགས་གཏོང་རྒྱུ་དང་པེ་ལུ་སི་ཨམ་པ་རྣམས་མྱ་ངན་ངང་གནས་རྒྱུ་དང་། ཐེ་བེསིའི་ལྕགས་རི་རྣམས་གཞིག་པར་འགྱུར་བ་དང་། གྲོང་ཁྱེར་ནང་དུ་ཆུ་ལོག་རྒྱུགས་པར་འགྱུར། 17ཧེ་ལེ་ཨོ་པོ་ལིསེ་དང་བུ་བསི་ཏིསིའི་གྲོང་ཁྱེར་གྱི་ན་གཞོན་ཚོ་དམག་སར་འཆི་བ་དང་། མི་མང་གཞན་རྣམས་བཙོན་པར་འཁྲིད་པར་འགྱུར་རོ། 18ངས་ཨི་ཇིབ་ཀྱི་སྟོབས་ཤུགས་བཅག་པ་དང་། དེ་ཚོས་ཧ་ཅང་སྤོབས་པ་བྱེད་པའི་ནུས་ཤུགས་དེ་མཚམས་འཇོག་བྱ་སྐབས་ཏ་པན་ཧིསིའི་ཐོག་མུན་པས་ཁྱབ་པར་འགྱུར། ཨི་ཇིབ་སྤྲིན་པས་བཀབ་པ་དང་མོའི་གྲོང་ཁྱེར་ཚང་མའི་མི་མང་རྣམས་བཙོན་པར་འཁྲིད་པ་དང་། 19ངས་ཨི་ཇིབ་ལ་ཉེས་པ་དེ་ལྟར་གཏོང་སྐབས་དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར༎

ཨི་ཇིབ་ཀྱི་རྒྱལ་པོའི་སྟོབས་ཤུགས་ཉམས་པ།

20ང་ཚོའི་བཙན་བྱོལ་གྱི་ལོ་བཅུ་གཅིག་པའི་ཟླ་བ་དང་པོའི་ཚེས་བདུན་པར་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 21ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ངས་ཨི་ཇིབ་ཀྱི་རྒྱལ་པོའི་ལག་པ་བཅག་ཡོད་པ་དང་། དེ་གསོ་བ་དང་སླར་རལ་གྲི་བཟུང་ཐུབ་པའི་ནུས་ཤུགས་ལྡན་པ་ཡོང་བའི་ཆེད་སུས་ཀྱང་དེ་ལ་རྨ་རས་དཀྲིས་མེད་པ་དང་། ལག་ཅིང་རྒྱབ་ནས་རྐེ་ལ་བཏགས་མེད་དོ། 22དེར་བརྟེན་ད་ལྟ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བརྗོད་རྒྱུ་འདི་ལྟར་ཡིན། ང་ནི་ཨི་ཇིབ་ཀྱི་རྒྱལ་པོའི་དགྲ་བོ་ཡིན་པ་དང་། ངས་ཁོའི་ལག་པ་སྐྱོན་མེད་པ་དང་སྐྱོན་ཡོད་པ་གཉིས་ཀ་བཅོག་རྒྱུ་དང་། ཁོའི་ལག་ནས་རལ་གྲི་ས་ལ་ལྷུང་བར་འགྱུར། 23ངས་ཨི་ཇིབ་པ་རྣམས་འཛམ་གླིང་ཡོངས་སུ་ཁ་གཏོར་རྒྱུ་ཡིན་པ་དང་། 24དེ་ནས་ངས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་ལག་པར་སྟོབས་ཤུགས་ཆེན་པོ་བཟོ་རྒྱུ་དང་། ངའི་རལ་གྲི་ཁོའི་ལག་པའི་ནང་འཇོག་རྒྱུ་ཡིན་ནོ། འོན་ཀྱང་ངས་ཨི་ཇིབ་ཀྱི་རྒྱལ་པོའི་ལག་པ་བཅོག་རྒྱུ་དང་། ཁོའི་དགྲོ་བོའི་མདུན་དུ་ན་ཟུགས་གིས་ཧད་འདོན་བཞིན་ཤི་བར་འགྱུར། 25ངས་ཁོ་ལ་ཉམས་རྒུད་གཏོང་རྒྱུ་དང་། བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་སྟོབས་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང་། ངས་ཁོ་ལ་ངའི་རལ་གྲི་སྤྲད་རྒྱུ་དང་། ཁོས་ཨི་ཇིབ་ཀྱི་ཕྱོགས་སུ་སྟེགས་སྐབས་ཚང་མས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 26ངས་ཨི་ཇིབ་པ་རྣམས་འཛམ་གླིང་ཡོངས་སུ་ཁ་སྟོར་རྒྱུ་ཡིན་པ་དང་། དེ་ནས་དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར༎

ཨི་ཛི་ཀི་ཨེལ 31

ཨི་ཇིབ་དེ་འགྱམ་ཤིང་དང་བསྡུར་བ།

1ང་ཚོའི་བཙན་བྱོལ་གྱི་ལོ་བཅུ་གཅིག་པའི་ཟླ་བ་གསུམ་པའི་ཚེས་གཅིག་ཉིན་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ཨི་ཇིབ་ཀྱི་རྒྱལ་པོ་དང་མི་མང་ཚོ་ལ་འདི་ལྟར་སྨྲོས་ཤིག ཁྱོད་ནི་སྟོབས་ཅན་ཇི་ལྟར་ཡིན་ན་ཡང་། ངས་ཁྱོད་གང་དང་བསྡུར་བར་བྱེད་དགོས་སམ། 3ཁྱོད་ནི་ལེ་བ་ནོན་གྱི་འགྱམ་ཤིང་འདྲ། མཛེས་ཤིང་བསིལ་གྲིབ་ལྡན་པའི་ཡལ་ག་དང་། སྡོང་པོ་ཆེ་ལ་རིང་བས་སྤྲིན་པར་ཐུག། 4དེ་ལ་འཚར་ལོངས་འགྱུར་བའི་ཆུ་ཡོད་ཅིང་། འཚོ་སྐྱོངས་བྱེད་ཆེད་ས་འོག་ཆུ་ཡོད་དོ། དེ་ཚོས་དེ་ནི་སྐྱེས་སར་ཆུ་རྒྱབ་བོ། ནགས་ཀྱི་ཤིང་སྡོང་ཚང་མར་ཆུ་གཏོང་ངོ་། 5དེ་ལ་ཆུ་ནི་ཡག་པོ་བླུག་ཡོད་སྟབས། དེ་ནི་ཤིང་སྡོང་གཞན་ལས་རིང་བ་སྐྱེས། དེ་ཡི་ཡལ་ག་སྦོམ་ཞིང་རིང་བ་སྐྱེས། 6དེ་སྟེང་བྱིའུ་འདྲ་མིན་དེ་ཚོས་བྱིའུ་ཚང་བཟོས། དེ་འོག་གཅན་གཟན་ཚོ་ལ་ཕྲུ་གུ་སྐྱེས། དེ་འོག་འཛམ་གླིང་མི་རིགས་ངལ་གསོའོ། 7ཤིང་སྡོང་དེ་ནི་མཛེས་སྡུག་ཅན་ལྟར་ཡོད། ཧ་ཅང་མཐོ་ཞིང་ཡལ་ག་རིང་པོ་ཡོད། དེ་ཡི་རྩ་བ་གཏིང་རིང་ཆུ་ལ་ཟུག། 8ཁོང་གི་ལྡུམ་རའི་ནང་གི་འགྱམ་ཤིང་དང་། དེ་ཉིད་གང་དུ་བསྡུར་བར་བྱེད་མི་ཐུབ། སོམ་ཤིང་གཞན་ལ་ཡལ་ག་དེ་ལྟར་མེད། ཤིང་སྡོང་གང་འདྲ་ཞིག་གི་ཡལ་ག་དེ་ལྟར་མེད། དཀོན་མཆོག་ཁོང་གི་ཉིད་ཀྱི་ལྡུམ་རའི་ནང་། མཛེས་སྡུག་ཅན་གྱི་ཤིང་སྡོང་དེ་ལྟར་མེད། 9ངས་དེ་ཡལ་འདབ་རྒྱས་ཤིང་མཛེས་པར་བཟོས། དེ་ནི་ཁོང་གི་ལྡུམ་ར་ཨེ་དྷེན་གྱི། ཤིང་སྡོང་ཡོངས་ཀྱི་ཕྲ་དོག་བྱེད་ཡུལ་ཡིན༎ 10དེ་བས་ན་ང་བླ་ན་མེད་པའི་གཙོ་བོ་དཀོནམ་ཆོག་གིས། སྤྲིན་པ་བར་དུ་རེག་ནས་སྐྱེས་པའི་ཤིང་སྡོང་དེར་ཇི་ལྟར་བྱུང་བའི་སྐོར་ལ་བརྗོད་རྒྱུ་ཡིན། དེ་རིང་དུ་རིང་དུ་སྐྱེས་སྐབས་སྤོབས་པ་ཡང་ཆེ་རུ་འགྲོའོ། 11དེར་བརྟེན་ངས་དེ་ལ་སྤངས་ནས་ཕྱི་རྒྱལ་བའི་རྒྱལ་པོ་ཞིག་ལ་སྤྲོད་རྒྱུ་ཡིན། ཁོང་གིས་ཤིང་སྡོང་གི་བྱ་སྤྱོད་ངན་པ་ལ་དགོས་ངེས་ཀྱི་ལན་འདེབ་བྱེད་པ་དང་། 12སྙིང་རྗེ་མེད་པའི་ཕྱི་རྒྱལ་བ་རྣམས་ཀྱི་དེ་ལ་བཅད་ནས་དོར་བར་བྱེད་དོ། དེའི་ཡལ་ག་དང་ཆགས་པའི་སྡོང་པོ་རྣམས་ཡུལ་གྱི་རི་དང་ལུང་གཤོང་ཚང་མར་ལྷུང་བར་འགྱུར། དེའི་བསིལ་གྲིབ་འོག་སྡོད་མཁན་མི་རིགས་ཚང་མ་དེ་ནས་འགྲོ་བར་འགྱུར། 13བྱིའུ་ཚོ་ཡོང་ནས་ཤིང་སྡོང་ལྷུང་བའི་སྟེང་བསྡད་པ་དང་ནགས་ཀྱི་གཅན་གཟན་ཚོ་དེའི་ཡལ་གའི་སྟེང་གོམ་པ་སྤོས་པར་བྱེད་དོ། 14དེར་བརྟེན་ད་ནས་བཟུང་ཆུ་མང་པོ་བླུགས་ན་ཡང་དེ་ལྟར་རིང་པོ་མི་སྐྱེས་པ་དང་དེའི་རྩེ་མོ་སྤྲིན་པའི་མཐོ་ཚད་དེ་ལྟར་མི་སླེབས་པ་དང་། མི་རྟག་པའི་སྐྱེ་བོ་ལྟར་ཚང་མ་འཇིགས་ནས་འཆི་བ་དང་འཆི་བའི་ཡུལ་སུ་མར་འགྲོ་མཁན་ཚོ་དང་མཉམ་དུ་སླེབས་བར་བྱེད་དོ། 15ང་བླ་ན་མེད་པའི་གཙོ་བོ་དཀོནམ་ཆོག་གིས་བརྗོད་རྒྱུ་འདི་ལྟར་ཡིན། ཤིང་སྡོང་དེ་འཆི་བའི་ཡུལ་སུ་མར་སོང་བའི་ཉིན་མོ་དེར་ངས་མྱ་ངན་གྱི་རྟགས་སུ་ས་འོག་ཆུས་འགེབས་པར་བྱ་རྒྱུ་ཡིན་པ་དང་། ངས་གཙང་པོ་ཚོ་འགོག་རྒྱུ་དང་རྒྱུག་ཆུ་རྣམས་རྒྱུགས་སུ་འཇུག་རྒྱུ་མིན་པ་དང་། གང་ལགས་ཟེར་ན་ཤིང་སྡོང་དེ་འཆི་ཡོད་སྟབས་ངས་ལེ་བ་ནོན་གྱི་རི་བོའི་སྟེང་མུན་པར་འཁྲིད་རྒྱུ་དང་། ཤིང་ནགས་ཀྱི་ཤིང་སྡོང་རྣམས་སྐམ་དུ་འཇུག་རྒྱུ་ཡིན་ནོ། 16ངས་དེ་འཆི་བའི་ཡུལ་སུ་མར་གཏོང་སྐབས་དེ་མར་རིལ་བའི་སྒྲ་ཡིས་མི་རིགས་ཚོ་གཡོ་བར་བྱེད་དོ། ཨེ་དྷེན་གྱི་ཤིང་སྡོང་ཡོངས་དང་ལེ་བ་ནོན་གྱི་ཆུ་ལེགས་པར་བྱིན་པའི་ཤིང་སྡོང་འདམས་པ་རྣམས་དང་བཅས་པ་ས་འོག་གླིང་དུ་སོང་བ་རྣམས་དེ་ཕམ་པ་ལ་དགའ་བར་འགྱུར། 17དེ་ཚོ་དང་འཆི་བའི་ཡུལ་སུ་སྔར་དེར་ལྷུང་ཡོད་པ་ཚོ་དང་མཉམ་དུ་གནས་སྡོད་བྱེད་པར་འགྲོའོ། དེའི་གྲིབ་བསིལ་འོག་སྡོད་མཁན་ཚང་མ་མི་རིགས་ཚོའི་ཁྲོད་དུ་ཁ་ཐོར་གཏོང་རྒྱུ་ཡིན་ནོ། 18ཤིང་སྡོང་དེ་ནི་ཨི་ཇིབ་ཀྱི་རྒྱལ་པོ་དང་དེའི་མི་མང་རྣམས་ཡིན། ཨེ་དྷེན་གྱི་ཤིང་སྡོང་ཚོ་ཡང་དེ་ལས་རིང་པོ་དང་བློ་ལ་འགྲོ་པོ་མེད་དོ། འོན་ཀྱང་ད་ཆ་ཨེ་དྷེན་གྱི་ཤིང་སྡོང་ལྟར་དེ་ཡང་འཆི་བའི་ཡུལ་དུ་དཀོན་མཆོག་ལ་ཁས་ལེན་མི་བྱེད་པ་དང་། དམག་སར་བསད་པ་ཚོ་དང་མཉམ་དུ་གནས་སྡོད་བྱེད་པར་འགྲོའོ་ཞེས། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ཞེས་བཀའ་གནང་ངོ་༎

ཨི་ཛི་ཀི་ཨེལ 32

ཨི་ཇིབ་ཀྱི་རྒྱལ་པོ་ཆུ་སྲིན་དང་བསྡུར་བ།

1ང་ཚོའི་བཙན་བྱོལ་གྱི་ལོ་བཅུ་གཉིས་པའི་ཟླ་བ་བཅུ་གཉིས་པའི་ཉིན་དང་པོར་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ཨི་ཇིབ་ཀྱི་རྒྱལ་པོ་ལ་ཉེན་བརྡ་ནན་པོ་ཞིག་གཏོང་ཞིག་དང་། ཁོ་ལ་ངའི་འཕྲིན་འདི་ཤོད་ཅིག། ཁྱོད་ཀྱིས་མི་རིགས་ཚོའི་འཁྲོད་དུ་སེང་གེ་ལྟར་ལས་འགུལ་གྱིས་ཡོད་ན་ཡང་ཁྱོད་ནི་རྒྱུགས་ཆུའི་ནང་གི་ཆུ་སྲིན་འཁྱུགས་པ་དང་འདྲའོ། ཁྱོད་ཀྱི་རྐང་པས་ཆུ་རྣམས་རྙོག་ཅིང་མི་གཙང་བ་བཟོའོ། 3མི་རིགས་མང་པོ་བསྡུས་སྐབས་ངས་ཁྱོད་དྲ་བས་བཟུང་ཞིང་། དེ་ཚོ་ལ་དྲ་བ་དེ་ཆུའི་མཐར་རུ་དྲུད་དུ་འཇུག་རྒྱུ་ཡིན་ནོ། 4ངས་ཁྱོད་སའི་ཁར་དབྱུགས་ནས་འཛམ་གླིང་གི་བྱིའུ་དང་སེམས་ཅན་རྣམས་འཁྲིད་ནས་ཁྱོད་ལ་ཟ་རུ་འཇུག་རྒྱུ་ཡིན་ནོ། 5ངས་ཁྱོད་ཀྱི་རོ་རུས་བཞིན་པ་དེ་རི་བོ་དང་ལུང་གཤོང་བཅས་པར་འགེབས་རྒྱུ་ཡིན་ནོ། 6རི་བོ་རྣམས་ཀྱི་སྟེང་དུ་མ་ཁྱབ་བར་དང་། རྒྱུག་ཆུ་རྣམས་མ་འཁེངས་བར་ངས་ཁྱོད་ཀྱི་ཁྲག་འདོན་རྒྱུ་ཡིན་ནོ། 7ངས་ཁྱོད་མེད་པར་བཟོ་སྐབས་ངས་ནམ་མཁའ་དེ་འགེབས་རྒྱུ་དང་། སྐར་མ་ཚོ་སྒྲིབ་པར་བྱ་རྒྱུ་ཡིན་པ་དང་། ཉི་མ་སྤྲིན་པའི་རྒྱབ་ཏུ་ཡིབ་པ་དང་། ཟླ་བས་འོད་མི་སྦྱིན་ནོ། 8ངས་ནམ་མཁའི་འོད་ཡོངས་རྫོགས་གསོད་རྒྱུ་དང་། ཁྱོད་ཀྱི་འཛམ་གླིང་ལ་མུན་པའི་ནང་དོར་རྒྱུ་ཡིན་ནོ། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 9ངས་ཁྱོད་ཀྱིས་ནམ་ཡང་ཐོས་མ་མྱོང་བའི་ཡུལ་ཚོ་བརྒྱུད་ཁྱོད་མེད་པར་བཟོ་རྒྱུའི་གཏམ་དེ་འཕེལ་སྐབས་མི་རིགས་མང་པོ་ལ་དཀའ་ངལ་བྱུང་བར་འགྱུར། 10ངས་ཁྱོད་ལ་ཇི་ལྟར་གྱིས་པ་དེ་ལ་མི་རིགས་མང་པོ་ཧང་སང་བར་འགྱུར། ངས་ངའི་རལ་གྲི་འཕྱར་སྐབས་རྒྱལ་པོ་ཚོ་ཡང་སྐྲག་ནས་འདར་བར་བྱེད་དོ། ཁྱོད་ཕམ་པའི་ཉིན་མོ་དེར་དེ་ཚོ་ཚང་མ་རང་གི་སྲོག་གི་ཕྱིར་འཇིགས་ཤིང་འདར་བར་བྱེད་དོ། 11བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཨི་ཇིབ་ཀྱི་རྒྱལ་པོར་བཀའ་གནང་བ་ནི། ཁྱོད་ཀྱིས་བྷེ་བྷི་ལོ་ནི་ཡའི་རྒྱལ་པོའི་རལ་གྲི་ལ་ཁ་ཐེབས་གཅག་དགོས། 12ངས་སྡུག་རྩུབ་ཅན་གྱི་རྒྱལ་ཁབ་ཚོའི་དམག་མིས་རལ་གྲི་འཕྱར་ནས་ཁྱོད་ཀྱི་མི་མང་རྣམས་གསོད་དུ་འཇུག་རྒྱུ་ཡིན། ཁྱོད་ཀྱི་མི་མང་རྣམས་དང་སྤོབ་པ་བྱེད་པ་རྣམས་ལ་མེད་པར་བཟོ་རྒྱུ་ཡིན། 13ཆུ་འབོལ་པོ་ཡོད་ས་ཚང་མར་ངས་ཁྱོད་ཀྱི་ཕྱུགས་རྣམས་བསད་རྒྱུ་དང་། ཆུ་འདམ་རྙོག་བཟོ་བར་མི་དང་ཕྱུགས་སླར་ཡང་བྱུང་བར་མི་འགྱུར་རོ། 14ངས་ཁྱོད་ཀྱི་ཆུ་ཞི་བར་འབྱེད་ཅིང་དངས་སིང་བཟོས་རྒྱུ་དང་ཁྱོད་ཀྱི་རྒྱུགས་ཆུ་ཚོ་དལ་པོར་རྒྱུགས་སུ་འཇུག་རྒྱུ་ཡིན་ནོ་ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 15ངས་ཨི་ཇིབ་དེ་ཕན་མེད་ལུང་སྟོང་བཟོ་ནས། དེར་གནས་སྡོད་བྱ་མཁན་རྣམས་མེད་པར་བཟོ་སྐབས། དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། 16ཉེན་བརྡ་དྲག་པོ་དེ་ཕུང་པོ་འདོན་པའི་མྱ་ངན་གྱི་མགུར་མར་འགྱུར་བ་དང་། མི་རིགས་རྣམས་ཀྱི་བུད་མེད་ཚོས་ཨི་ཇིབ་དང་དེའི་མི་མང་ཚོའི་ཆེད་མྱ་ངན་བྱེད་སྐབས་མགུར་མ་དེ་ལེན་པར་བྱེད་ཅེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

འཆི་ཡུལ།

17ང་ཚོ་བཙན་བྱོལ་གྱི་ལོ་བཅུ་གཉིས་པའི་ཟླ་བ་དང་པོའི་ཚེ་བཅོ་ལྔ་པར་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 18ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ཨི་ཇིབ་ཀྱི་མི་མང་རྣམས་ཀྱི་ཆེད་དུ་མྱ་ངན་བྱོས་ཤིག དེ་ཚོ་སྟོབས་ཤུགས་ཅན་གྱི་མི་རིགས་གཞན་ཚོ་མཉམ་དུ་འཆི་ཡུལ་དུ་གཏོང་ཞིག 19དེ་ཚོ་ལ་འདི་ལྟར་སྨྲོས་ཤིག། ཁྱོད་གཞན་ལས་མཛེས་པ་ཡོད་བསམ་གྱི་འདུག་གམ། ཁྱོད་འཆི་ཡུལ་དུ་འགྲོ་བ་དང་དེར་སྡིག་ཅན་ཚོ་མཉམ་དུ་བསྙལ་བར་འགྱུར། 20དམག་སར་བསད་པ་གཞན་ཚོ་དང་མཉམ་དུ་ཨི་ཇིབ་ཀྱི་མི་མང་རྣམས་འགྱེལ་བར་འགྱུར། དེ་ཚོ་ཚང་མ་བསད་པར་རལ་གྲི་གྲ་སྒྲིགས་ཡོད་དོ། 21ཚང་མ་ལས་དཔའ་བོ་རླབས་ཆེན་ཚོ་དང་ཨི་ཇིབ་པ་ཚོའི་ཕྱོགས་སུ་འཐབ་མཁན་ཚོས་ཨི་ཇིབ་པ་ཚོ་ལ་འཆི་ཡུལ་དུ་དགའ་བསུ་ཞུ་བ་དང་། སྡིག་ཅན་དམག་སར་བསད་པ་ཚོ་ཡང་འདིར་སླེབས་ཡོད་པ་དང་། དེ་ཚོ་འདིར་བསྙལ་ཡོད་དོ་ཞེས་དེ་ཚོས་སྐད་འབོད་བྱེད་དོ། 22ཨ་སུར་དེར་ཡོད་པ་དང་མཐའ་འཁོར་དུ་མོའི་དམག་མི་ཚོའི་དུར་ཁང་རྣམས་ཡོད་དོ། དེ་ཚོ་ཚང་མ་དམག་སར་བསད་ཡོད་དོ། 23དེ་ཚོའི་དུར་ཁང་རྣམས་འཆི་ཡུལ་ཀྱི་གཏིང་རིང་ཤོས་ནང་དུ་ཡོད་པ་དང་། མོའི་དམག་མི་རྣམས་དམག་སར་ཤོར་བ་དང་དེ་ཚོའི་དུར་ཁང་རྣམས་དེའི་སྤུར་ཁང་གི་མཐའ་འཁོར་དུ་ཡོད་དོ། ཡིན་ན་ཡང་དུས་སྐབས་ཞིག་ལ་དེ་ཚོས་གསོན་པོའི་ཡུལ་དུ་འཇིགས་སྐྲག་བསྐུལ་ཡོད་དོ། 24ཨེ་ལམ་དེར་ཡོད་པ་དང་མཐའ་འཁོར་དུ་མོའི་དམག་མི་ཚོའི་དུར་ཁང་རྣམས་ཡོད་དོ། དེ་ཚོ་ཚང་མ་དམག་སར་བསད་པ་དང་འཆི་ཡུལ་དུ་མདུན་ལྤགས་མ་བཅད་པར་མར་ཕྱིན་ཡོད་པ་དང་། གསོན་པོ་ཡོད་སྐབས་དེ་ཚོས་འཇིགས་སྐྲག་སྤེལ་ཡོད་ན་ཡང་ད་ཆ་དེ་ཚོ་ཤི་ནས་དམའ་འབེབས་བྱུང་ཡོད། 25དམག་སར་བསད་པ་ཚོའི་ཁྲོད་དུ་ཨེ་ལམ་འགྱེལ་ཡོད་པ་དང་མོའི་དམག་མི་ཚོའི་དུར་ཁང་རྣམས་མོའི་མཐའ་འཁོར་དུ་ཡོད་པ་དང་། དེ་ཚོ་ཚང་མ་མདུན་ལྤགས་བཅད་མེད་པ་དང་དམག་སར་བསད་ཡོད་དོ། གསོན་པོའི་སྐབས་དེ་ཚོས་འཇིགས་སྐྲག་སྤེལ་ཡོད་ན་ཡང་། ད་ཆ་དེ་ཚོ་འཆི་ནས་དམའ་འབེབས་བྱུང་ཡོད་པ་དང་། དམག་སར་བསད་པ་ཚོའི་སྐྱལ་བ་བཞིན་འཕོག་ཡོད་དོ། 26མེ་ཤེག་དང་ཏུ་བྷལ་དེར་ཡོད་པ་དང་དེ་ཚོའི་དམག་མི་ཚོའི་དུར་ཁང་རྣམས་མཐའ་འཁོར་དུ་ཡོད་པ་དང་། དེ་ཚོ་ཚང་མའི་མདུན་ལྤགས་བཅད་མེད་པ་དང་དམག་སར་བསད་ཡོད་དོ། ཡིན་ན་ཡང་དུས་སྐབས་ཞིག་ལ་དེ་ཚོས་གསོན་པོ་ཚོ་ལ་འཇིགས་སྐྲག་བསྐུལ་ཡོད་དོ། 27སྔོན་དུས་ཀྱི་དཔའ་བོ་ཚོ་འཆི་ཡུལ་དུ་གོ་མཚོན་རང་སྒྲིག་གིས་དེ་ཚོའི་རལ་གྲི་རྣམས་མགོའི་འོག་དང་དེ་ཚོའི་ཕུབ་རྣམས་གཟུགས་པོའི་སྟེང་དུ་བཞག་ནས་འགྲོ་བཞིན་ཡོད་པ་ལྟར་དེ་ཚོ་ལ་གུས་ཞབས་ཀྱི་ཐོག་ཕུང་པོ་སྦས་མེད་པ་དང་། དུས་སྐབས་ཞིག་ལ་གསོན་པོ་ཚོ་ལ་འཇིགས་སྐྲག་བསྐུལ་བའི་མཐུ་སྟོབས་དེ་ཚོ་ལ་ཡོད་པ་ཡིན་ནོ། 28དེ་ལྟར་མདུན་ལྤགས་མ་བཅད་པ་དམག་སར་བསད་པ་ཚོའི་ཁྲོད་དུ་ཨི་ཇིབ་པ་ཚོར་སིལ་བུར་ཆགས་ནས་འགྱལ་བར་འགྱུར་རོ། 29ཨེ་དྷོམ་དེ་ནི་དེའི་རྒྱལ་པོ་ཚོ་དང་རྒྱལ་སྲིད་སྐྱོངས་མཁན་ཚོ་མཉམ་དུ་ཡོད་པ་དང་། དེ་ཚོ་མཐུ་སྟོབས་ཅན་གྱི་དམག་མི་ཡིན་ན་ཡང་། ད་ཆ་དེ་ཚོ་འཆི་ཡུལ་དུ་མདུན་ལྤགས་མ་བཅད་པ་དམག་སར་བསད་པ་ཚོ་དང་མཉམ་དུ་འགྱལ་ཡོད་དོ། 30བྱང་ཕྱོགས་ཀྱི་རྒྱལ་སྲས་རྣམས་དང་སི་དོན་པ་ཚོ་ཡང་དེར་ཡོད་པ་དང་། སྔར་དེ་ཚོའི་མཐུ་སྟོབས་ཀྱི་འཇིགས་སྐྲག་བསྐུལ་ཡོད་ན་ཡང་། ད་ཆ་དེ་ཚོ་དམག་སར་བསད་པ་ཚོ་དང་དམའ་འབེབས་ངང་དུ་མར་སོང་བ་ཚོ་མཉམ་དུ་མདུན་ལྤགས་མ་བཅད་པར་ངལ་གསོ་བར་བསྙལ་ཡོད་དོ། འཆི་ཡུལ་དུ་འགྲོ་མཁན་ཚོ་མཉམ་དུ་དེ་ཚོ་ལ་ཡང་དམའ་འབེབས་བྱུང་ཡོད། 31དམག་སར་བསད་པ་ཚོའི་གནས་སྟངས་མཐོང་ནས་ཨི་ཇིབ་ཀྱི་རྒྱལ་པོ་དང་ཁོང་གི་དམག་དཔུང་ཚོར་སེམས་གསོ་ཐོབ་པར་འགྱུར། ཞེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲོས་པ་ཡིན་ནོ། 32ངས་ཨི་ཇིབ་ཀྱི་རྒྱལ་པོ་ལ་གསོན་པོ་རྣམས་ལ་འཇིགས་སྐྲག་བསྐུལ་འཇུག་ན་ཡང་། ཁོ་དང་ཁོའི་དམག་དཔུང་རྣམས་གསོད་པར་འགྱུར་བ་དང་། མདུན་ལྤགས་མ་བཅད་པ་དམག་སར་ཤི་མཁན་ཚོ་ཚང་མ་མཉམ་དུ་ངལ་གསོ་བར་འགྱུར། ཞེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨི་ཛི་ཀི་ཨེལ 33

དཀོན་མཆོག་གིས་ཨི་ཛི་ཀི་ཨེལ་ལ་སྲུང་མཁན་དུ་བསྐོ་གནང་བ།

(ཨི་ཛི་ཀི་ཨེལ་ ༣:༡༦-༢༡)

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཀྱིས་རང་གི་མི་མང་ཚོར། ངས་ཡུལ་ཞིག་ལ་དམག་འཁྲུགས་གཏོང་སྐབས་ཇི་འདྲ་ཡོང་བ་སྨྲོས་ཤིག ཡུལ་དེའི་མི་མང་ཚོས་རང་གི་མི་ཞིག་ལ་བལྟ་རྟོགས་བྱེད་མཁན་དུ་འདམ་པར་བྱེད་དོ། 3ཁོས་དགྲ་བོ་ཡོང་བ་མཐོང་བའི་སྐབས་སུ་ཚང་མར་ཉེན་བརྡ་གཏོང་བའི་ཆེད་དུང་འབོད་པར་བྱེད་དོ། 4གལ་སྲིད་སུ་ཞིག་གིས་དེ་ཐོས་ནས་དེ་ལ་དོ་སྣང་མ་བྱས་པ་ཡིན་ན། དགྲ་བོ་ཡོང་ནས་ཁོ་གསོད་པར་འགྱུར་བ་དང་། ཁོ་འཆི་བའི་ལེ་ཁག་དེ་ཁོ་རང་ལ་འཕོག་གི་ཡོད་པ་ཡིན་ནོ། 5ཁོ་རང་ཉིད་འཆི་བ་དེ་ཁོ་རང་གི་ནོར་འཁྲུལ་ཡིན། གང་ལ་ཟེར་ན། ཁོས་ཉེན་བརྡ་ལ་དོ་སྣང་མ་བྱས་པ་ཡིན་པ་དང། གལ་སྲིད་ཁོས་དེ་ལ་དོ་སྣང་བྱས་ཡོད་ན་ཁོ་ཐར་སྲིད་དོ། 6འོན་ཀྱང་གལ་སྲིད་བལྟ་རྟོགས་བྱེད་མཁན་གྱིས་དགྲ་བོ་ཡོང་བ་མཐོང་ནས་ཁོས་དུང་མ་འབོད་ན་དགྲ་བོ་ཡོང་ནས་སྡིག་ཅན་ཚོ་གསོད་པར་བྱེད་དོ། འོན་ཀྱང་ངས་དེ་ཚོའི་འཚི་བའི་རྒན་དེ་བལྟ་རྟོགས་བྱེད་མཁན་ལ་འགེལ་རྒྱུ་ཡིན་ནོ། 7ཀྱེ་མི་རྟག་པའི་སྐྱེ་བོ། ངས་ཁྱོད་ལ་ཨིསི་རཱཨེལ་གྱི་མི་རིགས་ཀྱི་བལྟ་རྟོགས་བྱ་མཁན་བཟོ་རྒྱུ་ཡིན་པ་དང་། ངས་ཁྱོད་ལ་ཉེན་བརྡ་བཏང་བ་རྣམས་དེ་ཚོ་ལ་ཤོད་དགོས་སོ། 8ངས་མི་ངན་ཞིག་འཆི་གི་རེད་ཅེས་ཁྱོད་ལ་གསལ་སྒྲགས་གྱིས་པ་ཡིན་ན། འོན་ཀྱང་ཁོས་རང་གི་སྲོག་སྐྱོབས་པའི་ཆེད་ཁོ་པའི་བྱ་སྤྱོད་ལ་བསྒྱུར་བ་གཏོང་རྒྱུར་ཁྱོད་ཀྱི་ཁོ་ལ་ཉེན་བརྡ་མ་བཏང་ན། ཁོ་སྡིག་ཅན་ཡིན་བཞིན་དུ་འཆི་བ་ཡིན་ན་ངས་ཁོ་འཆི་བའི་འགན་དེ་ཁྱོད་ལ་འགེལ་རྒྱུ་ཡིན་ནོ། 9མི་ངན་ཞིག་ལ་ཁྱོད་ཀྱིས་ཉེན་བརྡ་བཏང་བ་དང་ཁོས་སྡིག་པ་བྱ་རྒྱུ་མཚམས་འཇོག་མ་བྱས་པར། སྡིག་ཅན་ཡིན་བཞིན་དུ་འཆི་ན་ཡང་ཁྱོད་ཀྱི་སྲོག་ཐར་བར་བྱེད་དོ༎

སྒེར་སོ་སོའི་ལས་འགན།

10གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ། ཨིསི་རཱཨེལ་པ་ཚོས་ང་ཚོའི་སྡིག་པ་དང་ནོར་འཁྲུལ་གྱིས་པས་ང་ཚོར་ཁུར་པོ་བཟོས་ཡོད། ང་ཚོ་མེད་པར་འགྲོ་བཞིན་ཡོད་པ་དང་། ང་ཚོ་ཇི་ལྟར་འཚོ་ཐུབ་ཅེས་ཟེར་བཞིན་པ་དེ་ཚོ་ལ་སྐྱར་ཟློས་བྱོས་ཤིག 11དེ་ཚོ་ལ་འདི་ལྟར་སྨྲོས་ཤིག། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་འཚོ་བཞིན་པའི་དཀོན་མཆོག་ཡིན་སྟབས་སྡིག་ཅན་འཆི་བར་མི་དགའ་འོ། ང་ནི་ཁོས་སྡིག་པ་མཚམས་འཇོག་བྱས་ནས་གསོན་པོར་གནས་པར་འདོད་པ་དང་། ཨིསི་རཱཨེལ་ཁྱོད་ཀྱིས་བྱས་པའི་ངན་ལས་མཚམས་འཇོག་གྱིས་ཤིག་དང་། ཁྱོད་ཚོ་ཅི་ལ་འཆི་བར་འདོད་དམ། 12ད་ཀྱེ་མི་རྟག་པའི་སྐྱེ་བོ། ཨིསི་རཱཨེལ་པ་ཚོར་མི་བཟང་པོ་ཞིག་གིས་སྡིག་པ་གྱིས་པ་ཡིན་ན་ཁོས་བཟང་པོ་གྱིས་པས་ལས་དེས་ཁོ་ལ་སྐྱོབས་མི་ཐུབ་ཅེས་སྨྲོས་ཤིག མི་ངན་ཞིག་གིས་ངན་ལས་མཚམས་འཇོག་བྱས་པ་ཡིན་ན། ཁོ་ལ་ཉེས་ཆད་མི་གཏོང་བ་དང་། མི་བཟང་པོ་ཞིག་གིས་སྡིག་ལས་བྱེད་འགོ་བཙུགས་པ་ཡིན་ན་ཁོའི་སྲོག་སྐྱོབས་པར་མི་བྱེད་དོ། 13མི་བཟང་པོ་ཞིག་ལ་ངས་སྲོག་གི་ཁས་ལེན་བྱེད་སྲིད་ན་ཡང་། ཁོའི་བསམ་པར་ཁོའི་སྔར་གྱི་བཟང་པོའི་བྱ་བ་རྣམས་ཀྱི་སྡིག་ལས་བྱ་རྒྱུར་འགྲིགས་ངེས་རེད་བསམ་པ་ཡིན་ན། ངས་ཁོས་བཟང་པོ་བྱས་པ་གང་ཡང་དྲན་པར་མི་བྱེད་དོ། ཁོའི་སྡིག་པའི་རྐྱེན་གྱིས་འཆི་བར་འགྱུར་རོ། 14ངས་མི་ངན་ཞིག་ལ་ཁོ་འཆི་རྒྱུ་རེད་ཅེས་ཉེན་བརྡ་བཏང་བ་དང་། ཁོས་སྡིག་ལས་མཚམས་འཇོག་བྱས་ནས་དྲང་པོ་དང་བཟང་པོ་ཇི་ཡིན་པ་གྱིས་པ་ཡིན་ན། 15དཔེར་ན་ཁོའི་བུ་ལོན་གྱི་ཆེད་གཏའ་མ་ལེན་པ་དེ་ཕྱིར་སློག་པའམ། ཁོས་རྐུ་མ་རྐུས་པ་ཕྱིར་སློག་པའམ། ཁོས་སྡིག་པ་བྱ་རྒྱུ་མཚམས་འཇོག་བྱས་པ་དང་། སྲོག་བྱིན་པའི་ཁྲིམས་ཀྱི་རྗེས་སུ་འཇུག་པ་ཡིན་ན། ཁོ་འཆི་བར་མི་འགྱུར་བ་དང་གསོན་པོར་གནས་པར་འགྱུར་རོ། 16ངས་ཁོས་སྡིག་པ་གྱིས་པར་བཟོད་གསོལ་བྱེད་པ་དང་། ཁོ་གསོན་པོ་གནས་པར་འགྱུར་རོ། གང་ལ་ཟེར་ན། ཁོས་དྲང་པོ་དང་བཟང་པོ་ཇི་ཡིན་པ་གྱིས་ཡོད་དོ། 17འོན་ཀྱང་ཁྱོད་ཀྱི་མི་ཚོས་ངས་ཇི་ལྟར་གྱིས་པ་རྣམས་དྲང་པོ་མིན་ཞེས་ཟེར་བ་ཡིན། དེ་ལྟར་མིན་པ་དང་དེ་ཚོའི་ལམ་དེ་དྲང་པོ་མིན་ནོ། 18མི་དྲང་ལྡན་ཞིག་གིས་བཟང་པོ་བྱ་རྒྱུ་མཚམས་འཇོག་བྱས་ནས་ངན་ལས་བྱེད་འགོ་འཛུགས་པ་ཡིན་ན་ཁོ་དེའི་རྐྱེན་གྱིས་འཆི་བར་འགྱུར་རོ། 19མི་ངན་པ་ཞིག་གིས་སྡིག་པ་སྤངས་ནས་དྲང་པོ་དང་བཟང་པོ་ཇི་ཡིན་གྱིས་པ་ཡིན་ན། ཁོས་རང་གི་སྲོག་སྐྱོབས་ཡོད་དོ། 20འོན་ཀྱང་ཨིསི་རཱཨེལ་ཁྱོད་ངས་གྱིས་པ་དྲང་པོ་མིན་ཟེར་བ་ཡོད་དོ། ངས་ཁྱོད་ཚོས་ཇི་ལྟར་གྱིས་པ་ལ་ཞིབ་སྤྱོད་བྱ་རྒྱུ་ཡིན་ནོ༎

ཡེ་རུ་ཤ་ལེམ་སྟོངས་བའི་གསར་འགྱུར།

21ང་ཚོའི་བཙན་བྱོལ་གྱི་ལོ་བཅུ་གཉིས་པའི་ཟླ་བ་བཅུ་པའི་ཚེས་ལྔ་པར་ཡེ་རུ་ཤ་ལེམ་ནས་བྲོས་ཡོང་བའི་མི་ཞིག་ཡོང་ནས། ཁོས་ང་ལ་གྲོང་ཁྱེར་སྟོངས་སོང་ཞེས་སྨྲས་པ་དང་། 22མི་དེ་དགོང་དྲོ་སྔ་མ་དེར་ང་ལ་གཙོ་བོ་དཀོན་མཆོག་གི་ཕྱག་ངའི་སྟེང་འབབ་པ་དང་། སང་ཞོག་སྔ་དྲོ་དེར་མི་དེ་འབྱོར་སྐབས་གཙོ་བོ་དཀོན་མཆོག་གིས་ང་ལ་སྨྲ་བའི་མཐུ་སྟོབས་ཕྱིར་གནང་ངོ་༎

མི་མང་གི་སྡིག་པ།

23གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 24ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ཨིསི་རཱཨེལ་ཡུལ་གྱི་གྲོང་ཁྱེར་གྱང་གོག་ཏུ་གནས་སྡོད་བྱ་མཁན་ཚོས། ཨབ་ར་ཧམ་སྐུ་རྐྱང་ཡིན་པ་དང་ཁོང་ལ་ཡུལ་ཚང་མ་གནང་ཡོད་པ་དང། འདིར་ང་ཚོ་མང་པོ་ཡོད་སྟབས་ད་ཆ་ཡུལ་དེ་ཚོ་ང་ཚོར་རང་གི་ཡིན་ནོ་ཅེས་བརྗོད་ཀྱི་ཡོད་དོ། 25ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲ་བ་དེ་ཚོ་ལ་ཤོད་ཅིག ཁྱོད་ཚོས་ཁྲག་སོས་པ་ཡོད་པའི་ཤ་ཟ་བཞིན་ཡོད། ཁྱོད་ཚོས་སྐུ་འདྲར་མཆོད་པ་དང་། ཁྱོད་ཚོས་མི་གསོད་བྱེད་པ་དང་། ཡུལ་དེ་ཁྱོད་ཚོར་བདག་གི་ཡོད་པར་ཇི་ལྟར་བསམ་བློ་འཁོར་བྱུང་ངམ། 26ཁྱོད་ཚོས་རལ་གྲི་ལ་བློས་འགེལ་བྱེད་ཀྱི་ཡོད། ཁྱོད་ཚོའི་བྱ་སྤྱོད་སྐྱུག་བྲོ་པོ་ཡོད་པ་དང་། ཚང་མས་ལོག་གཡེམ་བྱེད་བཞིན་ཡོད་པ་དང་། ཡུལ་དེ་ཁྱོད་ཚོའི་རེད་བསམ་པའི་བསམ་བློ་ཇི་ལྟར་འཁོར་བྱུང་ངམ། 27ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ཉེན་བརྡ་གཏོང་རྒྱུ་དང་། ང་འཚོ་བཞིན་པའི་དཀོན་མཆོག་ངེས་གཏན་ཡིན་པ་ལྟར་གྲོང་ཁྱེར་གཞིགས་ཤུལ་དུ་སྡོད་མཁན་གྱི་མི་མང་ཚོ་གསོད་པར་འགྱུར། གྲོང་དུ་སྡོད་མཁན་རྣམས་གཅན་གཟན་གྱིས་ཟ་བར་འགྱུར། རི་དང་བྲ་ཕུག་ནང་ཡིབ་སྡོད་མཁན་ཚོ་ནད་ཡམས་ཀྱིས་འཆི་བར་འགྱུར་རོ། 28ངས་གྲོང་ཁྱེར་འདི་བཞིན་ཕན་མེད་ལུང་སྟོང་བཟོ་བ་དང་། དེ་ཚོས་སྤོབས་པ་བྱེད་པའི་མཐུ་སྟོབས་རྫོགས་པར་འགྱུར་བ་དང་། ཨིསི་རཱཨེལ་གྱི་རི་བོ་རྣམས་ཧ་ཅང་ཤིང་ནགས་སྟུག་པོར་འགྱུར་བ་དང་། དེ་ཚོའི་བརྒྱུད་ནས་སུ་ཡང་འགྲུལ་བསྐྱོད་བྱེད་མི་ཐུབ་བོ། 29ངས་མི་མང་གི་སྡིག་པའི་ཆེད་ཉེས་ཆད་བཏང་ནས་གྲོང་ཁྱེར་ཕན་མེད་བཟོ་སྐབས་དེ་ནས་དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ༎

ལུང་སྟོན་པའི་འཕྲིན་གྱི་འབྲས་བུ།

30གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཀྱི་མི་མང་ཚོས་གྲོང་ཁྱེར་གྱི་ལྕགས་རི་དང་རང་གི་ཁྱིམ་གྱི་སྒོར་ཐུག་སྐབས་ཁྱོད་ཀྱི་སྐོར་གཏམ་གླེང་བྱེད་བཞིན་འདུག དེ་ཚོ་གཅིག་གིས་གཅིག་ལ་ད་ང་ཚོ་གཙོ་བོ་དཀོན་མཆོག་གིས་བཀའ་ག་རེ་གནང་ཡོད་མེད་ཉན་པར་འགྲོའོ་ཟེར་སྨྲ་བཞིན་ཡོད་དོ། 31དེ་འདྲ་སོང་ཙང་ངའི་མི་མང་རྣམས་ཁྱོད་ལ་ཇི་འདྲ་ལབ་རྒྱུ་ཡོད་པ་དེ་ཉན་པར་བསྡུ་ཚོགས་བྱེད་དོ། འོན་ཀྱང་དེ་ཚོས་ཁྱོད་ཀྱིས་ཇི་ལྟར་བྱེད་དགོས་སྨྲས་པ་ལྟར་མི་བྱེད་དོ། བྱམས་བརྩེའི་གཏམ་ནི་དེ་ཚོའི་ཆུ་ཏོར་ཡོད་པ་དང་། འོན་ཀྱང་དེ་ཚོའི་འདོད་རྔམ་ཅན་གྱི་ལམ་དུ་མུ་མཐུད་འཇུག་གོ། 32དེ་ཚོ་ལ་ཁྱོད་བརྩེ་བའི་གཞས་གཏོང་མཁན་ནམ་སྒྲ་སྙན་བཏང་ནས་མི་ལ་མགོ་བསྐོར་མཁན་ལས་ལྷག་པ་མིན་ནོ། དེ་ཚོས་ཁྱོད་ཀྱི་གཏམ་རྣམས་ཉན་པ་དང་། དེ་ཚོས་ཁྱོད་ཀྱི་སྨྲས་པ་གཅིག་ཀྱང་མི་བྱེད་དོ། 33འོན་ཀྱང་ཁྱོད་ཀྱི་གཏམ་རྣམས་བདེན་པར་འགྱུར་སྐབས། དེ་ཚོ་ངེས་པར་བདེན་པར་འགྱུར་རྒྱུ་ཡིན་པས། དེ་ནས་དེ་ཚོས་ལུང་སྟོན་པ་ཞིག་དེ་ཚོའི་ཁྲོད་དུ་ཡོད་པ་ཤེས་པར་འགྱུར་རོ༎

ཨི་ཛི་ཀི་ཨེལ 34

ཨིསི་རཱཨེལ་གྱི་ལུག་རྫི་ཚོ།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ཨིསི་རཱཨེལ་རྒྱལ་པོ་ཚོར་སྐྱོན་བརྗོད་བྱོས་ཤིག་དང་། དེ་ཚོ་ལ་ལུང་བསྟན་གྱིས་ནས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་ཇི་ལྟར་སྨྲས་པ་རྣམས་ཤོད་ཅིག ཨིསི་རཱཨེལ་གྱི་ལུག་རྫི་ཚོ་ཁྱོད་ཚོ་འཇིགས་ཡོད། ཁྱོད་ཚོ་རང་རང་སོ་སོ་དོ་སྣང་བྱེད་པ་ལས་ལུག་ལ་རྩ་བ་ནས་བལྟ་རྟོགས་མི་བྱེད་དོ། 3ཁྱོད་ཚོས་འོ་མ་འཐུང་བ་དང་བལ་གྱིས་བཟོས་པའི་གོས་གྱོན་པ་དང་ལུག་ལེགས་ཤོས་བསད་ནས་ཟ་བར་བྱེད་དོ། འོན་ཀྱང་ལུག་ལ་རྩ་བ་ནས་བལྟ་རྟོགས་མི་བྱེད་དོ། 4ཁྱོད་ཚོས་སྐྱོ་པོ་ཚོར་དོ་སྣང་བྱས་མེད་པ་དང་། ནད་པར་ནད་གསོ་བྱས་མེད་པ་དང་། རྨས་པ་ཚོར་རྨ་རས་དཀྲིས་མེད་པ་དང་། ཁྱམས་ནས་སོང་བ་རྣམས་ཕྱིར་འཁྲིད་མེད་པ་དང་། རླག་པ་རྣམས་བཙལ་མེད་པ་དང་། དེའི་ཚབ་ལ་དེ་ཚོར་སྡུག་རྩུབ་ངང་བཏང་འཛིན་བྱས་ཡོད་དོ། 5ལུག་ཚོར་ལུག་རྫི་མེད་སྟབས་དེ་ཚོ་ཁ་འཐོར་ནས་ཡོད་པ་དང་། ནགས་ཀྱི་གཅན་གཟན་ཚོས་དེ་ཚོ་ལ་བསད་ནས་ཟས་ཡོད་དོ། 6དེ་འདྲ་སོང་ཙང་ངའི་ལུག་ཚོ་རི་ཕྲན་དང་རི་མཐོ་པོའི་སྟེང་འཁྱམས་པ་དང་། དེ་ཚོ་ས་གཞིའི་སྟེང་ཁ་འཐོར་ཡོད་པ་དང་། སུས་ཀྱང་འཚོལ་མེད་པའམ་ཡང་ན་དེ་ཚོ་འཚོལ་ཐབས་མེད་དོ 7ད་ལུག་རྫི་ཚོ། ང་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲས་པར་ཉོན་ཞིག 8ང་ངེས་གཏན་འཚོ་བཞིན་པའི་དཀོན་མཆོག་ཡིན་སྟབས་ཁྱོད་ཚོས་ང་ལ་ལེགས་པར་ཉོན་ཞིག་དང། ངའི་ལུག་ལ་ནགས་ཀྱི་གཅན་གཟན་ཚོས་འཐབ་ནས་བསད་དེ་ཟས་ཡོད་དོ། གང་ལ་ཟེར་ན། དེ་ཚོ་ལ་ལུག་རྫི་མེད་པ་ཡིན་ནོ། ངའི་ལུག་རྫི་ཚོས་ལུག་ལ་འཚོལ་ཐབས་མ་བྱེད་པ་དང་། ལུག་ལ་བལྟ་རྟོགས་མ་བྱེད་པར་རང་ཉིད་གཅིག་པོར་བྱེད་དོ། 9དེར་བརྟེན་ལུག་རྫི་ཚོ་ང་ལ་ཉོན་ཞིག། 10ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ང་ཁྱོད་ཚོའི་དགྲ་བོ་ཡིན་པར་གསལ་སྒྲགས་བྱ་རྒྱུ་ཡིན་པ་དང་། ངའི་ལུག་ཚོ་ཕྱིར་འཁྲིད་ནས་ཁྱོད་ཚོ་ནི་དེ་ཚོའི་ལུག་རྫི་ནམ་ཡང་བྱེད་འཇུག་རྒྱུ་མིན་པ་དང་། ངས་ཁྱོད་ཚོ་རང་རང་སོ་སོ་བལྟ་རྟོགས་བྱེད་དུ་ནམ་ཡང་འཇུག་རྒྱུ་མིན་ནོ། ངས་ལུག་རྣམས་ཁྱོད་ཚོ་ལས་སྐྱོབས་རྒྱུ་དང་ཁྱོད་ཚོ་ལ་དེ་ཚོ་ཟ་རུ་འཇུག་རྒྱུ་མིན་ནོ༎

ལུག་རྫི་བཟང་པོ།

11ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་བརྗོད་རྒྱུར། ངའི་ལུག་ལ་ང་རང་གི་འཚོལ་རྒྱུ་དང་བལྟ་རྟོགས་བྱ་རྒྱུ་ཡིན། 12ལུག་རྫིས་ཁ་འཐོར་བའི་ལུག་ཚོར་མཉམ་དུ་བསྡུ་ནས་བལྟ་རྟོགས་བྱེད་པ་བཞིན་ང་ངའི་ལུག་རྣམས་བལྟ་རྟོགས་བྱ་རྒྱུ་ཡིན། ངས་དེ་ཚོ་ཚང་མ་མུན་པའི་རྐྱེན་ངན་གྱིས་ཉིན་དེར་ཁ་འཐོར་བའི་ས་ཁུལ་ཁག་ནས་ཕྱིར་འཁྲིད་ཡོང་རྒྱུ་ཡིན་ནོ། 13ངས་དེ་ཚོ་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ནས་ཕྱིར་བཏོན་ཏེ། དེ་ཚོ་མཉམ་དུ་བསྡུ་གསོག་གྱིས་ནས་རང་གི་ཡུལ་དུ་ཕྱིར་འཁྲིད་ཡོང་རྒྱུ་ཡིན་ནོ། ངས་དེ་ཚོ་རི་བོའི་སྟེང་དང་ཨིསི་རཱཨེལ་གྱི་རྒྱུགས་ཆུའི་འགྲམ་དུ་འཁྲིད་རྒྱུ་དང་རྩ་ཁ་བཟང་ཤོས་སུ་འཚོ་རྒྱུ་ཡིན་ནོ། 14ངས་དེ་ཚོ་རི་བོའི་སྤངས་གཤོང་བརྟན་པོ་དང་ལུང་གཤོང་དང་ཨིསི་རཱཨེལ་གྱི་རྩ་ཁ་ལྗང་ཁུ་ཡོད་པ་ཡོངས་སུ་འཚོ་རྒྱུ་ཡིན་ནོ། 15ང་རང་ཉིད་ངའི་ལུག་གི་ལུག་རྫི་བྱ་རྒྱུ་དང་། དེ་ཚོ་ལ་ངལ་གསོ་བྱ་རྒྱུའི་ས་གནས་འཚོལ་རྒྱུ་ཡིན། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 16ངས་རླག་པ་ཚོ་འཚོལ་བ་དང་། འཁྱམས་ནས་སོང་བ་རྣམས་ཕྱིར་འཁྲིད་ཡོང་བ་དང་། རྨས་པ་ཚོར་རྨ་རས་དཀྲིས་བ་དང་ནད་པ་ཚོར་གསོ་སྐྱོང་བྱའོ། འོན་ཀྱང་རྒྱག་པ་དང་ཤུགས་ཆེན་པོ་ཡོད་པ་ཚོ་ངས་མེད་པར་བཟོའོ། གང་ལ་ཟེར་ན། ང་ནི་ལུག་རྫི་དྲང་པོ་འབའ་ཞིག་བྱ་མཁན་དེ་ཡིན་ནོ། 17དེ་བས་ན་ངའི་ཁྱུ་ཚོ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོ་ཚང་མར་ཞིབ་དཔྱོད་བྱ་རྒྱུ་དང་། བཟང་པོ་རྣམས་ངན་པ་ལས་དབྱེ་བ་འབྱེད་རྒྱུ་དང་། ལུག་རྣམས་ར་ལས་དབྱེ་འབྱེད་བྱ་རྒྱུ་ཡིན་ཞེས་བརྗོད་རྒྱུ་ཡིན་ནོ། 18ཁྱོད་ཚོ་འགའ་ཤས་ནི་རྩ་བཟང་པོ་ཟ་ནས་ཚིམས་ཀྱི་མེད་པ་དང་ཁྱོད་ཚོས་མ་ཟས་པ་ཚོ་ལ་རྡོག་བརྫིས་གཏོང་བར་བྱེད་པ་དང་། ཁྱོད་ཚོས་ཆུ་དྭངས་པོ་འཐུང་བ་དང་མ་འཐུང་བའི་ཆུ་འདམ་རྙོག་བཟོས་བར་བྱེད་དོ། 19ངའི་ལུག་གཞན་པ་ཚོས་ཁྱོད་ཀྱིས་རྡོག་བརྫིས་བཏང་བས་རྩ་ཟ་དགོས་པ་དང་ཁྱོད་ཀྱིས་འདམ་རྙོག་བཟིས་པའི་ཆུ་འཐུང་དགོས་པར་བྱའོ། 20དེར་བརྟེན་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ལུག་སྟོབས་ཤུགས་ཅན་དང་སྐྱོ་པོ་ཚོའི་དབར་ཞིབ་དཔྱོད་བྱ་རྒྱུ་ཡིན་ཞེས་ཁྱོད་ལ་བརྗོད་རྒྱུ་ཡིན་ནོ། 21ཁྱོད་ཚོས་ནད་པ་ཚོ་ཟུར་དུ་འབུད་རྒྱག་བཏང་བ་དང་རྭ་ཅོས་རྡུང་ནས་དེ་ཚོ་ཁྱུ་ནས་ཕྱིར་འབུད་བྱེད་དོ། 22འོན་ཀྱང་ངས་ལུག་ཚོ་སྐྱོབས་རྒྱུ་དང་དེ་ཚོ་ལ་སླར་ཡང་བསྙས་བཅོས་གཏོང་འཇུག་རྒྱུ་མིན་ནོ། ངས་ལུག་རེ་རེར་ཞིབ་དཔྱོད་བྱ་རྒྱུ་དང་བཟང་པོ་རྣམས་ངན་པ་ལས་དབྱེ་འབྱེད་བྱ་རྒྱུ་ཡིན་ནོ། 23ངས་དེ་ཚོར་ངའི་ཞབས་ཕྱི་དཱ་བིད་དང་འདྲ་བའི་རྒྱལ་པོ་ཞིག་སྤྲོད་རྒྱུ་ཡིན་པ་དང་། དེ་ནི་དེ་ཚོའི་ལུག་རྫི་གཅིག་པོ་དེ་བྱུང་རྒྱུ་དང་། དེས་དེ་ཚོའི་བལྟ་རྟོགས་བྱས་པར་འགྱུར། 24ང་གཙོ་བོ་དཀོན་མཆོག་ནི་དེ་ཚོའི་དཀོན་མཆོག་དང་། ་ངའི་ཞབས་ཕྱི་དཱ་བིད་དང་འདྲ་བ་རྒྱལ་པོ་ཞིག་དེ་ཚོའི་དབང་བསྒྱུར་མཁན་དུ་འགྱུར་ཞེས་ངས་སྨྲས་པ་ཡིན་ནོ། 25ངས་དེ་ཚོ་མཉམ་དུ་དེ་ཚོའི་བདེ་སྲུང་གི་ཆེད་འགན་ལེན་གྱི་དམ་བཅའ་ཞིག་འཇོག་རྒྱུ་ཡིན། ངའི་ལུག་རྣམས་ཞིང་ཁའི་ནང་བདེ་བར་བསྡད་པ་དང་ཤིང་ནགས་ནང་ཉལ་ཐུབ་པའི་ཆེད་ཡུལ་ནས་གཅན་གཟན་ཉེན་ཁ་ཅན་རྣམས་ཕྱིར་འབུད་བྱ་རྒྱུ་ཡིན་ནོ། 26ངས་དེ་ཚོ་ལ་བྱིན་གྱིས་རླབས་རྒྱུ་དང་ངའི་རི་བོ་དམ་པའི་མཐའ་འཁོར་དུ་སྡོད་འཇུག་རྒྱུ་ཡིན་ནོ། དེ་ཚོ་ལ་དགོས་མཁོ་རྣམས་ཆར་ཤུགས་དྲག་པོ་བབས་པ་ལྟ་བུའི་བྱིན་གྱིས་རླབས་རྒྱུ་ཡིན་ནོ། 27ཤིང་སྡོང་ཚོར་ཤིང་ཏོག་སྐྱེས་པ་དང་ཞིང་ཁར་སྟོན་ཐོག་གི་ཐོན་སྐྱེད་ཡོང་བ་དང་ཚང་མ་རང་གི་ཡུལ་ནང་བདེ་བར་བསྡད་པ་དང་། ངས་ངའི་མི་མང་གི་ལྕགས་སྒྲོག་བཅད་ནས་དེ་ཚོ་ཚེ་གཡོག་བཟོ་མཁན་ཚོ་ལས་རང་དབང་དུ་གཏོང་སྐབས་དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 28ཀླ་ཀློའི་རྒྱལ་ཁབ་ཚོས་སླར་འཕྲོག་བཅོམ་མི་བྱེད་པ་དང་། ནགས་ཀྱི་གཅན་གཟན་ཚོས་དེ་ཚོ་བསད་ནས་ཟ་བར་མི་བྱད་པ་དང་། དེ་ཚོ་བདེ་བར་གནས་པ་དང་དེ་ཚོ་ལ་སུས་ཀྱང་འཇིགས་སྐྲག་མི་བསྐུལ་ལོ། 29ངས་དེ་ཚོ་ལ་ས་ལུད་འཛོམས་པོའི་ས་ཞིང་སྤྲོད་རྒྱུ་དང་། ཡུལ་དུ་མུ་གེ་མཚམས་འཇོགས་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཞན་ཚོས་དེ་ཚོ་ལ་སླར་ཡང་བསྙས་བཅོས་མི་བྱེད་པ་དང་། 30ཚང་མས་ངའི་ཨིསི་རཱཨེལ་སྲུང་སྐྱོབས་བྱེད་པ་དང་། དེ་ཚོ་ངའི་མི་འབངས་ཡིན་པ་ཤེས་པར་འགྱུར། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 31ཁྱོད་ཚོ་ངའི་ལུག་ཚོ་དང་ངས་འཚོ་བའི་ཁྱུ་རྣམས་ངའི་མི་མང་ཡིན་པ་དང་ང་ནི་ཁྱོད་ཚོའི་དཀོན་མཆོག་ཡིན་ཞེས་བླ་ན་མེད་པའི་གཙོ་བོ་དཀོནམཆོག་གིས་བཀའ་གནང་ངོ་༎

ཨི་ཛི་ཀི་ཨེལ 35

ཨེ་དྷོམ་ལ་དཀོན་མཆོག་གིས་ཉེས་ཆད་གནང་བ།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ་ཨེ་དྷོམ་གྱི་ཡུལ་ལ་སྐྱོན་བརྗོད་གྱིས་ཤིག 3ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཇི་ལྟར་སྨྲས་པ་མི་མང་ལ་ཤོད་ཅིག ཨེ་དྷོམ་རི་བོ་རྣམས་ང་ཁྱོད་ཀྱི་དགྲ་བོ་ཡིན། ང་ཡིས་ཁྱོད་ལ་ཕན་མེད་ལུང་སྟོང་བཟོས། 4ང་ཡིས་ཁྱོད་ཀྱི་གྲོང་ཁྱེར་གྱང་གོག་དང་། ཁྱོད་ཀྱི་ཡུལ་དེ་ལུང་སྟོང་བཟོ་བར་བྱ། དེ་རྗེས་ཁྱོད་ཀྱིས་ང་ནི་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། 5ཁྱོད་ཚོ་ནི་ཨིསི་རཱཨེལ་གྱི་གཏན་གྱི་དགྲ་བོ་ཡིན་པ་དང་། དེ་ཚོའི་རྐྱེན་ངན་གྱིས་སྐབས་སུ་དེ་ཚོའི་སྡིག་པར་ཉེས་ཆད་མཐའ་མ་དེ་གཏོང་བའི་དུས་ཚོད་ལ་ཁྱོད་ཚོས་དེའི་མི་མང་ལ་དམར་གསོད་གཏོང་དུ་འཇུག་ཡོད་དོ། 6དེར་བརྟེན་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་འཚོ་བཞིན་པའི་དཀོན་མཆོག་དངོས་ཡིན་སྟབས། ཁྱོད་ཚོའི་སྐྱལ་བ་ལ་འཆི་བ་བསྐོས་ཡོད་པ་དང་། ཁྱོད་དེ་ལས་ཐར་བར་མི་འགྱུར། ཁྱོད་ཚོར་སྲོག་གཅོད་ཀྱི་ཉེས་པ་ཡོད་སྟབས། སྲོག་གཅོད་ཁྱོད་ཚོའི་རྗེས་སུ་འབྲངས་བར་བྱའོ། 7ངས་ཨེ་དྷོམ་རི་བརྒྱུད་ཀྱི་ཡུལ་དེ་ཕན་མེད་བཟོ་རྒྱུ་དང་དེ་བརྒྱུད་ནས་འགྲོ་མཁན་རྣམས་གསོད་རྒྱུ་ཡིན་ནོ། 8ངས་རི་བོ་རྣམས་ཕུང་པོས་བཀང་རྒྱུ་དང་། དམག་སར་བསད་པའི་རོས་རི་ཕྲན་དང་ལུང་གཤོང་རྣམས་ཁེངས་པར་བྱེད་དོ། 9ངས་ཁྱོད་ལ་གཏན་གྱི་ལུང་སྟོང་བཟོ་རྒྱུ་དང་ཁྱོད་ཀྱི་གྲོང་ཁྱེར་ཚོའི་ནང་སླར་སུ་ཡང་མི་སྡོད་དོ། དེ་ནས་ཁྱོད་ཀྱིས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 10ང་གཙོ་བོ་དཀོན་མཆོག་དེ་ཚོའི་དཀོན་མཆོག་ཡིན་ན་ཡང་། ཁྱོད་ཀྱིས་ཡ་ཧུ་དཱ་དང་ཨིསི་རཱཨེལ་གྱི་རྒྱལ་ཁབ་གཉིས་པོ་དང་དེ་ཚོའི་ས་ཆ་དང་བཅས་པ་ཁྱོད་ལ་བདག་པ་དང་ཁྱོད་ཀྱིས་དབང་བཟུང་བྱ་འོ་ཞེས་སྨྲས་སོ། 11དེར་བརྟེན་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་འཚོ་བཞིན་པའི་དཀོན་མཆོག་དངོས་ཡིན་སྟབས། ཁྱོད་ཀྱི་ཁོང་ཁྲོ་དང་ཁྲག་དོག་དང་ཁྱོད་ཀྱི་ངའི་མི་མང་ལ་སྡང་སེམས་བྱས་པ་བཅས་ལ་ངས་ལེན་འཇལ་རྒྱུ་ཡིན་པ་དང་། དེ་ཚོར་ཇི་ལྟར་གྱིས་པར་ངས་ཁྱོད་ལ་ཉེས་ཆད་གཏོང་གི་ཡོད་པ་ཁྱོད་ཀྱིས་ཤེས་པར་འགྱུར་རོ། 12དེ་ནས་ང་གཙོ་བོ་དཀོན་མཆོག་གིས། ཁྱོད་ཀྱིས་སྨྲས་པ་བཞིན་དུ་ཨིསི་རཱཨེལ་གྱི་རི་བོ་རྣམས་ལུང་སྟོང་ཡིན་པ་དང་། དེ་ཚོ་ཁྱོད་ཀྱི་ཟ་བའི་ཆེད་རེད་ཅེས་ཐུབ་ཚོད་བཏང་ནས་སྨྲས་པ་ངས་ཐོས་པ་དེ་ཁྱོད་ཀྱིས་ཤེས་པར་འགྱུར། 13ཁྱོད་ཀྱིས་ངའི་སྐོར་ལ་ཀླ་ཀློ་ལྟ་བུ་དང་གཏམ་འདོད་ཀྱི་སྨྲས་པ་ངས་ཐོས་སོ། 14བླ་ན་མེད་པའི་གཙོ་བོ་དཀོན་མོཆག་གིས་བཀའ་གནང་བ་ནི། ངས་ཁྱོད་ལ་དེ་ལྟ་བུའི་ལུང་སྟོང་ཞིག་བཟོ་རྒྱུ་ཡིན་པས། ཁྱོད་འཕམ་པ་དེ་ལ་འཛམ་གླིང་ཡོངས་རྫོགས་ཀྱིས་དགའ་མོས་བྱེད་དོ། 15ངའི་རང་གི་རྒྱུ་དངོས་ཨིསི་རཱཨེལ་གཏོར་རླག་ཕྱིན་པ་ལ་ཁྱོད་ཀྱིས་དགའ་མོས་བྱས་པ་ལྟར་དེ་བཞིན་འཛམ་གླིང་ཡོངས་རྫོགས་ཀྱིས་ཁྱོད་ལ་མཐོང་ནས་དགའ་མོས་བྱེད་པར་འགྱུར། སེ་ཨིར་གྱི་རི་བོ་དང་ཨེ་དྷོམ་གྱི་ཡུལ་ཡོངས་རྫོགས་དང་བཅས་པ་སྟོངས་བར་འགྱུར་རོ། དེ་ནས་ཚང་མས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ༎

ཨི་ཛི་ཀི་ཨེལ 36

ཨིསི་རཱཨེལ་ལ་དཀོན་མཆོག་གི་བྱིན་རླབས་གནང་བ།

1གཙོ་བོ་དཀོན་མཆོག་གིས་གསུངས་སོ། ཀྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཀྱིས་ཨིསི་རཱཨེལ་གྱི་རི་བོ་ཚོར་འཕྲིན་འདི་ཉོན་ཞིག་ཞེས་སྨྲོས་ཤིག་དང། 2དེ་ཚོ་ལ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ནས་འཕྲིན་གང་ཡོད་པ་དེ་ལ་ཉོན་ཞིག་ཅེས་སྨྲོས་ཤིག་དང། ཨིསི་རཱཨེལ་གྱི་དགྲ་བོ་ཚོས་འདོད་མོས་ཀྱི་ད་ཆ་སྔོན་གྱི་རི་ཕྲན་དེ་ཚོ་ང་ཚོའི་ཡིན་ཟེར་འཕྱ་ཞིང་སྨྲས་ཡོད་དོ། 3ལུང་བསྟན་གྱིས་ནས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གི་ཇི་ལྟར་སྨྲས་པ་རྣམས་གསལ་གྲགས་བྱོས་ཤིག ཁྱིམ་མཚེས་རྒྱལ་ཁབ་ཚོས་དབང་བཟུང་བྱས་ནས་ཨིསི་རཱཨེལ་གྱི་རི་བོ་ཚོ་འཕྲོག་བཅོམ་བྱ་སྐབས་དེ་ཚོ་ཚང་མས་ཨིསི་རཱཨེལ་ལ་དམའ་འབེབས་བྱེད་ཡོད། 4དེར་བརྟེན་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ཁྱོད་རི་བོ་དང་རི་ཕྲན་ཚོ་དང་རྒྱུག་ཆུ་ཚོ་དང་ལུང་གཤོང་ཚོ་དང་གྱང་གོག་དུ་ཕྱིན་པའི་ས་གནས་རྣམས་དང་མིས་སྤངས་པའི་གྲོང་ཁྱེར་འཕྲོག་བཅོམ་བྱས་པ་དང་། མཐའ་འཁོར་གྱི་རྒྱལ་ཁབ་ཚང་མས་དམའ་འབེབས་བྱས་ཡོད་པ་ཚོར་ངས་ཇི་ལྟར་ཤོད་རྒྱུ་ཡོད་པར་ཉོན་ཞིག 5ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ཤིན་ཏུ་ཁྲོ་བོའི་སྐབས་སུ་མཐའ་འཁོར་གྱི་མི་རིགས་ཚོ་དང་ལྷག་པར་དུ་ཨེ་དྷོམ་པའི་ཆེད་དུ་རྒྱབ་འགལ་གྱི་སྨྲས་ཡོད་པ་དང་། དེ་ཚོས་དགའ་སྤྲོ་དང་བསྙས་བཅོས་ཀྱིས་ངའི་ཡུལ་དབང་བཟུང་བྱས་པ་དང་། དེའི་རྩ་ཁ་ཚོ་ཡང་བདག་བཟུང་བྱས་ཡོད་པ་དང་། 6དེར་བརྟེན་ཨིསི་རཱཨེལ་གྱི་ཡུལ་ལ་ལུང་བསྟན་བྱོས་ཤིག རི་བོ་རྣམས་དང་རི་ཕྲན་རྣམས་དང་རྒྱུག་ཆུ་རྣམས་དང་ལུང་གཤོང་རྣམས་དང་བཅས་པར་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ཕྲག་དོག་གིས་ཁྲོ་བར་ངས་འདི་ལྟར་ཤོད་བཞིན་ཡོད། གང་ལགས་ཟེར་ན་མི་རིགས་དེ་ཚོས་དེ་ཚོ་ལ་དམའ་འབེབས་བྱས་པ་དང་མཐོང་ཆུང་བྱས་ཡོདདོ། 7ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། མཐའ་འཁོར་གྱི་མི་རིགས་ཚོར་དམའ་འབེབས་བྱ་རྒྱུའི་དམ་བཅའ་ནན་པོ་བྱ་རྒྱུ་ཡིན། 8འོན་ཀྱང་ཨིསི་རཱཨེལ་གྱི་རི་བོའི་སྟེང་གི་ཤིང་སྡོང་ཚོར་ངའི་ཨིསི་རཱཨེལ་གྱི་མི་མང་ཚོའི་ཆེད་དུ་སླར་ཡང་ལོ་མ་དང་ཤིང་འབྲས་སྐྱེས་བར་འགྱུར། དེ་ཚོ་མགྱོགས་པོ་ཁྱིམ་དུ་ལོག་པར་འགྱུར། 9ང་ནི་ཁྱོད་ཚོའི་ཕྱོགས་སུ་ཡོད་པ་དང་། ངས་ཁྱོད་ཚོའི་ས་ལ་སླར་ཡང་ཞིང་རྨོ་བ་དང་སོན་འདེབས་རྒྱུར་ངེས་བརྟེན་བྱ་རྒྱུ་ཡིན་ནོ། 10ངས་ཁྱོད་ཚོའི་མི་འབོར་འཕར་བར་བྱ་རྒྱུ་དང་། ཁྱོད་ཚོ་གྲོང་ཁྱེར་ནང་བསྡད་པ་དང་། གཞིགས་ཤུལ་ལུས་པ་རྣམས་སྐྱར་བཞེངས་བྱེད་རྒྱུ་དང་། 11ངའི་མི་མང་དང་སྒོ་ཕྱུགས་ཀྱི་གྲངས་ཀ་འཕེལ་བ་བྱ་རྒྱུ་ཡིན་ནོ། ཁྱོད་ཚོ་སྔར་ལས་མང་བ་ཡོང་བ་དང་ཁྱོད་ཚོར་བུ་ཕྲུག་མང་པོ་ཡོད་པ་དང་། ངས་ཁྱོད་ཚོ་ལ་དེར་སྔར་ལྟར་སྡོད་འཇུག་རྒྱུ་དང་། ངས་ཁྱོད་ཚོ་སྔར་ལས་ལྷག་པའི་ཕུན་སུམ་ཚོགས་པ་བཟོ་རྒྱུ་ཡིན་པ་དང་། དེ་ནས་ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 12ངའི་མི་མང་ཨིསི་རཱཨེལ་པ་ཁྱོད་ཚོ་སླར་ཡང་ཡུལ་དུ་སྡོད་ཕྱིར་འཁྲིད་རྒྱུ་ཡིན་པ་དང་། དེ་ནི་ཁྱོད་ཚོ་རང་ཡུལ་དུ་འགྱུར་བ་དང་། དེས་ཁྱོད་ཚོའི་བུ་ཕྲུག་རྣམས་སླར་ལྟོགས་ཤི་ཐེབས་པར་མི་འཇུག་གོ 13ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བརྗོད་རྒྱུར། མི་མང་གིས། ཡུལ་དེ་ནི་མི་ཟ་མཁན་དང་དེ་ཚོས་རྒྱལ་ཁབ་ཀྱི་བུ་ཕྲུག་རྣམས་འཕྲོག་བཅོམ་བྱས་སོང་ཟེར་བ་བདེན་པ་ཡིན་ནོ། 14འོན་ཀྱང་ད་ནས་བཟུང་ཁྱོད་ཀྱིས་མི་ཟ་མཁན་དང་ཁྱོད་ཚོའི་བུ་ཕྲུག་རྣམས་འཕྲོག་བཅོམ་བྱ་མཁན་ཞིག་ཏུ་མི་འགྱུར། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 15ད་ནས་ཡུལ་དེས་མི་རིགས་གཞན་ཚོས་སྨྲས་པར་ཉན་མི་དགོས་པ་དང་བསྙས་བཅོས་བྱེད་པར་བལྟ་མི་དགོས་སོ། ད་ནས་ཡུལ་གྱི་བུ་ཕྲུ་རྣམས་འཕྲོག་བཅོམ་མི་བྱེད་ཅེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨིསི་རཱཨེལ་གྱི་མི་ཚེ་གསར་པ།

16གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 17ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ། ཨིསི་རཱཨེལ་པ་ཚོ་དེ་ཚོའི་ཡུལ་དུ་སྡོད་སྐབས། དེ་ཚོ་སྡོད་ཚུལ་དང་བྱ་ཚུལ་གྱིས་ཡུལ་དེ་མི་གཙང་བ་བཟོས་ཡོད་པ་དང་། ངས་དེ་ཚོའི་སྤྱོད་ཚུལ་དེ་བུད་མེད་ཟླ་མཚན་སྐབས་ཀྱི་ཆོ་ག་ལྟར་མི་གཙང་བར་ཆ་འཛིན་བྱ་རྒྱུ་ཡིན་ནོ། 18དེ་ཚོས་ཡུལ་དུ་སྲོག་གཅོད་གྱིས་པ་དང་། དེ་ཚོའི་སྐུ་འདྲས་དེ་ལ་མི་གཙང་བ་བཟོས་པའི་རྐྱེན་གྱིས་དེ་ཚོ་ལ་ངའི་ཁྲོ་བའི་ནུས་ཤུགས་ཀྱི་འཚོར་བ་ཡོང་དུ་འཇུག་རྒྱུ་ཡིན་ནོ། 19དེ་ཚོའི་སྡོད་ཚུལ་དང་བྱ་ཚུལ་གྱི་རྐྱེན་གྱིས་ངས་དེ་ཚོ་ལ་སྐྱོན་བརྗོད་བྱས་པ་དང་། དེ་ཚོ་ཕྱི་རྒྱལ་གྱི་རྒྱལ་ཁབ་ཡོངས་སུ་ཁ་སྟོར་གཏོང་རྒྱུ་ཡིན། 20དེ་ཚོ་གང་དུ་སོང་ཡང་ངའི་མཚན་དམ་པར་དམའ་འབེབས་བྱས་ཡོད་དོ། གང་ལ་ཟེར་ན། མི་མང་ཚོས། མི་འདི་ཚོ་གཙོ་བོ་དཀོནམཆོག་གི་མི་མང་ཡིན་ན་ཡང་དེ་ཚོའི་ཁོང་གི་ཡུལ་སྤངས་དགོས་བྱུང་ངོ་ཞེས་བརྗོད་བཞིན་ཡོད་དོ། 21དེས་རྐྱེན་གྱི་ངའི་མཚན་དམ་པར་དོ་སྣང་བྱེད་དགོས་པ་བྱུང་ངོ་། གང་ལ་ཟེར་ན། ཨིསི་རཱཨེལ་པ་ཚོ་གང་དུ་སོང་ཡང་ངའི་མཚན་དེ་ལ་དམའ་འབེབས་བྱུང་ཡོད་དོ། 22དེ་བས་ན་ཨིསི་རཱཨེལ་པ་ཚོ་ལ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པའི་འཕྲིན་འདི་ཤོད་ཅིག ངས་ཇི་ལྟར་བྱ་རྒྱུ་དེ་ཨིསི་རཱཨེལ་པ་ཚོའི་ཆེད་དུ་མ་ཡིན་པ་དང་། དེ་ནི་ཁྱོད་ཚོ་གང་དུ་སོང་ཡང་ངའི་མཚན་དམ་པ་ལ་དམའ་འབེབས་བྱུང་བའི་ཆེད་དུ་ཡིན། 23ཁྱོད་ཚོས་དེ་ཚོའི་ཁྲོད་དུ་དམའ་འབེབས་བཟོས་པའི་ངའི་མཚན་རླབས་ཆེན་གྱི་དམ་པའི་སྐོར་ངས་མི་རིགས་ཚོར་འགྲེམ་སྟོན་བྱ་སྐབས། དེ་ཚོས་ང་ནི་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། ང་ནི་དམ་པ་ཡིན་ཟེར་མི་རིགས་ཚོ་ལ་བསྟན་རྒྱུ་ངས་ཁྱོད་ཚོ་ལ་བེད་སྤྱོད་བྱ་རྒྱུ་ཡིན་ནོ། 24ངས་ཁྱོད་ཚོ་མི་རིགས་དང་ལུང་པ་ཚང་མ་ནས་ལེན་ནས་ཁྱོད་ཚོའི་ཡུལ་དུ་ཕྱིར་འཁྲིད་རྒྱུ་ཡིན་ནོ། 25ངས་ཁྱོད་ཚོའི་སྟེང་ཆུ་གཙང་མ་གཏོར་ནས་ཁྱོད་ཚོ་སྐུ་འདྲ་དང་ཁྱོད་ཚོ་མི་གཙང་བ་བཟོ་བ་ཚང་མ་ནས་གཙང་མ་བཟོ་རྒྱུ་ཡིན་ནོ། 26ངས་ཁྱོད་ཚོ་ལ་སྙིང་གསར་པ་དང་སེམས་གསར་པ་སྤྲོད་རྒྱུ་ཡིན། ངས་ཁྱོད་ཀྱི་རྡོའི་སྙིང་གྱོང་པོ་དེ་སྟོན་ནས་ཁ་ལ་ཉན་པའི་སྙིང་ཞིག་སྤྲོད་རྒྱུ་ཡིན་ནོ། 27ཁྱོད་ཚོ་ནས་ངའི་བཀའ་ཁྲིམས་རྣམས་དང་ངས་སྤྲད་པའི་བཀའ་རྣམས་སྲུང་བར་ངའི་ཐུགས་ཉིད་ཁྱོད་ཀྱི་ནང་དུ་འཇུག་རྒྱུ་ཡིན། 28དེ་ནས་ངས་ཁྱོད་ཚོའི་ཕ་མེས་ཚོར་སྤྲད་པའི་ཡུལ་དུ་གནས་སྡོད་བྱེད་འཇུག་པ་དང་། ཁྱོད་ཚོ་ངའི་མི་མང་དུ་འགྱུར་བ་དང་ང་ནི་ཁྱོད་ཚོའི་དཀོན་མཆོག་དུ་འགྱུར་རྒྱུ་ཡིན། 29ངས་ཁྱོད་ཚོ་མི་གཙང་བ་ཚང་མ་ནས་སྐྱོབས་པར་བྱ་བ་དང་། ཁྱོད་ཚོར་ཡང་སྐྱར་མུ་གེ་མི་འབྱུང་བའི་ཆེད་ངས་འབྲུ་ཤིན་ཏུ་འབོལ་པོ་ཡོང་བའི་བཀའ་གཏོང་བར་བྱའོ། 30མུ་གེ་ཡང་སྐྱར་བྱུང་ནས་མི་རིགས་རྣམས་ཀྱི་ཁྲོད་དུ་ཁྱོད་ཚོར་དམའ་འབེབས་མི་ཡོང་བའི་ཆེད་དུ། ངས་ཁྱོད་ཀྱི་འབྲས་བུའི་སྡོང་པོ་དང་ས་ཞིང་བཅས་ཀྱི་ཐོན་སྐྱེད་སྤེལ་རྒྱུ་ཡིན་ནོ། 31ཁྱོད་ཀྱི་སྤྱོད་ཚུལ་ངན་པ་དང་ནོར་འཁྲུལ་གྱིས་པ་རྣམས་ཁྱོད་ཀྱིས་དྲན་པར་འགྱུར་བ་དང་། རང་གི་སྡིག་པ་དང་ལས་ངན་རྐྱེན་གྱིས་རང་ཉིད་ལ་སྐྱུག་བྲོ་བར་འགྱུར། 32ཨིསི་རཱཨེལ། ངས་དེ་ཚོ་ཚང་མ་ཁྱོད་ཀྱི་ཆེད་དུ་བྱས་པ་མ་ཡིན་པ་དེ་ཁྱོད་ཀྱིས་ཤེས་པ་ངས་འདོད་དོ། ཁྱོད་ཀྱིས་ཇི་ལྟར་གྱིས་པ་ལ་ཁྱོད་རང་ངོ་ཚ་བ་དང་དམའ་འབེབས་ཀྱི་འཚོར་བ་ཡོང་བར་ངས་འདོད་དོ། ཅེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 33བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ངས་ཁྱོད་ཚོའི་སྡིག་པ་ཚང་མ་ནས་གཙང་མ་བཟོས་ནས། ངས་སླར་ཡང་ཁྱོད་ཚོའི་གྲོང་ཁྱེར་དུ་སྡོད་བཅུག་པ་དང་གཞིག་རུལ་རྣམས་སྐྱར་བཟོ་བྱེད་དུ་འཇུག་རྒྱུ་ཡིན་ནོ། 34སུ་ཞིག་གིས་ཁྱོད་ཚོའི་ཞིང་ཁ་བརྒྱུད་ནས་འགྲོ་མཁན་དེ་ཚོས་སྔར་ཞིང་ཁ་དེ་ཚོ་རྩ་རིང་པོ་སྐྱེས་པ་དང་ཤིང་ནགས་སུ་ཆགས་པ་མཐོང་ན་ཡང་། ངས་ཁྱོད་ཚོར་སླར་ཡང་ཞིང་ཁ་དེ་ཚོ་འདེབས་འཇུག་རྒྱུ་ཡིན་ནོ། 35ཚང་མས་སྔར་ལུང་སྟོང་གི་ས་ཁུལ་འདི་བཞིན་ཇི་ལྟར་ཨེ་དྷེན་གྱི་ལྡུམ་ར་ལྟ་བུ་འགྱུར་བ་དང་། གྲོང་ཁྱེར་གཞིགས་རུལ་དང་འཕྲོག་བཅོམ་བྱས་པ་དང་གྱང་ཤུལ་ལུས་པ་རྣམས་ད་ཆ་ཇི་ལྟར་སྲུང་ཆ་བརྟེན་པོར་འགྱུར་ནས་མི་རྣམས་གནས་སྡོད་བྱེད་དམ་ཞེས་སྨྲའོ། 36དེ་ནས་ཁྱིམ་མཚེའི་མི་རིགས་གསོན་པོ་གནས་པ་ཚོས། ང་གཙོ་བོ་དཀོན་མཆོག་གིས་གྲོང་ཁྱེར་གཞིགས་གོག་རྣམས་སྐྱར་བཟོ་བྱས་པ་དང་། ཕན་མེད་ཞིང་ཁ་ཚོར་སྐྱར་འདེབ་བྱས་པ་ཤེས་པར་འགྱུར། ཞེས་ང་གཙོ་བོ་དཀོན་མཆོག་གིས་དེ་ལྟར་བྱ་རྒྱུར་ཁས་ལེན་བྱས་ཡོད་པ་དང། ངས་དེ་སྒྲུབ་པར་བྱ་རྒྱུ་ཡིན་ནོ། 37བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ངས་སླར་ཡང་ཨིསི་རཱཨེལ་པ་ཚོར་ང་ལ་རོགས་རམ་ཆེད་འབོད་བསྐུལ་བྱེད་འཇུག་རྒྱུ་དང་། དེ་ཚོའི་གྲངས་ནི་ལུག་གི་ཁྱུ་ལྟར་སྤེལ་བཇུག་རྒྱུ་ཡིན། 38དེ་ནས་ད་ལྟའི་གྲོང་ཁྱེར་གཞིགས་གོག་ངང་ཡོད་པ་དེ་ཚོ་སྔར་ཡེ་རུ་ཤ་ལེམ་དུ་དུས་སྟོན་སྐབས་སུ། དམར་མཆོད་ཕུལ་བར་ལུག་གིས་ཁེངས་པ་ལྟར་མིས་ཁེངས་པར་འགྱུར་རོ། དེ་ནས་དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ༎

ཨི་ཛི་ཀི་ཨེལ 37

རུས་ཁོག་སྐམ་པོ་རྣམས་ཀྱི་ལུང་གཤོང་།

1གཙོ་བོ་དཀོན་མཆོག་གི་ཕྱག་ངའི་སྟེང་ཡོད་པ་ང་ལ་འཚོར་བ་དྲག་པོ་བྱུང་བ་དང་། ཁོང་གི་ཐུགས་ཉིད་ཀྱིས་ང་འཁྱེར་ནས་ལུང་གཤོང་ཞིག་ཏུ་རུས་པས་ཁེངས་པའི་ས་ཞིང་དུ་མར་འབེབས་པར་མཛད་དོ། 2ཁོང་གིས་ང་ལ་ལུང་གཤོང་གི་མཐའ་འཁོར་ལ་འཁྲིད་གནང་བ་དང་། དེར་ངས་ཧ་ཅང་མང་པོ་དང་ཤིན་ཏུ་སྐམ་པའི་རུས་པ་མཐོང་བྱུང་། 3ཁོང་གིས་ང་ལ་ཀྱེ་མི་རྟག་པའི་སྐྱེ་བོ། རུས་པ་འདི་ཚོ་གསོན་པོར་འགྱུར་སྲིད་དམ་ཞེས་གསུངས་བྱུང་། ངས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ལན་འདེབས་ཁྱེད་གཅིག་པུས་གནང་ཐུབ་ཅེས་ཞུས་པ་ཡིན། 4ཁོང་གིས་རུས་པ་དེ་ཚོར་ལུང་བསྟན་བྱོས་ཤིག་དང་། རུས་པ་སྐམ་པོ་དེ་ཚོ་ལ་གཙོ་བོ་དཀོན་མཆོག་གིས་བཀའ་ལ་ཉོན་ཞིག་ཅེས་སྨྲོས་ཤིག 5དེ་ཚོ་ལ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ངས་ཁྱོད་ཚོར་དབུགས་བྱིན་ནས་སླར་གསོན་པོར་བཟོ་རྒྱུ་ཡིན་ཞེས་གསུངས་བཞིན་འདུག་ཅེས་སྨྲོས་ཤིག 6ངས་ཁྱོད་ཚོར་སྒྱུས་པ་དང་ཤ་བྱིན་ནས་པགས་པས་བཀབ་རྒྱུ་ཡིན། ངས་ཁྱོད་ཚོར་དབུགས་བྱིན་ནས་སླར་གསོན་པོར་བཟོ་རྒྱུ་ཡིན་པ་དང། དེ་ནས་ཁྱོད་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། 7དེར་བརྟེན་ཇི་ལྟར་བཀའ་གནང་བ་ལྟར་ངས་ལུང་བསྟན་གྱིས་པ་དང་། ངས་སྨྲ་བཞིན་པའི་སྐབས་སུ་ངས་ཧྲོག་ཧྲོག་ཅེས་པའི་སྒྲ་ཐོས་པ་དང་། རུས་པ་ཚོ་གཅིག་གིས་གཅིག་ལ་འཐུད་འགོ་ཚུགས་པ་དང་། 8ངས་བལྟ་བཞིན་པའི་སྐབས་སུ་རུས་པ་ཚོར་སྒྱུས་པ་དང་ཤས་བཏུམ་པ་དང་། དེ་ནས་པགས་པས་བཏུམས་སོ། འོན་ཀྱང་གཟུགས་པོ་ལ་དབུགས་མེད་དོ། 9དཀོན་མཆོག་གིས་ང་ལ། ཀྱེ་མི་རྟག་པའི་སྐྱེ་བོ། རླུང་ལ་ལུང་བསྟན་གྱིས་ཤིག། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཕྱོགས་ཚང་མ་ནས་རླུང་ཡོང་ནས་རོའི་ལུས་པོ་དེ་ཚོར་དབུགས་བཏང་ནས་དེ་ཚོ་གསོན་པོ་བཟོས་ཤིག་ཅེས་བཀའ་གནང་བྱུང་ཞེས་སྨྲོས་ཤིག 10དེར་བརྟེན་ཇི་ལྟར་བཀའ་གནང་བ་ལྟར་ངས་ལུང་བསྟན་གྱིས་པ་དང་། གཟུགས་པོའི་ནང་དབུགས་བཞུགས་པ་དང་དེ་ཚོ་ལ་སྲོག་སླེབས་ནས་ཡར་ལངས་པ་དང་། དེ་ཚོ་དམག་དཔུང་ཁྱོན་ཆེན་པོ་ཞིག་བྱུང་ངོ། 11དཀོན་མཆོག་གིས་ང་ལ། ཀྱེ་མི་རྟག་པའི་སྐྱེ་བོ། ཨིསི་རཱཨེལ་གྱི་མི་རྣམས་རུས་པ་དེ་ཚོ་ལྟར་ཡིན། དེ་ཚོས་ང་ཚོ་སྐམ་ནས་ང་ཚོ་ལ་རེ་བ་དང་མ་འོངས་པ་མེད་ཟེར་རོ། 12དེར་བརྟེན་ངའི་མི་མང་ཨིསི་རཱཨེལ་པ་ཚོར་ལུང་བསྟན་གྱིས་ནས། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གི་དེ་ཚོའི་དུར་ཁང་ཁ་འབྱེད་བ་དང་། ངས་དེ་ཚོ་ཕྱིར་བཏོན་ནས་དེ་ཚོ་ཨིསི་རཱཨེལ་གྱི་ཡུལ་དུ་ཕྱིར་འཁྲིད་རྒྱུ་ཡིན་ཞེས་སྨྲོས་ཤིག 13ངའི་མི་མང་རྣམས། སྦེད་པའི་དུར་ཁང་འབྱེད་ནས་དེ་ཚོ་ཕྱིར་བཏོན་སྐབས། དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 14ངས་དེ་ཚོ་ལ་ངའི་དབུགས་བྱིན་པ་དང་གསོན་པོར་བཟོས་ནས་དེ་ཚོ་རང་གི་ཡུལ་དུ་སྡོད་འཇུག་རྒྱུ་ཡིན། དེ་ནས་དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། ངས་དེ་ལྟར་བྱ་རྒྱུ་ཁས་ལེན་གྱིས་པ་ལྟར་བྱ་རྒྱུ་ཡིན་ནོ། དེ་སྒྲུབ་པར་བྱ་རྒྱུ་ཡིན། ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

རྒྱལ་ཁབ་གཅིག་གི་ནང་ཡ་ཧུ་དཱ་དང་ཨིསི་རཱཨེལ།

15གཙོ་བོ་དཀོན་མཆོག་གིས་ང་ལ་ཡང་སྐྱར་བཀའ་གནང་བ་ནི། 16ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ། དབྱུག་པ་ཞིག་བླངས་ནས་དེའི་སྟེང་དུ་ཡ་ཧུ་དཱ་པའི་རྒྱལ་ཁབ་ཅེས་པའི་ཚིག་འདི་རྣམས་བྲིས་ཤིག དེ་ནས་དབྱུག་པ་གཞན་ཞིག་བླངས་ནས་དེའི་སྟེང་ཨིསི་རཱཨེལ་གྱི་རྒྱལ་ཁབ་ཅེས་ཚིག་འདི་རྣམས་བྲིས་ཤིག 17དེ་ནས་དབྱུག་པ་གཉིས་པོའི་མཐའ་གཉིས་མཐུད་ནས་ལག་པའི་ནང་དབྱུག་པ་གཅིག་ལྟར་མཐོང་བ་ཟུང་ཞིག 18ཁྱོད་ཀྱི་མི་མང་ཚོས་དེའི་དོན་གང་ཡིན་ནམ་ཤོད་རོག་བརྗོད་སྐབས། 19དེ་ཚོ་ལ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་ཚབ་ཏུ་དབྱུག་པ་དེ་བཞེས་ནས་གཞན་ཡ་ཧུ་དཱ་པའི་ཚབ་ཀྱི་དབྱུག་པ་དང་མཉམ་དུ་བཞག་ནས། དེ་ཚོ་གཉིས་པོ་ནས་ངས་དབྱུག་པ་གཅིག་བཟོས་ནས་དེ་ངའི་ལག་པའི་ནང་བཟུང་རྒྱུ་ཡིན། 20ཁྱོད་ཀྱི་ལག་པའི་ནང་དབྱུག་པ་དེ་གཉིས་བཟུང་ནས་མི་མང་ལ་མཐོང་དུ་འཇུག་ཅིག 21དེ་ནས་དེ་ཚོ་ལ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ངའི་མི་མང་རྣམས་རྒྱལ་ཁབ་ཚོ་ནས་ཕྱིར་འཁྲིད་ནས། དེ་ཚོ་མཉམ་དུ་བསྡུས་ནས་དེ་ཚོ་རང་གི་ཡུལ་དུ་འཁྲིད་གནང་གི་རེད་ཅེས་སྨྲོས་ཤིག 22ངས་དེ་ཚོའི་ཡུལ་དང་ཨིསི་རཱཨེལ་གྱི་རི་བོ་ཚོའི་སྟེང་མི་རིགས་གཅིག་ཏུ་མདའ་བསྒྲིལ་གཏོང་རྒྱུ་ཡིན་པ་དང་། དེ་ཚོའི་སྟེང་དུ་རྒྱལ་སྲིད་སྐྱོངས་མཁན་རྒྱལ་པོ་གཅིག་ཡོད་པར་འགྱུར་བ་དང་། དེ་ཚོ་སླར་ཡང་མི་རིགས་གཉིས་སུ་མི་གྱེས་པ་དང་རྒྱལ་ཁབ་གཉིས་སུ་བགོས་པར་མི་འགྱུར་རོ། 23དེ་ཚོས་རང་ཉིད་སྐྱུག་བྲོ་བའི་སྐུ་འདྲས་སླར་ཡང་མི་གཙང་བ་མི་བཟོ་བ་དང་སྡིག་པས་སྐྱོན་ཅན་བཟོ་བར་མི་བྱེད་དོ། དེ་ཚོས་སྡིག་པ་གྱིས་པ་དང་ང་ལ་བསླུ་འཁྲིད་གྱིས་པའི་ལམ་ཚང་མ་ནས་ངས་ཐར་བ་བྱ་རྒྱུ་ཡིན་ནོ། ངས་དེ་ཚོ་གཙང་མ་བཟོ་རྒྱུ་ཡིན་པ་དང་། དེ་ཚོ་ངའི་མི་མང་དུ་འགྱུར་བ་དང་། ང་ནི་དེ་ཚོའི་དཀོན་མཆོག་ཏུ་འགྱུར་རོ། 24ངའི་ཞབས་ཕྱི་དཱ་བིད་ལྟ་བུ་ཞིག་དེ་ཚོའི་རྒྱལ་པོར་འགྱུར་ནས། དེ་ཚོ་རྒྱལ་པོ་གཅིག་གི་འོག་ཏུ་གཅིག་བསྒྲིལ་ཡོང་བ་དང་ལྷག་བསམ་རྣམ་དག་གིས་ངའི་བཀའ་ཁྲིམས་སྲུང་བར་བྱེད་དོ། 25དེ་ཚོ་ངའི་ཞབས་ཕྱི་ཡ་ཀོབ་ལ་སྤྲད་པའི་ཡུལ་དེ་དེ་ཚོའི་ཕ་མེས་ཚོ་སྡོད་ཡུལ་དེར་སྡོད་པར་བྱེད་དོ། དེ་ཚོ་དེར་གཏན་དུ་གནས་པ་དང་། དེ་ཚོའི་བུ་ཕྲུག་ཚོ་དང་དེ་ཚོའི་རིགས་བརྒྱུད་ཚང་མ་ཡང་གཏན་དུ་གནས་པར་བྱེད་དོ། ངའི་ཞབས་ཕྱི་རྒྱལ་པོ་དཱ་བིད་ལྟ་བུ་ཞིག་གིས་གཏན་དུ་དེ་ཚོའི་སྟེང་རྒྱལ་སྲིད་སྐྱོངས་བར་བྱེད་དོ། 26དེ་ཚོའི་བདེ་སྲུང་ལ་གཏན་དུ་འགན་ལེན་བྱ་རྒྱུའི་དམ་བཅའ་ཞིག་ངས་དེ་ཚོ་དང་མཉམ་དུ་འཇོག་རྒྱུ་ཡིན་ནོ། ངས་དེ་ཚོ་ལ་འཛུགས་རྒྱུ་དང་དེ་ཚོའི་མི་འབོར་སྤར་རྒྱུ་དང་། དེ་ཚོའི་ཡུལ་དུ་ངའི་མཆོད་ཁང་འཛུག་རྒྱུ་དང་། དེར་དེ་ཚོ་གཏན་དུ་གནས་སྡོད་བྱེད་དོ། 27ང་དེ་ཚོ་དང་མཉམ་དུ་དེར་སྡོད་རྒྱུ་ཡིན་ནོ། ང་ནི་དེ་ཚོའི་དཀོན་མཆོག་དང་དེ་ཚོ་ངའི་མི་མང་དུ་འགྱུར་རོ། 28ངས་དེ་ཚོའི་ཁྲོད་དུ་གཏན་གྱི་མཆོད་ཁང་ཞིག་འཛུག་སྐབས་མི་རིགས་ཚང་མས་ཨིསི་རཱཨེལ་པ་ཚོ་ལ་ང་གཙོ་བོ་དཀོན་མཆོག་གིས་འདམ་པའི་ཉིད་ཀྱི་མི་མང་ཡིན་པ་ཤེས་པར་འགྱུར་རོ༎

ཨི་ཛི་ཀི་ཨེལ 38

དཀོན་མཆོག་གི་མཚོན་ཆའི་ཚུལ་དུ་གྷོག།

1གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། 2ཁོང་གིས་ཀྱེ་མི་རྟག་པའི་སྐྱེ་བོ། མ་གྷོག་ཡུལ་གྱི་མེ་ཤེག་དང་ཏུ་བྷལ་མི་རིགས་ཀྱི་སྲིད་སྐྱོང་པ་གཙོ་བོ་གོག་ལ་སྐྱོན་བརྗོད་བྱོས་ཤིག་དང་། ཁོ་ལ་སྐྱོན་བརྗོད་བྱས་ནས། 3ཁོ་ལ་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ནི་ཁོའི་དགྲ་བོ་ཡིན་ཞེས་སྨྲོས་ཤིག 4ངས་ཁོ་ལ་ཁ་བསྒྱུར་ཞིང་འགྲམ་པར་ལྕགས་ཀྱུ་རྒྱབ་ནས་ཁོ་དང་ཁོའི་དམག་དཔུང་རྣམས་དྲུང་རྒྱུ་ཡིན་པ་དང་། ཁོའི་དམག་དཔུང་དང་དེ་ཚོའི་རྟ་དང་སྒྲིགས་ཆས་གྱོན་པའི་དམག་དཔུང་རྣམས་ཧ་ཅང་ཁྱོན་ཆེ་ཡོད་པ་དང་། དམག་མི་ཚང་མས་ཕུབ་དང་རལ་གྲི་ཐོག་ཡོད་དོ། 5པར་སི་ཡ་དང་། ཨི་ཐི་ཨོ་པི་ཡ་དང་། ལིབ་ཡ་བཅས་ཀྱི་མི་རྣམས་ཁོ་མཉམ་དུ་ཡོད་པ་དང་། ཚང་མར་ཕུབ་དང་རྨོག་ཡོད་དོ། 6གྷོ་མེར་དང་བྱང་གི་བྷེད་ཏོ་གར་མཱའི་དམག་འཐབ་མཁན་གྱི་མི་རྣམས་ཁོ་དང་མཉམ་དུ་ཡོད་པ་དང་། དེ་བཞིན་རྒྱལ་ཁབ་གཞན་མང་པོའི་མི་རྣམས་ཀྱང་མཉམ་དུ་ཡོད་དོ། 7ཁོའི་དམག་དཔུང་རྣམས་ཁོའི་བཀའ་བཞིན་གྲ་སྒྲིགས་བྱོས་ཤིག་ཅེས་སྨྲོས་ཤིག 8མི་རིགས་མང་པོ་ནས་འཁྲིད་ཡོད་པ་དང་དམག་ལ་འཇིགས་སྣང་མེད་པར་སྡོད་མཁན་མི་རྣམས་ལ་བཙན་འཛུལ་བྱེད་དགོས་པའི་ལོ་མང་རྗེས་ལ་ངས་ཁོ་ལ་བཀའ་གཏོང་རྒྱུ་ཡིན་ནོ། ཁོས་ཨིསི་རཱཨེལ་གྱི་རི་བོར་བཙན་འཛུལ་བྱེད་པ་འགྱུར། དེ་ཡུན་རིང་བར་དུ་ལུང་སྟོང་དང་དེར་སུ་ཡང་གནས་མེད་པ་དང་། འོན་ཀྱང་ད་ཆ་དེར་མི་རྣམས་བདེ་འཇགས་ངང་གནས་སྡོད་བྱེད་བཞིན་ཡོད་དོ། 9ཁོ་དང་ཁོའི་དམག་དཔུང་དང་ཁོ་དང་མཉམ་དུ་ཡོད་པའི་མི་རིགས་མང་པོས་རླུང་འཚུབ་ལྟར་འཐབ་ནས་ཡུལ་དེ་སྤྲིན་ལྟར་འགེབས་པར་བྱེད་དོ། 10བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། གྷོག་ལ་བཀའ་གནང་བ་འདི་ལྟར་ཡིན། དུས་དེ་སླེབས་སྐབས་ཁྱོད་ཀྱིས་འཆར་གཞི་ངན་པ་ཞིག་བཟོས་འགོ་ཚུགས་པར་འགྱུར། 11ཁྱོད་ཀྱིས་གྲོང་ཁྱེར་རྣམས་ལ་ལྕགས་རི་མེད་པའི་སྲུང་བྱ་མེད་པ་དང་། མི་མང་ཞི་བདེའི་ངང་གནས་སྡོད་བྱ་ཡུལ་ལ་བཙན་འཛུལ་བྱ་རྒྱུའི་ཐག་གཅོད་བྱེད་པར་འགྱུར། 12ཁྱོད་ཀྱིས་སྔར་གྱང་གོག་ཡིན་པའི་གྲོང་ཁྱེར་རྣམས་ནང་སྡོད་མཁན་མི་མང་ཚོར་འཕྲོག་བཅོམ་བྱེད་པར་འགྱུར། དེ་ཚོ་རྒྱལ་ཁབ་ཁག་ནས་འཛོམས་པ་དང་། ད་ཆ་དེ་ཚོ་ལ་སེམས་ཅན་དང་རྒྱུ་ནོར་སོགས་ཡོད་པ་དང་། འཛམ་གླིང་གི་རྒྱ་ལམ་འཛོམས་སར་གནས་སྡོད་བྱེད་བཞིན་ཡོད་དོ། 13ཤེ་བྷ་དང་དྷེ་དན་གྱི་མི་རྣམས་དང་ཨིསི་པེན་གྱི་གྲོང་ཁྱེར་རྣམས་ཀྱི་ཚོང་པ་ཚོས་ཁྱོད་ལ་འཕྲོག་བཅོམ་བྱ་རྒྱུར་ཁྱོད་ཚོས་དམག་མི་བསྡུ་གསོགས་བྱ་ཡོད་དམ། ཁྱོད་ཚོས་གསེར་དངུལ་དང་ཕྱུགས་དང་རྒྱུ་ནོར་ལེན་ནས་དེ་ཚོ་དང་མཉམ་དུ་ཕྱིར་ལོག་པར་བྱ་འདོད་ཡོད་དམ་ཞེས་འདྲི་པར་འགྱུར། 14དེར་བརྟེན་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་གྷོག་ལ་བཀའ་གནང་བ་འདི་ཚོ་ང་ལ་ཤོད་དུ་བཏང་གནང་བ་རེད། ད་ཆ་ངའི་ཨིསི་རཱཨེལ་གྱི་མི་མང་རྣམས་བདེ་འཇགས་ངང་གནས་པ་ཁྱོད་ཚོས་ཧ་གོ་བར་འགྱུར། 15ཁྱོད་ཀྱིས་ཡུལ་ཐག་རིང་བྱང་ནས་རྒྱལ་ཁབ་མང་པོའི་དམག་དཔུང་ཚང་མ་རྟ་ལ་ཞོན་པ་ཁྱོན་ཆེ་དང་སྟོབས་ཤུགས་ཅན་རྣམས་འཁྲིད་པར་བྱེད་དོ། 16ཁྱོད་ཚོས་ངའི་མི་མང་ཨིསི་རཱཨེལ་ཐོག་རླུང་འཚུབ་དྲག་པོ་རྒྱབ་པ་ལྟར་འཐབ་པར་འགྱུར། དུས་ལ་སླེབས་སྐབས་མི་རིགས་དེ་ཚོར་ང་སུ་ཡིན་པ་སྟོན་པ་དང་། ཁྱོད་ཚོའི་བརྒྱུད་ངས་བྱེད་པའི་ལས་ནས་ང་དམ་པ་ཡིན་པ་སྟོན་པའི་ཆེད་ངས་ཁྱོད་ཚོར་ངའི་ཡུལ་ལ་བཙན་འཛུལ་བྱེད་པར་གཏོང་རྒྱུ་ཡིན། 17ངའི་ཞབས་ཕྱི་ཨིསི་རཱཨེལ་གྱི་ལུང་སྟོན་པ་ཚོ་བརྒྱུད་ནས་མ་འོངས་པར་ངས་ཨིསི་རཱཨེལ་ལ་བཙན་འཛུལ་བྱེད་པར་སུ་ཞིག་གཏོང་རྒྱུ་ཡིན་ཞེས་གསལ་སྒྲགས་བྱེད་སྐབས་སུ། དུས་ཡུན་རིང་པོ་དེའི་སྐབས་སུ་ངས་ཁྱོད་ཀྱི་སྐོར་ཤོད་ཀྱི་ཡོད། ཅེས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

གྷོག་ལ་དཀོན་མཆོག་གིས་ཉེས་ཆད་བཏང་བ།

18བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། གྷོག་གིས་ཨིསི་རཱཨེལ་ལ་བཙན་འཛུལ་བྱས་པའི་ཉིན་མོ་དེར་ང་ཤིན་ཏུ་ཁྲོ་ཀྱི་ཡིན། 19ངས་ཉིན་དེར་ངའི་ཁྲོ་བ་དྲག་པོའི་ངང་ཨིསི་རཱཨེལ་གྱི་ཡུལ་དུ་ས་གཡོམ་ཚབ་ཆེ་ཞིག་ཡོང་བར་འགྱུར་ཞེས་གསལ་སྒྲགས་བྱ་བཞིན་ཡོད། 20ས་གཞིར་ཡོད་པའི་ཉ་དང་བྱི་འུ་དང་སེམས་ཅན་ཆེ་ཆུང་དང་འགྲོ་བ་མི་དང་བཅས་པ་རྣམས་ང་ལ་འཇིགས་ནས་འདར་བར་བྱེད་དོ། རི་བོ་རྣམས་མར་ལྷུང་བ་དང་བྲག་ངོས་གཟར་པོ་རྣམས་གས་པ་དང་། ལྕགས་རི་རྣམས་གཞིགས་པར་འགྱུར། 21ངས་གྷོག་ལ་རྐྱེན་ངན་འདྲ་མིན་བཏང་ནས་འཇིགས་སྐྲག་བསྐུལ་བར་བྱ། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། ཁོའི་མི་ཚོས་གཅིག་གིས་གཅིག་ལ་རལ་གྲིས་འདེགས་པར་བྱེད་པ་དང་། 22ངས་ཁོ་ལ་ནད་ཡམས་དང་སྲོག་གཅོད་ཀྱི་ཉེས་ཆད་གཏོང་བར་བྱའོ། དྲག་ཆར་དང་སེར་བ་དང་མེ་དང་མུ་ཟི་བཅས་ཁོ་དང་ཁོའི་ཕྱོགས་རྟོགས་མི་རིགས་མང་པོའི་སྟེང་བབས་པར་འགྱུར་རོ། 23དེ་ལྟར་ངས་མི་རིགས་ཚང་མར་ང་རླབས་ཆེན། དམ་པ་ཡིན་པར་སྟོན་པར་བྱའོ། དེ་ནས་དེ་ཚོས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ༎

ཨི་ཛི་ཀི་ཨེལ 39

གྷོག་ལ་ཕམ་ཉེས།

1བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ཀྱེ་མི་རྟག་པའི་སྐྱེ་བོ། མེ་ཤེག་དང་ཏུ་བྷལ་མི་རིགས་རྣམས་ཀྱི་གཙོ་བོ་སྲིད་སྐྱོང་པ་གྷོག་ལ་སྐྱོན་བརྗོད་བྱོས་ཤིག ང་ནི་ཁོའི་དགྲ་བོ་ཡིན་ཞེས་སྨོས་ཤིག། 2ངས་ཁོ་ལ་ཕྱོགས་གསར་པ་ཞིག་ཏུ་ཁ་བསྒྱུར་ནས་ཨིསི་རཱཨེལ་གྱི་རི་བར་མ་སླེབས་བར་ཐག་རིང་བྱང་དུ་བཏོན་ནས་འཁྲིད་པར་བྱའོ། 3དེ་ནས་ངས་ཁོའི་ལག་པ་གཡོན་ནས་གཞུ་དང་གཡས་ནས་མདའ་དབྱུགས་རྒྱུ་ཡིན། 4གྷོག་དང་ཁོའི་དམག་དཔུང་དང་ཁོའི་མཐུན་ཚོགས་རྣམས་ཨིསི་རཱཨེལ་གྱི་རི་བོའི་སྟེང་དུ་འཆི་བར་འགྱུར། ངས་དེ་ཚོའི་ལུས་རྣམས་བྱ་དང་ནགས་ཀྱི་གཅན་གཟན་རྣམས་ཀྱིས་ཁ་ཟས་སུ་བཟོ་བར་བྱའོ། 5དེ་ཚོ་གུ་ཡངས་གི་ཞིང་གའི་སྟེང་འཆི་ནས་ལྷུང་བར་འགྱུར། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 6ངས་མ་གྷོག་གི་ཡུལ་དང་རྒྱ་མཚོའི་མཐའ་འགྲམ་ཡོངས་སུ། མི་མང་ལྷིང་འཇགས་ངང་གནས་སྡོད་བྱ་ཡུལ་དུ་མེ་སྤར་བ་དང་། དེ་ནས་ཚང་མས་ང་གཙོ་བོ་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 7ཨིསི་རཱཨེལ་གྱི་མི་མང་ཚོས་ངའི་མཚན་དམ་པ་ཤེས་པར་ངས་གཏན་བྱ་རྒྱུ་དང་། དེ་ཚོས་སླར་ངའི་མཚན་ལ་དམའ་འབེབས་བྱད་འཇུག་རྒྱུ་མིན་ནོ། དེ་ནས་མི་རིགས་ཚོས་ང་གཙོ་བོ་དཀོན་མཆོག་ནི་ཨིསི་རཱཨེལ་གྱི་དཀོན་མཆོག་དམ་པ་ཡིན་པ་ཤེས་པར་འགྱུར་རོ། 8བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ངས་བརྗོད་པའི་ཉིན་དེ་ངེས་པར་དུ་སླེབས་ཡོང་། 9ཨིསི་རཱཨེལ་གྱི་གྲོང་ཁྱེར་ཚོའི་ནང་སྡོད་མཁན་མི་མང་ཚོ་ཕྱི་རོལ་དུ་སོང་ནས། སྐྱུར་བའི་གོ་མཚོན་ཚོ་མེ་ཤིང་ཆེད་བསྡུ་བར་འགྲོའོ། དེ་ཚོས་ཕུབ་དང་གཞུ་དང་མདའ་དང་མདུང་དང་དབྱུག་པ་བཅས་ཀྱིས་མེ་སྤར་བ་དང་དེ་ཚོ་ལ་ལོ་བདུན་ལྡང་བ་ཡོད་དོ། 10དེ་ཚོའི་ཞིང་ཁའི་ནང་ནས་མེ་ཤིང་བསྡུ་མི་དགོས་པ་དང་། ཤིང་ནགས་ནང་ཤིང་སྡོང་བཅད་མི་དགོས་སོ། གང་ལ་ཟེར་ན། དེ་ཚོ་ལ་བུད་ཤིང་བསྐྱུར་བའི་གོ་མཚོན་ཡོད་པར་འགྱུར། དེ་ཚོར་ཇག་བཅོམ་དང་འཕྲོད་བཅོམ་བྱ་མཁན་ཚོར་དེ་བཞིན་དེ་ཚོས་ཇག་བཅོམ་དང་འཕྲོག་བཅོམ་བྱེད་པར་འགྱུར། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

གྷོག་ལ་དུར་དུ་སྦད་པ།

11གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། འདི་ཚོ་ཚང་མ་བྱུང་བའི་སྐབས་སུ། ངས་ཨིསི་རཱཨེལ་གྱི་འཆི་བའི་རྒྱ་མཚོའི་ཤར་ཕྱོགས་སུ་འགྲུལ་མཁན་གྱི་ལུང་གཤོང་དུ་གྷོག་ལ་དུར་ཁང་ཞིག་སྤྲོད་རྒྱུ་ཡིན། གྷོག་དང་དེའི་དམག་དཔུང་རྣམས་དེར་སྦེད་པར་འགྱུར་བ་དང་། ལུང་གཤོང་དེ་གྷོག་གི་དམག་དཔུང་གི་ལུང་གཤོང་ཞེས་གྲགས་པར་འགྱུར་རོ། 12ཨིསི་རཱཨེལ་པ་ཚོས་རོ་རྣམས་སྦེད་པ་དང་ས་ཆ་སླར་ཡང་གཙང་མ་བཟོ་བར་ཟླ་བ་བདུན་འགོར་བར་བྱེད་དོ། 13དེ་ཚོ་སྦེད་ཕྱིར་ཡུལ་དུ་ཡོད་པ་ཚང་མས་རོགས་བྱེད་པ་དང་། ངའི་རྒྱལ་ཁའི་ཉིན་མོ་དེར་དེ་ཚོ་ཚང་མ་ལ་གུས་བཀུར་བྱེད་དོ། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 14དེ་ཚོས་ཡུལ་གཙང་མ་བཟོ་བའི་ཆེད་ཟླ་བ་བདུན་རྫོགས་རྗེས་ས་སྟེང་དུ་རོ་རྣམས་ལྷག་ལུས་འཚོལ་བ་དང་། དེ་ཚོ་སྦེད་པའི་ཆེད་ཡུལ་ཡོངས་སུ་བལྟ་བའི་ཆེད་མི་འདམ་པར་བྱེད་དོ། 15དེ་ཚོ་གྲོང་ཁྱེར་ནང་ཡར་མར་འགྲོ་སྐབས་དུར་ཁང་བྲུས་མཁན་ཚོ་ཡོང་ནས། རུས་ཁོག་རྣམས་གྷོག་གི་དམག་དཔུང་གི་ལུང་གཤོང་དུ་སྦེད་པའི་ཆེད་དེ་ཚོས་མིའི་རུས་པ་མཐོང་མ་ཐག་ཏུ་དེའི་ཉེ་འགྲམ་དུ་རྟགས་ཤིག་བརྒྱབ་པར་འགྱུར། 16(དམག་དཔུང་ཚོའི་མིང་ཐོག་པའི་གྲོང་ཁྱེར་ཞིག་དེའི་ཉེ་འགྲམ་དུ་ཡོང་བར་འགྱུར།) དེ་ལྟར་སླར་ཡང་ཡུལ་དེ་གཙང་མ་བཟོ་བར་འགྱུར། 17བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། ཀྱེ་མི་རྟག་པའི་སྐྱེ་བོ། ངས་གྲ་སྒྲིགས་བྱས་པའི་དམར་མཆོད་ཟ་བའི་ཆེད་བྱ་དང་སེམས་ཅན་ཡོང་དགོས་པའི་བརྡ་སྤྲོད་ཅིག དེ་ནི་ཨིསི་རཱཨེལ་གྱི་རི་བོའི་སྟེང་དུ་དེ་ཚོས་ཤ་ཟ་བ་དང་ཁྲག་འཐུང་བའི་ཐུགས་སྤྲོ་རྒྱ་ཆེ་ཞིག་ཡོང་བར་འགྱུར་རོ། 18དེ་ཚོས་ལུག་ཐུག་དང་ལུ་གུ་དང་ར་དང་གླང་གོག་རྒྱག་པ་བསད་པ་ལྟར། དམག་མི་ཚོའི་ལུས་ཀྱི་ཤ་ཟ་བ་དང་ས་གཞིའི་དབང་འཛིན་པ་ཚོའི་ཁྲག་འཐུང་བར་བྱེད་དོ། 19ངས་མི་མང་དེ་ཚོ་དམར་མཆོད་ལྟར་གསོད་སྐབས་བྱ་དང་སེམས་ཅན་ཚོས་ཚིལ་ལུ་གང་ཐོབ་ཚང་མ་ཟ་བ་དང་ཁྲག་གི་ར་བཟི་བཟི་བར་འཐུང་བ་དང་། 20ངའི་རྒྱ་ལྕོག་སྟེང་དེ་ཚོས་རྟ་དང་དེ་ཚོ་ལ་ཞོན་མཁན་ཚོ་དང་དམག་མི་ཚོ་དང་དམག་རྒྱབ་མཁན་ཚོ་དང་བཅས་པ་གང་ཐོབ་ཟ་བར་བྱེད་དོ། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨིསི་རཱཨེལ་སླར་གསོ་བ།

21གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ངས་མི་རིགས་ཚོར་ངའི་གཟི་བརྗིད་མཐོང་བར་བྱ་རྒྱུ་དང་། ངའི་ཐག་ཆོད་དྲང་པོའི་ལས་ལྟར་བྱ་རྒྱུར་ངའི་མཐུ་སྟོབས་ཡང་བེད་སྤྱོད་བྱེད་པ་སྟོན་རྒྱུ་ཡིན། 22དེ་ནས་བཟུང་ཨིསི་རཱཨེལ་པ་ཚོས་ང་གཙོ་བོ་དཀོནམ་ཆོག་དེ་ཚོའི་དཀོན་མཆོག་ཡིན་པ་ཤེས་པར་འགྱུར་རོ། 23མི་རིགས་ཚོས་ཨིསི་རཱཨེལ་པ་ཚོ་བཙན་བྱོལ་དུ་འགྲོ་དགོས་པ་དེ། དེ་ཚོས་ང་ལས་སྡིག་པ་གྱིས་པའི་རྐྱེན་གྱིས་ཡིན་པ་དེ་ཤེས་པར་འགྱུར་རོ། ང་དེ་ཚོ་ལས་ཁ་བསྒྱུར་ནས་དེ་ཚོའི་དགྲ་བོ་ལས་ཕམ་དུ་འཇུག་པ་དང་། དེ་ཚོ་དམག་སར་གསོད་དུ་འཇུག་པ་ཡིན་ནོ། 24དེ་ཚོའི་མི་གཙང་བ་དང་སྤྱོད་ངན་ལ་ཇི་ལྟར་འོས་པ་དེ། དེ་ཚོ་ལ་བྱིན་པ་དང་དེ་ཚོ་ལས་ང་ཁ་བསྒྱུར་བ་ཡིན་ནོ། 25བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། འོན་ཀྱང་ད་ནས་ཡ་ཀོབ་ཀྱི་རིགས་བརྒྱུད་ཨིསི་རཱཨེལ་གྱི་མི་མང་རྣམས་ལ་སྙིང་རྗེ་བྱས་ནས་དེ་ཚོ་སླར་ཡང་ཕུན་སུམ་ཚོགས་པ་བཟོ་རྒྱུ་ཡིན་པ་དང་། ངའི་མཚན་དམ་པ་དེ་ངས་སྲུང་སྐྱོབས་བྱ་རྒྱུ་ཡིན་ནོ། 26དེ་ཚོ་ལ་འཇིགས་སྐྲག་བསྐུལ་མཁན་སུ་ཡང་མེད་པར། དེ་ཚོ་སླར་ཡང་རང་གི་ཡུལ་དུ་བདེ་བར་སྡོད་སྐབས་སུ་དེ་ཚོས་ང་ལ་བསླུ་འཁྲིད་བྱས་རྐྱེན་དམའ་འབེབས་ཇི་ལྟར་མྱོང་དགོས་བྱུང་བ་བརྗེད་པར་འགྱུར་རོ། 27མི་རིགས་མང་པོའི་ཁྲོད་དུ་ང་དམ་པ་ཡིན་པར་སྟོན་པའི་ཆེད། ངའི་མི་མང་དེ་ཚོ་ནི་དགྲ་བོ་ཚོ་གནས་སྡོད་བྱེད་པའི་ཡུལ་ཚང་མ་ནས་ཕྱིར་འཁྲིད་པར་བྱ་རྒྱུ་དང་། 28དེ་ནས་ངའི་མི་མང་ཚོས་ང་གཙོ་བོ་དཀོན་མཆོག་ནི་དེ་ཚོའི་དཀོན་མཆོག་ཡིན་པ་ཤེས་པར་འགྱུར། དེ་ཚོས་འདི་ལྟར་ཤེས་པར་འགྱུར། གང་ལ་ཟེར་ན། ངས་དེ་ཚོ་བཙན་བཟུང་འོག་ཏུ་བཏང་བ་དང་། ད་ཆ་དེ་ཚོ་གཅིག་ཀྱང་མ་ལུས་པར་བསྡུད་ནས་རང་གི་ཡུལ་དུ་ཕྱིར་འཁྲིད་པ་ཡིན། 29ངའི་ཐུགས་ཉིད་ཨིསི་རཱཨེལ་གྱི་མི་མང་སྟེང་དུ་འབེབས་པ་དང་། ང་སླར་ནམ་ཡང་དེ་ཚོ་ལས་ཁ་བསྒྱུར་བ་མི་བྱེད་ཅེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨི་ཛི་ཀི་ཨེལ 40

མ་འོངས་པའི་མཆོད་ཁང་གི་ཞལ་གཟིགས།

༤༠:༡—༤༨:༣༥

ཨི་ཛི་ཀི་ཨེལ་ལ་ཡེ་རུ་ཤ་ལེམ་དུ་འཁྲིད་པ།

1ང་ཚོའི་ལོ་གསར་གྱི་ཚེས་བཅུ་པའི་ཉིན་དང་། ང་ཚོ་བཙན་བྱོལ་དུ་འཁྲིད་པའི་ལོ་ཉི་ཤུ་རྩ་ལྔའི་རྗེས་དང་ཡེ་རུ་ཤ་ལེམ་བཙན་བཟུང་བྱས་པའི་ལོ་བཅུ་བཞིའི་རྗེས་སུ། དེའི་ཉིན་གཙོ་བོ་དཀོན་མཆོག་གི་ཕྱག་ངའི་སྟེང་ཡོད་པ་འཚོར་བ་དྲག་པོ་ཞིག་བྱུང་བ་དང་ཁོང་གིས་ང་ལ་ལངས་ནས་འཁྲིད་གནང་སོང་། 2ཞལ་གཟིགས་ཞིག་ནང་དཀོན་མཆོག་གིས་ང་ཨིསི་རཱཨེལ་གྱི་ཡུལ་ནང་འཁྲིད་གནང་བ་དང་ང་རི་མཐོ་པོ་ཞིག་གི་སྟེང་འཇོག་གནང་ནས། ངའི་མདུན་དུ་ཁང་པའི་ཚོགས་གྲོང་ཁྱེར་ལྟ་བུ་ཡོད་པ་ཞིག་མཐོང་བ་དང་། 3ཁོང་གིས་ང་དེ་དང་ཉེ་བར་འཁྲིད་གནང་བ་དང་། ངས་མི་ལི་ལྟར་འོད་འཚེར་བ་ཞིག་མཐོང་བྱུང་། ཁོས་ཀ་ཅིའི་རས་ཀྱི་ཐིག་སྐུད་ཅིག་དང་ཐིག་ཚད་རྒྱབ་བྱེད་དབྱུགས་པ་ཞིག་བཟུང་ནས་རྒྱལ་སྒོའི་ཉེ་འགྲམ་དུ་ལངས་ནས་བསྡད་ཡོད་པ་མཐོང་བྱུང་། 4ཁོས་ང་ལ་ཀྱེ་མི་རྟག་པའི་སྐྱེ་བོ་ལྟོས་ཤིག། ཟབ་ཟབ་ཉོན་ཞིག་ལ། ངས་ཁྱོད་ལ་གང་བསྟན་པ་ཚང་མ་ལ་དོ་སྣང་བྱོས་ཤིག། གང་ལགས་ཟེར་ན། དེས་རྐྱེན་གྱི་ཁྱོད་ལ་དེར་འཁྲིད་ཡོང་བ་ཡིན་ནོ། ཁྱོད་ཀྱི་རང་གི་གང་མཐོང་བ་ཚང་མ་ཨིསི་རཱཨེལ་གྱི་མི་རྣམས་ལ་སྨྲས་དགོས་སོ༎

ཤར་གྱི་རྒྱལ་སྒོ།

5ངས་མཆོད་ཁང་ཞིག་མཐོང་བ་དང་དེའི་མཐའ་འཁོར་དུ་ལྕགས་རི་ཞིག་འདུག མི་དེས་ཁོ་པའི་ཐིག་ཚད་རྒྱབ་བྱེད་དབྱུག་པ་རིང་ཐུང་མི་ཀྲར་གསུམ་ཡོད་པ་དེ་བླངས་ནས་ལྕགས་རི་ལ་ཐིག་ཚད་རྒྱབ་སོང་། དེའི་མཐོ་ཚད་མི་ཀྲར་གསུམ་དང་ཞེང་ཁ་མི་ཀྲར་གསུམ་འདུག་གོ 6དེ་ནས་ཁོ་ཤར་ཕྱོགས་ལ་ལྟས་པའི་རྒྱལ་སྒོ་ཡོད་སར་སོང་བ་དང་། ཁོས་ཐེམ་སྐས་སྟེང་འཛེགས་ནས་དེའི་སྟེང་ཁོས་འཛུལ་སའི་སྒོར་ཐིག་ཚད་རྒྱབ་པ་དང་། དེར་གཏིང་རིང་ཐུང་མི་ཀྲར་གསུམ་འདུག་གོ། 7དེ་རྒལ་ནས་སྒོ་འབྱོར་ཞིག་ཡོད་པར་ཕྱོགས་རེར་སྲུང་བྱ་བའི་ཁང་པ་གསུམ་རེ་འདུག ཁང་པ་ཚང་མ་གྲུ་བཞི་ཡིན་པ་དང་། ཕྱོགས་རེར་མི་ཀྲར་གསུམ་རེ་དང་དེའི་དབར་ལྕགས་རི་མཐུག་ལོད་མི་ཀྲར་གཉིས་དང་ཕྱེས་ཡོད་པ་འདུག སྲུང་བྱ་བའི་ཁང་པ་རྒལ་ནས་སྒོ་འབྱོར་རིང་ཐུང་མི་ཀྲར་གསུམ་ཡོད་པ་དེ་ནས་མཚོད་ཁང་ལ་ཁ་ལྟས་པའི་ཁང་མིག་ཆེན་པོ་ཞིག་ནང་སླེབས་པ་དང་། 8-9ཁོས་ཁང་མིག་དེར་ཐིག་ཚད་རྒྱབ་པ་དང་དེར་གཏིང་རིང་ཐུང་མི་ཀྲར་བཞི་འདུག་གོ དེ་ནི་རྒྱལ་སྒོའི་མཐའ་མར་འགྱུར་བ་དང་མཆོད་ཁང་ཉེ་ཤོས་ཡིན་པ་དང་། དེའི་མཐའི་ལྕགས་རིའི་མཐུག་ལོད་མི་ཀྲར་རེ་ཡོད་པ་དང་། 10(སྒོ་འབྱོར་གྱི་ཕྱོགས་དེའི་ནང་ཡོད་པའི་སྲུང་བྱ་བའི་ཁང་པ་དེ་ཚོ་དང་ཆེ་ཆུང་འདྲ་མཉམ་ཡོད་པ་དང་། དེ་ཚོའི་དབར་གྱི་ལྕགས་རི་ཚང་མའི་མཐུག་ལོད་འདྲ་མཉམ་ཡོད་དོ།) 11དེ་རྗེས་མི་དེས་རྒྱལ་སྒོའི་སྒོ་འབྱོར་གྱི་ཞེང་ཁའི་ཐིག་ཚད་རྒྱབ་པ་དང་། དེ་ལ་བསྡོམས་མི་ཀྲར་དྲུག་དང་ཕྱེད་ཁ་ཡོད་པ་དང་། རྒྱལ་སྒོ་འབྱེད་པའི་དབར་ས་སྟེང་མི་ཀྲར་ལྔ་ཡོད་དོ། 12སྲུང་བྱ་བའི་ཁང་པ་རེ་རེའི་མདུན་དུ་ལྕགས་རི་དམའ་པོ་མཐོ་ཚད་སན་ཀྲི་མི་ཀྲར་ལྔ་བཅུ་དང་མཐུག་ཚད་སན་ཀྲི་མི་ཀྲར་ལྔ་བཅུ་ཡོད་པ་དང་། (ཁང་མིག་ཚོ་ནི་མི་ཀྲར་གསུམ་རེའི་ཡོད་པའི་གྲུ་བཞི་ཡིན་ནོ།) 13དེ་ནས་ཁོས་ཁང་མིག་གཅིག་གི་རྒྱབ་ཀྱི་ལྕགས་རི་ནས་སྒོ་འབྱོར་གྱི་མདུན་གྱི་ཁང་མིག་གི་རྒྱབ་ཀྱི་ལྕགས་རི་དབར་ཐིག་ཚད་རྒྱབ་པ་དང་། དེར་མི་ཀྲར་བཅུ་གཉིས་དང་ཕྱེད་ཡོད་པ་དང་། 14ཁང་མིག་མཐའ་མ་དེ་ནས་ཁྱམས་རའི་ནང་སླེབས་ཀྱི་ཡོད་པ་དང་། ཁོས་ཁང་མིག་དེའི་ཐིག་ཚད་རྒྱབ་སྐབས་དེའི་ཞེང་ཀ་མི་ཀྲར་བཅུ་ཡོད་པ་དང་། 15རྒྱལ་སྒོའི་ལྕགས་རིའི་ཕྱི་རོལ་ནས་ཁང་མིག་མཐའ་མ་དེའི་བར་རྒྱལ་སྒོའི་ལམ་གྱི་རིང་ཐུང་བསྡོམས་མི་ཀྲར་གཉི་ཤུ་རྩ་ལྔ་ཡོད་པ་དང་། 16ཁང་མིག་ཚང་མའི་ཕྱིའི་ལྕགས་རི་དང་ཁང་མིག་ནང་གི་ལྕགས་རིའི་དབར་དཀར་ཁུང་ཆུང་ཆུང་རེ་ཡོད་པ་དང་། སྒོ་འབྱོར་ལ་ཁ་བལྟས་པའི་ནང་གི་ལྕགས་རི་ཚོའི་སྟེང་ཁ་ཟུར་ཤིང་གི་སྤྲོད་རྒྱབ་ཡོད་དོ༎

ཕྱིའི་ཁྱམས་ར།

17མི་དེས་ང་ལ་རྒྱལ་སྒོའི་ལམ་བརྒྱུད་ནས་ཁྱམས་རའི་ནང་དུ་འཁྲིད་པ་དང་། དེར་ཕྱིའི་ལྕགས་རིའི་མཐའ་འཁོར་དུ་ཁང་མིག་སུམ་ཅུ་ཐམ་པ་ཡོད་པ་དང་། དེ་ཚོའི་མདུན་དུ་རྡོ་བཅལ་སྒྲིག་པའི་ས་ཁུལ་ཞིག་ཡོད་དོ། 18དེ་ནི་ཁྱམས་རའི་མཐའ་འཁོར་ཡོངས་སུ་སྒྲིགས་ཡོད་པ་དང་། ཁྱམས་ར་ཕྱི་མ་དེ་ཁྱམས་ར་ནང་མ་ལས་དམའ་བའི་ས་ཁུལ་ཞིག་ཡིན་ནོ། 19དེར་རྒྱལ་སྒོའི་ལམ་མཐོ་བ་ནས་ཁྱམས་ར་ནང་མར་འགྲོ་ས་ཡོད་པ་དང་། མི་དེས་རྒྱལ་སྒོའི་ལམ་གཉིས་ཀྱི་དབར་གྱི་རིང་ཐུང་ཐིག་ཚད་རྒྱབ་སྐབས་དེ་ལ་མི་ཀྲར་ལྔ་བཅུ་ཐམ་པ་ཡོད་དོ༎

བྱང་གི་རྒྱལ་སྒོ།

20དེ་ནས་མི་དེས་བྱང་ཕྱོགས་ཁུལ་གྱི་རྒྱལ་སྒོའི་ལམ་ནས་ཁྱམས་ར་ཕྱི་མར་སླེབས་ས་དེར་ཐིག་ཚད་རྒྱབ་པ་དང་། 21སྒོ་འབྱོར་གྱི་ཕྱོགས་རེར་སྲུང་བྱའི་ཁང་པ་གསུམ་ཡོད་པའི་དབར་གྱི་ལྕགས་རི་དང་ཁང་མིག་ཆེན་པོ་གཅིག་བཅས་དང་། ཤར་གྱི་རྒྱལ་སྒོའི་ལམ་བཅས་པར་ཐིག་ཚད་འདྲ་མཉམ་ཡོད་པ་དང་། རྒྱལ་སྒོའི་ལམ་གྱི་རིང་ཐུང་བསྡོམས་མི་ཀྲར་ཉི་ཤུ་རྩ་ལྔ་དང་། ཞེང་ལ་མི་ཀྲར་བཅུ་གཉིས་དང་ཕྱེད་ཡོད་དོ། 22ཁང་མིག་ཆེན་པོ་དང་སྒེ་ཁུང་ཚོ་དང་ཁ་ཟུར་ཤིང་ལ་སྤྲོད་རྒྱབ་པ་བཅས་ཤར་གྱི་རྒྱལ་སྒོའི་ནང་ཡོད་པ་དང་འདྲ་མཉམ་ཡོད་དོ། རྒྱལ་སྒོ་འདིའི་དབར་སྐས་འཛེགས་བདུན་ཡོད་པ་དང་། མཐའ་མ་དེར་ཁང་མིག་ཆེན་པོ་ཁྱམས་ར་ལ་ཁ་བལྟས་པ་ཞིག་ཡོད་དོ། 23བྱང་གི་རྒྱལ་སྒོའི་ལམ་འདི་ནས་ཁྱམས་ར་དེ་བརྒྱུད་གཞན་རྒྱལ་སྒོའི་ལམ་ཞིག་ཡོད་པ་དེ་ནས་ནང་གི་ཁྱམས་རའི་ནང་སླེབས་ཀྱི་ཡོད་པ་དེ་ཤར་ཕྱོགས་སུ་ཡོད་པ་ལྟར་ཡོད་པ་ཡིན་ནོ། མི་དེས་རྒྱལ་སྒོའི་ལམ་གཉིས་པོ་དེར་ཐིག་ཚད་རྒྱབ་ནས་མི་ཀྲར་ལྔ་བཅུ་ཐམ་པ་ཐོན་ནོ༎

ལྷོའི་རྒྱལ་སྒོ།

24དེ་རྗེས་མི་དེས་ང་ལ་ལྷོ་ཕྱོགས་སུ་འཁྲིད་པ་དང་། དེར་ང་ཚོས་རྒྱལ་སྒོའི་ལམ་གཞན་པ་ཞིག་མཐོང་བྱུང་། ཁོས་དེར་ཐིག་ཚད་རྒྱབ་སྐབས་དེ་ནི་གཞན་ཚོ་དང་འདྲ་མཉམ་འདུག་གོ། 25རྒྱལ་སྒོའི་ལམ་དེར་གཞན་ཚོ་དང་འདྲ་བའི་སྒེ་ཁུང་ཡང་འདུག རྒྱལ་སྒོའི་ལམ་དེའི་རིང་ཐུང་བསྡོམས་མི་ཀྲར་ཉི་ཤུ་རྩ་ལྔ་དང་ཞེང་ཁ་མི་ཀྲར་བཅུ་གཉིས་དང་ཕྱེད་ཀ་འདུག་གོ 26འདིར་འགྲོ་རྒྱུར་སྐས་འཛེག་བདུན་ཡོད་པ་དང་། དེའི་ཁང་མིག་ཆེན་པོ་དེ་ཚོ་ནི་ཁྱམས་རར་བསྟན་ཡོད་པ་དང་། འདིར་ནང་གི་ལྕགས་རིའི་ནང་ཁ་ཟུར་ཤིང་ལ་སྤྲོད་རྒྱབ་ཡོད་པ་ཚོ་ནི་སྒོ་འབྱོར་ལ་བསྟན་ཡོད། 27འདིར་ཡང་ནང་གི་ཁྱམས་ར་སླེབས་ཕྱིར་རྒྱལ་སྒོའི་ལམ་ཞིག་ཡོད་པ་དང་། མི་དེས་རྒྱལ་སྒོའི་ལམ་གཉིས་པ་དེའི་རིང་ཐུང་ཚད་རྒྱབ་པ་དང་དེ་ལ་མི་ཀྲར་ལྔ་བཅུ་ཐམ་པ་ཡོད་དོ༎

ལྷ་ཕྱོགས་ཀྱི་རྒྱལ་སྒོའི་ཁྱམས་ར་ནང་མ།

28མི་དེས་ང་ལ་ལྷོ་ཕྱོགས་ཀྱི་རྒྱལ་སྒོའི་ལམ་བརྒྱུད་ནས་ནང་གི་ཁྱམ་རར་འཁྲིད་དོ། ཁོས་རྒྱལ་སྒོའི་ལམ་ལ་ཐིག་ཚད་རྒྱབ་པ་དང་དེ་ནི་ཕྱིའི་ལྕགས་རིར་ཡོད་པ་རྒྱལ་སྒོའི་ལམ་ལྟར་ཆེ་ཆུང་འདྲ་མཉམ་འདུག་གོ 29-30དེའི་སྲུང་བྱའི་ཁང་པ་ཁང་མིག་ཆེ་བ་དང་ནང་གི་ལྕགས་རི་བཅས་པ་རྒྱལ་སྒོ་གཞན་གྱི་ལམ་ལྟར་ཆེ་ཆུང་འདྲ་མཉམ་འདུག རྒྱལ་སྒོའི་ལམ་དུ་ཡོད་པའི་ཁང་མིག་ཚོར་སྒེ་ཁུང་ཡང་འདུག དེའི་རིང་ཐུང་བསྡོམས་མི་ཀྲར་ཉི་ཤུ་རྩ་ལྔ་དང་ཞེང་ཁ་མི་ཀྲར་བཅུ་གཉིས་དང་ཕྱེད་ཀ་འདུག 31དེའི་ཁང་མིག་ཆེན་པོ་དེ་ཁྱམས་ར་གཞན་པར་ཁ་བསྟན་ཡོད་པ་དང་། སྒོ་འབྱོར་བར་གྱི་རྩིག་པར་ཁ་ཟུར་ཤིང་གི་སྤྲོད་རྒྱབ་ཡོད་པ་དང། རྒྱལ་སྒོ་བར་དུ་འགྲོ་བ་ལ་སྐས་འཛེག་བརྒྱད་ཡོད་དོ།

ཤར་གྱི་རྒྱལ་སྒོའི་ཁྱམས་ར་ནང་མ།

32མི་དེས་ང་ལ་ཤར་གྱི་རྒྱལ་སྒོ་བརྒྱུད་ཁྱམས་ར་ནང་མར་འཁྲིད་པ་དང་། ཁོས་རྒྱལ་སྒོའི་ལམ་གྱི་ཐིག་ཚད་རྒྱབ་པ་དང་། དེ་ནི་གཞན་ལྟར་ཆེ་ཆུང་འདྲ་མཉམ་འདུག་གོ། 33དེའི་སྲུང་བྱའི་ཁང་པ་དང་ཁང་མིག་ཆེ་བ་དང་ནང་གི་རྩིག་པ་བཅས། གཞན་རྒྱལ་སྒོའི་ལམ་དང་འདྲ་བ་འདུག་གོ། མཐའ་འཁོར་ཚང་མ་དང་ཁང་མིག་ཆེ་བ་བཅས་པར་སྒེ་ཁུང་ཡང་འདུག་གོ དེའི་རིང་ཐུང་བསྡོམས་མི་ཀྲར་ཉི་ཤུ་རྩ་ལྔ་དང་ཞེང་ལ་མི་ཀྲར་བཅུ་གཉིས་དང་ཕྱེད་འདུག་གོ 34ཁང་མིག་ཆེན་པོ་དེ་ཁྱམ་ར་ཕྱི་མར་ཁ་བལྟས་ཡོད་པ་དང་། དེའི་སྒོ་འབྱོར་གྱི་རྩིག་པ་ཡོངས་ལ་ཁ་ཟུར་ཤིང་གི་སྤྲོད་རྒྱབ་ཡོད་པ་དང་རྒྱལ་སྒོ་བར་དུ་འགྲོ་བ་ལ་སྐས་འཛེག་བརྒྱད་ཡོད་དོ༎

བྱང་གི་རྒྱལ་སྒོའི་ཁྱམས་ར་ནང་མ།

35དེ་ནས་མི་དེས་ང་ལ་བྱང་གི་རྒྱལ་སྒོའི་ལམ་དུ་འཁྲིད་པ་དང་། ཁོས་རྒྱལ་སྒོའི་ལམ་དེ་ཚད་འཇལ་བ་དང་དེ་ནི་གཞན་ཚོ་དང་ཆེ་ཆུང་འདྲ་བ་འདུག་གོ 36དེ་ཚོ་ལྟར་དེ་ལ་ཡང་སྲུང་བྱའི་ཁང་པ་ཁག་དང་རྒྱན་སྤྲོས་བྱས་པའི་ནང་གི་རྩིག་པ་དང་། ཁང་མིག་ཆེན་པོ་ཞིག་དང་དེའི་མཐའ་འཁོར་དུ་སྒེ་ཁུང་བཅས་ཡོད་པ་དང་། དེའི་རིང་ཐུང་བསྡོམས་མི་ཀྲར་ཉི་ཤུ་རྩ་ལྔ་དང་ཞེང་ལ་མི་ཀྲར་བཅུ་གཉིས་དང་ཕྱེད་ཀ་འདུག 37ཁང་མིག་ཆེ་བ་དེ་ཁྱམས་ར་ཕྱི་མར་ཁ་བལྟས་ཡོད་པ་དང་། སྒོ་འབྱོར་གྱི་རྩིག་པ་ཚོར་ཁ་ཟུར་ཤིང་གི་སྤྲོས་རྒྱབ་ཡོད་པ་དང་། རྒྱལ་སྒོ་འདིར་འགྲོ་བ་ལ་སྐས་འཛེག་བརྒྱད་འདུག་གོ།

བྱང་གི་རྒྱལ་སྒོའི་ཉེ་འགྲམ་གྱི་ཁང་པ་རྣམས།

38ཁྱམས་ར་ཕྱི་མར་བྱང་ཕྱོགས་ཀྱི་རྒྱལ་སྒོའི་འགྲོ་ལམ་ནང་མར་འབྲེལ་བའི་ཁང་ཆུང་འཕར་མ་ཞིག་ཡོད་པ་དང་། དེ་ནི་ཁང་མིག་ཆེ་བ་ཁྱམས་རར་ཁ་བལྟས་པར་སྒོ་འབྱེད་ཡོད་པ་དང་། དེར་དེ་ཚོའི་སྦྱིན་སྲེག་གི་དམར་མཆོད་རྣམས་ཆ་ཚང་འབུལ་བའི་སེམས་ཅན་གྱི་ཕུང་པོ་འཁྲུས་ཀྱི་ཡོད་པ་དང་། 39ཁང་མིག་ཆེ་བ་དེར་རྒྱ་ལྕོག་བཞི་ཡོད་པ་དང་ཟུར་རེ་རེ་ལ་རྒྱ་ལྕོག་གཉིས་རེ་ཡོད་དོ། རྒྱ་ལྕོག་དེ་ཚོའི་སྟེང་དུ་དམར་མཆོད་ཀྱི་ཆེད་དུ་འབུལ་བའི་སེམས་ཅན་རྣམས་གསོད་ཀྱི་ཡོད་དོ། སེམས་ཅན་དེ་ཚོ་ནི་སྦྱིན་སྲེག་གི་མཆོད་པ་ཆ་ཚང་སྲེག་པའམ་སྡིག་པའི་ཆེད་དུ་དམར་མཆོད་ཡང་ན་སྐྱིན་ཚབ་ཀྱི་མཆོད་པ་བཅས་འབུལ་གྱི་ཡོད་དོ། 40ཁང་མིག་དེའི་ཕྱི་རོལ་དུ་རྒྱ་ལྕོག་འདྲ་མཚུངས་བཞི་ཡོད་པ་དང་། བྱང་གི་རྒྱལ་སྒོའི་འཛུལ་སྒོའི་ཕྱོགས་སོ་སོར་གཉིས་རེ་ཡོད་པ་དང་། 41དམར་མཆོད་འབུལ་རྒྱུའི་སེམས་ཅན་གསོད་པའི་ཆེད་རྒྱ་ལྕོག་ཚང་མ་བསྡོམས་བརྒྱད་ཡོད་པ་ནས། བཞི་ཁང་མིག་ནང་དུ་ཡོད་པ་དང་། བཞི་ནི་ཁྱམས་རའི་ཕྱི་རོལ་དུ་ཡོད་དོ། 42ནང་ཆུང་འཕར་མའི་ནང་རྒྱ་ལྕོག་བཞི་ཡོད་པའི་སྟེང་སེམས་ཅན་ཆ་ཚང་སྲེག་པའི་མཆོད་པ་གྲ་སྒྲིགས་བྱ་རྒྱུར་བེད་སྤྱོད་བྱེད་པ་དེ་ཚོ་ནི་རྡོ་ལས་བཟོས་ཡོད་པ་དང་། དེ་ཚོའི་མཐོ་ཚད་སན་ཀྲི་མི་ཀྲར་ལྔ་བཅུ་ཐམ་པ་དང་དེའི་རྩེ་ཐོག་ནི་སན་ཀྲི་མི་ཀྲར་བདུན་ཅུ་དོན་ལྔ་བྱེད་པ་གྲུ་བཞི་ཡིན། དམར་མཆོད་ཀྱི་མཆོད་པར་འབུལ་རྒྱུའི་སེམས་ཅན་གསོད་པར་བེད་སྤྱོད་བྱེད་པའི་ཅ་དངོས་རྣམས་རྒྱ་ལྕོག་དེ་ཚོའི་སྟེང་དུ་འཇོག་གི་ཡོད། 43རྒྱ་ལྕོག་གི་མཐའ་འཁོར་དུ་ཞེང་ཁ་མི་ལི་མི་ཀྲར་བདུན་ཅུ་དོན་ལྔ་ཡོད་པའི་སྐྱོར་ཡོད་པ་དང་། དམར་མཆོད་འབུལ་རྒྱུའི་ཤ་རྣམས་རྒྱ་ལྕོག་དེའི་སྟེང་འཇོག་གི་ཡོད་དོ། 44དེ་ནས་ཁོས་ང་ལ་ཁྱམས་ར་ནང་མའི་ནང་འཁྲིད་པ་དང་། དེར་ཁྱམས་ར་ནང་མའི་ནང་ལ་ཁང་མིག་གཉིས་ཡོད་པ་དང་། གཅིག་ནི་བྱང་གི་རྒྱལ་སྒོའི་ལམ་གྱི་ཉེ་འགྲམ་གྱི་ལྷོ་རུ་ཁ་བལྟས་ཡོད་པ་དང་། གཞན་དེ་ནི་ལྷོ་སྒོའི་ལམ་གྱི་ཉེ་འགྲམ་གྱི་བྱང་ལ་ཁ་བལྟས་ཡོད་དོ། 45མི་དེས་ང་ལ་ཁང་མིག་ལྷོ་རུ་ཁ་བལྟས་པ་དེ་མཆོད་ཁང་ནང་དུ་ཞབས་ཕྱི་ཞུ་མཁན་བླ་མ་ཚོའི་ཆེད་དང་། 46ཁང་མིག་ཁ་བྱང་ལ་བལྟས་པ་དེ་མཆོད་ཁྲིར་ཞབས་ཕྱི་ཞུ་མཁན་བླ་མ་ཚོའི་ཆེད་དུ་ཡིན་ཞེས་སྨྲས་སོ། བླ་མ་རྣམས་ཛ་དཱོག་གི་རིགས་བརྒྱུད་ལས་ཡིན་པ་དང་། དེ་ཚོ་ལེ་ཝིའི་སྡེ་རིགས་ཀྱི་འཐུས་མི་ཡིན་པ་དང་། དེ་ཚོ་གཅིག་པུས་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་ཞབས་ཕྱི་ཞུ་ཆོག་པ་ཡིན་ནོ༎

ཁྱམས་ར་ནང་མ་དང་མཆོད་ཁང་གི་ཁང་པ།

47མི་དེས་ཁྱམས་ར་ནང་མར་ཚད་འཇལ་བ་དང་། དེ་ནི་གྲུ་བཞི་མི་ཀྲར་ལྔ་བཅུ་ཡིན་པ་དང་། མཆོད་ཁང་ནུབ་ཕྱོགས་སུ་ཡོད་པ་དང་། དེའི་མདུན་དུ་མཆོད་ཁྲི་ཞིག་ཡོད་དོ། 48དེ་ནས་མི་དེས་ང་ལ་མཆོད་ཁང་གི་འཛུལ་སྒོར་འཁྲིད་ནས། དེས་འཛུལ་སྒོར་ཚད་འཇལ་བ་དང་། དེའི་གཏིང་རིང་ཐུང་མི་ཀྲར་གཉིས་དང་ཕྱེད་ཀ་དང་། ཞེང་དུ་མི་ཀྲར་བདུན་དང་ཕྱོགས་རེར་ལྕགས་རི་སྲབ་མཐུག་མི་ཀྲར་གཅིག་དང་ཕྱེད་ཀ་ཡོད་དོ། 49སྐས་འཛེག་བརྒྱུད་འཛུལ་སྒོ་ལ་སླེབས་པ་དང་། དེར་ཞེང་དུ་མི་ཀྲར་བཅུ་དང་གཏིང་རིང་ཐུང་མི་ཀྲར་དྲུག་ཡོད་པ་དང་། དེར་ཀ་བ་གཉིས་ཡོད་པ་དེ་ནི་འཛུལ་སྒོའི་ཕྱོགས་རེར་རེ་རེ་ཡོད་དོ༎

ཨི་ཛི་ཀི་ཨེལ 41

1དེ་རྗེས་སྐྱེ་བོ་དེས་ང་ལ་གནས་དམ་པའི་དབུས་ཀྱི་ཁང་མིག་ནང་འཁྲིད་ནས། ཁོས་དེར་འགྲོ་བའི་སྒོ་འབྱོར་དེར་ཚད་འཇལ་བ་དང་དེར་གཏིང་རིང་ཐུང་མི་ཀྲར་གསུམ་དང་། 2ཞེང་ལ་མི་ཀྲར་ལྔ་དང་དེའི་གཡས་གཡོན་རེར་མི་ཀྲར་གཉིས་དང་ཕྱེད་ཀྱི་སྲབ་མཐུག་ཡོད་པའི་ལྕགས་རི་ཡོད། ཁོས་ཁང་མིག་དེ་ལ་ཚད་འཇལ་ནས་དེའི་རིང་ཐུང་མི་ཀྲར་ཉི་ཤུ་དང་ཞེང་ལ་མི་ཀྲར་བཅུ་འདུག་གོ 3དེ་ནས་ཁོ་ཁང་མིག་ནང་མའི་ནང་མ་དེར་ཕྱིན་ནས། ཁོས་དེར་འགྲོ་བའི་སྒོ་འབྱོར་ཚད་འཇལ་བ་དང་། དེ་ལ་གཏིང་རིང་ཐུང་མི་ཀྲར་གཅིག་དང་ཞེང་དུ་མི་ཀྲར་གསུམ་དང་གཡས་གཡོན་གཉིས་ལ་སྲབ་མཐུག་མི་ཀྲར་གསུམ་དང་ཕྱེད་ཀ་ཡོད་པའི་ལྕགས་རི་འདུག་གོ 4ཁོས་ཁང་མིག་དེར་ཚད་འཇལ་བ་དང་། དེ་ནི་གྲུ་བཞི་མི་ཀྲར་བཅུ་རེ་ཡོད་པ་དང་། ཁང་མིག་དེ་ནི་དབུས་ཀྱི་ཁང་མིག་ཕར་ཕྱོགས་སུ་ཡོད་པ་ཡིན་ནོ། དེ་ནས་ཁོས་འདི་ནི་ཤིན་ཏུ་དམ་པའི་གནས་རེད་ཅེས་སྨྲས་སོ༎

མཆོད་ཁང་གི་རྩིག་པ་དང་བྲལ་ནས་བཟོས་པའི་ཁང་མིག་ཁག།

5སྐྱེ་བོ་དེས་མཆོད་ཁང་ནང་གི་རྩིག་པའི་སྲབ་མཐུག་ཚོར་འཇལ་བ་དང་དེ་ལ་མི་ཀྲར་གསུམ་འདུག་གོ མཆོད་ཁང་མཐའ་འཁོར་གྱི་རྩིག་པའི་ཕྱོགས་སུ་ཁང་མིག་ཆུང་ཆུང་མང་པོ་ཡོད་པ་དེ་ཚོར་ཞེང་དུ་མི་ཀྲར་གཉིས་རེ་ཡོད་པ་དང་། 6ཁང་མིག་དེ་ཚོར་ཐོག་རྩེ་གསུམ་རེ་ཡོད་པ་དང་ཐོག་རྩེ་རེར་ཁང་མིག་སུམ་ཅུ་རེ་ཡོད་པ་དང་། མཆོད་ཁང་གི་ཐོག་རྩེ་སོ་སོའི་ཕྱིའི་རྩིག་པ་དེ་ཚོ་ཐོག་རྩེག་འོག་མ་ལས་སྲབ་པ་ཡོད་དོ། གང་ལ་ཟེར་ན། ཁང་མིག་ཚོ་རྩིག་པ་དང་མི་འབྲེལ་བར་གནས་པའི་ཆེད་དུ་ཡིན་པ་དང་། 7དེར་བརྟེན་མཆོད་ཁང་གི་རྩིག་པ་ཕྱི་ནས་བལྟ་སྐབས་རྩེ་བར་སྲབ་མཐུག་འདྲ་མཉམ་ཡོད་པ་ལྟ་བུ་དང་། མཆོད་ཁང་གི་ཕྱིའི་རྩིག་པ་ནི་ཁང་མིག་དེ་ཚོའི་ཕྱི་རོལ་དུ་སྐས་འཛེག་ཞེང་ཁ་ཆེན་པོ་གཉིས་རེ་བཟོས་ཡོད་པ་དང་། དེའི་རྐྱེན་ཐོག་རྩེ་འོག་མ་ནས་བར་མ་དང་རྩེ་ཐོག་བར་འགྲོ་ཐུབ་ཀྱི་ཡོད་དོ། 8-11ཁང་མིག་དེ་ཚོའི་ཕྱིའི་རྩིག་པའི་སྲབ་མཐུག་མི་ཀྲར་གཉིས་དང་ཕྱེད་ཀ་ཡོད་པ་དང་། མཆོད་ཁང་གི་བྱང་ཕྱོགས་ཀྱི་ཁང་མིག་ཚོ་ལ་སྒོ་གཅིག་རང་ཡོད་པ་དང་། ལྷོ་ཕྱོགས་ལ་སྒོ་གཅིག་རང་བཅས་ཡོད་པ་དང་། ངས་དེར་མཆོད་ཁང་གི་མཐའ་འཁོར་དུ་ཞེང་དུ་མི་ཀྲར་གཉིས་དང་ཕྱེད་ཡོད་པའི་བར་ཁྱམས་ཤིག་མཐོང་བ་དང་། དེའི་སྟེང་ནས་མི་ཀྲར་གསུམ་མཐོ་པོ་ཡོད་པ་དང་། མཆོད་ཁང་གི་རྩིག་པའི་ཉེ་འགྲམ་གྱི་ཁང་མིག་ཚོའི་རྩིག་རྨང་དང་མཐོ་ཚད་ཡང་མཉམ་པོ་ཡོད་པ་དང་། བར་ཁྱམས་དེ་དང་བླ་མ་ཚོས་བེད་སྤྱོད་གནང་བའི་ཁང་པའི་མཐའ་འཁོར་དུ་ས་སྟོང་མི་ཀྲར་བཅུ་ཡོད་པ་དེ་ནི་མཆོད་ཁང་གི་ཟུར་དུ་ཡོད་དོ༎

ནུབ་ཀྱི་ཁང་པ།

12ནུབ་ཕྱོགས་ཀྱི་མཆོད་ཁང་གི་བར་སྟེང་དེའི་མཐར་ཁང་པ་ཞིག་ཡོད་པ་དེ་ལ་རིང་ཐུང་མི་ཀྲར་བཞི་བཅུ་ཞེ་ལྔ་དང་ཞེང་དུ་མི་ཀྲར་སུམ་ཅུ་སོ་ལྔ་ཡོད་པ་དང་། དེའི་རྩིག་པའི་མཐའ་འཁོར་ཡོང་ས་སུ་རྩིག་ཞེང་མི་ཀྲར་གཉིས་དང་ཕྱེད་ཀ་ཡོད་དོ༎

མཆོད་ཁང་གི་ཁང་པའི་ཐིག་ཚད་བསྡོམས།

13སྐྱེ་བོ་དེས་མཆོད་ཁང་གི་ཕྱི་རོལ་དུ་ཚད་འཇལ་བ་དང་དེའི་རིང་ཐུང་མི་ཀྲར་ལྔ་བཅུ་ཐམ་པ་ཡོད་པ་དང་། མཆོད་ཁང་གི་རྒྱབ་ནས་ས་སྟོང་བརྒྱུད་ནུབ་ཕྱོགས་ཀྱི་ཁང་པ་དེའི་དབར་རིང་ཐུང་མི་ཀྲར་ལྔ་བཅུ་ཐམ་པ་ཡོད་པ་དང་། 14མཆོད་ཁང་གི་མདུན་བརྒྱུད་གཡས་གཡོན་གཉིས་ཀྱི་བར་སྟེང་བཅས་པའི་དབར་རྒྱང་རིང་ཐུང་མི་ཀྲར་ལྔ་བཅུ་ཐམ་པ་ཡོད་དོ། 15ཁོས་ཁང་པ་དེའི་རིང་ཐུང་ནུབ་ཀྱི་བར་དེའི་ཕྱོགས་གཉིས་ཀྱི་ཀ་ཕིབ་བཅས་པར་ཚད་འཇལ་བ་དང་དེར་ཡང་མི་ཀྲར་ལྔ་བཅུ་ཐམ་པ་འདུག་གོ།

མཆོད་ཁང་གི་ཁང་པའི་ཞིབ་ཆ།

མཆོད་ཁང་གི་འཛུལ་སྒོའི་ཁང་མིག་དང་གནས་དམ་པ་དང་ཤིན་ཏུ་གནས་དམ་པར། 16སྤང་བཅལ་ནས་སྒེ་ཁུང་བར་ཚང་མར་ཤིང་གི་སྤང་ལེབ་ཀྱི་བཀབ་ཡོད་པ་དང་། སྒེ་ཁུང་ཚོ་ཡང་སྤང་ལེབ་ཀྱི་བཀབ་ཡོད་པ་དང་། 17མཆོད་ཁང་ནང་གི་རྩིག་པ་མཐོ་ལོས་སྒོའི་ཐོད་བར་ཆ་ཚང་སྤྲོད་བརྒྱབ་ནས་བཀབ་ཡོད་དོ། 18ཁ་ཟུར་ཤིང་དང་ཀེ་རུབ་ཀྱི་སྤྲོས་རྒྱབ་ནས་བསྟུམ་ཡོད་པ་དང་། ཁ་ཟུར་ཤིང་གི་དབར་ཀེ་རུབ་ཡོད་པ་དེ་ཚོ་གཅིག་གི་རྗེས་ལ་གཅིག་མཐུད་ནས་ཁང་མིག་མཐའ་འཁོར་ཡོངས་སུ་ཡོད་པ་དང་། ཀེ་རུབ་རེར་གདོང་གཉིས་རེ་ཡོད་པ་དང་། 19-20མིའི་གདོང་པ་དེ་ཁ་ཟུར་ཤིང་གི་ཕྱོགས་གཅིག་ཏུ་བསྟན་ཡོད་པ་དང་། སེང་གེའི་གདོང་པ་ཤིང་དེའི་ཕྱོགས་གཞན་དེར་བསྟན་ཡོད་པ་དང་། རྩིག་པའི་མཐའ་འཁོར་ཡོངས་སུ་སྤང་གཅལ་ནས་ཐོད་ཀྱི་སྒོ་ཚོའི་བར་དེ་ལྟར་ཡོད་དོ། 21དམ་པའི་གནས་ཀྱི་སྒོའི་ཀ་བ་རྣམས་གྲུ་བཞི་ཡིན་ནོ༎

ཤིང་གི་མཆོད་ཁྲི།

ཤིན་ཏུ་དམ་པའི་གནས་ཀྱི་འཛུལ་སྒོའི་མདུན་དུ་དངོས་པོ་ཞིག་ཡོད་པ་དེའི་དབྱིས་ནི། 22ཤིང་གི་མཆོད་ཁྲི་ལྟ་བུ་ཡོད་པ་དང་། ཤིང་གི་མཆོད་ཁྲི་དེའི་མཐོ་ཚད་མི་ཀྲར་གཅིག་དང་ཕྱེད་དང་ཞེང་དུ་མི་ཀྲར་གཅིག་ཡོད་པ་དང་། དེའི་ཟུར་གྱི་ཀ་བ་ཚོ་དང་སྟེགས་དང་ཟུར་རྣམས་ཚང་མ་ཤིང་ལས་བཟོས་ཡོད་པ་དང་། སྐྱེ་བོ་དེས་ང་ལ་གསོལ་ལྕོག་འདི་ནི་གཙོ་བོ་དཀོན་མཆོག་གི་མདུན་དུ་གནས་པ་རེད་ཅེས་སྨྲས་སོ༎

སྒོ་རྣམས།

23དམ་པའི་གནས་སུ་འགྲོ་བའི་མཐའ་མའི་སྒོ་འབྱོར་ལ་སྒོ་ཞིག་ཡོད་པ་དང་། ཤིན་ཏུ་དམ་པའི་གནས་སུ་འགྲོ་བའི་མཐའ་མའི་སྒོ་འབྱོར་ལ་ཡང་སྒོ་ཞིག་ཡོད་དོ། 24དེ་དག་སྒོ་ཉི་སྦྲིག་དཀྱིལ་ནས་འབྱེད་པར་འགྱུར་བ་ཡིན་པ་དང་། 25རྩིག་པའི་སྟེང་སྤྲོས་རྒབ་པ་ལྟར་དམ་པའི་གནས་ཀྱི་སྒོ་དེ་ཚོའི་སྟེང་དུ་ཡང་ཁ་ཟུར་ཤིང་དང་ཀེ་རུབ་ཚོ་སྤྲོད་རྒྱབ་ཡོད་པ་དང་། འཛུལ་སྒོའི་ཁང་མིག་གི་སྒོའི་ལམ་གྱི་ཕྱི་རོལ་གྱི་སྟེང་ཤིང་གི་ཁེབས་ཡོད་དོ། 26ཁང་མིག་དེའི་ཟུར་དུ་སྒེ་ཁུང་ཁག་ཡོད་པ་དང་། རྩིག་པ་རྣམས་ལ་ཁ་ཟུར་ཤིང་གི་མཛེས་རྒྱན་གྱིས་སྤྲོས་རྒྱབ་ཡོད་དོ༎

ཨི་ཛི་ཀི་ཨེལ 42

མཆོད་ཁང་ཉེ་འགྲམ་གྱི་ཁང་མིག་གཉིས།

1དེ་ནས་མི་དེས་ང་ལ་ཁྱམས་རའི་ཕྱི་མར་འཁྲིད་ནས། མཆོད་ཁང་གི་ནུབ་ཕྱོགས་སུ་ཡོད་པའི་ཁང་པ་དང་ཐག་ཉེ་བའི་མཆོད་ཁང་གི་བྱང་ཕྱོགས་ཀྱི་ཁང་པ་ཞིག་གི་ནང་འཁྲིད་ནས། 2ཁང་པ་དེའི་རིང་ཐུང་མི་ཀྲར་ལྔ་བཅུ་དང་ཞེང་དུ་མི་ཀྲར་ཉི་ཤུ་ཙ་ལྔ་ཡོད་དོ། 3ཕྱོགས་གཅིག་ཏུ་མཆོད་ཁང་དེའི་ཉེ་འགྲམ་དུ་ཡོད་པའི་ས་སྟོང་མི་ཀྲར་བཅུ་ཡོད་པ་ལ་ཁ་བསྟན་ཡོད་པ་དང་། ཕྱོགས་གཞན་དུ་དེ་ནི་ཕྱིའི་ཁྱམས་རའི་རྡོ་གཅལ་ལ་ཁ་བསྟན་ཡོད་པ་དང་། དེའི་མཐོ་ཚད་ནི་རིམ་པ་གསུམ་དུ་བཟོས་ཡོད་པ་དང་། གཅིག་དེ་ནི་འོག་ལ་ཡོད་པ་དེ་ལས་རྒྱབ་ཀྱི་ཕྱོགས་སུ་ཡོད་པ་དང་། 4ཁང་པའི་བྱང་ཕྱོགས་ཀྱི་སྒོ་འབྱོར་གྱི་ཞེང་ལ་མི་ཀྲར་ལྔ་དང་རིང་ཐུང་མི་ཀྲར་ལྔ་ཅུ་ཐམ་པ་དང་ཟུར་ལ་འཛུལ་སྒོ་རྣམས་ཡོད་དོ། 5ཁང་པའི་རིམ་པ་གོང་མར་ཡོད་པའི་ཁང་མིག་རྣམས་རིམ་པ་བར་མ་དང་འོག་ཏུ་ཡོད་པ་ལས་དོག་པོ་ཡོད་དོ། གང་ལ་ཟེར་ན། དེ་ཚོ་རྒྱབ་ཕྱོགས་སུ་བཟོས་ཡོད་པ་དང་། 6ཁོད་སྙོམས་པོ་གསུམ་དུ་ཡོད་པའི་ཁང་མིག་རྣམས་བང་རིམ་དུ་ཡོད་པ་དང་། དེ་ཚོ་ཁྱམས་རའི་ནང་ཡོད་པའི་ཁང་པ་གཞན་ལྟར་མདུང་མས་སྐྱོར་མེད་དོ། 7-8ཁང་པའི་ཁོད་སྙོམས་པོ་འོག་མའི་ཕྱིའི་ལྕགས་རི་དེ་མཁྲེགས་པོ་རིང་ཐུང་མི་ཀྲར་ཉི་ཤུ་རྩ་ལྔ་ཡོད་པ་དང་། དེ་འཕྲོས་མི་ཀྲར་ཉི་ཤུ་རྩ་ལྔ་ནང་ཁང་མིག་རྣམས་ཡོད་དོ། ཁོད་སྙོམས་པོ་གོང་མའི་ཁང་པའི་རིང་ཐུང་ལྟར་ཡོངས་སུ་ཁང་མིག་ཡོད་པ་དང་། 9-10ཁང་པའི་ཤར་གྱི་མཐའ་རུ་ཡོད་པའི་ཁང་མིག་གཉིས་པོའི་འོག་ཁྱམས་ར་ཕྱི་མར་འཛུལ་སའི་སྒོ་ཞིག་ཡོད་དོ། ཁང་པའི་ཤར་གྱི་མཐའ་ནས་ཁྱམས་རའི་རྩིག་པ་འགོ་ཚུགས་ཡོད་དོ། མཆོད་ཁང་གི་ནུབ་ཕྱོགས་ཀྱི་མཐའི་ཁང་པ་དང་ཐག་མི་རིང་བར་ཁང་པ་འདྲ་མཚུངས་ཤིག་མཆོད་ཁང་གི་ལྷོ་ཕྱོགས་སུ་ཡོད་པ་དང་། 11ཁང་མིག་ཚོའི་མདུན་དུ་བྱང་ཕྱོགས་སུ་ཡོད་པ་ལྟར་སྒོ་འབྱོར་ཞིག་ཡོད་དོ། དེ་ལ་ཐིག་ཚད་དང་བཟོ་དབྱིབས་དང་འཛུལ་སྒོ་བཅས་པ་ཚང་མ་འདྲ་མཚུངས་ཡོད་དོ། 12ཤར་ཕྱོགས་ཀྱི་མཐའ་རུ་རྩིག་པ་འགོ་ཚུགས་སར་ཁང་པའི་ལྷོ་ཕྱོགས་ཀྱི་ཁང་མིག་ཚོའི་འོག་ལ་སྒོ་ཞིག་ཡོད་དོ། 13མི་དེས་ང་ལ་སྨྲས་པ། ཁང་པ་འདི་ཚོ་གཉིས་ཀ་དམ་པ་ཡིན་པ་དང་། དེ་ཚོའི་ནང་གཙོ་བོ་དཀོན་མཆོག་གི་དྲུང་དུ་བཅར་མཁན་བླ་མ་ཚོས་ཤིན་ཏུ་དམ་པའི་མཆོད་པ་དེ་བཞེས་ཀྱི་ཡོད་དོ། གང་ལ་ཟེར་ན། ཁང་མིག་དེ་ཚོ་དམ་པ་ཡིན་པ་དང་། དེར་བླ་མ་ཚོས་ཤིན་ཏུ་དམ་པའི་དངོས་པོ་འཇོག་གནང་བ་དང་། དེ་ཚོ་ནི་འབྲུའི་འབུལ་བ་དང་སྡིག་པའི་ཆེད་དུ་འབུལ་བའི་དམར་མཆོད་ཡང་ན་སྐྱིན་ཚབ་ཀྱི་འབུལ་བ་བཅས་ཡིན་ནོ། 14བླ་མ་ཚོ་མཆོད་ཁང་ནང་ཡོད་སྐབས་ཁྱམས་ར་ཕྱི་མར་ཕེབས་འདོད་ན་དེ་ཚོས་ཁང་མིག་དེ་ཚོའི་ནང་གཙོ་བོ་དཀོན་མཆོག་གིས་ཞབས་ཞུ་སྐབས་གྱོན་པའི་ན་བཟའ་དེ་ཚོ་འཇོག་དགོས་སོ། དེ་ཚོ་ཕྱི་རོལ་དུ་མི་མང་འདུ་འཛོམས་ཀྱི་ས་ཁུལ་དུ་འགྲོ་བའི་སྔོན་ལ་ངེས་པར་དུ་ན་བཟའ་གཞན་པ་གྱོན་དགོས་སོ༎

མཆོད་ཁང་ས་ཁུལ་གྱི་ཐིག་ཚད།

15མི་དེས་མཆོད་ཁང་ནང་གི་ས་ཁུལ་ཁག་ཚད་འཇལ་ཟིན་པ་དང་། དེས་ང་ལ་ཤར་ཕྱོགས་ཀྱི་རྒྱལ་སྒོ་བརྒྱུད་ཕྱི་རོལ་དུ་འཁྲིད་པ་དང་། དེ་ནས་ཕྱིའི་ས་ཁུལ་ལ་ཐིག་ཚད་རྒྱབ་བོ། 16དེས་ཐིག་ཚད་རྒྱབ་བྱེད་དུ་དབྱུག་པ་དེ་བླངས་ནས་ཤར་གྱི་ཕྱོགས་སུ་ཐིག་ཚད་རྒྱབ་པ་དང་། དེར་མི་ཀྲར་ ༢༥༠ ཐམ་པ་ཡོད་པ་དང་། 17-19དེ་ནས་དེས་བྱང་ཕྱོགས་དང་ལྷོ་ཕྱོགས་དང་ནུབ་ཕྱོགས་བཅས་པར་ཐིག་ཚད་རྒྱབ་པ་དང་། དེ་ཚོ་རེ་རེར་རིང་ཐུང་མི་ཀྲར་ ༢༥༠ ཐམ་པ་རེ་འདྲ་མཉམ་འདུག་གོ 20དེར་བརྟེན་ལྕགས་རི་དེ་གྲུ་བཞི་ཕྱོགས་རེར་མི་ཀྲར་ ༢༥༠ ཐམ་པ་ཡོད་པས་བསྐོར་ཡོད་པ་དང་། རྩིག་པ་དེ་དམ་པ་ཇི་ཡིན་མིན་གྱི་དབར་དབྱེ་འབྱེད་བྱེད་ཀྱི་ཡོད་དོ༎

ཨི་ཛི་ཀི་ཨེལ 43

གཙོ་བོ་དཀོན་མཆོག་གི་གཟི་བརྗིད་མཆོད་ཁང་དུ་ཕྱིར་ཕེབས་པ།

1སྐྱེ་བོ་དེས་ང་ལ་རྒྱལ་སྒོ་ཤར་ལ་ཁ་བསྟན་པ་དེར་འཁྲིད་ནས། 2དེར་ངས་ཤར་ནས་ཨིསི་རཱཨེལ་གྱི་དཀོན་མཆོག་གི་གཟི་བརྗིད་དེར་ཕེབས་པ་མཐོང་བ་དང་། དཀོན་མཆོག་གི་གསུངས་སྐད་དེ་རྒྱ་མཚོའི་འུར་སྒྲ་ལྟ་བུ་ཡོད་པ་དང་ཁོང་གི་གཟི་བརྗིད་ཀྱིས་ས་གཞི་གསལ་ལོ། 3ཞལ་གཟིགས་དེ་བཞིན་སྔར་དཀོན་མཆོག་ཡེ་རུ་ཤ་ལེམ་མེད་པར་བཟོ་བར་ཕེབས་སྐབས་དང་། ངས་ཆུ་བོ་ཀེ་བར་རུ་མཐོང་བ་ལྟ་བུ་འདུག། དེ་ནས་ངས་ངའི་གདོང་ས་ལ་ཁ་འབུབ་པ་ཡིན་ནོ། 4གཙོ་བོ་དཀོན་མཆོག་གི་གཟི་བརྗིད་དེ་ཤར་གྱི་རྒྱལ་སྒོ་བརྒྱུད་མཆོད་ཁང་ནང་དུ་སོང་ངོ་། 5གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ང་འདེགས་གནང་ནས། ཁྱམས་ར་ནང་མར་འཁྲིད་གནང་བ་དང་དེར་ངས་མཆོད་ཁང་དེ་བཞིན་གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ཀྱིས་ཁེངས་པ་མཐོང་བྱུང། 6མི་དེ་ངའི་ཉེ་འགྲམ་དུ་ལངས་བ་དང་ངས་མཆོད་ཁང་གི་ཕྱི་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་མོལ་གནང་བ་ཐོས་སོ། 7ཁོང་གིས་མི་རྟག་པའི་སྐྱེ་བོ་འདིར་ངའི་བཞུགས་ཁྲི་ཡོད། ང་འདིར་ཨིསི་རཱཨེལ་གྱི་མི་མང་གི་ཁྲོད་དུ་བསྡད་པ་དང་གཏན་གྱི་ཆེད་དེ་ཚོའི་ཐོག་ཏུ་རྒྱལ་སྲིད་སྐྱོངས་བ་དང། སླར་ཨིསི་རཱཨེལ་གྱི་མི་མང་དང་དེ་ཚོའི་རྒྱལ་པོ་ཚོས་ལྷ་གཞན་ཚོར་མཆོད་པ་དང་། ཡང་ན་གནས་འདིར་དེ་ཚོའི་རྒྱལ་པོ་ཚོའི་ཕུང་པོ་སྦེད་ནས་ངའི་མཚན་དམ་པར་དམའ་འབེབས་མི་བྱེད་དོ། 8རྒྱལ་པོ་ཚོས་དེ་ཚོའི་ཕོ་བྲང་གི་ཐེམས་སྐས་དང་སྒོའི་རེ་བཞི་རྣམས་ངའི་མཆོད་ཁང་གི་ཐེམས་སྐས་དང་རེ་བཞིའི་མཉམ་དུ་འབྱར་ནས་ང་ཚོའི་དབར་རྩིག་པ་གཅིག་པུ་ལུས་སོ། ལས་མི་ཡོང་བའི་ཆེད་དབར་ཐད་ཀར་བཟོས་ཡོད་པ་དང་། དེ་ཚོས་སྐྱུག་བྲོའི་བྱ་བ་ཐ་དག་བྱས་པ་ལས་ངའི་མཚན་དམ་པར་དམའ་འབེབས་གྱིས་ཡོད་པར་བརྟེན། ང་ཁྲོ་བའི་ངང་ངས་དེ་ཚོ་མེད་པར་བཟོས་པ་ཡིན་ནོ། 9ད་ཆ་དེ་ཚོས་ལྷ་གཞན་ཚོར་མཆོད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། དེ་ཚོའི་རྒྱལ་པོ་ཚོའི་ཕུང་པོ་རྣམས་ཕྱིར་འབུད་བྱེད་དགོས་པ་དང་། དེ་ཚོས་དེ་ལྟར་གྱིས་པ་ཡིན་ན་དེ་ཚོའི་ཁྲོད་དུ་གཏན་གྱི་ཆེད་དུ་ང་བསྡད་པར་བྱའོ། 10གཙོ་བོ་དཀོན་མཆོག་གིས་མུ་མཐུད་ནས་བཀའ་གནང་བ་ནི། སྐྱེ་མི་རྟག་པའི་སྐྱེ་བོ་ཨིསི་རཱཨེལ་གྱི་མི་མང་ཚོར་མཆོད་ཁང་འདིའི་སྐོར་ལ་ཤོད་ཅིག དེ་ཚོ་ལ་དེའི་བཟོ་འཆར་སྦྱོངས་སུ་འཇུག་ཅིག། དེ་ཚོའི་སྡིག་ཅན་གྱི་བྱ་བ་ཚོའི་ཆེད་དུ་ངོ་ཚ་བ་བཟོས་ཤིག 11དེ་ནས་དེ་ཚོ་རང་གི་ཇི་ལྟར་གྱིས་པར་ངོ་ཚ་བར་འགྱུར་ན། དེ་ཚོ་ལ་མཆོད་ཁང་གི་འཆར་གཞི་དང་དེའི་བཀོད་པ་དང་འཛུལ་སྒོ་དང་ཕྱིར་འདོན་པའི་སྒོ་དང་དེའི་དབྱིབས་ཚང་མའི་གོ་སྒྲིག་ཁྲིམས་དང་ལུགས་སྲོལ་དང་བཅས་པ་ཡོངས་སུ་འབྲེལ་བརྗོད་བྱོས་ཤིག དེ་ཚོས་ཇི་ལྟར་ཚང་མ་གོ་སྒྲིག་གྱིས་ཡོད་པ་མཐོང་བ་དང་། དེ་ཚོའི་སྒྲིག་ཁྲིམས་ཚང་མ་སྲུང་ཐུབ་པའི་ཆེད་དུ་གོང་གསལ་རྣམས་བྲིས་ཤིག 12འདི་ནི་མཆོད་ཁང་གི་བཀའ་ཁྲིམས་ཡིན། རི་བོའི་སྟེང་གི་མཐའ་འཁོར་གྱི་ས་ཁུལ་ཡོངས་རྫོགས་ཤིན་ཏུ་དམ་པ་ཡིན་ཞེས་སོ༎ 13མཆོད་ཁང་ལ་ཐིག་ཚད་རྒྱབ་པ་ལྟར་ཐིག་ཚད་རྒྱབ་ལུགས་འདྲ་མཉམ་གྱིས་པར་མཆོད་ཁྲིའི་ཐིག་ཚད་འདི་ལྟར་ཡིན། མཆོད་ཁྲིའི་ཞབས་རའི་མཐའ་འཁོར་ཡོངས་སུ་ཡུར་བ་ཞིག་ཡོད་པ་དང་། དེའི་གཏིང་རིང་ཐུང་སན་ཀྲི་མི་ཀྲར་ལྔ་བཅུ་དང་ཞེང་དུ་སན་ཀྲི་མི་ཀྲར་ལྔ་བཅུ་ཡོད་པར་ཕྱི་ལོག་གི་མཐར་ཁ་མཚམས་ཤིག་ཡོད་པའི་མཐོ་ཚད་སན་ཀྲི་མི་ཀྲར་ཉི་ཤུ་རྩ་ལྔ་ཡོད་པ་དང་། 14མཆོད་ཁྲིའི་ཕྱོགས་ཁག་དམའ་ཤོས་ནི་ཞབས་མཐིལ་གྱི་རྩེ་ནས་མཐོ་ཚད་མི་ཀྲར་གཅིག་ཡོད་པ་དང་། ཕྱོགས་ཁག་རྗེས་མ་དེ་ཟུར་ནས་རྒྱབ་ཏུ་སྒྲིག་པར་མཐའ་འཁོར་དུ་སན་ཀྲི་མི་ཀྲར་ལྔ་བཅུ་ཡོད་པ་དང་མཐོ་ཚད་མི་ཀྲར་གཉིས་ཡོད་པ་དང་། དེ་རྗེས་ཀྱི་ཕྱོགས་ཁག་གཞན་དེ་ཡང་ཟུར་ནས་རྒྱབ་ཏུ་སྒྲིག་པར་མཐའ་འཁོར་ཡོངས་སུ་སན་ཀྲི་མི་ཀྲར་ལྔ་བཅུ་ཐམ་པ་ཡོད་པ་དང་། 15རྩེའི་ཕྱོགས་ཁག་ལ་སྦྱིན་སྲེག་གི་དམར་མཆོད་བསྲེག་གནས་དེར་ཡང་མཐོ་ཚད་མི་ཀྲར་གཉིས་ཡོད་པ་དང་། ཟུར་བཞིའི་སྟེང་གི་ར་ཅོ་རྣམས་རྩེ་ཐོག་གཞན་ཚོ་ལས་མཐོ་བ་ཡོད་པ་དང་། 16མཆོད་ཁྲིའི་སྟེང་གི་ཟུར་རེ་རེ་མི་ཀྲར་དྲུག་དྲུག་ཡོད་པ་དང་དེ་ནི་གྲུ་བཞི་ཡོན་ནོ། 17བར་གྱི་ཕྱོགས་ཁག་དེ་ཡང་གྲུ་བཞི་ཡིན་པ་དང་། དེ་ཡི་ཕྱོགས་རེར་མི་ཀྲར་བདུན་རེར་ཡོད་པ་དང་། ཕྱི་རོལ་གྱི་མཐར་ཁ་མཚམས་ཡོད་པར་མཐོ་ཚད་སན་ཀྲི་མི་ཀྲར་ཉི་ཤུ་རྩ་ལྔ་ཡོད་པ་དང་། (ཡུར་བའི་ཞེང་ནི་སན་ཀྲི་མི་ཀྲར་ལྔ་བཅུ་ཐམ་པ་ཡོད་པ་དང་།) མཆོད་ཁྲིར་འགྲོ་བའི་སྐེས་འཛེག་ཁག་ནི་ཤར་ཕྱོགས་སུ་ཡོད་དོ༎

མཆོད་ཁྲིའི་བསྔོ་འབུལ།

18བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ། སྐྱེ་མི་རྟག་པའི་སྐྱེ་བོ་ངས་ཇི་ལྟར་སྨྲས་པར་ཉོན་ཞིག མཆོད་ཁྲི་དེ་བཞེངས་སྐབས་དེའི་སྟེང་སྦྱིན་སྲེག་གི་དམར་མཆོད་བསྲེགས་པ་དང་། དམར་མཆོད་ཕུལ་བའི་སེམས་ཅན་ཚོའི་ཁྲག་དེ་དེའི་སྟེང་གཏོར་ནས་ཁྱོད་ཀྱིས་དེ་བསྔོ་འབུལ་བྱེད་དགོས་སོ། 19ལེ་ཝིའི་སྡེ་རིགས་ཀྱི་ཛ་དཱོག་གི་རིགས་བརྒྱུད་ཀྱི་བླ་མ་ཡིན་པ་གཅིག་པུས་ངའི་སྤྱན་སྔར་ཡོང་ནས་ངའི་ཞབས་ཞུ་བྱེད་དགོས་སོ། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་འདི་སྨྲས་པ་ཡིན་ནོ། ཁྱོད་ཀྱིས་སྡིག་པའི་མཆོད་པར་འབུལ་བྱེད་གླང་གོག་དར་མ་ཞིག་དེ་ཚོར་སྤྲོད་དགོས་སོ། 20ཁྱོད་ཀྱིས་དེའི་ཁྲག་ཕྲན་བུ་བླངས་ནས་མཆོད་ཁྲིའི་རྩེ་ཐོག་གི་ཟུར་ཚོའི་ར་ཅོ་དང་། མཆོད་ཁྲིའི་དཀྱིལ་གྱི་ཕྱོགས་ཁག་གི་ཟུར་ཚོ་དང་དེའི་མཐའ་ཁོར་ཡོངས་རྫོགས་དང་བཅས་པར་བྱུགས་དགོས་སོ། དེ་ལྟར་ཁྱོད་ཀྱིས་མཆོད་ཁྲི་དེ་གཙང་མ་བཟོ་བ་དང་བསྔོ་འབུལ་བྱེད་དགོས་སོ། 21ཁྱོད་ཀྱིས་སྡིག་པའི་དམར་མཆོད་ཕུལ་བའི་གླང་དེ་འཁྱེར་ནས་མཆོད་ཁང་གི་ཕྱི་རོལ་དུ་ཆེད་མངགས་བཟོས་པའི་ས་ཁུལ་དེར་དེ་བསྲེག་དགོས། 22སང་ཉིན་དེར་ཁྱོད་ཀྱི་ར་ཕོ་སྐྱོན་མེད་ཅིག་འཁྱེར་ནས་དེ་སྡིག་པའི་དམར་མཆོད་དུ་ཕུལ་དགོས་པ་དང་། ཁྱོད་ཀྱིས་གླང་གི་ཁྲག་གིས་གཙང་མ་བཟོས་བ་བཞིན་དེའི་ཁྲག་གི་ཡང་མཆོད་ཁྲི་དེ་གཅང་མ་བཟོས་དགོས་སོ། 23ཁྱོད་ཀྱིས་དེ་ལྟར་བྱས་ཟིན་པ་དང་ཁྱོད་ཀྱིས་གླང་དར་མ་ཞིག་དང་ལུག་ཐུག་དར་མ་ཞིག་བཅས་དེ་ཚོ་གཉིས་ཀར་སྐྱོན་མེད་འཁྲིད་ནས། 24དེ་ཚོ་ངའི་སར་འཁྲིད་ཤོག། བླ་མ་ཚོའི་དེ་ཚོའི་སྟེང་ཚ་གཏོར་ནས་ང་ལ་འབུལ་ཆེད་དེ་ཚོ་བསྲེག་པར་བྱའོ། 25ཉིན་བདུན་གྱི་རིང་ལ་ཉིན་ལྟར་ཁྱོད་ཀྱིས་ར་རེ་དང་གླང་རེ་དང་ལུག་ཐུག་རེ་བཅས་སྡིག་པའི་དམར་མཆོད་དུ་འབུལ་དགོས་སོ། དེ་ཚོ་ཚང་མ་སྐྱོན་གང་ཡང་མེད་པ་དགོས་སོ། 26ཉིན་བདུན་གྱི་རིང་ལ་བླ་མ་ཚོས་མཆོད་ཁྲིར་བསྔོ་འབུལ་གྱིས་ནས་ཤ་དེ་ཚོ་བེད་སྤྱོད་བྱ་རྒྱུར་གྲ་སྒྲིགས་བྱེད་དགོས་སོ། 27བདུན་ཕྲག་གཅིག་སོང་བའི་རྗེས་སུ་བླ་མ་ཚོས་མཆོད་ཁྲིའི་སྟེང་མི་མང་ཚོའི་སྦྱིན་སྲེག་གི་མཆོད་པ་དང་མཆེད་གྲོགས་ཀྱི་མཆོད་པ་བཅས་འབུལ་འགོ་འཛུག་དགོས་སོ། དེ་ནས་ང་ཁྱོད་ཚོ་ཚང་མ་དང་དགའ་བར་འགྱུར་རོ། ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨི་ཛི་ཀི་ཨེལ 44

ཤར་གྱི་རྒྱལ་སྒོའི་བེད་སྤྱོད།

1མི་དེས་ང་ལ་མཆོད་ཁང་གི་ཤར་ཕྱོགས་ཀྱི་ས་ཁུལ་གྱི་རྒྱལ་སྒོ་ཕྱི་མར་འཁྲིད་པ་དང་། རྒྱལ་སྒོ་དེ་རྒྱབ་ནས་ཡོད་པ་དང་། 2གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། རྒྱལ་སྒོ་འདི་རྒྱབ་ནས་ནམ་ཡང་ཕྱེ་མི་ཡོང་། འགྲོ་བ་མི་སུ་ལ་ཡང་བེད་སྤྱོད་དུ་མི་འཇུག་གོ། གང་ལ་ཟེར་ན། ང་གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་དེ་ནས་འཛུལ་ཟིན་པ་ཡིན་པས། དེ་རྒྱབ་ནས་བཞག་དགོས་སོ། 3འོན་ཀྱང་རྒྱལ་སྲིད་སྐྱོངས་མཁན་གྱི་རྒྱལ་སྲས་དེ་དེའི་ནང་ཕྱིན་ནས་ངའི་སྤྱན་སྔར་དམ་པའི་ཟས་ཟ་ཆོག་པ་དང་། ཁོ་རྒྱལ་སྒོ་དེའི་ལམ་ནས་ནང་གི་མཐའི་ཁང་མིག་ཆེན་པོ་དེ་བརྒྱུད་ནས་འཛུལ་བ་དང་ཐོན་པ་བཅས་བྱེད་ཆོག་གོ།

མཆོད་ཁང་ནང་འཛུལ་རྒྱུའི་ཁྲིམས།

4དེ་ནས་མི་དེས་ང་ལ་བྱང་གི་རྒྱལ་སྒོ་བརྒྱུད་ནས་མཆོད་ཁང་གི་མདུན་དུ་འཁྲིད་པ་དང་། ངས་བལྟ་བའི་སྐབས་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དེ་བཞིན་ཁོང་གི་གཟི་བརྗིད་ཀྱིས་ཁེངས་པ་མཐོང་བྱུང་། ངའི་གདོང་པ་ས་ལ་ཁ་འབུབ་ནས་རིལ་ལོ། 5གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། སྐྱེ་མི་རྟག་པའི་སྐྱེ་བོ་ཁྱོད་ཀྱིས་མཐོང་བ་དང་ཐོས་པ་རྣམས་ལ་དོ་སྣང་བྱོས་ཤིག ངས་ཁྱོད་ལ་མཆོད་ཁང་གི་ཁྲིམས་དང་ལུགས་སྲོལ་རྣམས་བཤད་རྒྱུ་ཡིན། སྐྱེ་བོ་ཇི་འདྲ་ཞིག་མཆོད་ཁང་ནང་ཡོང་ཆོག་པ་དང་། མི་ཆོག་པ་རྣམས་ལ་ཟབ་ཟབ་ཀྱིས་དོ་སྣང་བྱོས་ཤོད། 6ཨིསི་རཱཨེལ་གྱི་ངོ་ལོག་མཁན་གྱི་མི་ཚོར་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་དེ་ཚོས་བྱས་པའི་སྐྱུག་བྲོ་བའི་བྱ་བར་ད་ནས་ཟུང་བཟོད་པ་མི་བྱེད་ཅེས་སྨྲོས་ཤིག 7ང་ལ་དམར་མཆོད་ཀྱི་ཚིལ་ལུ་དང་ཁྲག་གི་མཆོད་པར་ཕུལ་བའི་སྐབས་སུ། དེ་ཚོས་ངའི་བཀའ་ལ་མི་ཉན་མཁན་མདུན་ལྤགས་མ་བཅད་པའི་ཕྱི་རྒྱལ་བ་ཚོ་མཆོད་ཁང་ནང་འཛུལ་བཅུག་ནས་ངའི་མཆོད་ཁང་མི་གཙང་བ་བཟོས་ཡོད། དེར་བརྟེན་ངའི་མི་མང་ཚོས་སྐྱུག་བྲོའི་བྱ་བ་རྣམས་བྱས་ནས་ངའི་དམ་བཅའ་དང་འགལ་ཡོད་པ་དང་། 8དེ་ཚོས་ངའི་མཆོད་ཁང་ནང་གི་དམ་པའི་ཆོ་གའི་འགན་མ་ལེན་པར་དེའི་ཚབ་ཏུ་ཕྱི་རྒྱལ་བ་ཚོར་འགན་འཁུར་བར་བསྐོས་ཡོད་དོ། 9ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། ངའི་བཀའ་ལ་མི་ཉན་མཁན་དང་མདུན་ལྤགས་མ་བཅད་པའི་ཕྱི་རྒྱལ་བ་ངའི་མཆོད་ཁང་ནང་འཛུལ་མི་ཆོག ཨིསི་རཱཨེལ་གྱི་མི་མང་གི་ཁྲོད་དུ་སྡོད་མཁན་ཕྱི་རྒྱལ་བ་སུ་ཡང་ཀྱང་ངའི་མཆོད་ཁང་ནང་འཛུལ་མི་ཆོག་པའི་གསལ་སྒྲགས་བྱ་རྒྱུ་ཡིན་ནོ༎

ལེ་ཝི་པ་ཚོ་བླ་མའི་ཁོངས་ནས་ཕྱིར་འབུད་བྱེད་པ།

10གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་གནང་བ་ནི། ངས་ལེ་ཝི་པ་ཚོ་ཨིསི་རཱཨེལ་གྱི་མི་མང་ཚོ་དང་མཉམ་དུ་ང་ལ་སྤངས་ནས་སྐུ་འདྲ་མཆོད་མཁན་དེ་ཚོ་ལ་ཉེས་ཆད་གཏོང་རྒྱུ་ཡིན་ནོ། 11དེ་ཚོས་རྒྱལ་སྒོ་ཚོའི་འགན་ལེན་པ་དང་། མཆོད་ཁང་ནང་གི་ལས་ཀ་བཅས་བྱས་ནས། ངའི་ཞབས་ཞུ་བྱེད་ཆོག་གོ། དེ་ཚོས་མི་མང་གི་ཕུལ་བའི་སྦྱིན་སྲེག་དང་དམར་མཆོད་གི་སེམས་ཅན་གསོད་པ་དང་། མི་མང་ལ་ཞབས་ཞུ་བྱ་རྒྱུའི་འགན་འཁུར་བཅས་བྱེད་ཆོག་གོ 12འོན་ཀྱང་དེ་ཚོས་ཨིསི་རཱཨེལ་མི་མང་གི་ཆེད་དུ་སྐུ་འདྲ་ལ་མཆོད་རྒྱུའི་ལས་འགུལ་གྱིས་ནས་མི་མང་ཚོ་ལ་སྡིག་པའི་ལམ་དུ་འཁྲིད་ཡོད་སྟབས། ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་དེ་ཚོར་ཉེས་ཆད་གཏོང་དགོས་པའི་མནའ་བརྟན་པོ་སྐྱེལ་རྒྱུ་ཡིན་ནོ། 13དེ་ཚོས་བླ་མའི་ལས་འགུལ་ཐོག་ངའི་ཞབས་ཞུ་བྱེད་མི་ཆོག་པའམ། ངས་དམ་པར་འཛིན་པ་རྣམས་ཀྱི་ཉེ་འགྲམ་དུ་འགྲོ་མི་ཆོག་པའམ། ཤིན་ཏུ་དམ་པའི་གནས་སུ་འཛུལ་མི་ཆོག་གོ། འདི་ནི་དེ་ཚོས་སྐྱུ་བྲོའི་བྱ་གྱིས་པའི་ཉེས་ཆད་ཡིན་ནོ། 14ངས་དེ་ཚོ་ལ་མཆོད་ཁང་ནང་དུ་ལས་ཀ་ཀྱུ་མ་སྤྲོད་རྒྱུ་ཡིན་ནོ༎

བླ་མ་ཚོ།

15བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ལེ་ཝིའི་སྡེ་རིགས་ཀྱི་ཛ་དཱོག་གི་རིགས་ཀྱི་བླ་མ་ཚོོས། ཨིསི་རཱཨེལ་གྱི་མི་མང་ཚོ་ང་ལ་ཁ་བསྒྱུར་སྐབས་མཆོད་ཁང་ནང་དུ་ང་ལ་མུ་མཐུད་ནས་དམ་ཚིག་ལྡན་པའི་ཐོག་ཞབས་ཕྱི་ཞུས་ཡོད་པ་དང་། དེར་བརྟེན་ད་ཆ་དེ་ཚོས་ངའི་ཞབས་ཏོག་དང་ངའི་དྲུང་དུ་བཅར་ནས་ང་ལ་དམར་མཆོད་ཀྱི་ཆེད་ཚིལ་ལུ་དང་ཁྲག་འབུལ་དགོས། 16དེ་ཚོ་གཅིག་པུ་ངའི་མཆོད་ཁང་ནང་འཛུལ་བ་དང་། ངའི་མཆོད་ཁྲིའི་ཞབས་ཏོག་ཞུ་བ་དང་། མཆོད་ཁང་གི་མཆོད་འབུལ་གྱི་ལས་འཁུར་བྱེད་པར་འགྱུར། 17དེ་ཚོ་མཆོད་ཁང་གི་ཁྱམས་ར་ནང་མའི་རྒྱལ་སྒོའི་ལམ་ནང་བཞུགས་སྐབས། དེ་ཚོས་ཀ་ཤི་ཀའི་རས་གོས་གྱོན་དགོས་སོ། དེ་ཚོ་ལ་ཁྱམས་ར་ནང་མ་དང་མཆོད་ཁང་ནང་མ་བཅས་པར་ལས་འགན་ཡོད་སྐབས་བལ་གྱི་བཟོས་པ་ཇི་ཡིན་གྱོན་མི་ཆོག 18དེ་ནི་དེ་ཚོ་རྔུལ་ན་མ་དོན་པའི་ཆེད་དུ་ཡིན། དེ་ཚོས་ཀ་ཅིའི་རས་ཀྱི་མགོ་རས་དང་གོས་ཐུང་གྱོན་དགོས་ན་ཡང་སྐེ་རག་བཅིང་མི་ཆོག 19དེ་ཚོ་མི་མང་ཡོད་སར་ཁྱམས་ར་ཕྱི་མར་འགྲོ་བའི་སྔོན་དུ་ཐོག་མར་མཆོད་ཁང་ནང་ལས་འགན་སྐབས་སུ་གྱོན་པའི་གྱོན་གོས་དེ་ཕུད་ནས་དེ་ཚོ་དམ་པའི་ཁང་མིག་རྣམས་ནང་འཇོག་དགོས་སོ། གོས་དེ་ཚོ་དམ་པ་ཡིན་པས། མི་རྣམས་ལ་མ་གནོད་པའི་ཕྱིར་དེ་ཚོས་གྱོན་གོས་གཞན་དག་གྱོན་དགོས་སོ། 20བླ་མ་ཚོས་རང་གི་སྐྲ་བཞར་མི་རུང་བ་དང་སྐྲ་རིང་པོ་ཡང་སྐྱེས་རུ་འཇུག་མི་རུང་། དེ་ཚོས་སྐྲ་དེ་ཚད་ལྡན་ངང་འཇོག་དགོས། 21བླ་མ་ཚོས་ཁྱམས་ར་ནང་མའི་ནང་ཕེབས་པའི་སྔོན་དུ་རྒུན་ཆང་འཐུང་མི་ཆོག 22བླ་མ་སུ་ཞིག་གིས་ཀྱང་གཞན་དང་ཁ་བྲལ་བའི་བུད་མེད་དང་མཉམ་དུ་ཆང་ས་བརྒྱབ་མི་ཆོག་པ་དང་། དེས་ཨིསི་རཱཨེལ་གྱི་བུད་མེད་མོ་གསར་རམ་གཞན་བླ་མ་གྲོངས་ཟིན་པའི་ཆུང་མ་དང་མཉམ་དུ་ཆང་ས་བརྒྱབ་དགོས་སོ། 23བླ་མ་ཚོས་མི་མང་ལ་དམ་པ་ཇི་ཡིན་དང་ཇི་མིན་དབར་གྱི་ཁྱད་པར་དང་། ཆོ་ག་ལྟར་ཇི་གཙང་མ་ཡིན་པ་དང་གཙང་མ་མིན་པའི་དབར་གྱི་ཁྱད་པ་གང་ཡིན་པར་སློབ་སྟོན་བྱེད་དགོས་སོ། 24རྩོད་རྙོག་སྐབས་སུ་ཁྲིམས་ཐོག་ལ་བླ་མ་ཚོས་ངའི་བཀའ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་དང་། དེ་ཚོས་ངའི་སྒྲིག་ཁྲིམས་དང་ལུག་སྲོལ་ལྟར་ཆོས་ཀྱི་དུས་ཆེན་ཁག་སྲུང་བརྩི་བྱེད་དགོས་པ་དང་། དེ་ཚོས་ངལ་གསོ་བའི་ཞག་དམ་པ་དེ་ཡང་སྲུང་བརྩི་བྱེད་དགོས་སོ། 25བླ་མ་ཞིག་གིས་རང་གི་ཕའམ་མ་དང་རང་གི་ཕྲུ་གུ་ཡང་ན་བུ་སྤུན་ཡང་ན་ཆང་ས་མ་བརྒྱབ་པའི་སྲིང་མོ་ཞིག་གི་མ་གཏོགས་གཞན་ཕུང་པོར་ལག་པ་རེག་ནས་ཆོ་ག་ལྟར་མི་གཙང་བ་བྱེད་མི་རུང་ངོ་། 26ཁོ་ཡང་སྐྱར་གཙང་མར་འགྱུར་ཟིན་པའི་རྗེས་ལ་ཉིན་བདུན་སྒུག་དགོས་པ་དང་། 27དེ་རྗེས་ཡང་སྐྱར་མཆོད་ཁང་ནང་ཞབས་ཞུ་བྱེད་ཆོག་པའི་ཆེད་དུ། མཆོད་ཁང་གི་ཁྱམས་ར་ནང་མར་ཕྱིན་ནས་ཁོ་རང་གཙང་མར་འགྱུར་བའི་དམར་མཆོད་འབུལ་དགོས་སོ། ཤེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 28ངས་ཨིསི་རཱཨེལ་པ་ཚོར་མི་རབས་གཅིག་ནས་གཞན་ལ་རྩིས་སྤྲོད་དགོས་པ་དེ་བླ་མ་ཚོའི་ཐོབ་སྐལ་ནི་བླ་མ་བྱ་རྒྱུ་དེ་རང་ཡིན། དེ་ཚོས་ཨིསི་རཱཨེལ་ནང་རྒྱུ་ནོར་བདག་བཟུང་བྱ་མི་རུང་། དེ་ཚོའི་དགོས་པ་ཚང་མ་ནི་ང་རང་ཡིན་ནོ། 29འབྲུའི་མཆོད་པ་དང་སྡིག་པའི་འབུལ་བ་དང་། སྐྱིན་ཚབ་ཀྱི་འབུལ་བ་བཅས་པ་བླ་མ་ཚོའི་ཁ་ཟས་ཡིན་པ་དང་། ཨིསི་རཱཨེལ་ནང་ངའི་ཆེད་དུ་ལོགས་སུ་འཇོག་པ་ཚང་མ་དེ་ཚོས་ལེན་ཆོག་པ་ཡིན་ནོ། 30བླ་མ་ཚོར་ལོ་ཐོག་གི་ཕུད་ལེགས་ཤོས་ཚང་མ་དང་ང་ལ་ཕུལ་བ་ཚང་མ་དེ་ཚོ་ལ་བདག་པ་ཡིན། མི་མང་ཚོས་བག་ལེབ་ནམ་བཟོ་སྐབས་དེ་ཚོས་བག་ལེབ་དང་པོ་དེ་བླ་མ་ཚོར་འབུལ་བར་འབུལ་དགོས་པ་དང་། དེ་ཚོའི་ཁྱིམ་དུ་ངའི་བྱིན་རླབས་གནས་པར་འགྱུར་རོ། 31བླ་མ་ཚོས་བྱིའུ་དང་སེམས་ཅན་རང་བཞིན་གྱིས་འཆི་བ་དང་ཡང་ན་སེམས་ཅན་གཞན་གྱིས་བསད་པ་ཟ་མི་རུང་ངོ་༎

ཨི་ཛི་ཀི་ཨེལ 45

ཡུལ་གྱི་བགོ་བཤའ།

1ས་ཆ་དེ་ནི་སྡེ་རིགས་སོ་སོར་ཆ་བགོས་རྒྱབ་སྐབས་དུམ་བུ་གཅིག་གཙོ་བོ་དཀོན་མཆོག་ལ་འབུལ་དགོས། དེའི་རིང་ཐུང་ནི་ཀི་ལོ་མི་ཀྲར་བཅུ་གཉིས་དང་ཕྱེད་ཀ་དང་། ཞེང་ཁ་ནི་ཀི་ལོ་མི་ཀྲར་བཅུ་དགོས་སོ། ས་ཆ་དེ་ནི་ཡོངས་རྫོགས་དམ་པར་འགྱུར་རོ། 2ས་ཁུལ་དེར་མཆོད་ཁང་གི་ཆེད་དུ་ས་ཆ་གྲུ་བཞི་ཕྱོགས་རེར་མི་ཀྲར་ ༢༥༠ བྱས་པ་ཞིག་དགོས་པ་དང་། ས་སྟོང་ཡོངས་རྫོགས་ཞེང་དུ་མི་ཀྲར་ཉི་ཤུ་རྩ་ལྔ་བྱས་པ་ཞིག་གིས་བསྐོར་དགོས་སོ། 3ས་ཁྱོན་དེའི་ཕྱེད་རིང་ཐུང་ཀི་ལོ་མི་ཀྲར་བཅུ་གཉིས་དང་ཕྱེད་ཀ་དང་ཞེང་དུ་ཀི་ལོ་མི་ཀྲར་ལྔ་བྱས་པ་ཞིག་ཚད་འཇལ་དགོས་པ་དང་། དེར་མཆོད་ཁང་བཞེངས་པ་དང་དེ་ནི་ས་གནས་ཚང་མའི་ནང་ནས་དམ་པ་ཡིན་པར་འགྱུར། 4དེ་ནི་ཡུལ་གྱི་དམ་པའི་ཆ་ཤས་ཤིག་མཆོད་ཁང་ནང་དུ་གཙོ་བོ་དཀོན་མཆོག་ལ་ཞབས་ཕྱི་ཞུ་མཁན་བླ་མ་ཚོའི་ཆེད་དུ་ཟུར་འཇོག་བྱས་པ་ཞིག་ཏུ་འགྱུར་རོ། དེར་དེ་ཚོས་ཁང་ཁྱིམ་རྣམས་དང་མཆོད་ཁང་བཟོས་པའི་ས་ཆ་བཅས་ཡོད་པར་འགྱུར། 5ས་ཁུལ་ཕྱེད་ཀ་གཞན་དེ་མཆོད་ཁང་ནང་ལས་ཀ་བྱ་མཁན་ལེ་ཝི་པ་ཚོར་བདག་པར་ཟུར་འཇོག་བྱེད་པར་འགྱུར། དེ་ཚོ་དེར་སྡོད་པའི་ཆེད་གྲོང་ཁྱེར་ཁག་ཡོད་པར་འགྱུར། 6དམ་པའི་ས་ཁུལ་གྱི་ཉེ་འགྲམ་དུ་ཕྱོགས་ཁག་གཞན་པ་དེ་ཨིསི་རཱཨེལ་གྱི་མི་མང་ཚོ་གནས་སྡོད་བྱེད་པའི་གྲོང་ཁྱེར་གྱི་ཆེད་དུ་ཟུར་འཇོག་བྱ་རྒྱུར་རིང་ཐུང་ཀི་ལོ་མི་ཀྲར་བཅུ་གཉིས་དང་ཕྱེད་ཀ་དང་ཞེང་དུ་ཀི་ལོ་མི་ཀྲར་གཉིས་དང་ཕྱེད་ཀ་ཡོད་པར་འགྱུར་རོ༎

རྒྱལ་སྲས་ཀྱི་ཆེད་དུ་ས་ཆ།

7རྒྱལ་སྲིད་སྐྱོངས་མཁན་རྒྱལ་སྲས་ཀྱི་ཆེད་དུའང་ས་ཆ་ཟུར་འཇོག་བྱེད་དགོས་པ་དང་། དམ་པའི་ས་གནས་ནུབ་ཕྱོགས་ས་མཚམས་ནས་ནུབ་ཏུ་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོའི་བར་ཁྱབ་པར་འགྱུར་བ་དང་། ཤར་ཕྱོགས་ས་མཚམས་ནས་ཡུལ་གྱི་ཤར་ཕྱོགས་ཀྱི་ས་མཚམས་བར་ཁྱབ་པར་འགྱུར། དེ་བས་ན་དེའི་རིང་ཐུང་དེ་བཞིན་ཨིསི་རཱཨེལ་གྱི་སྡེ་རིགས་ཚོར་སྤྲད་པའི་ས་ཁུལ་གྱི་རིང་ཐུང་དང་མཉམ་པར་འགྱུར་རོ། 8ས་གནས་དེ་ཨིསི་རཱཨེལ་གྱི་ཡུལ་དུ་རྒྱལ་སྲིད་སྐྱོངས་མཁན་རྒྱལ་སྲས་ཚོའི་སྐལ་བ་ཡིན་ནོ། དེ་རྐྱེན་གྱི་སྲིད་སྐྱོངས་པས་མི་མང་ལ་སླར་ཡང་མནར་གཅོད་མི་གཏོང་བའི་ཆེད་དང་ཡུལ་ལྷག་འཕྲོས་རྣམས་ཨིསི་རཱཨེལ་གྱི་སྡེ་རིགས་ཚོར་འཇོག་པར་འགྱུར༎

རྒྱལ་སྲས་ཚོའི་ཆེད་དུ་ཁྲིམས།

9བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ཨིསི་རཱཨེལ་གྱི་རྒྱལ་པོ་ཚོ་ཁྱོད་ཚོས་ཧ་ཅང་དུས་ཡུན་རིང་པོའི་བར་སྡིག་པ་གྱིས་ཡོད་པ་དང་། ཁྱོད་ཚོའི་དྲག་ཤུགས་དང་མནར་གཅོད་མཚམས་འཇོག་བྱོས་ཤིག་དང་། བདེན་པ་དང་དྲང་པོ་ཇི་ཡིན་པ་གྱིས་ཤིག། སླར་ཁྱོད་ཚོས་ནམ་ཡང་ངའི་མི་མང་དེ་ཚོའི་ས་ཆ་ནས་ཕྱིར་འབུད་མ་བྱེད་ཅེས། འདི་ལྟར་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོར་སྨྲ་བཞིན་ཡོད་དོ། 10ཚང་མས་ལྗིད་ཚད་རྐྱག་རྒྱུ་དང་ཐིག་ཚད་དྲང་པོ་ལ་བེད་སྤྱོད་བྱེད་དགོས་སོ། 11སྐམ་པོའི་རིགས་འཇལ་བྱེད་ཨེ་ཕ་དེ་བཞིན་རློན་པའི་རིགས་འཇལ་བྱེད་བྷད་དང་འདྲ་མཉམ་དགོས་སོ། ཧོ་མར་ནི་ཚད་ལྡན་ཡིན། ཚད་འཇལ་རྒྱུའི་སྒྲུབ་འབྲས་ནི་གཤམ་གསལ་ལྟར་ཡིན་ནོ། ཧོ་མར་གཅིག་ནི་ཨེ་ཕ་བཅུ་དང་མཉམ་པ་དང་དེ་ཡང་བྷད་བཅུ་དང་མཉམ་མོ། 12ཁྱོད་ཚོའི་ཡང་ལྗིད་གཤམ་གསལ་ལྟར་དགོས་སོ། གེ་ར་ཉི་ཤུ་ནི་ཤེ་ཀེལ་གཅིག་དང་མཉམ་པ་དང་། ཤེ་ཀེལ་དྲུག་ཅུ་མི་ན་གཅིག་དང་མཉམ་པ་ཡིན་ནོ། 13-15ཁྱོད་ཚོས་འབུལ་བ་རྣམས་གཤམ་གསལ་རྩིས་ལྟར་འབུལ་དགོས་སོ། གྲོའི་སྟོན་ཐོག་གི་དུམ་བུ་དྲུག་ཅུ་ནས་གཅིག་དང་། ནས་ཀྱི་སྟོན་ཐོག་གི་དུམ་བུ་དྲུག་ཅུ་ནས་གཅིག་དང་། ཁ་སྐྱུར་པོའི་ཤིང་སྡོང་ཚོ་ནས་ཐོན་པའི་སྣུམ་དུམ་བུ་བརྒྱ་ནས་གཅིག། (དེ་ནི་བྷདའིི་འཇལ་དགོས་ཤིང་། བྷད་བཅུ་ནི་ཧོ་མར་གཅིག་མཉམ་པ་དང་དེ་ནི་ཀོར་གཅིག་དང་མཉམ་པ་ཡིན་ནོ།) ཨིསི་རཱཨེལ་གྱི་རྩ་ཁ་ནས་ལུག་གྲངས་ ༢༠༠ ནས་གཅིག་རྩིས་འབུལ་དགོས་སོ། ཁྱོད་ཚོའི་སྡིག་པར་བཟོད་གསོལ་ཡོང་བའི་ཆེད་ཁྱོས་ཚོས་འབྲུའི་འབུལ་བ་དང་། སེམས་ཅན་ཧྲིལ་བུ་བསྲེག་པའི་འབུལ་བ་དང་། མཆེད་གྲོགས་ཀྱི་འབུལ་བའི་སེམས་ཅན་བཅས་འཁྱེར་ཡོང་དགོས་སོ། ཤེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 16ཡུལ་གྱི་མི་མང་རྣམས་ནས་ཨིསི་རཱཨེལ་གྱི་རྒྱལ་སྲིད་སྐྱོངས་མཁན་གྱི་རྒྱལ་སྲས་སར་འབུལ་བ་འདི་ཚོ་འཁྱེར་དགོས་སོ། 17ཁོང་གི་ལས་འགན་ནི་ཆ་ཚང་བསྲེག་རྒྱུ་སེམས་ཅན་རྣམས་དང། འབྲུའི་འབུལ་བ་དང་རྒུན་ཆང་གི་འབུལ་བ་དང་བཅས་པ་ཨིསི་རཱཨེལ་གྱི་མི་མང་ཡོངས་ཀྱི་ཆེད་ཟླ་བ་གསར་པའི་དུས་ཆེན་དང་ངལ་གསོ་བའི་ཞག་དང་། དུས་ཆེན་གཞན་ཁག་ལ་མཁོ་སྒྲུབ་བྱ་རྒྱུ་ཡིན་པ་དང་། ཨིསི་རཱཨེལ་གྱི་མི་མང་ཚོའི་སྡིག་པ་རྣམས་དག་པའི་ཆེད་དུ། ཁོང་གིས་སྡིག་པའི་འབུལ་བ་དང་འབྲུའི་འབུལ་བ་དང་ཆ་ཚང་བསྲེག་རྒྱུའི་འབུལ་བ་དང་མཆེད་གྲོགས་ཀྱི་འབུལ་བ་བཅས་མཁོ་སྒྲུབ་བྱེད་དགོས་སོ༎

དུས་ཆེན་ཚོ།

(སྡེབ་ཐོན་ ༡༢:༡-༢༠; ལེ་ཝི ༢༣:༣༣-༤༣)

18བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ཟླ་བ་དང་པོའི་ཚེས་དང་པོར་ཁྱོད་ཚོས་གླང་སྐྱོན་མེད་གཅིག་དམར་མཆོད་དུ་འབུལ་ནས་མཆོད་ཁང་གཙང་མ་བཟོས་དགོས་སོ། 19བླ་མས་སྡིག་པའི་འབུལ་བ་ནས་ཁྲག་ཕྲན་བུའི་བླངས་ནས། དེ་མཆོད་ཁང་གི་སྒོའི་མདུང་མ་ཚོ་དང་མཆོད་ཁྲིའི་ཟུར་བཞི་དང་ཁྱམས་ར་ནང་མའི་སྒོའི་ལམ་གྱི་མདུང་མ་བཅས་ཀྱི་སྟེང་བྱུགས་དགོས། 20ཟླ་བ་དེའི་ཚེས་བདུན་པར་ཁྱོད་ཚོས་མ་འདོད་པར་སྡིག་པ་བྱ་མཁན་དང་། ཤེས་རྨོང་ཐོག་སྡིག་པ་བྱ་མཁན་ཚོའི་ཆེད་དུ་གོང་ལྟར་གཅིག་པ་བྱ་དགོས་སོ། དེ་ལྟར་ཁྱོད་ཚོས་མཆོད་ཁང་དམ་པར་འཇོག་པར་བྱེད་དོ། 21ཟླ་བ་དང་པོའི་ཚེས་བཅུ་བཞི་པར་ཁྱོད་ཚོས་པེ་སག་གི་དུས་ཆེན་སྲུང་བརྩི་བྱེད་འགོ་འཛུག་དགོས། ཉིན་བདུན་རིང་ཚང་མས་ཚི་མན་མེད་པར་བཟོས་པའི་བག་ལེབ་ཟ་བར་བྱེད་པ་དང་། 22དུས་ཆེན་གྱི་ཉིན་མོ་དེར་རྒྱལ་སྲིད་སྐྱོངས་མཁན་གྱི་རྒྱལ་སྲས་དེས་ཁོང་རང་གི་སྡིག་པ་དང་མི་མང་ཚང་མའི་སྡིག་པའི་ཆེད་དུ་གླང་ཞིག་དམར་མཆོད་དུ་འབུལ་དགོས་སོ། 23དུས་ཆེན་ཉི་མ་བདུན་གྱི་རིང་ཉིན་རེ་བཞིན་ཁོང་གིས་སྐྱོན་མེད་པའི་གླང་བདུན་དང་ལུག་ཐུག་བདུན་གཙོ་བོ་དཀོན་མཆོག་ལ་དམར་མཆོད་དུ་འབུལ་དགོས་པ་དང་དེ་ཚོ་ཆ་ཚང་བསྲེགས་དགོས་སོ། ཁོང་གིས་སྡིག་པའི་འབུལ་བར་ཉིན་རེ་བཞིན་ར་ཕོ་རེར་དམར་མཆོད་དུ་འབུལ་དགོས་པ་དང་། 24དམར་མཆོད་འབུལ་བའི་གླང་རེ་དང་ལུག་ཐུག་རེར་འབྲུའི་འབུལ་བ་ཀི་ལོ་བཅུ་བདུན་དང་ཕྱེད་ཀ་དང་ཁ་སྐྱུར་པོའི་སྣུམ་ལི་ཀྲར་གསུམ་དགོས་སོ། 25རྩ་ཡབ་ཀྱི་དུས་སྟོན་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་འགོ་ཚུགས་རྒྱུ་དེར་རྒྱལ་སྲས་ཀྱི་ཉིན་བདུན་གྱི་རིང་ཉིན་རེ་བཞིན་སྡིག་པའི་མཆོད་པ་འདྲ་མཉམ་དང་ཆ་ཚང་བསྲེགས་པར་བྱ་རྒྱུའི་མཆོད་པ་འདྲ་མཉམ་དང་འབྲུ་དང་ཁ་སྐྱུར་པོའི་སྣུམ་གྱི་འབུལ་བ་འདྲ་མཉམ་འབུལ་བར་བྱའོ༎

ཨི་ཛི་ཀི་ཨེལ 46

རྒྱལ་སྲས་དང་དུས་ཆེན་རྣམས།

1བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ཁྱམས་ར་ནང་མར་འགྲོ་བའི་ཤར་གྱི་རྒྱལ་སྒོའི་ལམ་དེ་བཞིན་ལས་ཀ་བྱེད་པའི་ཉིན་དྲུག་གི་རིང་སྒོ་རྒྱབ་དགོས་སོ། འོན་ཀྱང་ངལ་གསོ་བའི་ཞག་དང་ཟླ་བ་གསར་པའི་དུས་ཆེན་ལ་སྒོ་འབྱེད་དགོས་སོ། 2རྒྱལ་སྲིད་སྐྱོངས་མཁན་གྱི་རྒྱལ་སྲས་ཁྱམས་ར་ཕྱི་མ་ནས་སྒོའི་ལམ་གྱི་ཁང་མིག་ཆེ་བའི་ནང་ཕེབས་ནས། བླ་མ་ཚོས་རང་གི་སྦྱིན་སྲེག་གི་མཆོད་པ་བསྲེག་པ་དང་མཆེད་གྲོགས་ཀྱི་མཆོད་པ་འབུལ་སྐབས་རྒྱལ་སྒོའི་ཀ་བའི་ཉེ་འགྲམ་དུ་བཞེངས་པ་དང་། རྒྱལ་སྒོ་དེར་ཁོང་གིས་མཆོད་འབུལ་བྱེད་པ་དང་། དེ་ནས་ཡང་སྐྱར་ཕྱིར་ཕེབས་དགོས། ཕྱི་དྲོ་བར་རྒྱལ་སྒོ་རྒྱབ་མི་དགོས་སོ། 3ངལ་གསོ་བའི་ཞག་དང་ཟླ་བ་གསར་པའི་དུས་ཆེན་སོ་སོར་རྒྱལ་སྒོའི་མདུན་དུ་མི་མང་ཚོས་གཙོ་བོ་དཀོན་མཆོག་ལ་ཕྱག་འཚལ་ནས་མཆོད་དགོས་སོ། 4ངལ་གསོ་བའི་ཞག་རྒྱལ་སྲས་ཀྱི་གཙོ་བོ་དཀོན་མཆོག་ལ་སྦྱིན་སྲེག་གི་མཆོད་པར་ལུག་གུ་དྲུག་དང་ལུག་ཐུག་གཅིག་བཅས་པ་དེ་ཚོ་ཚང་མ་སྐྱོན་མེད་པ་ཆ་ཚང་བསྲེག་ནས་འབུལ་དགོས་སོ། 5ལུག་ཐུག་རེ་རེ་དང་མཉམ་དུ་ཁོང་གིས་འབྲུ་ཀི་ལོ་བཅུ་བདུན་དང་ཕྱེད་ཀའི་འབུལ་བ་འཁྱེར་ཡོང་དགོས་པ་དང་། ལུ་གུ་རེ་མཉམ་དུ་ཁོང་གིས་འབུལ་བ་ཇི་འདྲ་འབུལ་འདོད་ཡོད་པ་འཁྱེར་ནས་ཡོང་དགོས་སོ། དེ་ལྟར་འབྲུའི་འབུལ་བ་རེ་རེར་ཁོང་གིས་སྐྱུ་རུའི་སྣུམ་ལི་ཀྲར་གསུམ་རེ་འཁྱེར་ཡོང་དགོས་སོ། 6ཟླ་བ་གསར་པའི་དུས་ཆེན་ལ་ཁོང་གིས་གླང་གཞོན་པ་ཞིག་དང་ལུག་གུ་དྲུག་དང་ལུག་ཐུག་གཅིག་བཅས་ཚང་མ་སྐྱོན་མེད་པ་འབུལ་གནང་ངོ། 7གླང་རེ་དང་ལུག་ཐུག་རེ་རེར་འབྲུའི་འབུལ་བ་ཀི་ལོ་བཅུ་བདུན་དང་ཕྱེད་ཀ་དང་ལུག་གུ་རེ་རེར་རྒྱལ་སྲས་ཀྱི་འབུལ་བ་ཇི་འདྲ་འབུལ་འདོད་ཡོད་པ་ལྟར་འབུལ་དགོས་སོ། འབྲུའི་ཞལ་ཟས་ཀྱི་འབུལ་བ་དེ་ལྟར་རེ་རེར་སྐྱུ་རུའི་སྣུམ་ལི་ཀྲར་གསུམ་རེ་འབུལ་དགོས་པ་དང་། 8རྒྱལ་སྲས་ཀྱི་རྒྱལ་སྒོའི་ལམ་གྱི་ཁང་མིག་ཆེན་པོ་ནས་ནང་དུ་ཇི་ལྟར་ཕེབས་པ་ལྟར་ཕྱིར་ཡང་དེ་བཞིན་ཐོན་དགོས་སོ། 9དུས་ཆེན་ཇི་འདྲ་ཞིག་ལ་མི་མང་རྣམས་གཙོ་བོ་དཀོན་མཆོག་ལ་མཆོད་པར་ཡོང་སྐབས་སུ། དེ་ཚོས་མཆོད་པ་ཚར་བའི་རྗེས་ལ་བྱང་སྒོ་ནས་ཡོང་མཁན་ཚོ། ལྷོ་སྒོ་ནས་ཐོན་དགོས་པ་དང་། ལྷོ་སྒོ་ནས་ཡོང་མཁན་ཚོ་བྱང་སྒོ་ནས་ཐོན་དགོས་སོ། སུ་ཡང་འཛུལ་ས་དེ་ནས་ཕྱིར་ཐོན་མི་རུང་བ་དང་ངེས་པར་དུ་ཁ་ཕྱོགས་སློག་ནས་འགྲོ་དགོས་སོ། 10མི་མང་ཡོང་སྐབས་རྒྱལ་སྲས་ཡང་ཕེབས་དགོས་པ་དང་དེ་ཚོ་འགྲོ་སྐབས་རྒྱལ་སྲས་ཡང་ཕེབས་དགོས་སོ། 11ཐུགས་སྤྲོ་དང་དུས་ཆེན་ཁག་ལ་གླང་ངམ་ལུག་ཐུག་རེ་རེར་མཉམ་དུ་འབྲུའི་འབུལ་བ་ཀི་ལོ་བཅུ་བདུན་དང་ཕྱེད་ཀ་དང་། མཆོད་མཁན་ཚོས་ལུ་གུ་རེར་མཉམ་དུ་རང་གི་འདོད་ལྟར་འབུལ་བ་འབུལ་དགོས་སོ། འབྲུའི་འབུལ་བ་རེར་ཁ་སྐྱུར་པའི་སྣུམ་ལི་ཀྲར་གསུམ་རེ་འབུལ་དགོས་སོ། 12རྒྱལ་སྲིད་སྐྱོངས་མཁན་རྒྱལ་སྲས་ཀྱིས་གཙོ་བོ་དཀོན་མཆོག་ལ་དང་བླངས་ཐོག་འབུལ་བ་འབུལ་འདོད་ན། མཆོད་པ་དེ་ཆ་ཚང་བསྲེག་ནས་འབུལ་རྒྱུའི་མཆོད་པའམ་མཆེད་གྲོགས་ཀྱི་མཆོད་པ་བཅས་ཁོང་གི་ཆེད་དུ་ཁྱམས་ར་ནང་མར་འགྲོ་བའི་ཤར་གྱི་རྒྱལ་སྒོ་ཕྱེ་བར་འགྱུར། ཁོང་གིས་ངལ་གསོ་བའི་ཞག་འབུལ་བ་འབུལ་བ་ལྟར་འབུལ་དགོས་པ་དང་། ཁོང་ཡང་སྐྱར་ཕྱིར་ཕེབས་པའི་རྗེས་སུ་རྒྱལ་སྒོ་དེ་རྒྱབ་དགོས་སོ༎

ཉིན་རེའི་འབུལ་བ།

13གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ཉིན་ལྟར་སྔ་དྲོ་རེ་བཞིན་ལོ་གཅིག་འཁོར་བའི་ལུ་གུ་སྐྱོན་མེད་ཅིག་གཙོ་བོ་དཀོན་མཆོག་ལ་ཆ་ཚང་བསྲེག་ནས་འབུལ་བར་འབུལ་དགོས་སོ། འབུལ་བ་འདི་ཉིན་ལྟར་འབུལ་དགོས་སོ། 14དེ་མ་ཟད་སྔ་དྲོ་རེ་བཞིན་གྲོ་ཞིབ་ཀི་ལོ་གཉིས་དང་མཉམ་སྲེག་བྱ་རྒྱུའི་ཁ་སྐྱུར་པོའི་སྣུམ་ལི་ཀྲར་གཅིག་འབུལ་དགོས་སོ། གཙོ་བོ་དཀོན་མཆོག་ལ་འབུལ་བའི་འབུལ་བ་འདིའི་ཁྲིམས་གཏན་དུ་ལག་ལེན་བྱེད་དགོས་སོ། 15ལུ་གུ་དང་གྲོ་ཞིབ་དང་ཁ་སྐྱུར་པོའི་སྣུམ་བཅས་གཏན་དུ་སྔ་དྲོ་རེ་བཞིན་གཙོ་བོ་དཀོན་མཆོག་ལ་འབུལ་དགོས་སོ༎

རྒྱལ་སྲས་དང་ས་ཆ།

16བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། གལ་སྲིད་སྲིད་སྐྱོངས་པ་རྒྱལ་སྲས་ཀྱི་རང་ལ་བདག་པའི་ས་ཆ་རང་གི་བུ་ཞིག་ལ་རྔན་པར་སྤྲད་པ་ཡིན་ན། བུ་དེ་ལ་རང་གི་ཁྱིམ་ཚང་གི་རྒྱུ་ནོར་ལྟར་དེ་བདག་པ་ཡིན་ནོ། 17འོན་ཀྱང་སྲིད་སྐྱོངས་པ་རྒྱལ་སྲས་ཀྱིས་ས་ཆ་ཞིག་ཁོང་གི་ཞབས་ཞུ་བ་ཞིག་ལ་གནང་བ་ཡིན་ན། སླར་གསོའི་ལོ་དེ་སླེབས་སྐབས་དེ་སླར་ཡང་རྒྱལ་སྲས་ཀྱི་རྒྱུ་ནོར་དུ་འགྱུར་རོ། 18སྲིད་སྐྱོངས་པ་རྒྱལ་སྲས་ཀྱིས་མི་མང་གི་རྒྱུ་ནོར་གང་ཡང་དེ་ཚོ་ནས་ལེན་མི་ཆོག ཁོང་གིས་ངའི་མི་མང་གི་ས་ཆ་ལེན་ནས་དེ་ཚོ་ལ་མནར་གཅོད་མི་བྱེད་པའི་ཆེད་དུ། ཁོང་གིས་སྲས་ཚོར་གནང་བའི་ས་ཆ་རྣམས་ཁོང་རང་ལ་བདག་པའི་ས་ཆ་ནས་ཡིན་དགོས་སོ༎

མཆོད་ཁང་གི་གསོལ་ཐབ་རྣམས།

19དེ་ནས་མི་དེས་བྱང་ལ་ཁ་བལྟས་པའི་འཛུལ་སྒོའི་ཁང་མིག་ཁྱམས་ར་ནང་མའི་ལྷོ་ཕྱོགས་ཀྱི་རྒྱལ་སྒོའི་ཉེ་འགྲམ་དུ་འཁྲིད་གནང་ངོ་། ཁང་མིག་དམ་པ་དེ་ཚོ་བླ་མ་ཚོའི་ཆེད་དུ་ཡིན་པ་དང་། ཁོང་གི་ཁང་མིག་ནུབ་ཕྱོགས་ཀྱི་ས་ཆ་ཞིག་ལ་སྟོན་གནང་ནས། 20སྨྲས་སོ། འདི་ནི་བླ་མ་ཚོས་སྡིག་པའི་མཆོད་པར་ཕུལ་བའི་ཤ་འམ་རྒུན་ཚབ་འཇལ་བའི་འབུལ་བ་དང་། འབྲུའི་འབུལ་བ་རྣམས་བསྲེག་པའི་ས་གནས་ཡིན། དེ་རྐྱེན་གྱི་དམ་པ་ཇི་ཡིན་གང་ཡང་ཁྱམས་ར་ཕྱི་མར་མ་འཁྱེར་ཤིག་དེ་མིན་མི་མང་ལ་གནོད་སྐྱེལ་སྲིད་དོ། 21-22དེ་ནས་ཁོང་གིས་ང་ལ་ཁྱམས་ར་ཕྱི་མར་འཁྲིད་པ་དང་། ང་ལ་དེའི་ཟུར་བཞིར་ཡོད་པའི་ཁྱམས་ར་ཆུང་ཆུང་རྣམས་སྟོན་གནང་ངོ་། ཁྱམས་ར་དེ་རྣམས་རིང་ཐུང་མི་ཀྲར་ཉི་ཤུ་དང་ཞེང་དུ་མི་ཀྲར་བཅོ་ལྔ་ཡོད་དོ། 23དེ་ཚོ་རེ་རེའི་མཐའ་འཁོར་དུ་རྡོའི་རྩིག་པ་ཡོད་པ་དང་རྩིག་པ་དེ་དང་འབྱར་ནས་ཐབ་བཟོས་ཡོད་དོ། 24མི་དེས་ང་ལ་འདི་ཚོ་མཆོད་ཁང་གི་ཞབས་ཕྱི་ཚོས་ཕུལ་བའི་དམར་མཆོད་སྐོལ་སའི་ཐབ་ཚང་རེད་ཅེས་སྨྲས་སོ༎

ཨི་ཛི་ཀི་ཨེལ 47

མཆོད་ཁང་ནས་རྒྱུག་པའི་རྒྱུག་ཆུ།

1མི་དེས་ང་ལ་མཆོད་ཁང་གི་འཛུལ་སྒོ་ཕྱི་རུ་འཁྲིད་ནས། འཛུལ་སྒོའི་འོག་ནས་ཆུ་ཡོང་བཞིན་ཡོད་པ་དང་། མཆོད་ཁང་ལ་ཁ་བལྟས་ནས་དེའི་ཕྱོགས་སུ་ཤར་དུ་རྒྱུག་བཞིན་འདུག་གོ དེ་མཆོད་ཁང་གི་ལྷོ་ཕྱོགས་འོག་ནས་རྒྱུག་པ་དང་མཆོད་ཁྲིའི་ལྷོ་ཕྱོགས་སུ་རྒྱུག་གོ 2དེ་ནས་མི་དེས་ང་ལ་མཆོད་ཁང་གི་ས་ཁུལ་གྱི་ཕྱི་རོལ་དུ་བྱང་སྒོའི་ལམ་ནས་འཁྲིད་པ་དང་། ཤར་ལ་ཁ་བསྟན་པའི་རྒྱལ་སྒོའི་མཐའ་འཁོར་དུ་འཁྲིད་བྱུང་། རྒྱུག་ཆུ་ཆུང་ཆུང་ཞིག་རྒྱལ་སྒོའི་ལྷོ་ཕྱོགས་ནས་རྒྱུག་བཞིན་ཡོད་དོ། 3དེའི་ཐིག་ཚད་ཀྱི་དབྱུག་པས་རྒྱུག་ཆུའི་འོག་ཏུ་ཤར་དུ་མི་ཀྲར་ ༥༠༠ ཚད་འཇལ་ནས་ང་ལ་དེར་ཡོད་པའི་རྒྱུག་ཆུ་བརྒྱུད་རྒལ་ཞིང་འགྲོ་ཞེས་སྨྲས་སོ། ཆུ་དེ་ངའི་རྐང་པའི་ཚིག་བར་དུ་སླེབས་པ་དང་། 4དེ་ནས་དེས་ཡང་སྐྱར་མི་ཀྲར་ ༥༠༠ ཚད་འཇལ་བ་དང་ཆུ་དེ་ངའི་པུས་མོའི་བར་སླེབས་པ་དང་། གཞན་མི་ཀྲར་ ༥༠༠ མར་འཇལ་བས་དེ་ངའི་རྐེད་པའི་བར་སླེབས་པ་དང་། 5དེས་ད་དུང་མི་ཀྲར་ ༥༠༠ ཚད་འཇལ་བ་དང་རྒྱུག་ཆུ་ཧ་ཅང་གཏིང་རིང་པོར་འགྱུར་བ་དང་ངས་དེ་བརྒྱུད་ནས་རྒལ་མ་ཐུབ་བོ། དེ་གཏིང་རིང་བས་རྐྱལ་རྒྱབ་ནས་མ་གཏོགས་རྒལ་མི་ཐུབ་བོ། 6ཁོང་གིས་ང་ལ་ཀྱེ་མི་རྟག་པའི་སྐྱེ་བོ། འདི་ཚོ་ཚང་མར་དོ་སྣང་ཟབ་ཟབ་བྱོས་ཤིག་ཅེས་སྨྲས་སོ། དེ་ནས་མི་དེས་ང་ལ་གཙང་པོའི་འགྲམ་དུ་ཕྱིར་འཁྲིད་དོ། 7ང་དེར་སླེབས་སྐབས་ངས་གཙང་པོའི་འགྲམ་གཉིས་སུ་ཤིང་སྡོང་ཧ་ཅང་མང་པོ་མཐོང་ངོ་། 8དེས་ང་ལ་སྨྲས་པ། ཆུ་འདི་ཤར་གྱི་ས་ཆའི་བརྒྱུད་ནས་རྒྱུག་སྟེ་ཡོར་དན་ལུང་གཤོང་དང་འཆི་བའི་མཚོར་རྒྱུག་གོ དེ་ནི་འཆི་བའི་མཚོར་རྒྱུག་སྐབས་རྒྱ་མཚོའི་བ་ཚ་ཅན་གྱི་ཆུ་དེ་དྭངས་བར་འགྱུར་རོ། 9གཙང་པོ་དེ་རྒྱུག་ས་ཚང་མར་སེམས་ཅན་འདྲ་མིན་དང་ཉ་བཅས་ཡོང་བར་འགྱུར། རྒྱུག་ཆུ་དེས་འཆི་བའི་རྒྱ་མཚོའི་ཆུ་དེ་དྭངས་བ་དང་དེ་གང་དུ་རྒྱུག་སར་སྲོག་རྙེད་པར་འགྱུར་རོ། 10ཨེན་གྷེ་ཌིི་ཆུ་མིག་ནས་ཨེ་ནེག་ལེམ་གྱི་ཆུ་མིག་བར་རྒྱ་མཚོའི་མཐའ་གཉིས་སུ་ཉ་པ་ཚོ་ཡོང་བར་འགྱུར་བ་དང་། དེ་ཚོས་དེར་ཉ་དོལ་སྐམ་པའི་ཆེད་བཀྲམ་པར་བྱེད་དོ། མེ་ཌི་ཊ་རེ་ནི་ཡན་གྱི་རྒྱ་མཚོར་ཡོད་པ་ལྟར་དེར་ཡང་ཉ་འདྲ་མིན་མང་པོ་ཡོད་བར་འགྱུར་རོ། 11འོན་ཀྱང་ཆུའི་འགྲམ་དུ་ཡོད་པའི་འདམ་གྱི་ཆུ་དང་རྫིང་དུ་ཡོད་པའི་ཆུ་གཙང་མ་བཟོས་བརམི་འགྱུར། དེ་ཚོ་དེར་ཚྭའི་འབྱུང་ཁོངས་སུ་གནས་པར་འགྱུར་རོ། 12རྒྱུག་ཆུའི་འགྲམ་གཉིས་ཀར་ཤིང་སྡོང་འདྲ་མིན་ཚང་མ་ཟས་བྱིན་པར་སྐྱེ་བར་འགྱུར། དེ་ཚོའི་ལོ་མ་ནམ་ཡང་མི་རྙིད་པ་དང་ནམ་ཡང་འབྲས་བུ་སྐྱེས་རྒྱུ་མཚམས་འཇོག་མི་བྱེད་དོ། ཟླ་བ་སོ་སོར་དེ་ཚོ་ལ་ཤིང་ཏོག་གསོས་པ་ཡོང་བར་འགྱུར་རོ། གང་ལ་ཟེར་ན། དེ་ཚོ་ལ་མཆོད་ཁང་ནས་རྒྱུག་པའི་རྒྱུག་ཆུ་བབས་བཞིན་ཡོད། ཤིང་སྡོང་ཚོས་ཟས་བྱིན་པ་དང་ལོ་མ་དེ་ཚོས་མིའི་ནད་དྲག་པར་བྱ་རྒྱུར་བེད་སྤྱོད་བྱེད་དོ༎

ཡུལ་གྱི་ས་མཚམས་རྣམས།

13བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ་ནི། ཨིསི་རཱཨེལ་གྱི་སྡེ་རིགས་བཅུ་གཉིས་ལ་བགོས་རྒྱུའི་ས་ཆའི་ས་མཚམས་ནི་འདི་ལྟར་ཡོད་པ་དང་། ཡོ་སེབ་ཀྱི་སྡེ་རིགས་ལ་ཉིས་སྐལ་ཐོབ་བོ། 14ངས་ཁྱོད་ཚོའི་ཕ་མེས་ཚོ་ལ་ས་ཆ་འདིའི་དབང་ཆ་ཁྱོད་ཚོར་སྤྲོད་རྒྱུའི་དམ་བཅའ་ནན་པོ་གྱིས་ཡོད་པས་ད་ཁྱོད་ཚོ་ཚང་མས་ས་ཆ་དེ་འདྲ་མཉམ་བགོས་ཤིག 15བྱང་ཕྱོགས་ཀྱི་ས་མཚམས་དེ་ཤར་ཕྱོགས་ནས་མེ་ཌི་ཊ་རེ་ནི་ཡན་གྱི་རྒྱ་མཚོ་ནས་ཧེད་ལོན་གྱི་གྲོང་ཁྱེར་དང་ཧ་མདའི་ལ་དང་ཛེ་དྷད་ཀྱི་གྲོང་ཁྱེར་དང་། 16བྷེ་རོ་ཐཱ་དང་སིབ་རེམ་གྱི་གྲོང་ཁྱེར་ནས་ (དེ་ཚོ་དྷ་མསེ་ཀསེ་དང་ཧ་མད་རྒྱལ་ཁབ་བར་གྱི་ས་ཁུལ་དུ་ཆགས་ཡོད་དོ།) ཏི་ཀོན་བར་འགྲོ་བར་འགྱུར། (དེ་ནི་ཧོ་རན་རྫོང་གི་ས་འཚམས་སུ་ཡོད་དོ།) 17དེར་བརྟེན་བྱང་ཕྱོགས་ཀྱི་ས་མཚམས་དེ་བཞིན་མེ་ཌི་ཊ་རེ་ནི་ཡན་ནས་ཤར་ཕྱོགས་སུ་ཨེ་ནན་གྱི་གྲོང་ཁྱེར་བར་དང་དྷ་མསེ་ཀསེ་དང་ཧ་མད་ས་འཚམས་ཀྱི་ས་ཁུལ་དེའི་བྱང་ཕྱོགས་སུ་འཁེལ་གྱི་ཡོད་དོ། 18ཤར་ཕྱོགས་ཀྱི་ས་མཚམས་དེ་བཞིན་ལྷོ་ནས་དྷ་མསེ་ཀསེ་དང་ཧོ་རན་གྱི་མངའ་ཁུལ་དབར་དང་། ནུབ་ཏུ་ཆུ་བོ་ཡོར་དན་ནི་ཨིསི་རཱཨེལ་གྱི་ས་ཆའི་ས་མཚམས་སུ་འགྱུར་བ་དང་། ཤར་དུ་གྷིལ་ཨད་ནས་འཆི་བའི་མཚོའི་ཏ་མཱར་བར་ཁྱབ་ཡོད་དོ། 19ལྷོ་ཕྱོགས་ཀྱི་ས་མཚམས་དེ་བཞིན་ཏ་མཱར་ལྷོ་ནུབ་ནས་ཀ་དྷེཤི་མེ་རི་བཱའི་བྱེ་ཐང་ཤིང་ཚལ་བར་དང་ཨི་ཇིབ་པའི་ས་མཚམས་མཉམ་དུ་བྱང་ནུབ་ནས་མེ་ཌི་ཊ་རེ་ནི་ཡན་གྱི་མཚོའི་བར་ཁྱབ་ཡོད་དོ། 20མེ་ཌི་ཊ་རེ་ནི་ཡན་ནི་ནུབ་ཕྱོགས་ཀྱི་ས་མཆམས་སུ་འགྱུར་གྱི་ཡོད་པ་དང་དེ་ནི་བྱང་དུ་ཧ་མད་ལའི་ནུབ་ཕྱོགས་ཀྱི་ས་གནས་ཞིག་ཏུ་འགྲོའོ། 21ཁྱོད་ཚོའི་སྡེ་རིགས་ཀྱི་དབར་ས་ཆ་འདི་བགོས་ཤིག། 22དེ་ནི་ཁྱོད་ཚོའི་གཏན་གྱི་བདག་དངོས་པོར་འགྱུར་རོ། ཁྱོད་ཚོའི་ཁྲོད་དུ་གནས་སྡོད་བྱ་མཁན་ཕྱི་རྒྱལ་བ་དང་འདིར་སྐྱེས་པའི་བུ་ཕྲུག་ཡོད་མཁན་དང་བཅས་པར་ཁྱོད་ཚོས་ས་ཆ་བགོས་སྐབས་དེ་ཚོ་ལ་ཡང་སྐལ་བ་ཐོབ་དགོས། དེ་ཚོ་ཨིསི་རཱཨེལ་གྱི་མི་སེར་ངོ་མ་ལྟར་ངོས་འཛིན་བྱེད་དགོས་པ་དང་། ཨིསི་རཱཨེལ་གྱི་སྡེ་རིགས་ཚོ་དང་མཉམ་དུ་དེ་ཚོ་ལ་ས་སྐལ་གྱི་ཆེད་དུ་རྒན་བརྒྱབ་དགོས། 23ཕྱི་རྒྱལ་བ་གནས་སྡོད་བྱ་མཁན་ཚོར་ཁོ་ཚོ་གནས་སྡོད་བྱ་ཡུལ་གྱི་སྡེ་རིགས་ཀྱི་མི་མང་གི་ཁྲོ་ནས་རང་གི་སྐལ་བ་ཐོབ་པར་འགྱུར། ཤེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨི་ཛི་ཀི་ཨེལ 48

སྡེ་རིགས་ཚོའི་དབར་ས་ཆའི་ཆ་བགོས་བྱེད་པ།

1-7བྱང་ཕྱོགས་ཀྱི་ས་མཚམས་ནི་ཤར་ཕྱོགས་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོ་ནས་ཧེད་ལོན་གྱི་གྲོང་ཁྱེར་ནས་ཧ་མདའི་ལ་དང་ཨེ་ནོན་གྱི་གྲོང་ཁྱེར་དང་དྷ་མསེ་ཀསེ་དང་ཧ་མདའི་རྒྱལ་ཁབ་ཀྱི་ས་མཚམས་དབར་ཁྱབ་ཡོད་པ་དང་། སྡེ་རིགས་རེ་རེར་ས་ཆའི་ཆ་ཤས་ཤར་ཕྱོགས་ཀྱི་ས་མཚམས་དང་ནུབ་ཕྱོགས་ནས་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོའི་བར་ཁྱབ་པ་གཤམ་གསལ་གོ་རིམ་ལྟར་བྱང་ནས་ལྷོ་བར་ཐོབ་དགོས་སོ། དཱན ཨ་ཤེར ནཕ་ཏ་ལི མ་ནསེ་སཱེ ཨེཕ་ར་ཡིམ རུ་བྷེན ཡ་ཧུ་དཱ་བཅས་སོ༎

ས་ཆའི་དབུས་ཀྱི་དམིགས་བསལ་གྱི་ཆ་ཤས།

8ས་ཆའི་ཆ་ཤས་རྗེས་མ་དེ་དམིགས་བསལ་གྱི་བེད་སྤྱོད་དུ་ཟུར་འཇོག་བྱེད་དགོས་པ་དང་། དེའི་ཞེང་དུ་བྱང་ནས་ལྷོ་བར་ཀི་ལོ་མི་ཀྲར་བཅུ་གཉིས་དང་ཕྱེད་ཀ་དང་རིང་ཐུང་ཡང་ཤར་ནས་ནུབ་བར་སྡེ་རིགས་ཚོར་སྤྲད་ཡོད་པའི་ཆ་ཤས་དེ་འདྲ་མཚུངས་ཡོད་པ་ལ་མཆོད་ཁང་ཡང་ཆ་ཤས་དེའི་ནང་ཡོད་པར་འགྱུར་རོ། 9ཆ་ཤས་འདིའི་དབུས་སུ་དམིགས་བསལ་གྱི་ས་ཁུལ་རིང་ཐུང་ཀི་ལོ་མི་ཀྲར་བཅུ་གཉིས་དང་ཕྱེད་ཀ་དང་ཞེང་དུ་ཀི་ལོ་མི་ཀྲར་བཅུ་ཡོད་པ་འདི་བཞིན་གཙོ་བོ་དཀོན་མཆོག་ལ་བསྔོའོ། 10ས་ཁུལ་དམ་པ་འདིའི་ཆ་ཤས་ཤིག་བླ་མ་ཚོར་ཐོབ་པར་འགྱུར། དེ་ཚོའི་ཆ་ཤས་དེའི་ཐིག་ཚད་ཤར་ནས་ནུབ་བར་ཀི་ལོ་མི་ཀྲར་བཅུ་གཉིས་དང་ཕྱེད་ཀ་དང་། བྱང་ནས་ལྷོ་བར་ཀི་ལོ་མི་ཀྲར་ལྔ་ཡོད་དགོས་སོ། ས་ཁུལ་དེའི་དབུས་སུ་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ཡོད་དགོས་སོ། 11ས་ཁུལ་དམ་པ་འདི་ཛ་དཱོག་གི་བརྒྱུད་པའི་བླ་མ་ཚོའི་ཆེད་དུ་ཡིན་པ་དང་། གཞན་ལེ་ཝིའི་སྡེ་རིགས་ཀྱི་འཐུས་མི་ཚོས་གྱིས་པ་ལྟར་དེ་ཚོས་ཨིསི་རཱཨེལ་པ་གཞན་ཚོ་དང་མཉམ་དུ་ནོར་འཁྲུལ་བྱ་རྒྱུར་མཉམ་བཞུགས་མ་བྱས་པ་དང་། ང་ལ་དམ་ཚིག་གཙང་མའི་ངང་ཞབས་ཕྱི་ཞུ་ཡོད་དོ། 12དེར་བརྟེན་དེ་ཚོ་ལ་དམིགས་བསལ་གྱི་ས་ཁུལ་ལེ་ཝི་པ་ཚོར་བདག་པའི་ས་ཁུལ་གྱི་ཉེ་འགྲམ་དུ་ཐོབ་དགོས་པ་དང་། དེ་ནི་ཚང་མའི་ནང་ནས་ཤིན་ཏུ་དམ་པ་དེ་ཡིན་པར་འགྱུར་རོ། 13བླ་མ་ཚོའི་ལྷོ་ཕྱོགས་སུ་ལེ་ཝི་པ་ཚོ་ལ་ཡང་དམིགས་བསལ་གྱི་ས་ཁུལ་ཞིག་ཐོབ་དགོས་པ་དང། དེ་ཡང་ཤར་ནས་ནུབ་ཏུ་ཀྱི་ལོ་མི་ཀྲར་བཅུ་གཉིས་དང་ཕྱེད་ཀ་དང་། བྱང་ནས་ལྷོ་བར་ཀི་ལོ་མི་ཀྲར་ལྔ་དགོས་སོ། 14གཙོ་བོ་དཀོན་མཆོག་ལ་བསྔོ་བའི་ས་ཁུལ་དེ་ནི་ས་ཆ་དེ་ཚོའི་ནང་ནས་ལེགས་ཤོས་ཡིན་པ་དང་། དེ་གཞན་ལ་ཚོང་བ་དང་བརྗེ་བ་དང་སྤྲོད་པ་སོགས་གང་ཡང་བྱེད་མི་རུང་། དེ་ནི་དམ་པ་ཡིན་པ་དང་གཙོ་བོ་དཀོན་མཆོག་ལ་བདག་པ་ཡིན་ནོ། 15དམིགས་བསལ་གྱི་ས་ཁུལ་གྱི་ཆ་ཤས་ལྷག་འཕྲོས་དེ་རིང་ཐུང་ཀི་ལོ་མི་ཀྲར་བཅུ་གཉིས་དང་ཕྱེད་ཀ་དང་ཞེང་དུ་ཀི་ལོ་མི་ཀྲར་གཉིས་དང་ཕྱེད་ཀ་དེ་ནི་དམ་པ་མ་ཡིན་པ་དང་། དེ་མི་མང་སྤྱིར་སྟངས་ཀྱི་བེད་སྤྱོད་བྱེད་པའི་ཆེད་དུ་ཡིན། དེ་ཚོ་དེར་གནས་སྡོད་བྱས་ནས་ས་ཆ་དེ་བེད་སྤྱོད་བྱེད་ཆོག་གོ དེའི་དབུས་སུ་གྲོང་ཁྱེར་དགོས་པ་དང་། 16དེ་ནི་གྲུ་བཞི་ཡིན་པ་ལ་ཕྱོགས་རེ་རེར་ཐིག་ཚད་མི་ཀྲར་ ༢༢༥༠ ཡོད་དགོས་སོ། 17གྲོང་ཁྱེར་གྱི་མཐའ་འཁོར་ཡོངས་སུ་ཕྱོགས་རེར་ས་སྟོང་དགོས་པ་དང་ཐད་ཀར་མི་ཀྲར་ ༡༢༥ ཡོད་པར་འགྱུར། 18དམ་པའི་ས་ཁུལ་གྱི་ལྷོ་ཕྱོགས་སུ་གྲོང་ཁྱེར་བཟོས་པའི་རྗེས་སུ་ལྷག་པའི་ས་ཆ་ནི་ཤར་དུ་རིང་ཐུང་ཀི་ལོ་མི་ཀྲར་ལྔ་དང་ཞེང་དུ་ཀི་ལོ་མི་ཀྲར་གཉིས་དང་ཕྱེད་ཀ་དང་། ནུབ་ཏུ་རིང་ཐུང་ཀི་ལོ་མི་ཀྲར་ལྔ་དང་ཞེང་དུ་ཀི་ལོ་མི་ཀྲར་གཉིས་དང་ཕྱེད་ཀ་ཡོད་པ་དེ་གྲོང་ཁྱེར་ནང་གནས་སྡོད་བྱ་མཁན་མི་ཚོས་ས་ཞིང་འདེབས་ཀྱི་ཕྱིར་བེད་སྤྱོད་བྱེད་དགོས་སོ། 19གྲོང་ཁྱེར་དེའི་ནང་སྡོད་མཁན་སྡེ་རིགས་ཇི་འདྲ་ཞིག་ནས་ཡོང་བ་ཡིན་ན་ཡང་ས་ཆ་དེར་ས་ཞིང་འདེབས་ཆོག་གོ 20དེར་བརྟེན་ཟུར་འཇོག་བྱས་པའི་ས་ཆ་གྲུ་བཞི་དབུས་ཀྱི་ས་ཁུལ་གྱི་རྒྱ་ཁྱོན་དེ་བཞིན་ཕྱོགས་རེར་ཀི་ལོ་མི་ཀྲར་བཅུ་གཉིས་དང་ཕྱེད་ཀ་ཡོད་པ་དང་། ཁྱོན་དེའི་ནང་གྲོང་ཁྱེར་ཆགས་པའི་ས་ཁུལ་ཡང་ཚུད་ཡོད་དོ། 21-22མཆོད་ཁང་དང་བླ་མ་ཚོའི་ས་ཆ་དང་ལེ་ཝི་པའི་ས་ཆ་དང་གྲོང་ཁྱེར་བཅས་ཡོད་པའི་ཤར་དང་ནུབ་ཀྱི་ས་ཁུལ་ནས་དེ་ཁྲོད་རྒྱལ་སྲིད་སྐྱོངས་མཁན་རྒྱལ་སྲས་ལ་བདག་པ་ཡིན་ནོ། དེ་ཤར་ཕྱོགས་སུ་ཤར་གྱི་ས་མཚམས་དང་། ནུབ་ཏུ་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོའི་བར་ཁྱབ་ཡོད་པ་དང་། བྱང་དུ་ཡ་ཧུ་དཱ་ལ་བདག་པའི་ཆ་ཤས་དང་ལྷོར་བྷེན་ཡ་མིན་ལ་བདག་པའི་ཆ་ཤས་ཀྱི་བསྐོར་ནས་ཡོད་དོ༎

སྡེ་རིགས་གཞན་ཚོའི་ཆེད་དུ་ས་ཆ།

23-27དམིགས་བསལ་གྱི་ཆ་ཤས་འདི་ལྷོ་རུ་སྡེ་རིགས་ལྷག་འཕྲོས་ཚོར་ས་ཆའི་ཆ་ཤས་ཤིག་ཤར་ཕྱོགས་ཀྱི་ས་མཚམས་ནས། ནུབ་ཏུ་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོའི་བར་དང་བྱང་ནས་ལྷོ་བར་གཤམ་གསལ་གོ་རིམ་ལྟར་ཐོབ་དགོས་པ་དང་། བྷེན་ཡ་མིན སིམ་ཨོན ཨི་ས་ཀར ཛེ་བུ་ལུན གྷཌ་བཅས་སོ། 28ལྷོ་ཕྱོགས་སུ་གྷཌ་ཀྱི་སྡེ་རིགས་ལ་སྤྲད་པའི་ཆ་ཤས་ཀྱི་ས་མཚམས་ནི། ལྷོ་ནུབ་ཏུ་ཏ་མཱར་ནས་ཀ་དྷེཤི་ཀྱི་བྱེ་ཐང་ཤིང་ཚལ་དང་། དེ་ནས་བྱང་ནུབ་ཏུ་ཨི་ཇིབ་པའི་ས་མཚམས་ནས་མེ་ཌི་ཊ་རེ་ནི་ཡན་གྱི་རྒྱ་མཚོའི་བར་ཁྱབ་ཡོད་པ་དང་། 29བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས། དེ་ལྟར་ཨིསི་རཱཨེལ་གྱི་སྡེ་རིགས་ཚོར་བདག་པར་ས་ཆ་དེ་ཆ་ཤས་ཁག་ཏུ་བགོས་དགོས་སོ་ཅེས་བཀའ་གནང་ངོ་༎

ཡེ་རུ་ཤ་ལེམ་གྱི་རྒྱལ་སྒོ་ཁག།

30-34ཡེ་རུ་ཤ་ལེམ་གྱི་གྲོང་ཁྱེར་ནང་དུ་འཛུལ་སྒོ་བཅུ་གཉིས་ཡོད་པ་དང་། རྩིག་པ་བཞི་ཡོད་པ་རེ་རེར་ཐིག་ཚད་མི་ཀྲར་ ༢,༢༥༠ ཡོད་པ་དང་། དེར་སྒོ་གསུམ་རེ་ཡོད་པ་དང་། རེ་རེ་བཞིན་སྡེ་རིགས་ཚོའི་མིང་གི་བཏགས་ཡོད་པ་དང་། བྱང་གི་རྩིག་པའི་རྒྱལ་སྒོ་ཁག་ནི་རུ་བྷེན་དང་ཡ་ཧུ་དཱ་དང་ལེ་ཝི་མིང་གི་བཏགས་ཡོད་པ་དང་། ཤར་གྱི་རྩིག་པ་ཡོད་པ་ནི་ཡོ་སེབ་དང་བྷེན་ཡ་མིན་དང་དཱན་གྱི་མིང་གི་བཏགས་ཡོད་པ་དང་། ལྷོའི་རྩིག་པར་ཡོད་པ་ཚོ་ནི་སིམ་ཨོན་དང་ཨི་ས་ཀར་དང་ཛེ་བུ་ལུན་གྱི་མིང་གི་བཏགས་ཡོད་པ་དང་། ནུབ་ཀྱི་རྩིག་པར་ཡོད་པ་ཚོ་ནི་གྷཌ་དང་ཨ་ཤེར་དང་ནཕ་ཏ་ལིའི་མིང་གི་བཏགས་ཡོད་དོ། 35གྲོང་ཁྱེར་གྱི་ཕྱོགས་བཞིའི་རྩིག་པ་ཚང་མའི་རིང་ཐུང་བསྡོམས་མི་ཀྲར་ ༩,༠༠༠ ཡོད་པ་དང་། ད་ནས་བཟུང་གྲོང་ཁྱེར་དེའི་མིང་ལ་གཙོ་བོ་དཀོན་མཆོག་འདིར་བཞུགས་ཡོད་ཅེས་གྲགས་པར་འགྱུར་རོ༎

དྷ་ནི་ཨེལ 1

དྷ་ནི་ཨེལ་དང་ཁོའི་གྲོགས་པོ་རྣམས།

༡:༡—༦:༢༨

ནེ་བུ་ཀད་ནེ་ཛར་གྱི་ཕོ་བྲང་དུ་བསླེབས་པའི་མི་གཞོན་པ་རྣམས།

1ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡ་ཀིམ་གྱིས་རྒྱལ་སྲིད་སྐྱོང་ལོ་གསུམ་པར། བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཡེ་རུ་ཤ་ལེམ་ལ་འཐབ་རྒོལ་བྱས་ཏེ་གྲོང་ཁྱེར་དེ་མཐའ་བསྐོར་རོ། 2དཀོན་མཆོག་གིས་རྒྱལ་པོ་ཡེ་ཧོ་ཡ་ཀིམ་དང་མཆོད་ཁང་གི་མཆོད་རྫས་གང་ཙམ་ཞིག་ཁོ་ལ་བཟུག་བཅུག་གནང་བ་དང་། ཁོས་བཙོན་པ་འགའ་ཤས་རང་དང་མཉམ་དུ་བྷེ་བྷི་ལོན་ལ་ཡོད་པའི་སོ་སོའི་ལྷ་རྟེན་རྣམས་ཀྱི་ལྷ་ཁང་དུ་འཁྲིད་དེ། འཕྲོག་བཅོམ་བྱས་པའི་དངོས་པོ་རྣམས་རང་གི་ལྷ་ཁང་གི་བང་མཛོད་དུ་བཞག་གོ 3རང་ཡུལ་ནས་བཏོན་ཏེ་བཙོན་དུ་འཁྲིད་ཡོང་བའི་ཨིསི་རཱཨེལ་པ་ཚོའི་ཁྲོད་ནས་རྒྱལ་བརྒྱུད་དང་མི་ཚང་ཆེན་པོའི་རིགས་བརྒྱུད་ནས་ཡིན་པའི་མི་གཞོན་པ་འགའ་ཤས་འདམས་དགོས་ཅེས་རྒྱལ་པོས་རང་གི་ལས་བྱེད་པ་ཆེ་བ་ཨཤེ་པེ་ནཱཛེ་ལ་བཀའ་གནང་བ་རེད། 4གཞོན་པ་དེ་ཚོ་ནི་བལྟ་ན་མཛེས་པ་དང་། ཤེས་རབ་ཀྱི་དོན་ཀུན་ལ་མཁས་པ་སློབ་སྦྱོང་ཡག་པོ་ཡོད་པ་མ་ཟད། དེ་ཚོའི་གཟུགས་པོར་སྐྱོན་མཚང་གང་ཡང་མེད་པ་བཅས་དགོས་ཤིང་། ཡང་དེ་ཚོ་ནི་རྒྱལ་པོའི་ཕོ་བྲང་དུ་ཞབས་ཞུ་འོས་པ་ཞིག་དགོས་པ་ཡིན་ནོ། ཨཤེ་པེ་ནཱཛེས་དེ་ཚོར་བྷེ་བྷི་ལོན་པའི་སྐད་ཡིག་བསླབ་དགོས་སོ། 5རྒྱལ་པོས་བཀའ་གནང་བ། གཞོན་པ་དེ་ཆོར་ཉིན་རེ་བཞིན་ཕོ་བྲང་ནང་གི་མི་གཞན་གྱི་ཁ་ཟས་དང་འདྲ་བའི་ཁ་ཟས་བཟང་པོ་དང་འཐུང་བྱད་རྒུན་ཆང་བཅས་སྤྲོད་དགོས། དེ་ཚོར་ལོ་གསུམ་བར་དུ་སློབ་སྦྱོང་སྤྲད་པའི་རྗེས་སུ། རྒྱལ་པོའི་དྲུང་དུ་འཁྲིད་དགོས་པ་ཡིན་ནོ། 6འདེམས་སྒྲུག་བྱས་པའི་མི་གཞོན་པ་དེ་ཚོའི་ཁོངས་སུ། ཡ་ཧུ་དཱ་པའི་རིགས་ནས་ཡིན་པ་དྷ་ནི་ཨེལ་དང་། ཧ་ནན་ཡཱ་དང་། མི་ཤ་ཨེལ་དང་། ཨ་ཛར་ཡཱ་བཅས་ཡོད་པ་ཡིན་ཏེ། 7ལས་བྱེད་པ་གཙོ་བོས་དེ་ཚོར་མིང་གསར་པ་བཏགས་པ་ནི་གཤམ་གསལ་ལྟར་ཡིན་ནོ། བྷེལ་ཏེ་ཤ་ཛར་དང་། ཤད་རག་དང་། མེ་ཤཱག་དང་། ཨ་བྷེད་ནེ་གྷོ་བཅས་སོ། 8དྷ་ནི་ཨེལ་གྱིས་སེམས་ལ། ང་ནི་རྒྱལ་པོའི་ཕོ་བྲང་གི་ཁ་ཟས་དང་རྒུན་ཆང་འཐུང་ནས་རང་ཉིད་ལ་མི་གཙང་བར་བཟོ་གི་མིན་ཞེས་ཐག་གཅོད་བྱས་ཏེ། དེའི་སྐོར་ཁོ་ལ་རོགས་གནང་རོགས་གནང་ཞེས་ཨཤེ་པེ་ནཱཛེ་ལ་ཞུས་སོ། 9དེ་ནས་དཀོན་མཆོག་གིས་ཁོའི་སེམས་ནང་དྷ་ནི་ཨེལ་གྱི་ཕྱོགས་སུ་སྙིང་རྗེ་སྐྱེད་དུ་བཅུག་གོ 10འོན་ཀྱང་ཨཤེ་པེ་ནཱཛེ་ནི་རྒྱལ་པོ་ལ་ཞེད་ཀྱི་ཡོད་པ་ཡིན་པས་ཁོས་དྷ་ནི་ཨེལ་ལ་སྨྲས་པ། ཁྱོད་ཀྱི་བཟའ་བཏུང་ག་རེ་བྱེད་དགོས་སྐོར་རྒྱལ་པོས་ཐག་ཆོད་གནང་ཟིན་པ་ཡིན་པས། ཁྱོད་རང་གཞོན་ནུ་གཞན་དང་འདྲ་བར་རྒྱུ་ལུས་བདེ་ཞིང་གཟུགས་སྟོབས་རྒྱས་པོ་ཡོད་པ་ཞིག་རྒྱལ་པོས་མ་གཟིགས་ན། ཁོང་གིས་ངའི་སྲོག་དེ་ལེན་ངེས་པ་ཡིན་ནོ། 11དེར་བརྟེན་དྷ་ནི་ཨེལ་རང་ཉིད་དང་རང་གི་གྲོགས་པོ་རྣམས་ལ་བལྟ་རྟོགས་བྱེད་མཁན་ཨཤེ་པེ་ནཱཛེ་བསྐོས་པའི་སྲུང་མཁན་རྩར་དྷ་ནི་ཨེལ་ཕྱིན་ནས། 12ཁོ་ལ་ང་ཚོར་ཉིན་ཞག་བཅུའི་བར་དུ་ཁ་ཟས་སུ་སྔོ་ཚོད་དང་བཏུང་བར་ཆུ་གནང་ནས། ང་ཚོར་བརྟག་དཔྱད་གནང་་རོགས་གནང་། 13དེ་རྗེས་རྒྱལ་པོའི་ཕོ་བྲང་གི་ཁ་ཟས་ཟ་མཁན་གཞོན་ནུ་གཞན་དང་ང་ཚོའི་བར་ལ་ཁྱད་པ་ག་རེ་ཡོད་མེད་གཟིགས་ནས་ཐག་གཅོད་གནང་བར་མཛོད་ཅེས་ཞུས་པ་བཞིན། 14ཁོང་གི་ཉིན་ཞག་བཅུའི་བར་དུ་དེ་ཚོར་བརྟག་དཔྱད་བྱེད་དུ་བཅུག་གོ 15བརྟག་དཔྱད་བྱེད་པའི་ཞག་དུས་ཚང་བའི་རྗེས་སུ། རྒྱལ་པོའི་ཁ་ཟས་ཟ་མཁན་གཞོན་ནུ་གཞན་ལས་ཀྱང་དེ་ཚོ་རྒྱུ་ལུས་བདེ་ཞིང་སྟོབས་ཤུགས་ཆེ་བ་མཐོང་ངོ། 16དེ་ནས་བཟུང་སྲུང་མཁན་དེས་རྒྱལ་པོས་གནང་བའི་ཁ་ཟས་ཀྱི་ཚབ་ཏུ་དེ་ཚོར་རྒྱུན་དུ་སྔོ་ཚོད་འབའ་ཞིག་སྤྲད་དོ། 17དེ་ནས་དཀོན་མཆོག་གིས་གཞོན་ནུ་བཞི་ལ། ཡོན་ཏན་དང་། རྩོམ་རིག་རྩལ་དང་། མཚན་མ་རིག་ཙལ་གནང་བ་མ་ཟད། དྷ་ནི་ཨེལ་ལ་ཞལ་གཟིགས་དང་རྨི་ལམ་གྱི་དོན་བཤད་ཐུབ་པའི་ཤེས་རབ་གནང་ངོ་། 18རྒྱལ་པོས་བཀའ་གནང་བ་བཞིན་ལོ་གསུམ་གྱི་རྗེས་སུ་ཨཤེ་པེ་ནཱཛེས་གཞོན་ནུ་དེ་ཚོ་ཚང་མ་ནེ་བུ་ཀད་ནེ་ཛར་གྱི་རྩར་འཁྲིད་པ་དང་། 19རྒྱལ་པོས་དེ་ཚོ་ཚང་མར་གསུང་གླེང་གནང་བས། གཞོན་ནུ་དེ་ཚོའི་ནང་ནས་དྷ་ནི་ཨེལ་དང་། ཧ་ནན་ཡཱ་དང་། མི་ཤ་ཨེལ་དང་། ཨ་ཛར་ཡཱ་བཅས་ལ་ཐུགས་མཉེས་ཏེ། དེ་ཚོ་རྒྱལ་པོའི་ཕོ་བྲང་གི་འཁོར་གཡོག་པའི་གོ་གནས་སུ་བསྐོ་གཞག་གནང་ངོ། 20རྒྱལ་པོ་ལ་དྲི་བ་འམ་དཀའ་ངལ་གང་འདྲ་ཞིག་ཡོད་ནའང་། དེའི་སྐོར་ལ་གཞོན་ནུ་བཞི་པོ་དེ་ཚོ་ཡུལ་གྱི་ནང་དུ་ཡོད་པའི་རྩིས་པ་དང་སྒྱུ་མ་མཁན་ཚང་མ་ལས་བཅུ་ལྡབ་ཀྱིས་མང་བ་ཤེས་ཀྱི་ཡོད་དོ། 21ཡུལ་པར་སི་ཡའི་རྒྱལ་པོ་སའི་རསེ་ཀྱིས་བྷེ་བྷི་ལོ་ནི་ཡ་ལ་དབང་བསྒྱུར་བའི་ལོ་དང་པོ་བར་དུ་དྷ་ནི་ཨེལ་རྒྱལ་པོའི་ཕོ་བྲང་གི་ཞབས་ཏོག་པ་བྱས་ནས་བསྡད་དོ༎

དྷ་ནི་ཨེལ 2

ནེ་བུ་ཀད་ནེ་ཛར་གྱི་རྨི་ལམ།

1ནེ་བུ་ཀད་ནེ་ཛར་གྱིས་རྒྱལ་སྲིད་སྐྱོང་ལོ་གཉིས་པར་རྨི་ལམ་ཞིག་མཐོང་བ་དང་། དེས་རྒྱལ་པོའི་སེམས་ཧ་ཅང་འཁྲུགས་ཤིང་མཚན་མོར་གཉིད་ཀྱང་ཁུག་མ་ཐུབ་བོ། 2དེར་བརྟེན་ཁོང་གིས་ཡུལ་དུ་ཡོད་པའི་མོ་པ་དང་མངོན་ཤེས་མཁན་དང་། སྒྱུ་མ་མཁན་དང་། ངན་སྔགས་མཁན་རྣམས་ལ་རྨི་ལམ་གྱི་དོན་ཤོད་ཕྱིར་བོས་པ་གནང་བས། དེ་ཚོ་རྒྱལ་པོའི་མདུན་དུ་བཅར་བ་དང་། 3རྒྱལ་པོས་དེ་ཚོར། ངས་རྨི་ལམ་ཞིག་མཐོང་བས་ངའི་སེམས་མི་བདེ་བ་བྱུང་སོང་། རྨི་ལམ་དེའི་དོན་གང་ཡིན་ནམ། ངས་དེ་ཤེས་པར་འདོད་ཅེས་གསུངས་སོ། 4དེ་ཚོས་ཨ་རམ་པའི་སྐད་དུ་རྒྱལ་པོར་ཞུས་པ། ཀྱེ་རྒྱལ་པོ་ཆེན་པོའི་སྐུ་ཚེ་བརྟན་པར་ཤོག། སྐུ་ཉིད་ཀྱི་རྨི་ལམ་ག་རེ་ཡིན་པ་དེ་ང་ཚོར་གསུངས་གནང་ན། ང་ཚོས་དེའི་དོན་འགྲེལ་ཞུས་ཀྱི་ཡིན། 5རྒྱལ་པོས་དེ་ཚོ་ལ། ངས་རྨི་ལམ་གང་མཐོང་བ་དང་། དེའི་དོན་འགྲེལ་གཉིས་ཀ་ཁྱོད་ཚོས་ཤོད་དགོས། གལ་ཏེ་ཁྱོད་ཚོས་བཤད་མ་ཐུབ་ན། ངས་ཁྱོད་ཚོའི་ཡན་ལག་ཚང་མ་དུམ་བུར་བཏུབ་རྒྱུ་ཡིན་པ་མ་ཟད། ཁྱོད་ཚོའི་ཁང་ཁྱིམ་རྣམས་གྱང་གོག་གི་ཕུང་པོར་བཟོས་རྒྱུ་ཡིན། 6འོན་ཀྱང་ཁྱོད་ཚོས་ངའི་རྨི་ལམ་དང་དེའི་དོན་འགྲེལ་གཉིས་ཀ་བཤད་ཐུབ་པ་ཡིན་ན། ངས་ཁྱོད་ཚོར་བྱ་དགའ་དང་གཟེངས་བསྟོད་སོགས་སྤྲོད་རྒྱུ་ཡིན་པས། ད་ངས་རྨི་ལམ་གང་མཐོང་བ་དང་དེའི་དོན་འགྲེལ་དེ་ཤོད་ཅིག་ཅེས་གསུངས་པས། 7དེ་ཚོས་སྐྱར་དུ་རྒྱལ་པོ་ལ། ཁྱེད་ཀྱིས་རྨི་ལམ་གང་གཟིགས་པ་དེ་འབའ་ཞིག་ང་ཚོར་གསུངས་པ་ཡིན་ན། ང་ཚོས་དེའི་དོན་འགྲེལ་དེ་ངེས་པར་དུ་ཞུས་ཆོག་ཅེས་ཞུས་པས། 8-9དེའི་ལན་དུ་རྒྱལ་པོས། ངས་གང་བསམ་པ་བཞིན་དུ་བྱུང་བཞག། ཁྱོད་ཚོས་སྐད་ཆ་གཡོལ་ཐབས་བྱེད་དེ་དུས་ཚོད་འཕྲོ་རླག་གཏོང་གི་འདུག གང་ལ་ཟེར་ན། ཁྱོད་ཚོས་ངའི་རྨི་ལམ་དེ་བཤད་མ་ཐུབ་པ་ཡིན་ན། ངས་ཁྱོད་ཚོ་ཚང་མར་ཇི་ལྟར་ཉེས་ཆད་གཏོང་རྒྱུ་ཐག་གཅོད་བྱས་ཟིན་པ་དེ་ཁྱོད་ཚོས་ཤེས་ཀྱི་ཡོད་པས། ང་ལ་རྫུན་གཏམ་བཤད་རྒྱུའི་གྲོས་བྱེད་ཀྱི་འདུག གང་ལ་ཟེར་ན། ཁྱོད་ཚོའི་བསམ་པར་ནམ་ཞིག་རྗེས་སུ་གནས་ཚུལ་དེ་དག་འགྱུར་འགྲོ་གི་རེད་ཅེས་བསམ་པ་རེད། ད་ཁྱོད་ཚོས་ངའི་རྨི་ལམ་ག་རེ་ཡིན་པ་དེ་བཤད་ཐུབ་པ་ཡིན་ན། དེའི་དོན་འགྲེལ་ཡང་བཤད་ཐུབ་ཀྱི་ཡོད་པ་དེ་ངས་ཡིད་ཆེས་བྱེད་ཅེས་གསུངས་སོ། 10དེའི་ལན་དུ་གྲོས་དཔོན་ཚོས་རྒྱལ་པོ་ལ། ཁྱེད་ཀྱི་གང་མཁྱེན་འདོད་གནང་བ་དེའི་སྐོར་ལ་ཤོད་ཐུབ་པའི་མི་ནི་འཇིག་རྟེན་འདིའི་ནང་དུ་སུ་ཞིག་ཀྱང་མེད་པ་མ་ཟད། ད་བར་རྒྱལ་པོ་གཞན་ནམ་ཀུན་ལས་མངའ་ཐང་མཐོ་བའི་སྐྱེ་བོ་ཞིག་གིས་ཀྱང་རང་གི་མོ་པ་དང་། སྒྱུ་མ་མཁན་དང་། ངན་སྔགས་མཁན་རྣམས་ལ་དེ་ལྟ་བུའི་བཀའ་གནང་མེད་དོ། 11རྒྱལ་པོས་མཁྱེན་འདོད་གནང་བའི་གཏམ་དེ་ནི་ཧ་ཅང་དཀའ་བ་ཞིག་ཡིན་པས། དེ་ནི་ལྷ་རྣམས་ཀྱིས་མ་གཏོགས་གཞན་མི་སུས་ཀྱང་སྒྲུབ་མི་ཐུབ། ཡང་ལྷ་རྣམས་ནི་མིའི་དཀྱིལ་དུ་མི་གནས་སོ་ཞེས་ཞུས་སོ། 12དེར་རྒྱལ་པོ་ཐུགས་ཤིན་ཏུ་ཁྲོས་ཏེ། བྷེ་བི་ལོན་དུ་ཡོད་པའི་རྒྱལ་པོའི་གྲོས་དཔོན་ཚང་མ་གསོད་དགོས་པའི་བཀའ་གནང་བ་བཞིན། 13དྷ་ནི་ཨེལ་དང་ཁོང་གི་གྲོགས་པོ་རྣམས་བརྩིས་པའི་གྲོས་དཔོན་ཚང་མ་གསོད་དགོས་པའི་བཀའ་རྒྱ་བཀྲམ་མོ༎

དཀོན་མཆོག་གིས་དྷ་ནི་ཨེལ་ལ་རྨི་ལམ་གྱི་དོན་སྟོན་གནང་བ།

14དེ་ནས་དྷ་ནི་ཨེལ་གསོད་ཕྱིར་བསྐོ་གཞག་བྱས་པའི་རྒྱལ་པོའི་སྐུ་སྲུང་སྡེ་དཔོན་ཨ་རི་ཨོག་གི་རྩར་ཕྱིན་ནས། ཐབས་མཁས་པོའི་སྒོ་ནས་ཁོ་ལ། 15ཅིའི་ཕྱིར་རྒྱལ་པོས་བཀའ་བཙན་པོ་དེ་འདྲ་གནང་བ་ཡིན་ནམ་ཞེས་དྲིས་པས། ཨ་རི་ཨོག་གིས་དྷ་ནི་ཨེལ་ལ་ལོ་རྒྱུས་ཚང་མ་བཤད་དོ། 16དེ་རྗེས་དྷ་ནི་ཨེལ་ལམ་སང་རྒྱལ་པོའི་དྲུང་དུ་བཅར་ནས། རྒྱལ་པོའི་རྨི་ལམ་གྱི་དོན་འགྲེལ་ཤོད་ཕྱིར་དུས་ཚོད་གནང་རོགས་གནང་ཞེས་ཞུས་སོ། 17དེ་ནས་དྷ་ནི་ཨེལ་རང་གི་ནང་ལ་ལོག་སྟེ། རང་གི་གྲོགས་པོ་ཧ་ནན་ཡཱ་དང་། མི་ཤ་ཨེལ་དང་། ཨ་ཛར་ཡཱ་བཅས་ལ་གནས་ཚུལ་གང་བྱུང་བ་ཚང་མ་བཤད་དེ། 18བྷེ་བྷི་ལོན་གྱི་གྲོས་དཔོན་གཞན་དང་མཉམ་དུ་ཁོ་ཚོ་ཤི་མ་དགོས་པའི་ཕྱིར། མཐོ་རིས་ཀྱི་དཀོན་མཆོག་གི་ཐུགས་རྗེས་རྨི་ལམ་གྱི་གསང་དོན་དེ་ཁོ་ཚོར་མངོན་པར་མཛད་དུ་གསོལ་ཞེས་སྨོན་ལམ་འདེབས་དགོས་ཅེས་རང་གི་གྲོགས་པོ་རྣམས་ལ་སྨྲས་པ་དང་། 19མཚན་མོ་དེ་རང་ལ་ཞལ་གཟིགས་ཀྱི་ནང་དྷ་ནི་ཨེལ་ལ་རྨི་ལམ་གྱི་གསང་དོན་དེ་མངོན་པར་བྱུང་བས། མཐོ་རིས་ཀྱི་དཀོན་མཆོག་ལ་བསྟོད་བསྔགས་འབུལ་བ་འདི་ལྟ་སྟེ། 20དཀོན་མཆོག་ཁྱེད་ནི་ཤེས་རབ་མངའ་ཐང་ལྡན། རྒྱུན་ནས་རྒྱུན་དུ་ཁོང་ལ་བསྟོད་བསྔགས་འབུལ། 21དུས་དང་ནམ་དུས་ཁོང་གིས་དབང་སྒྱུར་གནང་མཛད། ཁོང་གིས་རྒྱལ་པོ་བསྐོ་གཞག་མཛད་པ་དང་། དེ་དག་ཁྲི་ལས་མར་ཡང་འབེབས་པར་མཛད། བློ་དང་ཤེས་རབ་གནང་མཁན་ཁོང་ཉིད་ཡིན། 22གསང་དོན་གཏིང་ཟབ་ཚང་མ་ཁོང་གིས་མངོན་པར་མཛད། མུན་པའི་ནང་དུ་གང་ཡོད་ཁོང་གིས་མཁྱེན། ཁོང་ཉིད་ནི་འོད་ཀྱིས་མཐའ་སྐོར་ཡོད། 23ང་ཡི་ཕ་མེས་དཀོན་མཆོག་ངས་ཁྱེད་ལ་བསྟོད། ཁྱེད་ཀྱིས་ང་ལ་མཐུ་དང་ཤེས་རབ་གནང་། ང་ཡིས་སྨོན་ལམ་ཞུ་བར་བཀའ་ལན་གནང་། ང་ཚོས་རྒྱལ་པོར་ཞུ་དགོས་གང་ཡིན་སྐོར། ཁྱེད་ཀྱིས་དེ་དག་ངོས་ལ་མངོན་པར་མཛོད།།

དྷ་ནི་ཨེལ་གྱིས་རྒྱལ་པོ་ལ་རྨི་ལམ་དང་དེའི་དོན་འགྲེལ་བཤད་པ།

24དེར་བརྟེན་དྷ་ནི་ཨེལ་རྒྱལ་པོའི་གྲོས་དཔོན་རྣམས་གསོད་ཕྱིར་བསྐོ་གཞག་བྱས་པའི་དཔོན་པོ་ཨ་རི་ཨོག་གི་རྩར་ཕྱིན་ནས་ཁོ་ལ། དེ་ཚོ་མ་གསོད་རོགས་གནང་། ང་ལ་རྒྱལ་པོའི་དྲུང་དུ་འཁྲིད་པ་གནང་ན། ངས་ཁོང་གི་རྨི་ལམ་གྱི་དོན་འགྲེལ་ཤོད་རྒྱུ་ཡིན་ཞེས་སྨྲས་སོ། 25དེ་ནས་ལམ་སང་ཨ་རི་ཨོག་གིས་དྷ་ནི་ཨེལ་རྒྱལ་པོའི་དྲུང་དུ་འཁྲིད་ནས། ཀྱེ་རྒྱལ་པོ་ཆེན་པོ། ངས་ཡ་ཧུ་དཱ་པའི་བཙན་བྱོལ་བའི་ཁོངས་ནས་མི་ཞིག་རྙེད་བྱུང་བས། ཁོས་རྒྱལ་པོ་ཁྱེད་ཀྱི་རྨི་ལམ་གྱི་དོན་འགྲེལ་བཤད་ཐུབ་ཀྱི་རེད་ཅེས་ཞུས་པས། 26དེ་ནས་རྒྱལ་པོས་དྷ་ནི་ཨེལ་ལ། (ཁོའི་མིང་ལ་བྷེལ་ཏེ་ཤ་ཛར་ཡང་ཟེར་གྱི་ཡོད་པ་ཡིན་ནོ།) ངས་རྨི་ལམ་གང་མཐོང་བ་དང་དེའི་དོན་གང་ཡིན་པ་དེ་ང་ལ་དངོས་གནས་ཤོད་ཐུབ་པ་འདུག་གམ་ཞེས་གསུངས་པ་དང་། 27དེའི་ལན་དུ་དྷ་ནི་ཨེལ་གྱིས། ཀྱེ་རྒྱལ་པོ་ཆེན་པོ། ངན་སྔགས་མཁན་དང་། སྒྱུ་འཕྲུལ་མཁན་དང་། ལྷ་པ་མོ་པ་དང་རྩིས་པ་སོགས་ཀྱིས་སྐུ་ཉིད་ལ་དེ་ཅི་ནས་ཀྱང་བཤད་མི་ཐུབ། 28འོན་ཀྱང་མཐོ་རིས་ལ་བཞུགས་པའི་དཀོན་མཆོག་དེས་ནི་གསང་དོན་ཚང་མ་མངོན་པར་མཛད་གནང་གི་རེད། ཁོང་གིས་མ་འོངས་པར་འབྱུང་རྒྱུའི་གནས་སྟངས་ཀྱི་སྐོར་ལ་རྒྱལ་པོ་ཆེན་པོ་ཁྱེད་ལ་གསུངས་ཡོད། ད་རྒྱལ་པོ་ཁྱེད་རང་མནལ་གཟིམས་པའི་དུས་སུ་གཟིགས་པའི་ཞལ་གཟིགས་དེའི་སྐོར་ངས་ཞུ་གི་ཡིན། 29རྒྱལ་པོ་ཁྱེད་རང་མནལ་གཟིམས་པའི་སྐབས་སུ། མ་འོངས་པར་འབྱུང་རྒྱུའི་སྐོར་ལ་རྨི་ལམ་ཞིག་གཟིགས་པ་དང་། གསང་དོན་ཚང་མ་མངོན་པར་མཛད་མཁན་དཀོན་མཆོག་གིས་ཁྱེད་ལ་གང་འབྱུང་རྒྱུའི་སྐོར་བསྟན་པ་གནང་ཡོད། 30ད་གསང་བ་དེ་ནི་ང་ལ་མངོན་པར་མཛད་ཡོད། དེ་ནི་ང་མི་གཞན་ལས་ཤེས་རབ་ཅན་ཡིན་པའི་རྐྱེན་གྱིས་མ་ཡིན། འོན་ཀྱང་རྒྱལ་པོ་ཆེན་པོ་ཁྱེད་ཀྱིས་རྨི་ལམ་འདིའི་གསང་དོན་དང་ཉིད་ཀྱི་ཐུགས་ཀྱི་བསམ་བློ་རྣམས་མཁྱེན་རྟོགས་ཡོང་ཕྱིར་ཡིན་ནོ། 31རྒྱལ་པོ་ཆེན་པོས་ཞལ་གཟིགས་སུ་ཉིད་ཀྱི་སྐུ་མདུན་དུ་འོད་དང་ལྡན་པའི་འདྲ་སྐུ་ཆེ་ལ་འཇིག་སྣང་ཆེ་བ་ཞིག་གཟིགས་པ་དང་། 32དེའི་མགོ་ནི་གསེར་བཙོ་མ་ལས་བཟོས་པ་དང་། བྲང་དང་ལག་པ་རྣམས་དངུལ་ལས་བཟོས་པ་དང་། སྐེད་པ་དང་དཔྱི་མགོ་རྣམས་ལི་དང་། 33རྐང་པའི་སྟོད་ནི་ལྕགས་དང་། སྨད་ནི་འགའ་ཤས་ལྕགས་དང་འགའ་ཤས་ས་ལས་བཟོས་ཡོད་པ་ཡིན་ཏེ། 34ཁྱེད་ཀྱིས་གཟིགས་བཞིན་ཡོད་པའི་སྐབས་སུ། སུས་ཀྱང་འཆང་མཁན་མེད་པར་རི་ལས་རྡོ་ཆེན་པོ་ཞིག་ཆག་ནས་མར་ལྷུང་སྟེ། ལྕགས་དང་ས་ལས་བཟོས་པའི་སྐུ་འདྲའི་རྐང་པར་འཕོག་ནས་དེ་དག་དུམ་བཅག་གོ 35དེ་མ་ཐག་ཏུ་ལྕགས་དང་། ས་དང་། ལི་དང་། དངུལ་དང་གསེར་རྣམས་ཡོངས་སུ་དུམ་བུར་ཆགས་ཏེ། དབྱར་དུས་གཡུལ་ཐག་གི་སོག་མ་དང་འདྲ་བ་དེ་དག་རླུང་གིས་གཏོར་ནས་ཤུལ་ཙམ་ཡང་མ་ལུས་སོ། འོན་ཀྱང་འདྲ་སྐུ་དེ་ལ་འཕོག་པའི་རྡོ་དེ་ནི་བྲག་རི་ཆེན་པོ་ཞིག་ཏུ་འགྱུར་ནས་འཇིག་རྟེན་ཡོངས་སུ་ཁྱབ་པ་ཡིན་ནོ། 36ཁྱེད་ཀྱིས་གཟིགས་པའི་རྨི་ལམ་ནི་དེ་རང་ཡིན་ཏེ། ད་ངས་དེའི་དོན་འགྲེལ་ཞུས་ཀྱི་ཡིན། 37ཀེ་མི་དབང་ཆེན་པོ། ཁྱེད་ནི་རྒྱལ་པོ་ཀུན་ལས་མངའ་ཐང་ཆེ་ཞིང་། མཐོ་རིས་ཀྱི་དཀོན་མཆོག་གིས་ཁྱེད་ལ་རྒྱལ་པོ་ཚང་མའི་ཐོག་ཏུ་གོང་མར་བསྐོ་གཞག་མཛད་དོ། ཁྱེད་ལ་མཐུ་སྟོབས་དང་། དབང་དང་། མངའ་ཐང་སོགས་གནང་ཡོད་པ་ཡིན་ནོ། 38ཁོང་གིས་ཁྱེད་ལ་འཇིག་རྟེན་མི་ཡུལ་གྱི་ཁམས་དང་། དེའི་ནང་ཡོད་པའི་སེམས་ཅན་དང་འདབ་ཆགས་ཀུན་གྱི་མངའ་བདག་ཏུ་བསྐོས་གནང་མཛད་པ་ཡིན་ནོ། གསེར་གྱི་མགོ་བོ་དེ་ནི་རྒྱལ་པོ་རང་ཉིད་ཡིན་པ་དང་། 39སྐུ་ཉིད་ཀྱི་རྗེས་སུ་རྒྱལ་ཁམས་གཞན་ཞིག་ཡོང་རྒྱུ་ཡིན། དེ་ནི་ཁྱེད་ཀྱི་རྒྱལ་ཁམས་དང་འདྲ་བ་མངའ་ཐང་ཆེན་པོར་མི་འགྱུར་རོ། དེའི་རྗེས་སུ་ལིའི་རྒྱལ་ཁམས་གསུམ་པ་ཞིག་འབྱུང་སྟེ། དེས་འཇིག་རྟེན་ཡོངས་སུ་རྒྱལ་སྲིད་སྐྱོང་བར་འགྱུར། 40དེ་རྗེས་རྒྱལ་ཁམས་བཞི་པ་ཞིག་འབྱུང་རྒྱུ་ཡིན་པ་དང་། དེ་ནི་ལྕགས་ལྟ་བུའི་སྲ་ཞིང་བརྟན་པོར་འགྱུར་ཏེ། དེས་དངོས་རྫས་ཚང་མ་བཅག་ནས་དུམ་བུར་བཟོ་རྒྱུ་ཡིན། ལྕགས་ཀྱི་དངོས་རྫས་ཚང་མ་དུམ་བུར་བཟོས་པ་ལྟར། དེས་སྔོན་གྱི་རྒྱལ་ཁམས་ཚང་མ་དུམ་བུར་བཅག་པར་འགྱུར། 41ཁྱེད་ཀྱི་རྐང་པ་དང་དེའི་མཛུབ་མོ་བཅས་པ་ལྕགས་དང་ས་ལས་བཟོས་པ་ཞིག་གཟིགས་པའི་དོན་ནི། རྒྱལ་ཁམས་དེ་སོ་སོར་ཁ་འཐོར་དུ་འགྲོ་རྒྱུ་ཞིག་ཡིན་ནོ། དེའི་ནང་དུ་ལྕགས་ཀྱི་ནུས་པའང་གང་ཙམ་ཞིག་ཡོད་པར་འགྱུར། གང་ལ་ཟེར་ན། སའི་ནང་དུ་ལྕགས་འདྲེས་ཡོད་པས་ཕྱིར་རོ། 42མཛུབ་མོ་འགའ་ཤས་ནི་ལྕགས་དང་འགའ་ཤས་ས་ལས་བཟོས་ཡོད་པའི་དོན་ནི། རྒྱལ་ཁམས་དེའི་ཆ་ཤས་གཅིག་ནི་སྟོབས་ཆེན་དུ་འགྱུར་ཏེ། ཆ་ཤས་གཞན་དེ་ཉམ་ཞིང་རྒུད་པར་འགྱུར། 43ཁྱེད་ཀྱིས་ལྕགས་དང་ས་གཉིས་འདྲེས་ཡོད་པར་གཟིགས་པའི་དོན་ནི། རྒྱལ་ཁམས་དེའི་རྒྱལ་པོ་ཚོས་སོ་སོ་ནང་ཁོངས་སུ་བག་མ་གཏོང་ལེན་བྱས་ཏེ། རྒྱལ་བརྒྱུད་སོ་སོ་མཐུན་འབྲེལ་ཡོང་ཐབས་བྱས་ཀྱང་། ལྕགས་དང་ས་གཉིས་འདྲེས་མ་ཐུབ་པ་བཞིན། དེ་ཚོའང་ཕན་ཚུན་མཐུན་ལམ་དུ་གནས་མི་ཐུབ་པའི་དོན་ཡིན་ནོ། 44རྒྱལ་པོ་དེ་ཚོའི་དུས་སུ། མཐོ་རིས་ཀྱི་དཀོན་མཆོག་གིས་ནམ་ཡང་འཇིག་རྒྱུ་མེད་པའི་རྒྱལ་སྲིད་ཅིག་འཛག་བསྐྲུན་གནང་རྒྱུ་ཡིན་པ་དང། རྒྱལ་སྲིད་དེ་ནི་སུས་ཀྱང་དབང་སྒྱུར་བྱེད་མི་ཐུབ་པ་དང། འོན་ཀྱང་དེས་རྒྱལ་ཁམས་གཞན་རྣམས་མེད་པར་བྱས་ཏེ། མཐར་རྒྱལ་སྲིད་དེ་རང་དུས་རྒྱུན་དུ་གནས་པར་འགྱུར། 45ཁྱེད་ཀྱིས་གཟིགས་པ་བཞིན། ཇི་ལྟར་སུས་ཀྱང་འཆང་མཁན་མེད་པར་རི་ལས་རྡོ་ཞིག་ཆག་ནས། ལྕགས་དང་ལི་དང་། ས་དང་དངུལ་དང་གསེར་ལས་བཟོས་པའི་འདྲ་སྐུ་དེར་འཕོག་པའི་དོན་ནི། མངའ་ཐང་ཆེན་པོའི་དཀོན་མཆོག་གིས་མ་འོངས་པར་གང་འབྱུང་རྒྱུ་ཡིན་པའི་སྐོར་ཁྱེད་ལ་བསྟན་པ་གནང་བ་ཡིན། ཁྱེད་ཀྱིས་རྨི་ལམ་གང་གཟིགས་པ་དང་། དེའི་དོན་འབྲེལ་གང་ཡིན་པ་དེ་ངས་ཁྱེད་ལ་དྲང་པོར་ཞུས་ཡོད༎

རྒྱལ་པོས་དྷ་ནི་ཨེལ་ལ་གཟེངས་བསྟོད་གནང་བ།

46དེ་ནས་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ལུས་ས་ལ་བརྡབས་ནས་ཕྱག་འཚལ་ཞིང་དྷ་ནི་ཨེལ་ལ་དམར་མཆོད་དང་མཆོད་འབུལ་རྣམས་བྱེད་དགོས་ཅེས་བཀའ་གནང་ངོ། 47རྒྱལ་པོས། ཁྱེད་ཀྱི་དཀོན་མཆོག་ནི་ལྷ་རྟེན་ཀུན་ལས་མངའ་ཐང་ཆེ་ཞིང་། མངའ་བདག་རྣམས་ཀྱི་གཙོ་བོ་དང་། གསང་དོན་ཚང་མ་མངོན་པར་མཛད་མཁན་གྱི་དཀོན་མཆོག་ཡིན་པ་དེ་ངས་ཤེས་ཀྱི་ཡོད། གང་ལ་ཟེར་ན། ཁྱེད་ཀྱིས་གསང་བའི་དོན་རྣམས་བཤད་ཐུབ་པས་ཕྱིར་རོ། 48དེ་ནས་ཁོང་གིས་དྷ་ནི་ཨེལ་ལ་གོ་གནས་མཐོ་པོ་ཞིག་དང་རིན་ཐང་ཆེ་བའི་བྱ་དགའ་མང་པོ་གནང་ནས། བྷེ་བྷི་ལོན་གྱི་ས་ཁུལ་ཡོངས་ཀྱི་སྲིད་ཚབ་དང་། རྒྱལ་པོའི་གྲོས་དཔོན་རྣམས་ཀྱི་གཙོ་བོར་བསྐོ་གཞག་གནང་ངོ། 49དྷ་ནི་ཨེལ་གྱི་ཞུ་བར་གསན་ཏེ། རྒྱལ་པོས། ཤད་རག། མེ་ཤཱག། ཨ་བྷེད་ནེ་གྷོ་གསུམ་ལ་བྷེ་བྷི་ལོན་གྱི་འགོ་དཔོན་དུ་བསྐོ་གཞག་མཛད་དོ། ཡིན་ནའང་དྷ་ནི་ཨེལ་ནི་རྒྱལ་པོའི་ཕོ་བྲང་རང་དུ་བསྡད་དོ༎

དྷ་ནི་ཨེལ 3

ནེ་བུ་ཀད་ནེ་ཛར་གྱིས་ཚང་མར་གསེར་གྱི་འདྲ་སྐུར་མཆོད་དགོས་པའི་བཀའ་གནང་བ།

1རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་གསེར་གྱི་འདྲ་སྐུ་མཐོ་ཚད་མི་ཊར་ཉི་ཤུ་ཙ་བདུན་དང་། ཞེང་ཚད་མི་ཊར་གསུམ་ཙམ་བྱས་པ་ཞིག་བཟོ་རུ་བཅུག་ནས། མངའ་སྡེ་བྷེ་བྷི་ལོན་གྱི་ཌུ་ར་ཞེས་པའི་ཐང་དུ་སྐུ་འདྲ་དེ་ཡར་བསྒྲེངས་ནས་བཞག་གོ 2དེ་ནས་རྒྱལ་པོས་རང་གི་ལས་བྱེད་པ་ཚང་མ་དེར་འཛོམས་དགོས་པའི་བཀའ་གནང་བ་བཞིན། རྒྱལ་སྲས་རྣམས་དང་། སྲིད་ཚབ་རྣམས་དང་། སྲིད་ཚབ་ལས་རོགས་རྣམས་དང་། རྫོང་དཔོན་རྣམས་དང་། དངུལ་གཉེར་བློན་ཆེན་རྣམས་དང་། ཁྲིམས་དཔོན་ཁག་དང་། དེ་བཞིན་མངའ་སྡེའི་ལས་བྱེད་པ་གཞན་རྣམས་ཀྱང་སྐུ་འདྲའི་རབ་གནས་ཀྱི་མཛད་སྒོར་འཇོམས་སོ། 3དེ་ནས་ལས་བྱེད་པ་ཚང་མ་འདྲ་སྐུའི་མདུན་དུ་རབ་གནས་ཀྱི་མཛད་སྒོའི་ཆེད་དུ་ལངས་པའི་སྐབས། 4བཀའ་རྒྱ་སྒྲོག་བྱང་བྱེད་མི་ཞིག་གིས་སྐད་ཤུགས་ཆེན་པོས་སྨྲས་པ། ཀྱེ་མི་རིགས་འདྲ་མིན་དང་། མི་སྡེ་སོ་སོ་དང་། དེ་བཞིན་སྐད་རིགས་མི་འདྲ་བའི་མི་རྣམས། 5ཁྱོད་ཚོས་དུང་འབུད་པའི་སྐད་དང་། རྒྱ་གླིང་དང་། པི་ཝང་དང། གླིང་བུ་དང། སྒྲ་སྙན་སྣ་ཚོགས་ཀྱི་སྒྲ་སོགས་ཐོས་ཡོང་། རོལ་གཞེས་འགོ་བཙུགས་མ་ཐག་ཏུ་རྒྱལ་པོས་བཞེངས་པའི་གསེར་གྱི་འདྲ་སྐུ་དེ་ལ་ཕྱག་དང་མཆོད་འབུལ་བྱེད་དགོས་སོ། 6ཕྱག་དང་མཆོད་འབུལ་མི་བྱེད་མཁན་རྣམས་ནི་དེ་མ་ཉིད་དུ་འབར་བཞིན་པའི་མེ་དོང་ནང་དུ་དབྱུགས་པར་འགྱུར། 7དེར་བརྟེན་རོལ་བྱའི་སྒྲ་ཐོས་མ་ཐག་ཏུ་མི་རིགས་འདྲ་མིན་དང་། སྐད་རིགས་མི་འདྲ་བའི་མི་སྡེ་སོ་སོས་ལུས་ས་ལ་བརྡབས་ནས་རྒྱལ་པོས་བཞེངས་པའི་འདྲ་སྐུ་དེ་ལ་ཕྱག་དང་མཆོད་པ་བྱས་སོ༎

དྷ་ནི་ཨེལ་གྱི་གྲོགས་པོ་གསུམ་ལ་རྒྱལ་པོའི་བཀའ་བཅག་པའི་སྐྱོན་འཛུག་བྱེད་པ།

8སྐབས་དེར་བྷེ་བྷི་ལོན་པ་འགའ་ཤས་ཀྱིས་ཡ་ཧུ་དཱ་པ་རྣམས་ལ་མངོན་གསུམ་དུ་སྐྱོན་བརྗོད་བྱེད་པའི་གོ་སྐབས་རྙེད་ནས། 9དེ་ཚོས་རྒྱལ་པོ་ནེ་བུ་ཀད་ནེ་ཛར་ལ། རྒྱལ་པོ་ཆེན་པོ་སྐུ་ཚེ་བརྟན་པར་ཤོག། 10རོལ་བྱའི་སྒྲ་ཐོས་མ་ཐག་ཏུ་ཚང་མས་འདྲ་སྐུའི་མདུན་དུ་ཕྱག་བཙལ་ནས་མཆོད་འབུལ་བྱེད་དགོས་པ་མ་ཟད། 11མི་སུས་ཀྱང་འདྲ་སྐུའི་མདུན་དུ་ཕྱག་དང་མཆོད་འབུལ་མ་བྱེད་པ་ཡིན་ན། དེ་ནི་འབར་བཞིན་པའི་མེ་དོང་ནང་དུ་དབྱུགས་པར་འགྱུར་ཞེས་རྒྱལ་པོ་ཁྱེད་ཀྱིས་བཀའ་གནང་ཡོད་ཀྱང་། 12ཁྱེད་ཀྱིས་མངའ་དེ་བྷེ་བྷི་ལོན་གྱི་དཔོན་པོར་བསྐོ་གཞག་མཛད་པའི། ཤད་རག། མེ་ཤཱག། ཨ་བྷེད་ནེ་གྷོ་ཞེས་པའི་ཡ་ཧུ་དཱ་པ་འགའ་ཤས་ཀྱིས་སྐུ་ཉིད་ཀྱི་བཀའ་ལ་མ་བརྩིས་པར། ཁྱེད་ཀྱི་དཀོན་མཆོག་དང་། ཁྱེད་ཀྱིས་བཞེངས་པའི་འདྲ་སྐུར་ཕྱག་དང་མཆོད་མི་བྱེད་དོ་ཞེས་ཞུས་སོ། 13དེར་རྒྱལ་པོ་ཤིན་ཏུ་ཐུགས་ཁྲོས་ཏེ། ཤད་རག། མེ་ཤཱག། ཨ་བྷེད་ནེ་གོ་གསུམ་ལ་རང་གི་མདུན་དུ་འཁྲིད་ཡོང་དགོས་ཅེས་བཀའ་གནང་ཞིང་། 14རྒྱལ་པོས་དེ་དག་ལ། ཀྱེ། ཤད་རག། མེ་ཤཱག། དང་ཨ་བྷེད་ནེ་གྷོ་ཁྱོད་ཚོ་གསུམ་གྱིས་ངའི་དཀོན་མཆོག་དང་། ངས་བཞེངས་པའི་འདྲ་སྐུར་ཕྱག་དང་མཆོད་པ་བྱེད་ཀྱི་མེད་པ་དེ་བདེན་པ་ཡིན་ནམ། 15ད་ཁྱོད་ཚོས། དུང་དང་། རྒྱ་གླིང་། པི་ཝང་། སྒྲ་སྙན་སོགས་པའི་རོལ་བྱ་སྣ་ཚོགས་ཀྱི་སྒྲ་ཐོས་མ་ཐག་ཏུ་འདྲ་སྐུ་དེ་ལ་ཕྱག་དང་མཆོད་འབུལ་བྱོས་ཤིག དེ་མིན་ཁྱོད་ཚོ་འབར་བཞིན་པའི་མེ་དོང་ནང་དུ་ལམ་སང་དབྱུགས་རྒྱུ་ཡིན་པ་དེ་ངེས་པ་ཡིན་པས། ཁྱོད་ཚོར་སྐྱོབ་ཐུབ་པའི་དཀོན་མཆོག་གཞན་ཞིག་ཡོད་ཅེས་བསམ་གྱི་འདུག་གམ་ཞེས་གསུངས་པ་དང་། 16དེའི་ལན་དུ་ཤད་རག། མེ་ཤཱག། ཨ་བྷེད་ནེ་གྷོ་གསུམ་གྱིས། ཀྱེ་རྒྱལ་པོ་ཆེན་པོ། ང་ཚོས་རང་གི་སྲུང་སྐྱོབ་ཀྱི་ཆེད་དུ་ཞུ་རྒྱུ་གང་ཡང་མེད། 17ང་ཚོ་ལ་འབར་བཞིན་པའི་མེའི་དོང་ནང་དབྱུགས་ན་ང་ཚོས་མཆོད་པའི་དཀོན་མཆོག་དེས་ང་ཚོར་སྐྱོབ་ཐུབ་པ་དང་རྒྱལ་པོ་ཁྱེད་ཀྱི་ཕྱག་ནས་ཐར་བར་གནང་ཡོང། 18གལ་ཏེ་ཁོང་ཀྱིས་ང་ཚོར་སྐྱོབ་པ་མ་གནང་ནའང་། ཁྱེད་ཀྱི་ལྷ་དང་། ཁྱེད་ཀྱིས་བཞེངས་པའི་གསེར་གྱི་འདྲ་སྐུའི་མདུན་དུ་ང་ཚོས་ཕྱག་དང་མཆོད་འབུལ་མི་བྱེད་པ་དེ་ནི་ཁྱེད་ཀྱིས་མཁྱེན་པར་མཛོད་ཅེས་ཞུས་སོ༎

དྷ་ནི་ཨེལ་གྱི་གྲོགས་པོ་གསུམ་ལ་སྲོག་ཐོག་གི་ཉེས་ཆད་བྱུང་བ།

19དེ་ནས་ནེ་བུ་ཀད་ནེ་ཛར་གྱིས། ཤད་རག། མེ་ཤཱག། ཨ་བྷེད་ནེ་གྷོ་གསུམ་ལ་ཤིན་ཏུ་ཁྲོས་ཏེ། ཞལ་རས་དམར་པོར་བསྒྱུར་ཞིང་། རང་གི་འཁོར་གཡོག་རྣམས་ལ། མེ་དོང་དེ་སྔར་ལས་ལྷག་པའི་བདུན་ལྡབ་ཀྱིས་ཆེ་རུ་གཏོང་དགོས་པའི་བཀའ་གནང་བ་མ་ཟད། 20རང་གི་དམག་མིའི་ཁོངས་ནས་མི་སྟོབས་ཤུགས་ཆེ་ཤོས་དག་ལ་ཁོ་ཚོ་གསུམ་ཀ་བརྡམས་ནས་མེ་དོང་ནང་དུ་དབྱུགས་དགོས་པའི་བཀའ་གནང་བ་བཞིན། 21དེ་དག་གིས་ཁོ་ཚོ་གསུམ་ལ་སྟོད་ཐུང་དང་། གོས་ཐུང་དང་། ཞ་མོ་སོགས་གྱོན་པ་དང་ཆབས་ཅིག་བརྡམས་ནས་མེ་དོང་ནང་དུ་དབྱུགས་སོ། 22རྒྱལ་པོས་མེ་དེ་ཧ་ཅང་ཆེན་པོ་བཟོས་དགོས་པའི་བཀའ་བཙན་པོ་གནང་བའི་རྐྱེན་གྱིས་ཁོ་ཚོ་གསུམ་པོ་མེ་དོང་ནང་དུ་དབྱུགས་མཁན་མི་དེ་ཚོའང་མེས་ཚིག་ནས་ཤི་བ་དང་། 23ཤད་རག། མེ་ཤཱག། ཨ་བྷེད་ནེ་གྷོ་གསུམ་ནི་ཐག་པས་བརྡམས་བཞིན་པའི་གནས་སྟངས་དེ་རང་ལ་མེ་དོང་ནང་དུ་ལྷུང་ངོ་། 24དེ་ནས་རྒྱལ་པོ་ནེ་བུ་ཀད་ནེ་ཛར་བློ་བུར་དུ་ཡར་བཞེངས་ནས། ཡ་མཚན་ཆེན་པོས་རང་གི་ལས་བྱེད་པ་རྣམས་ལ། ང་ཚོས་མི་གསུམ་བརྡམས་ནས་མེ་དོང་ནང་དུ་དབྱུགས་པ་མ་ཡིན་ནམ་ཞེས་བཀའ་འདྲི་གནང་བ་དང་། དེ་ཚོས་ལེན་དུ། ཀྱེ་རྒྱལ་པོ་ཆེན་པོ་ལགས། དེ་ག་རང་ཡིན་ཞེས་ཞུས་པ་དང་། 25རྒྱལ་པོས། དེ་འདྲ་ཡིན་ན། ངས་མེའི་ནང་དུ་མི་བཞི་ཕར་ཚུར་འགྲུལ་བཞིན་པ་མཐོང་བ་དེ་གང་ཡིན་ནམ། དེ་ཚོ་དེ་ཚོར་རྨས་སྐྱོན་སོགས་གང་ཡང་བྱུང་མི་འདུག དེ་ཙམ་མ་ཟད་མི་བཞི་པ་དེ་ནི་དཀོན་མཆོག་གི་ཕོ་ཉ་ཞིག་དང་འདྲ་བ་མཐོང་གི་འདུག་ཅེས་གསུངས་སོ༎

མི་གསུམ་པོ་དེ་ཚོ་ཐར་ནས་གོ་གནས་ཕར་བ།

26དེ་ནས་རྒྱལ་པོ་འབར་བཞིན་ཡོད་པའི་མེ་དོང་ཆེན་པོའི་སྒོའི་འགྲམ་དུ་ཕེབས་ནས་གསུང་སྐད་ཆེན་པོས། ཀྱེ་ཤད་རག། མེ་ཤཱག། ཨ་བྷེད་ནེ་གྷོ། བླ་ན་མེད་པའི་དཀོན་མོཆག་གི་ཞབས་ཏོག་པ་ཁྱོད་ཚོ་ཕྱི་རུ་ཐོན་ཤོག་ཅེས་གསུངས་པ་དང་། དེ་ཚོ་ལམ་སང་ཕྱི་རུ་ཐོན་ནོ། 27དེ་ནས་རྒྱལ་སྲས་ཚང་མ་དང་། སྲིད་ཚབ་རྣམས་དང་། སྲིད་ཚབ་ལས་རོགས་རྣམས་དང་། དེ་བཞིན་རྒྱལ་པོའི་ལས་བྱེད་པ་གཞན་རྣམས་དེ་ཚོ་གསུམ་ལ་ལྟས་མོ་བལྟ་ཕྱིར་ཡོང་བ་དང་། དེ་ཚོར་མེས་འཚིག་སྐྱོན་སོགས་གང་ཡང་བྱུང་མེད་པ་དང་། མགོའི་སྐྲ་ཡང་འཚིག་མེད་པ་དང་། དེ་ཚོའི་གྱོན་གོས་དང་ལུས་ལ་མེའི་དྲི་མ་ཙམ་ཡང་འགོས་མེད་པ་ཡིན་ནོ། 28རྒྱལ་པོས། ཤད་རག། མེ་ཤཱག། ཨ་བྷེད་ནེ་གྷོའི་དཀོན་མཆོག་ལ་བསྟོད་བསྔགས་པར་ཤོག ཁོང་ལ་བློ་གདེང་ཞུས་པའི་ཞབས་ཏོག་པ་གསུམ་ལ་སྲུང་སྐྱོབ་གནང་ཕྱིར་ཁོང་གིས་ཉིད་ཀྱི་ཕོ་ཉ་གཏོང་གནང་མཛད་པ་ཡིན། དེ་ཚོས་ངའི་བཀའ་ལའང་མ་བརྩིས་པར་རང་སྲོག་ཉེན་ཁའི་ནང་དུ་བཅུག་སྟེ། ལྷ་རྟེན་གཞན་ལ་ཕྱག་དང་མཆོད་འབུལ་མ་བྱས་པར། སོ་སོའི་དཀོན་མཆོག་འབའ་ཞིག་ལ་བསྙེན་བཀུར་ཞུས་པ་རེད། 29ད་ངས་བཀའ་སྤྲད་རྒྱུ་དེ་ནི་ད་ནས་བཟུང་མི་རིགས་སུ་འདྲ་ཞིག་གམ། མི་སྡེ་གང་ཡིན་དང་། སྐད་རིགས་མི་གཅིག་པ་སུ་འདྲ་ཞིག་གིས་ཀྱང་། ཤད་རག། མེ་ཤཱག། ཨ་བྷེད་ནེ་གྷོ་གསུམ་གྱི་དཀོན་མཆོག་ལ་འཕྱ་ཞིང་སྨད་པ་ཡིན་ན། ཁོའི་ཡན་ལག་དུམ་བུར་བཏུབ་རྒྱུ་ཡིན་པ་མ་ཟད། ཁོའི་ཁང་ཁྱིམ་ཕུང་པོར་རྒྱུར་བར་བྱའོ། དེ་ལྟ་བུའི་སྐྱབས་གྲོགས་མཛད་ཐུབ་པའི་དཀོན་མཆོག་ནི་གཞན་ཞིག་མེད་པ་ཡིན་ནོ་ཞེས་གསུངས་སོ། 30དེ་ནས་རྒྱལ་པོས། ཤད་རག། མེ་ཤཱག། ཨ་བྷེད་ནེ་གོ་གསུམ་ལ་མངའ་སྡེ་བྷེ་བྷི་ལོན་གྱི་དཔོན་པོའི་གོ་གནས་མཐོ་སར་བསྐོ་གཞག་མཛད་དོ༎

དྷ་ནི་ཨེལ 4

ནེ་བུ་ཀད་ནེ་ཛར་གྱི་ཞལ་གཟིགས་གཉིས་པ།

1དེ་ནས་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་ཡུལ་གྱི་མི་རིགས་ཀུན་དང་། སྡེ་དང་སྐད་རིགས་འདྲ་མིན་སྨྲ་མཁན་ཚང་མར་བཀའ་འཕྲིན་བཏང་གནང་བ་འདི་ལྟ་སྟེ། ཁྱོད་ཚོར་བདེ་སྐྱིད་ཡོང་བའི་མཚམས་འདྲི་དང་བཅས། 2བླ་ན་མེད་པའི་དཀོན་མཆོག་གིས་ང་ལ་མངོན་པར་མཛད་པའི་ངོ་མཚར་ཆེ་བའི་རྟགས་མཚན་རྣམས་ཀྱིས་སྐོར་ངས་ཁྱོད་ཚོར་བཤད་རྒྱུ་ཡིན་པས། དེར་ལེགས་པར་ཉན་དགོས། 3དཀོན་མཆོག་གིས་ནི་ང་ཚོར་བསྟན་གནང་བའི། རྟགས་མཚན་དེ་དག་ངོ་མཚར་ཆེ་བ་ལགས། ཁོང་གིས་མཛད་པའི་རྫུ་འཕྲུལ་རྣམས་ཇི་འདྲ་སྟོབས་ཤུགས་ལྡན། གཙོ་བོ་དཀོན་མཆོག་རྒྱུན་དུ་མངའ་བདག་མཛད། ཉིད་ཀྱིས་དུས་རབས་ཀུན་ཏུ་རྒྱལ་སྲིད་སྐྱོང་། 4ང་ནི་ཕོ་བྲང་ནང་དུ་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ཅིང་གནས་ཡོད་པ་དང་། 5འོན་ཀྱང་ང་ཉལ་ནས་བསྡད་ཡོད་པའི་དུས་སུ། རྨི་ལམ་ཞེད་སྣང་ཆེན་པོ་ཞིག་ཏུ་ཞལ་གཟིགས་ཁྱད་མཚར་པོ་ཞིག་མཐོང་བྱུང་། 6ངས་བྷེ་བྷི་ལོན་གྱི་གྲོས་དཔོན་མཁས་པ་ཚང་མ་བཀོང་ནས་ངའི་རྨི་ལམ་གྱི་དོན་འགྲེལ་ཤོད་དགོས་པའི་བཀའ་བསྒོས་བྱས་པ་བཞིན། 7མོ་པ་དང་། སྒྱུ་མ་མཁན་དང་། རྩིས་པ་རྣམས་ངའི་མདུན་དུ་འཁྲིད་ཡོང་བ་དང་། ངས་དེ་ཚོར་རྨི་ལམ་གང་མཐོང་བ་དེ་བཤད་ཀྱང་། དེ་ཚོས་རྨི་ལམ་གྱི་དོན་འགྲེལ་བཤད་མ་ཐུབ་བོ། 8དེ་ནས་དྷ་ནི་ཨེལ་ངའི་རྩར་ཡོང་ནས། (ཁོའི་མིང་ལ་བྷེལ་ཏེ་ཤ་ཛར་ཡང་ཟེར་གྱི་ཡོད་པ་ཡིན་ནོ། མིང་དེ་ནི་ངའི་ལྷ་རྟེན་གྱི་མིང་ནས་བཏགས་པ་ཡིན་ནོ།) ཁོའི་ནང་དུ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཡོད་པའི་ཁྱེན་གྱིས། ངས་ཁོ་ལ་རང་གི་རྨི་ལམ་གྱི་སྐོར་ལ་བཤད་པ་ཡིན་པས། 9ངས་ཁོ་ལ། ཀྱེ་བྷེལ་ཏེ་ཤ་ཛར། མངོན་ཤེས་མཁན་རྣམས་ཀྱི་གཙོ་བོ། དཀོན་མཆོག་གི་དམ་པའི་ཐུགས་ཉིད་དེ་ཁྱོད་ཀྱི་ནང་དུ་གནས་ཡོད་པས། ཁྱོད་ཀྱིས་གསང་དོན་ཚང་མ་རྟོགས་ཐུབ་པ་དེ་ངས་ཤེས་ཀྱི་ཡོད། ངས་མཐོང་བའི་རྨི་ལམ་ནི་གཤམ་གསལ་ལྟར་ཡིན་པས། ང་ལ་དེའི་དོན་འགྲེལ་ཤོད་དགོས་ཅེས་སྨྲས་པ་ཡིན་ནོ། 10ང་ཉལ་བའི་སྐབས་རྨི་ལམ་དུ་ས་གཞིའི་དབུས་སུ་ངས་ཤིང་སྡོང་ཆེན་པོ་ཞིག་མཐོང་བྱུང་། 11ཤིང་སྡོང་དེ་ནི་ཇེ་ཆེར་ཕྱིན་ཏེ། མཐར་ནམ་མཁར་ཐུག་པས། འཇིག་རྟེན་གྱི་མི་རིགས་ཚང་མས་དེ་མཐོང་ཐུབ་པ་ཞིག་ཆགས་པ་དང་། 12དེའི་ལོ་འདབ་མཛེས་ཤིང་། དེར་ས་གཞིའི་མི་རིགས་ཚང་མས་ཟ་ནའང་ལྡང་ངེས་བཞིན་པའི་ཤིང་འབྲས་མང་པོ་སྨིན་པ་དང་། དེའི་སིལ་གྲིབ་འོག་ཏུ་ནགས་ཀྱི་གཅན་གཟན་རྣམས་གནས་སྡོད་བྱས་པ་དང་། དེའི་ཡལ་གར་བྱ་དང་བྱིའུ་རྣམས་ཀྱིས་མཚང་བཟོས་པ་དང་། སྲོག་ཆགས་འདྲ་མིན་སྣ་ཚོགས་ཀྱིས་དེའི་འབྲས་བུ་ལས་བཟས་སོ། 13ངས་ཞལ་གཟིགས་དེའི་སྐོར་ལ་བསམ་བློ་གཏོང་བཞིན་བསྡད་ཡོད་པའི་སྐབས་སུ། ངས་མཐོ་རིས་ནས་ཕོ་ཉ་གྲུང་པོ་དང་དོགས་ཟོན་ཅན་ཞིག་མར་བབ་བཞིན་པ་མཐོང་བྱུང་། 14དེས་སྐད་ཤུགས་ཆེན་པོས་བརྗོད་གསལ། ཤིང་སྡོང་དེའི་ཡལ་ག་དང་བཅས་པ་ཆོད་ཅིག། དེའི་ལོ་མ་རྣམས་སྤྲུགས་ནས་འབྲས་བུ་རྣམས་གཏོར་ཞིག དེའི་འོག་ཏུ་གནས་པའི་སེམས་ཅན་དང་དེའི་ཡལ་ག་ནས་བྱ་རྣམས་འདེད་ཅིག 15འོན་ཀྱང་བཅད་འཕྲོས་ལུས་པའི་སྡོང་པོའི་རྩ་བ་དེ་ལ་ལྕགས་དང་ལིའི་ཤན་བརྒྱབ་ནས་ཐང་ཀར་རྩའི་ཁྲོད་དུ་བཞག་དགོས། ནམ་མཁའི་ཟིལ་པ་མི་དེའི་སྟེང་དུ་འཕོག་བཅུག་པ་དང་། ཁོ་ལ་དུད་འགྲོ་སེམས་ཅན་དང་རྩ་ཤིང་སྣ་ཚོགས་ཀྱི་དཀྱིལ་དུ་གནས་བཅུག་ཅིག 16ཁོ་ལོ་བདུན་བར་དུ་མིའི་བསམ་ཤེས་དང་བྲལ་ཏེ། དུད་འགྲོའི་བསམ་ཤེས་བཞིན་དུ་གནས་དགོས་རྒྱུ་ཡིན། 17དེ་ནི་གྲུང་པོ་དང་དོགས་ཟོན་ཅན་ཕོ་ཉ་དེས་ཐག་གཅོད་གནང་བ་ཡིན་པས། ད་ཕྱིན་ས་ཕྱོགས་ཀུན་གྱི་མི་ཚང་མས་ཤེས་རྟོགས་བྱེད་དགོས་པ་དེ་གང་ཡིན་ཟེར་ན། མིའི་རྒྱལ་ཁབ་རྣམས་ཀྱི་ཐོག་ཏུ་བླ་མེད་དཀོན་མཆོག་གིས་དབང་སྒྱུར་མཛད་ཐུབ་པ་མ་ཟད། ཁོང་གིས་རྒྱལ་ཁབ་དེ་དག་ཉིད་ཀྱི་ཐུགས་འདོད་བཞིན་དུ་སྐྱེ་བོ་སུ་ཞིག་ལའང་གནང་བར་སྲིད། སྐྱེ་བོ་སྣང་ཆུང་ཀུན་ལས་ཕལ་པ་ཞིག་ཡིན་ཀྱང་། དེ་ལའང་རྒྱལ་སྲིད་གནང་བར་སྲིད་པ་ཡིན་ནོ། 18རྒྱལ་པོས། ངས་མཐོང་བའི་རྨི་ལམ་ནི་དེ་ལྟར་ཡིན་པས། ད་བྷེལ་ཏེ་ཤ་ཛར་ཁྱོད་ཀྱིས་ང་ལ་དེའི་དོན་འགྲེལ་ཤོད་དགོས། ངའི་གྲོས་དཔོན་མཁས་པ་སུས་ཀྱང་དེའི་དོན་བཤད་མ་ཐུབ་མོད། འོན་ཀྱང་ཁྱོད་ཀྱིས་བཤད་ཐུབ་པ་ཡོད། གང་ལ་ཟེར་ན། དམ་པའི་དཀོན་མཆོག་གི་ཐུགས་ཉིད་དེ་ཁྱོད་ཀྱི་ནང་དུ་གནས་ཡོད་པས་ཕྱིར་རོ་ཞེས་གསུངས་སོ༎

དྷ་ནི་ཨེལ་གྱིས་རྨི་ལམ་གྱི་དོན་འགྲེལ་བཤད་པ།

19དེ་ནས་དྷ་ནི་ཨེལ་ལམ་བྷེལ་ཏེ་ཤ་ཛར་ནི་ཧ་ཅང་འཇིགས་ཏེ། ཡུན་ཙམ་རིང་དུ་གང་ཡང་བརྗོད་མ་ཐུབ་པར་གནས་པ་དང་། རྒྱལ་པོས་ཁོ་ལ། རྨི་ལམ་དེ་དང་དེའི་དོན་འགྲེལ་གྱི་ཁྱོད་ལ་འཇིགས་མི་བཅུག་ཅིག་ཅེས་གསུངས་པ་དང་། ལན་དུ་བྷེལ་ཏེ་ཤ་ཛར་གྱིས། རྨི་ལམ་དེ་ནི་རྒྱལ་པོ་ཁྱེད་ཀྱི་སྐོར་ལ་མ་ཡིན་པར། ཁྱེད་ཀྱི་དགྲ་བོའི་སྐོར་ལ་བྱུང་བ་ཡིན་ན་ཅི་མ་རུང་། 20ནམ་མཁའ་བར་དུ་བསླེབས་པའི་ཤིང་སྡོང་རིང་ལ་ས་གཞིའི་མི་རིགས་ཚང་མས་མཐོང་ཐུབ་པ་དང་། 21དེའི་ལོ་འདབ་མཛེས་ཤིང་། དེའི་ཤིང་འབྲས་འཕེལ་ཏེ་འཇིག་རྟེན་གྱི་མི་ཚང་མས་ཟ་ནའང་ལྡང་ངེས་བཞིན་པ་ཡོད་དང་། དེའི་འོག་ཏུ་ནགས་ཀྱི་སེམས་ཅན་རྣམས་གནས་ཏེ། དེའི་ཡལ་གར་བྱ་བྱིའུས་མཚང་བཟོས་ཡོད་དོ། 22ཀྱེ་རྒྱལ་པོ་ཆེན་པོ། ཤིང་སྡོང་རིང་ལ་སྟོབས་ཆེ་བ་དེ་ནི་རྒྱལ་པོ་རང་ཉིད་ཡིན་ཅིང། ཁྱེད་ཀྱི་མངའ་ཐང་མཐོ་ཞིང་ནམ་མཁར་བསླེབས་པ་ལྟ་བུར་འགྱུར་ཞིང། སྐུ་ཉིད་ཀྱི་དབང་ཐང་ནི་འཇིག་རྟེན་ཡོངས་སུ་ཁྱབ་ནས་ཡོད་པ་ཡིན། 23ཁྱེད་ཀྱིས་གཟིགས་བཞིན་བཞུགས་ཡོད་པའི་སྐབས་སུ་མཐོ་རིས་ནས་ཕོ་ཉ་ཞིག་བྱུང་ནས། ཤིང་སྡོང་དེ་བཅད་ནས་རྩ་མེད་བཏང་ཞིང་། བཅད་འཕྲོས་ལུས་པའི་ཤིང་སྡོང་གི་དུམ་བུ་དེ་ལ་ལྕགས་དང་ལིའི་ཤན་བརྒྱབ་ནས་ཐང་ཀར་རྩའི་དཀྱིལ་དུ་བཞག་པ་དང་། ནམ་མཁའི་ཟིལ་པས་མི་དེ་འབང་ཞིང་། དེ་ནི་ལོ་བདུན་བར་དུ་དུད་འགྲོ་དང་མཉམ་དུ་གནས་དགོས་པར་འགྱུར་ཞེས་སྨྲས་པ་ཡིན་ནོ། 24ཀྱེ་རྒྱལ་པོ་ཆེན་པོ། དེའི་དོན་ནི་འདི་ལྟར་ཡིན་ནོ། བླ་ན་མེད་པའི་དཀོན་མཆོག་གིས་མ་འོངས་པར་རྒྱལ་པོ་ཁྱེད་ཀྱི་ཐོག་ཏུ་གང་བྱུང་བའི་སྐོར་ལ་གསལ་བསྒྲགས་གནང་བ་ཡིན་ཅིང་། 25ཁྱེད་ནི་མི་སྡེའི་ཁྲོད་ནས་མཐར་སྐྲོད་ཡོང་རྒྱུ་མ་ཟད། ནགས་ཀྱི་དུད་འགྲོ་དང་མཉམ་དུ་གནས་དགོས་ཤིང་། ལོ་བདུན་བར་དུ་ཁྱེད་ནི་བ་གླང་བཞིན་དུ་རྩ་ཟ་དགོས་རྒྱུ་དང་། ཁྱེད་ནི་ཐང་སྟོང་ཁུལ་དུ་ཉལ་དགོས་ཤིང། གནམ་གྱི་ཟིལ་པས་འབང་དགོས་རྒྱུ་ཡིན་པ་དང། དེ་ནས་བླ་མེད་དཀོན་མཆོག་གིས་མིའི་རྒྱལ་ཁབ་ཀུན་གྱི་ཐོག་ཏུ་དབང་བསྒྱུར་མཛད་ཐུབ་པ་དང་། ཁོང་རང་ཉིད་ཀྱིས་ཐུགས་འདོད་གནང་བའི་སྐྱེ་བོ་སུ་འདྲ་ཞིག་ལའང་རྒྱལ་ཁབ་དེ་ཚོ་གནང་སྲིད་པ་དེ་ལ་ཁྱེད་ཀྱིས་ངོས་ལེན་གནང་བར་འགྱུར། 26བཅད་འཕྲོས་ལུས་པའི་ཤིང་སྡོང་གྱི་རྩ་བ་ཐང་ལ་བཞག་ཡོད་པའི་དོན་ནི། དཀོན་མཆོག་གིས་འཇིག་རྟེན་ཀུན་ལ་རྒྱལ་སྲིད་སྐྱོང་ནུས་པ་དེར་ཁྱེད་ཀྱིས་ངོས་ལེན་གནང་བའི་རྗེས་སུ། སྐུ་ཉིང་སླར་ཡང་རྒྱལ་པོ་གནང་རྒྱུ་ཡིན། 27དེ་བས་ན་རྒྱལ་པོ་ཁྱེད་ཀྱིས་སྡིག་པའི་ལས་རྣམས་སྤངས་ཏེ་ངས་གང་སྨྲས་པའི་གཏམ་ལ་གསན་ནས། ཉམ་ཐག་རྣམས་ལ་སྙིང་རྗེ་གནང་རྒྱུ་ལ་སོགས་པའི་མཛད་བཟང་འབའ་ཞིག་གནང་ན། སྐུ་ཉིད་ཀྱི་མཛད་དོན་ཀུན་ལ་ལམ་འགྲོ་ཡར་རྒྱས་ཡོང་ངེས་སོ་ཞེས་ཞུས་སོ། 28གོང་གསལ་གནས་ཚུལ་དེ་དག་རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱི་ཐོག་ཏུ་ཆ་ཚང་བྱུང་ངོ། 29དེ་ནས་ལོ་གཅིག་འཁོར་བའི་རྗེས་ལ། བྷེ་བྷི་ལོན་དུ་ཡོད་པའི་རང་གི་ཕོ་བྲང་གི་ཐོག་ཏུ་ཕར་ཚུར་འགྲོ་བཞིན་པའི་སྐབས་སུ། 30ཁོང་གིས། ལྟོས་དང་བྷེ་བྷི་ལོན་ནི་ཇི་ལྟར་རླབས་ཆེན་འདུག ངས་རང་གི་གཟི་བརྗིད་དང་མཐུ་སྟོབས་སྟོན་པའི་ཕྱིར་དུ་བྷེ་བྷི་ལོན་དེ་རང་གི་རྒྱལ་ས་བཟོས་པ་ཡིན་ཞེས་སྨྲས་སོ། 31རྒྱལ་པོའི་ཞལ་ནས་གཏམ་དེ་མ་རྫོགས་པའི་སྔོན་དུ་མཐོ་རིས་ནས་སྒྲ་ཞིག་བྱུང་ཞིང་། དེས་ཀྱེ་རྒྱལ་པོ་ནེ་བུ་ཀད་ནེ་ཛར། ངས་གང་སྨྲས་པ་དེ་ལ་ཚུར་ཉོན་ཞིག། ད་ཁྱོད་ལས་རྒྱལ་པོའི་དབང་ཆ་དེ་ལེན་ཟིན་པ་དང། 32ཁྱོད་ནི་མི་སྡེའི་ཁྲོད་ནས་ཐར་སྐྲོད་གཏོང་རྒྱུ་ཡིན་པ་དང་། ནགས་ཀྱི་དུད་འགྲོ་རྣམས་དང་མཉམ་དུ་གནས་སྡོད་བྱེད་དགོས་ཏེ། བ་གླང་བཞིན་དུ་ལོ་བདུན་བར་དུ་རྩ་ཟ་དགོས་པར་འགྱུར། དེ་རྗེས་བླ་མེད་དཀོན་མཆོག་གིས་མིའི་རྒྱལ་ཁབ་ཚོའི་ཐོག་ཏུ་སྐུ་དབང་མཛད་ཐུབ་པ་མ་ཟད། རྒྱལ་ཁབ་དེ་དག་ཁོང་གི་ཐུགས་འདོད་གནང་བའི་སྐྱེ་བོ་སུ་འདྲ་ཞིག་ལའང་གནང་སྲིད་པ་དེ་ལ་ཁྱོད་ཀྱིས་ངོས་ལེན་བྱེད་པར་འགྱུར་ཅེས་གསུངས་སོ། 33གཏམ་དེ་ལམ་སང་འགྲུབ་བོ། རྒྱལ་པོ་མི་སྡེའི་ཁྲོད་ནས་ཐར་སྐྲོད་བྱུང་སྟེ། བ་གླང་བཞིན་དུ་རྩ་ཟ་དགོས་པ་དང་། ཁོང་གི་སྟེང་དུ་ཟིལ་པ་བབས་ཏེ། སྐྲ་རིང་ཞིང་བྱ་གླག་གི་སྤུ་དང་འདྲ་བ། དེ་བཞིན་སེན་མོའང་བྱའི་སྡེར་མོ་བཞིན་དུ་རིང་པོར་ཆག་གོ།

རྒྱལ་པོ་ནེ་བུ་ཀད་ནེ་ཛར་གྱིས་དཀོན་མཆོག་ལ་བསྟོད་བསྔགས་འབུལ་བ།

34དེ་ནས་རྒྱལ་པོས་གསུངས་པ། ལོ་བདུན་གྱི་རྗེས་སུ་ངས་ནམ་མཁར་བལྟས་པ་དང་ངའི་དྲན་པ་ཕྱིར་རྙེད་བྱུང། དུས་རྒྱུན་དུ་བཞུགས་པའི་བླ་མེད་དཀོན་མཆོག་ལ་ངས་བསྟོད་བསྔགས་དང་གུས་བཏུད་དང་གཟི་བརྗིད་འབུལ་བ་ཡིན་ཞེས་གསུངས་སོ། ཁོང་གི་དུས་རྒྱུན་དུ་རྒྱལ་སྲིད་སྐྱོང་ཞིང་། དེ་ནི་དུས་མཐའ་མེད་བར་དུ་གནས་པར་འགྱུར། 35ཁོང་གི་སྤྱན་སྔར་འཇིག་རྟེན་གྱི་མི་རྣམས་ནི་ཐོང་ཆུང་ལགས་ཏེ། མཐོ་རིས་ཀྱི་ཕོ་ཉ་དང་ས་གཞིའི་མི་རྣམས་ཁོང་གིས་མངའ་འོག་ཏུ་ཡོད་ཅིང་། སུས་ཀྱང་ཁོང་གི་ཐུགས་དགོངས་ལ་འགལ་ཟླ་ཞུ་མི་ཐུབ་ཅིང་། ཁོང་གི་མཛད་འཕྲིན་དག་ལ་སུས་ཀྱང་འདྲི་རྩད་བྱེད་མི་ནུས་སོ། 36ངའི་དྲན་པ་ཕྱིར་རྙེད་པ་དང་། ངའི་མངའ་ཐང་དང་དཔལ་དང་ངའི་རྒྱལ་སྲིད་ཀྱི་གཟི་བརྗིད་བཅས་པ་ཆ་ཚང་ང་ལ་ཕྱིར་སློག་གནང་བྱུང་། ངའི་ལས་བྱེད་པ་དང་ངའི་མི་གཙོ་དྲག་རྣམས་ཀྱིས་ང་ལ་དགའ་བསུ་བྱས་ཏེ། སྔར་ལས་ཀྱང་རྩིས་ཐང་ཆེན་པོའི་སྒོ་ནས་ང་ལ་རྒྱལ་པོའི་དབང་དེ་ཕྱིར་སྤྲོད་བྱས་བྱུང་། 37ད་ང་ནེ་བུ་ཀད་ནེ་ཛར་གྱིས་མཐོ་རིས་ཀྱི་མངའ་བདག་ཆེན་པོ་དེ་ལ་བསྟོད་པ་དང་གུས་བཏུད་དང་གཟི་བརྗིད་འབུལ་གྱི་ཡོད། ཁོང་གི་མཛད་འཕྲིན་ཚང་མ་དྲང་ཞིང་ཁྲིམས་དྲང་པོ་ཡིན་པ་དང་། ང་རྒྱལ་ཅན་ལ་ཁོང་གིས་དམའ་བར་མཛད་གནང་ངོ༎

དྷ་ནི་ཨེལ 5

བྷེལ་ཤ་ཛར་གྱིས་མགྲོན་ཆེན་བཤམས་པ།

1མཚན་གཅིག་རྒྱལ་པོ་བྷེལ་ཤ་ཛར་གྱིས་རང་གི་གཞུང་ཞབས་གཙོ་དྲག་སྟོང་ཕྲག་གཅིག་ལ་གསོལ་སྟོན་ཆེན་པོ་ཞིག་ཏུ་བོས་ནས། དེ་ཚོ་མཉམ་ཚོགས་ཀྱིས་རྒུན་ཆང་འཐུང་ནས་བསྡད་ཡོད་པ་དང་། 2སྐབས་དེར་བྷེལ་ཤ་ཛར་གྱིས་རང་གི་མེས་པོ་ནེ་བུ་ཀད་ནེ་ཛར་གྱིས་ཡེ་རུ་ཤ་ལེམ་གྱི་མཆོད་ཁང་ནས་འཁྱེར་ཡོང་བའི་གསེར་དང་དངུལ་གྱི་ཕོར་པ་དང་གཞོང་པ་རྣམས་དེར་འཁྱེར་ཡོང་དགོས་པའི་བཀའ་གནང་ངོ། རྒྱལ་པོས་དེ་ལྟར་བཀའ་གནང་དགོས་དོན་ནི། རྒྱལ་པོ་རང་ཉིད་དང་། ཁོང་གི་མི་སྣ་གཙོ་དྲག་དང། རང་གི་ཆུང་མ་རྣམས་དང་། རང་གི་ཟུར་གྲོགས་མ་རྣམས་ཀྱིས་དེ་དག་ལས་འཐུང་བའི་ཕྱིར་ཡིན་ནོ། 3དེ་མ་ཉིད་དུ་གསེར་གྱི་ཕོར་པ་དང་གཞོང་པ་རྣམས་འཁྱེར་ཡོང་ནས་དེ་ཚོ་ཚང་མས་སྣོད་དེ་དག་ནང་འཐུང་བ་དང་། 4གསེར་དང་། དངུལ་དང་། ལི་དང་ལྕགས་དང་། ཤིང་དང་རྡོ་ལས་བཟོས་པའི་ལྟ་རྟེན་སོགས་ལ་བསྟོད་བསྔགས་བྱས་སོ། 5དེ་ནས་བློ་བུར་དུ་མིའི་ལག་པ་ཞིག་བྱུང་ནས། དེས་རྩིག་པའི་ལྡེབས་ལོགས་ལ་ཡི་གེ་བྲིས་སོ། རྩིག་པའི་ལྡེབས་ལེགས་དེར་ཞུན་མར་འབར་བའི་འོད་སྣང་གསལ་པོར་འཕོག་བཞིན་ཡོད་པས། ཡི་གེ་འབྲི་བཞིན་པའི་ལག་པ་དེ་རྒྱལ་པོས་གཟིགས་པ་དང་། 6ཁོང་གི་ཞལ་མདངས་སེར་པོར་འགྱུར་ཞིང་། ཧ་ཅང་འཇིགས་ནས་པུས་མོ་འདར་བ་དང་། 7རྒྱལ་པོས་གསུང་སྐད་ཆེན་པོས། སྒྱུ་མ་མཁན་དང་་སྔགས་པ་དང་སྐར་རྩིས་པ་རྣམས་བོས་ཤིག་ཅེས་བཀའ་གནང་བ་བཞིན། དེ་ཚོ་ཕོ་བྲང་ནང་དུ་བསླེབས་པ་དང་། རྒྱལ་པོས་དེ་ཚོ་ལ། སུས་ཀྱང་ཡི་གེ་དེ་ཀློག་ནས་དེའི་དོན་བཤད་ཐུབ་པ་ཡིན་ན། དེ་ལ་རྒྱལ་གོས་མུ་མན་དེ་བསྐོན་རྒྱུ་མ་ཟད། གཟེངས་བསྟོད་མཚོན་ཕྱིར་སྐེ་ལ་གསེར་གྱི་སྐེ་རྒྱན་བསྐོན་རྒྱུ་དང་། ཡང་ཡུལ་གྱི་ནང་དུ་དེ་ལ་བཀའ་བློན་རིམ་པ་གསུམ་པའི་གོ་གནས་སུ་རྩིས་པར་འགྱུར་ཞེས་གསུངས་སོ། 8དེ་ནས་རྒྱལ་པོའི་གྲོས་དཔོན་རྣམས་ཀྱི་མདུན་དུ་ཡོང་མོད། འོན་ཀྱང་སུ་ཞིག་གིས་ཀྱང་གང་བྲིས་པ་དེ་ཀློག་མ་ཐུབ་ཅིང་། རྒྱལ་པོ་ལ་དེའི་འགྲེལ་པའང་ཞུ་མ་ཐུབ་པས། 9རྒྱལ་པོའི་ཞལ་མདངས་ནི་དངངས་སྐྲག་གིས་ད་དུང་སེར་པོར་བསྒྱུར་ཞིང་། བློན་པོ་རྣམས་ཀྱང་ཅི་བྱ་གཏོལ་མེད་དུ་གནས་སོ། 10རྒྱལ་པོ་དང་ཁོང་གི་བཀའ་བློན་རྣམས་ཀྱིས་གྲོས་གཏམ་གང་བྱས་པ་དེ་རྒྱལ་ཡུམ་གྱིས་ཐོས་ཏེ། གསོལ་སྟོན་ཁང་དུ་ཕེབས་ནས། ཀྱེ་རྒྱལ་པོ་ཆེན་པོ་སྐུ་ཚེ་བརྟན་པར་ཤོག། སྐུ་ཉིད་ཐུགས་འཁྲལ་གནང་མི་དགོས། སྐུ་ཉིད་ཀྱི་ཞལ་མདངས་ནི་དངངས་སྐྲག་མི་དགོས། 11སྐུ་ཉིད་ཀྱི་རྒྱལ་ཁབ་ནང་དུ་མི་ཞིག་ཡོད་པས། དེ་དང་མཉམ་དུ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་དེ་གནས་ཡོད་པ་ཡིན། མེས་རྒྱལ་ནེ་བུ་ཀད་ནེ་ཛར་གྱིས་རྒྱལ་སྲིད་སྐྱོང་དུས། མི་དེས་དཀོན་མཆོག་དང་འདྲ་བའི་བསམ་ཤེས་བཟང་པོ་དང་། བློ་དང་ཤེས་རབ་ལྡན་པའི་རིག་རྩལ་དག་བསྟན་པ་ཡིན་པས། མེས་རྒྱལ་ཆེན་པོས། ཁོ་ལ་མོ་པ་དང་སྒྱུ་འཕྲུལ་ཅན་དང་སྔགས་པ་རྣམས་ཀྱི་གཙོ་བོར་བསྐོས་གནང་མཛད་པས། 12མི་དེའི་མིང་ལ་དྷ་ནི་ཨེལ་ཟེར་བ་དང་། རྒྱལ་པོས་གནང་བའི་མིང་གསར་པ་ནི་བྷེལ་ཏེ་ཤ་ཛར་ཞེས་ཟེར་བ་ཡིན་ཏེ། སྐྱེ་བོ་དེ་ལ་གཞན་དང་མཚུངས་མེད་པའི་མཐུ་དང་ཤེས་རབ་ཡོད་པས། ཁོས་དཀའ་རྙོག་སེལ་ཐུབ་པ་དང་། རྨི་ལམ་གྱི་དོན་རྣམས་བཤད་ཐུབ་པ་མ་ཟད། གསང་དོན་ཚང་མ་བཤད་པར་མཁས་པ་ཡིན་ནོ། དེ་བས་ན་མི་དེ་འབོད་པར་གཏོང་བ་གནང་ན། ཁོས་གནས་ཚུལ་འདི་དག་གི་གསང་དོན་ཚང་མ་གསལ་པོར་བཤད་པར་འགྱུར་ཞེས་ཞུས་སོ༎

དྷ་ནི་ཨེལ་གྱིས་རྩིག་པའི་ཡི་གེར་དོན་འགྲེལ་བཤད་པ།

13དེ་མ་ཐག་ཏུ་དྷ་ནི་ཨེལ་རྒྱལ་པོའི་དྲུང་དུ་འཁྲིད་ཡོང་བ་དང་། རྒྱལ་པོས། ངའི་མེས་པོས་ཡ་ཧུ་དཱ་ནས་འཁྲིད་ཡོང་བའི་ཡ་ཧུ་དཱ་པ་བཅན་བྱོལ་བ་དྷ་ནི་ཨེལ་ཟེར་བ་དེ་ཁྱོད་རང་ཡིན་ནམ། 14དམ་པའི་དཀོན་མཆོག་གི་ཐུགས་ཉིད་དེ་ཁྱོད་ཀྱི་ནང་དུ་ཡོད་པ་དང་། ཁྱོད་ནི་བློ་གྲོས་དང་ཤེས་རབ་ལྡན་པའི་མི་མཁས་པ་ཞིག་ཡིན་པའི་སྐོར་ངས་ཐོས་བྱུང་བས། 15རྩིག་པར་བྲིས་ཡོད་པའི་ཡི་གེ་དེ་ཀློག་ནས་དེ་ལ་དོན་འགྲེལ་བཤད་ཕྱིར་མི་མཁས་པ་དང་སྒྱུ་མ་མཁན་དང་སྔགས་པ་རྣམས་ངའི་རྩར་འཁྲིད་ཡོང་མོད། འོན་ཀྱང་དེ་ཚོས་དོན་འགྲེལ་གང་ཡང་བཤད་མ་ཐུབ་ཅིང་། 16ཁྱོད་ཀྱིས་གསང་དོན་ཚང་མ་བཤད་ཐུབ་ཀྱི་ཡོད་པའི་སྐོར་ངས་གོ་ཐོས་བྱུང་བས། ད་ཁྱོད་ཀྱིས་ཡི་གེ་དེ་ཀློག་ནས་དེའི་དོན་དེ་ང་ལ་བཤད་ཐུབ་པ་ཡིན་ན། ཁྱོད་ལ་རྒྱལ་གོས་མུ་མན་དེ་བསྐྱོན་རྒྱུ་མ་ཟད། གཟེངས་བསྟོད་མཚོན་ཕྱིར་སྐེ་ལ་གསེར་གྱི་སྐེ་རྒྱན་བསྐོན་ཏེ། ཁྱོད་ནི་ཡུལ་ནང་བཀའ་བློན་གྱི་གོ་གནས་གསུམ་པར་བསྐོ་གཞག་བྱེད་རྒྱུ་ཡིན་ཞེས་གསུངས་སོ། 17དེའི་ལན་དུ་དྷ་ནི་ཨེལ་གྱིས། ཁྱེད་ཀྱི་བྱ་དགའ་རྣམས་ནི་ཁྱེད་རང་མཉམ་དུ་བཞག་རོགས་གནང་། ཡང་ན་མི་གཞན་ལ་གནང་ནའང་ཆོག། འོན་ཀྱང་རྩིག་པར་གང་བྲིས་ཡོད་པ་དེ་ངས་ཁྱེད་ཀྱི་དོན་དུ་ཀློག་ནས་དེའི་དོན་གང་ཡིན་པ་དེ་ངས་ཁྱེད་ལ་ཞུ་གི་ཡིན། 18བླ་ན་མེད་པའི་དཀོན་མཆོག་གིས་ཁྱེད་ཀྱི་མེས་པོ་ནེ་བུ་ཀད་ནེ་ཛར་ལ་རྒྱལ་པོ་མངའ་ཐང་ཆེན་པོ་ཞིག་ཏུ་བསྐོས་པ་གནང་སྟེ། ཁོང་ལ་དབུ་འཕང་དང་དཔལ་གནང་བ་དང་། 19ཁོང་ནི་ཤིན་ཏུ་མངའ་ཐང་ཆེ་བས། མི་རིགས་འདྲ་མིན་དང་། མི་སྡེ་སྣ་ཚོགས་དང་། སྐད་རིགས་མི་གཅིག་པའི་མི་རྣམས་ཁོང་ལ་འཇིགས་ཤིང་འདར་བ་དང་། ཁོང་གིས་བསད་འདོད་གནང་བའི་མི་དེ་བསད་པ་དང་། དེ་བཞིན་གསོན་པོར་བཞག་འདོད་གནང་བའི་མི་དེ་གསོན་པོར་བཞག་པ་མ་ཟད། ཁོང་གི་ཐུགས་འདོད་བཞིན་དུ་མི་རྣམས་ལ་ཆེས་བསྟོད་དང་དམའ་འབེབས་གནང་གི་ཡོད་དོ། 20འོན་ཀྱང་ཁོང་ནི་ང་རྒྱལ་དང་རང་འདོད་ཆེ་ཞིང་སེམས་གཤིས་ངན་པའི་རྐྱེན་གྱིས། རང་གི་རྒྱལ་ཁྲི་དང་གཟེངས་བསྟོད་ཀྱི་གནས་བཅས་པ་ཤོར་དགོས་བྱུང་ཞིང་། 21ཁོང་མི་སྡེའི་ཁྲོད་ནས་ཕྱིར་སྐྲོད་བྱུང་དགོས་པ་མ་ཟད། དུད་འགྲོའི་སེམས་གཤིས་བཞིན་དུ་འགྱུར་ཏེ། ནགས་ཀྱི་བོང་བུ་རྣམས་དང་མཉམ་དུ་གནས་སྡོད་བྱས་པ་དང་། བ་གླང་བཞིན་དུ་རྩ་ཟ་དགོས་པ་བྱུང་ཞིང་། ཐང་སྟོང་ཁུལ་དུ་ཉལ་ཏེ། ནམ་མཁའི་ཟིལ་པས་གཟུགས་པོ་འབང་དགོས་པ་བྱུང་ངོ། མཐར་དཀོན་མཆོག་གིས་མིའི་རྒྱལ་ཁབ་ཀུན་གྱི་ཐོག་ཏུ་དབང་སྒྱུར་མཛད་ཐུབ་པ་མ་ཟད། ཁོང་གིས་ཐུགས་འདོད་གནང་བའི་སྐྱེ་བོ་སུ་འདྲ་ཞིག་ལའང་རྒྱལ་ཁབ་དེ་ཚོ་གནང་སྲིད་པར་ངོས་ལེན་ཞུ་དགོས་བྱུང་བ་ཡིན་ནོ། 22འོན་ཀྱང་ཁྱེད་ཁོང་གི་བུ་བརྒྱུད་ཡིན་བཞིན་དུ། གནས་ཚུལ་དེ་དག་མཁྱེན་ནས་ཀྱང་། ཁྱེད་ཀྱི་ཐུགས་སེམས་མ་དུལ་བར། 23མཐོ་རིས་ཀྱི་གཙོ་བོའི་ཐུགས་དགོངས་དང་འགལ་བའི་ལས་ཤིག་གནང་ཡོད་པ་དང་། ཁོང་གི་མཆོད་ཁང་ནས་འཁྱེར་ཡོང་བའི་ཕོར་པ་དང་གཞོང་པ་སོགས་ཁྱེད་ཀྱི་མདུན་དུ་འཁྱེར་ཡོང་ཞིང་། ཁྱེད་དང་ཁྱེད་ཀྱི་མི་སྣ་གཙོ་དྲག་ཁག་དང་། ཁྱེད་ཀྱི་ཆུང་མ་རྣམས་དང་། ཟུར་གྲོགས་མ་རྣམས་ཀྱིས་དེ་དག་ནང་རྒུན་ཆང་འཐུང་ཞིང། གསེར་དངུལ་ལི་ལྕགས། ཤིང་དང་རྡོ་ལས་བཟོས་པའི་ལྷ་རྣམས་ལ་བསྟོད་བསྔགས་བྱས་མོད། འོན་ཀྱང་ལྷ་དེ་ཚོས་ནི་མཐོང་ཐོས་ཤེས་རྟོགས་སོགས་གང་ཡང་བྱེད་མི་ཐུབ་བོ། འོན་ཀྱང་ཁྱེད་ཀྱི་སྲོག་དང་འཆི་བ་ཐག་གཅོད་མཁན་དང་། ཁྱེད་ཀྱི་མཛད་སྤྱོད་ཚང་མར་དབང་སྒྱུར་མཛད་མཁན་དཀོན་མཆོག་དེ་ལ་ཁྱེད་ཀྱིས་གུས་ཞབས་མ་ཞུས་པ་ཡིན་པས། 24ཚིག་འཕྲིན་འདི་དག་བྲིས་པའི་ཕྱིར་དཀོན་མཆོག་གིས་ལག་པ་དེ་གཏོང་གནང་མཛད་པ་ཡིན་ནོ། 25དེར་བྲིས་ཡོད་པའི་ཡི་གེའི་བརྗོད་ཚིག་ནི། གྲངས་ཀ། གྲངས་ཀ། ལྗིད་ཚད། ཆ་བགོས། བཅས་ཡིན་ནོ། 26དེའི་དོན་ནི་འདི་ལྟར་ཡིན། གྲངས་ཀ། དཀོན་མཆོག་གིས་ཁྱེད་ཀྱི་རྒྱལ་སྲིད་སྐྱོང་བའི་ཞག་དུས་མང་ཉུང་གི་ཁ་གྲངས་རྩིས་ཟིན་པ་དང། དེའི་མཐའ་མར་བསླེབས་ཡོད་པ་ཡིན་ནོ། 27ཡང་ལྗིད། ཁྱེད་རང་སྲང་ལ་ཡང་ལྗིད་བཀྱགས་ཟིན་ཏེ། ཡང་ཞིང་ལྗིད་ཚད་མ་ལོན་པ་ཡིན་ནོ། 28ཆ་བགོས་ཀྱི་དོན་ནི། ཁྱེད་ཀྱི་རྒྱལ་ཁབ་ནི་ཆ་བགོས་བརྒྱབ་སྟེ། མ་དཱ་པ་དང་པར་ཤི་ཡའི་ཡུལ་མི་རྣམས་ལ་བགོས་ཟིན་པ་ཡིན་ནོ། 29དེ་ནས་བློ་བུར་དུ་རྒྱལ་པོ་བྷེལ་ཤ་ཛར་གྱིས་རང་གི་འཁོར་གཡོག་རྣམས་ལ། དྷ་ནི་ཨེལ་ལ་ཆེས་བསྟོད་ཞུ་ཕྱིར་རྒྱལ་གོས་མུ་མན་དེ་དང་སྐེ་ལ་གཟེངས་བསྟོད་ཀྱི་གསེར་གྱི་སྐེ་རྒྱན་བསྐོན་ཞིག་ཅེས་བཀའ་གནང་ནས། ཁོང་གིས་དྷ་ནི་ཨེལ་ལ་ཡུལ་གྱི་བཀའ་བློན་གོ་རིམ་གསུམ་པར་བསྐོ་གཞག་གནང་ངོ། 30དེ་རྗེས་མཚན་མོ་དེ་རང་ལ་བྷེ་བྷི་ལོ་ནི་ཡའི་རྒྱལ་པོ་བྷེལ་ཤ་ཛར་བསད་དེ། 31མ་དཱའི་ཡུལ་གྱི་རྒྱལ་པོ་དྷ་རི་ཡསེ་ཀྱིས་རྒྱལ་སྲིད་དེ་དབང་བསྒྱུར་བྱས་པ་དང་། སྐབས་དེར་རྒྱལ་པོ་དེ་ནི་རང་ལོ་དྲུག་ཅུ་རེ་གཉིས་ལོན་ཡོད་པ་ཡིན་ནོ༎

དྷ་ནི་ཨེལ 6

དྷ་ནི་ཨེལ་ལ་སེང་གའི་ཚང་དུ་བཅུག་པ།

1དེ་ནས་རྒྱལ་པོ་དྷ་རི་ཡསེ་རང་གི་རྒྱལ་ཁམས་ཡོངས་སུ་སྲིད་ཚབ་ ༡༢༠ བསྐོ་གཞག་བྱས་པར་ཐག་བཅད་པ་རེད། 2འདི་ཐོག་སྲིད་ཚབ་རྣམས་ཀྱི་ལས་དོན་དང་རྒྱལ་པོའི་བདེ་དོན་ལ་བལྟ་རྟོགས་བྱེད་ཕྱིར་དྷ་ནི་ཨེལ་དང་མི་གཞན་དག་གཉིས་ལ་འདེམས་བསྐོས་བྱས་སོ། 3དྷ་ནི་ཨེལ་ནི་བལྟ་རྟོགས་བྱེད་མཁན་གཞན་གཉིས་ཡང་ན་སྲིད་ཚབ་ཚོ་ལས་ཀྱང་ལས་ཀ་ཡག་ག་བྱེད་ཀྱི་ཡོད་པ་ཡིན་པས། རྒྱལ་པོས་ཁོང་ལ་རྒྱལ་ཁམས་ཡོངས་ཀྱི་བལྟ་རྟོགས་བྱེད་མཁན་དུ་བསྐོ་གཞག་གནང་རྒྱུ་དགོངས་པ་བཞེས་སོ། 4དེ་ནས་བལྟ་རྟོགས་བྱེད་མཁན་གཞན་ཚོ་དང་སྲིད་ཚབ་ཚོས་དྷ་ནི་ཨེལ་གྱི་གཞུང་འབྲེལ་ལས་དོན་བྱེད་ཚུལ་སྐོར་ལ་སྐྱོན་བརྗོད་བྱེད་པའི་ཐབས་བཙལ་ཀྱང་། དེ་ཚོས་སྐྱོན་འཛུགས་གང་ཡང་བྱེད་མ་ཐུབ་བོ། གང་ལགས་ཟེར་ན། དྷ་ནི་ཨེལ་ནི་བློས་འཁེལ་པོ་ཞིག་ཡིན་པས། རང་གི་ལས་དོན་ལ་ནོར་འཁྲུལ་དང་གཡོ་ཐབས་སོགས་ནམ་ཡང་མི་བྱེད་དོ། 5དེ་ཚོས་ནང་ཁོངས་སུ། ད་ང་ཚོས་དྷ་ནི་ཨེལ་གྱི་ཆོས་དོན་སྐོར་ལ་སྐྱོན་བརྗོད་ཅིག་བྱེད་ཐུབ་ན་མ་གཏོགས། དེ་མིན་ཐབས་ཤེས་གང་འདྲ་ཞིག་གི་སྒོ་ནས་ཀྱང་སྐྱོན་འཛུགས་བྱེད་མི་ཐུབ་བོ་ཞེས་སྨྲས་སོ། 6དེར་བརྟེན་ཁོ་ཚོ་རྒྱལ་པོའི་དྲུང་དུ་བཅར་ནས། ཀྱེ་རྒྱལ་པོ་ཆེན་པོ་དྷ་རི་ཡསེ་སྐུ་ཚེ་བརྟན་པོར་ཤོག 7ཁྱེད་ཀྱིས་ཡུལ་དུ་སྲིད་སྐྱོང་བྱེད་ཕྱིར་བསྐོ་གཞག་མཛད་པའི་ང་ཚོ་བལྟ་རྟོགས་བྱེད་མཁན་རྣམས་དང་། སྲིད་ཚབ་རྣམས་དང་། སྲིད་ཚབ་ལས་རོགས་རྣམས་དང་། དེ་བཞིན་གཞན་ལས་བྱེད་པ་བཅས་ནས་ཐུན་མོང་གིས་གྲོས་འཆར་ཞིག་ཞུ་རྒྱུ་ཡོད། དེ་གང་ཡིན་ཞུས་ན། རྒྱལ་པོ་ཁྱེད་ཀྱིས་བཀའ་རྒྱ་ཞིག་གཏན་འབེབས་གནང་དུ་གསོལ། བཀའ་རྒྱ་དེའི་ནང་དུ་རྒྱལ་པོ་ཁྱེད་ལ་མ་གཏོགས་ལྷའམ་མི་སུ་འདྲ་ཞིག་ལའང་ཉིན་ཞག་སུམ་ཅུའི་རིང་དུ་སྨོན་ལམ་ཞུ་མི་ཆོག་པ་དང་། གལ་ཏེ་སུ་ཞིག་གིས་བཀའ་རྒྱ་དེ་ལ་རྩིས་མེད་ཞུས་པ་ཡིན་ན། དེ་ནི་སེང་གེའི་དོང་ནང་དུ་དབྱུགས་རྒྱུ་ཡིན་ཞེས་འཁོད་དགོས། 8དེར་བརྟེན་རྒྱལ་པོས་གོང་གསལ་ལྟར་བཀའ་རྒྱ་ཞིག་གཏན་འབེབས་གནང་ནས་དེ་ལ་མཚན་རྟགས་སྐྱོན་པ་གནང་ན། དེ་ནི་མ་དཱ་པ་དང་པར་ཤི་ཡའི་ཡུལ་ཁྲིམས་འགྱུར་བཀོད་མ་ཐུབ་པ་ཞིག་ཏུ་འགྱུར་རྒྱུ་ཡིན་ནོ་ཞེས་ཞུས་པ་དང་། 9དེར་བརྟེན་རྒྱལ་པོ་དྷ་རི་ཡསེ་ཀྱིས་བཀའ་ཤོག་དེ་ལ་མཚན་རྟགས་བརྒྱབ་བོ། 10དྷ་ནི་ཨེལ་གྱིས་བཀའ་རྒྱ་དེ་ལ་མཚན་རྟགས་འཁོད་ཟིན་པའི་སྐོར་ཐོས་པ་དང་ཁོང་རང་གི་ཁང་ཁྱིམ་དུ་ལོག་གོ ཁོང་གི་ཁང་མིག་སྟེང་ཐོག་གི་སྒེ་ཁུང་རྣམས་ནི་ཡེ་རུ་ཤ་ལེམ་གྱི་ཕྱོགས་སུ་བསྟན་ནས་བཟོས་ཡོད་པ་དང་། དེར་ཁོང་གིས་སྒེ་ཁུང་ཕྱེས་ནས་དུས་རྒྱུན་བཞིན་དུ་པུས་མོ་བཙུགས་ཏེ། དཀོན་མཆོག་ལ་ཉིན་རེར་ལན་གསུམ་རེ་སྨོན་ལམ་འདེབས་སོ། 11དྷ་ནི་ཨེལ་གྱིས་དཀོན་མཆོག་ལ་སྨོན་ལམ་འདེབས་བཞིན་པ་ཁོང་གི་དགྲ་བོས་མཐོང་བ་དང། 12དེ་ཚོ་ཚང་མ་དྷ་ནི་ཨེལ་ལ་སྐྱོན་འཛུགས་བྱེད་ཕྱིར་ལྷན་ཅིག་ཏུ་རྒྱལ་པོའི་དྲུང་དུ་བཅར་ནས། དེ་ཚོས། ཀྱེ་རྒྱལ་པོ་ཆེན་པོ། ཉིན་ཞག་སུམ་ཅུའི་རིང་དུ་སུས་ཀྱང་ཁྱེད་ལ་མ་གཏོགས་ལྷ་དང་མི་སུ་འདྲ་ཞིག་ལའང་སྨོན་ལམ་ཞུ་མི་ཆོག་པ་དང། གལ་སྲིད་དེ་ལྟར་བྱས་པ་ཡིན་ན། མི་དེ་སེང་གེའི་དོང་ནང་དུ་དབྱུགས་དགོས་པའི་བཀའ་ཁྲིམས་གནང་བ་མ་ཡིན་ནམ་ཞེས་ཞུས་པ་དང་། རྒྱལ་པོས། དེ་ནི་བདེན་པ་ཡིན། བཀའ་རྒྱ་དེ་ནི་བཙན་ཞིང་བརྟན་པོ་ཡིན་པས། མ་དྷ་པ་དང་པར་ཤི་ཡའི་ཡུལ་ཁྲིམས་འགྱུར་བཀོད་མེད་པ་དེ་ཡིན་ནོ་ཞེས་གསུངས་སོ། 13དེ་ནས་དེ་ཚོས་རྒྱལ་པོ་ལ། ཡ་ཧུ་དཱ་ནས་ཡོང་བའི་བཙན་བྱོལ་བ་མིང་ལ་དྷ་ནི་ཨེལ་ཟེར་བ་དེས་རྒྱལ་པོ་ཁྱེད་ལ་བརྩི་གུས་མ་ཞུས་པ་མ་ཟད། ཁྱེད་ཀྱིས་གཏན་འབེབས་མཛད་པའི་བཀའ་རྒྱ་དེ་ལའང་སྲུང་རྩིས་མ་ཞུས་པར། ཉིན་རེར་ལན་གསུམ་རེ་སྨོན་ལམ་འདེབས་ཀྱི་འདུག་ཅེས་ཞུས་སོ། 14གནས་ཚུལ་དེ་ཐོས་ནས་རྒྱལ་པོ་ཧ་ཅང་ཐུགས་འཁྲུགས་ཤིང་། དགོང་དྲོ་ཉི་མ་མ་ནུབ་བར་དུ་ཁོང་གི་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་དྷ་ནི་ཨེལ་ལ་སྐྱབས་ཐབས་གནང་ངོ་། 15དེ་ནས་དྷ་ནི་ཨེལ་གྱི་དགྲ་བོ་ཚོ་རྒྱལ་པོའི་དྲུང་དུ་བཅར་ནས་ཞུས་པ་། མ་དཱ་པ་དང་པར་ཤི་ཡའི་ཁྲིམས་སྲོལ་ལྟར་རྒྱལ་པོའི་ལན་གཅིག་བཀའ་གནང་བ་དེ་ནམ་ཡང་འགྱུར་བཀོད་བྱེད་རྒྱུ་མེད་པ་དེ་ནི་ཁྱེད་ཀྱིས་མཁྱེན་གསལ་ཡིན་ནོ། 16དེར་བརྟེན་རྒྱལ་པོས་དྷ་ནི་ཨེལ་ལ་འཛིན་བཟུང་བྱས་ནས་སེང་གའི་དོང་ནང་དུ་དབྱུགས་དགོས་པའི་བཀའ་གནང་ངོ། ཁོང་གིས་དྷ་ནི་ཨེལ་ལ། རྒྱུན་དུ་ཁྱོད་ཀྱིས་དད་གུས་ཆེན་པོས་བསྙེན་བཀུར་ཞུས་པའི་དཀོན་མཆོག་དེས་ཁྱོད་ལ་སྐྱོབ་པར་ཤོག་ཅེས་གསུངས། 17སེང་གེའི་ཚང་དོང་གི་སྒོ་རུ་རྡོ་ཆེན་པོ་ཞིག་བཞག་ནས། དྷ་ནི་ཨེལ་ལ་སུས་ཀྱང་སྐྱོབ་མི་ཐུབ་པའི་ཕྱིར་རྒྱལ་པོས་ཉིད་ཀྱི་ཕྱག་དམ་དང་མི་སྣ་གཙོ་དྲག་ཁག་གིས་ཀྱང་རང་རང་སོ་སོའི་ཐེ་ཙེ་རྡོ་དེའི་ཁར་བརྒྱབས་སོ། 18དེ་རྗེས་རྒྱལ་པོ་རང་གི་ཕོ་བྲང་དུ་ཕེབས་ཏེ། གསོལ་བ་དང་གླུ་གར་ལ་སོགས་པའི་སྤྲོ་སེང་དག་སྤངས་ནས་མཚན་གང་གཉིད་མེད་པར་བཞུགས་སོ། 19སྔ་དྲོ་ནམ་ལངས་སྐབས་སུ་རྒྱལ་པོ་ཡར་བཞེངས་ནས་མགྱོགས་པོར་སེང་གེའི་ཚང་དོང་དུ་ཕེབས་ནས། 20ཐུགས་འཕྲལ་ཆེན་པོས། ཀྱེ་དྷ་ནི་ཨེལ། གསོན་པོའི་དཀོན་མཆོག་གི་ཞབས་ཏོག་པ། ཁྱོད་ཀྱིས་རྒྱུན་དུ་དད་གུས་ཆེན་པོས་བསྙེན་བཀུར་ཞུས་པའི་དཀོན་མཆོག་དེས་ཁྱོད་ལ་སེང་གེ་ལས་སྲུང་སྐྱོབ་གནང་ཐུབ་སོང་ངམ་ཞེས་བཀའ་འདྲི་གནང་བས། 21ལན་དུ་དྷ་ནི་ཨེལ་གྱིས། ཀྱེ་རྒྱལ་པོ་ཆེན་པོ་སྐུ་ཚེ་བརྟན་པར་ཤོག། 22སེང་གེས་ང་ལ་གནོད་སྐྱོན་གཏོང་མ་ཐུབ་པའི་ཕྱིར་དཀོན་མཆོག་གིས་ཉིད་ཀྱི་ཕོ་ཉ་གཏོང་བ་གནང་ནས་སེང་གེའི་ཁ་བཀག་པ་གནང་བྱུང་། ང་ལ་གནོད་ཉེས་མེད་པ་དང་། ངས་རྒྱལ་པོ་ཁྱེད་ལ་གནོད་པའི་ལས་སོགས་གང་ཡང་བྱས་མེད་པ་དེ་ཁོང་གིས་མཁྱེན་ནས་དེ་བཞིན་གནང་བ་ཡིན་ཞེས་ཞུས་སོ། 23དེ་ནས་རྒྱལ་པོ་ཤིན་ཏུ་ཐུགས་མཉེས་ཏེ། དྷ་ནི་ཨེལ་ལ་སེང་གེའི་ཚང་དོང་ནས་ཡར་འདོན་དགོས་པའི་བཀའ་གནང་བ་བཞིན། དེ་ཚོས་ཁོང་ལ་དོང་ནས་ཡར་བཏོན་པ་དང་། ཁོང་ལ་རྨས་སྐྱོན་སོགས་གང་ཡང་བྱུང་མེད་པ་ཡིན་ནོ། གང་ལ་ཟེར་ན། ཁོང་གིས་དཀོན་མཆོག་ལ་བློ་བཅོལ་ཡོད་པས་ཕྱིར་རོ། 24དེ་ནས་རྒྱལ་པོས་དྷ་ནི་ཨེལ་ལ་སྐྱོན་འཛུགས་བྱེད་མཁན་ཚང་མ་འཛིན་བཟུང་དགོས་པའི་བཀའ་གནང་བས་། དེ་ཚོའི་ཆུང་མ་བུ་ཕྲུག་དང་བཅས་པ་སེང་གེའི་ཚང་དོང་དུ་དབྱུགས་སྐབས། ཚང་དོང་གི་གཏིང་དུ་མ་སླེབས་གོང་ནས་སེང་གེས་དེ་ཚོའི་ཐོག་ཏུ་མཆོང་སྟེ། དེ་ཚོའི་རུས་པ་བཅག་ནས་དུམ་བུར་བཟོས་པ་རེད། 25དེ་ནས་རྒྱལ་པོ་དྷ་རི་ཡསེ་ཀྱིས་འཇིག་རྟེན་ཀུན་ཏུ་གནས་པའི་མི་རིགས་འདྲ་མིན་དང་། མི་སྡེ་སྣ་ཚོགས་དང་། དེ་བཞིན་སྐད་རིགས་མི་གཅིག་པའི་མི་རྣམས་ལ་གཤམ་གསལ་ལྟར་འཕྲིན་ཡིག་ཞིག་བཏང་ངོ། ཁྱོད་ཚོར་བདེ་སྐྱིད་ཡོང་བའི་མཚམས་འདྲི་དང་བཅས། 26ངའི་རྒྱལ་ཁམས་ཡོངས་ཀྱི་མི་ཚོས་དྷ་ནི་ཨེལ་གྱི་དཀོན་མཆོག་ལ་བག་སེམས་ཆེན་པོས་བསྙེན་བཀུར་ཞུ་དགོས་པའི་བཀའ་བསྒོས་བྱེད་རྒྱུ་ཡིན། ཁོང་ནི་གསོན་པོར་བཞུགས་པའི་དཀོན་མཆོག་ལགས། ཁོང་གིས་རྒྱུན་དུ་རྒྱལ་སྲིད་སྐྱོང་བར་མཛད། རྒྱལ་སྲིད་དེ་ནི་ནམ་ཡང་མི་འཇིག་ཅིང་། ཁོང་གི་མཐུ་དང་ནུས་པའི་མཐའ་མེད་དོ། 27ཁོང་གིས་སྐྱབས་ཤིང་ཉེན་ཁ་ཀུན་ལས་འགྲོལ། ཁོང་གིས་གནམ་དང་ས་གཞིའི་ཕྱོགས་ཀུན་ཏུ། ངོ་མཚར་ཆེ་བའི་ལྟས་རྣམས་སྟོན་པར་མཛད། དྷ་ནི་ཨེལ་སེང་གེའི་ཉེན་ལས་སྐྱབས་མཛད་དོ། 28དེ་ནས་རྒྱལ་པོ་དྷ་རི་ཡསེ་དང་པར་ཤི་ཡའི་རྒྱལ་པོ་སའི་རསེ་ཀྱི་སྲིད་སྐྱོང་སྐབས་སུ་དྷ་ནི་ཨེལ་ལ་ཡར་རྒྱས་གོང་འཕེལ་ཆེན་པོ་བྱུང་བ་ཡིན་ནོ༎

དྷ་ནི་ཨེལ 7

དྷ་ནི་ཨེལ་གྱིས་ཞལ་གཟིགས་འགྲལ་བཤད་བརྒྱབ་པ།

༧:༡—༡༢:༡༣

ཞལ་གཟིགས་ནང་སེམས་ཅན་བཞི་མཐོང་བ།

1བྷེལ་ཤ་ཛར་གྱིས་བྷེ་བྷི་ལོ་ནི་ཡ་དུ་རྒྱལ་སྲིད་སྐྱོང་བའི་ལོ་དང་པོར། ངས་མཚན་མོའི་རྨི་ལམ་ཞིག་གི་ནང་ཞལ་གཟིགས་ཤིག་མཐོང་བྱུང་། ངས་རྨི་ལམ་དེ་བཞིན་ཡིག་ཐོག་ཏུ་བཀོད་པ་ནི་གཤམ་གསལ་ལྟར་ཡིན་ནོ། 2མཚན་མོ་དེར་ངས་མཐོང་བའི་ཞལ་གཟིགས་ནང། ས་ཕྱོགས་ཀུན་ནས་རླུང་འཚུབ་ལངས་ཏེ་རྒྱ་མཚོའི་ཐོག་ཏུ་བརྒྱབ་པ་དང་། 3རྒྱ་མཚོའི་ནང་ནས་སེམས་ཅན་མི་འདྲ་བ་གཟུགས་སྟོབས་ཧ་ཅང་ཆེ་བ་བཞི་ཐོན་ཞིང་། 4སེམས་ཅན་དང་པོ་དེ་ནི་སེང་གེ་དང་འདྲ་བ་ཡིན་པ་ལ་གླག་དང་འདྲ་བའི་ཤོག་པ་རྣམས་ཡོད་པ་དང་། ངས་བལྟ་བཞིན་དུ་ཤོག་པ་དེ་དག་ཆད་དེ། སེམས་ཅན་དེའི་རྐང་པ་གཉིས་མར་བཙུགས་ཏེ་མི་དང་འདྲ་བ་ཡར་བསླངས་ནས་དེ་ལ་མིའི་སེམས་གཤིས་སྤྲད་པ་ཡིན་ནོ། 5སེམས་ཅན་གཉིས་པ་དེས་ནི་རྐང་པ་གཉིས་བཙུགས་ནས་ཡར་ལངས་པའི་དོམ་དང་འདྲ་བ་ཡོད་པ་དང་། དེེས་རང་གི་སོས་རྩིབ་མ་གསུམ་བཟུང་ནས་ཡོད་པ་དང་། སྒྲ་ཞིག་གིས་དེ་ལ་བརྗོད་གསལ། ཁྱོད་ཀྱིས་ཤ་དེ་ལས་འདོད་པ་མ་ཚིམས་བར་དུ་ཟ་ཤིག 6ངས་བལྟ་བཞིན་བསྡད་ཡོད་སྐབས་སེམས་ཅན་གཞན་ཞིག་མཐོང་བྱུང་བས། དེ་ནི་གཟིགས་དང་འདྲ་བ་ཡིན་པ་ལ། དེའི་རྒལ་པར་བྱ་དང་འདྲ་བའི་ཤོག་པ་བཞི་ཡོད་པ་དང་། དེ་ལ་མགོ་བཞི་ཡོད་པ་ཡིན་ཏེ། དེ་ལ་མཐུ་དང་དབང་ཆ་སོགས་སྤྲད་ཡོད་པ་ཡིན་ནོ། 7ངས་བལྟ་བཞིན་བསྡད་ཡོད་སྐབས་སེམས་ཅན་བཞི་པ་ཞིག་མཐོང་བྱུང་བས། དེ་ནི་སྟོབས་ཤུགས་ཆེ་ཞིང་རྔམ་གཟི་ལྡན་ལ་འཇིགས་སུ་རུང་བ་ཞིག་ཡོད་པ་ཡིན་ཏེ། དེའི་ལྕགས་ཀྱི་སོ་ཆེན་པོས་རང་གིས་བསད་པའི་སེམས་ཅན་རྣམས་དུམ་བུར་བཟོས་པ་དང་། རྐང་པས་བརྫིས་ཀྱི་ཡོད་པ་ཡིན་ནོ། དེ་ལ་སེམས་ཅན་གཞན་དང་མི་འདྲ་བ་ར་ཅོ་བཅུ་ཡོད་ཅིང་། 8ངས་རྭ་ཅོ་དེ་ཚོར་ཞིབ་པར་བལྟས་པ་ལས། དེ་ཚོའི་དཀྱིལ་ནས་རྭ་ཅོ་ཆུང་ངུ་ཞིག་སྐྱེས་བཞིན་ཡོད་པ་མཐོང་བྱུང། དེས་སྔོན་གྱི་རྭ་ཅོའི་ཁོངས་ནས་ར་ཅོ་གསུམ་རྩ་བཀོག་བཏང་ཞིང་། རྭ་ཅོ་དེ་ལ་མིའི་མིག་དང་རང་བསྟོད་ཆེ་བའི་གཏམ་གླེང་སྨྲ་བའི་ཁ་ཞིག་ཀྱང་ཡོད་པ་ཡིན་ནོ༎

རྒྱུན་དུ་གསོན་པོར་བཞུགས་ཡོད་པ་དེའི་ཞལ་གཟིགས།

9ངས་བལྟ་བཞིན་བསྡད་ཡོད་སྐབས། ཁྲི་མང་པོ་ཞིག་སྒྲིག་ནས་བཞག་པ་དང་། དུས་ཀུན་ཏུ་གསོན་པོར་བཞུགས་ཡོད་པ་དེ་ནི་ཁྲི་ཞིག་གི་སྟེང་དུ་བཞུགས་ཤིང་། ཁོང་གི་ན་བཟའ་ནི་ཁ་བ་དང་མཚུངས་ཤིང་། ཁོང་གི་དབུ་སྐྲ་ལྷད་མེད་པ་བལ་བཞིན་དུ་ཡིན་པ་དང་། ཁོང་གི་བཞུགས་ཁྲི་ནི་མེ་ལྕེའི་འཁོར་ལོའི་ཐོག་ཏུ་བཞག་ཡོད་པ་དང་དེ་འབར་བཞིན་ཡོད་དོ། 10བཞུགས་ཁྲི་དེ་ལས་མེའི་གཙང་པོ་ཞིག་ཐོན་བཞིན་ཡོད་པ་དང་། མི་སྟོང་ཕྲག་མང་པོས་ཁོང་ལ་བཀུར་སྟི་ཞུ་ཕྱིར་དེར་འཛོམས་ཡོད་ཅིང་། ཁོང་གི་མདུན་དུ་མི་བྱེ་བ་མང་པོ་ཡར་ལང་ནས་བསྡད་ཡོད་པ་ཡིན་ནོ། ཁྲིམས་རའི་ས་དེར་ལྷན་ཚོགས་མགོ་ཚུགས་ཤིང་ཁྲིམས་དེབ་རྣམས་ཁ་ཕྱེས་སོ། 11ངས་བལྟ་བཞིན་བསྡད་ཡོད་སྐབས། ར་ཅོ་ཆུང་ངུ་དེས་རང་བསྟོད་ཆེན་པོའི་གཏམ་གླེང་བྱེད་བཞིན་པ་དེ་ངས་ད་དུང་ཐོས་བྱུང་། བལྟས་བཞིན་པ་དང་། སེམས་ཅན་བཞི་པ་དེ་བསད་ནས་དེའི་རོ་དེ་མེའི་ནང་དུ་དབྱགས་ཏེ་འཇིག་པར་བྱས་སོ། 12སེམས་ཅན་གཞན་ཚོའི་དབང་རྣམས་འཕྲོག་པ་རེད། འོན་ཀྱང་དེ་ཚོར་དུས་ཡུན་གང་ཙང་ཞིག་གི་ཆེད་དུ་གསོན་པོར་གནས་བཅུག་གོ 13མཚན་མོའི་ཞལ་གཟིགས་དེའི་ནང་དུ་ངས་མིའི་གཟུགས་དང་འདྲ་བ་ཞིག་མཐོང་བྱུང་། ཁོང་ནི་ངའི་ཕྱོགས་སུ་ཕེབས་བཞིན་ཡོད་པ་དང་། ཁོང་ལ་ཕྱོགས་བཞི་ནས་སྤྲིན་པས་བསྐོར་ཡོད་པ་དང། ཁོང་ནི་རྒྱུན་དུ་གསོན་པོར་བཞུགས་ཡོད་པ་དེའི་དྲུང་དུ་བཅར་ནས་དེར་བཞུགས་སོ། 14རྒྱལ་ཁམས་ཀུན་གྱི་མི་རིགས་འདྲ་མིན་དང་། སྡེ་དང་སྐད་རིགས་མི་འདྲ་བའི་མི་ཐམས་ཅད་ཀྱིས་ཁོང་ལ་ཞབས་ཏོག་ཞུ་ཕྱིར། ཁོང་ལ་དབང་ཆ་དང་གཟེངས་བསྟོད་དང་མངའ་དབང་བཅས་འབུལ་བ་ཡིན་ནོ། ཁོང་གི་དབང་ཆ་རྒྱུན་དུ་གནས་ཤིང་། ཁོང་གི་ཆབ་སྲིད་ཀྱི་མཐའ་ནི་ནམ་ཡང་མེད་པ་ཡིན་ནོ༎

ཞལ་གཟིགས་ཀྱི་འགྲེལ་བཤད་བྱས་པ།

15ངས་ཞལ་གཟིགས་རྣམས་དེ་མཐོང་ནས་སེམས་ནང་འཇིགས་སྣང་དང་དངངས་ཚབས་ཆེན་པོ་བསྐྱེད་དེ། 16དེར་ལང་ནས་བསྡད་ཡོད་པའི་ནང་ནས་གཅིག་གི་རྩར་ཕྱིན་ནས་དེའི་དོན་འགྲེལ་ཤོད་ཕྱིར་སྨྲས་པས། ཁོས་ང་ལ་དེའི་དོན་བཤད་བྱུང་། 17དེས་བརྗོད་གསལ། སེམས་ཅན་ཆེན་པོ་བཞི་ནི་མ་འོངས་པར་འཇིག་རྟེན་དུ་ཡོང་རྒྱུ་ཡིན་པའི་རྒྱལ་ཁམས་བཞི་པོ་དེ་ཡིན་པ་དང་། 18བླ་ན་མེད་པའི་དཀོན་མཆོག་གི་སྐྱེ་བུ་རྣམས་ལ་རྒྱལ་སྲིད་ཀྱི་མངའ་དབང་ཐོབ་རྒྱུ་ཡིན་པ་དང་། དེ་ནི་དུས་རྒྱུན་དུ་རང་གི་ལག་ཏུ་གནས་པར་འགྱུར་རོ། 19དེ་རྗེས་ངས་སེམས་ཅན་བཞི་པ་དེའི་སྐོར་ལ་ཤེས་འདོད་བྱས་ཤིང་། དེ་ནི་སེམས་ཅན་གཞན་དང་མི་འདྲ་བ་འཇིགས་རུང་ལྡན་པ་ཞིག་ཡིན་པ་མ་ཟད། དེས་བསད་པའི་སེམས་ཅན་དེ་ལ་ལྕགས་ཀྱི་སོ་དང་ལིའི་སྡེར་མོས་དུམ་བུར་བཟོས་པའི་རྗེས་སུ་རྐང་པས་བརྫིས་ཀྱི་ཡོད་པ་དང། 20ངས་དེའི་མགོ་ལ་ཡོད་པའི་རྭ་ཅོ་བཅུ་དང་། རྗེས་སུ་སྐྱེས་པའི་རྭ་ཅོ་དེས། སྔོན་མའི་རྭ་ཅོ་གསུམ་རྩ་བཀོག་བཏང་བ་དེའི་སྐོར་ལ་ཤེས་འདོད་བྱས་པ་ཡིན། རྭ་ཅོ་དེ་ལ་མིག་རྣམས་དང་ཁའང་ཡོད་པ་དང་། དེས་ང་རྒྱལ་གྱི་གཏམ་གླེང་བྱས་ཤིང་། དེ་ནི་སེམས་ཅན་གཞན་དག་ལས་ཀྱང་འཇིགས་སུ་རུང་བ་ཞིག་ཡོད་པ་ཡིན་ནོ། 21ངས་བལྟས་བཞིན་བསྡད་ཡོད་པ་ལས། རྭ་ཅོ་དེས་དཀོན་མཆོག་གི་སྐྱེ་བུ་རྣམས་ལ་དམག་འཐབ་བྱས་ཏེ་རྒྱལ་ཁ་ཐོབ་པ་དང་། 22དུས་རྒྱུན་དུ་གསོན་པོར་བཞུགས་པ་དེ་ཕེབས་ནས། བླ་ན་མེད་པའི་དཀོན་མཆོག་གི་སྐྱེ་བུ་རྣམས་ཀྱི་ཕྱོགས་མཛད་དེ་ཞལ་ཆེ་གཅོད་པ་དང་། དཀོན་མཆོག་གི་སྐྱེ་བུ་རྣམས་ཀྱིས་རྒྱལ་སྲིད་ཀྱི་མངའ་དབང་ཐོབ་པའི་དུས་ལ་བབས་ཡོད་པ་ཡིན་ནོ། 23ང་ལ་དོན་འགྲེལ་བཤད་པ་ནི། སེམས་ཅན་བཞི་པ་དེ་ནི་མ་འོངས་པར་འཇིག་རྟེན་དུ་འབྱུང་རྒྱུའི་རྒྱལ་ཁམས་བཞི་པ་དེ་ཡིན་ཅིང་། དེ་ནི་རྒྱལ་ཁམས་གཞན་དག་ལས་མི་འདྲ་བ་ཞིག་ཡོང་རྒྱུ་དང་། དེས་འཇིག་རྟེན་ཚང་མ་དབང་གནོན་བྱས་ཏེ་རྐང་རྫིས་གཏོང་རྒྱུ་དང་། 24རྭ་ཅོ་བཅུའི་དོན་ནི་རྒྱལ་ཁམས་དེའི་ཐོག་ཏུ་རྒྱལ་སྲིད་སྐྱོང་མཁན་རྒྱལ་པོ་བཅུ་ལ་མཚོན་པ་དང་། དེ་རྗེས་རྒྱལ་པོ་གཞན་ཞིག་འབྱུང་རྒྱུ་ཡིན་པས། དེ་ནི་རྒྱལ་པོ་སྔོན་མ་རྣམས་དང་མི་འདྲ་བ་མ་ཟད། དེས་རྒྱལ་པོ་གསུམ་གྱི་ཐོག་ཏུ་རྒྱལ་ཁ་ཐོབ་པར་འགྱུར། 25དེས་བླ་ན་མེད་པའི་དཀོན་མཆོག་ལ་བཀུར་བ་འདེབས་ཏེ། དཀོན་མཆོག་གི་སྐྱེ་བུ་རྣམས་ལ་གནོད་འཚེ་གཏོང་ཞིང་། ཆོས་ཁྲིམས་དང་དུས་སྟོན་རྣམས་ལ་སྒྱུར་བཅོས་གཏོང་ཐབས་བྱེད་པ་དང་། ལོ་གསུམ་དང་ཕྱེད་ཀའི་བར་དུ་དཀོན་མཆོག་གི་འབངས་རྣམས་དེའི་མངའ་འོག་ཏུ་གནས་དགོས་རྒྱུ་དང། 26དེ་རྗེས་མཐོ་རིས་ཀྱི་ཞལ་ཆེའི་འདུ་ཚོགས་ཚོགས་ཏེ། ཁོའི་མངའ་ཐང་འཕྲོག་ནས་དེ་ལ་རྩ་མེད་གཏོང་བར་འགྱུར། 27འཇིག་རྟེན་ཡོངས་ཀྱི་རྒྱལ་ཁབ་རྣམས་ཀྱི་དབང་དང་མངའ་ཐང་ཚང་མ་བླ་ན་མེད་པའི་དཀོན་མཆོག་གི་སྐྱེ་བུ་རྣམས་ལ་སྤྲོད་རྒྱུ་ཡིན་པ་དང། དེ་ཚོའི་རྒྱལ་སྲིད་ཀྱི་མངའ་ཐང་ནི་མཐའ་མེད་པ་ལགས་ཤིང་། འཇིག་རྟེན་ཡོངས་ཀྱི་རྒྱལ་པོ་ཚང་མས་དེ་ཚོར་སྲི་ཞུ་ཞབས་ཏོག་ཞུས་ཏེ། དེ་ཚོའི་བཀའ་ལ་རྩིས་སྲུང་ཞུ་བར་འགྱུར། 28ངས་ཞུ་རྒྱུའི་གནས་ཚུལ་གྱི་མཐའ་བསྡོམས་ནི་དེ་ཙམ་ཡིན་ཏེ། ང་ཧ་ཅང་འཇིགས་ཤིང་། ངའི་ངོ་མདངས་ཀྱང་སེར་པོར་བསྒྱུར་བ་དང་། གནས་ཚུལ་དེ་ཚོ་ཚང་མ་ངའི་སེམས་ནང་བཞག་ཡོད་པ་ཡིན་ནོ༎

དྷ་ནི་ཨེལ 8

དྷ་ནི་ཨེལ་གྱིས་ཞལ་གཟིགས་ནང་ཕོ་ལུག་ཞིག་དང་ར་ཞིག་མཐོང་བ།

1རྒྱལ་པོ་བྷེལ་ཤ་ཛར་གྱི་རྒྱལ་སྲིད་སྐྱོང་ལོ་གསུམ་པར་ངས་ཞལ་གཟིགས་གཉིས་པ་མཐོང་བྱུང་བས། 2ཞལ་གཟིགས་དེའི་ནང་ང་ནི་བློ་བུར་དུ་ཨེ་ལམ་ཞིང་ཆེན་གྱི་ལྕགས་རིས་བསྐོར་བའི་གྲོང་ཁྱེར་སུ་སའི་ནང་དུ་བསླེབས་འདུག རང་ཉིད་གཙང་པོ་ཨུ་ལཨེའི་འགྲམ་དུ་ལངས་ནས་བསྡད་ཡོད་པ་དང་། 3གཙང་པོའི་ཉེ་འགྲམ་དུ་རྭ་ཅོ་རིང་པོ་གཉིས་ཡོད་པའི་ཕོ་ལུག་ཅིག་མཐོང་བྱུང་། དེའི་རྭ་ཅོ་ཡ་གཅིག་ནི་གཞན་དེ་ལས་རིང་བ་དང་གསར་དུ་སྐྱེས་པ་ལྟ་བུ་ཞིག་ཡོད་པ་ཡིན་ཏེ། 4ཕོ་ལུག་དེས་ནུབ་དང་བྱང་དང་ལྷོ་ཕྱོགས་ཀུན་ཏུ་རང་གི་རྭ་ཅོ་དབྱུགས་པས། སེམས་ཅན་གཞན་དག་སུས་ཀྱང་དེ་ལ་བཀག་ཐབས་བྱེད་པའམ། རང་ཉིད་ལ་དེའི་ནུས་སྟོབས་ལས་སྐྱོབ་ཐུབ་མཁན་ཞིག་མེད་པ་ཡིན་པས། དེ་ནི་བག་སེམས་མེད་པར་རང་འདོད་བཞིན་དུ་སྤྱོད་ཅིང་ཡོད་པ་ཡིན་ནོ། 5ང་ནི་དེའི་དོན་དེ་གང་ཡིན་ནམ་ཞེས་བསམ་ནས་བསྡད་ཡོད་པ་ལས། བློ་བུར་དུ་ནུབ་ཕྱོགས་ཁུལ་ནས་ར་ཞིག་རྒྱུག་ཡོང་ཞིང་། དེའི་བང་རྒྱུག་སྟངས་ནི་རྐང་པ་ས་ལ་མ་རེག་པ་སྟ་བུའི་མགྱོགས་པོར་རྒྱུག་གི་ཡོད་པ་མ་ཟད། ར་ཕོ་དེའི་མིག་གཉིས་ཀྱི་དབུས་སུ་རྭ་ཅོ་མངོན་གསལ་དོད་པོ་ཞིག་ཡོད་པ་དང་། 6ར་དེ་ནི་སྔར་ངས་གཙང་པོའི་འགྲམ་དུ་མཐོང་བའི་ཕོ་ལུག་དེའི་ཕྱོགས་སུ་ནུས་ཤུགས་ཆེན་པོས་རྒྱུག་ཡོང་བ་དང་། 7ངས་བལྟ་ཞིང་བསྡད་ཡོད་པ་ལས། དེས་ཕོ་ལུག་དེ་ལ་ཁྲོ་བ་ཆེན་པོས་བརྡུངས་ནས་དེའི་ར་ཅོ་གཉིས་ཀ་བཅག་པ་དང། ཕོ་ལུག་དེ་ལ་གདོང་ལེན་བྱེད་ཐུབ་པའི་ནུས་ཤུགས་མེད་པས། ར་དེས་ཕོ་ལུག་དེ་ས་ལ་བརྡབས་ནས་རྐང་པས་བརྫིས་ཀྱང་། དེ་ལ་སྐྱབས་གྲོགས་བྱེད་ཐུབ་མཁན་སུའང་མེད་པ་ཡིན་ནོ། 8ར་དེ་ཧ་ཅང་ངར་སེམས་ཆེ་རུ་སྐྱེད་དེ། ཁོའི་ནུས་སྟོབས་ཤིན་ཏུ་དར་བའི་སྐབས་སུ་ཁོའི་རྭ་ཅོ་དེ་ཆག་པ་དང་། དེའི་ཚབ་ལ་རྭ་ཅོ་གསར་པ་མངོན་གསལ་ཆེ་བ་བཞི་སྐྱེས་ཤིང་། རྭ་ཅོ་དེ་དག་གི་རྩེ་ནི་ས་ཕྱོགས་སོ་སོར་ཕྱོགས་ནས་ཡོད་པ་ཡིན་ནོ། 9ར་ཅོ་དེ་ཚོའི་ཁོངས་ནས་གཅིག་ལས་རྭ་ཅོ་ཆུང་ངུ་ཞིག་སྐྱེས་ཏེ། དེའི་ནུས་མཐུ་ནི་ལྷོ་དང་ཤར་དང་ཞལ་བཞེས་གནང་བའི་ཡུལ་བར་དུ་ཁྱབ་བོ། 10དེའི་ནུས་སྟོབས་ཧ་ཅང་རྒྱས་ཏེ་མཐོ་རིས་ཀྱི་དཔུང་ཚོགས་སམ་རྒྱུ་སྐར་གྱི་ཚོགས་ལའང་འཐབ་རྒོལ་བྱེད་ནུས་པར་འགྱུར་བ་དང། དེས་སྐར་མ་འགའ་ཤས་ས་ལ་མར་ལྷུང་བར་བྱས་ཏེ་རྐང་པའི་འོག་ཏུ་བརྫིས་སོ། 11དེས་མཐོ་རིས་ཀྱི་དཔུང་ཚོགས་ཀྱི་སྲས་ལའང་རྒོལ་བ་དང། དེ་ལ་ཉིན་རེར་ཕུལ་བའི་དམར་མཆོད་རྣམས་ཀྱང་བཀག་ཅིང་། དེའི་མཆོད་ཁང་ཡང་མི་གཙང་བར་བྱས་སོ། 12དེར་མི་རྣམས་ཀྱིས་ཉིན་རེར་ཚུལ་བཞིན་དམར་མཆོད་འབུལ་རྒྱུའི་ཚབ་ལ་སྡིག་པའི་ལས་ངན་ཤ་སྟག་བྱས་ཏེ། བདེན་པའི་ཆོས་དེ་ས་ལ་སྐྱུར་བ་ལྟ་བུའི་རྩིས་མེད་བྱས་ཤིང་། རྭ་ཅོ་དེས་བྱས་པའི་ལས་དོན་ཚང་མར་ལམ་འགྲོ་བྱུང་ངོ་། 13དེ་རྗེས་ཕོ་ཉ་ཞིག་གིས་ཕོ་ཉ་གཞན་ཞིག་ལ་འདྲི་གླེང་བྱེད་བཞིན་པར་ངས་ཐོས་གསལ། ཞལ་གཟིགས་ནང་དུ་གང་མཐོང་བ་རྣམས་ག་དུས་བར་དུ་གནས་སམ། ཉིན་རེའི་དམར་མཆོད་ཀྱི་ཚབ་ཏུ་ཉེན་ཚབ་ཆེ་བའི་སྡིག་ལས་ངན་པ་ག་དུས་བར་དུ་གནས་སམ། མཐོ་རིས་ཀྱི་དཔུང་ཚོགས་དང་དེའི་མཆོད་ཁང་བཅས་ག་དུས་བར་དུ་རྐང་འོག་ཏུ་བརྫིས་པར་འགྱུར་རམ། 14ཕོ་ཉ་གཞན་དེས་ལན་འདེབས་བྱེད་པ་ངས་ཐོས་གསལ། དེ་ནི་སྔ་དགོང་ ༢,༣༠༠ བར་དུ་མུ་མཐུད་དེ་གནས་རྒྱུ་དང་། དེའི་རིང་ལ་སུས་ཀྱང་སྔ་དགོང་གཉིས་ཀྱི་དམར་མཆོད་མི་འབུལ་ཞིང་། དེ་རྗེས་མཆོད་ཁང་དེ་སྔར་གྱི་གནས་སྟངས་དེ་བཞིན་གསོ་བར་འགྱུར་རྒྱུ་ཡིན༎

ཕོ་ཉ་གྷབ་རི་ཨེལ་གྱིས་ཞལ་གཟིགས་ཀྱི་སྐོར་འབྲེལ་བཤད་གནང་བ།

15ངས་ཞལ་གཟིགས་དེའི་དོན་གང་ཡིན་ནམ་ཞེས་བསམ་ཞིང་བསྡད་ཡོད་སྐབས། བློ་བུར་དུ་ངའི་མདུན་ན་སྐྱེ་བོ་ཞིག་ལངས་ནས་བསྡད་འདུག 16ངས་གཙང་པོ་ཨུ་ལཨེ་ཕྱོགས་ནས་གསུང་སྐད་ཅིག་ཕེབས་པ་ཐོས་གསལ། ཀྱེ་གྷབ་རི་ཨེལ། ཁོས་གང་མཐོང་བ་དེའི་དོན་ཤོད་ཅིག 17དེ་ནས་གྷབ་རི་ཨེལ་ངའི་རྩར་ཡོང་སྟེ་ངའི་འགྲམ་དུ་ལངས་པས། ང་ཧ་ཅང་འཇིགས་ཤིང་ས་ལ་མར་འགྱེལ་བྱུང་། ཁོང་གིས་ང་ལ། ཀྱེ་མི་རྟགས་པའི་མི། ཞལ་གཟིགས་དེའི་དོན་ཤེས་པར་བྱོས་ཤིག། ཞལ་གཟིགས་དེ་ནི་འཛམ་གླིང་གི་མཐའ་མའི་དུས་ཀྱི་སྐོར་ལ་ཡིན་ནོ། ཞེས་སྨྲས་སོ། 18ཕོ་ཉ་དེས་གཏམ་གླེང་བྱེད་བཞིན་པའི་སྐབས་སུ་ང་ནི་ས་ཁར་དྲན་མེད་དུ་འགྱེལ་མོད། འོན་ཀྱང་དེས་ང་ལ་ཡར་བསླངས་ཏེ་སྨྲས་པ། 19དཀོན་མཆོག་གི་ཐུགས་ཁྲོའི་འགྲུབ་འབྲས་གང་བྱུང་སྐོར་ངས་ཁྱོད་ལ་སྟོན་རྒྱུ་ཡིན་པ་དང་། ཞལ་གཟིགས་དེ་ནི་མཐའ་མའི་དུས་ཀྱི་སྐོར་ལ་ཡིན་ཅིང་། 20ཁྱོད་ཀྱིས་ཞལ་གཟིགས་ནང་མཐོང་བའི་ཕོ་ལུག་ར་ཅོ་གཉིས་ཡོད་པ་དེ་ནི་མ་དཱ་དང་པར་སི་ཡའི་རྒྱལ་ཁབ་གཉིས་ལ་མཚོན་པ་དང་། 21ར་དེ་ནི་གྷིརིསི་ཀྱི་རྒྱལ་ཁབ་དང། དེའི་མིག་གཉིས་ཀྱི་དབུས་སུ་ཡོད་པའི་རྭ་ཅོ་མངོན་གསལ་དོད་པོ་དེ་ནི་རྒྱལ་ཁབ་དེའི་རྒྱལ་པོ་དང་པོ་དེ་ལ་མཚོན་པ་ཡིན་ཏེ། 22རྭ་ཅོ་དང་པོ་དེ་ཆག་ནས་གསར་དུ་རྭ་ཅོ་བཞི་སྐྱེས་པ་དེ་ནི། རྒྱལ་ཁབ་དེ་རྒྱལ་ཁམས་ཆུང་ཁག་བཞི་ལ་ཆ་བགོས་བྱེད་རྒྱུའི་རྟགས་མཚན་ཡིན་པ་དང་། རྒྱལ་ཁམས་བཞི་པོ་དེ་དག་ནི་སྔར་གྱི་རྒྱལ་ཁབ་དེ་བཞིན་སྟོབས་ཆེན་པོར་གནས་པར་མི་འགྱུར་རོ། 23རྒྱལ་ཁབ་དེ་ཚོའི་མཐའ་མའི་དུས་ལ་བསླེབས་སྐབས། དེ་དག་གི་ངན་སྤྱོད་ཚད་ལས་འགལ་ཞིང་། དེ་ཚོར་ཉེས་ཆད་གཏོང་འོས་པར་འགྱུར་རྒྱུ་དང་། དེར་རྒྱལ་པོ་རང་འདོད་ཆེ་ལ། ངན་སེམས་ལྡན་ཞིང་གཡོ་སྒྱུ་ཆེ་བ་ཞིག་འབྱུང་རྒྱུ་དང་། 24དེ་ནི་མཐུ་སྟོབས་དང་ལྡན་པར་འགྱུར་རྒྱུ་ཡིན་མོད། འོན་ཀྱང་མཐུ་སྟོབས་དེ་ནི་རང་གི་ནུས་པ་ལས་མ་ཡིན་ནོ། དེས་འཇིག་སྐྱོན་ཆེན་པོ་གཏོང་རྒྱུ་ཡིན་པ་མ་ཟད། ཁོས་བྱས་པའི་ལས་དོན་ཚང་མར་ལམ་འགྲོ་བྱུང་ཡོང། དེས་མི་མངའ་ཐང་ཆེན་པོ་རྣམས་དང་དཀོན་མཆོག་གི་སྐྱེ་བུ་རྣམས་ལའང་གནོད་སྐྱོན་གཏོང་ཉེན་ཡོད། 25ཁོ་ནི་གཡོ་སྒྱུ་ཆེ་བས་མི་གཞན་ལ་མགོ་སྐོར་གཏོང་བར་མཁས་པ་དང་། ང་རྒྱལ་བསྐྱེད་དེ་ཟོན་བརྡ་མ་བྱེད་པར་མི་མང་པོར་འཇིག་སྐྱོན་གཏོང་བར་འགྱུར། དེས་མངའ་བདག་རྣམས་ཀྱི་གཙོ་བོ་ལའང་རྒོལ་སེམས་ཞུ་རྒྱུ་ཡིན་མོད། འོན་ཀྱང་ཁོ་ནི་མིའི་ནུས་མཐུས་མ་ཡིན་པར་འཇིག་རྒྱུ་ཡིན་ནོ། 26ཁྱོད་ལ་བཤད་ཟིན་པའི་སྔ་དགོང་གཉིས་ཀྱི་དམར་མཆོད་ཀྱི་སྐོར་གྱི་ཞལ་གཟིགས་དེ་ནི་དངོས་སུ་འགྲུབ་རྒྱུ་ཡིན་མོད། འོན་ཀྱང་དེ་ནི་ད་ལྟ་གསང་བར་བཞག་དགོས། གང་ལ་ཟེར་ན། དེ་ནི་ཡུན་རིང་རྗེས་སུ་མ་གཏོགས་འགྲུབ་པར་མི་འགྱུར་རོ། 27ང་ནི་ཡིད་སྨུག་སྟེ་ཉིན་ཞག་མང་པོའི་བར་དུ་ལུས་ཁམས་མི་བདེ་བར་འགྱུར་རོ། དེ་རྗེས་ང་ལངས་ནས་རྒྱལ་པོས་ང་ལ་བསྐུལ་བའི་ལས་བྱེད་པར་ཕྱིར་ལོག་བྱས་མོད། འོན་ཀྱང་ཞལ་གཟིགས་དེའི་སྐོར་ལ་ང་ནི་མགོ་འཐོམས་ཤིང་། དེའི་སྐོར་གང་ཡང་རྟོགས་མ་ཐུབ་བོ༎

དྷ་ནི་ཨེལ 9

དྷ་ནི་ཨེལ་གྱིས་མི་མང་གི་དོན་དུ་སྨོན་ལམ་འདེབས་པ།

1མ་དཱ་པའི་རིགས་བརྒྱུད་ལས་ཡིན་པ་ཨ་ཧ་སུ་རསེ་ཀྱི་བུ་དྷ་རི་ཡསེ་བྷེ་བྷི་ལོ་ནི་ཡ་དུ་སྲིད་སྐྱོང་བྱེད་བཞིན་ཡོད་པ་དང་། 2ཁོང་གིས་རྒྱལ་སྲིད་སྐྱོང་ལོ་དང་པོར། གཙོ་བོ་དཀོན་མཆོག་གིས་སྔར་ལུང་སྟོན་པ་ཡེར་མི་ཡཱ་ལ་ཡེ་རུ་ཤ་ལེམ་ནི་ལོ་ངོ་བདུན་བཅུའི་རིང་ལ་འཇིགས་རྒྱུ་ཡིན་པའི་སྐོར་གྱི་ལུང་བསྟན་གནང་བའི་དམ་པའི་མདོ་རྣམས་ངས་ཀློག་སྟེ། དེའི་སྐོར་བསམ་བློ་གཏོང་ཞིང་བསྡད་ཡོད་པ་དང་། 3ངས་སྨྱུང་གནས་སྲུང་ཞིང་ལུས་ལ་རྩ་རས་གྱོན་ཏེ། གོ་ཐལ་ནང་བསྡད་ནས་གཙོ་བོ་དཀོན་མཆོག་ལ་གདུང་ཤུགས་དྲག་པོས་སྨོན་ལམ་འདེབས་པ་ཡིན། 4ངས་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་ཞུ་བ་འབུལ་ཞིང་རང་གི་མི་འབངས་ཀྱི་ཉེས་སྡིག་རྣམས་ངོས་ལེན་ཞུས་ཏེ་མཐོལ་བཤགས་འབུལ་བ་ཡིན། ངས་གཙོ་བོ་དཀོན་མཆོག་ལ། ཀྱེ་གཙོ་བོ་དཀོན་མཆོག། ཁྱེད་ནི་མངའ་ཐང་ཆེ་ཞིང་། ང་ཚོས་ཁྱེད་ལ་གུས་བཀུར་ཞུས་ཏེ། ཁྱེད་ཀྱི་བཀའ་ལ་བརྩི་སྲུང་ཞུས་ཤིང་། ཁྱེད་ལ་བརྩེ་གུས་ཞུས་མཁན་རྣམས་ལ་ཁྱེད་ཀྱིས་རྒྱུན་ལྡན་ཐུགས་བརྩེ་གནང་བ་དང། ཁྱེད་ནི་ཉིད་ཀྱི་དམ་བཅའ་སྲུང་བར་ཐུགས་དྲང་པོ་ཡིན་ནོ། 5ང་ཚོས་ཉེས་སྡིག་བསག་སྟེ། ལས་ངན་བྱས་ཤིང་ནོར་འཁྲུལ་ཁོ་ན་བྱས་པ་དང་། ཁྱེད་ཀྱི་བཀའ་ལ་བརྩི་མེད་ཞུས་ཤིང་། ཁྱེད་ཀྱི་བཀའ་དགོངས་བཞིན་གྱི་ལས་བཟང་པོ་རྣམས་སྤངས་པ་མ་ཟད། 6ང་ཚོའི་རྒྱལ་པོ་རྣམས་དང་། སྲིད་སྐྱོང་པ་དང་། ང་ཚོའི་མེས་པོ་རྣམས་དང་། དེ་བཞིན་ང་ཚོའི་མི་རིགས་ཡོངས་ལ་ཁྱེད་ཀྱི་མཚན་བརྗོད་ཅིང་གསུང་གླེང་མཛད་མཁན་ཁྱེད་ཀྱི་ཞབས་ཏོག་པ་ལུང་སྟོན་པ་རྣམས་ལ་ང་ཚོས་བརྩི་མེད་ཞུས་པ་ཡིན། 7གཙོ་བོ་ཁྱེད་ཀྱིས་དུས་རྒྱུན་དུ་དྲང་པོ་ཤ་ལྟག་མཛད་པ་དང་། འོན་ཀྱང་ང་ཚོས་ནི་དུས་རྒྱུན་དུ་རང་ཉིད་ཐོག་ཏུ་དམའ་འབེབས་འཁྱེར་ཡོང་ཡོད་པ་ཡིན་ནོ། ང་ཚོ་ཡ་ཧུ་དཱ་དང་། ཡེ་རུ་ཤ་ལེམ་དང་། ཨིསི་རཱཨེལ་ཡོངས་སུ་གནས་སྡོད་བྱེད་མཁན་ཚོས་ཁྱེད་ལ་དད་ལོག་ཞུས་པའི་རྐྱེན་གྱིས། ཁྱེད་ཀྱིས་ང་ཚོར་ཡུལ་གྲུ་ཉེ་འགྱང་ཀུན་ཏུ་ཁ་འཐོར་ནས་འགྲོ་དགོས་པར་མཛད། 8ཀྱེ་གཙོ་བོ། ང་ཚོའི་རྒྱལ་པོ་དང་། སྲིད་སྐྱོང་པ་དང་། དེ་བཞིན་ང་ཚོའི་མེས་པོ་རྣམས་ཀྱིས་ངོ་ཚ་དང་བྲལ་བའི་ལས་ངན་བྱས་ཏེ། ཁྱེད་ཀྱི་ཐུགས་དགོངས་དང་འགལ་བའི་ཉེས་སྡིག་བྱས་ཡོད། 9ང་ཚོས་ཁྱེད་ལ་རྒོལ་སེམས་ཇི་ལྟར་ཞུས་ཀྱང་། ཁྱེད་ནི་སྙིང་རྗེ་ཆེ་ལ་ཐུགས་བཟོད་དང་ལྡན་པ་ཡིན་ཏེ། 10ཀྱེ་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག། ཁྱེད་ཀྱི་ཞབས་ཏོག་པ་ལུང་སྟོན་པ་ཚོའི་བརྒྱུད་ནས་ང་ཚོར་ཚུལ་བཞིན་མི་ཚེ་སྐྱེལ་དགོས་པའི་བཀའ་ཁྲིམས་གནང་བ་དེ་ལ་ང་ཚོས་བརྩི་མེད་ཞུས་ཤིང་། 11ཨིསི་རཱཨེལ་པ་ཡོངས་ནས་ཁྱེད་ཀྱི་བཀའ་ཁྲིམས་དང་འགལ་ཞིང་ཁྱེད་ཀྱིས་བཀའ་གནང་བར་ཉན་སེམས་མ་བྱས་པས། ང་ཚོས་མི་དགེ་བ་གྱིས་པ་དང་ཁྱེད་ཀྱི་ཞབས་ཏོག་པ་མོ་ཤེའི་བཀའ་ཁྲིམས་ནང་བྲིས་ཡོད་པའི་དམོད་པ་དེ་དག་ང་ཚོའི་ཐོག་ཏུ་གཏོང་བ་གནང་ཞིང་། 12ཁྱེད་ཀྱི་ང་ཚོ་དང་ང་ཚོའི་རྒྱལ་པོ་ཚོར་ཇི་ལྟར་མཛད་རྒྱུའི་བཀའ་ཕེབས་པ་ལྟར། ཡེ་རུ་ཤ་ལེམ་ལ་འཛམ་གླིང་ཡུལ་གྲུ་གཞན་གྱི་གྲོང་ཁྱེར་ལས་ཚབ་ཆེ་བའི་ཉེས་ཆད་གནང་ཞིང་། 13མོ་ཤེའི་བཀའ་ཁྲིམས་ནང་གསལ་བའི་ཆད་པ་རྣམས་ང་ཚོའི་ཐོག་ཏུ་གཏོང་བ་གནང་མོད། འོན་ཀྱང་ཀྱེ་གཙོ་བོ་དཀོན་མཆོག། ང་ཚོས་ད་དུང་རང་གི་ཉེས་སྡིག་སྤངས་ནས་ཁྱེད་ཀྱི་བདེན་པའི་རྗེས་སུ་འབྲངས་ཤིང་། ཁྱེད་ཐུགས་མཉེས་པའི་ཐབས་ལམ་སོགས་གང་ཡང་བྱས་མེད་པ་དང་། 14ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ཚོར་ཉེས་ཆད་གཏོང་བ་གནང་རྒྱུའི་ཐུགས་ཐག་བཅད་པ་ལྟར་ཉེས་ཆད་བཏང་བ་གནང་བྱུང་། གང་ལ་ཟེར་ན། ཁྱེད་ཀྱིས་རྒྱུན་དུ་བདེན་པ་ཇི་ཡིན་པ་དེ་རང་གནང་གི་ཡོད་པ་དང་། ང་ཚོས་ནི་ཁྱེད་ཀྱི་བཀའ་ལ་རྩིས་སྲུང་མ་ཞུས་པ་ཡིན་ནོ། 15ཀྱེ་གཙོ་བོ་དཀོན་མཆོག་ང་ཚོའི་དཀོན་མཆོག། ཁྱེད་ཀྱིས་རང་གི་མི་འབངས་ལ་ཨི་ཇིབ་ནས་གཏོན་གནང་མཛད་པའི་སྒོ་ནས་ཁྱེད་ཀྱི་མཐུ་སྟོབས་དེ་མངོན་པར་མཛད་པ་དང་། ཁྱེད་ཀྱི་མཐུ་སྟོབས་དེ་ལ་ད་བར་ཚང་མས་དྲན་གསོ་བྱེད་བཞིན་ཡོད། ང་ཚོས་ནི་སྡིག་པ་དང་ནོར་འཁྲུལ་ཤ་སྟག་བྱས་པ་ཡིན་ནོ། 16འདས་པའི་དུས་སུ་ཁྱེད་ཀྱིས་ང་ཚོར་སྲུང་སྐྱོབ་གནང་བ་ཡིན་པས། ད་ཁྱེད་ཀྱིས་ཡེ་རུ་ཤ་ལེམ་ལ་ཐུགས་ཁྲོ་མ་གནང་བར་མཛོད། དེ་ནི་ཁྱེད་ཀྱི་གྲོང་ཁྱེར་དང་རི་བོ་དམ་པ་དེ་ཡིན་ནོ། ང་ཚོའི་ཉེས་སྡིག་དང་ང་ཚོའི་ཕ་མེས་ཀྱི་ལས་ངན་དག་ལ་བརྟེན་ནས་ཁྱིམ་མཚེས་ཡུལ་གྲུ་ཁག་གི་མི་མང་ནས་ཡེ་རུ་ཤ་ལེམ་དང་ཁྱེད་ཀྱི་མི་འབངས་རྣམས་ལ་འཕྱ་སྨད་གཏོང་བ་ཡིན་པས། 17ཀྱེ་དཀོན་མཆོག་ངའི་སྨོན་ལམ་དང་ཞུ་བར་གསན་དུ་གསོལ། ཁྱེད་ནི་དཀོན་མཆོག་ཡིན་པ་ཀུན་གྱིས་ཤེས་ཕྱིར། ཉིད་ཀྱི་མཆོད་ཁང་འཇིག་སྐྱོན་བྱུང་བ་དེ་ལ་སྐྱར་གསོ་གནང་བར་མཛོད། 18ཀྱེ་དཀོན་མཆོག་ང་ཚོའི་ཞུ་བར་གསན་ཏེ་ང་ཚོར་གཟིགས་རོགས་གནང་། ང་ཚོའི་དཀའ་ངལ་དང་དེ་བཞིན་ཁྱེད་ཀྱི་མཚན་བཟང་འཁོད་པའི་གྲོང་ཁྱེར་དེས་མྱོང་བཞིན་པའི་སྡུག་བསྔལ་ལ་གཟིགས་པར་མཛོད། ང་ཚོ་དྲང་པོ་ཡིན་པའི་རྐྱེན་གྱིས་མ་ཡིན་པར། ཁྱེད་ནི་སྙིང་རྗེ་དང་ལྡན་པ་ཡིན་པས། ང་ཚོས་ཁྱེད་ལ་གསོལ་བ་འདེབས་ཀྱི་ཡོད། 19ཀྱེ་གཙོ་བོ་ང་ཚོར་གསན་རོགས་གནང། ཀྱེ་གཙོ་བོ་ང་ཚོར་བཟོད་གསོལ་གནང་རོགས་གནང་། ང་ཚོའི་ཞུ་བར་གསན་ཏེ་དེ་བཞིན་ཕྱག་བཞེས་གནང་བར་མཛོད། ཁྱེད་ནི་དཀོན་མཆོག་ཡིན་པ་དེ་ཚང་མས་ཤེས་ཕྱིར་དུས་འགྱངས་མེད་པར་མཛད་འཕྲིན་བསྟན་དུ་གསོལ། གྲོང་ཁྱེར་འདི་དང་མི་མང་འདི་རྣམས་ནི་སྐུ་ཉིད་རང་གི་ཡིན་ནོ༎

གྷབ་རི་ཨེལ་ནས་ལུང་བསྟན་གྱི་འགྲེལ་བཤད་གནང་བ།

20ངས་མུ་མཐུད་དེ་ཐུགས་སྨོན་ཞུས་ཤིང་། སོ་སོ་རང་གི་ཉེས་སྡིག་དང་། ཨིསི་རཱཨེལ་པ་རྣམས་ཀྱི་སྡིག་པར་མཐོལ་བཤགས་འབུལ་ཏེ། ངས་གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་ལ་ཉིད་ཀྱི་མཆོད་ཁང་དམ་པ་དེ་སྐྱར་གསོ་གནང་བར་མཛོད་ཅེས་ཞུ་འབུལ་བྱས་པ་ཡིན། 21ངས་སྨོན་ལམ་འདེབས་བཞིན་པའི་སྐབས་སུ། ངས་ཞལ་གཟིགས་སྔོན་མར་མཐོང་བའི་གྷབ་རི་ཨེལ་དེ་ངའི་རྩར་འཕུར་ནས་བསླེབས་པ་དང་། དེ་ནི་ཕྱི་དྲོའི་དམར་མཆོད་འབུལ་བའི་དུས་སྐབས་རན་པ་ཡིན་པ་དང་། 22ཁོང་གིས་འགྲེལ་བརྗོད་གནང་གསལ། ཀྱེ་དྷ་ནི་ཨེལ། ཁྱོད་ཀྱིས་ལུང་བསྟན་དེའི་གོ་དོན་རྟོགས་པར་རོགས་བྱེད་པའི་ཕྱིར་ང་འདིར་ཡོང་བ་ཡིན། 23ཁྱོད་ཀྱིས་དཀོན་མཆོག་ལ་ཞུ་འབོད་གང་བྱས་པར་ཁོང་གིས་བཀའ་ལན་གནང་ཡོད། ཁོང་གིས་ཁྱོད་ལ་ཐུགས་བརྩེ་གནང་གི་ཡོད་པ་ཡིན་པས། ངས་ཁྱོད་ལ་ལན་འདི་སྐྱེལ་བར་ཡོང་བ་ཡིན། ད་ངས་ཞལ་གཟིགས་ཀྱི་འགྲེལ་བཤད་བརྒྱབ་རྒྱུ་ཡིན་པས། དེར་དོ་སྣང་བྱེད་ནས་ཉོན་ཞིག། 24དཀོན་མཆོག་གིས་ཁྱོད་ཀྱི་མི་མང་དང་། གྲོང་ཁྱེར་དམ་པ་དེ་བཞིན་སྡིག་པ་དང་ངན་ལས་ཀུན་ལས་འགྲོལ་བ་གནང་རྒྱུའི་དུས་ཡུན་གཏན་འབེབས་གནང་བ་དེ་ནི་ལོ་ངོ་བདུན་ལྡབ་བདུན་ཅུ་ཡིན་པ་དང་། ཞལ་གཟིགས་དེའི་ལུང་བསྟན་དངོས་སུ་འགྲུབ་ནས། མཆོད་ཁང་དམ་པ་དེ་སྐྱར་དུ་བསྔོ་འབུལ་བྱེད་ཕྱིར་སྡིག་སེལ་གནང་རྒྱུ་ཡིན་པ་མ་ཟད། མཐའ་མེད་པའི་བདེན་པའི་ཁྲིམས་གཅོད་དྲང་པོ་དེ་གཏན་འབེབས་གནང་རྒྱུ་ཡིན་ནོ། 25ད་ངས་གང་བཤད་རྒྱུ་ཡིན་པ་དེ་ལ་དོ་སྣང་ཆེན་པོས་གོ་དོན་རྟོགས་ཐབས་བྱོས་ཤིག ཡེ་རུ་ཤ་ལེམ་སྐྱར་བཞེངས་བྱེད་དགོས་པའི་བཀའ་གནང་བ་ནས་བཟུང་དཀོན་མཆོག་གིས་འདེམས་བསྐོས་གནང་བའི་དབུ་འཁྲིད་དེ་མ་ཕེབས་བར་དུ་ལོ་ངོ་བདུན་ལྡབ་བདུན་འགོར་རྒྱུ་ཡིན་པ་དང་། ཡེ་རུ་ཤ་ལེམ་དང་དེའི་སྲང་ལམ་དང་དེའི་སྲུང་སྐྱོབ་ཀྱི་ལྕགས་རི་བཅས་པ་སྐྱར་བཞེངས་བྱེ་རྒྱུ་ཡིན་པ་དང་། དེ་ནི་ལོ་ངོ་བདུན་ལྡབ་དྲུག་ཅུ་རེ་གཉིས་བར་དུ་གནས་སྟངས་དེ་རང་ལ་གནས་རྒྱུ་ཡིན་ནོ། འོན་ཀྱང་དུས་ཡུན་དེ་ནི་དཀའ་ངལ་གྱི་དུས་ཤིག་ཏུ་འགྱུར་རྒྱུ་ཡིན་པས། 26དུས་སྐབས་དེའི་མཐའ་མར་དཀོན་མཆོག་གིས་འདེམས་བསྐོས་མཛད་པའི་དབུ་འཁྲིད་དེ་ནི་ཁྲིམས་འགལ་ཚུལ་མིན་གྱི་སྒོ་ནས་བཀྲོང་རྒྱུ་ཡིན་པ་དང། རྒྱལ་པོ་སྟོབས་ཆེན་ཞིག་གི་དམག་མིས་བཙན་འཛུལ་བྱས་ཏེ། གྲོང་ཁྱེར་དང་མཆོད་ཁང་བཅས་པར་སྟོར་བཤིགས་བྱེད་པར་འགྱུར། དཀོན་མཆོག་གིས་གྲ་སྒྲིག་མཛད་པའི་དམག་གི་འཇིག་སྐྱོན་དང་ལྡན་པའི་དུས་ཀྱི་མཐའ་མ་དེ་ནི་ཆུ་རུད་ཡོང་བ་བཞིན་བློ་བུར་དུ་ཡོང་བར་འགྱུར། 27རྒྱལ་པོ་དེས་མི་མང་པོ་དང་མཉམ་དུ་ལོ་བདུན་གྱི་རིང་ལ་མཐུན་ལམ་ཡག་པོ་བྱེད་རྒྱུ་ཡིན་མོད། དུས་ཡུན་ཕྱེད་ཀ་རྫོགས་མཚམས་སུ། དེས་དམར་མཆོད་དང་མཆོད་འབུལ་རྣམས་མཚམས་འཇོག་བྱེད་རྒྱུ་ཡིན་པ་དང་། མཆོད་ཁང་གི་གནས་མཐོ་ཤོས་དེར་འཇིག་པར་བྱེད་པ་ཤིན་ཏུ་འཇིགས་སུ་རུང་བ་དེ་བཞག་པར་འགྱུར་རོ། དེ་བཞག་མཁན་དེའི་ཐོག་ཏུ་དཀོན་མཆོག་གིས་གྲ་སྒྲིག་མཛད་པའི་མཐའ་མའི་འཇིག་པ་མ་འཕོག་བར་དུ་དེ་གནས་དེ་རང་དུ་བཞག་པར་འགྱུར་རོ༎

དྷ་ནི་ཨེལ 10

གཙང་པོ་ཊཡེ་གྷིརིསེའི་འགྲམ་དུ་དྷ་ནི་ཨེལ་གྱིས་ཞལ་གཟིགས་མཐོང་བ།

1(པར་སི་ཡའི་ཡུལ་གྱི་རྒྱལ་པོ་ཆེན་པོ་སའི་རསེས་རྒྱལ་སྲིད་སྐྱོང་ལོ་གསུམ་པར་དྷ་ནི་ཨེལ་ལམ་བྷེལ་ཏེ་ཤ་ཛར་ལ་ཞལ་གཟིགས་ཀྱི་ནང་དུ་གསུང་འཕྲིན་ཞིག་བྱུང་ཞིང་། གསུང་འཕྲིན་དེ་ནི་བདེན་པ་ཡིན་ནའང་ཤིན་ཏུ་གོ་དཀའ་བ་ཞིག་ཡོད་པ་ཡིན་ཏེ། དེའི་འགྲེལ་བཤད་ཀྱང་ཁོ་ལ་ཞལ་གཟིགས་རང་གི་སྒོ་ནས་བྱས་ཡོད་པ་ཡིན་ནོ།) 2སྐབས་དེར་ང་ནི་བདུན་ཕྲག་གསུམ་བར་དུ་མྱ་ངན་བྱེད་བཞིན་ཡོད། 3བདུན་ཕྲག་གསུམ་མ་རྫོགས་བར་དུ་ངས་ཁ་ཟས་བཅུད་ལྡན་དང་ཤ་དང་རྒུན་ཆང་སོགས་མ་འཐུང་བར། སྐྲ་ཡང་མ་ཤད་པར། 4ཟླ་བ་དང་པོའི་ཚེས་ཉི་ཤུ་བཞིའི་ཉིན་ང་ནི་གཙང་པོ་ཆེན་པོ་ཊཡེ་གྷིརིསེའི་འགྲམ་དུ་ལངས་ནས་བསྡད་དེ། 5ཡར་བལྟས་པ་ལས། ཀ་ཤི་ཀའི་ན་བཟའ་གྱོན་པ་སྐེད་པར་གསེར་བཙོ་མའི་རྐེ་རག་བཅིངས་པའི་སྐྱེ་བུ་ཞིག་མཇལ་བྱུང་། 6ཁོང་གི་སྐུ་གཟུགས་ནི་ནོར་བུ་བཞིན་དུ་འོད་ཟེར་འཕྲོ་ཞིང་། ཞལ་རས་གློག་འཁྱུག་པ་ལྟར་གསལ་ཞིང་། སྤྱན་ཡང་མེ་བཞིན་འབར་བ་དང་། ཁོང་གི་ཕྱག་ཞབས་གཉིས་ནི་ལི་གཡའ་ཕྱིས་བརྒྱབ་པ་ལྟར་འོད་ཐོན་པ་མ་ཟད། གསུང་སྐད་ཀྱང་མི་ཚོགས་མང་པོའི་སྐད་ལྟར་ལྡིར་བཞིན་ཡོད་དོ། 7ཞལ་གཟིགས་དེ་མཐོང་མཁན་ནི་ང་རང་གཅིག་པོ་ཡིན་ཅིང་། ང་དང་མཉམ་དུ་ཡོད་པའི་མི་ཚོས་གང་ཡང་མ་མཐོང་མོད། འོན་ཀྱང་ཁོ་ཚོ་འཇིགས་ཤིང་བྲོས་ནས་གབ་བོ། 8ཞལ་གཟིགས་ཁྱད་མཚར་པོ་དེ་བལྟ་བཞིན་ང་རང་གཅིག་པུ་དེར་ལུས་ཤིང་། ངའི་ལུས་སྟོབས་ཚང་མ་ཉམས་ནས་ངོ་མདོག་ཀྱང་བསྒྱུར་བས། སུས་ཀྱང་ངོ་མི་ཤེས་པར་འགྱུར་རོ། 9ངས་ཁོང་གི་གསུང་སྐད་ཐོས་ཏེ། དྲན་མེད་དུ་འགྱེལ་ཞིང་ས་ལ་ཁ་འབུབ་བསློགས་ནས་བསྡད་པ་ཡིན། 10དེ་ནས་ལག་པ་ཞིག་གིས་ང་ལ་འཇུས་ནས་ངའི་པུས་མོ་དང་ལག་པར་ཡར་སླང་པ་དང་། ང་ད་དུང་འདར་བཞིན་ཡོད་པ་ཡིན། 11དེ་ནས་ཕོ་ཉ་དེས་ང་ལ། ཀྱེ་དྷ་ནི་ཨེལ། དཀོན་མཆོག་གིས་ཁྱོད་ལ་ཐུགས་བརྩེ་གནང་གི་ཡོད་པས། ད་ཡར་ལོངས་ལ་ངས་སྨྲས་པ་དེར་དོ་སྣང་བྱས་ནས་ཉོན་ཞིག ཁོང་གིས་ང་ཁྱོད་ཀྱི་རྩར་ཆེས་མངགས་ཀྱིས་གཏོང་བ་གནང་བྱུང་ཞེས་གསུངས་པས། ང་ཡར་ལངས་ཀྱང་ད་དུང་འདར་བཞིན་ཡོད་པ་ཡིན་ནོ། 12དེ་ནས་ཁོང་གིས། ཀྱེ་དྷ་ནི་ཨེལ་མ་འཇིགས་ཤིག། ཁྱོད་ཀྱིས་གང་ཅིའི་གོ་དོན་རྟོགས་ཐུབ་པའི་ཕྱིར་རང་ཉིད་ལ་ཉམས་ཆུང་བྱེད་རྒྱུའི་ཐག་ཆོད་བྱས་པའི་ཉིན་ཞག་དང་པོ་དེ་རང་ནས་བཟུང་དཀོན་མཆོག་གིས་ཁྱོད་ཀྱི་སྨོན་ལམ་གསན་ཡོད། ང་ནི་ཁྱོད་ཀྱི་སྨོན་ལམ་གྱི་ལན་འདེབས་བྱེད་པར་འདིར་ཡོང་བ་ཡིན་ཞེས་གསུངས་བྱུང་། 13པར་སི་ཡའི་རྒྱལ་ཁམས་ཀྱི་སྲུང་མཁན་ཕོ་ཉས་ང་ལ་ཉིན་ཞག་ཉི་ཤུ་རྩ་གཅིག་བར་དུ་ངོ་རྒོལ་བྱས་ཤིང་། དེ་ནས་ཕོ་ཉའི་གཙོ་བོ་མི་ཀ་ཨེལ་གྱིས་ང་ལ་སྐྱབས་གྲོགས་མཛད་ཕྱིར་ཕེབས་བྱུང་། གང་ལ་ཟེར་ན། ང་ནི་པར་སི་ཡའི་ཡུལ་དུ་གཅིག་པུར་ལུས་ཡོད་པས་ཕྱིར་རོ། 14མ་འོངས་པར་ཁྱོད་ཀྱི་མི་མང་ལ་ག་རེ་ཡོང་རྒྱུ་ཡིན་པ་དེ་ཁྱོད་ཀྱིས་ཤེས་ཕྱིར་ང་འདིར་ཡོང་བ་ཡིན། ཞལ་གཟིགས་དེ་མ་འོངས་པའི་སྐོར་ལ་ཡིན་ནོ་ཞེས་གསུངས་སོ། 15ཁོང་གིས་དེ་ལྟར་གསུངས་སྐབས། ང་ནི་ས་ལ་བལྟ་ཞིང་བསྡད་པ་མ་གཏོགས་ཁ་ནས་ཚིག་ཀྱང་སྨྲ་རྒྱུ་མེད་པར་ལུས་སོང་བས། 16དེ་ནས་མི་དང་འདྲ་བའི་ཕོ་ཉ་དེས་ལག་པ་བརྐྱང་ནས་ངའི་མཆུ་ལྟོར་རེག་པ་དང་། ངས་ཁོང་ལ། ཀྱ་ཇོ་བོ། ཞལ་གཟིགས་དེས་ང་ནི་ཧ་ཅང་ལུས་སྟོབས་ཉམས་ཤིང་། ལུས་གཟུགས་འདར་བས་བཀག་མི་ཐུབ། 17ངའི་གནས་སྟངས་དེ་ནི་བྲན་གཡོག་སྦྱིན་བདག་གི་མདུན་དུ་ལངས་པ་བཞིན་ཆགས་ཡོད་པས། ངས་ཁྱེད་ལ་ཇི་ལྟར་བཀའ་མོལ་ཞུ་ནུས་སམ། ང་ལ་སྟོབས་དང་དབུགས་ལེན་པའི་ནུས་ཤུགས་ཀྱང་མི་འདུག་ཅེས་ཞུས་པ་དང་། 18ཡང་སྐྱར་ཁོང་གིས་ང་ལ་རེག་པས། ངའི་ལུས་སྟོབས་ཆེ་རུ་ཕྱིན་པའི་འཚོར་སྣང་བྱུང་ཞིང་། 19ཁོང་གིས་གསུངས་པ། དཀོན་མཆོག་གིས་ཁྱོད་ལ་ཐུགས་བརྩེ་གནང་གི་ཡོད་པ་ཡིན་པས། ཁྱོད་ཀྱི་སེམས་འཕྲལ་དང་འཇིགས་སྣང་བྱེད་མི་དགོས། ཁོང་གིས་དེ་ལྟར་གསུངས་པའི་རྗེས་སུ་ང་ནི་ད་དུང་སྟོབས་ཤུགས་ཆེ་རུ་ཕྱིན་པའི་འཚོར་སྣང་བྱུང་ཞིང་། ངས་ཁོང་ལ། ཀྱེ་ཇོ་བོ། ཁྱེད་ཀྱིས་ང་ལ་སྟོབས་ཤུགས་གནང་བྱུང་བས། ད་ག་རེ་གསུངས་རྒྱུ་ཡོད་པ་དེ་ང་ལ་གསུངས་རོགས་གནང་ཞེས་ཞུས་པ་ཡིན། 20-21ཁོང་གིས་གསུངས་པ། ང་ཁྱོད་ཀྱི་རྩར་ཡོང་དགོས་དོན་དེ་ཁྱོད་ཀྱིས་ཤེས་ཀྱི་ཡོད་དམ། ང་ནི་བདེན་པའི་དེབ་ནང་དུ་གང་བྲིས་ཡོད་པ་དེ་ཁྱོད་ལ་མངོན་པར་བྱེད་པའི་ཕྱིར་ཡོང་བ་ཡིན། ད་ང་ཕྱིར་ལོག་ནས་པར་སི་ཡ་སྲུང་མཁན་ཕོ་ཉ་དང་འཐབ་རྒོལ་བྱེད་དགོས་རྒྱུ་ཡིན་པ་དང། དེ་རྗེས་གྷིརིསིའི་སྲུང་མཁན་ཕོ་ཉ་དེ་མངོན་པར་འགྱུར། ང་ལ་སྐྱབས་གྲོགས་མཛད་མཁན་ནི་ཨིསི་རཱཨེལ་གྱི་ཕོ་ཉ་མི་ཀ་ཨེལ་མ་གཏོགས་གཞན་སུའང་མེད་དོ༎

དྷ་ནི་ཨེལ 11

1ཕོ་ཉ་མཨེ་ཀལ་དེའི་ལས་འགན་ནི་ང་ལ་སྐྱབས་གྲོགས་དང་སྲུང་སྐྱོབ་མཛད་རྒྱུ་ཡིན་ཅིང་། 2ད་ངས་ཁྱོད་ལ་གང་ལབ་རྒྱུ་ཡིན་པ་དེ་ནི་བདེན་པ་ཡིན་ནོ༎

ཨི་ཇིབ་དང་སི་རི་ཡའི་རྒྱལ་ཁབ་རྣམས།

ཕོ་ཉ་དེས། པར་སི་ཡའི་ཐོག་ཏུ་རྒྱལ་པོ་གསུམ་གྱིས་དབང་འཛིན་བྱེད་རྒྱུ་དང་། དེ་རྗེས་རྒྱལ་པོ་བཞི་པ་ཞིག་བྱུང་ཞིང་། དེ་ནི་རྒྱལ་པོ་གཞན་རྣམས་ལས་ལྷག་པར་ནོར་ཕྱུག་ལྡན་པ་ཞིག་བྱུང་ཞིང་། དེའི་སྟོབས་དང་ལོངས་སྤྱོད་ཤིན་ཏུ་རྒྱས་པའི་སྐབས་སུ་གྷིརིསིའི་རྒྱལ་ཁབ་ལ་འགྲན་བསྡུར་དང་ཤེད་ཚད་བྱེད་པར་འགྱུར། 3དེ་ནས་རྒྱལ་པོ་རླབས་ཆེན་ཞིག་བྱུང་ཞིང་། དེས་རྒྱལ་ཁམས་ཆེན་པོ་ཞིག་ལ་དབང་འཛིན་བྱེད་དེ། སུ་ལའང་མ་བསྟུན་པར་རང་དགར་སྤྱོད་མོད། 4འོན་ཀྱང་ཁོའི་དབང་ཐང་ཤིན་ཏུ་རྒྱས་པའི་སྐབས་སུ་ཁོའི་རྒྱལ་ཁམས་དེ་ནི་དུམ་བུར་ཆག་སྟེ་རྒྱལ་ཕྲན་བཞི་རུ་ཆ་བགོས་འཐབ་རྒྱུ་ཡིན་པ་མ་ཟད། རྒྱལ་པོ་དེའི་ཚབ་ལ་རང་གི་རིགས་བརྒྱུད་ནས་མིན་པའི་རྒྱལ་པོ་གཞན་རྣམས་ཀྱིས་སྲིད་སྐྱོང་བྱེད་རྒྱུ། འོན་ཀྱང་དེ་ཚོ་ནི་སྔར་གྱི་རྒྱལ་པོ་དེ་དང་འདྲ་བའི་མངའ་ཐང་ལྡན་པར་མི་འགྱུར་རོ། 5ཨི་ཇིབ་ཀྱི་རྒྱལ་པོ་སྟོབས་ཆེན་ཡོང་རྒྱུ་དང་། ཁོའི་དམག་དཔོན་ཁོངས་ནས་གཅིག་ནི་དེ་ལས་ཀྱང་མངའ་ཐང་ཆེ་བར་འགྱུར་ཏེ། རྒྱལ་ཁམས་ཆེན་པོ་ཞིག་གི་ཐོག་ཏུ་སྲིད་སྐྱོང་བྱེད་པར་འགྱུར། 6དེ་ནས་ལོ་ཤས་རྗེས་སུ་ཨི་ཇིབ་ཀྱི་རྒྱལ་པོས་སི་རི་ཡའི་རྒྱལ་པོ་དང་མཉམ་དུ་མཐུན་ལམ་བྱས་ཏེ། དེ་ལ་རང་གི་བུ་མོ་མནའ་མར་གཏོང་རྒྱུ་ཡིན་མོད། འོན་ཀྱང་མཐུན་ལམ་དེ་ནི་ཡུན་རིང་མ་གནས་པར་སྲས་མོ་དེ་དང་མོའི་བཟའ་ཟླ་དང་མོའི་ཕྲུག་གུ་དང་། དེ་བཞིན་མོ་དང་མཉམ་དུ་ཕྱིན་པའི་འཁོར་གཡོག་དང་བཅས་པ་གསོད་པར་འགྱུར། 7དེ་རྗེས་ཡུན་རིང་མ་ལོན་པར་མོའི་གཉེན་མཚན་ཞིག་རྒྱལ་པོར་འཁོད་རྒྱུ་དང་། སི་རི་ཡའི་རྒྱལ་པོའི་དམག་དཔུང་ལ་ཕར་རྒོལ་བྱས་ཏེ། དེ་ཚོའི་འཛིང་ར་ནང་འཛུལ་ནས་དེ་ཚོ་འཕམ་པར་བྱེད་རྒྱུ་དང་། 8ཁོས་དེ་ཚོའི་ལྷ་རྣམས་ཀྱི་འདྲ་སྐུ་དང་དེ་ཚོར་བསློ་འབུལ་བྱས་པའི་གསེར་དང་དངུལ་གྱི་དངོས་རིགས་མང་པོ་ཞིག་ཨི་ཇིབ་དུ་འཁྱེར་འགྲོ་རྒྱུ་ཡིན་པ་དང་། ལོ་འགའ་ཤས་ཞི་བདེར་གནས་པའི་རྗེས་སུ། 9སི་རི་ཡའི་རྒྱལ་པོས་ཨི་ཇིབ་དུ་བཙན་གནོན་བྱེད་མོད། འོན་ཀྱང་ཕྱི་ནུར་རྒྱབ་དགོས་པར་འགྱུར་རོ། 10སི་རི་ཡའི་རྒྱལ་པོའི་སྲས་རྣམས་ཀྱིས་དམག་དཔུང་ཆེན་པོ་ཞིག་བཀོང་ནས་དམག་གི་གོ་སྒྲིགས་བྱེད་རྒྱུ་ཡིན་པ་དང་། རྒྱལ་སྲས་ཚོའི་ཁོངས་ནས་གཅིག་གིས་དགྲ་བོའི་འཛིང་ར་ཆུ་ལོག་རྒྱུགས་པ་བཞིན་དུ་འཐབ་རྒོལ་བྱེད་པར་འགྱུར། 11ཨི་ཇིབ་ཀྱི་རྒྱལ་པོ་ཧ་ཅང་ཁྲོས་ཏེ་སི་རི་ཡའི་རྒྱལ་པོ་དང་དམག་འཐབ་བྱེད་དེ། ཁོང་གི་དམག་ཚོགས་ཆེན་པོ་དེ་འཛིན་བཟུང་བྱེད་པར་འགྱུར། 12ཁོས་དམག་མི་མང་པོ་བསད་ནས་རྒྱལ་ཁ་ཐོབ་པ་དེ་ལ་སྤོབས་པ་བྱས་ནའང་། ཁོ་ལ་མུ་མཐུད་ཀྱིས་རྒྱལ་ཁ་ཐོབ་པར་མི་འགྱུར་རོ། 13སི་རི་ཡའི་རྒྱལ་པོ་ཕྱིར་ལོག་བྱས་ཏེ་སྔོན་ལས་ལྷག་པའི་དམག་ཚོགས་ཆེན་པོ་ཞིག་བསྡུ་བཀོང་བྱེད་རྒྱུ་ཡིན་པ་དང་། དུས་ལ་བབས་སྐབས་རྒྱལ་པོ་དེས་དམག་ཚོགས་ཆེ་ལ་གོ་མཚོན་ལེགས་སྒྲིགས་བྱས་པའི་དཔུང་ཚོགས་ཤིག་འཁྲིད་ནས་ཕྱིར་ལོག་བྱེད་པར་འགྱུར། 14དེ་ནས་མི་མང་པོས་ཨི་ཇིབ་ཀྱི་རྒྱལ་པོར་ངོ་ལོག་བྱེད་རྒྱུ་ཡིན་པ་དང་། དྷ་ནི་ཨེལ་ཁྱོད་ཀྱི་མི་རིགས་ཁོངས་ནས་མི་དྲག་ཤུལ་ཆེན་པོ་འགའ་ཤས་ཀྱིས་ཞལ་གཟིགས་ཤིག་མཐོང་བའི་རྐྱེན་གྱིས་ངོ་རྒོལ་བྱེད་རྒྱུ་ཡིན་ནོ། འོན་ཀྱང་དེ་ཚོ་འཕམ་པར་འགྱུར་རོ། 15དེ་ནས་སི་རི་ཡའི་རྒྱལ་པོས་ལྕགས་རིས་བསྐོར་བའི་གྲོང་ཁྱེར་ཞིག་རང་གི་དམག་མིས་མཐའ་བསྐོར་ནས་དབང་སྒྱུར་བྱེད་སྐབས། ཨི་ཇིབ་ཀྱི་དམག་མི་ཚོས་མུ་མཐུད་ཀྱིས་ཕར་རྒོལ་བྱེད་མི་ཐུབ་པ་མ་ཟད། ཁོ་ཚོའི་དམག་མི་གྲགས་ཤོས་དེ་ཚོའང་ནུས་ཤུགས་ཉམས་པར་འགྱུར་རོ། 16སི་རི་ཡ་པ་བཙན་འཇུལ་བྱེད་མཁན་དེས་ཁོ་ཚོར་རང་གི་འདོད་པ་གང་ཡོད་བྱེད་པས། དེར་སུས་ཀྱང་ངོ་རྒོལ་བྱེད་མཁན་མེད་པར། ཞལ་བཞེས་གནང་བའི་ཡུལ་དུ་ལངས་ནས་དེ་ནི་རང་གི་དབང་དུ་བསྡུ་བར་འགྱུར། 17སི་རི་ཡའི་རྒྱལ་པོས་རང་གི་དཔུང་དམག་ཚང་མ་བེད་སྤྱོད་བྱས་ཏེ། དམག་འཐབ་འགྲུལ་བཞུད་ཤིག་བརྩམ་ཞིང་། རང་གི་དགྲ་བོའི་རྒྱལ་ཁམས་དེ་མེད་པར་བཟོས་ཕྱིར་མཐུན་སྒྲིག་བྱེད་ཚུལ་གྱིས། དེ་ལ་རང་གི་བུ་མོ་མནའ་མར་བཏང་བ་ཡིན་ནའང་། ཁོའི་འཆར་གཞི་དེ་ལ་ལམ་འགྲོ་ཡོང་བར་མི་འགྱུར་རོ། 18དེ་རྗེས་ཁོས་མཚོ་འགྲམ་གྱི་མི་རིགས་དེ་ཚོའི་ཐོག་ཏུ་དམག་འཐབ་བྱས་ཏེ། དེ་ཚོ་མང་ཆེ་བ་ཞིག་རང་དབང་དུ་བསྡུ་རྒྱུ་ཡིན་མོད། འོན་ཀྱང་ཕྱི་རྒྱལ་བའི་དཔོན་པོ་ཞིག་གིས་ཁོ་འཕམ་དུ་འཇུག་སྟེ། ཁོའི་ང་རྒྱལ་དེ་འཇོམས་པར་བྱེད་རྒྱུ་དང་། ངས་པར་དུ་སི་རི་ཡའི་རྒྱལ་པོའི་ང་རྒྱལ་ཁོའི་རང་གི་ཐོག་ཏུ་བླུགས་པར་འགྱུར། 19དེ་ནས་རྒྱལ་པོ་རང་ཡུལ་དུ་ཡོད་པའི་མཁར་རྫོང་ཁག་ཏུ་ཕྱིར་ལོག་བྱེད་རྒྱུ་ཡིན་མོད། འོན་ཀྱང་ཁོ་ནི་འཕམ་ཞིང་མེད་པར་འགྲོ་རྒྱུ་ཡིན་ནོ། 20ཁོང་གི་རྗེས་སུ་རྒྱལ་པོ་གཞན་ཞིག་ཡོང་རྒྱུ་དང་། དེས་ཡུལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་ཕྱིར། དཔྱ་ཁྲལ་བསྡུས་ཏེ་མི་མང་ལ་མནར་གཅོད་གཏོང་ཕྱིར་དཔོན་པོ་ཞིག་གཏོང་རྒྱུ་ཡིན་པ་དང་། རིང་མིན་རྗེས་སུ་རྒྱལ་པོ་དེ་བསད་རྒྱུ་ཡིན། འོན་ཀྱང་དེ་ནི་མངོན་གསལ་དུའམ་དམག་སར་བསད་པར་མི་འགྱུར་རོ༎

སི་རི་ཡའི་རྒྱལ་པོ་ངན་པ།

21ཕོ་ཉས་དོན་འགྲེལ་བྱེད་ཅིང་། སི་རི་ཡའི་རྒྱལ་པོ་རྗེས་མ་དེ་ནི་མི་ངན་པ་ཞིག་ཡོང་རྒྱུ་ཡིན་པ་དང་། མི་དེ་རྒྱལ་པོ་འོས་པ་ཞིག་མེད་བཞིན་དུ། བློ་བུར་དུ་ཡོང་ནས་གཡོ་ཐབས་བྱས་ཏེ་རྒྱལ་སྲིད་རང་གི་ལག་ཏུ་བླངས་པར་འགྱུར། 22ཁོ་ལ་ངོ་རྒོལ་བྱེད་མཁན་དཀོན་མཆོག་གི་བླ་ཆེན་དེ་ཡིན་ནའང་བསད་དེ་མིང་ཤུལ་ཙམ་ཡང་མེད་པར་བྱེད་རྒྱུ་ཡིན་པ་དང་། 23དེས་ཆིངས་སྒྲིག་བྱེད་པའི་སྒོ་ནས་མི་རིགས་གཞན་ཚོ་ལ་མགོ་བསྐོར་གཏོང་བ་དང་། རྒྱལ་ཁབ་ཆུང་ངུ་ཞིག་གི་ཐོག་ཏུ་སྲིད་སྐྱོང་བྱེད་པ་ཡིན་ནའང་། ཁོའི་མངའ་ཐང་ནི་ཇེ་ཆེར་འགྲོ་བར་འགྱུར། 24ཁོས་མངའ་སྡེ་ཕྱུག་པོ་ཞིག་གི་ཐོག་ཏུ་སྔོན་ནས་ཟོན་བརྡ་མ་བྱས་པར་བློ་བུར་དུ་དབང་གནོན་བྱེད་རྒྱུ་ཡིན་ཏེ། ཁོའི་ཕ་མེས་རྣམས་ཀྱིས་དེ་སྔ་བྱས་མ་མྱོང་བའི་ལས་རྣམས་བྱེད་པར་འགྱུར། དེ་ནས་ཁོས་དམག་གི་སྐབས་སུ་བཅོམ་པའི་དངོས་རྫས་དང་ས་ཁང་རྣམས་རང་གི་རྗེས་འཇུག་རྣམས་ལ་ཆ་བགོས་བྱེད་རྒྱུ་དང་། ཁོས་མཁར་རྫོང་ཁག་ཏུ་འཐབ་འཛིང་བྱེད་པའི་འཆར་གཞི་གཏིང་མོད། འོན་ཀྱང་ཁོའི་དུས་ཀྱི་མཐའ་མ་དེ་རན་པར་འགྱུར་རོ། 25ཁོས་ཨི་ཇིབ་ཀྱི་རྒྱལ་པོའི་ཐོག་ཏུ་འཐབ་རྒོལ་བྱེད་ཕྱིར་བློ་སྟོབས་ཆེན་པོས་དམག་དཔུང་ཤུགས་ཆེ་ཞིག་གོ་སྒྲིགས་བྱེད་པར་འགྱུར། དེར་གདོང་ལེན་བྱེད་ཕྱིར་ཨི་ཇིབ་ཀྱི་རྒྱལ་པོས་དམག་དཔུང་སྟོབས་ཆེན་ཞིག་གྲ་སྒྲིགས་བྱེད་རྒྱུ་ཡིན་མོད། འོན་ཀྱང་རྒྱལ་པོ་དེ་ནི་གཡོ་ཐབས་ཀྱི་སྒོ་ནས་འཕམ་པར་འགྱུར། 26ཁོས་བློས་འཁེལ་བའི་གྲོས་དཔོན་ཚོས་ཁོ་ལ་འཇིག་པར་བྱེད་རྒྱུ་དང་། ཁོའི་དམག་མིའི་ཁ་གྲངས་མང་པོ་ཞིག་བསད་དེ་དམག་དཔུང་དང་བཅས་པ་རྩ་མེད་བཟོ་བར་འགྱུར། 27དེ་ནས་རྒྱལ་པོ་གཉིས་ཀ་ལྕོག་རྩེ་གཅིག་གི་སྟེང་དུ་ཁ་ཟས་ཟ་ནའང་། དེ་ཚོས་བསམ་ཚུལ་ངན་པ་འཁྱེར་བས། ཕན་ཚུན་གཅིག་གིས་གཅིག་ལ་རྫུན་གཏམ་བཤད་པར་འགྱུར། འོན་ཀྱང་ཁོ་ཚོས་འདོད་པ་བཞིན་དུ་འགྲུབ་པར་མི་འགྱུར་རོ། གང་ལ་ཟེར་ན། དེའི་དུས་དེ་སླེབས་མེད་པ་ཡིན་པས་ཕྱིར་རོ། 28སི་རི་ཡའི་རྒྱལ་པོ་དེ་ནི་རང་གིས་འཕྲོག་བཅོམ་བྱས་པའི་རྒྱུ་དངོས་ཚང་མ་འཁྱེར་ཡོང་ནས། དཀོན་མཆོག་གི་མི་འབངས་རྣམས་ཀྱི་ཆོས་དེ་རྩ་མེད་བཟོ་རྒྱུའི་བློ་ཐག་བཅད་དེ་ཡོང་རྒྱུ་མ་ཟད། ཁོས་རང་གི་འདོད་པ་གང་ཡོད་བྱས་ཟིན་པའི་རྗེས་སུ་རང་ཡུལ་དུ་ཕྱིར་ལོག་བྱེད་པར་འགྱུར། 29རྗེས་སུ་ཁོས་ཨི་ཇིབ་ཀྱི་ཐོག་ཏུ་སླར་ཡང་འཐབ་རྒོལ་བྱེད་ནའང་། ད་ལན་གྱི་གནས་ཚུལ་དེ་ནི་དུས་རྒྱུན་དང་མི་འདྲ་བ་འགྱུར་རྒྱུ་ཡིན། 30རོམ་པ་རྣམས་མཚོ་ཐོག་ནས་ཡོང་སྟེ་ཁོའི་ཐོག་ཏུ་དམག་འཐབ་བྱེད་པས་ཁོ་འཇིགས་པར་འགྱུར། དེ་ནས་ཁོ་ཁྲོ་བཞིན་ཕྱིར་ལོག་བྱེད་དེ། དཀོན་མཆོག་གི་འབངས་རྣམས་ཀྱི་ཆོས་དེ་རྩ་མེད་གཏོང་ཐབས་བྱེད་རྒྱུ་དང། ཁོས་ཆོས་དེ་ལ་དད་ལོག་བྱེད་མཁན་ཚོའི་སློབ་སྟོན་ལ་ཉན་པར་འགྱུར། 31ཁོའི་དམག་མི་འགའ་ཤས་ཀྱིས་མཆོད་ཁང་བཙོག་པ་བཟོ་བ་དང་། ཉིན་རེའི་དམར་མཆོད་དེ་ཚོ་འཚམས་འཇོག་བྱེད་དེ། དེར་འཇིག་པར་བྱེད་པ་ཤིན་ཏུ་འཇིགས་སུ་རུང་བ་དེ་འཇོགས་པར་འགྱུར། 32རྒྱལ་པོས་བསླུ་ཁྲིད་བྱེད་དེ་ཆོས་ལ་དད་ལོག་བྱེད་མཁན་ཚོའི་རྒྱབ་སྐྱོར་ཐོབ་ནའང་། དཀོན་མཆོག་ལ་དད་མོས་ཞུ་མཁན་ཚོས་དེ་ལ་གདོང་ལེན་གྱིས་འཐབ་རྒོལ་བྱེད་པར་འགྱུར། 33མི་མང་གི་བློ་གྲོས་དང་ལྡན་པའི་འགོ་ཁྲིད་ཚོས་གཞན་མང་པོ་ཚོར་སློབ་སྟོན་བྱེད་རྒྱུ་དང་། འོན་ཀྱང་གནས་སྐབས་རིང་དུ་ཁོ་ཚོ་འགའ་ཤས་དམག་སར་བསད་པའམ་མེར་སྲེག་གཏོང་ནས་བསད་པ་དང། འགའ་ཤས་ལ་འཕྲོག་བཅོམ་བྱེད་དེ་བཙོན་དུ་འཁྲིད་པར་འགྱུར། 34མི་བསད་བྱུང་བཞིན་པའི་སྐབས་སུ་དཀོན་མཆོག་གི་མི་འབངས་རྣམས་ལ་རོགས་རམ་ཕྲན་བུ་ཞིག་ཐོབ་པར་འགྱུར། མང་ཆེ་བ་ནི་རང་དོན་ཁོ་ནའི་ཆེད་དུ་དེ་ཚོ་དང་མཉམ་དུ་ལག་འབྲེལ་བྱེད་པར་འགྱུར། 35བློ་གྲོས་ལྡན་པའི་འགོ་ཁྲིད་དེ་ཚོ་འགའ་ཤས་བསད་རྒྱུ་ཡིན་པ་དང་། འོན་ཀྱང་དེའི་རྐྱེན་གྱིས་མི་མང་པོ་གཙང་ཞིང་དམ་པར་འགྱུར་བ་དང་། དཀོན་མཆོག་གིས་གཏན་འབེབས་གནང་བའི་དུས་ཀྱི་མཐའ་མ་དེ་མ་སླེབས་བར་དུ་དེ་ལྟར་མུ་མཐུད་ནས་འབྱུང་བར་འགྱུར། 36སི་རི་ཡའི་རྒྱལ་པོས་རང་འདོད་བཞིན་དུ་སྤྱོད་དེ། ཁོ་རང་ལྷ་རྟེན་གཞན་ལས་མངའ་ཐང་ཆེ་བ་མ་ཟད། བླ་ན་མེད་པའི་དཀོན་མཆོག་ལས་ཀྱང་ཆེ་བ་ཡིན་ཚུལ་གྱིས་སྦོར་ཤོབ་བཤད་པར་འགྱུར། དཀོན་མཆོག་གིས་ཁོ་ལ་ཆད་པ་མ་གནང་བར་དུ་ཁོས་དེ་བཞིན་མུ་མཐུད་དེ་བྱེད་ཅིང་། དཀོན་མཆོག་གི་མཛད་འཕྲིན་དག་ནི་ཉིད་ཀྱི་འཆར་གཞིའི་དགོང་དོན་ལྟར་གནང་བར་འགྱུར། 37རྒྱལ་པོས་རང་གི་མེས་པོ་རྣམས་ཀྱིས་བརྟེན་པའི་ལྷ་རྟེན་དང་། བུད་མེད་ཚོས་བརྩེ་བའི་ལྷ་རྟེན་དག་ལ་བརྩི་མེད་བྱེད་རྒྱུ་དང་། གང་ལྟར་ཁོས་ལྷ་རྟེན་ཚང་མར་བརྩི་མེད་བྱེད་པར་འགྱུར། གང་ལ་ཟེར་ན། ཁོའི་བསམ་ཚུལ་ལྟར་ཁོ་ནི་ལྷ་རྟེན་ཀུན་ལས་ཆེ་བ་ཡིན་པར་བསམ་གྱི་ཡོད་དོ། 38དེའི་ཚབ་ལ་ཁོས་མཁར་རྫོང་སྲུང་སྐྱོབ་བྱེད་པའི་ལྷ་རྟེན་དེ་ལ་དད་གུས་བྱེད་དེ། རང་གི་ཕ་མེས་རྣམས་ཀྱིས་ད་བར་མ་རྟེན་པའི་ལྷ་རྟེན་དེ་ལ་གསེར་དང་དངུལ་དང་ནོར་བུ་ལ་སོགས་པའི་འབུལ་བ་རིན་ཐང་ཆེན་པོ་དག་འབུལ་རྒྱུ་ཡིན་པ་དང་། 39ཁོས་རང་གི་མཁར་རྫོང་སྲུང་སྐྱོབ་ཆེད་དུ། ཕྱི་མིའི་ལྷ་རྟེན་ལ་བསྙེན་བཀུར་བྱེད་མཁན་མི་རྣམས་ལ་བེད་སྤྱོད་བྱེད་པ་དང་། ཁོ་ལ་རྒྱལ་པོར་ངོས་ལེན་བྱེད་མཁན་རྣམས་ལ་རྩིས་མཐོང་ཆེན་པོ་བྱེད་དེ་གོ་གནས་སྤར་བ་མ་ཟད། ཁོ་ཚོར་ས་གཞིས་སོགས་རྔན་པར་སྟེར་བར་འགྱུར། 40སི་རི་ཡའི་རྒྱལ་པོའི་དུས་ཀྱི་མཐའ་མ་དེ་ཕལ་ཆེར་རན་སྐབས་ཨི་ཇིབ་ཀྱི་རྒྱལ་པོས་ཁོ་ལ་འཐབ་རྒོལ་བྱེད་པ་དང་། སི་རི་ཡའི་རྒྱལ་པོས་ཀྱང་ཤིང་རྟ་དང་རྟ་དང་གྲུ་མང་པོར་བེད་སྤྱོད་བཏང་ནས་ནུས་ཤུགས་ཆེན་པོས་ཕར་རྒོལ་བྱེད་པར་འགྱུར། ཆུ་ལོག་བརྒྱབ་པ་བཞིན་ཁོས་ཡུལ་གྲུ་མང་པོར་བཙན་རྒོལ་བྱེད་དེ། 41ཞལ་བཞེས་གནང་བའི་ཡུལ་དེའང་བཙན་རྒོལ་བྱེད་ཅིང་། མི་ཁྲི་ཁྲག་མང་པོ་བསད་རྒྱུ་ཡིན་པ་དང་། འོན་ཀྱང་ཡུལ་ཨེ་དྷོམ་དང་། མོ་ཨཱབ་དང་། ལྷག་འཕྲོས་ལུས་པའི་ཨམ་མོན་བཅས་ཐར་བར་འགྱུར། 42ཁོས་ཡུལ་གྲུ་དེ་ཚོའི་ཐོག་ཏུ་བཙན་རྒོལ་བྱེད་སྐབས་ཨི་ཇིབ་ཀྱང་ཐར་བར་མི་འགྱུར་རོ། 43ཁོས་ཨི་ཇིབ་ཀྱི་སྦས་པའི་གཏེར་གསེར་དངུལ་ལ་སོགས་པའི་རྒྱུ་ནོར་རྩ་ཆེ་བ་རྣམས་མཉམ་དུ་འཁྱེར་རྒྱུ་ཡིན་པ་དང་། ལིབ་ཡ་དང་ཨི་ཐི་ཨོ་པི་ཨ་ཡང་དབང་སྒྱུར་བྱེད་པར་འགྱུར། 44དེ་ནས་ཤར་དང་བྱང་ནས་ཡོང་བའི་གནས་འཕྲིན་ཐོས་ཏེ་ཁོ་ལ་འཇིགས་སྣང་སྐྱེ་རྒྱུ་ཡིན་པ་དང། དྲག་ཤུགས་ཆེན་པོས་དམག་འཐབ་བྱེད་དེ་མི་མང་པོ་བསད་པར་འགྱུར། 45མཆོད་ཁང་ཡོད་པའི་རི་བོ་དང་རྒྱ་མཚོའི་བར་ལ་ཁོས་རྒྱལ་པོའི་གུར་ཆེན་ཁག་ཕུབ་རྒྱུ་ཡིན་མོད། འོན་ཀྱང་དེར་ཁོ་ལ་རོགས་བྱེད་མཁན་སུའང་མེད་པར་གཅིག་པུར་ལུས་ཏེ་ཤི་བར་འགྱུར་རོ་ཞེས་སྨྲས་སོ༎

དྷ་ནི་ཨེལ 12

མཐའ་མའི་དུས།

1ཕོ་ཉ་ཀ་ཤི་ཀའི་ན་བཟའ་བཞེས་པ་ཞིག་གིས་གསུངས་གསལ། སྐབས་དེར་ཁྱོད་ཚོའི་མི་འབངས་ལ་སྲུང་སྐྱོབ་བྱེད་མཁན་ཕོ་ཉ་རླབས་ཆེན་མི་ཀ་ཨེལ་ཞེས་པ་དེ་ཕེབས་རྒྱུ་ཡིན་པ་དང་། དེ་ནས་ཐོག་མར་མི་རིགས་རྣམས་ཆགས་པ་ནས་བཟུང་ད་བར་བྱུང་མ་མྱོང་བའི་སྡུག་བསྔལ་གྱི་ལོ་དུས་ངན་ཤོས་དེ་ཡོང་རྒྱུ་ཡིན་པ་དང་། དུས་སྐབས་དེ་ཤར་དུས་དཀོན་མཆོག་གི་དེབ་ཐོའི་ནང་དུ་མིང་འཁོད་པའི་ཁྱེད་ཀྱི་རྒྱལ་ཁམས་ཀྱི་མི་ཚང་མ་ཐར་བར་འགྱུར། 2དེ་སྔ་འཆི་ཟིན་པའི་མི་མང་པོ་ཞིག་སླར་གསོན་པོར་ལངས་ཤིང་། འགའ་ཤས་ལ་མཐའ་མེད་པའི་ཚེ་ཐོབ་པ་དང་འགའ་ཤས་མཐའ་མེད་པའི་དམའ་འབེབས་མྱོང་བར་འགྱུར། 3འགོ་ཁྲིད་བློ་གྲོས་ཅན་རྣམས་ནམ་མཁའི་འོད་སྣང་བཞིན་དུ་འཕྲོ་རྒྱུ་དང་། མི་མང་པོར་ལས་བཟང་བྱེད་དགོས་པའི་འབོད་བསྐུལ་སློབ་སྟོན་བྱེད་མཁན་རྣམས་ནི་སྐར་མའི་ཚོགས་ལྟར་རྒྱུན་དུ་འོད་སྣང་འཕྲོ་བར་འགྱུར། 4ཁོང་གིས་ང་ལ་བརྗོད་གསལ། ཀྱེ་དྷ་ནི་ཨེལ། སྲིད་པའི་མཐའ་བར་དུ་དེབ་དེ་ཁ་རྒྱབ་ནས་དེ་ལ་དམ་ཕྲུག་རྒྱོབ་ཅིག དུས་ཡུན་དེའི་རིང་ལ་གནས་སྟངས་གང་བྱུང་སྐོར་མི་མང་པོས་ཤེས་ཐབས་བྱེད་ཀྱང་ཐབས་ཤེས་དེ་ནི་དོན་མེད་ཆུད་ཟོས་སུ་འགྲོ་བར་འགྱུར། 5དེ་ནས་ངས་མི་གཉིས་གཙང་པོའི་འགྲམ་རེ་ལ་ལངས་ནས་ཡོད་པ་མཐོང་བྱུང་། 6དེ་གཉིས་ཀྱི་ནང་ནས་གཅིག་གིས་གཙང་པོའི་ཐོད་ཙམ་ལ་ལངས་ནས་བསྡད་ཡོད་པའི་ཕོ་ཉ་དེ་ལ། གནས་ཚུལ་ངོ་མཚར་ཆེན་པོ་འདི་དག་ག་དུས་བར་དུ་གནས་སམ་ཞེས་བཀའ་འདྲི་ཞུས་པ་དང་། 7ཕོ་ཉས་ཕྱག་གཉིས་ནམ་མཁའི་ཕྱོགས་སུ་བཏེགས་ནས་མཐའ་མེད་པའི་བར་དུ་བཞུགས་པའི་དཀོན་མཆོག་གི་མཚན་བརྗོད་དེ་ཞལ་བཞེས་གནང་ཞིང་གསུངས་པ། དེ་ནི་ལོ་གསུམ་དང་ཕྱེད་ཀ་འགོར་རྒྱུ་ཡིན་ཏེ། དཀོན་མཆོག་གི་འབངས་ཀྱི་ཐོག་ཏུ་བྱུང་བའི་མནར་གཅོད་དྲག་པོ་དེ་དག་རྫོགས་མཚམས་སུ་གནས་ཚུལ་དེ་དག་འགྲུབ་པར་འགྱུར་ཞེས་གསུངས་པ་ངས་ཐོས་བྱུང། 8ཁོང་གིས་གང་གསུངས་པ་དེ་ངས་ཐོས་ཀྱང་དེའི་གོ་དོན་རྟོགས་མ་ཐུབ་པས། ངས་ཁོང་ལ། ཀྱེ་ཇོ་བོ། དེ་ཚོའི་མཐའ་མ་དེ་ཇི་ལྟར་འབྱུང་རྒྱུ་ཡིན་ནམ་ཞེས་ཞུས་པ་དང་། 9དེའི་ལན་དུ་ཁོང་གིས། ཀྱེ་དྷ་ནི་ཨེལ། ད་ཁྱོད་རང་ཕར་སོང་ཞིག། གང་ལ་ཟེར་ན། མཐའ་མའི་དུས་དེ་མ་སླེབ་བར་དུ་གནས་ཚུལ་དེ་གསང་བར་སྦས་ནས་བཞག་དགོས། 10མི་མང་པོ་ཞིག་དག་འབྱངས་བྱེད་དེ་གཙང་བར་འགྱུར་རྒྱུ་དང་། མི་ངན་པས་གང་ཡང་མ་ཤེས་པར་མུ་མཐུད་ཀྱིས་ངན་ལས་བྱེད་རྒྱུ་ཡིན་མོད། འོན་ཀྱང་ཤེས་རབས་ཅན་དེ་ཚོ་གཅིག་པུས་གནས་ཚུལ་དེ་ཤེས་པར་འགྱུར། 11ཉིན་རེའི་དམར་མཆོད་རྣམས་མཚམས་འཇོགས་བྱེད་པའམ། འཇིག་པར་བྱེད་པ་ཤིན་ཏུ་འཇིགས་སུ་རུང་བའི་ཉིན་ཞག་འགོ་ཚུགས་པ་ནས་བཟུང་ཉིན་ཞག་ ༡,༢༩༠ རྫོགས་པར་འགྱུར། 12ཉིན་ཞག་ ༡,༣༣༥ མ་རྫོགས་བར་དུ་རང་གི་དད་པ་མ་ཉམས་པར་སྒུག་སྡོད་བྱེད་པ་རྣམས་ནི་བདེའོ། 13དེ་བས་ན་དྷ་ནི་ཨེལ་ཁྱོད་རང་མཐའ་མའི་བར་དུ་བརྟན་པོར་གནས་པར་བྱོས་ཤིག དེ་རྗེས་ཁྱོད་རང་འཆི་བར་འགྱུར་མོད། འོན་ཀྱང་མཐའ་མའི་དུས་སུ་རང་གི་བྱ་དགའ་ལེན་ཕྱིར་གསོན་པོར་ལང་བར་འགྱུར་རོ༎

ཧོ་ཟེ 1

1ཡ་ཧུ་དཱའི་རྒྱལ་པོ་ཨུ་ཛི་ཡཱ་དང་ཡོ་ཐམ་དང་ཨ་ཧཛེ་དང་། ཧེ་ཛི་ཀི་ཡཱ་བཅས་ཀྱི་དུས་དང་། ཡེ་ཧོ་ཨཤེའི་བུ་ཡེ་རོ་བོམ་ཨིསི་རཱཨེལ་གྱི་རྒྱལ་པོ་བྱས་པའི་དུས་སུ་གཙོ་བོ་དཀོན་མཆོག་གིས་བྷི་རིའི་བུ་ཧོ་ཟེའི་བརྒྱུད་ནས་གསུང་འཕྲིན་གནང་བ་འདི་ལྟར་ཡིན་ནོ།

ཧོ་ཟེའི་ཆུང་མ་དང་བུ་ཕྲུག་རྣམས།

2གཙོ་བོ་དཀོན་མཆོག་གིས་ཐོག་མར་ཧོ་ཟེའི་བརྒྱུད་ནས་ཨིསི་རཱཨེལ་ལ་གསུང་འཕྲིན་གནང་སྐབས། ཁོང་གིས་ཧོ་ཟེ་ལ་བཀའ་གནང་བ། ད་ཁྱོད་སོང་ལ་བུད་མེད་ཅིག་ལ་ཆང་ས་རྒྱོབ་ཅིག། ཡང་ཁྱོད་ཀྱི་ཆུང་མ་དེ་ནི་ཁྱོད་དང་དམ་ཚིག་མི་གཙང་ཞིང་། ཁྱོད་ཚོའི་བུ་ཕྲུག་རྣམས་ཀྱང་མོའི་གཤིས་ཁ་དང་མཚུངས་པར་འགྱུར། གནས་ཚུལ་དེ་དང་ཕྱོགས་མཚུངས་པར་ངའི་མི་འབངས་ཚོས་ཀྱང་ང་ལ་སྤངས་ཏེེ་དམ་ཚིག་མི་གཙང་བར་འགྱུར་ཡོད། 3དེ་ནས་ཧོ་ཟེས་དྷེབ་ལཱ་ཨེམ་གྱི་བུ་མོ་གྷོ་མེར་དང་ཆང་ས་རྒྱབ་ཏེ། ཁོ་གཉིས་ལ་ཐོག་མར་བུ་ཞིག་བྱུང་བའི་རྗེས་སུ། 4གཙོ་བོ་དཀོན་མཆོག་གིས་ཧོ་ཟེ་ལ། བུ་དེའི་མིང་ལ་ཡེཛ་རིལ་ཞེས་བཏགས་ཤིག། གང་ལ་ཟེར་ན། ཨིསི་རཱཨེལ་གྱི་རྒྱལ་པོའི་ཕ་མེས་ཡེ་ཧུ་ཞེས་པ་དེས་ཡེཛ་རིལ་དུ་སྲོག་གཅོད་བྱས་པའི་ཉེས་ལན་དུ། ངས་ཨིསི་རཱཨེལ་གྱི་རྒྱལ་པོ་ལ་རིང་མིན་ཉེས་ཆད་གཏོང་རྒྱུ་དང་། ངས་ཡེ་ཧུའི་མི་བརྒྱུད་རྩ་མེད་གཏོང་རྒྱུ་ཡིན། 5སྐབས་དེར་ངས་ཡེཛ་རིལ་གྱི་ལུང་གཤོང་དུ་ཨིསི་རཱཨེལ་གྱི་དཔུང་དམག་རྣམས་མེད་པར་བྱེད་རྒྱུ་ཡིན། 6དེ་རྗེས་གྷོ་མེར་ལ་བུ་མོ་ཞིག་སྐྱེས་པ་དང་། གཙོ་བོ་དཀོན་མཆོག་གིས་ཧོ་ཟེ་ལ་གསུངས་པ། མོའི་མིང་ལ་ལོ་རུ་ཧ་མ་ལོ་རུ་ཧ་མ: ལོ་རུ་ཧ་མ་ཞེས་པའི་དོན་ནི་བརྩེ་བ་མི་བྱེད་པ་ལ་ཟེར། ཞེས་བཏགས་ཤིག གང་ལ་ཟེར་ན། ད་ཕྱིན་ངས་ཨིསི་རཱཨེལ་མི་མང་རྣམས་ལ་བརྩེ་བ་མི་བྱེད་ཅིང་། དེ་ཚོར་སྡིག་སེལ་ཡང་མི་བྱེད་དོ། 7འོན་ཀྱང་ངས་ཡ་ཧུ་དཱའི་མི་མང་རྣམས་ལ་བརྩེ་བ་བྱེད་ཅིང་། དེ་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ངས་དེ་ཚོ་ལ་སྐྱབས་རྒྱུ་ཡིན། འོན་ཀྱང་དམག་གི་རལ་གྲི་དང་། མདའ་གཞུ་དང་། རྟ་དང་རྟ་པ་བཅས་ཀྱི་སྒོ་ནས་སྐྱབས་པར་མི་འགྱུར་རོ། 8གྷོ་མེར་གྱིས་རང་གི་བུ་མོ་ལ་འོ་མ་བཅད་པའི་རྗེས་སུ། མོ་སླར་ཡང་མངལ་དང་ལྡན་ཞིང་བུ་ཞིག་སྐྱེས་སོ། 9གཙོ་བོ་དཀོན་མཆོག་གིས་ཧོ་ཟེ་ལ་གསུངས་པ། བུའི་མིང་ལ་ལོ་ཨམ་མི ལོ་ཨམ་མི: ལོ་ཨམ་མིའི་དོན་ནི་ངའི་མི་འབངས་མ་ཡིན་ཞེས་པ་ཡིན་ནོ། ཞེས་བཏགས་ཤིག གང་ལ་ཟེར་ན། ཨིསི་རཱཨེལ་མི་མང་རྣམས་ངའི་མི་འབངས་མ་ཡིན་ཞིང་། ངའང་དེ་ཚོའི་དཀོན་མཆོག་མ་ཡིན་ནོ༎

ཨིསི་རཱཨེལ་ལ་སླར་ཡང་ཉམས་གསོ་བྱེད་རྒྱུ།

10ཨིསི་རཱཨེལ་མི་མང་རྣམས་ནི་གྲངས་ལས་འདས་ཤིང་རྩིས་དཀའ་བའི་རྒྱ་མཚོའི་བྱེ་མ་དང་མཚུངས་ཤིང་། ད་ལྟ་དཀོན་མཆོག་གིས་ཁོ་ཚོ་ལ་ངའི་མི་འབངས་མ་ཡིན་ཞེས་གསུངས་ཀྱང་། ཁོང་གིས་དེ་ཚོ་ལ། ཁྱོད་ཚོ་ནི་གསོན་པོའི་དཀོན་མཆོག་གི་བུ་དང་བུ་མོ་ཡིན་ནོ་ཞེས་གསུངས་པའི་དུས་དེ་ཉེ་བར་རན་པ་ཡི་ནོ། 11ཡ་ཧུ་དཱའི་མི་མང་དང་ཨིསི་རཱཨེལ་མི་མང་གཉིས་གཅིག་ཏུ་ཟླ་སྒྲིལ་ཏེ། དེ་གཉིས་ཐུན་མོང་གི་ཐོག་ནས་འགོ་བྱེད་གཅིག་བསྐོ་གཞག་བྱེད་རྒྱུ་ཡིན་པ་མ་ཟད། དེ་ཚོ་སླར་ཡང་རང་ཡུལ་དུ་ཡར་རྒྱས་ཕུན་སུམ་ཚོགས་པར་འགྱུར་རྒྱུ་ཡིན་ནོ། ཡེཛ་རིལ་གྱི་ཉིན་མོ་དེ་ནི་ཉིན་མོ་ཆེན་པོ་ཞིག་ཡིན་པར་འགྱུར༎

ཧོ་ཟེ 2

1དེ་བས་ན་ཁྱོད་ཚོས་རང་གི་ཨིསི་རཱཨེལ་སྤུན་གྲོགས་རྣམས་ལ། དཀོན་མཆོག་གི་མི་འབངས་དང་། གཙོ་བོ་དཀོན་མཆོག་གིས་བརྩེ་བ་གནང་བའི་མི་རིགས་ཞེས་འབོད་ཅིག།

དམ་ཚིག་མི་གཙང་བའི་གྷོ་མེར་དང་ཨིསི་རཱཨེལ།

2ཀྱེ་ངའི་བུ་ཕྲུག་རྣམས། ཁྱོད་ཚོས་རང་གི་མ་ལ་ཞུ་བ་འཐེན་ཞིག། ད་ནི་མོ་ངའི་ཆུང་མ་མ་ཡིན་ཏེ། ངའང་མོའི་ཁྱོ་མ་ཡིན་ནོ། འོན་ཀྱང་ཁྱོད་ཚོས་མོ་ལ། ལོག་གཡེམ་དང་སྨད་ཚོང་མའི་ལས་སྤངས་དགོས་པའི་ཞུ་བ་འཐེན་ཞིག 3དེ་མིན་མོ་རང་སྐྱེས་པའི་དུས་སུ་གཅེར་བུར་ཡོད་པ་བཞིན། ངས་མོ་གཅེར་བུར་བཞག་རྒྱུ་ཡིན། མི་མེད་ལུང་སྟོང་སྐམ་པོ་བཞིན་དུ་བཟོས་ཏེ། མཐར་མོ་ཁ་སྐོམ་ནས་ཤི་བར་འགྱུར། 4-5ངས་མོའི་བུ་ཕྲུག་རྣམས་ལ་བརྩེ་བ་མི་བྱེད་དོ། དེ་གང་ཡིན་ཟེར་ན། དེ་དག་ནི་ཁྲེལ་དང་ངོ་ཚ་མེད་པའི་སྨད་འཚོང་མའི་བུ་ཕྲུག་ཡིན་པའི་ཕྱིར་རོ། ཡང་མོ་རང་གིས་སྨྲས་པ། ང་ངའི་སྙིང་སྡུག་ཚོའི་རྗེས་སུ་འགྲོ་གི་ཡིན། དེ་ཚོའི་ང་ལ་ཁ་ཟས་དང་ཆུ་དང་། བལ་དང་རས་ཆའི་གྱོན་གོས་དང་། སྐྱུར་སྣུམ་དང་རྒུན་ཆང་སོགས་སྟེར་ཡོང་། 6ད་ངས་མོ་ཚེར་མའི་ར་བས་བསྐོར་ཏེ་རྩིག་པ་ཞིག་རྩིག་ནས་མོའི་འགྲུལ་ལམ་བཀག་རྒྱུ་ཡིན། 7དེ་རྗེས་མོ་རང་གི་སྙིང་སྡུག་ཚོའི་རྗེས་སུ་རྒྱུག་ནས་ཀྱང་དེ་ཚོ་བཟུང་མི་ཐུབ་བོ། མོས་དེ་ཚོ་འཚོལ་ཀྱང་མ་རྙེད་དོ། མཐར་མོས། ད་ང་ནི་རང་གི་ཐོག་མའི་ཁྱོ་ཡོད་སར་ཕྱིར་ལོག་བྱེད་ཀྱི་ཡིན། གང་ཡིན་ཟེར་ན། དེ་དུས་ཀྱི་གནས་སྟངས་དེ་ནི་ད་ལྟ་བས་ལེགས་པ་ཡིན་ནོ། 8མོས་བྷལ་ལ་མཆོད་པའི་འབྲུ་དང་། རྒུན་ཆང་དང་། སྐྱུར་སྣུམ་དང། གསེར་སོགས་གཏེར་མཁན་ང་ཡིན་པ་དེ་མོས་ངོས་ལེན་བྱ་བཞིན་མེད། 9ད་ངས་སྟོན་ཐོག་རྔ་བའི་དུས་སུ་འབྲུ་དང་། རྒུན་ཆང་དང་། དེ་བཞིན་མོ་ལ་གྱོན་གོས་སྟེར་བའི་བལ་དང་རས་ཆ་སོགས་ཕྱིར་ལེན་རྒྱུ་ཡིན་ནོ། 10མོའི་སྙིང་སྡུག་ཚོའི་མདུན་དུ་ངས་མོ་ལ་གཅེར་བུར་བྱེད་སྐབས། སུས་ཀྱང་མོ་ལ་ངའི་ལག་པ་ནས་སྐྱབས་མི་ཐུབ། 11ཡང་མོའི་ལོ་དང་ཟླ་དུས་སོ་སོའི་དུས་སྟོན་ཁག་དང་། གཞན་ཡང་ངལ་གསོ་བའི་ཞག་ལ་སོགས་པའི་ཆོས་ཀྱི་དུས་སྟོན་ཚང་མ་ངས་མེད་པར་བཟོ་རྒྱུ་ཡིན། 12མོའི་སྙིང་སྡུག་ཚོས་ང་ལ་སྟེར་བའི་གླ་ཆ་ཡིན་ཞེས་མོས་ཟེར་བའི་རྒུན་ཤིང་དང་སེ་ཡབ་ཤིང་རྣམས་ངས་མེད་པར་བྱེད་རྒྱུ་ཡིན། ངས་མོའི་ཞིང་དེ་རྣམས་དབེན་གནས་སུ་བཅོས་རྒྱུ་ཡིན། ནགས་ཀྱི་སེམས་ཅན་རྣམས་ཀྱིས་དེ་དག་མེད་པར་བྱེད་པར་འགྱུར། 13ཡང་མོས་བྷལ་ལ་བདུག་སྤོས་བདུག་ནས། རྒྱན་ཆ་གོན་ནས་རང་གི་སྙིང་སྡུག་ཚོའི་རྗེས་སུ་འབྲངས་ཏེ། ང་ལ་བརྗེད་པའི་ཉེས་ལན་དུ། ངས་མོ་ལ་ངེས་པར་ཆད་པ་གཏོང་རྒྱུ་ཡིན་ཞེས་གཙོ་བོ་དཀོན་མཆོག་གིས་གསུངས་ཡོད༎

གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་མི་འབངས་རྣམས་ལ་ཐུགས་བརྩེ་གནང་བ།

14དེ་བས་ན་ངས་མོ་འབྲོག་སྟོང་དུ་འཁྲིད་དེ་བྱམས་བརྩེའི་གཏམ་བརྗོད་ཅིང་མོའི་སེམས་ཚུར་བསྒྱུར་ཐུབ་པ་བྱ་རྒྱུ་ཡིན། 15མོའི་རྒུན་ཚལ་རྣམས་ཕྱིར་ལོག་སྤྲད་དེ། དཀའ་ངལ་གྱི་ལུང་གཤོང་ཞེས་པ་དེ་རེ་བའི་སྒོ་ཞིག་ཏུ་བཅོས་རྒྱུ་དང་། སྔར་ཨི་ཇིབ་ནས་ཐོན་ཞིང། ལང་ཚོ་དར་བའི་དུས་སུ་མོས་ངའི་ཁ་ལ་ཉན་པ་བཞིན། གནས་དེར་མོས་སླར་ཡང་ངའི་ཁ་ལ་ཉན་ནོ། 16མོས་སླར་ཡང་ང་ལ་རང་གི་ཁྱོ་ཞེས་འབོད་པ་མ་གཏོགས་རང་གི་བྷལ་ཞེས་ནམ་ཡང་འབོད་མི་ཡོང་། 17ངས་མོའི་ཁ་ནས་བྷལ་གྱི་མིང་དེ་ནམ་ཡང་བརྗོད་མི་བཅུག་གོ 18སྐབས་དེར་ངས་ནགས་ཀྱི་སེམས་ཅན་དང་འདབ་ཆགས་ཚོར། ངའི་མི་འབངས་རྣམས་ལ་གནོད་འཚེ་བྱས་མི་ཆོག་པའི་དམ་བཅའ་བྱེད་རྒྱུ་ཡིན། ངས་རལ་གྲི་དང་གཞུ་ལ་སོགས་པའི་དམག་གི་གོ་མཚོན་ཚང་མ་ཡུལ་ནས་མེད་པར་བྱེད་དེ། ངའི་མི་འབངས་རྣམས་ཞི་བདེ་ལྷིང་འཇགས་སུ་གནས་བཅུག་རྒྱུ་ཡིན། 19ཀྱེ་ཨིསི་རཱཨེལ་ངས་ཁྱོད་ལ་རང་གི་ཆུང་མར་ངོས་འཛིན་ཞིང་། ངས་ཁྱོད་རང་ལ་བདེན་པ་དང་དམ་ཚིག་གཙང་མ་བྱ་རྒྱུ་ཡིན། རྒྱུན་དུ་བརྩེ་གདུང་དང་སྙིང་རྗེ་བྱེད་དེ། དུས་གཏན་དུ་བདག་འཛིན་བྱེད་རྒྱུ་ཡིན། 20ངས་ཁྱོད་ལ་རང་གི་ཆུང་མར་ངོས་ལེན་བྱས་པའི་དམ་བཅའ་དེ་སྲུང་ཞིང་། ཁྱོད་ནས་ཀྱང་ང་ལ་རང་གི་གཙོ་བོ་དཀོན་མཆོག་ཞེས་ངོས་འཛིན་བྱེད་པར་འགྱུར། 21-22སྐབས་དེར་ངའི་མི་འབངས་ཨིསི་རཱཨེལ་གྱི་སྨོན་ལམ་ལ་ངས་ལན་སྤྲད་དེ། ངས་ས་གཞིར་ཆར་ཆུ་འབེབས་ཤིང་། འབྲུ་དང་རྒུན་ཆང་དང་སྐྱུར་སྣུམ་སོགས་འཕེལ་རྒྱས་བྱུང་ངོ་། 23ངས་རང་གི་མི་འབངས་རྣམས་ཡུལ་དུ་གཞིས་ཚུགས་པར་བྱས་ཤིང་དེ་དག་ཡར་རྒྱས་གོང་དུ་འཕེལ་བར་འགྱུར། དེ་སྔ་ལོ་རུ་ཧ་མ་ཞེས་པའི་མི་རྣམས་ལ་ངས་གཅེས་སྐྱོང་བྱེད་རྒྱུ་ཡིན། ལོ་ཨམ་མི་ཞེས་པ་རྣམས་ལ་ངའི་མི་འབངས་སུ་ངོས་འཛིན་བྱེད་རྒྱུ་དང་། དེ་ཆོས་ཀྱང་ང་ལ་རང་གི་དཀོན་མཆོག་ཏུ་ངོས་ལེན་བྱེད་རྒྱུ་ཡིན་ནོ༎

ཧོ་ཟེ 3

ཧོ་ཟེ་དང་བུད་མེད་དམ་ཚིག་མི་གཙང་བ།

1ཡང་གཙོ་བོ་དཀོན་མཆོག་གིས་ང་ལ། སྙིང་སྡུག་གཞན་དང་ལོག་གཡེམ་བྱས་པའི་ཁྱོད་ཀྱི་ཆུང་མ་དེའི་རྩར་ཡང་སྐྱར་སོང་ནས་མོ་ལ་བརྩེ་བ་བྱོས་ཤིག ཨིསི་རཱཨེལ་མི་མང་གི་ལྷ་རྟེན་གཞན་ལ་བློ་བཅོལ་ཏེ། དེ་ཚོའི་སྐུ་འདྲར་རྒུན་འབྲུམ་སྐམ་པོའི་མཆོད་འབུལ་ སྐུ་འདྲར་རྒུན་འབྲུམ་སྐམ་པོའི་མཆོད་འབུལ: སྟོན་ཐོག་གི་ལྷ་རྟེན་ལ་རྒུན་འབྲུམ་སྐམ་པོའི་མཆོད་པ་འབུལ་སྲོལ་ཡོད་ཅིང་། དེ་ལྟར་མཆོད་འབུལ་བྱེད་པའི་འགྲུབ་འབྲས་སུ་ལོ་ཐོག་བཟང་པོ་སྨིན་པའི་རེ་འདོད་བྱེད་སྲོལ་ཡོད་དོ། བྱས་རུང་། ངས་ད་དུང་ཁོ་ཚོར་བརྩེ་བ་བྱས་པ་བཞིན། ཁྱོད་ནས་ཀྱང་མོ་ལ་བརྩེ་བ་དེ་ལྟར་བྱེད་དགོས་གསུངས་སོ། 2ངས་མོའི་བླུ་རིན་དུ་དངུལ་དུམ་བུ་བཅོ་ལྔ་དང་། ནས་ཀི་ལོ་གྷ་རམ་ ༡༥༠ སྟེར་ནས་ཉོས་པ་ཡིན། 3ཡང་ངས་མོ་ལ། ལོག་གཡེམ་མ་བྱས་པར་ཡུན་རིང་བར་ངའི་དོན་དུ་སྒུག་དགོས་ཏེ། དེའི་རིང་དུ་ངས་ཀྱང་མོ་ལ་སྒུག་རྒྱུ་ཡིན་ཞེས་སྨྲས་ཡོད། 4ཨིསི་རཱཨེལ་མི་མང་རྣམས་ལ་རྒྱལ་པོ་དང་འགོ་བྱེད་སོགས་མེད་པར། དེ་བཞིན་དམར་མཆོད་དང་། དམ་པའི་རྡོ་རིང་དང་། གཞན་ཡང་སྐུ་འདྲ་དང་མོ་རྟེན་སོགས་གང་ཡང་མེད་པར་དུས་ཡུན་རིང་པོའི་བར་དུ་གནས་དགོས་ཤིང་། 5འོན་ཀྱང་ཨིསི་རཱཨེལ་མི་མང་རྣམས་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་དང་། རྒྱལ་པོ་དཱ་བིད་ཀྱི་གདུང་བརྒྱུད་ཀྱི་ཕྱོགས་སུ་སླར་ཡང་བློ་བསྒྱུར་བའི་དུས་ཤིག་ཡོང་རྒྱུ་ཡིན་ནོ། དེ་ཚོས་གཙོ་བོ་དཀོན་མཆོག་ལ་འཇིགས་ནས། ཁོང་ནས་གནང་སྦྱིན་བཟང་པོའི་བྱིན་རླབས་ཐོབ་པར་འགྱུར་རོ༎

ཧོ་ཟེ 4

གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་ལ་སྐྱོན་བརྗོད་གནང་བ།

1ཡུལ་འདིའི་མི་མང་རྣམས་ལ་གཙོ་བོ་དཀོན་མཆོག་གིས་སྐྱོན་བརྗོད་ཞིག་གནང་བ། ཀྱེ་ཨིསི་རཱཨེལ་ཁོང་གི་གང་གསུང་ས་པར་ཉོན་ཞིག ཡུལ་གྱི་ནང་དུ་བདེན་པ་དང་བརྩེ་བ་མེད་དོ། མི་མང་ཚོས་ང་ལ་དཀོན་མཆོག་ངོས་འཛིན་མི་བྱེད་དོ། 2དེ་ཚོས་དམ་བཅའ་བྱས་ཀྱང་དེ་བཞིན་བརྩི་སྲུང་མི་བྱེད་དོ། རྫུན་སྨྲ་ཞིང་སྲོག་གཅོད་བྱས་པ་དང་། རྐུ་བ་དང་། གཞན་ཡང་ལོག་གཡེམ་དང་། སྲོག་གཅོད་མུ་མཐུད་ནས་བྱས་པའི་ཁྲིམས་འགལ་གྱི་ལས་ངན་གང་མང་འཕེལ་ལོ། 3ཡུལ་གྱི་རྩྭ་ཆུ་སྐམ་ཞིང་དེར་གནས་པའི་སེམས་ཅན་དང་། འདབ་ཆགས་དང་ཉ་ལ་སོགས་པའི་སྲོག་ཆགས་ཚང་མ་ཤི་བར་འགྱུར༎

གཙོ་བོ་དཀོན་མཆོག་གིས་བླ་མ་རྣམས་ལ་སྐྱོན་བརྗོད་གནང་བ།

4གཙོ་བོ་དཀོན་མཆོག་གིས་གསུངས་པ། སུས་ཀྱང་མི་མང་ལ་སྐྱོན་བརྗོད་བྱེད་པའམ་ཁ་བརྡུངས་མ་བཏང་ཞིག འོན་ཀྱང་ངས་ཁྱོད་ཚོ་བླ་མ་རྣམས་ལ་སྐྱོན་བརྗོད་བྱ་རྒྱུ་ཡིན། 5ཁྱོད་ཚོས་ཉིན་མཚན་མེད་པར་ནོར་འཁྲུལ་བྱས་ཡོད། ལུང་སྟོན་པ་ཚོས་ཀྱང་ཁྱོད་ལས་ཀྱང་ལེགས་པར་བྱས་མེད། ངས་ཁྱོད་ཚོའི་ཨ་མ་ཨིསི་རཱཨེལ་དེ་རྩ་མེད་གཏོང་རྒྱུ་ཡིན། 6ངའི་མི་འབངས་ཚོས་ང་ལ་ངོས་འཛིན་མ་བྱས་པ་ཡིན་པས། དེ་དག་ཡོངས་སུ་འཇིགས་རྒྱུ་ཡིན། དེ་བཞིན་ཁྱོད་ཚོ་བླ་མ་ཚོས་ཀྱང་ང་ལ་ངོས་འཛིན་མ་བྱས་པར། ངའི་སློབ་སྟོན་ལ་ཁས་མ་ལེན་ནོ། དེར་བརྟེན་ངས་ཁྱོད་ཚོ་ལ་ཁས་ལེན་རྒྱུ་མིན་པ་དང་ཁྱོད་ཚོའི་བུ་རྣམས་ལ་ངའི་བླ་མར་ངོས་འཛིན་མི་བྱེད་དོ། 7ཁྱོད་ཚོ་བླ་མ་རྣམས་ཀྱི་ཁ་གྲངས་ཇི་ཙམ་མང་བ་དེ་ཙམ་ཁྱོད་ཚོའི་ང་ལ་རྒོལ་བའི་སྡིག་པ་མང་ངོ་། ངས་ཁྱོད་ཚོའི་སྙན་གྲགས་དེ་ངོ་ཚའི་རྒྱུ་ཞིག་ཏུ་འགྱུར་བར་བྱེད་རྒྱུ་ཡིན། 8ངའི་མི་འབངས་ཀྱི་སྡིག་པའི་སྒོ་ནས་ཁྱོད་ཚོ་ཕྱུག་པོར་འགྱུར་བ་དང་། དེའི་ཕྱིར་དེ་དག་གི་སྡིག་པ་མང་བར་བྱེད་པར་ཁྱོད་ཚོས་འདོད་དོ། 9དེར་བརྟེན་མི་མང་བྱིངས་དང་མཚུངས་པར་ཁྱོད་ཚོ་ལའང་ཉེས་པ་འཕོག་ངེས་ཤིང་། ངས་ཁྱོད་ཚོ་ལ་ཉེས་པ་གཏོང་རྒྱུ་ཡིན་པ་དང་། ཁྱོད་ཚོའི་བྱ་སྤྱོད་ངན་པའི་རིན་པ་འཇལ་བཅུག་རྒྱུ་ཡིན། 10ཁྱོད་ཚོས་མཆོད་འབུལ་གྱི་རྫས་ནས་རང་གི་ཐོབ་སྐལ་དེ་ཟ་རུང་མ་ཚིམ་པ་དང་། དེ་བཞིན་རིགས་བརྒྱུད་འཕེལ་བའི་ལྷ་སོགས་ལ་བསྙེན་བཀུར་བྱས་རུང་། ཁྱོད་ཚོར་བུ་ཕྲུག་བྱུང་མི་ཡོང་། གང་ལ་ཟེར་ན། ཁྱོད་ཚོས་ང་ལ་ངོ་ལོག་བྱས་ཏེ། ལྷ་གཞན་གྱི་རྗེས་སུ་འབྲངས་སོ༎

ཕྱི་པའི་ལྷ་རྟེན་ལ་བསྙེན་བཀུར་བྱེད་ཕྱོགས་སྐོར་ལ་གཙོ་བོ་དཀོན་མཆོག་གིས་སྐྱོན་བརྗོད་གནང་བ།

11གཙོ་བོ་དཀོན་མཆོག་གིས་གསུངས་པ། རྒུན་ཆང་གསར་རྙིང་གཉིས་ཀས་ངའི་མི་འབངས་རྣམས་ཀྱི་འཚོར་སྣང་མེད་པར་བྱེད་ཡོད། 12དེ་ཚོས་ཤིང་དུམ་བུ་ཞིག་ལ་བཀའ་དགོངས་ཞུས་ཤིང་། འཁར་རྒྱུག་གཅིག་གིས་དེ་དག་ལ་བཀའ་བསྒོས་བྱེད་པ་དང་། དེ་ཚོས་ང་ལ་སྤངས་སོ། བུད་མེད་སྨད་ཚོང་མ་ཞིག་ཁྱོ་གཞན་ཚོའི་རྗེས་སུ་འབྲངས་བ་བཞིན། དེ་ཚོས་ལྷ་རྟེན་གཞན་ཚོའི་རྗེས་སུ་འབྲངས་སོ། 13རི་རྩེ་ཁུལ་གྱི་གནས་དམ་པར་དེ་ཚོས་དམར་མཆོད་འབུལ་བ་དང་། ལྗོན་ཤིང་མཐོ་ལ་ཡལ་འདབ་རྒྱས་པ་དང་། བསིལ་གྲིབ་སྦྱིན་པའི་ཤིང་སྡོང་རྣམས་ཀྱི་འོག་ཏུ་རི་བོ་རྣམས་སུ་སྤོས་བདུག་པས། དེའི་རྐྱེན་གྱིས་ཁྱོད་ཚོའི་བུ་མོ་རྣམས་ཀྱིས་སྨད་འཚོང་མའི་ལས་བྱེད་པ་དང་། དེ་བཞིན་མནའ་མ་ཚོས་ཀྱང་ལོག་གཡེམ་བྱེད་དོ། 14འོན་ཀྱང་ངས་དེ་ཚོ་ལ་ཆད་པ་མི་བཅད་དོ། གང་ལ་ཟེར་ན་ཁྱོད་ཚོ་རང་ཉིད་ལྷ་ཁང་གི་སྨད་འཚོང་མ་ཚོའི་རྩར་ཕྱིན་ནས ལྷ་ཁང་གི་སྨད་འཚོང་མ: ལོ་ཐོག་དང་མི་བརྒྱུད་འཕེལ་རྒྱས་ཡོང་ཕྱིར་བསྙེན་བཀུར་བྱེད་སའི་ལྷ་ཁང་ཁག་ལ་དེ་ལྟ་བུའི་སྨད་འཚོང་མ་རྣམས་ཡོད་དོ། ཡང་དེ་ཚོ་དང་ལུས་འབྲེལ་བྱས་ན་ལོ་ཐོག་དང་སྒོ་ཕྱུགས་སོགས་འཕེལ་རྒྱས་ཡོང་བའི་ཡིད་ཆེས་ཡོད་པ་དང་། ཀ་ནན་པའི་ལྷ་ཁང་ཁག་ལ་དེ་ལྟ་བུའི་སྲོལ་ཡོད་དོ། དེ་ཚོ་མཉམ་དུ་འགྲོགས་ནས་ཕྱི་པའི་ལྷ་རྟེན་ལ་དམར་མཆོད་འབུལ་ཀྱི་ཡོད་དོ། དེ་ཡང་ལེགས་བཤད་ལས་གསུངས་པ་བཞིན། འཚོར་སྣང་མེད་པའི་མི་སྡེ་འཇིགས་པར་འགྱུར་རོ། 15ཁྱོད་ཚོ་ཨིསི་རཱཨེལ་མི་མང་རྣམས་དང་དམ་ཚིག་མི་གཙང་རུང་། ཡ་ཧུ་དཱ་ནི་དེ་ལྟར་ཉེས་ཅན་མ་ཡིན་ཤོག། གྷིལ་གཱལ་ལམ་བྷེ་ཐ་བེན་དུ་བསྙེན་བཀུར་མ་བྱེད་ཅིག། ཡང་དེར་གཙོ་བོ་དཀོན་མཆོག་གི་མཚན་བརྗོད་དེ་མནའ་མ་སྐྱེལ་ཞིག 16ཨིསི་རཱཨེལ་མི་མང་རྣམས་ནི་བ་ཕྱུགས་བཞིན་དུ་ཨུ་ཚུགས་ཆེ་བས། ངས་དེ་ཚོ་ལ་ལུག་གུ་བཞིན་དུ་རྩ་ཁར་འཁྲིད་དེ་ཇི་ལྟར་འཚོ་སྐྱོང་བྱེད་ཐུབ་བམ། 17ཨིསི་རཱཨེལ་མི་མང་རྣམས་ལ་སྐུ་འདྲ་སོགས་ཀྱི་ངན་སྔགས་འཕོག་ཡོད་པས། དེ་ཚོ་རང་འདོད་བཞིན་དུ་འགྲོ་རུ་བཅུག་ཅིག། 18དེ་ཚོས་ཆང་རག་མང་པོ་འཐུང་སྟེ། སྨད་འཚོང་མ་དང་དགའ་མགུར་ལོངས་སུ་སྤྱོད་པ་དང་། སྙན་གྲགས་ལས་ངོ་ཚའི་རྒྱུ་ལ་དགའ་བར་བྱེད་དོ། 19དེ་ཚོ་རླུང་འཚུབ་དྲག་པོས་འཁྱེར་བ་དང། ཕྱི་པའི་ལྷ་རྟེན་སོགས་ལ་དམར་མཆོད་འབུལ་བའི་རྐྱེན་གྱིས་དེ་ཚོ་ངོ་ཚའི་གནས་སྟངས་སུ་གནས་དགོས་པར་འགྱུར་རོ༎

ཧོ་ཟེ 5

1ཀྱེ་བླ་མ་རྣམས་ཚུར་ཉོན་ཞིག། ཀྱེ་ཨིསི་རཱཨེལ་མི་མང་རྣམས་འདིར་དོ་སྣང་བྱོས་ཤིག། ཀྱེ་རྒྱལ་པོའི་རིགས་བརྒྱུད་རྣམས་ཚུར་ཉོན་ཞིག། ཁྱོད་ཚོས་ཚུལ་བཞིན་ཁྲིམས་གཅོད་བྱེད་དགོས་ཀྱང་དེ་བཞིན་མ་བྱས་པས། ཁྱོད་ཚོའི་ཐོག་ཏུ་ཁྲིམས་འཕོག་ངེས་སོ། ཁྱོད་ཚོ་མིཛ་པཱ་རུ་རྙིད་དང་། རི་བོ་ཏ་བྷོར་དུ་བཀྲམ་པའི་དྲ་བར་གྱུར་ཡོད། 2གྲོང་ཁྱེར་ཨ་ཀ་སི་ཡ་རུ་ཁྱོད་ཚོ་ནི་གཞན་ལ་བསླུ་བའི་ཕྱིར་ས་དོང་གཏིང་རིང་པོར་འགྱུར་ཡོད་དོ། ངས་ཁྱོད་ཚོ་ཚང་མར་ཉེས་ཆད་གཏོང་རྒྱུ་ཡིན། 3ཨིསི་རཱཨེལ་གྱི་གནས་སྟངས་ངོ་མ་གང་ཡིན་པ་དེ་ངས་ཤེས་པས། མོ་ང་ནས་གབ་མི་ཐུབ། མོ་ནི་དམ་ཚིག་མི་གཙང་ཞིང། མོའི་ཡུལ་མི་རྣམས་ནི་ང་ལ་བསྙེན་བཀུར་བྱེད་འོས་པ་མེད་དོ༎

ཧོ་ཟེས་སྨད་ཚོང་མའི་ལས་ཀྱི་སྐོར་ཟོན་བརྡ་བཏང་བ།

4དེ་ཚོའི་བྱ་སྤྱོད་ངན་པའི་རྐྱེན་གྱིས་དཀོན་མཆོག་གི་ཕྱོགས་སུ་བློ་བསྒྱུར་མི་ཐུབ་བོ། གང་ལ་ཟེར་ན། དེ་ཚོའི་བརྒྱུད་ལ་སྨད་ཚོང་མའི་ལས་ཀྱི་རྐྱེན་གྱིས་དེ་ཚོས་གཙོ་བོ་དཀོན་མཆོག་ལ་ངོས་འཛིན་མ་ཞུས་སོ། 5ཨིསི་རཱཨེལ་གྱི་ང་རྒྱལ་གྱིས་རང་ལ་དཔང་པོ་བྱེད་དོ། དེའི་ཕྱིར་ཨིསི་རཱཨེལ་སྡིག་པའི་ནང་དུ་ལྷུང་བ་དང་། མོོ་མཉམ་དུ་ཡ་ཧུ་དཱ་ཡང་ལྷུང་ངོ་། 6དེ་ཆོས་རང་གི་ར་ལུག་དང་ཕྱུགས་བཅས་གཙོ་བོ་དཀོན་མཆོག་ལ་དམར་མཆོད་འབུལ་བར་འཁྱེར་ནའང་། དེས་དེ་ཚོ་ལ་ཕན་ཐོག་གང་ཡང་བྱུང་མི་ཡོང་། དེ་ཚོས་ཁོང་ལ་རྙེད་མི་ཡོང་། གང་ལ་ཟེར་ན། ཁོང་གིས་དེ་ཚོར་སྤངས་ཡོད་དོ། 7དེ་ཚོས་གཙོ་བོ་དཀོན་མཆོག་ལ་དམ་ཚིག་ལོག་པར་བྱེད་ཡོད་པ་དང་། དེ་ཚོའི་ཕྲུ་གུ་རྣམས་གཙོ་བོ་དཀོན་མཆོག་གི་མ་ཡིན་ནོ། དེའི་རྐྱེན་གྱིས་དེ་ཚོ་དང་དེ་ཚོའི་ས་ཞིང་དང་བཅས་པ་ཚང་མ་མྱུར་དུ་མེད་པར་འགྱུར༎

ཡ་ཧུ་དཱ་དང་ཨིསི་རཱཨེལ་དམག་འཐབ་པ།

8གྷི་བི་ཨཱ་རུ་དམག་དུང་བུད་ཅིག། ར་མཱ་རུ་ཉེན་བརྡ་བཏང་ཞིག། བྷེ་ཐ་བེན་དུ་དམག་གི་སྐད་རྒྱོབ་ཅིག། ཀྱེ་བྷེན་ཡ་མིན་པ་རྣམས་སྣེ་འཁྲིད་བྱོས་ཤིག། 9ཁྲིམས་གཅོད་ཀྱི་ཉིན་དེ་སླེབས་བཞིན་ཡོད་པ་དང། ཨིསི་རཱཨེལ་པ་རྣམས་སྟོངས་པར་འགྱུར་ཞིང་། ཨིསི་རཱཨེལ་པ་རྣམས་ཀྱི་ཁྲོད་དུ་འདི་ནི་ངེས་པར་འབྱུང་བར་འགྱུར། 10གཙོ་བོ་དཀོན་མཆོག་གིས་གསུངས་པ། ང་ནི་ཁྲོ་བཞིན་ཡོད། གང་ལ་ཟེར་ན། ཡ་ཧུ་དཱའི་འགོ་དཔོན་ཚོས་ཨིསི་རཱཨེལ་ལ་བཙན་འཛུལ་བྱས་ནས་དེ་ཚོ་ནས་ས་ཞིང་འཕྲོག་བཅོམ་བྱེད་ཡོད། དེའི་རྐྱེན་གྱིས་ངས་དེ་ཚོའི་ཐོག་ཏུ་ཆུ་ལོག་ལྟར་ཆད་པ་གཏོང་རྒྱུ་ཡིན། 11ཨིསི་རཱཨེལ་ནི་མནར་གཅོད་ནང་ཚུད་ཡོད་པ་དང་། རང་ལ་བདག་པའི་ཞིང་དེ་བོར་ཡོད་དོ། གང་ལ་ཟེར་ན། རོགས་བྱེད་མ་ཐུབ་མཁན་སྐུ་འདྲ་ཚོའི་རྗེས་སུ་འབྲངས་བར་ཨུ་ཚུགས་བྱས་སོ། 12ངས་ཨིསི་རཱཨེལ་ཐོག་ཏུ་རྐྱེན་ངན་འཁྱེར་ཡོང་རྒྱུ་དང་། ཡ་ཧུ་དཱའི་མི་མང་རྣམས་འཇིགས་པར་བྱ་རྒྱུ་ཡིན། 13ཨིསི་རཱཨེལ་གྱིས་རང་གི་ནད་དང་། ཡ་ཧུ་དཱས་རང་གི་རྨ་རྣམས་མཐོང་སྐབས། དེ་ནས་ཨིསི་རཱཨེལ་གྱིས་ཨ་སུར་གྱི་རྒྱལ་པོ་ཆེན་པོའི་སར་རོགས་ཀྱི་ཕྱིར་མི་རྣམས་བཏང་ངོ་། འོན་ཀྱང་དེས་དྲག་གསོ་མ་ཐུབ་པ་དང་། རྨ་ཡང་གསོ་བར་བྱེད་མ་ཐུབ་བོ། 14ང་ནི་སེང་གེ་ལྟ་བུ་ཨིསི་རཱཨེལ་དང་ཡ་ཧུ་དཱའི་མི་མང་ཐོག་ཏུ་འཐབ་རྒྱུ་ཡིན། ང་རང་ཉིད་ཀྱིས་དེ་ཚོ་ལ་དུམ་བུར་དུམ་བུར་བཟོས་ནས་སློད་རྒྱུ་ཡིན། ངས་དེ་ཚོ་ལ་འདྲུད་སྐབས། དེ་ཚོ་ལ་སུས་ཀྱང་སྐྱབས་མ་ཐུབ་བོ། 15དེ་ཚོས་རང་གི་ཉེས་སྡིག་ལ་ངོས་ལེན་བྱས་ནས་ང་ལ་མ་འཚོལ་བར་དུ། ངས་རང་གི་མི་འབངས་རྣམས་ལ་སྤངས་རྒྱུ་ཡིན། ཅིག་བྱེད་ན་དེ་ཚོས་རང་ལ་དཀའ་ངལ་བྱུང་སྐབས་ང་ལ་འཚོལ་ཐབས་བྱེད་པར་འགྱུར༎

ཧོ་ཟེ 6

མི་མང་གི་རྫུན་གྱི་འགྱོད་བཤགས།

1མི་མང་རྣམས་ཀྱིས། ཤོག་ལ། ང་ཚོ་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་ལོག་པར་བྱའོ། ཁོང་གིས་ང་ཚོར་རྨས་ཡོད་དོ། འོན་ཀྱང་ཁོང་རང་ཉིད་ཀྱིས་ང་ཚོ་ལ་ངེས་པར་དྲག་གསོ་བ་གནང་ཡོང་། ཁོང་གིས་ང་ཚོར་རྨ་བཟོས་ཡོད་པས། འོན་ཀྱང་ཁོང་གིས་ང་ཚོའི་རྨ་ལ་རྨ་རས་ཀྱི་བཏུམ་པར་གནང་ཡོང་། ཡང་ན་གནང་མི་ཡོང་ངམ། 2ཞག་གཉིས་གསུམ་གྱི་ཐོག་ཁོང་གིས་ང་ཚོ་ལ་སྐྱར་དུ་གསོན་པོ་མཛད་གནང་ཡོང་། ང་ཚོ་ཁོང་གི་དྲུང་དུ་གསོན་པོར་འཚོ་བར་འགྱུར། 3ཤོག་ལ། ང་ཚོས་གཙོ་བོ་དཀོན་མཆོག་ལ་ནན་ཏན་ཆེན་པོས་ངོ་ཤེས་དགོས། ཁོང་ཕེབས་རྒྱུ་ནི་ཇི་ལྟར་ཉི་མ་ཤར་བ་ངེས་གཏན་ཡོད་པ་ལྟར་ཁོང་ཕེབས་ཡོང་། ཁོང་ང་ཚོའི་རྩར་ཆར་དུས་བཞིན་ས་གཞི་སྦང་བ་ལྟར་མཐའ་མའི་ཆར་ཆུ་བཞིན་ཕེབས་རྒྱུ་ཡིན་ནོ་ཞེས་སྨྲས་སོ། 4འོན་ཀྱང་གཙོ་བོ་དཀོན་མཆོག་གིས་གསུངས་པ། ཨིསི་རཱཨེལ་དང་ཡ་ཧུ་དཱ་ཁྱོད་གཉིས་ལ་ཅི་བྱའམ། ཁྱོད་ཀྱི་ངའི་ཆེད་དུ་བྱམས་བརྩེ་ནི་སྔ་དྲོའི་སྨུག་པ་དང་ཟིལ་པ་ལྟར་ཡལ་བཞིན་ཡོད། 5དེའི་རྐྱེན་གྱིས་ངས་ཁྱོད་ཚོ་ལ་ངའི་ལུང་སྟོན་པ་ཚོའི་སྒོ་ནས་དུམ་བུར་དུམ་བུར་བཅད་པ་ཡིན། ངས་ངའི་ཁ་ཡི་བཀའི་སྒོ་ནས་ཁྱོད་ཚོ་ལ་བསད་པ་ཡིན། ངའི་ཁྲིམས་ནི་ཁྱོད་ཚོའི་ཐོག་ཏུ་གློག་འཁྱུགས་པ་ལྟར་ཤར་ཡོད་དོ། 6གང་ལ་ཟེར་ན། ང་ནི་དམར་མཆོད་ལ་མ་ཡིན་སྙིང་རྗེ་ལ་འདོད་དོ། སྦྱིན་སྲེག་གི་མཆོད་པ་ལས་ངའི་མིས་ང་ལ་ངོ་ཤེས་པར་འདོད་དོ། 7འོན་ཀྱང་དེ་ཚོས་ཨ་དམ་ལྟར་ངའི་ཞལ་ཆད་དང་འགལ་ཡོད་དོ། དེ་ཚོས་ང་ལ་དད་ལོག་བྱས་སོ། 8གྷིིལ་ཨད་ནི་མི་ངན་རྣམས་ཀྱི་གྲོང་ཁྱེར་ཡིན་པ་དང་དེ་ནི་སྲོག་གཅོད་མཁན་གྱི་གང་ཡོད་དོ། 9བླ་མ་རྣམས་ནི་འཕྲོག་བཅོམ་བྱེད་མཁན་ཇག་པ་ལྟར་མི་ཞིག་ལ་སྒུག་ནས་བསྡད་དོ། དེ་ཚོས་ཤེ་ཀེམ་གྱི་ལམ་དུ་སྲོག་གཅོད་ཀྱི་ལས་བྱེད་པ་དང་། དེ་ཚོས་ཤེས་བཞིན་དུ་ངན་ལས་བྱེད་དོ། 10ཨིསི་རཱཨེལ་གྱི་ཁྱིམ་ཚང་ནང་དུ་ངས་ཞེད་སྣང་ཚ་པོ་ཞིག་མཐོང་བྱུང་། ངའི་མི་འབངས་ཀྱིས་སྐུ་འདྲ་རྣམས་ལ་མཆོད་ནས་རང་ཉིད་ལ་མི་གཙང་བ་བཟོས་ཡོད་དོ། 11ཀྱེ་ཡ་ཧུ་དཱ་ཁྱོད་ཀྱི་གང་བྱས་པ་དེའི་ཆེད་དུ་ཁྱོད་ལ་ཆད་པ་གཏོང་རྒྱུའི་དུས་ཚོད་ཤིག་གཏན་འབེབས་བྱས་ཡོད༎

ཧོ་ཟེ 7

1ངས་ག་དུས་ཡིན་རུང་ངའི་མི་འབངས་ཨིསི་རཱཨེལ་གྱིི་ནད་དྲག་གསོ་བ་དང་། སླར་ཡང་ཡར་རྒྱས་ཕུན་སུམ་ཚོགས་པ་བཟོ་བར་འདོད་སྐབས། དེ་ཚོའི་སྤྱོད་ངན་དང་ལས་ངན་པ་ཤ་སྟག་མཐོང་བཞིན་འདུག དེ་ཚོས་གཅིག་གིས་གཅིག་ལ་མགོ་བསྐོར་གཏོང་བ་དང་། དེ་ཚོས་ཁྱིམ་རྣམས་སྟོར་ནས་བརྐུ་བ་དང་། དེ་ཚོས་རྒྱ་ལམ་སྟེང་དུ་མི་རྣམས་ལ་བཅོམ་གྱི་ཡོད་དོ། 2ངས་དེ་ཚོའི་ངན་ལས་ཚོ་དྲན་གསོ་བྱེད་ཀྱི་ཡོད་པ་དེ་ཚོས་བསམ་བློ་བཏང་གི་མེད་པ་དང་། དེ་ཚོ་རང་གི་སྡིག་པས་དེ་ཚོ་ལ་བསྐོར་ནས་ཡོད། དེ་ཚོའི་ལས་རྣམས་རྒྱུན་དུ་ངའི་མདུན་དུ་ཡོད༎

ཕོ་བྲང་ནང་དུ་བྱུས་ངན་བརྩམས་པ།

3གཙོ་བོ་དཀོན་མཆོག་གིས་གསུངས་པ། མི་རྣམས་ཀྱི་བྱུས་ངན་བརྩམས་ནས་རྒྱལ་པོ་དང་ཁོང་གི་དཔོན་པོ་རྣམས་ལ་བསླུ་ཁྲིད་བྱེད་དོ། 4དེ་ཚོ་ཚང་མ་ལོག་གཡེམ་པ་ཡིན། དེ་ཚོ་ནི་བག་ལེབ་བཟོ་མཁན་གྱི་ཐབ་ཚ་པོ་དང་འདྲའོ། བག་ལེབ་བཟོ་མཁན་གྱི་གྲོ་ཞིབ་དེ་སྐྱུར་མ་ལངས་བར་དུ་མེ་དེ་དཀྲུག་མི་དགོས་སོ། 5དགའ་སྟོན་གྱི་ཉིན་མོར་ང་ཚོའི་རྒྱལ་པོ་དང་ཁོང་གི་ལས་བྱེད་པ་རྣམས་ལ་རྒུན་ཆང་གིས་ར་བཟི་བཅུག་ནས་གླེན་པ་བཟོས་སོ། 6དེ་ཚོའི་བྱུས་ངན་ནི་ཐབ་ལྟར་འབར་བ་དང་། དེ་ཚོའི་ཁོང་ཁྲོ་མཚན་གང་འབར་བ་དང་། དེ་ནི་སྔ་དྲོའི་མེ་དང་འདྲ་བ་འབར་རོ། 7དེ་ཚོའི་ཁྲོ་བ་མེ་ལྟར་འབར་སྐབས། དེ་ཚོས་རང་གི་སྲིད་སྐྱོང་པ་རྣམས་མེད་པར་བྱེད་པ་དང་། གཅིག་རྗེས་གཉིས་མཐུད་ཀྱི་དེ་ཚོས་རྒྱལ་པོ་རྣམས་བསད་དོ། འོན་ཀྱང་སུ་ཞིག་གིས་ཀྱང་ང་ལ་སྐྱབས་གྲོགས་ཀྱི་སྨོན་ལམ་མ་འདེབས་སོ༎

ཨིསི་རཱཨེལ་དང་མི་རིགས་རྣམས།

8གཙོ་བོ་དཀོན་མཆོག་གིས་གསུངས་པ། ཨིསི་རཱཨེལ་པ་རྣམས་ནི་གཞོག་གཅིག་ཚོས་པའི་བག་ལེབ་དང་འདྲའོ། དེ་ཚོའི་མཐའ་འཁོར་དུ་ཡོད་པའི་མི་རིགས་རྣམས་ལ་བློ་བཅོལ་གྱི་ཡོད་དོ། 9ཕྱི་རྒྱལ་བ་རྣམས་ཀྱིས་དེ་ཚོའི་སྟོབས་ཤུགས་དེ་འཕྲོག་པ་དེ་ཚོས་མི་ཤེས་པ་དང་། མགོ་ལ་སྐྲ་དཀར་ཆགས་པ་མཐོང་ན་ཡང་། རང་གི་མཐའ་མ་དེ་ཉེ་བར་སླེབས་པ་མ་ཤེས་པའི་མི་རྒན་དང་འདྲ་བ་ཨིསི་རཱཨེལ་བྱུང་ཡོད་དོ། 10ཨིསི་རཱཨེལ་གྱི་རང་གི་ང་རྒྱལ་གྱིས་རང་ལ་དཔང་པོ་བྱེད་དོ། འོན་ཀྱང་དེ་ཚོ་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་མ་ལོག་པ་དང་ཁོང་ལ་མི་འཚོལ་ལོ། 11ཨིསི་རཱཨེལ་ནི་ཤེས་རབ་མེད་པའི་ཕུག་རོན་ལྟར་འདྲའོ། རོགས་ཀྱི་ཕྱིར་སྔོན་དུ་ཨི་ཇིབ་དང་དེ་རྗེས་ཨ་སུར་ལ་བོས་པར་རྒྱུགས་སོ། 12འོན་ཀྱང་དེ་ཚོ་འགྲོ་བའི་སྐབས་སུ་བྱ་དང་འདྲ་བ་དེ་ཚོར་འཇུས་པར་རྙིད་ཞིག་དེ་ཚོའི་སྟེང་དུ་བཀྲམ་རྒྱུ་ཡིན། ངས་དེ་ཚོའི་ངན་པའི་ཚབ་ཏུ་ཉེས་པ་གཏོང་རྒྱུ་ཡིན། 13ང་ལ་སྤངས་ནས་ངོ་ལོག་བྱས་པའི་དེ་ཚོ་བཀྲ་མི་ཤིས། དེ་ཚོ་ངེས་པར་འཇིགས་པར་འགྱུར། ངས་དེ་ཚོ་ལ་སྐྱབས་པར་འདོད་ཀྱང་དེ་ཚོས་ང་ལ་རྫུན་གྱི་མཆོད་འབུལ་བྱས་སོ། 14དེ་ཚོས་ང་ལ་སྙིང་ནས་འབོད་ཀྱི་མེད་དོ། འོན་ཀྱང་རང་གི་ཉལ་ཁྲིའི་ཁར་སྨྲེ་ངག་འདོན་པ་དང་། དེ་ཚོ་འབྲུ་དང་རྒུན་ཆང་གི་ཆེད་དུ་སྨོན་ལམ་འདེབས་པའི་སྐབས་སུ། ཕྱི་པ་ལྟར་རང་ཉིད་ལ་གཤག་གོ། དེ་ཚོ་ཇི་ལྟར་ངོ་ལོག་པ་ཡིན་ནོ། 15ངས་དེ་ཚོ་ལ་འཚོ་སྐྱོངས་བྱས་ནས་སྟོབས་ཆེན་བཟོས་པ་ཡིན། འོན་ཀྱང་ངའི་སྟེང་དེ་ཚོས་འཆར་གཞི་ངན་པ་བཏིང་བཞིན་ཡོད་དོ། 16དེ་ཚོ་ང་ནས་ཕར་ལོག་སྟེ་སྟོབས་ཤུགས་མེད་པའི་འདྲ་སྐུའི་རྗེས་སུ་མུ་མཐུད་འབྲངས་བ་དང་། དེ་ཚོ་ནི་ཀྱོག་པའི་གཞུ་དང་འདྲ་བ་བློས་འཁེལ་བྱེད་མ་ཐུབ་པ་འགྱུར་ཡོད། དེ་ཚོའི་འགོ་དཔོན་རྣམས་ང་རྒྱལ་གྱི་གཏམ་བཤད་པའི་རྐྱེན་གྱིས་འདི་ཚོ་ལ་འཆི་བ་དྲག་པོ་ཡོང་བ་དང། ཨི་ཇིབ་པ་ཚོས་གད་མོ་བགད་བར་འགྱུར་རོ༎

ཧོ་ཟེ 8

ཨིསི་རཱཨེལ་པ་ཚོས་སྐུ་འདྲར་མཆོད་པའི་རྐྱེན་གྱིས་གཙོ་བོ་དཀོན་མཆོག་གིས་སྐྱོན་བརྗོད་གནང་བ།

1གཙོ་བོ་དཀོན་མཆོག་གིས་གསུངས་པ། དུང་ཕུད་ཅིག། དགྲ་བོ་རྣམས་ཡུལ་གྱི་སྟེང་བྱ་གླག་ལྟར་མར་མཐོ་གཤོག་རྒྱབ་བཞིན་འདུག ངའི་མི་འབངས་ཀྱི་ང་དང་བཞག་པའི་དམ་བཅའ་དང་འགལ་ཡོད་ཅིང་། ངའི་བཀའ་ཁྲིམས་ལ་ངོ་ལོག་བྱེད་ཡོད་དོ། 2དེ་ཚོས་ང་ལ་ཁོ་ཚོའི་དཀོན་མཆོག་དང་དེ་ཚོ་ངའི་མི་མང་ཡིན་ཟེར་ནས་ང་ལ་ངོ་ཤེས་ཀྱི་ཡོད་ཟེར་བརྗོད་ན་ཡང་། 3གང་བཟང་པོ་ཡིན་པ་དེ་དེ་ཚོས་དོར་ནས་ཡོད། དེའི་རྐྱེན་གྱིས་དེ་ཚོའི་དགྲ་བོས་དེ་ཚོ་ལ་དེད་པར་འགྱུར། 4དེ་ཚོས་ང་ལ་མ་ལབ་པར་རྒྱལ་པོ་དང་འགོ་དཔོན་རྣམས་བསྐོས་པ་དང་། དེ་ཚོས་རང་གི་གསེར་དངུལ་ལས་རང་ཉིད་ཀྱི་དོན་དུ་སྐུ་འདྲ་བཟོས་ནས་རང་གི་ཐོག་ཏུ་འཇིག་པ་འཁྱེར་ཡོང་ངོ་། 5ས་མར་ཡའི་གྲོང་ཁྱེར་གྱི་མི་འབངས་རྣམས་ཀྱིས་མཆོད་པའི་གསེར་གྱི་བེའུ་ལ་ངས་སྡང་སེམས་བྱས་ཀྱི་ཡོད། ང་ཁྲོ་བ་དྲག་པོ་ལངས་ནས་ཡོད། ནམ་བར་ཁོ་ཚོ་མི་གཙང་བར་གནས་སམ། 6ཨིསི་རཱཨེལ་པའི་ལག་ཤེས་མཁས་པ་ཚོས་སྐུ་འདྲ་དེ་བཟོས་པ་དང་། འདི་ནི་དཀོན་མཆོག་མ་ཡིན། ས་མར་ཡ་རུ་མཆོད་པའི་གསེར་གྱི་བེའུ་དེ་དུམ་བུར་བཟོ་བར་འགྱུར། 7དེ་ཚོས་རླུང་བཙུགས་པ་དང། རླུང་འཚུབ་རྔས་པར་བྱའོ། ཞིང་ཁར་འབྲུ་མ་ཚོས་པ་ཡིན་ན་བག་ལེབ་བཟོས་མ་ཐུབ་བོ། གལ་སྲིད་འབྲུ་ཆགས་ན་ཡང་ཕྱི་རྒྱལ་བ་རྣམས་ཀྱིས་ཟ་བར་འགྱུར་རོ། 8ཨིསི་རཱཨེལ་གྱི་མི་རིགས་གཞན་དང་འདྲ་བ་ཆག་པའི་ཕན་མེད་ཀྱི་སྣོད་དུ་འགྱུར་ཡོད། 9ནགས་ཀྱི་རྐྱང་སེམས་མཁྲེགས་ལྟར། ཨིསི་རཱཨེལ་པ་རྣམས་རང་གི་ལམ་དུ་འགྲུལ་ལོ། དེ་ཚོ་རང་ཉིད་ཨ་སུར་རུ་རོགས་ཞུ་བར་ཕྱིན་པ་དང་མི་རིགས་གཞན་ཚོར་རང་ཉིད་ལ་སྐྱབས་ཕྱིར་བླུ་རིན་སྤྲད་དོ། 10འོན་ཀྱང་ད་ངས་དེ་ཚོ་ལ་གཅིག་ཏུ་བསྡུས་ནས་ཉེས་པ་གཏོང་རྒྱུ་ཡིན། དེ་ཚོ་མགྱོགས་པོ་ཨ་སུར་གྱི་རྒྱལ་པོ་ཆེན་པོའི་མནར་གཅོད་ཀྱིས་ཉམས་ང་བར་འགྱུར། 11ཨིསི་རཱཨེལ་པ་ཚོས་སྡིག་པ་སེལ་བའི་ཕྱིར་མཆོད་ཁྲི་ཇི་ལྟར་མང་པོ་བཞེངས་ན་ཡང་། མཆོད་ཁྲིད་དེ་ཚོ་ནི་སྡིག་པ་བྱས་སའི་ས་གནས་སུ་འགྱུར་རོ། 12ངས་དེ་ཚོའི་ཆེད་དུ་བསླབ་བྱ་མང་པོ་བྲིས་པ་ཡིན། འོན་ཀྱང་དེ་ཚོས་དེ་ལ་ནམ་ཡང་མ་ཐོས་པའི་ཕྱི་རྒྱལ་ལྟར་བརྩིས་སོང་། 13ང་ལ་དམར་མཆོད་འབུལ་བའི་ཤ་རྣམས་དེ་ཚོ་རང་ཉིད་ཀྱི་ཟའོ། འོན་ཀྱང་ང་གཙོ་བོ་དཀོན་མཆོག་དེ་ཚོ་ལ་མི་དགའ་འོོ། ད་ངས་དེ་ཚོའི་ཉེས་སྡིག་དྲན་གསོས་ནས་ཉེས་པ་གཏོང་རྒྱུ་ཡིན། ངས་དེ་ཚོ་ལ་ཨི་ཇིབ་དུ་ཕྱིར་ལོག་བཏང་བར་འགྱུར། 14ཨིསི་རཱཨེལ་གྱི་མི་མང་ཚོས་རང་གི་ཆེད་དུ་ཕོ་བྲང་རྣམས་བཞེངས་པ་དང་། འོན་ཀྱང་དེ་ཚོར་བཀོད་མཁན་ལ་དེ་ཚོས་བརྗེད་དོ། ཡ་ཧུ་དཱ་པའི་མི་མང་ཚོས་གྲོང་ཁྱེར་གྱི་མཁར་རྫོང་རྣམས་རྩིགས་སོ། འོན་ཀྱང་ངས་མེ་བཏང་ནས་དེ་ཚོའི་གྲོང་ཁྱེར་རྣམས་དང་ཕོ་བྲང་རྣམས་མེས་འཚིག་པར་འགྱུར༎

ཧོ་ཟེ 9

ཧོ་ཟེས་ཨིསི་རཱཨེལ་ལ་ཆད་པའི་གསལ་བསྒྲགས་བྱེད་པ།

1ཀྱེ་ཨིསི་རཱཨེལ་པ་ཚོ་རང་གི་དུས་སྟོན་རྣམས་ཕྱི་པ་ལྟར་སྲུང་བར་འགོག་ཅིག ཁྱོད་ཀྱིས་རང་གི་དཀོན་མཆོག་ནས་ཁ་བསྒྱུར་ནས་ཁོང་ལ་དམ་ཚིག་མི་གཙང་བ་བྱས་ཡོད། ཡུལ་ཡོངས་སུ་རང་ཉིད་སྨད་འཚོང་མ་ཚོ་ལྟར་ལྷ་བྷྷལ་ལ་བཙོང་པ་དང་། ཁོས་སྤྲད་པའི་འབྲུ་དེ་རིན་པ་རེད་བསམ་ནས་དེ་ལ་ཁྱོད་དགའོ། 2འོན་ཀྱང་མགྱོགས་པོར་འབྲུ་དང་སྐྱུར་སྣུམ་མ་ལྡང་བར་འགྱུར། དེར་རྒུན་ཆང་གསར་པ་ཡོང་བར་མི་འགྱུར། 3ཨིསི་རཱཨེལ་པ་རྣམས་གཙོ་བོ་དཀོན་མཆོག་གི་ཡུལ་དུ་མི་གནས་སོ། འོན་ཀྱང་ཨི་ཇིབ་དུ་ཕྱིར་ལོག་འགྲོ་དགོས་པ་དང་། ཨ་སུར་རུ་ཁ་ཟས་མི་གཙང་བ་ཟ་དགོས་པར་འགྱུར། 4ཕྱི་ཡུལ་དུ་དེ་ཚོས་གཙོ་བོ་དཀོན་མཆོག་ལ་རྒུན་ཆང་གི་མཆོད་འབུལ་བཟོ་མི་ཐུབ་པ་དང་། དེ་ཚོའི་དམར་མཆོད་ཀྱང་ཁོང་གི་རྩར་འཁྱེར་ཡོང་མི་ཐུབ་བོ། དེ་ཚོའི་ཁ་ཟས་ཀྱིས་ཟ་མཁན་ཚང་མར་ཕུང་པོ་འདོན་སར་ཁ་ཟས་ཟ་བ་ལྟར། མི་གཙང་བར་ཆགས་པར་འགྱུར། དེ་ནི་དེ་ཚོའི་ལྟོགས་པ་ཚིམས་པའི་ཆེད་དུ་བེད་སྤྱོད་བྱེད་པ་དང་། ཁ་ཟས་དེ་ལས་གང་ཙམ་ཞིག་ཀྱང་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་འབུལ་བ་འཁྱེར་བར་མི་འགྱུར། 5གཙོ་བོ་དཀོན་མཆོག་ལ་གུས་བཀུར་གྱི་ཆེད་དུ་གཏན་འབེབས་བྱས་པའི་དུས་སྟོན་གྱི་ཉིན་དེ་སླེབས་སྐབས་དེ་ཚོས་དེའི་སྐབས་སུ་ཅི་བྱའམ། 6འཇིགས་པ་དེ་སླེབས་སྐབས་མི་མང་ཁ་འཐོར་བ་དང་། ཨི་ཇིབ་པ་རྣམས་ཀྱིས་དེ་ཚོར་མེམ་ཕིསི་སུ་དེ་ཚོ་ལ་སྦེད་པའི་ཕྱིར་བསྡུས་པར་བྱ། དེ་ཚོའི་དངུལ་གྱི་རྒྱུ་ནོར་དང་གནས་སྡོད་བྱས་པའི་ཁང་པ་རྣམས་འཚེར་ཤིང་གིས་བཀབ་པར་འགྱུར། 7ཉེས་ཆད་ཀྱི་དུས་དེ་སླེབས་ཡོད་པ་དང་། མིས་ཐོབ་འོས་པའི་དུས་དེ་སླེབས་ཡོད་པ་དང་། དེ་རྣམས་བྱུང་སྐབས། ཨིསི་རཱཨེལ་ལ་དེ་ཤེས་རྟོགས་བྱུང་ཡོང་། ཁྱོད་ཚོས་ལུང་སྟོན་པ་ནི་གླེན་པ་དང་། ཐུགས་ཉིད་དང་ལྡན་པའི་མི་ནི་སྨྱོན་པ་རེད་ཟེར་སྨྲའོ། ཁྱོད་ཚོའི་སྡིག་པ་མང་བའི་རྐྱེན་གྱིས་ཁྱོད་ཚོས་ང་ལ་ཧ་ཅང་སྡང་ངོ་། 8དཀོན་མཆོག་གིས་ང་ལ་ལུང་སྟོན་པའི་ཚུལ་དུ་ཨིསི་རཱཨེལ་གྱི་མི་མང་ལ་ཟོན་བརྡ་བྱེད་པར་བཏང་བྱུང་། ང་ག་རུ་འགྲོ་ཡང་ཁྱོད་ཚོས་ང་ལ་བྱིའུ་ལྟར་རྙི་བཙུགས་ནས་ཡོད། དཀོན་མཆོག་གི་མཆོད་ཁང་དུ་ཡང་མི་མང་ཚོ་ལུང་སྟོན་པའི་དགྲ་རྣམས་ཡིན་ནོ། 9གྷི་བི་ཨཱ་རུ་བྱུང་བ་ལྟར་དེ་ཚོས་ཧ་ཅང་གི་ལས་ངན་བྱེད་དོ། དཀོན་མཆོག་གིས་དེ་ཚོའི་སྡིག་པར་དྲན་གསོས་ནས་ཉེས་ཆད་གནང་བར་འགྱུར༎

ཨིསི་རཱཨེལ་གྱི་སྡིག་པ་དང་དེའི་འབྲས་བུ།

10གཙོ་བོ་དཀོན་མཆོག་གིས་གསུངས་པ། ངས་ཨིསི་རཱཨེལ་ལ་ཐོག་མར་རྙེད་སྐབས། དེ་ནི་འབྲོག་སྟོང་དུ་སྐྱེས་པའི་རྒུན་འབྲུམ་རྙེད་པ་ལྟར་བྱུང་ངོ་། ངས་ཁྱོད་ཚོའི་ཕ་མེས་ཚོ་ལ་ཐོག་མར་མཐོང་སྐབས། རང་གི་ནམ་དུས་སུ་སྔོན་དུ་ཚོས་པའི་སེ་ཡབ་ཀྱི་འབྲས་བུ་མཐོང་བ་དང་འདྲའོ། འོན་ཀྱང་རི་བོ་པི་ཨོར་དུ་སླེབས་སྐབས། དེ་ཚོས་བྷལ་ལ་མཆོད་འགོ་ཚུགས་སོ། དེ་རྗེས་དེ་ཚོས་གཅེས་པའི་སྐུ་འདྲ་ལྟར་རང་ཉིད་ཀྱང་ཞེན་ལོག་ཏུ་འགྱུར། 11ཨིསི་རཱཨེལ་གྱི་གཟི་བརྗིད་ནི་བྱ་ལྟར་འཕུར་འགྲོ་བ་དང་། བུད་མེད་སུ་ལ་ཡང་ཕྲུ་གུ་མ་སྐྱེས་པ་དང་། མངལ་དང་ལྡན་པ་བྱུང་མི་ཡོང། ཕྲུ་གུ་ཡང་འཁོར་མི་ཡོང་། 12དེ་ཚོས་ཕྲུ་གུ་སྐྱེས་ནས་འཚར་ལོང་བྱས་ན་ཡང་། ཕྲུ་གུ་གཅིག་ཀྱང་གསོན་པོར་མ་ལུས་པར་བྱས་ནས་ངས་དེ་ཚོ་འཁྱེར་བར་བྱའོ། ངས་མི་མང་དེ་ཚོ་སྤངས་སྐབས། དེ་ཚོའི་ཐོག་འཇིགས་པའི་བྱ་བ་རྣམས་བྱུང་བར་འགྱུར། 13ངས་ཨིསི་རཱཨེལ་ལ་ཁ་ཟུར་གྱི་སྡོང་པོ་གསར་པ་ཞིག་དང་འདྲ་བ་ས་བཅུད་བཟང་པོར་བཙུགས་པ་མཐོང་བྱུང་། འོན་ཀྱང་ད་ལྟ་མོའི་ཕྲུ་གུ་འཚོལ་ཞིང་འཚོལ་ཞིང་གསོད་དགོས་པ་ཡིན། 14ཀྱེ་གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་དེ་ཚོ་ལ་ཅི་གནང་རོགས་གནང་ཞེས་ངས་ཁྱེད་ལ་ཞུ་བ་འབུལ་ལམ། དེ་ཚོའི་བུད་མེད་རྣམས་ལ་རབས་ཆད་མ་བཟོས་རོགས་གནང་། འོ་འཐུང་ཕྲུ་གུ་ཚོའི་ཨ་མའི་འོ་མ་སྐམ་པར་མཛད་རོགས་གནང་༎

གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་སྟེང་ཁྲིམས་གཅོད་གནང་བ།

15གཙོ་བོ་དཀོན་མཆོག་གིས་གསུངས་པ། དེ་ཚོའི་ལས་ངན་ཚང་མ་གྷིལ་གཱལ་དུ་འགོ་ཚུགས་པ་དང་། དེར་ངས་དེ་ཚོ་ལ་ཞེན་ལོག་བྱེད་འགོ་ཚུགས་པ་ཡིན། དེ་ཚོའི་བྱས་པའི་ལས་ངན་གྱི་ཕྱིར་ངས་དེ་ཚོ་ལ་ངའི་ཡུལ་ནས་བཏོན་རྒྱུ་ཡིན། སླར་ཡང་ངས་དེ་ཚོ་ལ་ནམ་ཡང་བྱམས་པ་མི་བྱའོ། དེ་ཚོའི་འགོ་དཔོན་ཚང་མས་ང་ལ་ངོ་ལོག་བྱས་ཡོད་དོ། 16ཨིསི་རཱཨེལ་གྱི་མི་མང་ནི་རྩ་བ་རྣམས་སྐམ་ནས་འབྲས་བུ་མི་ཆགས་པའི་ཤིང་སྡོང་ལྟ་བུ་ཡིན་ནོ། དེ་ཚོར་ཕྲུ་གུ་སྐྱེས་མི་ཡོང་། ཕྲུ་གུ་སྐྱེས་ན་ཡང་དེ་ཚོས་གཅེས་པའི་ཕྲུ་གུ་རྣམས་ངས་གསོད་རྒྱུ་ཡིན༎

ལུང་སྟོན་པས་ཨིསི་རཱ་ཨེལ་གྱི་སྐོར་ལ་སྨྲས་པ།

17ངས་ཞབས་ཕྱི་ཞུས་པའི་དཀོན་མཆོག་དེས། རང་གི་མི་འབངས་ལ་ངོས་ལེན་མི་གནང་ངོ། གང་ལ་ཟེར་ན། དེ་ཚོས་ཁོང་གི་བཀའ་ལ་ཉན་མེད་པ་དང་། མི་རིགས་གཞན་གྱི་ཁྲོད་དུ་དེ་ཚོ་འཁྱམས་ནས་འགྲུལ་མཁན་རྣམས་བྱུང་བར་འགྱུར༎

ཧོ་ཟེ 10

གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་ཁྲིམས་ཀྱི་གསལ་བསྒྲགས་གནང་བ།

1ཨིསི་རཱཨེལ་གྱི་མི་མང་ནི་འབྲས་བུ་མང་པོ་ཡོད་པའི་རྒུན་ཤིང་འདྲ་བ་དང་། དེ་ཚོ་ཇི་ལྟར་འཕེལ་རྒྱས་བྱུང་བ་དང་དེ་བཞིན་མཆོད་ཁྲི་མང་བར་བཞེངས་སོ། དེ་ཚོའི་ས་ཞིང་ཇི་ལྟར་མང་བར་ཐོན་སྐྱེད་འཕེལ་བ་དང་། དེ་ཚོས་མཆོད་པའི་དམ་པའི་རྡོ་རིང་རྣམས་ད་དུང་མཛེས་པོ་བཟོས་སོ། 2དེ་ཚོའི་སེམས་ནི་གཡོ་སྒྱུས་གང་བའི་རྐྱེན་གྱིས་ད་ཆ་དེ་ཚོའི་རང་གི་སྡིག་པའི་ཉེས་ཆད་དེ་ངེས་པར་དུ་མྱོང་དགོས། དཀོན་མཆོག་གིས་དེ་ཚོའི་མཆོད་ཁྲི་རྣམས་སྟོར་གནང་ཡོང་། ཡང་དེ་ཚོའི་དམ་པའི་རྡོ་རིང་རྣམས་མེད་པར་མཛད་པར་འགྱུར། 3དེ་ཚོས་ང་ཚོ་ལ་རྒྱལ་པོ་མེད་དོ། གང་ལ་ཟེར་ན། ང་ཚོས་གཙོ་བོ་དཀོན་མཆོག་ལ་འཇིགས་ཀྱི་མེད་དོ། འོན་ཀྱང་རྒྱལ་པོ་ཡོད་ན་ཡང་ཁོང་གིས་ང་ཚོའི་ཆེད་དུ་ཅི་བྱེད་ཐུབ་བམ་ཞེས་སྨྲས་སོ། 4དེ་ཚོས་ཚིག་སྟོང་པ་ལབ་པ་དང་། དམ་བཅའ་རྫུན་མ་བཟོས་པ་དང་། ཕན་མེད་ཀྱི་ཆིངས་ཡིག་བཞག་གོ། རྨོ་བའི་ཞིང་ལ་དུག་རྩ་སྐྱེས་པ་ལྟར་ཁྲིམས་ནི་ཁྲིམས་མེད་པ་ལྟར་འགྱུར་རོ། 5ས་མར་ཡ་རུ་སྡོད་མི་རྣམས་འཇིགས་པ་དང་། བྷེ་ཐ་བེན་དུ་ཡོད་པའི་གསེར་གྱི་བེའུ་བརླག་ནས་མྱ་ངན་བྱེད་པར་འགྱུར། དེ་ཚོ་དང་བེའུ་དེའི་སྐུ་འདྲའི་ཞབས་ཏོག་པ་བླ་མ་རྣམས་ཀྱིས་དེའི་ཆེད་དུ་ངུ་བར་འགྱུར། སྐུ་འདྲ་དེའི་གཟི་བརྗིད་ཕུད་པའི་སྐབས་སུ་དེ་ཚོས་སྨྲེ་ངག་འདོན་ཡོང་། 6རྒྱལ་པོ་ཆེན་པོའི་འབུལ་བའི་ཚུལ་དུ་དེ་ནི་ཨ་སུར་རུ་འཁྱེར་བར་འགྱུར། ཨིསི་རཱཨེལ་ནི་ང་ཚོའི་ནང་དུ་ཚུད་ཡོང་། གང་ལ་ཟེར་ན ཁོ་ཚོའི་བསླབ་བྱའི་རྗེས་སུ་འཇུག་ཡོད། 7དེ་ཚོའི་རྒྱལ་པོ་ཆུའི་སྟེང་དུ་ལྡིང་བའི་ཤིང་གི་དུམ་བུ་ལྟར་འཁྱེར་བར་འགྱུར། 8ཨིསི་རཱཨེལ་གྱི་སྐུ་འདྲ་མཆོད་ཡུལ་ཨ་བེན་གྱི་ས་གནས་མཐོ་པོ་རྣམས་མེད་པར་འགྱུར་བ་དང་། དེའི་མཆོད་ཁྲི་རྣམས་ཀྱི་སྟེང་དུ་ཚེར་མའི་ཟ་ཚོད་ཀྱིས་འགེབས་པར་འགྱུར། ཡང་དེ་ཚོས་རི་རྣམས་ལ་ང་ཚོ་ལ་སྦས་ཤིག་ཅེས་སྨྲས་ཡོང་། རི་ཕྲན་རྣམས་ལ་ང་ཚོར་འགེབས་ཤིག་ཟེར་བར་འགྱུར༎

གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པའི་ཐོག་ཁྲིམས་གཅོད་ཀྱི་གསལ་བསྒྲགས་གནང་བ།

9གཙོ་བོ་དཀོན་མཆོག་གིས་གསུངས་པ། ཀྱེ་ཨིསི་རཱཨེལ་གྷི་བི་ཨཱ་རུ་ཁྱོད་ཀྱིས་སྡིག་པ་བྱེད་པ་ནས་བཟུང་། ད་དུང་ཡང་སྡིག་པ་དེ་ག་རང་བྱས་ནས་བསྡད་ཡོད་ཅིང་། དེ་ཚོ་གྷི་བི་ཨཱའི་དམག་སར་ཚུད་བར་འགྱུར། 10ངས་འདོད་པ་ལྟར་མི་སྡིག་ཅན་ཚོར་ཆད་པ་གཏོང་རྒྱུ་ཡིན། མི་རིགས་རྣམས་འཛོམས་ནས་དེ་ཚོའི་ཐོག་རྒོལ་ནས། དེ་ཚོའི་སྡིག་པ་མང་བའི་ཕྱིར་ཉེས་ཆད་བཏང་བར་འགྱུར། 11དུས་སྐབས་ཤིག་ལ་ཨིསི་རཱཨེལ་ནི་སྦྱོང་དར་ཡོད་པའི་གཡུལ་འཐག་བསྐོར་བར་འདོད་མཁན་གྱི་བ་ཕྱུགས་གཞོན་པ་དང་འདྲའོ། ངས་དེ་ཡི་མཛེས་ལྡན་གྱི་དཔུང་པར་གཉའ་ཤིང་བཏག་ནས། ངས་ད་དུང་ལས་ལྗིད་པོས་ཁོ་ལ་རྨོ་རྒྱུར་ཐག་གཅོད་བྱེད་ཡོད། ཡ་ཧུ་དཱས་ཞིང་རྨོ་དགོས་རྒྱུ་དང་། ཨིསི་རཱཨེལ་ལ་ཤལ་བ་འཐེན་བཅུག་རྒྱུ་ཡིན། 12ངས་སྨྲས་པ། རང་གི་དོན་དུ་དྲང་བ་ཉིད་ཀྱི་ས་བོན་འདེབས་ཤིག། རྒྱུན་དུ་གནས་པའི་བྱམས་བརྩེའི་འབྲས་བུ་བསྡུས་ཤིག། ད་ཁྱོད་ཚོའི་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་ཁ་བསྒྱུར་བའི་དུས་སྐབས་དེ་རང་ཡིན། ཁོང་ཕེབས་ནས་ཁྱོད་ཚོའི་སྟེང་དུ་བྱིན་རླབས་ཀྱི་ཆར་ཆུ་འབེབས་པར་འགྱུར། 13འོན་ཀྱང་ཁྱོད་ཚོས་ངན་པ་འདེབས་པ་དེས་བརྔའོ། ཁྱོད་ཚོས་རྫུན་ནས་སྐྱེས་པའི་འབྲས་བུ་ཟ་ཡོད་དོ། ཁྱོད་ཚོས་རང་གི་སྟོབས་ཤུགས་དང་རང་གི་དམག་མི་ཚོའི་སྟེང་བློ་བཅོལ་བའི་རྐྱེན་གྱིས། 14ཁྱོད་ཚོའི་མི་འབངས་ཀྱི་ཐོག་ཏུ་ངོ་རྒོལ་དང་དམག་འཁྲུགས་ཀྱིས་ངར་སྐད་ལངས་པ་དང་། མཁར་རྫོང་རྣམས་ཀྱང་མེད་པར་བཟོ་པར་འགྱུར། རྒྱལ་པོ་ཤལ་མན་གྱིས་བྷེ་ཐར་བེལ་གྱི་གྲོང་ཁྱེར་མེད་པར་བཟོ་བའི་ཉིན་ལྟར། དེའི་སྐབས་སུ་ཨ་མ་ཚོ་ཕྲུ་གུ་ཚོ་དང་མཉམ་དུ་དུམ་བུར་དུམ་བུར་བཟོས་ནས་བསད་པའི་ཉིན་ལྟ་བུ་དེ་ཉིན་བྱུང་བར་འགྱུར། 15ཀྱེ་བྷེ་ཐེལ་པ་རྣམས། ཁྱོད་ཚོའི་ལས་ངན་རྐྱེན་གྱིས་ཁྱོད་ཚོ་ལ་ཡང་དེ་བཞིན་ཡོང་ངོ་། དམག་འཁྲུགས་འགོ་ཚུགས་པའི་སྐབས་སུ་ཨིསི་རཱཨེལ་གྱི་རྒྱལ་པོ་འཆི་བར་འགྱུར༎

ཧོ་ཟེ 11

དཀོན་མཆོག་གི་རང་གི་མི་འབངས་ངོ་ལོག་པ་རྣམས་ལ་གཅེས་པ།

1གཙོ་བོ་དཀོན་མཆོག་གིས་གསུངས་པ། ཨིསི་རཱཨེལ་ཕྲུ་གུ་ཡིན་པའི་སྐབས་སུ་ངས་ཁོ་ལ་གཅེས་པོ་བྱས་པ་ཡིན། ངས་རང་གི་བུ་ལ་ཨི་ཇིབ་ནས་ཕྱིར་བོས་པ་ཡིན། 2ངས་དེ་ཚོ་ལ་ཇི་ཙམ་བོས་ཀྱང་། དེ་ལས་ཀྱང་དེ་ཚོ་ཐག་རིང་དུ་སོང་ངོ་། དེ་ཚོས་བྷལ་ལ་དམར་མཆོད་འབུལ་བ་དང་། རྐོས་པའི་འདྲ་སྐུ་རྣམས་ལ་སྤོས་བདུག་གོ། 3ཨིསི་རཱཨེལ་པ་ཚོར་ལག་པ་བཟུང་ནས་འགྲུལ་བར་སློབ་མཁན་དེ་ནི་ང་རང་ཡིན་ནོ། འོན་ཀྱང་ངས་དེ་ཚོ་ལ་ལྟ་སྐྱོང་བྱེད་པ་དེ་ཁོ་ཚོས་ངོས་ལེན་མ་བྱས་སོ། 4ངས་དེ་ཚོ་ལ་བྱམས་པ་དང་བརྩེ་བས་ཉེ་བར་འཁྱེར་ཡོང་བ་ཡིན། ངས་དེ་ཚོ་ལ་ཡར་ཀྱག་ནས་ངའི་འགྲམ་པར་འབྱར་བ་དང་། དེ་ཚོ་ལ་ཁ་ཟས་སྟེར་ཕྱིར་ང་སྒུར་བ་ཡིན། 5དེ་ཚོ་ངའི་རྩར་ཡོང་བར་མ་ཉན་ནོ། དེར་བརྟེན་དེ་ཚོ་ཨི་ཇིབ་ཡུལ་དུ་ཕྱིར་ལོག་དགོས་པ་དང་། ཨ་སུར་གྱིས་དེ་ཚོའི་སྟེང་དུ་རྒྱལ་སྲིད་སྐྱོང་བར་འགྱུར། 6དེ་ཚོའི་གྲོང་ཁྱེར་རྣམས་ལ་དམག་སླེབས་པ་དང་། གྲོང་ཁྱེར་གྱི་རྒྱལ་སྒོ་རྣམས་གཅོག་པར་འགྱུར། དེ་ཚོའི་བསམ་བློར་ཇི་ཡོད་པ་དེ་རང་བྱེད་པའི་རྐྱེན་གྱིས་ངའི་མི་འབངས་མེད་པར་འགྱུར། 7དེ་ཚོ་ང་ནས་ཕྱིར་ལོག་བྱེད་པར་ཨུ་ཚུགས་བྱེད་ཡོད་པ་དང་། དེ་ཚོས་ངུ་འབོད་བྱས་ཀྱང་དེ་ཚོའི་དཔུང་པ་ནས་སུ་ཞིག་གིས་གཉའ་ཤིང་དེ་བཏོན་པར་མི་འགྱུར། 8ཀྱེ་ཨིསི་རཱཨེལ་ངས་ཁྱོད་ལ་ཇི་ལྟར་སྤངས་ནུས་སམ། ངས་ཁྱོད་ལ་ཇི་ལྟར་དགྲ་བོའི་ལག་ཏུ་རྩིས་སྤྲོད་ཐུབ་བམ། ངས་ཁྱོད་ལ་ཇི་ལྟར་ཨད་མ་དང་འདྲ་བ་མེད་པར་བྱེད་ཐུབ་བམ། ཡང་ན་ཇི་ལྟར་ཛེ་བོ་ཨིམ་དང་འདྲ་བ་སྤྱོད་ཐུབ་བམ། ངའི་སྙིང་གིས་ལས་དེ་བྱ་འདོད་མེད། ཁྱོད་ཀྱི་ཆེད་དུ་ངའི་བརྩེ་བ་ཧ་ཅང་གི་གཏིང་རིང་པོ་ཡོད་དོ། 9ངས་རང་གི་ཁྲོ་བའི་ནང་ཁྱོད་ཚོ་ལ་ཉེས་ཆད་མི་བཏང་ངོ་། སྐྱར་དུ་ངས་ཨིསི་རཱཨེལ་ལ་ཚར་མི་བཅད་དོ། གང་ལ་ཟེར་ན། ང་ནི་དཀོན་མཆོག་ཡིན་པས་མི་མ་ཡིན་ནོ། ང་དམ་པ་མཆོག་ནི་ཁྱོད་ཚོ་མཉམ་དུ་ཡོད། ང་ཡང་སྐྱར་ཁྱོད་ཚོའི་རྩར་ཁྲོ་བའི་ངང་ཡོང་བར་མི་འགྱུར་རོ། 10ང་སེང་གེ་ལྟར་དེ་ཚོའི་དགྲ་བོ་ལ་ངར་སྐད་སྒྲོག་སྐབས། ངའི་མི་མང་ངའི་རྗེས་སུ་འབྲངས་བར་འགྱུར། དེ་ཚོ་ངའི་རྩར་ནུབ་ཕྱོགས་ནས་མྱུར་དུ་ཡོང་བར་འགྱུར། 11དེ་ཚོ་ཨི་ཇིབ་ནས་བྱ་ལྟ་བུ་དང་ཨ་སུར་ནས་ཕུག་རོན་ལྟར་ཡོང་བར་འགྱུར། ངས་དེ་ཚོ་སླར་ཡང་སོ་སོའི་ཁྱིམ་དུ་འཁྲིད་རྒྱུ་ཡིན་ཞེས་ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨིསི་རཱཨེལ་དང་ཡ་ཧུ་ད་གཉིས་ལ་སྐྱོན་བརྗོད་གནང་བ།

12གཙོ་བོ་དཀོན་མཆོག་གིས་གསུངས་པ། ཨིསི་རཱཨེལ་གྱི་མི་རྣམས་ཀྱིས་རྫུན་དང་གཡོ་སྒྱུས་ང་ལ་བསྐོར་ནས་ཡོད་པ་དང་། ཡ་ཧུ་དའི་མི་རྣམས་ཀྱིས་ད་དུང་དམ་ཚིག་ལྡན་པའི་ང་དམ་པའི་དཀོན་མཆོག་ལ་ངོ་རྒོལ་བྱས་བཞིན་ཡོད་དོ༎

ཧོ་ཟེ 12

1ཨིསི་རཱཨེལ་པ་ཚོས་སྔ་དྲོ་ནས་དགོང་དྲོ་བར་གང་བྱེད་པ་ཚང་མ་དོན་མེད་དང་འཇིགས་པ་ཡིན། དེ་ཚོའི་ཁྲོད་དུ་སླུ་ཁྲིད་དང་དྲག་ལས་ཀྱི་ལས་ཀྱི་གྲངས་འཕེལ་བར་བྱེད་པ་དང་། དེ་ཚོས་ཨ་སུར་མཉམ་དུ་མཐུན་ལམ་བྱས་པ་དང་། ཨི་ཇིབ་དང་མཉམ་དུ་ཚོང་རྒྱབ་ཀྱི་ཡོད་དོ། 2ཡ་ཧུ་དཱ་པ་རྣམས་ཀྱི་ཐོག་ཏུ་གཙོ་བོ་དཀོན་མཆོག་གི་སྐྱོན་བརྗོད་གཅིག་ཡོད། ཨིསི་རཱཨེལ་པ་ཚོ་ལ་ཡང་དེ་ཚོའི་བྱ་སྤྱོད་ལྟར་ཉེས་ཆད་གནང་བ་དང་། དེ་ཚོའི་ལས་བཞིན་དུ་དེ་ཚོ་ལ་དགྲ་ལེན་གནང་བར་འགྱུར། 3ཨ་མའི་མངལ་ནང་ཡོད་དུས་ནས་དེ་ཚོའི་མེས་པོ་ཡ་ཀོབ་ཀྱིས་རང་གི་སྤུན་རྒན་པ་མཚན་མ་ཨེ་སའོ་དང་འཐབ་ཙོད་བྱས་སོ། ཡ་ཀོབ་འཚར་ལོངས་བྱུང་སྐབས། ཁོས་དཀོན་མཆོག་དང་འཐབ་བོ། 4ཁོས་ཕོ་ཉ་དང་འཐབ་པས་ཁོ་རྒྱལ་བ་དང་། ཁོས་ངུས་ནས་བྱིན་རླབས་ཞུས་སོ། དཀོན་མཆོག་བྷེ་ཐེལ་དུ་ཡ་ཀོབ་ཀྱི་རྩར་ཕེབས་ནས་ཁོ་དང་གསུང་གླེང་གནང་ངོ་། 5ཁོང་རང་ཉིད་ཀུན་དབང་ལྡན་པའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན་ནོ། གཙོ་བོ་དཀོན་མཆོག་ནི་ཁོང་གི་མཚན་ཡིན་ནོ། 6དེ་བས་ན་ཡ་ཀོབ་ཀྱི་མི་བརྒྱུད་ནི་རང་གི་དཀོན་མཆོག་ལ་བློ་བཅོལ་ནས་ཁོང་གི་ཕྱོགས་སུ་ལོག་ཅིག བྱམས་པ་དང་ཁྲིམས་ཡག་པོ་སྲུང་ཞིག། རྒྱུན་དུ་རང་གི་དཀོན་མཆོག་ལ་སྒུག་ནས་སྡོད་ཅིག།

ཁྲིམས་ཀྱི་སྐོར་བསླབ་བྱ་གཞན་རྣམས།

7གཙོ་བོ་དཀོན་མཆོག་གིས་གསུངས་པ། ཨིསི་རཱཨེལ་གྱི་མི་མང་ནི་ཀ་ནན་པ་དང་འདྲ་བ་དྲང་པོ་མེད་པ་ཡིན། དེ་ཚོས་ཚོང་ཟོག་ཉོ་མི་ཚོར་རྫུན་དང་གཡོ་སྒྱུའི་སྲང་ལ་བེད་སྤྱོད་བྱ་རྒྱུར་དགའོ། 8དེ་ཚོས་སྨྲས་པ། ང་ཆོ་ཕྱུག་པོར་འགྱུར་ཡོད་པ་དང་། ང་ཚོས་རྒྱུ་ནོར་མང་པོ་བཟོས་པ་ཡིན། དྲང་པོ་མ་བྱེད་པར་ང་ཚོ་ཕྱུག་པོར་འགྱུར་བ་རེད་ཅེས་སུས་ཀྱང་སྐྱོན་བརྗོད་བྱེད་མི་ཐུབ། 9འོན་ཀྱང་ང་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཁྱོད་ལ་ཨི་ཇིབ་ནས་འཁྲིད་ཡོང་མཁན་ཡིན། ངས་ཁྱོད་ལ་གཏན་འབེབས་བྱས་པའི་དུས་སྟོན་གྱི་ཉིན་དེ་ཚོ་དང་འདྲ་བ་ཡང་སྐྱར་གུར་རྣམས་སུ་གནས་སུ་འཇུག་གོ 10ངས་ལུང་སྟོན་པ་ཚོར་སྨྲས་པ་དང་། དེ་ཚོ་ལ་ཞལ་གཟིགས་ཡང་མང་པོ་བསྟན་པ་ཡིན། ལུང་སྟོན་པ་ཚོའི་བརྒྱུད་ནས་མི་རྣམས་ལ་ཟོན་བརྡ་བཏང་བ་ཡིན། 11འོན་ཀྱང་གྷིལ་ཨད་དུ་སྐུ་འདྲ་ལ་མཆོད་དོ། སུ་ཞིག་གིས་དེ་ལ་མཆོད་ན་དེ་ཚོ་ཤི་བར་འགྱུར། གྷིལ་གཱལ་དུ་གླང་གི་དམར་མཆོད་འབུལ་བ་དང་། དེ་ཚོའི་མཆོད་ཁྲི་རྣམས་རྨོ་བའི་ཞིང་དུ་རྡོ་སྤུངས་པ་དང་འདྲ་བར་འགྱུར། 12ང་ཆོའི་མེས་པོ་ཡ་ཀོབ་མེ་སོ་པོ་ཊ་མི་ཡ་རུ་བྲོས་དགོས་བྱུང་ངོ་། ཁོས་ཆུང་མ་ཐོབ་པའི་དོན་དུ་མི་གཞན་གྱི་ལུག་རྣམས་འཚོལ་ལོ། 13གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་པ་རྣམས་ལ་བྲན་གཡོག་ནས་ཐར་པ་གནང་བ་དང་ལྟ་རྟོག་བྱེད་ཕྱིར་ཨི་ཇིབ་དུ་ལུང་སྟོན་པ་ཞིག་གཏོང་གནང་ངོ་། 14འོན་ཀྱང་ཨིསི་རཱཨེལ་པ་ཚོས་གཙོ་བོ་དཀོན་མཆོག་ལ་ཐུགས་དྲག་པོ་དཀྲུགས་ཡོད་དོ། དེ་ཚོའི་ཉེས་པའི་ཆེད་དུ་འཆི་བ་འོས་པ་ཡིན། གཙོ་བོ་དཀོན་མཆོག་གི་ཐོག་ཏུ་དེ་ཚོས་དམའ་འབེབས་འཁྱེར་ཡོང་བའི་ཆེད་དུ་ཁོང་གིས་ཆད་པ་གཏོང་བར་འགྱུར༎

ཧོ་ཟེ 13

ཨིསི་རཱཨེལ་གྱི་ཐོག་ཏུ་མཐའ་མའི་ཁྲིམས་གཅོད།

1སྔོན་དུས་སུ་ཨེཕ་ར་ཡིམ་གྱིས་སྨྲ་བའི་སྐབས་སུ་ཨིསི་རཱཨེལ་པ་རྣམས་འཇིགས་ནས་འདར་བ་དང་། ཨེཕ་ར་ཡིམ་ནི་ཨིསི་རཱཨེལ་དུ་གཙོ་བོར་འགྱུར་རོ། འོན་ཀྱང་མི་ཚོས་བྷལ་ལ་མཆོད་ནས་སྡིག་པ་གྱིས་པས་དེའི་ཆེད་དུ་དེ་ཚོ་ཤི་བར་འགྱུར། 2ད་དུང་དེ་ཚོས་སྡིག་པ་མུ་མཐུད་ནས་གྱིས་པ་དང་། ལག་ཤེས་མཁས་པ་ཚོས་རང་གི་དོན་དུ་རང་གི་དངུལ་གྱི་བླུག་རྒྱབ་པའི་འདྲ་སྐུ་བཟོས་པ་དང་། སྤྱང་པོའི་སྒོ་ནས་དབྱིབས་སྟོན་པ་དང། མི་དེ་ཚོའི་སྐོར་ལ་འདི་སྐད་དུ། དེ་ཚོས་མིའི་དམར་མཆོད་འབུལ་གྱི་ཡོད་པ་དང་། བེའུའི་འདྲ་སྐུ་ལ་ཁ་སྐྱེལ་ལོ། 3དེའི་ཕྱིར་མི་འདི་ཚོ་ནི་སྔ་དྲོའི་སྨུག་པ་དང་ཟིལ་པ་འདྲ་བ་དེ་ཚོ་ཡང་ཡལ་བར་འགྱུར། རླུང་གིས་གཡུལ་འཐག་ནས་འཁྱེར་བའི་སོག་མ་དང་། སྐར་ཁུང་ནས་ཐོན་པའི་དུ་བ་ལྟ་བུ་ཡལ་བར་འགྱུར། 4གཙོ་བོ་དཀོན་མཆོག་གིས་གསུངས་པ། ཁྱོད་ཚོ་ཨི་ཇིབ་ནས་འདོན་མཁན་ང་ནི་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན། ང་མ་གཏོགས་ཁྱོད་ཚོའི་དཀོན་མཆོག་གཞན་ཞིག་མེད་དོ། ང་གཅིག་པུ་ཁྱོད་ཚོའི་སྐྱབས་མགོན་ཡིན། 5འབྲོག་སྟོང་དུ་ཉི་མ་ཚ་བའི་སྐབས་སུ་ངས་ཁྱོད་ཚོ་ལ་ལྟ་རྟོག་བྱས་པ་ཡིན། 6ཁྱོད་ཚོ་ས་གནས་བཟང་པོར་འབྱོར་ནས་ཚིམས་པ་དང་། ཁྱོད་ཚོར་ང་རྒྱལ་སྐྱེད་ནས་ང་ལ་བརྗེད་དོ། 7དེར་བརྟེན་ང་ཁྱོད་ཚོའི་སར་སེང་གེ་ལྟར་མཆོངས་རྒྱུ་དང་། གཟིག་ལྟ་བུ་ཁྱོད་ཚོའི་ལམ་དུ་འཇབ་ནས་སྡོད་ཀྱིས་ཡིན། 8ཕྲུ་གུ་འཕྲོག་པའི་མོ་དོམ་ལྟར་ཁྱོད་ཚོ་ལ་འཐབ་ནས་ངས་ཧྲལ་གྱིས་ཡིན། སེང་གེ་ལྟར་ངས་ཁྱོད་ཚོ་ལ་དེ་ག་རང་དུ་མིད་ཀྱིས་ཡིན། ནགས་ཀྱི་གཅན་གཟན་དང་འདྲ་བ་ངས་ཁྱོད་ཚོར་དུམ་བུར་བཟོ་བར་འགྱུར། 9ཀྱེ་ཨིསི་རཱཨེལ་ངས་ཁྱོད་ཚོ་ལ་མེད་པར་བཟོ་རྒྱུ་ཡིན། དེ་ནས་སུས་ཁྱོད་ཚོ་ལ་སྐྱབས་ཐུབ་བམ། 10ཁྱོད་ཚོས་རྒྱལ་པོ་དང་འགོ་དཔོན་རྣམས་དགོས་ཟེར་རོ། འོན་ཀྱང་དེ་ཚོས་ཇི་ལྟར་མི་རིགས་སྐྱོབ་ཐུབ་བམ། 11ང་ཁྲོ་བའི་ངང་ངས་ཁྱོད་ཚོ་ལ་རྒྱལ་པོ་རྣམས་སྟེར་བ་ཡིན། ངའི་ཁྲོ་བ་དྲག་པོའི་ངང་ངས་དེ་ཚོ་ལ་འཁྱེར་བ་ཡིན། 12ཨིསི་རཱཨེལ་གྱི་སྡིག་པའི་གྲངས་ཐོ་རྒྱབ་ཡོད། གྲངས་ཐོ་འདི་ཚོ་སྲུང་ནས་བཞག་ཡོད། 13ཕྲུ་གུ་སྐྱེ་བའི་སྐབས་སུ་མངལ་ནས་ཕྱིར་ཐོན་པར་མི་འདོད་པ་ལྟར། ཨིསི་རཱཨེལ་ལ་གསོན་པོའི་གོ་སྐབས་ཐོབ་ཡོད་པ་དང་། འོན་ཀྱང་དེ་ཚོ་བློ་རྨོངས་པའི་རྐྱེན་གྱིས་གོ་སྐབས་མ་བླངས་སོ། 14ངས་མི་འདི་ཚོ་ལ་འཆི་བའི་གླིང་ནས་ཀྱང་སྐྱོབ་རྒྱུ་མིན། ཡང་ན་འཆི་བའི་སྟོབས་ལས་འདོན་རྒྱུ་མིན། ཀྱེ་འཆི་བ་ཁྱོད་ནད་རིམས་འཁྱེར་ཤོག། འཆི་བའི་གླིང་ཁྱོད་འཇིགས་པ་འཁྱེར་ཤོག། མི་འདི་ཚོ་ལ་ངས་ནམ་ཡང་སྙིང་རྗེ་བྱ་རྒྱུ་མིན། 15གལ་ཏེ་ཨིསི་རཱཨེལ་པ་རྩྭ་ངན་ལྟར་འཕེལ་ན་ཡང་། ངས་འབྲོག་སྟོང་ནས་ཤར་རླུང་ཚ་པོ་གཏོང་རྒྱུ་ཡིན། ཡང་དེ་ཡིས་ཆུ་མིག་དང་ཁྲོན་པ་རྣམས་སྐམ་པར་བྱེད་རྒྱུ་ཡིན། ཁོའི་རིན་ཐང་ཅན་གྱི་དངོས་པོ་རྣམས་འཕྲོག་པར་འགྱུར། 16ང་ལ་ས་མར་ཡས་རྒོལ་བའི་རྐྱེན་གྱིས་ཉེས་ཆད་འཁྱེར་དགོས་པ་ཡིན། མི་དེ་ཚོ་དམག་སར་ཤི་དགོས་པ་དང་ཕྲུ་གུ་རྣམས་ས་ཁར་བརྡབ་ནས་གསོད་པར་འགྱུར། བུད་མེད་སྦྲུམ་མ་རྣམས་ཀྱི་གྲོད་པ་གཤགས་པར་འགྱུར༎

ཧོ་ཟེ 14

ཧོ་ཟེས་ཨིསི་རཱཨེལ་ལ་ཞུ་བ་འབུལ་བ།

1ཀྱེ་ཨིསི་རཱཨེལ་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་ཕྱིར་ལོག་ཅིག ཁྱོད་ཚོ་ནི་རང་གི་སྡིག་པའི་རྐྱེན་གྱིས་མེད་པར་སོང་ཡོད། 2གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་ལོག་ཅིག། སྨོན་ལམ་འདི་ནི་ཁོང་ལ་ཁྱོད་ཚོས་འབུལ་ཞིག། ང་ཚོའི་སྡིག་པ་ཚང་མ་བཟོད་གསོལ་གནང་ནས་ང་ཚོའི་སྨོན་ལམ་ལ་གསན་རོགས་གནང་། ང་ཚོའི་དམ་བཅའ་ལྟར་ང་ཚོས་ཁྱེད་ལ་བསྟོད་བསྔགས་འབུལ་ལོ། 3ཨ་སུར་གྱི་ང་ཚོ་ལ་ནམ་ཡང་སྐྱབས་མི་ཐུབ་པ་དང་། ཡང་དམག་གི་རྟ་ཚོས་ང་ཚོ་ལ་སྲུང་མི་ཐུབ། ང་ཚོ་རང་གི་བཟོས་པའི་སྐུ་འདྲ་ཚོ་ལ་ང་ཚོའི་དཀོན་མཆོག་ཟེར་ཡང་སྐྱར་ནམ་ཡང་བརྗོད་པར་མི་འགྱུར། གང་ལ་ཟེར་ན། ཀྱེ་གཙོ་བོ་དཀོན་མཆོག་དྭ་ཕྲུག་ཚོས་ཁྱེད་ནས་གཅིག་པུ་སྙིང་རྗེེ་ཐོབ་ཀྱི་ཡོད༎

གཙོ་བོ་དཀོན་མཅོག་གིས་ཨིསི་རཱཨེལ་གྱི་ཆེད་དུ་མི་ཚེ་གསར་པ་གནང་རྒྱུའི་ཞལ་བཞེས་གནང་བ།

4གཙོ་བོ་དཀོན་མཆོག་གིས་གསུངས་པ། ངའི་མི་འབངས་ལ་ངའི་རྩར་ཚུར་ཕྱིར་འཁྲིད་ཡོང་རྒྱུ་ཡིན། ངས་དེ་ཚོ་ལ་སེམས་ནས་བྱམས་པ་བྱ་རྒྱུ་ཡིན། ངའི་ཁྲོ་བ་དེ་ཚོ་ནས་དུས་རྒྱུན་གྱི་ཕྱིར་ཡལ་བར་འགྱུར། 5ང་ཨིསི་རཱཨེལ་མི་མང་གི་ཆེད་དུ་ས་སྐམ་སར་ཆར་ཆུ་བབས་པ་ལྟ་བུར་འགྱུར་རྒྱུ་ཡིན། དེ་ཚོ་མེ་ཏོག་ལྟར་ཤར་བ་དང་། ལེ་བ་ནོན་གྱི་ཤིང་སྡོང་ལྟར་དེ་ཡི་རྩ་བ་བརྟན་པོ་ཚུགས་པར་འགྱུར། 6དེ་ཚོ་གསར་དུ་སྐྱེས་ནས་གསོན་པོར་འགྱུར་བ་དང་། ཨ་རུ་རའི་སྡོང་པོ་ལྟར་མཛེས་པོ་ཆགས་པར་འགྱུར། ལེ་བ་ནོན་གྱི་འགྱམ་ཤིང་ལྟར་དེ་ཡི་དྲི་བཟང་ཁྱབ་པར་འགྱུར། 7ཡང་སྐྱར་དེ་ཚོ་ངའི་སྲུང་སྐྱོབ་འོག་ཏུ་བསྡད་པ་དང་། འབྲུ་ལྟར་དེ་ཚོ་འཕེལ་བར་འགྱུར། རྒུན་ཤིང་ལྟར་འཕེལ་བ་དང་། ལེ་བ་ནོན་གྱི་རྒུན་ཆང་ལྟར་དེ་ཚོ་སྐད་གྲགས་དང་ལྡན་པར་འགྱུར། 8ཀྱེ་ཨིསི་རཱཨེལ་པ་རྣམས། ད་སྐུ་འདྲ་ཚོ་དང་ངའི་དོན་ཅི་ཡོད། ངས་ཁྱོད་ཚོའི་སྨོན་ལམ་གྱི་ལན་སྤྲད་ནས་ཁྱོད་ཚོར་བལྟ་སྐྱོང་བྱེད་རྒྱུ་ཡིན། ང་ནི་རྒྱུན་ལྗང་ཤིང་སྡོང་དང་འདྲ་བ་ཁྱོད་ཚོའི་སྐྱབས་གནས་ཡིན། ང་ནི་ཁྱོད་ཚོའི་བྱིན་རླབས་ཀྱི་འབྱུང་ཁུངས་ཡིན་ནོ༎ 9བློ་གྲོས་ཅན་སུ་ཡོད་དམ། ཁོས་བྱ་བ་འདི་ཚོ་དྲན་གསོ་ཐུབ་ཡོང་། རྟོགས་ཐུབ་མཁན་སུ་ཡོད་དམ། ཁོས་བྱ་བ་འདི་ཚོ་རྟོགས་ཐུབ་ཡོང་། གཙོ་བོ་དཀོན་མཆོག་གི་ལམ་དེ་དྲང་པོ་ལགས། མི་དྲང་བདེན་རྣམས་དེའི་ནང་འགྲུལ་བར་འགྱུར་རོ། འོན་ཀྱང་སྡིག་ཅན་རྣམས་དེ་ལ་སྣང་མེད་བྱེད་པའི་རྐྱེན་གྱི་ཐོག་ནས་འགྱེལ་བར་འགྱུར་རོ༎

ཡོ་ཨེལ 1

1པེ་ཐུ་ཨེལ་གྱི་བུ་ཡོ་ཨེལ་བརྒྱུད་ནས་ཕེབས་པའི་གཙོ་བོ་དཀོན་མཆོག་གི་གསུང་འཕྲིན།

མི་དམངས་རྣམས་སྟོན་ཐོག་མེད་པར་འགྲོ་བའི་སྐོར་ལ་མྱ་ངན་བྱེད་པ།

2ཀྱེ་རྒན་པོ་རྣམས་དང་ཡ་ཧུ་དཱའི་ཡུལ་མི་ཐམས་ཅད་ཚུར་ཉོན་དང་། ཁྱོད་ཚོའི་དུས་སམ་ཁྱོད་ཚོའི་མེས་པོ་རྣམས་ཀྱི་དུས་སུ་གནས་ཚུལ་འདི་འདྲ་བྱུང་ཡོད་པ་ཡིན་ནམ། 3ཁྱོད་ཚོའི་རང་གི་ཕྲུ་གུ་རྣམས་དང་། དེ་ཚོའི་རང་གི་ཕྲུ་གུ་རྣམས་དང་། དེ་བཞིན་ཕྲུ་གུ་དེ་ཚོའི་རང་གི་ཕྲུ་གུ་རྣམས་ལ་རིམ་བཞིན་བརྒྱུད་དེ་ལྟར་ཤོད་ཅིག 4སྟོན་ཐོག་གི་སྒང་ལ་ཆ་ག་འབུའི་ཚོགས་ཤིག་འབབ་སྟེ། ཆ་ག་འབུའི་ཚོགས་གཅིག་པུ་དེས་ཟ་འཕྲོ་ལུས་པ་དེ། ཚོགས་གཞན་གྱིས་ཟས་ནས་རྫོགས་པར་བྱེད་དོ། 5ཀྱེ། ར་བཟི་མཁན་རྣམས་གཉིད་ནས་སད་དེ་ངུ་ཤིག། ཀྱེ་རྒུན་ཆང་འཐུང་མཁན་རྣམས་སྨྲེ་སྔགས་འདོན་ཞིག གང་ལ་ཟེར་ན། རྒུན་ཆང་གསར་པ་བཟོ་བའི་རྒུན་འབྲུམ་ཚང་མ་འཇིག་པར་བྱེད་དོ། 6དཔུང་སྟོབས་ཆེ་ལ་གྲངས་ལས་འདས་པའི་ཆ་ག་འབུའི་ཚོགས་ཆེན་པོ་ཞིག་ངའི་ཡུལ་ལ་དཔུང་རྒོལ་བྱེད་ཕྱིར་འོངས་ཤིང་། དེ་ཚོའི་སོ་ནི་སེང་གེའི་མཆེ་བ་ལྟར་དང་། སེང་གེ་མོའི་འགྲམ་སོ་དང་མཚུངས་ཏེ། 7དེ་ཚོས་ངའི་རྒུན་ཚལ་རྣམས་སྟོངས་སུ་བཅུག་པ་མ་ཟད་ངའི་སེ་ཡབ་ཀྱི་ཤིང་རྣམས་བཅག་སྟེ། ཤིང་གི་པགས་པ་ཚང་མ་བཤུས་ཤིང་། ཡལ་ག་རྣམས་དཀར་པོ་བཟོས་སོ། 8ཇི་ལྟར་བུ་མོ་ན་ཆུང་མས་རང་ལ་ཆང་ས་རྒྱབ་མཁན་མི་ཤི་ནས་རྩ་རས་གྱོན་ཞིང་མྱ་ངན་བྱེད་པ་བཞིན། ཁྱོད་ཚོས་ཀྱང་དེ་བཞིན་ངུ་ཞིག། 9གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་འབུལ་ཕྱིར་འབྲུ་དང་རྒུན་ཆང་སོགས་མེད་པས། གཙོ་བོ་དཀོན་མཆོག་གི་དྲུང་དུ་ཞབས་ཏོག་ཞུ་མཁན་བླ་མ་རྣམས་མྱ་ངན་བྱེད་དོ། 10སྟོན་ཐོག་འཇིག་ཅིང་། རྒུན་ཆང་གསར་པ་དང་འབྲུ་དང་སྐྱུར་སྣུམ་ཚང་མ་རྫོགས་ཆར་བ་དང་། ས་ཞིང་ཡོངས་སུ་སྟོངས་ཤིང་སྨྲེ་སྔགས་འདོན་པར་བྱེད་དོ། 11ཀྱེ་སོ་ནམ་པ་རྣམས། ཁྱོད་ཚོ་མྱ་ངན་བྱོས་ཤིག། ཀྱེ་རྒུན་ཚལ་མཁན་རྣམས་གྲོ་དང་ནས་ཀྱི་ཕྱིར་ངུ་ཞིག གང་ལ་ཟེར་ན། སྟོན་ཐོག་ཚང་མ་འཇིག་པས་ཕྱིར་རོ། 12རྒུན་ཤིང་སྐམས་ཤིང་སེ་ཡབ་ཤིང་ནི་རྙིད་པ་དང་། དེ་བཞིན་སེ་འབྲུ་དང་ཁ་ཟུར་དང་། ཀུ་ཤུའི་ཤིང་ལ་སོགས་པའི་ཐང་གི་སྐྱེ་ཤིང་ཚང་མ་ཡང་རྙིད་དེ་སྐམས་པས། མིའི་དགའ་སྤྲོ་ཡོངས་སུ་རླག་པར་བྱེད་དོ། 13དེ་བས་ན་ཀྱེ་བླ་མ་རྣམས། རྩ་རས་གྱོན་ནས་མྱ་ངན་བྱོས་ཤིག། ཀྱེ་མཆོད་ཁྲིའི་ཞབས་ཏོག་པ་རྣམས། གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་སྟོན་ཐོག་དང་རྒུན་ཆང་གི་མཆོད་འབུལ་ཆད་ཡོད་པས་སྨྲེ་སྔགས་འདོན་ཞིག ཀྱེ་དཀོན་མཆོག་གི་ཞབས་ཏོག་པ་རྣམས་མཆོད་ཁང་དུ་ཕྱིན་ནས་རྩ་རས་གྱོན་སྟེ་མཚན་གང་མྱ་ངན་བྱས་ནས་སྡོད་ཅིག གང་ལ་ཟེར་ན། ཁྱོད་ཚོའི་དཀོན་ཆོག་ལ་འབུལ་རྒྱུའི་འབྲུ་དང་རྒུན་ཆང་གི་མཆོད་པ་ཆད་ཡོད་པའི་ཕྱིར་རོ། 14དམ་པའི་སྨྱུང་གནས་སྲུང་ཕྱིར་ཁྱབ་བསྒྲགས་བྱོས་ཤིག དམ་པའི་ཚོགས་འདུ་ཆེན་པོ་བཀོང་ནས། རྒན་པོ་རྣམས་དང་ཡུལ་མི་ཐམས་ཅད་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་བསྡུས་ནས། ཁོང་ལ་སྐད་འབོད་བྱོས་ཤིག། 15གཙོ་བོ་དཀོན་མཆོག་གི་ཉིན་མོ་དེ་ནི་ཉེ་བར་སླེབས་པས། ཉིན་མོ་དེའི་དོན་དུ་ཀྱེ་མ་ཧུད། གང་ལ་ཟེར་ན། ཉིན་མོ་དེ་ནི་ཀུན་དབང་གི་ཕྱོགས་ནས་འཇིག་པའི་ཉེན་ཁ་ཆེན་པོའི་ཚུལ་དུ་འོངས་བར་ངེས་སོ། 16ང་ཚོའི་མིག་གི་མཐོང་སར་ཁ་ཟས་རྣམས་འཕྲོ་རླག་ཕྱིན་པ་མ་ཡིན་ནམ། དཀོན་མཆོག་གི་མཆོད་ཁང་ནས་བདེ་སྐྱིད་དང་དགའ་སྤྲོ་མེད་པར་ཕྱིན་པ་མ་ཡིན་ནམ། 17ས་གཞིའི་ས་སྐམ་པོའི་འོག་ཏུ་ས་བོན་རྣམས་སྐམ་པས། འབྲུའི་བང་མཛོད་རྣམས་ཡོངས་སུ་སྟོངས་སོ། གང་ལ་ཟེར་ན། འབྲུ་རྣམས་མ་སྐྱེས་སོ། 18དུད་འགྲོ་རྣམས་ལྟོགས་ནས་སྐད་འབོད་ཇི་ལྟར་འདོན། རྩ་ཁ་མེད་པའི་རྐྱེན་གྱིས་གླང་དང་ར་ལུག་ལ་སོགས་པའི་སྒོ་ཕྱུགས་ཚང་མ་དཀའ་ངལ་ནང་དུ་ཚུད་དོ། 19ཀྱེ་གཙོ་བོ་དཀོན་མཆོག། ངས་ཁྱེད་ཀྱི་སྤྱན་སྔར་ཞུ་བ་འབུལ་གྱི་ཡོད། གང་ལ་ཟེར་ན། འབྲོག་སྟོང་གི་རྩ་ཁ་ཚང་མ་མེས་ཡོངས་སུ་འཚིག་སྟེ། རྩི་ཤིང་ཐམས་ཅད་མེ་ལྕེས་འབར་བར་བྱས་སོ། 20ནགས་ཀྱི་གཅན་གཟན་རྣམས་ཀྱིས་ཀྱང་ཁྱེད་ལ་ཞུ་བ་འབུལ་ལོ། གང་ལ་ཟེར་ན། གྲོག་ཆུ་རྣམས་སྐམས་ཤིང་། འབྲོག་སྟོང་ཀྱི་རྩ་ཁ་ཐམས་ཅད་མེས་ཡོངས་སུ་འཚིག་པར་བྱས་པས་སོ༎

ཡོ་ཨེལ 2

ཆ་ག་འབུ་ནི་གཙོ་བོ་དཀོན་མཆོག་གི་ཉིན་མོའི་ཉེན་བརྡ་ཡིན་ནོ།

1ཛི་ཡོན་དུ་དུང་བུས་ཤིག། ངའི་རི་བོ་དམ་པར་ཟོན་བརྡའི་ཆེད་དུ་སྐད་སྒྲ་ཆེན་པོ་སྒྲོག་ཅིག ཡ་ཧུ་དཱའི་ཡུལ་མི་ཚང་མ་འཇིགས་ཤིང་འདར་བར་བྱོས་ཤིག གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གི་ཉིན་མོ་དེ་ནི་ཉེ་བར་སླེབས་པས། 2མུན་ནག་གི་འཐིབ་པའི་ཉིན་མོ་དེར། གནམ་ལ་སྤྲིན་ནག་འཁོར་བའི་ཉིན་མོ་དེར། མུན་པས་རི་རྒྱུད་ཁག་ཏུ་ཁྱབ་པ་བཞིན་དུ་སྤུངས་ཚོགས་ཆེ་བའི་ཆ་ག་འབུས་མདུན་སྐྱོད་བྱེད་དོ། དེ་དང་འདྲ་བའི་གནས་ཚུལ་ནི་སྔར་ནམ་ཡང་མ་བྱུང་ཞིང་། ཕྱིས་སུ་ཡང་མི་རབས་མང་པོའི་བར་དུའང་དེ་ལྟར་ནམ་ཡང་བྱུང་མི་ཡོང་། 3དེ་ཚོའི་མདུན་ཕྱོགས་སུ་མེས་འཚིགས་པ་དང་། རྒྱབ་ཏུ་མེ་ལྕེ་དྲག་པོ་འབར་བ་དང་། དེ་ཚོའི་མདུན་ཕྱོགས་སུ་ཨེ་དྷེན་ལྡུམ་ར་འདྲ་བའི་ས་གཞི་ཡོད་པ་དང་། དེ་ཚོའི་རྒྱབ་ཕྱོགས་སུ་དབེན་པའི་འབྲོག་སྟོང་ཡོད་དོ། དེ་ཚོ་ནས་སུའང་ཐར་བར་མི་འགྱུར་རོ། 4དེ་ཚོའི་གདོང་གི་དབྱིབས་ནི་རྟའི་གདོང་གི་དབྱིབས་དང་མཚུངས་ཤིང་། དེ་ཚོ་དམག་རྟ་བཞིན་དུ་མྱུར་བར་རྒྱུག་གོ། 5དེ་ཚོ་རི་རྩེའི་ཁུལ་དུ་མཆོང་ཞིང་རྒྱུག་པའི་སྐབས། ཤིང་རྟ་འཁོར་ལོའི་སྒྲ་དང་མཚུངས་པ་དང་། རྩ་སྐམ་པོ་མེར་བསྲེག་བཏང་བའི་སྒྲ་དང་མཚུངས་ཤིང་། དམག་འཐབ་ཆེད་དུ་གྲལ་སྒྲིག་པའི་སྤུངས་དམག་སྟོབས་ཆེན་ཞིག་དང་མཚུངས་པའོ། 6དེ་ཚོའི་མདུན་དུ་མི་རྣམས་འཇིགས་ཤིང་འདར། ཚང་མའི་གདོང་སེར་པོར་འགྱུར། 7དེ་ཚོས་དམག་མི་དཔའ་བོ་བཞིན་དུ་ཕར་རྒོལ་བྱེད། དམག་མི་རྩལ་མཁས་པ་བཞིན་དུ་རྩིག་པར་འཛེག། རང་གི་གྲལ་རིམ་མ་བཤིགས་པར་བང་སྒྲིག་ནས་འགྲོ་འོ། 8དེ་ཚོས་གཅིག་གིས་གཅིག་ལ་སྦུད་རྒྱག་མ་བརྒྱབ་པར་རང་རང་སོ་སོའི་གྲལ་རིམ་བཞིན་དུ་འགྲོ་ཅིང་། དགྲ་བོའི་མཚོན་ཆར་གདོང་ལེན་བྱེད་དེ་མདུན་དུ་འགྲོ་སྐབས་སུས་ཀྱང་དེ་ཚོར་བཀག་མི་ཐུབ་བོ། 9དེ་ཚོ་གྲོང་ཁྱེར་ནང་དུ་འཐབ་རྒོལ་བྱས་པ་དང་། ལྕགས་རིའི་སྟེང་དུ་རྒྱུག་གོ། རྐུན་མ་བཞིན་དུ་སྒེ་ཁུང་ནས་ཁང་པའི་ནང་དུ་འཛུལ་བར་བྱེད་དོ། 10དེ་ཚོའི་མདུན་དུ་ས་གཞི་འདར་ཞིང་། ནམ་མཁའ་གཡོ་བ་མ་ཟད། ཉི་ཟླ་སྒྲིབ་ཅིང་། རྒྱུ་སྐར་རྣམས་ཀྱིས་འོད་འཕྲོ་བར་མཚམས་འཇོག་བྱེད་དོ། 11གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་སྤུངས་དམག་གི་མདུན་དུ་གསུང་སྐད་འདོན་ཞིང་། ཁོང་གི་དམག་སྤུངས་ནི་ཧ་ཅང་གྲངས་ལས་འདས་པ་དང་། ཁོང་གི་བཀའ་སྲུང་མཁན་རྣམས་མཐུ་ལྡན་ལགས་ཏེ། གཙོ་བོ་དཀོན་མཆོག་གི་ཉིན་མོ་ནི་རླབས་ཆེན་དང་ཤིན་ཏུ་འཇིགས་སུ་རུང་བས། སུས་དེ་ལ་བཟོད་པར་ནུས་སམ། 12འོན་ཀྱང་གཙོ་བོ་དཀོན་མཆོག་གིས་གསུངས་པ། ད་དུང་ཡང་ཁྱོད་རང་ཚོ་སེམས་བསྒྱུར་ནས་སྨྱུང་གནས་སྲུང་ཞིང་། ངུ་བཞིན་སྨྲེ་སྔགས་དྲག་པོ་འདོན་ཏེ་ངའི་ཕྱོགས་སུ་ཕྱིར་ལོག་ཅིག 13རང་གི་གྱོན་གོས་ཧྲལ་ནས་མ་ཡིན་པར་རང་སེམས་ཧྲལ་ནས་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་ཕྱིར་ལོག་ཅིག གང་ལ་ཟེར་ན། ཁོང་ནི་སྙིང་རྗེ་ཆེ་ཞིང་ཐུགས་རྗེ་དང་ལྡན་ཏེ། ཐུགས་ཁྲོ་དལ་ཞིང་རབ་ཏུ་ཐུགས་བརྩེ་ཅན་དང་། རྐྱེན་ངན་གཏོང་བ་ལ་ཐུགས་མི་མཉེས་སོ། 14ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ནི་ཐུགས་སེམས་བསྒྱུར་ཞིང་། ཁྱོད་ལ་བྱིན་རླབས་གནང་བར་ཡང་སྲིད། ཁྱོད་ཚོའི་གཙོ་བོ་དཀོན་མཆོག་ལ་སྟོན་ཐོག་དང་རྒུན་ཆང་གི་མཆོད་འབུལ་བྱེད་ཕྱིར་ཁོང་གིས་ཁྱོད་ལ་ལོ་ཐོག་རྒྱས་པར་གནང་སྲིད་དོ། 15ཛི་ཡོན་དུ་དུང་བུས་ཤིག། སྨྱུང་གནས་སྲུང་ཕྱིར་བཀའ་བསྒོས་ཤིག། དམ་པའི་ཚོགས་འདུ་བོས་ནས། 16མི་མང་རྣམས་བཀོང་ཞིག། ཚོགས་སྡེར་གཙང་སྦྲ་བྱེད་དེ། རྒན་པོ་རྣམས་དང་ཕྲུ་གུ་དང་བྱིས་པ་འོ་འཐུང་དང་བཅས་པ་བཀོང་ཞིག ཡང་སྐབས་དེར་མག་པ་རང་གི་ཁང་མིག་དང་། བག་མ་རང་གི་ཁང་མིག་སྦུག་ནས་ཕྱིར་ཐོན་དགོས་སོ། 17གཙོ་བོ་དཀོན་མཆོག་གི་ཞབས་ཏོག་པ་བླ་མ་རྣམས་མཆོད་ཁང་གི་ཁྱམས་ར་དང་མཆོད་ཁྲིའི་བར་ལ་ལངས་ཤིང་ངུས་ནས་སྨོན་ལམ་འདེབས་ཤིག ཀྱེ་གཙོ་བོ་དཀོན་མཆོག། ཉིད་ཀྱི་མི་འབངས་ལ་ཉེས་ཆད་མ་གནང་རོགས་གནང་། ཉིད་ཀྱི་མི་འབངས་ལ་གཞན་གྱིས་འཕྱ་བ་དང་། ཕྱི་པའི་མི་རྒྱུད་རྣམས་ཀྱིས་ཁྱོད་ཚོའི་དཀོན་མཆོག་གང་དུ་ཡོད་ཅེས་འཕྱ་གཏམ་དང་སྡང་སེམས་བརྗོད་པའི་གོ་སྐབས་མ་གནང་རོགས་གནང་ཞེས་ཞུ་བ་འབུལ་དགོས་སོ༎

གཙོ་བོ་དཀོན་མཆོག་གིས་ས་གཞིར་སྐྱར་དུ་ས་ལུད་འཛོམས་པོ་བཟོས་གནང་བ།

18དེ་ནས་གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་ཡུལ་སྡེའི་ཆེད་དུ་ཐུགས་འཁུར་ཞེས་དེ། ཉིད་ཀྱི་མི་འབངས་རྣམས་ལ་ཐུགས་བརྩེ་ཆེན་པོ་གནང་ཞིང་། 19ཁོང་གིས་གསུངས་པ། ལྟོས་ཤིག་ངས་ཁྱོད་ཚོ་ལ་འབྲུ་དང་རྒུན་ཆང་དང་སྐྱུར་སྣུམ་བཅས་སྟེར་ནས། དེས་ཁྱོད་ཚོ་ཚིམས་པར་འགྱུར་ཏེ། ཕྱི་པའི་མི་རྒྱུད་ཀྱི་ཁྲོད་དུ་ཁྱོད་ཚོ་དམའ་འབེབས་ཀྱི་གནས་སྟངས་སུ་ནམ་ཡང་གནས་མི་དགོས་པར་བྱེད་རྒྱུ་ཡིན་ནོ། 20བྱང་ཕྱོགས་ནས་ཡོང་བའི་ཆ་ག་འབུའི་སྤུངས་དམག་དེ་ཚོ་ཁྱོད་ལས་རྒྱང་རིང་དུ་བསྐྲད་དེ། དེ་ཚོ་འབྲོག་སྟོང་དུ་འདེད་ཅིང་། དེ་ཚོའི་སྔོན་གྱི་གྲལ་རིམ་ཚོ་ཤར་རྒྱ་མཚོ་དང་། རྒྱབ་ཀྱི་གྲལ་རིམ་ཚོ་ནུབ་རྒྱ་མཚོའི་ནང་དུ་འདེད་པ་དང་། དེ་ཚོའི་རོ་རྣམས་དྲི་ངན་བྲོ་བར་འགྱུར། དེ་ཚོས་ཁྱོད་ཚོ་ལ་ཇི་ལྟར་བྱས་པའི་རྐྱེན་གྱིས་ངས་དེ་ཚོ་མཐར་སྤྲོད་གཏོང་རྒྱུ་ཡིན། 21ཀྱེ། ཡུལ་ཁམས་རྣམས་མ་འཇིགས་པར་དགའ་མགུ་ཡི་རངས་པར་བྱོས་ཤིག གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་རླབས་ཆེན་མཛད་པ་དག་གནང་ཡོད། 22ཀྱེ། ནགས་ཀྱི་རི་དྭགས་རྣམས་འཇིགས་མི་དགོས། གང་ལ་ཟེར་ན། ཐང་དུ་རྩ་ཁ་སྔོན་པོ་སྐྱེ་ཞིང་། རྩི་ཤིང་ལ་ཤིང་འབྲས་ཆགས་ཏེ། སེ་ཡབ་ཤིང་དང་རྒུན་ཤིང་ཁག་ལ་འབྲས་བུ་རྒྱས་པར་སྨིན་པས་ཕྱིར་རོ། 23དེ་བས་ན། ཀྱེ་ཛི་ཡོན་གྱི་ཡུལ་མི་རྣམས་དགའ་མགུ་ཡི་རངས་ཤིང་། ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ངང་ན་དགའ་སྤྲོ་སྐྱེད་ཅིག གང་ལ་ཟེར་ན། ཁོང་གིས་ཆར་ཆུ་སྔ་མ་དེ་གང་འདོད་བཞིན་དུ་གཏོང་བ་གནང་ཞིང་། སྔར་རྒྱུན་བཞིན་དུ་ཆར་ཤོད་སྔ་ཕྱི་གཉིས་ཀ་རྒྱས་པར་གཏོང་བ་གནང་རྒྱུ་ཡིན་ནོ། 24སྙེ་མ་བརྡུང་ས་འབྲུས་འགེང་ཞིང་། འཆག་གཞོང་རྣམས་རྒུན་ཆང་དང་འབྲུ་མར་གྱིས་ཁེང་ནས་ཡར་ལུད་པར་འགྱུར། 25སྔར་ཆ་ག་འབུའི་ཚོགས་ཀྱིས་འཇིག་སྐྱོན་བཏང་ནས་ཁྱོད་ལ་གྱོང་རྒུད་བྱུང་བ་ཚང་མར་ངས་གུན་ཚབ་སྤྲོད་རྒྱུ་ཡིན། ཆ་ག་འབུའི་དམག་ཚོགས་ཆེན་པོ་དེ་ནི་ཁྱོད་ཚོར་གནོད་འཚེ་གཏོང་བའི་ཆེད་དུ་ངས་བཏང་བ་ཡིན་ནོ། 26ད་ཆ་ཁྱོད་ཚོར་ཁ་ཟས་མང་པོ་བྱུང་བ་དང་བློ་ཁ་ཚིམས་པར་འགྱུར་རོ། ཁྱོད་ཚོའི་དོན་དུ་ངོ་མཚར་ཆེ་བའི་འཕྲིན་ལས་མཛད་མཁན་ཁྱོད་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་མཚན་ལ་ཁྱོད་ཚོས་བསྟོད་བསྔགས་ཞུ་རྒྱུ་ཡིན་ནོ། ངའི་མི་མང་རྣམས་ངོ་ཚ་དགོས་པའི་གནས་སྟངས་སུ་ནམ་ཡང་གནས་མི་དགོས་སོ། 27ང་ནི་ཨིསི་རཱཨེལ་མི་མང་གི་ཁྲོད་དུ་གནས་ཡོད་པ་དེ་ཁྱོད་ཚོས་ཤེས་རྟོགས་བྱེད་ཐུབ་ཅིང་། ང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཡིན་པས་ང་མ་གཏོགས་དཀོན་མཆོག་གཞན་ཞིག་མེད་པ་དེའང་ཁྱོད་ཚོས་ཤེས་ཐུབ་ཡོང་། ངའི་མི་འབངས་རྣམས་ངོ་ཚ་དགོས་པའི་གནས་སྟངས་སུ་ནམ་ཡང་གནས་མི་དགོས་སོ༎

གཙོ་བོ་དཀོན་མཆོག་གི་ཉིན་མོ།

28དེ་རྗེས་ངས་རང་གི་སེམས་ཉིད་དེ་ཚང་མའི་ཐོག་ཏུ་འབེབས་པར་བྱེད་དེ། ཁྱོད་ཚོའི་བུ་ཕྲུག་རྣམས་ཀྱིས་ལུང་བསྟན་བཤད་ཡོང་། ཁྱོད་ཚོའི་མི་རྒན་རྣམས་ཀྱིས་རྨི་ལམ་མཐོང་བ་དང་། ཁྱོད་ཚོའི་གཞོན་ནུ་ཚོས་མངོན་སུམ་དུ་ཞལ་གཟིགས་མཐོང་བར་འགྱུར། 29དེའི་སྐབས་སུ་ངས་ཁྱོད་ཚོའི་བྲན་གཡོག་ཕོ་མོ་གཉིས་ཀའི་ཐོག་ཏུའང་ངའི་སེམས་ཉིད་འབེབས་པར་བྱེད་རྒྱུ་ཡིན་ནོ། 30ངས་གནམ་དང་ས་གཞི་ལ་ངོ་མཚར་ཆེ་བའི་འཕྲིན་ལས་རྣམས་བསྟན་རྒྱུ་དེ་ནི། ཁྲག་དང་མེ་དང་དུ་བའི་ཀ་རིང་བཅས་ཡིན་ནོ། 31གཙོ་བོ་དཀོན་མཆོག་གི་རླབས་ཆེན་དང་འཇིགས་རུང་ཆེ་བའི་ཉིན་མོ་དེ་མ་ཡོང་པའི་སྔོན་ལ། ཉི་མའི་འོད་སྒྲིབས་ཤིང་ཟླ་བ་ནི་ཁྲག་ལྟར་དམར་པོར་བསྒྱུར་རྒྱུ་ཡིན་ནོ། 32འོན་ཀྱང་སུ་ཞིག་གིས་གཙོ་བོ་དཀོན་མཆོག་གི་མཚན་བརྗོད་མཁན་དེ་ཐར་བར་འགྱུར། གང་ལ་ཟེར་ན། སྔར་གཙོ་བོ་དཀོན་མཆོག་གིས་གསུངས་པ་བཞིན་དུ། རི་བོ་ཛི་ཡོན་དང་ཡེ་རུ་ཤ་ལེམ་དུ་ཡོད་པའི་མི་རྣམས་ཐར་རྒྱུ་ཡིན་པ་དང་། ཁོང་གིས་འདམས་པ་གནང་བའི་མི་རྣམས་གསོན་པོར་གནས་པར་འགྱུར༎

ཡོ་ཨེལ 3

དཀོན་མཆོག་གི་མ་རིགས་རྣམས་ལ་ཁྲིམས་གཅོད་གནང་རྒྱུ།

1གཙོ་བོ་དཀོན་མཆོག་གིས་གསུངས་པ། དུས་ཚོད་དེའི་སྐབས་སུ་ངས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་སྐྱར་དུ་ཕུན་སུམ་ཚོགས་པ་བཟོ་རྒྱུ་ཡིན། 2ངས་མི་རིགས་ཐམས་ཅད་འཛོམས་བཅུག་ནས། ཡེ་ཧོ་ཤ་ཕད་ཀྱི་ལུང་གཤོང་དུ་འཁྲིད་ཡོང་རྒྱུ་ཡིན། དེ་ཚོས་ངའི་ཨིསི་རཱཨེལ་གྱི་མི་འབངས་དེ་ཚོ་ཡུལ་གྲུ་ཀུན་ཏུ་ཁ་སྟོར་ཞིང་། ཡུལ་དེ་དུམ་བུར་དུམ་བུར་བཟོས་ནས་བགོས་པའི་ཉེས་ལེན་དུ་ངས་དེ་ཚོར་ཁྲིམས་གཅོད་བྱེད་རྒྱུ་ཡིན། 3དེ་ཚོས་བཅོན་པ་རྣམས་སུས་ཐོབ་སྐོར་ལ་རྒྱན་བརྒྱབ་སྟེ། སྨད་འཚོང་མའི་འཆལ་རིན་དང་། རྒུན་ཆང་འཐུང་བའི་ཆད་དུ་བུ་དང་བུ་མོ་ཚོར་བྲན་གཡོག་ཏུ་བཙོང་ངོ་། 4ཀྱེ། ཊ་ཡར་དང་སི་དོན་དང་ཕེ་ལེ་ཤེད་ཀྱི་ས་ཁུལ་ཡོངས་ཛོགས། ཁྱོད་ཚོས་ང་ལ་དགྲ་ཤ་ལེན་རྩིས་ཡོད་དམ། དེ་ལྟར་ཡིན་ན་ངས་ཀྱང་ཁྱོད་ཚོས་གང་བྱེད་པ་དེ་ལ་ལན་འཕྲལ་དུ་འཇལ་རྒྱུ་ཡིན་ནོ། 5ཁྱོད་ཚོས་ངའི་གསེར་དང་དངུལ་ལ་སོགས་པའི་རིན་ཐང་ཆེ་བའི་ནོར་རྣམས་རང་གི་ལྷ་ཁང་དུ་འཁྱེར་ནས་བཞག་པ་དང་། 6ཁྱོད་ཚོས་ཡ་ཧུ་དཱའི་རིགས་རྒྱུད་དང་། ཡེ་རུ་ཤ་ལེམ་གྱི་ཡུལ་མི་རྣམས་རང་གི་ཡུལ་ནས་ཐག་རིང་དུ་འཁྲིད་དེ། དེ་དག་གྷིརིསེ་ཀྱི་མི་རྣམས་ཀྱི་ལག་ཏུ་བཙོངས་སོ། 7ཁྱོད་ཚོས་དེ་ཚོ་བཙོངས་སའི་ས་གནས་དེ་རང་ནས་ངས་ཁོ་ཚོ་ཕྱིར་བཏོན་ཞིང་། ཁྱོད་ཚོས་དེ་ཚོ་ལ་གང་བྱས་པ་བཞིན་དུ། ངས་ཀྱང་ཁྱོད་ཚོ་ལ་དེ་བཞིན་བྱེད་རྒྱུ་ཡིན་ནོ། 8ཁྱོད་ཚོའི་བུ་ཕྲུག་རྣམས་ཡ་ཧུ་དཱའི་མི་བརྒྱུད་རྣམས་ཀྱི་ལག་ཏུ་འཚོང་རྒྱུ་ཡིན་པ་དང་། དེ་ཚོས་དེ་ཚོ་ལ་ས་ཐག་རིང་པོར་གནས་པའི་ཤ་བྷ་ཞེས་པའི་མི་བརྒྱུད་ཀྱི་ལག་ཏུ་འཚོང་རྒྱུ་ཡིན་ནོ། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་དེ་བཞིན་གསུངས་ཡོད་པའི་ཕྱིར་རོ། 9མི་རིགས་རྣམས་ཀྱི་ཁྲོད་དུ་གཤམ་གསལ་བཀའ་རྣམས་གསལ་བསྒྲགས་བྱོས་ཤིག དམག་གི་གྲ་སྒྲིག་བྱེད་དེ་དམག་མི་དཔའ་བོ་རྣམས་འབོད་ཅིག དམག་མི་ཚང་མར་འདུ་ཚོགས་བྱེད་ནས་མདུན་སྐྱོད་བྱོས་ཤིག 10རང་གི་ཐོང་གཤོལ་གྱི་ལྕགས་བརྡུངས་ནས་རལ་གྲི་དང་། ཟོར་བས་མདུང་བཟོས་ལ། སྟོབས་ཞན་པས་ཀྱང་ང་ལ་སྟོབས་ཤུགས་ཡོད་ཅེས་བརྗོད་དགོས། 11ཀྱེ། ཉེ་འཁོར་དུ་ཡོད་པའི་མི་རིགས་ཐམས་ཅད་འཕྲལ་དུ་འོངས་ཏེ་ལུང་གཤོང་དུ་འདུ་ཚོགས་བྱོས་ཤིག ཀྱེ་གཙོ་བོ་དཀོན་མཆོག་དེ་ཚོའི་ཐོག་ཏུ་འཐབ་པའི་ཕྱིར་ཁྱེད་ཀྱི་དམག་མི་རྣམས་མར་གཏོང་རོགས་གནང་། 12མི་རིགས་རྣམས་གྲ་སྒྲིག་བྱེད་དེ་ཡེ་ཧོ་ཤ་ཕད་ཀྱི་ལུང་གཤོང་དུ་འཛོམས་པར་བྱོས་ཤིག གང་ལ་ཟེར་ན། གནས་དེ་རང་དུ་གཅོ་བོ་དཀོན་མཆོག་ངས་ཉེ་འཁོར་དུ་ཡོད་པའི་མི་རིགས་ཚང་མར་ཁྲིམས་གཅོད་བྱེད་རྒྱུ་ཡིན་ནོ། 13དེ་ཚོ་ཧ་ཅང་ངན་པ་ཡིན་པས། སྙེ་མ་རྔ་བ་བཞིན་དེ་ཆོར་ཟོར་བ་རྒྱོབ་ཅིག། གཞོང་པའི་ནང་ནས་རྒུན་ཆང་མ་དོན་བར་དུ་རྒུན་འབྲུམ་བརྫིས་པ་བཞིན་དེ་ཚོ་བརྫིས་ཤིག 14ཁྲིམས་གཅོད་བྱེད་པའི་ལུང་གཤོང་དེར་མི་ཚོགས་སྟོང་ཕྲག་མང་པོ་འཛོམས་པ་དང་། གཙོ་བོ་དཀོན་མཆོག་གི་ཉིན་མོ་དེ་ནི་གནས་དེ་རང་དུ་འོངས་བར་ཉེ་བ་དང་། 15སྐབས་དེར་ཉི་མ་དང་ཟླ་བ་སྒྲིབ་ཅིང་། སྒྱུ་སྐར་རྣམས་ཀྱིས་འོད་འཕྲོ་བར་མཚམས་འཇོག་བྱེད་དོ༎

དཀོན་མཆོག་གིས་ཉིད་ཀྱི་མི་འབངས་རྣམས་ལ་བྱིན་རླབས་གནང་རྒྱུ།

16གཙོ་བོ་དཀོན་མཆོག་གིས་རི་བོ་ཛི་ཡོན་ནས་ངར་སྐད་འདོན་གནང་ངོ་། ཡེ་རུ་ཤ་ལེམ་ནས་འབྲུག་སྒྲ་ལྡིར་བ་བཞིན་དུ་གསུང་སྐད་འདོན་པས། གནམ་དང་ས་གཞི་གཡོ་བར་འགྱུར་མོད། འོན་ཀྱང་ཁོང་གིས་ཉིད་ཀྱི་མི་འབངས་རྣམས་ལ་སྲུང་སྐྱོབ་མཛད་པར་འགྱུར་རོ། 17དེར་བརྟེན། ཀྱེ་ཨིསི་རཱཨེལ། ང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ཡིན་པར་ཁྱོད་ཚོས་ཤེས་ཡོང་། ང་ནི་ངའི་རིབོ་དམ་པ་ཛི་ཡོན་དུ་གནས་ཤིང་། ཡེ་རུ་ཤ་ལེམ་ནི་གྲོང་ཁྱེར་དམ་པ་ཞིག་ཏུ་འགྱུར་རོ། ཡང་ཕྱི་པའི་མི་རྒྱུད་རྣམས་ཀྱིས་དེ་སླར་ཡང་དབང་དུ་འདུས་མི་ཡོང་། 18ཉིན་མོ་དེ་ལ་རི་བོ་རྣམས་ལས་རྒུན་ཆང་མངར་མོ་འཛག་ཅིང་། རི་ཕྲན་རྣམས་ལས་འོ་མ་འབབ་པ་དང་། ཡ་ཧུ་དཱའི་གྲོག་ཆུ་རྣམས་ཆུས་གང་རྒྱུ་ཡིན་པ་དང་། གཙོ་བོ་དཀོན་མཆོག་གི་མཆོད་ཁང་ནས་ཆུ་མིག་ཅིག་བརྡོལ་ཏེ། ཨ་ཀ་སི་ཡའི་ལུང་གཤོང་དེ་ལ་ཆུ་བླུགས་པར་འགྱུར་རོ། 19ཨི་ཇིབ་ནི་བྱེ་ཐང་དུ་བསྒྱུར་ཞིང་། ཨེ་དྷོམ་ཡང་དབེན་པའི་འབྲོག་སྟོང་དུ་འགྱུར་རྒྱུ་ཡིན་ནོ། གང་ལ་ཟེར་ན། དེ་ཚོས་ཡ་ཧུ་དཱའི་ཡུལ་དུ་འཐབ་རྒོལ་བྱས་ཏེ། དེའི་ཡུལ་མི་ཉེས་མེད་རྣམས་བསད་པས་ཕྱིར་རོ། 20-21ངས་དེ་ཚོས་བསད་པའི་མི་རྣམས་ཀྱི་དགྲ་ཤ་ལེན་རྒྱུ་ཡིན་པས། མི་ཉེས་ཅན་རྣམས་ཐར་ཐབས་བྲལ་བ་ཡིན་ནོ། འོན་ཀྱང་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་ལ་དུས་རྒྱུན་དུ་ཡུལ་མིས་གང་བར་འགྱུར་ཞིང་། གཙོ་བོ་དཀོན་མཆོག་ང་ནི་རི་བོ་ཛི་ཡོན་དུ་གནས་པར་འགྱུར་རོ།།

ཨ་མོསེ 1

1ཊེ་ཀོ་ཨ་ཞེས་པའི་གྲོང་གསེབ་ཀྱི་ལུག་རྫི་ཡིན་པ་ཨ་མོསེའི་བརྒྱུད་ནས་ལུང་བསྟན་བྱུང་བ། ཡང་ས་གཡོམ་མ་བརྒྱབ་པའི་ལོ་གཉིས་ཀྱི་སྔོན་དུ་ཡ་ཧུ་དཱ་རུ་རྒྱལ་པོ་ཨུ་ཛི་ཡཱ་དང་། ཨིསི་རཱཨེལ་དུ་ཡེ་ཧོ་ཨཤེའི་བུ་ཡེ་རོ་བོམ་གྱིས་རྒྱལ་སྲིད་སྐྱོང་སྐབས་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་སྐོར་ལ་ཞལ་གཟིགས་ཀྱི་སྒོ་ནས་དེ་ཚོ་ཚང་མ་ཨ་མོསེའི་བརྒྱུད་ནས་ལུང་བསྟན་མངོན་པར་མཛད་གནང་བ་ནི། 2ཨ་མོསེས་སྨྲས་པ། རི་བོ་ཛི་ཡོན་གནས་མཆོག་དམ་པ་ནས། གཙོ་བོ་དཀོན་མཆོག་གིས་ནི་གསུང་སྐད་སྐྱོན། གྲོང་ཁྱེར་ཡེ་རུ་ཤ་ལེམ་ནས། འབྲུག་སྐད་བཞིན་དུ་ཁོང་གི་གསུང་སྐད་ལྡིར། སྤང་དང་རྩ་ཁ་ཡོངས་རྫོགས་སྐམ་པར་འགྱུར། རི་བོ་ཀར་མེལ་རྩ་རྣམས་རྙིད་པར་འགྱུར༎

ཨིསི་རཱཨེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་དཀོན་མཆོག་གི་ཁྲིམས་གཅོད།

སི་རི་ཡ།

3གཙོ་བོ་དཀོན་མཆོག་གིས། དྷ་མསེ་ཀསེ་ཀྱི་ཡུལ་མི་ཚོས་ཡང་ནས་ཡང་དུ་སྡིག་པ་བྱས་པ་ཡིན་པས། ངས་དེ་ཚོར་ངེས་པར་དུ་ཉེས་ཆད་གཏོང་རྒྱུ་ཡིན། དེ་ཚོས་གྷིལ་ཨད་ཀྱི་ཡུལ་མི་རྣམས་ལ་སྡུག་རྩུབ་དྲག་པོ་བཏང་བ་ཡིན་པས། 4ཧ་ཛ་ཨེལ་རྒྱལ་པོས་བཞེངས་པའི་ཕོ་བྲང་དེ་ཐོག་ཏུ་ངས་མེ་གཏོང་རྒྱུ་ཡིན་པ་དང་། ངས་རྒྱལ་པོ་བྷེན་ཧ་དྷད་ཀྱི་མཁར་རྫོང་རྣམས་ཀྱང་མེས་ཡོངས་སུ་བསྲེག་པར་བྱེད་རྒྱུ་ཡིན་ནོ། 5ངས་དྷ་མསེ་ཀསེ་གྲོང་ཁྱེར་གྱི་གཞུང་སྒོ་རྣམས་བཅག་སྟེ། ཨ་བེན་ལུང་གཤོང་དུ་གནས་སྡོད་བྱེད་མཁན་རྣམས་དང་། བྷེ་ཐེ་དན་གྱི་སྲིད་སྐྱོང་པ་དེ་ཕྱིར་འདོན་བྱེད་རྒྱུ་དང་། སི་རི་ཡཱའི་ཡུལ་མི་རྣམས་བཙོན་བཟུང་བྱས་ཏེ་ཀིར་ཞེས་པའི་ཡུལ་དུ་འཁྲིད་རྒྱུ་ཡིན་ནོ༎

ཕེ་ལེ་ཤེད།

6གཙོ་བོ་དཀོན་མཆོག་གིས་གསུངས་པ། གྷ་ཛའི་ཡུལ་མི་རྣམས་ཀྱིས་ཡང་ནས་ཡང་དུ་སྡིག་པ་བྱས་པ་ཡིན་པས། ངས་དེ་ཚོ་ལ་ངེས་པར་དུ་ཆད་པ་གཏོང་རྒྱུ་ཡིན་ནོ། དེ་ཚོས་མི་རིགས་ཆ་ཚང་ཞིག་འཁྲིད་ནས་ཨེ་དྷོམ་གྱི་ཡུལ་མི་རྣམས་ཀྱི་ལག་པར་བྲན་འཁོལ་དུ་བཙོངས་པ་ཡིན་པས། 7དེར་བརྟེན་ངས་གྷ་ཛའི་གྲོང་ཁྱེར་གྱི་ལྕགས་རི་རྣམས་ལ་མེ་གཏོང་ཞིང་། ཡུལ་དེའི་མཁར་རྫོང་རྣམས་མེས་ཡོངས་སུ་བསྲེག་པར་བྱེད་རྒྱུ་མ་ཟད། 8ངས་ཨཤ་དྷོད་དང་། ཨཤ་ཀེ་ལོན་གྲོང་ཁྱེར་རྣམས་ཀྱི་སྲིད་སྐྱོང་བྱེད་མཁན་རྣམས་ཐར་སྐྲོད་གཏོང་རྒྱུ་ཡིན། དེ་བཞིན་ངས་གྲོང་ཁྱེར་ཨེག་རོན་ལ་ཉེས་ཆད་གཏོང་ཞིང་། ལྷག་འཕྲོས་ལུས་པའི་ཕེ་ལེ་ཤེད་པའི་ཡུལ་མི་ཚང་མ་ཤི་བར་འགྱུར་རོ༎

ཊ་ཡར།

9གཙོ་བོ་དཀོན་མཆོག་གིས་གསུངས་པ། ཊ་ཡར་གྱི་ཡུལ་མི་ཚོས་ཡང་ནས་ཡང་དུ་སྡིག་པ་བྱས་པ་ཡིན་པས། ངས་དེ་ཚོ་ལ་ངེས་པར་དུ་ཉེས་ཆད་གཏོང་རྒྱུ་ཡིན། དེ་ཚོས་མཐུན་གྲོགས་ཀྱི་འཆིང་ཡིག་ལ་རྩིས་མེད་བྱས་ཏེ། མི་རིགས་ཆ་ཚང་ཞིག་བཙོན་བཟུང་བྱས་ནས་ཨེ་དྷོམ་ཡུལ་དུ་འཁྲིད་ཕྱིན་པ་ཡིན་པས། 10དེར་བརྟེན་ངས་ཊ་ཡར་གྱི་ལྕགས་རི་རྣམས་ལ་མེ་གཏོང་ནས། དེའི་ཁར་རྫོང་རྣམས་མེས་ཡོངས་སུ་བསྲེག་པར་བྱེད་རྒྱུ་ཡིན་ནོ༎

ཨེ་དྷོམ།

11གཙོ་བོ་དཀོན་མཆོག་གིས་གསུངས་པ། ཨེ་དྷོམ་གྱི་ཡུལ་མི་ཚོས་ཡང་ནས་ཡང་དུ་སྡིག་པ་བྱས་པ་ཡིན་པས། ངས་དེ་ཚོ་ལ་ངེས་པར་དུ་ཉེས་ཆད་གཏོང་རྒྱུ་ཡིན་ནོ། དེ་ཚོས་རང་རིགས་གཅིག་པའི་སྤུན་ཟླ་རྣམས་ལ་སྙིང་རྗེ་མ་བྱས་པར། རལ་གྲིས་དེ་ཚོར་རྗེས་སུ་དེད་པ་དང་། ཁོ་ཚོས་མུ་མཐུད་དེ་ཁྲོ་བ་དྲག་པོ་བྱས་པ་ཡིན་ནོ། 12དེར་བརྟེན་ངས་གྲོང་ཁྱེར་ཏེ་མན་གྱི་ཐོག་ཏུ་མེ་གཏོང་ཞིང་། བྷོཛ་རཱའི་མཁར་རྗོང་རྣམས་མེས་ཡོངས་སུ་བསྲེག་པར་བྱེད་རྒྱུ་ཡིན་ནོ༎

ཨམ་མོན།

13གཙོ་བོ་དཀོན་མཆོག་གིས་གསུངས་པ། ཨམ་མོན་གྱི་ཡུལ་མི་ཚོས་ཡང་ནས་ཡང་དུ་སྡིག་པ་བྱས་པ་ཡིན་པས། ངས་དེ་ཚོ་ལ་ངེས་པར་དུ་ཉེས་ཆད་གཏོང་རྒྱུ་ཡིན་ནོ། དེ་ཚོས་རང་གི་ས་མཚམས་རྒྱ་ཆེར་གཏོང་ཕྱིར་དམག་བརྒྱབ་སྐབས་གྷིལ་ཨད་ཡུལ་གྱི་བུད་མེད་མངལ་དང་ལྡན་པ་རྣམས་ཀྱི་ཁོག་པ་གཤགས་པ་ཡིན་པས། 14དེར་བརྟེན་ངས་རབ་བཱའི་གྲོང་ཁྱེར་གྱི་ལྕགས་རི་རྣམས་ལ་མེ་གཏོང་ཞིང་། དེའི་མཁར་རྫོང་ཐམས་ཅད་མེས་ཡོངས་སུ་བསྲེག་པར་བྱེད་རྒྱུ་ཡིན་ནོ། དེ་ནས་དམག་འཁྲུགས་ཀྱི་ཉིན་མོ་དེ་ལ་སྐད་འབོད་ཆེན་པོ་འདོན་པ་དང་། འཐབ་རྩོད་དེ་ནི་རླུང་འཚུབ་ལྟ་བུར་འགྱུར་ཞིང་། 15དེ་ཚོའི་རྒྱལ་པོ་དང་དཔོན་རིགས་རྣམས་བཙན་བྱོལ་དུ་འགྲོ་བར་འགྱུར་རོ༎

ཨ་མོསེ 2

མོ་ཨབ།

1གཙོ་བོ་དཀོན་མཆོག་གིས་གསུངས་པ། མོ་ཨབ་ཀྱི་ཡུལ་མི་ཚོས་ཡང་ནས་ཡང་དུ་སྡིག་པ་བྱས་པ་ཡིན་པས། ངས་དེ་ཚོ་ལ་ངེས་པར་དུ་ཉེས་ཆད་གཏོང་རྒྱུ་ཡིན་ནོ། དེ་ཚོས་ཨེ་དྷོམ་གྱི་རྒྱལ་པོའི་རུས་པ་དེ་མེར་བསྲེགས་ནས་གོག་ཐལ་བཟོས་ནས་དེ་ལ་གུས་བཀུར་མ་བྱས་པ་ཡིན་ནོ། 2དེར་བརྟེན་ངས་མོ་ཨབ་ཡུལ་དུ་མེ་གཏོང་ཞིང་། ཀེ་རི་ཨོད་ཀྱི་མཁར་རྫོང་རྣམས་མེས་ཡོངས་སུ་བསྲེག་པར་བྱེད་རྒྱུ་ཡིན་ནོ། མོ་ཨབ་ཀྱི་ཡུལ་མི་རྣམས་ནི་དམག་མིའི་སྐད་འབོད་དང་དམག་དུང་གི་སྒྲ་ལ་སོགས་པའི་དམག་གི་འུར་སྒྲའི་ནང་དུ་ཤི་རྒྱུ་ཡིན་ནོ། 3ངས་མོ་ཨབ་ཀྱི་རྒྱལ་པོ་དང་ཡུལ་དེའི་འགོ་བྱེད་ཚང་མ་བསད་རྒྱུ་ཡིན་ནོ༎

ཡ་ཧུ་དཱ།

4གཙོ་བོ་དཀོན་མཆོག་གིས་གསུངས་པ། ཡ་ཧུ་དཱའི་ཡུལ་མི་ཚོས་ཡང་ནས་ཡང་དུ་སྡིག་པ་བྱས་པ་ཡིན་པས། ངས་དེ་ཚོར་ངེས་པར་དུ་ཉེས་ཆད་གཏོང་རྒྱུ་ཡིན། དེ་ཚོས་ངའི་སློབ་སྟོན་ལ་རྩིས་མེད་བྱས་ཤིང་། ངའི་བཀའ་ཁྲིམས་རྣམས་མ་སྲུང་བར། སྔར་དེ་ཚོའི་མེས་པོ་རྣམས་ཀྱིས་བསྙེན་བཀུར་བྱས་པའི་ལྷ་རྟེན་རྫུན་མ་རྣམས་ཀྱི་འགོ་ཁྲིད་ཀྱིས་ལམ་ལོག་ཏུ་འཁྲིད་ཡོད། 5དེར་བརྟེན་ངས་ཡ་ཧུ་དཱ་རུ་མེ་གཏོང་ཞིང་། ཡེ་རུ་ཤ་ལེམ་གྱི་མཁར་རྗོང་རྣམས་མེས་ཡོངས་སུ་བསྲེག་པར་བྱེད་རྒྱུ་ཡིན་ནོ༎

དཀོན་མཆོག་གིས་ཨིསི་རཱཨེལ་ལ་ཁྲིམས་གཅོད་གནང་བ།

6གཙོ་བོ་དཀོན་མཆོག་གིས་གསུངས་པ། ཨིསི་རཱཨེལ་པ་ཚོས་ཡང་ནས་ཡང་དུ་སྡིག་པ་བྱས་པ་ཡིན་པས། ངས་དེ་ཚོར་ངེས་པར་དུ་ཉེས་ཆད་གཏོང་རྒྱུ་ཡིན། དེ་ཚོས་བུ་ལོན་འཇལ་མི་ཐུབ་མཁན་དང་། མཐའ་ན་ལྷམ་ཆ་གཅིག་གི་རིན་བབ་ཀྱང་འཇལ་ཐུབ་པའི་ནུས་པ་མེད་པའི་མི་དྲང་ཞིང་དབུལ་པོ་རྣམས་བྲན་འཁོལ་དུ་བཙོངས་པ་དང་། 7དེ་ཚོས་སྐྱོ་པོ་ཉམ་ཐག་རྣམས་ལ་ཐལ་བར་བརྫིས་ནས། དབུལ་པོ་རྣམས་ལ་འབུད་རྒྱག་རྒྱབ་ནས་ཕྱིར་བཏོན་ནོ། དེ་བཞིན་སྐྱེས་པ་ཞིག་དང་ཁོའི་ཕས་བྲན་མོ་བུ་མོ་གཅིག་རང་ལ་ཆགས་པ་སྤྱོད་པས། ངའི་མིང་དམ་པ་དེ་མི་གཙང་བར་བྱེད་དོ། 8མཆོད་འབུལ་བྱེད་ས་གར་ཡོད་སར་དབུལ་པོ་ཚོ་ནས་གཏའ་མར་ལེན་པའི་གོས་སྟེང་ཉལ་ལོ། ཡང་བུ་ལོན་གྱི་ཚབ་ཏུ་ལེན་པའི་རྒུན་ཆང་དེ་དཀོན་མཆོག་གི་མཆོད་ཁང་དུ་འཐུང་ངོ་། 9འོན་ཀྱང་ཀྱེ་ངའི་མི་རྣམས། ངས་ཁྱོད་ཚོའི་དོན་དུ་ཤུག་ཤིང་ལྟ་བུའི་གཟུགས་ཚད་རིང་ལ་བེ་ཤིང་ལྟ་བུའི་ལུས་སྟོབས་ཆེ་བའི་ཨ་མོར་པ་རྣམས་ཡོངས་སུ་ཚར་བཅད་པ་ཡིན་ནོ། 10ངས་ཁྱོད་ཚོ་ཨི་ཇིབ་ནས་ཕྱིར་བཏོན་ཏེ་ལོ་ངོ་བཞི་བཅུའི་རིང་དུ་འབྲོག་སྟོང་ནང་དུ་འཁྲིད་དེ། མཐར་ཨ་མོར་པའི་ལུང་པ་དེ་ཁྱོད་ཚོའི་བདག་དབང་དུ་སྤྲད་པ་ཡིན་ནོ། 11དེ་ཙམ་མ་ཟད་ངས་ཁྱོད་ཚོའི་བུ་འགའ་ཤས་ལ་ལུང་སྟོན་པ་དང་འགའ་ཤས་ལ་ན་ཛིར་ན་ཛིར: ན་ཛིར་ཞེས་པ་ནི། དཀོན་མཆོག་ལ་དད་གུས་ཞུས་པའི་ཚུལ་དུ་རང་གི་སྐྲ་མ་བཅད་པར་ཆང་རག་སོགས་མི་འཐུང་བའི་དམ་བཅའ་བྱེད་མཁན་ཨིསི་རཱཨེལ་གྱི་ཡུལ་མི་ཚོ་ཁག་གཅིག་ལ་ཟེར། གྱི་གོ་གནས་སུ་འདེམ་བསྐོ་བྱས་པ་ཡིན་ཞིང་། ཀྱེ་ཨིསི་རཱཨེལ་གྱི་ཡུལ་མི་རྣམས། གཙོ་བོ་དཀོན་མཆོག་ངས་གང་སྨྲས་པའི་གནས་ཚུལ་འདི་ཚོ་བདེན་པ་མ་ཡིན་ནམ། 12འོན་ཀྱང་ཁྱོད་ཚོས་ན་ཛིར་གྱི་གོ་གནས་སུ་ཡོད་པ་རྣམས་ལ་རྒུན་ཆང་འཐུང་བཅུག་པ་དང་། ལུང་སྟོན་པ་རྣམས་ལ་ངའི་གསུང་འཕྲིན་བཤད་མ་བཅུག་པ་ཡིན་པས། 13འབྲུའི་དོད་པོ་ལྗིད་པོས་གླང་གི་འཁོར་ལོ་ལ་མནན་པ་བཞིན། ད་ངས་ཁྱོད་ཚོ་ལ་མནན་རྒྱུ་ཡིན། 14སྐབས་དེར་བང་རྒྱུག་པ་ལ་མཁས་པ་ཇི་འདྲ་ཞིག་ཡིན་རུང་། དེ་ནི་བྲོས་ནས་ཐར་ཐབས་མེད་ཅིང་། སྟོབས་ཤུགས་ལྡན་པའི་མི་རྣམས་ལུས་སྟོབས་ཉམས་པ་དང་། དེ་བཞིན་དམག་མི་ཚོས་ཀྱང་རང་ལ་སྲུང་སྐྱོབ་བྱེད་མི་ཐུབ་པ་དང་། 15གཞུ་འཐེན་མཁན་ཚོའང་རང་སར་ལངས་མི་ཐུབ་པ་དང་། མགྱོགས་པོར་རྒྱུག་མཁན་ཀྱང་མི་ཐར་ཞིང་། རྟ་པ་རྣམས་ཀྱང་རང་སྲོག་སྐྱབས་ནས་བྲོས་ཐབས་མེད་དོ། 16ཉིན་མོ་དེ་ལ་དཔའ་ངར་ལྡན་པའི་དམག་མིས་ཀྱང་མཚོན་ཆ་སྤངས་ནས་བྲོས་པར་འགྱུར་རོ། ང་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ༎

ཨ་མོསེ 3

1ཀྱེ། ཨིསི་རཱཨེལ་གྱི་མི་རྣམས། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་སྐོར་ལ་གསུངས་པའི་གསུང་ཕྲིན་འདི་ལ་ཉོན་དང་། ཁྱོད་ཚོ་མི་རིགས་ཡོངས་རྫོགས་ཁོང་གིས་ཨི་ཇིབ་ནས་ཁྲིད་ཕེབས་པ་ཡིན་ནོ། 2འཛམ་གླིང་མི་རིགས་ཀུན་གྱི་ནང་ནས་ངས་ཁྱོད་ཚོ་གཅིག་པོ་ལ་འདམས་ནས་གཅེས་འཛིན་བྱས་པར་བརྟེན། མི་རིགས་གཞན་དང་མི་འདྲ་བར་ཁྱོད་ཚོའི་ཉེས་སྡིག་དེ་ནི་ཀུན་ལས་ཉེན་འཚབ་ཆེ་བ་ཞིག་བརྩི་རྒྱུ་ཡིན་པས། ངས་ཁྱོད་ཚོ་ལ་ངེས་པར་དུ་ཉེས་ཆད་གཏོང་རྒྱུ་ཡིན་ནོ༎

ལུང་སྟོན་པའི་ལས་འགན།

3འགྲུལ་པ་གཉིས་ཐོག་མར་ཁ་ཆད་མ་བྱས་པར་མཉམ་དུ་ཕྱོགས་ལ་འཐོན་སྲིད་དམ། 4ནགས་གསེབ་ཏུ་རི་དྭགས་མ་མཐོང་བར་སེང་གེས་ངར་སྐད་འདོན་སྲིད་དམ། དེ་བཞིན་སེང་གེ་དར་མས་གང་ཡང་མ་བཟུང་བར་བྲག་ཕུག་ནང་ནས་ངར་སྐད་འདོན་སྲིད་དམ། 5རྙི་མ་བཙུགས་པར་བྱ་ཞིག་རྙི་ལ་འཐེབ་སྲིད་དམ། དེ་བཞིན་རྙིའི་ནང་དུ་གང་ཡང་མ་འཐེབས་པར་རྙི་དེ་ཇི་ལྟར་འཕར་རམ༎ 6ཡང་གྲོང་ཁྱེར་ནང་དུ་དམག་དུང་འབུད་སྐབས་ཡུལ་མི་རྣམས་ཀྱི་སེམས་ལ་ཞེད་སྣང་མ་བྱུང་བར་སྲིད་དམ། གཙོ་བོ་དཀོན་མཆོག་ནས་ཐུགས་དགོངས་མ་འཁྲོལ་བར་གྲོང་ཁྱེར་ནང་དུ་རྐྱེན་ངན་ཞིག་འབྱུང་སྲིད་དམ༎ 7བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་གསང་བའི་དོན་རྣམས་ལུང་སྟོན་པ་རྣམས་ལ་མངོན་པར་མ་མཛད་པར། མཛད་འཕྲིན་གང་ཡང་མི་གནང་ངོ་། 8སེང་གེས་ངར་སྐད་འདོན་སྐབས་མི་འཇིགས་མཁན་སུ་ཡོད་དམ། དེ་བཞིན་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ནས་གསུང་འཕྲིན་ཕེབས་སྐབས་ལུང་བསྟན་ཁྱབ་བསྒྲགས་མི་བྱེད་མཁན་སུ་ཡོད་དམ༎

ས་མར་ཡ་རུ་འཇིགས་པ།

9ཨི་ཇིབ་དང་ཨཤི་དྷོད་ཀྱི་ཕོ་བྲང་ཁག་ཏུ་བསྡད་མཁན་རྣམས་ལ་ཁྱབ་སྒྲགས་བྱེད་ནས་འདི་ལྟར་སྨྲོས་ཤིག ས་མར་ཡའི་མཐའ་འཁོར་གྱི་རི་བརྒྱུད་ཁག་ཏུ་འདུ་འཛོམས་བྱས་ཏེ། དེའི་ནང་དུ་ཡོད་པའི་ཟིང་འཁྲུགས་དང་ཁྲིམས་འགལ་གྱི་ལས་ངན་རྣམས་ལ་ལྟོས་ཤིག 10གཙོ་བོ་དཀོན་མཆོག་གིས་གསུངས་པ། མི་འདི་ཚོས་ཁྲིམས་འགལ་དང་ཟིང་འཁྲུགས་གྱི་སྒོ་ནས་གསོག་འཇོག་བྱས་པའི་དངོས་རིགས་ཀྱིས་རང་གི་སྡོད་ཁང་བཀང་ཞིང་། དེ་ཚོས་དྲང་སེམས་ཇི་ལྟར་བྱས་དགོས་མི་ཤེས་སོ། 11དེར་བརྟེན་དགྲ་བོས་དེ་ཚོའི་ཕྱོགས་བཞི་ནས་བསྐོར་ཏེ། དེ་ཚོའི་སྲུང་སྐྱོབ་ཀྱི་འཛིང་རག་ཚང་མ་འཇིག་སྐྱོན་བཏང་བ་དང་། དེ་ཚོའི་ཁང་ཁྱིམ་རྣམས་བཅོམ་པར་འགྱུར་རོ། 12གཙོ་བོ་དཀོན་མཆོག་གིས་གསུངས་པ། ཇི་ལྟར་རྫི་བོའི་ལག་ཏུ་འཐེབ་པའི་སེང་གེའི་ཟ་འཕྲོ་ལུས་པས་ལུག་གི་སུག་མཐིལ་གཉིས་དང་རྣ་བ་ཞིག་ལས་མི་ལུས་པ་ལྟར། ད་ལྟ་འཇིག་རྟེན་གྱི་དཔལ་ལ་ལོངས་སྤྱོད་བཞིན་པའི་ས་མར་ཡ་པའི་ནང་ནས་མི་གྲངས་ཉུང་དུ་ཙམ་ལས་ལྷག་འཕྲོས་ལུས་མི་ཡོང་ངོ། 13བླ་ན་མེད་པའི་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་གསུངས་པ། ད་ཚུར་ཉོན་ལ། ཡ་ཀོབ་ཀྱི་བུ་བརྒྱུད་རྣམས་ལ་འདི་ལྟར་ཉེན་བརྡ་གཏོང་ཞིག 14ངས་ཨིསི་རཱཨེལ་མི་མང་རྣམས་ལ་ཉེས་ཆད་གཏོང་བའི་ཉིན་མོ་དེ་ལ་བེ་ཐེལ་གྱི་མཆོད་ཁྲི་རྣམས་ཀྱང་སྟོར་བཤིགས་གཏོང་རྒྱུ་ཡིན་པ་དང་། མཆོད་ཁྲིའི་ཟུར་ཚང་མ་བཅག་ནས་ས་ལ་ལྷུང་བར་འགྱུར་རོ། 15ངས་དེ་ཚོའི་དབྱར་ས་དང་དགུན་སའི་གནས་ཁང་རྣམས་གཏོར་རྒྱུ་ཡིན་པ་དང་། བ་སོས་རྒྱན་པའི་ཁང་ཁྱིམ་རྣམས་གྱང་གོག་ཏུ་གཏོང་རྒྱུ་དང་། དེ་བཞིན་ཁང་ཆེན་ཚང་མ་ངས་སྟོར་བཤིགས་གཏོང་རྒྱུ་ཡིན༎

ཨ་མོསེ 4

1ས་མར་ཡའི་བུད་མེད་རྣམས་ཉོན་ཞིག། ཁྱོད་ཚོ་བྷ་ཤཱན་གྱི་བ་ཕྱུགས་ཚོ་དང་འདྲ་བ་བཟས་ནས་རྒྱག་པ་ཆགས་ཡོད་པ་དང་། ཁྱོད་ཚོས་དབུལ་འཕོང་ཉམས་ཐག་རྣམས་ལ་འཚེ་ཞིང་མནར་སྤྱོད་བཏང་ཡོད། ཁྱོད་ཚོས་ཆང་རག་དགོས་ཤེས་རྒྱུན་དུ་རང་གི་ཁྱོ་རྣམས་ལ་བརྫོད་དོ། 2བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་རང་གི་དམ་པའི་ནང་དམ་བཅའ་མཛད་དེ་བཀའ་གནང་བ། དེ་ཚོས་ཁྱོད་ཚོ་རེ་རེར་ཉ་བཞིན་ལྕགས་ཀྱུས་འཛིན་ཏེ་འདྲུད་འགྲོ་བའི་ཉིན་མོ་དེ་ཉེ་བར་རན་ཞིང་། 3དེ་བཞིན་ཁྱོད་ཚོ་ཡང་ལྕགས་རིའི་བར་མཚམས་ནས་ཕྱི་རོལ་དུ་དབྱུགས་པར་འགྱུར་རོ༎

དཀོན་མཆོག་གི་སློབ་སྟོན་གནང་བར་ཨིསི་རཱཨེལ་པས་བརྩིས་མེད་ཞུས་པ།

4བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་གསུངས་པ། ཀྱེ་ཨིསི་རཱཨེལ་གྱི་ཡུལ་མི་རྣམས། ཁྱོད་ཚོས་མ་བྱེད་ཀ་མེད་དུ་སྡིག་པ་ཞིག་བྱེད་དགོས་པ་བྱུང་ན། བེ་ཐེལ་གྱི་གནས་དམ་པ་རུ་ཕྱིན་ནས་སྡིག་པ་བྱོས་ཤིག། དེ་བཞིན་གྷིལ་གཱལ་དུ་ཕྱིན་ནས་བློ་ཁ་མ་ཚིམས་བར་དུ་སྡིག་པ་བྱོས་ཤིག་དང་། ཁྱོད་ཚོས་ཞོགས་ལྟར་རེ་བཞིན་དམར་མཆོད་འབུལ་བའི་ཕྱིར་སེམས་ཅན་འཁྱེར་ཤོག ཉིན་ཞག་གསུམ་རེའི་ཐོག་ཏུ་རང་གི་ཡོང་སྒོའི་བརྒྱ་ཆ་བཅུའི་མཆོད་འབུལ་བྱོས་ཤིག་དང་། 5དེ་བཞིན་གཏང་རག་གི་མཆོད་པར་དཀོན་མཆོག་ལ་ཞལ་བག་ཕུལ་ནས། མི་གཞན་ལས་མཆོད་འབུལ་མང་བ་བྱེད་ཀྱི་ཡོད་ཅེས་པའི་ང་རྒྱལ་ཆེན་པོ་བྱོས་ཤིག དེ་ལྟར་བྱས་པར་ཁྱོད་ཚོ་དགའ་འོ། 6ངས་ཁྱོད་ཚོའི་གྲོང་ཁྱེར་ཚང་མར་མུ་གེ་བཏང་ནས་ཟོན་བརྡ་བྱས་མོད། འོན་ཀྱང་ཁྱོད་ཚོ་བློ་ཁ་བསྒྱུར་ནས་ངའི་ཕྱོགས་སུ་སླེབས་མ་བྱུང་། 7ཁྱོད་ཚོའི་སྟོན་ཐོག་ལ་ཆར་ཆུ་དགོས་པའི་སྐབས་སུ་ངས་ཆར་ཆུ་བཅད་པ་དང་། ངས་གྲོང་ཁྱེར་གཅིག་ལ་ཆར་པ་བཏང་ཞིང་གཞན་དུ་ཆར་ཆུ་བཀག་པས། ས་ཞིང་གཅིག་གི་ཐོག་ཏུ་ཆར་པ་བབ་ཅིང་གཞན་དེ་ཐན་པས་ཡོངས་སུ་བསྐམས་སོ། 8གྲོང་ཁྱེར་མང་པོའི་མི་རྣམས་ཁ་བསྐོམས་ནས་གྲོང་ཁྱེར་གཞན་ཞིག་ཏུ་ཆུ་འཚོལ་བར་ཕྱིན་རུང་། དེར་ཆུ་མི་རྙེད་དོ། དཀའ་ངལ་དེ་ལྟ་བུ་བྱུང་བའི་སྐབས་སུ་ཡང་ཁྱོད་ཚོ་བློ་ཁ་བསྒྱུར་ནས་ངའི་ཕྱོགས་སུ་སླེབས་མ་བྱུང་ངོ་། 9ངས་ཁྱོད་ཚོའི་སྟོན་ཐོག་སྐམ་པའི་ཆེད་དུ་རླུང་ནག་ཚ་པོ་བཏང་ཞིང་། ཁྱོ་ཚོའི་རྒུན་ཚལ་ལ་སོགས་པའི་ཚལ་ཞིང་ཁག་དང་། སེ་ཡབ་ཤིང་དང་། ཁ་སྐྱུར་པོའི་ཤིང་རྣམས་ཆ་ག་འབུས་ཡོངས་སུ་ཟས་ཀྱང་། ཁྱོད་ཚོ་བློ་ཁ་བསྒྱུར་ནས་ངའི་ཕྱོགས་སུ་སླེབས་མ་བྱུང་། 10སྔར་ངས་ཨི་ཇིབ་ཡུལ་དུ་བཏང་བའི་ནད་ཡམས་དྲག་པོ་དེ་བཞིན་ཁྱོད་ཚོའི་ཐོག་ཏུའང་བཏང་ཞིང་། ངས་ཁྱོད་ཚོའི་གཞོན་ནུ་རྣམས་དམག་ཏུ་བསད་ནས། ཁྱོད་ཚོའི་རྟ་རྣམས་བཅོམ་མོ། ཡང་ཁྱོད་ཚོའི་དམག་སྒར་ཁག་ཏུ་མི་རོའི་དྲི་མ་ངན་པས་ཡོངས་སུ་ཁྱབ་ཀྱང་། ཁྱོ་ཚོ་བློ་ཁ་བསྒྱུར་ནས་ངའི་ཕྱོགས་སུ་སླེབས་མ་བྱུང་། 11སྔར་ངས་སོ་དྷོམ་དང་གྷོ་མོ་རཱའི་ཡུལ་གཉིས་འཇིག་སྐྱོན་བཏང་བ་བཞིན་། ཁྱོད་ཚོའི་ནང་ནས་འགའ་ཤས་ལ་དེ་བཞིན་འཇིག་སྐྱོན་བཏང་ཞིང་། དེ་ཚོའི་ཁོངས་ནས་ལྷག་འཕྲོས་ལུས་པ་རྣམས་ནི་ཐབ་ནས་བཏོན་པའི་མེ་ཤིང་འཚིག་འཕྲོ་ལུས་པ་རྣམས་དང་མཚུངས་པར་འགྱུར་མོད། འོན་ཀྱང་ཁྱོད་ཚོ་བློ་ཁ་བསྒྱུར་ནས་ངའི་ཕྱོགས་སུ་སླེབས་མ་བྱུང་། 12དེ་བས་ན་ཀྱེ་ཨིསི་རཱཨེལ་མི་མང་རྣམས། ངས་ཁྱོད་ཚོར་ཉེས་ཆད་གཏོང་བ་ངེས་ཅན་ཡིན་པས། དེའི་ཆེད་དུ་ཁྱོད་ཚོ་གྲ་སྒྲིག་བྱོས་ཤིགཅེས་གཙོ་བོ་དཀོན་མཆོག་གི་གསུངས་པ། 13དཀོན་མཆོག་ཁོང་ནི་རི་བོ་མཛད་མཁན་དང་། རླུང་རྣམས་བཀོད་པ་གནང་མཁན་ཁོང་ལགས་ཤིང་། ཁོང་གིས་ཐུགས་དགོངས་མི་ལ་མངོན་པར་གནང་། ཉིན་མོ་དེ་མཚན་མོར་བསྒྱུར་བ་གནང་ཞིང་། ས་གཞིའི་ས་གནས་མཐོན་པོ་ཁག་ཏུ་ཡང་ཞབས་འཆག་མཛད་པ་གནང་མཁན་ཁོང་གི། མཚན་ལ་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ཅེས་ཞུས་སོ༎

ཨ་མོསེ 5

འགྱོད་སེམས་ཀྱི་ཕྱིར་འབོད་པ།

1ཀྱེ་ཨིསི་རཱཨེལ་གྱི་མི་མང་རྣམས། ངས་ཁྱོད་ཀྱི་དོན་དུ་བླངས་པའི་སྐུ་ཕུང་གདན་ཞུའི་གླུ་འདི་ལ་ཉོན་དང་། 2ཨིསི་རཱཨེལ་ན་ཆུང་མ་ནི། ནམ་ཡང་ལང་མི་ཐུབ་པར་འགྱེལ་ལོ། མོ་ནི་ས་ཁར་འགྱེལ་ཡོད་པས། སློང་རོགས་བྱ་མཁན་སུ་ཡང་མེད། 3བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་གསུངས་པ། ཨིསི་རཱཨེལ་གྱི་གྲོང་ཁྱེར་ཞིག་ནས་དམག་མི་ཆིག་སྟོང་ཞིག་ཕྱི་ལ་བཏང་བ་དེའི་ཁོངས་ནས། བརྒྱ་ཕྲག་གཅིག་ལས་ཕྱིར་ལོག་མི་བྱེད་ཅིང་། དེ་བཞིན་གྲོང་ཁྱེར་གཞན་ཞིག་ནས་དམག་མི་བརྒྱ་ཕྲག་ཅིག་ཕྱི་ལ་བཏང་བའི་ཁོངས་ནས་དམག་མི་བཅུ་ལས་ཕྱིར་ལོག་མི་བྱེད་དོ། 4གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་མི་མང་རྣམས་ལ། ངའི་རྩར་ཡོང་ན་ཁྱོད་ཚོ་འཚོ་བར་འགྱུར། 5བྷིར་ཤེ་བྷ་རུ་བསྙེན་བཀུར་བྱེད་པར་མ་འགྲོ་ཞིག། ཁྱོད་ཚོས་ང་ལ་བྷེ་ཐེལ་དུ་འཚོལ་ཐབས་མ་བྱེད་ཅིག། གང་ལགས་ཟེར་ན། བྷེ་ཐེལ་ནི་རང་གི་སྙན་གྲགས་ཉམས་ཏེ་མཐོང་ཆུང་དུ་འགྱུར་ཡོང་། དེ་བཞིན་གྷིལ་གྷལ་དུའང་མ་འགྲོ། གང་ལ་ཟེར་ན། དེའི་ཡུལ་མི་རྣམས་བཙོན་བྱོལ་དུ་འཁྲིད་པར་འགྱུར་རོ། 6གཙོ་བོ་དཀོན་མཆོག་གི་དྲུང་དུ་སོང་བ་ཡིན་ན་ཁྱོད་ཚོ་འཚོ་བར་འགྱུར། དེ་མིན་ཁོང་ནི་ཨིསི་རཱཨེལ་གྱི་མི་མང་གི་ཐོག་ཏུ་མེ་ལྟར་འབར་ཞིང་། དེས་བེ་ཐེལ་གྱི་ཡུལ་མི་རྣམས་ཡོངས་སུ་འཚིག་ཅིང་། མི་སུས་ཀྱང་མེ་དེ་གསོད་པར་མི་ནུས་སོ། 7ཁྱོད་ཚོས་ཁྲིམས་ལོག་པར་སྤྱོད་ནས། མི་མང་གི་ཐོབ་ཐང་འཕྲོག་མཁན་ཁྱོད་ཚོ་འཇིགས་པར་འགྱུར་ཡོད། 8གཙོ་བོ་དཀོན་མཆོག་གིས་སྨིན་དྲུག་དང་དྲང་སྲོང་རྣམས་ཀྱི་སྐར་མའི་ཚོགས་རྣམས་ལ་བཀོད་པ་གནང་བ་དང་། མུན་པ་ནི་འོད་དུ་བསྒྱུར་བ་གནང་བ་དང་། ཉིན་མོ་མཚན་དུབསྒྱུར་བ་དང་། རྒྱ་མཚོའི་ཆུ་རྣམས་ལ་འབོད་པ་དང་། ས་གཞིའི་སྟེང་ལ་བླུགས་པ་གནང་མཁན་དེའི་མཚན་ལ་གཙོ་བོ་དཀོན་མཆོག་ཅེས་གསོལ་བ་ཡིན། 9ཁོང་གིས་མཐུ་སྟོབས་ཅན་དང་དེ་ཚོའི་སྐྱབས་གནས་བཙན་པོ་རྣམས་འཇིག་པར་མཛད་དོ། 10ཁྱོད་ཚོས་བདེན་པའི་ཁྲིམས་སྤྱོད་མཁན་ལ་སྡང་བ་དང་ཁྲིམས་སར་བདེན་གཏམ་སྨྲ་མཁན་ལ་མཐོང་ཆུང་བྱེད་དོ། 11དབུལ་པོ་ཉམས་ཐག་རྣམས་ལ་བཙན་གནོན་བྱས་ཏེ། དེ་ཚོའི་འབྲུ་རྣམས་འཕྲོག་བཅོམ་བྱས་པ་ཡིན་པས། ཁྱོད་ཚོ་རྡོ་རྩིག་བརྒྱབ་པའི་ཁང་བཟང་ནང་དུ་སྡོད་ལོང་མེད་ཅིང་། ཁྱོད་ཚོས་འདེབས་ལས་བྱས་པའི་རྒུན་ཚལ་བཟང་པོ་རྣམས་ལས་རྒུན་ཆང་འཐུང་ལོང་མི་ཡོང་ངོ་། 12ཁྱོད་ཚོའི་སྡིག་པ་རྣམས་ཚབས་ཆེན་ཇི་ལྟར་ཡིན་པ་དང་། ཁྱོད་ཚོས་ནག་ཉེས་ཇི་བྱས་སྐོར་ངས་གསལ་པོར་ཤེས་ཀྱི་ཡོད། ཁྱོད་ཚོས་མི་བཟང་པོ་རྣམས་ལ་མནར་སྤྱོད་གཏོང་བ་དང་། ལྐོག་རྔན་ལེན་པ་དང་དབུལ་པོ་རྣམས་ལ་ཁྲིམས་སར་ཁྲིམས་གཅོད་དྲང་པོ་ཐོབ་པར་བཀག་གི་ཡོད་དོ། 13དེ་བས་ན་དུས་ངན་དེ་ལྟ་བུའི་སྐབས་སུ་ཁ་རོག་སྡོད་པ་ནི་བློ་གྲོས་ཅན་ཡིན་ནོ། 14ཁྱོད་ཚོ་འཚོ་བའི་ཕྱིར་ངན་པའི་རྗེས་སུ་མ་འབྲང་བར་བཟང་པོ་ཁོ་ནའི་རྗེས་སུ་འབྲངས་ཤིག་དང་། དེ་ལྟར་བྱས་ན་ཁྱོད་ཚོས་རང་གི་སྨྲ་བ་བཞིན་དུ་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ནི་ཁྱོད་ཚོ་དང་མཉམ་དུ་འགྲོགས་པར་འགྱུར་རོ། 15ངན་པར་སྡང་ཞིང་བཟང་པོ་ལ་གཅེས་པར་འཛིན་དགོས་པ་དང་། ཁྲིམས་སར་ཁྲིམས་གཅོད་དྲང་པོ་བྱེད་དགོས། དེ་ལྟར་བྱས་ན་ལྷག་འཕྲོས་ལུས་པའི་མི་རིགས་འདི་ཚོ་ལ་གཙོ་བོ་དཀོན་མཆོག་གིས་སྙིང་རྗེ་གནང་སྲིད་དོ། 16བླ་ན་མེད་པའི་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་གསུངས་པ། གྲོང་ཁྱེར་གྱི་གཞུང་ལམ་ཁག་ཏུ་སྨྲེ་སྔགས་དང་ངུ་འབོད་དྲག་པོ་འདོན་ཞིང་། གཤིན་པོའི་ཆེད་དུ་མྱ་ངན་བྱེད་ཕྱིར་མི་ལག་བསྒྲིགས་པའི་ངུ་འབོད་མཁན་མཉམ་དུ་ཞིང་པ་རྣམས་ཀྱང་མྱ་ངན་བྱེད་ཕྱིར་འབོད་པ་དང་། 17རྒུན་ཚལ་ཚང་མར་སྨྲེ་སྔགས་འདོན་པར་དང་། ངས་ཁྱོད་ཚོར་ཉེས་ཆད་གཏོང་ཕྱིར་ཡོང་བཞིན་པའི་རྐྱེན་གྱིས་གནས་ཚུལ་དེ་ཚོ་ཚང་མ་འབྱུང་ངེས་པ་ཡིན་ནོ་ཞེས་གཙོ་བོ་དཀོན་མཆོག་གིས་གསུངས་སོ། 18ཁྱོད་ཚོ་གཙོ་བོ་དཀོན་མཆོག་གི་ཉིན་མོ་དེ་ལ་སྒུག་སྡོད་བྱེད་མཁན་རྣམས་འཇིགས་སྐྲག་ཡོང་བར་འགྱུར། ཁྱོད་ཀྱི་ཆེད་དུ་ཉིན་མོ་དེ་ནི་འོད་མ་ཡིན་པར། མུན་པ་དང་ལྡན་པར་འགྱུར། དེས་ཁྱོད་ལ་ཕན་ཐོགས་ཇི་ལྟར་བྱུང་ངམ། 19ཉིན་མོ་དེ་ནི་མི་ཞིག་སེང་གེ་ལས་བྲོས་ཐར་ན་ཡང་དོམ་དང་འཕྲད་པ་ལྟ་བུ་ཡོང་རྒྱུ་དང་། ཡང་ན་མི་ཞིག་རང་གི་ཁྱིམ་དུ་བསླེབས་ནས་རྩིག་པར་ལག་པ་བཞག་སྐབས་སྦྲུལ་གྱིས་སོ་བརྒྱབ་པ་ལྟ་བུ་ཡིན་པས། 20གཙོ་བོ་དཀོན་མཆོག་གི་ཉིན་མོ་དེས་མུན་ནག་འཁྱེར་ཡོང་བ་དང་། འོད་མེད་པས་ཡིད་མུག་པའི་ཉིན་མོ་བྱུང་བར་འགྱུར། 21གཙོ་བོ་དཀོན་མཆོག་གིས་གསུངས་པ། ངས་ཁྱོད་ཚོའི་ཆོས་ཀྱི་དུས་སྟོན་ཁག་ལ་སྡང་ཞིང་ཞེན་ལོག་བྱེད་བཞིན་ཡོད། 22ཁྱོད་ཚོས་སྦྱིན་སྲེག་གི་མཆོད་པ་དང་འབྲུ་སྣའི་མཆོད་འབུལ་བྱས་པར་ངས་ངོས་ལེན་མི་བྱེད་ཅིང་། ཁྱོད་ཚོས་དམར་མཆོད་ཀྱི་ཆེད་དུ་ངའི་རྩར་འཁྱེར་ཡོང་བའི་སེམས་ཅན་རྒྱགས་པ་རྣམས་ཀྱང་ངས་ངོས་ལེན་མི་བྱའོ། 23ཁྱོད་ཚོའི་སྐད་ཤུགས་ཆེན་པོས་མགུར་དབྱངས་ལེན་པ་རྣམས་མཚམས་འཇོག་བྱོས་ཤིག་དང་། ཁྱོད་ཚོའི་སྒྲ་སྙན་གྱི་རོལ་དབྱངས་རྣམས་ང་ལ་ཉན་འདོད་མེད། 24དེ་ལས་ཁྲིམས་་དྲང་པོ་རྒྱུག་ཆུ་ལྟ་བུ་དང་། དྲང་བ་ཉིད་ནི་ནམ་ཡང་མི་སྐམ་པའི་ཆུ་བོ་བཞིན་དུ་རྒྱུག་བཅུག་ན་དེ་ལེགས་པ་ཡིན་ནོ། 25ཀྱེ་ཨིསི་རཱཨེལ་གྱི་མི་མང་རྣམས། ངས་ཁྱོད་ཚོ་ལོ་ངོ་བཞི་བཅུ་རིང་ལ་འབྲོག་སྟོང་བརྒྱུད་ནས་འཁྲིད་པའི་སྐབས་སུ་ང་ལ་དམར་མཆོད་དང་མཆོད་པའི་རིགས་སོགས་འབུལ་དགོས་ཤེས་ལབ་རྒྱུ་མ་བྱུང་། 26འོན་ཀྱང་ད་ཁྱོད་ཚོས་ལྷ་རྟེན་གྱི་རྒྱལ་པོ་སག་ཀུད་དང་སྒྱུ་སྐར་གྱི་ལྷ་རྟེན་ཀེ་ཝན་བཅས་ཀྱི་སྐུ་འདྲར་བསྙེན་བཀུར་བྱས་པ་ཡིན་པས། 27ངས་ཁྱོད་ཚོ་ལ་དྷ་མསེ་ཀསེ་རྒལ་ནས་ཡུལ་ཕ་རོལ་དུ་ཁྱོད་ཚོ་ལ་བཙོན་དུ་འཁྲིད་སྐབས་ཁྱོད་ཚོའི་སྐུ་འདྲ་དེ་ཚོ་ཡང་མཉམ་དུ་འཁྱེར་དགོས་སོ་ཞེས་གཙོ་བོ་དཀོན་མཆོག་གིས་གསུངས་སོ། ཁོང་གི་མཚན་ནི་ཀུན་དབང་ལྡན་པའི་དཀོན་མཆོག་ཡིན༎

ཨ་མོསེ 6

ཨིསི་རཱཨེལ་ལ་འཇིག་པ་བྱུང་བ།

1ཀྱེ་ཁྱོད་ཚོ་བཀྲ་མི་ཤིས། ཀྱེ་ཁྱོད་ཚོ་ཛི་ཡོན་དུ་དགའ་སྐྱིད་ལྷོད་གཡེང་ཀྱི་ངང་ལ་མི་ཚེ་སྐྱེལ་ཞིང་། ས་མར་ཡ་རུ་སྲུང་ཆ་བཙན་པོར་གནས་སྡོད་བྱེད་མཁན་རྒྱལ་ཁབ་ཆེན་པོ་ཨིསི་རཱཨེལ་གྱི་དཔོན་རིགས་ཆེན་པོ་རྣམས། སྔར་ཨིསི་རཱཨེལ་པ་ཚོས་ཁྱོད་ཚོར་མགོན་སྐྱབས་ཞུ་བར་ཡོང་གི་ཡོད་དོ། 2ད་ཁྱོད་ཚོས་གྲོང་ཁྱེར་ཀལ་ནཱེདང་། གྲོང་ཁྱེར་ཆེན་པོ་ཧ་མད་དང་ཕེ་ལེ་ཤེད་པའི་གྲོང་ཁྱེར་གྷད་བཅས་ཀྱི་གནས་སྟངས་ལ་ལྟ་བར་སོང་ཞིག དེ་ཚོའི་སྔར་གྱི་གནས་སྟངས་དེ་ཡ་ཧུ་དཱ་དང་། ཨིསི་རཱཨེལ་གྱི་རྒྱལ་ཁབ་ལས་ལེགས་པ་ཞིག་ཡོད་པ་ཡིན་ནམ། དེ་ཚོའི་ས་མཚམས་དེ་ཁྱོད་ཚོའི་ས་མཚམས་ལས་རྒྱ་ཆེ་བ་ཞིག་ཡོད་པ་ཡིན་ནམ། 3འཇིག་པའི་ཉིན་མོ་ཡོང་རྒྱུ་ཡིན་པ་དེར་ཁྱོད་ཚོས་ཁས་ལེན་མི་བྱས་སོ། འོན་ཀྱང་ཁྱོད་ཚོའི་བྱ་སྤྱོད་ངན་པའི་རྐྱེན་གྱིས་ཉིན་མོ་དེ་ནི་ཉེ་བར་རན་པ་ཡིན་ནོ། 4ཀྱེ་ཁྱོད་ཚོ་བརྒྱན་སྤྲོས་ལྡན་པའི་ཉལ་ཁྲི་མཛེས་པོའི་སྟེང་དུ་ཉལ་ཏེ། བེའུའི་ཤ་དང་ལུག་ཤ་ཟ་ཞིང་སྤྲོ་ཉམས་བྱེད་མཁན་ཚོ་བཀྲ་མི་ཤིས་སོ། 5ཁྱོད་ཚོས་དཱ་བིད་ལྟར་མགུར་དབྱངས་བརྩོམས་ནས་སྒྲ་སྙན་བཏང་བ་དང་མགུར་དབྱངས་བླངས་བར་འདོད་དོ། 6ཕོར་པ་ཆེན་པོའི་ནང་དུ་རྒུན་ཆང་འཐུང་ཞིང་། རང་གི་ལུས་ལ་དྲི་བཟང་ལྡན་པའི་སྤོས་ཆུ་རིན་ཐང་ཆེན་པོ་རྣམས་བྱུག་པ་དང་། འོན་ཀྱང་ཨིསི་རཱཨེལ་གྱི་འཇིག་པའི་སྐོར་ལ་ཁྱོད་ཚོས་སེམས་ནང་སྐྱོ་སྣང་སོགས་གང་ཡང་མི་བྱས་པས། 7ཁྱོད་ཚོར་མི་གཞན་པ་ལས་སྔོན་དུ་བཙན་བྱོལ་དུ་འཁྲིད་རྒྱུ་ཡིན་པ་དང་། ཁྱོད་ཚོའི་དགའ་སྟོན་དང་སྤྲོ་ཉམས་ཚང་མ་མཐའ་མར་འགྱུར་རྒྱུ་ཡིན་ནོ། 8བླ་ན་མེད་པའི་ཀུན་དབང་ལྡན་པའི་དཀོན་མཆོག་གིས་ཉེན་ཚབ་ཆེ་བའི་ཟོན་བརྡ་གནང་ཞིང་གསུངས་པ། ངས་ཨིསི་རཱཨེལ་པའི་མི་མང་གི་ང་རྒྱལ་ལ་ཞེན་ལོག་བྱེད་ཅིང་། དེ་ཚོའི་སྤྲོ་ཉམས་དང་བརྒྱན་སྤྲོས་ལྡན་པའི་ཁང་བཟང་རྣམས་ངས་སྣང་ཆུང་དུ་བརྩི་རྒྱུ་ཡིན། ངས་དེ་ཚོའི་རྒྱལ་སའི་གྲོང་ཁྱེར་དང་དེའི་ནང་དུ་ཡོད་པའི་དངོས་རིགས་ཇི་ཡོད་ཚང་མ་དེ་ཚོའི་དགྲ་བོའི་ལག་ཏུ་སྟེར་རྒྱུ་ཡིན་ནོ། 9གལ་སྲིད་མི་ཚང་གཅིག་གི་ནང་དུ་ནང་མི་བཅུ་ལས་ལྷག་ཡོད་ན། དེ་ཚོ་ཚང་མ་ཤི་ངེས་ཤིང་། 10ཕུང་པོ་མེར་སྲེག་གཏོན་མཁན་གཉེན་ཚན་གཅིག་གིས་མི་ཚང་དེའི་མིའི་ཕུང་པོ་དེ་ཁང་པ་ནས་ཕྱིར་བཏོན་རྒྱུ་ཡིན་པ་དང་། ད་དུང་གསོན་པོར་ལུས་ཡོད་པའི་ནང་མི་གང་རུང་ལ་གཉེན་ཚན་དེས། ཁྱོད་དང་མཉམ་དུ་ད་རུང་སུ་ཡོད་དམ་ཞེས་འདྲི་བའི་ལན་དུ་དེས། ད་སུའང་མེད་ཅེས་ཟེར་ཡོང་། ཡང་གཉེན་ཚན་དེས། འོ་ན་ཁ་རོག་སྡོད་ཅིག། ང་ཚོས་གཙོ་བོ་དཀོན་མཆོག་གི་མཚན་ཙམ་ཡང་བརྗོད་མི་ནུས་ཞེས་སྨྲ་བར་འགྱུར་རོ། 11གཙོ་བོ་དཀོན་མཆོག་གིས་བཀའ་བཀོད་གནང་སྐབས། ཁང་པ་ཆེ་ཆུང་མེད་པར་ཡོངས་སུ་དུམ་བུར་འགྱུར། 12བྲག་རིའི་སྟེང་དུ་རྟ་རྣམས་རྒྱུག་པའམ། སུ་ཞིག་གིས་རྒྱ་མཚོར་གླང་གིས་རྨོན་པ་རྒྱབ་སྲིད་དམ། ཡིན་ཡང་ཁྱོད་ཚོས་ཁྲིམས་དྲང་པོ་རྣམས་དུག་ཏུ་བསྒྱུར་ཡོད་པ་དང། དྲང་པོ་ལ་ནོར་འཁྲུལ་དུ་བསྒྱུར་བར་བྱས་སོ། 13ང་ཚོས་ལོ་དྷི་བར་གྲོང་ཁྱེར་དབང་དུ་འདུས་པ་དང་། ང་ཚོའི་ནུས་སྟོབས་ཀྱིས་ཀར་ནེམ་ཀྱང་བླངས་པ་མ་ཡིན་ནམ་ཞེས་ཁྱོད་ཚོས་ང་རྒྱལ་བྱེད་དོ། 14ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་རང་ཉིད་ཀྱིས། ཀྱེ་ཨིསི་རཱཨེལ་གྱི་མི་མང་རྣམས། ཁྱོད་ཚོའི་ཡུལ་དེ་དབང་འཛིན་བྱེད་ཕྱིར་ངས་ཕྱི་པའི་མི་རིགས་ཀྱི་སྤུངས་དམག་ཅིག་གཏོང་རྒྱུ་ཡིན། དེས་བྱང་ཕྱོགས་ཧ་མད་ཀྱི་ལ་བརྒྱུད་ནས་ལྷོ་ཕྱོགས་ཨ་རཱ་བའི་གྲོག་ཆུ་བར་དུ་ཁྱོད་ཚོར་མནར་སྤྱོད་གཏོང་རྒྱུ་ཡིན་ནོ་ཞེས་གསུངས་སོ༎

ཨ་མོསེ 7

ཞལ་གཟིགས་ནང་ཆ་ག་འབུ་མཐོང་བ།

1བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ནས་ང་ལ་ཞལ་གཟིགས་ཤིག་བསྟན་གནང་ངོ་། ཞལ་གཟིགས་དེའི་ནང་གསལ་གཙོ་བོ་དཀོན་མཆོག་གིས་ཆ་ག་འབུའི་ཚོགས་ཤིག་བཀོད་གནང་མཛད་པ་དང་། ཡང་དུས་སྐབས་དེ་ནི་རྒྱལ་པོའི་ས་ཞིང་ལས་བཙས་མ་བརྔས་ཟིན་ཡོད་པ་དང་། དེའི་རྗེས་སུའང་ལྗང་པ་གསར་པ་སྐྱེ་བཞིན་ཡོད་པ་ཡིན། 2ཆ་ག་འབུ་དེ་ཚོས་ནི་རྩ་རིགས་ཡོངས་རྫོགས་བཟས་ཚར་བ་དང་། དེ་ནས་ངས་ཞུས་པ། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ཉིད་ཀྱི་མི་འབངས་རྣམས་ལ་ཐུགས་བཟོད་གནང་དུ་གསོལ། དེ་མིན་ཁོ་ཚོ་ཇི་ལྟར་གསོན་པོར་གནས་ཐུབ། གང་ལ་ཟེར་ན། དེ་ཚོ་ནི་ཆུང་ཞིང་ལུས་སྟོབས་ཉམས་ཆུང་ཡིན་ནོ། 3དེ་ནས་གཙོ་བོ་དཀོན་མཆོག་གིས་ཐུགས་དགོངས་བསྒྱུར་ཏེ། ཁྱོད་ཀྱིས་ཞལ་གཟིགས་ནང་གང་མཐོང་བ་དེ་བཞིན་སྒྲུབ་མི་ཡོང་ཞེས་གསུངས་སོ༎

ཞལ་གཟིགས་ནང་མེ་མཐོང་བ།

4བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གི་ང་ལ་ཞལ་གཟིགས་གཞན་ཞིག་བསྟན་གནང་ངོ་། ཁོང་གིས་ཉིད་ཀྱི་མི་འབངས་རྣམས་ལ་བཀའ་ཆད་གནང་ཕྱིར་མེ་སྤུང་ཞིག་བཟོ་བ་གནང་ཞིང་། ཡང་མེ་སྤུང་དེས་འཛམ་གླིང་འོག་གི་རྒྱ་མཚོ་ཆེན་པོ་ལ་འཚིགས་པར་བྱས་པ་དང་། ས་གཞི་ལའང་འཚིགས་པར་འགོ་འཛུགས་སོ། 5དེ་ནས་ངས་ཁོང་ལ། ཀྱེ་བླ་ན་མེད་པའི་དཀོན་མཆོག། དེའདྲ་མ་གནང་རོགས་གནང་། ཁྱེད་ཀྱི་མི་འབངས་ཇི་ལྟར་གསོན་པོར་གནས་ཐུབ་བམ། གང་ལ་ཟེར་ན། དེ་ཚོ་ནི་ཆུང་ཞིང་། ལུས་སྟོབས་ཉམས་ཆུང་ཡིན་ནོ། 6ཡང་གཙོ་བོ་དཀོན་མཆོག་གིས་ཐུགས་དགོངས་བསྒྱུར་ཏེ། ཞལ་གཟིགས་འདིའང་སྒྲུབ་པར་མི་འགྱུར་ཞེས་གསུངས་སོ༎

ཞལ་གཟིགས་ནང་ཐིག་སྐུད་ཅིག་མཐོང་བ།

7གཙོ་བོ་དཀོན་མཆོག་ནས་ང་ལ་ཞལ་གཟིགས་གཞན་ཞིག་བསྟན་གནང་ངོ་། ཞལ་གཟིགས་དེའི་ནང་དུ་ཐིག་སྐུད་བེད་སྤྱོད་གནང་ནས་བཟོས་པའི་རྩིག་པའི་ལྕགས་རི་ཞིག་གི་འགྲམ་དུ་ཁོང་གི་ཕྱག་ཏུ་ཐིག་སྐུད་ཅིག་བསྣམས་ནས་བཞེངས་པ་མཇལ་བྱུང་། 8ཁོང་གིས་ང་ལ། ཀྱེ་ཨ་མོསི་ཁྱོད་ཀྱི་ག་རེ་མཐོང་གི་འདུག་གམ་ཞེས་བཀའ་འདྲི་གནང་བའི་ལན་དུ་ངས། ཐིག་སྐུད་ཅིག་མཐོང་གི་འདུག་ཅེས་ཞུས་པས། དེ་ནས་ཁོང་གིས་གསུངས་པ། ངའི་མི་འབངས་རྣམས་ནི་ཐིག་སྐུད་ཀྱི་ཚད་མ་བཏང་བའི་ལྕགས་རི་བཞིན་དུ་ཀྱོག་ཀྱོག་ཡིན་པ་དེ་བསྟན་པའི་ཕྱིར་དུ་ངས་ཐིག་སྐུད་དེ་བེད་སྤྱོད་གཏོང་གི་ཡོད། ད་ངས་དེ་ཚོར་ཉེས་ཆད་གཏོང་རྒྱུར་ངའི་བསམ་བློ་མི་སྒྱུར་རོ། 9ད་ཨི་སཱག་གི་བུ་བརྒྱུད་ཚོས་མཆོད་འབུལ་བྱེད་པའི་གནས་ཚང་མ་ངས་སྟོར་གཤིགས་གཏོང་རྒྱུ་ཡིན། ཨིསི་རཱཨེལ་གྱི་གནས་དམ་པ་རྣམས་ཡོངས་སུ་སྟོར་བར་འགྱུར། རྒྱལ་པོ་ཡེ་རོ་བོམ་གྱི་རིགས་བརྒྱུད་དེ་རྩ་མེད་དུ་གཏོང་རྒྱུ་ཡིན་ནོ༎

ཨ་མོསེ་དང་ཨ་མ་ཛ་ཡཱ།

10དེ་ནས་བྷེ་ཐེལ་གྱི་བླ་མ་ཨ་མ་ཛ་ཡཱས་ཨིསི་རཱཨེལ་གྱི་རྒྱལ་པོ་ཡེ་རོ་བོམ་ལ་སྙན་ཞུ་ཞིག་འབུལ་གསལ། ཨ་མོསེ་ཀྱིས་མི་མང་གི་དཀྱིལ་དུ་ཕྱིན་ནས་ཁྱེད་ལ་ངོ་ལོག་བྱེད་པའི་བྱུས་ངན་གཤོམ་གྱི་འདུག ཁོས་གང་བཤད་པའི་གཏམ་གླེང་དེ་ཚོས་ཡུལ་ལ་གནོད་སྐྱོན་ཆེན་པོ་གཏོང་ཉེན་ཆེ་ཞིང་། 11ཁོས་བརྗོད་གསལ། ཡེ་རོ་བྷོམ་ནི་དམག་ལ་ཤི་རྒྱུ་ཡིན་པ་དང་། ཨིསི་རཱཨེལ་གྱི་མི་མང་རྣམས་རང་ཡུལ་སྤངས་ནས་བཙོན་དུ་འཁྲིད་པར་འགྱུར། 12དེ་ནས་ཨ་མ་ཛ་ཡཱས་ཨ་མོསེ་ལ་སྨྲས་པ། ཀྱེ་ལུང་སྟོན་པ། ད་ཁ་རོག་སྡོད་ཅིག། ཁྱོད་ཡ་ཧུ་དཱའི་ཡུལ་དུ་ཕྱིན་ནས་ལུང་བསྟན་ཤོད་ཅིག། དེ་གའི་ཡུལ་མིས་ཁྱོད་ལ་གླ་ཆ་སྤྲོད་བཅུག་ཅིག། 13ད་ཕྱིན་བྷེ་ཐེལ་དུ་ལུང་བསྟན་བཤད་མི་དགོས་སོ། གང་ལ་ཟེར་ན། གནས་འདི་ནི་རྒྱལ་པོའི་མཆོད་འབུལ་བྱེད་ས་ཞིག་ཡིན་པ་དང་། རྒྱལ་ཡོངས་ཀྱི་མཆོད་ཁང་ལྟ་བུ་ཞིག་ཡིན་པས་སོ། 14ཨ་མོསེ་ཀྱིས་ལན་དུ། ང་ནི་དངུལ་གྱི་དོན་དུ་ལུང་བསྟན་བཤད་མཁན་ཞིག་མ་ཡིན་ཏེ། ང་ཕྱུགས་རྫི་ཞིག་དང་སེ་ཡབ་ཤིང་གི་ལས་ཀ་བྱེད་མཁན་ཞིག་ཡིན་མོད། 15འོན་ཀྱང་ང་ནི་རང་གི་ཕྱུགས་རྣམས་འཚོ་སྐྱོང་བྱེད་བཞིན་པའི་སྐབས་ལ་གཙོ་བོ་དཀོན་མཆོག་གིས་ང་ལ་བོས་པ་གནང་ཞིང་། ཉིད་ཀྱི་མི་འབངས་ཨིསི་རཱཨེལ་ལ་ལུང་བསྟན་བཤད་དགོས་པའི་བཀའ་བཀོད་གནང་བྱུང་། 16དེ་བས་ན་གཙོ་བོ་དཀོན་མཆོག་གི་གསུང་འཕྲིན་ལ་ཉོན་ཞིག ཁྱོད་ཀྱིས་ང་ལ་ཨིསི་རཱཨེལ་མི་མང་གི་འདོད་མོས་དང་འགལ་བའི་ལུང་བསྟན་མ་ཤོད་ཅེས་སྨྲས་མོད། ཨིསི་རཱཨེལ་གྱི་མི་མང་ཐོག་ཏུ་ངོ་རྒོལ་མ་བྱེད་ཅིག 17འོན་ཀྱང་ཀྱེ་ཨ་མ་ཛ་ཡཱ་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་གསུངས་གསལ། ཁྱོད་ཀྱི་ཆུང་མ་ནི་གྲོང་ཁྱེར་དུ་སྨད་འཚོང་མར་བསྒྱུར་རྒྱུ་ཡིན་པ་དང་། ཁྱོད་ཀྱི་བུ་ཕྲུག་རྣམས་དམག་ཏུ་ཤི་རྒྱུ་ཡིན་ཅིང་། ཁྱོད་ཀྱི་ཡུལ་ནི་བགོ་ཤ་བརྒྱབ་སྟེ་གཞན་དབང་དུ་ཚུད་རྒྱུ་ཡིན་ནོ། དེ་བཞིན་ཁྱོད་རང་ཡང་ཕྱི་པའི་ཡུལ་ཞིག་ཏུ་ཤི་རྒྱུ་ཡིན་ནོ། མཐར་ཨིསི་རཱཨེལ་གྱི་མི་མང་རྣམས་ཀྱང་རང་ཡུལ་ནས་ཕྱིར་བཏོན་བྱས་ཏེ། བཙོན་དུ་འགྲོ་དགོས་པ་ངེས་གཏན་ཡིན་ནོ་ཞེས་སྨྲས་སོ༎

ཨ་མོསེ 8

ཞལ་གཟིགས་ནང་དུ་ཤིང་འབྲས་ཡོད་པའི་སླེ་པོ་ཞིག་མཐོང་བ།

1ང་ལ་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ནས་ཞལ་གཟིགས་གཞན་ཞིག་བསྟན་གནང་ངོ་། དེའི་ནང་ངས་ཤིང་འབྲས་སླེ་པོ་ཞིག་མཐོང་བས། 2གཙོ་བོ་དཀོན་མཆོག་གིས། ཀྱེ་ཨ་མོསི་ཁྱོད་ཀྱིས་ག་རེ་མཐོང་གི་འདུག་གམ་ཞེས་བཀའ་འདྲི་གནང་བའི་ལན་དུ་ངས། ཤིང་འབྲས་ཡོད་པའི་སླེ་པོ་ཞིག་མཐོང་གི་འདུག་ཅེས་ཞུས་པ་དང་། གཙོ་བོ་དཀོན་མཆོག་གིས་ང་ལ་གསུངས་པ། ད་ངའི་མི་མང་ཨིསི་རཱཨེལ་གྱི་མཐའ་མའི་དུས་དེ་རན་པ་ཡིན་པས། ད་ངས་དེ་ཚོར་ཉེས་ཆད་གཏོང་རྒྱུའི་ཐག་གཅོད་བྱས་ཟིན་ཅིང་། 3ཉིན་མོ་དེ་ལ་ཕོ་བྲང་ནང་དུ་བཏང་བའི་གླུ་གཞས་རྣམས་སྨྲེ་སྔགས་སུ་བསྒྱུར་ཞིང་། ས་ཕྱོགས་ཀུན་ཏུ་མི་རོས་ཁྱབ་སྟེ། དེ་ཚོ་ཁུ་སིམ་མེར་ཕྱི་རོལ་དུ་དབྱུགས་པར་འགྱུར་རོ༎

ཨིསི་རཱཨེལ་གྱི་འཇིག་པ།

4ཀྱེ། སྐྱོ་པོ་རྣམས་ལ་རྐང་བརྫིས་གཏོང་མཁན་དང་ཡུལ་གྱི་དབུལ་པོ་རྣམས་ལ་ཚར་གཅོད་གཏོང་མཁན་ཚོ་འདི་ལ་ཉོན་ཞིག 5ཁྱོད་ཚོའི་སེམས་ལ་དུས་ཆེན་དམ་པ་འདི་ཚོ་ག་དུས་རྫོགས་ཡོང་བསམ་མོ། གང་ལ་ཟེར་ན། ང་ཚོའི་འབྲུ་རིགས་འདི་ཚོ་འཚོང་དགོས་འདུག་ཅེས་དང་། ངལ་གསོ་བའི་ཞག་དེ་ག་དུས་རྫོགས་ཡོང་ངམ། གང་ལ་ཟེར་ན། ང་ཚོས་དངོས་ཟོག་རྣམས་འཚོང་དགོས་པ་དང་། གོང་ཚད་ཐོལ་པ་ལེན་ཆོག་པ་དང་། ཉག་རྡོ་བརྫུན་མར་བེད་སྤྱོད་བཏང་ནས་ལྗིད་ཚད་ཀྱི་ཐོག་ལ་མགོ་སྐོར་གཏོང་ཆོག་གོ 6ང་ཚོས་གྲོ་དཀྱུས་མ་ཞིག་ལ་གོང་ཚད་མཐོ་པོ་ལེན་ནས་འཚོང་ཆོག་པ་དང་། མི་དབུལ་པོ་ཞིག་གིས་ལྷམ་ཆ་གཅིག་གི་རིན་པའང་སྤྲོད་མ་ཐུབ་པས། ང་ཚོས་དེ་ལྟ་བུའི་མི་ཞིག་ཉོས་ནས་རང་གི་བྲན་འཁོལ་དུ་ཉར་ཆོག་པ་འདུག་ཅེས་བསམ་མོད། 7འོན་ཀྱང་ཨིསི་རཱཨེལ་གྱི་གཙོ་བོ་དཀོན་མཆོག་གིས་དམ་བཅའ་མཛད་ཅིང་གསུངས་པ། ངས་དེ་ཚོའི་ལས་ངན་དག་ནམ་ཡང་མི་བརྗེད་པས། 8ས་གཡོམ་བྱུང་བ་དང་། ཡུལ་མི་ཚང་མ་དཀའ་ངལ་ཆེན་པོའི་ནང་དུ་ཚུད་ཅིང་། གཙང་པོ་ན་ཨེལ་གྱི་རྦ་རླབས་འཁྲུག་པ་བཞིན་དུ་ཡུལ་ལྗོངས་ཚང་མ་ཡར་མར་གཡོ་ཞིང་འཁྲུགས་སོ། 9ད་ངས་ཉིན་གུང་ཉི་མ་ནུབ་པར་བྱེད་ཅིང་། ས་གཞི་ཚང་མར་ཉིན་མོར་མུན་པའི་ནང་དུ་ཚུད་པར་བྱེད་རྒྱུའི་དུས་དེ་ཉེ་བར་རན་པ་ཡིན་ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 10ངས་ཁྱོད་ཚོས་དགའ་སྟོན་རྣམས་གཤིན་པོའི་ཆོ་ག་ལྟར་དང་། དགའ་སྐྱིད་ཀྱི་གླུ་གཞས་རྣམས་སྨྲེ་སྔགས་སུ་བསྒྱུར་རྒྱུ་ཡིན་པ་དང་། ཁྱོད་ཚོས་མགོའི་སྐྲ་བྲེག་ནས་ལུས་ལ་རྩ་རས་གྱོན་ཞིང་། བུ་གཅིག་ལས་མེད་པ་དེའང་ཤི་ནས་མྱ་ངན་བྱེད་བཞིན་པའི་ཕ་མ་བཞིན་དུ་འགྱུར་རྒྱུ་དང་། ཉིན་མོ་དེའི་མཐའ་མ་ནི་ཧ་ཅང་དཀའ་ངལ་དང་ལྡན་པར་འགྱུར་རོ། 11ད་ངས་ཡུལ་དེ་ལ་རིང་མིན་མུ་གེ་ཞིག་གཏོང་རྒྱུ་ཡིན་ནོ། མུ་གེ་དེ་ནི་ཁ་ཟས་དང་འཐུང་བའི་མུ་གེ་མ་ཡིན་པར། དེ་ཚོ་གཙོ་བོ་དཀོན་མཆོག་གི་གསུང་འཕྲིན་མ་ཐོས་པའི་རྐྱེན་གྱིས་ལྟོགས་ཅིང་སྐོམ་པར་འགྱུར་ཞེས་ང་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་སྨྲས་པ་ཡིན་ནོ། 12གཙོ་བོ་དཀོན་མཆོག་གི་གསུང་འཕྲིན་འཚོལ་བའི་ཕྱིར་མི་རྣམས་འཆི་བའི་རྒྱ་མཚོ་ནས་མེ་ཌིི་ཊ་རེ་ནི་ཡན་དུ་འགྲོ་རུང་། དེ་རྙེད་མི་ཡོང་། 13ཉིན་མོ་དེ་ལ་གཟུགས་པོ་ཐང་པོ་ཡོད་པའི་ན་གཞོན་ཕོ་མོ་ཚོའང་སྐོམ་ཞིང་དྲན་མེད་དུ་རྒྱལ་བ་དང་། 14བྷིར་ཤེ་བྷ་བཅས་ས་མར་ཡའི་ལྷ་རྟེན་སོགས་ཀྱི་མིང་བརྗོད་དེ་མནའ་སྐྱེལ་མཁན་རྣམས་མར་རྒྱལ་ནས་དེ་ཚོ་སྐྱར་དུ་ལངས་བར་མི་འགྱུར་རོ༎

ཨ་མོསེ 9

གཙོ་བོ་དཀོན་མཆོག་གིས་ཁྲིམས་གཅོད་གནང་བ།

1ངས་གཙོ་བོ་དཀོན་མཆོག་ནི་མཆོད་ཁྲིའི་འགྲམ་དུ་བཞེངས་ཡོད་པ་མཇལ་བྱུང་། ཁོང་གིས་ང་ལ་བཀའ་གནང་གསལ། ཀ་ཕིབས་རྣམས་གཡོ་འགུལ་གཏོང་ཕྱིར་མཆོད་ཁང་གི་ཀ་བའི་རྩེ་ལ་ཤུགས་ཆེན་པོ་ཞུས་ཏེ། དེ་ཚོ་བཅག་ནས་མི་རྣམས་ཀྱི་མགོའི་ཐོག་ལ་ལྷུང་དུ་ཆུག་ཅིག ལྷག་འཕྲོས་ལུས་པ་རྣམས་ཀྱང་ངས་དམག་ལ་བསད་རྒྱུ་ཡིན་པས། དེ་ཚོའི་ཁོངས་ནས་མི་གཅིག་ཀྱང་བྲོས་ནས་ཐར་ཐབས་མེད་དོ། 2གལ་ཏེ་དེ་ཚོས་གཤིན་པོའི་ཁམས་སུ་སླེབས་པའི་ལམ་བྲུས་པ་ཡིན་ནའང་། ངས་དེ་ཚོར་འཛིན་བཟུང་བྱེད་རྒྱུ་དང་། གལ་ཏེ་ཁོ་ཚོ་མཐོ་རིས་སུ་འཛེགས་པའི་ཐབས་བྱས་ཀྱང་། ངས་དེ་ཚོ་མར་འབེབས་རྒྱུ་ཡིན། 3གལ་ཏེ་ཁོ་ཚོ་རི་བོ་ཀར་མེལ་གྱི་རྩེ་ལ་གབ་པ་ཡིན་ནའང་། ངས་དེ་ཚོ་བཙལ་ཏེ་འཇུས་རྒྱུ་ཡིན། དེ་ཚོ་རྒྱ་མཚོའི་གཏིང་དུ་གབ་པ་ཡིན་ནའང་། ངས་ཆུ་སྲིན་ཆེན་པོ་བཏང་ཞིང་། དེས་དེ་ཚོ་ཟ་བར་འགྱུར། 4གལ་སྲིད་དེ་ཚོ་དགྲ་བོ་ལག་ཏུ་ཚུད་ནས་ཡུལ་གཞན་དུ་བཙོན་རར་འཁྲིད་རུང་། དེ་ཚོའི་དགྲ་བོ་རྣམས་ལ་ངས་དེ་ཚོ་གསོད་དགོས་ཤེས་བཀའ་བཀོད་བྱེད་རྒྱུ་ཡིན། ངས་དེ་ཚོ་འཇིག་པར་བྱེད་རྒྱུའི་བློ་ཐག་གཙང་མ་གཅད་ཟིན་པས། ད་ངས་དེ་ཚོར་སྐྱབས་གྲོགས་སོགས་གང་ཡང་བྱེད་མི་ཡོང་ངོ་། 5བླ་ན་མེད་པའི་ཀུན་དབང་དཀོན་མཆོག་གིས་ས་གཞིར་རེག་པ་དང། དེ་འདར་ཞིང་གཡོ། དེའི་ནང་གནས་མཁན་ཚང་མས་སྨྲེ་སྔགས་འདོན། ཆུ་བོ་ནཱ་ཨེལ་ལྟར་ས་གཞི་ཡོངས་རྫོགས་ཡར་མར་གཡོ་ཞིང་འཁྲུགས། 6མཐོ་རིས་ཀྱི་གནས་སུ་གཙོ་བོ་དཀོན་མཆོག་ཉིད་ཀྱི་བཞུགས་གནས་ཕོ་བྲང་རྩིག་པ་གནང་ཞིང་། ས་གཞིའི་སྟེང་དུ་མཁའ་དབྱིངས་ཀྱི་རྨོག་འཇོག་པར་མཛོད། ཁོང་གིས་རྒྱ་མཚོའི་ཆུ་རྣམས་བོས་ནས་ས་གཞིའི་སྟེང་གཤོས། ཁོང་གི་མཚན་ནི་གཙོ་བོ་དཀོན་མཆོག་ཡིན། 7གཙོ་བོ་དཀོན་མཆོག་གིས་གསུངས་པ། ཀྱེ་ཨིསི་རཱཨེལ་མི་མང་རྣམས། ངས་ཁྱོད་ཚོ་ལ་དྲན་གསོ་བྱས་པ་བཞིན་ཨི་ཐི་ཨོ་པི་ཡའི་ཡུལ་མི་རྣམས་ལའང་དེ་བཞིན་དྲན་གསོ་བྱེད་ཀྱི་ཡོད། ཨི་ཇིབ་ཡུལ་ནས་ཁྱོད་ཚོ་འཁྲིད་ཡོང་བ་བཞིན། ཀ་རིཊ་ཡུལ་ནས་ཕེ་ལེ་ཤེད་པ་རྣམས་དང་། ཀིར་གྱི་ཡུལ་ནས་ཨ་རམ་པ་རྣམས་འཁྲིད་ཡོང་བ་ཡིན་ནོ། 8བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ནི་སྡིག་པའི་གང་བའི་ཨིསི་རཱཨེལ་གྱི་རྒྱལ་ཁམས་དེ་ལ་གཟིགས་ཤིང་གཞུགས་ཡོད་པས། ངས་དེ་ལ་ས་གཞིའི་ངོས་ནས་མེད་པར་བྱེད་རྒྱུ་ཡིན། འོན་ཀྱང་ངས་ཡ་ཀོབ་ཀྱི་མི་བརྒྱུད་ཚང་མ་མེད་པར་བྱེད་མི་ཡོང་། 9དེ་བས་ན་ངས་བཀའ་བཀོད་བྱས་ནས་འབྲུ་ཚགས་མའི་ནང་དུ་གཡོ་བསྒུལ་བཏང་བ་བཞིན། ཨིསི་རཱཨེལ་མི་མང་རྣམས་ཀྱང་གཡོ་བསྒུལ་བཏང་རྒྱུ་ཡིན། མཁོ་མེད་རྣམས་ནི་དབྱེ་བའི་ཕྱིར་མི་རིགས་གཞན་གྱི་ཁྲོད་དུ་དེ་ཚོར་གཡོ་བསྒུལ་བཏང་རྒྱུ་ཡིན། 10ངའི་མི་མང་གི་ཁོངས་ནས་གཙོ་བོ་དཀོན་མཆོག་གི་ང་ཚོའི་ཐོག་ཏུ་གནོད་འཚེ་གང་ཡང་གཏོང་གནང་མི་ཡོང་ཞེས་བརྗོད་མཁན་སྡིག་ཅན་ཚང་མ་དམག་ཏུ་ཚར་གཅོད་གཏོང་རྒྱུ་ཡིན་ནོ༎

ཨིསི་རཱཨེལ་ལ་ཉམས་གསོ་གནང་རྒྱུ།

11གཙོ་བོ་དཀོན་མཆོག་གིས། གྱང་གོག་རྙིང་པ་ལྟ་བུར་འགྱུར་བའི་དཱ་བིད་ཀྱི་རྒྱལ་ཁམས་དེ་སླར་ཡང་ཉམས་གསོ་བྱེད་པའི་དུས་དེ་ཉེ་བར་རན་པས། ད་ངས་དེའི་ལྕགས་རི་རྣམས་སྐྱར་དུ་བརྩིག་ནས་དེ་ཚོ་ཉམས་གསོ་བྱས་ཏེ། སྔར་བཞིན་ལེགས་པར་བཟོ་རྒྱུ་ཡིན་ནོ། 12དེ་རྗེས་ཨིསི་རཱཨེལ་མི་མང་ཚོས་ལྷག་འཕྲོས་ལུས་པའི་ཨེ་དོམ་་གྱི་ཆ་ཤས་དང་སྔར་ངའི་ཁོངས་སུ་གཏོགས་པའི་མི་བརྒྱུད་ཚང་མ་དབང་འཛིན་བྱེད་ཡོང་ཞེས་གསུངས་པ་དང་། དེ་ལྟར་འགྲུབ་པར་གནང་བར་འགྱུར། 13གཙོ་བོ་དཀོན་མཆོག་གིས་གསུངས་པ། ད་ནི་དུས་ཉེ་ཞིང་རན་པས། སྟོན་ཐོག་རྔ་བའི་དུས་ཡུན་ལས་ལོ་ཐོག་སྨིན་པར་མྱུར་ཞིང་། རྒུན་ཆང་བཟོ་བའི་དུས་ཡུན་ལས་རྒུན་འབྲུམ་སྨིན་པ་མྱུར་བ་དང་། རི་བོ་ཁག་ནས་རྒུན་ཆང་མངར་མོ་འཛག་སྟེ། དེས་རི་ཕྲན་རྣམས་ལ་ཡོངས་སུ་རྒྱུག་པར་འགྱུར། 14ངས་རང་གི་མི་མང་རྣམས་དེ་ཚོའི་ཡུལ་དུ་འཁྲིད་ཡོང་ཞིང་། དེ་ཚོས་གྲོང་ཁྱེར་གྱང་གོག་དེ་ཚོ་ཉམས་གསོ་བྱས་ཏེ། དེར་གནས་སྡོད་བྱེད་རྒྱུ་ཡིན། དེ་ཚོས་རྒུན་ཚལ་བཙུགས་ནས་རྒུན་ཆང་འཐུང་བ་དང་། ཚལ་ཞིང་འདེབས་ལས་བྱས་ཏེ་སྟོན་ཐོག་ལ་ལོངས་སྤྱོད་བྱེད་པར་འགྱུར། 15སྔར་ངས་དེ་ཚོར་སྟེར་བའི་ཡུལ་དེར་ངའི་མི་མང་རྣམས་ངས་གཞིས་བཙུགས་བཅུག་རྒྱུ་ཡིན། ཁོ་ཚོ་ས་གནས་དེ་ནས་ནམ་ཡང་བཏོན་པར་མི་འགྱུར་རོ། ཞེས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་གིས་བཀའ་གནང་བ་ཡིན་ནོ།།

ཨོ་བ་དི་ཡཱ 1

1ཨོ་བ་དི་ཡཱས་མཐོང་བའི་ཞལ་གཟིགས་ནི། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ཨེ་དྷོམ་གྱི་སྐོར་ལ་བཀའ་གནང་བ།

གཙོ་བོ་དཀོན་མཆོག་གིས་ཨེ་དྷོམ་པ་ལ་ཆད་པ་གཏོང་གནང་རྒྱུ།

ང་ཚོས་གཙོ་བོ་དཀོན་མཆོག་ནས་གསུང་འཕྲིན་ཞིག་ཐོས་གསལ། མི་རིགས་རྣམས་ཀྱི་རྩར་ཕོ་ཉ་ཞིག་བཏང་བ་གནང་སྟེ། ཕོ་ཉ་དེས་དེ་ཚོ་ལ། གྲ་སྒྲིག་བྱོས་ཤིག། ད་ང་ཚོ་ཨེ་དྷོམ་དང་འཐབ་རྒོལ་བྱེད་པར་འགྲོའོ་ཞེས་སྨྲས་སོ༎ 2གཙོ་བོ་དཀོན་མཆོག་གི་ཨེ་དྷོམ་ལ་གསུངས་པ། ངས་ཁྱོད་ལ་མི་རིགས་རྣམས་ཀྱི་ཁྲོད་ནས་མཐོང་ཆུང་བཟོས་ཏེ། ཚང་མས་ཁྱོད་ལ་སྡང་བར་འགྱུར་རོ། 3ཁྱོད་ནི་རང་གི་ང་རྒྱལ་གྱི་རྐྱེན་གྱིས་རང་ལ་མགོ་སྐོར་བཏོང་ཞིང་། ཁྱོད་ཚོའི་རྒྱལ་ས་ནི་བྲག་རིའི་མཁར་རྫོང་ཞིག་ཡིན་པ་དང་། ཡང་ཁྱོད་ཚོའི་གནས་ཁང་ནི་ས་གནས་མཐོ་སར་ཡིན་པས། ཁྱོད་ཚོས་རང་གི་སེམས་ལ། ང་ཚོར་དམའ་སར་འབེབས་མཁན་སུ་ཞིག་ཡོད་དམ་ཞེས་བསམ་མོད། 4འོན་ཀྱང་ཁྱོད་ནི་བྱ་ཆེན་གོ་བོ་ཀླད་དཀར་གྱི་ཚང་ལྟར་རང་གི་ཁྱིམ་མཐོ་སར་བཟོས་པའི་རྐྱེན་གྱིས། རྒྱུ་སྐར་རྣམས་ཀྱི་ཁྲོད་དུ་ཡོད་པ་བཞིན་མཐོང་ན་ཡང་། ངས་ཁྱོད་ལ་དེ་ནས་ཀྱང་མར་འབེབས་པར་བྱ་ཞེས་གཙོ་བོ་དཀོན་མཆོག་གིས་ཨེ་དྷོམ་ལ་གསུངས་སོ། 5མཚན་ལ་རྐུན་མ་འོངས་དུས་དེ་ཚོས་རང་ལ་གང་དགོས་པ་མ་གཏོགས་མི་འཁྱེར་ཞིང་། དེ་བཞིན་རྒུན་འབྲུམ་བསྡུ་སྒྲུག་བྱེད་མཁན་ཚོས་ཀྱང་རྒུན་འབྲུམ་རེ་གཉིས་ལྷག་འཕྲོས་བཞག་སྲོལ་ཡོད་ཀྱང་། འོན་ཀྱང་ཁྱོད་ཀྱི་དགྲ་བོས་ཁྱོད་ལ་ཡོངས་སུ་ཚར་གཅོད་པས། ཁྱོད་ལ་རྐྱེན་ངན་ཆེན་པོ་ཇི་ལྟར་བྱུང་ངམ། 6ཀྱེ་ཨེ་སའོའི་མི་བརྒྱུད་ཚོ། ཁྱོད་ཚོའི་རྒྱུ་དངོས་རྣམས་བཅོམ་ཡོད་པ་དང་། 7ཁྱོད་ཀྱི་མཐུན་ཕྱོགས་ཚོས་ཁྱོད་ལ་མགོ་སྐོར་བཏང་སྟེ་ཡུལ་ནས་ཕྱིར་སྐྲོད་བྱེད་པ་དང་། ཁྱོད་དང་ཞི་བདེ་ཡོད་པའི་མི་ཚོས་ཀྱང་ད་ལྟ་ཁྱོད་ལ་དབང་སྒྱུར་བྱེད་ཡོད། ཁྱོད་དང་མཉམ་དུ་ཁ་ཟས་བཟའ་བའི་གྲོགས་པོ་ཚོས་ཁྱོད་ཀྱི་ཆེད་དུ་རྙི་བཙུགས་ཡོད་པ་དང་། དེ་ཚོས་ཁྱོད་ཀྱི་གཅང་དྲུང་དེ་ཚོ་གང་དུ་ཡོད་ཅེས་ཟེར་རོ། 8ངས་ཨེ་དྷོམ་ལ་ཆད་པ་གཏོང་བའི་ཉིན་མོ་དེ་ལ་དེའི་མི་མཁས་པ་རྣམས་ཚར་གཅོད་གཏོང་རྒྱུ་ཡིན་པ་དང་། དེ་ཚོའི་བློ་གྲོས་རྣམས་མེད་པར་བྱེད་རྒྱུ་ཡིན་ཞེས་གཙོ་བོ་དཀོན་མཆོག་གིས་གསུངས་སོ། 9ཀྱེ་ཏེ་མན་གྲོང་ཁྱེརཁྱོད་ཀྱི་དཔའ་བོ་རྣམས་དཔའ་འཁུམ་ཞིང་། ཨེ་དྷོམ་གྱི་དམག་མི་རྣམས་ཡོངས་སུ་གསོད་པར་འགྱུར༎

ཨེ་དྷོམ་ལ་ཆད་པ་ཕོག་པའི་རྒྱུ་མཚན་རྣམས།

10ཁྱོད་ཀྱིས་རང་གི་སྤུན་ཡ་ཀོབ་ཀྱི་རིགས་རྒྱུད་ལ་བཙན་དབང་བྱས་པའི་རྐྱེན་གྱིས་ཁྱོད་ངོ་ཚས་ཡོངས་སུ་འགེབས་ཏེ། དུས་མཐའ་མེད་བར་དུ་འཇིག་པར་འགྱུརོ། 11དགྲ་བོ་རྣམས་ཀྱིས་གཞུང་སྒོ་སྟོར་སྐབས། དེ་ཉིན་ཁྱོད་ཚོ་ལོགས་སུ་བསྡད་པ་དང་། དེ་ཚོས་ཡེ་རུ་ཤ་ལེམ་གྱི་རྒྱུ་ནོར་འཁྱེར་ནས་ནང་ཁུལ་དུ་བགོ་བཤའ་རྒྱབ་པས། ཁྱོད་ཚོའང་དེ་ཚོ་དང་འདྲའོ། 12རང་གི་སྤུན་རྐྱེན་ངན་ནང་དུ་ཚུད་སྐབས་དེ་ལ་སྐྱབས་གྲོགས་མ་བྱེད་པར་ལྟ་ནས་བསྡད་མི་རུང་བ་དང་། ཡ་ཧུ་དཱའི་བུ་བརྒྱུད་རྣམས་ལ་འཇིགས་པ་བྱུང་སྐབས་ཁྱོད་དགའ་སྣང་བྱེད་མི་རུང་བ་དང་། དེ་ཚོས་དཀའ་འཚེ་མྱོང་སྐབས་ཁྱོད་ཀྱིས་འཕྱ་གཏམ་བྱེད་མི་རུང་བ་ཡིན་ནོ། 13ངའི་མི་འབངས་ཚོས་འཚེ་བ་མྱང་དུས་དེ་ཚོའི་ཐོག་ཏུ་འཕྱ་རྒྱུ་དང་དེ་ཚོའི་རྒྱུ་ནོར་འཕྲོག་བཅོམ་བྱེད་པར་ངའི་མི་འབངས་ཀྱི་གྲོང་ཁྱེར་ནང་དུ་ཁྱོད་ཚོ་འཛུལ་མི་རུང་ངོ་། 14དེ་ཚོའི་ཁོངས་ནས་བྲོས་འགྲོ་མཁན་རྣམས་ལ་ཁྱོད་ལམ་འཛོམས་སུ་སྒུག་ནས་འཛིན་བཟུང་བྱེད་བཅུག་མི་རུང་པ་དང་། དེ་ཚོར་དཀའ་ངལ་བྱུང་སྐབས་ལྷག་འཕྲོས་ལུས་པའི་དེ་ཚོའི་མི་རྣམས་ལ་ཁྱོད་ཀྱིས་དགྲ་བོའི་ལག་ཏུ་སྤངས་མི་རུང་བ་ཡིན་ནོ༎

གཙོ་བོ་དཀོན་མཆོག་གིས་མི་རིགས་རྣམས་ལ་འཁྲིམས་གཅོད་གནང་རྒྱུ།

15མི་རིགས་ཚང་མའི་ཁྲོད་དུ་གཙོ་བོ་དཀོན་མཆོག་གི་འཁྲིམས་གཅོད་གནང་བའི་ཉིན་མོ་དེ་ནི་ཉེ་བར་རན་པས། ཀྱེ་ཨེ་དྷོམ་ཁྱོད་ཀྱིས་མི་གཞན་ལ་གང་བྱས་པ་ལྟར་ཁྱོད་ལའང་དེ་བཞིན་བྱེད་ངེས་ཤིང་། ཁྱོད་ཀྱི་ལས་ངན་པའི་སྒྲུབ་འབྲས་ནི་རང་གི་ཐོག་ཏུ་འཁོར་བར་འགྱུར། 16གང་ལ་ཟེར་ན། ཁྱོད་ཀྱིས་རི་བོ་དམ་པའི་སྟེང་དུ་ངའི་ཁྲོ་བའི་ཕོར་པ་ལས་ཇི་ལྟར་འཐུང་པ་བཞིན། མི་རིགས་གཞན་ཚོས་ཀྱང་དེ་བཞིན་རྟག་ཏུ་འཐུང་ནས་འཁྱོར་ཞིང་། དེ་ཚོའི་ཤུལ་ཙམ་ཡང་གནས་པར་མི་འགྱུར་རོ༎

ཨིསི་རཱཨེལ་གྱི་རྒྱལ་ཁ།

17འོན་ཀྱང་རི་བོ་ཛི་ཡོན་དུ་མི་འགའ་ཤས་ཐར་བར་འགྱུར་བ་དང་། གནས་དེ་དམ་པར་བྱུང་བར་འགྱུར། ཡ་ཀོབ་ཀྱི་མི་བརྒྱུད་ཚོས་རང་གི་ཐོབ་སྐལ་ལ་བདག་དབང་བྱེད་རྒྱུ་ཡིན་པ་དང་༎ 18ཡ་ཀོབ་ཀྱི་མི་བརྒྱུད་དང་། ཡོ་སེབ་ཀྱི་མི་བརྒྱུད་ནི་མེ་ལྕེར་འགྱུར་ཞིང་། དེ་ཚོས་ཨེ་སའོའི་མི་རྣམས་ལ་མེས་སོག་རོ་ལ་སྲེག་པ་བཞིན་མེད་བར་བྱས་པར་འགྱུར། ཨེ་སའོའི་མི་བརྒྱུད་ནང་ནས་མི་གཅིག་ཀྱང་ལུས་མི་ཡོང་ཞེས་གཙོ་བོ་དཀོན་མཆོག་གིས་གསུངས་པ་ཡིན་ནོ། 19ལྷོ་ཕྱོགས་ཀྱི་ཡ་ཧུ་དཱའི་ཡུལ་མི་ཚོས་ཨེ་དྷོམ་གྱི་ཡུལ་དབང་བཟུང་བྱས་པ་དང་། ནུབ་ཕྱོགས་ཐང་ཐེར་ཁུལ་གྱི་ཡུལ་མི་ཚོས་ཕེ་ལེ་ཤེད་དབང་འཛིན་བྱེད་རྒྱུ་ཡིན་པ་དང་། དེ་ཚོས་ཨེཕ་ར་ཡིམ་དང་ས་མར་ཡའི་ས་ཁུལ་ཁག་ནི་ཨིསི་རཱཨེལ་གྱིས་བདག་འཛིན་བྱེད་རྒྱུ་ཡིན། དེ་བཞིན་བེན་ཡ་མིན་གྱི་མི་མང་ཚོས་གྷིལ་ཨད་ལ་དབང་འཛིན་བྱེད་པར་འགྱུར། 20ཨིསི་རཱཨེལ་གྱི་བྱང་ཕྱོགས་སུ་བཙན་བྱོལ་དུ་ཚུད་པའི་དམག་མི་ཚོ་ཕྱིར་ལོག་བྱས་ཏེ། ཕི་ནི་སི་ཨ་ནས་བྱང་ཕྱོགས་ཛ་རེ་ཕད་ཅེས་པའི་ས་གནས་བར་དབང་འཛིན་བྱེད་རྒྱུ་དང་། དེ་བཞིན་སར་དིསེ་རུ་ཡོད་པའི་ཡེ་རུ་ཤ་ལེམ་ནས་ཕྱིན་པའི་བཙན་བྱོལ་པ་ཚོས་ཡ་ཧུ་དཱའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་ལ་དབང་འཛིན་བྱེད་རྒྱུ་ཡིན་ནོ། 21ཡེ་རུ་ཤ་ལེམ་གྱི་རྒྱལ་ཁ་ཐོབ་པའི་དཔའ་བོ་རྣམས་ཀྱིས་ཨེ་དྷོམ་ལ་དམག་རྒྱབ་སྟེ། དེར་སྲིད་སྐྱོང་བྱེད་རྒྱུ་ཡིན་པ་དང་། གཙོ་བོ་དཀོན་མཆོག་རང་ཉིད་ནི་དེ་ཚོའི་རྒྱལ་པོ་མཛད་རྒྱུ་ཡིན་ནོ།།

ཡོ་ནཱ 1

ཡོ་ནཱས་གཙོ་བོ་དཀོན་མཆོག་གི་བཀའ་ལ་མ་ཉན་པ།

1ཉིན་ཞིག་ཨ་མི་ཏེའི་བུ་ཡོ་ནཱ་ལ་གཙོ་བོ་དཀོན་མཆོག་གི་བཀའ་ཕེབས་ཏེ། 2ཁྱོད་གྲོང་ཁྱེར་རླབས་ཆེན་ནི་ན་ཝཱེ་ལ་ཕྱིན་ནས་དེར་ཡོད་པའི་མི་རྣམས་ལ་སྐྱོན་བརྗོད་དྲག་པོ་བྱོས་ཤིག གང་ལགས་ཟེར་ན་ངས་ཁོ་ཚོའི་བྱ་སྤྱོད་ངན་པ་ཚང་མ་མཐོང་བྱུང་ཞེས་གསུངས་མོད། 3འོན་ཀྱང་ཡོ་ནཱ་ནི་གཙོ་བོ་དཀོན་མཆོག་ལ་གཡོལ་ནས་ས་ཕྱོགས་གཞན་ཞིག་ཏུ་སོང་བ་དང་ཡོ་པ་རུ་བསླེབས་ནས། དེར་ཨིསི་པེན་ཡུལ་དུ་འགྲོ་བའི་གྲུ་གཟིངས་ཤིག་མཐོང་ནས་གྲུ་གཟིངས་ཀྱི་གླ་སྤྲད་དེ་གྲུའི་ལས་བྱེད་པ་རྣམས་དང་མཉམ་དུ་གྲུའི་ནང་འཛུལ་ལོ། ཡང་ཁོ་གཙོ་བོ་དཀོན་མཆོག་ནས་ཐག་རིང་བྱུང་བའི་ཕྱིར། ཨིསི་པེན་ཡུལ་དུ་ཕྱོགས་ཐོན་བྱས་སོ། 4འོན་ཀྱང་གཙོ་བོ་དཀོན་མཆོག་གིས་མཚོ་རླུང་དྲག་པོ་ཞིག་བཏང་བ་གནང་ནས་མཚོ་ཧ་ཅང་འཁྲུགས་པས་རྐྱེན་གྲུ་གཟིངས་དེ་ལ་ཆག་སྐྱོན་ཤོར་བའི་ཉེན་ཁ་ཆེན་པོ་བྱུང་བ་དང་། 5གྲུ་པ་རྣམས་དངངས་སྐྲག་ཆེན་པོ་སྐྱེས་ནས་རང་རང་སོ་སོའི་ལྷ་ལ་སྨོན་ལམ་འདེབས་པ་དང་། གྲུ་གཟིངས་ཡང་རུ་གཏོང་ཕྱིར་དོད་པོ་རྣམས་ཆུ་ལ་དབྱུགས་སོ། འོན་ཀྱང་ཡོ་ནཱ་གྲུ་གཟིངས་ཀྱི་ཁང་མིག་ཤོད་ལ་ཕྱིན་ཏེ་གཉིད་འཁུག་ནས་བསྡད་ཡོད་པ་དང་། 6གྲུ་དཔོན་གྱིས་ཁོ་ལ་དེར་མཐོང་ནས། ཁྱོད་གཉིད་འཁུག་ནས་བསྡད་པ་དེ་གང་ཡིན་ནམ། ཡར་ལངས་ནས་རང་གི་ལྷ་ལ་སྐྱབས་གྲོགས་གནང་རོགས་གནང་ཞེས་སྨོན་ལམ་འདེབས་ཤིག གཅིག་བྱས་ན་ཁོང་གི་སྙིང་རྗེས་ང་ཚོ་འཆི་བའི་ཉེན་ཁ་འདི་ནས་ཐར་བར་སྲིད་ཅེས་སྨྲས་སོ། 7དེ་ནས་གྲུ་པ་རྣམས་ཕན་ཚུན་སྨྲས་པ། སུའི་རྐྱེན་གྱིས་ང་ཚོར་རྐྱེན་ངན་འདི་འདྲ་བྱུང་བ་ཡིན་པ་དེ་བརྟག་དཔྱད་བྱེད་ཕྱིར་ང་ཚོས་རྒྱན་ཤོག་བླུགས་དགོས་ཅེས་སྨྲས་ནས། དེ་བཞིན་བྱས་པས། ཡོ་ནཱའི་མིང་ལ་རྒྱན་ཤོག་བབས་སོ། 8དེ་ནས་ཁོ་ཚོས་ཡོ་ནཱ་ལ། ད་རྐྱེན་འདི་སུའི་སྒོ་ནས་བྱུང་འདུག་ཤོད་ཅིག་ཁྱོད་ཀྱི་འཚོ་ཐབས་གང་ཡིན་པ། ཁྱོད་རང་ལུང་པ་ག་ནས་ཡིན་ནམ། ཁྱོད་རང་མི་རིགས་ག་རེ་ཡིན་ནམ་ཞེས་འདྲི་བ་ལེན་པ་དང་། 9ཡོ་ནཱས་ལན་དུ་སྨྲས་པ། ང་ནི་མི་རིགས་ཨིབ་རི་པ་ཞིག་ཡིན་སྟེ། ས་གཞི་དང་རྒྱ་མཚོ་བཀོད་པ་གནང་མཁན་མཐོ་རིས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུ་མཁན་ཞིག་ཡིན། 10ཡོ་ནཱས་མུ་མཐུད་ནས་ཁོ་རང་གཙོ་བོ་དཀོན་མཆོག་ནས་བྲོས་གི་ཡོད་པའི་སྐོར་ལའང་བཤད་པ་དང་། གྲུ་པ་རྣམས་ཧ་ཅང་ཞེད་ནས་ཁོ་ལ། དེ་ནི་ཁྱོད་ཀྱིས་ཉེས་པ་ཚབས་ཆེན་ཞིག་བྱས་བཞག་ཅེས་སྨྲས་པ་རེད། 11ད་དུང་རླུང་འཚུབ་ཤུགས་ཆེ་རུ་ཕྱིན་པས་གྲུ་པ་ཚོས་ཁོ་ལ། ད་རླུང་འཚུབ་ཞི་བར་བྱེད་པའི་ཕྱིར་ང་ཚོས་ཁྱོད་ལ་གང་བྱེད་དགོས་ཅེས་དྲིས་པའི་ལན་དུ། 12ཡོ་ནཱས་ངས་ཉེས་པ་བྱས་པའི་རྐྱེན་གྱིས་ཁྱོད་ཚོ་རླུང་འཚུབ་དྲག་པོ་འདི་ལྟ་བུའི་ནང་དུ་ཚུད་དགོས་བྱུང་བས་ད་ཁྱོད་ཚོས་ང་ལ་མཚོའི་ནང་དུ་དབྱུགས་ཤིག་དང་མཚོ་ཞི་བར་འགྱུར་རོ་ཞེས་སྨྲས་པས། 13འོན་ཀྱང་དེ་ཚོས་ཁོས་སྨྲས་པ་ལྟར་མ་བྱས་པར་གྲུ་པ་ཚོས་ད་དུང་གྲུ་སྐྱ་ཤུགས་ཆེན་པོ་བཏང་ནས་གྲུ་དེ་སྐམ་སར་སླེབས་ཐབས་བྱས་ཀྱང་། རྒྱ་མཚོའི་རྦ་རླབས་ད་དུང་ཤུགས་ཆེར་འཁྲུགས་པའི་རྐྱེན་གྱིས་དེ་ཚོ་རྒྱ་མཚོའི་འགྲམ་དུ་སླེབས་མ་ཐུབ་པ་རེད། 14དེ་ནས་ཁོ་ཚོས་གཙོ་བོ་དཀོན་མཆོག་ལ་སྐད་ཤུགས་ཆེན་པོས། ཀྱེ་གཙོ་བོ་དཀོན་མཆོག། ང་ཚོས་མི་འདིའི་སྲོག་ལེན་པའི་ཉེས་ཆད་དུ་ང་ཚོ་རང་སྲོག་དང་བྲལ་དགོས་པ་ཞིག་མ་གནང་རོགས་གནང་། ཀྱེ་གཙོ་བོ་དཀོན་མཆོག་ང་ཚོས་གང་བྱས་པ་དེ་ནི་ཁྱེད་ཀྱི་ཐུགས་དགོངས་བཞིན་དུ་བྱས་པ་ཡིན་ནོ། 15དེ་ནས་ཁོ་ཚོས་ཡོ་ནཱ་ལ་བླངས་ནས་མཚོའི་ནང་དུ་དབྱུགས་པ་དང་། དེ་མ་ཐག་ཏུ་རྒྱ་མཚོ་ཞི་བར་འཇམ་པ་རེད། 16དེ་ནས་ཁོ་ཚོ་གཙོ་བོ་དཀོན་མཆོག་ལ་ཧ་ཅང་ཞེད་ནས་དམར་མཆོད་ཅིག་འབུལ་ཞིང་ཁོང་ལ་བསྙེན་བཀུར་ཞུ་རྒྱུའི་དམ་བཅའ་བྱས་པ་རེད། 17དེ་ནས་གཙོ་བོ་དཀོན་མཆོག་གི་བཀའ་གནང་བ་བཞིན་ཉ་ཆེན་པོ་ཞིག་ཡོང་ནས་ཡོ་ནཱ་ཁྱུར་མིད་བཏང་ཞིང་ཁོ་ཉ་དེའི་ཁོག་པའི་ནང་དུ་ཉིན་མཚན་གསུམ་བར་དུ་གནས་པ་རེད༎

ཡོ་ནཱ 2

ཡོ་ནཱས་སྨོན་ལམ་འདེབས་པ།

1ཡོ་ནཱས་ཉའི་ཁོག་པའི་ནང་ནས་རང་གི་དཀོན་མཆོག་གཅོ་བོ་དཀོན་མཆོག་ལ་གསོལ་འདེབས་ཞུས་ཤིང་སྨྲས་པ། 2ངས་རང་གི་དཀའ་སྡུག་དྲག་པོའི་ནང། ཁྱེད་གཙོ་བོ་དཀོན་མཆོག་ལ་བོས་པས། ཁྱེད་ཀྱི་ང་ལ་བཀའ་ལན་གནང་། གཤིན་པོའི་གནས་ཁམས་གཏིང་རིང་ནས། མགོན་སྐྱབས་ཞུས་པས་ཁྱེད་ཀྱིས་གསན། 3ཁྱེད་ཀྱིས་ང་ལ་མཚོའི་གཏིང་། ཧ་ཅང་མཐིལ་བར་ཁྱེད་ཀྱིས་ང་ལ་ཕངས་གནང་ངོ་། ཆུ་ཡིས་ང་ལ་ཕྱོགས་བཞིར་བསྐོར། ཁྱེད་ཀྱིས་མཛད་པའི་རྦ་རླབས་རྣམས། ང་ཡི་སྟེང་དུ་འཁོར་ཞིང་རྒྱུག། 4ང་ཡིས་བསམ་པར་ཁྱེད་ཀྱི་སྐུ་མདུན་ནས། ང་ནི་གཡོལ་བ་དང་། ཁྱེད་ཀྱི་མཆོད་ཁང་དམ་པ་དེ། ནམ་ཡང་མཇལ་མི་ཐུབ་བོ། 5རྒྱ་མཚོའི་ཆུ་ཡིས་ཡོངས་བསྐོར་ཏེ། དབུགས་ཀྱང་ལེན་པར་བློ་ཟུབ་རྒྱབ། རྒྱ་མཚོས་ང་ནི་ཡོངས་འགེབས་ཤིང་། མགོ་ནི་ཆུ་ནང་རྒྱ་མཚོའི་རྩ་ཡིས་དཀྲིས། 6ང་ནི་རི་བོའི་མཐིལ་དུ་བབས། ཡུལ་དེའི་སྒོ་རྣམས་གཏན་དུ་རྒྱབ། འོན་ཀྱང་ཁྱེད་ང་ཡི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས། གཤིན་ཁམས་གཏིང་ནས་ང་སྐྱབས་མཇོད། 7ང་ནི་འཆི་ཁར་ཐུག་དུས་སུ། གཙོ་བོ་དཀོན་མཆོག་ཁྱེད་འདྲེན་ནས་ངའི་སྨོན་ལམ་འདེབས་པ་ཡིན། ཁྱེད་ཀྱིས་རང་གི་མཆོད་ཁང་དམ་པ་ནས། ང་ཡི་ཞུ་བ་གསན་པར་མཛད། 8སྙིང་པོ་མེད་པའི་ལྷ་སྐུ་དག། བསྟེན་ཅིང་བསྙེན་བཀུར་བྱེད་མཁན་ཚོས། ཁྱེད་ལ་དད་གུས་མ་ཞུས་པར། ཁྱེད་ཀྱི་ཐུགས་རྗེ་ཡོངས་སུ་ཤོར། 9འོན་ཀྱང་ངས་ནི་ཁྱེད་ལ་བསྟོད། ཁྱེད་དྲུང་དམར་མཆོད་འབུལ་བ་དང་། དམ་བཅའ་གང་ཞུས་བསྒྲུབ་པར་བྱ། ཐར་ལམ་གཙོ་བོ་དཀོན་མཆོག་ཕྱོགས་ནས་འབྱུང་། 10དེ་ནས་གཙོ་བོ་དཀོན་མཆོག་གིས་ཉ་དེ་ལ་བཀའ་གནང་ནས། དེས་ཡོ་ནཱ་སྐྱུགས་ནས་མཚོ་འགྲམ་དུ་བཏོན་པ་རེད༎

ཡོ་ནཱ 3

ཡོ་ནཱས་གཅོ་བོ་དཀོན་མཆོག་གི་བཀའ་ལ་བརྩི་འཁུར་ཞུས་པ།

1ཡོ་ནཱ་ལ་སྐྱར་དུ་གཙོ་བོ་དཀོན་མཆོག་གི་བཀའ་ཕེབས་ནས། 2ད་ཁྱོད་གྲོང་ཁྱེར་རླབས་ཆེན་ནི་ན་ཝཱེ་ལ་ཕྱིན་ནས། སྔར་ངས་ཁྱོད་ལ་སྨྲས་པའི་འཕྲིན་དེ་ཁྱབ་བསྒྲགས་བྱོས་ཤིག་ཅེས་གསུངས་སོ། 3དེར་བརྟེན་ཡོ་ནཱས་གཙོ་བོ་དཀོན་མཆོག་གི་བཀའ་ལ་བརྩི་འཁུར་ཞུས་ཏེ་ནི་ན་ཝཱེ་ལ་ཕྱིན་ནོ། གྲོང་ཁྱེར་དེ་ནི་ཧ་ཅང་ཆེ་ཞིང་། དེའི་དཀྱུས་ཀྱི་རིང་ཐུང་ནི་ཉིན་ལམ་གསུམ་ཡོད་པ་ཡིན་ནོ། 4ཡོ་ནཱ་གྲོང་ཁྱེར་བརྒྱུད་ནས་ཉིན་ལམ་གཅིག་བར་ཕྱིན་པའི་རྗེས་ལ། སྐད་ཤུགས་ཆེན་པོས་ཁྱབ་བསྒྲགས་བྱེད་ཅིང་། ད་ཉིན་ཞག་བཞི་བཅུའི་ནང་ལ་ནི་ན་ཝཱེ་འཇིག་འགྲོ་གི་རེད་ཅེས་སྨྲས་སོ། 5ནི་ན་ཝཱེའི་མི་རྣམས་དཀོན་མཆོག་གི་བཀའ་ལ་ཡིད་ཆེས་ཞུས་ཏེ། ཚང་མས་སྨྱུང་གནས་སྲུང་རྒྱུའི་ཐག་ཆོད་བྱས་ཤིང་། མི་དྲག་ཞན་ཚང་མས་འགྱོད་སེམས་བསྐྱེད་པའི་ཚུལ་དུ་རྩ་་རས་ཀྱི་གོས་གྱོན་པ་རེད། 6ཡང་ནི་ན་ཝཱེའི་རྒྱལ་པོས་གནས་ཚུལ་དེ་ཐོས་སྐབས་རང་གི་ཁྲི་ལས་ཡར་ལང་ནས་ན་བཟའ་ཕུད་དེ་རྩ་རས་ཀྱི་གོས་གྱོན་ཅིང་། གོག་ཐལ་གོག་ཐལ: གནའ་དུས་ཀྱི་སྲོལ་བཞིན་འགྱོད་སེམས་བསྐྱེད་པའི་རྟགས་སུ་རྩ་རས་ཀྱི་གོས་གྱོན་པ་ཙམ་མ་ཟད་ལུས་ལ་གོག་ཐལ་བྱུགས་པ་དང་གོག་ཐལ་དཀྱིལ་དུ་བསྡད་སྲོལ་ཡོད་པ་ཡིན་ནོ། དཀྱིལ་དུ་བསྡད་པ་རེད། 7དེ་རྗེས་རྒྱལ་པོ་དང་ཁོང་གི་ལས་བྱེད་པ་ཚོས་བཀའ་ཤོག་ཅིག་ནི་ན་ཝཱེའི་ཡུལ་མི་ཚོར་ཁྱབ་བསྒྲགས་བྱས་ཏེ། མིའམ་ཕྱུགས་དང་ལུག་ཁྱུ་ཚང་མས་བཟའ་བཏུང་གང་ཡང་བྱེད་མི་ཆོག་པ་དང་། 8མི་དང་དུད་འགྲོ་ཚང་མས་རྩ་རས་གྱོན་དགོས། ཚང་མས་དད་སེམས་ཆེན་པོས་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་ཞུས་ཏེ། རང་རང་སོ་སོའི་བྱ་སྤྱོད་དང་ལས་ངན་པ་རྣམས་ངེས་པར་སྤངས་དགོས། 9དེ་ལྟར་བྱས་ན་དཀོན་མཆོག་གི་ཐུགས་དགོངས་སྒྱུར་ཏེ། ཁོང་གི་ཐུགས་ཁྲོ་ཞི་ཞིང་ང་ཚོ་འཆི་བ་ལས་ཐར་བར་ཡང་སྲིད་ཅེས་སྨྲས་སོ། 10དེ་ནས་ཁོ་ཚོས་བྱ་སྤྱོད་ངན་པ་རྣམས་སྤངས་བ་དེ་དཀོན་མཆོག་གིས་གཟིགས་ནས་ཁོང་གི་ཐུགས་དགོངས་སྒྱུར་ཞིང་སྔར་ཁོང་གིས་ཉེས་ཆད་གནང་རྒྱུ་ཡིན་པ་དེའང་ཕྱི་བཤོལ་གནང་བ་རེད༎

ཡོ་ནཱ 4

ཡོ་ནཱའི་ཁྲོ་བ་དང་དཀོན་མཆོག་གི་སྙིང་རྗེ།

1དེའི་སྐོར་ཡོ་ནཱ་མ་དགའ་བར་ཧ་ཅང་ཁྲོས་སོ། 2དེར་བརྟེན་སྨོན་ལམ་འདེབས་ཤིང་། ཀྱེ་གཙོ་བོ་དཀོན་མཆོག། ཁྱེད་ཀྱིས་དེ་ཀ་རང་གནང་ཡོང་ཞེས་ངས་སྔར་རང་ཡུལ་ནས་མ་ཐོན་གོང་དུ་མ་ཞུས་སམ། དེ་འདྲ་སོང་ཙང་ང་ཨིསི་པེན་ཡུལ་དུ་བྲོས་པ་ཡིན། ཁྱེད་ནི་བྱམས་པ་དང་སྙིང་རྗེ་གནང་མཁན་དང་། ཐུགས་བཟོད་ཆེ་ཞིང་རྒྱུན་དུ་ཐུགས་རྗེ་གནང་མཁན། ངན་པར་ཉེས་ཆད་གནང་བར་ཐུགས་སེམས་སྒྱུར་བ་ལ་རྒྱུན་དུ་གྲ་སྒྲིག་ཡོད་པའི་དཀོན་མཆོག་ཡིན་པ་དེ་ནི་ངས་སྔར་ནས་ཤེས་ཀྱི་ཡོད། 3ཀྱེ་གཙོ་བོ་དཀོན་མཆོག། དེ་བས་ན་ང་ལ་འཆི་རུ་འཇུག་རོགས་གནང་། ང་གསོན་པོར་གནས་པ་ལས་ཤི་བ་དགའ་ཞེས་ཞུས་པ་དང་། 4དེའི་ལན་དུ་གཙོ་བོ་དཀོན་མཆོག་གིས་ཁྱོད་ཁྲོས་དགོས་པའི་དབང་ཆ་ག་རེ་ཡོད་དམ་ཞེས་གསུངས་སོ། 5དེ་ནས་ཡོ་ནཱ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ཐོན་ནས་དེར་རང་གི་དོན་དུ་གཡབ་ཤིག་བཟོས་ཏེ་དེའི་གྲིབ་འོག་ཏུ་བསྡད་ཅིང་གྲོང་ཁྱེར་ནི་ན་ཝཱེ་ལ་གང་བྱུང་ཡོང་ངམ་ཞེས་བལྟས་ནས་བསྡད་པ་དང་། 6དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཡོ་ནཱ་ལ་ཚ་སྡུག་ལས་སྐྱབས་ཕྱིར་བསིལ་གྲིབ་གནང་བའི་ཆེད་དུ་ཁོའི་ཐོད་ལ་རྩི་ཤིང་ཞིག་སྐྱེ་བཅུག་པས། དེར་ཡོ་ནཱས་རྩི་ཤིང་དེའི་སྐོར་ལ་ཧ་ཅང་དགའ་པོ་བྱུང་བ་རེད། 7འོན་ཀྱང་དེའི་སང་ཉིན་ཐོ་རངས་སྐབས་སུ་དཀོན་མཆོག་གི་འབུ་ཞིག་བཏང་བ་གནང་སྟེ། དེས་རྩི་ཤིང་དེ་ཟས་ནས་དེ་ཡོངས་སུ་སྐམ་པ་རེད། 8དེ་རྗེས་ཉི་མ་ཤར་བ་དང་དཀོན་མཆོག་གིས་ཤར་ཕྱོགས་ནས་རླུང་ཚ་པོ་ཞིག་གཏོང་བ་གནང་བས། ཤིན་ཏུ་ཚ་བའི་ཉི་མའི་འོད་ཟེར་དེ་ཡོ་ནཱའི་སྒོ་ལ་ཕོག་སྟེ་ཁོ་ཕལ་ཆེར་དྲན་མེད་དུ་བརྒྱལ་གྲབ་བྱས་པ་དང་། ད་ཤི་ནའང་ཆོག་པ་འདུག་ཅེས་ཁོས་འདོད་དོ། ང་གསོན་པོར་གནས་པ་ལས་ཤི་བ་དགའ་ཞེས་སྨྲས་སོ། 9འོན་ཀྱང་དཀོན་མཆོག་གིས་ཁོ་ལ། ཁྱོད་རྩི་ཤིང་དེའི་སྐོར་ལ་ཁྲོས་དགོས་པའི་ཁྱོད་ལ་དབང་ཆ་ག་རེད་ཡོད་ཅེས་གསུངས་པའི་བཀའ་ལན་དུ། ཡོ་ནཱས་ང་ལ་དབང་ཆ་ཡོད། མ་ཤི་བར་དུ་ཁྲོས་ཀྱི་ཡིན་ཟེར་སྨྲས་སོ། 10གཙོ་བོ་དཀོན་མཆོག་གིས་ཁོ་ལ། རྩི་ཤིང་འདི་ནི་མཚན་གཅིག་ལ་སྐྱེས་ནས་མཚན་རྗེས་མར་སྐམ་ཞིང་། དེ་ནི་ཁྱོད་ཀྱི་འབད་བརྩོན་གྱི་སྒོ་ནས་སྐྱེས་པ་ཞིག་མ་ཡིན་ཀྱང་། དེ་ལ་གང་བྱུང་བ་དེའི་སྐོར་ཁྱོད་ཡིད་མ་རངས་བར་སེམས་སྐྱོ་དགོས་པ་བྱུང་ན། 11ཕྲུ་གུ་མནོང་མེད་ ༡༢༠,༠༠༠ ལས་ལྷག་ཙམ་གཞན་ཡང་དུད་འགྲོ་སེམས་ཅན་མང་པོ་ཡོད་པའི་གྲོང་ཁྱེར་རླབས་ཆེན་ནི་ན་ཝཱེའི་སྐོར་ལ་ངས་སེམས་ཁྲལ་བྱེད་མི་དགོས་སམ་ཞེས་གསུངས་སོ།།

མི་ཀཱ 1

1ཡ་ཧུ་དཱའི་ཡུལ་དུ་རྒྱལ་པོ་ཡོ་ཐམ་དང་ཨ་ཧཱཛ་དང་ཧེ་ཛི་ཀི་ཡཱ་བཅས་ཀྱི་སྲིད་སྐྱོང་བྱེད་སྐབས་གྲོང་ཁྱེར་མོ་རེ་ཤེད་ཞེས་པར་གནས་སྡོད་བྱེད་མཁན་མི་ཀཱའི་བརྒྱུད་ནས་གཙོ་བོ་དཀོན་མཆོག་གིས་གསུང་འཕྲིན་གནང་བ། ཁོང་གིས་ས་མར་ཡ་དང་ཡེ་རུ་ཤ་ལེམ་གྱི་སྐོར་ལ་མི་ཀཱ་ལ་འདི་ཐམས་ཅད་མངོན་པར་མཛད་གནང་བ།

ས་མར་ཡ་དང་ཡེ་རུ་ཤ་ལེམ་གྱི་ཆེད་དུ་སྨྲེ་སྔགས།

2མི་རིགས་ཡོངས་རྫོགས་ཚུར་ཉོན་དང་། ས་གཞིར་གནས་མཁན་ཚང་མ་ཚུར་ལ་ཉོན། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་མཐོ་རིའི་ཞིང་ཁམས་ནས། ཁྱོད་ཐོག་ངོ་རྒོལ་བྱེད་ཕྱིར་དཔང་པོ་མཛད། 3གཙོ་བོ་དཀོན་མཆོག་དམ་པའི་གནས་ནས་མར་ཕེབས་ཤིང་། རི་བོའི་རྩེ་མོ་ཁག་ཏུ་ཞབས་འཆག་མཛད། 4མེ་སྤུང་མདུན་དུ་སྤྲ་ཚིལ་བཞུ་བ་ལྟར། ཞབས་འཆག་མཛད་པའི་རི་རྣམས་བཞུ་བར་འགྱུར། རི་ཕྲན་རྩེ་ནས་འབབ་ཆུ་འབབས་པ་བཞིན། དེ་དག་བཞུར་ནས་ལུང་གཤོང་ཁུལ་དུ་འབབས། 5རྐྱེན་ངན་དེ་ཚོ་ཚང་མ་ཨིསི་རཱཨེལ་པ་ཚོས་དཀོན་མཆོག་ལ་ངོ་ལོག་ཞུས་ཏེ་སྡིག་པ་བྱས་པའི་རྐྱེན་གྱིས་བྱུང་བ་དང་། ཨིསི་རཱཨེལ་གྱི་སྡིག་པ་བྱས་པའི་སྐྱོན་བརྗོད་དེ་སུ་ལ་བྱེད་དགོས་སམ། དེ་ནི་རྒྱལ་ས་ས་མར་ཡ་རང་ལ་བྱེད་དགོས་པ་ཡིན་ནོ། ཡ་ཧུ་དཱའི་ཡུལ་དུ་སྐུ་འདྲ་མཆོད་པའི་ཉེས་དམིགས་དེ་སུ་ལ་ཡོད་ཅེས་ན་དེ་ནི་ཡེ་རུ་ཤ་ལེམ་རང་ཡིན་པས༎ 6གཙོ་བོ་དཀོན་མཆོག་གིས། ངས་ས་མར་ཡ་ནི་ཐང་དུ་རྡོ་སྤུངས་པ་བཞིན་དང་། རྒུན་ཤིང་འཛུག་པའི་རྒུན་ཚལ་ལྟ་བུར་བཟོ་རྒྱུ་དང་། གྲོང་ཁྱེར་གྱི་རྡོ་ཚང་མ་ལུང་གཤོང་དུ་མར་བསྒྲིལ་ཏེ། གྲོང་ཁྱེར་གྱི་རྨང་གཞི་ཚང་མ་ཕྱིར་འདོན་རྒྱུ་དང་། 7དེའི་སྐུ་འདྲ་རྩ་ཆེན་ཐམས་ཅད་དུམ་བུར་བཅག་ཅིང་། ལྷ་ཁང་གི་སྨད་འཚོང་མ་རྣམས་ལ་སྤྲད་པའི་དངོས་རིགས་ཚང་མ་མེར་སྲེག་གཏོང་རྒྱུ་དང་། དེའི་སྐུ་འདྲ་ཚང་མ་སྟོར་བཤིག་གཏོང་རྒྱུ་ཡིན། གང་ལགས་ཟེར་ན། ས་མར་ཡས་དངོས་རིགས་དེ་རྣམས་སྨད་འཚོང་མའི་འཆལ་རིན་ལས་གསོག་འཇོག་བྱས་པ་ཡིན་པས། སླར་ཡང་མོའི་དགྲ་བོ་རྣམས་ཀྱིས་འཆལ་རིན་དེ་འཁྱེར་ནས་ལྷ་ཁང་གཞན་གྱི་སྨད་འཆོང་མའི་ཆེད་དུ་འཆལ་རིན་དེ་བེད་སྤྱོད་བྱེད་པར་འགྱུར། 8མི་ཀཱས། དེའི་རྐྱེན་གྱིས་ངས་མྱ་ངན་བྱས་ཕྱིར་གོས་མེད་གཅེར་བུར་འགྲུལ་བ་དང་། ཁྱི་སྤྱང་ངུས་པའི་སྐད་དང་བྱ་ཆེན་ཨོསི་ཊི་རིཙེ་ཨོསི་ཊི་རིཙེ: ཨཕ་རི་ཀ་དང་ཨ་ར་བི་ཡའི་བྱེ་ཐང་ཁག་ཏུ་ཡོད་པའི་བྱ་ཆེན་ཡོངས་གྲགས་ཤིག་གི་མིང་ཡིན་ཏེ། བྱ་དེ་ནི་གཟུགས་སྟོབས་ཆེ་ཞིང་འཕུར་ལྡིང་བྱེད་མ་ཐུབ་རུང་། ཧ་ཅང་མགྱོགས་པོ་རྒྱུག་ཐུབ་མཁན་ཞིག་རེད། གྱི་སྐད་བཞིན་འདོན་ཏེ་སྨྲེ་སྔགས་འདོན་རྒྱུ་ཡིན། 9ས་མར་ཡའི་རྨ་ཁ་གསོ་བར་དཀའ་ཞིང་། དེ་ཡ་ཧུ་དཱ་རུའང་བསླེབས་ཡོད་པ་དང་། འཇིག་པ་དེ་ནི་ངའི་མི་མང་གནས་པའི་གྲོང་ཁྱེར་ཡེ་རུ་ཤ་ལེམ་གྱི་རྒྱལ་སྒོ་བར་དུ་བསླེབས་ཡོད་པ་ཡིན་ནོ༎

དགྲ་བོ་རྣམས་ཡེ་རུ་ཤ་ལེམ་གྱི་ཕྱོགས་སུ་ཡོང་བ།

10ང་ཚོར་ཕམ་རྒུད་བྱུང་བའི་སྐོར། གྲོང་ཁྱེར་གྷད་ལ་ཡོད་པའི་ང་ཚོའི་དགྲ་བོ་རྣམས་ལ་མ་ཤོད་ཅིག དེ་ཙམ་མ་ཟད་ཁྱོད་ཚོ་ངུ་བ་དེའང་ཁོ་ཚོས་མཐོང་དུ་མ་ཆུག་ཅིག ཀྱེ་བྷེད་ལིཕེ་རཱའི་མི་མང་རྣམས། ཁྱོད་ཚོ་གནས་སྟངས་ཐབས་སྡུག་པོ་ཞིག་གི་ནང་དུ་ཡོད་པ་དེ་སྟོན་པའི་ཕྱིར་ས་ལ་འགྲེ་ལོག་རྒྱོབ་ཅིག 11ཀྱེ། ཤ་ཕིར་པ་རྣམས་ཁྱོད་ཚོ་གོས་མེད་གཅེར་བུར་བྱས་ནས་ངོ་ཚ་དགོས་པའི་གནས་སྟངས་སུ་བཙན་བྱོལ་དུ་སོང་ཞིག དེ་བཞིན་ཛ་ནན་ཡུལ་དུ་གནས་མཁན་རྣམས་རང་གི་གྲོང་ཁྱེར་ནས་ཕྱིར་མ་དོན་ཅིག བྷེ་ཐེ་ཛེལ་གྱི་ཡུལ་མི་རྣམས་ཀྱིས་སྨྲེ་སྔགས་འདོན་པ་དེ་ཁྱོད་ཚོས་ཐོས་སྐབས། དེར་སྲུང་སྐྱོབ་མེད་པ་དེ་ཁྱོད་ཚོས་ཤེས་ཡོང་། 12གཙོ་བོ་དཀོན་མཆོག་གི་ཕྱོགས་ནས་རྐྱེན་ངན་ཆེན་པོ་ཞིག་ཡེ་རུ་ཤ་ལེམ་གྱི་ཉེ་འགྲམ་དུབསླེབས་ཡོད་པའི་རྐྱེན་གྱིས། མ་རོད་ཀྱི་ཡུལ་མི་རྣམས་ཐར་པའི་རེ་འདོད་བྱེད་ནས་སྒུག་བསྡད་ཡོད། 13ཀྱེ། གྲོང་ཁྱེར་ལ་ཀིཤིའི་ཡུལ་མི་རྣམས། ཁྱོད་ཚོའི་རྟ་རྣམས་ཤིང་རྟར་སྦྱོར་ཤིག། ཁྱོད་ཚོས་ཨིསི་རཱཨེལ་གྱི་སྡིག་པར་དཔེ་བླངས་ནས་ཡེ་རུ་ཤ་ལེམ་ལའང་སྡིག་པ་བྱེད་དུ་བཅུག་ཡོད། 14ཀྱེ། ཡ་ཧུ་དཱའི་མི་མང་ཚོ་གྲོང་ཁྱེར་མོ་རེ་ཤེད་གྷད་ལ་ག་ལེ་བཞུགས་ཟེར་ལབ་ཅིག ཨིསི་རཱཨེལ་གྱི་རྒྱལ་པོ་ཚོས་གྲོང་ཁྱེར་ཨཀ་ཛིབ་ནས་རོགས་དང་རྒྱབ་སྐྱོར་སོགས་གང་ཡང་ཐོབ་རྒྱུ་མེད་པ་ཡིན་ནོ། 15ཀྱེ། མ་རེ་ཤའི་ཡུལ་མི་རྣམས། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་དགྲ་བོ་ཞིག་གི་ལག་ཏུ་རྩིས་སྤྲོད་གནང་ཞིང་། དགྲ་བོ་དེས་ཁྱོད་ཚོའི་གྲོང་ཁྱེར་དབང་དུ་བསྡུས་ཏེ། ཨིསི་རཱཨེལ་གྱི་གཟི་བརྗིད་ལྡན་པའི་འགོ་བྱེད་རྣམས་ཨ་དུལ་ལམ་གྱི་བྲག་ཕུག་ཁག་ཏུ་གབ་དགོས་རྒྱུ་ཡིན། 16ཀྱེ། ཡ་ཧུ་དཱའི་ཡུལ་མི་རྣམས། ཁྱོད་ཚོའི་གཅེས་པར་འཛིན་པའི་བུ་ཕྲུག་རྣམས་ཀྱི་ཆེད་དུ་སྐྲ་བཞར་ནས་མྱ་ངན་བྱོས་ཤིག དེ་ཚོ་ལ་འཛིན་བཟུང་བྱས་ནས་བཙན་བྱོལ་དུ་ཡུལ་ཐག་རིང་འཁྲིད་རྒྱུ་ཡིན་པའི་རྐྱེན་གྱིས། ཁྱོད་ཚོའི་མགོའི་སྐྲ་བཞར་ཏེ་བྱ་རྒོད་ལྟ་བུའི་མགོ་རིལ་བྱོས་ཤིག།

མི་ཀཱ 2

ཉམས་ཐག་རྣམས་ལ་དབང་ཡོད་བྱེད་པའི་སྒྲུབ་འབྲས།

1མཚན་མོ་ཉལ་ཁྲིར་འགྱེལ་ནས་བྱུས་ངན་རྩོམ་མཁན་རྣམས་བཀྲ་མི་ཤིས་པ་ཡིན། གང་ལགས་ཟེར་ན་ནམ་ལང་བ་དང་ཁོ་ཚོས་གོ་སྐབས་རྙེད་མ་ཐག་ཏུ་བྱུས་ངན་དེ་དག་ལག་ལེན་ལྟར་ངེས་ཤིང་། 2དེ་ཚོས་མི་གཞན་གྱི་ས་ཞིང་དང་ཁང་ཁྱིམ་རྣམས་བཙན་འཕྲོག་བྱས་པས། མི་དང་རྒྱུ་དངོས་སོགས་གང་ལའང་བརྟན་ཆ་མེད་པ་ཡིན་ནོ། 3དེ་ནས་གཙོ་བོ་དཀོན་མཆོག་གིས། ངས་ཁྱོད་ཚོའི་ཐོག་ཏུ་རྐྱེན་ངན་ཞིག་གཏོང་རྒྱུ་ཡིན་པས། དེ་ལས་ཁྱོད་ཚོ་ཐར་ཐབས་མེད་ཅིང་། དཀའ་ངལ་དེའི་ནང་དུ་ཚུད་པའི་ཚེ་ཁྱོད་ཚོའི་ང་རྒྱལ་ཡོངས་སུ་འཇོམས་པར་འགྱུར། 4དེ་དུས་མི་གཞན་གྱིས་ཁྱོད་ཚོར་བྱུང་བའི་རྐྱེན་ངན་དེ་ལ་དཔེ་བླངས་ཤིང་། འཕྱ་གཏམ་དང་འབྲེལ་སྨྲེ་སྔགས་འདི་བཞིན་གླུ་ལེན་པར་འགྱུར། ངེད་རྣམས་ཡོངས་སུ་སྟོངས་ནས་འཇིག་ཅིང་ནུབ། ང་ཚོའི་ས་ཞིང་གཙོ་བོ་དཀོན་མཆོག་གིས་བཞེས། ང་ཚོར་བཙོན་བཟུང་བྱེད་མཁན་ལ། ས་ཞིང་དེ་དག་ཆ་བགོས་གནང་། 5དེར་བརྟེན་རྗེས་སུ་གཙོ་བོ་དཀོན་མཆོག་གི་མི་འབངས་རྣམས་ལ་ས་སྐལ་ཕྱིར་སློག་བྱེད་སྐབས་ཁྱོད་ཚོའི་ནང་ནས་སུ་ལའང་ས་སྐལ་ཐོབ་མི་ཡོང་། 6མི་མང་ཚོས་ང་ལ་བརྗོད་གསལ། ང་ཚོར་དེ་ལྟ་བུའི་ལུང་བསྟན་བཤད་མི་དགོས། དཀོན་མཆོག་གིས་ང་ཚོར་དམའ་འབེབས་དེ་འདྲ་ནམ་ཡང་གནང་མི་སྲིད། 7ཨིསི་རཱཨེལ་མི་མང་རྣམས་ལ་དམོད་པ་ཕོག་ཡོད་པ་ཡིན་ནམ། གཙོ་བོ་དཀོན་མཆོག་གི་ཐུགས་བཟོད་དེ་རྫོགས་པ་ཡིན་ནམ། ཁོང་གིས་ང་ཚོར་དེ་འདྲ་གནང་སྲིད་དམ། དྲང་པོ་བྱེད་མཁན་རྣམས་ལ་ངའི་བཀའ་ཡིས་བཟང་པོ་མི་བྱེད་དམ། 8གཙོ་བོ་དཀོན་མཆོག་གིས་བཀའ་ལན་དུ། ཁྱོད་ཚོས་ངའི་མི་མང་ལ་དགྲ་ལྟར་ཐབས་རྒོལ་བྱས་ཤིང་། སྲུང་ཆ་བརྟན་པོ་ཡོད་བསམ་ནས་མི་རྣམས་དམག་ས་ནས་ཁྱིམ་དུ་ཕྱིར་ལོག་གོ འོན་ཀྱང་ཁྱོད་ཚོས་ཁོ་ཚོའི་ལུས་ལ་ཡོད་པའི་སྟོད་ཐུང་ཀྱང་འཕྲོག་བཅོམ་བྱས་པར་སྒུག་ནས་བསྡད་ཡོད། 9ངའི་མི་མང་གི་བུད་མེད་རྣམས་གནས་ཁང་སྐྱིད་པོ་ནས་ཕྱིར་བཏོན་བྱས་ཤིང་། དེ་ཚོའི་བུ་ཕྲུག་རྣམས་ནས་བྱིན་རླབས་རྣམས་རྒྱུན་གྱི་ཕྱིར་བཅོམ་ཡོད་པ་ཡིན། 10ད་ཁྱོད་ཚོ་ལོངས་ལ་ཕར་སོང་ཞིག་ཁྱོད་ཚོའི་སྡིག་པའི་རྐྱེན་གྱིས་གནས་འདི་འཇིག་ཡོད་དོ། ད་ས་ཁུལ་འདིར་དུས་བདེ་པོ་ཞིག་ནམ་ཡང་ཤར་རྒྱུ་མེད་དོ། 11ཁྱོད་ཚོའི་འདོད་པ་བཞིན་དུ་ཆང་རག་སོགས་འབེལ་པོ་ཡོང་བ་ཡོད་ཅེས་ལུང་བསྟན་ལོག་པ་བཤད་མཁན་ལུང་སྟོན་པ་རྫུན་མ་རྣམས་ལ་མི་བརྒྱུད་འདིས་དགའ་མོས་བྱེད་ཀྱི་ཡོད། 12འོན་ཀྱང་ངས་ཨིསི་རཱཨེལ་མི་མང་ལྷག་ལུས་ཚང་མ་ལུག་ཁྱུ་ལུག་རར་འཛོམས་པ་བཞིན་ས་ཕྱོགས་གཅིག་ཏུ་འདུ་ཚོགས་བྱས་ཏེ། ཁྱོད་ཚོའི་ཡུལ་དེ་སླར་ཡང་ལུག་ཁྱུའི་ཁེངས་བའི་རྩྭ་ཁ་བཞིན་མི་ཚོགས་མང་པོས་གང་བ་ཡོད། 13དཀོན་མཆོག་གིས་དེ་ཚོ་བཙན་བྱོལ་ལས་གྲོལ་བའི་ཐབས་ལམ་ཞིག་མཛད་ནས། གྲོང་ཁྱེར་གྱི་རྒྱལ་སྒོ་རྣམས་སྟོར་ཞིང་ཕྱིར་ཐོན་ནས་རང་དབང་བྱུང་བར་འགྱུར། གཙོ་བོ་དཀོན་མཆོག་རང་ཉིད་དེ་ཚོའི་རྒྱལ་པོའི་ཚུལ་དུ་ཕེབས་ནས་དེ་ཚོར་དབུ་འཁྲིད་གནང་རྒྱུ་ཡིན༎

མི་ཀཱ 3

མི་ཀཱས་ཨིསི་རཱཨེལ་གྱི་འགོ་འཁྲིད་རྣམས་ལ་སྐྱོན་བརྗོད་བྱས་པ།

1ཀྱེ། ཨིསི་རཱཨེལ་གྱི་འགོ་འཁྲི་རྣམས། ཁྱོད་ཚོས་ཁྲིམས་ལུགས་དང་བསྟུན་ཏེ་སྤྱོད་དགོས་པ་ཞིག་ཡིན་ཀྱང་། 2ཁྱོད་ཚོས་བཟང་པོར་སྡང་ཞིང་ངན་པར་ཆགས་ཏེ། ངའི་མི་མང་གི་ལུས་ནས་གསོན་པོར་པགས་པ་ཤུ་ཞིང་རུས་པ་ནས་ཤ་ཡང་བཏོན་ནས་ཟའོ། 3ངའི་མི་སྡེའི་ཤ་ཟ་ཞིང་། ལུས་ནས་པགས་པ་བཤུ་བ་དང་། ཁོག་མའི་ནང་གི་ཤ་ལྟར་དེ་ཚོའི་རུས་པ་ཚང་མ་དུམ་བུར་གཏུབ་བོ། 4དེ་བས་ན་ཁྱོད་ཚོས་ངུ་འབོད་འདོན་ནས་གཙོ་བོ་དཀོན་མཆོག་ལ་ཞུ་བ་འབུལ་བའི་དུས་ཆོད་སླེབས་བཞིན་ཡོད་པ་དང་། འོན་ཀྱང་ཁོང་གིས་ཁྱོད་ཚོ་ལ་བཀའ་ལན་གནང་མི་ཡོང་། ཁྱོད་ཚོས་ལས་ངན་བྱས་པ་ཡིན་པས། ཁོང་གིས་ཁྱོད་ཚོའི་ཞུ་བར་གསན་མི་ཡོང་། 5ཟ་རྒྱུ་སྟེར་མཁན་རྣམས་ལ་དཀོན་མཆོག་གི་ཞི་བདེ་ཡོད་ཅེས་དང་། དེ་བཞིན་མི་སྟེར་མཁན་རྣམས་ལ་དམག་གི་སྡིག་ར་བསྐུལ་མཁན་ལུང་སྟོན་པ་རྫུན་མ་ཚོས་ངའི་མི་མང་རྣམས་ལམ་ནོར་སླུ་འཁྲིད་བྱས་པ་ཡིན་པས། གཙོ་བོ་དཀོན་མཆོག་གིས་དེ་དག་ལ། 6ཀྱེ། ལུང་སྟོན་པ་རྣམས། ཉི་མ་ལ་ལ་བཞུད་པ་ལྟར། ད་ཁྱོད་ཚོའི་དུས་ཚོད་ཀྱང་རྫོགས་པ་ཡིན། གང་ལགས་ཟེར་ན་ཁྱོད་ཚོས་ངའི་མི་མང་ལམ་ནོར་དུ་འཁྲིད་པ་ཡིན་པས། ད་ཁྱོད་ཚོས་ལུང་བསྟན་བཤད་པའི་ཕྱིར་དུ་སྔོན་ཤེས་དང་ཞལ་གཟིགས་སོགས་གང་ཡང་ཐོབ་མི་ཡོང་། 7གལ་སྲིད་མ་འོངས་པའི་སྐོར་ལུང་བསྟན་བཤད་པ་ཡིན་ནའང་དེ་དག་མ་སྒྲུབ་པས་དེ་ཚོ་ངོ་ཚ་དགོས་པ་བྱུང་ཞིང་། དཀོན་མཆོག་གིས་དེ་ཚོར་བཀའ་ལན་མ་གནང་བའི་རྐྱེན་གྱིས་དེ་ཚོའི་སྤོབས་པ་ཆགས་དགོས་པར་འགྱུར་ངེས་སོ། 8འོན་ཀྱང་ང་ནི་གཙོ་བོ་དཀོན་མཆོག་གི་ཐུགས་ཉིད་དང་ནུས་མཐུས་ཡོངས་སུ་ཁྱབ་པ་དང་། ཁོང་གིས་གནང་བའི་དྲང་བ་ཉིད་དང་བློ་སྟོབས་ཀྱི་སྒོ་ནས་ཨིསི་རཱཨེལ་མི་མང་ཚོའི་ཉེས་སྡིག་རྣམས་གསལ་པོར་བཤད་ཐུབ་པ་ཡིན་ནོ། 9ཨིསི་རཱཨེལ་གྱི་འགོ་འཁྲིད་རྣམས་ཚུར་ཉོན་དང་། ཁྱོད་ཚོས་ཁྲིམས་དྲང་པོར་སྡང་ཞིང་བདེན་པ་བརྫུན་དུ་བསྒྱུར་ཏེ། 10ཁྱོད་ཚོས་སྲོག་གཅོད་དང་ཁྲིམས་འགལ་གྱི་རྨང་གཞིའི་ཐོག་ཏུ་དཀོན་མཆོག་གི་གྲོང་ཁྱེར་ཡེ་རུ་ཤ་ལེམ་དེ་རྩིག་བཞིན་པ་དང་། 11གྲོང་ཁྱེར་གྱི་དཔོན་པོ་ཚོས་ལྐོག་རྔན་ལེན་ཏེ་ཁྲིམས་གཅོད་བྱས་པ་དང་། བླ་མ་རྣམས་ཀྱིས་དངུལ་ལེན་ནས་བཀའ་ཁྲིམས་བསླབས་ཀྱིས་ཡོད་དོ། དེ་བཞིན་ལུང་སྟོན་པ་རྣམས་ཀྱིས་ཀྱང་དངུལ་གྱི་ཆེད་དུ་ལུང་བསྟན་བཤད་ཚུལ་བྱས་པ་དང་། དེ་ཚོ་ཚང་མས། གཙོ་བོ་དཀོན་མཆོག་ཁོ་ཚོ་དང་མཉམ་དུ་འགྲོགས་ཡོད་ཟེར་ཤོད་ཚུལ་བྱས་པ་དང་། ང་ཚོར་གནོད་འཚེ་གང་ཡང་འབྱུང་མི་ཡོང་། གང་ལ་ཟེར་ན། གཙོ་བོ་དཀོན་མཆོག་ང་ཚོའི་ཁྲོད་དུ་བཞུགས་ཡོད་ཟེར་ནས་དེ་ཚོས་བརྗོད་དོ། 12དེ་བས་ན་ཁྱོད་ཚོའི་རྐྱེན་གྱིས་རི་བོ་ཛི་ཡོན་ཛི་ཡོན: ཐོག་མའི་བརྡ་སྒྱུར་ལྟར་ཛི་ཡོན་ཞེས་གསལ་ཡོད། དེ་ནི་ཀིད་རོན་དང་ཡེ་རུ་ཤ་ལེམ་གྱི་ལུང་གཤོང་བར་ལ་ཡོད་པའི་བྲག་རི་གཟར་པོ་དེའི་མིང་ཡིན་ཏེ། གྲོང་ཁྱེར་ཡེ་རུ་ཤ་ལེམ་ཡོངས་ལའང་གོ་དགོས་པ་ཡིན་ནོ། ཞིང་ལྟར་རྨོ་རྒྱུ་དང་། ཡེ་རུ་ཤ་ལེམ་ནི་བཞིག་རུལ་གྱི་ཕུང་པོར་འགྱུར་རྒྱུ་ཡིན་པ་དང་། མཆོད་ཁང་གི་རི་བོ་ཤིང་ནགས་མཐུག་པོ་བཞིན་དུ་ནགས་ཚལ་གྱིས་གང་བར་འགྱུར་རོ༎

མི་ཀཱ 4

གཙོ་བོ་དཀོན་མཆོག་གིས་འཛམ་གླིང་ཡོངས་ལ་ཞི་བདེས་སྲིད་སྐྱོང་གནང་བ།

(ཡེ་ཤ་ཡཱ་ ༢:༢-༤)

1མ་འོངས་པའི་ཉིན་ཞག་ཚོར་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ཡོད་པའི་རི་བོ་དེ་ནི་རི་རྩེ་ཀུན་ལས་མཐོ་ཞིང་། རི་ཕྲན་རྣམས་ཀྱི་དབུས་སུ་མཐོ་པོར་མཐོང་ཐུབ་པས། མི་རིགས་མང་པོ་དེར་འཛོམས་ནས༎ 2མི་རིགས་རྣམས་ཡོང་ནས་དེ་ལྟར་སྨྲས་པ། ང་ཚོ་གཙོ་བོ་དཀོན་མཆོག་གི་རི་བོར་ཡར་འཛེགས་ཏེ། ཨིསི་རཱཨེལ་གྱི་དཀོན་མཆོག་གི་ཕོ་བྲང་དུ་བཅར་དགོས། གང་ལགས་ཟེར་ན་ཁོང་གིས་ང་ཚོར་ཉིད་ཀྱི་ཐུགས་དགོངས་དང་བསྟུན་པའི་འགྲུལ་ལམ་བཟང་པོ་ཞིག་བསྟན་པ་གནང་བ་དེར་ང་ཚོ་འགྲུལ་རྒྱུ་ཡིན། གང་ལགས་ཟེར་ན་གཙོ་བོ་དཀོན་མཆོག་གི་བཀའ་སློབ་དེ་ནི་ཡེ་རུ་ཤ་ལེམ་ནས་བྱུང་ཞིང་། རི་བོ་ཛི་ཡོན་ནས་ཁོང་གིས་ཉིད་ཀྱི་མི་འབངས་རྣམས་ལ་གསུང་གླེང་མཛད་པ་ཡིན་ནོ། 3ཁོང་གིས་མི་རིགས་རྣམས་ཀྱི་བར་གྱི་རྩོད་གླེང་རྣམས་སྒྲིག་འཇགས་གནང་ཞིང་། ཡུལ་གྲུ་ཐག་རིང་ཁུལ་གྱི་ནུས་སྟོབས་ལྡན་པའི་མི་བརྒྱུད་ཁག་གི་བར་ལ་ཡོད་པའི་རྩོད་རྙོག་རྣམས་ཐག་གཅོད་གནང་གི་རེད། དེ་རྗེས་ཁོ་ཚོས་རང་གི་རལ་གྲི་རྣམས་ལས་གཤོལ་ལྕགས་དང་། མདུང་རྣམས་ལས་ཟོར་བ་བཟོས་ཏེ། རྒྱལ་ཁམས་ཕན་ཚུན་གྱི་བར་ལ་དམག་འཁྲུགས་སོགས་མཚམས་འཇོག་ཡོང་རྒྱུ་དང་། སླར་ཡང་དམག་གི་གྲ་སྒྲིག་སོགས་ནམ་ཡང་བྱེད་ཀྱི་མ་རེད། 4མི་ཚང་མ་དུས་བདེ་ཞི་འཇམ་གྱི་ངང་དུ་རང་རང་སོ་སོའི་རྒུན་ཚལ་དང་སེ་ཡབ་ཤིང་གི་ཚལ་ཞིང་ཁུལ་དུ་གནས་ཤིང་། སུས་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་འཇིག་སྣང་བསྐུལ་མི་ཡོང་ཞེས་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་ཞལ་བཞེས་གནང་ཡོད། 5མི་བརྒྱུད་གཞན་གྱིས་རང་གི་ལྷ་རྟེན་སོགས་ལ་བསྙེན་བཀུར་ཞུས་ཏེ་དེ་ཚོའི་བཀའ་ལ་རྩིས་སྲུང་བྱས་མོད། འོན་ཀྱང་ང་ཚོ་ནི་དུས་གཏན་དུ་རང་གི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུས་ཤིང་ཁོང་གི་བཀའ་ལ་རྩིས་སྲུང་ཞུ་རྒྱུ་ཡིན༎

ཨིསི་རཱཨེལ་པ་རྣམས་བཙན་བྱོལ་ནས་ཕྱིར་ལོག་བྱེད་པ།

6གཙོ་བོ་དཀོན་མཆོག་གིས། སྔར་ངས་ཉེས་ཆད་བཏང་ཞིང་བཙོན་དུ་དཀའ་སྡུག་མྱངས་པའི་མི་རྣམས་ད་ངས་སླར་ཡང་བསྡུ་འཛོམས་བྱེད་པའི་དུས་རན་པ་ཡིན། 7དེ་ཚོའི་ཡན་ལག་ཚང་མ་ཆག་སྐྱོན་ཤོར་ཏེ་རང་གི་སྡོད་ཁང་ནས་ཐག་རིང་དུ་གནས་དགོས་བྱུང་མོད། འོན་ཀྱང་དེ་ཚོའི་ལྷག་ལུས་མི་མང་དེ་ལས་ངས་རྒྱལ་ཁབ་ཆེན་པོ་ཞིག་འཛུག་བསྐྲུན་བྱས་ཤིང་། དེ་ཚོ་མི་རིགས་རླབས་ཆེན་དུ་འགྱུར་རོ། ཁོ་ཚོའི་ཐོག་ཏུ་ངས་རི་བོ་ཛི་ཡོན་ཁར་དུས་དེ་ནས་བཟུང་གཏན་དུ་སྲིད་སྐྱོང་བྱེད་རྒྱུ་ཡིན། 8ཁྱོད་ཡེ་རུ་ཤ་ལེམ་དུ་དཀོན་མཆོག་ནི་ལུག་རྫི་ལྟར་ཁོང་གིས་མཁར་ཛོང་ནས་རང་གི་མི་མང་ཐོག་ཏུ་གཟིགས་བཞིན་ཡོད་པས། ཁྱོད་ནི་སྐྱར་དུ་རང་གི་རྒྱ་ཁབ་ཀྱི་རྒྱལ་སར་འགྱུར་རོ། 9ཁྱོད་ཚོས་བུད་མེད་སྐྱེ་ཟུག་ལྡན་པའི་ཟུག་ཟེར་གྱིས་མནར་བ་བཞིན་ངུ་འབོད་ཤུགས་ཆེ་བྱེད་དགོས་པ་གང་ཡིན་ནམ། ཁྱོད་ཚོའི་ཐོག་ཏུ་རྒྱལ་པོ་མེད་པའམ། ཡང་ན་ཁྱོད་ཚོའི་གྲོས་དཔོན་ཐམས་ཅད་ཤི་བའི་རྐྱེན་གྱིས་དེ་ལྟར་བྱུང་བ་ཡིན་ནམ། 10ཀྱེ། ཡེ་རུ་ཤ་ལེམ་གྱི་ཡུལ་མི་རྣམས། ཁྱོད་ཚོ་བུད་མེད་མངལ་ཟུག་ཅན་དང་འདྲ་བར་ཟུག་ཟེར་གྱིས་ཚ་གི་ཚི་གི་བྱོས་ཤིག གང་ལགས་ཟེར་ན་ཁྱོད་ཚོ་གྲོང་ཁྱེར་སྤངས་ནས་ཐང་སྟོང་དུ་གནས་དགོས་བྱེད་ཅིང་། དེ་རྗེས་ཁྱོད་ཚོ་བེ་བི་ལོན་དུ་འགྲོ་དགོས་སོ། འོན་ཀྱང་དེར་གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོའི་དགྲ་བོའི་ལག་ནས་ཁྱོད་ཚོར་སྐྱབས་གྲོགས་མཛད་པ་གནང་གི་རེད། 11རྒྱལ་ཁབ་མང་པོ་འཛོམས་ནས་ཁྱོད་ལ་རྒོལ་ཅིང་། དེ་ཚོས་ཡེ་རུ་ཤ་ལེམ་སྟོར་བཤིག་བཏང་ནས་དེ་ནི་གྱང་གོག་ཏུ་བཏང་བ་མཐོང་བར་འགྱུར། 12འོན་ཀྱང་རྒྱལ་ཁབ་དེ་ཚོས་གཙོ་བོ་དཀོན་མཆོག་གི་ཐུགས་དགོངས་མ་ཤེས་པ་དང་། འབྲུའི་སྙེ་མ་བརྡུང་ཕྱིར་ཕྱོགས་གཅིག་་ཏུ་སྤུངས་པ་བཞིན་གཙོ་བོ་དཀོན་མཆོག་གིས་དེ་ཚོར་ཉེས་ཆད་གནང་ཕྱིར་ས་ཕྱོགས་གཅིག་ཏུ་འདུ་འཛོམས་གནང་བ་དེའང་ཁོ་ཚོས་རྟོགས་མ་ཐུབ་བོ། 13གཙོ་བོ་དཀོན་མཆོག་གིས། ཀྱེ་ཡེ་རུ་ཤ་ལེམ་གྱི་ཡུལ་མི་རྣམས། སོང་ནས་ཁྱོད་ཚོས་རང་གི་དགྲ་བོ་རྣམས་ལ་ཉེས་ཆད་གཏོང་ཞིག ངས་ཁྱོད་ལ་ལྕགས་ཀྱི་ར་ཅོ་དང་ལིའི་རྨིག་པ་ལྡན་པའི་གླང་སྟོབས་ཆེན་ཞིག་དང་འདྲ་བར་བཟོས་ཏེ། ཁྱོད་ཚོས་རྒྱལ་ཁབ་མང་པོ་རྩ་མེད་བཏང་ནས། དེ་ཚོས་དྲག་ཤུལ་སྒོ་ནས་བསགས་པའི་བཅོམ་ནོར་དེ་དག་ཁྱོད་ཚོས་ས་གཞི་ཡོངས་ཀྱི་གཙོ་བོ་ང་ལ་འབུལ་བར་འགྱུར༎

མི་ཀཱ 5

1ཀྱེ། ཡེ་རུ་ཤ་ལེམ་གྱི་ཡུལ་མི་རྣམས། ཁྱོད་ཚོའི་དམག་དཔུང་རྣམས་འཛོམས་བཅུག་ཅིག། གང་ལགས་ཟེར་ན་ང་ཚོར་ཕྱོགས་གང་ས་ནས་མཐའ་སྐོར་ཡོད་པ་དང་། དེ་ཚོས་ཨིསི་རཱཨེལ་གྱི་འགོ་བྱེད་ལ་དཔུང་རྒོལ་བྱ་བཞིན་འདུག།

བྷེད་ལེ་ཧེམ་ནས་ཡོང་མཁན་སྲིད་སྐྱོང་པ་ཞིག།

2གཙོ་བོ་དཀོན་མཆོག་གིས། ཀྱེ་བྷེད་ལེ་ཧེམ་ཨེཕ་ར་ཐཱ་ཁྱོད་ནི་ཡ་ཧུ་དཱའི་ཡུལ་གྱི་ནང་ནས་གྲོང་ཁྱེར་ཆུང་ཤོས་ཤིག་ཡིན་མོད། འོན་ཀྱང་ངས་ཁྱོད་ཀྱི་ནང་ནས་ཨིསི་རཱཨེལ་གྱི་དོན་དུ་སྲིད་སྐྱོང་གནང་མཁན་ཞིག་གཏོང་རྒྱུ་ཡིན། ཁོང་གི་གདུང་རབས་ནི་གནའ་དུས་ནས་ཡོད་པ་ཡིན་ནོ། 3བུད་མེད་སྐྱེ་ཟུག་ཅན་ལ་བུ་དེ་མ་འཁྲུངས་བར་དུ་གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་མི་འབངས་དགྲ་བོའི་ལག་ཏུ་དོར་བ་གནང་ཞིང་། དེ་རྗེས་བཙན་བྱོལ་དུ་གནས་པའི་ཁོང་གི་ཡུལ་མི་རྣམས་རང་གི་མི་རིགས་གཅིག་པའི་ཡུལ་མི་རྣམས་དང་མཉམ་དུ་ཡང་སྐྱར་གཅིག་ཏུ་ཟླ་སྒྲིལ་བར་འགྱུར། 4ཁོང་ཕེབས་ནས་གཙོ་བོ་དཀོན་མཆོག་གི་ནུས་མཐུ་དང་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ཀྱི་སྒོ་ནས་ཉིད་ཀྱི་མི་འབངས་རྣམས་ལ་སྲིད་སྐྱོང་མཛད་རྒྱུ་ཡིན་པས། ཁོང་གི་མི་འབངས་རྣམས་འཇིགས་པ་དང་བྲལ་ཞིང་ཞི་བདེའི་ངང་དུ་གནས་པར་འགྱུར། གང་ལགས་ཟེར་ན། ས་གཞི་ཡོངས་ཀྱི་མི་སྡེས་ཁོང་གི་གཟི་བརྗིད་དང་མངའ་ཐང་ཆེན་པོར་གུས་བཀུར་ཞུས་ཤིང་། 5ཁོང་གིས་དེ་དག་ལ་ཞི་བདེ་གནང་བར་འགྱུར༎

ཐར་པ་དང་ཉེས་ཆད།

ཨ་སུར་པ་ཚོས་ང་ཚོའི་ཡུལ་དུ་དམག་རྒྱབ་ནས་ང་ཚོའི་མཁར་རྫོང་སྟོར་ནས་ཡོང་དུས་ང་ཚོས་དེ་ཚོའི་ཐོག་ཏུ་གདོང་ལེན་བྱེད་ཕྱིར། ང་ཚོ་ཆང་མ་ལས་སྟོབས་ཆེ་བའི་དམག་དཔོན་དཔའ་རྩལ་ལྡན་པ་རྣམས་བཏང་གི་ཡིན། 6དེ་ཚོས་ནིམ་རོད་ཀྱི་ཡུལ་ཨ་སུར་ལ་དཔུང་ཤུགས་ཆེན་པོས་དབང་དུ་སྡུད་དེ། ཨ་སུར་པ་ཚོས་ང་ཚོའི་ས་ཐོག་ཏུ་དམག་འདྲེན་སྐབས། ང་ཚོའི་དཔའ་བོ་ཚོས་ངེད་རྣམས་ལ་སྐྱབས་ཀྱི་རེད། 7ལྷག་འཕྲོས་ལུས་པའི་ཨིསི་རཱཨེལ་པ་རྣམས་ནི་མི་རིགས་མང་པོའི་ཆེད་དུ་གཙོ་བོ་དཀོན་མཆོག་ནས་གནང་བའི་ཟིལ་པ་སོས་པ་དང་འདྲ་བ་དང་། རྩྭའི་ཐོག་ཏུ་བབས་པའི་དྲག་ཆར་དང་མཚུངས་པ་ཡིན། དེ་ཚོས་དཀོན་མཆོག་ལ་མ་གཏོགས་མི་ལ་བློ་གཏད་ནམ་ཡང་བྱེད་མི་ཡོང་། 8དེ་བཞིན་མི་རིགས་གཞན་རྣམས་ཀྱི་ཁྲོད་དུ་ལྷག་འཕྲོས་ལུས་པའི་ཨིསི་རཱཨེལ་པ་རྣམས་ནི་ནགས་གསེབ་བམ་རྩྭ་ཁར་གྱི་དབུས་སུ་རི་དྭགས་ཟ་བའི་སེང་གེ་དང་མཚུངས་ཤིང་། དེས་ལུག་ཁྱུའི་དཀྱིལ་དུ་མཆོང་ཞིང་དེ་དག་འཛིན་ཏེ་དུམ་བུར་བཏང་ནས་བསད་པར་འགྱུར། དེ་རྣམས་ཐར་བའི་རེ་ཐབས་དང་བྲལ་བ་ཡིན་ནོ། 9ཨིསི་རཱཨེལ་གྱིས་རང་གི་དགྲ་བོ་རྣམས་དབང་དུ་སྡུད་ནས་དེ་དག་ཤུལ་མེད་རྩ་གཏོར་དུ་གཏོང་རྒྱུ་རེད། 10གཙོ་བོ་དཀོན་མཆོག་གིས། དེ་དུས་ངས་ཁྱོད་ཚོའི་རྟ་རྣམས་འཕྲོག་ནས་ཤིང་རྟ་རྣམས་སྟོར་བཤིག་གཏོང་རྒྱུ་དང་། 11ཁྱོད་ཚོའི་ཡུལ་གྱི་གྲོང་ཁྱེར་རྣམས་རྩ་སྟོར་བཏང་ཞིང་སྲུང་ཆའི་ཁར་རྫོང་རྣམས་ཀྱང་ཡོངས་སུ་མེད་པར་བཟོ་རྒྱུ་ཡིན་པ་དང་། 12ཁྱོད་ཚོའི་མཐུ་དང་མན་ངག་ཚང་མ་ཚར་གཅོད་རྒྱུ་དང་ལྷ་པ་དང་མོ་པ་ཡོང་བར་མི་འགྱུར། 13དེ་བཞིན་ཁྱོད་ཚོའི་སྐུ་འདྲ་རྣམས་དང་རྡོའི་རྟེན་རྣམས་རྩ་ལག་ཏུ་བཏང་བའི་རྗེས་ལ་ཁྱོད་ཚོ་རང་གིས་བཟོས་པའི་ལྷ་རྟེན་རྣམས་ལ་ནམ་ཡང་བསྙེན་བཀུར་བྱེད་མི་འགྱུར། 14ངས་ཁྱོད་ཚོའི་ཡུལ་དུ་ཡོད་པའི་ལྷ་མོ་ཨ་ཤེ་རཱའི་སྐུ་འདྲ་རྣམས་སྟོར་རློག་བཏང་ཞིང་། ཁྱོད་ཚོའི་གྲོང་ཁྱེར་རྣམས་ཀྱང་རྩ་ལག་ཏུ་གཏོང་རྒྱུ་ཡིན། 15ངའི་བཀའ་ལ་བརྩི་སྲུང་མི་བྱེད་མཁན་མི་རིགས་རྣམས་ལ་ངས་ཁྲོ་བ་ཆེན་པོས་དགྲ་ལེན་འཇལ་རྒྱུ་ཡིན་ཞེས་གསུངས་སོ༎

མི་ཀཱ 6

ཨིསི་རཱཨེལ་པའི་ཐོག་ཏུ་གཙོ་བོ་དཀོན་མཆོག་གི་ཁ་མཆུ།

1ཨིསི་རཱཨེལ་པའི་ཐོག་གཙོ་བོ་དཀོན་མཆོག་གི་ཁ་མཆུ་ལ་ཉོན་ཞིག ཀྱེ། གཙོ་བོ་དཀོན་མཆོག་ད་ཡར་བཞེངས་ནས་ཉིད་ཀྱི་ཁ་མཆུ་དེ་བཀའ་གནང་བར་མཛོད། རི་བོ་དང་རི་ཕྲན་རྣམས་ཀྱིས་ཁྱེད་ཀྱི་གསུང་དེ་ཐོས་བཅུག་ཅིག 2ཀྱེ། རི་བོ་རྣམས་དང་ཁྱོད་གཏན་དུ་གནས་པའི་ས་གཞིའི་རྨང་རྣམས་གཙོ་བོ་དཀོན་མཆོག་གི་ཁ་མཆུ་ལ་ཉོན་ཞིག ཁོང་གི་ཉིད་ཀྱི་མི་འབངས་རྣམས་ཀྱི་ཐོག་ཏུ་ཁ་མཆུ་ཞིག་ཡོད། ཨིསི་རཱཨེལ་ཐོག་ཏུ་ཁོང་གིས་སྐྱོན་བརྗོད་གནང་བར་འགྱུར། 3གཙོ་བོ་དཀོན་མཆོག་གིས། ཀྱེ་ངའི་མི་འབངས་རྣམས། ངས་ཁྱོད་ཚོ་ལ་གནོད་འཚེ་ཇི་བྱས་དང་ཁྱོད་ཚོའི་དོན་དུ་ང་དཀའ་ངལ་ཞིག་ཏུ་འགྱུར་ཡོད་པ་ཡིན་ན། ཁྱོད་ཚོས་ང་ལ་དེ་བཞིན་ལན་འདེབས་བྱོས་ཤིག། 4མོ་ཤེ་དང་ཨ་རོན་དང་མིར་ཡམ་བཅས་ཀྱི་འགོ་འཁྲིད་འོག་ཏུ་ངས་ཁྱོད་ཚོ་ཨི་ཇིབ་ནས་བཏོན་ཏེ་བྲན་འཁོལ་ལས་ཐར་བར་བྱས་པ་ཡིན། 5ཀྱེ། ངའི་མི་འབངས་རྣམས། སྔར་མོ་ཨབ་ཀྱི་རྒྱལ་པོ་བ་ལག་གིས་ཁྱོད་ཚོའི་ཐོག་ཏུ་འཆར་གཞི་གང་བྱས་པ་དང་། དེ་བཞིན་བྷི་ཨོར་གྱི་བུ་བ་ལམ་གྱིས་ལན་འདེབས་གང་བྱས་པའི་སྐོར་ལ་དྲན་གསོ་བྱོས་ཤིག་དང་། ཨ་ཀ་སི་ཡ་སྒར་ས་ནས། གྷིལ་གཱལ་གྱི་ལམ་བར་ན་གནས་ཚུལ་གང་བྱུང་བ་བཅས་དྲན་གསོ་བྱས་ན། ངས་ཁྱོད་ཚོ་སྐྱབས་པའི་ཆེད་དུ་ཐབས་ཤེས་གང་བྱས་པ་དེ་ཁྱོད་ཚོས་ཤེས་རྟོགས་བྱེད་ཐུབ་ཡོང་༎

གཙོ་བོ་དཀོན་མཆོག་གང་ལ་ཐུགས་མཉེས་པ།

6མཐོ་རིས་ཀྱི་དཀོན་མཆོག་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུ་བར་བཅར་སྐབས་ངས་ཁོང་ལ་འབུལ་བ་གང་འབུལ་དགོས་སམ། བེའུ་ཚང་མ་ལས་སྤུས་ལེགས་དག་ཁོང་ལ་དམར་མཆོད་ཀྱི་སྦྱིན་སྲེག་ཏུ་འབུལ་དགོས་སམ། 7ར་ལུག་སྟོང་ཕྲག་མང་པོ་དང་། གཙང་པོའི་ཆུ་རྒྱུན་བཞིན་དུ་སྐྱུ་རུའི་སྣུམ་རྒྱུན་ཆད་མེད་པར་འབུལ་བ་དང་། རང་གི་ཉེས་པའི་སྡིག་བཤགས་སུ་ངའི་ཕྲུ་གུ་སྔོན་སྐྱེས་དེ་ཁོང་ལ་འབུལ་ན་ཐུགས་མཉེས་སམ། 8དེ་ལྟར་མ་ཡིན། གཙོ་བོ་དཀོན་མཆོག་གིས་ང་ཚོར་བཟང་པོ་གང་ཡིན་པ་དེའི་སྐོར་སློབ་སྟོན་གནང་ཟིན་ཅིང་། ཁོང་གི་ཐུགས་དགོངས་བཞིན་དུ་ང་ཚོས་སྤྱོད་ལམ་དྲང་ཞིང་རྒྱུན་དུ་བྱམས་སེམས་བྱེད་དགོས་པ་དང་། ང་ཚོའི་དཀོན་མཆོག་དང་མཉམ་དུ་ཉམས་ཆུང་གི་ཚུལ་དུ་འགྲུལ་དགོས་པ་ཡིན་ནོ། 9གཙོ་བོ་དཀོན་མཆོག་ལ་འཇིགས་རྒྱུ་དེ་ནི་ཤེས་རབ་ཅན་ཞིག་ཡིན་ནོ། གྲོང་ཁྱེར་ལ་འདུ་ཚོགས་བྱས་པའི་ཡུལ་མི་རྣམས་ཁོང་གིས་བོས་པའི་གསུང་ལ་ཉོན་ཞིག 10མི་ངན་རྣམས་ཀྱི་ཁང་ཁྱིམ་དུ་དྲང་བདེན་མེད་བའི་ཐོག་ནས་ཐོབ་པའིརྒྱུ་དངོས་རྣམས་ཡོད་དོ། ཁོ་ཚོས་འབོ་དང་རྒྱ་མར་རྫུན་མར་བེད་སྤྱོད་བཏང་གི་ཡོད་པས་ངས་དེ་ལ་སྡང་བ་བྱེད་ཀྱིས་ཡོད། 11སྲང་དང་ཉག་རྡོ་བརྫུན་མར་བེད་སྤྱོད་གཏོང་མཁན་རྣམས་ལ་ངས་མནོང་མེད་དུ་རྩིས་སྲིད་དམ། 12ཁྱོད་ཚོ་ཕྱུག་པོ་རྣམས་ཀྱིས་སོ་སོའི་ཁེ་ཕན་ཁོ་ནའི་དོན་དུ་དབུལ་ཕོངས་རྣམས་ལ་བེད་སྤྱོད་ལོག་པ་བཏང་ཞིང་། ཁྱོད་ཚོ་ཚང་མ་རྫུན་དང་ཕྲ་མ་ཅན་ཡིན་ནོ། 13ཁྱོད་ཚོའི་ཉེས་སྡིག་རྐྱེན་གྱིས་ངས་ཁྱོད་ཚོ་ལ་འཇིག་པར་བྱེད་པའི་འགོ་བཙུགས་ཚར་ཡོད། 14ཁྱོད་ཚོས་ཁ་ཟས་ཇི་ཙམ་བཟས་ནའང་མི་འགྲང་ཞིང་ལྟོགས་པར་ལུས་རྒྱུ་ཡིན་པ་དང་། ཁྱོད་ཚོས་རྒྱུ་དངོས་མང་པོ་འཁྱེར་ཡོང་ནའང་དེ་དག་གསོག་འཇོག་བྱེད་མི་ཐུབ་ཅིང་། གལ་ཏེ་གསོག་འཇོག་བྱེད་ཐུབ་པ་ཡིན་ནའང་ངས་དེ་དག་དམག་འཐབ་ཀྱི་སྒོ་ནས་མེད་པ་བཟོ་རྒྱུ་ཡིན། 15ཁྱོད་ཚོས་ས་བོན་བཏབ་རུང་སྟོན་ཐོག་བསྡུ་རྒྱུ་མི་ཡོང་། སྐྱུ་རུའི་འབྲས་བུ་ནས་སྣུམ་བཙིར་རུང་དེ་དག་བེད་སྤྱོད་བཏང་མི་ཐུབ་ཅིང་། དེ་བཞིན་རྒུན་ཆང་བཟོས་ཀྱང་ནམ་ཡང་འཐུང་བའི་ལོང་ཐོབ་མི་ཡོང་། 16ཁྱོད་ཚོའི་ཐོག་ཏུ་རྐྱེན་ངན་དེ་འདྲ་ཡོང་དགོས་པ་དེ་ནི་ཁྱོད་ཚོས་རྒྱལ་པོ་ཨོམ་རི་དང་དེའི་བུ་རྒྱལ་པོ་ཨ་ཧབ་གཉིས་ཀྱི་ལུགས་སྲོལ་ངན་པའི་རྗེས་སུ་འབྲངས་ཤིང་། དེ་དག་མུ་མཐུད་ནས་ལག་ལེན་བསྟར་བ་ཡིན་པས། ངས་ཁྱོད་ཆོ་འཇིག་པར་བྱེད་རྒྱུ་ཡིན་པ་དང་། ཁྱོད་ཚོར་མཐོང་མཁན་མི་རྣམས་ཀྱིས་ཁྱོད་ཚོར་འཕྱ་ཞིང་སྡང་བར་བྱེད་རྒྱུ་ཡིན་ནོ་ཞེས་གསུངས་སོ༎

མི་ཀཱ 7

ཨིསི་རཱཨེལ་པ་ཚོས་ཚུལ་མིན་སྤྱོད་ལོག་བྱས་པ།

1ཨ་ཁ་ཁ། རེ་ཐབས་བྲལ་བའི་གནས་ཚུལ་སྐྱོ་པོ་འདི་འདྲ་གང་ཡིན་ནམ། ང་ནི་མི་ལྟོགས་པ་ཞིག་གིས་ཤིང་འབྲས་མེད་པའི་སྡོང་པོར་འབྲས་བུ་འཚོལ་བ་དང་། རྒུན་འབྲུམ་མེད་པའི་རྒུན་ཚལ་དུ་རྒུན་འབྲུམ་འཚོལ་མཁན་ཞིག་དང་མཚུངས་ཤིང་། ཡང་རྒུན་འབྲུམ་དང་སེ་ཡབ་ལ་སོགས་པའི་ཤིང་འབྲས་རོ་བཅུད་ལྡན་པ་ཚང་མ་བསྡུ་སྒྲུག་བྱས་ཟིན་ཡོད་པ་རེད། 2ཡུལ་གྱི་ནང་དུ་མི་དྲང་བདེན་གཅིག་ཀྱང་ལུས་མེད་ཅིང་། དཀོན་མཆོག་ལ་དམ་ཚིག་ཞུས་མཁན་གཅིག་ཀྱང་མེད། མི་ཚང་མས་སྲོག་གཅོད་བྱེད་ཕྱིར་གོ་སྐབས་སྒུག་ནས་བསྡད་ཀྱི་ཡོད་པ་དང་། རང་གི་སྤུན་རྣམས་ལ་རྙིད་ནང་འཛུགས་པ་དང་། 3དེ་ཚོ་ལས་ངན་བྱེད་པར་མཁས་ཤིང་། ཁྲིམས་དཔོན་དང་ལས་བྱེད་པ་ཚོས་ལྐོག་རྔན་ལེན་པ་དང་། མི་གཙོ་དྲག་ཚོས་གཞུང་ཞབས་པ་རྣམས་དང་ངན་པ་ལག་འབྲེལ་བྱས་ཏེ་རང་གི་འདོད་མོས་བཞིན་དུ་ངན་བྱུས་བརྩམས་ཀྱི་ཡོད་པ་རེད། 4དེ་ཚོའི་ནང་ནས་དྲང་ཞིང་བཟང་ཤོས་དེའང་རྩྭ་ངན་དང་འདྲ་བར་ཕན་ཐོག་མེད་པ་ཤ་སྟག་ཡོད་པ་ཡིན་ནོ། སྔར་དཀོན་མཆོག་གིས་ལུང་སྟོན་པ་ཁོང་ཚོའི་སྲུང་ཆ་བ་བརྒྱུད་ནས་མི་མང་ལ་ཟོན་བརྡ་གནང་བ་ལྟར། ད་ཁོ་ཚོར་ཉེས་ཆད་གནང་བའི་དུས་ཚོད་རན་པས། ད་ཁོ་ཚོ་མགོ་འཐོམས་ནས་བསྡད་ཡོད་པ་རེད། 5ཁྱོད་ཚོས་རང་གི་ཁྱིམ་མཚེས་ལ་ཡིད་ཆེས་དང་མཛའ་གྲོགས་ལ་བློ་གཏད་སོགས་མ་བྱེད་ཅིག དེ་ཙམ་མ་ཟད་རང་གི་ཆུང་མ་ལའང་གཏམ་གླེང་བྱེད་སྐབས་ཟོན་བྱེད་དགོས། 6དུས་ཚོད་དེ་ཚོའི་སྐབས་དེར་བུས་རང་གི་ཕ་ལ་གླེན་པ་ལྟར་བྱེད་ཅིང་། བུ་མོས་རང་གི་མ་དང་མནའ་མས་གྱོས་མོར་རྒོལ་ཞིང་འཁྲུགས་རྩོད་བྱེད་པས། དེ་དུས་མིའི་དགྲ་བོ་ནི་རང་གི་ནང་མིའི་ཁོངས་ནས་འབྱུང་བར་འགྱུར། 7འོན་ཀྱང་ང་ནི་གཙོ་བོ་དཀོན་མཆོག་གི་འགྲུལ་ལམ་བལྟ་ཞིང་བསྡད་པས། ང་བློ་གདེངས་ཆེན་པོས་དཀོན་མཆོག་གི་རེ་བ་བྱེད་རྒྱུ་ཡིན་པ་དང་། ཁོང་གི་ང་ལ་སྐྱབས་གནང་བ་དང་། ངའི་དཀོན་མཆོག་གིས་ངའི་ཞུ་བར་གསན་པར་གནང་གི་རེད༎

གཙོ་བོ་དཀོན་མཆོག་གིས་ཐར་ལམ་བསྣམས་ཕེབས་པ།

8དགྲ་བོ་རྣམས་ཀྱིས་ང་ཚོར་འཕྱ་དགོས་དོན་གང་ཡང་མེད། ང་ཚོ་ད་ལྟ་མར་འགྱེལ་ཡོད་རུང་སླར་ཡང་ཡར་ལངས་ངེས་ཤིང་། མུན་པའི་ནང་དུ་ཡོད་ན་ཡང་གཙོ་བོ་དཀོན་མཆོག་གིས་ང་ཚོར་འོད་གནང་བར་འགྱུར། 9ང་ཚོས་ཁོང་གི་སྤྱན་སྔར་སྡིག་པ་བྱས་པ་ཡིན་པས། དེར་བརྟེན་ང་ཚོས་གནས་སྐབས་རིང་དུ་ཁོང་གི་ཐུགས་ཁྲོར་བཟོད་སྲན་བྱེད་དགོས་ཀྱང་། མཐར་ཁོང་གིས་ང་ཚོར་སྐྱབས་གནང་ཞིང་། ང་ཚོའི་ཐོག་ཏུ་བྱེད་པའི་མནར་གཅོད་རྣམས་ལ་ཁྲིམས་གཅོད་གནང་ངོ་། ཁོང་གིས་ང་ཚོ་ཕྱིར་འོད་ཀྱི་ནང་དུ་བཏོན་ཏེ་སྐྱབས་པ་ང་ཚོས་མཐོང་བར་འགྱུར། 10དེ་མཐོང་ནས་ཁྱོད་ཚོའི་གཙོ་བོ་དཀོན་མཆོག་ག་རུ་ཡོད་ཅེས་བཀུར་བ་འདེབས་ཤིང་འཕྱ་གཏམ་བརྗོད་མཁན་ང་ཚོའི་དགྲ་བོ་རྣམས་ཤིན་ཏུ་ངོ་ཚ་དགོས་བྱུང་བ་དང་། དེ་དག་འཕམ་ནས་སྲང་ལམ་བར་གྱི་འདམ་རྫབ་བཞིན་དུ་དེ་ཚོར་རྐང་བརྫིས་བཏང་བ་ང་ཚོས་མཐོང་བར་འགྱུར། 11ཀྱེ། ཡེ་རུ་ཤ་ལེམ་གྱི་ཡུལ་མི་རྣམས། ཁྱོད་ཚོའི་གྲོང་ཁྱེར་གྱི་ལྕགས་རི་དེ་སྐྱར་རྩིགས་བྱེད་རན་ཡོད། དེ་དུས་ཁྱོད་ཚོའི་ཡུལ་གྱི་ས་མཚམས་དེ་རྒྱ་ཆེ་རུ་འགྲོ་རྒྱུ་ཡིན་པས། 12ཁྱོད་ཀྱི་ཡུལ་མི་རྣམས་ནི་ཤར་དུ་ཨ་སུར་དང་། ལྷོ་ཕྱོགས་སུ་ཨི་ཇིབ་དང་། ཡུབ་རད་གཙང་པོའི་ཁུལ་གྱི་ས་གནས་ཁག་དང་། གཞན་ཡང་ཡུལ་ཐག་རིང་ཁུལ་གྱི་རྒྱ་མཚོ་དང་རི་བོ་མཐའ་དག་ཀུན་ནས་ཁྱོད་ཀྱི་རྩར་ཕྱིར་ལོག་བྱེད་རྒྱུ་ཡིན་མོད། 13འོན་ཀྱང་ས་གཞིར་གནས་པའི་མི་རྣམས་ཀྱི་བྱ་སྤྱོད་ངན་པའི་རྐྱེན་གྱིས་ས་གཞི་ཡོངས་རྫོགས་འབྲོག་སྟོང་དུ་འགྱུར་ངེས་སོ༎

གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་ལ་སྙིང་རྗེ་ཆེན་པོ་གནང་བ།

14ཀྱེ། གཙོ་བོ་དཀོན་མཆོག། ཉིད་ཀྱིས་འདམས་གནང་བའི་མི་བརྒྱུད་དེ་ལ་རྫི་བོ་ལྟ་བུ་གནང་བར་མཛོད། ཁོ་ཚོ་འབྲོག་སྟོང་ཁུལ་དུ་གནས་སྡོད་བྱས་ནའང་། དེའི་ཉེ་འཁོར་དུ་ས་ལུད་འཛོམས་པོ་དག་ཡོད་པས། སྔར་བྷ་ཤཱན་དང་གྷིལ་ཨད་ཡུལ་གྱི་རྩྭ་ཁ་བཟང་པོའི་ཁུལ་དུ་འཚོ་བ་བཞིན་སླར་ཡང་ས་ཁུལ་དེ་དག་ལ་འཚོ་རུ་འཇུག་རོགས་གནང་། 15ཀྱེ། གཙོ་བོ་དཀོན་མཆོག། སྔར་ཁྱེད་ཀྱིས་ངེད་རྣམས་ཨི་ཇིབ་ནས་བཏོན་ཏེ་འཁྲིད་ཕེབས་སྐབས། ཉིད་ཀྱི་ངོ་མཚར་ཆེ་བའི་ལྟས་མཛད་པ་ལྟར། ད་དུང་ཡང་ང་ཚོའི་ཆེད་དུ་དེ་བཞིན་མཛད་རོགས་གནང་། 16རྒྱལ་ཁབ་ཚོས་དེ་དག་མཐོང་ནས་སྟོབས་ཤུགས་ཉམས་ཤིང་། དངངས་སྐྲག་ཆེན་པོས་ཁ་དང་རྣ་བ་བཀབ་བོ། 17རང་རང་སོ་སོའི་མཁར་རྫོང་ནས་འཐོན་པ་དང་འདར་ཞིང་འཇིག་ནས་སྦྲུལ་བཞིན་དུ་རྡུལ་གྱི་ནང་འགྲུལ་བར་འགྱུར། འཇིགས་སྣང་ཆེན་པོས་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་ཕྱིར་ལོག་ཡོང་བར་འགྱུར། 18ཀྱེ། གཙོ་བོ་དཀོན་མཆོག། ཁྱེད་འདྲ་བའི་དཀོན་མཆོག་གཞན་སུ་ཡང་མེད། གསོན་པོར་ལུས་པའི་ཉིད་ཀྱི་མི་འབངས་རྣམས་ལ་ཁྱེད་ཀྱིས་སྡིག་སེལ་གནང་ཞིང་། ཁྱེད་ནི་དུས་གཏན་དུ་ཐུགས་མི་ཁྲོ་བར། རྒྱུན་དུ་ཐུགས་བརྩེ་གནང་བར་མཉེས་སོ། 19ཡང་ཁྱེད་ནི་ང་ཚོའི་ཐོག་ཏུ་སྙིང་རྗེས་གཟིགས་ཤིང་། ང་ཚོའི་ཉེས་སྡིག་ཚང་མ་ཞབས་འོག་ཏུ་མནན་ཏེ། དེ་དག་རྒྱ་མཚོའི་གཏིང་དུ་བསྐྱུར་བར་མཛད་ཅིང་། 20སྔར་ཁྱེད་ཀྱིས་ང་ཚོའི་མེས་པོ་རྣམས་ལ་ཞལ་བཞེས་གནང་བ་བཞིན། ཉིད་ཀྱི་མི་འབངས་ཨབ་ར་ཧམ་དང་ཡ་ཀོབ་ཀྱི་མི་བརྒྱུད་རྣམས་ལ་དམ་ཚིག་དང་ལྡན་ཞིང་དེ་ཚོར་རྒྱུན་དུ་ཐུགས་བརྩེ་སྟོན་གནང་ཡོང་།།

ན་ཧུམ 1

1ཨེལ་ཀོཤ་དུ་སྡོད་མི་ན་ཧུམ་གྱིས་མཐོང་བའི་ཞལ་གཟིགས་ཀྱི་ཚུལ་དུ་གྲོང་ཁྱེར་ནི་ན་ཝཱེའི་སྐོར་ལ་འཕྲིན་འདི་ཡིན་ནོ།

ནི་ན་ཝཱེའི་ཐོག་ཏུ་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ།

2དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཁ་གཏད་རྣམས་ལ་ཐུགས་བཟོད་མི་གནང་བ་དང་། ཁོང་ལ་རྒོལ་མཁན་རྣམས་ལ་ཉེས་ཆད་གནང་ངོ་། ཁོང་གི་ཐུགས་ཁྲོའི་ངང་དེ་ཚོ་ལ་དགྲ་ལེན་གནང་ངོ་། 3གཙོ་བོ་དཀོན་མཆོག་ནི་ཐུགས་ཁྲོ་བར་ངང་རིང་བ་དང་། ཁོང་ནི་མཐུ་སྟོབས་ཆེ་ཞིང་། ཉེས་སྐྱོན་རྣམས་ནི་སྐྱོན་མེད་དུ་རྩིས་བ་མི་གནང་ངོ་། གཙོ་བོ་དཀོན་མཆོག་གི་ཞབས་ཆགས་སར་རླུང་འཚུབ་ལངས་བ་དང་། ནམ་མཁའི་སྤྲིན་རྣམས་ནི་ཁོང་གི་ཞབས་ཀྱིས་སླངས་པའི་རྡུལ་ལས་བྱུང་བ་ཡིན་ནོ། 4ཁོང་གི་བཀའ་གནང་བ་ཙམ་གྱིས་རྒྱ་མཚོ་དང་གཙང་པོ་རྣམས་སྐམ་ཞིང་། བྷ་ཤཱན་ཡུལ་གྱི་སྤང་རྣམས་ཀྱང་སྐམ་པ་དང་། རི་བོ་ཀར་མེལ་སྟོངས་པར་འགྱུར་བ་དང་། ལེ་བ་ནོན་ཡུལ་གྱི་མེ་ཏོག་རྣམས་ཀྱང་རྙིད་པར་འགྱུར། 5གཙོ་བོ་དཀོན་མཆོག་གི་སྤྱན་སྔར་རི་བོ་རྣམས་འགུལ་ཏེ་རི་ཕྲན་རྣམས་བཞུར་བ་དང་། ས་གཞི་ཡོངས་རྫོགས་གཡོ་ཞིང་། དེའི་ནང་དུ་གནས་བའི་མི་དང་བཅས་པ་ཐམས་ཅད་འཇིགས་ཤིང་འདར་རོ། 6ཁོང་གི་ཐུགས་ཁྲོའི་མདུན་དུ་གསོན་པོར་སུ་ཞིག་གནས་ཐུབ་བམ། ཁོང་གི་ཐུགས་ཁྲོ་དྲག་པོ་དེ་ལ་སུས་གདོང་ལེན་བྱེད་ཐུབ་བམ། ཁོང་གི་ཐུགས་ཁྲོ་མེ་ལྕེ་འབར་བ་ལྟ་བུའི་མདུན་དུ་བྲག་རི་རྣམས་མར་བསྒྲིལ་ནས་དུམ་བུར་ཆག་པར་འགྱུར། 7གཙོ་བོ་དཀོན་མཆོག་ནི་བཟང་བས། དཀའ་ངལ་གྱི་དུས་སུ་ཉིད་ཀྱི་མི་མང་རྣམས་ལ་སྲུང་སྐྱོབ་མཛད་ཅིང་། ཁོང་གི་ཕྱོགས་སུ་བློ་ཁ་བགྱུར་མཁན་རྣམས་ལ་ཉིད་ཀྱི་གཅེས་སྐྱོང་མཛད་དོ། 8ཁོང་གི་དགྲ་བོ་ཡོངས་རྫོགས་ཆུ་ལོག་དྲག་པོ་བཞིན་ཁོང་གིས་ཚར་གཅོད་གནང་བར་འགྱུར། ཁོང་ལ་རྒོལ་མཁན་རྣམས་ལ་འཆི་བར་གཏོང་བར་འགྱུར། 9ཁྱོད་ཀྱིས་གཙོ་བོ་དཀོན་མཆོག་ལ་རྒོལ་བར་ཅིའི་ཕྱིར་བྱུས་ངན་རྩོམ་གྱི་ཡོད་དམ། ཁོང་གིས་ཁྱོད་ལ་ཡོངས་སུ་འཇིག་པར་མཛད་དེ། སུས་ཀྱང་ཁོང་ལ་ལན་ཐེངས་གཉིས་པར་རྒོལ་ཐབས་བྱེད་མི་ནུས། 10ཁྱོད་ཚོ་མདུད་པ་ཐེབས་པའི་ཚེར་ཤིང་དང་སོག་མ་སྐམ་པོ་བཞིན་ཁྱོད་ཚོ་ར་བཟི་པ་ཚོ་མེར་བསྲེག་གཏོང་རྒྱུ་ཡིན་ནོ། 11ཀྱེ་ནི་ན་ཝཱེ་ཁྱོད་ལས་བྱུས་ངན་གྱི་ཁེངས་པའི་མི་ཞིག་ཁྱོད་ནས་ཐོན་ཏེ་གཙོ་བོ་དཀོན་མཆོག་གི་ཐོག་ཏུ་རྒོལ་བར་བརྩམས་སོ༎ 12གཙོ་བོ་དཀོན་མཆོག་ཉིད་ཀྱི་མི་མང་ཨིསི་རཱཨེལ་པ་རྣམས་ལ་གསུངས་པ། ཨ་སུར་པ་རྣམས་སྟོབས་ཆེ་ཞིང་ཁ་གྲངས་མང་རུ་སོང་ཡོད་ནའང་དེ་ཚོ་ཚང་མ་འཇིག་ནས་ཚར་གཅོད་པར་འགྱུར། ཀྱེ་ངའི་མི་མང་ངས་ཁྱོད་ཚོ་ལ་གནོད་འཚེ་ཡོང་བཅུག་རུང་། ད་ངས་དེ་བཞིན་མི་བྱེད་དོ། 13ཁྱོད་ཚོའི་ཐོག་ཏུ་ཨ་སུར་གྱིས་དབང་འཛིན་བྱེད་རྒྱུ་དེ་ངས་མཚམས་འཇོག་བྱེད་བཅུག་ཅིང་། ཁྱོད་ཚོ་བཅིངས་པའི་ལྕགས་ཐག་རྣམས་ཡོངས་སུ་བཅག་རྒྱུ་ཡིན་ནོ། 14ཨ་སུར་པ་ཚོའི་སྐོར་ལའང་གཙོ་བོ་དཀོན་མཆོག་གིས་བཀའ་གནང་གསལ། ཁོང་ཚོའི་མི་རབས་ཆད་དེ་མིང་ཤུལ་ཙམ་ཡང་མི་ལུས་པ་དང་། ངས་ཁོང་ཚོའི་ལྷ་ཁང་ནང་ཡོད་པའི་ལྷ་རྟེན་རྣམས་རྩ་ལག་ཏུ་གཏོང་རྒྱུ་དང་། ཨ་སུར་པ་རྣམས་གསོན་པོར་གནས་འོས་པ་མ་ཡིན་པས། ངས་ཁོང་ཚོའི་ཆེད་དུ་དུར་ཁང་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་དོ། 15ལྟོས་དང་། རི་བརྒྱུད་ཁུལ་དུ་འཕྲིན་བཟང་སྒྲོག་པའི་བང་ཆེན་ཞིག་ཕེབས་བཞིན་ཡོད། ཁོང་གི་རྒྱལ་ཁ་ཆེན་པོའི་ཞི་བདེའི་འཕྲིན་བཟང་འཁྱེར་ཡོང་བཞིན་ཡོད་དོ། ཀྱེ་ཡ་ཧུ་དཱའི་མི་རྣམས། ཁྱོད་ཚོས་དུས་སྟོན་སྲུང་སྟེ། སྔར་ཁྱོད་ཚོས་དཀོན་མཆོག་ལ་དམ་བཅའ་ཕུལ་བ་ཚང་མ་སྒྲུབ་པར་བྱོས་ཤིག ད་མི་ངན་ཡོངས་རྫོགས་ཚར་གཅོད་བཏང་ཟིན་པས། དེ་ཚོས་ཁྱོད་ཚོའི་ཡུལ་དུ་ནམ་ཡང་དབང་འཛིན་བྱེད་མི་ཡོང་༎

ན་ཧུམ 2

ནི་ན་ཝཱེ་ལ་ཉམས་གུད་བྱུང་བ།

1ཀྱེ་ནི་ན་ཝཱེ། ཁྱོད་ལ་སྟོར་ཞིག་ཏུ་གཏོང་བའི་དགྲ་བོའི་དམག་དཔུང་བསླེབས་ཡོད་པས། དམག་ཤུགས་ཆེ་རུ་གཏོང་ཞིང་། ལམ་ལ་སྲུང་ཆ་སོགས་བཞག་སྟེ། དམག་གི་གྲ་སྒྲིག་བྱོས་ཤིག། 2དགྲ་བོ་རྣམས་ཀྱིས་ཨིསི་རཱཨེལ་པ་ལ་འཕྲོག་བཅོམ་བྱེད་པའི་སྔོན་གྱི་དེའི་གཟི་བརྗིད་བཞིན་གཙོ་བོ་དཀོན་མཆོག་གིས་སྐྱར་གསོ་གནང་གྲབ་ཡོད་པ་དང་། 3དགྲ་བོའི་དམག་མི་རྣམས་ཀྱིས་ཕུབ་དམར་པོ་འཁྱེར་ཞིང་། དམག་ཆས་མཚལ་ཁ་གྱོན་ཏེ་དམག་གྲ་སྒྲིག་པ་དང་། དེ་ཚོའི་ཤིང་རྟ་རྣམས་ནི་མེ་ལྟར་མདངས་འཕྲོ་བ་དང་། དེ་ཚོའི་རྟ་རྣམས་བང་འགྲོས་རྒྱབ་ཕྱིར་སྒུག་ནས་བསྡད་དོ། 4ཤིང་རྟ་རྣམས་ལམ་དུ་ཤུགས་ཆེར་བཏང་ཞིང། གྲོང་ཁྱེར་གྱི་ཁྱམས་རར་ཕར་ཚུར་རྒྱུགས་ཤིང་། དེ་ཚོ་སྤ་འབར་དང་འདྲ་བ་འོད་འཕྲོག་པ་དང་། གློག་འཁྱུགས་པ་ལྟར་རྒྱུག་གོ། 5དམག་དཔོན་རྣམས་བོས་ནས་དེ་ཚོ་མདུན་སྐྱོད་བྱེད་སྐབས་འཁྱོར་ནས་འགེལ་ལོ། ཕར་རྒོལ་པ་རྣམས་བྲེལ་ཟིང་ཆེན་པོས་ལྕགས་རིའི་ཕྱོགས་སུ་རྒྱུགས་ཤིང་། སྲུང་སྐྱོབ་ཆེད་དུ་ཕུབ་ཆེན་གྲ་སྒྲིག་བྱེད་དོ། 6གཙང་པོའི་ངོས་སུ་ཡོད་པའི་རྒྱལ་སྒོ་རྣམས་ཕྱེས་ཏེ་ཕོ་བྲང་འཇིག་སྐྲག་གིས་ཁེངས་སོ། 7རྒྱལ་མོ་དེའང་བཙོན་བཟུང་བྱས་པས། ཞལ་ལྟ་མ་རྣམས་མྱ་ངན་གྱིས་བྲང་རྡུང་ཞིང་། ཕུག་རོན་གྱི་སྐད་བཞིན་སྨྲེ་ངག་འདོན་ནོ། 8རྡོལ་བའི་ཆུ་རགས་ནང་ནས་ཆུ་ནི་ཐོན་པ་བཞིན། ནི་ན་ཝཱེ་ནས་མི་རྣམས་བྲེལ་ཚུབ་ཀྱིས་ཕྱིར་ཐོན་བྱས། དེ་རྣམས་ལ་མ་འགྲོ་མ་འགྲོ་ཞེས་བཀག་ཐབས་བྱས་ཀྱང་། སུ་ཡང་ཕྱིར་ལོག་མ་བྱས་སོ། 9གྲོང་ཁྱེར་དེའི་ནང་དུ་ནོར་གྱི་བང་མཛོད་ཆེན་པོ་ཞིག་འདུག་པས། དེའི་གསེར་དང་དངུལ་ལ་འཕྲོག་བཅོམ་བྱོས་ཤིག། 10གྲོང་ཁྱེར་ནི་ན་ཝཱེ་ནི་འཇིག་པས་སྟོངས་ཤིང་ལུང་སྟོང་དུ་འགྱུར། མི་རྣམས་སྟོབས་ཉམས་ཤིང་ཞེད་སྣང་ཆེན་པོས་སྤུས་མོ་འདར་ཏེ། ངོ་གདོང་སེར་པོར་འགྱུར་རོ། 11སྔར་སེང་གེའི་ཚང་དང་འདྲ་བའི་གྲོང་ཁྱེར་དེ་ད་ལྟ་གང་དུ་ཡོད་དམ། སེང་གེ་ཕོ་མོ་སེང་ཕྲུག་དང་བཅས་པ་དཀྲོག་མཁན་མེད་པར་ཞི་བདེའི་ངང་དུ་གནས་ཀྱི་ཡོད་པའི་སེང་གེའི་ཚང་ལྟར་གྲོང་ཁྱེར་དེ་ད་ལྟ་གང་དུ་ཡོད་དམ། 12སེང་གེས་སེང་མོ་དང་སེང་ཕྲུག་གི་དོན་དུ་རི་དགས་བསད་དེ་དེར་ཤས་བཀང་གི་ཡོད་པ་རེད། 13ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས། ང་ནི་ཁྱོད་ཚོའི་དགྲ་བོ་ཡིན་པས། ཁྱོད་ཚོའི་ཤིང་རྟ་རྣམས་མེར་སྲེག་བཏང་ནས། ཁྱོད་ཚོའི་དམག་མི་རྣམས་དམག་གི་སྐབས་སུ་བསད་ཅིང་། ཁྱོད་ཚོས་གཞན་ནས་འཕྲོག་བཅོམ་བྱས་པའི་དངོས་པོ་ཚང་མ་ངས་ཚུར་ལེན་རྒྱུ་ཡིན་པ་དང་། ཁྱོད་ཚོའི་སྐུ་ཚབ་ཀྱི་དགོས་འདོད་དེ་སླད་ཕྱིན་གསན་པར་མི་འགྱུར༎

ན་ཧུམ 3

1བརྫུན་དང་སྲོག་གཅོད་བྱས་ཤིང་། འཕྲོག་བཅོམ་བྱས་པའི་ནོར་གྱིས་གང་བའི་གྲོང་ཁྱེར་ཁྱོད་བཀྲ་མི་ཤིས། 2རྟ་ལྕག་གི་བརྡུངས་པའི་སྐད་དང་། འཁོར་ལོ་འཁོར་བའི་སྐད་དང་། དེ་བཞིན་རྟ་རྒྱུག་པའི་སྐད་དང་།གཞན་ཡང་ཤིང་རྟ་འཁོར་བའི་སྒྲ་ལ་ཉོན་དང་། 3རྟ་དམག་རྣམས་ཀྱིས་དམག་རྒྱབ་སྐབས་དེ་ཚོའི་རལ་གྲི་དང་མདུང་རྣམས་ཀྱི་འོད་མདངས་འཁྱུག་ཅིང་། གྲངས་ལས་འདས་པའི་མི་རོའི་སྤུངས་ཡོད་སར་རྐང་པ་ཐོགས་ནས་མི་རྣམས་འགྱེལ་ལོ། 4གྲོང་ཁྱེར་ནི་ན་ཝཱེ་ནི་མཛེས་སྡུག་ལྡན་ལ་སླུ་འཁྲིད་མཁན་སྨད་འཚོང་མ་དེས་མི་རིགས་མང་པོའི་ཡིད་དབང་འཕྲོག་སྟེ། མཐར་དེ་ཚོ་རང་དབང་དུ་བསྡུས་པས་དེ་ལ་ཉེས་ཆད་ཕོགས་ངེས་པ་ཡིན་ནོ། 5ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། ཀྱེ་ནི་ན་ཝཱེ་ངས་ཁྱོད་ལ་ཉེས་ཆད་བཏང་ཞིང་། ཁྱོད་ནི་གོས་མེད་གཅེར་བུར་འགྲོ་དགོས་བྱས་ཏེ། མི་རིགས་ཚང་མའི་མདུན་དུ་ཁྱོད་ངོ་ཚའི་ནང་ཚུད་པ་སྟོན་རྒྱུ་ཡིན། 6ངས་ཁྱོད་ལ་དམའ་འབེབས་བྱས་ཏེ། ཁྱོད་ཀྱི་ཐོག་ཏུ་གད་སྙིགས་འཕངས་པ་དང་། མི་ཚང་མས་ཁྱོད་ལ་ཧ་ལས་ཤིང་འཇིག་ནས་ལྟ་བར་འགྱུར། 7ཁྱོད་མཐོང་མ་ཐག་ཏུ་མི་ཚང་མ་ཕྱི་ལོག་རྒྱབ་སྟེ། དེ་ཚོས་ནི་ན་ཝཱེ་ནི་གྱང་གོག་ཏུ་འགྱུར་ཡོད་པས། མོ་ལ་སུས་སྙིང་རྗེ་སྐྱེ་སྟེ་སེམས་གསོ་གཏོང་མཁན་སུ་ཡོད་དམ་ཞེས་བརྗོད་པ་དང་། 8ཀྱེ་ནི་ན་ཝཱེ་ཁྱོད་ཨི་ཇིབ་ཀྱི་རྒྱལ་ས་ཐེ་བེསི་ལས་ལེགས་པ་ཞིག་ཡོད་དམ། གྲོང་ཁྱེར་དེའི་མཐའ་སྐོར་ལ་གཙང་པོ་ན་ཨེལ་ནི་མོའི་སྲུང་སྐྱོབ་ཀྱི་ཕྱིར་ལྕགས་རི་བཞིན་བསྐོར་ཡོད་ཅིང་། 9ཡང་རྒྱལ་ཁབ་དེས་ཨི་ཐི་ཨོ་པི་ཡ་དང་ཨི་ཇིབ་ཡོངས་སུ་སྲིད་སྐྱོང་སྟེ། དེའི་མངའ་ཐང་ནི་ཚད་ལས་བརྒལ་ཞིང་། ལིབ་ཡ་ནི་དེའི་མཐུན་འབྲེལ་རྒྱལ་ཁབ་ཅིག་ཡིན་མོད། 10འོན་ཀྱང་ཐེ་བེསིའི་ཡུལ་མི་རྣམས་ནི་བཙན་བྱོལ་དུ་འཁྲིད་དེ། དེ་ཚོའི་བུ་ཕྲུག་རྣམས་སྲང་ལམ་ཁུལ་དུ་བརྡུངས་ནས་བསད་དོ། ཡང་དེ་ཚོའི་ཡུལ་མི་གཙོ་དྲག་རྣམས་ལྕགས་ཐག་གིས་བཅིངས་ཏེ། དེ་ཚོར་འཛིན་བཟུང་བྱེད་མཁན་ཚོས་དེ་ཚོ་བགོ་ཤ་བརྒྱབ་ནས་འཁྲིད་དོ། 11ཀྱེ་ནི་ན་ཝཱེ་ཁྱོད་ཀྱང་ར་བཟི་བ་བཞིན་བཟི་ནས་རང་གི་དགྲ་བོའི་ལག་ནས་ཐར་ཐབས་བྱེད་རྒྱུ་ཡིན་པ་དང་། 12ཁྱོད་ཀྱི་མཁར་རྫོང་ཐམས་ཅད་འབྲས་བུ་སྨིན་པའི་སེ་ཡབ་ཤིང་སྡོང་རྣམས་དང་མཚུངས་ཏེ། དེ་ཚོ་སྤྲུག་མ་ཐག་ཏུ་འབྲས་བུ་རྣམས་ཐད་ཀར་ཁའི་ནང་དུ་ལྷུང་རྒྱུ་དང་། 13ཁྱོད་ཀྱི་དམག་མི་རྣམས་ནི་བུད་མེད་དང་མཚུངས་པས། དགྲ་བོའི་མདུན་དུ་ཁྱོད་ཀྱི་ཡུལ་དེ་སྲུང་སྐྱོབ་མེད་བར་ལུས་རྒྱུ་ཡིན་པ་དང་། རྒྱལ་སྒོའི་སྒོ་བརྟན་རྣམས་ཀྱང་མེས་འཚིག་རྒྱུ་ཡིན་ནོ། 14ཁྱོད་ལ་དམག་གིས་མཐའ་བསྐོར་རྒྱུ་ཡིན་པས། དེ་དུས་མཁོ་བའི་འཐུང་ཆུ་གྲ་སྒྲིགས་བྱེད་དགོས་པ་དང་། མཁར་རྫོང་རྣམས་བརྟན་པོར་བྱོས་ཤིག། འདམ་རྫིས་ཏེ་ས་བག་བཟོ་རྩིས་བྱོས་ཤིག། ས་བག་བཟོ་ཕྱིར་བླུགས་གྲ་སྒྲིག་བྱོས་ཤིག། 15གང་ལྟར་ཁྱོད་ཀྱིས་ཐབས་ཤེས་གང་བྱས་རུང་ཁྱོད་ནི་མེ་དང་དམག་གིས་ཡོངས་སུ་འཇིག་ངེས་པ་མ་ཟད། ཆ་ག་འབུས་ལོ་ཐོག་ཟས་པ་བཞིན་ཁྱོད་ཚོ་ཚང་མ་རྩ་མེད་དུ་འགྲོ་རྒྱུ་ཡིན་ནོ། ཁྱོད་ཚོ་ཆ་ག་འབུའི་ཚོགས་བཞིན་ཁ་གྲངས་འཕེལ་ཞིང་། 16ཁྱོད་ཚོའི་ཚོང་པ་རྣམས་སྐར་མའི་ཚོགས་ལས་མང་བར་རྒྱས་མོད། འོན་ཀྱང་ཆ་ག་འབུ་འཕུར་ནས་འགྲོ་བ་བཞིན་ད་ལྟ་དེ་ཚོ་ཚང་མ་གཅིག་ཀྱང་མ་ལུས་པར་ཕྱིན་ཡོད་པ་ཡིན་ནོ། 17ཁྱོད་ཀྱི་ལས་བྱེད་པ་ཁག་གི་ཁ་གྲངས་ནི་གནམ་གྲང་མོའི་སྐབས་སུ་རྩིག་པའི་ལོག་ལ་གནས་པའི་ཆ་ག་འབུའི་ཚོགས་དང་འདྲ་སྟེ། ཉི་མ་ཤར་བ་དང་དེ་ཚོ་གར་སོང་ཆ་མེད་དུ་འཕུར་ནས་འགྲོ་བ་དང་མཚུངས་སོ། 18ཀྱེ་ཨ་སུར་གྱི་རྒྱལ་པོ་ཆེན་པོ། ཁྱོད་ཀྱི་སྲིད་ཚབ་རྣམས་དང་ཡུལ་མི་གཙོ་དྲག་ཚང་མ་ཤི་སྟེ། ཁྱོད་ཀྱི་འབངས་རྣམས་རི་བརྒྱུད་ཁུལ་དུ་ཁ་ཐོར་ཞིང་དེ་ཚོ་རང་གནས་སོ་སོར་འཁྲིད་ཡོང་མཁན་སུའང་མེད། 19ཁྱོད་ཀྱི་རྨ་ཁ་གསོ་བའི་ཐབས་ཤེས་གཅིག་ཀྱང་མེད། ཁྱོད་ལ་བྱུས་ཉེས་བྱུང་བའི་སྐོར་གྱི་གནས་ཚུལ་ཐོས་མཁན་ཚང་མས་དགའ་སྣང་ཆེན་པོས་ལག་པ་རྡབ་བོ། གང་ལགས་ཟེར་ན་ཁྱོད་ཀྱི་སྡུག་རྩུབ་དྲག་པོའི་འོག་ནས་ཐར་བའི་མི་སུ་ཞིག་ཡོད་དམ།།

ཧ་བྷ་ཀུག 1

1ལུང་སྟོན་པ་ཧ་བྷ་ཀུག་ལ་འཕྲིན་བྱུང་བ་ལྟར་ལུང་བསྟན་གནང་བ།

ཁྲིམས་མི་དྲང་པའི་སྐོར་ལ་ཧ་བྷ་ཀུག་གིས་སྐྱོན་བརྗོད་བྱས་པ།

2ཀྱེ་གཙོ་བོ་དཀོན་མཆོག། ག་དུས་བར་དུ་སྐྱབས་གྲོགས་ཆེད་དུ་འབོད་བསྐུལ་བྱེད་དགོས་སམ། འོན་ཀྱང་ཁྱེད་ཀྱིས་ངའི་འབོད་བསྐུལ་མ་གསན་པ་དང་། ང་ཚོ་ལ་དུས་ཟིངས་དྲག་པོ་དེ་ལས་ག་དུས་སྐྱབས་གནང་ངམ། 3ང་ལ་འདི་ལྟ་བུའི་ངན་པ་མཐོང་བཅུག་པ་གནང་བ་དེ་གང་ཡིན་ནམ། འདི་ལྟ་བུའི་ཚུལ་མིན་གྱི་ལས་རྣམས་ཁྱེད་ཀྱིས་ཇི་ལྟར་གཟིགས་ཐུབ་བམ། ངའི་མཐའ་འཁོར་བཞི་ལ་འཁྲུགས་ཟིངས་དང་འཇིག་པས་བསྐོར་ཞིང་ཡུལ་གྲུ་ཀུན་ཏུ་འཁྲུགས་རྩོད་ཁོ་ནས་གང་ཡོད་པ་དང་། 4ཡུལ་ཁྲིམས་ཉམས་ཏེ་ཁྲིམས་གཅོད་མི་དྲང་ཞིང་། མི་ངན་ནི་མི་དྲང་བདེན་ལས་མང་བར་འཕེལ་ཡོད། ཁྲིམས་ལ་བེད་སྤྱོད་ལོག་པ་བྱེད་ཀྱི་ཡོད་པ་རེད༎

གཙོ་བོ་དཀོན་མཆོག་གིས་བཀའ་ལན་གནང་བ།

5གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་མི་འབངས་རྣམས་ལ་བཀའ་སྩལ་བ། ཁྱོད་ཚོའི་མཐའ་འཁོར་དུ་ཡོད་པའི་མི་རིགས་རྣམས་ལ་མིག་ལྟོས་ཤིག་དང་། ཁྱོད་ཚོས་མཐོང་བའི་གནས་ཚུལ་དེ་ལ་ཁྱོད་ཚོ་ཧ་ལས་པར་འགྱུར། ངས་གང་བྱེད་རྒྱུ་ཡིན་པ་དེའི་སྐོར་ལ་ཁྱོད་ཚོས་ཐོས་ཀྱང་ཡིད་མ་ཆེས་སོ། 6ངས་བྷེ་བྷི་ལོ་ནི་ཡ་པའི་མི་རིགས་དྲག་པོ་དང་ཚ་གི་ཚི་གི་རྣམས་ལ་སྟོབས་ཤུགས་ཅན་བཟོ་གི་ཡིན། དེ་ཚོ་འཛམ་གླིང་ཀུན་ཏུ་ཕྱིན་ཏེ་གཞན་ཡུལ་དབང་འཛིན་བྱས་ཤིང་། 7མི་གཞན་ལ་དངངས་སྐྲག་དང་ཞེད་སྣང་བསྐུལ་བ་དང་། ང་རྒྱལ་ཆེ་ཞིང་ཁྲིམས་ལ་རྩིས་མེད་བྱེད་མཁན་ཞིག་ཏུ་འགྱུར་བ་དང་། 8དེ་ཚོའི་ཞོན་རྟ་རྣམས་ནི་གཟིག་ལས་མགྱོགས་པ་དང་། ལྟོགས་རྔམ་ཆེ་བའི་སྤྱང་ཀི་རྣམས་ལས་ཀྱང་འཇིགས་རུང་ཆེ་ཞིང་། དེ་ཚོའི་རྟ་དམག་རྣམས་ཐག་རིང་ཡུལ་ནས་ཡོང་སྐབས་བྱ་གླག་ཟས་ཀྱི་ཐོག་ཏུ་མཐོ་གཤོག་རྒྱབ་པ་བཞིན་བློ་བུར་དུ་མཆོངས་ཤིང་རྒྱུགས། 9དེ་ཚོའི་དམག་མི་རྣམས་ནི་དྲག་ཤུལ་ཆེན་པོས་གཞན་ཡུལ་དབང་འཛིན་བྱས་ཤིང་མདུན་དུ་བསྐྱོད་སྐབས་ཡུལ་མི་ཚང་མར་འཇིགས་སྣང་སྐྱེ། དེ་ཚོས་འཛིན་བཟུང་བྱས་པའི་བཙོན་པའི་ཁ་གྲངས་ནི་བྱེ་མའི་ཚོགས་དང་འདྲ་བར་གྲངས་ལས་འདས། 10དེ་ཚོས་རྒྱལ་པོ་རྣམས་ལ་དམའ་བེབས་བྱེད་ཅིང་ལས་བྱེད་པ་ཆེ་ཁག་རྣམས་ལ་འཕྱ་ཞིང་གད། མཁར་རྫོང་གང་འདྲ་ཞིག་གིས་ཀྱང་དེ་ཚོ་བཀག་མི་ཐུབ། སའི་འཛིན་རག་སྤུངས་ནས་མཁར་རྫོང་ལེན། 11དེ་ནས་དེ་ཚོ་རླུང་འཚུབ་བཞིན་མྱུར་བར་ཡོང་ནས་འགྲོ་ཡོང་། དེ་ཚོ་མི་ཉེས་ཅན་ཡིན་པ་དང་། དེ་ཚོས་རང་གི་སྟོབས་ཤུགས་ལ་ལྷ་རྣམས་བརྟེན༎

ཧ་བྷ་ཀུག་གིས་སྐྱར་དུ་གཙོ་བོ་དཀོན་མཆོག་ལ་སྐྱོན་བརྫོད་ཞུ་བ།

12ཀྱེ་གཙོ་བོ་དཀོན་མཆོག། ཁྱེད་ནི་ཐོག་མ་ནས་དཀོན་མཆོག་ལགས་ཤིང་། ཁྱེད་ནི་ངའི་དམ་པ་དང་མཐའ་མེད་པའི་དཀོན་མཆོག་ཡིན། ཀྱེ་ངའི་གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་དང་སྲུང་སྐྱོབ་ཡིན། ཁྱེད་ཀྱི་བྷེ་བྷི་ལོན་པ་རྣམས་ལ་འདེམས་བསྐོས་གནང་སྟེ། ང་ཚོར་ཉེས་ཆད་གཏོང་བའི་ཆེད་དུ་ཁྱེད་ཀྱིས་དེ་རྣམས་ལ་སྟོབས་ཤུགས་ཆེན་པོ་བཟོས་གནང་མོད། 13འོན་ཀྱང་ཁྱེད་ཀྱིས་གཡོ་སྒྱུ་ལྡན་པའི་མི་ངན་འདི་རྣམས་ལ་ཐུགས་བཟོད་ཇི་ལྟར་གནང་ཐུབ་བམ། ཁྱེད་ཀྱི་སྤྱན་ནི་ཤིན་ཏུ་དམ་པ་ཡིན་པས། མི་ངན་སྡིག་སྤྱོད་རྣམས་ལ་གཟིགས་མ་ཐུབ་པ་ཡིན་ནོ། མི་ངན་འདི་ཚོས་རང་ལས་ཆོས་སེམས་ཆེ་བའི་མི་རྣམས་ལ་འཇིག་པ་གཏོང་བཞིན་པར་གཟིགས་ནས། ཁྱེད་ཀྱིས་གང་ཡང་མ་གསུངས་པར་དེ་མུར་བཞུགས་པ་དེ་གང་ཡིན་ནམ། 14མི་མང་རྣམས་ལ་སྲིད་སྐྱོང་དང་ལམ་སྟོན་བྱེད་མཁན་མེད་པར་ཉ་དང་འབུ་སྲིན་ལྟ་བུ་ཇི་ལྟར་བཟོས་གནང་ངམ། 15ཉ་པས་ཉ་འཛིན་པ་བཞིན་བྷེ་བྷི་ལོན་པ་ཚོས་མི་རྣམས་ལ་ལྕགས་ཀྱུས་མི་རྣམས་བཟུང་ངོ་། དེ་དག་ཉ་དོལ་ནང་དུ་བླུགས་ནས་དགའ་སྣང་ཆེན་པོས་སྐད་བརྒྱབ་པ་དང་། 16དེ་ཚོས་རང་གི་ཉ་དོལ་རྣམས་ལ་མཆོད་ནས་དམར་མཆོད་འབུལ་གྱི་ཡོད་པ་རེད། གང་ལགས་ཟེར་ན། ཉ་དོལ་དེ་ཚོའི་སྒོ་ནས་ཁོ་ཚོར་དངོས་པོ་བཟང་པོ་དང་འཚོ་བ་འབྱོར་གྱི་ཡོད་པས་ཕྱིར་རོ། 17ཁོ་ཚོས་སྙིང་རྗེ་མེད་པར་དུས་གཏན་དུ་རང་གི་རལ་གྲིས་མི་རིགས་འདྲ་མིན་རྣམས་ཀྱི་སྲོག་གཅོད་མུ་མཐུད་ནས་གནང་བཅུག་གམ༎

ཧ་བྷ་ཀུག 2

གཙོ་བོ་དཀོན་མཆོག་གིས་ཧ་བྷ་ཀུག་ལ་བཀའ་ལན་གནང་བ།

1ད་ང་མཁར་རྫོང་མཐོན་པོའི་སྟེང་དུ་འཛེགས་ཏེ་ངའི་སྐྱོན་བརྗོད་ལ་གཙོ་བོ་དཀོན་མཆོག་གིས་བཀའ་གང་གནང་བ་དེ་ཉན་ཕྱིར་སྒུག་ནས་བསྡད་ཀྱི་ཡིན། 2གཙོ་བོ་དཀོན་མཆོག་གིས་ང་ལ་བཀའ་ལན་འདི་གནང་བ། ངས་གང་བསྟན་པ་དེ་ཁྱོད་ཀྱིས་བྱང་བུ་ཞིག་གི་ཐོག་ཏུ་གསལ་པོར་བྲིས་ཤིག དེ་ནི་མཐོང་མ་ཐག་ཏུ་ཀློག་ཐུབ་པ་ཞིག་དགོས། 3འདི་ནི་ད་ལྟ་ལམ་སང་འགྲུབ་པའི་དུས་ལ་མ་རན་པས། དེ་རྣམས་ཡིག་ཐོག་ཏུ་བཀོད་དགོས་པ་ཡིན་མོད། འོན་ཀྱང་དུས་དེ་མྱུར་བར་སླེབས་ཀྱི་ཡོད་པས། ངས་གང་བསྟན་པ་དེ་རྣམས་འགྲུབ་པར་འགོར་བ་འདྲ་པོ་བྱུང་ན་ཡང་སྒུག་དགོས། དེ་ནི་ངེས་པར་འགྲུབ་པ་དང་འགོར་མི་ཡོང་། 4བཀའ་འཕྲིན་ནི་འདི་ལྟར་ཡིན། མི་ངན་རྣམས་གསོན་པོར་གནས་མི་འགྱུར། འོན་ཀྱང་ཆོས་དྲང་རྣམས་ནི་དཀོན་མཆོག་ལ་དད་པའི་རྐྱེན་གྱི་གསོན་པོར་གནས་པར་འགྱུརོ༎

ཆོས་མིན་རྣམས་འཇིག་རྒྱུ་ཡིན་པ།

5ནོར་ནི་སླུ་ཁྲིད་དང་ལྡན་ཞིང་། འདོད་རྔམ་ཅན་གྱི་མི་ནི་ང་རྒྱལ་ཅན་དང་ཚ་གི་ཚི་གི་ཡོད་པས་འཆི་བ་ལྟ་བུའི་ནམ་ཡང་བློ་ཁ་ཚིམ་རྒྱུ་མེད་པས། དེའི་རྐྱེན་གྱིས་དེ་ཚོས་མི་རིགས་གཅིག་རྗེས་གཉིས་རྗེས་ལ་དབང་འཛིན་བྱས་སོ། 6དེ་ཚོའི་དབང་འོག་ཏུ་ཚུད་པའི་མི་རྣམས་ཀྱིས་དེ་ཚོར་མི་དགའ་བའི་རྣམ་འགྱུར་བསྟན་ཏེ་འཕྱ་སྨད་བྱེད་ཅིང་སྨྲས་པ། གཞན་ནོར་འཕྲོག་བཅོམ་བྱེད་མཁན་ཁྱོད་ཚོ་འཇིག་པར་ཤོག། ཁྱོད་ཚོས་བཙན་དབང་ཆེན་པོས་བུ་ལོན་དེད་ནས་ག་དུས་བར་དུ་ཕྱུག་པོར་གནས་དགོས་སམ། 7འོན་ཀྱང་ཁྱོད་ཆོས་ཧ་གོ་བའི་སྔོན་དུ་བུ་ལོན་ནང་དུ་ཚུད་དེ་བཙན་དབང་གིས་སྐྱེད་ཁ་འཇལ་དགོས་བྱུང་ཡོང་། དགྲ་བོ་རྣམས་ཡོང་ནས་ཁྱོད་ཚོར་འདར་བཅུགོ། དེ་ཚོས་ཁྱོད་ཚོ་ལ་བཅོམ་པར་འགྱུར། 8ཁྱོད་ཚོས་མི་རིགས་མང་པོ་བཅོམ་པ་ཡིན་པས་ལྷག་འཕྲོས་ལུས་པ་རྣམས་ཀྱིས་ཁྱོད་ལ་བཅོམ་རྒྱུ་ཡིན། གང་ལགས་ཟེར་ན། ཁྱོད་ཀྱིས་སྲོག་གཅོད་བྱས་ཤིང་འཛམ་གླིང་ཡུལ་གྲུ་མང་པོའི་མི་དང་གྲོང་ཁྱེར་ཁག་ལ་དྲག་གཅོད་བྱས་པའི་རྐྱེན་གྱིས་སོ། 9ཁྱོད་འཇིག་པར་འགྱུར་ཡོད། བཙན་དབང་དྲག་པོའི་སྒོ་ནས་བླངས་པའི་ནོར་གྱིས་རང་གི་མི་ཚང་ཕྱུག་པོར་བཟོས་ཡོད་པ་དང་། གནོད་འཚེ་དང་ཉེན་ཁ་ལས་རང་ཉིད་གཅིག་པོའི་ཁང་ཁྱིམ་སྐྱབས་ཐབས་བྱེད་ཡོད། 10ཁྱོད་ཀྱིས་བཤམས་པའི་བྱུས་ངན་རྣམས་རང་གི་ནང་མིའི་ཐོག་ཏུ་ངོ་ཚའི་རྒྱུ་ཞིག་ཏུ་འགྱུར་ཞིང་། ཁྱོད་ཀྱིས་མི་རིགས་མང་པོར་འཇིག་སྐྱོན་བཏང་བས་ཡང་རང་ཉིད་ཐོག་ཏུ་འཇིག་པ་འཁྱེར་ཡོང་ངོ་། 11ཁྱོད་ཀྱིས་བྱས་པའི་ལས་ངན་གྱི་སྐོར་ལ་རྩིག་པའི་རྡོ་དང་ཐོག་གི་གདུང་མ་རྣམས་ཀྱིས་ཀྱང་ཁྱོད་ཀྱི་ཐོག་ཏུ་སྐད་ཤུགས་ཆེན་པོས་སྐྱོན་བརྗོད་བྱེད་བཞིན་ཡོད། 12ཁྱོད་འཇིག་པར་འགྱུར་ཡོད། ཁྱོད་ཀྱིས་གྲོང་ཁྱེར་ནི་ཁྲིམས་འགལ་གྱི་རྨང་གཞི་ལས་བཙུགས་ཡོད་པ་དང་། དེ་ལ་སྲོག་གཅོད་ཀྱི་སྒོ་ནས་ཡར་སླངས་ཡོད་པས། 13ཁྱོད་ཀྱིས་དབང་འཛིན་བྱས་པའི་མི་རིགས་རྣམས་ཀྱིས་དོན་མེད་འབད་བརྩོན་བྱས་ཏེ་དེ་ཚོ་རང་ཉིད་ནི་ཐང་ཆད་ཡོད་པ་དང་། ཁོ་ཚོས་གང་སླངས་པ་ཚང་མ་མེས་ཡོངས་སུ་བསྲེགས་ཡོད་དོ། ཡང་དེ་ནི་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་གནང་བའི་མཛད་འཕྲིན་ཞིག་ཡིན་ནོ། 14རྒྱ་མཚོ་རྣམས་ཆུས་གང་བ་བཞིན་ས་གཞི་ནི་གཙོ་བོ་དཀོན་མཆོག་གི་གཟི་བརྗིད་ལྡན་པའི་ཡེ་ཤེས་ཀྱིས་གང་བར་འགྱུར། 15ཁྱོད་ནི་འཇིག་པར་འགྱུར་ཡོད། ཁྲོ་བོའི་ངང་ཁྱོད་ཀྱིས་རང་གི་ཁྱིམ་མཚེས་ལ་དམའ་འབེབས་དང་ཞབས་འདྲེན་ཞུས་པ་དང་། དེ་ཚོར་ར་བཟི་པ་ལྟར་འཁྱོར་བཅུག་པས། 16ད་ཁྱོད་ཀྱི་རེ་མོས་ཡིན་ཙང། ཁྱོད་ནི་གུས་ཞབས་ཀྱི་ཚབ་ཏུ་ངོ་ཚས་ཡོངས་སུ་བཀབ་པར་འགྱུར། རང་ཉིད་ཆང་རག་འཐུང་སྟེ་འཁྱོར་བ་དང་། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་རང་གི་ཉེས་ཆད་ཀྱི་ཕོར་པ་དེ་ལས་འཐུང་དུ་བཅུག་པས། ཁྱོད་ཀྱི་གུས་ཞབས་ཚང་མ་དམའ་འབེབས་སུ་འགྱུརོ། 17ཁྱོད་ཀྱིས་ལེ་བ་ནོན་གྱི་ཤིང་ནགས་ཚང་མ་བཅད་པ་ཡིན་པས་ད་ཁྱོད་ཀྱང་གཅོད་རྒྱུ་དང་། ཁྱོད་ཀྱིས་དེའི་སེམས་ཅན་རྣམས་བསད་པ་ཡིན་པས། ད་སེམས་ཅན་རྣམས་ཀྱིས་ཁྱོད་ལ་དངངས་སྐྲག་བསྐུལ་རྒྱུ་ཡིན། དེ་འདྲ་བྱུང་དགོས་པའི་གནད་དོན་ནི་སྔར་ཁྱོད་ཀྱིས་སྲོག་གཅོད་བྱས་པ་དང་། འཛམ་གླིང་མི་རིགས་ཡོངས་དང་གྲོང་ཁྱེར་ཀུན་ཏུ་ཁྱོད་ཀྱིས་དྲག་སྤྱོད་བྱས་པའི་རྐྱེན་གྱིས་སོ། 18མིས་བཟོས་པའི་སྐུ་འདྲ་ཞིག་ལ་བརྟེན་པས་ཁྱོད་ལ་ཕན་ཐོག་ག་རེད་ཡོད་དམ། དེས་བརྫུན་ཤ་སྟག་ཤོད་ཀྱི་ཡོད་དོ། སྐུ་འདྲ་བཟོ་མཁན་དེས་རང་གི་ལག་པས་བཟོས་པའི་བཀོད་པ་ལ་བློ་བཏད་བྱས་པ་དང་། དེ་ནི་གཏམ་བརྗོད་མ་ཐུབ་མཁན་སྐུ་འདྲ་ཞིག་མ་གཏོགས་མ་ཡིན། 19ཁྱོད་ཚོ་འཇིག་པ་ཡིན། ཁྱོད་ཚོས་ཤིང་གི་དུམ་བུ་ཞིག་ལ་ཁྱེད་མནལ་སད་ཅིག་ཅེས་དང་ཡང་རྡོ་ཞིག་ལ། ཁྱེད་ཡར་བཞེངས་ཤིག་ཅེས་སྨྲས་མོད། འོན་ཀྱང་སྐུ་འདྲ་ཞིག་གིས་གང་ཞིག་མངོན་པར་བྱེད་སྲིད་དམ། དེ་ལ་དངུལ་དང་གསེར་གྱིས་བརྒྱན་ཡོད་ནའང་དེའི་ནང་དུ་སྲོག་མེད་དོ། 20གཙོ་བོ་དཀོན་མཆོག་ནི་ཉིད་ཀྱི་མཆོད་ཁང་དམ་པར་བཞུགས་ཡོད་པས། ས་གཞིའི་མི་རིགས་ཡོངས་རྫོགས་ཁོང་གི་སྤྱན་སྔར་ཁུ་སིམ་མེར་གནས་པར་བྱོས་ཤིག།

ཧ་བྷ་ཀུག 3

ཧ་བྷ་ཀུག་གི་སྨོན་ལམ།

1ལུང་སྟོན་པ་ཧ་བྷ་ཀུག་གིས་གཤམ་གསལ་ལྟར་སྨོན་ལམ་འདེབས་པ། 2ཀྱེ་གཙོ་བོ་དཀོན་མཆོག། སྔར་ཁྱེད་ཀྱིས་མཛད་པའི་མཛད་ཕྲིན་མཐའ་དག་གི་སྐོར་ལ་ཐོས་ནས། ངའི་སེམས་ནང་འཇིག་སྣང་སྐྱེས་སོ། སྔར་བཞིན་ད་ལྟ་ང་ཚོའི་དུས་ཐོག་ཏུའང་མཛད་ཕྲིན་རླབས་ཆེན་དེ་དག་སྐྱར་དུ་གནང་བར་མཛོད། ཁྱེད་ཀྱི་ཐུགས་ཁྲོའི་ངང་དུའང་ངེད་ལ་སྙིང་རྗེ་གནང་བར་མཛོད། 3ཨེ་དྷོམ་ནས་སླར་ཡང་དཀོན་མཆོག་ཕེབས་ཤིང་། དམ་པའི་དཀོན་མཆོག་ནི་པ་རན་གྱི་རི་བརྒྱུད་ཁག་ནས་མར་ཕེབས། ཁོང་གི་གཟི་བརྗིད་ཆེན་པོས་མཐོ་རིས་ཀྱི་ཞིང་ཁམས་ཚང་མ་ཁྱབ་ཅིང་། ས་གཞི་ཡོངས་རྫོགས་ཁོང་གི་བསྟོད་བསྔགས་ཀྱིས་གང་། 4གློག་འཁྱུགས་པའི་འོད་མདངས་ནང་དུ་ཁོང་ཕེབས་ཤིང་། ཁོང་གི་ཕྱག་ནས་འོད་ཟེར་འཕྲོས། དེར་ཁོང་གི་མཐུ་སྟོབས་ཡིབ་ནས་ཡོད། 5ཁོང་གིས་ནད་རིམས་སྔོན་དུ་གཏོང་བ་གནང་ཞིང་། འཆི་བར་ཁོང་གི་རྗེས་སུ་འབྲང་དགོས་ཅེས་བཀའ་བསྒོས་མཛད། 6ཁོང་བཞེངས་དུས་ས་གཞི་གཡོ་འགུལ་མཛད། ཁོང་གི་གཟིགས་པ་ཙམ་གྱིས་མི་རིགས་རྣམས་འདར། གནའ་བོའི་རི་བོ་ཚང་མ་སྟོར་ཞིང་བསིལ་བུར་འགྱུར། གནའ་དུས་ཁོང་གིས་ཞབས་ཆགས་མཛད་པའི་རི་ཕྲན་ཚང་མ་ཡོངས་སུ་ནུབ་པར་འགྱུར། 7ཀུ་ཤཱན་ཡུལ་གྱི་མི་རྣམས་འཇིགས་པ་མཐོང་། མིད་ཡན་ཡུལ་གྱི་མི་རྣམས་འདར་བ་ང་ཡིས་མཐོང་། 8ཀྱེ་གཙོ་བོ་དཀོན་མཆོག། གཙང་པོ་རྣམས་ཀྱིས་ཁྱེད་ལ་ཐུགས་དགོངས་དཀྲུགས་བྱུང་ངམ། རྒྱ་མཚོས་ཁྱེད་ལ་ཐུགས་ཁྲོ་བསླངས་ཡོད་དམ། ཁྱེད་ཀྱི་མི་འབངས་རྣམས་ལ་ཉིད་ཀྱིས་རྒྱལ་ཁ་གནང་སྐབས་རླུང་ཚུབ་ཆེན་པོའི་སྤྲིན་གྱི་ཤིང་རྟར་ཆིབས་ནས་ཕེབས་ཏེ། 9ཉིད་ཀྱིས་གཞུ་ནི་བེད་སྤྱོད་ཆེད་དུ་བཏོན་པ་དང་། ཁྱེད་ཀྱི་མདའ་ནི་ཞུས་པར་གྲ་སྒྲིགས་གནང་། ཁྱེད་ཀྱི་གཙང་པོའི་སྒོ་ནས་ས་གཞི་གཤག་གནང་ངོ་། 10རི་བོ་རྣམས་ཁྱེད་དང་མཇལ་ནས་འཇིགས་ཤིང་འདར། གནམ་ནས་ཆར་པ་ཤུགས་ཆེ་འབབས་ཤིང་། རྒྱ་མཚོའི་ཆུ་ཡི་ངར་སྐད་འདོན། དེ་ཚོའི་རྦ་རླབས་རྣམས་ནི་མཐོ་པོར་ལངས། 11ཁྱེད་ཀྱི་མྱུར་བར་ཕུར་བའི་མདའི་འོད་མདང་། ཁྱེད་ཀྱི་འཁྱུགས་པའི་མདུང་གི་འོད་མདངས་ཀྱིས་རྐྱེན། གནམ་གྱི་ཉི་ཟླ་གཉིས་ཀྱང་གཡོ་འགུལ་མེད་པར་རང་སར་གནས། 12ཐུགས་ཁྲོའི་ངང་དུ་ཁྱེད་ཀྱིས་ས་གཞིར་ཞབས་ཆགས་མཛད་གནང་ངོ་། ཡང་རབ་ཏུ་ཁྲོས་ནས་མི་རིགས་རྣམས་ལ་བརྫིས། 13ཉིད་ཀྱི་མི་འབངས་རྣམས་ལ་ཉིད་ཀྱིས་འདམས། རྒྱལ་པོར་སྐྱབས་ཕྱིར་ཁྱེད་གཤེགས་ཤིང་། འགོ་འཁྲིད་ངན་པར་ཁྱེད་ཀྱིས་ཉེས་རྡུང་མཛད་པ་དང་། དེའི་རྗེས་འབྲངས་ཡོངས་རྫོགས་རྩ་མེད་བཏང་བ་གནང་། 14ཉམས་ཐག་རྣམས་ལ་གསང་བའི་ཐོག་ཏུ་བཙན་སྣོན་བྱས་ཏེ། ངར་རྒྱལ་གྱི་དགའ་བ་བཞིན། ངེད་རྣམས་ལ་ཁ་སྟོར་གཏོང་ཕྱིར་རླུང་ཚུབ་དྲག་པོའི་བཞིན་དུ། འོང་མཁན་དམག་སྤྱི་ལ་ཁྱེད་ཀྱི་མདའ་རྣམས་བཙུགས་གནང་ངོ་། 15ཁྱེད་ཀྱི་རྟ་ཡིས་རྒྱ་མཚོརབརྫིས། དེ་ཡི་ཆུ་དེར་ལྦུ་བ་འཁོར། 16གནས་ཚུལ་དེ་ཐོས་ནས་ངའི་རྙིང་འདར་བ་དང་། འཇིག་ནས་ངའི་མཆུ་ཏོ་རྣམས་ནི་འདར་བ་དང་། ངའི་རུས་པ་རྣམས་ནི་ཟད་སོང་། ངའི་རྐང་པ་རྣམས་ནི་འདརོ། ང་ཚོར་འཐབ་རྒོལ་བྱེད་མཁན་རྣམས་ལ་དཀོན་མཆོག་གིས། ཉེས་ཆད་མ་གནང་བར་དུ་ང་ཁུ་སིམ་མེར་སྒུག་ནས་སྡོད་རྒྱུ་ཡིན། 17སེ་ཡབ་ཤིང་ལ་ཐེའུ་མ་ཆགས་ནའང་། རྒུན་ཤིང་སོགས་ལ་འབྲས་བུ་གཅིག་ཀྱང་མ་ཆགས་རུང་། ཁ་སྐྱུར་པོའི་ཤིང་ལ་བྲས་བུ་མ་ཆགས་རུང་། ཞིང་ཁར་སྟོན་ཐོག་གང་ཡང་མ་སྨིན་རུང་། དེ་བཞིན་ལུག་ཁྱུ་ཚང་མ་ཤི་ན་ཡང་། ཕྱུགས་ཚང་ནང་དུ་ཕྱུགས་ཟོག་རྣམས་མ་གནས་ཡང་། 18ང་ནི་གཙོ་བོ་དཀོན་མཆོག་ལ་དགའ་བ་དང་། གང་ལ་ཟེར་ན་གཙོ་བོ་དཀོན་མཆོག་ང་ཡི་སྐྱབས་མགོན་ཡིན། 19བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གིས་ང་ལ་ནུས་མཐུ་གནང་ཞིང་། ཁོང་གིས་ང་ཡི་རྐང་པ་ཤ་བའི་རྐང་པ་ལྟར་བཟོས་གནང་ངོ་། ཁོང་གིས་ང་ལ་རི་བོ་མཐོ་སར་རྣམས་སུ་བཙན་པོར་བཞག་གནང་ངོ་།།

ཛེ་ཕ་ནི་ཡཱ 1

1ཨམ་མོན་གྱི་བུ་ཡོ་ཤི་ཡཱས་ཡ་ཧུ་དཱའི་ཡུལ་དུ་སྲིད་སྐྱོང་བྱེད་སྐབས་གཙོ་བོ་དཀོན་མཆོག་གིས་ཛེ་ཕན་ཡཱའི་བརྒྱུད་ནས་འཕྲིན་གནང་བ། ཡང་ཛེ་ཕན་ཡཱ་ནི་ཀུཤའི་བུ། ཀུ་ཤི་ནི་གྷེ་ད་ལི་ཡཱའི་བུ། གྷེ་དལ་ཡཱ་ནི་ཨ་མར་ཡཱའི་བུ། ཨ་མཱ་རི་ཡཱ་ནི་རྒྱལ་པོ་ཧེ་ཛི་ཀི་ཡཱའི་བུ་བཅས་ཡིན་ནོ༎

གཙོ་བོ་དཀོན་མཆོག་གིས་ཁྲིམས་གཅོད་ཀྱི་ཉིན་མོ།

2ངས་ས་གཞིའི་ངོས་ལ་ཡོད་པ་ཚང་མ་མེད་པ་བཟོ་རྒྱུ་ཡིན་ཞེས་གཙོ་བོ་དཀོན་མཆོག་གིས་གསུངས་སོ། 3མི་དང་དུད་འགྲོ་དང་འདབ་ཆགས་དང་ཉའི་རིགས་ཚང་མ་མེད་པར་བྱེད་རྒྱུ་ཡིན། ངས་མི་ངན་རྣམས་ཚར་གཅོད་རྒྱུ་ཡིན། མི་རིགས་རྣམས་གཅིག་ཀྱང་མ་ལུས་པར་མེད་པར་བྱེད་རྒྱུ་ཡིན་ཞེས། ང་གཙོ་བོ་དཀོན་མཆོག་གི་སྨྲས་པ་ཡིན་ནོ། 4ངས་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་ཡུལ་མི་རྣམས་ལ་ཉེས་ཆད་གཏོང་རྒྱུ་ཡིན། དེར་ཡོད་པའི་བྷལ་གྱི་མཆོད་པའི་མཐའ་མར་ཤུལ་ཀྱང་མ་ལུས་པར་མེད་པར་བཟོས་ཏེ། དེ་ལ་བསྙེན་བཀུར་ཞུ་མཁན་ཕྱི་པའི་བླ་མ་རྣམས་ལ་སུས་ཀྱང་དྲན་གསོ་བྱེད་མི་ཐུབ་པ་བཟོ་རྒྱུ་ཡིན། 5དེ་བཞིན་ཁང་པའི་ཐོག་ཏུ་འཛེགས་ནས་ཉི་མ་དང་ཟླ་བ་དང་རྒྱུ་སྐར་བཅས་ལ་བསྙེན་བཀུར་བྱེད་མཁན་རྣམས་ལ་ངས་མེད་པར་བཟོ་རྒྱུ་ཡིན། ང་ལ་བསྙེན་བཀུར་བྱེད་ཚུལ་བྱས་ནས་དམ་ཚིག་བསྲུང་རྒྱུའི་ཁ་ཆད་བྱས་རུང་། མོ་ལེག་ལྷའི་མིང་བརྗོད་དེ་མནའ་སྐྱེལ་མཁན་རྣམས་ཀྱང་ངས་མེད་པར་བཟོ་རྒྱུ་ཡིན། 6དེ་བཞིན་ང་ལ་དད་ལོག་བྱས་ཏེ་ངའི་རྗེས་སུ་མི་འབྲངས་བར། ལམ་སྟོན་དང་འགོ་འཁྲིད་ཞུ་བར་ངའི་རྩར་མི་ཡོང་མཁན་རྣམས་ལའང་ངས་མེད་པར་བཟོ་རྒྱུ་ཡིན་ཞེས་གསུངས་སོ། 7གཙོ་བོ་དཀོན་མཆོག་གིས་ཉིན་མོ་དེ་ནི་ཉེ་བར་རན་པས། དེ་ཉིན་ཁོང་གིས་ཁྲིམས་གཅོད་གནང་སྐབས་ཁོང་གི་སྤྱན་སྔར་ཁྱོད་ཚོ་ཁུ་སིམ་མེར་སྡོད་ཅིག གང་ལགས་ཟེར་ན་གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་མི་འབངས་རྣམས་དམར་མཆོད་འབུལ་ཕྱིར་གྲ་སྒྲིག་མཛད་བཞིན་པ་ཡིན་ནོ། ཡ་ཧུ་དཱ་ལ་འཕྲོག་བཅོམ་བྱེད་ཕྱིར་དགྲ་བོ་རྣམས་ལ་མགྲོན་འབོད་གནང་ཡོད་དོ། 8ཡང་གཙོ་བོ་དཀོན་མཆོག་གིས། དམར་མཆོད་ཀྱི་ཉིན་མོ་དེ་ལ། ངས་ལས་བྱེད་པ་རྣམས་དང་། རྒྱལ་སྲས་རྣམས་དང་། གཞན་ཡང་ཕྱི་རྒྱལ་བའི་ལུགས་སུ་འབྲངས་མཁན་རྣམས་ལ་ཉེས་ཆད་གཏོང་རྒྱུ་ཡིན། 9ཡང་ཕྱི་པའི་བསྙེན་བཀུར་བྱེད་སྟངས་བཞིན་དུ་བྱེད་མཁན་དང་། འཕྲོག་བཅོམ་བྱས་ཏེ་སྲོག་གཅོད་བྱས་པའི་རྒྱུ་ནོར་གྱིས་རང་གི་དཔོན་པོའི་བང་མཛོད་བཀང་བར་བྱེད་མཁན་རྣམས་ལ་ངས་ཉེས་ཆད་ངེས་པར་དུ་གཏོང་རྒྱུ་ཡིན་ཞེས་གསུངས་སོ། 10ཡང་གཙོ་བོ་དཀོན་མཆོག་གིས། དེ་ཉིན་ཡེ་རུ་ཤ་ལེམ་གྱི་ཉ་སྒོའི་འགྲམ་དུ་ངུ་འབོད་འདོན་པ་གོ་བ་དང་། གྲོང་ཁྱེར་གྱི་གྲོང་གསར་པའི་ཕྱོགས་ནས་སྨྲེ་སྔགས་ཀྱི་སྐད་དང་། དེ་བཞིན་རི་ཕྲན་ཕན་ཚུན་ནས་འཇིགས་སྐྲག་གི་སྒྲ་ཆེན་པོ་འབྱུང་རྒྱུ་ཡིན་པ་དང་། 11དེ་ཐོས་སྐབས་ཁྱོད་ཚོ་གྲོང་ཁྱེར་གྱི་སྨད་དུ་གནས་སྡོད་བྱེད་མཁན་རྣམས་སྨྲེ་སྔགས་དང་ངུ་འབོད་འདོན་དགོས་སོ། གང་ལགས་ཟེར་ན། དེ་དུས་ཚོང་པ་ཐམས་ཅད་ཤི་ཚར་བ་ཡིན་པའི་ཕྱིར་རོ། 12སྐབས་དེར་ངས་སྒྲོན་མེ་ཞིག་འཁྱེར་ནས་ཡེ་རུ་ཤ་ལེམ་ནང་དུ་འཚོལ་རྒྱུ་ཡིན། གཙོ་བོ་དཀོན་མཆོག་གིས་བྱིན་རླབས་དང་ཉེས་ཆད་སོགས་གང་ཡང་གནང་མི་ཡོང་ཞེས་བསམ་ནས་བག་མེད་ལྷོད་ཡངས་སུ་གནས་མཁན་རྣམས་ལ་ངས་ཉེས་ཆད་ངེས་པར་གཏོང་རྒྱུ་ཡིན་ནོ། 13དེ་ཚོའི་རྒྱུ་ནོར་ཐམས་ཅད་འཕྲོག་པ་དང་གནས་ཁང་རྣམས་ཀྱང་སྟོར་བཤིག་གཏོང་བར་འགྱུར། དེ་ཚོས་ད་ལྟ་ཁང་པ་གསར་རྒྱག་བྱེད་བཞིན་པའི་ནང་དུ་ནམ་ཡང་སྡོད་རྒྱུ་མི་ཡོང་ངོ་། ད་ལྟ་འདེབས་ལས་བྱེད་བཞིན་པའི་རྒུན་ཚལ་ལས་རྒུན་ཆང་ནམ་ཡང་འཐུང་རྒྱུ་མི་ཡོང་ཞེས་གསུངས་སོ། 14གཙོ་བོ་དཀོན་མཆོག་གི་ཉིན་མོ་ཆེན་པོ་དེ་ནི་ཉེ་བ་དང་། ཧ་ཅང་ཉེ་བར་བསླེབས་བཞིན་ཡོད། དངངས་སྐྲག་ཆེ་བའི་ཉིན་མོ་དེ་ལ་དཔའ་བོ་སྙིང་སྟོབས་ལྡན་པ་ཚོའང་རེ་ཐབས་ཟད་དེ་ངུ་སྐད་འདོན། 15ཉིན་མོ་དེ་ནི། ཁྲོ་བའི་ཉི་མ་དང་། དཀའ་ངལ་དང་བློ་ཕམ་གྱི་ཉི་མ་དང་། མུན་པ་དང་ཡིད་མུག་བཅས་ཀྱི་ཉི་མ་དང་། གཞན་ཡང་སྤྲིན་པ་ནགས་པོ་འཁོར་བའི་ཉིན་མོ་བྱུང་བར་འགྱུར། 16དམག་དུང་གི་སྒྲ་དང་ལྕགས་རིས་བསྐོར་བའི་གྲོང་ཁྱེར་ཁག་དང་མཁར་རྫོང་མཐོན་པོ་རྣམས་ལ་དམག་མི་ཚོས་དམག་བརྒྱབ་པའི་སྒྲ་ཐོས་པར་འགྱུར་རོ། 17ཡང་གཙོ་བོ་དཀོན་མཆོག་གིས། ངས་མི་རིགས་ཀུན་གྱི་ཐོག་ཏུ་རྐྱེན་ངན་དེ་འདྲ་བཏང་བའི་སྒོ་ནས་དེ་ཚོ་ཚང་མ་ལོང་བ་བཞིན་དུ་འགྲུལ་དགོས་པ་ཞིག་ཆགས་རྒྱུ་ཡིན་ནོ། གང་ལ་ཟེར་ན་དེ་ཚོས་ངའི་བཀའ་དང་འགལ་བའི་ཉེས་སྡིག་བྱས་པས། དེ་ཚོའི་ཁྲག་ནི་ཆུ་བཞིན་འདོན་རྒྱུ་དང་། དེ་ཚོའི་རོ་རྣམས་ས་ཁར་རུལ་ནས་ལུས་རྒྱུ་ཡིན་ཞེས་གསུངས་སོ། 18གཙོ་བོ་དཀོན་མཆོག་གིས་ཐུགས་ཁྲོ་མཛད་པའི་ཉིན་མོ་དེ་ལ། གསེར་དང་དངུལ་གྱིས་ཀྱང་དེ་ཚོ་སྐྱབས་མི་ཐུབ། ཁོང་གི་ཐུགས་ཁྲོའི་མེ་སྤུང་དྲག་པོས་ས་གཞི་ཐམས་ཅད་ཡོངས་སུ་འཇིག་རྒྱུ་ཡིན། ཁོང་གིས་འཛམ་གླིང་གི་མི་རིགས་ཀུན་ལ་བློ་བུར་དུ་ཡོངས་སུ་ཚར་གཅོད་མཛད་རྒྱུ་ཡིན་ནོ༎

ཛེ་ཕ་ནི་ཡཱ 2

འགྱོད་སེམས་སྐྱེད་དགོས་པའི་འབོད་བསྐུལ།

1-2ཀྱེ་ངོ་ཚ་མེད་པའི་མི་རིགས་རྣམས། ཁྱོད་ཚོ་ཕུབ་མ་ལྟར་རླུང་གི་མ་འཁྱེར་གོང་དང་། གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་འབར་ཞིང་ཁྱོད་ཚོའི་ཐོག་ཏུ་མ་ཡོང་གོང་དང་། ཁོང་གི་ཐུགས་ཁྲོ་ཉིན་མོ་དེ་མ་བསྟན་པའི་གོང་དུ་ཁྱོད་ཚོ་དྲན་པ་གསོས་ཤིག 3ཀྱེ། སེམས་དུལ་ཞིང་གཙོ་བོ་དཀོན་མཆོག་གི་བཀའ་ལ་རྩིས་སྲུང་ཞུ་མཁན་གྱི་ཡུལ་མི་རྣམས། ཁྱོད་ཚོ་ཁོང་གི་ཕྱོགས་སུ་བློ་ཁ་ཡོངས་སུ་འགྱུར་ཏེ། ལས་དྲང་པོ་བྱས་ཤིང་གཙོ་བོ་དཀོན་མཆོག་གི་སྤྱན་སྔར་སེམས་དུལ་པོ་བྱས་ན། གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོའི་ཉིན་མོ་དེ་ལ་ཁྱོད་ཚོ་ཉེས་ཆད་དེ་ལས་ཐར་བར་ཡང་སྲིད་དོ༎

མཐའ་འཁོར་གྱི་ཨིསི་རཱཨེལ་མི་རིགས་རྣམས་ལ་འཇིགས་པ་བྱུང་བ།

4གྲོང་ཁྱེར་གྷ་ཛའི་ནང་དུ་ཡུལ་མི་གཅིག་ཀྱང་མ་ལུས་པ་དང་། ཨཤ་ཀེ་ལོན་སྟོངས་ཤིང་། ཨཤ་དྷོད་ཀྱི་ཡུལ་མི་རྣམས་ཉི་མ་ཕྱེད་ཀའི་ནང་དུ་ཕྱིར་སྐྲོད་གཏོང་རྒྱུ་དང་། དེ་བཞིན་ཨེག་རོན་གྱི་ཡུལ་མི་རྣམས་ཀྱང་རང་གི་གྲོང་ཁྱེར་ནས་མཐར་སྐྲོད་གཏོང་རྒྱུ་ཡིན་ནོ། 5རྒྱ་མཚོའི་འགྲམ་དུ་གནས་པའི་ཕེ་ལེ་ཤེད་གྱི་ཡུལ་མི་རྣམས་འཇིག་ཡོད། གཙོ་བོ་དཀོན་མཆོག་གིས་ཁྱོད་ཚོ་གཅིག་ཀྱང་མ་ལུས་པར་ཡོངས་སུ་འཇིག་པར་གནང་རྒྱུ་ཁྲིམས་གཅོད་གནང་ཟིན་པ་ཡིན། 6མཚོ་འགྲམ་དུ་ཡོད་པའི་ཁྱོད་ཚོའི་ཡུལ་གྲུ་ཁག་ནི་ལུག་རྫིའི་ཉལ་ཁང་དང་ལུག་ར་མ་གཏོགས་མེད་པའི་ལུང་སྟོངས་ཞིག་ཏུ་འགྱུར་ཞིང་། 7ཡ་ཧུ་དཱའི་ཡུལ་མི་གསོན་པོར་གནས་པ་ཚོས་ཁྱོད་ཚོའི་ཡུལ་དེ་དབང་འཛིན་བྱེད་རྒྱུ་ཡིན། དེ་ཚོས་རང་གི་ལུག་རྣམས་དེར་འཚོ་ཞིང་། ཨཤ་ཀེ་ལོན་པའི་ཁང་ཁྱིམ་ཚོར་དེ་ཚོར་མཚན་མོར་ཉལ་བར་འགྱུར། ཡང་དེ་ཚོའི་གཙོ་བོ་དཀོན་མཆོག་ནི་དེ་ཚོ་དང་མཉམ་དུ་འགྲོགས་པར་མཛད་དེ། དེ་ཚོར་སླར་ཡང་ཡར་རྒྱས་གོང་འཕེལ་དུ་གཏོང་བ་གནང་གི་རེད། 8ཡང་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས། མོ་ཨབ་པ་དང་། ཨམ་མོན་པ་ཚོས་ངའི་མི་མང་རྣམས་ལ་དམའ་འབེབས་དང་འཕྱ་གཏམ་བྱེས་ཏེ། དེ་ཚོའི་ཡུལ་དེ་དབང་འཛིན་བྱེད་ཀྱི་ཡིན་ཞེས་ང་རྒྱལ་བྱེད་པ་དེ་ངས་ཐོས་བྱུང་བས། 9ཨིསི་རཱཨེལ་གྱི་གསོན་པོའི་གཙོ་བོ་དཀོན་མཆོག་ངས་དམ་བཅའ་བྱས་ཤིང་། མོ་ཨབ་པ་དང་། ཨམ་མོན་པ་གཉིས་ནི་སོ་དྷོམ་དང་གྷོ་མོ་རཱ་བཞིན་དུ་འཇིག་རྒྱུ་ཡིན་པ་དང་། དེ་ཚོ་ཚྭའི་གཏེར་ཞིག་ཏུ་འགྱུར་ཞིང་དེར་ཚེར་ཤིང་མང་པོ་སྐྱེས་ནས་དུས་གཏན་དུ་འཇིག་པའི་གནས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་དང་། གསོན་པོར་གནས་ཡོད་པའི་ངའི་མི་མང་ཚོས་དེ་ཚོའི་རྒྱུ་ནོར་བཅོམ་ཞིང་ལུང་པ་ཚང་མ་དབང་འཛིན་བྱེད་རྒྱུ་ཡིན་ནོ་ཞེས་གསུངས་སོ། 10མོ་ཨབ་པ་དང་ཨམ་མོན་པ་རྣམས་ཀྱིས་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གི་མི་མང་རྣམས་ལ་ང་རྒྱལ་ཆེན་པོས་འཕྱ་ཞིང་དམའ་འབེབས་བྱས་པའི་རྐྱེན་གྱིས་ཁོ་ཚོར་དེ་ལྟ་བུའི་ཆད་པ་འཕོག་རྒྱུ་ཡིན་ནོ། 11གཙོ་བོ་དཀོན་མཆོག་གིས་དེ་ཚོར་འཇིགས་སྣང་བསྐུལ་བ་གནང་སྟེ། ས་གཞིའི་ལྷ་རྟེན་རྣམས་ཀྱི་གཟི་བརྗིད་ཡོངས་སུ་མེད་པར་བྱེད་ཅིང་། མི་རིགས་ཀུན་གྱིས་རང་རང་སོ་སོའི་ས་གནས་སུ་ཁོང་ལ་བསྙེན་བཀུར་ཞུ་རྒྱུ་ཡིན་ནོ། 12གཙོ་བོ་དཀོན་མཆོག་གིས་ཨི་ཐི་ཨོ་པི་ཡའི་ཡུལ་མི་རྣམས་ཀྱང་ཚར་གཅོད་གཏོང་བ་གནང་ངེས་སོ། 13གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་ནུས་མཐུས་ཨ་སུར་གྱི་ཡུལ་འཇིག་པར་མཛད་དེ། གྲོང་ཁྱེར་ནི་ན་ཝཱེའང་ཡོངས་སུ་སྟོངས་ཤིང་། ཆུ་མེད་པའི་བྱེ་ཐང་བཞིན་དུ་སྐམ་པར་འགྱུརོ། 14གནས་དེ་ནི་ར་ལུག་དང་བ་ཕྱུག་ལ་སོགས་པའི་སེམས་ཅན་གྱི་རིགས་མང་པོ་ཞིག་གནས་པའི་ས་གནས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་དང་། དེའི་གྱང་གོག་ཁག་ཏུ་བྱ་འུག་པ་རྣམས་གནས་ཤིང་དེའི་སྒེ་ཁུང་ཁག་ནས་འུག་པས་སྐད་འདོན་ཞིང་། སྒོ་ཐེམ་ཁག་ཏུ་བྱ་རོག་གིས་སྐད་རྒྱབ་པར་འགྱུར། ཡང་དེ་ཚོའི་ཁང་ཁྱིམ་རྣམས་ཞིག་ནས་ནང་གི་ཤུག་ཤིང་ཚང་མ་དེ་ནས་བཀོག་པར་འགྱུར། 15རང་གི་སྟོབས་ཤུགས་ལ་བློ་གཏད་བྱེད་དེ་རང་ཉིད་སྲུང་སྐྱོབ་བརྟན་པོའི་ནང་དུ་གནས་ཡོད་ཅེས་བསམ་ནས་ང་རྒྱལ་བྱེད་མཁན་གྲོང་ཁྱེར་དེ་ལ་རྐྱེན་ངན་དེ་འདྲ་བྱུང་བར་འགྱུར། གྲོང་ཁྱེར་དེའི་ཡུལ་མི་ཚོའི་སེམས་ལ་ཁོ་ཚོའི་གྲོང་ཁྱེར་དེ་ནི་འཛམ་གླིང་འདིའི་ནང་ནས་གྲོང་ཁྱེར་མངའ་ཐང་དང་སྲུང་སྐྱོབ་ནང་ཡོད་བཅས་བསམ་གྱི་ཡོད་དོ། འོན་ཀྱང་གྲོང་ཁྱེར་དེ་ནི་ཡོངས་སུ་སྟོངས་ཤིང་ནགས་ཀྱི་གཅན་གཟན་འཁོར་བའི་གནས་ཤིག་ཏུ་འགྱུར་བས། དེའི་ཉེ་ཁུལ་ནས་འགྲོ་སྐྱོད་བྱེད་མཁན་རྣམས་ཀྱི་སེམས་ལ་དངངས་སྐྲག་ཆེན་པོས་ཕྱི་ནུར་རྒྱབ་པར་འགྱུར༎

ཛེ་ཕ་ནི་ཡཱ 3

ཡེ་རུ་ཤ་ལེམ་གྱི་ཉེས་སྡིག་དང་ཐར་གྲོལ།

1ངོ་ལོག་ལ་སོགས་པ་སྤྱོད་ངན་སྣ་ཚོགས་ཀྱིས་གང་ཞིང་རང་གི་མི་མང་རྣམས་ལ་མནར་སྤྱོད་བྱེད་མཁན་གྲོང་ཁྱེར་ཡེ་རུ་ཤ་ལེམ་དེ་ནི་འཇིགས་ཡོད། 2དེས་གཙོ་བོ་དཀོན་མཆོག་ལ་མ་ཉན་པ་དང་། སྒྲིག་ལམ་ལ་རྩིས་སྲུང་མ་ཞུས་པ་དང་། ཁོང་ལ་བློ་གཏད་དང་མགོན་སྐྱབས་སོགས་མ་ཞུས་སོ། 3དེའི་ལས་བྱེད་པ་རྣམས་ནི་ངར་སྐད་འདོན་པའི་སེང་གེ་དང་། ཁྲིམས་དཔོན་རྣམས་ཀྱང་སྔ་དྲོ་བར་དུ་འདོད་རྔམས་ཆེན་པོས་ཤ་དང་རུས་པ་ཙམ་ཡང་མ་ལུས་པར་ལྟོགས་པའི་སྤྱང་ཀི་དང་མཚུངས་པ་ཡིན་ནོ། 4དེ་བཞིན་ལུང་སྟོན་པ་ཚོའང་རང་གི་ལས་འགན་ལ་སྣང་མེད་བྱས་ཤིང་། བློས་མི་ཁས་པ་ཤ་སྟག་ཡིན། བླ་མ་རྣམས་ཀྱིས་གནས་དམ་པ་རྣམས་ཡང་མི་གཙང་བར་བྱས་ཏེ། དཀོན་མཆོག་གི་བཀའ་ཁྲིམས་རྣམས་རང་གི་ཁེ་ཕན་གྱི་ཆེད་དུ་སོ་སོའི་འདོད་མོད་བཞིན་འབྲེལ་བཤད་ལོག་པ་རྒྱབ་ཐབས་བྱས་མོད། 5འོན་ཀྱང་གཙོ་བོ་དཀོན་མཆོག་ནི་ད་དུངགྲོང་ཁྱེར་ནང་དུ་གནས་ཤིང་། བཟང་པོ་འབའ་ཞིག་གནང་སྟེ་ངན་པ་ནམ་ཡང་མ་གནང་བ་དང་། ཁོང་གིས་སྔ་དྲོ་རེ་བཞིན་ཉིད་ཀྱི་མི་མང་རྣམས་ལ་ཁྲིམས་གཅོད་དྲང་པོ་གནང་བར་ཐུགས་མ་མཉེལ་བ་རེད། འོན་ཀྱང་མི་ངན་རྣམས་ནི་འཛེམས་པ་མེད་པར་སྡིག་པ་མུ་མཐུད་ནས་བྱས་སོ། 6གཙོ་བོ་དཀོན་མཆོག་གིས་གསུངས་པ། ངས་མི་རིགས་ཡོངས་རྫོགས་རྩ་མེད་དུ་བཏང་ཟིན་པ་དང་། དེ་ཚོའི་གྲོང་ཁྱེར་དང་རྩིག་པ་ཁག་དང་གཞན་ཡང་མཁར་རྫོང་མཐོན་པོ་རྣམས་སྟོར་བཤིག་བཏང་ནས་དེ་ཚོ་གྱང་གོག་ཏུ་འགྱུར་ཞིང་། གྲོང་ཁྱེར་དང་གཞུང་ལམ་ཚང་མ་མི་མེད་ས་སྟོང་དུ་འགྱུར་བས། 7ད་ངའི་མི་མང་རྣམས་ཀྱིས་ང་ལ་བརྩི་གུས་བྱེད་དེ་ངའི་སྒྲིག་ལམ་སྲུང་ཞིང་། ངས་སློབ་སྟོན་བསླབ་པ་དེ་དུས་ནམ་ཡང་མི་བརྗེད་དོ་ཞེས་ངས་བསམ་གྱི་ཡོད་དོ། འོན་ཀྱང་དེ་ཚོ་ནི་མྱུར་བར་སྔར་ལས་ལྷགས་པའི་བྱ་སྤྱོད་ངན་པ་ཤ་སྟག་བྱེད་འགོ་བཚུགས་སོ། 8དེ་བས་ན་ང་ལངས་ནས་ངས་མི་རིགས་རྣམས་ལ་སྐྱོན་བརྗོད་བྱེད་པའི་ཉིན་མོའི་བར་དུ་ཁྱོད་ཚོ་སྒུག་ནས་སྡོད་ཅིག ངའི་ཁྲོ་བའི་ནུས་ཤུགས་དེ་ཤེས་ཐུབ་པའི་ཕྱིར་ངས་མི་རིགས་དང་རྒྱལ་ཁམས་ཚང་མ་ཕྱོགས་གཅིག་ཏུ་འདུ་འཛོམས་བྱེད་རྒྱུའི་ཐག་གཅོད་བྱས་ཤིང་། ས་གཞི་ཚང་མ་ལ་ངའི་ཁྲོ་བའི་མེ་སྤུངས་དྲག་པོས་ཡོངས་སུ་འཇིག་པར་འགྱུར། 9དེ་རྗེས་ངས་རྒྱལ་ཁམས་སོ་སོའི་མི་རྣམས་ལ་བསྒྱུར་བཅོས་བཏང་བ་དང་། དེ་ཚོས་ང་ལ་མ་གཏོགས་ལྷ་རྟེན་གཞན་ལ་བསྙེན་བཀུར་མི་ཞུས་པ་དང་། དེ་ཚོ་ཚང་མས་ངའི་བཀའ་ལ་རྩིས་སྲུང་བྱེད་རྒྱུ་ཡིན་ནོ། 10ཐག་རིང་ཨི་ཐི་ཨོ་པི་ཡ་ཡུལ་དུ་ཁ་ཐོར་ནས་ཡོད་པའི་ངའི་མི་འབངས་ཚོས་ཀྱང་ང་ལ་འབུལ་བ་འཁྱེར་ཡོང་རྒྱུ་ཡིན་ནོ། 11ཀྱེ་ངའི་མི་འབངས་རྣམས། སྐབས་དེར་ཁྱོད་ཚོས་ང་ལ་ངོ་ལོག་བྱས་པ་ཡིན་ཞེས་ངོས་ལེན་བྱེད་པར་འཚེར་སྣང་བྱེད་མི་དགོས། གང་ལགས་ཟེར་ན་ངས་ཁྱོད་ཚོའི་དཀྱིལ་ནས་ང་རྒྱལ་ཅན་དང་མཐོ་འདོད་བྱེད་མཁན་ཚང་མ་ཕྱིར་འདོན་བྱེད་རྒྱུ་ཡིན། ད་ཕྱིན་ཁྱོད་ཚོས་ངའི་རི་བོ་དམ་པའི་རི་བོ་དམ་པ: རི་བོ་ཛི་ཡོན་ལ་གོ་དགོས་པ་ཡིན་ནོ། སྟེང་དུ་ང་ལ་ངོ་ལོག་ནམ་ཡང་བྱེད་མི་ཡོང་། 12ངས་མི་སྙེམས་ཆུང་དང་སེམས་དུལ་པོ་རྣམས་ང་ལ་མགོན་སྐྱབས་ཞུས་མཁན་དེ་ཚོ་ལ་དེར་བཞག་རྒྱུ་ཡིན་ནོ། 13ལྷག་འཕྲོས་ལུས་པའི་ཨིསི་རཱཨེལ་གྱི་མི་མང་ཚོས་གཞན་ལ་གནོད་འཚེ་མི་བྱེད་པ་དང་། བརྫུན་མི་སྨྲ་བར་བསླུ་ཁྲིད་མི་བྱེད་དོ། དེ་ཚོའི་དཔལ་འབྱོར་གོང་དུ་འཕེལ་ཏེ། ཉེན་མེད་ཞི་འཇམས་ཀྱི་གནས་སྟངས་སུ་གནས་ཤིང་། མི་སུ་ལའང་མ་འཇིགས་པར་གནས་ཐུབ་རྒྱུ་ཡིན་ནོ་ཞེས་གསུངས་སོ༎

དགའ་སྐྱིད་ཀྱི་གླུ་གཞས།

14ཀྱེ། ཨིསི་རཱཨེལ་མི་མང་དགའ་བའི་གླུ་ལེན་ནས་རང་གི་སྐད་ཤུགས་འདོན་ཞིག ཀྱེ། ཡེ་རུ་ཤ་ལེམ་སྙིང་ནས་དགའ་སྤྲོ་བྱོས་ཤིག། 15གཙོ་བོ་དཀོན་མཆོག་གིས་ཉེས་ཆད་མཚམས་འཇོག་མཛད། ཁྱོད་ཀྱི་དགྲ་བོ་ཆང་མ་ཕྱིར་སྐྲོད་མཛད། ཨིསི་རཱཨེལ་རྒྱལ་པོ་གཙོ་བོ་དཀོན་མཆོག་ཁྱོད་མཉམ་འགྲོགས། དེའི་ཕྱིར་འཇིགས་པའི་དགོས་དོན་གང་ཡང་མེད། 16དུས་དེ་རན་བཞིན་ཡོད། དེ་དུས་དེ་ཚོས་གྲོང་ཁྱེར་ཡེ་རུ་ཤ་ལེམ་ལ། འདི་ལྟར་སྨྲས་པར་འགྱུར། ཀྱེ། ཛི་ཡོན་གྲོང་ཁྱེར་ཁྱོད་ནི་འཇིགས་མི་དགོས། འཇིགས་པའི་དབང་གིས་ལག་ངར་ཉམས་མི་དགོས། 17གཙོ་བོ་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག་ཁྱོད་དང་མཉམ་དུ་འགྲོགས། ཁོང་གི་ནུས་མཐུས་ཁྱོད་ལ་རྒྱལ་ཁ་གནང་བ་དང་། གཙོ་བོ་དཀོན་མཆོག་ཁྱོད་ནང་དགའ་སྤྲོ་གནང་བ་དང་། ཁོང་གི་ཐུགས་བརྩེས་ཁྱོད་ལ་མི་ཚེ་གསར་པ་གནང་། ཁྱོད་ཕྱིར་དགྱེས་སྣང་ཆེན་པོས་གསུང་གཞས་མཛད། 18དགའ་སྟོན་ཆེན་པོར་མི་མང་ཚོས་དགའ་བ་བཞིན་གནང་བར་འགྱུར། གཙོ་བོ་དཀོན་མཆོག་གིས་གསུངས་བ། ད་ངས་འཇིགས་པའི་ཉེན་ཁ་ཡོངས་སེལ་བས། ཁྱོད་ཚོའི་འཕྱ་སྨོད་ཐར་སྐྲོད་ཡོད། 19ཁྱོད་ལ་སྡང་བར་ཉེས་ཆད་གཏོང་རྒྱུ་དང་། དབང་པོ་ཉམས་ཆག་ཀུན་ལ་སྐྱབས་པ་དང་། བཙན་བྱོལ་པ་རྣམས་རང་གི་ཡུལ་དུ་ལོག་རྒྱུ་དང་། དེ་ཚོའི་ཐོག་ཏུ་ཕོག་པའི་འཕྱ་སྨོད་ཀུན། ཁྱོད་ཚོའི་ངོ་ཆ་གུས་ཞབས་སུ་འགྱུར་རྒྱུ་ཡིན། འཛམ་གླིང་མི་རིགས་ཀུན་གྱིས་དེ་ཚོ་ལ། བསྔགས་བརྗོད་བྱེད་པའི་དུས་དེ་རན་པ་ཡིན། 20ད་ངས་ཁྱོད་ཚོའི་ཁ་ཐོར་མི་མང་རྣམས། རང་གི་ཁྱིམ་དུ་འཁྲིད་ཡོང་རྒྱུ་ཡིན། ཁྱོད་ཚོར་ས་གཞི་ཀུན་ཏུ་སྙན་གྲགས་ཅན་བཟོ་རྒྱུ་ཡིན་པ་དང་། སླར་ཡང་ཡར་རྒྱས་ཕུན་སུམ་ཚོགས་པ་བཟོ་རྒྱུ་ཡིན་ནོ། གཙོ་བོ་དཀོན་མཆོག་གིས་གསུངས་པ་ཡིན་ནོ།།

ཧག་གྷཨེ 1

མཆོད་ཁང་སྐྱར་དུ་བཞེངས་སྐོར་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ།

1པར་སི་ཡའི་རྒྱལ་པོ་ཆེན་པོ་དྷ་རི་ཨསེ་རྒྱལ་སྲིད་སྐྱོང་བའི་ལོ་གཉིས་པའི་ཟླ་བ་དྲུག་པའི་ཚེས་གཅིག་གི་ཉིན་གཙོ་བོ་དཀོན་མཆོག་ལུང་སྟོན་པ་ཧག་གྷཨེའི་བརྒྱུད་ནས་གསུངས་པ། གསུང་འཕྲིན་འདི་ནི་ཤལ་ཏི་ཨེལ་གྱི་བུ་ཡ་ཧུ་དཱའི་སྲིད་ཚབ་ཛེ་རུ་བྷ་བྷེལ་དང་ཡེ་ཧོ་ཛ་དག་གི་བུ་བླ་ཆེན་ཡོ་ཤུ་ཨའི་ཆེད་དུ་ཡིན་ནོ། 2ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་ཧག་གྷཨེ་ལ་གསུངས་པ། མི་འདི་ཚོས། ད་ལྟ་མཆོད་ཁང་དེ་སྐྱར་བཞེངས་བྱེད་པའི་དུས་ལ་བབས་མེད་ཅེས་བརྗོད་ཀྱི་ཡོད་པས། 3དེ་བས་ན་གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་ཧག་གྷཨེའི་བརྒྱུད་ནས་མི་མང་ལ་གསུང་འཕྲིན་གནང་བ་དེ་ནི། 4ཀྱེ་ངའི་མི་རྣམས། ངའི་མཆོད་ཁང་དེ་ནི་གྱང་གོག་རྙིང་པ་ཞིག་ཏུ་འགྱུར་ཡོད་པས། ཁྱོད་ཚོ་ནི་ཅིའི་ཕྱིར་ཁང་བཟང་བརྟན་པོའི་ནང་དུ་གནས་སྡོད་བྱས་སམ། 5དེ་བས་ན་ཁྱོད་ཚོས་རང་གི་གནས་སྟངས་ལ་བརྟག་དཔྱད་བྱོས་ཞིག 6ཁྱོད་ཚོས་འབྲུ་མང་པོ་བཏབ་ཀྱང་སྟོན་ཐོག་ཉུང་ཉུང་བསྡུས་ཡོང་། ཁྱོད་ཚོས་ཟ་བའི་ཆེད་དུ་ཁ་བཟས་ཡོད་ཀྱང་ཁྱོད་ཚོ་ཚིམ་པར་མི་འགྱུར། འཐུང་བའི་ཆེད་དུ་རྒུན་ཆང་ཡོད་ཀྱང་ཚིམས་པ་ལ་སྡང་བར་མི་འགྱུར། གྱོན་གོས་ཡོད་ཀྱང་དྲོས་མ་ཐུབ་བོ། དེ་བཞིན་གླ་པས་འབད་བརྩོན་བྱས་པའི་ནོར་ཨི་ཁུང་འབིག་པའི་དངུལ་ཁུག་ནང་བླུགས་པ་ལྟར་ཡིན་ནོ། 7དེ་ལྟར་བྱུང་དགོས་པའི་གནད་དོན་གཙོ་བོ་དེ་གང་ཡིན་པ་ཁྱོད་ཚོས་མི་ཤེས་སམ། 8དེ་བས་ན་ཁྱོད་ཚོ་རི་ཁར་ཕྱིན་སྟེ་ཤིང་བཅད་ནས་མཆོད་ཁང་ཉམས་གསོ་བྱེད་དགོས། གལ་སྲིད་དེ་ལྟར་བྱས་པ་ཡིན་ན་ང་ཧ་ཅང་དགའ་བ་དང་། ང་ལ་བསྙེན་བཀུར་བྱེས་དགོས་པ་བཞིན་བྱུང་བར་འགྱུར། 9ཁྱོད་ཚོས་སྟོན་ཐོག་རྒྱས་པོ་ཞིག་གི་རེ་འདོད་བྱས་མོད། འོན་ཀྱང་དེ་ནི་ཉུང་ངུ་ཞིག་ལས་མ་སྨིན་པ་དང་། ཁྱོད་ཚོས་སྟོན་ཐོག་དེ་བསྡུས་ནས་ནང་དུ་འཁྱེར་སྐབས་ངས་དེ་ཚོར་ཕུ་བཏབ་པ་ཡིན། ངས་དེ་ལྟར་བྱེད་དགོས་དོན་ནི། ངའི་མཆོད་ཁང་དེ་གྱང་གོག་ཞིག་ཏུ་འགྱུར་ཡོད་པས། ཁྱོད་ཚོ་ནི་རང་གི་ཁྱིམ་བཟོས་རྒྱུར་མ་ཁོམ་ཤིག་ཤིག་བྱས་སོ། 10དེ་རྐྱེན་གྱི་ཆར་ཆུ་དུས་སུ་མི་འབེབས་ཤིང་ལོ་ཐོག་སོགས་གང་ཡང་སྐྱེས་མེད་དོ། 11ངས་རི་བརྒྱུད་ཁུལ་དང་། ཞིང་དང་། དེ་བཞིན་རྒུན་ཚལ་ཁག་དང་། ཁ་སྐྱུར་པོའི་སྐྱེ་ཚལ་ཁག་དང་། ས་ལས་སྐྱེ་ཚད་རིགས་ཀྱི་སྟོན་ཐོག་ཁག་དང་། མི་དང་དུད་འགྲོ་སྲོག་ཆགས་ཀུན་གྱི་ཐོག་ཏུ་ཐན་པ་བཏང་ཡོད་པ་ཡིན་ནོ༎

མི་མང་ནས་གཙོ་བོ་དཀོན་མཆོག་གི་བཀའ་ལ་བརྩི་སྲུང་བཞུས་པ།

12དེ་ནས་ཛེ་རུ་བྷ་བྷེལ་དང་ཡོ་ཤུ་ཨས་གཙོས་པས་བྱེས་ཡུལ་བྷེ་བྷི་ལོ་ནི་ཡ་ནས་ཕྱིར་ལོག་བྱས་པའི་མི་མང་ཚང་མས་གཙོ་བོ་དཀོན་མཆོག་རང་གི་དཀོན་མཆོག་ལ་ཅི་གསུངས་བཀའ་འགྲུབ་ཞུས་ནས་བརྩི་གུས་ཞུས་ཤིང་། དེ་ཚོ་འཇིག་ནས་གཙོ་བོ་དཀོན་མཆོག་གི་བང་ཆེན་ལུང་སྟོན་པ་ཧག་གྷཨེས་གང་སྨྲས་པར་ཉན་ནོ། 13དེ་རྗེས་ཧག་གྷཨེ་ནས་མི་མང་རྣམས་ལ་གཙོ་བོ་དཀོན་མཆོག་གི་གསུང་འཕྲིན་གནང་ངོ་། ང་ཁྱོད་ཚོ་དང་མཉམ་དུ་གནས་རྒྱུའི་དམ་བཅའ་བྱེད་ཀྱི་ཡོད། 14དེ་རྗེས་གཙོ་བོ་དཀོན་མཆོག་གིས་ཡ་ཧུ་དཱའི་སྲིད་ཚབ་ཛེ་རུ་བྷ་བྷེལ་དང་བླ་ཆེན་ཡོ་ཤུ་ཨས་གཙོས་པས་བྱེས་ནས་ཕྱིར་ལོག་བྱས་པའི་མི་ཚང་མར་མཆོད་ཁང་བཞེངས་པའི་ལས་ལ་ཞུགས་པའི་ཕྱིར་སེམས་ཤུགས་ཆེན་པོ་གནང་ངོ་། དེ་ཚོ་ཡོང་ནས་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་རང་གི་དཀོན་མཆོག་གི་མཆོད་ཁང་དུ་ལས་བྱེད་པར་འགོ་བཙུགས་སོ། 15རྒྱལ་པོ་ཆེན་པོ་དྷ་རི་ཨསེ་རྒྱལ་སྲིད་སྐྱོང་ལོ་གཉིས་པའི་ཟླ་བ་དྲུག་པའི་ཚེས་ཉི་ཤུ་བཞིའི་ཉིན་དེ་ཚོས་ལས་མགོ་བཙུགས་སོ༎

ཧག་གྷཨེ 2

མཆོད་ཁང་གསར་པའི་གཟི་བརྗེད།

1ལོ་དེ་རང་གི་ཟླ་བ་བདུན་པའི་ཚེས་ཉི་ཤུ་གཅིག་གི་ཉིན་ལུང་སྟོན་པ་ཧག་གྷཨེའི་བརྒྱུད་ནས་སྐྱར་དུ་གཙོ་བོ་དཀོན་མཆོག་གིས་གསུངས་བ་ནི། 2ཁོང་གིས་ཧག་གྷཨེ་ལ་ཡ་ཧུ་དཱའི་སྲིད་ཚབ་ཛེ་རུ་བྷ་བྷེལ་དང་བླ་ཆེན་ཡོ་ཤུ་ཨ་དང་མི་མང་ཀུན་ལ་དེ་ལྟར་སྨྲས་དགོས་ཅེས་གསུངས་སོ། 3ཁྱོད་ཚོའི་ནང་ནས་ཐོག་མའི་མཆོད་ཁང་དེ་གཟི་བརྗིད་ཆེན་པོ་ཇི་ལྟར་ཡོད་པའི་སྐོར་དྲན་གསོ་བྱེད་ཐུབ་མཁན་ད་ལྟའང་ཡོད་སྲིད་དོ། ད་ལྟ་ཁྱོད་ཚོས་མཆོད་ཁང་དེ་གང་འདྲ་ཞིག་མཐོང་གི་འདུག་གམ། སྔོན་གྱི་གནས་སྟང་དེ་དང་སྡུར་དུས་ད་ལྟ་གང་ཡང་མ་ཡིན་པ་ལྟར་འཚོར་རམ། 4འོན་ཀྱང་ཁྱོད་ཚོ་སུས་ཀྱང་སེམས་ཤུགས་མ་ཉམས་པར་ལས་དེ་བྱོས་ཤིག་གང་ལགས་ཟེར་ན། ང་ཁྱོད་ཚོ་དང་མཉམ་དུ་གནས་ཡོད། 5སྔར་ཁྱོད་ཚོ་ཨི་ཇིབ་ནས་ཐོན་སྐབས་ང་ཁྱོད་ཚོ་དང་མཉམ་དུ་རྟག་པར་གནས་ཀྱི་ཡིན་ཞེས་དམ་བཅའ་བྱས་པ་བཞིན་ད་ལྟའང་ང་དེ་བཞིན་གནས་ཡོད་པས། ད་ཁྱོད་ཚོ་འཇིགས་མི་དགོས་སོ། 6ངས་རིང་མིན་གནམ་དང་ས་གཞི་དང་། དེ་བཞིན་མཚོ་དང་སྐམ་ས་བཅས་པ་ཚང་མར་གཡོ་འགུལ་ཆེན་པོ་བཏང་རྒྱུ་ཡིན། 7རྒྱལ་ཁབ་ཚང་མའི་ཐོག་ཏུ་རྒྱལ་ཁ་ཐོབ་རྒྱུ་ཡིན། དེ་ཚོའི་རྒྱུ་ནོར་ཚང་མ་འཁྱེར་ཡོང་ནས་ངའི་མཆོད་ཁང་དེས་ཡོངས་སུ་ཁེངས་པ་བྱེད་རྒྱུ་ཡིན་ནོ། 8ས་གཞི་ནང་ཡོད་པའི་གསེར་དང་དངུལ་ཀྱི་རིགས་ཀུན་གྱི་བདག་པོ་ང་ཡིན་ཅིང་། 9ད་ལྟའི་མཆོད་ཁང་གསར་པ་དེ་ནི་སྔར་གྱི་མཆོད་ཁང་རྙིང་པ་དེ་ལས་ཀྱང་གཟི་བརྗིད་ཆེ་བ་ཞིག་བཟོ་རྒྱུ་དང་། དེར་ངས་རང་གི་མི་མང་རྣམས་ལ་ཞི་བདེ་དང་ཡར་རྒྱས་ཕུན་སུམ་ཚོགས་པའི་བྱིན་རླབས་ཤིག་སྟེར་རྒྱུ་ཡིན་ཞེས་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་གསུངས་སོ༎

ལུང་སྟོན་པས་བླ་མ་རྣམས་དང་གྲོས་སྡུར་བྱེད་པ།

10ཡང་རྒྱལ་པོ་ཆེན་པོ་དྷ་རི་ཨསེ་རྒྱལ་སྲིད་སྐྱོང་ལོ་གཉིས་པའི་ཟླ་བ་དགུ་པའི་ཚེས་ཉི་ཤུ་བཞིའི་ཉིན་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་ལུང་སྟོན་པ་ཧག་གྷཨེ་བརྒྱུད་ནས་སྐྱར་དུ་གསུང་གླེང་གནང་ངོ་། 11ཁྱོད་ཀྱིས་གཤམ་གསལ་དོན་གནད་ཁག་གི་སྐོར་ལ་བཀའ་ཁྲིམས་གཞིར་བཟུང་ལྟར་བླ་མ་རྣམས་ཀྱི་བསམ་ཚུལ་གང་ཡོད་སྐོར་དྲི་བ་འདྲི་དགོས་སོ། 12གལ་སྲིད་མི་སུ་ཞིག་གིས་དམར་མཆོད་དབུལ་ནས་བསྔོ་འབུལ་བྱས་ཟིན་པའི་ཤའི་དུམ་བུ་ཞིག་རང་གི་གོས་ལ་བསྒྲིལ་ནས་འཁྱེར་འགྲོ་སྐབས། གོས་དེ་ཟུར་ནས་བག་ལེབ་ལ་སོགས་པའི་ཁ་ཟས་ཀྱི་རིགས་དང་། རྒུན་ཆང་དང་། སྐྱུ་རུའི་སྣུམ་མམ། གཞན་ཡང་ཟ་ཆས་ཀྱི་རིགས་གང་འདྲ་ཞིག་ལ་རེགས་པ་ཡིན་ན་ཁ་ཟས་དེ་ཚོ་ཡང་དམ་པར་འགྱུར་རམ་ཞེས་དྲིས་པ་དང་། ལན་དུ་བླ་མ་རྣམས་ཀྱིས། དེ་ལྟར་བྱུང་མི་སྲིད་ཅེས་སྨྲས་སོ། 13ཡང་ཧག་གྷཨེས། གལ་ཏེ་མི་ཞིག་གིས་རོ་ལ་ལག་པ་འཆང་ནས་རང་ཉིད་མི་གཙང་བར་འགྱུར་ཞིང་། ཡང་དེས་གོང་གསལ་ཁ་ཟས་ཀྱི་རིགས་ལ་ལག་པ་འཆང་བ་ཡིན་ན། ཁ་ཟས་དེ་ཚོ་ཡང་མི་གཙང་བར་འགྱུར་རམ་ཞེས་དྲིས་པའི་ལན་དུ། བླ་མ་རྣམས་ཀྱིས་དེ་ནི་མི་གཙང་བར་འགྱུར་རོ་ཞེས་སྨྲས་སོ། 14དེ་ནས་ཧག་གྷཨེས་སྨྲས་པ། གཙོ་བོ་དཀོན་མཆོག་གིས་འདི་སྐད་དུ། མི་བརྒྱུད་འདི་དང་དེ་ཚོའི་ཐོན་སྐྱེད་ཚང་མ་གོང་གསལ་དཔེ་དང་མཚུངས་ཤིང་། དེ་ཚོས་མཆོད་ཁྲིར་ཕུལ་པའི་རྫས་ཚང་མ་མི་གཙང་བ་ཡིན་ནོ༎

གཙོ་བོ་དཀོན་མཆོག་གིས་བྱིན་རླབས་གནང་རྒྱུའི་དབུ་མནའ་གཞེས་པ།

15གཙོ་བོ་དཀོན་མཆོག་གི་གསུངས་པ། ཁྱོད་ཚོའི་ཐོག་ཏུ་གནས་ཚུལ་གང་བྱུང་བ་དེར་ཁྱོད་ཚོས་མཐོང་མི་ཐུབ་བམ། སྔར་མཆོད་ཁང་བཞེངས་འགོ་མ་འཚུགས་གོང་དུ། 16སྔར་མཆོད་ཁང་བཞེངས་འགོ་མ་འཚུགས་གོང་དུ་ཁྱོད་ཚོས་འབྲུ་ཀི་ལོ་ ༢༠༠ བསྡུ་བའི་རེ་འདོད་བྱས་མོད། འོན་ཀྱང་ཀི་ལོ་ ༡༠༠ ལས་མ་ཐོན་པ་དང་། གཞོང་པའི་ནང་ནས་རྒུན་ཆང་ལི་ཊར་ ༡༠༠ འདོན་པའི་རེ་འདོད་བྱས་ཀྱང་ལི་ཊར་བཞི་བཅུ་ལས་མ་ཐོན་ཞིང་། 17ཁྱོད་ཚོས་འདེབས་ལས་བྱས་པའི་སྟོན་ཐོག་ཚང་མ་མེད་པར་བཟོ་ཕྱིར་ངས་རླུང་ཚ་པོ་དང་སེར་བ་བཏང་རུང་ཁྱོད་ཚོས་འགྱོད་སེམས་མ་བྱས་མོད། 18འོན་ཀྱང་དེ་རིང་ཟླ་བ་དགུ་པའི་ཚེས་ཉི་ཤུ་བཞིའི་ཉིན་མོ་འདི་ནི་མཆོད་ཁང་གི་རྨང་གཞི་བཏིང་ཟིན་པའི་ཉིན་མོ་དེ་ཡིན་པས། ད་ནས་ཕྱིན་ཆད་གནས་ཚུལ་གང་བྱུང་སྐོར་ཁྱོད་ཚོས་བསམ་བློ་གཏོང་ཞིག 19བང་མཛོད་ནང་འབྲུ་སོགས་ལྷག་མེད་ནའང་། རྒུན་ཤིང་དང་། སེ་ཡབ་ཤིང་དང་། སེ་འབྲུ་དང་། དེ་བཞིན་ཁ་སྐྱུར་པོའི་ཤིང་སྡོང་སོགས་ལ་ད་བར་འབྲས་བུ་མ་སྐྱེས་ན་ཡང་། འོན་ཀྱང་ད་ནས་ཕྱིན་ཆད་ངས་ཁྱོད་ཚོར་བྱིན་རླབས་སྟེར་རྒྱུ་ཡིན་ནོ༎

གཙོ་བོ་དཀོན་མཆོག་གིས་ཛེ་རུ་བྷ་བྷེལ་ལ་དབུ་མནའ་གཞེས་པ།

20ཡང་ཟླ་བ་དེ་ཀའི་ཚེས་ཉི་ཤུ་བཞིའི་ཉིན་ཧག་གྷཨེ་བརྒྱུད་ནས་གཙོ་བོ་དཀོན་མཆོག་གིས་གསུང་འཕྲིན་གཉིས་པ་གནང་ཞིང་། 21ཡ་ཧུ་དཱའི་སྲིད་ཚབ་ཛེ་རུ་བྷ་བྷེལ་ལ་འདི་སྐད་དུ། ད་ངས་གནམ་དང་ས་གཞི་གཡོ་འགུལ་བྱེད་གྲབ་བྱེད་བཞིན་ཡོད་པ་དང་། 22རྒྱལ་ཁམས་རྣམས་ཀྱི་ཐོག་ཏུ་རྒྱ་ཁ་ཐོབ་པ་དང་དེ་ཚོའི་ནུས་ཤུགས་མེད་པར་བཟོ་རྒྱུ་ཡིན། དེ་ཚོའི་ཤིང་རྟ་རྣམས་དང་ཁ་ལོ་པ་བཅས་པ་ཚང་མ་རློག་ཅིང་། རྟ་རྣམས་ཤི་བ་དང་། དེ་བཞིན་རྟ་ཞོན་མཁན་རྣམས་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་བསད་པར་འགྱུར་རོ། 23ཉིན་མོ་དེ་ལ་ངས་རང་གི་ཞབས་ཏོག་པ་ཛེ་རུ་བྷ་བྷེལ་ཁྱོད་ལ་ངའི་མིང་གི་ངང་ན་སྲིད་སྐྱོང་བྱེད་ཕྱིར་བསྐོ་བཞག་བྱེད་རྒྱུ་ཡིན་ནོ། ཁྱོད་ནི་ངས་འདམས་པའི་སྐྱེ་བུ་དེ་ཡིན་ནོ་ཞེས་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་གསུངས་སོ༎

ཛ་ཀར་ཡ 1

གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་ལོག་དགོས་པའི་འབོད་བསྐུལ་།

1པར་སི་ཡའི་རྒྱལ་པོ་ཆེན་པོ་དྷ་རི་ཨསེ་ཆབ་སྲིད་སྐྱོང་ལོ་གཉིས་པའི་ཟླ་བ་བརྒྱད་པར་གཙོ་བོ་དཀོན་མཆོག་གིས་བྷེ་རེ་ཀི་ཡཱའི་བུའམ་ཨིད་དྷོའི་ཚ་བོ་ལུང་སྟོན་པ་ཛ་ཀར་ཡཱ་ལ་གསུང་འཕྲིན་འདི་གནང་ངོ་། 2ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་ཛ་ཀར་ཡཱ་ལ་ང་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་མེས་པོ་རྣམས་ལ་ཤིན་ཏུ་ཁྲོ་ཡོད། 3འོན་ཀྱང་ད་ལྟ་ངས་ཁྱོད་ཚོ་ལ་ཤོད་རྒྱུར་ཁྱོད་ཚོ་ནི་ངའི་ཕྱོགས་སུ་བློ་ཁ་བསྒྱུར་ན། ངའང་ཁྱོད་ཚོའི་ཕྱོགས་སུ་ཕྱིར་ལོག་རྒྱུ་ཡིན། 4ཁྱོད་ཚོའི་མེས་པོའི་ལམ་ངན་དུ་མ་འབྲོངས་ཤིག། ལོ་མང་སྔོན་ནས་ལུང་སྟོན་པ་ཚོས་ཁོ་ཚོ་ལ། ལས་ངན་སྡིག་སྤྱོད་དག་སྤོང་དགོས་ཅེས་ངའི་གསུང་འཕྲིན་དེ་ཚོ་ལ་སྤྲད་ཀྱང་། ཁོ་ཚོས་ང་ལ་མ་ཉན་པར་བརྩི་སྲུང་མ་བྱས་སོ། 5ཁྱོད་ཚོའི་མེས་པོ་རྣམས་དང་ལུང་སྟོན་པ་དེ་ཚོ་ནི་ད་ལྟ་གསོན་པོར་གནས་མེད་དོ། 6སྔར་ངས་རང་གི་ཞབས་ཏོག་པ་ལུང་སྟོན་པ་ཚོ་བརྒྱུད་ནས་ཁྱོད་ཚོའི་མེས་པོ་རྣམས་ལ་བཀའ་ཁྲིམས་བཤད་ཅིང་ཟོན་བརྡ་བསྐུལ་རུང་། དེ་ཚོས་རྩིས་མེད་བྱས་པས། དེ་བཞིན་ཁོ་ཚོས་དེའི་ཉེས་ལན་འཁྱེར་དགོས་པ་བྱུང་ངོ་། དེ་ནི་གཙོ་བོ་དཀོན་མཆོག་ངས་སྔར་ནས་ཐག་གཅོད་ཟིན་པ་བཞིན་ཁོ་ཚོར་ཉེས་ཆད་བཏང་བ་ཡིན་པ་དེ་ཁོ་ཚོས་རྗེས་སུ་ཤེས་ཏེ། རང་གིས་བྱས་པའི་ལས་ངན་དག་གི་སྐོར་ལ་བློ་འགྱོད་བསྐྱེད་ཅིང་། ཁོ་ཚོར་ཉེས་ཆད་ཕོག་འོས་པ་དེ་ཁོ་ཚོས་ངོས་ལེན་བྱས་སོ་ཤེས་མི་རྣམས་ལ་ཤོད་ཅིག་ཅེས་གསུངས་སོ༎

ལུང་སྟོན་པས་ཞལ་གཟིགས་སུ་རྟ་རྣམས་མཐོང་བ།

7རྒྱལ་པོ་ཆེན་པོ་དྷ་རི་ཨསེ་ཆབ་སྲིད་སྐྱོང་ལོ་གཉིས་པའི་ཤེ་བྷད་ཅེས་པའི་ཟླ་བ་བཅུ་གཅིག་པའི་ཚེས་ཉི་ཤུ་བཞིའི་མཚན་མོར་གཙོ་བོ་དཀོན་མཆོག་གིས་ང་ལ་ཞལ་གཟིགས་ཀྱི་སྒོ་ནས་འཕྲིན་ཞིག་གནང་བ་ནི་འདི་ལྟ་སྟེ། 8ངས་མི་ཞིག་ཞོན་རྟ་དམར་པོ་ཞིག་ལ་ཞོན་ནས་ལུང་གཤོང་དུ་ཡོད་པའི་ཧ་དས་ཤིང་རྣམས་ཀྱི་ཁྲོད་དུ་བཀག་ནས་བསྡད་ཡོད་པ་ཞིག་མཐོང་བྱུང་། ཡང་དེའི་གཞུག་ལ་རྟ་དམར་པོ་དང་། ཁྲ་ཁྲ་དང་། དཀར་པོ་བཅས་ཀྱང་མཐོང་བྱུང་། 9དེ་ནས་ངས་ཕོ་ཉ་དེ་ལ། ཀྱེ་གཙོ་བོ། རྟ་དེ་ཚོ་མཐོང་བའི་རྟགས་མཚན་དེ་གང་ཡིན་ནམ་ཞེས་འདྲི་པའི་ལན་དུ་ཕོ་ཉས། དེའི་གནད་དོན་གང་ཡིན་པ་ངས་བསྟན་རྒྱུ་ཡིན། 10གཙོ་བོ་དཀོན་མཆོག་གིས་དེ་ཚོ་ལ་འཇིག་རྟེན་དུ་བརྟག་དཔྱད་བྱེད་ཕྱིར་བཏང་གནང་བ་ཡིན་ནོ་ཞེས་སྨྲས་སོ། 11དེ་ནས་དེ་ཚོས་ཕོ་ཉ་དེ་ལ། ང་ཚོ་འཇིག་རྟེན་ཀུན་ཏུ་ཕྱིན་པས། ས་གཞི་ཡོངས་རྫོགས་བཙན་གནོན་གྱི་འོག་ཏུ་གནས་འདུག་པ་མཐོང་བྱུང་ཞེས་ཞུས་པ་དང་། 12དེ་ནས་ཕོ་ཉ་དེས། ཀྱེ་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག། ཁྱེད་ལོ་ངོ་བདུན་ཅུའི་རིང་ནས་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ལ་ཐུགས་ཁྲོ་བ་གནང་ཞིང་། དེ་ཚོའི་ཐོག་ཏུ་ཁྱེད་ཀྱིས་སྙིང་རྗེ་མ་གནང་བར་ནམ་ཞིག་བར་དུ་བཞུགས་སམ་ཞེས་བཀའ་འདྲི་ཞུས་པ་དང་། 13གཙོ་བོ་དཀོན་མཆོག་གིས་ཕོ་ཉ་དེ་ལ་སེམས་གསོའི་བཀའ་ལན་བཟང་པོ་གནང་བ་དང་། 14ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་བཀའ་ལན་གང་གནང་བ་དེའི་སྐོར་ཕོ་ཉས་ང་ལ་བཤད་དེ། དེ་དག་ཁྱབ་སྒྲགས་བྱེད་དགོས་ཅེས་སྨྲས་སོ། ཡང་གཙོ་བོ་དཀོན་མཆོག་གི་བཀའ་ནི་འདི་ལྟ་སྟེ། ངའི་གྲོང་ཁྱེར་དམ་པ་ཡེ་རུ་ཤ་ལེམ་ལ་ངས་བརྩེ་གདུང་གཏིང་རིང་པོ་དང་དོ་སྣང་ཡོད། 15ཞི་བདེ་ལྷོད་ཡངས་སུ་གནས་པའི་རྒྱལ་ཁབ་རྣམས་ལ་ང་ནི་ཁྲོས་ནས་ཡོད། གང་ལ་ཟེར་ན། ངའི་མི་འབངས་རྣམས་ལ་ངས་ཁྲོ་བ་ངང་འཐེན་བྱེད་སྐབས། རྒྱལ་ཁབ་དེ་ཚོས་ངའི་མི་འབངས་རྣམས་ལ་དཀའ་སྡུག་གང་མང་བཏང་བ་ཡིན་པས་ཕྱིར་རོ། 16དེ་བས་ན་ཡེ་རུ་ཤ་ལེམ་ལ་སྙིང་རྗེ་བྱེད་ཕྱིར་ད་ང་གྲོང་ཁྱེར་དེར་ཕྱིར་ལོག་བྱས་ཡོད། ད་ངའི་མཆོད་ཁང་དེ་ཉམས་གསོ་བྱེད་རྒྱུ་དང་། གྲོང་ཁྱེར་དེ་སྐྱར་དུ་འཛུག་བསྐྲུན་བྱེད་རྒྱུ་ཡིན། 17ཡང་ཕོ་ཉས་ང་ལ་སྐྱར་དུ་ཁྱབ་སྒྲགས་བྱེད་དགོས་ཅེས་གསུངས་པའི་བཀའ་ནི་འདི་ལྟ་སྟེ། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་གསུངས་གསལ། ཁོང་གི་གྲོང་ཁྱེར་རྣམས་ནི་སྔར་བཞིན་ཡར་རྒྱས་གོང་དུ་འཕེལ་རྒྱུ་ཡིན་པ་དང་། ཁོང་གིས་ཡེ་རུ་ཤ་ལེམ་ལ་སྐྱར་དུ་སྐྱབས་གྲོགས་མཛད་ཅིང་། དེ་ལ་སྐུ་ཉིད་རང་གི་གྲོང་ཁྱེར་ཞིག་ཏུ་ངོས་འཛིན་གནང་རྒྱུ་ཡིན་ནོ༎

ཞལ་གཟིགས་སུ་རྭ་ཅོ་རྣམས་མཐོང་བ།

18ཡང་ཞལ་གཟིགས་གཞན་ཞིག་ལ་ངས་གླང་གི་རྭ་ཅོ་བཞི་མཐོང་ཞིང་། 19ང་དང་མཉམ་དུ་གཏམ་གླེང་བྱེད་བཞིན་པའི་ཕོ་ཉ་དེ་ལ་ངས། རྭ་ཅོ་འདི་ཚོའི་རྟགས་མཚན་གང་ཡིན་ནམ་ཞེས་འདྲིས་པའི་ལན་དུ། ཕོ་ཉ་དེས། དེ་ཚོ་ནི་ཡ་ཧུ་དཱ་དང་། ཨིསི་རཱཨེལ་དང་། ཡེ་རུ་ཤ་ལེམ་གྱི་མི་རྣམས་ཕྱོགས་གང་སར་ཁ་འཐོར་དུ་གཏོང་མཁན་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་དེ་ལ་མཚོན་པ་ཡིན་ནོ་ཞེས་སྨྲས་སོ། 20དེ་རྗེས་གཙོ་བོ་དཀོན་མཆོག་གིས་ང་ལ། ལག་ཏུ་ཐོ་བ་འཁྱེར་བའི་བཟོ་པ་བཞི་བསྟན་པ་གནང་ཞིང་། 21ངས་དེ་ཚོ་ག་རེའི་ཆེད་དུ་ཡོང་བ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པའི་ལན་དུ། ཕོ་ཉས། དེ་ཚོ་ནི་ཡ་ཧུ་དཱ་ཡོངས་སུ་འཇིག་སྐྱོན་བཏང་ཞིང་དེའི་ཡུལ་མི་རྣམས་ས་ཕྱོགས་ཀུན་ཏུ་ཁ་འཐོར་བཏང་མཁན་རྒྱལ་ཁབ་རྣམས་ལ་དངངས་སྐྲག་བསྐུལ་ཞིང་དེ་ཚོའི་སྲིད་དབང་འཕྲོག་པའི་ཆེད་དུ་ཡོང་བ་ཡིན་ནོ་ཞེས་སྨྲས་སོ༎

ཛ་ཀར་ཡ 2

ཞལ་གཟིགས་སུ་ཐིག་སྐུད་མཐོང་བ།

1ཞལ་གཟིགས་གཞན་ཞིག་ལ་ངས་ལག་པར་ཐིག་སྐུད་འཁྱེར་བའི་མི་ཞིག་མཐོང་བྱུང་བས། 2ངས་མི་དེ་ལ་ཁྱོད་གང་དུ་འགྲོ་འམ་ཞེས་འདྲིས་པའི་ལན་དུ་དེས། ང་ནི་ཡེ་རུ་ཤ་ལེམ་གྱི་རིང་ཚད་དང་ཞེང་ཚད་འཇལ་དུ་འགྲོའོ་ཞེས་སྨྲས་སོ། 3དེ་ནས་ང་དང་གཏམ་གླེང་བྱེད་བཞིན་པའི་ཕོ་ཉ་དེ་ངའི་མདུན་དུ་ཡོང་པ་དང་། ཕོ་ཉ་གཞན་ཞིག་གིས་ཕོ་ཉ་དེ་ལ་བསུ་བ་བྱེད་ཕྱིར་འོངས་ཤིང་། 4ཕོ་ཉ་དང་པོ་དེས་གཞན་དེ་ལ། ད་ཁྱོད་རྒྱུག་ནས་ཐིག་སྐུད་འཁྱེར་བའི་གཞོན་ནུ་དེ་ལ། ཡེ་རུ་ཤ་ལེམ་དུ་མི་དང་དུད་འགྲོའི་ཁ་གྲངས་རྒྱས་པའི་རྐྱེན་གྱིས་ལྕགས་རིས་བསྐོར་མ་ཐུབ་པའི་གྲོང་ཁྱེར་རྒྱ་ཆེན་པོ་ཞིག་ཏུ་འཕེལ་རྒྱུ་ཡིན་པ་དང་། 5གཙོ་བོ་དཀོན་མཆོག་རང་ཉིད་མེའི་ལྕགས་རིའི་ཚུལ་དུ་གྲོང་ཁྱེར་དེའི་མཐའ་འཁོར་བཞི་ལ་སྲུང་སྐྱོབ་གནང་ཞིང་། དེར་གཟི་བརྗིད་ཆེན་པོའི་ངང་དུ་གནས་རྒྱུའི་ཞལ་བཞེས་གནང་ཡོད་ཅེས་སྨྲོས་ཤིག་ཅེས་གསུངས་སོ༎

བཙན་བྱོལ་དུ་གནས་པ་རྣམས་ལ་རང་ཡུལ་དུ་བོས་པ།

6-7གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་མི་འབངས་རྣམས་ལ། སྔར་ངས་ཁྱོད་ཚོ་ས་ཕྱོགས་ཀུན་ཏུ་ཁ་གཏོར་མོད། འོན་ཀྱང་ད་ཁྱོད་ཚོ་བཙན་བྱོལ་པ་རྣམས་བྷེ་བྷི་ལོ་ནི་ཡ་ནས་བྲོས་ནས། ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་བྱོས་ཤིག། 8སུས་ཁྱོད་ཚོར་གནོད་འཚེ་བྱེད་པ་དེ་ངས་རིན་ཐང་ཆེན་པོ་རྩིས་པ་དེ་ལ་གནོད་འཚེ་བྱས་པ་དང་མཚུངས་པ་ཡིན་ནོ་ཞེས་གསུངས་སོ། དེར་བརྟེན་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་ང་ལ་སྔར་ཁོང་གི་མི་འབངས་རྣམས་ལ་འཕྲོག་བཅོམ་བྱས་པའི་རྒྱལ་ཁབ་ཚོ་ལ་གཤམ་གསལ་འཕྲིན་དེ་ང་ལ་མངགས་གནང་ངོ་། 9ད་གཙོ་བོ་དཀོན་མཆོག་རང་གིས་ཁྱོད་ཚོར་འཐབ་རྒོལ་གནང་ཞིང་། སྔར་ཁྱོད་ཚོའི་བྲན་འཁོལ་བྱས་པའི་མི་རྣམས་ཀྱིས་ཁྱོད་ཚོར་འཕྲོག་བཅོམ་བྱེད་རྒྱུ་ཡིན་ནོ། ལུང་བསྟན་འདི་དག་འགྲུབ་སྐབས་ང་ནི་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་རང་གིས་མངགས་པ་གནང་བ་ཡིན་པ་དེ་ཁྱོད་ཚོས་ཤེས་པར་འགྱུར་རོ། 10གཙོ་བོ་དཀོན་མཆོག་གིས་གསུངས་པ། ཀྱེ། ཡེ་རུ་ཤ་ལེམ་གྱི་ཡུལ་མི་རྣམས། ང་ཁྱོད་ཚོའི་དཀྱིལ་དུ་གནས་ཕྱིར་ཡོང་གི་ཡོད་པས། ད་ཁྱོད་ཚོ་དགའ་བ་ཆེན་པོས་གླུ་དབྱངས་ལེན་ཅིག། 11སྐབས་དེར་རྒྱལ་ཁབ་མང་པོ་གཙོ་བོ་དཀོན་མཆོག་གི་དྲུང་དུ་བཅར་ཞིང་ཁོང་གི་མི་འབངས་སུ་འགྱུར་རྒྱུ་ཡིན་པ་དང་། ཁོང་ཁྱོད་ཚོའི་དཀྱིལ་དུ་གནས་པ་དང་ང་ལ་ཁོང་གིས་མངགས་པ་གནང་བ་ཡིན་པ་དེ་ཁྱོད་ཚོས་ཤེས་རྟོགས་བྱེད་པར་འགྱུར། 12སླར་ཡང་གཙོ་བོ་དཀོན་མཆོག་གི་ཡ་ཧུ་དཱ་ནི་དམ་པའི་ཡུལ་ནང་དུ་ཁོང་གི་ཐོབ་སྐལ་དུ་བདག་དབང་གནང་བར་འགྱུར། ཡེ་རུ་ཤ་ལེམ་ནི་ཁོང་གི་གྲོང་ཁྱེར་ཐུགས་མཉེས་ཤོས་ཤིག་ཏུ་འགྱུར་རྒྱུ་ཡིན་ནོ། 13གཙོ་བོ་དཀོན་མཆོག་ནི་ཁོང་གི་བཞུགས་གནས་དམ་པ་ནས་མར་ཕེབས་བཞིན་ཡོད་པས། ཀྱེ་མི་རིགས་ཚང་མ་ཁོང་གི་སྤྱན་སྔར་ཁུ་སིམ་མེར་སྡོད་ཅིག།

ཛ་ཀར་ཡ 3

བླ་ཆེན་གྱི་སྐོར་ལ་ཞལ་གཟིགས་མཐོང་བ།

1ཞལ་གཟིགས་གཞན་ཞིག་གི་ནང་གསལ། གཙོ་བོ་དཀོན་མཆོག་གིས་ང་ལ་གཙོ་བོ་དཀོན་མཆོག་གི་ཕོ་ཉའི་མདུན་དུ་བླ་ཆེན་ཡོ་ཤུ་ཨ་ལངས་ནས་བསྡད་པ་བསྟན་གནང་ངོ་། ཡང་ཡོ་ཤུ་ཨ་ལ་སྐྱོན་བརྗོད་བྱེད་ཕྱིར་བདུད་དེའང་ཁོང་གི་འགྲམ་དུ་ལངས་ནས་ཡོད་པ་དང་། 2གཙོ་བོ་དཀོན་མཆོག་གི་ཕོ་ཉས་བདུད་དེ་ལ། ཀྱེ། བདུད། གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་སྐྱོན་བརྗོད་མཛད་པར་ཤོག། ཡེ་རུ་ཤ་ལེམ་ལ་གཅེས་པོ་གནང་མཁན་གཙོ་བོ་དཀོན་མཆོག་དེས་ཁྱོད་ལ་སྐྱོན་བརྗོད་གནང་བར་ཤོག། སྐྱེ་བོ་འདི་ནི་མེ་ནས་བཏོན་པའི་ཤིང་འབར་བཞིན་པ་ཞིག་དང་མཚུངས་པ་ཡིན་ནོ་ཞེས་གསུངས་སོ། 3ཡོ་ཤུ་ཨ་ནི་གྱོན་གོས་བཙོག་པ་ཞིག་གོན་ནས་དེར་ལངས་ནས་ཡོད་པས། 4དེ་ནས་ཕོ་ཉ་དེས་དེར་ལངས་བསྡད་ཡོད་པའི་གཞན་ཚོ་ལ། སྐྱེ་བོ་འདིས་གོན་པའི་གྱོན་གོས་བཙོག་པ་རྣམས་མར་ཕུད་ཅིག་ཅེས་གསུངས་པ་དང་། ཁོང་གིས་ཡོ་ཤུ་ཨ་ལའང་། ངས་ཁྱོད་ཀྱི་སྡིག་པ་སེལ་ཚར་བ་ཡིན་པས། ད་ངས་ཁྱོད་ལ་གྱོན་གོས་གསར་པ་ཞིག་གཡོག་རྒྱུ་ཡིན་ཞེས་གསུངས་སོ། 5དེ་བས་ན་ཁོང་གིས་དེ་ཚོ་ལ་ཡོ་ཤུ་ཨའི་མགོ་ལ་ཐོད་རས་གཙང་མ་ཞིག་གཡོགས་ཤིག་ཅེས་གསུངས་སོ། དེ་ཚོས་ཁོང་གི་མགོ་ལ་ཐོད་རས་སྒྲོན་ནས་གཟུགས་པོར་གྱོན་གོས་གསར་པ་ཞིག་སྒྲོན་ནོ། ཡང་དེའི་རིང་དུ་གཙོ་བོ་དཀོན་མཆོག་གི་ཕོ་ཉ་དེ་ནི་གནས་དེ་རང་དུ་བཞེངས་ནས་བཞུགས་སོ། 6དེ་རྗེས་ཕོ་ཉ་དེས་ཡོ་ཤུ་ཨ་ལ། 7ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་གསུངས་གསལ། གལ་ཏེ་ཁྱོད་ཀྱིས་ངའི་བཀའ་ཁྲིམས་ལ་རྩིས་སྲུང་བྱས་ཏེ། ངས་མངགས་པའི་ལས་འགན་རྣམས་བསྒྲུབ་པ་ཡིན་ན། ཁྱོད་སྔར་བཞིན་མུ་མཐུད་དེ་ངའི་མཆོད་ཁང་དང་ཚོམས་སྐོར་གྱི་དོ་དམ་པ་བྱེད་རྒྱུ་ཡིན་པ་དང་། ངའི་སྤྱན་སྔར་ཕོ་ཉ་ཚོའི་ཞུ་བར་ཉན་པ་བཞིན། ངས་ཁྱོད་ཀྱི་ཞུ་བ་ཡང་ཉན་རྒྱུ་ཡིན་ནོ། 8ཀྱེ་བླ་ཆེན་ཡོ་ཤུ་ཨ་དང་བླ་མ་གཞན་རྣམས་ཚུར་ཉོན་དང་། ཁྱོད་ཚོ་ནི་མ་འོངས་པའི་རྟགས་མཚན་བཟང་པོ་དེ་ཡིན་ནོ། ངའི་ཞབས་ཏོག་པ་ཡལ་ག་ཞུ་བ་དེ་མངོན་པར་བྱེད་རྒྱུ་ཡིན་པ་དང་། 9ངས་ཡོ་ཤུ་ཨའི་མདུན་དུ་གདོང་པ་བདུན་བྱས་པའི་རྡོ་གཅིག་བཞག་སྟེ། དེའི་ཁར་ངས་རྐོས་རྒྱབ་ནས་བྲིས་རྒྱུ་ཡིན་པ་དང་། ཡང་ཡུལ་འདིའི་ཉེས་སྡིག་ནི་ངས་ཉིན་ཞག་གཅིག་གི་ནང་དུ་སེལ་བར་བྱེད་རྒྱུ་ཡིན། 10དེ་ཉིན་ཁྱོད་ཚོས་རང་རང་སོ་སོའི་ཁྱིམ་མཚེས་རྣམས་ལ་རྒུན་ཚལ་དང་སེ་ཡབ་ཤིང་གི་བསྐོར་བའི་བསྟི་གནས་དེར་དགའ་སྐྱིད་དང་ཞི་བདེའི་དཔལ་ལ་ལོངས་སྤྱོད་ཕྱིར་འབོད་པར་བྱའོ༎

ཛ་ཀར་ཡ 4

ཞལ་གཟིགས་སུ་སྒྲོན་མེའི་སྟེགས་བུ་མཐོང་བ།

1ང་དང་གཏམ་གླེང་བྱེད་མཁན་ཕོ་ཉ་དེ་སྐྱར་དུ་ངའི་རྩར་འོངས་ནས། ང་གཉིད་ཁུག་ཡོད་པ་ལྟ་བུའི་ངའི་གཉིད་དཀྲོག་ཐབས་བྱས་ཏེ། 2ང་ལ། ཁྱོད་ཀྱིས་ག་རེ་མཐོང་གི་འདུག་གམ་ཞེས་འདྲི་བའི་ལན་དུ་ངས། གསེར་ལྗང་རྡུང་གི་སྒྲོན་མེའི་སྟེགས་བུ་ཞིག་དང་། དེའི་སྟེང་དུ་མཆོད་སྣུམ་བླུག་པའི་ཏིང་ཞིག་དང་། དེ་བཞིན་སྟེགས་བུའི་སྟེང་དུ་མཆོད་བཀོང་བདུན་ཡོད་པ་ལ་མཆོད་བཀོང་སོ་སོར་སྡོང་རས་འཛུགས་ས་བདུན་ཡོད་པ་དང་། 3སྒྲོན་མེའི་སྟེགས་བུའི་གཡས་གཡོན་གཉིས་སུ་ཁ་སྐྱུར་པོའི་ཤིང་སྡོང་རེ་རེ་འདུག་ཅེས་ཞུས་པ་དང་། 4ངས་ཕོ་ཉ་དེ་ལ། ཀྱེ་གཙོ་བོ། དངོས་པོ་འདི་ཚོའི་རྟགས་མཚན་ག་རེ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པས། 5ཁོང་གིས་ང་ལ། དེའི་སྐོར་ལ་ཁྱོད་ཀྱིས་གང་ཡང་མི་ཤེས་སམ་ཞེས་གསུངས་སོ། ངས་ཞུ་ལན་དུ། ཀྱེ་གཙོ་བོ་ངས་གང་ཡང་མི་ཤེས་སོ་ཞེས་ཞུས་པ་ཡིན།

ཛེ་རུ་བྷ་བྷེལ་ལ་དཀོན་མཆོག་གི་ཞལ་བཞེས།

6ཕོ་ཉ་དེས་ང་ལ། གཙོ་བོ་དཀོན་མཆོག་ནས་ཛེ་རུ་བྷ་བྷེལ་ལ་ཕེབས་པའི་གསུང་འཕྲིན་འདི་ལྟར་ཡིན། དྲག་པོའི་མ་ཡིན་པར་ནུས་ཤུག་གི་ཡང་མ་ཡིན་ནོ། འོན་ཀྱང་ངའི་སེམས་ཉིད་ཀྱིས་ཞེས་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གི་གསུངས་པ་ཡིན་ནོ། 7སུ་འདྲ་ཞིག་གི་ཀྱང་། ནུས་ཤུགས་ལྡན་པའི་རི་བོའི་ཀྱང་བར་ཆད་གཏོང་བ་ལ་ཟེ་རུ་བ་བེལ་གྱི་མདུན་དུ་ལངས་མི་ཐུབ་བོ། ཁོའི་མདུན་དུ་དེ་སེལ་བ་དང་། དེ་རྗེས་ཟེ་རུ་བ་བེལ་གྱིས་མཆོད་ཁང་གི་མཐའ་མའི་རྡོ་དེ་བཞག་དུས། མི་རྣམས་ཀྱིས་འདི་ལྟར་ཟེར་ཞིང་སྐད་རྒྱབ་པར་འགྱུར། དཀོན་མཆོག་གིས་འདི་ལ་བྱིན་རླབས་གནང་བར་ཤོག། དཀོན་མཆོག་གིས་འདི་ལ་བྱིན་རླབས་གནང་བར་ཤོག། 8ཡང་གསུང་འཕྲིན་གཞན་ཞིག་གི་ནང་གསལ་གཙོ་བོ་དཀོན་མཆོག་གིས་ང་ལ། 9ཛེ་རུ་བྷ་བྷེལ་གྱིས་མཆོད་ཁང་གི་རྨངས་གཞི་དེ་བཏིང་ཟིན་པ་དང་། ཁོས་མཆོད་ཁང་དེ་ཆ་ཚང་རྒྱབ་ངེས་ཤིང་། དེ་དུས་ཁྱོད་ནི་ངས་བཏང་བའི་སྐྱེས་བུ་ཡིན་པ་དེ་ངའི་མི་འབངས་ཀྱིས་ཤེས་རྟོགས་བྱེད་ཐུབ་རྒྱུ་ཡིན་པ་དང་། 10སྐབས་དེར་ལས་འགུལ་ཡར་རྒྱས་ཉུང་ཉུང་མ་གཏོགས་བྱུང་མེད་པ་མཐོང་ནས། དགའ་པོ་མ་བྱུང་བ་ཡིན་ན་ཡང་། ཛེ་རུ་བྷ་བྷེལ་གྱིས་མཆོད་ཁང་གསར་རྒྱག་གི་ལས་འགུལ་དེ་མུ་མཐུད་ནས་བྱེད་ཀྱི་ཡོད་པ་མཐོང་བའི་རྗེས་སུ་དེ་ཚོ་དགའ་བར་འགྱུར། ཕོ་ཉ་དེས་ང་ལ། མཆོད་མེ་བདུན་གྱི་རྟགས་མཚན་ནི་ས་གཞི་ཀུན་ཏུ་གཟིགས་ནུས་པའི་གཙོ་བོ་དཀོན་མཆོག་གི་སྤྱན་བདུན་པོ་དེ་ཡིན་ནོ་ཞེས་གསུངས་སོ། 11ངས་ཕོ་ཉ་ལ། སྒྲོན་མེའི་སྟེགས་བུའི་གཡས་གཡོན་གཉིས་སུ་ཡོད་པའི་ཁ་སྐྱུར་པོའི་ཤིང་སྡོང་དེ་དང་། 12ཁ་སྐྱུར་པོའི་སྣུམ་ཡོང་ས་གསེར་གྱི་སྣུམ་གདོང་གཉིས་པོའི་གཡས་གཡོན་དུ་ཡོད་པའི་ཁ་སྐྱུར་པོའི་ཤིང་གི་ཡལ་ག་གཉིས་པོའི་དོན་དེ་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པའི་ལན་དུ། 13ཁོང་གིས། ཁྱོད་ཀྱིས་དེའི་དོན་དེ་མི་ཤེས་སམ་ཞེས་གསུངས་པ་དང་། ཀྱེ་གཙོ་བོ་ངས་མི་ཤེས་སོ་ཞེས་ཞུས་པས། 14ཕོ་ཉ་དེས། དེ་གཉིས་ཀྱི་དོན་ནི། ས་གཞི་ཡོངས་ཀྱི་གཙོ་བོ་དཀོན་མཆོག་གིས་ཁོང་ལ་ཞབས་ཏོག་ཞུ་ཕྱིར་བསྔོ་འབུལ་བྱས་པའི་མི་གཉིས་པོ་དེ་ལ་གོ་དགོས་པ་ཡིན་ནོ༎

ཛ་ཀར་ཡ 5

ཞལ་གཟིགས་སུ་ཤོག་སྒྲིལ་འཕུར་བཞིན་པ་ཞིག་མཐོང་བ།

1ངས་སྐྱར་དུ་ཡར་བལྟས་པ་ལས། བར་སྣང་དུ་ཤོག་སྒྲིལ་འཕུར་བཞིན་པ་ཞིག་མཐོང་བས། 2ཕོ་ཉ་དེས་ང་ལ། ཁྱོད་ཀྱིས་ག་རེ་མཐོང་བྱུང་ངམ་ཞེས་བཀའ་འདྲི་གནང་བའི་ལན་དུ་ངས། བར་སྣང་དུ་འཕུར་བཞིན་པའི་ཤོག་སྒྲིལ་རིང་ཚད་མི་ཊར་དགུ་དང་ཞེང་ཚད་མི་ཊར་བཞི་དང་ཕྱེད་ཀ་བྱས་པ་ཞིག་མཐོང་བྱུང་ཞེས་ཞུས་པ་དང་། 3ཁོང་གིས་ང་ལ། དེའི་སྟེང་དུ་ས་གཞིའི་ངོས་ཡོངས་ལ་འཕོག་རྒྱུའི་དམོད་པའི་ཚིག་རྣམས་བྲིས་ཡོད་ཅིང་། ཤོག་སྒྲིལ་དེའི་ངོས་གཅིག་ལ་ཡུལ་ནས་རྐུན་མ་ཚང་མ་ཕྱིར་འདོན་བྱེད་རྒྱུ་དང་། དེ་བཞིན་ངོས་གཞན་དུ་མནའ་སྐྱེལ་ཏེ་བརྫུན་གཏམ་བཤད་མཁན་ཚང་མ་ཚར་བཅད་གཏོང་རྒྱུ་ཡིན་ཞེས་བྲིས་ཡོད་པ་དང་། 4ཡང་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས། རྐུན་མ་དང་མནའ་སྐྱེལ་ཏེ་རྫུན་གཏམ་བཤད་མཁན་ཚང་མའི་ཁང་པའི་ནང་དུ་དམོད་པ་དེ་གཏོང་རྒྱུ་ཡིན། ངའི་དམོད་པ་དེ་ཁོ་ཚོའི་ཁང་པའི་ནང་དུ་གནས་རྒྱུ་ཡིན་པ་དང་ཤིང་དང་རྡོ་དང་བཅས་པ་ཁྱིམ་ནང་གི་ཛིཡོད་ཚང་མ་འཇིག་པར་བཟོ་བར་འགྱུར་ཞེས་གསུངས་སོ༎

ཞལ་གཟིགས་སུ་ཙེལ་པོའི་ནང་དུ་བུད་མེད་ཅིག་མཐོང་བ།

5ཕོ་ཉ་དེ་སྐྱར་དུ་ང་ལ་མངོན་ཏེ། ཚུར་ཡོང་བཞིན་པའི་དངོས་པོ་དེ་ལ་ལྟོས་དང་ཞེས་གསུངས་པའི་ལན་དུ། 6ངས་དེ་གང་ཡིན་ནམ་ཞེས་ཞུས་པ་དང་། དེའི་ལན་དུ་ཁོང་གིས། དེ་ནི་ཙེལ་པོ་ཞིག་ཡིན་ཏེ། དེ་ནི་ས་གཞི་ཀུན་གྱི་སྡིག་པའི་དཔེ་ཞིག་ཡིན་ནོ་ཞེས་གསུངས་སོ། 7ཙེལ་པོ་དེ་ལ་ཞ་ཉེའི་ཁེབས་ཤིག་ཡོད་པ་དང་། ངས་བལྟ་སྐབས་ཁེབས་དེ་ཡར་ཕྱེ་བས། དེའི་ནང་དུ་བུད་མེད་ཞིག་བསྡད་ཡོད་པ་མཐོང་བྱུང་། 8ཡང་ཕོ་ཉ་དེས། བུད་མེད་འདི་ནི་ངན་པའི་དཔེ་ཞིག་ཡིན་ནོ་ཞེས་གསུངས་ཏེ། བུད་མེད་དེ་ཙེལ་པོའི་ནང་དུ་མར་བཅུག་ནས་ཁེབས་དེ་བརྒྱབ་བོ། 9དེ་རྗེས་ངས་ཡར་བལྟས་པས། བུད་མེད་ཤོག་པ་ལྡན་པ་གཉིས་ངའི་ཕྱོགས་སུ་འཕུར་ཞིང་ཡོང་བ་མཐོང་བྱུང་། དེ་ཚོའི་ཤོག་པ་ནི་ནུས་རྩལ་དང་ལྡན་ཞིང་། བྱ་ཁྲུང་ཁྲུང་གི་ཤོག་པ་དང་མཚུངས་པ་ཞིག་ཡོད་པ་ཡིན་ནོ། དེ་རྗེས་ཁོ་གཉིས་ཀྱིས་ཙེལ་པོ་དེ་འཁྱེར་ནས་འཕུར་ཕྱིན་ནོ། 10ངས་ཕོ་ཉ་དེ་ལ། དེ་ཚོས་ཙེལ་པོ་དེ་གང་དུ་འཁྱེར་འགྲོ་གི་ཡོད་པ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པའི་ལན་དུ། 11ཕོ་ཉ་དེས། དེ་ནི་བྷེ་བྷི་ལོ་ནི་ཡ་དུ་འཁྱེར་འགྲོ་གི་ཡོད། དེར་ཁོ་ཚོས་དེའི་ཆེད་དུ་ལྷ་ཁང་གྲ་སྒྲིག་བྱུང་བའི་རྗེས་སུ། མི་ཚོས་ཙེལ་པོ་དེ་ལ་བསྙེན་བཀུར་ཞུ་ཕྱིར་དེར་བཞག་རྒྱུ་ཡིན་ནོ་ཞེས་གསུངས་སོ༎

ཛ་ཀར་ཡ 6

ཞལ་གཟིགས་སུ་ཤིང་རྟ་བཞི་མཐོང་བ།

1ཞལ་གཟིགས་གཞན་ཞིག་གི་ནང་དུ་ངས་ལིའི་རི་བོ་གཉིས་ཀྱི་བར་ནས་ཤིང་རྟ་བཞི་ཡོང་བཞིན་པ་མཐོང་བྱུང་། 2ཤིང་རྟ་དང་པོ་དེ་རྟ་དམར་པོ་ཚོས་དང་། ཤིང་རྟ་གཉིས་པར་རྟ་ནག་པོ་ཚོས་དང་། 3ཤིང་རྟ་གསུམ་པར་རྟ་དཀར་པོ་ཚོས་དང་། ཤིང་རྟ་བཞི་པར་རྟ་ཁྲ་ཁྲ་ཚོས་འཐེན་ནས་ཡོད་དོ། 4ངས་ཕོ་ཉ་ལ། གཙོ་བོ། ཤིང་རྟ་འདི་ཚོའི་རྟགས་མཚན་གང་ཡིན་ནམ་ཞེས་ཞུས་པའི་ལན་དུ། 5ཁོང་གིས། འདི་ཚོ་ནི་ས་གཞི་ཀུན་གྱི་གཙོ་བོ་དཀོན་མཆོག་གི་སྤྱན་སྔ་ནས་ད་ལྟ་རང་ཐོན་པའི་རླུང་བཞི་པོ་དེ་ཡིན་ནོ་ཞེས་གསུངས་སོ། 6རྟ་ནག་པོ་རྣམས་ཀྱིས་འཐེན་པའི་ཤིང་རྟ་དེ་ནི་བྱང་ཕྱོགས་བྷེ་བྷི་ལོ་ནི་ཡ་དང་། རྟ་དཀར་པོ་རྣམས་ཀྱིས་འཐེན་པའི་ཤིང་རྟ་དེ་ནི་ནུབ་ཕྱོགས་དང་། དེ་བཞིན་རྟ་ཁྲ་ཁྲ་རྣམས་ཀྱིས་འཐེན་པའི་ཤིང་རྟ་དེ་ནི་ལྷོ་ཕྱོགས་ཀྱི་ཡུལ་དུ་འགྲོ་གི་ཡོད་པ་དང་། 7སྟོབས་ཤུགས་ལྡན་པའི་རྟ་རྣམས་ནི་ཕྱིར་ཐོན་ནས་དེ་ཚོ་ས་གཞིར་རྟོགས་ཞིབ་བྱེད་ཕྱིར་འགྲོ་བར་བྲལ་ཚུབ་བྱེད་བཞིན་ཡོད་དོ། ཕོ་ཉས་དེ་ཚོ་ལ་ ད་ཁྱོད་ཚོ་ས་གཞིར་བརྟག་ཞིབ་བྱེད་པར་སོང་ཞིག་ཅེས་གསུངས་པ་དང་། དེ་ཚོ་ཕྱིན་ནོ། 8དེ་རྗེས་ཕོ་ཉ་དེས་ང་ལ་སྐད་འབོད་ཆེན་པོས། བྱང་ཕྱོགས་བྷེ་བྷི་ལོ་ནི་ཡ་དུ་ཕྱིན་པའི་རྟ་རྣམས་ཀྱིས་གཙོ་བོ་དཀོན་མཆོག་གི་ཐུགས་ཁྲོ་དེ་ཞི་བར་བྱས་སོ་ཅེས་གསུངས་སོ༎

ཡོ་ཤུ་ཨ་ལ་ཅོད་པཎ་གསོལ་དགོས་པའི་བཀའ་ཕེབས་པ།

9དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ་གསུང་འཕྲིན་ཞིག་གནང་གསལ། 10ཁྱོད་ཀྱིས་བཙན་བྱོལ་པ་ཧེལ་དའི་དང་། ཏོ་བྷི་ཡཱ་དང་། ཡེ་དྷ་ཡཱ་བཅས་ནས་ཕུལ་བའི་འབུལ་བ་རྣམས་ལེན་ཏེ། ཛེ་ཕན་ཡཱའི་བུ་ཡོ་ཤི་ཡཱའི་ཁྱིམ་ལ་ད་ལྟ་ཉིད་དུ་སོང་ཞིག མི་འདི་ཚོ་ཚང་མ་བྷེ་བྷི་ལོ་ནི་ཡའི་བཙན་བྱོལ་ནས་ཕྱིར་ལོག་བྱས་ཡོད། 11དེ་ཚོས་ཕུལ་བའི་གསེར་དང་དངུལ་ལས་ཅོད་པཎ་ཞིག་བཟོས་ནས་ཡེ་ཧོ་ཛ་དག་གི་བུ་བླ་ཆེན་ཡོ་ཤུ་ཨའི་མགོ་ལ་གཡོགས་ཤིག 12ཡང་ཁྱོད་ཀྱིས་དེ་ལ། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས། ཡལ་ག་ཞེས་པའི་སྐྱེ་བོ་དེ་ནི་ཁོ་རང་ཡོད་སའི་གནས་དེར་གོང་དུ་འཕེལ་ཞིང་། ཁོང་གིས་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དེ་སྐྱར་དུ་བཞེངས་རྒྱུ་ཡིན་པ་དང་། 13ཁོང་ནི་མཆོད་ཁང་བཞེངས་མཁན་འདི་ཡིན་པས་ཁོང་ལ་རྒྱལ་པོ་ལྟ་བུའི་བཀུར་སྟི་ཞུ་རྒྱུ་དང་། དེ་རྗེས་ཁོང་གིས་ཉིད་ཀྱི་མི་འབངས་རྣམས་ལ་སྲིད་སྐྱོང་གནང་ཞིང་། ཁོང་གི་བཞུགས་ཁྲིའི་དྲུང་དུ་བླ་མ་ཞིག་བཞུགས་ཏེ། ཁོང་གཉིས་ཞི་བདེ་དང་མཐུན་ལམ་གྱི་སྒོ་ནས་ལས་བྱས་པར་འགྱུར་ཞེས་གསུངས་བྱུང་ཞེས་ཞུས་ཤིག 14ཅོད་པཎ་དེ་ནི་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ནང་དུ་ཧེལ་དའི་དང་། ཏོ་བྷི་ཡཱ་དང་། ཡེ་དྷ་ཡཱ་དང་། ཡོ་ཤི་ཡཱའི་དྲན་རྟེན་གྱི་ཆེད་དུ་འགྱུར་ཡོང་། 15ཡང་ཐག་རིང་ཡུལ་དུ་གནས་པའི་མི་རྣམས་ཡོང་ནས་གཙོ་བོ་དཀོན་མཆོག་གི་མཆོད་ཁང་གསར་བཞེངས་ཀྱི་ཨར་ལས་ལ་རོགས་བྱེད་རྒྱུ་ཡིན་པ་དང་། མཆོད་ཁང་གསར་བཞེངས་ཀྱི་ལས་འགུལ་དེ་འགྲུབ་པའི་སྒོ་ནས། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་ང་ལ་ཁྱོད་ཚོ་ཡོད་སར་བཏང་གནང་བ་ཡིན་པ་དེ་ཁྱོད་ཚོས་ཤེས་པར་འགྱུར། འོན་ཀྱང་དེ་བཞིན་འབྱུང་བ་ལ་ཁྱོད་ཚོས་གཙོ་བོ་དཀོན་མཆོག་རང་གི་དཀོན་མཆོག་གི་བཀའ་ཁྲིམས་ཆ་ཚང་བརྩིས་སྲུང་ཞུ་དགོས་སོ༎

ཛ་ཀར་ཡ 7

གཙོ་བོ་དཀོན་མཆོག་གིས་དྲང་བདེན་མིན་པའི་སྨྱུང་གནས་ལ་སྐྱོན་བརྗོད་གནང་བ།

1རྒྱལ་པོ་ཆེན་པོ་དྷ་རི་ཨསེ་ཆབ་སྲིད་སྐྱོང་ལོ་བཞི་པའི་ཀིསེ་ལེབ་ཅེས་པའི་ཟླ་བ་དགུ་པའི་ཚེས་བཞིའི་ཉིན་མོར་གཙོ་བོ་དཀོན་མཆོག་གིས་ང་ལ་གསུང་འཕྲིན་ཞིག་གནང་བྱུང་། 2བེད་ཐེལ་གྱི་ཡུལ་མི་ཚོས་ཤ་རེ་ཛེར་དང་རེ་གེམ་མེ་ལེག་དང་ཁོ་ཚོའི་མི་རྣམས་ལ་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གི་མཆོད་ཁང་དུ་གཙོ་བོ་དཀོན་མཆོག་གི་བྱིན་རླབས་ཀྱི་ཆེད་དུ་སྨོན་ལམ་འདེབས་པར་བཏང་ངོ་། 3བླ་མ་དང་ལུང་སྟོན་པ་རྣམས་ལ་འདྲི་བ་ཞིག་བྱེད་པའི་ཕྱིར་དུ་བཏང་ཞིང་། དེ་ནི་འདི་ལྟ་སྟེ། གཙོ་བོ་དཀོན་མཆོག་གི་མཆོད་ཁང་དེ་འཇིག་སྐྱོན་ཤོར་བའི་རྐྱེན་གྱིས་ལོ་མང་སྔོན་ནས་ང་ཚོས་ཟླ་བ་ལྔ་པར་སྨྱུང་གནས་བསྲུངས་ཤིང་མྱ་ངན་བྱེད་བཞིན་པ་དེ་ད་དུང་ཡང་མུ་མཐུད་ནས་བྱེད་དགོས་སམ། 4གཙོ་བོ་དཀོན་མཆོག་གིས་ང་ལ་གསུང་འཕྲིན་འདི་གནང་གསལ། 5ཁྱོད་ཀྱིས་ཡུལ་མི་རྣམས་དང་བླ་མ་རྣམས་ལ། ཁྱོད་ཚོས་ལོ་ངོ་བདུན་ཅུའི་རིང་ནས་ལོ་རེར་ཟླ་བ་ལྔ་པ་དང་ཟླ་བ་བདུན་པར་སྨྱུང་གནས་སྲུང་ཞིང་མྱ་ངན་བྱས་པ་དེ་ནི་ངའི་དོན་དུ་མ་ཡིན་པ་དང་། 6སྨྱུང་གནས་གྲུབ་མཚམས་ཁྱོད་ཚོས་བཟའ་བཏུང་སོགས་ལ་ལོངས་སྤྱོད་བྱས་པ་དེའང་རང་ཉིད་ཚིམས་པའི་ཆེད་དུ་ཡིན་ནོ་ཞེས་སྨྲོས་ཤིག་ཅེས་གསུངས་སོ། 7སྔར་ཡེ་རུ་ཤ་ལེམ་དར་ཞིང་རྒྱས་ཏེ་དེའི་ཉེ་འཁོར་གྱི་གྲོང་སྡེ་ཁག་ཙམ་མ་ཡིན་པར། ལྷོ་ཕྱོགས་དང་ནུབ་ཕྱོགས་ཁུལ་གྱི་རི་ཕྲན་ཁག་ཏུའང་མི་ཚོགས་མང་པོ་ཆགས་ཡོད་སྐབས་གཙོ་བོ་དཀོན་མཆོག་གིས་སྔོན་དུ་བྱུང་བའི་ལུང་སྟོན་པ་ཚོའི་རྒྱུད་ནས་ཀྱང་གསུང་འཕྲིན་གོང་བཞིན་གནང་བ་མ་ཡིན་ནམ༎

དཀོན་མཆོག་གི་བཀའ་ལ་བརྩི་སྲུང་མ་ཞུས་པའི་རྐྱེན་གྱིས་བཙན་བྱོལ་དུ་འགྲོ་དགོས་བྱུང་བ།

8ཡང་གཙོ་བོ་དཀོན་མཆོག་གིས་ཛེ་ཀར་ཡཱའི་རྒྱུད་ནས་གསུང་འཕྲིན་འདི་གནང་གསལ། 9ལོ་མང་སྔོན་དུ་ངས་རང་གི་མི་འབངས་རྣམས་ལ། ཁྱོད་ཚོས་ཁྲིམས་སྤྱོད་དྲང་པོ་བྱེད་དགོས་པ་དང་། ཕན་ཚུན་མཛའ་བརྩེ་ཆེ་ཞིང་སྙིང་རྗེ་བྱེད་དགོས་ཏེ། 10ཡུགས་མོ་དང་། དྭ་ཕྲུག་དང་། ཁྱོད་ཚོའི་ཁྲོད་དུ་གནས་པའི་ཕྱི་རྒྱལ་ཡུལ་མི་རྣམས་དང་གཞན་ཡང་དགོས་མཁོའི་དཀའ་ངལ་ནང་དུ་ཚུད་པའི་མི་རྣམས་ལ་བཙན་དབང་མ་བྱེད་ཅིག དེ་ཙམ་མ་ཟད་ཕན་ཚུན་གཅིག་གིས་གཅིག་ལ་གནོད་འཚེ་གཏོང་བའི་བྱུས་མ་བྱེད་ཅིག་ཅེས་བཀའ་བསྐོས་བྱས་མོད།། 11འོན་ཀྱང་ངའི་མི་འབངས་ཚོས་དེར་རྩིས་སྲུང་མི་བྱེད་པའི་སེམས་ཐག་བཅད་དེ། 12རང་གི་སེམས་དེ་རྡོ་ལྟ་བུའི་གྱོང་ཞིང་སྲ་བར་བྱས་སོ། ངས་སྔར་གྱི་ལུང་སྟོན་པ་ཚོའི་བརྒྱུད་ནས་སློབ་སྟོན་གང་བྱས་པ་དེར་ཁོ་ཚོས་རྩིས་སྲུང་མ་བྱས་པར་བརྟེན་ང་ནི་ཧ་ཅང་ཁྲོ་བ་ཡིན། 13ངས་གཏམ་གླེང་བྱས་པར་ཁོ་ཚོས་མ་ཉན་པར་བརྟེན་ངས་ཀྱང་ཁོ་ཚོའི་ཞུ་བར་ལན་འདེབས་མ་བྱས་པ་དང་། 14རླུང་ཚུབ་ཆེན་པོས་དེད་པ་ལྟ་བུས་ངས་དེ་དག་ཡོངས་སུ་ཕྱིར་སྐྲོད་བཏང་སྟེ་ཡུལ་གཞན་ཁག་ཏུ་གནས་དགོས་པར་བྱས་པ་ཡིན། ཡུལ་བཟང་པོ་འདི་ཡོངས་སུ་མི་མ་གནས་པའི་ལུང་སྟོང་ཆགས་སོ་ཞེས་གསུངས་སོ༎

ཛ་ཀར་ཡ 8

གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་སྐྱར་གསོ་གནང་རྒྱུའི་དམ་བཅའ་མཛད་པ།

1ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་ཛ་ཀར་ཡཱ་ལ་གསུང་འཕྲིན་འདི་གནང་གསལ། 2ངས་ཡེ་རུ་ཤ་ལེམ་གྱི་ཡུལ་མི་རྣམས་ལ་བརྩེ་གདུང་ཆེན་པོས་སྐྱབས་གྲོགས་བྱེད་ཕྱིར་ཧ་ཅང་གི་འདོད་པ་ཡོད་པས། ངས་ཁོ་ཚོར་བརྩེ་སེམས་ཆེ་བའི་རྐྱེན་གྱིས་ཁོ་ཚོའི་དགྲ་བོ་རྣམས་ལ་ཁྲོས་ནས་ཡོད། 3ང་ནི་གྲོང་ཁྱེར་དམ་པ་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་ཕྱིར་ལོག་ནས་ཡོང་རྒྱུ་ཡིན། ཡེ་རུ་ཤ་ལེམ་གྲོང་ཁྱེར་དེ་ནི་དམ་ཚིག་ཅན་གྱི་གྲོང་ཁྱེར་ཞེས་གྲགས་རྒྱུ་དང་། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གི་རི་བོ་དེ་ནི་རི་བོ་དམ་པ་ཞེས་གྲགས་པར་འགྱུར། 4སླར་ཡང་ལག་ཏུ་འཁར་རྒྱུག་འཁྱེར་བའི་རྒད་པོ་དང་རྒད་མོ་རྣམས་འགྲུལ་བ་དང་། གྲོང་ཁྱེར་གྱི་གཞུང་ལམ་ཁག་ཏུ་བསྡད་པ་དང་། 5གྲོང་ཁྱེར་གི་གཞུང་ལམ་ཁག་ཏུ་ཕྲུ་གུ་རྩེད་མོ་རྩེ་མཁན་རྣམས་ཀྱིས་གང་བར་འགྱུར་རོ། 6ད་ལྟ་ལྷག་འཕྲོས་ལུས་པའི་མི་བརྒྱུད་རྣམས་ཀྱི་སེམས་ལ་གནས་ཚུལ་དེ་ནི་མ་སྲིད་པ་ཞིག་རེད་ཅེས་བསམ་མོད། འོན་ཀྱང་དེ་ནི་ངའི་དོན་དུ་མ་སྲིད་པ་ཞིག་མ་ཡིན་ནོ། 7གཞན་ཡུལ་དུ་འཁྲིད་པའི་ངའི་མི་འབངས་རྣམས་ལ་ངས་སྐྱབས་རྒྱུ་ཡིན་པ་དང་། 8ཡང་དེ་དག་ཡེ་རུ་ཤ་ལེམ་དུ་གཏན་སྡོད་བྱེད་ཕྱིར་ངས་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཡུལ་ཁག་སོ་སོ་ནས་དེ་ཚོ་ཕྱིར་ལོག་འཁྲིད་ཡོང་རྒྱུ་ཡིན། སྐབས་དེར་ཁོ་ཚོ་ངའི་མི་འབངས་སུ་འགྱུར་ཞིང་། ང་ནི་དམ་ཚིག་དང་དྲང་བདེན་གྱི་སྒོ་ནས་སྲིད་སྐྱོང་བྱེད་པའི་ཁོ་ཚོའི་དཀོན་མཆོག་ཏུ་འགྱུར་རྒྱུ་ཡིན་པས། 9ཁྱོད་ཚོ་སེམས་ཤུགས་བརྟན་པོར་བྱོས་ཤིག། སྔར་ངའི་མཆོད་ཁང་སྐྱར་བཞེངས་བྱེད་ཕྱིར་དེའི་རྨངས་གཞི་བཏིང་སྐབས་ལུང་སྟོན་པ་ཚོས་གང་སྨྲས་པའི་ཚིག་གཞི་དེ་རང་ད་ལྟ་ཁྱོད་ཚོས་ཀྱང་དེ་ལྟར་ཐོས་བཞིན་ཡོད། 10དེ་སྔོན་སུས་ཀྱང་མིའམ་དུས་འགྲོ་སོགས་ལ་ལས་ཀའི་གླ་ཆ་སྤྲད་ཐུབ་ཐབས་མེད་པ་དང་། མི་སུ་ཡིན་རུང་དགྲ་བོའི་འཇིག་པའི་ངང་དུ་གནས་དགོས་པ་བྱུང་བ་དེ་ནི་ངས་མི་རྣམས་ཕན་ཚུན་འཁོན་བཅུག་པའི་ཕྱིར་ཡིན་མོད། 11འོན་ཀྱང་ད་ལྟ་ལྷག་འཕྲོས་ལུས་པའི་མི་བརྒྱུད་འདི་རྣམས་ལ་ངས་སྔར་བཞིན་མི་བྱེད་ཅིང་། 12དེ་ཚོས་ཞི་བདེའི་ངང་དུ་ས་ཞིང་འདེབས་ལས་བྱེད་རྒྱུ་དང་། རྒུན་ཚལ་ནང་རྒུན་འབྲུམ་དང་། ས་གཞིར་ལོ་ཐོག་སྐྱེས་པར་ཆར་ཆུ་འབེལ་པོ་ཡོང་བར་འགྱུར། ལྷག་འཕྲོས་ལུས་པའི་མི་འབངས་རྣམས་ལ་ངས་དེ་བཞིན་བྱིན་གྱིས་རླབས་རྒྱུ་ཡིན། 13ཀྱེ་ཡ་ཧུ་དཱ་དང་ཨིསི་རཱཨེལ་གྱི་ཡུལ་མི་རྣམས། སྔར་ཕྱི་རྒྱལ་པ་ཚོས་ཡ་ཧུ་དཱ་དང་ཨིསི་རཱཨེལ་པའི་ཐོག་ཏུ་རྐྱེན་ངན་གང་བྱུང་བ་བཞིན་ཁྱོད་ཚོའི་ཐོག་ཏུའང་དེ་བཞིན་འབྱུང་བར་ཤོག་ཅེས་ཕན་ཚུན་དམོད་པ་འདེབས་སྲོལ་ཡོད་མོད། འོན་ཀྱང་ངས་ཁྱོད་ཚོ་ལ་སྐྱབས་རྒྱུ་དང་། དེ་ནས་ཕྱི་རྒྱལ་པ་དེ་ཚོས་ཡ་ཧུ་དཱ་དང་ཨིསི་རཱཨེལ་གྱི་ཐོག་ཏུ་བྱུང་བའི་བྱིན་རླབས་དེ་བཞིན་ཁྱོད་ཚོའི་ཐོག་ཏུའང་བྱིན་རླབས་དེ་ལྟར་འབྱུང་བར་ཤོག་ཅེས་ཕན་ཚུན་ལབ་པར་འགྱུར། དེར་བརྟེན་ཁྱོད་ཚོ་མ་འཇིག་པར་སེམས་ཤུགས་བརྟན་པོར་བྱོས་ཤིག 14ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་གསུངས་གསལ། སྔར་ཁྱོད་ཚོའི་མེས་པོ་རྣམས་ཀྱིས་ང་ལ་ཁོང་ཁྲོ་བསླང་སྐབས། ངས་ཁོ་ཚོ་མེད་པ་བཟོ་རྒྱུའི་བློ་ཐག་གཙང་མ་བཅད་ཅིང་། དེ་དག་ཚར་བཅད་བཏང་བ་ཡིན་མོད། 15འོན་ཀྱང་ད་ངས་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་ཡུལ་མི་རྣམས་ལ་བྱིན་གྱིས་རླབས་རྒྱུའི་འཆར་གཞི་བཟོས་ཡོད་པས། ད་ཁྱོད་ཚོ་ཞེད་མི་དགོས། 16ཁྱོད་ཚོས་བྱེད་དགོས་པའི་ལས་འགན་རྣམས་ནི། ཕན་ཚུན་གཏམ་གླེང་བྱེད་སྐབས་བདེན་པ་སྨྲ་དགོས་པ་དང་། ཞི་བདེ་འབྱུང་ཕྱིར་ཁྲིམས་ཁང་དུ་ཁྲིམས་དྲང་པོ་གཅོད་དགོས་ཤིང་། 17ཕན་ཚུན་གཅིག་གིས་གཅིག་ལ་གནོད་ཐབས་མ་བྱེད་པར། བརྫུན་གྱི་དཔང་པོ་མ་བྱེད་ཅིག། ང་ནི་བརྫུན་གཏམ་དང་ཁྲིམས་གཅོད་ལོག་པ་དང་དེ་བཞིན་དྲག་ཤུལ་གྱི་ལས་ངན་རྣམས་ལ་མི་དགའོ་ཞེས་གསུངས་སོ། 18ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་ཛ་ཀར་ཡཱ་ལ་གསུང་འཕྲིན་འདི་གནང་གསལ། 19དེ་སྔ་ཟླ་བ་བཞི་པ་དང་། ལྔ་པ་དང་བདུན་པ་དང་། བཅུ་པ་སོ་སོར་བསྲུངས་པའི་སྨྱུང་གནས་རྣམས་ནི་ད་ཕྱིན་ཡ་ཧུ་དཱའི་ཡུལ་མི་རྣམས་ཀྱི་ཆེད་དུ་དགའ་བ་དང་སྐྱིད་པའི་དུས་སྟོན་ཞིག་ཏུ་འགྱུར་རྒྱུ་ཡིན་པས། ད་ཁྱོད་ཚོ་དྲང་བ་དང་ཞི་བདེར་བྱམས་པར་བྱོས་ཤིག 20སླར་ཡང་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་བཀའ་གནང་བ། གྲོང་ཁྱེར་ཁག་མང་པོ་ནས་མི་ཚོགས་རྣམས་ཡེ་རུ་ཤ་ལེམ་དུ་ཡོང་བའི་དུས་ལ་བབ་པ་དང་། 21གྲོང་ཁྱེར་གཅིག་གི་མི་རྣམས་ཀྱིས་གྲོང་ཁྱེར་གཞན་གྱི་མི་རྣམས་ལ། ང་ཚོ་ཀུན་དབང་དཀོན་མཆོག་ལ་བསྙེན་བཀུར་ཞུ་ཞིང་ཁོང་ནས་བྱིན་རླབས་ཞུ་བར་བཅར་གྱི་ཡོད་པས་ཁྱོད་ཚོའང་ངེད་མཉམ་དུ་ཤོག་ཅིག་ཅེས་སྨྲ་བར་འགྱུར། 22དེ་བས་ན་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུ་ཞིང་ཁོང་ནས་བྱིན་རླབས་ཞུ་བར་མི་ཚོགས་ཆེན་པོ་དང་། མཐུ་སྟོབས་ལྡན་པའི་མི་རིགས་མང་པོ་ཡེ་རུ་ཤ་ལེམ་དུ་ཡོང་བར་འགྱུར། 23ཉིན་དེ་ཚོར་ཡ་ཧུ་དཱ་པ་རེ་རེའི་མདུན་དུ་ཕྱི་རྒྱལ་པ་བཅུ་རེ་ཡོང་ནས་དེ་ཚོ་ལ། དཀོན་མཆོག་ནི་ཁྱོད་ཚོ་དང་མཉམ་དུ་འགྲོགས་ཡོད་པ་དེ་ང་ཚོས་ཤེས་བྱུང་བས། ད་ང་ཚོའང་ཁྱོད་ཚོ་དང་མཉམ་དུ་དམིགས་ཡུལ་གཅིག་པ་བྱས་ནས་འགྲོ་རྒྱུ་ཡིན་ཞེས་སྨྲ་བར་འགྱུར་རོ༎

ཛ་ཀར་ཡ 9

ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཁྲིམས་གཅོད་གནང་རྒྱུ།

1ཡང་གཙོ་བོ་དཀོན་མཆོག་གིས་གསུང་འཕྲིན་འདི་གནང་གསལ། ཁོང་གིས་ཡུལ་ཧད་རག་དང་གྲོང་ཁྱེར་དྷ་མསེ་ཀསེ་ལ་ཉེས་ཆད་གནང་རྒྱུའི་ཐུགས་ཐག་བཅད་ཟིན་པ་དང་། ཨིསི་རཱཨེལ་གྱི་མི་སྡེ་རྣམས་མ་ཡིན་པར། སི་རི་ཡའི་རྒྱལ་ས་དེའང་གཙོ་བོ་དཀོན་མཆོག་གི་ཡིན་ནོ། 2ཧད་རག་དང་ས་མཚམས་ཁེལ་བའི་ཡུལ་ཧ་མད་ཀྱང་ཁོང་གི་ཡིན་པ་དང་། དེ་བཞིན་ཊ་ཡར་དང་། སི་དོན་གྲོང་ཁྱེར་རྣམས་དང་དེའི་ནང་དུ་ཡོད་པའི་རིག་རྩལ་དང་བཅས་པ་ཁོང་གི་ཡིན་ནོ། 3ཡུལ་ཊ་ཡར་གྱིས་རང་གི་ཆེད་དུ་མཁར་རྫོང་བཙན་པོ་སོགས་བརྩིགས་ནས་སའི་རྡུལ་བཞིན་དུ་གསེར་དངུལ་གང་མང་གསོག་འཇོག་བྱས་མོད། 4འོན་ཀྱང་གཙོ་བོ་དཀོན་མཆོག་གིས་མོ་ལ་གང་ཡོད་པ་ཚང་མ་འཕྲོག་སྟེ། མོའི་རྒྱུ་ནོར་ཚང་མ་རྒྱ་མཚོར་འཕང་བར་འགྱུར། གྲོང་ཁྱེར་ནི་མེས་བསྲེགས་པར་འགྱུར་རོ། 5གྲོང་ཚོ་ཨཤ་ཀེ་ལོན་གྱིས་དེ་མཐོང་ནས་འཇིག་སྣང་སྐྱེ་རྒྱུ་ཡིན་པ་དང་། གྲོང་ཚོ་གྷ་ཛས་དེ་མཐོང་ནས་དཀའ་སྡུག་དྲག་པོ་མྱོང་རྒྱུ་ཡིན་པ་དང་། ཨེག་རོན་ཡང་དེ་བཞིན་དུ་འགྱུར་ཞིང་། དེའི་རེ་ཐབས་ཚང་མ་ཟད་པར་འགྱུར། གྷ་ཛས་རང་གི་རྒྱལ་པོ་ཤོར་བ་དང་ཨཤ་ཀེ་ལོན་ནི་མི་མེད་ལུང་སྟོང་དུ་འགྱུར་ཞིང་། 6ཨཤ་དྷོད་དུ་མི་རིགས་འབྲེལ་མ་ཞིག་གནས་སྡོད་བྱེད་རྒྱུ་ཡིན་པ་དང་། གཙོ་བོ་དཀོན་མཆོག་གིས་གསུངས་པ། ང་རྒྱལ་ཅན་གྱི་ཕེ་ལེ་ཤེད་པ་ཡུལ་ཚོར་ངས་སྙམ་ཆུང་བཟོ་རྒྱུ་ཡིན་པ་དང་། 7དེ་ཚོས་ཁྲག་འབྲེལ་བའི་ཤ་དང་དེ་བཞིན་ཟ་མི་ཆོག་པའི་ཁ་ཟས་གཞན་རྣམས་ད་ནས་མི་ཟའོ། ལྷག་འཕྲོས་ལུས་པའི་མི་ཚང་མ་ངའི་མི་འབངས་ཀྱི་ཁོངས་སུ་གཏོགས་ཤིང་། དེ་དག་ཡ་ཧུ་དཱའི་སྡེ་རིགས་ནང་དུ་རུས་པ་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་དང་། ཡེ་བུསེ་པ་རྣམས་ལྟར་ཨེག་རོན་ཡང་ངའི་མི་འབངས་ཀྱི་ཁོངས་སུ་གཏོགས་པར་འགྱུར། 8ངའི་ཡུལ་གྱི་ནང་དུ་དགྲ་བོའི་དམག་མི་མ་ཡོང་བའི་ཆེད་དུ་ངས་ཡུལ་ལ་སྲུང་སྐྱོབས་བྱེད་རྒྱུ་ཡིན་པ་དང་། ངའི་མི་འབངས་ཚོས་དཀའ་ངལ་མྱོང་ཟིན་པ་ངས་མཐོང་བས། ད་ཕྱིན་དབང་ཡོད་བྱེད་མཁན་ཚོས་ངའི་མི་འབངས་རྣམས་ལ་མནར་སྤྱོད་བྱེད་མི་ཆོག་ཅེས་ངས་བཀག་འགོག་བྱེད་རྒྱུ་ཡིན་ནོ༎ 9ཛི་ཡོན་ཡུལ་གྱི་མི་མང་རྣམས། དགའ་མགུར་སྤྱོད་ཅིག། ཡེ་རུ་ཤ་ལེམ་གྱི་མི་མང་རྣམས། དགའ་བ་ཆེན་པོས་སྐད་འབོད་སྒྲོགས་ཤིག། སྟོས་ཤིག། གཟི་བརྗིད་དཔལ་དང་རྒྱལ་ཁའི་ངང་། ཁྱོད་ཀྱི་རྒྱལ་པོ་ཁྱོད་རྩར་ཕེབས། ཉམས་ཆུང་དུ་བོང་བུའི་སྟེང་། ཡང་བོང་བུའི་རྟེའུའི་སྟེང་དུ་འཆིབས་ནས་ཕེབས་པར་འགྱུར། 10གཙོ་བོ་དཀོན་མཆོག་གི་གསུངས་པ། ངས་ཨིསི་རཱཨེལ་ནས་དམག་གི་ཤིང་རྟ་རྣམས་དང་། ཡེ་རུ་ཤ་ལེམ་ནས་རྟ་རྣམས་འཁྱེར་རྒྱུ་ཡིན། དམག་གི་གཞུ་རྣམས་འཇིག་པར་བྱེད་རྒྱུ་ཡིན། ཁྱོད་ཀྱི་རྒྱལ་པོས་མི་རིགས་རྣམས་ཀྱི་ཁྲོད་དུ་ཞི་བདེ་བསྣམས་ཕེབས་པ་དང་། རྒྱ་མཚོ་གཅིག་ནས་རྒྱ་མཚོ་གཞན་བར་དུ། ཡུབ་རད་ཀྱི་གཙང་པོ་ནས་ས་གཞིའི་མཐའ་བར་སྲིད་སྐྱོངས་མཛད་པར་འགྱུར། 11གཙོ་བོ་དཀོན་མཆོག་གིས་གསུངས་པ། ངས་ཁྱོད་དང་མཉམ་དུ་ཁྲག་གི་དམ་བཅའ་བྱས་པའི་རྐྱེན་གྱིས། ངས་ཁྱོད་ཚོའི་མི་རྣམས་ལ་ཆུ་མེད་པའི་དོང་ནས་ཐར་བཀྲོལ་གཏོང་རྒྱུ་ཡིན། 12ད་ལྟ་ཁྱོད་ཚོ་ཡུལ་གཞན་ནས་ཕྱིར་ལོག་བྱོས་ཤིག ཁྱོད་ཚོ་རེ་འདོད་ཡོད་པ་རྣམས་ས་གནས་བཙན་སར་ཕྱིར་ལོག་བྱོས་ཤིག་དང་། སྔར་ཁྱོད་ཚོར་གྱོང་གུས་གང་བྱུང་བ་དེར་གུན་གསབ་མཚོན་ཕྱིར་ངས་བྱིན་རླབས་ཉིས་ལྡབ་སྤྲོད་རྒྱུ་ཡིན། 13ངས་ཡ་ཧུ་དཱ་ལ་དམག་མིའི་གཞུ་དང་ཨིསི་རཱཨེལ་ལ་མདའ་བཞིན་བེད་སྤྱོད་གཏོང་རྒྱུ་ཡིན་པ་དང་། གྷིརིསི་ཀྱི་ཡུལ་མི་རྣམས་ལ་རྒོལ་ཕྱིར། ཛི་ཡོན་གྱི་མི་རྣམས་ལ་རལ་གྲི་བཞིན་དུ་བེད་སྤྱོད་གཏོང་རྒྱུ་ཡིན། 14གཙོ་བོ་དཀོན་མཆོག་ནི་ཉིད་ཀྱི་མི་འབངས་ཚོར་མངོན་ཏེ། ཉིད་ཀྱི་ཕྱག་མདས་གློག་འཁྱུག་བཞིན་དུ་བཞུད་གནང་བ་དང་། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་དུང་འབུད་པ་གནང་སྟེ། ལྷོ་ཡི་ཕྱོགས་ནས་རླུང་འཚུབ་ནང་ཕེབས་པར་འགྱུར། 15ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་མི་འབངས་རྣམས་ལ་སྲུང་སྐྱོབས་མཛད་པར་བརྟེན། དེ་ཚོས་རང་གི་དགྲ་བོ་རྣམས་འཇིག་པར་བྱས་པ་དང་། དེ་ཚོ་ར་བཟི་བ་བཞིན་དམག་སར་སྐད་ཅོར་ཆེན་པོ་འདོན་ཞིང་། རང་གི་དགྲ་བོའི་ལུས་ལས་ཁྲག་བཏོན་ཏེ། ཡང་ཁྲག་དེ་ནི་གཞོང་པའི་ནང་ནས་དམར་མཆོད་ཀྱི་མཆོད་ཁྲིའི་སྟེང་དུ་བླུགས་པའི་ཁྲག་བཞིན་མར་འཛག་རྒྱུ་ཡིན་ནོ། 16ཉིན་མོ་དེ་ལ་རྫི་བོས་ལུག་ཁྱུར་ཉེན་ཁ་ལས་སྐྱབས་པ་བཞིན་གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་མི་འབངས་རྣམས་ལ་སྲུང་སྐྱོབ་གནང་ཞིང་། དེ་དག་ཁོང་གི་ཡུལ་དུ་ཅོད་པཎ་གྱི་ཁྲ་རྒྱན་བཞིན་དུ་འོད་འཚེརོ། 17ཡུལ་དེ་ནི་ཇི་ཙམ་ལེགས་ཤིང་ཡིད་འོང་མཛེས་སྡུག་དང་ལྡན་པར་འགྱུར་ངེས་ལགས། དེའི་ས་རྒུན་ཆང་དང་འབྲུས་གཞོན་ནུ་རྣམས་ཀྱི་ལུས་སྟོབས་རྒྱས་པར་འགྱུར་རོ༎

ཛ་ཀར་ཡ 10

གཙོ་བོ་དཀོན་མཆོག་གིས་ཐར་གྲོལ་གནང་རྒྱུའི་དམ་བཅའ་གནང་བ།

1དཔྱིད་ཀའི་ནམ་དུས་སུ་ཆར་ཆུ་འབེབས་པའི་ཕྱིར་གཙོ་བོ་དཀོན་མཆོག་ལ་ཞུ་དགོས། ས་ཞིང་བཟང་པོ་ཡོང་བའི་ཆེད་དུ་ཆར་ཆུའི་སྤྲིན་པ་ཆར་ཆུ་འབེབས་པར་མཛད་མཁན་དེ་ནི་གཙོ་བོ་དཀོན་མཆོག་རང་ཉིད་ཡིན། 2མི་ཚོས་སྐུ་དང་ལྷ་པ་མོ་པ་སོགས་ལ་བརྟེན་མོད། འོན་ཀྱང་དེ་ཚོས་བརྫུན་མ་དང་ཆོ་མེད་ཁོ་ན་ལན་འདེབས་བྱེད་པ་དང་། ཡང་འགའ་ཤས་ཀྱིས་རྨི་ལམ་གྱི་དོན་འབྲེལ་ལོག་པ་བརྒྱབ་ནས་མི་ལ་མགོ་སྐོར་ལམ་ལོག་ཏུ་འཁྲིད་པ་དང་། དེ་ཚོས་ཕན་ཐོག་མེད་པའི་སེམས་གསོ་བཏང་བས། མི་མང་རྣམས་ལུག་བརླག་པ་བཞིན་ས་ཕྱོགས་ཀུན་ཏུ་གྲམ་ཞིང་། དེ་ཚོར་འགོ་ཁྲིད་བྱེད་མཁན་མེད་པས་དཀའ་ངལ་གྱི་ནང་དུ་ཚུད་དོ། 3གཙོ་བོ་དཀོན་མཆོག་གིས། ངའི་མི་འབངས་རྣམས་ལ་སྲིད་སྐྱོང་བྱེད་མཁན་ཕྱི་རྒྱལ་བའི་ཐོག་ང་ཁྲོ་ཡོད་པས་ངས་དེ་ཚོར་ཉེས་ཆད་གཏོང་རྒྱུ་ཡིན། ཡ་ཧུ་དཱའི་ཡུལ་མི་རྣམས་ནི་ངའི་མི་འབངས་ཡིན་པས། ང་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ངས་དེ་ཚོའི་འཚོ་སྐྱོང་བྱེད་རྒྱུ་ཡིན། དེ་ཚོ་ནི་ངའི་རྟ་དམག་གི་ཚོ་བཞིན་སྟོབས་ཤུགས་ལྡན་པ་འགྱུར་རྒྱུ་ཡིན། 4དེ་ཚོའི་ཁོངས་ནས་སྲིད་སྐྱོང་བྱེད་མཁན་དང་། འགོ་བྱེད་དང་གཞན་ཡང་དམག་སྤྱི་རྣམས་ཐོན་ཏེ། ངའི་མི་འབངས་རྣམས་ལ་སྲིད་སྐྱོང་བྱེད་རྒྱུ་ཡིན། 5ཡ་ཧུ་དཱའི་ཡུལ་མི་རྣམས་ནི་ལམ་སྲང་ཁུལ་གྱི་འདམ་རྫབ་ནང་དུ་རང་གི་དགྲ་བོར་རྐང་བརྫིས་གཏོང་མཁན་དམག་མི་ལྟར་རྒྱལ་ཁ་ཐོབ་པར་འགྱུར། གཙོ་བོ་དཀོན་མཆོག་དེ་ཚོ་དང་མཉམ་དུ་གནས་ཡོད་པས་རྐྱེན་གྱིས། དེ་ཚོས་འཐབ་རྒོལ་བྱས་པ་དང་རྟ་དམག་རྣམས་ཀྱང་འཕམ་པར་བྱས་རྒྱུ་ཡིན། 6ངས་ཡ་ཧུ་དཱའི་ཡུལ་མི་རྣམས་སྟོབས་ཤུགས་དང་ལྡན་པར་བྱེད་རྒྱུ་དང་། ཨིསི་རཱཨེལ་གྱི་ཡུལ་མི་རྣམས་ལ་སྐྱབས་རྒྱུ་ཡིན། ངས་དེ་ཚོར་སྙིང་རྗེ་ཆེན་པོས་རང་ཡུལ་དུ་ཕྱིར་སློག་བྱེད་རྒྱུ་ཡིན་པ་དང་། ངས་དེ་ཚོ་ནམ་ཡང་དོར་མེད་པ་བཞིན་བྱུང་རྒྱུ་ཡིན། གང་ལགས་ཟེར་ན། ང་ནི་དེ་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ཡིན་པས། ངས་དེ་ཚོའི་ཞུ་བར་ལན་འདེབས་བྱེད་རྒྱུ་ཡིན། 7ཨིསི་རཱཨེལ་མི་མང་རྣམས་ནི་དམག་མི་བཞིན་དུ་སྟོབས་ཤུགས་ལྡན་པ་དང་། རྒུན་ཆང་འཐུང་མཁན་བཞིན་དུ་དགའ་མགུར་སྤྱོད་པས། གཙོ་བོ་དཀོན་མཆོག་གིས་ཁོ་ཚོར་གང་གནང་བ་དེ་མཐོང་ནས་ཁོ་ཚོའི་བུ་བརྒྱུད་ཚོས་རྒྱལ་ཁ་དེའི་སྐོར་ལ་དྲན་གསོ་བྱེད་དེ་དགའ་མགུར་སྤྱོད་རྒྱུ་དང་། 8ངས་རང་གི་མི་འབངས་རྣམས་བོས་ཏེ། ས་གནས་གཅིག་ཏུ་བཀོང་རྒྱུ་ཡིན་པ་དང་། ངས་དེ་ཚོར་སྐྱབས་ཏེ་དེ་ཚོའི་ཁ་གྲངས་སྤེལ་ནས་སྔར་བཞིན་མི་འབོར་ཆེན་པོ་བཟོ་རྒྱུ་ཡིན་ནོ། 9སྔར་ངས་དེ་ཚོ་རྒྱལ་ཁབ་ཀུན་ཏུ་ཁ་གཏོར་མོད། འོན་ཀྱང་ཡུལ་གྲུ་ཐག་རིང་ཁུལ་ནས་ཁོ་ཚོས་ང་ལ་དྲན་གསོ་བྱས་པས། ཁོ་ཚོས་བུ་ཕྲུག་དང་བཅས་པ་འཚོ་ཞིང་། ལྷན་ཅིག་ཏུ་རང་ཡུལ་ལ་ཕྱིར་ལོག་བྱེད་རྒྱུ་ཡིན་ནོ། 10ངས་དེ་དག་ཨི་ཇིབ་དང་ཨ་སུར་ཡུལ་ནས་འཁྲིད་ཡོང་སྟེ། དེ་དག་རང་ཡུལ་དུ་གཞིས་ཆགས་ཤིང་། ངས་དེ་ཚོ་གྷིལ་ཨད་དང་ལེ་བ་ནོན་ཁུལ་དུ་ཡང་གཞིས་ཆགས་བཅུག་པས། ཡུལ་ཡོངས་སུ་མིས་གང་བར་འགྱུར། 11དེ་ཚོས་དཀའ་སྡུག་གི་རྒྱ་མཚོ་རྒལ་ནས་འགྲོ་སྐབས། དེའི་རྦ་རླབས་རྣམས་ངས་ཞི་བར་བྱས་པས། གཙང་པོ་ན་ཨེལ་གཏིང་ནས་སྐམ་པར་འགྱུར་བ་དང་། ཨ་སུར་གྱི་ང་རྒྱལ་ཞི་ཞིང་དུལ་པོར་འགྱུར་ཏེ། ཨི་ཇིབ་ཀྱི་དཔལ་ཉམས་པར་འགྱུར། 12ངས་རང་གི་མི་འབངས་རྣམས་སྟོབས་དང་ལྡན་པར་བྱས་ཏེ། དེ་ཚོས་ང་ལ་བསྙེན་བཀུར་བྱས་ཤིང་ངའི་བཀའ་ལ་རྩིས་སྲུང་བྱེད་པར་འགྱུར་ཞེས་གཙོ་བོ་དཀོན་མཆོག་གིས་གསུངས་སོ༎

ཛ་ཀར་ཡ 11

བཙན་དབང་མཁན་རྣམས་ལ་ཉམས་གུད་བྱུང་བ།

1ཀྱེ། ལེ་བ་ནོན། ཁྱོད་ཀྱི་འགྱམ་ཤིང་རྣམས་མེས་འཚིག་པའི་ཕྱིར་རང་གི་སྒོ་རྣམས་ཕྱེས་ཤིག 2ཀྱེ། ཤུག་ཤིང་རྣམས་ངུ་འབོད་འདོན་ཤིག། གང་ལ་ཟེར་ན། འགྱམ་ཤིང་རྣམས་མར་འགྱེལ་ཡོད་པ་དང་། གཟི་བརྗིད་ལྡན་པའི་ཤིང་སྡོང་རྣམས་འཇིག་ཡོད། བྷ་ཤཱན་ཡུལ་གྱི་བེ་ཤིང་རྣམས་ངུ་འབོད་འདོན་ཞིག། ནགས་ཚལ་སྟུག་པོ་དེ་ཡོངས་སུ་བཅད་ནས་འགྱལ་ཡོད། 3སྲིད་སྐྱོང་བྱེད་མཁན་རྣམས་ཀྱི་མངའ་ཐང་ཉམས་པས། དེ་ཚོ་མྱ་ངན་གྱིས་ངུ་འབོད་བྱེད། ཡོར་དན་ཁུལ་གྱི་དེ་ཚོའི་ནགས་ཚལ་གྱི་ཁྱིམ་རྣམས་ཡོངས་སུ་འཇིག་པས། སེང་གེ་རྣམས་ཀྱི་ངར་སྐད་ལ་ཉོན་ཞིག།

ལུག་རྫི་གཉིས།

4གཙོ་བོ་དཀོན་མཆོག་ངའི་དཀོན་མཆོག་གིས་ང་ལ། གསོད་རྒྱུར་འཁྲིད་པའི་ལུག་ཁྱུ་འཚོ་ཞིག། 5གང་ལགས་ཟེར་ན། དེ་ཚོའི་བདག་པོས་དེ་དག་བསད་ཀྱང་ཉེས་ཆད་མ་ཕོག་པ་དང་། ཤ་བཙོང་མཁན་ཚོས་གཙོ་བོ་དཀོན་མཆོག་ལ་བསྟོད་བསྔགས་པར་ཤོག། ང་ཚོོ་ཕྱུག་པོར་འགྱུར་ཡོད། རང་གི་རྫི་བོས་ཀྱང་དེ་ཚོ་ལ་སྙིང་རྗེ་མི་བྱས་སོ། 6དེ་བས་ན་ང་གཙོ་བོ་དཀོན་མཆོག་གིས། ད་ཕྱིན་ཆད་ངས་ས་གཞིར་ཡོད་པའི་མི་སུ་ལའང་སྙིང་རྗེ་མི་བྱེད་ཅིང་། དེ་ཚོའི་དཔོན་པོའི་ལག་ཏུ་དེ་དག་ལ་རྩིས་སྤྲོད་བྱེད་རྒྱུ་དང་། ཡང་མངའ་བདག་དང་དཔོན་རིགས་དེ་ཚོས་ཡུལ་འཇིག་པར་བྱེད་སྐབས། ཁོ་ཚོའི་ལག་ནས་ངས་ཡུལ་དེ་སྐྱབས་ཐབས་མི་བྱེད་དོ། 7ལུག་ཁྱུ་ཉོ་འཚོང་བྱེད་མཁན་ཚོས་ང་ལ་གླས་ཏེ་ལུག་རྫི་བཟོས་སོ། ང་ནི་གསོད་རྒྱུར་འཁྲིད་པའི་ལུག་ཁྱུ་རྣམས་ཀྱི་རྫི་བོར་འགྱུར་ཞིང་། ངས་ཐུགས་རྗེ་དང་གཅིག་མཐུན་ཞེས་པའི་དབྱུག་པ་གཉིས་ལག་ཏུ་འཁྱེར་ཏེ་ལུག་ཁྱུའི་འཛིན་སྐྱོང་བྱས་པ་ཡིན། 8ང་ལ་སྡང་དགྲ་བྱེད་མཁན་ལུག་རྫི་གསུམ་ལ་ངས་བཟོད་བསྒོམ་མེད་པར་ཟླ་བ་གཅིག་གི་ནང་དུ་ཚར་བཅད་ཅིང་། 9དེ་ནས་ངས་ལུག་ཁྱུ་རྣམས་ལ། ད་ཕྱིན་ང་ཁྱོད་ཚོའི་རྫི་བོ་བྱེད་ཀྱི་མིན། ཤི་མཁན་ཤི་རུ་བཅུག་རྒྱུ་དང་། འཇིག་པར་འགྱུར་མཁན་དེ་འཇིག་པར་ཤོག། ལྷག་འཕྲོས་ལུས་པ་ཚོས་གཅིག་གིས་གཅིག་ལ་གནོད་སྐྱོན་གཏོང་རྒྱུ་ཡིན་ཞེས་སྨྲས་སོ། 10དེ་ནས་སྔར་གཙོ་བོ་དཀོན་མཆོག་གིས་རྒྱལ་ཁབ་ཚང་མར་གནང་བའི་དམ་བཅའ་དེ་རྩིས་མེད་བྱེད་ཕྱིར་ངས་ཐུགས་རྗེ་ཞེས་པའི་དབྱུག་པ་དེ་བླངས་ནས་བཅག་པས། 11དེར་བརྟེན་དེ་ཉིན་དམ་བཅའ་དེ་རྩིས་མེད་དུ་གྱུར་ཞིང་། སྐབས་དེར་ལུག་ཁྱུ་ཉོ་འཚོང་བྱེད་མཁན་ཚོས་ང་ལ་བལྟ་ཞིང་བསྡད་ཡོད་པ་དང་། གཙོ་བོ་དཀོན་མཆོག་གིས་ངའི་བྱེད་པའི་ལས་ཀྱི་སྒོ་ནས་གསུང་མོལ་གནང་གི་ཡོད་པ་དེ་ཁོ་ཚོས་ཤེས་རྟོགས་ཐུབ་པ་ཡིན་ནོ། 12ངས་ཁོ་ཚོར། གལ་སྲིད་ཁྱོད་ཚོས་སྤྲོད་འདོད་བྱེད་ན། ངའི་གླ་དེ་ང་ལ་སྤྲོད་ཅིག། གལ་སྲིད་སྤྲོད་འདོད་མེད་ན། དེ་ཁྱོད་ཚོས་ཉར་ནའང་ཆོག་ཅེས་སྨྲས་པས། ཁོ་ཚོས་ངའི་གླ་རུ་དངུལ་ཊམ་སུམ་ཅུ་ཐམ་པ་ཞིག་སྤྲད་བྱུང་། 13དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ། དངུལ་དེ་མཆོད་ཁང་གི་བང་མཛོད་དུ་བླུགས་ཤིག་ཅེས་གསུངས་སོ། དེར་བརྟེན་ཁོ་ཚོས་ངའི་རིན་ཐང་གི་ཚུལ་དུ་དངུལ་འབོར་ཆེན་པོ་ཡིན་ཟེར་ཞིང་ཊམ་ཀ་སུམ་ཅུ་ཐམ་པ་དེ་ངས་བླངས་ནས་མཆོད་ཁང་གི་བང་མཛོད་དུ་བླུགས་པ་ཡིན། 14དེ་རྗེས་ངས་གཅིག་མཐུན་ཞེས་པའི་དབྱུག་པ་གཞན་དེ་བཅག་པ་དང་། ཡ་ཧུ་དཱ་དང་ཨིསི་རཱཨེལ་གྱི་མཐུན་འབྲེལ་དུམ་བུར་ཁ་ཐོར་དུ་ཕྱིན་པ་ཡིན་ནོ། 15དེ་ནས་གཙོ་བོ་དཀོན་མཆོག་གིས་ང་ལ། ད་སླར་ཡང་ཁྱོད་ཀྱིས་རྫི་བོ་གླེན་པའི་སྤྱོད་ཚུལ་རྣམས་སྟོན་ཞིག 16ངས་རང་གི་ལུག་ཁྱུ་འཚོ་བའི་ཕྱིར་རྫི་བོ་ཞིག་བསྐོས་མོད། འོན་ཀྱང་དེས་འཇིག་པའི་ཉེན་ཁའི་ནང་དུ་ཚུད་པའི་ལུག་རྣམས་ལ་སྐྱབས་གྲོགས་མ་བྱས་པ་དང་། བརླག་སྟོར་ཤོར་བ་རྣམས་མ་འཚོལ་བར། རྨས་སྐྱོན་ཤོར་བ་རྣམས་ལ་གསོ་ཐབས་མ་བྱས་ཤིང་། དེ་བཞིན་ཐང་པོ་ཚོ་ལ་ཁ་ཟས་མ་སྤྲད་པ་དང་། དེའི་ཚབ་ཏུ་ལུག་རྒྱགས་ཤོས་རྣམས་བསད་ནས་སོ་སོས་ཟ་ཤིང་། དེ་ཚོའི་རྨིག་པ་རྣམས་ཁ་ཧྲལ་བ་དང་། 17ཆོ་མེད་པ་ལུག་རྫི་དེས་རང་གི་ལུག་ཁྱུ་སྤངས་ཡོད་པ་ཡིན་པས། ཁོ་ནི་འཇིག་པར་འགྱུར། ཁོའི་མངའ་ཐང་ཡོངས་རྫོགས་དམག་གིས་འཇིག་པར་བྱས་ཤིང་། ཁོའི་ལག་པ་སྐམ་པ་དང་། ཁོའི་མིག་གཡས་པ་དེ་ལོང་བར་འགྱུར་རོ༎

ཛ་ཀར་ཡ 12

མ་འོངས་པ་ན་ཡེ་རུ་ཤ་ལེམ་ལ་ཐར་གྲོལ་གནང་རྒྱུ།

1གནམ་ལ་ཁྱབ་སྤེལ་གནང་མཁན་དང་། ས་གཞིར་རྨང་གཞི་གདིང་བ་གནང་མཁན་དང་། མི་ལ་སྲོག་གནང་མཁན་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་སྐོར་ལ་གསུང་འཕྲིན་འདི་གནང་གསལ། 2ངས་ཡེ་རུ་ཤ་ལེམ་ལ་རྒུན་ཆང་གི་ཕོར་པ་བཞིན་དུ་བཟོས་ཏེ། དེའི་ཉེ་འཁོར་གྱི་རྒྱལ་ཁབ་ཚོས་དེ་ལས་འཐུང་ཞིང་བཟི་བ་བཞིན་དུ་འཁྱོར་བར་འགྱུར། དེ་ཚོས་ཡེ་རུ་ཤ་ལེམ་ལ་མཐའ་བསྐོར་དུས་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ཀྱང་དེའི་ནང་དུ་ཚུད་རྒྱུ་ཡིན་མོད། 3འོན་ཀྱང་སྐབས་དེར་ངས་ཡེ་རུ་ཤ་ལེམ་ནི་རྡོ་ལྗིད་གོ་ཆེན་པོ་བཞིན་དུ་བཟོས་ཏེ། རྒྱལ་ཁབ་སུས་ཀྱང་དེ་ཡར་འདེགས་ཐབས་བྱས་པ་དེ་ལ་རྨས་སྐྱོན་ཡོང་རྒྱུ་དང་། ས་གཞིའི་རྒྱལ་ཁབ་ཚང་མའི་དམག་མི་རྣམས་ཁ་མཐུན་ཏེ་ཡེ་རུ་ཤ་ལེམ་ལ་རྒོལ་ཐབས་བྱ་རྒྱུ་ཡིན། 4སྐབས་དེར་ངས་དེ་ཚོའི་རྟ་རྣམས་འདྲོག་བཅུག་པ་དང་། རྟ་པ་རྣམས་སྨྱོ་བཅུག་རྒྱུ་ཡིན་ཅིང་། ངས་ཡ་ཧུ་དཱའི་ཡུལ་མི་རྣམས་ལ་བལྟ་སྐྱོང་བྱ་རྒྱུ་ཡིན་ནོ། དེ་ཚོའི་དགྲ་བོའི་རྟ་རྣམས་ཀྱི་མིག་ལོང་བཅུག་རྒྱུ་ཡིན། 5དེ་ནས་ཡ་ཧུ་དཱའི་རིགས་བརྒྱུད་ཚོས་ཕན་ཚུན་གཅིག་གིས་གཅིག་ལ། ཀུན་དབང་ལྡན་པའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་དུ་གནས་པའི་ཉིད་ཀྱི་མི་འབངས་རྣམས་ལ་མཐུ་སྟོབས་གནང་ངེས་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། 6སྐབས་དེར་ངས་ཡ་ཧུ་དཱའི་རིགས་བརྒྱུད་རྣམས་ལ་ནགས་ཚལ་དང་སྟོན་ཐོག་སྨིན་པའི་ཞིང་ཁར་མེ་ཤོར་བ་ལྟ་བུར་བཟོས་པས། དེ་ཚོས་རང་གི་ཉེ་འཁོར་དུ་ཡོད་པའི་རྒྱལ་ཁབ་ཚང་མ་ཚར་གཅོད་གཏོང་རྒྱུ་ཡིན་ནོ། འོན་ཀྱང་ཡེ་རུ་ཤ་ལེམ་གྱི་ཡུལ་མི་རྣམས་ནི་ཉེན་ཁ་གང་ཡང་མེད་པར་གྲོང་ཁྱེར་ནང་དུ་བརྟན་པོར་གནས་པར་འགྱུར་རོ། 7ད་གཙོ་བོ་དཀོན་མཆོག་ངས། ཐོག་མར་ཡ་ཧུ་དཱའི་དམག་མི་རྣམས་ལ་རྒྱལ་ཁ་སྤྲོད་རྒྱུ་ཡིན་པས། དཱ་བིད་ཀྱི་རིགས་བརྒྱུད་དང་ཡེ་རུ་ཤ་ལེམ་གྱི་ཡུལ་མི་ཚོའི་གུས་བཀུར་དེ་ནི་ཡ་ཧུ་དཱའི་གུས་བཀུར་ལས་ཆེ་བ་ཡོང་བར་མི་འགྱུར། 8སྐབས་དེར་གཙོ་བོ་དཀོན་མཆོག་གིས་ཡེ་རུ་ཤ་ལེམ་དུ་གནས་སྡོད་བྱེད་མཁན་རྣམས་ལ་སྲུང་སྐྱོབ་མཛད་ཅིང་། དེ་ཚོའི་ནང་ནས་སྟོབས་ཤུགས་ཆུང་ཤོས་དེའང་དཱ་བིད་བཞིན་དུ་སྟོབས་ཆེན་དུ་འགྱུར་རྒྱུ་དང་། གཙོ་བོ་དཀོན་མཆོག་གི་ཕོ་ཉའམ་དཀོན་མཆོག་རང་ཉིད་ཀྱིས་ཉིད་ཀྱི་མི་འབངས་རྣམས་ལ་དབུ་འཁྲིད་མཛད་པ་བཞིན། དཱ་བིད་ཀྱི་རིགས་བརྒྱུད་ཚོས་དེ་ཚོ་ལ་འགོ་འཁྲིད་བྱེད་རྒྱུ་ཡིན་ནོ། 9སྐབས་དེར་ཡེ་རུ་ཤ་ལེམ་ལ་ཐབས་རྒོལ་བྱེད་མཁན་རྒྱལ་ཁབ་རྣམས་ངས་འཇིག་པར་བྱེད་རྒྱུ་ཡིན་ནོ། 10ཡང་ངས་དཱ་བིད་ཀྱི་རིགས་བརྒྱུད་དང་ཡེ་རུ་ཤ་ལེམ་གྱི་ཡུལ་མི་གཞན་རྣམས་ལ་སྙིང་རྗེ་དང་སྨོན་ལམ་གྱི་སེམས་ཉིད་ཀྱིས་གང་བར་བྱེད་རྒྱུ་དང་། དེ་ཚོས་མཚོན་ཆས་བཙུགས་པའི་སྐྱེས་བུ་དེ་ལ་བལྟ་ཞིང་། རང་ལ་བུ་གཅིག་ལས་མེད་པ་དེའི་སྐོར་མྱ་ངན་བྱས་པ་བཞིན་དུ་ཁོང་གི་སྐོར་ལ་མྱ་ངན་བྱ་རྒྱུ་དང་། སྔོན་སྐྱེས་ཀྱི་བུ་ཤི་བའི་མྱ་ངན་བྱེད་པ་བཞིན་དུ་ཁོ་ཚོས་མྱ་ངན་དྲག་པོ་བྱེད་པར་འགྱུར། 11སྐབས་དེར་མེ་གི་དྷོའི་ཐང་ཁུལ་དུ་ཧ་དྷད་རིམ་མོན་གྱི་དོན་དུ་མྱ་ངན་བྱས་པ་བཞིན་ཡེ་རུ་ཤ་ལེམ་དུའང་དེ་བཞིན་མྱ་ངན་དྲག་པོ་བྱེད་པར་འགྱུར། 12-14ཡུལ་གྱི་ཁྱིམ་ཚང་ཚང་མས་རང་རང་སོ་སོའི་མྱ་ངན་བྱེད་པར་འགྱུར། དཱ་བིད་ཀྱི་ཁྱིམ་ཚང་། ན་ཐན་གྱི་ཁྱིམ་ཚང་། ལེ་ཝིའི་ཁྱིམ་ཚང་། ཤི་མེ་ཡིའི་ཁྱིམ་ཚང་དང་། གཞན་ཁྱིམ་ཚང་ཚང་མས་སོ་སོས་མྱ་ངན་བྱེད་རྒྱུ་ཡིན་པ་དང་། ཁྱིམ་ཚང་གི་ནང་མི་སྐྱེ་ཕོ་མོ་སོ་སོས་ཟུར་དུ་མྱ་ངན་བྱེད་རྒྱུ་ཡིན་ནོ༎

ཛ་ཀར་ཡ 13

1ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་གསུངས་པ། སྐབས་དེར་དཱ་བིད་ཀྱི་རིགས་བརྒྱུད་དང་། ཡེ་རུ་ཤ་ལེམ་གྱི་ཡུལ་མི་རྣམས་ཀྱི་སྡིག་པ་དང་འདྲ་སྐུའི་མཆོད་པ་ནས་འདག་པའི་ཆེད་དུ་ཆུ་མིག་ཅིག་རྡོལ་ཞིང་།། 2སྐབས་དེར་ངས་ཡུལ་གྱི་ནང་ནས་སྐུ་འདྲའི་མིང་རྣམས་མེད་པར་བྱས་ཏེ། སུས་ཀྱང་དེ་ཚོ་སླར་ཡང་མི་དྲན་པ་དང་། ལུང་སྟོན་པ་ཡིན་ཚུལ་བྱེད་མཁན་རྣམས་ལ་ངས་ཚར་གཅོད་བཏང་ཞིང་། མི་རྣམས་ཀྱི་སེམས་ནས་ལྷ་སྐུར་མཆོད་པའི་འདོད་པ་རྣམས་མེད་པར་བྱེད་རྒྱུ་ཡིན། 3དེ་རྗེས་སུས་ཀྱང་ད་དུང་ལུང་བསྟན་བཤད་ཚུལ་བྱས་པ་ཡིན་ན། ཁོ་ངེས་པར་དུ་བསད་དགོས་ཅེས་རང་གི་ཕ་མ་གཉིས་ནས་བརྗོད་པར་འགྱུར། གང་ལགས་ཟེར་ན། ཁོས་གཙོ་བོ་དཀོན་མཆོག་གི་ལུང་བསྟན་བཤད་ཚུལ་བྱས་ཀྱང་། དོན་དམ་དུ་ལུང་བསྟན་བརྫུན་མ་བཤད་པས་ཕྱིར་རོ། དེ་བཞིན་ཁོས་ལུང་བསྟན་བརྫུན་མ་བཤད་པ་ཡིན་ན། རང་གི་ཕ་མ་གཉིས་ཀྱིས་ཁོ་ལ་མཚོན་ཆ་བཙུགས་ནས་བསད་པར་འགྱུར། 4སྐབས་དེར་ལུང་སྟོན་པ་གཅིག་གིས་ཀྱང་ངས་ཞལ་གཟིགས་མཐོང་ཞིང་ལུང་བསྟན་བཤད་ཐུབ་ཀྱི་ཡོད་ཅེས་ང་རྒྱལ་མི་བྱེད་ཅིང་། ལུང་སྟོན་པ་ཡིན་ཚུལ་གྱིས་གྱོན་གོས་རྩུབ་པོ་དེ་དག་གྱོན་ཏེ་མི་མང་ལ་མགོ་སྐོར་གཏོང་མཁན་གཅིག་ཀྱང་མི་འབྱུང་ངོ་། 5སྐབས་དེར་མི་ཚོས། ང་ནི་ལུང་སྟོན་པ་མ་ཡིན་ཏེ། སོ་ནམ་པ་ཡིན་པས། ངས་ཚེ་གང་ཞིང་ལས་ཁོ་ན་བྱས་ནས་བསྡད་པ་ཡིན་ཞེས་སྨྲ་བར་འགྱུར། 6ཡང་འགའ་ཞིག་གིས། ཁྱོད་ཀྱི་བྲང་གི་རྨ་དེ་གང་ཡིན་ནམ་ཞེས་འདྲི་བ་ཡིན་ན། དེའི་ལན་དུ་ཁོས། དེ་ནི་ངའི་མཛའ་གྲོགས་ཀྱི་ཁང་པ་ནས་བྱུང་བའི་རྨ་ཡིན་ནོ་སྨྲས་ཡོང་༎

རྫི་བོ་ལ་བསད་དགོས་པའི་བཀའ།

7ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས། ཀྱེ་རལ་གྲི། ངའི་ལས་བྱེད་མཁན་རྫི་བོ་དེ་ལ་རྒོལ་ཕྱིར་ཡར་ལོང་ཞིག ཁོ་ལ་གསོད་ཅིག། དེ་རྗེས་ལུག་རྣམས་ཁ་འཐོར་དུ་འགྲོ་ཡོང་། ངས་རང་གི་མི་འབངས་རྣམས་ལ་རྒོལ་རྒྱུ་ཡིན། 8ཡུལ་ཡོངས་ཀྱི་མི་འབོར་གསུམ་ཆ་གཉིས་ཙམ་ཤི་བར་འགྱུར། 9ངས་ལྷག་འཕྲོས་གསུམ་ཆ་གཅིག་པོ་དེ་ལ་དངུལ་ལ་མེས་དྭངས་སྙིག་སེལ་བ་བཞིན་ལྷད་འདོན་རྒྱུ་དང་། གསེར་ཚོད་བལྟ་བྱེད་པ་བཞིན་བརྟག་དཔྱད་བྱེད་རྒྱུ་ཡིན། དེ་ནས་ཁོ་ཚོས་ང་ལ་གསོལ་འདེབས་བྱེད་སྐབས་ངས་དེ་ཚོར་ལན་སྤྲོད་རྒྱུ་ཡིན་པ་དང་། དེ་ཚོ་ངའི་མི་འབངས་ཡིན་ཞེས་ངས་དེ་ཚོ་ལ་སྨྲ་རྒྱུ་ཡིན་པ་དང་། ང་ནི་ཁོ་ཚོའི་དཀོན་མཆོག་ཡིན་པར་དེ་ཚོས་ངོས་ལེན་བྱ་རྒྱུ་ཡིན་ནོ༎

ཛ་ཀར་ཡ 14

ཡེ་རུ་ཤ་ལེམ་དང་རྒྱལ་ཁབ་གཞན་རྣམས།

1གཙོ་བོ་དཀོན་མཆོག་གིས་ཁྲིམས་གཅོད་གནང་བའི་ཉིན་མོ་དེ་ནི་ཉེ་བར་རན་ཞིང་། དེའི་སྐབས་སུ་ཡེ་རུ་ཤ་ལེམ་བཅོམ་སྟེ། དེའི་བཅོམ་ནོར་ཚང་མ་ཁྱོད་ཚོའི་མིག་གི་མཐོངས་སར་ཆ་བགོས་བྱེད་པར་འགྱུར། 2ཡང་ཡེ་རུ་ཤ་ལེམ་ལ་དམག་འདྲེན་ཕྱིར་གཙོ་བོ་དཀོན་མཆོག་གིས་རྒྱལ་ཁབ་ཚང་མ་འདུ་ཚོགས་གནང་སྟེ། གྲོང་ཁྱེར་དེ་དགྲའི་དབང་དུ་ཤོར་ཞིང་། ཁང་ཁྱིམ་རྣམས་བཅོམ་པ་དང་། བུད་མེད་རྣམས་ལ་བཙན་གཡེམ་བྱེད་རྒྱུ་ཡིན་པ་དང་། མི་འབོར་ཕྱེད་ཀ་ཙམ་བཙན་བྱོལ་དུ་འཁྲིད་རྒྱུ་ཡིན་ནོ། འོན་ཀྱང་ལྷག་འཕྲོས་རྣམས་ནི་གྲོང་ཁྱེར་ནས་འཁྲིད་པར་མི་འགྱུར་རོ། 3དེ་རྗེས་སྔར་བཞིན་གཙོ་བོ་དཀོན་མཆོག་གིས་རྒྱལ་ཁབ་དེ་ཚོ་ལ་འཐབ་པ་གནང་རྒྱུ་ཡིན་ཞིང་། 4སྐབས་དེར་གཙོ་བོ་དཀོན་མཆོག་ནི། ཡེ་རུ་ཤ་ལེམ་གྱི་ཤར་ཕྱོགས་སུ་ཡོད་པའི་ཁ་སྐྱུར་པོའི་རི་བོར་བཞེངས་རྒྱུ་ཡིན་པ་དང་། ཁ་སྐྱུར་པོའི་རི་བོ་དེ་ནི་ཤར་ཕྱོགས་ནས་ནུབ་ཕྱོགས་བར་དུ་དཀྱིལ་ནས་དུམ་བུ་གཉིས་སུ་གས་ཤིང་དེའི་བར་ན་ལུང་གཤོང་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་དང་། རི་བོ་དེ་ཕྱེད་ཀ་བྱང་ཕྱོགས་དང་ཕྱེད་ཀ་ལྷོ་ཕྱོགས་སུ་གཤིབས་ཞིང་། 5རི་བོའི་དབུས་སུ་ཆགས་པའི་ལུང་གཤོང་དེ་ནས་ཁྱོད་ཚོ་བྲོས་ཐར་རྒྱུ་ཡིན། སྔར་ཡ་ཧུ་དཱའི་རྒྱལ་པོ་ཨུ་ཛི་ཡཱའི་དུས་སུ་ས་གཡོམ་བརྒྱབ་སྐབས་ཁྱོད་ཚོའི་མེས་པོ་རྣམས་བྲོས་པ་བཞིན་ཁྱོད་ཚོའང་དེ་བཞིན་བྲོས་རྒྱུ་ཡིན་པ་དང་། དེ་ནས་ངའི་དཀོན་མཆོག་གཙོ་བོ་དཀོན་མཆོག་ནི་ཉིད་ཀྱི་ཕོ་ཉའི་ཚོགས་བཅས་པ་ཚང་མ་བསྣམས་ནས་ཕེབས་པར་འགྱུར། 6དེའི་དུས་སུ་གནམ་གཤིས་གྲང་ངར་ཅན་དང་འཁྱག་རོམ་སོགས་གང་ཡང་མི་འབྱུང་ཞིང་། 7དེ་བཞིན་གནས་གང་དུའང་མུན་པ་མི་འབྱུང་བ་དང་། ཉིན་མཚན་ཀུན་ཏུ་འོད་དང་ལྡན་པར་འགྱུར། ཉིན་མོ་དེ་ག་དུས་ཡོང་མིན་སྐོར་གཙོ་བོ་དཀོན་མཆོག་གཅིག་པོས་མཁྱེན་པར་འགྱུར། 8དུས་དེ་ཤར་སྐབས་ཡེ་རུ་ཤ་ལེམ་ནས་ཆུ་གསོས་པ་ཞིག་ཐོན་ཏེ། ཕྱེད་ཀ་འཆི་བའི་རྒྱ་མཚོ་དང་། ཕྱེད་ཀ་མེ་ཌི་ཊ་རེ་ནི་ཡན་རྒྱ་མཚོའི་བར་དུ་དབྱར་དགུན་མེད་པར་རྒྱུག་ཅིང་། 9དེ་དུས་གཙོ་བོ་དཀོན་མཆོག་ནི་ས་གཞི་ཀུན་གྱི་རྒྱལ་པོར་འགྱུར་ཏེ། ཚང་མས་ཁོང་ལ་དཀོན་མཆོག་ཡིན་པ་བསྙེན་བཀུར་ཞུ་རྒྱུ་དང་། ཁོང་ལ་མཚན་དེ་རང་གི་ངོ་ཤེས་པར་འགྱུར་རོ། 10བྱང་ཕྱོགས་གྷེ་བཱ་ནས་ལྷོ་ཕྱོགས་རིམ་མོན་བར་གྱི་ཡུལ་ལྗོངས་ཐམས་ཅད་འཁོད་སྙོམས་པོར་བཟོས་པར་འགྱུར། ཡེ་རུ་ཤ་ལེམ་ནི་དེའི་མཐའ་འཁོར་གྱི་ཡུལ་ཀུན་ལས་མཐོ་བར་མངོན་ཞིང་། གྲོང་ཁྱེར་དེ་ནི་བེན་ཡ་མིན་གྱི་རྒྱལ་སྒོ་ནས་སྔར་རྒྱལ་སྒོ་རྙིང་པ་ཆགས་སར་ཟུར་སྒོ་ཞེས་པའི་རྒྱལ་སྒོ་བར་དང་། དེ་བཞིན་ཧ་ན་ནེལ་གྱི་མཁར་རྫོང་མཐོན་པོ་ནས་རྒྱལ་པོའི་རྒུན་ཆང་བཟོ་བའི་ས་གནས་བར་དུ་ཁྱབ་པར་འགྱུར། 11ཡུལ་མི་རྣམས་འཇིག་པའི་ཉེན་ཁ་ལས་གྲོལ་ཏེ། གནས་སྟངས་བརྟན་པོའི་ངང་དུ་འཚོ་བར་འགྱུར། 12ཡེ་རུ་ཤ་ལེམ་ལ་དམག་འདྲེན་མཁན་མི་རིགས་ཚང་མའི་ཐོག་ཏུ་གཙོ་བོ་དཀོན་མཆོག་གིས་ནད་ཡམས་དྲག་པོ་གཏོང་བ་གནང་ཞིང་། གསོན་པོ་ཡོད་དུས་དེ་ཚོའི་ལུས་ཀྱི་ཤ་རུལ་རྒྱུ་ཡིན་པ་དང་། དེ་ཚོའི་མིག་དང་ལྕེ་ལ་སོགས་པ་རུལ་བར་འགྱུར། 13དེ་དུས་གཙོ་བོ་དཀོན་མཆོག་གིས་དེ་ཚོ་མགོ་འཐོམས་པར་མཛད་པར་འགྱུར། དངངས་སྐྲག་ཆེན་པོའི་ངང་དེ་ཚོས་རང་གི་ཉེ་འགྲམ་དུ་ཡོད་པའི་མི་ལ་འཛིན་བཟུང་གིས་འཐབ་རྒོལ་བྱེད་རྒྱུ་ཡིན་ནོ། 14ཡ་ཧུ་དཱའི་ཡུལ་མི་ཚོས་ཡེ་རུ་ཤ་ལེམ་ལ་སྲུང་སྐྱོབ་བྱེད་ཕྱིར་འཐབ་རྒྱུ་ཡིན་པ་དང་། དེ་ཚོས་མཐའ་འཁོར་གྱི་རྒྱལ་ཁབ་ཚང་མའི་གསེར་དང་། དངུལ་དང་། གྱོན་གོས་ལ་སོགས་པ་མང་པོ་འཕྲོག་གཅོམ་བྱེད་རྒྱུ་ཡིན་ནོ། 15དགྲ་བོའི་སྒར་སར་ཡོད་པའི་རྟ་དྲེལ་དང་། རྔ་མོང་དང་། གཞན་ཡང་བོང་བུ་ལ་སོགས་པའི་དུད་འགྲོ་ཚང་མའི་ཐོག་ཏུ་ནད་ཡམས་དྲག་པོ་ཞིག་འཕོག་རྒྱུ་ཡིན་ནོ། 16དེ་རྗེས་ཡེ་རུ་ཤ་ལེམ་ལ་འཐབ་རྒོལ་བྱེད་མཁན་རྒྱལ་ཁབ་གསོན་པོར་ལྷག་པ་རྣམས་ལོ་ལྟར་རེ་བཞིན་ཡེ་རུ་ཤ་ལེམ་དུ་ཕྱིན་ནས། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ལ་རྒྱལ་པོ་ཆེན་པོའི་ཚུལ་དུ་བསྙེན་བཀུར་ཞུ་ཞིང་རྩྭ་གཡབ་ཀྱི་དུས་སྟོན་དེ་རྩིས་སྲུང་བྱེད་རྒྱུ་དང་། 17གལ་ཏེ་མི་རིགས་སུ་ཞིག་གིས་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ལ་རྒྱལ་པོ་ཆེན་པོའི་ཚུལ་དུ་བསྙེན་བཀུར་མ་ཞུས་པ་ཡིན་ན། དེ་ཚོའི་ས་ཞིང་ཐོག་ཏུ་ཆར་ཆུ་མི་འབབ་ཅིང་། 18དེ་བཞིན་ཨི་ཇིབ་པ་ཚོས་ཀྱང་རྩྭ་གཡབ་ཀྱི་དུས་སྟོན་དེ་སྲུང་བརྩི་མ་ཞུས་པ་ཡིན་ན། དུས་སྟོན་སྲུང་བརྩི་མ་ཞུས་མཁན་རྒྱལ་ཁབ་གཞན་དང་འདྲ་བར་དེ་ཚོའི་ཐོག་ཏུའང་ནང་ཡམས་དྲག་པོ་དེ་དག་འཕོག་ངེས་ཤིང་། 19ནད་ཡམས་དེ་དག་ནི་ཨི་ཇིབ་དང་རྩྭ་གཡབ་ཀྱི་དུས་སྟོན་མི་སྲུང་མཁན་རྒྱལ་ཁབ་ཚང་མར་ཉེས་ཆད་ཀྱི་ཚུལ་དུ་འཕོག་རྒྱུ་ཡིན་ནོ། 20དུས་དེར་རྟ་རྣམས་ཀྱི་སྐེ་ལ་འདོགས་པའི་དྲིལ་བུ་སོགས་ལའང་གཙོ་བོ་དཀོན་མཆོག་གི་ཆེད་དུ་བསྔོ་འབུལ་བྱས་པའི་ཡི་གེ་རྣམས་རྐོས་ཡོད་དོ། མཆོད་ཁང་གི་བཙོད་སྣོད་རྣམས་ཀྱང་མཆོད་ཁྲིའི་མདུན་གྱི་ཕོར་པ་ལྟ་བུ་དམ་པར་འགྱུར་རྒྱུ་ཡིན་ནོ། 21ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་བཙོས་སྣོད་ཚང་མ་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུ་བར་བེད་སྤྱོད་བྱེད་ཕྱིར་ཟུར་དུ་བཞག་པར་འགྱུར། དམར་མཆོད་འབུལ་བར་ཡོང་མཁན་མི་ཚོས་དམར་མཆོད་ཀྱི་ཤ་རྣམས་སྐོལ་རྒྱུར་སྣོད་འདི་ཚོ་བེད་སྤྱོད་བྱེད་པར་འགྱུར། དུས་དེ་རན་སྐབས་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གི་མཆོད་ཁང་ནང་དུ་ཚོང་པ་གཅིག་ཀྱང་ལུས་པར་མི་འགྱུར་རོ༎

མ་ལ་ཀི 1

1ཨིསི་རཱཨེལ་མི་མང་རྣམས་ལ་བཀའ་བསྒོས་གནང་ཕྱིར་གཙོ་བོ་དཀོན་མཆོག་གིས་མ་ལ་ཀིའི་བརྒྱུད་ནས་གནང་བའི་གསུང་འཕྲིན་འདི་ཡིན་ནོ།

ཨིསི་རཱཨེལ་ལ་གཙོ་བོ་དཀོན་མཆོག་གིས་ཐུགས་བརྩེ་གནང་བ།

2གཙོ་བོ་དཀོན་མཆོག་གིས་ཉིད་ཀྱི་མི་མང་རྣམས་ལ་བཀའ་གནང་བ། ངས་ཁྱོད་ཚོར་རྒྱུན་དུ་བརྩེ་བ་བྱེད་ཡོད། འོན་ཀྱང་ཁོ་ཚོས། ཁྱེད་ཀྱིས་ང་ཚོར་ཐུགས་བརྩེ་ཇི་ལྟར་གནང་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། གཙོ་བོ་དཀོན་མཆོག་གིས་བཀའ་ལན་དུ། ཨེ་སའོ་དང་ཡ་ཀོབ་གཉིས་སྤུན་ཡིན་རུང་། ངས་ཡ་ཀོབ་དང་ཁོའི་རིགས་བརྒྱུད་རྣམས་ལ་གཅེས་པར་བྱས་པ་ཡིན། 3ཨེ་སའོ་དང་ཁོའི་རིགས་བརྒྱུད་རྣམས་ལ་སྡང་བ་ཡིན། ཨེ་སའོའི་རི་བརྒྱུད་ཁག་གི་ཡུལ་སྟོངས་སྟེ་ཁྱི་སྤྱང་ཚོའི་ཕྱིར་དུ་སྤངས་ནས་ཡོད། 4གལ་ཏེ་ཨེ་སའོའི་རིགས་བརྒྱུད་ཨེ་དྷོམ་པ་ཚོས། ང་ཚོའི་གྲོང་ཁྱེར་རྣམས་སྟོར་ཞིག་ཏུ་ཕྱིན་རུང་། དེ་དག་སྐྱར་དུ་འཛུག་བསྐྲུན་བྱེད་རྒྱུ་ཡིན་ཞེས་སྨྲས་ན་ཡང་། གཙོ་བོ་དཀོན་མཆོག་གིས་ལན་དུ། དེ་ཚོས་འཛུག་བསྐྲུན་བྱས་རུང་ངས་ཡང་སྐྱར་བརྟིབས་རྒྱུ་ཡིན་པས། མི་ཚོས་དེ་ཚོར། ཡུལ་ངན་པ་དང་། གཙོ་བོ་དཀོན་མཆོག་དུས་གཏན་དུ་ཐུགས་ཁྲོ་བའི་མི་རིགས་ཞེས་བརྗོད་ནས་མིང་བཏགས་ཡོང་། 5གནས་ཚུལ་དེ་ནི་ཨིསི་རཱཨེལ་མི་མང་རྣམས་ཀྱི་རང་གི་མིག་གི་མཐོང་བར་འགྱུར། དེ་ཚོས་ཨིསི་རཱཨེལ་ཙམ་མ་ཟད་ཕྱི་རོལ་དུའང་གཙོ་བོ་དཀོན་མཆོག་ནི་མངའ་ཐང་ཆེའོ་ཞེས་བརྗོད་ཡོང་༎

གཙོ་བོ་དཀོན་མཆོག་གིས་བླ་མ་རྣམས་ལ་བཀའ་བཀྱོན་གནང་བ།

6ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་བླ་མ་རྣམས་ལ། བུས་རང་གི་ཕ་དང་གཡོག་པོས་རང་གི་སྦྱིན་བདག་ལ་གུས་བཀུར་ཞུས་ཤིང་། ང་ནི་ཁྱོད་ཚོའི་ཕ་དང་སྦྱིན་བདག་ཡིན་པས། ཁྱོད་ཚོས་ང་ལ་གུས་བཀུར་བྱེད་མི་འོས་སམ། ཁྱོད་ཚོས་ང་ལ་མཐོང་ཆུང་བྱེད་བཞིན་དུ། ད་དུང་ང་ཚོས་ཇི་ལྟར་མཐོང་ཆུང་བྱས་སམ་ཞེས་འདྲི་རྩད་བྱེད་ཀྱི་ཡོད། 7ཁྱོད་ཚོས་ང་ལ་དེ་ལྟར་མཐོང་ཆུང་བྱས་སོ། ངའི་མཆོད་ཁྲིའི་སྟེང་དུ་ཞལ་ཟས་མི་རུང་བ་དག་འབུལ་བའི་སྒོ་ནས་ཡིན་ནོ། ང་ཚོས་ཁྱེད་ལ་གུས་བཀུར་མ་ཞུས་པ་དེ་ཇི་ལྟར་ཡིན་ནམ་ཞེས་ཁྱོད་ཚོས་འདྲི་བ་བྱས་པས། དེ་ནི་ཁྱོད་ཚོས་ངའི་མཆོད་ཁྲིར་མཐོང་ཆུང་བྱས་ནས་ང་ལ་གུས་བཀུར་མ་བྱས་སོ། 8ཁྱོད་ཚོས་ང་ལ་སེམས་ཅན་ལོང་བ་ཞིག་གམ། ནད་པའམ་ཞ་བོ་ཞིག་དམར་མཆོད་དུ་འབུལ་ན། དམར་མཆོད་དེར་སྐྱོན་གང་ཡང་མེད་ཅེས་བསམ་གྱི་འདུག་གམ། ཁྱོད་ཚོས་སེམས་ཅན་དེ་འདྲ་ཞིག་སྤྱི་ཁྱབ་ལ་ཕུལ་ན། ཁོ་དགའ་ཞིང་ཁྱོད་ལ་སྙིང་རྗེ་གནང་ཡོང་ངམ། 9ད་ཁྱོད་ཚོ་བླ་མ་རྣམས། ཁྱོད་ཚོས་དཀོན་མཆོག་ལ་ང་ཚོའི་ཐོག་ཏུ་བཟང་པོ་གནང་རོགས་གནང་ཞེས་ཞུ་བ་འབུལ་ནས་ལྟོས་ཤིག ཁྱོད་ཚོས་དེ་དང་འདྲ་བའི་འབུལ་བ་མི་གཙང་བ་འཁྱེར་ཡོང་བ་ཡིན་ན། ཁོང་གིས་ངོས་ལེན་གནང་ཡོང་ངམ། 10ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོས་ངའི་མཆོད་ཁྲིའི་སྟེང་དུ་དོན་མེད་ཀྱི་མེ་དེ་འབར་མ་བཅུག་པའི་ཕྱིར། མཆོད་ཁང་གི་སྒོ་དེ་སུ་ཞིག་གིས་རྒྱབ་ནའང་ཡོང་ང་འདུག་། ང་ནི་ཁྱོད་ཚོར་མི་དགའོ། ཁྱོད་ཚོའི་འབུལ་བར་ངས་ངོས་ལེན་མི་བྱེད་དོ། 11ས་གཞིའི་མཐའ་མཚམས་གཅིག་ནས་གཞན་བར་གྱི་མི་རིགས་ཚང་མས་ང་ལ་གུས་བཀུར་བྱེད་ཅིང་། ས་ཕྱོགས་ཀུན་ཏུ་དེ་ཚོས་ང་ལ་བདུག་སྤོས་བདུག་སྟེ། འབུལ་བ་རྣམས་འཁྱེར་ཡོང་བ་དང་། ཚང་མས་ང་ལ་གུས་བཀུར་བྱེད་དོ། 12འོན་ཀྱང་ཁྱོད་ཚོས་ངའི་མཆོད་ཁྲི་དེ་མི་འོས་པ་རེད་ཟེར་བ་དང་། དེའི་སྟེང་དུ་ཁྱོད་ཚོས་རང་ཉིད་ལ་མི་དགའ་བའི་ཞལ་ཟས་འབུལ་སྐབས་ང་ལ་དམའ་འབེབས་བྱེད་ཀྱི་ཡོད། 13ཁྱོད་ཚོས་ལབ་ཀྱི་ཡོད་དོ། དཀོན་མཆོག་ལ་ཞབས་ཏོག་ཞུ་རྒྱུ་ནི་ཧ་ཅང་ཁག་པོ་རེད་ཟེར་ནས་ཞེན་མེར་ལངས་ཀྱི་ཡོད་དོ། ཁྱོད་ཚོས་བརྐུས་པའི་སེམས་ཅན་ཞིག་གམ། ཡང་ན་ཞྭ་རིལ་ལམ་སེམས་ཅན་ནད་པ་ཞིག་ང་ལ་འབུལ་བར་ཕུལ་སྐབས། དེ་ལྟ་བུའི་འབུལ་བར་ངས་ངོས་ལེན་བྱེད་དམ། 14རང་གི་ཁྱུའི་ཁོངས་ནས་སེམས་ཅན་སྐྱོན་མེད་ཅིག་ང་ལ་འབུལ་བར་འཁྱེར་ཡོང་རྒྱུའི་དམ་བཅའ་བྱས་མོད། འོན་ཀྱང་དམ་བཅའ་གཞིར་བཟུང་མ་བྱས་པར་སེམས་ཅན་མཁོ་མེད་ཅིག་འབུལ་བའི་རྐྱེན་གྱིས་མགོ་བསྐོར་གཏོང་མཁན་དེའི་ཐོག་ཏུ་དམོད་པ་ཕོག་ངེས་སོ། ང་ནི་མངའ་ཐང་ཆེ་བའི་རྒྱལ་པོ་ཞིག་ཡིན་པས་མི་དང་རྒྱལ་ཁབ་ཚང་མས་ང་ལ་འཇིག་གི་ཡོད་དོ༎

མ་ལ་ཀི 2

1ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་བླ་མ་རྣམས་ལ་འདི་ལྟར་གསུངས་པ། བཀའ་བསྒོ་བ་འདི་ནི་ཁྱོད་ཚོའི་དོན་དུ་ཡིན་ནོ། 2ཁྱོད་ཚོའི་བྱ་སྤྱོད་ཀྱི་སྒོ་ནས་ང་ལ་གུས་བཀུར་བྱེད་དགོས་པ་ཡིན་ཅིང་། ངས་སྨྲས་པའི་ཚིག་ལ་མི་ཉན་ན་ངས་ཁྱོད་ཚོའི་ཐོག་ཏུ་དམོད་པ་གཏོང་རྒྱུ་ཡིན། ཁྱོད་ཚོའི་ཐོབ་པའི་བྱིན་རླབས་སོགས་ལའང་ངའི་དམོད་པ་བཏོང་རྒྱུ་ཡིན། དོན་དམ་དུ་བྱས་ན་ངས་དེ་ཚོའི་ཐོག་ཏུ་དམོད་པ་བཏང་ཟིན་པ་ཡིན་ནོ། གང་ལ་ཟེར་ན། ཁྱོད་ཚོས་ངའི་བཀའ་ལ་བརྩི་སྲུང་ཡག་པོ་མ་བྱས་པའི་རྐྱེན་གྱིས་ཡིན་ནོ། 3ངས་ཁྱོད་ཚོའི་བུ་ཕྲུག་རྣམས་ལ་ཉེས་ཆད་གཏོང་རྒྱུ་ཡིན་པ་དང་། ཁྱོད་ཚོས་དམར་མཆོད་བྱས་པའི་སེམས་ཅན་གྱི་ལྕི་བ་ལ་ཁྱོད་ཚོའི་གདོང་པར་འཕུར་རྒྱུ་ཡིན། ཡང་ལྕི་བ་སྤུངས་སར་ཁྱོད་ཚོར་དབྱུགས་རྒྱུ་ཡིན་ནོ། 4སྔར་ངས་ལེ་ཝིའི་རིགས་བརྒྱུད་ནས་ཡིན་པའི་བླ་མ་རྣམས་དང་མཉམ་དུ་དམ་བཅའ་བྱས་པ་དེ་བརྟན་པོར་གནས་པའི་ཕྱིར་དུ། ངས་སྤྲད་པའི་བཀའ་བསྒོས་འདི་ཁྱོད་ཚོས་ཧ་གོ་བར་འགྱུར་རོ། 5ངས་ཁོ་ཚོར་སྲོག་དང་བདེ་བ་སྤྲོད་རྒྱུའི་དམ་བཅའ་བྱས་པ་བཞིན་ངས་དེ་ལྟར་སྤྲད་པས། ཁོ་ཚོས་ང་ལ་གུས་བཀུར་བྱེད་དགོས་པ་ཡིན། སྔར་ཁོ་ཚོས་ང་ལ་གུས་ཞབས་བྱེད་པ་དང་འཇིག་གི་ཡོད་དོ། 6དེ་ཚོས་ཇི་བདེན་པ་ཡིན་པ་དེ་བསླབ་ཀྱི་ཡོད་པ་དང་། ཇི་བདེན་པ་མ་ཡིན་པ་དེ་བསླབ་ཀྱི་མེད་པ་ཡིན་ནོ། དེ་ཚོ་ང་མཉམ་དུ་ཞི་བདེ་དང་དྲང་བ་ཉིད་ནང་འགྲུལ་བར་བྱསོ། དེ་ཚོས་མི་མང་པོར་སྡིག་པ་ནས་བསྒྱུར་བཅུག་གོ 7དཀོན་མཆོག་གི་ཤེས་བྱ་བདེན་པའི་སྐོར་ལ་སློབ་སྟོན་བྱེད་རྒྱུ་དེ་བླ་མ་རྣམས་ཀྱི་ལས་འགན་ཡིན་ཅིང་། དེ་ཚོ་ནི་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གི་བང་ཆེན་ཡིན་པའི་རྐྱེན་གྱིས། ངའི་བསམ་ཚུལ་རྟོགས་པའི་ཕྱིར་དུ་མི་མང་རྣམས་ཁོ་ཚོའི་རྩར་འགྲོ་དགོས་པ་ཡིན་ནོ། 8འོན་ཀྱང་ཁྱོད་ཚོ་བླ་མ་རྣམས་ཀྱིས་ལམ་བདེན་པ་དེ་སྤངས་པས། ཁྱོད་ཚོའི་སློབ་སྟོན་གྱིས་མི་མང་པོ་ལམ་ལོག་ཏུ་འཁྲིད་ཅིང་། ངས་ཁྱོད་ཚོའི་ཕ་མེས་ལེ་ཝི་དང་མཉམ་དུ་བཞག་པའི་དམ་བཅའ་དེ་ཁྱོད་ཚོས་སྟོར་བ་ཡིན་ནོ། 9ཁྱོད་ཚོས་ངའི་འདོད་པར་མ་སྲུང་པ་དང་། ངའི་མི་མང་ལ་སློབ་སྟོན་བྱེད་སྐབས་དེ་ཚོར་ཉེ་རིང་བྱས་པའི་རྐྱེན་གྱིས། ངས་ཨིསི་རཱཨེལ་མི་མང་རྣམས་ལ་ཁྱོད་ཚོར་མི་དགའ་ཞིང་དམའ་འབེབས་བྱེད་བཅུག་རྒྱུ་ཡིན་ནོ༎

མི་མང་ཚོས་དཀོན་མཆོག་ལ་དད་ལོག་ཞུས་པ།

10ང་ཚོ་ཚང་མའི་ཡབ་གཅིག་རང་མ་ཡིན་ནམ། དཀོན་མཆོག་གཅིག་རང་གིས་ང་ཚོ་ཚང་མ་བཀོད་གནང་མཛད་པ་མ་ཡིན་ནམ། དེ་ལྟར་ཡིན་ན་ང་ཚོས་ཕན་ཚུན་ཁ་ཆད་བྱས་པ་རྣམས་ལ་ཅི་ཕྱིར་མ་སྒྲུབ་པ་དང་། དཀོན་མཆོག་གིས་ང་ཚོའི་མེས་པོ་རྣམས་དང་དམ་བཅའ་གནང་བ་དེར་ང་ཚོས་སྡང་སེམས་བྱེད་དགོས་པ་དེ་གང་ཡིན་ནམ། 11ཡ་ཧུ་དཱའི་མི་རྣམས་ཀྱིས་སྔར་དཀོན་མཆོག་ལ་ཕུལ་བའི་དམ་བཅའ་དེ་དང་འགལ་ཞིང་། ཡེ་རུ་ཤ་ལེམ་དང་ཡུལ་ཀུན་ཏུ་ཁོ་ཚོས་ལས་སྡུག་ཅག་ཞེད་པོ་ཅིག་བྱས་བཞག། གཙོ་བོ་དཀོན་མཆོག་ཐུགས་མཉེས་པའི་མཆོད་ཁང་དེ་དེ་ཚོས་མི་གཙང་བར་བྱས་པ་དང་། སྐྱེས་པ་རྣམས་ཀྱིས་ཕྱི་པའི་ལྷ་རྟེན་སོགས་ལ་བསྙེན་བཀུར་བྱེད་མཁན་བུད་མེད་རྣམས་དང་ཆང་ས་རྒྱབ་པ་ཡིན་པས། 12དེ་ལྟར་བྱེད་མཁན་རྣམས་ལ་གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་གྱི་སྡེ་ནས་ཕྱིར་བཏོན་གནང་བར་ཤོག། ང་ཚོའི་མི་རིགས་ཀྱི་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ལ་འཁྱེར་ཡོང་བའི་མཆོད་པའི་ནང་ནམ་ཡང་གཞུགས་མ་འཇུག་ཅིག 13ཁྱོད་ཚོས་དོན་གནད་གཞན་ཞིག་བྱེད་ཀྱི་ཡོད་པ་དང་། དེ་གང་ཡིན་ན། ཁྱོད་ཚོས་མྱ་ངན་དང་སྨྲེ་ངག་འདོན་ཏེ། གཙོ་བོ་དཀོན་མཆོག་གི་མཆོད་ཁྲི་དེ་མིག་ཆུས་ཡོངས་སུ་སྦངས་བར་བྱསོ། དེ་གང་ལག་ཟེར་ན། ཁོང་གིས་ཁྱོད་ཚོའི་འབུལ་པར་ངོས་ལེན་མི་གནང་བས་ཕྱིར་རོ། 14ང་ཚོའི་འབུལ་བ་རྣམས་ཁོང་གི་ཅི་ཕྱིར་ངོས་ལེན་མ་གནང་བ་ཡིན་ནམ་ཟེར་དྲིས་བ་བྱས་སོ། གང་ཡིན་ཟེར་ན། ཁྱོད་ཚོས་གཞོན་དུས་སུ་ཆང་ས་རྒྱབ་པའི་རང་གི་ཆུང་མ་དང་དམ་ཚིག་འགལ་བ་དང་། སྔར་ཁྱོད་ཚོས་དཀོན་མཆོག་གི་སྤྱན་སྔར་རང་གི་ཆུང་མ་དང་དམ་ཚིག་སྲུང་རྒྱུ་དང་། མོ་ལ་རང་གི་མཛའ་གྲོགས་སུ་ཁས་ལེན་པའི་དམ་བཅའ་བྱས་པ་དེ་ད་ལྟ་རྒྱབ་འགལ་ཕྱིན་ཡོད་པ་དེ་ཁོང་གིས་མཁྱེན་པས་ཕྱིར་རོ། 15ཐོག་མར་གཙོ་བོ་དཀོན་མཆོག་གིས་ཁྱོད་དང་ཁྱོད་ཀྱི་ཆུང་མར་ལུས་སེམས་གཅིག་བཟོས་གནང་བ་མ་ཡིན་ནམ། དེ་ལ་ཁོང་གི་དམིགས་ཡུལ་གང་ཡོད་དམ། དེ་ནི་ཁྱོད་ཚོའི་བུ་ཕྲུག་རྣམས་ཁོང་གི་ཐུགས་དགོངས་བཞིན་དུ་སྤྱོད་མཁན་ཞིག་བྱུང་ཐུབ་པའི་ཕྱིར་རོ། དེ་བས་ན་ཁྱོད་ཚོས་རང་གི་ཆུང་མར་དམ་བཅའ་བྱས་པ་རྣམས་དང་མི་འགལ་ཞིང་དམ་ཚིག་བརྟན་པོར་སྲུང་དགོས། 16གཙོ་བོ་དཀོན་མཆོག་ཨིསི་རཱཨེལ་གྱི་དཀོན་མཆོག་གིས་གསུངས་སོ། ང་ནི་བཟའ་ཚང་ཁ་བྲལ་བ་རྣམས་ལ་སྡང་ཞིང་། སུས་ཀྱང་རང་གི་ཆུང་མར་དེ་ལྟ་བུའི་སྙིང་རྗེ་མེད་པའི་ལས་ངན་བྱེད་མཁན་རྣམས་ལ་ངས་སྡང་བ་བྱེད་རྒྱུ་ཡིན་པས། ཁྱོད་ཚོས་རང་གི་ཆུང་མ་དང་དམ་བཅའ་བྱས་པ་རྣམས་མི་འགལ་ཞིང་དམ་ཚིག་བརྟན་པོར་གནས་ཐུབ་པ་ངེས་པར་དུ་བྱེད་དགོས༎

ཁྲིམས་གཅོད་ཀྱི་ཉིན་མོ་དེ་ཉེ་བར་བསླེབས་པ།

17ཁྱོད་ཚོས་རང་གི་གཏམ་གླེང་གི་སྒོ་ནས་གཙོ་བོ་དཀོན་མཆོག་ལ་སྐུ་ཐང་ཆད་བཅུག་ཡོད་དོ། འོན་ཀྱང་ཁྱོད་ཚོས་དྲིས་པ། ང་ཚོས་ཁོང་ལ་ཇི་ལྟར་སྐུ་ཐང་ཆད་བཅུག་ཡོད་དམ། དེ་ལྟར་བརྗོད་ནས། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་ལས་ངན་བྱེད་མཁན་ཚང་མ་ལེགས་པར་དགོངས་པ་དང་། དོན་དམ་དུ་ཁོང་གིས་དེ་ཚོར་ཐུགས་མཉེས་པ་དང་། ཡང་ན་དེ་ལྟར་འདྲི་རྩད་བྱེད་ནས། དྲང་བདེན་ཡིན་ཚུལ་ལགས་པའི་དཀོན་མཆོག་དེ་གང་དུ་ཡོད་དམ་ཞེས་བརྗོད་པས། ཁྱོད་ཚོས་ཁོང་ལ་སྐུ་ཐང་ཆད་བཅུག་གོ།

མ་ལ་ཀི 3

1ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་བཀའ་ལན་དུ། ངས་རང་གི་བང་ཆེན་དེ་ངའི་འགྲུལ་ལམ་གྲ་སྒྲིག་བྱེད་ཕྱིར་གཏོང་རྒྱུ་ཡིན་པ་དང་། དེ་རྗེས་ཁྱོད་ཚོས་འཚོལ་བའི་གཙོ་བོ་དེ་བློ་བུར་དུ་ཁོང་གི་མཆོད་ཁང་ནང་ཕེབས་པར་འགྱུར། ཁྱོད་ཚོས་འདོད་པའི་བང་ཆེན་དེ་ཡོང་ནས་ངའི་དམ་བཅའ་ཁྱབ་བསྒྲགས་བྱེད་པར་འགྱུར། 2འོན་ཀྱང་ཁོང་ཕེབས་པའི་ཉིན་མོ་དེ་སུས་བཟོད་བསྲན་བྱེད་ཐུབ་བམ། ཁོང་མངོན་པར་མཛད་སྐབས་སུ་ཞིག་གསོན་པོར་གནས་ཐུབ་བམ། ཁོང་ནི་ལྷད་འདོན་བྱེད་མེ་དངཡི་རྩི་མཁྲེགས་པོ་ལྟར་འདྲའོ། 3ཁོང་ནི་དངུལ་བཞུར་ནས་གཙང་བར་མཛད་མཁན་ཞིག་གི་ཚུལ་དུ་ཞལ་ཆད་གཅོད་པར་ཕེབས་རྒྱུ་ཡིན། བཟོ་པས་གསེར་དང་དངུལ་སོགས་དྭངས་སྙིགས་དབྱེ་བ་བཞིན་གཙོ་བོ་དཀོན་མཆོག་གི་བང་ཆེན་གྱིས་བླ་མ་རྣམས་ལའང་དེ་བཞིན་གཙང་བར་མཛད་དོ། དེ་ལྟར་གནང་དགོས་དོན་ནི་དེ་ཚོས་གཙོ་བོ་དཀོན་མཆོག་ལ་དྲང་བདེན་གྱི་འབུལ་བ་འབུལ་ཐུབ་པའི་ཕྱིར་རོ། 4དེ་རྗེས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་མི་རྣམས་ཀྱིས་འཁྱེར་ཡོང་བའི་འབུལ་བ་རྣམས་སྔར་བཞིན་གཙོ་བོ་དཀོན་མཆོག་ཐུགས་མཉེས་པར་འགྱུར། 5ཡང་ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས། ངས་ཞལ་ཆེ་གཅོད་ཕྱིར་ཁྱོད་ཚོའི་ཁྲོད་དུ་འོང་ནས། ངན་སྔགས་མཁན་དང་། ལོག་གཡེམ་སྤྱོད་མཁན་དང་། རྫུན་གྱི་དཔང་པོ་བྱེད་མཁན་དང་། ལས་བྱེད་པའི་གླ་ཆར་མགོ་སྐོར་གཏོང་མཁན་དང་། ཡུགས་མོ་དང་དྭ་ཕྲུག་དང་གཞན་ཡང་ཕྱི་རྒྱལ་མི་རིགས་རྣམས་ལ་དབང་ཡོད་བྱེད་མཁན་དང་། དེ་བཞིན་ང་ལ་རྩིས་གུས་མི་བྱེད་མཁན་ཚང་མར་ངས་ལམ་སང་རྒྱབ་འགལ་བྱེད་ཅིང་དཔང་པོ་བྱེད་རྒྱུ་ཡིན་ཞེས་གསུངས་སོ༎

བཅུ་ཁག་འབུལ་བ།

6ང་ནི་ནམ་ཡང་སྒྱུར་རྒྱུ་མེད་པའི་གཙོ་བོ་དཀོན་མཆོག་དེ་ཡིན་པས། ཁྱོད་ཡ་ཀོབ་ཀྱི་བུ་བརྒྱུད་ཚོའང་ད་བར་ཡོངས་སུ་འཇིག་མེད་དོ། 7རང་གི་མེས་པོ་བཞིན་ཁྱོད་ཚོའང་ངའི་བཀའ་ཁྲིམས་ལས་འགལ་ཞིང་དེ་ལ་སྲུང་རྩིས་མ་བྱས་པ་ཡིན་ནོ། ཁྱོད་ཚོ་ངའི་ཕྱོགས་སུ་བློ་ཁ་བསྒྱུར་ཅིག་དང་། ང་ཁྱོད་ཚོའི་ཕྱོགས་སུ་བློ་ཁ་བསྒྱུར་རྒྱུ་ཡིན། འོན་ཀྱང་ཁྱོད་ཚོས་འདྲི་བ་བྱས་པ། ང་ཚོ་ཁྱེད་རྩར་བློ་ཁ་སྒྱུར་བར་གང་བྱེད་དགོས་སམ། 8ངས་ཁྱོད་ཚོ་ལ། མིས་དཀོན་མཆོག་ལ་བཅོམ་པར་རིགས་སམ། དེ་ནི་ནམ་ཡང་མི་རིགས་པ་ཞིག་ཡིན་མོད། འོན་ཀྱང་ཁྱོད་ཚོས་ང་ལ་བཅོམ་བཞིན་པ་ཡིན། ཡང་ཁྱོད་ཚོས། ང་ཚོས་ཁྱེད་ལ་ཇི་ལྟར་བཅོམ་མམ། བཅུ་ཁག་དང་འབུལ་བ་མ་ཕུལ་བའི་སྒོ་ནས་ཁྱོད་ཚོས་ང་ལ་བཅོམ་པ་ཡིན། 9ཁྱོད་ཚོ་རྒྱལ་ཁབ་ཡོངས་ཀྱིས་ང་ལ་བཅོམ་པ་ཡིན་པས། ཁྱོད་ཚོ་ཚང་མའི་ཐོག་ཏུ་དམོད་པ་ཕོག་ཟིན་པ་ཡིན་ནོ། 10ངའི་མཆོད་ཁང་ནང་དུ་ཁ་ཟས་འབེལ་པོ་ཡོང་བའི་ཕྱིར་ཁྱོད་ཚོས་རང་གི་བཅུ་ཁག་གི་འབུལ་བ་ཆ་ཚང་ཞིག་དེར་འཁྱེར་ཡོང་དགོས། ངས་མཐོ་རིས་ཀྱི་སྒེ་ཁུང་ཕྱེ་ནས་ཁྱོད་ལ་དངོས་པོ་བཟང་པོ་རྣམས་ཀྱི་བྱིན་རླབས་རྒྱས་པ་ཞིག་སྟེར་ཡོང་ངམ་མི་ཡོང་ཞེས་ང་ལ་ཚོད་བལྟ་བྱོས་ཤིག 11ཁྱོད་ཚོའི་སྟོན་ཐོག་རྣམས་འབུས་གནོད་འཚེ་བྱེད་པ་ལས་ངས་སྐྱབས་རྒྱུ་ཡིན། ཁྱོད་ཚོའི་རྒུན་ཚལ་རྣམས་རྒུན་འབྲུམ་གྱིས་ཡོངས་སུ་གང་ཞིང་། 12ཁྱོད་ཚོའི་ཡུལ་དེ་དགའ་སྐྱིད་ལྡན་པའི་ཡུལ་ཞིག་ཏུ་འགྱུར་རྒྱུ་ཡིན་པའི་རྐྱེན་གྱིས། རྒྱལ་ཁབ་ཚང་མའི་མི་ཚོས་ཁྱོད་རྣམས་ལ་བདེའོ་ཞེས་སྨྲས་པར་འགྱུར༎

དཀོན་མཆོག་གིས་སྙིང་རྗེ།

13གཙོ་བོ་དཀོན་མཆོག་གིས། ཁྱོད་ཚོས་ངའི་སྐོར་ལ་ཚིག་ངན་སོགས་བརྗོད་དོ། འོན་ཀྱང་ང་ཚོས་ཁྱེད་ལ་ཚིག་ངན་གང་ཞུས་པ་ཡིན་ནམ་ཞེས་ཁྱོད་ཚོས་དྲི་བ་འདྲི་གི་ཡོད། 14ཁྱོད་ཚོས་བརྗོད་གསལ། དཀོན་མཆོག་ལ་ཞབས་ཕྱི་ཞུ་རྒྱུ་དེ་ནི་དོན་མེད་ཤིག་ཡིན་པ་དང་། ཁོང་གིས་ཅི་གསུངས་བཀའ་སྒྲུབ་ཞུ་རྒྱུ་དང་། ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་ལ་འགྱོད་བཤགས་འབུལ་རྒྱུ་དེ་ནི་དགོས་དོན་མེད་པ་ཡིན་ནོ། 15ང་ཚོས་མཐོང་ཚུལ་བཞིན་མི་ང་རྒྱལ་ཅན་རྣམས་བདེ་ཞིང་སྐྱིད་པ་དང་། མི་ངན་རྣམས་ཕུན་སུམ་ཚོགས་པ་བྱུང་བ་མ་ཟད། འོན་ཀྱང་དེ་ཚོས་ལས་ངན་བྱས་ཏེ་དཀོན་མཆོག་གྱི་བཟོད་སྲན་ལ་ཚོད་ལྟ་ཞུས་ཀྱང་དེ་ཚོ་ཐར་བར་འགྱུར་རོ། 16དེ་ནས་གཙོ་བོ་དཀོན་མཆོག་ལ་འཇིག་མཁན་རྣམས་ཕན་ཚུན་གླེང་མོ་བྱས་པ་དེ་ཁོང་གིས་གསན་ཏེ། ཁོང་གི་སྐུ་མདུན་དུ་ཡོད་པའི་ཕྱག་དེབ་ཞིག་གི་ནང་དུ་ཁོང་ལ་འཇིག་པ་དང་གུས་བཀུར་ཞུ་མཁན་ཚོའི་སྐོར་ལ་བྲིས་གནང་མཛད་དོ། 17ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་གསུངས་པ། དེ་ཚོ་ང་རང་ཉིད་ཀྱི་དབངས་སུ་འགྱུར་རྒྱུ་ཡིན་པ་དང་། ངས་དེ་ཚོ་ལ་རང་ཉིད་ཀྱི་མི་དབངས་བཟོ་བའི་ཉིན་མོར། དེ་ཚོ་རང་ཉིད་ང་ལ་བདག་པར་འགྱུར། རང་ཉིད་ལ་ཞབས་ཞུ་བྱེད་མཁན་བུ་ལ་ཕས་སྙིང་རྗེ་བྱེད་པ་བཞིན་ངས་དེ་ཚོར་སྙིང་རྗེ་བྱེད་རྒྱུ་ཡིན། 18དེ་ལྟར་བྱས་པའི་སྒོ་ནས་ཆོས་སེམས་ཅན་དང་ཆོས་མིན་རྣམས་ཀྱི་བར་དང་། དེ་བཞིན་དཀོན་མཆོག་ལ་བསྙེན་བཀུར་ཞུ་མཁན་དང་མི་ཞུ་མཁན་བར་གྱི་ཁྱད་པ་དེ་ངའི་མི་འབངས་ཀྱིས་སླར་ཡང་ཤེས་རྟོགས་བྱེད་ཐུབ་པར་འགྱུར་ཞེས་གསུངས་སོ༎

མ་ལ་ཀི 4

1ཀུན་དབང་ལྡན་པའི་གཙོ་བོ་དཀོན་མཆོག་གིས་གསུངས་པ། རྩྭ་སྐམ་པོ་མེས་འཚིག་པ་བཞིན་ང་རྒྱལ་ཅན་དང་མི་ངན་ཚང་མ་མེས་ཡོངས་སུ་འཚིག་པའི་ཉིན་མོ་དེ་ཡོང་རྒྱུ་ཡིན་པ་དང་། ཉིན་མོ་དེ་ལ་ཁོ་ཚོ་མེས་ཡོངས་སུ་འཚིག་ཅིང་ཤུལ་ཙམ་ཡང་མི་གནས་སོ། 2འོན་ཀྱང་ཁྱོད་ཚོ་ངའི་བཀའ་ལ་རྩིས་སྲུང་ཞུ་མཁན་ཚོའི་ཐོག་ཏུ་ངས་སྐྱོབ་པར་བྱེད་པའི་ནུས་མཐུ་དེ་ཉི་མ་ཤར་བ་བཞིན་དུ་ཤར་ཞིང་། དེའི་འོད་ཟེར་གྱིས་ཁྱོད་ཚོ་ནད་ལས་གསོ་རྒྱུ་ཡིན། བ་རའི་ནང་དུ་བཏགས་པའི་བེའུ་གློད་བཀྲོལ་བཏང་བ་བཞིན་ཁྱོད་ཚོ་རང་དབང་དང་དགའ་སྤྲོད་ངང་དུ་གནས་རྒྱུ་ཡིན། 3ངས་ལས་བྱེད་པའི་ཉིན་མོ་དེར་ཁྱོད་ཚོས་མི་ངན་རྣམས་དབང་དུ་བསྡུས་ཤིང་། དེ་རྣམས་ཁྱོད་ཚོའི་རྐང་མཐིལ་གྱི་རྡུལ་བཞིན་དུ་འགྱུར་ངེས་པ་ཡིན་ནོ། 4སྔར་ངས་རང་གི་ཞབས་ཏོག་པ་མོ་ཤེའི་བརྒྱུད་ནས་རི་བོ་སི་ནཨེ་སྒང་དུ་ཨིསི་རཱཨེལ་མི་མང་རྣམས་ཀྱིས་སྲུང་ཕྱིར་སྤྲད་པའི་བཀའ་ཁྲིམས་ཀྱི་སློབ་སྟོན་རྣམས་ཁྱོད་ཚོས་སེམས་ལ་དྲན་གསོ་བྱོས་ཤིག 5འོན་ཀྱང་འཇིགས་སུ་རུང་བའི་གཙོ་བོ་དཀོན་མཆོག་གི་ཉིན་ཞག་ཆེན་པོ་དེ་མ་ཡོང་གོང་དུ་ལུང་སྟོན་པ་ཨེ་ལི་ཡཱ་དེ་ངས་ཁྱོད་ཚོའི་ཁྲོད་དུ་གཏོང་རྒྱུ་ཡིན། 6དེས་ཕ་དང་བུ་ཕྲུག་རྣམས་ཀྱི་བར་ལ་མཐུན་ལམ་བྱེད་རྒྱུ་ཡིན་པ་ལས། དེ་མིན་ང་ཡོང་ནས་ངས་ཁྱོད་ཚོའི་ཡུལ་དེ་འཇིག་པར་བྱེད་རྒྱུ་ཡིན་ནོ།།

The New Testament of our Lord and Saviour Jesus Christ

མད་ཐཱ 1

སྐྱབས་མགོན་ཡེ་ཤུའི་གདུང་རྒྱུད།

1དེ་ཡང་ཡེ་ཤུ་མཱ་ཤི་ཀ་ནི་དཱ་བིད༌དང་ཨབ་ར་ཧམ་གྱི་རིགས་སྲས་ཡིན་ཞིང༌། ཁོང་གི་གདུང་རྒྱུད་ནི་འདི་ལྟ༌སྟེ། 2ཨབ་ར་ཧམ་ལས་ཨི་སཱག་ཆད༌ཅིང༌། ཨི་སཱག་ལས་ཡ་ཀོབ་ཆད། ཡ་ཀོབ་ལས་ཡ་ཧུ་དཱ་དང་དེའི་སྤུན་རྣམས༌ཆད་དོ།། 3ཡ་ཧུ་དཱའི་བུ་ཕེ་རེལ་ཟི་དང་ཟེ་རག་གཉིས་ནི་ཐལ་མཱར་ལས་ཆད་ཅིང༌། ཕེ་རེལ་ཟི་ལས་ཧེས་རོན་ཆད། ཧེས་རོན་ལས་རཱ་ཨམ་ཆད། 4རཱ་ཨམ་ལས་ཨ་མི་ནཱ་དབ་ཆད། ཨ་མི་ནཱ་དབ་ལས་ནཱ་སོན་ཆད། ནཱ་སོན་ལས་སཱལ་མོན་ཆད། 5སཱལ་མོན་གྱི་བུ་པོ་ཨ་ཟི་ནི་རཱ་ཧབ་ལས་ཆད། པོ་ཨ་ཟིའི་བུ་ཨོ་བེད་ནི་རུ་ཐི་ལས་ཆད། ཨོ་བེད་ལས་ཡེ་སེ་ཆད། 6ཡེ་སེ་ལས་རྒྱལ་པོ་དཱ་བིད་ཆད། དཱ་བིད་ཀྱི་སྲས་སོ་ལོ་མོན་ནི་ཨུ་རི་ཡཱའི་ཆུང་མ་ལས་ཆད། 7སོ་ལོ་མོན་ལས་རེ་ཧབ་ཨམ་ཆད། རེ་ཧབ་ཨམ་ལས་ཨ་བི་ཡཱ་ཆད། ཨ་བི་ཡཱ་ལས་ཨ་སཱ་ཆད། 8ཨ་སཱ་ལས་ཡེ་ཧོ་ཤ་ཕད་ཆད། ཡེ་ཧོ་ཤ་ཕད་ལས་ཡོ་རཱམ་ཆད། ཡོ་རཱམ་ལས་ཨུ་ཟི་ཡཱ་ཆད། 9ཨུ་ཟི་ཡཱ་ལས་ཡོ་ཐམ་ཆད། ཡོ་ཐམ་ལས་ཨ་ཧ་ཟཱ་ཆད། ཨ་ཧ་ཟཱ་ལས་ཧི་ཟི་ཀི་ཡཱ་ཆད། 10ཧི་ཟི་ཀི་ཡཱ་ལས་མཱ་ན་ཤེ་ཆད། མཱ་ན་ཤེ་ལས་ཨ་མོན་ཆད། ཨ་མོན་ལས་ཡོ་ཤི་ཡཱ་ཆད། 11པཱ་པིས་ལུན་དུ་བཙན་ཁྲིད་བྱེད་པའི་དུས་སུ། ཡོ་ཤི་ཡཱ་ལས་ཡེ་ཀོན་ཡཱ་དང་དེའི་ནུ་བོ་རྣམས༌ཆད་དོ།། 12པཱ་པིས་ལུན་དུ་བཙན་ཁྲིད་བྱས༌རྗེས། ཡེ་ཀོན་ཡཱ་ལས་ཞིད་ཨལ་ཐེ་ཨེལ་ཆད་ཅིང༌། ཞིད་ཨལ་ཐེ་ཨེལ་ལས་ཟེ་རུ་པཱ་པེལ་ཆད། 13ཟེ་རུ་པཱ་པེལ་ལས་ཨ་བི་ཧུད་ཆད། ཨ་བི་ཧུད་ལས་ཨེལ་ཡ་ཀིམ་ཆད། ཨེལ་ཡ་ཀིམ་ལས་ཨ་ཟོར་ཆད། 14ཨ་ཟོར་ལས་ཟཱ་ཏོག་ཆད། ཟཱ་ཏོག་ལས་ཨ་ཀིམ་ཆད། ཨ་ཀིམ་ལས་ཨེ་ལི་ཧུད་ཆད། 15ཨེ་ལི་ཧུད་ལས་ཨེ་ལི་ཨ་ཟར་ཆད། ཨེ་ལི་ཨ་ཟར་ལས་མད་ཐན་ཆད། མད་ཐན་ལས་ཡ་ཀོབ་ཆད། 16ཡ་ཀོབ་ལས་ཡོ་སེབ་ཆད་ཅིང་ཁོ་ནི་མིར་ཡམ་གྱི་ཁྱོ༌བོ་ཡིན། མཱ་ཤི་ཀ་ཞེས་གྲགས་པའི་སྐྱབས་མགོན་ཡེ་ཤུ་ནི་མིར་ཡམ་ལས་སྐུ་འཁྲུངས་པ་ཡིན༌ནོ།། 17དེའི༌ཕྱིར། ཨབ་ར་ཧམ་ནས་དཱ་བིད་ཀྱི་བར་དུ་གདུང་རབས་བཅུ་བཞི༌དང༌། དཱ་བིད་ནས་ཡ་ཧུ་དཱ་པ་རྣམས་པཱ་པིས་ལུན་ལ་བཙན་ཁྲིད་བྱས་པའི་བར་དུ་གདུང་རབས་བཅུ༌བཞི་ཡོད་པ་དང་། པཱ་པིས་ལུན་དུ་བཙན་ཁྲིད་བྱས་པ་ནས་སྐྱབས་མགོན་མཱ་ཤི་ཀའི་བར་ལའང་གདུང་རབས་བཅུ་བཞི་ཡོད་དོ།།

སྐྱབས་མགོན་ཡེ་ཤུ་སྐུ་འཁྲུངས༌པ།

18ཡེ་ཤུ་མཱ་ཤི་ཀ་སྐུ་འཁྲུངས་པའི་ལོ་རྒྱུས་ནི་འདི་ལྟ༌སྟེ། ཁོང་ཉིད་ཀྱི་ཡུམ་མིར་ཡམ་ནི་ཡོ་སེབ་དང་གཉེན་རྟགས་བརྒྱབ་ཡོད༌ཅིང༌། ཁོ་གཉིས་ཀྱི་བར་དུ་ཕོ་མོའི་ལུས་མ་འབྲེལ་བའི་སྔོན༌ལ། མིར་ཡམ་ལ་དམ་པའི་ཐུགས་ཉིད༌ཀྱི་སྒོ་ནས་མངལ་སྦྲུམ་པར་གྱུར་ཏོ།། 19ཁོ་མོའི་ཁྱོ་བོ་ཡོ་སེབ་ནི་མི་གཞུང་དྲང་ཞིག་ཡིན༌པས། མི་ཚོགས་ཀྱི་མདུན་དུ་ཁོ་མོ་ངོ་གནོང་བར་བྱེད་མ་འདོད་དེ། ལྐོག་ནས་ཁོ་མོ་དང་འཐོར་བར་བྱ་བསམས་པ་ཡིན། 20ཁོས་དེ་ལྟར་བསམས་པའི༌ཚེ། གཙོ་བོའི་ཕོ་ཉ༌ཞིག་ཁོའི་རྨི་ལམ་དུ་བྱུང༌སྟེ་འདི་སྐད་དུ། ཀྱེ། དཱ་བིད་ཀྱི་རིགས་རྒྱུད་ཡོ་སེབ། མིར་ཡམ་གྱི་མངལ་དུ་ཆགས་པ་ནི་དམ་པའི་ཐུགས་ཉིད་ནས་བྱུང་བ་ཡིན༌པས། ཁོ་མོ་ཁྱོད་ཀྱི་ཆུང་མར་ལེན་པ་ལ་མ་འཇིགས༌ཤིག 21ཁོ་མོར་སྲས་ཤིག་འཁྲུངས་པར་འགྱུར༌ཞིང༌། ཁོང་གིས་རང་གི་མི་རྒྱུད་སྡིག་པ་ལས་སྐྱོབ་པར་འགྱུར༌བས། ཁྱོད་ཀྱིས་ཁོང་གི་མཚན་ལ་ཡེ་ཤུ་ཞེས་ཐོགས་ཤིག་ཅེས་གསུངས༌སོ།། 22དོན་འདི་ཐམས་ཅད་ནི་གཙོ་བོས་ལུང་སྟོན་པ་བརྒྱུད་ནས་འདི་སྐད་དུ། 23ལྟོས་དང་། ན་ཆུང་བུ་མོ་ཞིག་ལ་མངལ་སྦྲུམ་སྟེ་སྲས་ཤིག་འཁྲུངས་ངེས༌ཤིང༌། མི་རྣམས་ཀྱིས་ཁོང་གི་མཚན་ལ་ཨིམ་མཱ་ནུ་ཨེལ་ཞེས་འབོད་པར་འགྱུར་ཞེས་གསུངས་པ་དེ་འགྲུབ་པའི་ཕྱིར་དེ་ལྟར་བྱུང༌། ཨིམ་མཱ་ནུ་ཨེལ་ཞེས་པ་ནི་དཀོན་མཆོག༌བདག་ཅག་དང་མཉམ་དུ་བཞུགས་པ་ཡིན་ཞེས་པའི་དོན་ནོ།། 24དེ་ནས་ཡོ་སེབ་གཉིད་ལས་སད་པ་དང་ཡར་ལངས་ནས། གཙོ་བོའི་ཕོ་ཉས་རང་ལ་བཀའ་གནང་བ་དེ་བཞིན་དུ་མིར་ཡམ་རང་གི་ཆུང་མར་བླངས༌ཤིང༌། 25སྲས་མ་འཁྲུངས་པའི་བར་དུ་ཁོ་མོ་དང་ལུས་འབྲེལ་མ་བྱས་ལ། སྲས་དེ་སྐུ་འཁྲུངས་རྗེས་མཚན་ལ་ཡེ་ཤུ་ཞེས་བཏགས༌སོ།།

མད་ཐཱ 2

ཤར་ཕྱོགས་ཀྱི་མཁས་པ་རྣམས་ཕེབས་པའི༌སྐོར།

1དེ་ཡང་ཧེ་རོ་དཱ་རྒྱལ་པོ་ཡིན་པའི་དུས་སུ་སྐྱབས་མགོན་ཡེ་ཤུ་ནི་ཡ་ཧུ་དཱའི་ཡུལ་གྱི་པེད་ལེ་ཧེམ་དུ་སྐུ་འཁྲུངས༌རྗེས། ཤར་ཕྱོགས་ནས་མཁས་པ་འགའ་ཞིག་ཡེ་རུ་སཱ་ལེམ་ལ་ཕེབས༌ཏེ། 2ཡ་ཧུ་དཱའི་མི་རིགས་ཀྱི་རྒྱལ་པོར་སྐུ་འཁྲུངས་པ་དེ་གང་དུ་བཞུགས༌སམ། ངེད་ཅག་གིས་ཤར་ཕྱོགས་ནས་ཁོང་གི་སྐར་མ་མཐོང་སྟེ་ཁོང་ལ་མཇལ་དུ་ཡོང་ཞེས་སྨྲས་སོ།། 3རྒྱལ་པོ་ཧེ་རོ་དཱ་ཡིས་གཏམ་དེ་ཐོས་ནས་སེམས་འཁྲུགས་ཤིང་། ཡེ་རུ་སཱ་ལེམ་གྱི་མི་ཐམས་ཅད་ཀྱང་སེམས་འཁྲུགས་པ་དང༌། 4རྒྱལ་པོས་མཆོད་དཔོན་ཆེན་པོ་རྣམས་དང་ཡུལ་མིའི་ཁྲོད་ཀྱི་མཁན་པོ་ཐམས་ཅད་བསྡུས༌ཏེ། སྐྱབས་མགོན་མཱ་ཤི་ཀ་ནི་ཡུལ་གང་ནས་འཁྲུང་བར་འགྱུར་རམ་ཞེས་དྲིས་པ༌དང༌། 5དེ་རྣམས་ན༌རེ། ཡ་ཧུ་དཱའི་ཡུལ་གྱི་པེད་ལེ་ཧེམ་དུ་སྐུ་འཁྲུང་བར༌འགྱུར། དེའི་རྒྱུ་མཚན་ནི་གསུང་རབ་ཀྱི་མདོ་ལས་ལུང་སྟོན་པས། 6ཡ་ཧུ་དཱ་ཡི་ཡུལ་གྱི་པེད་ལེ༌ཧེམ།། ཁྱོད་ནི་ཡ་ཧུ་དཱ་ཡི་དཔོན་རིགས་ལས།། གོ་ས་ཤིན་ཏུ་ཆུང་བ་མ་ཡིན་ཏེ།། ཁྱོད་ལས་མངའ་མཛད་པ་ཞིག་འཁྲུང་བར༌འགྱུར།། ཁོང་གིས་མི་རྒྱུད་ཡེས་ར་ཨེལ་ནི་སྐྱོང་།། ཞེས་བཀོད་འདུག་ཅེས་སྨྲས༌སོ།། 7དེ་ནས་ཧེ་རོ་དཱས་མཁས་པ་དེ་རྣམས་ལྐོག་ནས་བོས༌ཏེ། སྐར་མ་དེ་དུས་ནམ་ཞིག་ལ་བྱུང་བར་ཞིབ་ཏུ་རྩད་བཅད་པ༌དང༌། 8དེ་རྣམས་པེད་ལེ་ཧེམ་དུ་མངགས༌ཏེ། ཕྲུ་གུ་དེའི་གནས་ཚུལ་ཞིབ་ཏུ་ཚོལ༌ཅིག ཕྲུ་གུ་དེ་རྙེད་པ་དང་བདག་ལ་ལན་སྐུར༌ཅིག ང་རང་ཡང་ཁོང་ལ་མཇལ་དུ་འགྲོ་ངེས་ཡིན་ཞེས་སྨྲས་པ༌ལ། 9དེ་རྣམས་ཀྱིས་རྒྱལ་པོའི་བཀའ་ལ་མཉན་ཏེ་སོང་བ༌དང༌། ཤར་ཕྱོགས་ནས་མཐོང་བའི་སྐར་མ་དེ་ཁོ་རྣམས་ཀྱི་སྔོན་དུ་རྒྱུ་ཞིང་ཕྲུ་གུའི་བཞུགས་སར་སླེབས་པ་དང་བར་སྣང་དུ་བསྡད། 10ཁོ་རྣམས་ཀྱིས་སྐར་མ་དེ་མཐོང་བ་དང་ཤིན་ཏུ་དགའ་ཞིང་སྤྲོ་བར་གྱུར༌ཏེ། 11ཁང་པའི་ནང་དུ་སོང་ནས་ཕྲུ་གུ་དང་ཁོང་གི་ཡུམ་མིར་ཡམ་གཉིས་ལ་མཇལ༌ཞིང༌། ལུས་སར་བཏུད་དེ་ཁོང་ལ་ཕྱག་འཚལ་བ་དང་རིན་པོ་ཆེའི་སྒྲོམ་ཁ་ཕྱེས་ནས་གསེར༌དང༌། སྤོས༌དཀར། གུ་གུལ་བཅས་མཇལ་རྟེན་དུ་ཕུལ་ལོ།། 12དཀོན་མཆོག་གིས་མི་དེ་རྣམས་ལ་རྨི་ལམ་ནང་དུ། ཧེ་རོ་དཱའི་དྲུང་དུ་ཕྱིར་ལོག་མི་འོས་པའི་བཀའ་གནང་བས། མི་དེ་རྣམས་ཀྱང་ལམ་གཞན་ཞིག་བསྐོར་ནས་ཕྱིར་རང་ཡུལ་དུ་ལོག༌གོ།

སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཨེ་ཅིབ་ཡུལ་དུ་ཕེབས༌པ།

13དེ་རྣམས་སོང་བའི་རྗེས༌སུ། གཙོ་བོའི་ཕོ་ཉ་ཞིག་ཡོ་སེབ་ཀྱི་རྨི་ལམ་དུ་མངོན་པར་གྱུར༌ཏེ། ཧེ་རོ་དཱ་ཡིས་ཕྲུ་གུ་དེ་ཉིད་གསོད་པའི་ཕྱིར་འཚོལ་བར་འགྱུར༌བས། ཁྱོད་ཡར་ལོངས༌དང༌། མ་བུ་གཉིས་ཀ་ཁྲིད་ནས་ཨེ་ཅིབ་ཡུལ་དུ་འབྲོ་བར་གྱིས། བདག་གིས་ཁྱོད་ལ་སྨྲ་བའི་བར་དུ་གནས་དེར་སྡོད་ཅིག་ཅེས་གསུངས་སོ།། 14དེ་ནས་ཁོ་ཡར་ལངས་ཏེ་མ་བུ་གཉིས་ཀ་ཁྲིད་ནས་མཚན་མོ་དེར་ཨེ་ཅིབ་ཡུལ་དུ་ལམ་ལ་ཆས༌ཤིང༌། 15ཧེ་རོ་དཱ་ཤི་བའི་བར་དུ་གནས་དེར་བསྡད། དེ་ནི་གཙོ་བོས་ལུང་སྟོན་པ་བརྒྱུད་ནས་འདི་སྐད༌དུ། བདག་གིས་ཨེ་ཅིབ་ཡུལ་ནས་རང་གི་བུ་བོས་པ་ཡིན་ཞེས་གསུངས་པ་བཞིན་དུ་འགྲུབ་པའི་ཕྱིར་དེ་ལྟར་བྱུང༌བའོ།། 16ཧེ་རོ་དཱས་མཁས་པ་དེ་རྣམས་ཀྱིས་རང་ལ་མགོ་སྐོར་བཏང་བ་ཤེས་པ་དང་ཤིན་ཏུ་ཁྲོས༌ཤིང༌། མཁས་པ་རྣམས་ལ་ཞིབ་ཏུ་དྲིས་པའི་དུས་ནས་བརྩིས་ཤིང་མི་གཞན་མངགས་ཏེ། པེད་ལེ་ཧེམ་དང་དེའི་མཐའ་འཁོར་དུ་ཡོད་པའི་བུ་ལོ་གཉིས་ཅན་དང་དེ་ལས་ཆུང་བ་ཐམས་ཅད་བསད་པ་རེད། 17དེ་ནི་ལུང་སྟོན་པ་ཡེ་རེམ་ཡཱ་བརྒྱུད་ནས་གནང་བའི་ལུང་བསྟན་ཏེ། 18མྱ་ངན་སྐད་ཅོར་རྒྱག་པའི་ངུ་སྐད༌དེ།། རཱ་མལ་ཞེས་བྱའི་ཡུལ་དུ་རྣ་བར༌ཐོས།། རཱ་ཧེལ་ཞེས་བྱ་ཕྲུ་གུའི་ཆེད་དུ་ངུས།། ཕྲུ་གུ་མེད་པས་སེམས་གསོར་མ་མཉན༌ཏོ།། ཞེས་གསུངས་པ་བཞིན་དེའི་དུས་སུ་འགྲུབ་པར་གྱུར༌ཏོ།།

སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ནཱ་ཙ་རེལ་གྲོང་རྡལ་དུ་ཕེབས་པ།

19ཧེ་རོ་དཱ་ཤི་བའི་རྗེས༌སུ། གཙོ་བོའི་ཕོ་ཉ་ཞིག་ཨེ་ཅིབ་ཡུལ་ནས་ཡོ་སེབ་ཀྱི་རྨི་ལམ་དུ་མངོན༌ཏེ། 20ཕྲུ་གུ་དེ་ཉིད་གསོད་འདོད་པའི་མི་རྣམས་ཤི་ཟིན༌པས། ཡར་ལོངས༌དང༌། མ་བུ་གཉིས་ཀ་ཁྲིད་ནས་ཡེས་ར་ཨེལ་ཡུལ་དུ་སོང་ཞིག་ཅེས་གསུངས་པ༌དང༌། 21ཁོ་ཡར་ལངས་ཏེ་མ་བུ་གཉིས་ཀ་ཁྲིད་ནས་ཡེས་ར་ཨེལ་ཡུལ་དུ་ཕྱིན་ཏོ།། 22འོན༌ཀྱང༌། ཨར་ཀེ་ལཱ༌ནི་རང་གི་ཕ་ཧེ་རོ་དཱའི་ཚབ་ཏུ་ཡ་ཧུ་དཱའི་ཡུལ་གྱི་རྒྱལ་པོ་བྱེད་བཞིན་པའི་གཏམ་དེ་ཡོ་སེབ་ཀྱིས་ཐོས་ནས་ཡུལ་དེར་འགྲོ་བར་འཇིགས༌པ་རེད། དེ་ནས་ཡང་རང་གི་རྨི་ལམ་དུ་དཀོན་མཆོག་གིས་ཡོ་སེབ་ལ་ཉེན་བརྡ་བཏང་བ་དང་ཁོ་རང་ག་ལིལ་ཡུལ་གྱི་ཕྱོགས་སུ་སོང༌ཞིང༌། 23ནཱ་ཙ་རེལ་གྲོང་རྡལ་དུ་སླེབས་པ་དང་གནས་དེར་བསྡད། དེ་ནི་ལུང་སྟོན་པ་རྣམས་ཀྱིས་འདི་སྐད༌དུ། ཁོང་ལ་ནཱ་ཙ་རེལ་གྱི་མི་ཞེས་འབོད་པར་འགྱུར་ཞེས་གསུངས་པ་བཞིན་འགྲུབ་པའི་ཕྱིར་དེ་ལྟར་བྱུང་བའོ།།

མད་ཐཱ 3

ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་གཙོ་བོ་ཡེ་ཤུའི་ཕེབས་ལམ་སྟ་གོན་མཛད་པ།

1དེའི་དུས༌སུ། ཁྲུས་གསོལ་མཁན་ཡོ་ཧ་ནན་ཞེས་བྱ་བ་ཡ་ཧུ་དཱའི་ཡུལ་གྱི་དབེན་གནས་སུ་བྱོན་ཏེ་ཆོས་བསྒྲགས༌ཤིང༌། 2ནམ་མཁའི་རྒྱལ་སྲིད་ཉེ་བར་སླེབས་པས་ཁྱོད་རྣམས་ཀྱིས་འགྱོད་བཤགས་བྱོས་ཤིག་ཅེས་གསུངས༌སོ།། 3ཡོ་ཧ་ནན་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས། དབེན་སྟོང་ཡུལ་ནས་གྲགས་པའི་འབོད་སྒྲ༌ཡིས།། གཙོ་བོའི་ཕེབས་ལམ་སྟ་གོན༌བྱེད་པ་དང་།། ཁོང་གི་གཤེགས་ལམ་དྲང་པོར་བཟོ་བར༌གྱིས།། ཞེས་ལུང་བསྟན་པའི་སྐྱེས་བུ་དེ་ཡིན༌ནོ།། 4ཡང་ཡོ་ཧ་ནན་གྱིས་རྔ་རྩིད་ཀྱིས་བཟོས་པའི་ལྭ་བ་གྱོན་པ་དང་ཀོ་བའི་སྐ་རགས་བཅིངས་ཤིང་ཟས་ལ་འབུ་ཆ་ག་པ་དང་རི་སྐྱེས་སྦྲང་རྩི་སྤྱོད་པ་ཡིན། 5དེའི་དུས༌སུ། ཡེ་རུ་སཱ་ལེམ་དང་། ཡ་ཧུ་དཱའི་ཡུལ་ཡོངས་དང༌། ཡོར་དན་གཙང་པོའི་མཐའ་འཁོར་དུ་ཡོད་པའི་མི་ཐམས་ཅད་ཁོང་གི་དྲུང་དུ་སོང་ནས། 6རང་གི་སྡིག་པ་མཐོལ་བཤགས་བྱས་པ་དང་ཡོར་དན་གཙང་པོ་ལ་ཞུགས༌ཤིང་ཁོང་གིས་ཀྱང་དེ་རྣམས་ལ་ཁྲུས་གསོལ་མཛད་དོ།། 7འོན་ཀྱང་། ཡོ་ཧ་ནན་གྱིས་ཕ་རུ་ཤི་པ༌དང་སཱ་ཅུ་སེ་པ༌མང་པོ་ཞིག་རང་ཉིད་ཀྱི་ཁྲུས་གསོལ་མཛད་པའི་གནས་ལ་ཡོང་བ་གཟིགས༌ཏེ། ཁོང་གིས་མི་དེ་རྣམས་ལ་འདི་སྐད༌དུ། དུག་སྦྲུལ་གྱི་རྒྱུད་ཁྱོད་རྣམས་ལ་སུ་ཞིག་གིས་མ་འོངས་པའི་ཐུགས་ཁྲོ་ལས་འབྲོ་བར་བསྟན༌ནམ། 8དེ་བས་ན་ཁྱོད་ཅག་གིས་འགྱོད་བཤགས་དང་མཐུན་པའི་འབྲས་བུ་ལེགས་པོར་སྐྱེད༌ཅིག 9ཁྱོད་ཅག་གི་སེམས་སུ་ཨབ་ར་ཧམ་ནི་ངེད་ཅག་གི་ཡབ་མེས་ཡིན་ཞེས་མ་སེམས༌ཤིག ངས་ཁྱོད་ཅག་ལ༌སྨྲ་སྟེ། དཀོན་མཆོག་གིས་རྡོ་འདི་དག་ལས་ཨབ་ར་ཧམ་ལ་བུ་རྒྱུད་འབྱུང་བར་མཛད་ནུས་སོ།། 10ད་ནི་སྟ་རེ་སྡོང་རྩར་བཞག་ཡོད༌དེ། ཤིང་སྡོང་གང་ལ་འབྲས་བུ་ལེགས་པོ་མི་སྨིན་པ་དེ་བཅད་ནས་མེའི་ནང་དུ་འཕེན་པར་ངེས། 11ངས་ཁྱོད་རྣམས་ལ་ཆུ་ཡིས་ཁྲུས་གསོལ་བྱེད༌ཅིང་། དེ་ནི་ཁྱོད་ཅག་གིས་འགྱོད་བཤགས་བྱེད་པའི་ཕྱིར་ཡིན་མོད། འོན་ཀྱང་བདག་གི་རྗེས་སུ་བདག་ལས་ཀྱང་མཐུ་སྟོབས་ཆེ་བ་ཞིག་ཕེབས་ཡོང་ངེས་ཏེ། ང་ནི་ཁོང་གི་ལྷམ་འཁྱེར་མཁན་དུའང་མི་འོས༌སོ། །ཁོང་གིས་ཁྱོད་ཅག་ལ་དམ་པའི་ཐུགས་ཉིད་དང་མེས་ཁྲུས་གསོལ་མཛད་པར་འགྱུར། 12ཁོང་གིས་ཕྱག་ཏུ་ཁེམ་བཟུང་ནས་རང་གི་གཡུལ་ཁ་གཙང་དག་ལེགས་པོར་མཛད་པ༌དང༌། གྲོ་བང་མཛོད་དུ་བསྡུ་བར་འགྱུར། འོན་ཀྱང་ཕུབ་མ་དེ་དག་ཞི་བ་མེད་པའི་མེ་རུ་བསྲེག་པར་ངེས་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་ཁྲུས་གསོལ་ལ་ཞུགས༌པ།

13དེའི་དུས༌སུ། ཁྲུས་འཐོབ་པའི༌ཕྱིར། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ག་ལིལ་ཡུལ་ནས་ཡོར་དན་གཙང་པོའི་འགྲམ་དུ་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་གམ་དུ་བྱོན༌ནའང༌། 14ཡོ་ཧ་ནན་གྱིས་དེ་འགོག་པར་བསམས༌ཏེ། ང་རང་ལ་ཁྱེད་ནས་ཁྲུས་འཐོབ་དགོས་ཀྱང་ཁྱེད་རང་བདག་གི་གམ་དུ་ཕེབས་པ་ཡིན་ནམ་ཞེས་ཞུས་པ༌ལ། 15སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ད་ལྟ་ང་རང་ཁྲུས་ལ་ཞུགས་སུ་ཆུག༌དང༌། དྲང་བདེན་ཐམས་ཅད་བསྒྲུབ་པའི་ཕྱིར་ངེད་རྣམས་ཀྱིས་འདི་ལྟར་བྱེད་རུང་བ་ཡིན་ཞེས་གསུངས་པ་ན་ཡོ་ཧ་ནན་གྱིས་ཀྱང་ཁས་བླངས་སོ།། 16དེ་ནས་སྐྱབས་མགོན་ཡེ་ཤུར་ཁྲུས་གསོལ་ཐོབ་སྟེ་ཆུ་ལས་ཡར་བུད་མ་ཐག་ཏུ་ནམ་མཁའི་སྒོ་ཕྱེ༌ཞིང༌། དཀོན་མཆོག་གི་ཐུགས་ཉིད་ནི་བྱ་ཕུག་རོན་གྱི་གཟུགས་ཀྱིས་རང་ཉིད་ཀྱི་ལུས་སྟེང་ལ་དངོས་སུ་བབས་པ་ཁོང་གིས་གཟིགས། 17ཡང་ནམ་མཁའི་ཞིང་ཁམས་ནས་སྐད་སྒྲ་ཞིག་གྲགས༌ཏེ། འདི་ནི་ང་ཡི་གཅེས་པའི་བུ་ཡིན༌ཞིང༌། ང་རང་ཁོ་ལ་ཤིན་ཏུ་དགའ་ཞེས་གསུངས༌སོ།།

མད་ཐཱ 4

བདུད་སཱ་ཏན་གྱིས་སྐྱབས་མགོན་ཡེ་ཤུ་ལ་ཉམས་ཚོད་བྱས༌པ།

1དེ་ནས་བདུད་ཀྱིས་སྐྱབས་མགོན་ཡེ་ཤུར་ཉམས་ཚོད་བྱེད་པའི༌ཕྱིར། དམ་པའི་ཐུགས་ཉིད་ཀྱིས་སྐྱབས་མགོན་ཡེ་ཤུ་དབེན་སྟོང་དུ་ཁྲིད༌ཅིང༌། 2ཁོང་གིས་ཉིན་ཞག་བཞི་བཅུའི་རིང་ལ་སྨྱུང་གནས་བསྲུངས༌རྗེས། ཁོང་ནི་བཀྲེས་ཤིང་ལྟོགས་པར་གྱུར་ཏོ།། 3དེ་ནས་ཉམས་ཚོད་བྱེད་མཁན་དེ་ཡོང་སྟེ་ན༌རེ། ཁྱེད་ནི་དཀོན་མཆོག་གི་སྲས་ཡིན་ན། རྡོ་འདི་དག་ལ་བཀའ་གནང་སྟེ་བག་ལེབ་ཏུ་བསྒྱུར་ཅིག་ཅེས་སྨྲས་པ༌ལ། 4སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གསུང་རབ་ཀྱི་མདོ་ལས་མི་ནི་བག་ལེབ་ཁོ་ནར་བརྟེན་ནས་འཚོ་བ་མ་ཡིན༌པར། དཀོན་མཆོག་གི་ཞལ་ནས་བྱུང་བའི་བཀའ་ཐམས་ཅད་ལ་བརྟེན་ནས་འཚོ་བ་ཡིན་ཞེས་བཀོད་ཡོད་ཅེས་གསུངས་སོ།། 5ཡང་བདུད་ཀྱིས་སྐྱབས་མགོན་ཡེ་ཤུ་ནི་དམ་པའི་གྲོང་ཁྱེར་དུ་ཁྲིད་ཅིང་མཆོད་ཁང་གི་རྩེ་རུ་སྡོད་དུ་བཅུག་སྟེ་ན༌རེ། 6གལ༌ཏེ། ཁྱེད་ནི་དཀོན་མཆོག་གི་སྲས་ཡིན་ན་འདི་ནས་མར་མཆོངས༌ཤིག རྒྱུ་མཚན་ནི་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། དཀོན་མཆོག་གིས་རང་གི་ཕོ་ཉ་རྣམས་ལ་བཀའ་གནང་སྟེ་ཁྱེད་རང་བསྲུང་ངེས༌ཤིང༌། ཁྱེད་ཀྱི་ཞབས་རྡོ་ལའང་མི་ཐོགས་པའི༌ཕྱིར། ཕོ་ཉ་རྣམས་ཀྱི་ལག་པས་ཁྱེད་རང་ཡར་འདེགས་པར་འགྱུར་ཞེས་བཀོད་འདུག་ཅེས་སྨྲས་པ༌ལ། 7སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གསུང་རབ་ཀྱི་མདོ་ལས་ཡང་ཇི་སྐད༌དུ། ཁྱོད་ཀྱིས་གཙོ་བོ་སྟེ་རང་གི་དཀོན་མཆོག་ལ་ཚོད་བགམ་མ་བྱེད་ཅེས་བཀོད་ཡོད་པ་ཡིན་ཞེས་གསུངས༌སོ།། 8ཡང་བདུད་ཀྱིས་སྐྱབས་མགོན་ཡེ་ཤུ་རི་ཤིན་ཏུ་མཐོན་པོ་ཞིག་ཏུ་ཁྲིད༌དེ། འཇིག་རྟེན་གྱི་རྒྱལ་ཁམས་ཡོངས་དང་དེ་དག་གི་དཔལ་དང་འབྱོར་བ་ཐམས་ཅད་ཁོང་ལ་བསྟན་ཏེ་ན༌རེ། 9གལ༌ཏེ། ཁྱེད་ཀྱིས་པུས་མོ་སར་བཙུགས་ནས་བདག་ལ་ཕྱག་འཚལ༌ན། བདག་གིས་འདི་ཐམས་ཅད་ཁྱེད་ལ་འབུལ་བར་བྱ་ཞེས་སྨྲས་པ༌ལ། 10ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདུད་སཱ་ཏན་ཁྱོད་ཕར་སོང༌ཞིག ཅིའི་ཕྱིར་ཞེ་ན། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁྱོད་ཀྱིས་གཙོ་བོ་སྟེ་རང་གི་དཀོན་མཆོག་ལ་ཕྱག་འཚལ་ཞིང་ཁོང་གཅིག་པུར་བསྙེན་བཀུར་བྱེད་དགོས་ཞེས་བཀོད་འདུག་ཅེས་གསུངས་སོ།། 11དེ་ནས་བདུད་ནི་ཁོང་དང་ཁ་བྲལ་ལོ༎ ལྟོས་དང་། ཕོ་ཉ་རྣམས་ཡོང་སྟེ་ཁོང་ལ་ཞབས་ཕྱི་བསྒྲུབས༌སོ།།

སྐྱབས་མགོན་ཡེ་ཤུས་ཆོས་སྒྲོག་པར་རྩོམ༌པ།

12སྐྱབས་མགོན་ཡེ་ཤུས་ཁྲུས་གསོལ་མཁན་ཡོ་ཧ་ནན་བཙོན་དུ་བཟུང་ཡོད་པ་གསན་པ་དང་ག་ལིལ་ཡུལ་དུ་ཕེབས༌ཤིང༌། 13དེ་ནས་ནཱ་ཙ་རེལ་ནས་ཀཱ་ཕར་ན་ཧུམ་དུ་གནས་སྤར་ཏེ་བཞུགས། ཀཱ་ཕར་ན་ཧུམ་ཞེས་པ་མཚོ་ག་ལིལ་གྱི་འགྲམ་དུ་ཡོད༌ལ། ཟེ་བུ་ལུན་དང་ནཱབ་ཐ་ལི་གཉིས་ཀྱི་ཡུལ་དུའང་ཡོད༌དོ།། 14དོན་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡི་མདོ་ལས་ཇི་སྐད༌དུ། 15ཟེ་བུ་ལུན་དང་ནཱབ་ཐ་ལི་གཉིས༌ནི།། ག་ལིལ་མཚོ་ཡི་ཕྱོགས་སུ་བགྲོད་ལམ༌དང༌།། ཡོར་དན་གཙང་པོའི་ཕ་རོལ་ཡུལ་གྲུ༌སྟེ།། ཕྱི་ཕྱོགས་མི་རྣམས་སྡོད་པའི་ག་ལིལ༌ཡུལ།། 16མུན་པའི་ནང་དུ་སྡོད་པའི་མི་རྣམས༌ཀྱིས།། འོད་ཟེར་ཆེན་པོ་ཞིག་ནི་མིག་གིས༌མཐོང༌།། འཆི་ཁའི་ཡུལ་གྱི་སྨག་རུམ་ཆེན་པོ་རུ།། སྡོད་པའི་མི་རྣམས༌ལ་ནི་གཟི་འོད༌འཕྲོས།། ཞེས་གསུངས་པ་བཞིན་འགྲུབ་པའི༌ཕྱིར། སྐྱབས་མགོན་ཡེ་ཤུས་དེ་ལྟར་མཛད་པ་ལགས་སོ།། 17དུས་དེ་ནས་བཟུང་སྐྱབས་མགོན་ཡེ་ཤུས་ཆོས་སྒྲོག་འགོ་བརྩམས་ཏེ་འདི་སྐད༌དུ། ནམ་མཁའི་རྒྱལ་སྲིད་ཉེ་བར་སླེབས་པས་ཁྱོད་རྣམས་ཀྱིས་འགྱོད་བཤགས་བྱོས་ཤིག་ཅེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུའི་ཐུགས་སྲས་སྔ་མ༌སྐོར།

18དེ་ཡང་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་མཚོ་ག་ལིལ་གྱི་མཚོ་འགྲམ་བརྒྱུད་ནས་ཕེབས་པ༌ན། སི་མོན་ཞེས་ཀྱང་འབོད་པའི་པེ་ཏྲོ་དང་ཨན་དྲི་ཡཱ་སྟེ་ཉ་པ་སྤུན་གཉིས་ཀྱིས་མཚོ་ནང་དུ་དྲ་རྒྱ་འཕེན་བཞིན་པ་གཟིགས་ཤིང་། 19ཁོང་གིས་དེ་གཉིས་ལ་འདི་སྐད༌དུ། བདག་གི་རྗེས་སུ་ཤོག༌དང༌། ངས་ཁྱོད་གཉིས་ལ་ཉ་ཐོབ་པ་ལྟར་མི་ཡང་འཐོབ་པར་བྱའོ་གསུངས་མ༌ཐག 20ཁོ་གཉིས་ཀྱིས་དྲ་རྒྱ་དོར་ནས་ཁོང་གི་རྗེས་སུ་འབྲངས། 21དེ་ནས་སྐྱབས་མགོན་ཡེ་ཤུ་མདུན་དུ་ཕེབས་པ༌ན། ཡ་ཀོབ་དང་ཡོ་ཧ་ནན་སྤུན་གཉིས་ཀྱིས་གྲུ་སྟེང་དུ་རང་གི་ཕ་ཟེ་བད་ཡཱ་དང་མཉམ་དུ་དྲ་རྒྱ་བཟོ་བཅོས་བྱེད་བཞིན་པ་གཟིགས་ཏེ་ཁོ་གཉིས་ཚུར་བོས་པ༌ན། 22ཁོ་གཉིས་ཀྱིས་དེ་མ་ཐག་རང་གི་ཕ་དང་མཚོ་གྲུ་བསྐྱུར་ནས་ཁོང་གི་རྗེས་སུ་འབྲངས༌སོ།།

སྐྱབས་མགོན་ཡེ་ཤུས་ནད་པ་གསོས༌པ།

23སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ག་ལིལ་ཡུལ་ཐམས་ཅད་ལ་ཕེབས་ཏེ་ཆོས་ཁང་དག་ཏུ་ཆོས་གསུངས་པ༌དང༌། ནམ་མཁའི་རྒྱལ་སྲིད་ཀྱི་འཕྲིན་བཟང་བསྒྲགས༌པ། ཡུལ་མི་རྣམས་ཀྱི་ནད་རིགས་དང་ལུས་ཟུངས་ཞན་པ་ཀུན་གསོས༌པས། 24ཁོང་གི་མཚན་སྙན་ཡང་སིར་ཡཱ་ཡུལ་གྱི་ཕྱོགས་བཞི་ཐམས་ཅད་ལ་ཁྱབ་པར་གྱུར་ཏོ།། མི་མང་པོས་ནད་རིགས་དང་གཟེར་མིག་སྣ་ཚོགས་ཀྱིས་མནར་བའི་ནད་པ་ཐམས་ཅད༌དང༌། གདོན་འདྲེས་བཟུང་བའི༌མི། གཟའ་ནད་ཕོག་པའི༌མི། ཞ་ནད་བྱུང་བ་རྣམས་ཁོང་གི་དྲུང་དུ་ཁྲིད༌ཡོང་ཞིང༌། ཁོང་གིས་མི་དེ་རྣམས་གསོས་པའོ།། 25ཡང་མི་ཤིན་ཏུ་མང་པོ་ག་ལིལ་ཡུལ༌དང༌། དི་ཁ་པའོ་ལེའི་མངའ་ཁོངས། ཡེ་རུ་སཱ་ལེམ། ཡ་ཧུ་དཱ༌ཡུལ། ཡོར་དན་གཙང་པོའི་ཕར་ཕྱོགས་བཅས་ནས་ཡོང་སྟེ་ཁོང་གི་རྗེས་སུ་འབྲངས༌སོ།།

མད་ཐཱ 5

སྐྱབས་མགོན་ཡེ་ཤུས་རི་འགོར་ཆོས་གསུངས༌པ།

1སྐྱབས་མགོན་ཡེ་ཤུས་མི་མང་པོ་གཟིགས་ཤིང་། རི་འགོར་ཕེབས་ནས་བཞུགས༌རྗེས། ཐུགས་སྲས་རྣམས་ཀྱང་ཁོང་གི་དྲུང་དུ་ཡོང་བ༌དང༌། 2ཁོང་གིས་དེ་རྣམས་ལ་འདི་སྐད་དུ་ཆོས་གསུངས་པ༌སྟེ། 3ཉམ་ཆུང་རྣམས༌བདེའོ། །རྒྱུ་མཚན་ནི་ནམ་མཁའི་རྒྱལ་སྲིད་ཁོ་རྣམས་ཀྱི་ཡིན་པའི་ཕྱིར་རོ།། 4མྱ་ངན་ཅན་རྣམས༌བདེའོ། །རྒྱུ་མཚན་ནི་མི་དེ་རྣམས་ལ་སེམས་གསོ་འཐོབ་པར་འགྱུར་བའི་ཕྱིར་རོ།། 5གཤིས་འཇམ་རྣམས༌བདེའོ། །རྒྱུ་མཚན་ནི་མི་དེ་རྣམས་ལ་ས་གཞི་འཐོབ་པར་འགྱུར་བའི་ཕྱིར་རོ།། 6དྲང་བདེན་གྱི་ཕྱིར་དུ་ལྟོགས་ཤིང་སྐོམ་པ་རྣམས༌བདེའོ། །རྒྱུ་མཚན་ནི་མི་དེ་རྣམས་ཡིད་ཚིམ་པར་འགྱུར་བའི་ཕྱིར་རོ།། 7བྱམས་སྙིང་རྗེ་ཅན་རྣམས༌བདེའོ། །རྒྱུ་མཚན་ནི་མི་དེ་རྣམས་ལ་སྙིང་རྗེ་འཐོབ་པར་འགྱུར་བའི་ཕྱིར་རོ།། 8སེམས་རྣམ་པར་དག་པ་རྣམས༌བདེའོ། །རྒྱུ་མཚན་ནི་མི་དེ་རྣམས་དཀོན་མཆོག་ལ་མཇལ་བར་འགྱུར་བའི་ཕྱིར་རོ།། 9མི་གཞན་སྡུམ་མཁན་རྣམས༌བདེའོ། །རྒྱུ་མཚན་ནི་མི་དེ་རྣམས་ལ་དཀོན་མཆོག་གི་བུ་ཞེས་འབོད་པར་འགྱུར་བའི་ཕྱིར་རོ།། 10དྲང་བདེན་གྱི་ཆེད་དུ་གནོད་འཚེ་ཕོག་པ་རྣམས༌བདེའོ། །རྒྱུ་མཚན་ནི་ནམ་མཁའི་རྒྱལ་སྲིད་མི་དེ་དག་གི་ཡིན་པའི་ཕྱིར་རོ།། 11མི་རྣམས་ཀྱིས་བདག་གི་ཕྱིར་ཁྱོད་ཅག་ལ་དམའ་འབེབས་དང་གནོད་པ་བྱ་ཞིང་གཏམ་ངན་སྣ་ཚོགས་སྨྲ་བའི་ཚེ། ཁྱོད་རྣམས་བདེའོ།། 12ཁྱོད་རྣམས་དགའ་ཞིང་ཡི་རངས་པར་གྱུར༌ཅིག རྒྱུ་མཚན་ནི་ནམ་མཁའི་ཞིང་ཁམས་ནས་ཁྱོད་རྣམས་ལ་བྱ་དགའ་ཆེན་པོ་ཡོད་པའི་ཕྱིར་རོ།། ཡང་དེ་དག་གིས་ཁྱོད་ཅག་གི་སྔོན་རོལ་གྱི་ལུང་སྟོན་པ་རྣམས་ལའང་དེ་ལྟར་གནོད་འཚེ་བྱས་མྱོང་ཞེས་པའོ།།

ལན་ཚྭ་དང་འོད་ཀྱི༌དཔེ།

13ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་ནི་འཇིག་རྟེན་གྱི་ལན་ཚྭ་ཡིན་མོད་ཀྱང་། གལ་ཏེ་ལན་ཚྭའི་བྲོ་བ་ཡལ་ན་དེའི་བྲོ་བ་གང་གིས་བསྐྱེད༌དམ། དེ་ཕྱི་རོལ་ཏུ་འཕངས་ནས་མིའི་རྐང་པས་བརྫི་བ་མ་གཏོགས་ཕན་པ་ཅི་ཡང་མེད། 14ཁྱོད་ཅག་ནི་འཇིག་རྟེན་གྱི་འོད་ཟེར་ཡིན༌ལ། རི་འགོར་ཆགས་པའི་གྲོང་ཁྱེར་ནི་མཐོང་མི་ནུས་པ་གང་ཡང་མེད། 15ཡང་མིས་སྒྲོན་མེ་བསྒྲོན་པ་ནི་བྲེའི་འོག་ཏུ་འཇོག་ཕྱིར་མ་ཡིན༌པར། སྒྲོན་སྟེགས་སྟེང་བཞག་ནས་ཁྱིམ་དུ་ཡོད་པའི་མི་ཐམས་ཅད་ལ་འོད་ཟེར་སྤྲོ་བའི་ཕྱིར༌རོ།། 16དེ་བཞིན་དུ་མི་གཞན་རྣམས་ཀྱིས་ཁྱོད་ཅག་གི་ལས་བཟང་པོ་མཐོང༌ཞིང༌། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཁྱོད་ཅག་གི་ཡབ་ལ་བསྟོད་བསྔགས་བྱ༌ཆེད། ཁྱོད་ཅག་གིས་ཀྱང་རང་གི་འོད་ཟེར་དེ་མི་རྣམས་ཀྱི་མིག་ལམ་དུ་འཕྲོ་བར་བྱོས་ཞེས་གསུངས༌སོ།།

བཀའ་ཁྲིམས་དང་སྐྱབས་མགོན་ཡེ་ཤུ་གཉིས་ཀྱི་འབྲེལ༌བ།

17དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་ནི་བཀའ་ཁྲིམས་དང་ཡང་ན་ལུང་སྟོན་པའི་མདོ་རྣམས་མེད་པར་བཟོ་ཕྱིར་ཡོང་བར་མ་འདོད༌ཅིག བདག་ནི་མེད་པར་བཟོ་ཕྱིར་ཡོང་བ་མ་ཡིན་པར་དེ་རྣམས་བསྒྲུབ་ཕྱིར་ཡོང་བ་ཡིན། 18བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། གནམ་ས་གཉིས་འཇིག་པའི་བར༌དུ། བཀའ་ཁྲིམས་ཀྱི་མདོ་ལས་ཡིག་འབྲུ་གཅིག་གམ་ཚེག་ཐིག་གཅིག་ཀྱང་འཇིག་པར་མི་འགྱུར༌ཞིང༌། དོན་དེ་ཐམས་ཅད་འགྲུབ་པར་ངེས། 19དེ་བས་སུ་ཞིག་གིས་བཀའ་ཁྲིམས་འདི་དག་ལས་ཆུང་ཤོས་གཅིག་འདོར༌ཞིང༌། ཡང་གཞན་རྣམས་ལ་དེ་བཞིན་ལོག་ཁྲིད་བྱེད༌ན། མི་དེ་ནི་ནམ་མཁའི་རྒྱལ་སྲིད་དུ་ཆེས་ཆུང་ཤོས་ཡིན་ཟེར། འོན་ཀྱང་། སུ་ཞིག་གིས་བཀའ་ཁྲིམས་དེ་དག་སྲུང༌ཞིང༌། གཞན་ལའང་དེ་བཞིན་ཁྲིད་སྟོན་བྱེད༌ན། མི་དེ་ནི་ནམ་མཁའི་རྒྱལ་སྲིད་ནང་དུ་ཆེན་པོ་ཡིན་ཟེར་བར་འགྱུར། 20ཡང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཁྱོད་ཅག་གི་དྲང་བདེན་ནི་མཁན་པོ་དང་ཕ་རུ་ཤི་པ་རྣམས་ཀྱི་དྲང་བདེན་ལས་ཀྱང་ལྷག་པ་མ་ཡིན༌ན། ཁྱོད་རྣམས་ཅིས་ཀྱང་ནམ་མཁའི་རྒྱལ་སྲིད་དུ་ཞུགས་མི་ཐུབ་ཅེས་གསུངས༌སོ།།

ཞེ་སྡང་འགོག་པའི་སྐོར་གྱི་ཆོས་གསུངས༌པ།

21ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་མི་མ༌གསོད་ཅེས་དང་། ཡང་སུ་ཞིག་གིས་མི་བསད༌ན། མི་དེར་ཁྲིམས་ཐག་གཅོད་འོས་ཞེས་གནའ་མི་རྣམས་ལ་ཆོས་གསུངས་ཡོད་པ་ཁྱོད་རྣམས་ཀྱིས་ཐོས་མྱོང༌ངོ་།། 22འོན༌ཀྱང༌། བདག་གིས་ཀྱང་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། སུ་ཞིག་དོན་མེད་དུ་རང་གི་སྤུན་ཟླར་ཞེ་སྡང་ལངས༌ན། མི་ཞེ་སྡང་ཅན་དེ་ལ་ཉེས་ཆད་གཅོད་འོས། ཡང་སུ་ཞིག་གིས་རང་གི་སྤུན་ཟླ༌ལ། ཁྱོད་ནི་སྨྱོན་པ་རེད་ཅེས་ཟེར༌ན། མི་དེའང་ཚོགས་མི་རྣམས་ཀྱི་མདུན་དུ་ཁྲིད་ནས་ཉེས་ཆད་གཅོད་འོས། ཡང་སུ་ཞིག་གིས་རང་གི་སྤུན་ཟླ༌ལ། ཁྱོད་ནི་གླེན་པ་རེད་ཅེས་ཟེར༌ན། མི་དེ་ནི་དམྱལ་བའི་མེའི་ནང་དུ་ལྷུང་འོས་པ་ཡིན། 23དེ་བས་ཁྱོད་ཀྱིས་མཆོད་ཁྲིའི་སྟེང་དུ་མཆོད་པ་འབུལ་བའི༌ཚེ། སྤུན་ཟླ་ཞིག་དང་ཁྱོད་ཀྱི་བར་དུ་མི་མཐུན་པ་ཞིག་ཡོད་པ་དྲན༌ན། 24ཁྱོད་ཀྱིས་རང་གི་མཆོད་རྫས་དེ་མཆོད་ཁྲིའི་མདུན་དུ་བཞག༌སྟེ། ཐོག་མར་རང་གི་སྤུན་ཟླ་དང་འགྲིག་མཐུན་ཡོང་བར༌བྱོས། དེ་ནས་ཕྱིར་ལོག་སྟེ་མཆོད་པ་ཕུལ༌ཞིག 25ཁྱོད་དང་ཁྱོད་རང་གཏུག་མཁན་གཉིས་མཉམ་དུ་ཁྲིམས་རར་འགྲོ་བའི་དུས༌སུ། ལམ་བར་ནས་མྱུར་དུ་འགྲིག་མཐུན་ཡོང་བར༌གྱིས། དེ་ལྟར་མ་བྱས་ན་ཁྱོད་ཀྱི་གྱོད་ཡ་དེས་ཁྱོད་རང་ཁྲིམས་དཔོན་གྱི་དྲུང་དུ་འཁྲིད༌ཅིང༌། ཁྲིམས་དཔོན་གྱིས་ཁྱོད་རང་དམག་མིར་སྤྲད༌དེ། དམག་མིས་ཁྱོད་རང་བཙོན་དུ་འཇུག་པར་འགྱུར། 26བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། ཁྱོད་ཀྱིས་དོང་ཙེ་ཐམས་ཅད་སྐྱིན་ཚབ་ཏུ་སྤྲད་ཚར་བའི་བར་དུ་ཁྱོད་རང་བཙོན་ཁང་ལས་གཏན་ནས་ཐར་མི་ནུས་ཞེས་གསུངས༌སོ།།

ལོག་གཡེམ་འགོག་པའི་སྐོར་གྱི་ཆོས་གསུངས༌པ།

27ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ལོག་གཡེམ་མ་བྱེད་ཅེས་ཆོས་གསུངས་ཡོད་པ་ཁྱོད་རྣམས་ཀྱིས་ཐོས་མྱོང༌བ་ཡིན་མོད། 28འོན༌ཀྱང༌། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། སུ་ཞིག་གིས་འདོད་ཆགས་དང་བཅས་བུད་མེད་ཅིག་ལ་བལྟས༌ན། མི་དེས་སེམས་སུ་ལོག་གཡེམ་བྱས་ཟིན་པ་ཡིན་ནོ།། 29གལ་ཏེ་ཁྱོད་ཀྱི་མིག་གཡས་པས་ཁྱོད་ལ་སྡིག་པ་བྱེད་དུ་འཇུག༌ན། མིག་དེ་བཏོན་ནས་དོར༌ཅིག རྒྱུ་མཚན་ནི་ཁྱོད་ཀྱི་ལུས་ཡོངས་དམྱལ་བའི་གནས་སུ་ལྷུང་བ༌ལས། ཁྱོད་ལ་ཡན་ལག་གཅིག་མེད་པར་འགྱུར་ཡང་ལེགས། 30ཡང་ཁྱོད་ཀྱི་གཡས་ལག་གིས་ཁྱོད་ལ་སྡིག་པ་བྱེད་དུ་འཇུག༌ན། ལག་པ་དེ་བཅད་ནས་དོར༌ཅིག ཁྱོད་ཀྱི་ལུས་ཧྲིལ་པོ་དམྱལ་བའི་གནས་སུ་ལྷུང་བ༌ལས། ཡན་ལག་གཅིག་མེད་པར་འགྱུར་ཡང་ལེགས། 31ཡང་སྐྱེས་པ་སུ་ཞིག་གིས་རང་གི་ཆུང་མ་སྤངས༌ན། ཁོ་མོར་བཟའ་འཐོར་ཡི་གེ་སྟེར་དགོས་ཞེས་ཆོས་གསུངས་ཡོད༌མོད། 32འོན༌ཀྱང༌། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ལོག་གཡེམ་བྱས་པའི་རྒྱུ་རྐྱེན་ལས༌གཞན། ཁྱོ་བོ་སུ་ཞིག་རང་གི་ཆུང་མ་དང་འཐོར༌ན། ཁྱོ་བོས་བུད་མེད་དེ་ལ་ལོག་གཡེམ་བྱེད་དུ་བཅུག་པ་ཡིན། ཡང་སུ་ཞིག་གིས་བཟའ་འཐོར་བྱས་པའི་བུད་མེད་དེ་རང་གི་ཆུང་མར་བླངས༌ན། དེ་ཡང་ལོག་གཡེམ་བྱས་པ་ཡིན་ཞེས་གསུངས༌སོ།།

མནའ་འགོག་དགོས་པའི་སྐོར་ལ་ཆོས་གསུངས༌པ།

33ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། རྫུན་གྱི་མནའ་མ་སྐྱེལ༌ཞིག གཙོ་བོ་ལ་དམ་བཅའ་ཕུལ་བ་རྣམས་སྒྲུབ་པར་བྱོས་ཤིག་ཅེས་གནའ་མི་རྣམས་ལ་ཆོས་གསུངས་ཡོད་པ་ཁྱོད་རྣམས་ཀྱིས་ཐོས་མྱོང༌བ་ཡིན་ནོ།། 34འོན་ཀྱང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཁྱོད་ཀྱིས་མནའ་ཅི་ཡང་མ་སྐྱེལ༌ཅིག ནམ་མཁའི་ཞིང་ཁམས་ནི་དཀོན་མཆོག་གི་བཞུགས་ཁྲི་ཡིན༌པས། ནམ་མཁའི་ཞིང་ཁམས་དཔང་དུ་བཙུགས་ནས་མནའ་མ་སྐྱེལ༌ཅིག 35ཡང་ས་གཞི་ནི་ཁོང་གི་ཞབས་སྟེགས་ཡིན་པས་ས་གཞི་དཔང་དུ་བཙུགས་ནས་མནའ་མ་སྐྱེལ༌ཅིག ཡང་ཡེ་རུ་སཱ་ལེམ་ནི་རྒྱལ་པོ་ཆེན་པོ་སྟེ་དཀོན་མཆོག་གི་གྲོང་ཁྱེར་ཡིན༌པས། ཡེ་རུ་སཱ་ལེམ་དཔང་དུ་བཙུགས་ནས་མནའ་མ་སྐྱེལ༌ཅིག 36ཡང་ཁྱོད་ཀྱིས་རང་གི་སྐྲའི་ཉག་མ་གཅིག་ཀྱང་དཀར་པོའམ་ནག་པོར་བསྒྱུར་མི་ནུས༌པས། རང་གི་མགོ་བོ་དཔང་དུ་བཙུགས་ནས་མནའ་མ་སྐྱེལ༌ཅིག 37འོན་ཀྱང་ཁྱོད་ཅག་གི་གཏམ་ནི་ཡིན་ན་ཡིན་ཞེས་དང༌། མིན་ན་མིན་ཞེས་སྨྲོས༌ཤིག དེ་ལས་ལྷག་པ་གང་ཞིག་སྨྲས་ནའང་དེ་ནི་ངན་པ་ལས་བྱུང་བ་ཡིན་ཞེས་གསུངས༌སོ།།

ངན་ལན་འགོག་པའི་སྐོར་གྱི་ཆོས་གསུངས༌པ།

38ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མིག་ལ་མིག་ལན་དང་སོ་ལ་སོ་ལན་འཇལ་དགོས་ཞེས་ཆོས་གསུངས་ཡོད་པ་ཁྱོད་རྣམས་ཀྱིས་ཐོས་མྱོང༌བ་ཡིན་ནོ།། 39འོན་ཀྱང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཁྱོད་ཀྱིས་རང་ལ་ངན་བྱེད་མཁན་ལའང་རྒོལ་བར་མི༌བྱའོ།། སུ་ཞིག་གིས་ཁྱོད་ཀྱི་འགྲམ་པ་གཡས་པར་འགྲམ་ལྕག་གཞུས༌ན། ཁྱོད་ཀྱིས་འགྲམ་པ་གཡོན་པ་ལའང་གཞུ་རུ༌ཆུག 40ཡང་སུ་ཞིག་གིས་ཁྱོད་རང་ཁྲིམས་ཁང་ལ་གཏུགས་ཤིང་ཁྱོད་ཀྱི་ནང་གོས་འཕྲོག་འདོད་པ་དེ་ལ་ཁྱོད་ཀྱིས་རང་གི་ཕྱི་གོས་ཀྱང་འཁྱེར་དུ༌ཆུག 41ཡང་སུ་ཞིག་གིས་ཁྱོད་རང་དཔག་ཚད་གཅིག་ལ་འགྲོ་བར་བཙན་སྐུལ་བྱེད༌ན། ཁྱོད་རང་མི་དེ་དང་མཉམ་དུ་དཔག་ཚད་གཉིས་ལ་སོང༌ཞིག 42ཡང་སུ་ཞིག་གིས་ཁྱོད་ལ་ཅི་ཞིག་སློང་བར་བྱེད་ན་དེ་ལ་བྱིན༌དང༌། ཁྱོད་ལས་རྒྱུ་ནོར་བསྐྱི་བར་འདོད་མཁན་དེའི་ངོ་མ་ཟློག་ཅིག་ཅེས་གསུངས༌སོ།།

དགྲ་ལ་བྱམས་དགོས་པའི་སྐོར་གྱི་ཆོས་གསུངས༌པ།

43ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་རང་གི་ཁྱིམ་མཚེས་ལ་བྱམས་པ་དང་དགྲ་ལ་སྡང་དགོས་ཞེས་ཆོས་གསུངས་ཡོད་པ་ཐོས་མྱོང༌བ་ཡིན། 44-45འོན་ཀྱང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཁྱོད་ཅག་ནི་ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཡབ་ཀྱི་བུ་བུ་མོ་ཡིན་པའི༌ཕྱིར། ཁྱོད་ཅག་གིས་རང་གི་དགྲ་བོ་རྣམས་ལའང་བྱམས་ཤིང་བརྩེ་བར་གྱིས་དང༌། རང་ལ་གནོད་པ་བྱེད་མཁན་རྣམས་ཀྱི་དོན་དུ་སྨོན་ལམ་ཐོབས༌ཤིག ཅིའི་ཕྱིར་ཞེ༌ན། དཀོན་མཆོག་གིས་མི་སེམས་བཟང་སེམས་ངན་གཉིས་ལ་རང་ཉིད་ཀྱི་ཉི་མ་འཆར་དུ་འཇུག་ཅིང་། མི་གཞུང་དྲང་ཡིན་མིན་ཐམས་ཅད་ལ་ཆར་བ་འབབ་པར་མཛད་དོ།། 46གལ་ཏེ་ཁྱོད་ཅག་གིས་རང་ལ་བྱམས་མཁན་རྣམས་ལ་བྱམས་པར་བྱེད༌ན། ཁྱོད་ཅག་ལ་བྱ་དགའ་ཅི་ལ༌ཐོབ། ཁྲལ་ལེན་མཁན་རྣམས་ཀྱིས་ཀྱང་དེ་ལྟར་བྱེད་པ་མ་ཡིན༌ནམ། 47ཡང་ཁྱོད་ཅག་གིས་རང་གི་སྤུན་ཟླ་ཁོ་ནར་འཚམས་འདྲི་ཞུ༌ན། ཁྱོད་ཅག་ལ་མི་གཞན་ལས་ཁྱད་དུ་འཕགས་པ་ཅི་ཡོད༌དམ། ཕྱི་ཕྱོགས་པ་རྣམས་ཀྱིས་ཀྱང་དེ་ལྟར་བྱེད་པ་མ་ཡིན༌ནམ། 48དེའི༌ཕྱིར། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཁྱོད་ཅག་གི་ཡབ་ནི་ཕུལ་དུ་བྱུང་བ་ཡིན་པ༌ལྟར། ཁྱོད་རྣམས་ཀྱང་ཕུལ་དུ་བྱུང་བར་གྱུར་ཅིག་ཅེས་གསུངས༌སོ།།

མད་ཐཱ 6

སྦྱིན་པ་གཏོང་དགོས་པའི་སྐོར་གྱི་ཆོས་གསུངས༌པ།

1ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་མཉམ་པར་ཞོག་དང་། མི་གཞན་རྣམས་ལ་མཐོང་དུ་འཇུག་པའི༌ཕྱིར། དེ་རྣམས་ཀྱི་མིག་མདུན་ནས་དྲང་བདེན་གྱི་ལས་བསྒྲུབ་པར་མི་བྱའོ།། དེ་ལྟར་བྱས༌ན། ཁྱོད་ཅག་ལ་ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཡབ་ནས་བྱ་དགའ་ཅི་ཡང་མི་འཐོབ། 2དེའི༌ཕྱིར། ཁྱོད་ཀྱིས་སྦྱིན་པ་གཏོང་བའི་དུས༌སུ། རང་གི་མདུན་ནས་དུང་འབུད་དུ་མ་འཇུག དེ་ནི་ཚུལ་འཆོས་པ་རྣམས་ཀྱིས་མི་གཞན་དག་གི་བསྔགས་བརྗོད་འཐོབ༌པའི་ཕྱིར། ཆོས་ཁང་དང་སྲང་ལམ་དུ་དེ་ལྟར་བྱེད་པ་ཡིན། བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། མི་དེ་དག་ལ་སྔར་ནས་རང་གི་བྱ་དགའ་ཐོབ་ཟིན། 3-4འོན་ཀྱང་ཁྱོད་ཀྱི་སྦྱིན་པ་གསང་བར་གནས་པའི༌ཕྱིར། སྦྱིན་པ་གཏོང༌ཚེ། ཁྱོད་ཀྱི་གཡས་ལག་གིས་གང་ཞིག་བྱས་པ་དེ་གཡོན་ལག་ལའང་ཤེས་སུ་མ་འཇུག༌གོ །དེ་ནས་གསང་བའི་ངང་ནས་སྒྲུབ་མཁན་ལ་གཟིགས་པའི་ཡབ་ཀྱིས་ཁྱོད་ལ་བྱ་དགའ་གནང་ངེས་ཡིན་ཞེས་གསུངས༌སོ།།

གསོལ་འདེབས་སྐོར་གྱི་ཆོས་གསུངས༌པ།

5ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་གསོལ་བ་འདེབས༌སྐབས། ཚུལ་འཆོས་པ་རྣམས་དང་འདྲ་བར་མ་བྱེད༌ཅིག མི་གཞན་རྣམས་ལ་མཐོང་དུ་འཇུག་པའི༌ཕྱིར། དེ་རྣམས་བསམ་བཞིན་ཆོས་ཁང་དང་ཁྲོམ་སྲང་གི་བཞི་མདོ་རུ་འགྲེང་ནས་བསྡད་དེ་གསོལ་བ་འདེབས་པར༌དགའ། བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། དེ་རྣམས་ལ་སྔར་ནས་རང་གི་བྱ་དགའ་ཐོབ་ཟིན་པ་ཡིན། 6འོན་ཀྱང་ཁྱོད་ཀྱིས་གསོལ་བ་འདེབས་པའི་དུས༌སུ། ཁྱོད་ནི་རང་གི་ཁང་པ་སྦུག་མར་སོང་ནས་སྒོ་བརྒྱབ༌སྟེ། མིག་གི་མཐོང་ལམ་དུ་མ་གྱུར་པའི་ཁྱོད་ཀྱི་ཡབ་ལ་གསོལ་བ་ཐོབས༌ཤིག དེ་ནས་གསང་བའི་ངང་ནས་སྒྲུབ་མཁན་ལ་གཟིགས་པའི་ཁྱོད་ཀྱི་ཡབ་ཀྱིས་ཁྱོད་ལ་བྱ་དགའ་གནང་ངེས༌ཡིན། 7ཡང་ཁྱོད་ཅག་གིས་གསོལ་བ་འདེབས་པའི་དུས༌སུ། ཕྱི་ཕྱོགས་པ་རྣམས་དང་འདྲ་བར་དོན་སྙིང་མེད་པའི་བསྐྱར་བཟློས་མ་བྱེད༌ཅིག དེ་དག་གི་སེམས་སུ་སྨྲ་བ་མང༌ན། དཀོན་མཆོག་གིས་རང་གི་གསོལ་འདེབས་ལ་གསན་ངེས་ཡིན་བསམ༌མོ།། 8དེ་བས་ཁོ་རྣམས་དང་འདྲ་བར་མ་བྱེད༌ཅིག རྒྱུ་མཚན་ནི་ཁྱོད་ཅག་གི་ཡབ་ཀྱིས་ཁྱོད་ཅག་གིས་མ་ཞུས་སྔོན་དུ་ཁྱོད་ཀྱི་དགོས་མཁོ་མཁྱེན་པའི་ཕྱིར་རོ།། 9དེའི༌ཕྱིར། ཁྱོད་ཅག་གིས་གསོལ་བ་འདེབས་པའི་དུས་སུ་འདི་ལྟར་ཞུ་བར་བྱ༌སྟེ། ནམ་མཁར་བཞུགས་པའི་ངེད་ཀྱི༌ཡབ།། ཁྱེད་མཚན་དམ་པར་བསྲུང་བར༌ཤོག ། 10ཁྱེད་ཀྱི་རྒྱལ་སྲིད་འོང་བར༌ཤོག ། ཁྱེད་ཀྱི་དགོངས་པ་ནམ་མཁའ༌རུ།། གྲུབ་བཞིན་ས་ལའང་འགྲུབ་པར༌ཤོག ། 11ངེད་ཀྱི་ཉིན་རེའི་ཟས་ཀྱི༌སྐལ།། དེ་རིང་ཡང་ནི་གནང་བར༌མཛོད།། 12ངེད་ཀྱིས་གཞན་ཉེས་བསལ་བ༌ལྟར།། ངེད་ཀྱི་སྡིག་པ་བསལ་བར༌མཛོད།། 13ངན་པའི་ལས་ནས་ཐར་བ༌དང༌།། ཉམས་ཚོད་མི་ལེན་སྐྱོབ་པར༌མཛོད།། རྒྱལ་སྲིད་དབང་དང་གཟི་བརྗིད་ནི།། རྒྱུན་ནས་རྒྱུན་དུ་ཁྱེད་ཀྱི་ཡིན།། ཨ་མེན། ཞེས༌པའོ།། 14ཁྱོད་ཅག་གིས་མི་གཞན་གྱི་ཉེས་སྐྱོན་བསལ༌ན། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཁྱོད་ཅག་གི་ཡབ་ཀྱིས་ཀྱང་ཁྱོད་རྣམས་ཀྱི་ཉེས་པ་བསལ་ངེས༌ཡིན། 15ཡང་ཁྱོད་ཅག་གིས་མི་གཞན་གྱི་ཉེས་སྐྱོན་མ་བསལ༌ན། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཁྱོད་ཅག་གི་ཡབ་ཀྱིས་ཀྱང་ཁྱོད་ཅག་གི་ཉེས་པ་བསལ་བར་མི་འགྱུར་ཞེས་གསུངས༌སོ།།

སྨྱུང་གནས་སྐོར་གྱི་ཆོས་གསུངས༌པ།

16ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་སྨྱུང་གནས་སྲུང་བའི་དུས༌སུ། ཚུལ་འཆོས་པ་རྣམས་དང་འདྲ་བར་སྐྱོ་བའི་ངོ་མདངས་མ་སྟོན༌ཅིག ཅིའི་ཕྱིར་ཞེ༌ན། དེ་རྣམས་ཀྱིས་སྨྱུང་གནས་སྲུང་བ་ནི་མི་གཞན་རྣམས་ཀྱིས་མཐོང་བའི༌ཕྱིར་དུ། རང་གི་ངོ་མདངས་སྡུག་པར་སྟོན། བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། དེ་དག་ལ་རང་གི་བྱ་དགའ་ཐོབ་ཟིན་པ་ཡིན། 17-18ཁྱོད་ཀྱིས་སྨྱུང་གནས་བསྲུང་བ་ནི་མི་གཞན་རྣམས་ཀྱིས་མི་ཤེས་པའི༌ཕྱིར་དུ། སྨྱུང་གནས་སྲུང་བའི་དུས༌སུ། མགོ་ལ་སྣུམ་བསྐུ་ཞིང་ཁ་ངོ་གཙང་མར་ཁྲུས་ཤིག འོན་ཀྱང་མིག་གི་མཐོང་ལམ་དུ་མ་གྱུར་པའི་ཁྱོད་ཅག་གི་ཡབ་ཀྱིས་ཁྱོད་རང་གཟིགས་པ་དང་། དེ་ནས་གསང་བའི་ངང་ནས་སྒྲུབ་མཁན་ལ་གཟིགས་པའི་ཁྱོད་ཀྱི་ཡབ་ཀྱིས་ཁྱོད་ལ་བྱ་དགའ་གནང་ངེས་ཡིན་ཞེས་གསུངས༌སོ།།

བདེན་པའི་རྒྱུ་ནོར་སྐོར་གྱི་ཆོས་གསུངས༌པ།

19ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་རང་གི་དོན་དུ་ས་སྟེང་དུ་རྒྱུ་ནོར་གསོག་པར་མི༌བྱའོ།། ས་སྟེང་གི་རྒྱུ་ནོར་ནི་འབུ་སྲིན་གྱིས་བཟའ་ཞིང་བཙའ་ཡིས་ཀྱང་བརླག་པ༌དང༌། རྐུན་མས་ཀྱང་ཁུང་བུ་བྲུས་ཏེ་བརྐུ་བར་བྱེད། 20འོན་ཀྱང་ཁྱོད་རྣམས་ཀྱིས་རང་གི་དོན་དུ་ནམ་མཁའི་ཞིང་ཁམས་སུ་ནོར་བུ་གསོགས༌ཤིག གནས་དེ་རུ་འབུ་སྲིན་དང་བཙའ་ཡིས་མི་བཟའ་ཞིང་རྐུན་མས་ཀྱང་ཁུང་བུ་བྲུས་ཏེ་བརྐུ་མི་ནུས། 21རྒྱུ་མཚན་ནི་ཁྱོད་ཀྱི་ནོར་བུ་གང་དུ་ཡོད་ན་ཁྱོད་ཀྱི་སེམས་ཀྱང་དེ་རུ་ཡོད་པའི་ཕྱིར༌རོ།། 22ཁྱོད་ཀྱི་མིག་ཟུང་ནི་ལུས་ཀྱི་སྒྲོན་མེ་ཡིན༌ཏེ། མིག་ཟུང་གསལ་བོ་ཡིན་ན་ལུས་པོ་ཡོངས་རྫོགས་འོད་དང་ལྡན་པར་འགྱུར། 23འོན་ཀྱང་ཁྱོད་ཀྱི་མིག་ཟུང་རབ་རིབ་ཏུ་གྱུར་ན། ལུས་པོ་ཡོངས་རྫོགས་མུན་ནག་ཏུ་འགྱུར། དེའི༌ཕྱིར། ཁྱོད་ཀྱི་སེམས་ནང་དུ་གནས་པའི་འོད་དེ་མུན་ནག་ཏུ་གྱུར་ན་མུན་ནག་དེ་ནི་ཅི་འདྲ་ཚབས་ཆེ༌ཨང༌། 24སུ་ཞིག་གིས་ཀྱང་བདག་པོ་གཉིས་ལ་ཞབས་ཕྱི་སྒྲུབ་མི་ནུས༌ཏེ། ཁོས་གཅིག་ལ་སྡང་ཞིང་གཅིག་ལ་གཅེས༌པའམ། ཡང་ན་གཅིག་ལ་བཀུར་ཞིང་གཅིག་ལ་སྨད་པར་བྱེད་དོ།། དེའི༌ཕྱིར། ཁྱོད་རྣམས་ཀྱིས་དཀོན་མཆོག་དང་འཇིག་རྟེན་གྱི་རྒྱུ་ནོར་གཉིས་ལ་ཞབས་ཕྱི་སྒྲུབ་མི་ནུས་ཞེས་གསུངས༌སོ།།

སེམས་ཁྲལ་མེད་པར་དཀོན་མཆོག་ལ་ཡིད་ཆེས་པར་གདམས༌པ།

25ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེ་བས་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཁྱོད་རྣམས་ཀྱིས་རང་གི་ཚེ་སྲོག་གི་དོན་དུ་བཟའ་བཏུང་གང་ཞིག་སྤྱོད་པ༌དང༌། ལུས་པོའི་ཆེད་དུ་གོས་གང་ཞིག་གྱོན་པར་སེམས་ཁྲལ་མ་བྱེད༌ཅིག ཁ་ཟས་ལས་ཚེ་སྲོག་ནི་ཁྱད་དུ་འཕགས་ཤིང་གྱོན་ཆས་ལས་ཀྱང་མིའི་ལུས་པོ་ནི་ཁྱད་དུ་འཕགས་པ་མ་ཡིན༌ནམ། 26ནམ་མཁའི་བྱ་རྣམས་ལ་ལྟོས༌དང༌། དེ་དག་གིས་ས་བོན་མི་འདེབས་ཤིང་སྟོན་ལས་མི་བྱེད༌ལ། འབྲུ་རིགས་བང་མཛོད་དུ་མི་བསྡུ༌ཡང༌། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཁྱོད་ཅག་གི་ཡབ་ཀྱིས་དེ་རྣམས་གསོ་བ་ཡིན། ཁྱོད་རྣམས་ནི་ནམ་མཁའི་བྱ་ལས་རིན་ཐང་ཆེ་བ་མ་ཡིན༌ནམ། 27ཁྱོད་རྣམས་ལས་སུ་ཞིག་གིས་སེམས་ཁྲལ་བྱས་ནས་རང་གི་ཚེ་ཐག་ཡུད་ཙམ་ཞིག་ཇེ་རིང་དུ་གཏོང་ནུས༌སམ། 28ཁྱོད་ཅག་གིས་ཅིའི་ཕྱིར་གྱོན་པའི་ཆེད་དུ་སེམས་ཁྲལ་བྱེད༌དམ། སྤང་ཐང་གི་སྟག་གཟིག་མེ་ཏོག་ཇི་ལྟར་སྐྱེ་བར་ལྟོས༌དང༌། དེ་དག་གིས་ལས་ཀ་མི་བྱེད་ལ་བལ་ཡང་མི་འཁེལ་མོད། 29འོན་ཀྱང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། སོ་ལོ་མོན་གྱི་བརྗིད་ཉམས་ཤིན་ཏུ་ཆེ་བའི་དུས༌སུ། ཁོང་གི་རྒྱན་གོས་མེ་ཏོག་འདི་ལའང་མི༌དོའོ།། 30འོན་ཀྱང་དེ་རིང་ཡོད་ཡོད་འདྲ་ཡང་སང་ཉིན་ཐབ་ལ་སྲེག་པར་འགྱུར་བའི་སྤང་ཐང་གི་རྩྭ་ཡང་དཀོན་མཆོག་གིས་ལེགས་པར་བསྐྱངས༌ན། དད་པ་ཆུང་བ་ཁྱོད་རྣམས་དེ་ལས་ཀྱང་ལྷག་ཏུ་སྐྱོང་བར་མི་མཛད༌དམ། 31དེ་བས་ཁྱོད་ཅག་གིས་བཟའ་བཏུང་གང་ཞིག་སྤྱོད་པ་དང་ལུས་པོ་ལ་གོས་གང་ཞིག་གྱོན་པར་སེམས་ཁྲལ་མ་བྱེད༌ཅིག 32འདི་ཐམས་ཅད་ནི་ཕྱི་ཕྱོགས་པ་རྣམས་ཀྱིས་འཚོལ་བ་ཡིན༌ལ། ཁྱོད་རྣམས་ལ་དངོས་པོ་དེ་ཐམས་ཅད་མཁོ་བའང་ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཁྱོད་ཅག་གི་ཡབ་ཀྱིས་མཁྱེན༌ནོ།། 33འོན་ཀྱང་། ཁྱོད་རྣམས་ཀྱིས་དཀོན་མཆོག་གི་རྒྱལ་སྲིད་དང་ཁོང་གི་རྣམ་དག་དེ་ཉིད་འཚོལ་ཞིང་སྙེགས་པར་གྱིས༌དང་། དེ་རྣམས་ཀྱང་ཁྱོད་ཅག་ལ་གནང་བར་འགྱུར་རོ། ། 34དེའི༌ཕྱིར། སང་ཉིན་གྱི་དོན་དུ་སེམས་ཁྲལ་མ་བྱེད༌ཅིག རྒྱུ་མཚན་ནི་སང་ཉིན་གྱི་དུས་སུ་སང་ཉིན་གྱི་སེམས་ཁྲལ་ཡོད༌ཅིང༌། ཉིན་རེ་རེའི་སྡུག་བསྔལ་ནི་ཉིན་རེ་རེར་འཁུར་ན་འོས་ཞེས་གསུངས༌སོ།།

མད་ཐཱ 7

མི་གཞན་གྱི་མཚང་མི་འབྱིན་པའི་སྐོར་གྱི་ཆོས་གསུངས༌པ།

1ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གཞན་གྱིས་ཁྱོད་རྣམས་ཀྱི་མཚང་མི་འབྱིན་པའི་ཕྱིར་དུ། ཁྱོད་ཅག་གིས་ཀྱང་མི་གཞན་གྱི་མཚང་མ་འབྲུ་ཞིག 2རྒྱུ་མཚན་ནི་ཁྱོད་ཅག་གིས་ཇི་ལྟར་མི་གཞན་གྱི་མཚང་བྲུས༌ན། ཁྱོད་རྣམས་ལའང་དེ་ལྟར་མཚང་འབྱིན་ཕོག་པ༌དང༌། ཁྱོད་ཅག་གིས་སྣོད་ཅི་ལྟ་བུ་ལས་མི་གཞན་ལ་བྱིན༌ན། སྣོད་དེ་ལྟ་བུ་ལས་ཁྱོད་ཅག་ལའང་གནང་བར་འགྱུར་བའི་ཕྱིར༌རོ།། 3ཡང་ཁྱོད་ཀྱིས་རང་གི་སྤུན་ཟླའི་མིག་ནང་དུ་སྦུར་མ་ཡོད་པ་མཐོང༌ན། ཅིའི་ཕྱིར་རང་གི་མིག་ནང་དུ་ཡོད་པའི་གདུང་མ་མི་མཐོང༌ངམ། 4ཡང་ཁྱོད་རང་གི་མིག་ནང་དུ་གདུང་མ་ཡོད༌ཀྱང༌། ཁྱོད་ཀྱིས་རང་གི་སྤུན་ཟླ་ལ་ངས་ཁྱོད་ཀྱི་མིག་ནང་དུ་ཡོད་པའི་སྦུར་མ་ལེན་པར་བྱེད་ཅེས་སྨྲ་ནུས༌སམ། 5ཚུལ་འཆོས་པ་ཁྱོད་ཀྱིས་ཐོག་མར་རང་གི་མིག་ནང་དུ་ཡོད་པའི་གདུང་མ་ལོངས༌དང༌། དེ་ནས་རང་གི་མིག་ཟུང་གིས་གསལ་པོར་མཐོང་ཐུབ་པས། ད་གཟོད་རང་གི་སྤུན་ཟླའི་མིག་ནང་དུ་ཡོད་པའི་སྦུར་མ་ལེན་ནུས་པའོ།། 6ཁྱོད་ཅག་གིས་གང་ཞིག་དམ་པ་ཡིན་པ་དེ་ཁྱི་ལ་སྟེར་མི༌རུང་ལ། མུ་ཏིག་ཀྱང་ཕག་གི་མདུན་དུ་འཕེན་མི་རུང་། དེ་ལྟར་བྱས༌ན། ཕག་གིས་མུ་ཏིག་བརྫི་བར་འགྱུར་བ་དང་། ཁྱིས་ཁྱོད་ཅག་ལ་སོ་བཏབ་ནས་དུམ་བུར་བྱེད་པར་འགྱུར་ཞེས་གསུངས༌སོ།།

དཀོན་མཆོག་ལ་གསོལ་བ་གདབ་དགོས་པར་གདམས༌པ།

7ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་གསོལ་བ་ཐོབས་དང་གནང་ངེས་ཡིན༌ལ། ཚོལ་དང་རྙེད་ངེས༌ཡིན། སྒོ་རྡུངས་དང་སྒོ་འབྱེད་པར་ངེས། 8རྒྱུ་མཚན་ནི་སུས་ཀྱང་གསོལ་བ་བཏབ་ན་ཐོབ་པ༌དང༌། བཙལ་ན་རྙེད༌པ། སྒོ་བརྡུངས་ན་སྒོ་འབྱེད་པའི་ཕྱིར༌རོ།། 9ཡང་ཁྱོད་རྣམས་ལས་སུ་ཞིག་གིས་རང་གི་བུས་བག་ལེབ་ཅིག་བསླངས་ན་དེ་ལ་རྡོ་ཞིག་སྟེར༌རམ། 10ཡང་ན་ཁོས་ཉ་ཞིག་བསླངས་ན་བུ་དེར་སྦྲུལ་ཞིག་སྟེར༌རམ། 11སྤྱིར་ཁྱོད་རྣམས་རྒྱུད་ངན་པ་ཡིན་ཡང་རང་གི་བུ་ཕྲུག་ལ་དངོས་པོ་བཟང་པོ་སྟེར་ཤེས༌ན། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཁྱོད་ཅག་གི་ཡབ་ཀྱིས་ཁོང་ལ་ཞུ་མཁན་རྣམས་ལ་དེ་བས་ཀྱང་ལན་བཟང་པོ་གནང་ངེས༌ཡིན། 12དེའི༌ཕྱིར། དོན་གང༌དང་གང་ལའང༌། ཁྱོད་ཅག་ལ་མི་གཞན་ལས་ཇི་ལྟར་འཐོབ་འདོད༌ན། ཁྱོད་ཅག་གིས་ཀྱང་མི་གཞན་ལ་དེ་ལྟར༌བྱོས། དེ་ནི་བཀའ་ཁྲིམས་དང་ལུང་སྟོན་པའི་མདོ་རྣམས་ཀྱི་ནང་དོན་མདོར་བསྡུས་ཡིན་ཞེས་གསུངས༌སོ།།

ཐར་པའི་སྒོ་དོག་མོ་ཡིན་པར་བསྟན་པ།

13ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་སྒོ་དོག་མོའི་ནང་དུ་སོང༌ཞིག ཅིའི་ཕྱིར་ཞེ༌ན། འཇིག་པར་འགྱུར་བའི་སྒོ་དེའི་འཁོབ་ནི་ཡངས་ཤིང་ལམ་ནི་རྒྱ་ཆེ༌སྟེ། ལམ་དེར་འགྲོ་བའི་མིའང་མང༌བའི་ཕྱིར་རོ།། 14འོན་ཀྱང་མཐའ་མེད་པའི་ཚེ་སྲོག་ནང་དུ་འདྲེན་པར་བྱེད་པའི་སྒོ་དེའི་འཁོབ་ནི་དོག་ཅིང་ལམ་ནི་ཆུང༌སྟེ། སྒོ་དེ་རྙེད་མཁན་ཡང་ཉུང་ཞེས་གསུངས༌སོ།།

ལྗོན་ཤིང་དང་འབྲས་བུ་སྐོར་གྱི་ཆོས་གསུངས་པ།

15ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་ལུང་སྟོན་པ་རྫུས་མ་རྣམས་ལ་དོགས་ཟོན་བྱོས༌ཤིག མི་དེ་དག་ཁྱོད་རྣམས་ཀྱི་གམ་དུ་ཡོང༌ཞིང༌ལུས་ལ་ལུག་ལྤགས་གྱོན་ནའང་ནང་སེམས་ནི་གདུག་རྩུབ་ཆེ་བའི་སྤྱང་ཀི་ཡིན། 16ཁྱོད་རྣམས་ཀྱིས་དེ་དག་གི་འབྲས་བུ་ལས་དེ་དག་སུ་ཡིན་པ་ཤེས་པར་འགྱུར༌ཏེ། སྤྱིར་ཚེར་མ་ལས་རྒུན་འབྲུམ༌དང༌། སྤྱང་ཚེར་ལས་བསེ་ཡབ་ཀྱི་འབྲས་བུ་འཐོག་སྲིད༌དམ། 17དེ་བཞིན་དུ་ཤིང་སྡོང་བཟང་པོ་ཐམས་ཅད་ཀྱིས་འབྲས་བུ་བཟང་པོ་བསྐྱེད༌ཅིང༌། ཤིང་སྡོང་ངན་པས་འབྲས་བུ་ངན་པ་བསྐྱེད། 18ཡང་ཤིང་སྡོང་བཟང་པོས་འབྲས་བུ་ངན་པ་བསྐྱེད་མི་སྲིད༌ལ། ཤིང་སྡོང་ངན་པས་ཀྱང་འབྲས་བུ་བཟང་པོ་བསྐྱེད་མི་སྲིད། 19འབྲས་བུ་བཟང་པོ་མི་བསྐྱེད་པའི་ཤིང་སྡོང་ཐམས་ཅད་བཅད་དེ་མེའི་ནང་དུ་འཕེན་པར་བྱེད། 20དེའི༌ཕྱིར། ཁྱོད་ཅག་གིས་དེ་དག་གི་འབྲས་བུ་ལ་བལྟས་ནས་དེ་དག་སུ་ཡིན་ཤེས་པར་འགྱུར༌རོ།། 21བདག་ལ་གཙོ་བོ་ལགས་གཙོ་བོ་ལགས་ཞེས་ཞུས་པའི་མི་ཐམས་ཅད་ནམ་མཁའི་རྒྱལ་སྲིད་དུ་ཞུགས་ཐུབ་པ་མིན༌ཏེ། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་བདག་གི་ཡབ་ཀྱི་ཐུགས་དགོངས་ལྟར་སྒྲུབ་མཁན་ཁོ་ན་ཞུགས་ཐུབ་པ་ཡིན། 22མ་འོངས་པའི་ཉིན་མོ༌དེར། མི་མང་པོས་བདག་ལ་གཙོ་བོ་ལགས། གཙོ་བོ༌ལགས། ངེད་ཅག་གིས་ཁྱེད་ཀྱི་མཚན་ལ་བརྟེན་ནས་ལུང་བསྟན་པ་མ་ཡིན༌ནམ། ཁྱེད་ཀྱི་མཚན་ལ་བརྟེན་ནས་གདོན་འདྲེ་བཏུལ་བ༌དང༌། དོན་ངོ་མཚར་ཅན་མང་པོ་བསྒྲུབས་པ་མ་ཡིན་ནམ་ཞེས་ཟེར་ངེས༌ལ། 23དེའི༌ཚེ། བདག་གིས་མི་དེ་རྣམས་ལ། བདག་གིས་ཁྱོད་རྣམས་གཏན་ནས་ངོ་མི་ཤེས༌པས། ཉེས་པ་བྱེད་མཁན་ཁྱོད་རྣམས་བདག་གི་དྲུང་ནས་ཕར་སོང་ཞིག་ཅེས་ཟེར་བར་འགྱུར་ཞེས་གསུངས༌སོ།།

བཟོ་བ་མཁས་བླུན་གྱི༌དཔེ།

24ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེའི༌ཕྱིར། བདག་གིས་སྨྲས་པའི་བཀའ་འདི་དག་སུ་ཞིག་གིས་ཐོས་ཤིང་དེ་བཞིན་དུ་བསྒྲུབས༌ན། དེ་ནི་མི་བློ་རིག་ཅན་ཞིག་གིས་རྡོ་ཕ་བོང་གི་སྟེང་དུ་ཁང་པ་བཟོས་པ་དང༌འདྲ། 25དེ་ནས་ཆར་འབབ་ཅིང་ཆུ་ལོག་འབྱུང་བ༌དང༌། རླུང་གཡུགས་ནས་ཁང་པ་དེ་ལ་ཐོགས་ཀྱང་མི་བརྡིབ༌སྟེ། རྒྱུ་མཚན་ནི་ཁང་པ་དེ་རྡོ་ཕ་བོང་གི་སྟེང་དུ་བརྩིགས་ཡོད་པའི་ཕྱིར༌རོ།། 26བདག་གིས་སྨྲས་པའི་བཀའ་འདི་དག་སུ་ཞིག་གིས་ཐོས་ཀྱང་དེ་བཞིན་དུ་མི་བསྒྲུབ༌ན། དེ་ནི་མི་བླུན་པོ་ཞིག་གིས་བྱེ་མའི་སྟེང་ཏུ་ཁང་པ་བརྩིགས་པ་དང༌འདྲ། 27དེ་ནས་ཆར་བ་འབབ་ཅིང་ཆུ་ལོག་འབྱུང་བ༌དང༌། རླུང་གཡུགས་ནས་ཁང་པ་དེ་ལ་ཐོགས་ཤིང་བརྡིབས་ཏེ་ཡོངས་སུ་བརླག་པར་འགྱུར་ཞེས་གསུངས་སོ།། 28-29དེ་ནས་སྐྱབས་མགོན་ཡེ་ཤུས་བཀའ་དེ་ཐམས་ཅད་གསུངས་ཚར་བ༌དང༌། ཁོང་གིས་མི་རྣམས་ལ་ཆོས་གསུངས་པ་ནི་མཁན་པོ་རྣམས་དང་མི་འདྲ༌བར། མི་དབང་ཐང་ཅན་ཞིག་གིས་གསུངས་པ་དང་འདྲ༌བས། ཁོང་གི་གསུང་ཐོས་པའི་མི་རྣམས་ངོ་མཚར་བར་གྱུར༌ཏོ།།

མད་ཐཱ 8

མཛེ་ནད་བྱུང་བའི་མི་གསོས༌པ།

1དེ་ནས་སྐྱབས་མགོན་ཡེ་ཤུ་རི་བོ་ལས་མར་བབས་ཤིང་མི་སྐོར་ཚོ་མང་པོའང་ཁོང་གི་རྗེས་སུ་འབྲངས། 2དེའི་དུས༌སུ། མཛེ་ནད་བྱུང་བའི་མི་ཞིག་ཁོང་གི་དྲུང་དུ་ཡོང་ནས་ཁོང་ལ་ཕྱག་འཚལ༌ཏེ། གཙོ་བོ་ལགས། ཁྱེད་ཐུགས་མཉེས་པ་ཡིན༌ན། ཁྱེད་ཀྱིས་ང་རང་གཙང་མར་མཛད་ནུས་པ་ཡིན་ཞེས་ཞུས་པ༌ན། 3སྐྱབས་མགོན་ཡེ་ཤུས་ཕྱག་བརྐྱངས་ནས་ཁོ་ལ་རེག༌སྟེ། ང་རང་འཐད་པ༌ཡིན། ཁྱོད་རང་གཙང་མར་གྱུར་ཅིག་ཅེས་གསུངས་མ་ཐག་མི་དེའི་མཛེ་ནད་བསལ་ནས་གཙང་མར་གྱུར། 4ཡང་ཁོང་གིས་མི་དེ་ལ་འདི་སྐད༌དུ། ཁྱོད་ཀྱིས་གཟབ་གཟབ་གྱིས། དོན་འདི་གཞན་སུ་ལའང་མི་སྨྲ་བར་གྱིས། ཁྱོད་རང་ཕྱིར་སོང་ནས་རང་གི་ལུས་པོ་མཆོད་དཔོན་ལ་སྟོན༌ཅིག མི་རྣམས་ལ་བདེན་དཔང་བྱེད་པའི་ཆེད་དུ་མོ་ཤེ་ཡིས་བཀའ་གནང་ཡོད་པ་བཞིན་མཆོད་པ་ཕུལ་ཅིག་ཅེས་གསུངས༌སོ།།

བརྒྱ་དཔོན་གྱི་དད༌པའི་སྐོར།

5དེ་ནས་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཀཱ་ཕར་ན་ཧུམ་དུ་ཕེབས་པ༌ན། བརྒྱ་དཔོན་ཞིག་ཁོང་གི་དྲུང་དུ་ཡོང༌སྟེ། 6གཙོ་བོ་ལགས། བདག་གི་གཡོག་པོ་ཞ་བོར་གྱུར༌ཅིང༌ཁྱིམ་ནས་ཉལ་སར་ལྷུང་སྟེ། སྡུག་བསྔལ་ཧ་ཅང་ཆེ་ཞེས་ཞུས་པ༌ལ། 7སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ང་རང་སོང་ནས་ཁོའི་ནད་གཞོམ་པར་བྱ་ཞེས་གསུངས་པ༌དང༌། 8བརྒྱ་དཔོན་ན༌རེ། གཙོ་བོ་ལགས། ཁྱེད་རང་ཕྲན་ཆུང་བདག་ལྟ་བུ་ཞིག་གི་ཁྱིམ་དུ་ཕེབས་ན་ང་རང་མི་འོས༌པས། ཁྱེད་ཀྱིས་བཀའ་ཞིག་གསུངས༌དང༌། བདག་གི་གཡོག་པོའི་ནད་བསལ་ངེས་ཡིན༌ཏེ། 9ང་ནི་གཞན་གྱི་དབང་འོག་གི་མི་ཡིན༌ལ། ངའི་དབང་འོག་ཏུའང་དམག་མི་ཡོད༌དེ། ངས་མི་འདིར་སོང་ཞིག་ཅེས་སྨྲས་ན་ཁོ་རང་ཕར་འགྲོ་དགོས༌ཤིང༌། མི་གཞན་ལ་ཤོག་ཅིག་ཅེས་སྨྲས་ན་ཁོ་རང་འདིར་ཡོང་བ༌ཡིན། བདག་གིས་གཡོག་པོར་ལས་ཀ་འདི་སྒྲུབས་ཤིག་ཅེས་སྨྲས་ན་ཁོས་བསྒྲུབ་པར་འགྱུར་བའི་ཕྱིར་རོ་ཞེས་ཞུས་སོ།། 10དེ་ནས་སྐྱབས་མགོན་ཡེ་ཤུས་གཏམ་དེ་ཐོས་ནས་ངོ་མཚར་སྐྱེས༌ཏེ། ཁོང་གི་རྗེས་སུ་འབྲངས་པའི་མི་རྣམས་ལ་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་བདེན་པར༌སྨྲའོ།། བདག་གིས་ཡེས་ར་ཨེལ་མི་རིགས་ལས་ཀྱང་འདི་འདྲའི་དད་སེམས་ཆེན་པོ་ཅན་ཞིག་མཐོང་མ་མྱོང༌། 11ཡང་ངས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། མ་འོངས་པར་ཕྱོགས་བཞི་མཚམས་བརྒྱད་ནས་མི་གཞན་མང་པོ་ཡོང༌སྟེ། ཨབ་ར་ཧམ༌དང༌། ཨི༌སཱག ཡ་ཀོབ་བཅས་དང་མཉམ་དུ་ནམ་མཁའི་རྒྱལ་སྲིད་དུ་གསོལ་སྟོན་ལ་ཞུགས་པར་འགྱུར། 12འོན༌ཀྱང༌། རྒྱལ་སྲིད་འདིའི་བུ་རྣམས་ནི་སྒོའི་ཕྱི་རོལ་གྱི་མུན་ནག་ནང་དུ་ཕུད༌ཅིང༌། གནས་དེ་རུ་ངུ་འབོད་བྱེད་ཅིང་ཨམ་གཙིགས་བསྡམ་པར་འགྱུར་ཞེས་གསུངས༌སོ།། 13ཡང་ཁོང་གིས་བརྒྱ་དཔོན་ལ་འདི་སྐད༌དུ། ཁྱོད་རང་ཕྱིར་སོང༌དང༌། ཁྱོད་ཀྱི་དད་པ་བཞིན་དུ་འགྲུབ་པར་འགྱུར་ཞེས་གསུངས་པ༌དང༌། དེའི་དུས་སུ་གཡོག་པོ་དེའང་ནད་ལས་ཐར༌རོ།།

མི་མང་པོའི་ནད་གསོས༌པ།

14དེ་ནས་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་པེ་ཏྲོའི་ཁྱིམ་དུ་ཕེབས་པ༌ན། པེ་ཏྲོའི་སྒྱུག་མོར་ཚ་བརྒྱབ་སྟེ་ཉལ་ནས་བསྡད་ཡོད་པ་གཟིགས། 15ཁོང་གིས་ཁོ་མོའི་ལག་པར་རེག་པ་དང་ཚ་བཞག་ཅིང༌། ཁོ་མོ་ཡར་ལངས་ནས་ཁོང་ལ་ཞབས་ཕྱི་བྱས་སོ།། 16ཉིན་དེའི་མཚན༌མོར། མི་རྣམས་ཀྱིས་གདོན་འདྲེས་བཟུང་བའི་མི་མང་པོ་ཁོང་གི་དྲུང་དུ་ཁྲིད་ཡོང་བ༌དང༌། ཁོང་གིས་བཀའ་གནང་སྟེ་གདོན་འདྲེ་རྣམས་ཕར་བསྐྲད་ཅིང་ནད་པ་ཐམས་ཅད་གསོས་པའོ།། 17དེ་ལ་ལུང་སྟོན་པ་ཡེ་ཤ་ཡཱ་ཡི་མདོ་ལས་ཇི་སྐད༌དུ། ཁོང་གིས་ང་ཚོའི་རྒུད་པ་དག་གི་འཐུས་ཚབ༌མཛད།། ཁོང་གིས་ང་ཚོའི་ནད་རིགས་སྣ་ཚོགས་ཁུར་དུ༌བཞེས།། ཞེས་གསུངས་པ་བཞིན་འགྲུབ་པའི་ཕྱིར་དེ་ལྟར་བྱུང༌ངོ༌།། སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲང་མཁན་གྱི་འོས་འགན༌སྐོར། 18དེ་ནས་སྐྱབས་མགོན་ཡེ་ཤུས་མི་མང་པོས་རང་ཉིད་བསྐོར་བ་གཟིགས་ཏེ་མཚོའི་ཕ་རོལ་ཏུ་འགྲོའོ་ཞེས་བཀའ་གནང་བ༌དང༌། 19དེའི་དུས༌སུ། མཁན་པོ་ཞིག་ཁོང་གི་དྲུང་དུ་ཡོང༌སྟེ། སློབ་དཔོན་ལགས། ཁྱེད་རང་གང་དུ་ཕེབས་ནའང་ང་རང་ཁྱེད་ཀྱི་རྗེས་སུ་འབྲང་ངོ་ཞེས་ཞུས་པ༌ན། 20སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཝ་ལ་ཁུང་བུ་དང་ནམ་མཁའི་བྱ་ལའང་ཚང་ཡོད༌ཀྱང༌། མིའི་བུ་ལ་མགོ་སྔས་ས་ཙམ་ཡང་མེད་ཅེས་གསུངས་སོ།། 21ཡང་རྗེས་འབྲང་པ་རྣམས་ལས་མི་ཞིག་ན༌རེ། གཙོ་བོ་ལགས། ང་རང་ཐོག་མར་རང་ཡུལ་དུ་ཕ་དུར་ལ་སྦ་རུ་འགྲོ་བར་མཛོད་ཅེས་ཞུས་པ༌ལ། 22སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བེམ་པོ་དང་འདྲ་བའི་མི་དག་ལ་རང་གི་བེམ་པོ་དུར་དུ་སྦ་བར་གྱིས་ཤིག ཁྱོད་རང་བདག་གི་རྗེས་སུ་འབྲང་བར་གྱིས་ཞེས་གསུངས༌སོ།།

རླུང་ཤུགས་དང་མཚོ་རླབས་ཞི་བར་མཛད༌པ།

23དེ་ནས་སྐྱབས་མགོན་ཡེ་ཤུ་མཚོ་གྲུར་བཞུགས་ཤིང་ཐུགས་སྲས་རྣམས་ཀྱང་ཁོང་གི་རྗེས་སུ་འབྲངས། 24གློ་བུར་ཉིད་ལ་རླུང་ཆེན་གཡུགས་ཏེ་མཚོའི་རྦ་རླབས་ཀྱིས་མཚོ་གྲུ་བཀབ་ནའང་ཁོང་ཉིད་གཟིམས་འདུག་གོ། 25ཐུགས་སྲས་རྣམས་ཀྱིས་ཁོང་གཟིམས་ལས་བསླངས༌ཏེ། གཙོ་བོ༌ལགས། བདག་ཅག་འཆི་ལ་ཉེ་བས་སྐྱོབ་པར་མཛོད་ཅེས་ཞུས་པ༌ལ། 26ཁོང་གིས་དེ་རྣམས་ལ་འདི་སྐད༌དུ། དད་པ་ཆུང་བ་ཁྱོད་རྣམས་ཅིའི་ཕྱིར་སྐྲག་གམ་ཞེས་གསུངས༌ཤིང༌ཡར་བཞེངས་ཏེ། རླུང་དང་མཚོ་ལ་བཀའ་བཀྱོན་མཛད་པ༌ན། རླུང་དང་མཚོའང་ཡོངས་སུ་ཞི་བར་གྱུར། 27ཐུགས་སྲས་རྣམས་དོན་དེར་ངོ་མཚར་སྐྱེས༌ཏེ། རླུང་དང་མཚོ་ཡིས་ཀྱང་ཁོང་གི་བཀའ་ལ་མཉན་པས་མི་འདི་ནི་ཅི་ལྟ་བུ་ཞིག་ཡིན་ནམ་ཞེས་སྨྲས༌སོ།།

གདོན་འདྲེས་བཟུང་བའི་མི་གཉིས་གསོས༌པ།

28སྐྱབས་མགོན་ཡེ་ཤུ་མཚོའི་ཕ་རོལ་གྱི་གེ་ར་སཱ་ཡུལ་དུ་ཕེབས་པ༌ན། གདོན་འདྲེས་བཟུང་བའི་མི་གཉིས་དུར་ཁྲོད་ནས་ཐོན་ཏེ་ཁོང་ལ་མཇལ། མི་དེ་གཉིས་ནི་ཤིན་ཏུ་གཏུམ་དྲག་ཆེ༌བས། ཐ་ན་མི་སུ་ཡང་ལམ་དེ་བརྒྱུད་ནས་འགྲོ་མི་ཕོད། 29དེ་གཉིས་ཀྱིས་སྐད་ཆེན༌པོས། ཀྱེ། དཀོན་མཆོག་གི༌སྲས། ཁྱེད་རང་ངེད་གཉིས་དང་འབྲེལ་བ་ཅི་མཆིས༌སམ། དུས་དེ་ད་དུང་མ་ཐོན་པས། ཁྱེད་ཉིད་འདིར་ཕེབས་ནས་ངེད་གཉིས་སྡུག་ལ་སྦྱོར་རམ་ཞེས་སྨྲས། 30དེ་རྣམས་དང་རྒྱང་ཐག་རིང་བའི་ས་ན་ཕག་ཁྱུ་ཆེན་པོ་ཞིག་འཚོ་བཞིན་ཡོད༌ལ། 31གདོན་འདྲེ་དག་གིས་སྐྱབས་མགོན་ཡེ་ཤུ་ལ་འདི་ལྟར་སྨྲས༌པ། གལ་ཏེ། ཁྱེད་ཀྱིས་ངེད་རྣམས་ཕར་སྐྲོད༌ན། ཕག་ཁྱུའི་ནང་དུ་འཇུག་པར་མཛོད་ཅེས་ཞུ་བ་ཞུས་པ༌དང༌། 32སྐྱབས་མགོན་ཡེ་ཤུས་གདོན་འདྲེ་དེ་རྣམས་ལ་སོང་ཞིག་ཅེས་བཀའ་གནང༌བས། གདོན་འདྲེ་དེ་དག་ཕྱི་རུ་ཐོན་ཏེ་ཕག་ཁྱུའི་ནང་དུ་ཞུགས་པ༌དང༌། ཕག་ཐམས་ཅད་གཡང་གཟར་ནས་བརྒྱུགས་ཤིང་མཚོ་ནང་དུ་ལྷུང་སྟེ་ནུབ་ནས༌ཤིའོ།། 33དེ་ནས་ཕག་རྫི་རྣམས་བྲོས་ནས་གྲོང་ཁྱེར་དུ་སོང༌སྟེ། དོན་དེ་ཐམས་ཅད་དང་གདོན་འདྲེས་བཟུང་བའི་མི་གཉིས་ལ་ཅི་ཞིག་བྱུང་བ་མི་རྣམས་ལ་སྨྲས་པ༌དང༌། 34གྲོང་ཁྱེར་དེའི་མི་ཐམས་ཅད་སྐྱབས་མགོན་ཡེ་ཤུ་འཚོལ་དུ་སོང༌སྟེ། ཁོང་མཐོང་ནས་ཁོ་རྣམས་ཀྱི་ཡུལ་དང་འབྲལ་དགོས་པར་ཞུ་བ་བྱས༌སོ།།

མད་ཐཱ 9

མི་ཞ་བོ་ཞིག་གསོས༌པ།

1སྐྱབས་མགོན་ཡེ་ཤུ་མཚོ་གྲུར་བཞུགས་ནས་མཚོ་ལས་བརྒལ་ཏེ་རང་ཉིད་བཞུགས་སའི་གྲོང་ཁྱེར་དུ་ཕེབས་པ༌ན། 2མི་རྣམས་ཀྱིས་ཞ་བོ་ཞིག་ཁྱོགས་ཤིང་སྟེང་བཞག་ནས་ཁོང་གི་དྲུང་དུ་ཁུར་ཡོང་བ༌དང༌། སྐྱབས་མགོན་ཡེ་ཤུས་དེ་རྣམས་ཀྱི་དད་སེམས་གཟིགས་ཏེ་ཞ་བོ་དེ་ལ་འདི་སྐད༌དུ། སྙིང་གི༌བུ། སེམས་བདེ་བར་གྱུར༌ཅིག ཁྱོད་ཀྱི་སྡིག་པ་བསལ་བ་ཡིན་ཞེས་གསུངས་སོ།། 3མཁན་པོ་འགའ་ཞིག་ཡོད་པའི་སེམས་སུ། མི་འདིས་དཀོན་མཆོག་གི་དབུ་འཕང་སྨད་ཀྱིན་འདུག་བསམས་པ་རེད། 4དེ་ནས་སྐྱབས་མགོན་ཡེ་ཤུས་དེ་དག་གི་བསམ་ཚུལ་མཁྱེན་ཏེ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་ཅིའི་ཕྱིར་ངན་སེམས་བཅངས་པ་ཡིན༌ནམ། 5ཁྱོད་ཀྱི་སྡིག་པ་བསལ་བ་ཡིན་ཞེས་ཟེར༌བ་དང་། ཡར་ལོངས་ལ་སྐྱོད་ཅིག་ཅེས་ཟེར་བ་གཉིས་ལས་གང་ཞིག་སླའམ། 6འོན་ཀྱང་། འདི་ནི་ས་སྟེང་དུ་མིའི་བུ་ལ་སྡིག་པ་བསལ་བའི་དབང་ཡོད་པ་ཁྱོད་རྣམས་ཀྱིས་ཤེས་པའི་ཕྱིར་ཡིན་ཞེས་གསུངས༌རྗེས། ཁོང་གིས་ཞ་བོ་དེ་ལ་འདི་སྐད༌དུ། ཁྱོད་རང་ཡར་ལོངས༌དང༌། ཁྱོགས་ཤིང་ཁུར་ནས་རང་ཡུལ་དུ་སོང་ཞིག་ཅེས་བཀའ་གནང་བ༌དང༌། 7མི་དེ་ཡར་ལངས་ནས་རང་ཡུལ་དུ་ཕྱིན་པ་རེད། 8དོན་དེ་མི་ཚོགས་ཀྱིས་མཐོང་ནས་ངོ་མཚར་སྐྱེས་ཏེ་དཀོན་མཆོག་ལ་བསྟོད་བསྔགས་ཕུལ། རྒྱུ་མཚན་ནི་དཀོན་མཆོག་གིས་མི་ལ་དབང་དེ་ལྟ་བུ་གནང་བའི་ཕྱིར༌རོ།།

མད་ཐཱ་ཚུར་བོས༌པ།

9དེ་ཡང་སྐྱབས་མགོན་ཡེ་ཤུ་གནས་དེ་ནས་ཕར་ཕེབས་པ༌ལ། མད་ཐཱ་ཞེས་པ་ནི་ཁྲལ་སྡུད་སར་བསྡད་ཡོད་པ་གཟིགས་ཏེ་འདི་སྐད༌དུ། ཁྱོད་རང་ངའི་རྗེས་སུ་ཤོག་ཅེས་གསུངས་པ༌ན། ཁོ་རང་ཡར་ལངས་ཏེ་ཁོང་གི་རྗེས་སུ་འབྲངས་སོ།། 10སྐྱབས་མགོན་ཡེ་ཤུས་ཁང་པའི་ནང་དུ་ཞལ་ཟས་བཞེས་ནས་སྡོད་པའི་དུས༌སུ། ཁྲལ་ལེན་མཁན་དང་མི་སྡིག་ཅན་མང་པོ་ཡོང༌སྟེ། སྐྱབས་མགོན་ཡེ་ཤུ་དང་ཁོང་གི་ཐུགས་སྲས་རྣམས་དང་མཉམ་དུ་བཟའ་བཏུང་སྤྱད་ནས་བསྡད་དོ།། 11དོན་དེ་ཕ་རུ་ཤི་པ་རྣམས་ཀྱིས་མཐོང་སྟེ་ཁོང་གི་ཐུགས་སྲས་རྣམས་ལ་འདི་ལྟར་སྨྲས༌པ། ཁྱོད་ཅག་གི་སྟོན་པས་ཅིའི་ཕྱིར་ཁྲལ་ལེན་མཁན་དང་མི་སྡིག་ཅན་རྣམས་དང་མཉམ་དུ་བཟའ་བཏུང་ལ་རོལ་བ་ཡིན་ནམ་ཞེས་པ༌ན། 12སྐྱབས་མགོན་ཡེ་ཤུས་གཏམ་དེ་ཐོས་ནས་དེ་རྣམས་ལ་འདི་སྐད༌དུ། ལུས་ཁམས་བདེ་བའི་མིས་སྨན་པ་བསྟེན་མི་དགོས༌མོད། འོན་ཀྱང་ནད་པས་ད་གཟོད་སྨན་པ་བསྟེན་དགོས་པ་ཡིན། 13ཁྱོད་རྣམས་ཕར་སོང་ལ། བདག་ནི་མཆོད་པར་མི་དགའ་ཞིང་སྙིང་རྗེའི་སེམས་ལ་དགའ་ཞེས་གསུངས་པའི་དོན་ཅི་ཡིན་པ་སློབས༌ཤིག བདག་ནི་མི་གཞུང་དྲང་རྣམས་འབོད་དུ་འོངས་པ་མ་ཡིན༌པར། མི་སྡིག་ཅན་རྣམས་འབོད་དུ་ཡོང་བ་ཡིན་ཞེས་གསུངས༌སོ།།

སྨྱུང་གནས་ཀྱི༌སྐོར།

14དེའི་དུས༌སུ། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སློབ་མ་འགའ་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང༌སྟེ། ངེད་ཅག་དང་ཕ་རུ་ཤི་པ་རྣམས་ཀྱིས་རྒྱུན་དུ་སྨྱུང་གནས་སྲུང་བཞིན་ཡོད༌ནའང༌། ཁྱེད་ཀྱི་ཐུགས་སྲས་རྣམས་ཀྱིས་སྨྱུང་གནས་མི་སྲུང་བ་ཅི་ཞེས་ཞུས་པ༌ན། 15ཁོང་གིས་དེ་རྣམས་ལ་འདི་སྐད༌དུ། སྐུ་མགྲོན་རྣམས་མག་པ་དང་མཉམ་དུ་ཡོད་དུས་ཡིད༌སྐྱོའམ། འོན་ཀྱང་མག་པ་དེ་ཁོ་ཚོ་དང་ཁ་འབྲལ་བའི་དུས་ཤིག་སླེབ་ཡོང༌སྟེ། དུས་དེར་ཁོ་ཚོས་སྨྱུང་གནས་བསྲུང་ངེས༌ཡིན། 16མི་སུ་ཡིན་ཡང་རས་གསར་པས་ལྭ་རྙིང་བར་ལྷན་པ་མི་རྒྱག༌སྟེ། རས་གསར་པས་ལྷན་པ་བརྒྱབ་ན་ལྭ་རྙིང་བ་དེ་ལས་རལ་ཞིང་སྲུབས་ཀ་ཇེ་ཆེར༌འགྲོའོ།། 17ཡང་མི་སུ་ཡིན་ཡང་རྒུན་ཆང་གསར་པ་སྐྱི་ཁུག་རྙིང་བའི་ནང་དུ་མི་ལྡུག༌སྟེ། གལ་ཏེ་བླུག་ན་སྐྱི་ཁུག་རྙིང་བ་རལ་ཏེ་རྒུན་ཆང་བཞུར་འགྲོ་ཞིང་སྐྱི་ཁུག་ཀྱང་བརླག་པར་འགྱུར༌བས། རྒུན་ཆང་གསར་པ་དེ་སྐྱི་ཁུག་གསར་པའི་ནང་དུ་བླུག་ན་ད་གཟོད་དེ་གཉིས་ཀ་བརླག་པར་མི་འགྱུར་ཞེས་གསུངས༌སོ།།

མོ་ནད་བསལ་བ་དང་ཤི་ཟིན་པའི་བུ་མོ་སླར་གསོན༌པ།

18སྐྱབས་མགོན་ཡེ་ཤུས་དེ་སྐད་གསུང་བའི་དུས༌སུ། ཆོས་ཁང་གི་དབུ་འཛིན་པ་ཞིག་ཡོང་ནས་ཁོང་ལ་ཕྱག་འཚལ༌ཏེ། ངའི་བུ་མོ་ཅང་མ་འགོར་བའི་སྔོན་ལ་ཤི་བས། ཁྱེད་རང་ཕེབས་ནས་ཁོ་མོའི་ལུས་ལ་ཕྱག་བཞག༌ན། བུ་མོ་སླར་གསོན་པར་ངེས་ཞེས་ཞུས་པ༌དང༌། 19སྐྱབས་མགོན་ཡེ་ཤུ་ཡར་བཞེངས་ཏེ་ཐུགས་སྲས་རྣམས་དང་མཉམ་དུ་ཁོའི་རྗེས་སུ་འབྲངས་ནས་ཕེབས༌སོ།། 20དེའི་ཚེ། ཁྲག་འཛིར་བའི་མོ་ནད་བྱུང༌སྟེ་ལོ་བཅུ་གཉིས་འགོར་བའི་བུད་མེད་ཅིག་ཁོང་གི་སྐུ་རྒྱབ་ཏུ་ཡོང༌སྟེ། ཁོང་གི་ན་བཟའི་འདབས་ཁར་རེག 21རྒྱུ་མཚན་ནི་ཁོ་མོའི་སེམས༌སུ། ངས་ཁོང་གི་ན་བཟའ་ལ་རེག༌ན། ང་རང་ནད་ལས་ཐར་ངེས་ཡིན་བསམས་པའི་ཕྱིར༌རོ།། 22སྐྱབས་མགོན་ཡེ་ཤུ་ཕྱིར་འཁོར་ནས་བུད་མེད་དེར་གཟིགས་ཤིང་འདི་སྐད༌དུ། བུ༌མོ། སེམས་བདེ་བར་གྱིས། ཁྱོད་ཀྱི་དད་པས་ཁྱོད་རང་བསྐྱབས་པ་ཡིན་ཞེས་གསུངས་མ་ཐག་ཏུ་བུད་མེད་དེ་ནད་ལས་ཐར་རོ།། 23ཁོང་རྣམས་ཆོས་ཁང་གི་དབུ་འཛིན་པའི་ཁྱིམ་དུ་སླེབས་པ༌དང༌། གླིང་བུ་འབུད་མཁན་དང་མི་ཚོགས་ཀྱིས་འུར་རྒྱག་བཞིན་པ་གཟིགས་ཏེ་འདི་སྐད༌དུ། 24ཕར་སོང༌ཞིག བུ་མོ་འདི་ཤི་བ་མིན་པར་གཉིད་འདུག་ཅེས་གསུངས་པ༌ལ། མི་དེ་རྣམས་ཀྱིས་ཁོང་ལ་འཕྱ་དགོད་བྱས། 25འོན་ཀྱང་ཁོང་གིས་མི་ཚོགས་ཕྱི་རུ་བསྐྲད༌རྗེས། དབུ་འཛིན་པའི་ཁྱིམ་ནང་དུ་ཕེབས་ཤིང་བུ་མོ་དེའི་ལག་པར་འཇུས་པ་དང་བུ་མོ་ཡར་ལངས༌སོ།། 26ཁོང་གིས་མཛད་པའི་དོན་ནི་ཡུལ་དེའི་ཕྱོགས་ཀུན་ཏུ་ཁྱབ་བོ།། ལོང་བ་དང་ལྐུགས་པ་གསོས༌པ། 27སྐྱབས་མགོན་ཡེ་ཤུ་གནས་དེ་ནས་ཡུལ་གཞན་དུ་ཕེབས་པའི་དུས༌སུ། ལོང་བ་གཉིས་ཁོང་གི་རྗེས་སུ་འབྲངས་ཏེ་སྐད་ཆེན༌པོས། ཀྱེ། དཱ་བིད་ཀྱི་རིགས༌སྲས། ངེད་གཉིས་ལ་སྙིང་རྗེས་གཟིགས་རོགས་ཞེས་ཞུས༌པ་ལ། 28ཁོང་ཉིད་ཁང་པའི་ནང་དུ་ཕེབས་པ༌ན། ལོང་བ་དེ་གཉིས་ཀྱང་ཁོང་གི་དྲུང་དུ་ཡོང་བ༌དང༌། སྐྱབས་མགོན་ཡེ་ཤུས་མི་དེ་གཉིས་ལ་འདི་སྐད༌དུ། བདག་གིས་ཁྱོད་གཉིས་ཀྱི་མིག་ཟུང་གསོ་ནུས་པར་ཁྱོད་གཉིས་ཡིད་ཆེས་སམ་ཞེས་གསུངས་པ༌ན། དེ་གཉིས་ན༌རེ། གཙོ་བོ༌ལགས། ཁྱེད་ལ་ཡིད་ཆེས་པ་ཡིན་ཞེས་ཞུས་པ༌དང༌། 29ཁོང་གིས་མི་དེ་གཉིས་ཀྱི་མིག་ཟུང་ལ་ཕྱག་གིས་རེག༌སྟེ། ཁྱོད་གཉིས་ཀྱི་དད་པ་བཞིན་དུ་འགྲུབ་པར་གྱུར་ཅིག་ཅེས་གསུངས་མ་ཐག༌ཏུ། 30དེ་གཉིས་ཀྱི་མིག་ཟུང་གིས་མཐོང་ཐུབ་པར་གྱུར། སྐྱབས་མགོན་ཡེ་ཤུས་མི་དེ་གཉིས་ལ་འདི་སྐད༌དུ། ཁྱོད་གཉིས་ཀྱིས་གཟབ་པར༌གྱིས། དོན་འདི་མི་གཞན་སུ་ལའང་ཤེས་སུ་འཇུག་མི་རུང་ཞེས་ནན་གྱིས་བསྐུལ་ཞིང་བཀའ་གནང༌ཡང༌། 31ཁོ་གཉིས་ཕྱི་རོལ་ཏུ་སོང་ནས་ཁོང་གི་གནས་ཚུལ་ཡུལ་དེའི་ཕྱོགས་ཀུན་ཏུ་བསྒྲགས༌སོ།། 32མི་དེ་གཉིས་ཕྱི་རོལ་ཏུ་འགྲོ་བའི་དུས༌སུ། མི་འགའ་ཞིག་གིས་གདོན་འདྲེས་བཟུང་བའི་ལྐུགས་པ་ཞིག་ཁོང་གི་དྲུང་དུ་ཁྲིད་ཡོང་བ༌དང༌། 33ཁོང་གིས་གདོན་འདྲེ་དེ་ཕྱིར་བསྐྲད་པ་དང་ལྐུགས་པས་སྐད་ཆ་སྨྲ་ནུས་པར་གྱུར༌པས། གནས་དེར་ཚོགས་པའི་མི་རྣམས་ངོ་མཚར་སྐྱེས༌ཏེ། ཡེས་ར་ཨེལ་གྱི་ཡུལ་ནས་དོན་འདི་འདྲ་ཞིག་གཏན་ནས་མཐོང་མ་མྱོང་ཞེས་སྨྲས། 34འོན་ཀྱང་ཕ་རུ་ཤི་པ་རྣམས་ན༌རེ། ཁོས་བདུད་ཀྱི་རྒྱལ་པོར་བརྟེན་ནས་གདོན་འདྲེ་སྐྲོད་བཞིན་འདུག་ཅེས་སྨྲས༌སོ།།

སྟོན་ཐོག་སྡུད་མཁན་ཉུང་བ།

35སྐྱབས་མགོན་ཡེ་ཤུ་གྲོང་ཁྱེར་དང་ཡུལ་སྡེ་ཀུན་ཏུ་ཕེབས༌ཤིང༌། ཆོས་ཁང་དག་ནས་ཆོས་གསུངས་ཤིང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་བསྒྲགས་པ༌དང༌། ནད་རིགས་ཡོད་པ་དང་ལུས་ཟུངས་ཞན་པ་སྣ་ཚོགས་ཀྱང་གསོས་སོ།། 36ཡང་ཁོང་གིས་མི་རྣམས་ཀྱི་ཡིད་གདུང་ཞིང་ཉམ་ཐག་པའི་ཚུལ་ནི་རྫི་བོ་མེད་པའི་ལུག་དང་འདྲ་བར་གཟིགས་ཏེ་ཐུགས་ལ་སྙིང་རྗེ་འཁྲུངས༌ནས། 37ཐུགས་སྲས་རྣམས་ལ་འདི་སྐད༌དུ། སྟོན་ཐོག་ཤིན་ཏུ་མང་ཡང་སྡུད་མཁན་ཉུང༌བས། 38སྟོན་ཐོག་གི་བདག་པོ་ལ་ཁོང་ཉིད་ཀྱི་སྟོན་ཐོག་བསྡུ་བའི་ཕྱིར་དུ་སྡུད་མཁན་རྣམས་མངག་པར་ཞུས་ཤིག་ཅེས་གསུངས༌སོ།།

མད་ཐཱ 10

ཐུགས་སྲས་བཅུ་གཉིས་ཡུལ་གཞན་དུ་མངགས༌པ།

1སྐྱབས་མགོན་ཡེ་ཤུས་ཐུགས་སྲས་བཅུ་གཉིས་པོ་རང་ཉིད་ཀྱི་དྲུང་དུ་བོས༌ཏེ། ཁོ་རྣམས་ལ་གདོན་འདྲེ་ཕྱིར་སྐྲོད་པ་དང་ནད་རིགས་དང་ལུས་ཟུངས་ཞན་པ་སྣ་ཚོགས་གསོ་བར་བྱེད་པའི་དབང་གནང་ངོ༌།། 2སྐུ་ཚབ་པ་བཅུ་གཉིས་ཀྱི་མཚན་ནི་སི་མོན་ཞེས་ཀྱང་འབོད་པའི་པེ་ཏྲོ༌དང༌། དེའི་སྤུན་ཨན་དྲི༌ཡཱ། ཟེ་བད་ཡཱ་ཞེས་བྱ་བའི་བུ་ཡ༌ཀོབ་དང་དེའི་སྤུན་ཡོ་ཧ༌ནན། 3ཕི་ལིབ་དང༌། པཱར་ཐོ་ལོ༌མཱ། ཐོ༌མཱ། ཁྲལ་ལེན་མཁན་མད༌ཐཱ། ཨལ་ཕཱའི་བུ་ཡ༌ཀོབ། ཐད༌དཱ། 4བརྩོན་འགྲུས་ཅན་སི༌མོན་དང་ཕྱིས་སུ་ཁོང་ལ་ངོ་ལོག་བྱེད་མཁན་ཨི་སི་ཀར་རེའི་ཡུ་དཱ་བཅས༌སོ།། 5སྐྱབས་མགོན་ཡེ་ཤུས་ཐུགས་སྲས་བཅུ་གཉིས་པོ་མངགས་ཤིང་དེ་རྣམས་ལ་བཀའ་བསྩལ་ཏེ་འདི་སྐད༌དུ། ཁྱོད་རྣམས་ཕྱི་ཕྱོགས་པའི་ལམ་དུ་མ་འགྲོ། ས་མར་ཡཱ་པའི་གྲོང་རྡལ་དུའང་མ༌འགྲོའོ།། 6འོན་ཀྱང་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་དེ་བོར་ཟིན་པའི་ལུག་རྣམས་ཀྱི་གམ་དུ་སོང༌ཞིག 7ཡང་ཁྱོད་རྣམས་འགྲོ་བའི་དུས༌སུ། ནམ་མཁའི་རྒྱལ་སྲིད་སླེབ་ལ་ཉེའོ་ཞེས་སྒྲོགས༌ཤིག 8ནད་པ་རྣམས་གསོ་བར༌གྱིས། གཤིན་པོ་རྣམས་སླར་གསོན་དུ༌ཆུག མཛེ་ནད་ཅན་རྣམས་གཙང་མར༌གྱིས། གདོན་འདྲེ་རྣམས་ཕྱིར་སྐྲོད༌ཅིག ཁྱོད་ཅག་ལ་རིན་མི་དགོས་པར་ཐོབ༌པས། མི་གཞན་ལའང་རིན་མི་ལེན་པར་སྦྱིན་པར༌གྱིས། 9ཁྱོད་རྣམས་ཀྱིས་དངུལ་ཁུག་ནང་དུ་གསེར་དངུལ་ཟངས་སོགས་མ་འཁྱེར༌ཅིག 10ལམ་ལ་ཆས༌སྐབས། ཁུག་མ༌དང༌། ནང་གོས་ལྷག་མ། བསིལ་ལྷམ། མཁར་བ་སོགས་ཅི་ཡང་མ་འཁྱེར༌ཅིག རྒྱུ་མཚན་ནི་ལས་ཀ་བྱེད་མཁན་ལ་ཁ་ཟས་ཐོབ་འོས༌པ་ཡིན། 11ཁྱོད་རྣམས་གྲོང་རྡལ་གང་དང་ཡུལ་སྡེ་གང་དུ་ཕྱིན༌ནའང༌། གནས་དེ་རུ་སུ་ཞིག་འོས་པར་རྩད་བཅད༌དེ། ཕྱིར་འགྲོ་བའི་བར་དུ་ཁྱིམ་དེར་སྡོད༌ཅིག 12ཁྱིམ་ཚང་དེ་ལ་སོང༌རྗེས། ཁྱིམ་མི་རྣམས་ལ་འཚམས་འདྲི་ཞུས༌ཤིག 13གལ་ཏེ་ཁྱིམ་ཚང་དེར་ཞི་བདེ་འཐོབ་འོས༌ན། ཁྱོད་ཅག་གི་ཞི་བདེ་ནི་ཁྱིམ་ཚང་དེ་ལ་ལྡན་པར་འགྱུར༌ཞིང༌། གལ་ཏེ་ཁྱིམ་ཚང་དེར་ཞི་བདེ་འཐོབ་མི་འོས༌ན། ཁྱོད་ཅག་གི་ཞི་བདེ་དེ་ནི་སླར་ཡང་ཁྱོད་རྣམས་ལ་ལྡན་པར་འགྱུར། 14སུ་ཞིག་གིས་ཁྱོད་རྣམས་ལ་སྣེ་ལེན་མི་བྱ༌ཞིང༌། ཁྱོད་ཅག་གིས་སྨྲས་པ་ལའང་མི་མཉན༌ན། ཁྱོད་རྣམས་ཁྱིམ་ཚང་དེའམ་གྲོང་རྡལ་དེ་དང་ཁ་འབྲལ་བའི་དུས་སུ་རྐང་པའི་སྟེང་གི་ས་རྡུལ་སྤྲུགས༌ཤིག 15བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། མ་འོངས་པར་ཉེས་ཆད་གཅོད་པའི་ཉིན་དེ་སླེབ༌ཚེ། སཱ་དོམ་དང་གཱ་མོ་ར་ཡུལ་གཉིས་ལས༌ཀྱང༌གྲོང་རྡལ་དེ་ལ་ཉེས་ཆད་ལྕི་མོ་འཕོག་ངེས་ཡིན། 16བདག་གིས་ཁྱོད་རྣམས་སྤྱང་ཁྱུའི་ཁྲོད་དུ་ལུག་རྣམས་གཏོང་བ་ལྟར་མངག་པར་བྱེད༌པས།

ཁྱོད་རྣམས་སྦྲུལ་ལྟར་བློ་རིག་མྱུར་ཞིང་ཕུག་རོན་བཞིན་དུ་ཞི་ཞིང་དུལ་བར་གྱིས།

17ཁྱོད་ཅག་གིས་མི་རྣམས་ལ་དོགས་ཟོན་བྱེད་པར༌གྱིས། རྒྱུ་མཚན་ནི་དེ་དག་གིས་ཁྱོད་རྣམས་ཁྲིམས་རར་སྤྲོད་ཅིང་ཆོས་ཁང་ནས་རྟ་ལྕག་གིས་གཞུ་ངེས་པར་མ༌ཟད། 18བདག་གི་རྐྱེན་གྱིས་ཁྱོད་རྣམས་སྤྱི་དཔོན་དང་རྒྱལ་པོ་རྣམས་ཀྱི་དྲུང་དུའང་ཁྲིད༌ནས། དེ་དག་དང་ཕྱི་ཕྱོགས་པ་རྣམས་ལ་བདེན་དཔང་བྱེད་པར་འགྱུར་རོ།། 19འོན་ཀྱང་དེ་དག་གིས་ཁྱོད་རྣམས་སྤྲོད་པའི་དུས༌སུ། ཁྱོད་ཅག་གིས་ཅི་ལྟར་སྨྲ་བ་དང་ཅི་ཞིག་སྨྲ་དགོས་པར་སེམས་ཁྲལ་མ་བྱེད༌ཅིག ཁྱོད་རྣམས་ཀྱིས་ཅི་ཞིག་སྨྲ་དགོས་པ་ནི་དུས་དེར་ཁྱོད་ཅག་ལ་གནང་ངེས༌ཡིན། 20རྒྱུ་མཚན་ནི་གཏམ་སྨྲ་མཁན་ཁྱོད་རྣམས་རང་ཉིད་མ་ཡིན༌པར།

ཁྱོད་ཅག་གི་ཡབ་ཀྱི་ཐུགས་ཉིད་ཀྱིས་ཁྱོད་ཅག་བརྒྱུད་ནས་གསུངས་པ་ཡིན་ནོ།།

21ཡང་སྤུན་གྱིས་སྤུན་དང་ཕ་ཡིས་བུ་ཕྲུག་ཀྱང་འཆི་ལམ་དུ་འཇུག་པར་ངེས༌ལ། བུ་ཕྲུག་དག་གིས་ཀྱང་ཕ་མ་དགྲ་རུ་བཟུང་ནས་གསོད་པར་འགྱུར། 22ངའི་མིང་གི་རྐྱེན་གྱིས་མི་ཐམས་ཅད་ཁྱོད་ཅག་ལ་སྡང་བར་འགྱུར༌ནའང༌། མཇུག་མཐའི་བར་དུ་བཟོད་བསྲན་བྱེད་མཁན་དེ་ལ་ཐར་པ་འཐོབ་ངེས་ཡིན། 23དེ་དག་གིས་ཁྱོད་རྣམས་ལ་གྲོང་རྡལ་གཅིག་ནས་གནོད་འཚེ་བཏང༌ཚེ། ཁྱོད་ཅག་གྲོང་རྡལ་གཞན་ལ་འབྲོ་བར་གྱིས། བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། ཁྱོད་རྣམས་ཡེས་ར་ཨེལ་ཡུལ་གྱི་གྲོང་རྡལ་ཀུན་ལ་འགྲིམ་མ་ཚར་བའི་སྔོན་དུ་མིའི་བུ་ཕྱིར་སླེབ་པར་འགྱུར་རོ།། 24སློབ་བུ་ནི་རང་གི་སློབ་དཔོན་ལས་ཆེན་པོ་མ་ཡིན༌ལ། གཡོག་པོའང་རང་གི་བདག་པོ་ལས་ཆེན་པོ་མ་ཡིན། 25སློབ་བུ་ནི་རང་གི་སློབ་དཔོན་དང་འདྲ་བ་ཙམ་དུ་འགྱུར་སྲིད༌ཅིང༌། གཡོག་པོ་ནི་རང་གི་བདག་པོ་དང་འདྲ་བ་ཙམ་དུའང་འགྱུར་སྲིད། མི་རྣམས་ཀྱིས་ཁྱིམ་བདག་ལ་ཁྱོད་ནི་པེ་ཨལ་བཟི་པད་ཡིན་ཞེས་འཕྱ་སྨོད་བྱེད༌ན། ཁོའི་ཁྱིམ་མི་རྣམས་ལ་དེ་ལས་ལྷག་ཏུ་འཕྱ་སྨོད་བྱེད་པར་འགྱུར་ཨང་། 26དེའི༌ཕྱིར། ཁྱོད་ཅག་མི་དེ་རྣམས་ལ་འཇིགས་མི་དགོས༌ཏེ། སྦས་པའི་དོན་ཐམས་ཅད་མི་མངོན་པ་ཅི་ཡང་མེད༌ལ། གསང་བའི་དོན་ཐམས་ཅད་ཀྱང་མི་ཤེས་པ་ཅི་ཡང་མེད། 27བདག་གིས་ཟུར་དུ་ཁྱོད་ཅག་ལ་ཅི་ཞིག་སྨྲས་པ༌དེ། ཁྱོད་རྣམས་ཀྱིས་མངོན་གསལ་དུ་སྨྲོས༌ཤིག ཡང་བདག་གིས་ཁྱོད་ཅག་གི་རྣ་བར་ཤུབ་ཤུབ་ཏུ་ཅི་ཞིག་སྨྲས་པ་དེའང་ཁང་པའི་ཐོག་ནས་སྒྲོགས༌ཤིག 28ལུས་པོ་གཞོམ་ཡང༌རྣམ་ཤེས་མེད་པར་བཟོ་མི་ནུས༌པ་དེ་རྣམས་ལ་ཁྱོད་ཅག་མ་འཇིགས༌ཤིག འོན༌ཀྱང༌། ལུས་པོ་དང་རྣམ་ཤེས་དམྱལ་བའི་གནས་སུ་མེད་པར་མཛད་ནུས་པ་དེ་ཉིད་ཁོ་ན་ལ་འཇིགས་དགོས༌སོ།། 29ལར་བྱེའུ་གཉིས་ཀྱི་རིན་ཐང་ནི་དོང་ཙེ་གཅིག་མ་ཡིན༌ནམ། ཁྱོད་རྣམས་ཀྱི་ཡབ་ཀྱིས་མི་མཁྱེན་པར་དེ་རྣམས་ལས་གཅིག་ཀྱང་སར་ལྷུང་བར་མི་འགྱུར༌ལ། 30ཁོང་གིས་ཁྱོད་རྣམས་ཀྱི་སྐྲའི་ཉག་མ་རེ་རེ་ཡང་གྲངས་སུ་བརྩིས་ཡོད༌པས། 31འཇིགས་མི་དགོས༌ཏེ། བྱེའུ་མང་པོ་ལས་ཀྱང་ཁྱོད་རྣམས་ལ་རིན་ཐང་ཆེན་པོ་ལྡན་ནོ།། 32དེའི༌ཕྱིར། སུ་ཞིག་གིས་མི་གཞན་གྱི་མདུན་དུ་ང་རང་ཁས་བླངས་ན། བདག་གིས་ཀྱང་ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ང་ཡི་ཡབ་ཀྱི་དྲུང་དུ་མི་དེའང་ཁས་ལེན་པར་འགྱུར། 33འོན་ཀྱང་སུ་ཞིག་གིས་མི་གཞན་གྱི་མདུན་དུ་ང་རང་ཁས་མ་བླངས༌ན།

བདག་གིས་ཀྱང་ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ང་ཡི་ཡབ་ཀྱི་དྲུང་དུ་མི་དེའང་ཁས་མི་ལེན་ནོ།།

34ཁྱོད་རྣམས་ཀྱིས་ང་རང་འཇིག་རྟེན་འདིར་ཡོང་བ་ནི་མི་རྣམས་ལ་ཞི་བདེ་བསྐྱལ་ཡོང་བའི་ཆེད་དུ་ཡིན་པར་མ་སེམས༌ཤིག ངས་མི་རྣམས་ལ་ཞི་བདེ་བསྐྱལ་ཡོང་བ་མ་ཡིན་པར་རལ་གྲི་བསྐྱལ་བའི་ཕྱིར་ཡོང་ངོ༌།། 35ང་ནི་བུ་དང་ཕ། བུ་མོ་དང་མ། མནའ་མ་དང་སྒྱུག་མོ་རྣམས་ཕན་ཚུན་དགྲ་རུ་ལང་བའི་ཕྱིར་ཡོང༌བ་ཡིན། 36མི་རྣམས་ཀྱི་དགྲ་བོ་ནི་རང་གི་ཁྱིམ་མི་དག་ཡིན་པར་འགྱུར། 37ཡང་སུ་ཞིག་གིས་བདག་ལས་ཀྱང་ཁོ་རང་གི་ཕ་མར་གཅེས༌ན། མི་དེ་ནི་བདག་གི་རྗེས་འབྲང་པ་བྱ་མི་འོས༌ཤིང༌། སུ་ཞིག་གིས་བདག་ལས་ཀྱང་རང་གི་བུ་ཕྲུག་ལ་གཅེས༌ན། མི་དེའང་བདག་གི་རྗེས་འབྲང་པ་བྱ་མི་འོས། 38ཡང་སུ་ཞིག་གིས་རང་གི་ཤིང་རྒྱ་གྲམ་ཁུར་ནས་བདག་གི་རྗེས་སུ་འབྲང་བ་མིན་ན་མི་དེའང་བདག་གི་རྗེས་འབྲང་པ་བྱ་མི་འོས། 39ཡང་མི་སུ་ལའང་རང་སྲོག་ཐོབ་པ་དེས་རང་སྲོག་འཆོར༌ཞིང༌། མི་སུས་ཀྱང་བདག་གི་དོན་དུ་རང་སྲོག་འདོར་བ་དེར་རང་སྲོག་འཐོབ་ངེས་སོ།། 40སུ་ཞིག་གིས་ཁྱོད་རྣམས་ལ་བསུ་བ་བྱས༌ན། དེ་ནི་ང་རང་ལ་བསུ་བ་བྱས་པ་ཡིན༌ལ། ཡང་སུ་ཞིག་གིས་ང་རང་ལ་བསུ་བ་བྱས༌ན། དེ་ནི་ང་རང་མངགས་མཁན་ལ་བསུ་བ་བྱས་པ་ཡིན། 41སུ་ཞིག་གིས་ལུང་སྟོན་པ་ནི་ལུང་སྟོན་པ་ཞིག་ཡིན་པའི་ཕྱིར་བསུ་བ་བྱས༌ན། མི་དེ་ལ་ལུང་སྟོན་པའི་བྱ་དགའ་འཐོབ་ངེས༌ཡིན། སུ་ཞིག་གིས་མི་གཞུང་དྲང་ལ་དེའི་མིང་གི་ཕྱིར་བསུ་བ་བྱས༌ན། མི་དེ་ལའང་མི་གཞུང་དྲང་གི་བྱ་དགའ་འཐོབ་ངེས༌ཡིན། 42བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། སུ་ཞིག་གིས་བུ་ཕྲུག་འདི་དག་ལས་གཅིག་ལ་བདག་གི་རྗེས་འབྲང་པ་ཡིན་པའི་ཕྱིར་ཆུ་གྲང་མོ་ཕོར་བ་གང་བྱིན༌ནའང༌། མི་དེའི་བྱ་དགའ་ཅི་ནས་ཀྱང་སྟོང་བར་མི་འགྱུར་ཞེས་གསུངས༌སོ།།

མད་ཐཱ 11

ཁྲུས་གསོལ་མཁན་ཡོ་ཧ་ནན་ལ་དྲིས་ལན་གནང༌བ།

1སྐྱབས་མགོན་ཡེ་ཤུས་ཐུགས་སྲས་བཅུ་གཉིས་ལ་བཀའ་གནང་ཚར༌རྗེས་ཡུལ་དེ་དང་ཁ་བྲལ་ཏེ། ཁོ་རྣམས་ཀྱི་གྲོང་ཁྱེར་དག་ཏུ་ཆོས་གསུང་བ་དང་ཆོས་བསྒྲག་པར་ཕེབས་སོ།། 2ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་བཙོན་ཁང་ནས་སྐྱབས་མགོན་མཱ་ཤི་ཀའི་མཛད་པ་རྣམས་ཐོས་ནས་རང་གི་སློབ་མ་འགའ་མངགས༌ཏེ། 3སྐྱབས་མགོན་ཡེ་ཤུ་ལ་འདི་ལྟར་ཞུས་པ་སྟེ། མ་འོངས་པར་ཕེབས་ངེས་པ་དེ་ཉིད་ནི་ཁྱེད་རང་ཡིན༌ནམ། ཡང་ན་ངེད་ཅག་གིས་ད་དུང་གཞན་ཞིག་ལ་བསྒུག་དགོས་པ་ཡིན་ཞེས་པ༌ལ། 4སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཕྱིར་སོང༌ནས། 5ལོང་བའི་མིག་གིས་མཐོང་ཞིང་གྱོལ་པོ་རྣམས་འགྲོ་བ༌དང༌། མཛེ་ནད་བསལ་ཞིང་འོན་པའི་རྣ་བས་ཐོས་པ༌དང༌། གཤིན་པོ་རྣམས་ཀྱང་སླར་གསོན་པོར་གྱུར་པ་དང༌། དབུལ་འཕོངས་རྣམས་ལ་འཕྲིན་བཟང་བསྒྲགས་པ་སོགས་ཁྱོད་རྣམས་ཀྱི་མཐོང་ཐོས་དེ་རྣམས་ཡོ་ཧ་ནན་ལ་ཤོད༌ཅིག 6བདག་གི་རྐྱེན་གྱིས་དད་པ་མི་ཉམས་པ་རྣམས་བདེའོ་ཞེས་གསུངས༌སོ།། 7མི་དེ་རྣམས་ཕྱིར་སོང༌རྗེས། སྐྱབས་མགོན་ཡེ་ཤུས་ཡོ་ཧ་ནན་གྱི་སྐོར་མི་ཚོགས་ལ་འདི་སྐད་དུ་གསུངས་པ་སྟེ། དེ་སྔོན་ཁྱོད་རྣམས་དབེན་སྟོང་དུ་ཅི་ཞིག་ལ་བལྟ་རུ་སོང༌ངམ། རླུང་གིས་གཡོས་པའི་འདམ་རྩྭ་ཞིག་ལ་བལྟ་རུ་སོང་བ་ཡིན༌ནམ། 8མ་གཞི་ཁྱོད་རྣམས་ཅི་ཞིག་ལ་བལྟ་རུ་སོང༌ངམ། ཡང་ན་སྲབ་ཅིང་འཇམ་པའི་གོས་ཆེན་གྱོན་པའི་མི་ཞིག་ལ་བལྟ་རུ་སོང༌ངམ། ལུས་ལ་སྲབ་ཅིང་འཇམ་པའི་གོས་ཆེན་གྱོན་མཁན་རྣམས་ནི་རྒྱལ་པོའི་ཕོ་བྲང་དུ་ཡོད་པ་ཡིན། 9མ་གཞི་ཁྱོད་རྣམས་ཅི་ཞིག་ལ་བལྟ་རུ་སོང༌ངམ། ཡང་ན་ལུང་སྟོན་པ་ཞིག་ལ་བལྟ་རུ་སོང༌ངམ། ལགས༌སོ། །བདག་གིས་ཁྱོད་རྣམས་ལ་སྨྲ་སྟེ། ཡོ་ཧ་ནན་ནི་ལུང་སྟོན་པ་ལས་མཆོག་ཏུ་གྱུར་པ་ཡིན། 10དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བདག་གི་ཕོ་ཉ་ཁྱོད་ཀྱི་མདུན་དུ༌མངགས།། ཁྱོད་ཀྱི་ལམ་ནི་གྲ་སྒྲིག་བྱེད་ལ༌ལྟོས།། ཞེས་བཀོད་པ་དེ་ནི་ཁོའི་སྐོར་ཡིན༌ནོ།། 11ཡང་བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། མ་ཡིས་བཙས་པ་ཐམས་ཅད་ཀྱི་ཁྲོད་ནས་ཁྲུས་གསོལ་མཁན་ཡོ་ཧ་ནན་ལས་མཆོག་ཏུ་གྱུར་པ་གཅིག་ཀྱང་མེད། འོན་ཀྱང་ནམ་མཁའི་རྒྱལ་སྲིད་ཀྱི་ནང་དུ་ཐམས་ཅད་ལས་ཆུང་བ་དེའང་ཡོ་ཧ་ནན་ལས་ཆེ་བ་ཡིན། 12ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་དུས་ནས་ད་ལྟའི་བར༌དུ། ནམ་མཁའི་རྒྱལ་སྲིད་ལ་གཞན་དག་གིས་ངོ་རྒོལ་དྲག་པོ་བྱེད་ཅིང་། གདུག་རྩུབ་ཅན་རྣམས་ཀྱིས་ཀྱང་དེ་བཙན་བཟུང་བྱེད་པ་ཡིན། 13ཡོ་ཧ་ནན་གྱི་བར་དུ་བཀའ་ཁྲིམས་དང་ལུང་སྟོན་པ་ཐམས་ཅད་ཀྱིས་ལུང་བསྟན་གནང་བའོ།། 14གལ༌ཏེ། ཁྱོད་ཅག་གིས་ཡིད་ཆེས་པར་འདོད༌ན། ཡོ་ཧ་ནན་ནི་མ་འོངས་པར་ཕེབས་ངེས་པའི་ཨེ་ལི་ཡཱ་ཡིན། 15ཡང་རྣ་བ་ཡོད་པ་ཐམས་ཅད་ཀྱིས་གཏམ་འདིར་ཉོན༌ཅིག།། 16བདག་གིས་མི་རབས་འདི་ནི་གང་ཞིག་ལ་བསྡུར་བར༌བྱའམ། དེ་རྣམས་ནི་ཁྲོམ་སྲང་དུ་སྡོད་པའི་བྱིས་པ་རྣམས་ཀྱིས་རང་གི་གྲོགས་པོ་རྣམས་བོས༌ཏེ། 17ངེད་རྣམས་ཀྱིས་ཁྱོད་རྣམས་ལ་གླིང་བུ་བུས་ཀྱང་ཁྱོད་རྣམས་བྲོ་མི་འཁྲབ། ངེད་རྣམས་ཀྱིས་སྐྱོ་གླུ་བླངས་ཀྱང་ཁྱོད་རྣམས་ངུ་བ་མིན་ཞེས་ཟེར་བ་དང༌འདྲའོ།། 18དེ་ལྟར་ཡོ་ཧ་ནན་ཡོང་ནས་མ་ཟོས་མ་འཐུངས་ཤིང་། མི་རྣམས་ཀྱིས་ཁོ་རང་གདོན་འདྲེས་བཟུང་འདུག་ཅེས་ཟེར་བ༌དང༌། 19དེ་ནས་མིའི་བུ་ཕེབས་ཏེ་བཟའ་བཏུང་ལོངས་སུ་སྤྱད༌ཅིང༌། མི་རྣམས་ཀྱིས་མི་འདི་ནི་ཤ་ཆང་ལ་རྔམ་པ་ཞིག་ཡིན༌ལ། ཁྲལ་ལེན་མཁན་དང་སྡིག་ཅན་རྣམས་ཀྱི་གྲོགས་པོ་ཡིན་ཟེར༌མོད། འོན་ཀྱང་ཤེས་རབ་ནི་དེའི་འབྲས་བུ་ལས་བདེན་ཅིང་ཡང་དག་པ་ཡིན་པར་ར་སྤྲོད་བྱུང་ཞེས་གསུངས༌སོ།།

འགྱོད་བཤགས་མ་བྱས་པའི་གྲོང་ཁྱེར་དག་གི་མི་རྣམས་ལ་བཀའ་བཀྱོན་གནང༌བ།

20སྐྱབས་མགོན་ཡེ་ཤུས་གྲོང་ཁྱེར་རྣམས་སུ་ངོ་མཚར་ཆེ་བའི་མཛད་པ་གང་མང་བསྟན༌ནའང༌། གྲོང་ཁྱེར་དེ་དག་གིས་འགྱོད་བཤགས་མ་བྱས་པས། ཁོང་གིས་འདི་སྐད་དུ་བཀའ་བཀྱོན་གནང་བ༌སྟེ། 21ཀྱེ། ཀོ་ར་ཟིན་དང་པེ་སད་དཱ་ཁྱོད་གཉིས་ལ་ཆག་སྒོ་འབྱུང༌། རྒྱུ་མཚན་ནི་ཁྱོད་གཉིས་ཀྱི་ནང་དུ་བྱུང་བའི་དོན་ངོ་མཚར་ཅན་དེ༌རྣམས། ཐཱར་དང་ཚི་ཏུན་དུ་བྱུང་བ་ཡིན༌ན། ཡུལ་དེའི་མི་རྣམས་ཀྱིས་སྔར་ནས་འགྱོད་བཤགས་བྱས་པ་དང་། ལུས་ལ་རྩིད་རས་གྱོན་ཞིང་མགོ་ལ་ཐལ་བ་གཏོར་བར་བྱེད། 22འོན་ཀྱང་བདག་གིས་ཁྱོད་གཉིས་ལ་སྨྲ་བར་བྱ༌སྟེ། ཉེས་ཆད་གཅོད་པའི་ཉིན་མོ་དེ་སླེབ༌ཚེ། ཐཱར་དང་ཚི་ཏུན་གཉིས༌ལས། ཁྱོད་གཉིས་ལ་ཉེས་ཆད་ལྕི་མོ་འཕོག་པར་འགྱུར་རོ།། 23ཀྱེ། ཀཱ་ཕར་ན་ཧུམ་ཁྱོད་ནི་ནམ་མཁའི་ཞིང་ཁམས་སུ་འདྲེན་པར་འགྱུར་རམ་ཞེ་ན་མི་འདྲེན༌ཏེ། གཤིན་པོའི་གནས་སུ་འཕེན་པར་འགྱུར། རྒྱུ་མཚན་ནི་ཁྱོད་ལ་བྱུང་བའི་ངོ་མཚར་བའི་མཛད་པ༌རྣམས། སཱ་དོམ་ནས་བྱུང་བ་ཡིན༌ན། གྲོང་ཁྱེར་དེ་ནི་ད་ལྟའི་བར་དུ་གནས་ཡོད་པ་ཡིན། 24འོན་ཀྱང་བདག་གིས་ཁྱོད་ཅག་ལ་སྨྲ་བར་བྱ༌སྟེ། ཉེས་ཆད་གཅོད་པའི་ཉིན་མོ་དེ་སླེབ༌ཚེ། སཱ་དོམ་ཡུལ་ལས་ཁྱོད་ལ་ཉེས་ཆད་ལྕི་མོ་འཕོག་པར་འགྱུར་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུས་མི་གཞན་རྣམས་ཚུར་བོས༌པ།

25དེའི་དུས༌སུ། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཀྱེ། བདག་གི་ཡབ་སྟེ་གནམ་ས་གཉིས་ཀྱི་བདག་པོ༌ལགས། ཁྱེད་ཀྱིས་དོན་འདི་རྣམས་མཁས་པ་དང་བློ་གྲོས་ཅན་ལ་གབ༌ཅིང༌། བྱིས་པ་ལྟ་བུའི་མི་རྣམས་ལ་མངོན་པར་མཛད་པས་བདག་གིས་ཁྱེད་ལ་བསྔགས་པར༌བྱེད། 26ཀྱེ། ཡབ་ལགས། དོན་དེ་ལ་ཁྱེད་ཐུགས་ཤིན་ཏུ་དགྱེས་པའི་ཕྱིར་ཡིན་ཞེས་གསུངས་སོ།། 27ཡང་འདི་སྐད་དུ། བདག་གི་ཡབ་ཀྱིས་དོན་ཐམས་ཅད་བདག་ལ་གནང་བ་ཡིན༌ལ། ཡབ་ལས་གཞན་སུ་ཞིག་གིས་ཀྱང་སྲས་ངོ་མི་ཤེས། སྲས་ཁོང་ཉིད་དང་སྲས་ཀྱིས་ཡབ་སུ་ཡིན་སྟོན་པར་འདོད་པའི་མི་ལས༌གཞན། སུས་ཀྱང་ཡབ་ངོ་མི་ཤེས་སོ།། 28དཀའ་སྡུག་ཆེན་པོ་མྱོང་བ་དང་ཁུར་བོ་ལྕི་མོས་མནན་ཡོད་པ་ཐམས་ཅད་བདག་གི་དྲུང་དུ་ཤོག༌དང༌། བདག་གིས་ཁྱོད་རྣམས་ལ་ངལ་གསོ་སྟེར་བར༌བྱའོ།། 29བདག་གི་གཉའ་ཤིང་ཁུར་ལ་བདག་ནས་སློབས༌དང༌། བདག་ནི་གཤིས་རྒྱུད་འཇམ་ཞིང་སྙེམས་ཆུང་ཡིན། དེ་ལྟར་བྱས༌ན། ཁྱོད་རྣམས་ཀྱི་སེམས་སུ་ངལ་གསོ་འཐོབ་ངེས༌ཡིན། 30རྒྱུ་མཚན་ནི་བདག་གི་གཉའ་ཤིང་བདེ་ཞིང་ངའི་ཁུར་བོའང་ཡང་ངོ་ཞེས་གསུངས༌སོ།།

མད་ཐཱ 12

ངལ་གསོ་བའི་ཉིན་གྱི་གཙོ༌བོ།

1དེའི་དུས༌སུ། ངལ་གསོ་བའི་ཉིན་མོར་སྐྱབས་མགོན་ཡེ་ཤུ་ཞིང་བར་བརྒྱུད་ནས་ཕེབས་པ༌དང༌། ཁོང་གི་ཐུགས་སྲས་རྣམས་བཀྲེས་ཏེ་འབྲུ་ཡི་སྙེ་མ་བཏོགས་ནས་ཟོས་སོ།། 2ཕ་རུ་ཤི་པ་རྣམས་ཀྱིས་དོན་དེ་མཐོང་ཞིང་ན༌རེ། གཟིགས༌དང༌། ཁྱེད་ཀྱི་ཐུགས་སྲས་རྣམས་ཀྱིས་ངལ་གསོ་བའི་ཉིན་ལ། བཀའ་ཁྲིམས་དང་འགལ་བའི་ལས་བྱེད་ཀྱིན་འདུག་ཅེས་ཞུས་པ༌དང༌། 3ཁོང་གིས་དེ་རྣམས་ལ་འདི་སྐད༌དུ། དཱ་བིད་འཁོར་དང་བཅས་པའི་ལྟོ་བ་བཀྲེས་སྐབས་ཅི་ཞིག་བྱས་པ་ཁྱོད་རྣམས་ཀྱིས་བཀླགས་མ་མྱོང༌ངམ། 4ཁོང་ཅིའི་ཕྱིར་དཀོན་མཆོག་གི་བཞུགས་གནས་སུ་སོང་སྟེ་སྤྱན་བསྟར་བག་ལེབ་ཟོས་སམ། སྤྱིར་དེ་ནི་དཱ་བིད་འཁོར་དང་བཅས་པས་ཟ་རུང་བ་ཞིག་མ་ཡིན་ཏེ། མཆོད་དཔོན་ཁོ་ན་ཡིས་ཟ་རུང༌བ་ཡིན་ནོ།། 5གཞན༌ཡང༌། མཆོད་དཔོན་རྣམས་ཀྱིས་ངལ་གསོ་བའི་ཉིན་མོར་མཆོད་ཁང་ནས་ངལ་གསོའི་ཁྲིམས་དང་འགལ་ནའང་ཉེས་པ་མེད་ཅེས་བཀའ་ཁྲིམས་ནང་དུ་ཡོད་པ་ཁྱོད་རྣམས་ཀྱིས་མ་བཀླགས༌སམ། 6བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། མཆོད་ཁང་ལས་ཀྱང་ཆེ་བ་ཞིག་འདི་རུ་ཡོད། 7འོན་ཀྱང་། ཁྱོད་རྣམས་ཀྱིས་བདག་ནི་མཆོད་པར་མི་དགའ་ཞིང་སྙིང་རྗེའི་སེམས་ལ་དགའ་ཞེས་གསུངས་པ་དེའི་དོན་རྟོགས༌ན། ཉེས་པ་མེད་པའི་མི་ལ་ཉེས་པ་ཡོད་པར་མི་བྱེད༌དེ།

8མིའི་བུ་ནི་ངལ་གསོ་བའི་ཉིན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་གསུངས༌སོ།།

9དེ་ནས་སྐྱབས་མགོན་ཡེ་ཤུ་ཡུལ་དེ་དང་ཁ་བྲལ་ནས་ཁོ་རྣམས་ཀྱི་ཆོས་ཁང་དུ་ཕེབས༌ཤིང༌། 10དེ་རུ་ལག་པ་ཡ་གཅིག་ཞ་བའི་མི་ཞིག་ཡོད༌དེ། ཕ་རུ་ཤི་པ་རྣམས་ཀྱིས་ཁོང་ལ་སྙད་འཛུགས་པའི༌ཕྱིར། ངལ་གསོ་བའི་ཉིན་མོར་ནད་གསོ་བ་ནི་བཀའ་ཁྲིམས་དང་མཐུན་ནམ་ཞེས་ཞུས་པ༌ལ། 11ཁོང་གིས་འདི་སྐད༌དུ། ཁྱོད་རྣམས་ལས་སུ་ཞིག་གི་ལུག་ཅིག་ངལ་གསོ་བའི་ཉིན་ལ་དོང་ནང་དུ་ལྷུང་བ༌ན། ཁོས་ལུག་དེ་ཕྱིར་མི་ལེན༌ནམ། 12མི་ནི་ལུག་ལས་ཀྱང་གལ་ཆེ་བ་མ་ཡིན༌ནམ། དེའི༌ཕྱིར། ངལ་གསོ་བའི་ཉིན་ལ་ལས་བཟང་པོ་སྒྲུབ་པ་ནི་བཀའ་ཁྲིམས་དང་མཐུན་པ་ཡིན་ཞེས་གསུངས་སོ།། 13ཁོང་གིས་མི་དེར་ལག་པ་རྐྱོངས་ཤིག་ཅེས་གསུངས་པ༌དང༌། ཁོས་ལག་པ་བརྐྱངས་ཤིང་སོས་ཏེ་ལག་པ་གཞན་དང་འདྲ་བར་གྱུར། 14འོན་ཀྱང་ཕ་རུ་ཤི་པ་རྣམས་ཕྱི་རོལ་ཏུ་སོང་ནས་ཁོང་ཉིད་ཅི་ལྟར་དགྲོང་བར་གྲོས་བྱས་སོ།།

དཀོན་མཆོག་གིས་བདམས་པའི་ཞབས་ཕྱི་པའི༌སྐོར།

15སྐྱབས་མགོན་ཡེ་ཤུས་དོན་དེ་མཁྱེན་ནས་ཡུལ་དེ་དང་ཁ་བྲལ་བ༌དང༌། མི་མང་པོའང་ཁོང་གི་རྗེས་སུ་འབྲངས། ཁོང་གིས་མི་དེ་རྣམས་ལས་ནད་པ་ཐམས་ཅད་ཀྱི་ནད་འཇོམས་པར་མཛད༌ཅིང༌། 16ཡང་མི་རྣམས་ལ་རང་ཉིད་སུ་ཡིན་པ་མི་གཞན་ལ་བསྒྲག་པར་མི་བྱ་བའི་ཕྱིར་གདམས༌སོ།། 17འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡི་མདོ་ལས་ཇི་སྐད༌དུ། 18ལྟོས་དང་བདག་གིས་བདམས་པའི་ཞབས་ཕྱི༌པ།། དེ་ལ་བདག་ནི་དགའ་ཞིང་ཤིན་ཏུ༌གཅེས།། བདག་གི་ཐུགས་ཉིད་ཁོང་ལ་གནང་བར་འགྱུར།། ཁོང་གིས་ཕྱི་ཕྱོགས་མི་ལ་བདེན་ལུགས་སྒྲོག ། 19ཁོང་གིས་མི་རྩོད་མི་རྒོལ་འུར་མི་སྒྲོག ། སུས་ཀྱང་ཁྲོམ་ནས་དེའི་སྐད་ཐོས་པ༌མེད།། 20ཁོང་གིས་གཞན་ལ་བདེན་ལུགས་སྒྲོག་པ༌དང༌།། བདེན་ལུགས་དེ་ནི་རྣམ་པར་རྒྱལ་བའི༌བར།། བསྣད་པའི་འདམ་རྩྭ་ཡང་ནི་གཅོད་མི༌སྲིད།། དུ་བ་འཐུལ་བའི་སྡོང་རས་གཟུམ་མི༌འགྱུར།། 21ཕྱིའི་མིས་ཁོང་གི་མཚན་ལ་རེ་ལྟོས༌བཅང་།། ཞེས་ལུང་བསྟན་གནང་བ་བཞིན་དུ་འགྲུབ་པའི་ཕྱིར༌རོ།།

སྐྱབས་མགོན་ཡེ་ཤུ་དང་བདུད་ཀྱི་རྒྱལ་པོ་པེ་ཨལ་བཟི༌པད།

22དེ་ནས་མི་འགའ་ཞིག་གིས་གདོན་འདྲེས་བཟུང་ནས་མིག་ལོང་ཞིང་ལྕེ་ལྐུགས་པར་གྱུར་པ་ཞིག་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཁྲིད་ཡོང་བ༌དང༌། ཁོང་གིས་མི་དེ་ནད་ལས་ཐར་བར་མཛད་དེ། སྨྲའང་ཤེས་ལ་མཐོང་ཡང་ནུས་པར་མཛད། 23དོན་དེར་མི་ཐམས་ཅད་ངོ་མཚར་སྐྱེས༌ཤིང་། མི་འདི་ནི་དཱ་བིད་ཀྱི་རིགས་སྲས་མ་ཡིན་ནམ་ཞེས་སྨྲས། 24འོན་ཀྱང་ཕ་རུ་ཤི་པ་རྣམས་ཀྱིས་གཏམ་དེ་ཐོས་ནས་མི་འདིས་བདུད་ཀྱི་རྒྱལ་པོ་པེ་ཨལ་བཟི་པད་ལ་བརྟེན་ནས་གདོན་འདྲེ་སྐྲོད་བཞིན་འདུག་ཅེས་སྨྲས༌སོ།། 25སྐྱབས་མགོན་ཡེ་ཤུས་ཕ་རུ་ཤི་པ་རྣམས་ཀྱི་བསམ་ཚུལ་མཁྱེན་ཏེ་འདི་སྐད༌དུ། རྒྱལ་ཁམས་ཤིག་ལ་ནང་འཁྲུག་བྱུང་ན་རྒྱལ་ཁམས་དེ་འཇིག་པར་འགྱུར༌ཞིང༌། གྲོང་ཁྱེར་རམ་ཁྱིམ་ཚང་ཞིག་ལ་ནང་འཁྲུག་བྱུང་ན་དེའང་བརྟན་པོར་གནས་མི་ཐུབ། 26གལ་ཏེ་བདུད་སཱ་ཏན་གྱིས་སཱ་ཏན་སྐྲོད༌ན། དེ་ལ་ནང་འཁྲུག་བྱུང་བས་བདུད་ཀྱི་རྒྱལ་ཁམས་ནི་ཇི་ལྟར་བརྟན་པོར་གནས་ཐུབ༌བམ། 27གལ་ཏེ་བདག་གིས་པེ་ཨལ་བཟི་པད་ལ་བརྟེན་ནས་གདོན་འདྲེ་སྐྲོད་པ་ཡིན༌ན། ཁྱོད་ཅག་གི་རྗེས་འབྲང་པ་རྣམས་ཀྱིས་གང་ལ་བརྟེན་ནས་གདོན་འདྲེ་སྐྲོད༌དམ། དེའི༌ཕྱིར། རྗེས་འབྲང་པ་དེ་རྣམས་ཀྱིས་ཁྱོད་ཅག་ལ་བདེན་རྫུན་གྱི་ཤན་འབྱེད་པར་འགྱུར། 28གལ་ཏེ་བདག་གིས་དཀོན་མཆོག་གི་ཐུགས་ཉིད་ལ་བརྟེན་ནས་གདོན་འདྲེ་སྐྲོད་པ་ཡིན༌ན། དཀོན་མཆོག་གི་རྒྱལ་སྲིད་ནི་ཁྱོད་ཅག་གི་སྟེང་དུ་སླེབས་པ་ཡིན། 29ཡང་ན་སུ་ཞིག་མི་སྟོབས་ཅན་གྱི་ཁྱིམ་དུ་འཛུལ་ནས་ཅ་ལག་ཇི་ལྟར་འཕྲོག་ནུས༌སམ། ཐོག་མར་མི་དེ་བཟུང་ནས་བཀྱིགས༌ཚེ། ད་གཟོད་མི་དེའི་ཁྱིམ་ཚང་འཕྲོག་ནུས༌པ་ཡིན། 30མི་སུ་ཞིག་བདག་གི་ཕྱོགས་མི་བྱེད་པ་དེ་ནི་བདག་གི་དགྲ་བོ་ཡིན༌ཞིང༌། སུ་ཞིག་གིས་བདག་དང་མཉམ་དུ་མི་བསྡུ་ན་དེ་ནི་གཏོར་མཁན་ཡིན། 31དེའི༌ཕྱིར། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། མི་རྣམས་ཀྱིས་བྱས་པའི་སྡིག་པ་དང་སྐུར་བ་འདེབས་པ་ཐམས་ཅད་བསལ་ནའང༌། དམ་པའི་ཐུགས་ཉིད་ལ་སྐུར་བ་འདེབས་མཁན་གྱི་སྡིག་པ་ནི་གཏན་ནས་བསལ་བར་མི་འགྱུར་རོ།། 32ཡང་མིའི་བུ་ལ་ཚིག་ངན་སྨྲ་མཁན་དེའི་སྡིག་པ་བསལ་ནའང༌། སུ་ཞིག་གིས་དམ་པའི་ཐུགས་ཉིད་ལ་སྐུར་བ་བཏབ༌ན། མི་དེའི་སྡིག་པ་ནི་བསྐལ་པ་འདི་དང་འབྱུང་འགྱུར་གྱི་བསྐལ་པར་ཡང་བསལ་བར་མི་འགྱུར། 33ཁྱོད་རྣམས་ཀྱིས་ལྗོན་ཤིང་དང་དེའི་འབྲས་བུ་གཉིས་ཀ་བཟང་པོར་རྩིས་ཤིག ཡང་ན་ལྗོན་ཤིང་དང་དེའི་འབྲས་བུ་གཉིས་ཀ་ངན་པར་རྩིས་ཤིག རྒྱུ་མཚན་ནི་འབྲས་བུ་ལས་ལྗོན་ཤིང་དེ་ག་འདྲ་ཡིན་པ་ཤེས་པའི་ཕྱིར༌རོ།། 34དུག་སྦྲུལ་གྱི་རྒྱུད་ཁྱོད་ཅག་ཐ་ཤལ་ཡིན༌པས། ཁྱོད་ཅག་གིས་གཏམ་བཟང་པོ་ཇི་ལྟར་སྨྲ་ནུས༌སམ། རྒྱུ་མཚན་ནི་སེམས་ལ་ཅི་ལྟ་བུས་བཀང༌ན། ངག་ལས་ཀྱང་དེ་ལྟ་བུ་སྨྲ་བ་ཡིན། 35མི་བཟང་ཞིག་གིས་རང་གི་བང་མཛོད་བཟང་པོ་ནས་དོན་བཟང་པོ་འདོན༌ཞིང༌། མི་ངན་པས་རང་གི་བང་མཛོད་ངན་པ་ནས་དོན་ངན་པ་འདོན་པ་ཡིན། 36ཡང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། མི་རྣམས་ཀྱིས་ངག་འཆལ་སྨྲས༌ན། མ་འོངས་པའི་ཉེས་ཆད་གཅོད་པའི་ཉིན༌ལ། ཚིག་དེ་དག་ལ་རེ་རེ་བཞིན་ལན་འདེབས་དགོས་པར་འགྱུར། 37རྒྱུ་མཚན་ནི་ཁྱོད་ཀྱིས་སྨྲས་པའི་ཚིག་ལ་བརྟེན་ནས་ཁྱོད་རང་ཉེས་པ་མེད་པར་བརྩི༌ཞིང༌། ཡང་ཁྱོད་ཀྱིས་སྨྲས་པའི་ཚིག་ལ་བརྟེན་ནས་ཁྱོད་རང་ཉེས་ཅན་དུ་བརྩི་བར་འགྱུར་བའི་ཕྱིར་ཡིན་ཞེས་གསུངས༌སོ།།

ལུང་སྟོན་པ་ཡོ་ནཱའི་གྲུབ་རྟགས།

38དེ་ནས་མཁན་པོ་དང་ཕ་རུ་ཤི་པ་འགའ་ཞིག་གིས་སྐྱབས་མགོན་ཡེ་ཤུ་ལ་འདི་ལྟར་སྨྲས༌པ། སློབ་དཔོན༌ལགས། ཁྱེད་ཀྱིས་གྲུབ་རྟགས་ཤིག་སྟོན་དང་ངེད་རྣམས་ཀྱིས་མཐོང་འདོད་པ་ཡིན་ཞེས་ཞུས་པ༌ན། 39སྐྱབས་མགོན་ཡེ་ཤུས་འདི་སྐད་དུ། མི་རབས་ངན་པ་དང་གཡེམ་སྦྱོར་ཅན་ཞིག་གིས་གྲུབ་རྟགས་ཤིག་མཐོང་འདོད༌ནའང༌། ལུང་སྟོན་པ་ཡོ་ནཱའི་རྟགས་ངོ་མཚར་ཅན་དེ་ལས༌གཞན། ཁྱོད་རྣམས་ལ་རྟགས་ཅི་ཡང་སྟོན་པར་མི་འགྱུར། 40ཡོ་ནཱ་ཉིན་ཞག་གསུམ་ལ་ཉ་ཆེན་གྱི་གྲོད་ཁོག་ནང་དུ་ལུས་པ༌ལྟར། མིའི་བུ་ཡང་ཉིན་ཞག་གསུམ་ལ་སའི་ཁོག་ཏུ་གནས་པར་འགྱུར། 41ནིན་ཝེ་པ་རྣམས་ཀྱིས་ལུང་སྟོན་པ་ཡོ་ནཱས་བསྒྲགས་པའི་ཆོས་ལ་མཉན་ཞིང་འགྱོད་བཤགས་བྱས་མྱོང༌བས། ཉེས་ཆད་གཅོད་པའི་ཉིན༌ལ། མི་དེ་རྣམས་ཀྱང་མི་རབས་འདིའི་མི་རྣམས་དང་ལྷན་དུ་ཡར་འགྲེང་སྟེ་མི་རབས་འདི་ལ་ཉེས་སྐྱོན་བརྗོད་པར་འགྱུར། ཡང་ལྟོས༌དང༌། འདི་རུ་ཡོ་ནཱ་ལས་ཀྱང་སྐྱེས་བུ་ཆེན་པོ་ཞིག་ཡོད། 42ལྷོ་ཕྱོགས་ཀྱི་རྒྱལ་མོ་དེ་རྒྱང་ཐག་རིང་བའི་ས་མཐའ་ནས་སོ་ལོ་མོན་གྱི་ཤེས་རབ་དང་ལྡན་པའི་གཏམ་ལ་གསན་དུ་ཡོང་མྱོང༌བས། ཉེས་ཆད་གཅོད་པའི་ཉིན༌ལ། ཁོ་མོའང་མི་རབས་འདིའི་མི་རྣམས་དང་ལྷན་དུ་ཡར་འགྲེང་སྟེ་མི་རབས་འདི་ལ་ཉེས་སྐྱོན་བརྗོད་པར་འགྱུར། ཡང་ལྟོས༌དང༌།

འདི་ན་སོ་ལོ་མོན་ལས་ཀྱང་སྐྱེས་བུ་ཆེན་པོ་ཞིག་མཆིས༌སོ།།

43སྤྱིར་གདོན་འདྲེ་ཞིག་མིའི་ལུས་ནས་ཕྱིར་བུད༌རྗེས། ཆུ་མེད་པའི་གནས་སུ་ཕར་འགྲོ་ཚུར་འོང་བྱེད༌ཅིང༌། ངལ་གསོ་བའི་གནས་ཤིག་བཙལ་ཡང་མ་རྙེད༌པས། 44རང་གིས་རང་ལ་ན༌རེ། ང་རང་ཕྱིར་རང་ཉིད་ཡོང་བའི་གནས་དེར་འགྲོའོ་ཞེས་སྨྲ༌ཞིང༌། གནས་དེར་ཕྱིར་ལོག་པ༌ན། གནས་དེ་སྟོང་ཞིང་ཕྱག་དར་བྱས་ནས་ལེགས་པར་བསྒྲིགས་ཡོད་པ་མཐོང༌སྟེ། 45ཕར་སོང་ནས་རང་ལས་ཀྱང་ངན་པའི་གདོན་འདྲེ་བདུན་ཁྲིད་དེ་གནས་དེར་ཡོང་ནས་བསྡད། དེ་བས་མི་དེའི་ཕྱིས་ཀྱི་གནས་ཚུལ་ནི་སྔར་ལས་ཀྱང་ཇེ་ཞན་དང་ཇེ་སྡུག་ཏུ་འགྱུར༌ཞིང༌། མི་རབས་ངན་པ་འདི་ལའང་དེ་བཞིན་དུ་འབྱུང་བར་འགྱུར་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུའི་ཡུམ་དང་ཁོང་གི་སྐུ་མཆེད༌སྐོར།

46སྐྱབས་མགོན་ཡེ་ཤུས་མི་ཚོགས་ལ་དེ་ལྟར་གསུང་བཞིན་པའི་དུས༌སུ། ཁོང་གི་ཡུམ་དང་སྐུ་མཆེད་རྣམས་གནས་དེར་སླེབས་ཤིང་ཁོང་ལ་གཏམ་སྨྲ་བར་འདོད་དེ་ཕྱི་རོལ་ཏུ་ལངས་ནས་བསྡད་དོ།། 47དེ་ནས་མི་ཞིག་གིས་སྐྱབས་མགོན་ཡེ་ཤུ་ལ་འདི་ལྟར་ཞུས་པ་སྟེ། གཟིགས༌དང༌། ཁྱེད་ཀྱི་ཡུམ་དང་སྐུ་མཆེད་རྣམས་ཀྱིས་ཁྱེད་དང་གཏམ་སྨྲ་བར་འདོད་ནས་ཕྱི་རོལ་ཏུ་ལངས་བསྡད་ཡོད་ཅེས་པ༌ལ། 48ཁོང་གིས་འདི་སྐད༌དུ། ངའི་མ་དང་ངའི་སྤུན་ནི་སུ་ཡིན་ནམ་ཞེས་གསུང༌བཞིན། 49ཡང་ཕྱག་གིས་ཐུགས་སྲས་རྣམས་བསྟན༌ཏེ། ལྟོས༌དང༌། ངའི་མ་དང་ངའི་སྤུན་ནི་ཁོ་ཚོ་ཡིན༌ཏེ། 50ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་བདག་གི་ཡབ་ཀྱི་དགོངས་པ་ལྟར་སྒྲུབ་མཁན་ཐམས་ཅད་ནི་ངའི་མ་དང༌སྤུན། ངའི་མིང་སྲིང་རྣམས་ཡིན་ཞེས་གསུངས༌སོ།།

མད་ཐཱ 13

ས་བོན་འདེབས་པའི༌དཔེ།

1ཉིན་དེ་ལ་སྐྱབས་མགོན་ཡེ་ཤུ་ཁང་པའི་ཕྱི་རོལ་ཏུ་ཕེབས་ཤིང་མཚོ་འགྲམ་དུ་བཞུགས་སོ།། 2དེ་ནས་མི་སྐོར་ཚོ་མང་པོ་ཁོང་གི་དྲུང་དུ་འཛོམས་པས་ཁོང་ཉིད་མཚོ་གྲུའི་ནང་དུ་ཕེབས་ཏེ་བཞུགས་པ༌དང༌། མི་ཐམས་ཅད་མཚོ་འགྲམ་དུ་ལངས་ནས་བསྡད། 3ཁོང་གིས་དཔེའི་སྒོ་ནས་ཆོས་མང་པོ་གསུངས་ཤིང་དེ་རྣམས་ལ་འདི་སྐད༌དུ། དེ་ཡང་ཞིང་འདེབས་མཁན་ཞིག་ཕྱི་རོལ་ཏུ་ཞིང་འདེབས་སུ་སོང་བ༌དང༌། 4ས་བོན་གཏོར་བའི་སྐབས༌སུ། ས་བོན་ཁ་ཤས་ལམ་ཁར་ཐོར་ཞིང་བྱ་རྣམས་ཡོང་ནས་ཟོས། 5ཡང་ས་བོན་ཁ་ཤས་ས་ཉུང་སའི་རྡོ་གསེབ་ཏུ་ཐོར་ཞིང་སའི་གཏིང་མི་ཟབ་པས་ཡར་སྐྱེས་པ་མགྱོགས༌ཀྱང༌། 6ཉི་མ་ཤར་ཚེ་རྙིད་ཅིང་རྩ་བ་མ་རྒྱས་པས་བསྐམས་པ་རེད། 7ས་བོན་ཁ་ཤས་ཚེར་མའི་གསེབ་ཏུ་ཐོར་ཞིང་ཚེར་མ་སྐྱེས་ཏེ་མར་མནན། 8ཡང་ས་བོན་ཁ་ཤས་ས་གཤིན་ནང་དུ་ཐོར་ཞིང་འབྲས་བུ་སྨིན༌ཏེ། དེ་དག་ལས་ཁ་ཤས་ལྡབ་བརྒྱ༌དང༌། ཁ་ཤས་ལྡབ་དྲུག༌ཅུ། ཁ་ཤས་ལྡབ་སུམ་ཅུ་བཅས་སྨིན་པ་ཡིན། 9རྣ་བ་ཡོད་པ་ཐམས་ཅད་ཀྱིས་གཏམ་འདིར་ཉོན་ཅིག་ཅེས་གསུངས༌སོ།། 10དེ་ནས་ཐུགས་སྲས་རྣམས་ཡོང་སྟེ་ཁོང་ལ་ན་རེ། ཁྱེད་ཀྱིས་ཅིའི་ཕྱིར་མི་རྣམས་ལ་དཔེའི་སྒོ་ནས་གསུངས་པ་ཡིན་ནམ་ཞེས་ཞུས་པ༌ན། 11སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ནམ་མཁའི་རྒྱལ་སྲིད་ཀྱི་གསང་བ་རྣམས་ནི་ཁྱོད་ཅག་ལ་ཤེས་སུ་འཇུག་པ་ལས་མི་དེ་རྣམས་ལ་མངོན་པ་མ་ཡིན། 12རྒྱུ་མཚན་ནི་སུ་ཞིག་ལ་ཡོད་པ་དེ་ལ་ད་དུང་ཡང་གནང་ངེས་ཤིང་དེ་ལ་ལྷག་མའང་ཡོད་པར་འགྱུར། འོན་ཀྱང་སུ་ཞིག་ལ་མེད་པ་དེ་ལས་ཉུང་ཙམ་ཡོད་པ་དེའང་ཕྱིར་ལེན་པར་འགྱུར༌བའི་ཕྱིར་ཡིན། 13དེའི༌ཕྱིར། བདག་གིས་མི་དེ་རྣམས་ལ་དཔེའི་སྒོ་ནས་བཤད་པའི་རྒྱུ་མཚན༌ནི། དེ་རྣམས་ཀྱིས་མིག་གིས་བལྟས་ཀྱང་མི་མཐོང་བ༌དང༌། རྣ་བས་ཉན་ཡང་མི་ཐོས་ཤིང་མི་རྟོགས་པའི་ཕྱིར༌རོ།། 14དེ་ལ་ལུང་སྟོན་པ་ཡེ་ཤ་ཡཱའི་ལུང་བསྟན་ལས་ཇི་སྐད༌དུ། རྣ་བས་ཐོས་ཀྱང་ཅི་ཡང་མི་ཤེས༌ཤིང༌།། མིག་གིས་མཐོང་ཡང་ཅི་ཡང་མི་རྟོགས༌པ།། 15དེ་རྣམས་སེམས་ནི་གྱོང་པོར་གྱུར་པ་དང་།། རྣ་བས་མི་མཉན་མིག་ཟུང་བཙུམས་པས་སོ།། དེ་ལྟར་མིན་ན་མིག་གིས་མཐོང་བ་དང་༎ རྣ་བས་ཐོས༌ཤིང་བློ་ཡིས་རྟོགས་པ་དང་༎ ཕྱིར་དུ་འཁོར་ནས་ངས་ཀྱང་དེ་རྣམས་ནི༎ གསོ་ཞིང་དྲག་པར་བྱེད་པ་ཡིན་ལགས་སོ༎ ཞེས་ལུང་བསྟན་གནང་བ་ལྟར་ཁོ་རྣམས་ཀྱི་སྟེང་དུ་འགྲུབ་བཞིན་འདུག 16འོན་ཀྱང་། ཁྱོད་ཅག་གི་མིག་གིས་མཐོང་བའི་ཕྱིར། ཁྱོད་ཅག་གི་མིག་ནི་བདེ་བ་ཡིན། ཁྱོད་ཅག་གི་རྣ་བས་ཐོས་པའི་ཕྱིར། ཁྱོད་ཅག་གི་རྣ་བ་བདེ་བའོ།། 17བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། སྔར་ལུང་སྟོན་པ་དང་མི་གཞུང་དྲང་མང་པོས་ཁྱོད་རྣམས་ཀྱིས་མཐོང་བ་དེ་དག་ལ་ལྟ་འདོད་ནའང་མཐོང༌མ་མྱོང་། ཁྱོད་རྣམས་ཀྱིས་ཐོས་པ་དེ་དག་ལ་ཉན་འདོད་ཀྱང་མ་ཐོས༌སོ།། 18དེའི༌ཕྱིར། ཁྱོད་རྣམས་ཀྱིས་ས་བོན་བཏབ་པའི་དཔེ་འདིའི་དོན་ལ་ཉོན༌ཅིག 19སུ་ཞིག་གིས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་བཀའ་ཐོས་ཤིང་དོན་མ་རྟོགས་པར་སྡོད་པའི་དུས༌སུ། བདུད་ངན་དེ་ཡོང་ནས་ཁོའི་སེམས་སུ་བཏབ་པའི་ས་བོན་ཕྲོགས༌པ་དང་། འདི་ནི་ས་བོན་ལམ་ཁར་ཐོར་བ་དེ་རྣམས་ཡིན། 20ས་བོན་རྡོ་གསེབ་ཏུ་ཐོར་བ་ནི་མི་ཞིག་གིས་བཀའ་ཐོས་པ་ཙམ་གྱིས་དགའ་ཞིང་དང་དུ་བླངས༌ནའང༌། 21སེམས་སུ་རྩ་བ་མ་རྒྱས་པས་དུས་ཡུན་ཐུང་ངུ་ལ་གནས༌ཀྱང༌། བཀའ་དེའི་རྐྱེན་གྱིས་དཀའ་སྡུག་དང་གནོད་འཚེ་བྱུང་མ་ཐག་དད་པ་ལོག་པ་ཡིན། 22ཚེར་མའི་གསེབ་ཏུ་གཏོར་བ་ནི་མི་ཞིག་གིས་བཀའ་ཐོས༌ཀྱང་། འཇིག་རྟེན་གྱི་སེམས་ཁུར་དང་རྒྱུ་ནོར་གྱི་སླུ་བྲིད་ཀྱིས་བཀའ་མནན་ནས་འབྲས་བུ་སྨིན་མ་ཐུབ་པ་ཡིན། 23ས་གཤིན་ནང་དུ་ཐོར་བ་ནི་མི་ཞིག་གིས་བཀའ་ཐོས་ནས་དོན་རྟོགས་ཤིང་། རྗེས་སུ་འབྲས་བུ་སྨིན་ཐུབ་པ་རྣམས་ཡིན༌ཏེ། འབྲས་བུ་ཁ་ཤས་ལྡབ་བརྒྱ༌དང༌། ཁ་ཤས་ལྡབ་དྲུག༌ཅུ། ཁ་ཤས་ལྡབ་སུམ་ཅུ་བཅས་སྨིན་པ་ཡིན་ཞེས་བཀའ་ལན་གསུངས༌སོ།།

རྩྭ་ལྡུམ་གྱི༌དཔེ།

24ཡང་སྐྱབས་མགོན་ཡེ་ཤུས་དཔེའི་སྒོ་ནས་མི་ཚོགས་ལ་འདི་སྐད༌དུ། ནམ་མཁའི་རྒྱལ་སྲིད་ནི་མི་ཞིག་གིས་ཞིང་ལ་ས་བོན་བཟང་པོ་བཏབ་པ་དང་འདྲ༌སྟེ། 25མི་རྣམས་གཉིད་དུ་ཡུར་བའི་དུས༌སུ། དགྲ་བོ་ཡོང་ནས་རྩྭ་ལྡུམ་གྲོ་ནང་དུ་གཏོར་ཏེ་སོང༌། 26དེ་ནས་སྙེ་མ་ཐོགས་པའི་དུས༌སུ། རྩྭ་ལྡུམ་ཡང་མངོན་པར་གྱུར་ཏོ༎ 27དེ་ནས་ཞིང་བདག་གི་གཡོག་པོ་རྣམས་ཡོང་སྟེ་ན༌རེ། བདག་པོ༌ལགས། ཁྱེད་ཀྱིས་ཞིང་ལ་ས་བོན་བཟང་པོ་བཏབ་པ་མ་ཡིན༌ནམ། རྩྭ་ལྡུམ་དེ་དག་གང་ནས་བྱུང་ངམ་ཞེས་ཞུས་པ༌ན། 28བདག་པོ་ན༌རེ། དེ་ནི་དགྲ་བོས་བྱས་པ་ཡིན་ཞེས་སྨྲས་སོ།། ཡང་གཡོག་པོ་རྣམས་ན༌རེ། ངེད་རྣམས་སོང་ནས་རྩྭ་ལྡུམ་ཡུར་དགོས་སམ་ཞེས་ཞུས་པ༌ལ། 29ཡང་བདག་པོ་ན༌རེ། རྩྭ་ལྡུམ་ཡུར་མི་དགོས༌ཏེ། ཁྱོད་ཅག་གིས་རྩྭ་ལྡུམ་ཡུར་སྐབས་གྲོ་ཡང་མཉམ་དུ་ཡུར་ཉེན༌ཆེའོ།། 30སྟོན་ཐོག་བསྡུ་བའི་བར་དུ་དེ་གཉིས་མཉམ་དུ་སྐྱེ་རུ་ཆུག བདག་གིས་སྟོན་ཐོག་བསྡུ་བའི་དུས༌སུ། གྲོ་རྔ་མཁན་རྣམས་ལ་ཐོག་མར་རྩྭ་ལྡུམ་བལ་ཏེ་མེ་རུ་བསྲེག་ཆེད་ཕོན་པོར་སྡོམས༌ཤིག གྲོ་ནི་བདག་གི་བང་མཛོད་དུ་སྡུས་ཤིག་ཅེས་ཟེར་བར་འགྱུར་ཞེས་གསུངས༌སོ།།

ཡུངས་འབྲུ་དང་སྐྱུར་རྩིའི༌དཔེ།

31ཡང་སྐྱབས་མགོན་ཡེ་ཤུས་དཔེ་གཞན་ཞིག་དྲངས་ནས་འདི་སྐད༌དུ། ནམ་མཁའི་རྒྱལ་སྲིད་ནི་ཡུངས་འབྲུའི་ས་བོན་ཞིག་དང་འདྲ་སྟེ། མི་ཞིག་གིས་ས་བོན་དེ་ཁྱེར་ནས་རང་གི་ཞིང་ལ་བཏབ། 32ས་བོན་དེ་ནི་ས་བོན་གྱི་རིགས་གཞན་ཐམས་ཅད་ལས་ཆུང༌ནའང༌། ཆེར་སྐྱེས་ནས་སྔོ་ཚལ་སྣ་ཚོགས་ལས་ཆེ་ཞིང་ཤིང་སྡོང་དུ༌གྱུར་ཏེ། ནམ་མཁའི་བྱའང་འཕུར་ཡོང་ནས་ཡལ་གའི་གསེབ་ཏུ་ཚང་བཟོ་བ་ཡིན་ཞེས་གསུངས༌སོ།། 33ཡང་སྐྱབས་མགོན་ཡེ་ཤུས་དཔེ་གཞན་ཞིག་དྲངས་ཏེ་འདི་སྐད༌དུ། ནམ་མཁའི་རྒྱལ་སྲིད་ནི་སྐྱུར་རྩི་ཞིག་དང་འདྲ༌སྟེ། བུད་མེད་ཅིག་གིས་སྐྱུར་རྩི་དེ་ཕྱེ་བྲེ་གསུམ་གྱི་ནང་དུ་བསྲེས་ཤིང་བརྫིས་ཏེ་རིམ་བཞིན་ཕྱེ་ཐམས་ཅད་སྐྱུར་ལངས་པ་དང་མཚུངས་ཞེས་གསུངས༌སོ།། 34གོང་གི་གསུང་དེ་ཐམས་ཅད་ནི་སྐྱབས་མགོན་ཡེ་ཤུས་མི་ཚོགས་ལ་དཔེའི་སྒོ་ནས་གསུངས་པ་ཡིན༌ཏེ། ཁོང་གིས་དཔེ་མ་བཀོད་པར་དེ་རྣམས་ལ་ཅི་ཡང་མ་གསུངས། 35དེ་ལ་ལུང་སྟོན་པའི་མདོ་བརྒྱུད་ནས་ཇི་སྐད༌དུ། བདག་གིས་ངག་གི་སྒོ་མོ་ཡངས་པོར༌ཕྱེ།། འཇིག་རྟེན་གསར་དུ་བཀོད་པའི་ཚུ་རོལ༌གྱི།། སྦས་ཤིང་གསང་བའི་དོན་དག་སྣ་ཚོགས་ནི།། དཔེ་རུ་བཀོད་ནས་རིམ་བཞིན་བསྟན་པར༌བྱ།། ཞེས་གསུངས་པ་བཞིན་འགྲུབ་པའི་ཕྱིར་དེ་ལྟར་བྱུང༌བ་ཡིན་ནོ།།

རྩྭ་ལྡུམ་གྱི་དཔེའི་འགྲེལ༌བ།

36དེ་ནས་སྐྱབས་མགོན་ཡེ་ཤུ་མི་ཚོགས་དང་ཁ་བྲལ་ནས་ཁང་པའི་ནང་དུ་ཕེབས་པ༌དང༌། ཐུགས་སྲས་རྣམས་ཁོང་གི་དྲུང་དུ་ཡོང༌སྟེ། རྩྭ་ལྡུམ་གྱི་དཔེ་དེའི་དོན་རྣམས་ངེད་ཅག་ལ་གསུང་བར་མཛོད་ཅེས་ཞུས་པ༌ལ། 37སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། སོན་བཟང་འདེབས་མཁན་ནི་མིའི་བུ་ཡིན༌ལ། 38ས་ཞིང་ནི་འཇིག་རྟེན་ཁམས༌ཡིན། སོན་བཟང་ནི་དཀོན་མཆོག་གི་རྒྱལ་སྲིད་ལ་གཏོགས་པའི་མི་རྣམས༌ཡིན། རྩྭ་ལྡུམ་ནི་བདུད་ངན་དེ་ལ་གཏོགས་པའི་མི་རྣམས༌ཡིན། 39རྩྭ་ལྡུམ་གཏོར་མཁན་དགྲ་བོ་ནི་བདུད་ཡིན། སྟོན་ཐོག་བསྡུ་བའི་དུས་ནི་བསྐལ་པའི་མཐའ་མ༌ཡིན། ཞིང་རྔ་མཁན་ནི་ཕོ་ཉ་རྣམས་ཡིན། 40དེའི༌ཕྱིར། རྩྭ་ལྡུམ་བལ་ནས་མེ་རུ་སྲེག་པ་བཞིན་བསྐལ་པའི་མཐའ་མ་ལའང་དེ་ལྟར་འབྱུང་བར་འགྱུར་རོ།། 41མིའི་བུ་ཡིས་ཕོ་ཉ་རྣམས་མངགས་ཤིང་དེ་དག་གིས་ཁོང་གི་རྒྱལ་སྲིད་ནས་མི་ལ་སྡིག་པ་བྱེད་དུ་འཇུག་པ་དང་ཉེས་པ་གསོག་མཁན་ཐམས་ཅད་བསྡུས༌ཏེ། 42མེ་ཐབ་ནང་དུ་གཡུག་ཅིང་གནས་དེ་ནས་ངུ་འབོད་བྱེད་ཅིང་ཨམ་གཙིགས་བསྡམ་པར་འགྱུར། 43དེའི་དུས༌སུ། མི་གཞུང་དྲང་རྣམས་ཀྱིས་རང་གི་ཡབ་ཀྱི་རྒྱལ་སྲིད་དུ་ཉི་མ་དང་འདྲ་བར་འོད་སྤྲོ་བར་འགྱུར། ཡང་རྣ་བ་ཡོད་པ་ཐམས་ཅད་ཀྱིས་གཏམ་འདིར་ཉོན་ཅིག་ཅེས་གསུངས༌སོ།།

རིན་པོ་ཆེའི་གཏེར་ཁ་དང་མུ་ཏིག་གི༌དཔེ།

44ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ནམ་མཁའི་རྒྱལ་སྲིད་ནི་ཞིང་ལ་སྦས་པའི་རིན་པོ་ཆེའི་གཏེར་མཛོད་དང་འདྲ༌བར། མི་ཞིག་གིས་གཏེར་མཛོད་དེ་རྙེད་ཅིང་སྦས༌རྗེས། དགའ་སྤྲོའི་ངང་རང་ལ་ཡོད་པ་ཐམས་ཅད་བཙོངས་ནས་ས་ཞིང་དེ་ཉོས་སོ།། 45ཡང་ནམ་མཁའི་རྒྱལ་སྲིད་ནི་ཚོང་པ་ཞིག་གིས་མུ་ཏིག་བཟང་པོ་འཚོལ་བ་དང་འདྲ༌སྟེ། 46ཁོས་རིན་གོང་ཆེ་བའི་མུ་ཏིག་ཅིག་མཐོང་སྟེ་རང་ལ་ཡོད་པ་ཐམས་ཅད་བཙོངས་ནས་མུ་ཏིག་དེ་ཉོས་པ་ཡིན་ཞེས་གསུངས༌སོ།།

དྲ་རྒྱའི༌དཔེ།

47ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ནམ་མཁའི་རྒྱལ་སྲིད་ནི་རྒྱ་མཚོའི་ནང་དུ་དྲ་རྒྱ་འཕངས་ནས་ཉའི་རིགས་སྣ་ཚོགས་འཛིན་པ་དང་འདྲ༌སྟེ། 48དྲ་རྒྱར་ཉས་བཀང་བ་དང་ཉ་པས་དྲ་རྒྱ་མཚོ་འགྲམ་དུ་འཐེན་ཏེ་བསྡད༌ཅིང༌། ཟས་སུ་རུང་བ་དག་སྣོད་དུ་བསྡུས་ཤིང་ཟས་སུ་མི་རུང་བ་དག་དོར་བའོ།། 49བསྐལ་པའི་མཐའ་མ་ལའང་དེ་ལྟར་འབྱུང་ངེས༌ཏེ། ཕོ་ཉ་རྣམས་ཕེབས་ནས་མི་གཞུང་དྲང་རྣམས་ཀྱི་ཁྲོད་ནས་མི་ངན་པ་རྣམས་ལོགས་སུ་བཀར༌ཏེ། 50མེ་ཐབ་ནང་དུ་གཡུག་ཅིང་གནས་དེ་རུ་ངུ་འབོད་བྱེད་ཅིང་ཨམ་གཙིགས་བསྡམ་པར་འགྱུར༌ཞེས་གསུངས་སོ།། 51ཡང་ཁོང་གིས་འདི་སྐད་དུ། ཁྱོད་རྣམས་ཀྱིས་དེ་ཐམས་ཅད་ཀྱི་དོན་གོའམ་ཞེས་གསུངས་པ༌དང༌། ཐུགས་སྲས་རྣམས་ཀྱིས་དོན་དེ་གོ་ཞེས་ཞུས་སོ།། 52ཡང་ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ནམ་མཁའི་རྒྱལ་སྲིད་ཀྱི་རྗེས་འབྲང་པར་གྱུར་པའི་མཁན་པོ་རྣམས༌ནི། ཁྱིམ་བདག་ཞིག་གིས་རང་གི་བང་མཛོད་ནས་དངོས་པོ་གསར་པ་དང་རྙིང་བ་འཁྱེར་འོང་བ་དང་འདྲ་ཞེས་གསུངས༌སོ།།

ཡུལ་མི་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུར་བརྩི་བཀུར་མ་བྱས་པ།

53སྐྱབས་མགོན་ཡེ་ཤུས་དཔེ་དེ་དག་གསུངས༌རྗེས། ཁོང་ཉིད་གནས་དེ་དང་ཁ་བྲལ༌ཏེ། 54རང་ཡུལ་དུ་ཕེབས་ཤིང་ཆོས་ཁང་དུ་ཡུལ་མི་རྣམས་ལ་ཆོས་གསུངས་པ༌ན། ཉན་མཁན་རྣམས་ངོ་མཚར་སྐྱེས༌ཏེ། མི་འདི་ལ་ཤེས་རབ་དང་ནུས་མཐུ་ཁྱད་པར་བ་དེ་ལྟ་བུ་གང་ནས་བྱུང་ངམ། 55མི་འདི་ནི་ཤིང་བཟོའི་བུ་དེ་མ་ཡིན༌ནམ། ཁོའི་མ་ནི་མིར་ཡམ་ཟེར་བ་དེ་མ་ཡིན༌ནམ། ཁོའི་ནུ་བོ་རྣམས་ནི་ཡ་ཀོབ༌དང༌། ཡོ་སེབ། སི༌མོན། ཡུ་དཱ་བཅས་མ་ཡིན༌ནམ། 56ཁོའི་སྲིང་མོ་རྣམས་ཀྱང་འདི་རུ་བདག་ཅག་དང་མཉམ་དུ་ཡོད་པ་མིན༌ནམ། དེས་ན་མི་འདིར་དོན་འདི་ལྟ་བུ་རྣམས་གང་ནས་བྱུང་ངམ་ཟེར༌ཞིང༌། 57མི་དེ་རྣམས་ཁོང་ལ་མི་དགའ་བར་གྱུར་ཏོ།། དེ་ནས་སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ལ་འདི་སྐད༌དུ། ལུང་སྟོན་པ་ལ་རང་ཡུལ་དང་ཁྱིམ་མི་ལས་གཞན། བརྩི་བཀུར་མི་བྱེད་མཁན་གཅིག་ཀྱང་མེད་ཅེས་གསུངས་སོ།། 58མི་དེ་རྣམས་ལ་དད་པ་མེད་པའི་རྐྱེན་གྱིས་སྐྱབས་མགོན་ཡེ་ཤུས་ངོ་མཚར་བའི་མཛད་པ་མང་པོ་མ་གནང༌ངོ༌།།

མད་ཐཱ 14

ཁྲུས་གསོལ་མཁན་ཡོ་ཧ་ནན་བཀྲོངས༌པ།

1དེའི་དུས༌སུ། ས་གནས་དཔོན་པོ་ཧེ་རོ་དཱས་སྐྱབས་མགོན་ཡེ་ཤུའི་མཚན་སྙན་ཐོས་ཏེ། 2རང་གི་འཁོར་གཡོག་རྣམས༌ལ། མི་འདི་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་འཆི་བ་ལས་སླར་གསོན་པ་ཡིན༌པས། ཁོང་གིས་ནུས་མཐུ་འདི་དག་སྟོན་བཞིན་འདུག་ཅེས་སྨྲས༌སོ།། 3དེ་སྔར་ཧེ་རོ་དཱས་རང་གི་སྤུན་ཕི་ལིབ་ཀྱི་ཆུང་མ་ཧེ་རོད་ཡཱའི་རྐྱེན༌གྱིས། མི་མངགས་ཏེ་ཡོ་ཧ་ནན་བཟུང་ནས་བཙོན་དུ་བཅུག 4དེ་ནི་སྔར་ནས་ཡོ་ཧ་ནན་གྱིས་ཧེ་རོ་དཱ་ལ། ཁྱོད་ཀྱིས་བུད་མེད་དེ་རང་གི་ཆུང་མར་ལེན་མི་རུང་ཞེས་གསུངས་པའི་ཕྱིར༌ཡིན། 5ཧེ་རོ་དཱས་ཡོ་ཧ་ནན་དགྲོང་བར་འདོད་ནའང་ཡུལ་མི་རྣམས་ཀྱིས་ཁོང་ནི་ལུང་སྟོན་པ་ཞིག་ཡིན་པར་ངོས་བཟུང་བས་ཁོ་མི་ཚོགས་ལ་འཇིགས༌སོ།། 6ཧེ་རོ་དཱའི་སྐྱེས་སྐར་གྱི་ཉིན༌ལ། ཧེ་རོད་ཡཱའི་བུ་མོས་མགྲོན་པོ་རྣམས་ཀྱི་མདུན་དུ་བྲོ་འཁྲབ་སྟེ་ཧེ་རོ་དཱ་དགའ་བར་བྱས༌པས། 7ཁོས་བུ་མོ་དེ་ལ་ཁོ་མོས་ཅི་འདོད་བཞིན་སྟེར་བར་དམ་བཅས་ཏེ་ཁས་བླངས། 8བུ་མོར་མ་ཡིས་བསྐུལ་བ༌ལྟར། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་བོ་སྡེར་མའི་ནང་དུ་བཞག་ནས་བདག་ལ་གནང་བར་མཛོད་ཅིག་ཅེས་ཞུས་པ༌ལ། 9རྒྱལ་པོའི་སེམས་སྐྱོ་ནའང་མགྲོན་པོ་རྣམས་ཀྱི་མདུན་ནས་དམ་བཅས་ཟིན་པས་ཁོ་མོར་སྟེར་བའི་བཀའ་གནང༌སྟེ། 10མི་མངགས་ཤིང་བཙོན་ཁང་དུ་སོང་ནས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་བོ་བཅད༌དེ། 11སྡེར་མའི་ནང་དུ་བཞག་ནས་ཁྱེར་ཡོང་སྟེ་ཁོ་མོར་བྱིན་པ་དང་བུ་མོ་དེས་ཀྱང་རང་གི་མ་ལ་བྱིན། 12དེ་ནས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་རྗེས་འབྲང་པ་རྣམས་ཡོང་སྟེ་ཁོང་གི་སྐུ་གདུང་ཁུར་ནས་དུར་དུ་བཅུག༌རྗེས། སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཕྱིན་ནས་དོན་དེ་ཁོང་ལ་ཞུས༌སོ།།

སྐྱབས་མགོན་ཡེ་ཤུས་མི་ལྔ་སྟོང་འགྲང་བར་མཛད༌པ།

13སྐྱབས་མགོན་ཡེ་ཤུས་དོན་དེ་གསན༌རྗེས། མཚོ་གྲུར་བཞུགས་ཤིང་ཡུལ་དེ་དང་ཁ་བྲལ་ནས་དབེན་གནས་ཀྱི་ཕྱོགས་སུ་ཕྱིན། མི་ཚོགས་ཀྱིས་གཏམ་དེ་ཐོས༌རྗེས། གྲོང་རྡལ་སོ་སོ་ནས་རྐང་ཐང་ལ་ཡོང་སྟེ་ཁོང་གི་རྗེས་སུ་འབྲངས། 14ཁོང་ཉིད་སྐམ་སར་ཕེབས་ཤིང་མི་ཤིན་ཏུ་མང་པོ་ཡོད་པ་གཟིགས༌ཏེ། ཐུགས་ལ་སྙིང་རྗེ་འཁྲུངས་ནས་མི་དེ་དག་ལས་ནད་པ་རྣམས་ཀྱི་ནད་འཇོམས་པར་མཛད་དོ།། 15ས་རུབ་ལ་ཉེ་དུས། ཐུགས་སྲས་རྣམས་ཁོང་གི་དྲུང་དུ་ཡོང༌སྟེ། ས་ཆ་འདི་ནི་དབེན་གནས་ཤིག་ཡིན་ཞིང་ས་རུབ་ལ་ཉེ༌བས། མི་རྣམས་ཡུལ་སྡེ་སོ་སོར་རང་རང་གི་བཟའ་བཏུང་ཉོ་རུ་གཏོང་བར་མཛོད་ཅེས་ཞུས་པ༌ན། 16སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་འདི་སྐད༌དུ། ཁོ་རྣམས་འགྲོ་མི་དགོས༌ཏེ། ཁྱོད་ཅག་གིས་ཁོ་རྣམས་ལ་ཁ་ཟས་བྱིན་ཅིག་ཅེས་གསུངས༌པ་ན། 17ཐུགས་སྲས་རྣམས་ན༌རེ། ངེད་རྣམས་ལ་བག་ལེབ་ལྔ་དང་ཉ་གཉིས་ལས་མེད་ཅེས་ཞུས་པ༌ལ། 18ཡང་ཁོང་གིས་འདི་སྐད༌དུ། ཁ་ཟས་དེ་དག་བདག་ལ་ཁྱེར་ཤོག་ཅེས་གསུངས་སོ།། 19ཁོང་གིས་མི་རྣམས་སྤང་ཐང་དུ་སྡོད་པའི་བཀའ་གནང༌ཞིང༌། བག་ལེབ་ལྔ་དང་ཉ་གཉིས་པོ་ཕྱག་ཏུ་བསྣམས་ཏེ་ནམ་མཁར་གཟིགས་ཤིང་བྱིན་རླབས་གནང་རྗེས། བག་ལེབ་དུམ་བུར་བྱས་ནས་ཐུགས་སྲས་རྣམས་ལ་གནང་བ་དང་དེ་རྣམས་ཀྱིས་ཀྱང་མི་ཚོགས་ལ་བྱིན། 20མི་ཚང་མས་ཟོས་ནས་ལྟོ་བ་འགྲངས་པ་དང་། ཐུགས་སྲས་རྣམས་ཀྱིས་ཟས་ལྷག་བསྡུས་ཏེ་སླེ་བོ་བཅུ་གཉིས་བཀང༌། 21གནས་དེར་བུད་མེད་དང་བྱིས་པ་ལས༌གཞན། ཁ་ཟས་ལོངས་སུ་སྤྱོད་པའི་སྐྱེས་པ་ལྔ་སྟོང་ཙམ་ཡོད་དོ།།

སྐྱབས་མགོན་ཡེ་ཤུས་མཚོ་ངོས་སུ་ཞབས་ཀྱིས་བཅགས༌པ།

22དོན་དེའི་རྗེས༌སུ། སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་མཚོ་གྲུར་སྡོད་དུ་བཅུག༌སྟེ། ཁོང་གི་སྔོན་ལ་མཚོའི་ཕར་འགྲམ་དུ་འགྲོ་བར་བསྐུལ་ནས་ཁོང་གིས་མི་རྣམས་སོ་སོར་གྱེས་སུ་བཅུག 23མི་རྣམས་སོ་སོར་གྱེས་སུ་བཅུག༌རྗེས། ཁོང་ཉིད་གཅིག་པུ་རི་འགོར་གསོལ་བ་འདེབས་སུ་ཕེབས་པ༌དང༌། མཚན་མོའི་དུས་སུ་ཁོང་ཉིད་གཅིག་པུ་གནས་དེར་བཞུགས། 24དུས་དེར་མཚོ་གྲུ་དེ་མཚོའི་འགྲམ་ནས་ཐག་རིང་པོར་སླེབས་ཤིང་རླུང་ཚུར་གཡུགས་པས་རྦ་རླབས་ཀྱིས༌གཡོའོ།། 25ནམ་ལངས་ལ་ཉེ་བའི་དུས༌སུ། ཁོང་གིས་མཚོ་སྟེང་དུ་ཞབས་ཀྱིས་བཅགས་ནས་ཐུགས་སྲས་རྣམས་ཀྱི་གམ་དུ་ཕེབས། 26དེ་རྣམས་ཀྱིས་ཁོང་གིས་མཚོ་སྟེང་དུ་ཞབས་ཀྱིས་བཅགས་ནས་ཕེབས་པ་མཐོང་ནས་འཇིགས་ཤིང་སེམས་འཚབ་པར་གྱུར༌ཏེ། དེ་ནི་འདྲེ་ཞིག་མ་ཡིན་ནམ་ཞེས་སྨྲས་པ་དང་འཇིགས་ཤིང་སྐྲག་སྟེ་འུར་བརྒྱབ་བོ།། 27སྐྱབས་མགོན་ཡེ་ཤུས་འཕྲལ་དུ་ཁོ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གི་སེམས་བདེ་བར༌གྱིས། ང་རང་ཡིན་པས་འཇིགས་མི་དགོས་ཞེས་གསུངས་པ༌དང༌། 28པེ་ཏྲོ་ན༌རེ། གཙོ་བོ་ཁྱེད་རང་ལགས༌ན། བདག་ལ་ཆུའི་སྟེང་ནས་ཁྱེད་ཀྱི་དྲུང་དུ་ཡོང་བའི་བཀའ་གནང་བར་མཛོད་ཅེས་ཞུས་པ༌ན། 29ཁོང་གིས་ཚུར་ཤོག་ཅིག་ཅེས་གསུངས༌པས། པེ་ཏྲོ་མཚོ་གྲུ་ལས་བབས་ཏེ་མཚོ་སྟེང་ནས་སྐྱབས་མགོན་ཡེ་ཤུའི་ཕྱོགས་སུ་ཕྱིན་ནོ།། 30འོན་ཀྱང་ཁོས་རླུང་ཆེན་གཡུགས་པ་མཐོང་སྟེ་འཇིགས་ཤིང་མཚོ་ནང་དུ་ནུབ་བཞིན་པའི་སྐབས་སུ་སྐད་ཆེན༌པོས། གཙོ་བོ༌ལགས། ང་རང་སྐྱོབ་རོགས་མཛོད་ཅེས་སྐད་བརྒྱབ་པ༌དང༌། 31སྐྱབས་མགོན་ཡེ་ཤུས་དེ་མ་ཐག་ཕྱག་བརྐྱངས་ནས་ཁོ་རང་བཟུང་སྟེ་འདི་སྐད༌དུ། དད་པ་ཆུང་བ་ཁྱོད་ནི་ཅིའི་ཕྱིར་ཐེ་ཚོམ་སྐྱེས་སམ་ཞེས་གསུངས་སོ།། 32ཁོང་གཉིས་མཚོ་གྲུའི་ནང་དུ་ཕེབས་པ་དང་རླུང་གཡུག་མཚམས་ཆད། 33མཚོ་གྲུ་ནང་གི་ཐུགས་སྲས་རྣམས་ཀྱིས་ཁོང་ལ་ཕྱག་འཚལ༌ཞིང༌། ཁྱེད་ནི་དངོས་གནས་དཀོན་མཆོག་གི་སྲས་ཡིན་ཞེས་ཞུས༌སོ།། 34དེ་ནས་ཁོང་རྣམས་མཚོ་བརྒལ་ནས་གེན་ནེ་སཱ་རེལ་ཡུལ་དུ་སླེབས་པ༌དང༌། 35ཡུལ་དེའི་མི་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་ཡིན་པ་ཤེས༌ཏེ། མཐའ་སྐོར་གྱི་ཡུལ་ཀུན་ཏུ་མི་མངགས་ཤིང་ནད་པ་ཐམས་ཅད་ཁོང་གི་དྲུང་དུ་ཁུར་ཡོང་སྟེ། 36ཁོང་ལ་ན་བཟའི་འདབས་ཁ་ཙམ་ལ་རེག་ཏུ་གནང་བར་ཞུ་བ་ཞུས༌ཤིང་། དེར་རེག་པའི་ནད་པ་ཐམས་ཅད་ནད་ལས་ཐར་བར་གྱུར་ཏོ།།

མད་ཐཱ 15

གནའ་བོའི་ལུགས་སྲོལ༌སྐོར།

1དེ་ནས་ཕ་རུ་ཤི་པ་དང་མཁན་པོ་རྣམས་ཡེ་རུ་སཱ་ལེམ་ནས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང༌སྟེ། 2ཁྱེད་ཀྱི་ཐུགས་སྲས་རྣམས་ཀྱིས་ཅིའི་ཕྱིར་གནའ་མིའི་ལུགས་སྲོལ་དང་འགལ་བར་བྱེད་དམ། ཁོ་རྣམས་ཀྱིས་ལག་པ་མ་བཀྲུས་པར་བག་ལེབ་ཟའོ་ཞེས་པ༌ལ། 3སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་རང་གི་ལུགས་སྲོལ་བསྲུང་ཕྱིར་དཀོན་མཆོག་གི་བཀའ་དང་འགལ་བར་བྱེད་པ་ཅི། 4དཀོན་མཆོག་གིས་རང་གི་ཕ་མ་གཉིས་ལ་བཀུར་བསྟི་བྱེད་དགོས་ཞེས༌དང༌། ཡང་ཕའམ་ཡང་ན་མ་ལ་ཚིག་ངན་སྨྲ་མཁན་དེ་སྲོག་དང་བྲལ་བར་གྱུར་ཅིག་ཅེས༌གསུངས་སོ།། 5འོན་ཀྱང་ཁྱོད་ཅག་ལས་སུ་ཞིག་གིས་རང་གི་ཕའམ་མ༌ལ། ངས་ཁྱེད་ལ་འབུལ་འོས་པ་དེ་དཀོན་མཆོག་ལ་ཕུལ་བ་ཡིན་ཞེས་སྨྲས༌ན། 6མི་དེས་རང་གི་ཕའམ་མ་ལ་བརྩི་བཀུར་མ་བྱས་ཀྱང་ཆོག་ཅེས༌སྨྲ་བ་ཡིན། ཁྱོད་ཅག་གིས་རང་གི་ལུགས་སྲོལ་ལྟར་དཀོན་མཆོག་གི་བཀའ་རིང་དུ་དོར་བ་ཡིན༌པས། 7ཚུལ་འཆོས་པ་ཁྱོད་ཅག་གི་སྐོར་ལ་ཡེ་ཤ་ཡཱ་ཡིས་ལེགས་པར་གསུངས་པ་འདི་ལྟ༌སྟེ། 8མི་རྒྱུད་འདི་ཡིས་ངག་ནས་ང་རང་བཀུར་ན༌ཡང༌།། ཁོ་ཚོའི་སེམས་ནི་ང་དང་ཡོངས་སུ་བྲལ་བ༌ཡིན།། 9འཇིག་རྟེན་མི་ཡིས་བརྩམས་པའི་བསླབ་བྱ་སྣ་ཚོགས༌པ།། བདེན་པའི་ཆོས་ཀྱི་གཞུང་ལུགས་ཡིན་ཁུལ་སྟོན་བྱེད༌པས།། བདག་ལ་དེ་འདྲའི་བསྙེན་བཀུར་བྱས་ཀྱང་སྙིང་པོ༌མེད།། ཅེས་ལུང་བསྟན་པ་ཡིན་ཞེས་པའོ།། 10དེ་ནས་སྐྱབས་མགོན་ཡེ་ཤུས་མི་ཚོགས་ཚུར་བོས་ཏེ་འདི་སྐད༌དུ། ཁྱོད་ཅག་གིས་བདག་གི་གཏམ་ལ་ཉོན་དང་དོན་ཡང་ཤེས་པར་གྱིས། 11ཁ་ནས་ཁོག་ཏུ་སོང་བ་དེས་མི་མི་གཙང་བར་བྱེད་མི་ནུས༌ལ། ཁ་ནས་ཕྱིར་ཐོན་པ་དེས་མི་མི་གཙང་བར་བྱེད་ཅེས་གསུངས་སོ།། 12དེའི་དུས༌སུ། ཐུགས་སྲས་རྣམས་ཡོང་སྟེ་ན༌རེ། ཕ་རུ་ཤི་པ་རྣམས་ཀྱིས་ཁྱེད་ཀྱི་གསུང་དེ་ཐོས་ནས་མི་དགའ་བར་གྱུར་པ་ཁྱེད་ཀྱིས་མཁྱེན་ནམ་ཞེས་ཞུས་པ༌ལ། 13ཁོང་གིས་འདི་སྐད༌དུ། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་བདག་གི་ཡབ་ཀྱིས་བཙུགས་པ་མ་ཡིན་པའི་རྩི་ཤིང་ཐམས་ཅད་རྩ་བ་ནས་འབལ་བར་འགྱུར༌བས། 14ཕ་རུ་ཤི་པ་རྣམས་ལ་དེ་ལྟར་བྱེད་དུ་ཆུག༌དང༌། དེ་དག་ནི་ལོང་བས་ལོང་བར་ལམ་ཁྲིད་པ་ཡིན་ཏེ། ལོང་བས་ལོང་བར་ལམ་ཁྲིད་ན་དེ་གཉིས་ཀ་དོང་ནང་དུ་ལྷུང་བར་འགྱུར་ཞེས་གསུངས་སོ།། 15པེ་ཏྲོ་ན༌རེ། གོང་ནས་གསུངས་པའི་དཔེ་དེའི་ནང་དོན་ངེད་ཅག་ལ་གསུང་བར་མཛོད་ཅེས་ཞུས་པ༌ན། 16སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་ད་དུང་ཧ་མི་གོ་བ་ཡིན་ནམ། 17ཁ་ནས་ཁོག་ཏུ་གང་ཞིག་སོང་བ་དེ་ནི་མིའི་ཁོག་ཏུ་སོང་ཞིང་གཙང་སྤྱོད་དུ་ལྷུང་འགྲོ་བ་མི་ཤེས༌སམ། 18མིའི་སེམས་ནས་གང་ཞིག་ཕྱིར་ཐོན་པ་དེས་ད་གཟོད་མི་མི་གཙང་བར་བྱེད། 19རྒྱུ་མཚན་ནི་མིའི་སེམས་ལས་དྲན་ཚུལ་ངན་པ༌དང༌། མིའི་སྲོག་གཅོད༌པ། ལོག༌གཡེམ། མི་ཚངས་སྤྱོད༌པ། མ་བྱིན༌ལེན། རྫུན་གྱི་དཔང༌པོ། འཕྱ་དམོད་བཅས་འབྱུང་བའི་ཕྱིར༌རོ།། 20འདི་ཐམས་ཅད་ཀྱིས་མི་མི་གཙང་བར་བྱེད་པ༌ལས། ལག་པ་མ་བཀྲུས་པར་ཟས་ཟ་བ་དེས་མི་མི་གཙང་བར་བྱེད་མི་ནུས་ཞེས་གསུངས༌སོ།།

ཀ་ན་ཨན་ཡུལ་གྱི་བུད་མེད་ཅིག་གི་དད༌པ།

21སྐྱབས་མགོན་ཡེ་ཤུ་ཡུལ་དེ་དང་ཁ་བྲལ་ནས་ཐཱར་དང་ཚི་ཏུན་གྱི་མངའ་ཁོངས་སུ་ཕེབས་པ༌ན། 22དེ་རུ་ཀ་ན་ཨན་ཡུལ་གྱི་བུད་མེད་ཅིག་ཡོད་པ་ཡོང་ནས་སྐད་ཆེན༌པོས། ཀྱེ། དཱ་བིད་ཀྱི་རིགས་སྲས་གཙོ་བོ༌ལགས། བདག་གི་བུ་མོ་གདོན་འདྲེས་བཟུང་ནས་སྡུག་བསྔལ་ཆེན་པོ་མྱོང་བཞིན་འདུག༌པས། བདག་ལ་སྙིང་རྗེས་གཟིགས་པར་དགོངས་ཞེས་ཞུས༌ཀྱང༌། 23སྐྱབས་མགོན་ཡེ་ཤུས་བཀའ་ལན་ཅི་ཡང་མ་གསུངས་སོ།། དེ་ནས་ཐུགས་སྲས་རྣམས་ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། བུད་མེད་འདིས་བདག་ཅག་གི་རྗེས་འབྲངས་ནས་སྐད་རྒྱག་བཞིན་འདུག༌པས། ཁྱེད་ཀྱིས་ཁོ་མོ་ཕར་མངག་པར་མཛོད་ཅེས་ཞུས་པ༌ལ། 24ཁོང་གིས་འདི་སྐད༌དུ། བདག་ནི་བོར་ཟིན་པའི་ལུག་ལྟ་བུའི་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཁོ་ནའི་གམ་དུ་མངགས་པ་ཡིན་ཞེས་གསུངས་སོ།། 25དེ་ནས་བུད་མེད་ཡོང་ནས་པུས་མོ་སར་བཙུགས་ཤིང་ཁོང་ལ་ཕྱག་འཚལ༌ཏེ། གཙོ་བོ༌ལགས། ང་ལ་སྐྱབས་མཛོད་ཅིག་ཅེས་ཞུས་པ༌ན། 26ཁོང་གིས་འདི་སྐད༌དུ། ཕྲུ་གུའི་ཟས་སྐལ་ཁྱི་ལ་སྟེར་མི་རུང་ཞེས་གསུངས་སོ།། 27ཡང་བུད་མེད་ན༌རེ། ལགས༌སོ། །གཙོ་བོ༌ལགས། འོན་ཀྱང་ཁྱི་ཡིས་བདག་པོའི་ཅོག་ཙེ་འོག་གི་ཟས་ཧྲུག་ཀྱང་ཟ་བ་ཡིན་ཞེས་ཞུས་སོ།། 28ཡང་ཁོང་གིས་འདི་སྐད༌དུ། བུད་མེད་ཁྱོད་ལ་དད་པ་ཆེ༌བས། ཁྱོད་ཀྱི་འདོད་པ་བཞིན་དུ་འགྲུབ་པར་གྱུར་ཅིག་ཅེས་གསུངས་སོ།། དུས་དེ་ནས་བཟུང་ཁོ་མོའི་བུ་མོའང་ནད་ལས་ཐར་བར་གྱུར་ཏོ།།

སྐྱབས་མགོན་ཡེ་ཤུས་མི་བཞི་སྟོང་འགྲངས་པར་མཛད༌པ།

29སྐྱབས་མགོན་ཡེ་ཤུ་ཡུལ་དེ་དང་ཁ་བྲལ་ནས་མཚོ་ག་ལིལ་གྱི་ཉེ་འགྲམ་དུ་བྱོན་ཏེ་རི་འགོར་ཕེབས་ཤིང་བཞུགས་སོ།། 30མི་སྐོར་ཚོ་མང་པོས་གྱོལ་པོ་དང༌། ལོང༌བ། ལྐུགས་པ། དབང་བོ་སྐྱོན་ཅན། ནད་པ་གཞན་མང་པོ་ཁོང་གི་དྲུང་དུ་བསྐྱལ༌ཞིང༌། ཁོང་གིས་ཀྱང་ནད་པ་དེ་རྣམས་ཀྱི་ནད་འཇོམས་པར་མཛད། 31ལྐུགས་པ་རྣམས་ཀྱིས་སྐད་ཆ་སྨྲ་ཤེས་པ༌དང༌། དབང་བོ་སྐྱོན་ཅན་སོས་པ། གྱོལ་པོ་འགྲོ་བ། ལོང་བས་མིག་གིས་མཐོང་བ་སོགས་ཀྱི་དོན་མི་རྣམས་ཀྱིས་མཐོང༌སྟེ། ངོ་མཚར་སྐྱེས་ཤིང་ཡེས་ར་ཨེལ་གྱི་དཀོན་མཆོག་ལ་བསྟོད་བསྔགས་བརྗོད༌དོ།། 32དེ་ནས་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་རང་གི་དྲུང་དུ་བོས་ཏེ་འདི་སྐད༌དུ། མི་འདི་རྣམས་བདག་དང་མཉམ་དུ་གནས་འདི་ནས་ཉིན་གསུམ་འགོར༌ཀྱང༌། ད་ལྟ་ཁ་ཟས་ཅི་ཡང་མེད་པས་བདག་གིས་ཁོ་རྣམས་ལ་སྙིང་རྗེ་བར༌འདུག ངས་ཁོ་རྣམས་བཀྲེས་པའི་ངང་ནས་ཕྱིར་འགྲོ་རུ་འཇུག་མི་འདོད༌དེ། དེ་རྣམས་ལམ་བར་དུ་ཐང་ཆད་ནས་བརྒྱལ་ཉེན་ཡོད་ཅེས་གསུངས་སོ།། 33ཐུགས་སྲས་རྣམས་ན༌རེ། དབེན་སྟོང་འདི་རུ་མི་འདི་འདྲ་མང་པོ་ཞིག་ལྟོ་བ་འགྲང་བར་བྱེད་པའི་བག་ལེབ་གང་ནས་རྙེད་ཐུབ་བམ་ཞེས་ཞུས་པ༌ན། 34ཁོང་གིས་འདི་སྐད༌དུ། ཁྱོད་ཅག་ལ་བག་ལེབ་ག་ཚོད་ཡོད་ཅེས་དྲིས་པ༌ན།

ཁོ་རྣམས་ཀྱིས་བག་ལེབ་བདུན་དང་ཉ་ཆུང་ངུ་འགའ་ཡོད་ཅེས་ཞུས༌སོ།།

35སྐྱབས་མགོན་ཡེ་ཤུས་མི་ཚོགས་ལ་བཀའ་གནང་སྟེ་ས་རུ་སྡོད་དུ་བཅུག༌ཅིང༌། 36བག་ལེབ་བདུན་པོ་དང་ཉ་འགའ་ཤས་ཕྱག་ཏུ་བསྣམས་ཏེ་དཀོན་མཆོག་ལ་བཀའ་དྲིན་ཞུས༌རྗེས། དུམ་བུར་བྱས་ནས་ཐུགས་སྲས་རྣམས་ལ་སྤྲད་ཅིང་དེ་རྣམས་ཀྱིས་ཀྱང་མི་ཚོགས་ལ་བཀྲམ། 37མི་ཚོགས་ཀྱིས་ཟས་སྤྱད་ནས་ལྟོ་བ་འགྲངས་པ་དང་། ཐུགས་སྲས་རྣམས་ཀྱིས་ཟས་ལྷག་བསྡུ་གསོག་བྱས་པ་སླེ་བོ་བདུན་བྱུང༌། 38དུས་དེར་ཟས་སྤྱོད་མཁན་ནི་བུད་མེད་དང་བྱིས་པ་ལས་གཞན་སྐྱེས་པ་བཞི་སྟོང་ཙམ་ཡོད། 39དེ་ནས་སྐྱབས་མགོན་ཡེ་ཤུས་མི་རྣམས་སོ་སོར་གྱེས་སུ་བཅུག༌རྗེས། ཁོང་ཉིད་མཚོ་གྲུར་བཞུགས་ཤིང་མག་ད་ལཱའི་ཡུལ་ཕྱོགས་སུ་ཕེབས༌སོ།།

མད་ཐཱ 16

གྲུབ་རྟགས་མཐོང་འདོད་པ་རྣམས་ལ་བཀའ་བཀྱོན་གནང༌བ།

1དེ་ནས་ཕ་རུ་ཤི་པ་དང་སཱ་ཅུ་སེ་པ་རྣམས་ཡོང་སྟེ་སྐྱབས་མགོན་ཡེ་ཤུ་ལ་ནམ་མཁའི་ཞིང་ཁམས་ཀྱི་གྲུབ་རྟགས་ཤིག་སྟོན་དང་ཞེས་ཚོད་བརྟགས་པ༌ལ། 2སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་ས་རུབ་ལ་ཉེ་བའི་དུས༌སུ། ནམ་མཁར་སྤྲིན་དམར་ཡོད་ན། ཕྱི་ཉིན་ནམ་མཁའ་གཡའ་དག་པར་ངེས་ཞེས་ཟེར༌ཅིང༌། 3ཞོགས་པར་ནམ་མཁར་སྤྲིན་དམར་དང་སྤྲིན་ནག་ཡོད་ན། དེ་རིང་ཆར་རླུང་ཡོད་པར་ངེས་ཞེས་ཟེར། ཁྱོད་རྣམས་ཀྱིས་ནམ་མཁའི་རང་བཞིན་བརྟགས་པས་ཤེས༌ཀྱང༌། དུས་འདིའི་རྟགས་ནི་རྟོག་ཀྱང་མི་ཤེས་སོ།། 4མི་རབས་ངན་པ་དང་གཡེམ་སྦྱོར་ཅན་ཞིག་གིས་གྲུབ་རྟགས་འཚོལ་གྱིན༌འདུག་མོད། འོན་ཀྱང་ཡོ་ནཱའི་རྟགས་ངོ་མཚར་ཅན་དེ་ལས༌གཞན། དེ་རྣམས་ལ་རྟགས་ཅི་ཡང་སྟོན་པར་མི་འགྱུར་ཞེས་གསུངས་པ་དང་ཁོང་ཉིད་མི་དེ་རྣམས་དང་ཁ་བྲལ་ནས་ཕེབས༌སོ།།

གཡོ་སྒྱུའི་སྐྱུར་རྩིར་གཟབ་དགོས་པའི༌སྐོར།

5དེ་ནས་ཐུགས་སྲས་རྣམས་མཚོའི་ཕ་རོལ་ཏུ་བརྒལ་བ་དང་ལམ་བྲོ་འཁྱེར་བ་བརྗེད་དོ།། 6སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་བློ་རིག་བསྒྲིམས་ནས་ཕ་རུ་ཤི་པ་དང་སཱ་ཅུ་སེ་པ་རྣམས་ཀྱི་སྐྱུར་རྩིར་གཟབ་པར་གྱིས་ཞེས་བཀའ་གནང༌ཞིང༌། 7ཐུགས་སྲས་རྣམས་ཀྱིས་ཕན་ཚུན་ལ་འདི་ནི་བདག་ཅག་གིས་བག་ལེབ་ཁྱེར་མེད་པའི་ཕྱིར་ཡིན་ཞེས་གླེང་མོལ་བྱས་པ༌ལ། 8སྐྱབས་མགོན་ཡེ་ཤུས་དོན་དེ་མཁྱེན༌ནས། དད་པ་ཆུང་བ་ཁྱོད་རྣམས་ཀྱིས་ཅིའི་ཕྱིར་བག་ལེབ་མེད་པའི་གཏམ་གླེང་བ་ཡིན༌ནམ། 9ཁྱོད་ཅག་གིས་ད་དུང་མི་ཤེས༌སམ། བག་ལེབ་ལྔ་མི་ལྔ་སྟོང་ལ་བགོས་ཤིང་ཟས་ལྷག་སླེ་བོ་ཅི་ཙམ་བསྡུས་པ་མི་དྲན༌ནམ། 10བག་ལེབ་བདུན་མི་བཞི་སྟོང་ལ་བགོས་ཤིང་ཟས་ལྷག་སླེ་བོ་ཅི་ཙམ་བསྡུས་པའང་མི་དྲན༌ནམ། 11བདག་གིས་ཁྱོད་རྣམས་ལ་ཕ་རུ་ཤི་པ་དང་སཱ་ཅུ་སེ་པ་རྣམས་ཀྱི་སྐྱུར་རྩིར་གཟབ་པར་གྱིས་ཞེས་སྨྲས་ལ། འདི་ནི་བག་ལེབ་སྐོར་ལ་སྨྲས་པ་མ་ཡིན༌པས། ཁྱོད་རྣམས་ཀྱིས་མི་ཤེས་པ་དེ་ཅི་ཡིན་ཞེས་གསུངས་སོ།། 12དེ་ནི་སྐྱབས་མགོན་ཡེ་ཤུས་བག་ལེབ་ཀྱི་སྐྱུར་རྩི་ལ་དོགས་ཟོན་བྱོས་ཞེས་གསུངས་པ་མ་ཡིན༌པར། ཕ་རུ་ཤི་པ་དང་སཱ་ཅུ་སེ་པ་རྣམས་ཀྱི་བསླབ་བྱ་ལ་དོགས་ཟོན་བྱོས་ཤིག་ཅེས་པའི་དོན་དེ་ཐུགས་སྲས་རྣམས་ཀྱིས་ད་གཟོད་ཤེས་པར་གྱུར༌ཏོ།།

སྐྱབས་མགོན་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པ་ཁས་བླངས༌པ།

13དེ་ནས་སྐྱབས་མགོན་ཡེ་ཤུ་ནི་ཀེ་སར་ཡཱ་ཕི་ལིབ་པི་ཡི་མངའ་ཁོངས་སུ་ཕེབས་ཏེ་ཐུགས་སྲས་རྣམས་ལ་འདི་སྐད༌དུ། མི་རྣམས་ཀྱིས་མིའི་བུ་ནི་སུ་ཡིན་པར་སྨྲ་བཞིན་འདུག་གམ་ཞེས་དྲིས་པ༌ན། 14ཐུགས་སྲས་རྣམས་ན༌རེ། མི་ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན༌དང༌། ལ་ལས་ཨེ་ལི༌ཡཱ། ཡང་མི་ལ་ལས་ཡེ་རེམ་ཡཱའམ་ལུང་སྟོན་པའི་གྲས་ཀྱི་གཅིག་ཡིན་ཟེར་གྱི་འདུག་ཅེས་ཞུས༌སོ།། 15ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། འོ༌ན། ཁྱོད་ཅག་གིས་ང་རང་ནི་སུ་ཡིན་པར་གླེང་ངམ་ཞེས་དྲིས་པ༌ལ། 16སི་མོན་པེ་ཏྲོ་ན༌རེ། ཁྱེད་ནི་མཱ་ཤི་ཀ་སྟེ་གཏན་དུ་བཞུགས་པའི་དཀོན་མཆོག་གི་སྲས་ཡིན་ཞེས་ཞུས་སོ།། 17ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཡོ་ནཱའི་བུ་སི་མོན་ཁྱོད་ནི༌བདེའོ། །ཅིའི་ཕྱིར་ཞེ་ན། དོན་འདི་ནི་ཤ་ཁྲག་གདོས་བཅས་སུ་གྲུབ་པ་དེས་ཁྱོད་ལ་བསྟན་པ་མ་ཡིན༌པར། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་བདག་གི་ཡབ་ཀྱིས་མངོན་པར་མཛད་པའི་ཕྱིར༌རོ།། 18ཡང་བདག་གིས་ཁྱོད་ལ་སྨྲ་བར༌བྱ་སྟེ། ཁྱོད་ནི་པེ་ཏྲོ་ཡིན། བདག་གིས་རང་གི་ཆོས་ཚོགས་ནི་རྡོ་ཕ་བོང་འདིའི་སྟེང་དུ་འཛུགས་པར༌བྱའོ།། གཤིན་པོའི་གནས་ཀྱི་སྒོ་རྣམས་ཀྱང་དེ་ལས་རྒྱལ་མི་ནུས། 19བདག་གིས་ནམ་མཁའི་རྒྱལ་སྲིད་ཀྱི་ལྡེ་མིག་ཁྱོད་ལ་སྤྲོད༌ཅིང༌། ཁྱོད་ཀྱིས་ས་སྟེང་ནས་གང་ཞིག་བསྡམས་པ་དེ་ནམ་མཁའི་ཞིང་ཁམས་སུའང་བསྡམ་པར་འགྱུར༌ཞིང༌། ཁྱོད་ཀྱིས་ས་སྟེང་ནས་གང་ཞིག་བཀྲོལ་བ་དེ་ནམ་མཁའི་ཞིང་ཁམས་སུའང་དགྲོལ་བར་འགྱུར་ཞེས་གསུངས་སོ།། 20དེ་ནས་ཁོང་གིས་ཐུགས་སྲས་རྣམས་ལ་རང་ཉིད་ནི་མཱ་ཤི་ཀ་ཡིན་པ་སུ་ལའང་མི་སྨྲ་བའི་ཕྱིར་ནན་གྱིས་བསྐུལ༌ཏོ།།

དགྲོང་བར་འགྱུར་བའི་ལུང་བསྟན་པ།

21དུས་དེ་ནས༌བཟུང༌། སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་དོན་འདི་རྣམས་སྟོན་པར་འགོ་བརྩམས་ཏེ། ཁོང་ངེས་པར་ཡེ་རུ་སཱ་ལེམ་དུ་འགྲོ་བ་དང་། རྒན་པོ༌དང༌། མཆོད༌དཔོན་ཆེན་པོ་དག མཁན་པོ་རྣམས་ཀྱིས་ཁོང་ཉིད་ལ་སྡུག་བསྔལ་མང་པོ་མྱང་དུ་འཇུག་ཅིང་། ཁོང་ཉིད་དགྲོང་པ་དང་ཉིན་གསུམ་པ་ལ་སླར་གསོན་པར་འགྱུར་དགོས་པ་བཅས་སོ།། 22པེ་ཏྲོས་དེ་ཐོས་པ་དང་སྐྱབས་མགོན་ཡེ་ཤུའི་ཕྱག་ལ་འཇུས༌ཏེ། གཙོ་བོ༌ལགས། དོན་དེ་ལྟ་བུ་ཞིག་ནམ་ཡང་ཁྱེད་ལ་འབྱུང་མི་སྲིད་ཅེས་ནན་གྱིས་བསྐུལ་བ༌ན། 23སྐྱབས་མགོན་ཡེ་ཤུས་ཕྱིར་འཁོར་ནས་པེ་ཏྲོ་ལ་འདི་སྐད༌དུ། བདུད་སཱ་ཏན༌ཁྱོད་ངའི་རྒྱབ་ཏུ་སོང༌ཞིག ཁྱོད་ཀྱིས་དཀོན་མཆོག་གི་དགོངས་པ་མི་བསམ༌པར། མིའི་འདོད་བློ་ཁོ་ན་བསམས་པས་ཁྱོད་ནི་བདག་གི་བཀག་རྡོ་ཡིན་ཞེས་གསུངས༌སོ།། 24དེ་ནས་སྐྱབས་མགོན་ཡེ་ཤུས་རང་གི་ཐུགས་སྲས་རྣམས་ལ་འདི་སྐད༌དུ། སུ་ཞིག་ང་ཡི་རྗེས་སུ་འབྲང་འདོད༌ན། རང་ཉིད་དོར་ནས་རང་གི་ཤིང་རྒྱ་གྲམ་ཁུར་ཏེ་ང་ཡི་རྗེས་སུ་འབྲང་བར་གྱིས། 25སུ་ཞིག་གིས་རང་སྲོག་སྐྱོབ་འདོད་པ་དེས་རང་སྲོག་འཆོར༌ཞིང༌། སུ་ཞིག་གིས་བདག་གི་དོན་དུ་རང་སྲོག་འདོར་བ་དེར་རང་སྲོག་འཐོབ་ངེས༌ཡིན། 26སུ་ཞིག་གིས་འཇིག་རྟེན་ཧྲིལ་པོ་རག་ཀྱང་རང་སྲོག་བོར་ན་ཅི་ལ༌ཕན། མིས་རང་ལ་ཚེ་སྲོག་འཐོབ་པར་རིན་ཅི་ཞིག་སྤྲོད་དམ། 27མིའི་བུ་ནི་ཡབ་ཀྱི་གཟི་བརྗིད་ཀྱི་ངང་ནས་ཕོ་ཉ་འཁོར་དང་བཅས་པ་འཇིག་རྟེན་དུ་ཕེབས་ངེས༌ཏེ། དེའི་དུས་སུ་མིའི་བུ་ཡིས་མི་རང་རང་གི་སྤྱོད་པ་བཟང་ངན་ལྟར་བྱ་དགའ་གནང་བ་དང་ཉེས་ཆད་གཅོད་ངེས་ཡིན། 28བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། འདི་རུ་སྡོད་པའི་མི་རྣམས་ལས་འགའ་ཞིག་གིས་འཆི་བ་དངོས་སུ་མ་མྱོང་བའི་སྔོན༌དུ། མིའི་བུ་རང་གི་རྒྱལ་སྲིད་དུ་ཕེབས་པ་མཐོང་ངེས་ཡིན་ཞེས་གསུངས༌སོ།།

མད་ཐཱ 17

སྐུ་གཟུགས་ཀྱི་རྣམ་པ་འགྱུར༌བ།

1དེ་ནས་ཉིན་དྲུག་འགོར་རྗེས། སྐྱབས་མགོན་ཡེ་ཤུས་པེ་ཏྲོ༌དང༌། ཡ༌ཀོབ། ཡ་ཀོབ་ཀྱི་སྤུན་ཡོ་ཧ་ནན་བཅས་ཁྲིད་ནས་རི་མཐོན་པོ་ཞིག་ཏུ་ཕེབས་པ༌དང༌། 2ཁོ་རྣམས་ཀྱི་མདུན་དུ་ཁོང་གི་རྣམ་པ་འགྱུར་ཏེ། ཞལ་རས་ནི་ཉི་འོད་བཞིན་དུ་འཕྲོ་བ་དང་། ན་བཟའ་ནི་འོད་ཟེར་ལྟར་དཀར་པོར་གྱུར། 3གློ་བུར་ཉིད་ལ་མོ་ཤེ་དང་ཨེ་ལི་ཡཱ་གཉིས་མངོན་སུམ་དུ་བྱུང་སྟེ་སྐྱབས་མགོན་ཡེ་ཤུ་དང་གསུང་མོལ་མཛད་དོ།། 4པེ་ཏྲོས་སྐྱབས་མགོན་ཡེ་ཤུ་ལ། གཙོ་བོ༌ལགས། བདག་ཅག་འདི་རུ་བསྡད་ན་དངོས་གནས་ལེགས་པོ༌འདུག ཁྱེད་རང་ཐུགས་དགྱེས་ན་བདག་གིས་འདི་ནས་གུར་གསུམ་བཟོ་བར་བྱ༌སྟེ། ཁྱེད་ལ་གཅིག༌དང༌། མོ་ཤེ་ལ༌གཅིག ཨེ་ལི་ཡཱ་ལའང་གཅིག་ཅེས་ཞུ་བཞིན་པའི་མོད་ལ། 5སྐད་ཅིག་ལ་འོད་དང་ལྡན་པའི་སྤྲིན་ཕུང་ཞིག་གིས་ཁོང་རྣམས་བསྒྲིབས་པ་དང་དེའི་ཁྲོད་ནས་སྐད་སྒྲ་ཞིག་གྲགས༌ཏེ། འདི་ནི་བདག་གི་གཅེས་པའི་བུ་ཡིན་ཞིང་། ང་རང་ཁོ་ལ་ཤིན་ཏུ༌དགའ། ཁྱོད་ཅག་གིས་ཁོའི་གཏམ་ལ་ཉོན་ཅིག་ཅེས་གསུངས་སོ།། 6ཐུགས་སྲས་རྣམས་ཀྱིས་གསུང་དེ་ཐོས་པ་དང་ཁ་སྦུབ་ཏུ་འགྱེལ༌ཞིང་ཤིན་ཏུ་འཇིགས། 7སྐྱབས་མགོན་ཡེ་ཤུ་ཕེབས་ཡོང་སྟེ་ཁོ་རྣམས་ལ་ཕྱག་གིས་རེག༌ཅིང༌། ཡར་ལོངས་དང་མ་འཇིགས་ཤིག་ཅེས་གསུངས་པ༌དང༌། 8ཐུགས་སྲས་རྣམས་ཀྱིས་ཡར་བལྟས་པ་ན་སྐྱབས་མགོན་ཡེ་ཤུ་ལས་གཞན་སུའང་མ་མཐོང༌ངོ༌།། 9དེ་ནས་ཁོང་རྣམས་རི་བོ་ལས་མར་ཕེབས་པའི་དུས༌སུ། སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། མིའི་བུ་ད་དུང་འཆི་བ་ལས་སླར་གསོན་པའི་བར་དུ་ཁྱོད་རྣམས་ཀྱིས་ཅི་མཐོང་བ་དེ་གཞན་སུ་ལའང་མི་སྨྲ་བར་གྱིས་ཞེས་བཀའ་བསྒོས་སོ།། 10ཐུགས་སྲས་རྣམས་ན༌རེ། མཁན་པོ་རྣམས་ཀྱིས་ཨེ་ལི་ཡཱ་སྔོན་ལ་འབྱོན་ངེས་ཡིན་ཞེས་ཟེར་དོན་ཅི་ཞུས་པ༌ལ། 11ཡང་ཁོང་གིས་འདི་སྐད༌དུ། ཨེ་ལི་ཡཱ་དངོས་སུ་སྔོན་ལ་བྱོན་ཏེ་ཐམས་ཅད་བསྐྱར་དར་བྱ་བར་ངེས། 12འོན༌ཀྱང༌། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཨེ་ལི་ཡཱ་ནི་སྔར་ནས་བྱོན་ཟིན༌ཅིང༌། མི་རྣམས་ཀྱིས་ཁོང་ཉིད་སུ་ཡིན་པ་མ་ཤེས་པས། ཁོང་ལ་ཅི་འདོད་བཞིན་བྱས། དེ་བཞིན༌དུ། མི་དེ་རྣམས་ཀྱིས་མིའི་བུ་ལའང་གནོད་འཚེ་བྱ་བར་འགྱུར་ཞེས་གསུངས་པ༌ན། 13ད་གཟོད་ཐུགས་སྲས་རྣམས་ཀྱིས་གསུང་འདི་ནི་ཁོང་གིས་ཁྲུས་གསོལ་མཁན་ཡོ་ཧ་ནན་ལ་དམིགས་ནས་གསུངས་པ་ཤེས༌སོ།།

གདོན་འདྲེས་བཟུང་བའི་བུ་ཞིག་གསོས༌པ།

14སྐྱབས་མགོན་ཡེ་ཤུ་དང་ཐུགས་སྲས་རྣམས་མི་ཚོགས་ཡོད་སར་ཕེབས་པ༌དང༌། མི་ཞིག་ཁོང་གི་དྲུང་དུ་ཡོང་ནས་པུས་མོ་སར་བཙུགས་ཏེ་ན༌རེ། 15གཙོ་བོ༌ལགས། བདག་གི་བུ་ལ་སྙིང་རྗེ་གནང་བར༌མཛོད། ཁོ་ལ་གཟའ་ཕོག་ནས་སྡུག་བསྔལ་ཆེན་པོ་མྱངས༌ཏེ། ཐེངས་དུ་མར་མེའི་ནང་དུ་ལྷུང་བ༌དང༌། ཐེངས་དུ་མར་ཆུའི་ནང་དུའང་ལྷུང་། 16ངས་རང་གི་བུ་ཁྱེད་ཀྱི་ཐུགས་སྲས་རྣམས་ཀྱི་དྲུང་དུ་ཁྲིད༌ནའང༌། དེ་རྣམས་ཀྱིས་ཁོ་རང་གསོ་བར་མ་ནུས་ཞེས་ཞུས་པ༌ལ། 17སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཀྱེ། དད་པ་མེད་པ་དང་ཕྱིན་ཅི་ལོག་པའི་མི་རབས་འདི། བདག་ནི་ཁྱོད་ཅག་དང་མཉམ་དུ་དུས་ནམ་ཞིག་གི་བར་དུ་སྡོད་དགོས༌སམ། ངས་དུས་ནམ་ཞིག་གི་བར་དུ་ཁྱོད་རྣམས་ལ་བཟོད་བསྲན་བྱེད་དགོས༌སམ། བུ་དེ་བདག་གི་མདུན་དུ་ཁྲིད་ཤོག་ཅིག་ཅེས་གསུངས་པ༌དང༌། 18སྐྱབས་མགོན་ཡེ་ཤུས་གདོན་འདྲེ་དེར་བཀའ་བཀྱོན་མཛད་པ་དང་གདོན་འདྲེ་ཕྱི་རུ་ཐོན། དེ་ནས་བཟུང་བུ་དེ་ནད་ལས་ཐར་བར་གྱུར༌ཏོ།། 19ཐུགས་སྲས་རྣམས་ཟུར་ཏུ་སྐྱབས་མགོན་ཡེ་ཤུའི་དྲུང་ལ་ཡོང༌སྟེ། ངེད་རྣམས་ཀྱིས་ཅིའི་ཕྱིར་གདོན་འདྲེ་དེ་ཕྱིར་སྐྲོད་མ་ནུས་ཞེས་ཞུས་པ༌ལ། 20ཁོང་གིས་འདི་སྐད༌དུ། དེ་ནི་ཁྱོད་རྣམས་ཀྱི་དད་པ་ཆུང་བའི་ཕྱིར༌ཡིན། བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། ཁྱོད་རྣམས་ལ་ཡུངས་འབྲུའི་ས་བོན་ལྟ་བུའི་དད་པ་ཆུང་ངུ་ཙམ་ཡོད༌ན། ཁྱོད་རྣམས་ཀྱིས་རི་བོ་འདི༌ལ། ཁྱོད་འདི་ནས་ཕར་སྤོས་ཤིག་ཅེས་སྨྲས༌ན། རི་བོ་དེའང་ཕར་སྤོ་བར་འགྱུར༌བས། ཁྱོད་རྣམས་ཀྱིས་སྒྲུབ་མི་ནུས་པ་ཅི་ཡང་མེད། 21འོན་ཀྱང་གདོན་འདྲེ་འདིའི་རིགས་སྨོན་ལམ་འདེབས་པ་དང་སྨྱུང་གནས་སྲུང་བ་ལས༌གཞན།

ཐབས་གང་གིས་ཀྱང་ཕྱིར་སྐྲོད་མི་ནུས་ཞེས་གསུངས༌སོ།།

22ཁོང་རྣམས་ག་ལིལ་ཡུལ་དུ་འཛོམས་པའི་དུས༌སུ། སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། མིའི་བུ་ཁོ་རང་མི་རྣམས་ཀྱི་ལག་ཏུ་སྤྲོད༌ཅིང༌། 23དེ་རྣམས་ཀྱིས་ཁོ་རང་གསོད་པར་འགྱུར་ཡང་། ཉིན་གསུམ་པ་ལ་ཁོ་རང་སླར་གསོན་པར་ངེས་ཞེས་གསུངས༌པས། ཐུགས་སྲས་རྣམས་ཀྱི་སེམས་ཤིན་ཏུ་སྐྱོ་བར་གྱུར་ཏོ།།

མཆོད་ཁང་གི་དཔྱ་ཁྲལ༌སྐོར།

24དེ་ནས་ཁོང་རྣམས་ཀཱ་ཕར་ན་ཧུམ་དུ་སླེབས་པ༌ན། མཆོད་ཁང་གི་དཔྱ་ཁྲལ་ལེན་མཁན་རྣམས་པེ་ཏྲོའི་གམ་དུ་ཡོང་སྟེ། ཁྱོད་ཀྱི་སློབ་དཔོན་གྱིས་མཆོད་ཁང་ལ་དཔྱ་ཁྲལ་མི་འཇལ་ལམ་ཞེས་དྲིས་པ༌ན། 25པེ་ཏྲོས་འཇལ་བ་ཡིན་ཞེས་སྨྲས་སོ།། པེ་ཏྲོ་ཁང་པའི་ནང་དུ་སོང་བ་དང༌། སྐྱབས་མགོན་ཡེ་ཤུས་སྔོན་ལ་འདི་སྐད༌དུ། སི༌མོན། ཁྱོད་ཀྱིས་ཇི་ལྟར་བསམ་པ་ཡིན༌ནམ། འཇིག་རྟེན་གྱི་རྒྱལ་པོ་རྣམས་ཀྱིས་སུ་ལས་ཤོ་གམ་མམ་དཔྱ་ཁྲལ་ལེན་པ་ཡིན༌ནམ། རང་གི་སྲས་ལས་ལེན་ནམ་གཞན་ལས་ལེན་པ་ཡིན་ཞེས་གསུངས་པ༌ལ། 26པེ་ཏྲོས་མི་གཞན་དག་ལས་ལེན་པ་ཡིན་ཞེས་ཞུས་སོ།། ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེས་ན་རྒྱལ་སྲས་རྣམས་ཀྱིས་དཔྱ་ཁྲལ་མ་འཇལ་ཡང་ཆོག 27འོན་ཀྱང་། དཔྱ་ཁྲལ་ལེན་མཁན་དེ་རྣམས་ཁྲོ་རུ་མི་འཇུག་པའི་ཕྱིར། ཁྱོད་རང་མཚོ་འགྲམ་དུ་ལྕགས་ཀྱུ་འཕངས་ནས་ཉ་འཛིན་དུ་སོང༌ཞིག ཐོག་མར་བཟུང་བའི་ཉ་དེའི་ཁ་ཕྱེས་ཤིག་དང་དངུལ་སྒོར་གཅིག་རྙེད་པར་འགྱུར། ཁྱོད་ཀྱིས་དངུལ་སྒོར་དེ་ཁྱེར་ནས་ངེད་གཉིས་ཀའི་དཔྱ་ཁྲལ་གྱི་ཚབ་ཏུ་དེ་རྣམས་ལ་བྱིན་ཅིག་ཅེས་གསུངས༌སོ།།

མད་ཐཱ 18

ནམ་མཁའི་རྒྱལ་སྲིད་ནང་དུ་མཆོག་གྱུར་སུ་ཡིན་པའི་སྐོར།

1དེའི་དུས༌སུ། ཐུགས་སྲས་རྣམས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང༌སྟེ། ནམ་མཁའི་རྒྱལ་སྲིད་ནང་དུ་སུ་ཞིག་མཆོག་ཏུ་གྱུར་པ་ཡིན་ནམ་ཞེས་ཞུས་པ༌ལ། 2ཁོང་གིས་བྱིས་པ་ཆུང་ངུ་ཞིག་རང་གི་དྲུང་དུ་བོས་ཤིང་དེ་རྣམས་ཀྱི་དཀྱིལ་ནས་སྡོད་དུ་བཅུག་རྗེས་འདི་སྐད༌དུ། 3བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། ཁྱོད་རྣམས་ཀྱིས་སེམས་བསྒྱུར་ནས་བྱིས་པ་ལྟ་བུར་མ་གྱུར༌ན། ཅིས་ཀྱང་ནམ་མཁའི་རྒྱལ་སྲིད་དུ་ཞུགས་མི་ནུས་སོ།། 4དེའི༌ཕྱིར། ཁེངས་སྐྱུང་ངང་བྱིས་པ་འདི་ལྟ་བུར་བྱེད་མཁན་རྣམས་ནི་ནམ་མཁའི་རྒྱལ་སྲིད་ནང་དུ་ཆེས་མཆོག་ཏུ་གྱུར་པ་ཡིན། 5ཡང་སུ་ཞིག་གིས་ངའི་མིང་གི་ཕྱིར་འདི་འདྲའི་བྱིས་པ་ཆུང་ངུ་ཞིག་ལ་བསུ་བ་བྱས་ན། དོན་དམ་དུ་བདག་ལ་བསུ་བ་བྱས༌པ་ཡིན། 6ཡང་སུ་ཞིག་གིས་བདག་ལ་དད་པ་བྱེད་པའི་བྱིས་པ་ཆུང་ངུ་འདི་རྣམས༌ལས་གཅིག་ལ་སྡིག་པ་བྱེད་དུ་འཇུག་པ༌ལས། མི་དེའི་སྐེ་ལ་རང་ཐག་གི་རྡོ་ཆེན་པོ་ཞིག་བཏགས༌ཏེ། རྒྱ་མཚོའི་གཏིང་རིམ་དུ་ནུབ་ན་ལེགས༌སོ།། 7མི་ལ་སྡིག་པ་བྱེད་དུ་འཇུག་པའི་རྐྱེན་གྱིས་འཇིག་རྟེན་འདི་ལ་ཆག་སྒོ་འབྱུང༌བ་ཡིན། ཡང་སྡིག་པ་བྱེད་དུ་འཇུག་པའི་དོན་དེ་ནི་ཟློག་ཐབས་མེད་ནའང་། སྡིག་པ་བྱེད་དུ་འཇུག་མཁན་དེ་ལ་ཆག་སྒོ་འབྱུང༌ངོ་།། 8ཁྱོད་ཀྱི་ལག་པའམ་རྐང་པ་གང་རུང་གིས་ཁྱོད་ལ་སྡིག་པ་བྱེད་དུ་འཇུག༌ན། ཡན་ལག་དེ་བཅད་ནས་དོར༌ཅིག ཁྱོད་རང་རྐང་ལག་གཉིས་དང་ལྡན་པར་ནམ་ཡང་ཞི་བ་མེད་པའི་མེ་རུ་གཡུག་པ༌ལས། ལག་རྡུམ་མམ་གྱོལ་པོར་གྱུར་ཀྱང་མཐའ་མེད་པའི་ཚེ་སྲོག་ནང་དུ་ཞུགས་པ་དེ་ལེགས༌སོ།། 9ཁྱོད་ཀྱི་མིག་གིས་ཁྱོད་ལ་སྡིག་པ་བྱེད་དུ་འཇུག་ན། མིག་དེ་བཏོན་ནས་དོར༌ཅིག ཁྱོད་རང་མིག་ཟུང་དང་ལྡན་པར་དམྱལ་བའི་གནས་ཀྱི་མེ་རུ་གཡུག་པ༌ལས། མིག་ཡ་གཅིག་མེད་ནའང་མཐའ་མེད་པའི་ཚེ་སྲོག་ནང་དུ་ཞུགས་པ་དེ་ལེགས་ཞེས་གསུངས༌སོ།།

ལུག་བོར་བའི༌དཔེ།

10ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་གཟབ་གཟབ་བྱ་དགོས་ཏེ། བྱིས་པ་ཆུང་ངུ་འདི་རྣམས་ལས་གཅིག་ལའང་མཐོང་ཆུང་མ་བྱེད༌ཅིག བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། བྱིས་པ་དེ་དག་གི་ཕོ་ཉ་རྣམས་ཀྱིས་ནམ་མཁའི་ཞིང་ཁམས་སུ་བདག་གི་ཡབ་ཀྱི་ཞལ་རས་རྟག་ཏུ་མཐོང༌བ་ཡིན། 11ཅིའི་ཕྱིར་ཞེ་ན། མིའི་བུ་ནི་བོར་ཟིན་པ་རྣམས་སྐྱོབ་པའི་ཕྱིར་ཕེབས་པའོ།། 12མི་ཞིག་ལ་ལུག་བརྒྱ་ཡོད་ཀྱང་དེ་ལས་ལུག་གཅིག་བོར་ན། ཁྱོད་རྣམས་ཀྱིས་ཅི་ལྟར་བསམ་མམ། ཁོས་ལུག་དགུ་བཅུ་གོ་དགུ་ཡོད་པ་རི་ལ་བསྐྱུར༌ཏེ། ལུག་བོར་སོང་བ་དེ་འཚོལ་བ་མ་ཡིན༌ནམ། 13བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། ལུག་དེ་བཙལ་ནས་རྙེད༌ན། བོར་མེད་པའི་ལུག་དགུ་བཅུ་གོ་དགུ་ལས་ཀྱང་ལུག་གཅིག་པོ་དེའི་ཕྱིར་ལྷག་ཏུ་དགའ་བར་འགྱུར་རོ།། 14དཔེ་དེ་བཞིན་དུ་ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཁྱོད་ཅག་གི་ཡབ་ཀྱི་ཐུགས༌སུའང༌། བྱིས་པ་ཆུང་ངུ་འདི་རྣམས་ལས་གཅིག་ཀྱང་འབོར་དུ་མི་དགོངས་ཞེས་གསུངས༌སོ།།

སྡིག་པ་བྱས་པའི་སྤུན་ཟླའི་སྐོར།

15ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱི་སྤུན་ཟླས་ཁྱོད་ལ་སྡིག་པ་བྱས་ན། ཁྱོད་ཕར་སོང་ལ། ཁྱོད་གཉིས་ཁོ་ན་ཡིན༌དུས། ཁོའི་ཉེས་སྐྱོན་གསལ་པོར་སྟོན༌ཅིག གལ་ཏེ། ཁོས་ཁྱོད་ཀྱི་གཏམ་ལ་མཉན་པ་ཡིན་ན། ཁྱོད་ལ་རང་གི་སྤུན་ཟླ་སླར་ཡང་ཐོབ་པ་ཡིན། 16གལ་ཏེ། ཁོས་ཁྱོད་ཀྱི་གཏམ་ལ་མི་ཉན༌ན། ཁྱོད་ཀྱིས་མི་གཅིག་གམ་གཉིས་ཁྲིད་འོང་བར༌བྱའོ།། དེ་ནི་མི་གཉིས་གསུམ་ཞིག་གི་ངག་ལས་བདེན་དཔང་བྱེད་པར་བརྟེན༌ནས། ཚིག་རེ་རེ་བཞིན་གཏན་ལ་དབབ་དགོས་པའི་ཕྱིར༌རོ།། 17གལ་ཏེ། ཁོས་ད་དུང་དེ་རྣམས་ཀྱི་གཏམ་ལ་མི་ཉན༌ན། ཆོས་ཚོགས་ལ་ཞུས༌ཤིག གལ་ཏེ། ཁོས་ཆོས་ཚོགས་ཀྱི་བཀའ་ལའང་མི་ཉན༌ན། ཁོ་ནི་ཕྱི་ཕྱོགས་པ་དང་ཁྲལ་ལེན་མཁན་དང་འདྲ་བར་རྩིས༌ཤིག 18ཡང་བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། ཁྱོད་རྣམས་ཀྱིས་ས་སྟེང་ནས་གང་ཞིག་བསྡམས་པ་དེ་ནམ་མཁའི་ཞིང་ཁམས་སུའང་བསྡམ་པར་འགྱུར༌ཞིང༌། ཁྱོད་རྣམས་ཀྱིས་ས་སྟེང་ནས་གང་ཞིག་བཀྲོལ་བ་དེ་ནམ་མཁའི་ཞིང་ཁམས་སུའང་དགྲོལ་བར་འགྱུར་རོ།། 19ཡང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ས་སྟེང་ནས་ཁྱོད་རྣམས་ལས་མི་གཉིས་ཀྱིས་ཁ་འཆམ་པའི་སྒོ་ནས་ཅི་ཞིག་ཞུས༌ན། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་བདག་གི་ཡབ་ཀྱིས་ཀྱང་དེ་ལྟར་གནང་བར་འགྱུར། 20རྒྱུ་མཚན་ནི་གནས་གང་རུང་དུ་མི་གཉིས་ནས་གསུམ་ཙམ་བདག་གི་མིང་ལ་བརྟེན་ནས་ལྷན་འཛོམས་བྱུང༌ན། ང་རང་ཡང་དེ་དག་གི་ཁྲོད་དུ་སྡོད་པ་ཡིན་ཞེས་གསུངས༌སོ།།

སྙིང་རྗེ་དང་བྲལ་བའི་གཡོག་པོའི་དཔེ།

21དེའི་དུས༌སུ། པེ་ཏྲོ་ཡོང་སྟེ་ན༌རེ། གཙོ་བོ༌ལགས། བདག་གི་སྤུན་ཟླས་བདག་ལ་སྡིག་པ་བྱས་ན། ངས་ཐེངས་ཅི་ཙམ་དུ་ཁོ་ལ་གུ་ཡངས་གཏོང་དགོས༌སམ། ཐེངས་བདུན་གྱིས་ཆོག་གམ་ཞེས་ཞུས་པ༌ལ། 22སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་ལ་སྨྲ་བར་བྱ༌སྟེ། ཐེངས་བདུན་གྱིས་མི་ཆོག༌སྟེ། བདུན་ཅུའི་ལྡབ་བདུན་བར་དུ་ཁོ་ལ་གུ་ཡངས་གཏོང་དགོས། 23ནམ་མཁའི་རྒྱལ་སྲིད་ནི་རྒྱལ་པོ་ཞིག་གིས་རང་གི་གཡོག་པོ་རྣམས་ལ་རྩིས་རྒྱག་པ་དང་འདྲ༌སྟེ། 24རྩིས་རྒྱག་འགོ་བརྩམས་མ་ཐག༌ཏུ། མི་ཞིག་གིས་རྡོ་ཚད་ཆིག་ཁྲིའི་བུ་ལོན་ཆད་པ་ཞིག་ཁོང་གི་མདུན་དུ་ཁྲིད་ཡོང༌སྟེ། 25མི་དེར་སྐྱིན་ཚབ་འཇལ་རྒྱུ་ཅི་ཡང་མེད་པས་བདག་པོས་མི་དེར་རྒྱུ་རྫས་ཐམས་ཅད་བཙོང་དགོས་པ༌དང༌། ཐ་ན་ཁོ༌དང༌ཁོའི་ཆུང༌མ། བུ་ཕྲུག་བཅས་ཀྱང་བཙོངས་ཏེ་སྐྱིན་ཚབ་འཇལ་དགོས་པའི་བཀའ་ཕབ་བོ༎ 26དེ་ནས་གཡོག་པོ་དེས་ལུས་པོ་སར་བཏུད་ནས་ཁོང་ལ་ཕྱག་འཚལ༌ཏེ། བདག་པོ༌ལགས། ཁྱེད་ཀྱིས་བདག་ལ་བཟོད་པ་གནང་བར་ཞུ། བདག་གིས་ཕྱིས་སུ་བུ་ལོན་ཐམས་ཅད་འཇལ་ངེས་ཡིན་ཞེས་ཞུས༌པ་ན། 27བདག་པོས་གཡོག་པོར་སྙིང་རྗེ༌ནས། གཡོག་པོ་དེ་ཕྱིར་བཏང་ཞིང་བུ་ལོན་ཡང་མེད་པར་བྱས་སོ།། 28འོན་ཀྱང་། གཡོག་པོ་དེ་ཕྱི་རོལ་ཏུ་སོང་རྗེས། རང་ལ་དངུལ་སྒོར་བརྒྱ་ཆད་པའི་ལས་གྲོགས་ཤིག་དང་འཕྲད༌ཅིང༌། ཁོ་རང་བཟུང་ཞིང་མིད་པ་ནས་བསྒགས༌ཏེ། ད་ལྟ་ཁྱོད་ཀྱིས་བུ་ལོན་འཇལ་དགོས་ཞེས་སྨྲས་སོ།། 29ཁོའི་ལས་གྲོགས་ཀྱིས་ལུས་པོ་སར་བཏུད་དེ་ཞུ་བ་བྱེད་བཞིན་ན༌རེ། བདག་ལ་བཟོད་པ་གནང་བར་མཛོད། བདག་གིས་ཕྱིས་སུ་བུ་ལོན་འཇལ་ངེས་ཡིན་ཞེས་སྨྲས༌ནའང་། 30ཁོས་དེ་ལྟར་མ་བྱས་པར་ལས་གྲོགས་དེས་བུ་ལོན་འཇལ་ཚར་བའི་བར་དུ་བཙོན་ལ་བཅུག 31ལས་གྲོགས་གཞན་རྣམས་ཀྱིས་ཁོས་བྱས་པའི་དོན་དེ་རྣམས་མཐོང་སྟེ་ཡིད་སེམས་ཤིན་ཏུ་སྐྱོ་ཞིང༌། བདག་པོའི་དྲུང་དུ་སོང་ནས་དོན་དེ་ཐམས་ཅད་ཁོང་ལ་ཞུས་སོ།། 32བདག་པོས་གཡོག་པོ་རང་གི་དྲུང་དུ་བོས་ཏེ་ན༌རེ། གཡོག་པོ་ངན༌པ། ཁྱོད་ཀྱིས་བདག་ལ་ཞུ་བ་བྱས༌པས། བདག་གིས་ཁྱོད་ཀྱི་བུ་ལོན་ཐམས་ཅད་མེད་པར་བྱས་པ་མིན་ནམ། 33བདག་གིས་ཁྱོད་ལ་སྙིང་རྗེ་བསྐྱེད་པ་བཞིན༌དུ། ཁྱོད་ཀྱིས་ཀྱང་རང་གི་ལས་གྲོགས་ལ་སྙིང་རྗེ་བསྐྱེད་འོས་པ་མ་ཡིན་ནམ་ཞེས་སྨྲས་སོ།། 34བདག་པོ་ཐུགས་ཤིན་ཏུ་ཁྲོས་ཏེ་བུ་ལོན་ཐམས་ཅད་འཇལ་ཚར་བའི་བར༌དུ། གཡོག་པོ་དེ་མནར་གཅོད་གཏོང་མཁན་རྣམས་ཀྱི་ལག་ཏུ་སྤྲད་དོ།། 35དེའི༌ཕྱིར། ཁྱོད་རྣམས་ཀྱིས་ཀྱང་སེམས་གཏིང་ནས་རང་གི་སྤུན་ཟླ་ལ་གུ་ཡངས་མི་གཏོང༌ན། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་བདག་གི་ཡབ་ཀྱིས་ཀྱང་ཁྱོད་རྣམས་ལ་དཔེ་དེ་བཞིན་དུ་མཛད་པར་འགྱུར་ཞེས་གསུངས༌སོ།།

མད་ཐཱ 19

བཟའ་ཚང་གི༌སྐོར།

1སྐྱབས་མགོན་ཡེ་ཤུས་དེ་ལྟར་གསུངས༌རྗེས། ག་ལིལ་ཡུལ་དང་ཁ་བྲལ་ནས་ཡོར་དན་གཙང་པོའི་ཕར་ཕྱོགས་སུ་ཡོད་པའི་ཡ་ཧུ་དཱའི་ཡུལ་དུ་ཕེབས་པ༌དང༌། 2མི་སྐོར་ཚོ་མང་པོ་ཁོང་གི་རྗེས་སུ་འབྲངས་ཤིང་། ཁོང་གིས་ཡུལ་དེ་ནས་ནད་པ་རྣམས་གསོས་པའོ།། 3ཕ་རུ་ཤི་པ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུར་ཚོད་བགམ་པའི་ཕྱིར་ཁོང་གི་དྲུང་དུ་ཡོང༌སྟེ་ན་རེ། སྐྱེས་པ་ཞིག་གིས་རྒྱུ་རྐྱེན་གང་རུང་གི་དབང་གིས་རང་གི་ཆུང་མ་སྤངས་ན་བཀའ་ཁྲིམས་དང་མཐུན་ནམ་ཞེས་ཞུས་པ༌ན། 4ཁོང་གིས་འདི་སྐད༌དུ། དེ་ཡང་ཐོག་མར་མི་སྐྲུན་མཁན་གྱིས་མི་ནི་ཕོ་དང་མོ་གཉིས་སུ་མཛད་པ༌དང༌། 5ཡང་ཇི་སྐད༌དུ། དེ་བས་སྐྱེས་པ་ནི་རང་གི་ཕ་མ་དང་ཁ་བྲལ་ནས་རང་གི་ཆུང་མར་འབྲེལ་ཏེ་ཁོ་གཉིས་ལུས་པོ་གཅིག་ཏུ་འགྱུར་ཞེས་གསུངས་ཡོད་པ་བཀླགས་མ་མྱོང༌ངམ། 6དེས་ན། ཕྱིན་ཆད་ཁོ་གཉིས་ནི་མི་གཉིས་མ་ཡིན་པར་ལུས་པོ་གཅིག་རང་ཡིན། དེའི་ཕྱིར། དཀོན་མཆོག་གིས་སྦྲེལ་བ་དེ་མི་སུས་ཀྱང་གཏོར་མི་རུང་ཞེས་བཀའ་ལན་གསུངས་སོ།། 7ཡང་ཕ་རུ་ཤི་པ་རྣམས་ན༌རེ། དེས་ན་མོ་ཤེ་ཡིས་ཅིའི་ཕྱིར་བཟའ་འཐོར་ཡི་གེ་སྤྲད་ན་ཆུང་མ་སྤངས་ཆོག་ཅེས་བཀའ་གནང་བ་ཡིན་ནམ་ཞེས་ཞུས་པ༌ལ། 8ཁོང་གིས་འདི་སྐད༌དུ། དེ་ནི་ཁྱོད་ཅག་གི་སེམས་གྱོང་པོ་ཡིན་པས་མོ་ཤེ་ཡིས་ཁྱོད་ཅག་ལ་ཆུང་མ་སྤོང་ཆོག་པའི་བཀའ་གནང་ནའང་། ཐོག་མ་ཉིད་ནས་དེ་ལྟར་མ་ཡིན་ནོ།། 9བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ལོག་གཡེམ་བྱས་པའི་རྒྱུ་རྐྱེན་ལས༌གཞན། ཁྱོ་བོ་སུ་ཞིག་གིས་རང་གི་ཆུང་མ་སྤངས་ཏེ་བུད་མེད་གཞན་ཞིག་བླངས༌ན། དེ་ནི་ལོག་གཡེམ་བྱས་པ་ཡིན་ཞེས་གསུངས༌སོ།། 10ཐུགས་སྲས་རྣམས་ན༌རེ། སྐྱེས་པ་དང་ཆུང་མ་གཉིས་ཀྱི་འབྲེལ་བ་དེ་འདྲ་ཡིན་ན། གཉེན་སྒྲིག་མ་བྱས་ན་མི་ལེགས་སམ་ཞེས་ཞུས་པ༌ལ། 11ཡང་ཁོང་གིས་འདི་སྐད༌དུ། སྐད་ཆ་འདི་ནི་མི་ཐམས་ཅད་ཀྱིས་དང་དུ་ལེན་ཐུབ་པ་ཞིག་མིན༌ཏེ། སུ་ཞིག་ལ་གནང་བ་ཡིན༌ན། མི་དེ་ཁོ་ནས་དང་དུ་ལེན་ཐུབ་པ་ཡིན། 12རྒྱུ་མཚན་ནི་མི་ཁ་ཤས་སྐྱེས་མ་ཐག་ནས་མཚན་མའི་དབང་བོ་ཉམས༌ཤིང༌། ཡང་ལ་ལ་ནི་མི་གཞན་གྱིས་ཉུག་རུམ་པར་བཅོས་པ་དང༌། ཡང་མི་ཁ་ཤས་ནི་ནམ་མཁའི་རྒྱལ་སྲིད་ཀྱི་ཕྱིར། རང་གིས་རང་ཉིད་ཉུག་རུམ་པར་བྱས་པ་ཡིན། སུ་ཞིག་གིས་དོན་འདི་དང་ལེན་བྱེད་ནུས་ན་དང་དུ་བླངས་ཆོག་ཅེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་དང་བྱིས་པའི༌སྐོར།

13དེའི་དུས༌སུ། མི་རྣམས་ཀྱིས་བྱིས་པ་འགའ་སྐྱབས་མགོན་ཡེ་ཤུས་ཕྱག་བཞག་སྟེ་ཁོ་ཚོའི་ཆེད་དུ་གསོལ་བ་འདེབས་པའི་ཕྱིར་ཁོང་གི་དྲུང་དུ་ཁྲིད་ཡོང༌ནའང༌། ཐུགས་སྲས་རྣམས་ཀྱིས་དེ་དག་ལ་བཀའ་བཀྱོན་བྱས་སོ།། 14འོན༌ཀྱང༌། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ནམ་མཁའི་རྒྱལ་སྲིད་ནི་དེ་ལྟ་བུ་རྣམས་ཀྱི་ཡིན༌པས། བྱིས་པ་རྣམས་མི་འགོག་པར་བདག་གི་དྲུང་ལ་ཡོང་དུ༌ཆུག་ཅེས་གསུངས༌ཤིང༌། 15ཁོང་གིས་བྱིས་པ་དེ་རྣམས་ཀྱི་ལུས་ལ་ཕྱག་བཞག༌རྗེས། ཡུལ་དེ་དང་ཁ་བྲལ་ནས་ཕེབས༌སོ།།

ན་གཞོན་ཕྱུག་པོའི་སྐོར།

16མི་ཞིག་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་སྟེ་ན༌རེ། སྟོན་པ༌ལགས། ངས་དོན་བཟང་པོ་གང་འདྲ་བྱས་ན། ད་གཟོད་མཐའ་མེད་པའི་ཚེ་སྲོག་འཐོབ་ཐུབ་བམ་ཞེས་ཞུས་པ༌ན། 17ཁོང་གིས་འདི་སྐད༌དུ། ཁྱོད་ཀྱིས་ཅིའི་ཕྱིར་དོན་བཟང་པོའི་སྐོར་བདག་ལ༌འདྲིའམ། བཟང་པོ་དེ་ཉིད་ལས་གཞན་བཟང་པོ་གཅིག་ཀྱང༌མེད། གལ་ཏེ་ཁྱོད་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་འདོད༌ན། བཀའ་ཁྲིམས་རྣམས་སྲུངས་ཤིག་ཅེས་གསུངས་སོ།། 18ན་གཞོན་ན༌རེ། བཀའ་ཁྲིམས་གང་ཞིག་བསྲུང་དགོས་སམ་ཞེས་ཞུས་པ༌ལ། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མི་མ༌གསོད། ལོག་གཡེམ་མ༌བྱེད། རྐུ་མ༌བྱེད། རྫུན་གྱི་དཔང་པོ་མ༌བྱེད། 19རང་གི་ཕ་མ་གཉིས་ལ་བཀུར་བསྟི་བྱེད་དགོས༌པ་དང༌། ཁྱིམ་མཚེས་ལའང་རང་དང་འདྲ་བར་གཅེས་ཤིག་ཅེས་གསུངས་སོ།། 20ན་གཞོན་ན༌རེ། ངས་བཀའ་དེ་ཐམས་ཅད་བསྲུངས་པ༌ཡིན་ལ་ད་དུང་མི་ཚང་བ་གང་ཞིག་ཡོད་དམ་ཞེས་ཞུས་པ༌ན། 21ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་ཁྱོད་རང་མི་ཕུལ་ཏུ་བྱུང་བ་ཞིག་བྱེད་འདོད༌ན། རང་ལ་ཅི་ཡོད་པ་ཐམས་ཅད་བཙོངས་ཏེ་དབུལ་པོ་རྣམས་ལ་བྱིན༌ཅིག དེ་ནས་ནམ་མཁའི་ཞིང་ཁམས་སུ་ཁྱོད་ལ་ནོར་བུ་འཐོབ་པར་འགྱུར། ཡང་བདག་གི་རྗེས་སུ་འབྲང་བར་གྱིས་ཞེས་གསུངས་སོ།། 22འོན་ཀྱང་། ན་གཞོན་གྱིས་གསུང་དེ་ཐོས་པ༌དང༌། རང་ལ་རྒྱུ་ནོར་ཤིན་ཏུ་མང་པོ་ཡོད་པས་ཡིད་སྐྱོ་བའི་ངང་ནས་ཕྱིར་སོང༌ངོ༌།། 23སྐྱབས་མགོན་ཡེ་ཤུས་རང་གི་ཐུགས་སྲས་རྣམས་ལ་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། ཕྱུག་བདག་ཅིག་ནམ་མཁའི་རྒྱལ་སྲིད་དུ་ཞུགས་པ་ནི་དཀའོ།། 24ཡང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཕྱུག་བདག་ཅིག་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་པ་ལས་རྔ་མོང་ཞིག་ཁབ་མིག་ཏུ་འཛུལ་བ་སླ་ཞེས་གསུངས་སོ།། 25ཐུགས་སྲས་རྣམས་ཀྱིས་གསུང་དེ་ཐོས་པ་དང་ཤིན་ཏུ་ཧ་ལས༌ཏེ། དེས་ན་སུ་ཞིག་ལ་ཐར་པ་འཐོབ་ཐུབ་བམ་ཞེས་ཞུས་པ༌ན། 26སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་གཟིགས་ཏེ་འདི་སྐད༌དུ། དེ་ནི་མི་ཡིས་མི་ནུས་ཀྱང་དཀོན་མཆོག་གིས་ཐམས་ཅད་བསྒྲུབ་སྲིད་ཅེས་གསུངས༌སོ།། 27པེ་ཏྲོ་ན༌རེ། ཁྱེད་ཀྱིས་གཟིགས༌དང༌། ངེད་ཅག་གིས་ཐམས་ཅད་སྤངས་ནས་ཁྱེད་ཀྱི་རྗེས་སུ་འབྲངས༌པས། ཕྱིས་སུ་ངེད་ཅག་ལ་ཅི་ཞིག་ཐོབ་སྲིད་དམ་ཞེས་ཞུས་པ༌ན། 28ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། བདག་གི་རྗེས་སུ་འབྲང་མཁན་ཁྱོད་ཅག་ལ་མཚོན་ན། ཡོངས་རྫོགས་ཡང་བསྐྱར་མཛད་པའི་དུས་སུ། མིའི་བུ་རང་གི་གཟི་བརྗིད་ལྡན་པའི་ཁྲི་ལ་བཞུགས་པ་དང་། ཁྱོད་རྣམས་ཀྱང་ཁྲི་བཅུ་གཉིས་ལ་བསྡད་དེ་ཡེས་ར་ཨེལ་རིགས་ཀྱི་ཚོ་ཁག་བཅུ་གཉིས་ལ་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པར་འགྱུར་རོ༎ 29སུ་ཞིག་གིས་ངའི་མིང་གི་ཕྱིར། རང་གི་ཁང༌པའམ། ཕུ་ནུའམ། ལྕམ་སྲིང་ངམ། ཕ་མའམ། བུ༌ཕྲུག་གམ། ས་ཞིང་སོགས་སྤངས་ན། མི་དེ་ལ་ལྡབ་བརྒྱ་འགྱུར་གྱིས་འཐོབ་ངེས༌ཤིང༌། མཐའ་མེད་པའི་ཚེ་སྲོག་ཀྱང་འཐོབ་ངེས༌ཡིན། 30འོན་ཀྱང་། སྔ་མ་མང་པོ་ཕྱི་མར་འགྱུར་ཞིང་། ཕྱི་མ་མང་པོ་སྔ་མར་འགྱུར་ཞེས་གསུངས༌སོ།།

མད་ཐཱ 20

རྒུན་འབྲུམ་ར་བར་ལས་ཀ་བྱེད་མཁན་གྱི༌དཔེ།

1དེ་བས་ནམ་མཁའི་རྒྱལ་སྲིད་ནི་ཁྱིམ་བདག་ཅིག་ནངས་སྔ་མོ་ཕྱི་རོལ་ཏུ་སོང༌ནས། ཁོའི་རྒུན་འབྲུམ་ར་བའི་ནང་དུ་ལས་ཀ་བྱེད་མཁན་གྱི་གླ་བ་འཚོལ་བ་དང༌འདྲའོ།། 2བདག་པོས་གླ་བ་རྣམས་ལ་ཉིན་རེར་དངུལ་སྒོར་རེ་གླ་ཆ་རུ་སྟེར་རྒྱུ་ཁས་བླངས༌ཏེ། ཁོ་རྣམས་རྒུན་འབྲུམ་ར་བའི་ནང་དུ་མངགས། 3སྔ་དྲོའི་ཆུ་ཚོད་དགུ་ཡས་མས་སུ་བདག་པོ་ཕྱི་རོལ་ཏུ་སོང་བ༌ན། མི་འགའ་ཞིག་ལས་ཀ་མེད་པར་ཁྲོམ་སྲང་དུ་བསྡད་ཡོད་པ་མཐོང༌སྟེ། 4དེ་རྣམས་ལ་འདི་ལྟར་སྨྲས༌པ། ཁྱོད་རྣམས་ཀྱང་རྒུན་འབྲུམ་ར་བའི་ནང་དུ་སོང༌དང༌། འཐོབ་འོས་པའི་གླ་ཆ་ཁྱོད་ཅག་ལ་སྟེར་ངེས་ཡིན་ཞེས་པ་དང་། 5དེ་རྣམས་ཀྱང་སོང་ངོ༌།། ཉིན་གུང་དང་ཕྱི་དྲོའི་ཆུ་ཚོད་གསུམ་ཡས་མས་སུ་བདག་པོ་ཡང་ཕྱི་རོལ་ཏུ་སོང་ནས་དེ་ལྟར་བྱས། 6ཕྱི་དྲོའི་ཆུ་ཚོད་ལྔ་ཡས་མས་སུ་བདག་པོ་ཡང་ཕྱི་རོལ་ཏུ་སོང་བ༌ན། ད་དུང་ཡང་མི་འགའ་ཞིག་ཁྲོམ་སྲང་དུ་བསྡད་ཡོད་པ་མཐོང་སྟེ་ན༌རེ། ཁྱོད་ཅག་གིས་ཉིན་གང་བོར་ལས་ཀ་མི་བྱེད་པར་འདི་རུ་སྡོད་པ་ཅི་ཡིན་ནམ་ཞེས་དྲིས་པ༌ན། 7དེ་རྣམས་ན༌རེ། གླ་མཁན་མེད་པས་ཡིན་ཞེས་སྨྲས་པ༌དང༌། བདག་པོ་ན༌རེ། ཁྱོད་རྣམས་ཀྱང་རྒུན་འབྲུམ་ར་བའི་ནང་དུ་སོང་ཞིག་ཅེས་སྨྲས༌སོ།། 8མཚན་མོའི་དུས༌སུ། རྒུན་འབྲུམ་ར་བའི་བདག་པོས་རང་གི་གཉེར་པ་ལ་འདི་ལྟར་སྨྲས་པ། ཁྱོད་ཀྱིས་གླ་བ་རྣམས་བོས༌དང༌། གླ་བ་གཞུག་མ་ནས་སྔ་མའི་བར་དུ་གླ་ཆ་བྱིན་ཅིག་ཅེས་པ༌དང༌། 9ཕྱི་དྲོའི་ཆུ་ཚོད་ལྔ་ཡས་མས་སུ་གླས་པ་རྣམས་ཡོང་ཞིང་མི་རེར་དངུལ་སྒོར་རེ་ཐོབ། 10སྔོན་ལ་གླས་པ་རྣམས་ཡོང་སྟེ་ཁོ་རྣམས་ལ་ལྷག་མ་ཞིག་འཐོབ་ངེས་པར་སྙམ་ཡང་ཁོ་རྣམས་ལའང་དངུལ་སྒོར་རེ་ཐོབ། 11དེ་རྣམས་ཀྱིས་དངུལ་སྒོར་རེ་ཐོབ་པར་འཁང་ར་བྱས་ནས་ཁྱིམ་བདག་ལ། 12ངེད་རྣམས་ཀྱིས་ཉིན་གང་བོར་ཉི་འོད་ཚ་བའི་འོག་ཏུ་དཀའ་སྡུག་མྱངས་པ༌དང༌། གླ་བ་ཕྱི་མ་འདི་རྣམས་ཀྱིས་ཆུ་ཚོད་གཅིག་ཙམ་ལ་ལས་ཀ་བྱས༌ནའང༌། ཁྱོད་ཀྱིས་ངེད་ཅག་དང་ཁོ་རྣམས་ལ་ཁྱད་པར་མ་ཕྱེ་ཞེས་སྨྲས༌སོ།། 13བདག་པོས་གླ་བ་སྔ་མ་རྣམས་ལས་གཅིག་ལ་འདི་སྐད༌དུ། གྲོགས་པོ༌ལགས། ངས་ཁྱོད་ལ་མི་འོས་པ་ཞིག་བྱས༌མེད་དེ། ངས་ཁྱོད་ལ་དངུལ་སྒོར་གཅིག་སྟེར་རྒྱུ་ཁས་བླངས་པ་མ་ཡིན༌ནམ། 14ཁྱོད་ཀྱིས་རང་ལ་ཐོབ་པ་འཁྱེར་ནས་སོང༌ཞིག ཁྱོད་ལ་བྱིན་པ་ལྟར་གླ་བ་ཕྱི་མ་ལའང་དེ་ལྟར་སྟེར་བ་ནི་བདག་གི་འདོད་མོས༌ཡིན། 15བདག་གི་རྒྱུ་ནོར་བདག་གིས་ཇི་ལྟར་བྱེད་འདོད་པ་བཞིན་བཀོལ་མི་ཆོག༌གམ། བདག་ནི་མི་བཟང་པོ་ཞིག་བྱེད་འདོད༌པས། ཁྱོད་ཀྱིས་ཕྲག་དོག་བྱེད་དམ་ཞེས་སྨྲས་སོ།། 16དེ་ལྟར་ཕྱི་མ་རྣམས་སྔ་མར་འགྱུར་ཞིང་། སྔ་མ་རྣམས་ཕྱི་མར་འགྱུར་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་དགྲོང་བར་འགྱུར་བའི་ལུང་བསྟན༌སྐོར།

17སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡར་ཡེ་རུ་སཱ་ལེམ་དུ་ཕེབས་པའི་དུས༌སུ། ལམ་བར་ནས་ཐུགས་སྲས་བཅུ་གཉིས་པོ་ཟུར་དུ་ཁྲིད་དེ་འདི་སྐད༌དུ། 18ལྟོས༌དང༌། བདག་ཅག་ཡར་ཡེ་རུ་སཱ་ལེམ་དུ་འགྲོ་བཞིན༌ཡོད། མིའི་བུ་ཁོ་རང་མཆོད་དཔོན་ཆེན་པོ་དག་དང་མཁན་པོ་རྣམས་ཀྱི་ལག་ཏུ་སྤྲོད༌ཅིང༌། དེ་དག་གིས་ཁོ་རང་གསོད་དགོས་པའི་ཁྲིམས་ཐག་གཅོད་པ༌དང༌། 19ཡང་ཕྱི་ཕྱོགས་པ་རྣམས་ལ་སྤྲོད་ཅིང་དེ་རྣམས་ཀྱིས་ཁོ་ལ་འཕྱ་དམོད་བྱེད་པ་དང་རྟ་ལྕག་གིས་གཞུས་ཏེ་ཤིང་རྒྱ་གྲམ་གྱི་སྟེང་དུ་གསོད་པར་འགྱུར། དེ་ནས་ཉིན་གསུམ་པ་ལ་ཁོ་རང་སླར་གསོན་པར་འགྱུར་ཞེས་གསུངས་སོ།།

ཟེ་བད་ཡཱའི་བུ་གཉིས་ཀྱི་མ་ཡི་ཞུ༌བ།

20དེའི་དུས༌སུ། ཟེ་བད་ཡཱའི་བུ་གཉིས་ཀྱི་མ་ནི་རང་གི་བུ་གཉིས་དང་ལྷན་དུ་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་སྟེ་ཕྱག་བཙལ་ནས་ཞུ་བ་ཞིག་ཕུལ་ལོ༎ 21སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ལ་ཅི་དགོས་སམ་ཞེས་གསུངས་པ༌ན། བུད་མེད་ན༌རེ། ཁྱེད་ཀྱི་རྒྱལ་སྲིད་ནང་དུ་ངའི་བུ་འདི་གཉིས་ལས་གཅིག་ནི་ཁྱེད་ཀྱི་གཡས་ཕྱོགས༌དང༌། གཅིག་ནི་ཁྱེད་ཀྱི་གཡོན་ཕྱོགས་སུ་སྡོད་དུ་འཇུག་པར་མཛོད་ཅེས་ཞུས༌པ་ལ། 22སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་ཅི་ཞིག་ཞུ་བའང་མི་ཤེས༌ཏེ། ངས་འཐུང་བར་འགྱུར་བའི་ཕོར་བ་ལས་ཁྱོད་གཉིས་ཀྱིས་ཀྱང་འཐུང་ནུས་སམ་ཞེས་གསུངས་པ༌ལ། ཁོ་གཉིས་ཀྱིས་འཐུང་ནུས་པ་ཡིན་ཞེས་ཞུས་སོ།། 23ཡང་ཁོང་གིས་འདི་སྐད༌དུ། ངས་འཐུང་བར་འགྱུར་བའི་ཕོར་བ་ལས་ཁྱོད་གཉིས་ཀྱིས་ཀྱང་འཐུང་ངེས༌མོད། འོན་ཀྱང་ངའི་གཡས་གཡོན་ལ་སྡོད་དུ་འཇུག་པའི་དབང་ནི་བདག་ལ་མེད་དེ། ངའི་ཡབ་ཀྱིས་མི་སུ་ཡི་ཆེད་དུ་སྟ་གོན་མཛད་ཡོད་ན་དེ་ལ་གནང་ངེས་ཡིན་ཞེས་གསུངས། 24ཐུགས་སྲས་གཞན་བཅུ་པོས་གཏམ་དེ་ཐོས་པ་དང་སྤུན་དེ་གཉིས་ཀྱི་སྟེང་ལ་ཁོང་ཁྲོ་ལངས་སོ།། 25དེ་ནས་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་རང་གི་དྲུང་དུ་བོས་ཏེ་འདི་སྐད༌དུ། ཕྱི་ཕྱོགས་པ་རྣམས་ལས་དཔོན་རིགས་སུ་བཀུར་བ་རྣམས་ཀྱིས་རང་གི་འབངས་མི་ལ་དབང་བྱེད༌ཅིང༌། བློན་ཆེན་རྣམས་ཀྱིས་རང་གི་འབངས་མི་ལ་དབང་བསྒྱུར་བ་ཁྱོད་ཅག་གིས་ཀྱང་ཤེས་གསལ་ལྟར་ཡིན། 26འོན་ཀྱང་ཁྱོད་ཅག་གི་ཁྲོད་དུ་དེ་ལྟར་བྱ་མི་རུང༌སྟེ། ཁྱོད་ཅག་ལས་སུ་ཞིག་ཆེན་པོར་འགྱུར་འདོད་པ་དེ་ཁྱོད་ཅག་གི་ཞབས་ཕྱི་པར་འགྱུར་དགོས་ཤིང༌། 27ཡང་ཁྱོད་ཅག་ལས་སུ་ཞིག་མཆོག་ཏུ་འགྱུར་འདོད་པ་དེ་ཁྱོད་རྣམས་ཀྱི་བྲན་གཡོག་ཏུ་འགྱུར་དགོས། 28དེ་བཞིན་དུ་མིའི་བུའང་མི་གཞན་གྱི་ཞབས་ཕྱི་འཐོབ་པའི་ཕྱིར་ཡོང་བ་མ་ཡིན༌པར། མི་གཞན་ལ་ཞབས་ཕྱི་བསྒྲུབ་པ་དང་རང་སྲོག་ཕུལ་ནས་མི་མང་པོ་བླུ་བའི་ཆེད་དུ་ཡོང་བ་ཡིན་ཞེས་གསུངས༌སོ།།

ལོང་བའི་མིག་གསོས༌པ།

29སྐྱབས་མགོན་ཡེ་ཤུ་འཁོར་དང་བཅས་པ་ཡེ་རུ་ཀོ་དང་ཁ་བྲལ་ནས་བྱོན་པའི་དུས༌སུ། མི་ཤིན་ཏུ་མང་པོ་ཞིག་ཁོང་གི་རྗེས་སུ་འབྲངས། 30དེའི་དུས༌སུ། ལོང་བ་གཉིས་ཀྱང་ལམ་འགྲམ་དུ་བསྡད་ཡོད་ཅིང་། སྐྱབས་མགོན་ཡེ་ཤུ་ལམ་བུ་དེ་བརྒྱུད་ནས་ཕེབས་ཀྱིན་ཡོད་པ་ཐོས་ནས་སྐད་ཆེན༌པོས། ཀྱེ། གཙོ་བོ༌ལགས། དཱ་བིད་ཀྱི་རིགས༌སྲས། ངེད་གཉིས་ལ་སྙིང་རྗེས་གཟིགས་རོགས་ཞེས་ཞུས། 31མི་ཚོགས་ཀྱིས་ལོང་བ་དེ་གཉིས་ཁ་རོག་ཏུ་སྡོད་པར་བསྐུལ༌ནའང༌། དེ་གཉིས་ཀྱིས་སྔར་ལས་ཀྱང་སྐད་ཆེན༌པོས། ཀྱེ། གཙོ་བོ༌ལགས། དཱ་བིད་ཀྱི་རིགས༌སྲས། ངེད་གཉིས་ལ་སྙིང་རྗེས་གཟིགས་རོགས་ཞེས་ཞུས། 32དེ་ནས་སྐྱབས་མགོན་ཡེ་ཤུས་ཀྱང་ཕེབས་མཚམས་བཞག་ཅིང་ལོང་བ་གཉིས་ཀ་ཚུར་བོས༌ཏེ། བདག་གིས་ཁྱོད་གཉིས་ལ་ཅི་བྱ་དགོས་སམ་ཞེས་གསུངས་པ༌ན། 33ཁོ་གཉིས་ན༌རེ། གཙོ་བོ༌ལགས། ངེད་གཉིས་ཀྱི་མིག་གིས་མཐོང་ནུས་པར་མཛོད་ཅེས་ཞུས་པ༌ལ། 34སྐྱབས་མགོན་ཡེ་ཤུས་སྙིང་རྗེ་དགོངས་ཏེ་ལོང་བའི་མིག་ཟུང་ལ་ཕྱག་གིས་རེག་པ་ཙམ་གྱིས་དེ་གཉིས་ཀྱི་མིག་གིས་མཐོང་བར་གྱུར་པ་དང་ཁོང་གི་རྗེས་སུ་འབྲངས༌སོ།།

མད་ཐཱ 21

གཟི་བརྗིད་ཀྱི་ངང་ནས་ཡེ་རུ་སཱ་ལེམ་དུ་ཕེབས༌པ།

1ཁོང་རྣམས་ཡེ་རུ་སཱ་ལེམ་གྱི་ཉེ་འགྲམ༌སྟེ། སྐྱུ་རུ་རའི་རི་བོའི་ངོས་སུ་ཡོད་པའི་པེ་ཕཱ་གེ་རུ་ཕེབས་པ༌དང༌། སྐྱབས་མགོན་ཡེ་ཤུས་ཐུགས་སྲས་གཉིས་མངགས༌ཏེ། 2ཁྱོད་གཉིས་ཕ་རོལ་གྱི་གྲོང་སྡེ་རུ་སོང༌དང༌། གནས་དེར་སླེབས་མ་ཐག་བོང་བུ་མ་བུ་གཉིས་མཉམ་དུ་བཏགས་ཡོད་པ་མཐོང་ངེས༌ཤིང༌། དེ་གཉིས་ཀྱི་ཐག་པ་བཀྲོལ་ནས་འདིར་ཁྲིད་ཤོག 3སུ་ཞིག་གིས་ཁྱོད་གཉིས་ལ་ཅི་ཞིག་སྨྲས༌པ་ཡིན་ན། ཁྱོད་གཉིས་ཀྱིས་འདི་ནི་གཙོ་བོ་ལ་མཁོ་བ་ཡིན་ཞེས་སྨྲོས༌དང༌། དེས་མྱུར་དུ་གཏོང་བར་འགྱུར་ཞེས་གསུངས་སོ།། 4དོན་འདི་ནི་ལུང་སྟོན་པའི་ལུང་བསྟན་ལས་ཇི་སྐད༌དུ། 5ཛ་ཡན་ཡུལ་གྱི་བུ་མོར་འདི་སྐད་དུ།། གཟིགས་དང་ཁྱོད་ཀྱི་རྒྱལ་པོ་ཁྱོད་དྲུང༌དུ།། བོང་བུའི་བོང་ཕྲུག་ཞིག་ལ་བཅིབས་ནས་ནི༎ ཞི་འཇམ་ངང་ནས་ཕེབས་བྱུང་ཞེས་སྨྲོས་ཤིག ། ཅེས་གསུངས་པ་བཞིན་དུ་འགྲུབ་པའི་ཕྱིར་དེ་ལྟར་བྱུང་ངོ་།། 6དེ་ནས་ཐུགས་སྲས་གཉིས་ཀྱིས་སྐྱབས་མགོན་ཡེ་ཤུའི་བཀའ་ལྟར་བསྒྲུབས༌ཏེ། 7བོང་བུ་དང་བོང་ཕྲུག་གཉིས་ཀ་ཁྲིད་ཡོང༌ཞིང༌། རང་གི་ཕྱི་གོས་བོང་ཕྲུག་གི་རྒྱབ་ཏུ་བཏིངས་པ་དང་ཁོང་དེ་ལ་བཅིབས། 8མི་ཤིན་ཏུ་མང་པོས་རང་གི་ཕྱི་གོས་ལམ་དུ་བཏིངས༌ཤིང༌། ཡང་མི་གཞན་དག་གིས་སྡོང་བོའི་ཡལ་ག་བཅད་ནས་ལམ་ནང་དུ་བཀྲམ། 9ཁོང་གི་སྔོན་དུ་འགྲོ་བ་དང་རྗེས་སུ་འབྲངས་པའི་མི་ཚོགས་ཀྱིས་སྐད་ཆེན༌པོས། དཱ་བིད་ཀྱི་རིགས་སྲས་ལ་ཧོ་ཟན༌ནཱ། གཙོ་བོའི་མཚན་གྱི་སྒོ་ནས་བྱོན་པ་ནི་བྱིན་རླབས་ཅན་ཡིན། བླ་ན་མེད་པའི་གནས་ལ་ཧོ་ཟན་ནཱ་ཞེས་ཡང་ཡང་བསྒྲགས་སོ།། 10དེ་ནས་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་ཕེབས་པ་དང་གྲོང་ཁྱེར་ཡོངས་སུ་འདུ་འཛི་བྱུང༌ཞིང༌། མི་ཀུན་གྱིས་འདི་ནི་སུ་ཡིན་ནམ་ཞེས་སྨྲས་པ༌ལ། 11ཡང་མི་ཚོགས་ཀྱིས་ཁོང་ནི་ག་ལིལ་ཡུལ་གྱི་ནཱ་ཙ་རེལ་ནས་བྱོན་པའི་ལུང་སྟོན་པ་ཡེ་ཤུ་ཡིན་ཞེས་སྨྲས༌སོ།།

མཆོད་ཁང་གཙང་མར་མཛད༌པ།

12སྐྱབས་མགོན་ཡེ་ཤུ་མཆོད་ཁང་དུ་ཕེབས༌ཏེ། མཆོད་ཁང་གི་ནང་དུ་ཡོད་པའི་ཚོང་པ་ཐམས་ཅད་སྒོའི་ཕྱི་རུ་ཕུད༌ཅིང༌། དངུལ་བརྗེ་མཁན་གྱི་ཅོག་ཙེ་དང་ཕུག་རོན་ཚོང་མཁན་གྱི་འདུག་སྟེགས་ཐམས་ཅད་ཀྱང་སར་བསྒྱེལ་ཏོ།། 13ཁོང་གིས་འདི་སྐད༌དུ། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ངའི་ཁང་པ་ལ་སྨོན་ལམ་ཁང་ཟེར་བར་འགྱུར་ཞེས་བཀོད་ཡོད་ཀྱང་། ཁྱོད་ཅག་གིས་འདི་ནི་ཇག་ཚང་ཞིག་ཏུ་བསྒྱུར་འདུག་ཅེས་གསུངས་སོ།། 14དེ་ནས་ལོང་བ་དང་གྱོལ་པོ་རྣམས་མཆོད་ཁང་དུ་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་བ༌དང༌། ཁོང་གིས་དེ་དག་གསོས་པའོ།། 15མཆོད་དཔོན་ཆེན་པོ་དག་དང་མཁན་པོ་རྣམས་ཀྱིས་ཁོང་གིས་མཛད་པའི་ངོ་མཚར་བའི་དོན་རྣམས་མཐོང་བ༌དང༌། བྱིས་པ་རྣམས་ཀྱིས་མཆོད་ཁང་དུ་སྐད་ཆེན་པོས་དཱ་བིད་ཀྱི་རིགས་སྲས་ལ་ཧོ་ཟན་ནཱ་ཞེས་ཟེར་བའང་ཐོས་ནས་ཤིན་ཏུ་ཁྲོས༌ཏེ་ན་རེ། 16བྱིས་པ་རྣམས་ཀྱིས་ཅི་ཞིག་སྨྲ་བ་ཁྱོད་ཀྱིས་མ་ཐོས་སམ་ཞེས་སྐྱབས་མགོན་ཡེ་ཤུ་ལ་དྲིས་པ༌ན། ཁོང་གིས་འདི་སྐད༌དུ། བདག་གིས་ཐོས་སོ། །དེ་ཡང་གསུང་རབ༌ཀྱི་མདོ་ལས། ཁྱེད་ཀྱིས་བྱིས་པ་དང་འོ་ཞོ་འཐུང་བའི་ཕྲུ་གུ་རྣམས་ཀྱི་ངག་ནས་རང་ཉིད་ལ་བསྟོད་བསྔགས་ཆ་ཚང་བར་མཛད་ཅེས་གསུངས་པ༌དེ། ཁྱོད་རྣམས་ཀྱིས་བཀླགས་མ་མྱོང་ངམ་ཞེས་གསུངས་སོ།། 17དེ་ནས་སྐྱབས་མགོན་ཡེ་ཤུ་མི་དེ་རྣམས་དང་ཁ་བྲལ་ནས་གྲོང་ཁྱེར་ཕྱི་རོལ་གྱི་པེ་ཐན་ཡཱ་རུ་ཕེབས་ཤིང་གནས་དེར་ཞག་བཞུགས་མཛད་དོ།།

འབྲས་བུ་མེད་པའི་བསེ༌ཡབ་ཤིང་།

18ཞོགས་པའི་དུས་སུ་སྐྱབས་མགོན་ཡེ་ཤུ་གྲོང་ཁྱེར་དུ་ཕྱིར་ཕེབས་སྐབས་ཁོང་ཉིད་བཀྲེས༌ཤིང༌། 19ལམ་འགྲམ་དུ་བསེ་ཡབ་ཤིང་སྡོང་ཞིག་ཡོད་པ་གཟིགས་ཤིང་དེའི་གམ་དུ་ཕེབས་པ༌ན། ལོ་མ་ལས་གཞན་ཅི་ཡང་མེད་པ་གཟིགས་ཏེ་ཤིང་སྡོང་ལ་འདི་སྐད༌དུ། དུས་ད་ནས༌བཟུང༌། ཁྱོད་ལ་ནམ་ཡང་འབྲས་བུ་མི་འབྱུང་བར་གྱུར་ཅིག་ཅེས་གསུངས་མ་ཐག་བསེ་ཡབ་ཤིང་སྡོང་བསྐམས་པར་གྱུར༌ཏོ།། 20ཐུགས་སྲས་རྣམས་ཀྱིས་དོན་དེ་མཐོང་ནས་ངོ་མཚར་སྐྱེས༌ཏེ། བསེ་ཡབ་ཤིང་སྡོང་འདི་སྐད་ཅིག་ཙམ་ལ་བསྐམས་སོང་བ་ཅི་ཡིན་ནམ་ཞེས་ཞུས་པ༌ལ། 21སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། ཁྱོད་རྣམས་ལ་དད་པ་ཡོད་ཅིང་ཐེ་ཚོམ་མེད༌ན། བསེ་ཡབ་ཤིང་སྡོང་འདིའི་སྟེང་དུ་བསྒྲུབས་པའི་དོན་འདི་ལྟ་བུ་སྒྲུབ་ཐུབ་པར་མ༌ཟད། ཁྱོད་རྣམས་ཀྱིས་རི་བོ་འདི་ལ་ད་ལྟ་ཉིད་དུ་ཕར་སྤོས་ནས་རྒྱ་མཚོར་ལྷུང་བར་བྱོས་ཞེས་སྨྲས༌ན་དེ་ལྟར་འགྲུབ་ངེས་ཡིན། 22ཁྱོད་རྣམས་ཀྱིས་གསོལ་བ་བཏབ་ནས་དོན་གང་ཞིག་ཞུས་ཀྱང༌། དད་པ་བྱས་ན་འཐོབ་པར་འགྱུར་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུའི་དབང་དང་ནུས་མཐུའི༌སྐོར།

23སྐྱབས་མགོན་ཡེ་ཤུ་མཆོད་ཁང་དུ་ཕེབས་ནས་ཆོས་གསུང་བཞིན་པའི་དུས༌སུ། མཆོད་དཔོན་ཆེན་པོ་དག་དང་ཡུལ་མི་རྒན་པོ་རྣམས་ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། ཁྱོད་ཀྱིས་དབང་གང་ལ་བརྟེན་ནས་དོན་འདི་དག་མཛད་པ་ཡིན༌ནམ། སུ་ཞིག་གིས་ཁྱོད་ལ་དབང་འདི་གནང་བ་ཡིན་ཞེས་ཞུས་པ༌ན། 24སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་ཀྱང་ཁྱོད་རྣམས་ལ་དྲི་བ་ཞིག་འདོན་ཏེ། ཁྱོད་རྣམས་ཀྱིས་ལན་བཏབ༌ན། བདག་གིས་ཀྱང་དོན་འདི་རྣམས་དབང་ཅི་ལྟ་བུས་བྱས་པའང་ཁྱོད་རྣམས་ལ༌སྨྲ་བར་བྱའོ།། 25ཡོ་ཧ་ནན་གྱི་ཁྲུས་གསོལ་དེ་ནམ་མཁའི་ཞིང་ཁམས་དང་མི་ཡུལ་གཉིས་ཀྱི་གང་ནས་བྱུང་བ་ལ་ལན་ཐོབས་ཤིག་ཅེས་གསུངས་པ༌དང༌། དེ་རྣམས་ཀྱིས་ཕན་ཚུན་ལ་གླེང་མོལ་བྱེད༌བཞིན། གལ་ཏེ་ནམ་མཁའི་ཞིང་ཁམས་ནས་བྱུང་བ་ཡིན་ཞེ༌ན། ཁོས་འོ་ན་ཁྱོད་རྣམས་ཅིའི་ཕྱིར་ཡོ་ཧ་ནན་ལ་ཡིད་མ་ཆེས་སམ་ཞེས་སྨྲ་ངེས་ལ། 26ཡང་མི་ཡུལ་ནས་བྱུང་ཞེ༌ན། མི་ཐམས་ཅད་ཀྱིས་ཡོ་ཧ་ནན་ནི་ལུང་སྟོན་པ་ཞིག་ཏུ་བཀུར་བས་ངེད་རྣམས་མི་ཚོགས་ལ་འཇིགས༌ཞེས་སྨྲས་ཤིང་། 27དེ་ནས་ཁོ་རྣམས་ན་རེ། ངེད་ཅག་གིས་མི་ཤེས་ཞེས་ལན་བཏབ་བོ།། ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེས་ན་བདག་གིས་ཀྱང་དབང་གང་ལ་བརྟེན་ནས་དོན་འདི་དག་བྱེད་པ་ཁྱོད་རྣམས་ལ་སྨྲ་བ་མིན་ཞེས་གསུངས༌སོ།།

བུ་གཉིས་ཀྱི༌དཔེ།

28དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དོན་ཞིག་ཡོད་པ་འདིར་ཁྱོད་ཅག་གིས་ཅི་ལྟར་བསམ་པར༌བྱ། ཕ་ཞིག་ལ་བུ་གཉིས་ཡོད༌དེ། ཁོ་རང་བུ་ཆེ་བའི་གམ་དུ་སོང༌སྟེ། བདག་གི༌བུ། ཁྱོད་དེ་རིང་རྒུན་འབྲུམ་ར་བའི་ནང་དུ་ལས་ཀ་བྱེད་དུ་སོང་ཞིག་ཅེས་སྨྲས་པ༌ལ། 29བུ་ན༌རེ། ང་མི་འགྲོ་ཞེས་སྨྲས༌ཤིང༌། ཕྱིས་སུ་འགྱོད་པ་སྐྱེས་ཏེ་སོང༌ངོ་།། 30དེ་ནས་ཕ་དེ་བུ་ཆུང་བའི་གམ་དུ་སོང་སྟེ་གོང་ལྟར་སྨོས་པ༌ན། བུ་ཆུང་བ་ན༌རེ། ཕ༌ལགས། ང་རང་འགྲོ་ཞེས་སྨྲས་ཀྱང་མ་སོང༌བ་རེད། 31བུ་དེ་གཉིས་ལས་སུ་ཞིག་གིས་ཕ་ཡི་དགོངས་པ་ལྟར་བྱས་པ་ཡིན་ནམ་ཞེས་གསུངས་པ༌ན། ཁོ་རྣམས་ཀྱིས་བུ་ཆེ་བས་བྱས་པ་ཡིན་ཞེས་ལན་བཏབ་བོ།། ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། ཁྲལ་ལེན་མཁན་དང་སྨད་འཚོང་མ་རྣམས་ཀྱང་ཁྱོད་ཅག་གི་སྔོན་དུ་དཀོན་མཆོག་གི་རྒྱལ་སྲིད་དུ༌ཞུགས་པ་ཡིན། 32རྒྱུ་མཚན་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་དྲང་བདེན་གྱི་ལམ་ནས་ཁྱོད་ཅག་གི་གམ་དུ་ཡོང་ནའང་། ཁྱོད་རྣམས་ཁོང་ལ་ཡིད་མ་ཆེས། འོན་ཀྱང་ཁྲལ་ལེན་མཁན་དང་སྨད་འཚོང་མ་དག་གིས་ཁོང་ལ་ཡིད་ཆེས་བྱས་པའི་ཕྱིར༌རོ། །ཁྱོད་ཅག་གིས་དོན་དེ་མཐོང་ཡང་འགྱོད་བཤགས་མ་བྱས་ཤིང་ཡིད་ཆེས་ཀྱང་མ་བྱས་ཞེས་གསུངས༌སོ།།

རྒུན་ཚལ་གྱི་བདག་པོའི༌དཔེ།

33ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་ཡང་དཔེ་གཞན་ཞིག་ལ་ཉོན། དེ་ཡང་ཁྱིམ་བདག་ཅིག་གིས་རྒུན་ཚལ་ཞིག་བཙུགས་ཏེ་ཕྱོགས་བཞིར་ར་བས་བསྐོར་བ༌དང༌། རྒུན་འབྲུམ་འཚིར་གཞོང་ཞིག་བརྐོས་ནས་སོ་ལྟ་ཁང་ཞིག་ཀྱང་བརྩིགས༌རྗེས། རྒུན་འབྲུམ་ར་བ་མི་གཞན་ལ་གླས་ཏེ་ཁོ་རང་ཡུལ་གཞན་དུ་སོང༌། 34སྟོན་བསྡུ་བའི་དུས་ལ་བབས༌ཚེ། ཁོས་རང་གི་གཡོག་པོ་འགའ་གླ་མཁན་ཚང་ལ་འབྲས་བུ་ལེན་དུ་མངགས་པ༌ན། 35དེ་རྣམས་ཀྱིས་གཡོག་པོ་རྣམས་བཟུང༌སྟེ། གཅིག་ལ་གཅར་རྡུང༌བྱས། གཅིག་ནི༌བསད། གཅིག་ལ་རྡོ་རུབ་བཏང་ངོ་།། 36ཡང་བདག་པོ་དེས་གཡོག་པོ་སྔར་ལས་མང་པོ་ཞིག་མངགས༌ནའང༌། དེ་རྣམས་ཀྱིས་སྔར་བཞིན་བྱས། 37མཇུག་མཐར་ཁོས་རང་གི་བུའང་དེ་རྣམས་ཀྱི་གམ་དུ་མངགས༌ཤིང་། དེ་ནི་གླ་མཁན་རྣམས་ཀྱིས་བདག་གི་བུ་ལ་བཀུར་སྟི་བྱེད་ངེས་ཡིན་བསམས་སོ།། 38འོན་ཀྱང་གླ་མཁན་རྣམས་ཀྱིས་བུ་མཐོང་སྟེ་ཕན་ཚུན༌ལ། འདི་ནི་ཕ་ཤུལ་འཛིན་མཁན་ཡིན་པས། ཤོག༌དང༌གསོད་པར༌བྱའོ།། ནོར་སྐལ་ལེན་པར་བྱ་ཞེས་སྨྲས༌ཏེ། 39བུ་དེའང་བཟུང་སྟེ་རྒུན་འབྲུམ་ར་བའི་ཕྱི་རུ་བཏོན་ནས་བསད་དོ།། 40དེ་ནས་རྒུན་འབྲུམ་ར་བའི་བདག་པོ་ཕྱིར་ཡོང༌ཚེ། གླ་མཁན་དེ་རྣམས་ལ་ཅི་བྱེད་པར་འགྱུར་རམ་ཞེས་གསུངས་པ་ན། 41ཁོ་རྣམས་ན༌རེ། བདག་པོས་མི་ངན་དེ་དག་ངན་གསོད་བྱས༌ཏེ། རྒུན་འབྲུམ་ར་བ་ནི་དུས་ལྟར་འབྲས་བུ་འབུལ་བའི་གླ་མཁན་གཞན་དག་ལ་སྤྲོད་པར་ངེས་ཞེས་སྨྲས། 42ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བཟོ་པ་རྣམས་ཀྱིས་སྤངས་པའི༌རྡོ།། ཁང་པའི་ཟུར་གྱི་རྨང་རྡོར༌གྱུར།། གཙོ་བོ་ཁོང་ནས་བྱུང་བ༌ཡིན།། བདག་ཅག་མིག་ལ་ངོ་མཚར༌ཆེ།། ཞེས་གསུངས་ཡོད་པ་ཁྱོད་རྣམས་ཀྱིས་བཀླགས་མ་མྱོང༌ངམ། 43དེའི༌ཕྱིར། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། དཀོན་མཆོག་གི་རྒྱལ་སྲིད་ནི་ཁྱོད་རྣམས་ལས་བླངས༌ནས། དེ་དང་མཐུན་པར་འབྲས་བུ་བསྐྱེད་པའི་མི་རིགས་གཞན་ལ་གནང་བར་འགྱུར་རོ།། 44མི་སུ་ཞིག་རྡོ་དེའི་སྟེང་དུ་ལྷུང༌ན། མི་དེ་ནི་དུམ་བུར་འགྱུར། ཡང་རྡོ་དེ་མི་སུ་ཞིག་གི་སྟེང་དུ་ལྷུང༌ན། མི་དེའང་རྡུལ་དུ་བརླག་པར་འགྱུར་ཞེས་གསུངས༌སོ།། 45དེ་ནས་མཆོད་དཔོན་ཆེན་པོ་དག་དང་ཕ་རུ་ཤི་པ་རྣམས་ཀྱིས་དཔེ་དེ་དག་ཐོས་ཤིང་ཁོ་རྣམས་ལ་གསུངས་པའང་ཤེས༌ཏེ། 46སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱ་བསམས༌ནའང༌། མི་ཚོགས་ཀྱིས་ཁོང་ནི་ལུང་སྟོན་པ་ཞིག་ཏུ་བཀུར༌བས། ཁོ་རྣམས་མི་ཚོགས་ལ་འཇིགས༌སོ།།

མད་ཐཱ 22

བག་སྟོན་གྱི༌དཔེ།

1དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་དཔེའི་སྒོ་ནས་དེ་རྣམས་ལ་འདི་སྐད༌དུ། 2ནམ་མཁའི་རྒྱལ་སྲིད་ནི་རྒྱལ་པོ་ཞིག་གིས་རང་གི་སྲས་ལ་བག་སྟོན་བྱེད་པ་དང་འདྲ༌སྟེ། 3ཁོང་གིས་རང་གི་གཡོག་པོ་འགའ་བག་སྟོན་དུ་བོས་པའི་མགྲོན་པོ་རྣམས་གདན་འདྲེན་བྱེད་དུ་མངགས༌ནའང༌། མི་དེ་རྣམས་ཡོང་བར་མ་འཐད་དོ།། 4ཡང་ཁོང་གིས་གཡོག་པོ་གཞན་དག་མངགས༌ཏེ། ཁྱོད་ཅག་གིས་མགྲོན་དུ་བོས་པ་རྣམས་ལ་འདི༌ལྟར་སྨྲོས་ཤིག བདག་གིས་བ་གླང་དང་སྒོ་ཕྱུགས་ཤ་ཤེད་ཅན་བཤས་ཏེ་ཐམས་ཅད་སྟ་གོན་བྱས་ཚར༌བས། ཁྱེད་རྣམས་བག་སྟོན་ལ་ཕེབས་པར་ཞུ་ཞེས་གསུངས༌ནའང༌། 5མི་དེ་རྣམས་ཀྱིས་དོན་དེར་དོ་སྣང་མ་བྱས༌པར། མི་གཅིག་རང་གི་ཞིང་ཁར་སོང་བ༌དང༌། གཞན་ཞིག་ཚོང་རྒྱག་སར་སོང༌། 6ཡང་མགྲོན་དུ་བོས་པའི་མི་གཞན་དག་གིས་གཡོག་པོ་དེ་རྣམས་བཟུང་བ་དང་བརྙས་བཅོས་བྱས་ཏེ་བསད་དོ།། 7དེ་ནས་རྒྱལ་པོ་ཐུགས་ཤིན་ཏུ་ཁྲོས་ཏེ་དམག་བཏང་ནས་ལག་དམར་དེ་རྣམས་མེད་པར་བྱས་པ༌དང༌། མི་དེ་དག་གི་གྲོང་ཁྱེར་ཡང་མེར་བསྲེགས། 8ཡང་ཁོང་གིས་རང་གི་གཡོག་པོ་རྣམས་ལ་འདི་སྐད༌དུ། བག་སྟོན་སྟ་གོན་བྱས་ཟིན་ནའང་མགྲོན་དུ་བོས་པ་རྣམས་བག་སྟོན་ལ་ཞུགས་མི་འོས། 9དེའི༌ཕྱིར། ཁྱོད་རྣམས་ལམ་མདོ་རུ་སོང་སྟེ་མི་སུ་དང་འཕྲད༌ན། དེ་རྣམས་བག་སྟོན་ལ་བོས་ཤིག་ཅེས་གསུངས་སོ།། 10གཡོག་པོ་དེ་རྣམས་ཁྲོམ་སྲང་དུ་སོང༌སྟེ། མི་བཟང་ངན་སུ་ཡིན་ཡང་འཕྲད་པ་ཐམས་ཅད་བསྡུས༌པས། བག་སྟོན་གྱི་གནས་དེར་མགྲོན་པོས་བཀང་ངོ་།། 11དེ་ནས་རྒྱལ་པོའང་ཕེབས་ཏེ་མགྲོན་པོ་རྣམས་ལ་གཟིགས་པ༌ན། གཟབ་གོས་སྤྲས་མེད་པའི་མགྲོན་པོ་ཞིག་མཐོང་སྟེ་འདི་སྐད༌དུ། 12གྲོགས་པོ༌ལགས། ཁྱོད་ཀྱིས་གཟབ་གོས་མ་སྤྲས་པར་འདིར་ཡོང་བ་ཅི་ཡིན་ནམ་ཞེས་གསུངས་པ༌ན། མགྲོན་པོ་དེ་ལ་ལན་འདེབས་རྒྱུ་མེད་པར་གྱུར་ཏོ།། 13དེ་ནས་རྒྱལ་པོས་ཞབས་ཕྱི་པ་རྣམས་ལ། མགྲོན་པོ་འདིའི་རྐང་ལག་བཀྱིགས༌ཏེ། ཕྱི་རོལ་གྱི་མུན་ནག་ནང་དུ་གཡུག་པར༌གྱིས། གནས་དེ་རུ་ངུ་འབོད་བྱེད་ཅིང་ཨམ་གཙིགས་བསྡམ་པར་འགྱུར་ཞེས་སྨྲས་སོ།། 14དེ་ནི་མགྲོན་དུ་བོས་པ་མང་ཡང་དངོས་སུ་བདམས་པ་ཉུང་བའི་ཕྱིར་ཡིན་ཞེས་གསུངས༌སོ།།

ཁྲལ་འཇལ་བའི༌སྐོར།

15དེའི་དུས༌སུ། ཕ་རུ་ཤི་པ་རྣམས་ཕྱི་རོལ་ཏུ་སོང་ནས་ཇི་ལྟར་ཡེ་ཤུའི་གསུང་ལ་སྙད་བརྐོས་ནས་ཁོང་ལ་གནོད་པ་བྱེད་པར་གྲོས་བྱས༌ཏེ། 16རང་གི་སློབ་མ་དང་ཧེ་རོ་དཱའི་ཕྱོགས་ཁག་གི་མི་འགའ་སྐྱབས་མགོན་ཡེ་ཤུའི་དྲུང་དུ་མངགས༌ཤིང༌། དེ་རྣམས་ན༌རེ། སློབ་དཔོན༌ལགས། ཁྱེད་ནི་གཞུང་རྒྱུད་དྲང་ཞིང་དཀོན་མཆོག་གི་ལམ་ཡང་དག་པར་བདེན་པར་སྟོན་པ༌དང༌། ཁྱེད་ཀྱིས་མིའི་ཁ་ངོར་མི་གཟིགས་ཤིང་ཀུན་ལ་ཕྱོགས་རིས་མེད་པ་ངེད་རྣམས་ཀྱིས་ཤེས། 17དེའི༌ཕྱིར། ཁྱེད་ཀྱིས་ཇི་ལྟར་དགོངས་པ་ངེད་རྣམས་ལ་གསུང་བར༌མཛོད། ད་ལྟ་ངེད་ཅག་གིས་སེ་བཟིར་ལ་ཁྲལ་འཇལ་རུང་ངམ་མི༌རུང་ཞེས་དྲིས། 18ཁོང་གིས་དེ་རྣམས་ཀྱི་ངན་སེམས་མཁྱེན་ཏེ་འདི་སྐད༌དུ། ཚུལ་འཆོས་པ་ཁྱོད་ཅག་གིས་བདག་ལ་ཚོད་བགམ་པའི་རྒྱུ་མཚན༌ཅི། 19ཁྲལ་དུ་སྤྲད་པའི་དངུལ་སྒོར་ཞིག་བདག་ལ་སྟོན་ཅིག་ཅེས་གསུངས་པ༌དང༌། དེ་རྣམས་ཀྱིས་དངུལ་སྒོར་ཞིག་ཁྱེར་ཡོང་ནས་ཁོང་ལ་བྱིན། 20ཁོང་གིས་དེ་རྣམས་ལ་རི་མོ་དང་ཡི་གེ་འདི་སུའི་ཡིན་ནམ་ཞེས་དྲིས་པ༌ན། 21དེ་རྣམས་ཀྱིས་སེ་བཟིར་གྱི་ཡིན་ཞེས་སྨྲས་སོ།། ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེས་ན་གང་ཞིག་སེ་བཟིར་གྱི་ཡིན་ན་དེ་ནི་སེ་བཟིར་ལ་ཕུལ༌དང༌། གང་ཞིག་དཀོན་མཆོག་གི་ཡིན་ན་དེ་ནི་དཀོན་མཆོག་ལ་ཕུལ་ཅིག་ཅེས་གསུངས་སོ།། 22ཁོ་རྣམས་ཀྱིས་གསུང་དེ་ཐོས་པ་དང་ངོ་མཚར་བར་གྱུར་ཏེ་ཁོང་དང་ཁ་བྲལ་ནས་སོང༌ངོ༌།།

སླར་གསོན་པར་འགྱུར་བའི༌སྐོར།

23ཉིན་དེར། སླར་གསོན་པའི་དོན་དེ་མེད་ཟེར་མཁན་སཱ་ཅུ་སེ་པ་འགའ་ཞིག་ཁོང་གི་དྲུང་དུ་ཡོང༌སྟེ། 24སློབ་དཔོན༌ལགས། མོ་ཤེའི་མདོ༌ལས། གལ་སྲིད་སྐྱེས་པ་ཞིག་ལ་བུ་ཕྲུག་མེད་པར་ཤི༌ན། དེའི་གཅུང་པོས་གཅེན་པོའི་ཆུང་མ་བླངས་ནས་གཅེན་པོའི་དོན་དུ་རིགས་རྒྱུད་སྤེལ་དགོས་ཞེས་གསུངས༌ཡོད། 25སྔོན་ཆད་ངེད་ཅག་གི་ཡུལ་འདིར་སྤུན་བདུན་ཡོད་པ༌ལ། སྤུན་ཆེ་བས་ཆུང་མ་ཞིག་བླངས་ནས་བུ་ཕྲུག་མེད་པར་ཤི་བས། ཆུང་མ་གཅུང་པོ་ལ་བསྐྱུར། 26སྤུན་གཉིས་པ་དང་གསུམ་པ་ནས་སྤུན་བདུན་པའི་བར༌དུ། ཚང་མ་དེ་བཞིན་ཡིན་ལ། 27མཇུག་མཐར་བུད་མེད་དེའང༌ཤིའོ།། 28དེས་ན་གཤིན་པོ་རྣམས་སླར་གསོན་པར་འགྱུར་བའི་དུས་དེ་སླེབ༌ཚེ། སྤུན་བདུན་པོས་བུད་མེད་དེ་ཆུང་མར་བླངས་མྱོང༌བས། ཁོ་མོ་ནི་སྤུན་བདུན་ལས་སུ་ཞིག་གི་ཆུང་མ་ཡིན་ནམ་ཞེས་དྲིས་པ༌ལ། 29སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་གསུང་རབ་ཀྱི་དོན་མི་རྟོགས་ཤིང་དཀོན་མཆོག་གི་མཐུ་སྟོབས་ཀྱང་མི་ཤེས་པས་ནོར༌སོང་ངོ་༎ 30ཅིའི་ཕྱིར་ཞེ༌ན། གཤིན་པོ་རྣམས་སླར་གསོན་པའི་དུས༌སུ། མི་རྣམས་ཀྱིས་བག་མ་ཕར་བསྐྱལ་ཚུར་ལེན་མི་བྱེད་པར་ནམ་མཁའི་ཞིང་ཁམས་ཀྱི་ཕོ་ཉ་རྣམས་དང༌འདྲའོ།། 31འོན་ཀྱང་གཤིན་པོ་རྣམས་སླར་གསོན་ངེས་པའི་སྐོར་ལ་དཀོན་མཆོག་གིས་གསུང་རབ་ཀྱི་མདོ་ལས་ཁྱོད་རྣམས་ལ་འདི་སྐད༌དུ། 32བདག་ནི་ཨབ་ར་ཧམ་གྱི་དཀོན་མཆོག༌དང༌། ཨི་སཱག་གི་དཀོན༌མཆོག ཡ་ཀོབ་ཀྱི་དཀོན་མཆོག་ཡིན་ཞེས་གསུངས་ཡོད་པ་ཁྱོད་ཅག་གིས་བཀླགས་མ་མྱོང༌ངམ། ཁོང་ནི་གཤིན་པོ་རྣམས་ཀྱི་དཀོན་མཆོག་མ་ཡིན༌ཏེ། གསོན་པོ་རྣམས་ཀྱི་དཀོན་མཆོག་ཡིན་ཞེས་གསུངས་སོ།། 33མི་ཚོགས་ཀྱིས་གསུང་དེ་ཐོས་པ་དང་ཁོང་གིས་གསུངས་པའི་ཆོས་ལ་ངོ་མཚར་བར་གྱུར༌ཏོ།།

བཀའ་ཁྲིམས་བཅུ་ལས་གཙོ་ཤོས༌སྐོར།

34དེ་ནས་ཕ་རུ་ཤི་པ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུས་སཱ་ཅུ་སེ་པ་རྣམས་ཀྱི་སྨྲ་སྒོ་བཅད་པ་ཐོས་ནས་ཕྱོགས་གཅིག་ཏུ་འདུས༌ཤིང༌། 35དེ་རྣམས་ལས་བཀའ་ཁྲིམས་ཀྱི་མཁས་པ་ཞིག་གིས་ཁོང་ལ་ཚོད་བགམ་པའི་ཕྱིར་ན༌རེ། 36སློབ་དཔོན༌ལགས། བཀའ་ཁྲིམས་ཐམས་ཅད་ལས་གཙོ་ཤོས་གང་ཡིན་ནམ་ཞེས་དྲིས་པ༌ན། 37སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་གཙོ་བོ་སྟེ་རང་གི་དཀོན་མཆོག་ལ་སྙིང་ཧྲིལ་པོ༌དང༌། སེམས་ཧྲིལ་པོ༌དང༌། ཡིད་ཧྲིལ་པོས་གཅེས༌ཤིག 38འདི་ནི་བཀའ་ཁྲིམས་ཐམས་ཅད་ལས་ཐོག་མ་དང་ཆེས་གཙོ་ཤོས་ཡིན། 39གཉིས་པའང་དེ་དང་འདྲ༌སྟེ། ཁྱོད་ཀྱིས་ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་ཤིག་ཅེས་པ་འདི་ཡིན། 40བཀའ་ཁྲིམས་འདི་གཉིས་ནི་བཀའ་ཁྲིམས་དང་ལུང་སྟོན་པའི་མདོ་ཐམས་ཅད་ཀྱི་རྩ་བ་ཡིན་ཞེས་གསུངས༌སོ།།

རྒྱལ་པོ་དཱ་བིད་ཀྱི་རིགས་སྲས༌སྐོར།

41ཕ་རུ་ཤི་པ་རྣམས་གནས་དེར་འཛོམས་དུས། སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། 42མཱ་ཤི་ཀའི་སྐོར་ནས་ཁྱོད་ཅག་གི་བསམ་ཚུལ་ཅི་ཡིན༌ནམ། ཁོང་ནི་སུ་ཞིག་གི་སྲས་ཡིན་ནམ་ཞེས་བཀའ་འདྲི་གནང་བ༌ལ། དེ་རྣམས་ཀྱིས་དཱ་བིད་ཀྱི་རིགས་སྲས་ཡིན་ཞེས་ཞུས་སོ།། 43ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེས་ན་དཱ་བིད་ཀྱིས་དམ་པའི་ཐུགས་ཉིད་ཀྱི་ངང་ནས་མཱ་ཤི་ཀ་ལ་གཙོ་བོ་ལགས་ཞེས་འབོད་པ་ཅི་ཡིན༌ནམ། དེ་ལ་ཇི་སྐད༌དུ། 44དཀོན་མཆོག་གིས་ནི་ང་ཡི་གཙོ་བོ༌ལ།། བདག་གིས་ཁྱོད་ཀྱི་བསྟན་དགྲ་ཐམས་ཅད༌ཀུན།། ཁྱོད་ཀྱི་ཞབས་ཀྱི་འོག་ཏུ་འཇུག་པའི༌བར།། བདག་གི་གཡས་སུ་བཞུགས་ཤིང་སྒུག་པར༌བྱའོ།། ཞེས་གསུངས༌ཤིང༌། 45དཱ་བིད་ཀྱིས་ཁོང་ལ་གཙོ་བོ་ཞེས་ཞུས༌ན། ཁོང་ནི་དཱ་བིད་ཀྱི་རིགས་སྲས་སུ་ཇི་ལྟར་གྱུར་པ་ཡིན་ནམ་ཞེས་གསུངས་པ༌ན། 46མི་སུས་ཀྱང་ཁོང་ལ་ལན་འདེབས་མ་ནུས༌ལ། ཉིན་དེ་ནས་བཟུང་སུས་ཀྱང་ཁོང་ལ་དྲི་བ་ཅི་ཡང་ཞུ་མ་ཕོད༌དོ།།

མད་ཐཱ 23

ཚུལ་འཆོས་པར་དོགས་ཟོན་བྱེད་དགོས་པའི༌སྐོར།

1དེ་ནས་སྐྱབས་མགོན་ཡེ་ཤུས་མི་ཚོགས་དང་ཐུགས་སྲས་རྣམས་ལ་གསུང་གླེང་མཛད་ཅིང་འདི་སྐད༌དུ། 2མཁན་པོ་དང་ཕ་རུ་ཤི་པ་རྣམས་མོ་ཤེའི་ཁྲི་ལ་སྡོད་ཅིང༌། 3དེ་རྣམས་ཀྱིས་འཆད་པའི་བསླབ་བྱ་ཐམས་ཅད་ཁྱོད་ཅག་གིས་བསྲུང་ཞིང་དེ་ལྟར་བྱོས༌ཤིག འོན་ཀྱང་དེ་དག་གིས་ངག་ནས་སྨྲས་ཀྱང་ལག་ཏུ་མི་སྒྲུབ་པས། དེ་དག་གི་སྤྱོད་ལམ་ལྟར་མ་བྱེད༌ཅིག 4དེ་དག་གིས་ཁུར་བོ་ལྕི་མོ་བསྡམས་ནས་མི་རྣམས་ཀྱི་ཕྲག་ལ་འགེལ༌ནའང་། རང་གི་མཛུབ་མོ་གཅིག་ཀྱང་འགུལ༌བར་མི་འདོད་དོ།། 5དེ་དག་གིས་དོན་ཐམས་ཅད་མི་རྣམས་ལ་མཐོང་དུ་འཇུག་པའི་ཕྱིར་སྒྲུབ༌ཅིང༌། རང་གི་སྲུང་བ་དེའི་ཞེང་ཚད་ཆེ་བར་བཟོ་བ༌དང༌། གྱོན་གོས་ཀྱི་ཙོར་ལོ་ཡང་ཇེ་རིང་དུ་གཏོང་ངོ་།། 6གསོལ་སྟོན་དང་ཆོས་ཁང་དུ་གྲལ་མགོར་སྡོད་པར་དགའ༌ཞིང༌། 7ཁྲོམ་སྲང་ནས་མི་རྣམས་ཀྱི་བསྙེན་བཀུར་འཐོབ་པ༌དང༌། རང་ཉིད་ལ་རཱབ་པེ་ལགས་ཞེས་འབོད་པར་དགའ་མོས་བྱེད། 8འོན་ཀྱང་ཁྱོད་རྣམས་ཀྱིས་རང་ལ་གཞན་གྱིས་རཱབ་པེ་ཞེས་འབོད་དུ་མ་འཇུག་ཅིག ཁྱོད་རྣམས་ལ་སློབ་དཔོན་གཅིག་ཁོ་ན་ཡོད་ཅིང་ཁྱོད་ཅག་ཐམས་ཅད་ནི་སྤུན་ཡིན་པའི་ཕྱིར་རོ།། 9ཁྱོད་རྣམས་ཀྱིས་འཇིག་རྟེན་གྱི་མི་སུ་ལའང་ཡབ་ཅེས་འབོད་མི་རུང༌སྟེ། ཁྱོད་ཅག་གི་ཡབ་གཅིག་པུ་ནི་ནམ་མཁའི་ཞིང་ཁམས་སུ་བཞུགས་པ་དེ་ཉིད་ཡིན༌པའི་ཕྱིར་རོ།། 10ཡང་ཁྱོད་རྣམས་ཀྱིས་རང་ལ་དགེ་རྒན་ཞེས་འབོད་དུ་མ་འཇུག་སྟེ། ཁྱོད་ཅག་ལ་དགེ་རྒན་གཅིག་ཁོ་ན་སྟེ་སྐྱབས་མགོན་མཱ་ཤི༌ཀ་ཡིན་པའི་ཕྱིར་རོ།། 11ཁྱོད་རྣམས་ལས་ཆེ་ཤོས་ཡིན་པ་དེ་ཁྱོད་ཅག་གི་ཞབས་ཕྱི་པར་འགྱུར་དགོས། 12སུ་ཞིག་གིས་རང་ཉིད་མཐོ་བར་བཟུང་ན་དམན་པར་འགྱུར། ཡང་སུ་ཞིག་གིས་རང་ཉིད་དམན་པར་བཟུང་ན་མཐོ་བར་འགྱུར་ངེས་ཡིན་ཞེས་གསུངས༌སོ།། 13ཚུལ་འཆོས་མཁན་པོ་དང་ཕ་རུ་ཤི་པ་ཁྱོད་རྣམས་ལ་ཆག་སྒོ་འབྱུང༌ངོ་༎ རྒྱུ་མཚན་ནི་ཁྱོད་ཅག་གིས་མི་རྣམས་ཀྱི་མདུན་དུ་ནམ་མཁའི་རྒྱལ་སྲིད་དུ་ཞུགས་པའི་སྒོ་བརྒྱབ༌སྟེ། ཁྱོད་རང་ཉིད་མི་འགྲོ་ཞིང་འགྲོ་མཁན་གཞན་རྣམས་ཀྱང་བཀག་པའི་ཕྱིར༌རོ།། 14ཡང་ཚུལ་འཆོས་མཁན་པོ་དང་ཕ་རུ་ཤི་པ་ཁྱོད་རྣམས་ལ་ཆག་སྒོ་འབྱུང༌ངོ་། །རྒྱུ་མཚན་ནི་ཁྱོད་ཅག་གིས་ཡུགས་མོ་རྣམས་ཀྱི་ཁང་པ་དང་བཅས་པའི་རྒྱུ་རྫས་ཐམས་ཅད་ཧམ་བཟུང་བྱེད༌ཅིང༌། སྨོན་ལམ་རིང་པོ་འདེབས་ཁུལ་བྱེད༌པས། ཁྱོད་རྣམས་ལ་ལྷག་ཏུ་ཆད་པ་ལྕི་མོ་འཕོག་པར་འགྱུར༌རོ།། 15ཡང་ཚུལ་འཆོས་མཁན་པོ་དང་ཕ་རུ་ཤི་པ་ཁྱོད་རྣམས་ལ་ཆག་སྒོ་འབྱུང་ངོ༌། །རྒྱུ་མཚན་ནི་ཁྱོད་ཅག་གིས་མི་གཅིག་ཙམ་ཡང་རང་གི་ཆོས་སྒོར་ཞུགས་སུ་འཇུག་ཆེད་སྐམ་ས་དང་རྒྱ་མཚོ་ཀུན་ཏུ་རྒྱུ༌ཞིང༌། མི་དེ་ཁྱོད་ཅག་གི་ཆོས་ལ་ཞུགས༌རྗེས། ཁྱོད་ཅག་ལས་ཀྱང་མི་དེ་ནི་ལྷག་ཏུ་དམྱལ་བའི་གནས་སུ་ལྷུང་བར་བྱེད་དོ།། 16ཡང་ལམ་ཁྲིད་མཁན་ལོང་བ་ཁྱོད་རྣམས་ལ་ཆག་སྒོ་འབྱུང༌ངོ་། །ཁྱོད་རྣམས་ན༌རེ། སུ་ཞིག་གིས་མཆོད་ཁང་དཔང་དུ་བཙུགས་ཏེ་མནའ་བསྐྱལ་ན་དེ་ནི་ཅི་ཡང་མ་ཡིན། འོན་ཏེ་སུ་ཞིག་གིས་མཆོད་ཁང་ནང་གི་གསེར་དཔང་དུ་བཙུགས་ནས་མནའ་བསྐྱལ༌ན། མི་དེས་ངེས་པར་མནའ་ལྟར་བསྒྲུབ་དགོས་ཞེས་ཟེར་རོ།། 17གླེན་པ༌ལོང་བ་རྣམས། ཁྱོད་ཅག་གིས་གསེར་གལ་ཆེ་བར་འདོད༌དམ། ཡང་ན་གསེར་དམ་པར་བསྒྱུར་པའི་མཆོད་ཁང་གལ་ཆེ་བར་སྙམ། 18ཡང་ཁྱོད་རྣམས་ན༌རེ། སུ་ཞིག་གིས་མཆོད་ཁྲི་དཔང་དུ་བཙུགས་ནས་མནའ་བསྐྱལ་ན་དེ་ནི་ཅི་ཡང་མ་ཡིན། འོན་ཀྱང་སུ་ཞིག་གིས་མཆོད་ཁྲི་སྟེང་གི་མཆོད་རྫས་དཔང་དུ་བཙུགས་ནས་མནའ་བསྐྱལ༌ན། མི་དེས་ངེས་པར་མནའ་ལྟར་བསྒྲུབ་དགོས་ཞེས་ཟེར་རོ།། 19ལོང་བ༌རྣམས། ཁྱོད་ཅག་གིས་མཆོད་རྫས་གལ་ཆེ་བར་འདོད༌དམ། ཡང་ན་མཆོད་རྫས་དམ་པར་བསྒྱུར་པའི་མཆོད་ཁྲི་གལ་ཆེ་བར་སྙམ༌མམ། 20དེའི༌ཕྱིར། མཆོད་ཁྲི་དཔང་དུ་བཙུགས་ནས་མནའ་སྐྱེལ་མཁན་རྣམས་ཀྱིས་མཆོད་ཁྲི་དང་དེའི་སྟེང་དུ་ཡོད་པ་ཐམས་ཅད་དཔང་དུ་བཙུགས༌པ་ཡིན། 21ཡང་མཆོད་ཁང་དཔང་དུ་བཙུགས་ནས་མནའ་སྐྱེལ་མཁན་རྣམས་ཀྱིས་མཆོད་ཁང་དང་དེའི་ནང་དུ་བཞུགས་པ་ཁོང་ཉིད་དཔང་དུ་བཙུགས༌པ་ཡིན། 22ཡང་ནམ་མཁའི་ཞིང་ཁམས་དཔང་དུ་བཙུགས་ནས་མནའ་སྐྱེལ་མཁན་རྣམས་ཀྱིས་དཀོན་མཆོག་གི་བཞུགས་ཁྲི་དང་དེའི་སྟེང་དུ་བཞུགས་པ་ཉིད་ཀྱང་དཔང་དུ་བཙུགས་པ་ཡིན༌ནོ།། 23ཡང་ཚུལ་འཆོས་མཁན་པོ་དང་ཕ་རུ་ཤི་པ་ཁྱོད་རྣམས་ལ་ཆག་སྒོ་འབྱུང༌ངོ་། །རྒྱུ་མཚན་ནི་ཁྱོད་རྣམས་ཀྱིས་དག་ཅི་དང༌། གོ༌སྙོད། ཟི་ར་བཅས་ཀྱི་བཅུ་ཆའི་གཅིག་ཕུལ༌ནའང༌། དེ་བས་གལ་ཆེ་བའི་བཀའ་ཁྲིམས་ནང་གི་བདེན་ལུགས༌དང༌། སྙིང༌རྗེ། ཡིད་རྟོན་རུང་བ་བཅས་ནི་སྤོང་བར་བྱེད། འོན་ཀྱང་ཁྱོད་ཅག་གིས་དེ་བས་གལ་ཆེ་བ་འདི་བསྲུང་འོས་ཤིང་གཞན་དེ་ཡང་འདོར་མི་འོས། 24ལམ་ཁྲིད་མཁན་ལོང་བ༌རྣམས། ཁྱོད་ཅག་གིས་ཆུ་ནས་འབུ་ཕྲ་མོ་བཙགས་ཏེ༌ཐོན་པ་དང་། རྔ་མོང་ཆེན་པོ་ཁྱུར་མིད་བྱེད༌དོ།། 25ཡང་ཚུལ་འཆོས་མཁན་པོ་དང་ཕ་རུ་ཤི་པ་ཁྱོད་རྣམས་ལ་ཆག་སྒོ་འབྱུང༌ངོ་། །རྒྱུ་མཚན་ནི་ཁྱོད་ཅག་གིས་ཕོར་བ་དང་སྡེར་མའི་ཕྱི་ངོས་གཙང་མར་བྱེད་པ་ཙམ༌ལས། སྣོད་དེ་དག་གི་ནང་དུ་འཕྲོག་ལེན་དང་བག་མེད་ཀྱིས་བཀང་འདུག 26ཕ་རུ་ཤི་པ་ལོང་བ༌རྣམས། ཁྱོད་ཅག་གིས་ཐོག་མར་ཕོར་བ་དང་སྡེར་མའི་ནང་གཙང་མར་བྱོས༌དང༌། ཕྱི་ངོས་ཀྱང་གཙང་མར་འགྱུར་རོ།། 27ཡང་ཚུལ་འཆོས་མཁན་པོ་དང་ཕ་རུ་ཤི་པ་ཁྱོད་རྣམས་ལ་ཆག་སྒོ་འབྱུང༌ངོ་། །རྒྱུ་མཚན་ཁྱོད་ཅག་ནི་ཚོན་རྩི་དཀར་པོས་སྤྲས་པའི་དུར་ས་ཞིག་དང་འདྲ༌སྟེ། ཕྱི་ནས་བལྟས་ན་མཛེས་ཀྱང་ནང་དུ་གཤིན་པོ་རྣམས་ཀྱི་ཀེང་རུས་དང་མི་གཙང་བ་མཐའ་དག་གིས་བཀང༌ངོ་༎ 28དཔེ་དེ་བཞིན༌དུ། ཁྱོད་རྣམས་ནི་ཕྱིའི་རྣམ་པའི་ཆ་ནས་མི་རྣམས་ལ་དྲང་བདེན་ལྟར་སྣང༌ཡང༌། ནང་སེམས་སུ་ཚུལ་འཆོས་དང་ནག་ཉེས་ཀྱིས་བཀང་འདུག་པའོ།། 29ཡང་ཚུལ་འཆོས་མཁན་པོ་དང་ཕ་རུ་ཤི་པ་ཁྱོད་རྣམས་ལ་ཆག་སྒོ་འབྱུང༌ངོ་། །རྒྱུ་མཚན་ནི་ཁྱོད་ཅག་གིས་ལུང་སྟོན་པ་རྣམས་ལ་དུར་ས་རྩིག༌ཅིང༌། སྐྱེས་བུ་དམ་པ་རྣམས་ཀྱི་བང་སོའང་བརྒྱན་ཏེ་ན༌རེ། 30གལ༌སྲིད། ངེད་རྣམས་མེས་པོའི་དུས་དང་མཉམ་པ་ཡིན༌ན། ངེད་ཅག་གིས་མེས་པོ་རྣམས་དང་འགྲོགས་ནས་ལུང་སྟོན་པ་རྣམས་གསོད་པར་མི་བྱ་ཞེས་ཟེར། 31དེ་ལས་ཁྱོད་ཅག་གིས་རང་ཉིད་ནི་ལུང་སྟོན་པ་གསོད་མཁན་རྣམས་ཀྱི་བུ་རྒྱུད་ཡིན་པར་བདེན་དཔང་བྱས་པའོ།། 32ད་ལྟ་ཁྱོད་ཅག་གིས་རང་གི་མེས་པོ་རྣམས་ཀྱི་ལས་ངན་པ་དེ་དག་ཡོངས་སུ་རྫོགས་པར་གྱིས༌ཤིག 33སྦྲུལ་དང་དུག་སྦྲུལ་གྱི་རྒྱུད་ཁྱོད་ཅག་ནི་དམྱལ་བའི་གནས་ཀྱི་ཉེས་ཆད་ལས་ཐར་ཐུབ་བམ་ཞེ་ན་མི་ཐུབ། 34དེའི༌ཕྱིར། བདག་གིས་ལུང་སྟོན་པ༌དང༌། མཁས་པ། མཁན་པོ་རྣམས་ཁྱོད་ཅག་གི་གམ་དུ་མངག་པར༌བྱའོ།། འོན་ཀྱང་ཁྱོད་ཅག་གིས་དེ་དག་ལས་ལ་ལ་གསོད་ཅིང་ལ་ལ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབ་པ༌དང༌། ཡང་ལ་ལ་ཆོས་ཁང་དུ་ཁྲིད་ནས་རྟ་ལྕག་གིས་གཞུས་ཏེ། གྲོང་རྡལ་གཅིག་ནས་གྲོང་རྡལ་གཞན་དུ་དེད་ནས་གནོད་འཚེ་བྱེད་པར་འགྱུར་ལ། 35དེ་ནི་ས་སྟེང་འདིར་མི་གཞུང་དྲང་ཐམས་ཅད་ཀྱི་ཁྲག་བཞུར་བའི་སྐྱིན་ཚབ་དེ་ཁྱོད་ཅག་གི་སྟེང་ནས་ཕྱིར་ལེན་དགོས༌ཏེ། མི་གཞུང་དྲང་ཧ་བེལ་ཞེས་པའི་ཁྲག་བཞུར་བ་ནས༌བཟུང༌། མཆོད་ཁང་དང་མཆོད་ཁྲི་གཉིས་བར་དུ་པཱ་རག་ཡའི་བུ་ཟ་ཀར་ཡཱའི་ཁྲག་བཞུར་བའི་བར་གྱི་སྐྱིན་ཚབ་ཐམས་ཅད་ལེན་པར་འགྱུར༌བའི་ཕྱིར་ཡིན། 36བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། འདི་དག་ཐམས་ཅད་ནི་མི་རབས་འདི་ལ་འབབ་པར་འགྱུར་རོ།། 37ཀྱེ། ཡེ་རུ་སཱ་ལེམ། ཡེ་རུ་སཱ་ལེམ། ཁྱོད་ཀྱིས་རྟག་ཏུ་ལུང་སྟོན་པ་རྣམས་གསོད་པར་བྱེད༌ཅིང༌། ཁྱོད་ཀྱི་གམ་དུ་མངགས་པ་རྣམས་ཀྱང་རྡོ་རུབ་གཏོང་བར་བྱེད། བྱ་མོས་བྱ་ཕྲུག་གཤོག་འོག་ཏུ་བསྡུ་བ༌ལྟར། བདག་གིས་ཀྱང་ལན་དུ་མར་ཁྱོད་ཀྱི་བུ་ཕྲུག་རྣམས་བསྡུ་འདོད་ནའང་ཁྱོད་རྣམས་མ་འཐད། 38ལྟོས༌དང༌། ཁྱོད་ཅག་གི་སྡོད་གནས་ནི་ཁྱོད་ཅག་ལ་སྟོང་བར་བྱས་ནས་བསྐྱུར་བ་ཡིན། 39བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། དུས་ད་ནས་བཟུང་། ཁྱོད་ཅག་གི་ངག་ལས་གཙོ་བོའི་མཚན་གྱི་སྒོ་ནས་བྱོན་པ་ནི་བྱིན་རླབས་ཅན་ཡིན་ཞེས་ཞུ་བའི་བར་དུ་ང་རང་མཐོང་བར་མི་འགྱུར་ཞེས་གསུངས༌སོ།།

མད་ཐཱ 24

བསྐལ་པའི་མཐའ་མའི་སྐོར་གྱི་ལུང༌བསྟན།

1སྐྱབས་མགོན་ཡེ་ཤུ་མཆོད་ཁང་ནས་ཕྱིར་ཕེབས༌དུས། ཐུགས་སྲས་རྣམས་ཁོང་གི་དྲུང་དུ་ཡོང་སྟེ་མཆོད་ཁང་གི་བཟོ་བཀོད་ཁོང་ལ་བསྟན་པ༌ན། 2ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་འདི་ཐམས་ཅད་མཐོང་བ་མ་ཡིན་ནམ། ངས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། མ་འོངས་པར་འདི་རུ་རྡོ་ཕ་བོང་སྟེང་དུ་རྡོ་གཅིག་ཀྱང་མི་ལུས་པར་ཐམས་ཅད་བཤིག་པར་འགྱུར་ཞེས་གསུངས་སོ༎ 3སྐྱབས་མགོན་ཡེ་ཤུ་སྐྱུ་རུ་རའི་རི་འགོར་བཞུགས་དུས། ཐུགས་སྲས་རྣམས་ཟུར་དུ་ཁོང་གི་དྲུང་ལ་ཡོང་སྟེ། དོན་འདི་རྣམས་དུས་ནམ་ཞིག་ལ་འབྱུང་ཞིང་། ཁྱེད་རང་ཕེབས་ཡོང་བ་དང་བསྐལ་པའི་མཐའ་མར་རྟགས་ཅི་ཞིག་ཡོད་པ་གསུང་བར་མཛོད་ཅེས་ཞུས་པ༌ན། 4སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། སུ་ཞིག་གིས་ཀྱང་ཁྱོད་རྣམས་མི་བསླུ་བའི་ཆེད་དུ་དོགས་པར་གྱིས། 5རྒྱུ་མཚན་ནི་མི་མང་པོས་ངའི་མིང་དུ་རྫུ་བཞིན་ཡོང༌སྟེ། ང་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ཟེར་ཞིང་མི་མང་པོ་བསླུ་བར་ངེས། 6ཡང་ཁྱོད་ཅག་གིས་དམག་འཁྲུག་དང་དམག་འཁྲུག་གི་གཏམ་ཐོས་པར་འགྱུར་ཡང་འཇིགས་པར་མི༌བྱའོ།། རྒྱུ་མཚན་ནི་དོན་འདི་དག་འབྱུང་ངེས་ཀྱང་། དེ་ནི་མཐའ་མའི་དུས་ལ་སླེབས་པ་མ་ཡིན༌ཏེ། 7མི་རིགས་དང་མི་རིགས་འཁྲུག་ཅིང་རྒྱལ་ཁབ་དང་རྒྱལ་ཁབ་འཁྲུག༌པ། ས་ཆ་མང་པོར་མུ་གེ་དང་ས་འགུལ་ཡང་འབྱུང་བར་འགྱུར། 8དོན་འདི་ཐམས་ཅད་ནི་སྦྲུམ་མའི་ཟུག་གཟེར་གྱི་ཐོག་མ་ཡིན། 9དེའི་དུས༌སུ། མི་རྣམས་ཀྱིས་ཁྱོད་ཅག་དཀའ་སྡུག་ལ་སྦྱོར་ཞིང་གསོད་པར་འགྱུར་བ༌དང༌། ངའི་མིང་གི་རྐྱེན་གྱིས་མི་རིགས་ཐམས་ཅད་ཁྱོད་ཅག་ལ་སྡང་བར་འགྱུར། 10ཡང་དེའི་དུས༌སུ། མི་མང་པོ་ཞིག་དད་པ་ལོག་པ་དང་ཕན་ཚུན་ངོ་ལོག་བྱེད་ཅིང་སྡང་བར་འགྱུར། 11ཡང་ལུང་སྟོན་པ་རྫུས་མ་མང་པོ་འབྱུང་ཞིང་མི་མང་པོ་བསླུ་བར་འགྱུར། 12ཁྲིམས་འགལ་གྱི་ལས་ཇེ་མང་དུ་སོང་བས་མི་མང་པོའི་བྱམས་སེམས་ཀྱང་ཉམས་པར་འགྱུར། 13འོན་ཀྱང་མཇུག་མཐའི་བར་དུ་བཟོད་བསྲན་བྱེད་མཁན་དེ་ལ་ཐར་པ་འཐོབ་པར་ངེས། 14དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་འདི་མི་རིགས་ཐམས་ཅད་ལ་བདེན་དཔང་བྱེད་པའི་ཕྱིར་འཇིག་རྟེན་ཡོངས་ལ་བསྒྲགས༌རྗེས། དུས་ཀྱི་མཐའ་མ་ད་གཟོད་སླེབ་པར་འགྱུར༌རོ།། 15དེའི༌ཕྱིར། མདོ་འདི་ཀློག་མཁན་གྱིས་དོན་རྟོགས་པར་བྱ་སྟེ། ནམ་ཞིག་ཁྱོད་ཅག་གིས་ལུང་སྟོན་པ་དཱ་ནེ་ཨེལ་གྱི་མདོ་ལས་བཙོག་པར་བཟོ་བའི་སྐུར་བ་འདེབས་མཁན་ཞེས་པ་དེ་གནས་དམ་པ་རུ་འགྲེངས་ནས་བསྡད་ཡོད་པ་མཐོང་དུས། 16ཡ་ཧུ་དཱའི་ཡུལ་དུ་ཡོད་པ་རྣམས་རི་ལ་འབྲོ་བར་གྱིས། 17ཁང་པའི་སྟེང་དུ་ཡོད་པ་རྣམས་ཀྱང་སར་བབས་ནས་རང་ཁྱིམ་དུ་དངོས་པོ་ལེན་དུ་མ༌འགྲོའོ།། 18ཞིང་ཁར་ཡོད་པ་རྣམས་རང་གི་གྱོན་པ་ལེན་དུའང་ཕྱིར་མ་ལོག༌ཅིག 19ཉིན་དེ་དག་གི་རིང༌ལ། བུད་མེད་སྦྲུམ་མ་དང་ཕྲུ་གུར་ནུ་མ་སྣུན་མཁན་རྣམས་སྙིང་རེ་རྗེ༌ཨང༌། 20ཁྱོད་རྣམས་ཡུལ་གཞན་དུ་འབྲོ་བའི་དུས་དེ་དགུན་ཁའམ་ངལ་གསོ་བའི་ཉིན་དང་མི་འཕྲད་པའི་ཕྱིར་སྨོན་ལམ་ཐོབས༌ཤིག 21རྒྱུ་མཚན་ནི་དེའི་དུས་སུ་དཀའ་སྡུག་ཆེན་པོ་འབྱུང་བར་འགྱུར་ཏེ། དཀའ་སྡུག་དེ་ལྟ་བུ་ནི་འཇིག་རྟེན་བཀོད་པ་ནས་ད་ལྟའི་བར་དུ་བྱུང་མ་མྱོང་ལ། རྗེས་སུའང་འབྱུང་མི་སྲིད། 22ཡང་ཉིན་དེ་དག་ཇེ་ཉུང་དུ་མཛད་པ་མིན༌ན། ཤ་ཁྲག་གདོས་བཅས་སུ་གྲུབ་པ་སུ་ཡང་ཐར་མི་ཐུབ་མོད། འོན་ཀྱང་བདམས་པའི་མི་རྣམས་ཀྱི་དོན་དུ་ཉིན་དེ་དག་ཇེ་ཉུང་དུ་མཛད་ངེས་ཡིན། 23དེའི་དུས་སུ། སུ་ཞིག་གིས་ཁྱོད་ཅག་ལ་ལྟོས་དང་མཱ་ཤི་ཀ་འདི་རུ་བཞུགས། ཡང་ན་དེ་གར་བཞུགས་ཞེས་སྨྲས་ཀྱང་དེ་ལ་ཡིད་རྟོན་བྱ་མི་རུང༌ངོ་༎ 24རྒྱུ་མཚན་ནི་མཱ་ཤི་ཀ་བཅོས་མ་དང་ལུང་སྟོན་པ་རྫུས་མ་མང་པོ་འབྱུང༌ཞིང༌། གལ་ཏེ་བསླུ་ནུས་ན་བདམས་པའི་མི་རྣམས་ཀྱང་བསླུ་བའི༌ཕྱིར། གྲུབ་རྟགས་ཆེན་པོ་དང་ངོ་མཚར་བའི་དོན་རྣམས་ཀྱང་སྟོན་པར་འགྱུར། 25ལྟོས༌དང༌། བདག་གིས་སྔ་མོ་ནས་དོན་འདི་ཁྱོད་ཅག་ལ་སྨྲས་པ་ཡིན། 26ཡང་དེ་རྣམས་ཀྱིས་ཁྱོད་ཅག་ལ་ལྟོས༌དང༌། མཱ་ཤི་ཀ་དབེན་པའི་གནས་སུ་བཞུགས་ཞེས་ཟེར་ཡང་ཕྱི་རོལ་ཏུ་མ༌འགྲོའོ།། ཡང་ལྟོས༌དང༌། མཱ་ཤི་ཀ་ཁང་པའི་ཕུགས་སུ་བཞུགས་ཞེས་ཟེར་ཡང་ཡིད་ཆེས་མི༌བྱའོ།། 27རྒྱུ་མཚན་ནི་ཤར་ནས་ནུབ་ཕྱོགས་སུ་གློག་དམར་འཁྱུག་པ༌བཞིན། མིའི་བུ་ཡང་དེ་ལྟར་ཕེབས་ཡོང་བར་འགྱུར་རོ།། 28བེམ་པོ་གང་དུ་ཡོད་ན་བྱ་རྒོད་དག་ཀྱང་གནས་དེར་འཁོར་ཡོང་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་ཕེབས་ཡོང་བའི་སྐོར།

29ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཉིན་དེ་དག་གི་དཀའ་སྡུག་བྱུང་རྗེས་ཉི་མ་སྒྲིབ་ཅིང་ཟླ་བས་ཀྱང་འོད་མི༌སྤྲོའོ།། སྐར་ཚོགས་ནམ་མཁའ་ནས་ལྷུང་ཞིང་བར་སྣང་ཁམས་ཀྱི་དབང་ཐམས་ཅད་གཡོ་བར་འགྱུར་རོ།། 30དེའི་དུས་སུ། མིའི་བུ་ཡི་རྟགས་ནི་ནམ་མཁའ་རུ་འབྱུང་ཞིང་། ས་སྟེང་གི་མི་རིགས་ཐམས་ཅད་ཀྱིས་མྱ་ངན་བྱེད་པ་དང་། དེ་རྣམས་ཀྱིས་མིའི་བུ་ཁོ་རང་ནུས་མཐུ་དང་གཟི་བརྗིད་ཆེན་པོའི་ངང་ནམ་མཁའི་སྤྲིན་གྱི་བང་རིམ་ནས་འབྱོན་པ་མཐོང་བར་འགྱུར། 31ཡང་ཁོས་རང་ཉིད་ཀྱི་ཕོ་ཉ་རྣམས་དུང་སྒྲ་ཆེན་པོ་དང་བཅས་མངགས་ཤིང་དེ་རྣམས་ཀྱིས་ཁོའི་བདམས་པའི་མི་ཐམས་ཅད་ནི་ནམ་མཁའི་མཐའ་མཚམས་གཅིག་ནས་མཐའ་མཚམས་གཞན་པའི་བར་དུ་ཕྱོགས་བཞི་མཚམས་བརྒྱད་ནས་བསྡུ་བར་འགྱུར༌རོ།། 32ཁྱོད་ཅག་གིས་བསེ་ཡབ་ཤིང་ལས་དཔེ་ཞིག་སློབས༌དང༌། དེའི་ཡལ་ག་མཉེན་ལྕུག་ལྡན་པར་གྱུར་ཅིང་ལོ་མ་འབུས་པའི་དུས༌སུ། དབྱར་ཁའི་དུས་ལ་ཉེ་བ་ཁྱོད་ཅག་གིས་ཤེས༌སོ།། 33དེ་བཞིན་དུ་ཁྱོད་ཅག་གིས་དོན་དེ་དག་ཐམས་ཅད་མཐོང༌བའི་ཚེ། མིའི་བུ་འཐོན་ལ་ཉེ་བ་དང་སྒོ་འགྲམ་དུ་སླེབས་ཡོད་པ་རྟོགས་པར༌གྱིས། 34བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། མི་རབས་འདི་ད་དུང་མ་འདས་པའི་སྔོན་ལ་དོན་འདི་ཐམས་ཅད་འབྱུང་བར་འགྱུར། 35གནམ་ས་གཉིས་ནི་འཇིག་སྲིད་ཀྱང་བདག་གི་བཀའ་རྣམས་འཇིག་པར་མི་འགྱུར༌རོ།།

ཉིན་མོ་དེའམ་དུས་དེ་ཤེས་མཁན་སུ་ཡང་མེད་པ།

36འོན་ཀྱང་མི་སུས་ཀྱང་ཉིན་མོ་དེ་དང་དུས་དེ་ནི་ནམ་ཞིག་ཡིན་པ་མི་ཤེས༌ཤིང༌། ནམ་མཁའི་ཞིང་ཁམས་ཀྱི་ཕོ་ཉ་རྣམས་ཀྱིས་ཀྱང་མི་ཤེས༌ལ། སྲས་ཀྱིས་ཀྱང་མི་ཤེས་ཏེ་ཡབ་གཅིག་པུས་མཁྱེན༌ཏོ།། 37རྒྱུ་མཚན་ནི་ནོ་ཨའི་དུས༌ནི་ཇི་ལྟར་བྱུང་བ་བཞིན་མིའི་བུ་ཕེབས་ཡོང་བའི་དུས་ཀྱང་དེ་ལྟར་འབྱུང་བར་འགྱུར། 38ཆུ་ལོག་ཆེན་པོ་མ་བྱུང་བའི་ཡར་སྔོན་དུ། མི་རྣམས་ཀྱིས་བཟའ་བཏུང་ལ་རོལ་བ་དང་བག་མ་ཚུར་ལེན་ཕར་བསྐྱལ་བྱས༌ཤིང༌། ནོ་ཨ་གྲུ་གཟིངས་ཀྱི་ནང་དུ་ཞུགས་པའི་ཉིན་དེར། 39ཆུ་ལོག་ཆེན་པོ་བྱུང་སྟེ་མི་ཐམས་ཅད་ཆུས་ཁུར་བའི་བར་དུ། མི་རྣམས་ཀྱིས་ཅི་ཡིན་འདི་ཡིན་མ་ཤེས་ལ། མིའི་བུ་ཕེབས་ཡོང་བའི་དོན་ཡང་དེ་ལྟར་འབྱུང་། 40དུས༌དེར། མི་གཉིས་ཞིང་ཁར་ཡོད་པ་ལས་གཅིག་ནི་འདྲེན་ཞིང་གཅིག་ནི་བསྐྱུར་བར་འགྱུར། 41ཡང་བུད་མེད་གཉིས་ཀྱིས་ལག་སྐོར་གཅིག་བསྐོར་བ་ལས་གཅིག་ནི་འདྲེན་ཞིང་གཅིག་ནི་བསྐྱུར་བར་འགྱུར། 42དེའི༌ཕྱིར། ཁྱོད་ཅག་གི་གཙོ་བོ་ཁོང་ཉིད་ཉིན་གང་ཞིག་ལ་ཕེབས་པར་འགྱུར་བ་ཁྱོད་རྣམས་ཀྱིས་མི་ཤེས་པས་གཟབ་པར་གྱིས༌ཤིག 43ཁྱིམ་བདག་གིས་མཚན་མོའི་དུས་སུ་ནམ་ཞིག་ལ་རྐུན་མ་ཡོང་ངེས་པ་ཤེས༌ན། ཁོས་གཟབ་གཟབ་བྱས་ནས་རྐུན་མ་ཁྱིམ་ལ་འཛུལ་དུ་མི་འཇུག་པ་ཁྱོད་རྣམས་ཀྱིས་ཀྱང་ཤེས་པར་གྱིས། 44དེ་བས་ཁྱོད་རྣམས་ཀྱིས་ཀྱང་སྟ་གོན་བྱོས༌དང༌། རྒྱུ་མཚན་ནི་ཁྱོད་ཅག་གིས་སེམས་སུའང་མི་དྲན་པའི་དུས་ཤིག༌ལ། མིའི་བུ་ཕེབས་ཡོང་བར་ངེས་སོ།། 45དེས་ན་སུ་ཞིག་བློ་སེམས་དཀར་ཞིང་འཇོན་ཐང་ཅན་གྱི་གཡོག་པོ་ཡིན༌པ་དང་། བདག་པོས་ཁོ་ནི་རང་གི་གཡོག་པོ་རྣམས་ཀྱི་འགོ་པར་བསྐོས༌ཏེ། དུས་ལྟར་དེ་རྣམས་ལ་ཟས་སྐལ་སྟེར༌བ་ཡིན་ནམ། 46བདག་པོ་ཕྱིར་སླེབས་ཏེ་གཡོག་པོས་དེ་ལྟར་སྒྲུབ་བཞིན་པ་མཐོང༌ན། གཡོག་པོ་དེ་ནི༌བདེའོ།། 47བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། བདག་པོས་གཡོག་པོ་དེར་རྒྱུ་ནོར་ཐམས་ཅད་དོ་དམ་བྱེད་པའི་དབང་སྤྲོད་པར་འགྱུར། 48འོན་ཀྱང་། གཡོག་པོ་ངན་པ་དེས་རང་གི་སེམས་སུ་ངའི་བདག་པོ་ཕྱིར་ཡོང་བ་འཕྱིའོ་སྙམ༌སྟེ། 49གཡོག་པོ་གཞན་རྣམས་ལ་གཅར་རྡུང་བྱེད་པ་དང་། ར་བཟི་བའི་མི་རྣམས་དང་འགྲོགས་ནས་བཟའ་བཏུང་སྤྱོད་པ༌ཡིན་ན། 50ཁོས་སེམས་སུའང་མི་དྲན་པའི་ཉིན་ཞིག་དང་། མི་ཤེས་པའི་དུས་ཞིག་ལ། གཡོག་པོ་དེའི་བདག་པོ་ཕྱིར་ཕེབས༌ཏེ། 51ཁོ་རང་དུམ་བུར་གཅོད་ཅིང་། ཚུལ་འཆོས་པ་དང་མཉམ་དུ་གཏོང་སྟེ། གནས་དེ་ནས་ངུ་འབོད་བྱེད་ཅིང་ཨམ་གཙིགས་བསྡམ་པར་འགྱུར་ཞེས་གསུངས༌སོ།།

མད་ཐཱ 25

བག་རོགས་བཅུའི་དཔེ།

1དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དུས་དེར། ནམ་མཁའི་རྒྱལ་སྲིད་ནི་ན་ཆུང་བུ་མོ་བཅུ་ཡིས་སྒྲོན་མེ་བཟུང་ནས་ཕྱི་རུ་མག་པ་བསུ་བར་སོང་བ་དང་འདྲ༌སྟེ། 2དེ་རྣམས་ལས་ལྔ་ནི་བླུན་ཞིང་ལྔ་ནི་མཛངས༌མ་ཡིན། 3བླུན་མོ་རྣམས་ཀྱིས་སྒྲོན་མེ་བཟུང་ཡང་སྣུམ་མ་ཁྱེར་རོ།། 4འོན་ཀྱང་། མཛངས་མ་རྣམས་ཀྱིས་སྒྲོན་མེ་བཟུང་ཞིང་སྣུམ་ཡང་སྣོད་ཀྱི་ནང་དུ་བླུགས་ཏེ་ཁྱེར། 5མག་པ་ཡོང་འཕྱི་བ་དང་དེ་དག་གཉིད་འཐིབས་ནས་གཉིད་ལ་ཡུར། 6ནམ་ཕྱེད་ཙམ་ལ་མི་ཞིག་གིས་སྐད་གསང་མཐོན་པོས། ལྟོས་དང་། མག་པ་སླེབས༌བྱུང༌། ཁྱོད་རྣམས་ཕྱི་རོལ་ཏུ་ཁོང་བསུ་རུ་ཤོག་ཅེས་སྨྲས་སོ།། 7ན་ཆུང་བུ་མོ་ཐམས་ཅད་ཡར་ལངས་ཏེ་རང་རང་གི་སྒྲོན་མེའི་སྡོང་རས་བཅད་ཅིང༌། 8བླུན་མོ་དག་གིས་མཛངས་མ་རྣམས་ལ་སྨྲས་པ། ངེད་རྣམས་ཀྱི་སྒྲོན་མེ་ཟད་ལ་ཉེ་བས་སྣུམ་ཅུང་ཙམ་སྟེར་རོགས་ཞེས་པ༌ལ། 9མཛངས་མ་རྣམས་ན༌རེ། དེ་ལྟར་བྱས༌ན། སྣུམ་གྱིས་བདག་ཅག་ཐམས་ཅད་ལ་མི་འདང༌བས། ཁྱོད་རྣམས་སྣུམ་འཚོང་སར་ཉོ་རུ་སོང་ན་ལེགས་ཞེས་སྨྲས་སོ།། 10བླུན་མོ་རྣམས་སྣུམ་ཉོ་རུ་སོང་བའི་དུས་སུ་མག་པ་སླེབས༌ཤིང༌། སྟ་གོན་བྱས་ཟིན་པ་རྣམས་མག་པ་དང་མཉམ་དུ་བག་སྟོན་ལ་ཞུགས་པ་དང་སྒོ་བརྒྱབ་པ་རེད། 11དེ་ནས་ན་ཆུང་བུ་མོ་གཞན་རྣམས་ཀྱང་ཕྱིར་སླེབས་ཤིང་ན༌རེ། བདག་པོ༌ལགས། བདག་པོ་ལགས། ངེད་ཅག་ལ་སྒོ་ཕྱེ་བར་མཛོད་ཅེས་སྨྲས་པ༌ན། 12བདག་པོས་འདི་སྐད༌དུ། ངས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། བདག་གིས་ཁྱོད་རྣམས་ངོ་མི་ཤེས་ཞེས་སྨྲས་སོ།། 13དེའི༌ཕྱིར། ཁྱོད་ཅག་གིས་ཀྱང་ཉིན་མོ་དེ་དང་དུས་དེ་ནི་ནམ་ཞིག་ཡིན་པ་མི་ཤེས་པས་གཟབ་པར་གྱིས་ཞེས་གསུངས༌སོ།།

རྡོ་ཚད་ཀྱི་དཔེ།

14ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ནམ་མཁའི་རྒྱལ་སྲིད་ནི་བདག་པོ་ཞིག་ཡུལ་གཞན་དུ་འགྲོ༌སྐབས། གཡོག་པོ་རྣམས་བོས་ཏེ་རང་གི་རྒྱུ་ནོར་ཐམས་ཅད་དེ་རྣམས་ལ་བཅོལ་བ་དང་འདྲ༌སྟེ། 15གཡོག་པོ་རྣམས་ཀྱི་ནུས་པ་ལྟར་གཅིག་ལ་རྡོ་ཚད་ལྔ༌དང༌། གཅིག་ལ་རྡོ་ཚད༌གཉིས། གཅིག་ལ་རྡོ་ཚད་གཅིག་བཅས་སྤྲད་རྗེས་ཡུལ་གཞན་དུ་ཆས་སོ།། 16དེ་ནས་རྡོ་ཚད་ལྔ་ཐོབ་མཁན་དེས་མྱུར་དུ་ཚོང་ལས་བྱས་ནས་རྡོ་ཚད་ལྔའི་ཁེ་སྤོགས་བླངས། 17དེ་བཞིན་དུ་རྡོ་ཚད་གཉིས་ཐོབ་མཁན་དེས་ཀྱང་རྡོ་ཚད་གཉིས་ཀྱི་ཁེ་སྤོགས་བླངས། 18འོན་ཀྱང་རྡོ་ཚད་གཅིག་ཐོབ་མཁན་ཕར་སོང་ནས་ས་བརྐོས་ཏེ་བདག་པོའི་རྡོ་ཚད་ས་འོག་ཏུ་སྦས། 19ཡུན་རིང་འགོར༌རྗེས། གཡོག་པོ་དེ་དག་གི་བདག་པོ་ཕྱིར་ཡོང་སྟེ་ཁོ་རྣམས་དང་རྩིས་བརྒྱབ་པ༌ན། 20རྡོ་ཚད་ལྔ་ཐོབ་མཁན་གྱིས་རྡོ་ཚད་ལྔ་ལྷག་མ་ཁྱེར་ཡོང༌སྟེ། བདག་པོ༌ལགས། ཁྱེད་ཀྱིས་བདག་ལ་རྡོ་ཚད་ལྔ་སྤྲད་ཅིང༌། གཟིགས་དང་། བདག་གིས་རྡོ་ཚད་ལྔའི་ཁེ་སྤོགས་བླངས་པ་ཡིན་ཞེས་སྨྲས་པ༌ན། 21བདག་པོ་ན༌རེ། ལེགས་པོ༌འདུག ཁྱོད་ནི་རང་གཤིས་བཟང་ཞིང་གཞུང་རྒྱུད་དྲང་བའི་གཡོག་པོ་ཞིག་ཡིན༌ལ། ཁྱོད་ནི་དོན་ཆུང་ངུའི་སྟེང་དུའང་བློ་སེམས་དཀར་བས། བདག་གིས་ཁྱོད་རང་དོན་མང་པོ་དོ་དམ་བྱེད་པར༌བསྐོ་བར་བྱའོ།། ཁྱོད་རང་བདག་པོའི་སྤྲོ་སྐྱིད་ལ་རོལ་ཅིག་ཅེས་སྨྲས་སོ།། 22དེ་ནས་རྡོ་ཚད་གཉིས་ཐོབ་མཁན་ཡང་སླེབས་ཏེ། བདག་པོ༌ལགས། ཁྱེད་ཀྱིས་བདག་ལ་རྡོ་ཚད་གཉིས་སྤྲད་ཅིང༌། བདག་གིས་རྡོ་ཚད་གཉིས་ཀྱི་ཁེ་སྤོགས་བླངས་པ་ཡིན་ཞེས་སྨྲས་པ༌ན། 23བདག་པོ་ན༌རེ། ལེགས་པོ༌འདུག ཁྱོད་ནི་རང་གཤིས་བཟང་ཞིང་གཞུང་རྒྱུད་དྲང་བའི་གཡོག་པོ་ཞིག་ཡིན༌ལ། ཁྱོད་ནི་དོན་ཆུང་ངུའི་སྟེང་དུའང་བློ་དཀར་བས། བདག་གིས་ཁྱོད་རང་དོན་མང་པོ་དོ་དམ་བྱེད་པར༌བསྐོ་བར་བྱའོ།། ཁྱོད་རང་བདག་པོའི་སྤྲོ་སྐྱིད་ལ་རོལ་ཅིག་ཅེས་སྨྲས་སོ།། 24དེ་ནས་རྡོ་ཚད་གཅིག་ཐོབ་མཁན་ཡང་སླེབས་ཏེ། བདག་པོ༌ལགས། ཁྱེད་ནི་མི་བཙན་པོ་ཞིག་ཡིན་ཞིང་། མ་བཏབ་ས་ནས་སྟོན་བསྡུ་བ་དང་། མ་གཏོར་ས་ནས་ཀྱང་འབྲས་བུ་ལེན་ངེས་པ་བདག་གིས་ཤེས༌པས། 25ང་རང་འཇིགས་ཏེ། ཁྱེད་ཀྱི་རྡོ་ཚད་གཅིག་པོ་དེ་ས་འོག་ཏུ་སྦས་པ་ཡིན། གཟིགས༌དང༌། ཁྱེད་ཀྱི་རྡོ་ཚད་འདི་རུ་ཡོད་ཅེས་སྨྲས་སོ།། 26བདག་པོས་འདི་སྐད༌དུ། གཡོག་པོ་ངན་པ་ལེ་ལོ་ཅན་ཁྱོད་ཀྱིས་བདག་གིས་མ་བཏབ་ས་ནས་སྟོན་བསྡུ་བ་དང་མ་གཏོར་ས་ནས་ཀྱང་འབྲས་བུ་ལེན་ངེས་པ་ཤེས༌ན། 27བདག་གི་དངུལ་སྒོར་དེ་དངུལ་ཉར་མཁན་ལ་བཅོལ་དགོས་པ་ཡིན༌ཏེ། ང་རང་ཕྱིར་སླེབས་པའི་དུས་སུ། ངས་དངུལ་སྒོར་དེའི་མ་རྩ་དང་སྐྱེད་ཀ་གཉིས་བླང་ཆོག 28དེའི༌ཕྱིར། ད་ནི་རྡོ་ཚད་གཅིག་པོ་དེ་ལོངས༌ལ་རྡོ་ཚད་བཅུ་ཅན་ལ་བྱིན༌ཅིག 29རྒྱུ་མཚན་ནི་སུ་ཞིག་ལ་ཡོད་པ་དེ་ལ་ད་དུང་ཡང་གནང་ངེས་ཤིང་ལྷག་མའང་ཡོད་པར་འགྱུར་བ༌དང༌། སུ་ཞིག་ལ་མེད་པ་དེ་ལས་ཉུང་ཙམ་ཡོད་པ་དེའང་ཕྱིར་ལེན་པར་འགྱུར། 30རིན་ཐང་མེད་པའི་གཡོག་པོ་དེ་ཕྱི་རོལ་གྱི་མུན་ནག་ནང་དུ་སྐྲོད༌ཅིག གནས་དེ་རུ་ངུ་འབོད་བྱེད་ཅིང་ཨམ་གཙིགས་བསྡམ་པར་འགྱུར་ཞེས་སྨྲས་པའོ། །

མ་འོངས་པར་མཆོག་དམན་གྱི་དབྱེ་བ་འབྱེད་པའི་སྐོར་གྱི་ལུང༌བསྟན།

31ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མིའི་བུ་རང་ཉིད་ཀྱི་གཟི་བརྗིད་ངང་ཕོ་ཉ་འཁོར་དང་བཅས་པ་ཕེབས་ཡོང༌དུས། རང་གི་གཟི་བརྗིད་ལྡན་པའི་ཁྲི་ལ་བཞུགས་པར་འགྱུར༌ཞིང༌། 32མི་རིགས་ཐམས་ཅད་ཁོང་གི་དྲུང་དུ་བསྡུ་བ་དང༌། ཁོང་གིས་དེ་རྣམས་ལ་དབྱེ་བ་མཛད༌དེ། ལུག་རྫི་ཞིག་གིས་ལུག་དང་ར་མ་གཉིས་སོ་སོར་དགར་བ༌བཞིན། 33ལུག་རྣམས་གཡས་ཕྱོགས་དང་ར་མ་རྣམས་གཡོན་ཕྱོགས་སུ་ཡོད་པར་བྱེད་དོ།། 34དེ་ནས་རྒྱལ་པོས་གཡས་ཕྱོགས་སུ་ཡོད་པ་རྣམས་ལ་འདི་སྐད༌དུ། བདག་གི་ཡབ་ཀྱི་བྱིན་རླབས་ཐོབ་པ་རྣམས་ཤོག༌དང༌། འཇིག་རྟེན་བཀོད་པའི་ཚུན་དུ་ཁྱོད་ཅག་ལ་སྟ་གོན་མཛད་པའི་རྒྱལ་སྲིད་རྒྱུན་འཛིན་བྱེད་པར་གྱིས། 35རྒྱུ་མཚན་ནི་ང་རང་བཀྲེས་ཤིང་སྐོམ་པའི་དུས་སུ། ཁྱོད་ཅག་གིས་བདག་ལ་བཟའ་བཏུང་སྤྲད་པ་དང་། ང་རང་ཕྱི་མི་ཡིན་དུས། ཁྱོད་ཅག་གིས་བདག་ལ་སྣེ་ལེན་བགྱིས་པ་ཡིན། 36ང་རང་ལུས་གཅེར་བུ་ཡིན་དུས། ཁྱོད་ཅག་གིས་བདག་ལ་གོས་བསྐོན༌ཞིང་། བདག་ལ་ན་ཚ་བྱུང་དུས། ཁྱོད་ཅག་གིས་བདག་སྙོར་སྐྱོང་བྱས༌པ་ཡིན། ང་རང་བཙོན་དུ་ཡོད་དུས། ཁྱོད་ཅག་བདག་ལ་བལྟ་རུ་ཡོང་ངོ་ཞེས་གསུང་བར་འགྱུར། 37དེ་ནས་མི་གཞུང་དྲང་རྣམས་ན༌རེ། གཙོ་བོ༌ལགས། ངེད་ཅག་གིས་དུས་ནམ་ཞིག་ལ་ཁྱེད་ཀྱིས་བཀྲེས་སྐོམ་མྱངས་པ་མཐོང་ནས་བཟའ་བཏུང་བྱིན་མྱོང༌ངམ། 38དུས་ནམ་ཞིག་ལ་ཁྱེད་རང་ཕྱི་མི་ཡིན་པ་མཐོང་ནས་སྣེ་ལེན་བགྱིས་མྱོང༌ངམ། ཁྱེད་རང་ལུས་གཅེར་བུ་ཡིན་པ་མཐོང་ནས་ལུས་ལ་གོས་བསྐོན་མྱོང༌ངམ། 39དུས་ནམ་ཞིག་ཁྱེད་ལ་ན་ཚ་བྱུང་བའམ་བཙོན་དུ་ཡོད་པ་མཐོང་སྟེ་ཁྱེད་ལ་བལྟ་རུ་ཡོང་ངམ་ཞེས་སྨྲ་བར་འགྱུར། 40ཡང་རྒྱལ་པོས་འདི་སྐད༌དུ། བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། ཁྱོད་ཅག་གིས་བདག་གི་སྤུན་ཟླ་རྣམས་ལས་ཆེས་ཆུང་བ་ཞིག་ལ་དེ་ལྟར་བྱས༌ན། དོན་དམ་དུ་བདག་ལ་བྱས་པ་ཡིན་ཞེས་གསུང་བར་འགྱུར་རོ།། 41དེ་ནས་རྒྱལ་པོས་གཡོན་ཕྱོགས་སུ་ཡོད་པ་རྣམས་ལ་འདི་སྐད༌དུ། དམོད་མོ་ཐེབས་ཟིན་པ་ཁྱོད་རྣམས་བདག་དང་ཁ་བྲལ༌ནས། བདུད་དང་བདུད་ཀྱི་ཕོ་ཉ་དག་ལ་སྟ་གོན་མཛད་པའི་ཞི་མེད་ཀྱི་དམྱལ་བའི་མེ་ཕུང་ནང་དུ་སོང༌ཞིག 42རྒྱུ་མཚན་ནི་ང་རང་བཀྲེས་ཤིང་སྐོམ་པའི་དུས་སུ། ཁྱོད་ཅག་གིས་བདག་ལ་བཟའ་བཏུང་མ་བྱིན། 43ང་རང་ཕྱི་མི་ཡིན་དུས། ཁྱོད་ཅག་གིས་བདག་ལ་སྣེ་ལེན་མ་བྱས། ང་རང་ལུས་གཅེར་བུ་ཡིན་དུས། བདག་ལ་གོས་མ་བསྐོན། བདག་ལ་ན་ཚ་བྱུང་བའམ་བཙོན་དུ་ཡོད་དུས། ཁྱོད་རྣམས་བདག་ལ་བལྟ་རུ་མ་ཡོང་ཞེས་གསུང་བར་འགྱུར། 44གཡོན་ཕྱོགས་སུ་ཡོད་པ་རྣམས་ན༌རེ། གཙོ་བོ༌ལགས། ངེད་ཅག་གིས་དུས་ནམ་ཞིག་ལ་ཁྱེད་རང་ལྟོགས་པའམ་སྐོམ༌པ། ཡང་ན་ཁྱེད་རང་ཕྱི་མི་ཡིན་པའམ་ལུས་གཅེར་བུར་སྡོད༌པ། ཡང་ན་ཁྱེད་ལ་ན་ཚ་བྱུང་བའམ་བཙོན་དུ་ཡོད་པ་མཐོང་ཡང་། ཁྱེད་ལ་ཞབས་ཕྱི་མ་བསྒྲུབས་སམ་ཞེས་སྨྲ་བར་འགྱུར། 45ཡང་རྒྱལ་པོས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། ཁྱོད་ཅག་གིས་མི་འདི་རྣམས་ལས་ཆེས་ཆུང་བ་ཞིག་ལ་དེ་ལྟར་མ་བྱས༌ན། དོན་དམ་དུ་བདག་ལ་མ་བྱས་པ་ཡིན་ཞེས་གསུང་བར་འགྱུར། 46དེའི༌ཕྱིར། མི་འདི་དག་ནི་མཐའ་མེད་པའི་ཉེས་ཆད་ནང་དུ་འགྲོ༌ཞིང༌། མི་གཞུང་དྲང་དེ་རྣམས་ནི་མཐའ་མེད་པའི་ཚེ་སྲོག་ནང་དུ་འགྲོ༌བར་འགྱུར་ཞེས་གསུངས༌སོ།།

མད་ཐཱ 26

སྐྱབས་མགོན་ཡེ་ཤུ་དགྲོང་བའི་ཇུས༌ངན།

1སྐྱབས་མགོན་ཡེ་ཤུས་བཀའ་དེ་ཐམས་ཅད་གསུངས་རྗེས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། 2ཉིན་གཉིས་ཀྱི་རྗེས་སུ་པེ་སག་གི་དུས་ཆེན་ཡིན་པ་ཁྱོད་ཅག་གིས་ཤེས༌པ་དང་། དུས་དེར་མིའི་བུ་གཞན་ལག་ཏུ་སྤྲོད་ཅིང་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ནས་གསོད་པར་འགྱུར་ཞེས་གསུངས༌སོ།། 3དུས༌དེར། མཆོད་དཔོན་ཆེན་པོ་དག་དང་ཡུལ་མི་རྒན་པོ་རྣམས་མཆོད་དཔོན་ཆེན་པོ་ཀ་ཡ་ཕཱའི་མཁར་ཆེན་དུ་འཛོམས༌ཏེ། 4གཡོ་ཐབས་ཀྱིས་སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱས་ནས་དགྲོང་བར་གྲོས་བྱས༌ནའང༌། 5མི་སེར་ཟིང་ཆ་ལངས་ཉེན་ཡོད་པས་དུས་ཆེན་ལ་དེ་ལྟར་བྱེད་མི་རུང་ཞེས་སྨྲས༌སོ།།

སྐྱབས་མགོན་ཡེ་ཤུའི་དབུ་ལ་སྤོས་ཆུ་བླུགས༌པ།

6སྐྱབས་མགོན་ཡེ་ཤུ་ནི་པེ་ཐན་ཡཱའི་མཛེ་ནད་ཅན་སི་མོན་གྱི་ཁྱིམ་དུ་བཞུགས་དུས། 7བུད་མེད་ཅིག་གིས་རིན་ཐང་ཆེ་བའི་སྤོས་ཆུས་བཀང་བའི་རྡོ་ཀ་མ་རུའི་བུམ་པ་ཞིག་ཁྱེར་ནས་ཁོང་གི་དྲུང་དུ་ཡོང་སྟེ། སྐྱབས་མགོན་ཡེ་ཤུས་ཞལ་ཟས་བཞེས་པའི་སྐབས་དང་བསྟུན་ནས། ཁོང་གི་དབུ་ལ་སྤོས་ཆུ་བླུགས། 8འོན་ཀྱང་ཐུགས་སྲས་རྣམས་ཀྱིས་དོན་དེ་མཐོང་ནས་ཤིན་ཏུ་མི་དགའ་བར་གྱུར་ཏེ། ཅིའི་ཕྱིར་འདི་ལྟར་ཆུད་ཟོས་སུ་བཏང་བ་ཡིན་ནམ། 9སྤོས་ཆུ་འདི་དངུལ་མང་པོར་བཙོངས་ཏེ་དབུལ་པོ་རྣམས་ལ་བྱིན་ན་མི་ལེགས་སམ་ཞེས་སྨྲས་སོ།། 10སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ཀྱི་བསམ་ཚུལ་མཁྱེན་ཏེ་འདི་སྐད༌དུ། ཅིའི་ཕྱིར་ཁོ་མོར་འོ་བརྒྱལ་བྱེད་དམ། ཁོ་མོས་བདག་ལ་དོན་བཟང་པོ་བྱས༌པ་ཡིན། 11རྒྱུ་མཚན་ནི་དབུལ་པོ་རྣམས་རྟག་ཏུ་ཁྱོད་ཅག་དང་མཉམ་དུ་ཡོད༌ཀྱང༌། བདག་ནི་དུས་རྟག་ཏུ་ཁྱོད་ཅག་དང་མཉམ་དུ་མི་གནས། 12ཁོ་མོས་བདག་གི་ལུས་ལ་སྤོས་ཆུ་བླུགས་པ་ནི་ང་རང་དུར་ལ་འཇུག་པར་སྟ་གོན་བྱས༌པ་ཡིན། 13བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། འཇིག་རྟེན་ཡོངས་ཀྱི་ཡུལ་གང་དུ་འཕྲིན་བཟང་འདི་བསྒྲགས༌ན། བུད་མེད་འདིས་ཅི་ལྟར་བྱས་པ་དྲན་པའི་ཕྱིར་གཏམ་དེ་ཡང་བརྗོད་པར་འགྱུར་ཞེས་གསུངས༌སོ།།

ངོ་ལོག་པ་ཡུ་དཱའི༌སྐོར།

14དེ་ནས་ཐུགས་སྲས་བཅུ་གཉིས་པོ་ལས་ཨི་སི་ཀར་རེའི་ཡུ་དཱ་ཞེས་པ་དེ་མཆོད་དཔོན་ཆེན་པོ་རྣམས་ཀྱི་གམ་དུ་སོང་ནས་སྨྲས་པ། 15ངས་ཡེ་ཤུ་ཁྱོད་རྣམས་ལ་སྤྲད་ན། ཁྱོད་ཅག་གིས་བདག་ལ་དངུལ་སྲང་ག་ཙམ་སྟེར་ཞེས་པ༌ལ། དེ་རྣམས་ཀྱིས་ཁོ་ལ་དངུལ་སྲང་སུམ་ཅུ་བྱིན་ཏོ།། 16དུས་དེ་ནས༌བཟུང༌། ཁོས་སྐྱབས་མགོན་ཡེ་ཤུ་དེ་དག་གི་ལག་ཏུ་ཇི་ལྟར་སྤྲོད་པའི་གོ་སྐབས་འཚོལ་བའོ། །

གཙོ་བོ་ཡེ་ཤུའི་རྗེས་དྲན་གྱི་ཞལ་ཟས།

17སྐྱུར་མེད་བག་ལེབ་དུས་ཆེན་གྱི་ཉིན་དང༌པོར། ཐུགས་སྲས་རྣམས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང༌སྟེ། ཁྱེད་ཀྱིས་པེ་སག་གི་ཞལ་ཟས་བཞེས་པའི་ཕྱིར། ངེད་ཅག་གིས་གནས་གང་དུ་སྟ་གོན་བྱེད་དགོངས་སམ་ཞེས་ཞུས་པ༌ལ། 18ཁོང་གིས་འདི་སྐད༌དུ། ཁྱོད་རྣམས་གྲོང་ཁྱེར་ནང་དུ་སོང་ནས་མི་ག་གེ་མོ་ལ་འདི་ལྟར་འཆད་པར་བྱ༌སྟེ། སློབ་དཔོན་གྱིས་བདག་གི་དུས་སླེབ་ལ་ཉེ༌བས། བདག་དང་ཐུགས་སྲས་རྣམས་ཀྱིས་ཁྱོད་ཀྱི་ཁྱིམ་ནས་པེ་སག་གི་གསོལ་སྟོན་ལ་རོལ་དགོས་ཟེར་ཞེས་སྨྲོས་ཤིག་ཅེས་གསུངས་པ་དང་། 19དེ་ནས་སྐྱབས་མགོན་ཡེ་ཤུས་གསུངས་པ་བཞིན་ཐུགས་སྲས་རྣམས་སོང་ནས་པེ་སག་གི་གསོལ་སྟོན་བཤམས༌སོ།། 20མཚན་མོའི་དུས་སུ། སྐྱབས་མགོན་ཡེ་ཤུ་དང་ཐུགས་སྲས་བཅུ་གཉིས་པོ་མཉམ་དུ་གནས་དེར་གྲལ་ལ་བཞུགས༌ཤིང༌། 21ཁོང་རྣམས་ཀྱིས་ཞལ་ཟས་བཞེས་བཞིན་པའི་དུས༌སུ། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། ཁྱོད་རྣམས་ལས་མི་གཅིག་གིས་བདག་ལ་ངོ་ལོག་བྱ་ངེས་ཡིན་ཞེས་གསུངས་སོ།། 22དེ་ནས་ཁོ་རྣམས་ཀྱི་སེམས་ཤིན་ཏུ་སྐྱོ་བར་གྱུར༌ཏེ། མི་རེ་རེས་ཁོང་ལ་འདི་ལྟར་སྨྲས་པ། གཙོ་བོ༌ལགས། ང་རང་ཡིན་མི་སྲིད་ཅེས་ཞུས་པ༌ལ། 23ཁོང་གིས་འདི་སྐད༌དུ། བདག་དང་མཉམ་དུ་སྡེར་མའི་ནང་ལ་བག་ལེབ་སྦོང་མཁན་གྱིས་ང་ལ་ངོ་ལོག་བྱ་བར་འགྱུར། 24མིའི་བུ་ནི་གསུང་རབ་ཀྱི་མདོ་ལས་ཁོའི་སྐོར་བཀོད་ཡོད་པ་བཞིན་གཤེགས་དགོས་ཀྱང་། མིའི་བུར་ངོ་ལོག་བྱེད་མཁན་གྱི་མི་དེར་ཆག་སྒོ་འབྱུང་བར་ངེས། མི་དེ་སྐྱེས་པ་ལས་མ་སྐྱེས་ན་ལེགས་ཞེས་གསུངས༌སོ།། 25སྐྱབས་མགོན་ཡེ་ཤུ་ལ་ངོ་ལོག་བྱེད་མཁན་ཡུ་དཱ་ན༌རེ། རཱབ་པེ་ལགས། ང་རང་ཡིན་སྲིད་དམ་ཞེས་ཞུས་པ༌ན། ཁོང་གིས་འདི་སྐད་དུ། ཁྱོད་ཀྱིས་སྨྲས་པ་ལྟར་ལགས་ཞེས་གསུངས༌སོ།། 26ཁོང་རྣམས་ཀྱིས་ཞལ་ཟས་བཞེས་བཞིན་པའི་དུས༌སུ། སྐྱབས་མགོན་ཡེ་ཤུས་ཕྱག་ཏུ་བག་ལེབ་བསྣམས༌ཏེ། བྱིན་རླབས་གནང་ཞིང་དུམ་བུར་བྱས་པ་དང་ཐུགས་སྲས་རྣམས་ལ་གནང་སྟེ་འདི་སྐད༌དུ། འདི་ནི་བདག་གི་ལུས་པོ་ཡིན་ཏེ་ཁྱོད་ཅག་གིས་ལོངས་ལ་ཟོ་ཞིག་ཅེས་གསུངས་པ༌དང༌། 27ཡང་ཁོང་གིས་ཕོར་བ་ཕྱག་ཏུ་བསྣམས་ཤིང་དཀོན་མཆོག་ལ་བཀའ་དྲིན་ཞུས་རྗེས་ཁོ་རྣམས་ལ་གནང་སྟེ་འདི་སྐད༌དུ། ཁྱོད་ཅག་ཀུན་གྱིས་ཕོར་བ་འདི་ལས་འཐུངས་ཤིག 28འདི་ནི་བདག་གི་ཞལ་ཆད་ཀྱི་ཁྲག་ཡིན༌ཏེ། མི་མང་པོའི་སྡིག་པ་བསལ་ཆེད་བཞུར་བ་ཡིན། 29འོན་ཀྱང་། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། དུས་ད་ནས༌བཟུང༌། ངས་རང་གི་ཡབ་ཀྱི་རྒྱལ་སྲིད་ནས་ཁྱོད་ཅག་དང་མཉམ་དུ་གསར་པ་འཐུང་བའི་ཉིན་མོའི་བར༌དུ། ངས་རྒུན་འབྲུམ་གྱི་ཁུ་བ་འདི་འཐུང་བ་མིན་ཞེས་གསུངས་སོ།། 30དེ་ནས་ཁོང་རྣམས་ཀྱིས་གསུང་མགུར་བླངས་རྗེས་ཕྱི་རུ་ཐོན་ཞིང་སྐྱུ་རུ་རའི་རི་བོར་ཕེབས༌སོ།།

ཐུགས་སྲས་པེ་ཏྲོའི་སྐོར་གྱི་ལུང༌བསྟན།

31དུས༌དེར། སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་འདི་སྐད༌དུ། དོ་དགོང་གི་དུས༌འདིར། བདག་གི་རྐྱེན་གྱིས་ཁྱོད་རྣམས་ཐམས་ཅད་ས་རུ་འགྱེལ་བར་འགྱུར། རྒྱུ་མཚན་ནི་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བདག་གིས་ལུག་རྫི་ལ་རྡུང་རྡེག་བྱས་ནས་ལུག་རྣམས་འཐོར་བར་འགྱུར་ཞེས་བཀོད་པ༌བཞིན་ནོ།། 32འོན་ཀྱང་བདག་ནི་སླར་གསོན་རྗེས་ཁྱོད་ཅག་གི་སྔོན་ལ་ག་ལིལ་ཡུལ་དུ་འགྲོ་ངེས་ཞེས་གསུངས་སོ།། 33པེ་ཏྲོ་ན༌རེ། ཁྱེད་ཀྱི་རྐྱེན་གྱིས་མི་ཐམས་ཅད་ས་རུ་འགྱེལ༌ནའང༌། བདག་ནི་ནམ་ཡང་ས་རུ་མི་འགྱེལ་ཞེས་ཞུས་པ༌ན། 34སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་ལ་བདེན་པར་སྨྲ༌སྟེ། དོ་དགོང་གི་དུས་འདིར་བྱ་ཕོ་མ་གྲགས་པའི་སྔོན༌དུ། ཁྱོད་ཀྱིས་ཐེངས་གསུམ་ལ་ང་རང་ཁས་མི་ལེན་ཞེས་གསུངས་སོ།། 35ཡང་པེ་ཏྲོ་ན༌རེ། བདག་ནི་ཁྱེད་དང་མཉམ་དུ་འཆི་དགོས་ཀྱང་ཁྱེད་རང་ཁས་མི་ལེན་པ་དཔེ་མི་སྲིད་ཅེས་ཞུས་ཤིང་། ཐུགས་སྲས་གཞན་རྣམས་ཀྱིས་ཀྱང་དེ་ལྟར་ཞུས༌སོ།།

གེད་སེམ་མཱ་ནེ་ཞེས་པའི་སྐྱེད་ཚལ།

36སྐྱབས་མགོན་ཡེ་ཤུ་དང་ཐུགས་སྲས་རྣམས་མཉམ་དུ་གེད་སེམ་མཱ་ནེ་སྐྱེད་ཚལ་དུ་ཕེབས༌ཤིང༌། ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གནས་འདིར་སྡོད༌ཅིག བདག་ནི་ཕར་གསོལ་བ་འདེབས་སུ་འགྲོའོ་ཞེས་གསུངས༌ཏེ། 37པེ་ཏྲོ༌དང༌། ཟེ་བད་ཡཱའི་བུ་གཉིས་བཅས་ཁྲིད་ནས་ཕེབས། དུས༌དེར། ཁོང་གི་ཐུགས་ཤིན་ཏུ་སྐྱོ་ཞིང་གདུངས་པར་གྱུར་ཏེ་འདི་སྐད༌དུ། 38བདག་སེམས་ཤིན་ཏུ་སྐྱོ་ནས་འཆི་ལ་ཉེའོ།། ཁྱོད་ཅག་གིས་གནས་འདི་རུ་སྒུག་ཅིང་བདག་དང་མཉམ་དུ་དོགས་ཟོན་གྱིས་ཤིག་ཅེས་གསུངས་པ༌དང༌། 39ཡང་ཁོང་མདུན་ཕྱོགས་སུ་ཅུང་ཙམ་ཕེབས་ནས་ཞལ་སར་བཏུད་དེ་འདི་སྐད༌དུ། ཀྱེ། བདག་གི་ཡབ་ལགས། གལ་ཏེ་སྲིད་པ་ཡིན་ན་ཕོར་བ་འདི་བདག་དང་འབྲལ་བར་མཛོད༌ཅིག འོན་ཀྱང་བདག་གི་བསམ་དོན་བཞིན་དུ་མི་འགྲུབ་པར་ཁྱེད་ཀྱི་དགོངས་པ་བཞིན་དུ་གྲུབ་གྱུར་ཅིག་ཅེས་གསོལ་བ་བཏབ་པའོ།། 40དེ་ནས་ཁོང་ཉིད་ཕྱིར་ཐུགས་སྲས་རྣམས་ཀྱི་གམ་དུ་ཕེབས་པ༌ན། དེ་རྣམས་གཉིད་ལ་ཡུར་བ་གཟིགས་ཏེ་པེ་ཏྲོ་ལ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་ཆུ་ཚོད་གཅིག་ཙམ་ལའང་བདག་དང་མཉམ་དུ་དོགས་ཟོན་བྱ་མི་ནུས༌སམ། 41ཁྱོད་ཅག་ཉམས་ཚོད་ཀྱི་འོག་ཏུ་མི་འཚུད་པའི་ཕྱིར་དོགས་ཟོན་བྱེད་ཅིང་གསོལ་བ་ཐོབས༌ཤིག ཁྱོད་ཅག་གི་སེམས་སུ་དེ་ལྟར་བྱ་བསམ་ཡང་ལུས་སྟོབས་ཞན་པ་ཡིན་ཞེས་གསུངས༌སོ།། 42དེ་ནས་སྐྱབས་མགོན་ཡེ་ཤུ་ཐེངས་གཉིས་པར་ཕར་ཕེབས་ཏེ་འདི་སྐད༌དུ། ཀྱེ། བདག་གི་ཡབ་ལགས། གལ་ཏེ་བདག་ནི་ཕོར་བ་འདི་དང་འབྲལ་མི་འོས༌ཤིང་ཅི་ནས་ཀྱང་འདི་འཐུང་དགོས་ན། ཁྱེད་ཀྱི་དགོངས་པ་བཞིན་དུ་འགྲུབ་གྱུར་ཅིག་ཅེས་གསོལ་བ་བཏབ། 43ཡང་ཁོང་ཉིད་ཕྱིར་ཕེབས་པ་ན་ཁོ་རྣམས་ངལ་དུབ་ཆེ་བས་གཉིད་དུ་ཡུར་བ་གཟིགས་ཤིང་། 44སྐྱབས་མགོན་ཡེ་ཤུ་ཡང་བསྐྱར་ཐུགས་སྲས་རྣམས་དང་ཁ་བྲལ་ནས་ཐེངས་གསུམ་པར་གསོལ་བ་འདེབས་སུ་ཕེབས་ཏེ་སྔར་བཞིན་གསོལ་བ་བཏབ། 45ཡང་ཁོང་ཉིད་ཕྱིར་ཕེབས་ཏེ་འདི་སྐད༌དུ། ཁྱོད་ཅག་ད་དུང་གཉིད་ནས་ངལ༌གསོའམ། ལྟོས༌དང༌། ད་ལྟ་དུས་ལ་བབས་ཤིང་མིའི་བུ་སྡིག་ཅན་རྣམས་ཀྱི་ལག་ཏུ་སྤྲོད་པར་བྱེད། 46ལྟོས༌དང༌། བདག་ལ་ངོ་ལོག་བྱེད་མཁན་དེ་ཉེ་སར་སླེབས་པས་ཡར་ལོངས་དང་འགྲོའོ་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱས་པ།

47ཁོང་གིས་དེ་ལྟར་གསུང་བཞིན་པའི་དུས༌སུ། ཐུགས་སྲས་བཅུ་གཉིས་ཀྱི་ཡ་གྱལ་ཏེ་ཡུ་དཱ་སླེབས་པ་དང་། ད་དུང་ལག་ཏུ་རལ་གྲི་དང་དབྱུག་པ་ཐོགས་ཤིང་མཆོད་དཔོན༌ཆེན་པོ་རྣམས་དང༌ཡུལ་མི་རྒན་པོ་དག་གིས་མངགས་པའི་མི་ཤིན་ཏུ་མང་པོ་ཞིག་ཀྱང་ཁོ་དང་མཉམ་དུ་སླེབས། 48སྐྱབས་མགོན་ཡེ་ཤུ་ལ་ངོ་ལོག་བྱེད་མཁན་དེས་མི་དེ་དག་ལ་ངས་སུ་ལ་འོ་བྱས་ན། དེ་ནི་ཁོང་ཉིད་ཡིན་པས་ཟུངས་ཤིག་ཅེས་སྔོན་ལ་ལྐོག་བརྡ་བརྒྱབ་ཡོད༌ལ། 49དེ་མ་ཐག་ཡུ་དཱ་ནི་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང༌སྟེ། རཱབ་པེ༌ལགས། ཁྱེད་ཀྱི་སྐུ་ཁམས་བདེའམ་ཞེས་ཞུས་ཤིང་ཁོང་ལ་འོ་བྱས༌སོ།། 50སྐྱབས་མགོན་ཡེ་ཤུས་དེ་ལ་འདི་སྐད༌དུ། གྲོགས་པོ་ཁྱོད་ཅི་བྱེད་དུ་ཡོང་བ་དེ་བཞིན་དུ་བྱོས་ཤིག་ཅེས་གསུངས་པ༌ན། མི་དེ་དག་ཁོང་གི་མདུན་དུ་ཡོང་ནས་ཁོང་ཉིད་བཟུང༌ངོ་།། 51འོན་ཀྱང་སྐྱབས་མགོན་ཡེ་ཤུ་དང་མཉམ་དུ་ཡོད་པ་རྣམས་ལས་གཅིག་གིས་ལག་པ་བརྐྱངས་ནས་རལ་གྲི་ཕྱུང༌སྟེ། མཆོད་དཔོན་ཆེན་པོའི་གཡོག་པོར་བརྒྱབ་ནས་རྣ་བ་ཡ་གཅིག་བཅད་དོ།། 52དེ་ནས་སྐྱབས་མགོན་ཡེ་ཤུས་དེ་ལ་འདི་སྐད༌དུ། རལ་གྲི་ཕྱིར་གྲི་ཤུབས་སུ་ཆུག༌དང༌། རལ་གྲི་འཛིན་མཁན་ཐམས་ཅད་རལ་གྲིས་གསོད་པར་འགྱུར། 53ཁྱོད་ཀྱིས་སོམས༌དང༌། བདག་གིས་ཡབ་ལ་ཞུ་བ་ཞུས་པ༌ན། ཁོང་གིས་ད་ལྟ་ཉིད་དུ་ཕོ་ཉའི་དམག་དཔུང་བཅུ་གཉིས་ལྷག་བདག་ལ་མངག་པར་མི་མཛད༌དམ། 54འོན་ཀྱང་དེ་ལྟར་བྱས་ན། ད་ལྟའི་དོན་བཞིན་འབྱུང་དགོས་པའི་གསུང་རབ་ཀྱི་མདོ་དེ་ཇི་ལྟར་འགྲུབ་བམ་ཞེས་གསུངས་སོ།། 55དུས་དེར། སྐྱབས་མགོན་ཡེ་ཤུས་མི་ཚོགས་ལ་འདི་སྐད༌དུ། ཁྱོད་ཅག་གིས་རལ་གྲི་དང་དབྱུག་པ་བཟུང་ནས་ཇག་པ་འཛིན་པ་ལྟར་ང་རང་གཟུང་དུ་ཡོང༌ངམ། བདག་གིས་ཉིན་རེ་བཞིན་མཆོད་ཁང་ནང་དུ་བསྡད་ནས་ཆོས་བཤད་དུས་ཁྱོད་ཅག་གིས་ང་རང་མ་བཟུང༌མོད། 56འོན་ཀྱང་དོན་འདི་ཐམས་ཅད་བྱུང་བ་ནི་ལུང་སྟོན་པ་རྣམས་ཀྱི་མདོ་ལས་གསུངས་པ་ལྟར་འགྲུབ་པའི་ཕྱིར་ཡིན་ཞེས་གསུངས་པ༌དང༌། ཐུགས་སྲས་ཐམས་ཅད་ཀྱིས་ཀྱང་སྐྱབས་མགོན་ཡེ་ཤུ་བསྐྱུར་ནས་བྲོས༌སོ།།

སྐྱབས་མགོན་ཡེ་ཤུ་མཆོད་དཔོན་ཆེན་པོའི་ཁྲིམས་རར་ཁྲིད༌པ།

57སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱེད་མཁན་རྣམས་ཀྱིས་ཁོང་ཉིད་མཆོད་དཔོན་ཆེན་པོ་ཀ་ཡ་ཕཱའི་མདུན་དུ་ཁྲིད༌ཅིང༌། མཁན་པོ་དང་རྒན་པོ་རྣམས་ཀྱང་གནས་དེར་འཛོམས། 58པེ་ཏྲོའང་རྒྱང་རིང་ནས་སྐྱབས་མགོན་ཡེ་ཤུའི་རྗེས་འབྲངས་ཏེ་མཆོད་དཔོན་ཆེན་པོའི་ར་སྐོར་བར་དུ་སོང༌ཞིང༌། དོན་ཅི་ཞིག་འབྱུང་བར་བལྟ་ཕྱིར་ནང་དུ་སོང་ནས་སྲུང་དམག་དང་མཉམ་དུ་བསྡད། 59མཆོད་དཔོན་ཆེན་པོ་རྣམས་དང་ཚོགས་མི་ཐམས་ཅད་ཀྱིས་སྐྱབས་མགོན་ཡེ་ཤུ་གཏུགས་ཤིང་སྲོག་ཆད་གཅོད་པའི་ཕྱིར་རྫུན་གྱི་དཔང་པོ་བཙལ་བ༌དང༌། 60མི་མང་པོས་རྫུན་གྱི་དཔང་པོ་བྱས་ཀྱང་ཁོ་རྣམས་ཀྱིས་སྐྱོན་ཅི་ཡང་མ་རྙེད། མཇུག་མཐར་མི་གཉིས་སྔུན་ལ་ཡོང་སྟེ་ན༌རེ། 61མི་འདིས་དཀོན་མཆོག་གི་མཆོད་ཁང་བཤིག་སྟེ་ཉིན་གསུམ་ལ་སླར་ཡང་བཞེང་ནུས་ཞེས་སྨྲས་མྱོང་ཞེས་པ༌ལ། 62མཆོད་དཔོན་ཆེན་པོ་ཡར་ལངས་ནས་སྐྱབས་མགོན་ཡེ་ཤུ་ལ། མི་འདི་རྣམས་ཀྱིས་དཔང་པོ་བྱས་ནས་ཁྱོད་རང་གཏུགས་པ་ཅི་ཡིན༌ནམ། ཁྱོད་ཀྱིས་ལན་ཅི་ཡང་མི་འདེབས་སམ་ཞེས་དྲིས་ཀྱང་། 63སྐྱབས་མགོན་ཡེ་ཤུས་ཅི་ཡང་མ་གསུངས། ཡང་མཆོད་དཔོན་ཆེན་པོ་ན༌རེ། ངས་གཏན་དུ་བཞུགས་པའི་དཀོན་མཆོག་དཔང་དུ་བཙུགས་ནས་ཁྱོད་ལ་མནའ་བསྐྱལ་དུ་འཇུག་སྟེ། ཁྱོད་ཀྱིས་རང་ཉིད་ནི་དཀོན་མཆོག་གི་སྲས་མཱ་ཤི་ཀ་ཡིན་མིན་ངེད་ཅག་ལ་སྨྲོས་ཤིག་ཅེས་སྨྲས་པ༌ན། 64སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་སྨྲས་པ་དེ་བཞིན་ཡིན། འོན་ཀྱང་བདག་གིས་ཁྱོད་ཅག་ལ་སྨྲ་བར༌བྱ་སྟེ། ཕྱིན་ཆད་མིའི་བུ་ནི་ཀུན་དབང་ཉིད་ཀྱི་གཡས་ཕྱོགས་སུ་བཞུགས༌ཏེ། ནམ་མཁའི་སྤྲིན་གྱི་བང་རིམ་ནས་འབྱོན་པ་ཁྱོད་ཅག་གིས་མཐོང་བར་འགྱུར་ཞེས་གསུངས༌སོ།། 65མཆོད་དཔོན་ཆེན་པོས་རང་གི་ཕྱི་གོས་གཤགས༌ཏེ། ཁོས་དཀོན་མཆོག་ལ་སྐུར་བ་བཏབ་ཅིང་། ད་ལྟ་བདག་ཅག་ལ་དཔང་པོ་གཞན་ཅི་ལ༌དགོས། ཁོས་སྐུར་བ་བཏབ་པ་ད་ལྟ་ཁྱོད་ཅག་གིས་རྣ་བས་དངོས་སུ་ཐོས༌པས། 66ཁྱོད་ཅག་གི་བསམ་འཆར་ག་འདྲ་ཡིན་ཞེས་དྲིས་པ༌ན། དེ་རྣམས་ན་རེ། ཁོ་གསད་ན་འོས་ཞེས་སྨྲས། 67དེ་ནས་ཁོ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུའི་གདོང་ལ་མཆིལ་མ་བཏབ་ཅིང་ཁུ་ཚུར་གཞུས་པ༌དང༌། ཡང་ལ་ལས་ཁོང་ལ་འགྲམ་ལྕག་གཞུས༌ཏེ། 68ཀྱེ། མཱ་ཤི༌ཀ ངེད་རྣམས་ལ་ལུང་བསྟན་ཤོད་ཅིག ཁྱོད་ལ་རྡུང་རྡེག་བྱེད་མཁན་སུ་ཡིན་ནམ་ཞེས་སྨྲས༌སོ།།

པེ་ཏྲོ་སྐྱབས་མགོན་ཡེ་ཤུའི་ཐུགས་དང་འགལ་བའི༌སྐོར།

69པེ་ཏྲོ་ཕྱིའི་ར་སྐོར་དུ་སྡོད་དུས། གཡོག་མོ་ཞིག་ཡོང་སྟེ་ན་རེ། ཁྱོད་ཀྱང་ག་ལིལ་པ་ཡེ་ཤུ་དང་གྲས་གཅིག་རེད་ཅེས་སྨྲས་པ༌ན། 70པེ་ཏྲོས་མི་དེ་དག་གི་མདུན་ནས་དོན་དེ་ཁས་མ་བླངས་པར་ཁྱོད་ཀྱིས་ཅི་ཞིག་སྨྲ་བཞིན་པ་ངས་མི་ཤེས་ཞེས་སྨྲས་སོ།། 71ཁོ་རང་ཕྱི་རོལ་ཏུ་སོང་བ་དང་རྒྱ་སྒོའི་ཁར་སླེབས་པ༌ན། ཡང་གཡོག་མོ་གཞན་ཞིག་གིས་མཐོང་སྟེ་མི་རྣམས་ལ། མི་འདི་ཡང་ནཱ་ཙ་རེལ་པ་ཡེ་ཤུ་དང་གྲས་གཅིག་རེད་ཅེས་པ༌ན། 72ཡང་པེ་ཏྲོས་དོན་དེ་ཁས་མ་བླངས་པར་ངས་མི་དེ་ངོ་མི་ཤེས་ཞེས་མནའ་བསྐྱལ་ཏོ།། 73ཅུང་མ་འགོར་བར། གནས་དེར་ལངས་བསྡད་ཡོད་པའི་མི་རྣམས་པེ་ཏྲོའི་གམ་དུ་ཡོང༌སྟེ། ཁྱོད་ནི་མི་དེ་ཚོ་དང་གྲས་གཅིག་ཡིན་པར་ངེས་ཏེ། ཁྱོད་ཀྱི་སྐད་གདངས་ལས་ཤེས་ཐུབ་ཅེས་སྨྲས་པ༌ལ། 74ཡང་པེ་ཏྲོས་སྡིགས་དམོད་བྱེད་བཞིན་མནའ་བསྐྱལ༌ཏེ། ངས་མི་དེ་ངོ་མི་ཤེས་ཞེས་སྨྲས་མ་ཐག་བྱ་ཕོ་གྲགས། 75དུས་དེར། པེ་ཏྲོས་སྐྱབས་མགོན་ཡེ་ཤུའི་གསུང་སྟེ། བྱ་ཕོ་མ་གྲགས་པའི་སྔོན་དུ། ཁྱོད་ཀྱིས་ཐེངས་གསུམ་ལ་ང་རང་ཁས་མི་ལེན་ཞེས་གསུངས་མྱོང་བ་དྲན༌ཏེ། ཕྱི་རོལ་ཏུ་སོང་ནས་དྲག་ཏུ་ངུས༌སོ།།

མད་ཐཱ 27

ཡུ་དཱ་ཡིས་རང་སྲོག་བཅད༌པ།

1ནམ་ལངས༌རྗེས། མཆོད་དཔོན་ཆེན་པོ་དག་དང་ཡུལ་མི་རྒན་པོ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་དགྲོང་བར་གྲོས་བྱས༌ཤིང༌། 2ཁོང་ཉིད་བཀྱིགས་ནས་ཁྲིད་དེ་སྤྱི་དཔོན་པི་ལ་ཏུ་ལ་སྤྲད་དོ།། 3དུས་དེར། སྐྱབས་མགོན་ཡེ་ཤུར་ངོ་ལོག་བྱེད་མཁན་ཡུ་དཱ་ཡིས་སྐྱབས་མགོན་ཡེ་ཤུར་ཉེས་ཆད་བཅད་པ་མཐོང་ནས་འགྱོད་པ་སྐྱེས༌ཏེ། མཆོད་དཔོན་ཆེན་པོ་དག་དང་རྒན་པོ་རྣམས་ལ་དངུལ་སྲང་སུམ་ཅུ་བོ་ཕྱིར་བྱིན་ཏེ་ན༌རེ། 4ངས་ཉེས་མེད་གཡོ་བཙོང་བྱས་པས་སྡིག་པ་བྱས་སོ་ཞེས་སྨྲས་པ༌དང༌། དེ་རྣམས་ན༌རེ། དོན་དེ་ངེད་ཅག་དང་འབྲེལ་བ་ཅི་མཆིས༌སམ། དེ་ནི་ཁྱོད་རང་གི་འགན་ཁུར་རེད་ཅེས་སྨྲས། 5ཡུ་དཱ་ཡིས་དངུལ་སྲང་དེ་དག་མཆོད་ཁང་ནང་དུ་འཕངས་རྗེས་ཕྱི་རོལ་ཏུ་སོང་ནས་ལྕེབས་སོ།། 6མཆོད་དཔོན་ཆེན་པོ་རྣམས་ཀྱིས་དངུལ་སྲང་དེ་དག་ས་ནས་བླངས༌ཤིང་། འདི་ནི་ཁྲག་རིན་ཡིན་པས་མཆོད་ཁང་གི་དཀོར་མཛོད་དུ་འཇོག་མི་འོས་ཞེས་སྨྲས༌པ་དང༌། 7དེ་དག་གིས་གྲོས་བྱས་ནས་དངུལ་སྲང་དེས་རྫ་མཁན་གྱི་ས་ཞིང་ཟེར་བ་ཉོས༌ཏེ། ཕྱི་མི་རྣམས་ཀྱི་དུར་ས་རུ་བྱས་སོ།། 8དེའི༌ཕྱིར། ད་ལྟའི་བར་དུ་ས་ཞིང་དེ་ལ་ཁྲག་གི་ས་ཞིང་ཞེས་ཟེར། 9དེ་ལ་ལུང་སྟོན་པ་ཡེ་རེམ་ཡཱ་ཡིས་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། དེ་རྣམས་དངུལ་སྲང་སུམ་ཅུ་བླངས་པ་ནི།། དེ་སྔར་ཡེས་ར་ཨེལ་གྱི་བུ་རྒྱུད་ཀྱིས།། ཁོང་གི་རིན་གོང་གཏན་ལ་ཁེལ་བ་བཞིན།། 10དངུལ་སྲང་དག་གིས་རྫ་མཁན་ས་ཞིང༌ཉོས།། དེ་སྐད་གཙོ་བོས་བདག་ལ་བཀའ་བསྩལ༌ཏོ།། ཞེས་གསུངས་པ་ལྟར་གྲུབ༌པའོ།།

སྐྱབས་མགོན་ཡེ་ཤུ་སྤྱི་དཔོན་པི་ལ་ཏུའི་མདུན་དུ་ཁྲིད༌པ།

11སྐྱབས་མགོན་ཡེ་ཤུ་སྤྱི་དཔོན་པི་ལ་ཏུའི་མདུན་དུ་བཞེངས་པའི༌ཚེ། སྤྱི་དཔོན་ན༌རེ། ཁྱོད་ནི་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ་ཞེས་དྲིས་པ༌ན། ཁོང་གིས་འདི་སྐད༌དུ། ཁྱོད་ཀྱིས་སྨྲས་པ་བཞིན་ཡིན་ཞེས་གསུངས། 12མཆོད་དཔོན་ཆེན་པོ་དག་དང་རྒན་པོ་རྣམས་ཀྱིས་ཁོང་ལ་ཉེས་སྐྱོན་འཛུགས་དུས། ཁོང་གིས་བཀའ་ལན་ཅི་ཡང་མ་གནང་ངོ་།། 13ཡང་པི་ལ་ཏུ་ན༌རེ། མི་དེ་དག་གིས་དཔང་བཙུགས་ནས་ཁྱོད་རང་ཅི་ཙམ་གཏུག་པ་མི་ཐོས་སམ་ཞེས་དྲིས༌ནའང༌། 14ཁོང་གིས་ལན་ཅི་ཡང་མ་བཏབ་ཅིང་ཚིག་གཅིག་ཀྱང་མ་གསུངས་པས་སྤྱི་དཔོན་ཡང་ཤིན་ཏུ་ཧ་ལས༌སོ།། 15སྤྱི་དཔོན་ལ་མཚོན་ན། དུས་ཆེན་འདི་ལ་ཁེལ་དུས། མི་སེར་གྱི་འདོད་བློ་ལྟར་ཁོ་རྣམས་ལ་བཙོན་པ་ཞིག་བཙོན་གྲོལ་གཏོང་བའི་རྒྱུན་སྲོལ་ཡོད། 16དུས་དེར་པཱ་རབ་པཱ་ཟེར་བའི་བཙོན་པ་མི་ངན་གྲགས་ཅན་ཞིག་ཡོད༌ཅིང༌། 17མི་རྣམས་གནས་དེར་འཛོམས་པ༌ན། པི་ལ་ཏུ་ན༌རེ། པཱ་རབ་པཱ་དང་མཱ་ཤི་ཀ་ཟེར་བའི་ཡེ་ཤུ་གཉིས་ལས་ཁྱོད་རྣམས་ཀྱིས་སུ་ཞིག་བཙོན་གྲོལ་གཏོང་འདོད་དམ་ཞེས་དྲིས། 18རྒྱུ་མཚན་ནི་དེ་དག་གིས་སྐྱབས་མགོན་ཡེ་ཤུར་ཕྲག་དོག་བྱས་ཏེ་ཁོ་ལ་སྤྲད་པ་ནི་སྤྱི་དཔོན་ཀྱིས་ཤེས༌པའོ།། 19ཁོ་ནི་ཁྲིམས་དཔོན་གྱི་ཁྲི་ཐོག་ཏུ་སྡོད་དུས། ཁོའི་ཆུང་མས་མི་ཞིག་བཏང་སྟེ་ན༌རེ། ངས་མདང་ནུབ་ཀྱི་རྨི་ལམ་དུ་སྐྱེས་བུ་དམ་པ་དེའི་དོན་དུ་སྡུག་བསྔལ་མང་པོ་མྱངས༌པས། ཁྱོད་ཀྱིས་མི་དེའི་དོན་ལ་ཐེ་གཏོགས་མི་བྱའོ་ཞེས་ངག་འཕྲིན་བསྐུར་ཏོ།། 20འོན་ཀྱང་མཆོད་དཔོན་ཆེན་པོ་དག་དང་རྒན་པོ་རྣམས་ཀྱིས་མི་ཚོགས་ལ་ངན་སྐུལ་བྱས་ཏེ་པཱ་རབ་པཱ་བཙོན་གྲོལ་གཏོང་བ་དང་ཡེ་ཤུ་གསོད་པར་བསྐུལ། 21སྤྱི་དཔོན་གྱིས་མི་ཚོགས་ལ། ཁྱོད་ཅག་གིས་འདི་གཉིས་ལས་སུ་ཞིག་བཙོན་གྲོལ་གཏོང་འདོད་དམ་ཞེས་དྲིས་པ༌ན། དེ་རྣམས་ན༌རེ། པཱ་རབ་པཱ་ཞེས༌ཞུས་སོ།། 22ཡང་པི་ལ་ཏུ་ན་རེ། དེས་ན་ངས་མཱ་ཤི་ཀ་ཟེར་བའི་ཡེ་ཤུ་ལ་ཅི་བྱའམ་ཞེས་དྲིས་པ༌ན། དེ་དག་ཐམས་ཅད་ཀྱིས་ཁོ་རང་ཤིང་རྒྱ་གྲམ་གྱི་སྟེང་དུ་རྡོབས་ཤིག་ཅེས་སྨྲས། 23ཡང་སྤྱི་དཔོན་ན༌རེ། རྒྱུ་མཚན་ཅིའི་ཕྱིར༌རམ། ཁོས་ནག་ཉེས་ཅི་བྱས་སམ་ཞེས་སྨྲས་ནའང་། དེ་དག་གིས་སྔར་ལས་སྐད་གསང་མཐོན་པོས་ཁོ་རང་ཤིང་རྒྱ་གྲམ་གྱི་སྟེང་དུ་རྡོབས་ཤིག་ཅེས་འུར་བརྒྱབ༌བོ།། 24པི་ལ་ཏུས་རང་གིས་གཏམ་ཇི་ལྟར་སྨྲས་ནའང་ཕན་ཐོགས་མེད་པར་ད་དུང་ཟིང་ཆ་ལངས་བཞིན་པ་མཐོང༌སྟེ། མི་ཚོགས་ཀྱི་མདུན་ནས་ཆུ་བླངས་ཏེ་རང་གི་ལག་པ་བཀྲུས་ཤིང་ན་རེ། སྐྱེས་བུ་འདིའི་ཁྲག་བཞུར་ནའང་བདག་ལ་སྡིག་པ་མེད༌དེ། ཁྱོད་རྣམས་ཀྱིས་འགན་འཁུར་དགོས་ཞེས་སྨྲས་པ༌ན། 25མི་ཐམས་ཅད་ཀྱིས། ཁོའི་ཁྲག་བཞུར་བའི་དོན་དེ་ངེད་ཅག་དང་ངེད་ཅག་གི་བུ་རྒྱུད་རྣམས་ཀྱི་སྟེང་དུ་འབབ་པར་ཤོག་ཅེས་སྨྲས་སོ།། 26དེ་ནས་པི་ལ་ཏུས་པཱ་རབ་པཱ་བཙོན་གྲོལ་བཏང༌ནས་ཁོ་རྣམས་ལ་སྤྲད་ཅིང་། སྐྱབས་མགོན་ཡེ་ཤུར་རྟ་ལྕག་གིས་གཞུས་ཏེ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབ་ཕྱིར་དམག་མི་རྣམས་ལ་སྤྲད༌དོ།།

དམག་མི་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུར་འཕྱ་དམོད་བྱས༌པ།

27སྤྱི་དཔོན་གྱི་དམག་མི་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་སྤྱི་དཔོན་གྱི་ཕོ་བྲང་དུ་ཁྲིད་པ༌དང༌། དམག་དཔུང་ཐམས་ཅད་ཁོང་གི་དྲུང་དུ་བསྡུས༌ཏེ། 28ཁོང་གི་ན་བཟའ་ཕུད་ཅིང་ལུས་ལ་ན་བཟའ་དམར་སྨུག་ཅིག་བསྐོན། 29ཚེར་མའི་ཅོད་པན་བསླེས་ཏེ་ཁོང་གི་དབུ་ལ་བསྐོན། ཁོང་གི་ཕྱག་གཡས་པར་འདམ་རྩྭ་བསྣམས་སུ་བཅུག ཁོང་གི་དྲུང་དུ་པུས་མོ་སར་བཙུགས་ཏེ་ཡ་ཧུ་དཱ་པའི་རྒྱལ་པོ་ཁྱོད་ལ་རྟེན་འབྲེལ་ཞུ་ཞེས་བརྙས་བཅོས་བྱས། 30ཡང་ཁོང་གི་གདོང་ལ་མཆིལ་མ་བཏབ་ཅིང་། ཁོང་གི་ཕྱག་ནས་འདམ་རྩྭ་བླངས་ཏེ་དབུ་ལ་བརྡེགས༌སོ།། 31དམག་མི་དག་གིས་དེ་ལྟར་ཁོང་ལ་བརྙས་བཅོས་བྱས་རྗེས། ན་བཟའ་དམར་སྨུག་ཕུད་ཅིང་ཁོང་ལ་རང་ཉིད་ཀྱི་ན་བཟའ་བསྐོན་ཏེ། ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབ་ཆེད་ཕར་ཁྲིད༌དོ།།

ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པ།

32ཁོ་རྣམས་ཕྱི་རོལ་ཏུ་སླེབས་དུས། ཀི་རེ་ནེའི་མི་སྟེ་མིང་ལ་སི་མོན་ཟེར་བ་དང་འཕྲད༌ནས། དེ་དག་གིས་ཁོ་ལ་བཙན་གྱིས་སྐྱབས་མགོན་ཡེ་ཤུའི་ཤིང་རྒྱ་གྲམ་འཁུར་དུ་བཅུག 33དེ་རྣམས་གོལ་གོ་ཐཱ་སྟེ་དོན་ལ་མགོ་སྐོགས་གནས་ཞེས་པའི་ས་ཆར་སླེབས་པ༌དང༌། 34དམག་མི་རྣམས་ཀྱིས་ཁོང་ལ་མཁྲིས་ཁུ་འདྲེས་པའི་རྒུན་ཆང་དྲངས༌པ་ན། ཁོང་གིས་བྲོ་བ་མྱངས་ཙམ་ལས་མ་བཞེས། 35དེ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ཤིང་ཁོང་གི་ན་བཟའ་རྒྱན་འཕངས་ཏེ་བགོ་བཤའ་བྱས༌རྗེས། 36ཡང་ཁོང་ཉིད་བསྲུངས་ནས་བསྡད། 37ཁོང་གི་དབུ་ཡི་གོང་དུ་ཤིང་བྱང་ཞིག་བཀལ་ཞིང་ཁོང་ལ་བཏགས་པའི་ཉེས་སྐྱོན་ནི་འདི་ལྟར་བྲིས་ཡོད༌དེ། འདི་ནི་ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཤུ་ཡིན་ཞེས༌པ་དེའོ།། 38དུས༌དེར། ཁོང་དང་ལྷན་ཅིག་ཇག་པ་གཉིས་ཀྱང་ཁོང་གི་གཡས་གཡོན་དུ་ཤིང་རྒྱ་གྲམ་སྟེང་དུ་བརྡབས་ཡོད། 39གནས་དེར་བརྒྱུད་ནས་འགྲོ་བ་རྣམས་ཀྱིས་ཁོང་ལ་འཕྱ་སྨོད་བྱས་ཤིང་མགོ་བོ་གཡུག་བཞིན་ན༌རེ། 40ཀྱེ། མཆོད་ཁང་བཤིག་ནས་ཉིན་གསུམ་གྱི་ནང་དུ་སླར་རྩིག་མཁན་ཁྱོད་ཀྱིས་རང་ཉིད་སྐྱོབས༌དང༌། ཁྱོད་ནི་དཀོན་མཆོག་གི་སྲས་ཡིན་ན་ཤིང་རྒྱ་གྲམ་སྟེང་ནས་མར་བོབས་ཤིག་ཅེས་སྨྲས། 41དེ་བཞིན་དུ་མཆོད་དཔོན༌ཆེན་པོ་དག་དང༌། མཁན༌པོ་དང་རྒན་པོ་རྣམས་ཀྱིས་ཀྱང་ཁོང་ལ་འཕྱ་སྨོད་བྱེད་བཞིན་ན༌རེ། 42ཁོས་གཞན་རྣམས་བསྐྱབས་མྱོང་ནའང་རང་ཉིད་སྐྱོབ་མི་ནུས། ཁོ་ནི་ཡེས་ར་ཨེལ་གྱི་རྒྱལ་པོ་ཡིན༌པས། ད་ལྟ་ཤིང་རྒྱ་གྲམ་སྟེང་ནས་མར་བབས་ཆོག༌ལ། དེས་ན་ངེད་ཅག་གིས་ཀྱང་ཁོ་ལ་དད་པ་བྱེད་སྲིད། 43ཁོས་དཀོན་མཆོག་ལ་བློ་གཏོད་ཅིང་ང་ནི་དཀོན་མཆོག་གི་སྲས་ཡིན་ཟེར༌བས། དཀོན་མཆོག་ཁོ་ལ་དགའ་ན། ད་ལྟ་ཁོ་རང་བསྐྱབ་ངེས་ཡིན་ཞེས་སྨྲས་པ༌དང༌། 44ཁོང་དང་མཉམ་དུ་བརྡབས་པའི་ཇག་པ་གཉིས་ཀྱིས་ཀྱང་དེ་ལྟར་ཁོང་ལ་འཕྱ་སྨོད་བྱས༌སོ།།

སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་པ།

45ཉིན་གུང་ནས་ཕྱི་དྲོའི་ཆུ་ཚོད་གསུམ་བར༌དུ། ཡུལ་ཡོངས་ལ་མུན་ནག་འཐིབས༌ཤིང༌། 46ཕྱི་དྲོའི་ཆུ་ཚོད་གསུམ་ཙམ་ལ་སྐྱབས་མགོན་ཡེ་ཤུས་གསུང་སྐད་ཆེན༌པོས། ཨེ་ལེ། ཨེ་ལེ། ལཱ་མཱ་སཱ་པཱག་ཐཱ་ནེ་ཞེས་གསུངས༌ཤིང༌། དོན་ནི་འདི་ལྟ༌སྟེ། ཀྱེ། བདག་གི་དཀོན་མཆོག་ལགས། བདག་གི་དཀོན་མཆོག༌ལགས། ཁྱེད་ཀྱིས་ང་རང་རྒྱབ་ཏུ་བསྐྱུར་དོན་ཅི་ཞེས༌པའོ།། 47གནས་དེར་ཡོད་པའི་མི་འགའ་ཞིག་གིས་གསུང་དེ་ཐོས༌རྗེས། མི་འདིས་ཨེ་ལི་ཡཱ་འབོད་ཀྱིན་འདུག་ཅེས་སྨྲས་མ་ཐག 48དེ་དག་གི་ཁྲོད་ནས་མི་ཞིག་བརྒྱུགས་སོང་ནས་འགྱིག་སོབ་ཅིག་རྒུན་ཆང་སྐྱུར་མོར་སྦངས༌ཏེ། འདམ་རྩྭའི་རྩེར་བཀལ་ནས་ཁོང་ལ་འདྲེན་པའི་དུས༌སུ། 49གཞན་རྣམས་ན་རེ། ཅུང་ཙམ་སྒུག༌དང༌། ཨེ་ལི་ཡཱ་ཁོ་རང་སྐྱོབ་ཏུ་ཡོང་མིན་ལ་བལྟ་བར་བྱའོ་ཞེས་སྨྲས་སོ།། 50སྐྱབས་མགོན་ཡེ་ཤུས་སླར་ཡང་སྐད་གསང་མཐོན་པོས་འབོད་སྒྲ་ཞིག་བསྒྲགས་པ་དང་སྐུ་སྲོག་ཕུལ་ཏོ།། 51གློ་བུར་ཉིད་ལ་མཆོད་ཁང་གི་ཡོལ་བ་དེ་ཡང་གོང་ནས་འོག་ཏུ་དུམ་བུ་གཉིས་སུ་རལ་བ༌དང༌། ས་འགུལ་བྱུང་ཞིང་རྡོ་ཕ་བོང་དག་ཀྱང་གས་ཤིང་། 52དུར་ཁུང་ཕྱེས་ཏེ་སྔར་གཤེགས་ཟིན་པའི་དད་ལྡན་དམ་པའི་བེམ་པོ་མང་པོའང་སླར་གསོན་པ་ཡིན། 53སྐྱབས་མགོན་ཡེ་ཤུ་སླར་གསོན༌རྗེས། ཁོ་རྣམས་ཀྱང་དུར་ཁུང་ནས་ཕྱིར་ཡོང་སྟེ་དམ་པའི་གྲོང་ཁྱེར་དུ་ཕྱིན་པ་དང་མི་མང་པོར་མངོན་པར་མཛད། 54སྐྱབས་མགོན་ཡེ་ཤུ་སྲུང་བའི་བརྒྱ་དཔོན་དང་བཅས་པས་ས་འགུལ་བྱུང་བ་ལ་སོགས་པའི་དོན་རྣམས་མཐོང་ནས་ཤིན་ཏུ་འཇིགས༌ཏེ། སྐྱེས་བུ་འདི་ནི་དཀོན་མཆོག་གི་སྲས་ཡིན་པ་བདེན་འདུག་ཅེས་སྨྲས་སོ།། 55ག་ལིལ་ཡུལ་ནས་སྐྱབས་མགོན་ཡེ་ཤུའི་རྗེས་འབྲངས་ཏེ་ཁོང་ལ་ཞབས་ཕྱི་བསྒྲུབས་མྱོང་བའི་བུད་མེད་མང་པོ་ཡང་གནས་དེར་ཡོད་ཅིང་རྒྱང་རིང་ནས་དོན་དེར་བལྟས། 56བུད་མེད་དེ་དག་གི་ཁྲོད་དུ་མཱག་རྡལ་གྱི་མིར་ཡམ༌དང༌། ཡ་ཀོབ་དང་ཡོ་སེབ་གཉིས་ཀྱི་མ་མིར༌ཡམ། གཞན་ཡང་ཟེ་བད་ཡའི་བུ་གཉིས་ཀྱི་མ་བཅས་ཀྱང་གནས་དེར་ཡོད༌དོ།།

སྐྱབས་མགོན་ཡེ་ཤུའི་སྐུ་གདུང་དུར་ལ་སྦས༌པ།

57མཚན་མོར་སླེབས་ཤིང་། ཨ་རི་མ་ཐཱ་ཡི་ཡོ་སེབ་ཟེར་བའི་ཕྱུག་བདག་དེ་གནས་དེར་སླེབས་ཤིང་ཁོ་རང་ཡང་སྐྱབས་མགོན་ཡེ་ཤུའི་རྗེས་འབྲང་པ་ཞིག་ཡིན༌པས། 58པི་ལ་ཏུའི་གམ་དུ་སོང་ནས་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་གནང་བར་ཞུ་བ་ཞུས་པ༌ན། པི་ལ་ཏུས་ཁོ་ལ་གནང་བའི་བཀའ་བསྩལ་པའོ།། 59ཡོ་སེབ་ཀྱིས་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་བླངས་ཏེ་སོ་རས་གཙང་མས་དཀྲིས༌རྗེས། 60སྔ་མོ་ནས་རང་ལ་དུར་ཁུང་གསར་པ་ཞིག་བརྐོས་ཡོད་པ་དེར་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་སྦས་ཤིང་། རྡོ་ཕ་བོང་ཞིག་བསྒྲིལ་འོངས་ནས་དུར་ཁུང་གི་སྒོ་བཅད་ནས་ཕྱིར་སོང༌ངོ་།། 61དུས་དེར། མཱག་རྡལ་གྱི་མིར་ཡམ༌དང༌། གཞན་ཡང་མིང་ལ་མིར་ཡམ་ཟེར་བའི་བུད་མེད་དེ་གཉིས་ཀྱང་དུར་ཁུང་གི་ཁ་གཏད་དུ་བསྡད་ཡོད༌དོ།།

དམག་མིས་དུར་ཁུང་སྲུང་བའི༌སྐོར།

62དེའི་ཕྱི་ཉིན༌ཏེ། སྟ་གོན་ཉིན་ཞེས་པའི་ཕྱི་ཉིན༌ལ། མཆོད་དཔོན་ཆེན་པོ་དག་དང་ཕ་རུ་ཤི་པ་རྣམས་པི་ལ་ཏུའི་མདུན་དུ་འཛོམས་ཏེ་ན༌རེ། 63སྐུ་ངོ་ལགས། བསླུ་བྲིད་པ་དེས་གསོན་པའི་དུས་སུ་འདི་སྐད༌དུ། ཉིན་གསུམ་གྱི་རྗེས་སུ་ང་རང་སླར་གསོན་ངེས་ཡིན་ཞེས་སྨྲས་པ་ངེད་ཅག་གིས་དྲན་པས། 64ཁྱེད་ཀྱིས་ཉིན་གསུམ་པའི་བར་དུ་དུར་ཁུང་ལེགས་པོར་བསྲུང་བའི་བཀའ་གནང་བར༌མཛོད། དེ་ལྟར་མ་བསྲུངས༌ན། ཁོའི་རྗེས་འབྲང་པ་རྣམས་ཀྱིས་བེམ་པོ་བརྐུས་ཏེ་ཡུལ་མི་རྣམས་ལ་ཡེ་ཤུ་སླར་གསོན་ནོ་ཞེས་སྨྲ་བར་འགྱུར་བས། ཕྱིས་སུ་འབྱུང་བའི་བསླུ་བྲིད་ནི་སྔ་མ་ལས་ཀྱང་ཚབས་ཆེན་དུ་འགྱུར་ཉེན་ཡོད་ཅེས་ཞུས་པ༌ན། 65པི་ལ་ཏུ་ན༌རེ། ཁྱོད་ཅག་ལ་སྲུང་དམག་ཡོད་པས། ཕར་སོང་ནས་དུར་ཁུང་ལེགས་པོར་སྲུངས་ཤིག་ཅེས་བཀའ་བསྒོས༌ཤིང་། 66དེ་དག་གིས་སྲུང་དམག་ཁྲིད༌ནས་སོང་སྟེ། ཕ་བོང་ལ་རྟགས་ཐམ་བརྒྱབ་ནས་དུར་ཁུང་ལེགས་པོར་སྲུང་དུ་བཅུག༌གོ།

མད་ཐཱ 28

སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་ནས་སླར་གསོན་པ།

1ངལ་གསོ་བའི་ཉིན་རྫོགས་རྗེས། གཟའ་འཁོར་གཅིག་གི་ཉིན་དང་པོར་ནམ་ལངས་པའི་དུས་སུ། མཱག་རྡལ་གྱི་མིར་ཡམ་དང་གཞན་ཡང་མིང་ལ་མིར་ཡམ་ཟེར་བའི་བུད་མེད་དེ་གཉིས་དུར་ཁུང་ལ་བལྟ་རུ་ཡོང་ངོ༌།། 2གློ་བུར་ཉིད་དུ་ས་འགུལ་ཆེན་པོ་བྱུང༌། དེ་ནི་གཙོ་བོའི་ཕོ་ཉ་ཞིག་ནམ་མཁའི་ཞིང་ཁམས་ནས་ཕེབས་ཏེ། ཕོ་ཉས་རྡོ་ཕ་བོང་ཕར་བསྒྲིལ་ཞིང་དེའི་སྟེང་དུ་བཞུགས༌པའི་ཕྱིར་རོ།། 3ཁོང་གི་གཟུགས་བརྙན་ནི་གློག་དམར་འཁྱུག་པ་དང་འདྲ༌ཞིང༌། ན་བཟའ་ནི་ཁ་བ་ལྟར་དཀར༌བ་ཡིན། 4དུར་ཁུང་སྲུང་མཁན་གྱི་དམག་མི་རྣམས་ཁོང་ལ་ཤིན་ཏུ་འཇིགས་ཏེ་ལུས་ཡོངས་འདར་ཞིང་བེམ་པོ་ལྟར་གྱུར༌ཏོ།། 5ཕོ་ཉས་བུད་མེད་དེ་གཉིས་ལ་འདི་སྐད༌དུ། འཇིགས་མི་དགོས༌ཏེ། ཁྱོད་གཉིས་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པའི་སྐྱབས་མགོན་ཡེ་ཤུ་འཚོལ་དུ་འོངས་པ་བདག་གིས་ཤེས་པ་ཡིན། 6ཁྱོད་གཉིས་ཀྱིས་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་འཇོག་སར་ལྟོས༌དང༌། ད་ལྟ་ཁོང་གནས་འདིར་མི་བཞུགས་པར་དེ་སྔར་ཁོང་གིས་གསུངས་པ་བཞིན་སླར་གསོན་པ་ཡིན། 7ཁྱོད་གཉིས་མྱུར་དུ་སོང་ནས་ཁོང་གི་ཐུགས་སྲས་རྣམས་ལ། སྐྱབས་མགོན་ཡེ་ཤུ་གྲོངས་པ་ནས་སླར་གསོན༌ནོ། །ཁོང་ནི་ཁྱོད་ཅག་གི་སྔོན་ལ་ག་ལིལ་ཡུལ་དུ་བྱོན་ཏེ་གནས་དེ་རུ་ཁྱོད་ཅག་ཁོང་དང་མཇལ་ངེས་ཡིན་ཞེས་སྨྲོས༌ཤིག ལྟོས༌དང༌།

ངས་ཁྱོད་གཉིས་ལ་སྨྲས་ཟིན་ཞེས་གསུངས༌སོ།།

8བུད་མེད་དེ་གཉིས་མྱུར་དུ་དུར་ཁུང་དང་ཁ་བྲལ་ཞིང་འཇིགས་སྐྲག་དང་དགའ་མགུའི་ངང་སྐྱབས་མགོན་ཡེ་ཤུའི་ཐུགས་སྲས་རྣམས་ལ་དོན་འདི་སྨྲ་བའི་ཕྱིར་བརྒྱུགས་སོ།། 9གློ་བུར་ཉིད་ལ་སྐྱབས་མགོན་ཡེ་ཤུ་ཁོ་མོ་གཉིས་ཀར་འཕྲད༌དེ་འདི་སྐད༌དུ། ཁྱོད་གཉིས་བདེ་བར་སྨོན་ཞེས་གསུངས་པ༌དང༌། ཁོ་མོ་གཉིས་ཚུར་ཡོང་ནས་ཁོང་གི་ཞབས་ལ་འཇུས་ཏེ་ཕྱག་འཚལ། 10ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། འཇིགས་མི་དགོས༌ཏེ། ཁྱོད་གཉིས་ཀྱིས་བདག་གི་སྤུན་ཟླ་རྣམས་ལ་ག་ལིལ་ཡུལ་དུ་སོང༌དང༌། གནས་དེ་ནས་ཁྱོད་ཅག་གིས་ང་རང་མཐོང་བར་འགྱུར་ཞེས་སྨྲོས་ཤིག་ཅེས་གསུངས༌སོ།།

དམག་མིའི་རྫུན་གཏམ༌སྐོར།

11བུད་མེད་དེ་གཉིས་ལམ་ལ་ཆས༌སྐབས། དུར་ཁུང་གི་སྲུང་དམག་རྣམས་ལས་འགའ་ཞིག་ཡེ་རུ་སཱ་ལེམ་དུ་སོང༌སྟེ། དོན་ཅི་བྱུང་བ་ཐམས་ཅད་མཆོད་དཔོན་ཆེན་པོ་དག་ལ་སྨྲས་སོ།། 12མཆོད་དཔོན་ཆེན་པོ་དག་དང་རྒན་པོ་རྣམས་མཉམ་དུ་འཛོམས་ཤིང་གྲོས་བྱས༌པ་དང་། དམག་མི་དེ་རྣམས་ལ་དངུལ་སྒོར་མང་པོ༌བྱིན་ཏེ་ན༌རེ། 13ཁྱོད་ཅག་གིས་མི་གཞན་རྣམས་ལ། ངེད་ཅག་མཚན་མོར་གཉིད་ལ་ཡུར་བའི༌ཚེ། ཡེ་ཤུའི་རྗེས་འབྲང་པ་རྣམས་ཡོང་ནས་བེམ་པོ་བརྐུས་ཏེ་ཁྱེར་རོ་ཞེས་སྨྲོས༌ཤིག 14གལ་ཏེ་སྤྱི་དཔོན་གྱིས་དོན་འདི་ཤེས༌པར་གྱུར་ན། ངེད་ཅག་གིས་ཁོང་ལ་ཞུ་བ་ཞུས་ནས་ཁྱོད་ཅག་ལ་ཉེས་སྐྱོན་མི་འབྱུང་བར་ཁག་ཐེག་བྱེད་ངེས་ཡིན་ཞེས་སྨྲས་སོ།། 15དམག་མི་དེ་དག་གིས་ཀྱང་ལྐོག་རྔན་བླངས་ཏེ་མཆོད་དཔོན་རྣམས་ཀྱིས་སྨྲས་པ་ལྟར་བྱས་ཤིང་། གཏམ་འདི་ནི་ད་ལྟའི་བར་དུ་ཡ་ཧུ་དཱའི་མི་རིགས་ཀྱི་ངག་རྒྱུན་དུ་གྲགས༌སོ།།

འཕྲིན་བཟང་སྒྲོག་པའི་བཀའ་བསྩལ༌བ།

16ཐུགས་སྲས་བཅུ་གཅིག་པོ་སྐྱབས་མགོན་ཡེ་ཤུའི་བཀའ་བཞིན་དུ་ག་ལིལ་ཡུལ་གྱི་རི་འགོར་ཆས་པ༌དང༌། 17ཁོ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་མཐོང་བ་དང་ཕྱག་འཚལ་ལོ།། འོན་ཀྱང་ཐུགས་སྲས་ལ་ལ་ད་དུང་དོན་འདིར་ཐེ་ཚོམ་སྐྱེས་སོ།། 18སྐྱབས་མགོན་ཡེ་ཤུ་ཚུར་ཕེབས་ཏེ་ཐུགས་སྲས་རྣམས་ལ་འདི་སྐད༌དུ། གནམ་ས་གཉིས་ཀྱི་དབང་ཐམས་ཅད་བདག་ལ་གནང་ཡོད་པས། 19ཁྱོད་རྣམས་སོང་ནས་མི་རིགས་ཐམས་ཅད་བདག་གི་རྗེས་སུ་འབྲང་དུ་འཇུག་པར༌གྱིས། ཡབ་དང༌། སྲས་དང་། དམ་པའི་ཐུགས་ཉིད་བཅས་ཀྱི་མཚན་ལ་བརྟེན་ནས་ཁོ་རྣམས་ལ་ཁྲུས་གསོལ་བྱོས༌ཤིག 20ངས་ཁྱོད་ཅག་ལ་གནང་བའི་བཀའ་ཐམས་ཅད་ཁོ་རྣམས་ལ་ཁྲིད་སྟོན་བྱོས་ལ་བསྲུང་དུ་བཅུག ལྟོས་དང་། ང་ནི་རྟག་ཏུ་བསྐལ་པའི་མཐའ་མའི་བར་དུའང་ཁྱོད་ཅག་དང་མཉམ་དུ་གནས་ཞེས་གསུངས༌སོ།།།།

མར་ཀུ 1

སྐྱབས་མགོན་ཡེ་ཤུའི་ཕེབས་ལམ་སྟ་གོན་མཛད༌པ།

1དེ་ཡང་དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀའི་འཕྲིན་བཟང་གི་ཐོག་མ་ནི་འདི་ལྟར་ཡིན༌ཏེ། 2ལུང་སྟོན་པ་ཡེ་ཤ་ཡཱ་ཡི་མདོ་ལས་ཇི་སྐད༌དུ། 3དབེན་སྟོང་ཡུལ་ནས་གྲགས་པའི་འབོད་སྒྲ༌ཡིས།། ཞེས་བཀོད་པ༌བཞིན། 4ཁྲུས་གསོལ་མཁན་ཡོ་ཧ་ནན་དབེན་སྟོང་ཞིག་ཏུ་ཕེབས་ཏེ། སྡིག་པ་བསལ་བའི༌ཕྱིར་འགྱོད་བཤགས་ཀྱི་རྟགས་སུ་ཁྲུས་གསོལ་ལ་ཞུགས་པའི་ཆོས་བསྒྲགས། 5ཡ་ཧུ་དཱའི་ས་ཆ་དང་ཡེ་རུ་སཱ་ལེམ་གྱི་མི་ཐམས་ཅད་ཡོ་ཧ་ནན་གྱི་དྲུང་དུ་སོང་ནས། རང་གི་སྡིག་པ་མཐོལ་བཤགས་བྱས་པ་དང་ཡོར་དན་གཙང་པོར་ཞུགས་ཤིང་ཁོང་གིས་ཀྱང་དེ་རྣམས་ལ་ཁྲུས་གསོལ་མཛད་དོ།། 6ཡོ་ཧ་ནན་གྱིས་རྔ་རྩིད་ཀྱིས་བཟོས་པའི་ལྭ་བ་གྱོན་པ༌དང༌། ཀོ་བའི་སྐ་རགས་བཅིངས་ཤིང་ཟས་ལ་འབུ་ཆ་ག་པ་དང་རི་སྐྱེས་སྦྲང་རྩི་སྤྱོད༌པ་ཡིན། 7ཡོ་ཧ་ནན་གྱིས། བདག་གི་རྗེས་སུ་བདག་ལས་ཀྱང་མཐུ་སྟོབས་ཆེ་བ་ཞིག་ཕེབས་ངེས༌ཏེ། ངས་མར་སྒུར་ནས་ཁོང་གི་ལྷམ་མདུད་ཀྱང་དགྲོལ་བར་མི་འོས། 8ངས་ཁྱོད་རྣམས་ལ་ཆུ་ཡིས་ཁྲུས་གསོལ་བྱེད་པ་ཡིན༌མོད། འོན་ཀྱང་ཁོང་གིས་ཁྱོད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་མཛད་པར་འགྱུར་ཞེས་ཆོས་བསྒྲགས་སོ།།

སྐྱབས་མགོན་ཡེ་ཤུ་ཁྲུས་གསོལ་ལ་ཞུགས༌པ།

9དེའི་དུས༌སུ། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ག་ལིལ་ཡུལ་གྱི་ནཱ་ཙ་རེལ་ནས་ཚུར་ཕེབས༌ཤིང༌། ཡོ་ཧ་ནན་གྱིས་ཡོར་དན་གཙང་པོ་ནས་སྐྱབས་མགོན་ཡེ་ཤུ་ལ་ཁྲུས་གསོལ་བྱས། 10སྐྱབས་མགོན་ཡེ་ཤུ་ཆུ་ལས་ཡར་བུད་མ་ཐག་ཏུ་ནམ་མཁའི་སྒོ་ཕྱེ༌ཞིང༌། དམ་པའི་ཐུགས་ཉིད་ནི་བྱ་ཕུག་རོན་གྱི་གཟུགས་ཀྱིས་རང་ཉིད་ཀྱི་ལུས་སྟེང་ལ་བབས་པ་ཁོང་གིས་གཟིགས། 11ཡང་ནམ་མཁའི་ཞིང་ཁམས་ནས་སྐད་སྒྲ་ཞིག་གྲགས༌ཏེ། ཁྱོད་ནི་ང་ཡི་གཅེས་པའི་བུ་ཡིན་ཞིང་ང་རང་ཁྱོད་ལ་ཤིན་ཏུ་དགའ་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུར་བདུད་སཱ་ཏན་གྱིས་ཉམས་ཚོད་བྱས༌པ།

12དེ་ལྟར་གསུངས་མ་ཐག་ཏུ་དམ་པའི་ཐུགས་ཉིད་ཀྱིས་སྐྱབས་མགོན་ཡེ་ཤུ་བསྐུལ་ནས་ཁོང་ཉིད་དབེན་སྟོང་ཞིག་ཏུ་ཕེབས་པ༌དང༌། 13དབེན་སྟོང་དེ་རུ་ཉིན་བཞི་བཅུའི་རིང་ལ་བདུད་སཱ་ཏན་གྱིས་ཁོང་ལ་ཉམས་ཚོད་བྱས༌ཤིང༌། ཁོང་ཉིད་གཅན་གཟན་དང་མཉམ་དུ་བཞུགས་པ༌དང༌། ཕོ་ཉ་རྣམས་ཕེབས་ནས་ཁོང་ལ་ཞབས་ཕྱི་བསྒྲུབས༌སོ།།

སྐྱབས་མགོན་ཡེ་ཤུའི་ཐུགས་སྲས་སྔ་མ༌སྐོར།

14ཡོ་ཧ་ནན་བཙོན་དུ་བཅུག༌རྗེས། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ག་ལིལ་ཡུལ་དུ་ཕེབས་ནས་དཀོན་མཆོག་གི་འཕྲིན་བཟང་བསྒྲགས་ཏེ་འདི་སྐད༌དུ། 15དུས་ལོངས་ཤིང་དཀོན་མཆོག་གི་རྒྱལ་སྲིད་ཉེ་བར་སླེབས་པས། ཁྱོད་ཅག་གིས་ཀྱང་འགྱོད་བཤགས་བྱས་ཏེ་འཕྲིན་བཟང་ལ་དད་པ་བྱོས་ཤིག་ཅེས་གསུངས༌སོ།། 16སྐྱབས་མགོན་ཡེ་ཤུ་མཚོ་ག་ལིལ་གྱི་མཚོ་འགྲམ་བརྒྱུད་ནས་ཕེབས་པ༌ན། ཁོང་གིས་སི་མོན་དང་དེའི་སྤུན་ཨན་དྲི་ཡཱ་ཞེས་པའི་ཉ་པ་གཉིས་ཀྱིས་མཚོ་ནང་དུ་དྲ་རྒྱ་འཕེན་བཞིན་པ་གཟིགས༌ཤིང༌། 17ཁོ་གཉིས་ལ་འདི་སྐད༌དུ། བདག་གི་རྗེས་སུ་ཤོག༌དང༌། ངས་ཁྱོད་གཉིས་ལ་ཉ་ཐོབ་པ་ལྟར་མི་ཡང་འཐོབ་པར་བྱའོ་ཞེས་གསུངས་མ༌ཐག 18ཁོ་གཉིས་ཀྱིས་དྲ་རྒྱ་དོར་ནས་ཁོང་གི་རྗེས་སུ་འབྲངས་སོ།། 19དེ་ནས་སྐྱབས་མགོན་ཡེ་ཤུ་ཅུང་ཙམ་མདུན་དུ་ཕེབས་པ༌ན། ཟེ་བད་ཡཱའི་བུ་ཡ་ཀོབ་དང་ཁོའི་སྤུན་ཡོ་ཧ་ནན་གཉིས་ཀྱིས་ཀྱང་གྲུའི་སྟེང་ནས་དྲ་རྒྱ་བཟོ་བཅོས་བྱེད་བཞིན་པ་གཟིགས་པ༌དང༌། 20སྐྱབས་མགོན་ཡེ་ཤུས་ཁོ་གཉིས་ལ་ཞལ་འབོད་གནང་ཞིང་། ཁོ་གཉིས་ཀྱིས་ཕ་ཟེ་བད་ཡཱ་དང་གླ་བ་རྣམས་གྲུའི་སྟེང་ནས་བསྐྱུར་ཏེ་ཁོང་གི་རྗེས་སུ་འབྲངས་སོ།།

གདོན་འདྲེ་སྐྲོད་པར་མཛད༌པ།

21ཁོང་རྣམས་ཀཱ་ཕར་ན་ཧུམ་དུ་ཕེབས་པ༌དང༌། ངལ་གསོ་བའི་ཉིན་ལ་སྐྱབས་མགོན་ཡེ་ཤུ་ཆོས་ཁང་དུ་ཕེབས་ནས་མི་རྣམས་ལ་ཆོས་གསུངས་ཤིང་། 22ཁོང་གིས་མི་རྣམས་ལ་ཆོས་གསུངས་པ་ནི་མཁན་པོ་རྣམས་དང་མི་འདྲ་བར་མི་དབང་ཅན་ཞིག་གིས་གསུངས་པ་དང་འདྲ༌བས་ཁོ་རྣམས་ངོ་མཚར་བར་གྱུར་ཏོ།། 23དེའི་དུས༌སུ། ཆོས་ཁང་དེ་རུ་གདོན་འདྲེས་བཟུང་བའི་མི་ཞིག་ཡོད་པ་དེས་སྐད་ཆེན༌པོས། 24ཀྱེ། ནཱ་ཙ་རེལ་པ་ཡེ༌ཤུ། ཁྱེད་དང་ངེད་ཅག་ལ་འབྲེལ་བ་ཅི་མཆིས༌སམ། ཁྱེད་རང་ངེད་རྣམས་འཇོམས་པར་ཕེབས༌སམ། ངས་ཁྱེད་རང་སུ་ཡིན་པ་ཤེས༌ཏེ། ཁྱེད་ནི་དཀོན་མཆོག་གི་སྐྱེས་བུ་དམ་པ་ཉིད་ཡིན་ཞེས་སྨྲས་པ༌ལ། 25སྐྱབས་མགོན་ཡེ་ཤུས་གདོན་འདྲེ་དེ་ལ་འདི་སྐད༌དུ། ཁ་རོག་ཏུ་སྡོད༌ཅིག ཁོའི་ལུས་ནས་ཕྱིར་བུད་ཅིག་ཅེས་བཀའ་བཀྱོན་གནང་བ༌ན། 26གདོན་འདྲེས་མི་དེ་དྲག་ཏུ་སྤྲུགས་པ་དང་སྐད་ཆེན་པོ་བརྒྱབ་སྟེ་ཕྱི་རུ་ཐོན་ནོ།། 27མི་ཚང་མ་ཧ་ལས་ཏེ་ཕན་ཚུན་ལ་ཅི་ཡིན་འདྲི་བཞིན་འདི་ནི་དབང་ཐང་ཆེ་བའི་བཀའ་ཆོས་གསར་པ་ཞིག་རེད༌ཨང༌། ཁོང་གིས་གདོན་འདྲེ་ལ་བཀའ་གནང་ཞིང་དེ་དག་གིས་ཀྱང་ཁོང་གི་བཀའ་ལ་མཉན་ཞེས་སྨྲས་མ༌ཐག 28སྐྱབས་མགོན་ཡེ་ཤུའི་མཚན་སྙན་གྲགས་ཀྱང་ག་ལིལ་ཡུལ་གྱི་ཕྱོགས་བཞི་ཐམས་ཅད་ལ་ཁྱབ་པར་གྱུར༌ཏོ།།

མི་མང་པོའི་ནད་གསོས༌པ།

29སྐྱབས་མགོན་ཡེ་ཤུ་དང་བཅས་པ་ཆོས་ཁང་ནས་ཕྱིར་བུད༌པ་དང་། ཡ་ཀོབ་དང་ཡོ་ཧ་ནན་གཉིས་དང་མཉམ་དུ་སི་མོན་དང་ཨན་དྲི་ཡཱ་གཉིས་ཀྱི་ཁྱིམ་དུ་ཕེབས་སོ།། 30དེའི་དུས༌སུ། སི་མོན་གྱི་སྒྱུག་མོར་ཚ་བརྒྱབ་སྟེ་ཉལ་ནས་བསྡད་ཡོད༌པས། ཁོ་རྣམས་ཀྱིས་མྱུར་དུ་ཁོ་མོའི་གནས་ཚུལ་སྐྱབས་མགོན་ཡེ་ཤུ་ལ་ཞུས༌ཤིང༌། 31ཁོང་ཉིད་ཁོ་མོའི་མདུན་དུ་ཕེབས་ཏེ་ལག་པར་འཇུས་ཤིང་ཡར་བསྐྱོར་ནས་ལངས་སུ་བཅུག་པ༌ན། ཁོ་མོའི་ཚ་བཞག་སྟེ་ཁོང་རྣམས་ལ་ཞབས་ཕྱི་བསྒྲུབས་སོ།། 32ཉི་མ་ནུབ་ནས་ས་རུབ་པའི་དུས༌སུ། མི་རྣམས་ཀྱིས་ནད་པ་དང་གདོན་འདྲེས་བཟུང་བའི་མི་ཐམས་ཅད་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཁྲིད་ཡོང་བ༌དང༌། 33གྲོང་ཁྱེར་གྱི་མི་ཚང་མ་ཁྱིམ་ཚང་དེའི་སྒོ་ཁར་འདུས། 34ཁོང་གིས་ནད་རིགས་སྣ་ཚོགས་བྱུང་བའི་ནད་པ་མང་པོ་སོས་སུ་བཅུག༌ཅིང༌། གདོན་འདྲེ་མང་པོའང་ཕྱི་རུ་བསྐྲད། གདོན་འདྲེ་དེ་དག་གིས་ཁོང་ཉིད་སུ་ཡིན་པ་ཤེས་པས་ཁོང་གིས་དེ་དག་ལ་སྐད་ཆ་སྨྲ་རུ་མ་བཅུག་གོ།

སྐྱབས་མགོན་ཡེ་ཤུས་དབེན་སྟོང་དུ་གསོལ་བ་བཏབ་པ།

35དེའི་ཕྱི༌ཉིན། ནམ་མ་ལངས་པའི་སྔོན་ལ། སྐྱབས་མགོན་ཡེ་ཤུ་ཡར་བཞེངས་ཏེ་དབེན་གནས་ཤིག་ཏུ་ཕེབས་ནས་གསོལ་བ་བཏབ༌ཅིང་། 36སི་མོན་དང་ཁོའི་ལམ་གྲོགས་རྣམས་ཁོང་ཉིད་འཚོལ་དུ་སོང་བ༌དང༌། 37ཁོང་དང་མཇལ་རྗེས་མི་ཐམས་ཅད་ཀྱིས་ཁྱེད་རང་འཚོལ་བཞིན་འདུག་ཅེས་ཞུས་པ༌ན། 38ཁོང་གིས་འདི་སྐད༌དུ། བདག་ཅག་ཡུལ་གཞན་དུ་འགྲོའོ།། ཉེ་འཁོར་གྱི་གྲོང་རྡལ་དུ་སོང་ནས་ཆོས་བསྒྲག་པར༌བྱའོ།། ང་རང་ཡང་དོན་འདིའི་ཆེད་དུ་ཡོང་བ་ཡིན་ཞེས་གསུངས་པ༌དང༌། 39ཁོང་ཉིད་ག་ལིལ་ཡུལ་གྱི་ས་ཆ་སོ་སོར་ཕེབས་ནས། ཆོས་ཁང་དུ་ཆོས་བསྒྲགས་ཤིང་གདོན་འདྲེ་རྣམས་ཕར་བསྐྲད༌དོ།།

མཛེ་ནད་ཅན་གསོས༌པ།

40མཛེ་ནད་བྱུང་བའི་མི་ཞིག་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་ནས་པུས་མོ་སར་བཙུགས་ཏེ་ན༌རེ། གལ་ཏེ་ཁྱེད་ཐུགས་མཉེས་པ་ཡིན༌ན། ཁྱེད་ཀྱིས་ང་རང་གཙང་མར་མཛད་ནུས་པ་ཡིན་ཞེས་ཞུ་བ་བྱས་པ༌ལ། 41སྐྱབས་མགོན་ཡེ་ཤུས་མི་དེ་ལ་སྙིང་རྗེ་དགོངས་ནས་ཕྱག་བརྐྱངས་ཤིང་རེག་སྟེ་ང་རང་འཐད་པ་ཡིན། ཁྱོད་རང་གཙང་མར་གྱུར་ཅིག་ཅེས་གསུངས་མ༌ཐག 42མི་དེའི་མཛེ་ནད་སོས་ཏེ་གཙང་མར་གྱུར་ཏོ།། 43-44དེ་ནས་སྐྱབས་མགོན་ཡེ་ཤུས་མི་དེ་ལ་འདི་སྐད༌དུ། ཁྱོད་ཀྱིས་གཟབ་པར༌གྱིས། གཞན་ལ་ཅི་ཡང་མི་སྨྲ་བར་གྱིས། ཁྱོད་རང་སོང་ནས་རང་གི་ལུས་པོ་མཆོད་དཔོན་ལ་སྟོན༌དང༌། མི་རྣམས་ལ་བདེན་དཔང་བྱེད་པའི་ཆེད་དུ་མོ་ཤེ་ཡིས་བཀའ་གནང་ཡོད་པ༌བཞིན། གཙང་མར་གྱུར་པའི་མཆོད་པ་ཕུལ་ཅིག་ཅེས་ནན་གྱིས་བཀའ་གནང་ཞིང་མྱུར་དུ་བཏང༌མོད། 45འོན་ཀྱང་མི་དེ་ཕྱི་རུ་སོང་ནས་གཏམ་མང་པོ་སྨྲས་ཤིང་གནས་ཚུལ་འདིའང་ཁྱབ་བསྒྲགས་བྱས༌པས། དེའི་རྗེས༌སུ། སྐྱབས་མགོན་ཡེ་ཤུ་གྲོང་ཁྱེར་གང་ལའང་མངོན་སུམ་དུ་ཕེབས་མ་ནུས་པར་ཕྱི་རོལ་གྱི་དབེན་གནས་སུ་བཞུགས། འོན་ཏེ་མི་རྣམས་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཁོང་གི་དྲུང་དུ་ཡོང་ངོ་།།

མར་ཀུ 2

སྐྱབས་མགོན་ཡེ་ཤུས་མི་ཞ་བོ་ཞིག་གསོས༌པ།

1ཉིན་འགའ་འགོར༌རྗེས། སྐྱབས་མགོན་ཡེ་ཤུ་ཕྱིར་ཀཱ་ཕར་ན་ཧུམ་དུ་ཕེབས་ཤིང་ཁོང་ཉིད་ཀྱི་བཞུགས་གནས་སུ་བཞུགས་པའི་གཏམ་དེ་མི་རྣམས་ཀྱིས་ཐོས༌ནས། 2མི་མང་པོ་གནས་དེར་འཛོམས་ཤིང་ཐ་ན་སྒོ་ཁར་ཡང་སྡོད་ས་མེད་པ་དང་། ཁོང་གིས་མི་རྣམས་ལ་དཀོན་མཆོག་གི་བཀའ་གསུངས་སོ།། 3དུས༌དེར། མི་ཁ་ཤས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་བ༌དང༌། དེའི་ནང་ནས་མི་བཞིས་ཞ་བོ་ཞིག་ཁྱོགས་ཤིང་དུ་ཁུར་ཡོང༌བ་རེད། 4ཡང་མི་མང་པོ་འདུས་པས་དེ་རྣམས་ཁོང་གི་སྐུ་དྲུང་དུ་འགྲོ་ཐབས་མ་བྱུང༌བར། ཁོང་ཉིད་བཞུགས་སའི་ཁང་པ་དེའི་ཁང་ཀླད་བཀོག་ནས་བརྟོལ་བ་དང་། མི་ཞ་བོ་དེ་ཁྱོགས་ཤིང་དང་བཅས་མར་བཏང༌། 5སྐྱབས་མགོན་ཡེ་ཤུས་དེ་རྣམས་ཀྱི་དད་སེམས་གཟིགས་ཏེ་ཞ་བོ་དེ་ལ་འདི་སྐད༌དུ། སྙིང་གི༌བུ། ཁྱོད་ཀྱི་སྡིག་པ་བསལ་བ་ཡིན་ཞེས་གསུངས་སོ༎ 6འོན་ཀྱང་གནས་དེར་ཚོགས་པའི་མཁན་པོ་འགའ་ཞིག་གི་སེམས༌ལ། 7མི་འདིས་ཅིའི་ཕྱིར་འདི་ལྟར་སྨྲའམ། ཁོས་དཀོན་མཆོག་གི་དབུ་འཕང་སྨད་ཀྱིན༌འདུག དཀོན་མཆོག་ཁོ་ན་ལས་གཞན་སུ་ཞིག་གིས་སྡིག་པ་བསལ་ནུས་སམ་སྙམ་པ་རེད། 8སྐྱབས་མགོན་ཡེ་ཤུས་དེ་མ་ཐག་ཁོ་རྣམས་ཀྱི་བསམ་ཚུལ་མཁྱེན་ཏེ་འདི་སྐད༌དུ། ཅིའི་ཕྱིར་ཁྱོད་ཅག་གི་སེམས་སུ་དེ་ལྟར་བསམས་པ་ཡིན༌ནམ། 9མི་ཞ་བོ་འདི་ལ་ཁྱོད་ཀྱི་སྡིག་པ་བསལ་བ་ཡིན་ཞེས་ཟེར༌བ་དང་། ཡར་ལོངས་ལ་ཁྱོད་ཀྱི་ཁྱོགས་ཤིང་ཁུར་ནས་སྐྱོད་ཅིག་ཅེས་ཟེར་བ་གཉིས་ལས་གང་ཞིག་སླའམ། 10འོན༌ཀྱང༌། འདི་ནི་ས་སྟེང་དུ་མིའི་བུ་ལ་སྡིག་པ་བསལ་བའི་དབང་ཡོད་པ་ཁྱོད་རྣམས་ཀྱིས་ཤེས་པའི་ཕྱིར་ཡིན་ཞེས་གསུངས༌རྗེས། ཁོང་གིས་ཞ་བོ་དེ་ལ་འདི་སྐད༌དུ། 11བདག་གིས་ཁྱོད་ལ་སྨྲ་བར༌བྱ་སྟེ། ཡར་ལོངས༌དང༌། ཁྱོགས་ཤིང་ཁུར་ནས་ཕྱིར་རང་ཡུལ་ལ་སོང་ཞིག་ཅེས་བཀའ་གནང་མ༌ཐག 12མི་དེ་ཡར་ལངས་ནས་ཁྱོགས་ཤིང་ཁུར་ཏེ་མི་ཚང་མའི་མིག་མདུན་ནས་སྒོའི་ཕྱི་རུ་ཕྱིན། དོན་དེར་མི་ཐམས་ཅད་ངོ་མཚར་བར་གྱུར༌ཏེ། དཀོན་མཆོག་ལ་བསྟོད་བསྔགས་བརྗོད་ཅིང་བདག་ཅག་གིས་དོན་འདི་འདྲ་ཞིག་གཏན་ནས་མཐོང་མ་མྱོང་ཞེས་སྨྲས༌སོ།།

ལེ་ཝི་སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲང༌བ།

13ཡང་སྐྱབས་མགོན་ཡེ་ཤུ་མཚོ་འགྲམ་དུ་ཕེབས་པ༌དང༌། མི་ཚོགས་ཐམས་ཅད་ཁོང་གི་དྲུང་དུ་འཛོམས༌ཤིང༌། ཁོང་གིས་དེ་རྣམས་ལ་ཆོས་གསུངས། 14སྐྱབས་མགོན་ཡེ་ཤུ་ཕེབས་པའི་དུས༌སུ། ཁོང་གིས་ཨལ་ཕཱའི་བུ་ལེ་ཝི་ཟེར་བ་དེ་ཁྲལ་སྡུད་སར་བསྡད་ཡོད་པ་གཟིགས་ནས་དེ་ལ་འདི་སྐད༌དུ། ཁྱོད་རང་ངའི་རྗེས་སུ་ཤོག་ཅེས་གསུངས་པ༌དང༌། ཁོ་རང་ཡར་ལངས་ཏེ་ཁོང་གི་རྗེས་སུ་འབྲངས་སོ།། 15སྐྱབས་མགོན་ཡེ་ཤུས་མི་དེའི་ཁྱིམ་དུ་ཞལ་ཟས་བཞེས་ནས་སྡོད་པའི་དུས༌སུ། ཁྲལ་ལེན་མཁན་དང་མི་སྡིག་ཅན་མང་པོས་ཀྱང་སྐྱབས་མགོན་ཡེ་ཤུ་དང་ཁོང་གི་ཐུགས་སྲས་དང་མཉམ་དུ་བཟའ་བཏུང་སྤྱད་ནས་བསྡད༌ཅིང༌། གནས་དེར་མི་མང་པོ་ཡོད་པ་དང་མི་དེ་རྣམས་ཀྱང་སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲངས་སོ།། 16ཕ་རུ་ཤི་པའི་མཁན་པོ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུས་མི་སྡིག་ཅན་དང་ཁྲལ་ལེན་མཁན་རྣམས་དང་མཉམ་དུ་ཞལ་ཟས་བཞེས་བཞིན་པ་མཐོང་ཚེ། ཁོང་གི་ཐུགས་སྲས་རྣམས་ལ། ཅིའི་ཕྱིར་ཁོང་གིས་ཁྲལ་ལེན་མཁན་དང་མི་སྡིག་ཅན་རྣམས་དང་མཉམ་དུ་བཟའ་བཏུང་ལ་རོལ་བ་ཡིན་ནམ་ཞེས་སྨྲས། 17སྐྱབས་མགོན་ཡེ་ཤུས་གཏམ་དེ་ཐོས་ནས་འདི་སྐད༌དུ། ལུས་ཁམས་བདེ་བའི་མིས་སྨན་པ་བསྟེན་མི་དགོས་མོད། འོན་ཀྱང་ནད་པས་ད་གཟོད་སྨན་པ་བསྟེན་དགོས་པ་ཡིན། བདག་ནི་མི་གཞུང་དྲང་རྣམས་འབོད་དུ་འོངས་པ་མ་ཡིན༌པར། མི་སྡིག་ཅན་རྣམས་འབོད་དུ་ཡོང་བ་ཡིན་ཞེས་གསུངས༌སོ།།

སྨྱུང་གནས་སྐོར་གྱི་ཆོས་གསུངས༌པ།

18དེའི་དུས༌སུ། ཡོ་ཧ་ནན་གྱི་སློབ་མ་དང་ཕ་རུ་ཤི་པ་རྣམས་ཀྱིས་སྨྱུང་གནས་སྲུང་བཞིན་ཡོད༌ཅིང་། མི་འགའ་ཞིག་ཡོང་ནས་སྐྱབས་མགོན་ཡེ་ཤུ་ལ། ཡོ་ཧ་ནན་གྱི་སློབ་མ་དང་ཕ་རུ་ཤི་པའི་སློབ་མ་རྣམས་ཀྱིས་སྨྱུང་གནས་སྲུང་བཞིན་ཡོད༌ནའང༌། ཁྱེད་ཀྱི་ཐུགས་སྲས་རྣམས་ཀྱིས་སྨྱུང་གནས་མི་སྲུང་བ་ཅི་ཞེས་དྲིས་པ༌ན། 19སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། སྐུ་མགྲོན་རྣམས་མག་པ་དང་མཉམ་དུ་ཡོད་དུས་སྨྱུང་གནས་སྲུང་ག་ལ་རུང་། མག་པ་ཁོ་རྣམས་དང་མཉམ་དུ་ཡོད་དུས་ཁོ་རྣམས་ཀྱིས་ཀྱང་སྨྱུང་གནས་སྲུང་མི་ཐུབ། 20འོན་ཀྱང་མག་པ་ཁོ་རྣམས་དང་ཁ་འབྲལ་བའི་དུས་ཤིག་སླེབ་ཡོང༌སྟེ། དུས་དེར་ཁོ་རྣམས་ཀྱིས་སྨྱུང་གནས་བསྲུང་ངེས༌སོ།། 21སུ་ཞིག་གིས་ཀྱང་རས་གསར་པས་ལྭ་རྙིང་བར་ལྷན་པ་མི་རྒྱག༌སྟེ། ལྷན་པ་བརྒྱབ་ན་ལྭ་རྙིང་བ་དེ་ལས་རལ་ཞིང་སྲུབས་ཀ་ཇེ་ཆེར་འགྲོ༌བ་ཡིན། 22ཡང་སུ་ཞིག་གིས་ཀྱང་རྒུན་ཆང་གསར་པ་སྐྱི་ཁུག་རྙིང་བའི་ནང་དུ་མི་བླུག༌སྟེ། གལ་ཏེ་བླུགས་ན་སྐྱི་ཁུག་རྙིང་བ་རལ་ཏུ་འཇུག་པ༌དང༌། ཆང་དང་སྐྱི་ཁུག་གཉིས་ཀ་བརླག་པར་འགྱུར་ངེས༌པས། རྒུན་ཆང་གསར་པ་དེ་སྐྱི་ཁུག་གསར་པའི་ནང་དུ་བླུག་དགོས་ཞེས་གསུངས༌སོ།།

ངལ་གསོ་བའི་ཉིན་གྱི་གཙོ་བོའི༌སྐོར།

23ངལ་གསོ་བའི་ཉིན་ལ། སྐྱབས་མགོན་ཡེ་ཤུ་ཞིང་བར་བརྒྱུད་ནས་ཕེབས་པ༌དང༌། ཁོང་གི་ཐུགས་སྲས་རྣམས་ཀྱིས་འབྲུ་ཡི་སྙེ་མ་འཐོག་བཞིན༌སོང་ཞིང་། 24ཕ་རུ་ཤི་པ་རྣམས་ན༌རེ། གཟིགས༌དང༌། ཁོ་རྣམས་ཀྱིས་ཅིའི་ཕྱིར་ངལ་གསོ་བའི་ཉིན་ལ་བཀའ་ཁྲིམས་དང་འགལ་བའི་ལས་བྱེད་དམ་ཞེས་སྨྲས་པ༌ལ། 25ཁོང་གིས་འདི་སྐད༌དུ། དཱ་བིད་འཁོར་དང་བཅས་པའི་ལམ་བྲོ་ཚར་བ་དང་བཀྲེས་ལྟོགས་བྱུང༌སྐབས། ཅི་ཞིག་བྱས་པ་ཁྱོད་ཅག་གིས་བཀླགས་མ་མྱོང༌ངམ། 26ཨབ་ཡ་ཐཱར་མཆོད་དཔོན་ཆེན་པོ་ཡིན་པའི་དུས༌སུ། ཁོང་ཉིད་དཀོན་མཆོག་གི་བཞུགས་གནས་སུ་སོང་ནས། སྤྱན་བསྟར་བག་ལེབ་ཟོས་ཤིང་འཁོར་གཡོག་རྣམས་ལའང་བྱིན་ཏོ།། བག་ལེབ་དེ་ནི་མཆོད་དཔོན་ལས་གཞན་སུས་ཀྱང་ཟ་མི་རུང་ཞེས་གསུངས་པ༌དང༌། 27ཡང་འདི་སྐད༌དུ། ངལ་གསོ་བའི་ཉིན་མོ་ནི་མིའི་དོན་དུ་མཛད་པ༌ལས། མི་ནི་ངལ་གསོ་བའི་ཉིན་གྱི་དོན་དུ་མཛད་པ་མ་ཡིན་ནོ།། 28དེའི༌ཕྱིར། མིའི་བུ་ནི་ངལ་གསོ་བའི་ཉིན་གྱི་གཙོ་བོའང་ཡིན་ཞེས་གསུངས༌སོ།།

མར་ཀུ 3

སྐྱབས་མགོན་ཡེ་ཤུས་ངལ་གསོ་བའི་ཉིན་ལ་མི་ཞིག་གསོས༌པ།

1དེ་ནས་ཡང་སྐྱབས་མགོན་ཡེ་ཤུ་ཆོས་ཁང་དུ་ཕེབས་ཤིང་གནས་དེ་རུ་ལག་པ་ཡ་གཅིག་ཞ་བའི་མི་ཞིག་ཀྱང༌ཡོད། 2སྐྱབས་མགོན་ཡེ་ཤུ་ལ་སྙད་འཛུགས་པར་འདོད་པའི་མི་རྣམས་ཀྱིས་ངལ་གསོ་བའི་ཉིན་ལ་ཁོང་གིས་མི་དེའི་ནད་གསོ་མིན་ལ་བརྟག་ཆེད་ལྐོག་ནས་བལྟས་ཏེ༌བསྡད་དོ།། 3དེ་ནས་སྐྱབས་མགོན་ཡེ་ཤུས་ལག་པ་ཞ་བའི་མི་དེ་ལ་འདི་སྐད༌དུ། ཡར་ལོངས་དང་། དཀྱིལ་ནས་སྡོད་ཅིག་ཅེས་བཀའ་གནང༌ཞིང༌། 4ཡང་མི་དེ་རྣམས་ལ་འདི་སྐད༌དུ། ངལ་གསོ་བའི་ཉིན་ལ་ལས་བཟང་པོའམ་ལས་ངན་པ་དང་། སྲོག་སྐྱོབ་པའམ་སྲོག་གཅོད་པ་ལས་གང་ཞིག་བྱས་ན་བཀའ་ཁྲིམས་དང་མཐུན་པ་ཡིན་ནམ་ཞེས་དྲིས་པ༌ན། མི་རྣམས་ཀྱིས་ཁ་ཅི་ཡང་མ་གྲགས་སོ།། 5དེ་ནས་སྐྱབས་མགོན་ཡེ་ཤུ་ཐུགས་ཁྲོས་ཏེ་རིམ་གྱིས་མི་དེ་རྣམས་ལ་གཟིགས་ཤིང་དེ་དག་གི་སེམས་གྱོང་པོ་ཡིན་པ་ལ་ཐུགས་སྐྱོ་བར་གྱུར་པ༌དང༌། མི་དེར་ལག་པ་རྐྱོངས་ཤིག་ཅེས་གསུངས་པ་དང་ཁོས་ལག་པ་བརྐྱངས་ཤིང་སོས་པར་གྱུར། 6ཕ་རུ་ཤི་པ་རྣམས་ཆོས་ཁང་ལས་ཕྱིར་སོང༌སྟེ། ཧེ་རོ་དཱའི་ཕྱོགས་ཁག་དང་མཉམ་དུ་སྐྱབས་མགོན་ཡེ་ཤུ་དགྲོང་བར་གྲོས་བྱས༌སོ།།

མི་མང་པོ་སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲང༌བ།

7དེ་ནས་སྐྱབས་མགོན་ཡེ་ཤུ་དང་ཁོང་གི་ཐུགས་སྲས་རྣམས་མཚོ་འགྲམ་དུ་ཕེབས་པ༌ལ། མི་ཤིན་ཏུ་མང་པོ་ཞིག་ག་ལིལ་ཡུལ་ནས་ཁོང་གི་རྗེས་སུ་འབྲངས་ཤིང་། 8མི་གཞན་མང་པོས་ཀྱང་ཁོང་གིས་མཛད་པའི་དོན་ངོ་མཚར་ཅན་ཐམས་ཅད་ཐོས་ཏེ་ཡ་ཧུ་དཱའི་ཡུལ༌དང༌། ཡེ་རུ་སཱ་ལེམ། ཨི་དུམ་ཡཱ༌ཡུལ། ཡོར་དན་གཙང་པོའི་ཕ༌རོལ། ད་དུང་ཐཱར་དང་ཚི་ཏུན་སོགས་ཀྱི་ས་ཆ་ནས་ཁོང་གི་དྲུང་དུ་ཡོང་ངོ༌།། 9གནས་དེར་མི་མང་ཞིང་མི་རྣམས་འཚང་ཁ་མི་རྒྱག་པའི༌ཕྱིར། ཁོང་གིས་ཐུགས་སྲས་རྣམས་ལ་མཚོ་གྲུ་ཞིག་སྟ་གོན་བྱེད་དུ་བཅུག 10ཁོང་གིས་མི་མང་པོའི་ནད་འཇོམས་པར་མཛད༌པས། ན་བ་ཡོད་པ་ཐམས་ཅད་ཀྱིས་ཁོང་ལ་རེག་པའི་ཆེད་དུ་འཚང་ཁ་བརྒྱབ༌པ་རེད། 11གདོན་འདྲེ་རྣམས་དུས་ནམ་ཡང་ཁོང་ལ་མཇལ་བ་ཙམ་གྱིས་ཁོང་གི་དྲུང་དུ་ཕྱག་འཚལ་བཞིན་སྐད་ཆེན་པོ་བརྒྱབ་སྟེ། ཁྱེད་ནི་དཀོན་མཆོག་གི་སྲས་ཡིན་ཞེས་སྨྲས། 12སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་རང་ཉིད་ནི་སུ་ཡིན་པ་མི་གཞན་ལ་མི་བསྒྲག་པར་ནན་གྱིས་བསྐུལ༌ཏོ།།

ཐུགས་སྲས་བཅུ་གཉིས་བདམས༌པ།

13དེ་ནས་སྐྱབས་མགོན་ཡེ་ཤུ་རི་བོ་ཞིག་ཏུ་ཕེབས་ཏེ་རང་ཉིད་ཀྱི་དགོངས་པ་ལྟར་མི་ལ་ཞལ་འབོད་གནང་ཞིང་མི་དེ་རྣམས་ཀྱང་ཁོང་གི་དྲུང་དུ་ཡོང༌། 14ཁོང་གིས་ཐུགས་སྲས་བཅུ་གཉིས་བསྐོས༌ཏེ། དུས་རྒྱུན་དུ་ཁོང་དང་མཉམ་དུ་སྡོད་པ༌དང༌། ཁོ་རྣམས་ཀྱང་ཆོས་བསྒྲག་པར་མངག་ངེས་པར་མ༌ཟད། 15གདོན་འདྲེ་ཕྱི་རུ་སྐྲོད་པའི་དབང་ཡང་གནང་བའི་ཕྱིར་རོ།། 16ཁོང་གིས་བསྐོས་པའི་མི་བཅུ་གཉིས་པོ་ནི་པེ་ཏྲོ་ཞེས་བཏགས་པའི་སི་མོན༌དང༌། 17ཟེ་བད་ཡཱ་ཞེས་བྱ་བའི་བུ་ཡ་ཀོབ༌དང༌། ཡ་ཀོབ་ཀྱི་སྤུན་ཡོ་ཧ༌ནན། དེ་གཉིས་ཀྱི་མིང་ལ་པཱ་ནེར་གེ་ཞེས་བཏགས་ཤིང་འབྲུག་སྒྲའི་བུ་ཞེས་པའི་དོན་ཡིན། 18གཞན༌ཡང༌། ཨན་དྲི་ཡཱ༌དང༌། ཕི་ལིབ། པཱར་ཐོ་ལོ༌མཱ། མད༌ཐཱ། ཐོ༌མཱ། ཨལ་ཕཱའི་བུ་ཡ་ཀོབ༌དང༌། ཐད༌དཱ། བརྩོན་འགྲུས་ཅན་སི་མོན་དང༌། 19ཕྱིས་སུ་ཁོང་ལ་ངོ་ལོག་བྱེད་མཁན་ཨི་སི་ཀར་རེའི་ཡུ་དཱ་ཞེས་པ་བཅས་ཡིན༌ནོ།།

སྐྱབས་མགོན་ཡེ་ཤུ་དང་པེ་ཨལ་བཟི༌པད།

20དེ་ནས་སྐྱབས་མགོན་ཡེ་ཤུ་རང་ཉིད་ཀྱི་བཞུགས་གནས་སུ་ཕེབས་པ༌ན། མི་ཚོགས་སླར་ཡང་འཛོམས་པས་ཁོང་རྣམས་ལ་ཞལ་ཟས་བཞེས་ཁོམ་ཡང་མ་བྱུང་ངོ་༎ 21ཁོང་གི་ཁྱིམ་མི་རྣམས་ཀྱིས་གཏམ་དེ་ཐོས་ནས་ཁོང་སྨྱོས་པ་རེད་ཅེས་སྨྲས་པ་དང་ཁོང་ཉིད་འཛིན་ཏུ་སོང༌། 22ཡེ་རུ་སཱ་ལེམ་ནས་ཡོང་བའི་མཁན་པོ་རྣམས་ཀྱིས་ཁོང་ལ་པེ་ཨལ་བཟི་པད་ཞུགས་ཤིང་ཁོང་གིས་བདུད་ཀྱི་རྒྱལ་པོར་བརྟེན་ནས་གདོན་འདྲེ་སྐྲོད་བཞིན་འདུག་ཅེས་སྨྲས་སོ།། 23དེ་ནས་སྐྱབས་མགོན་ཡེ་ཤུས་མཁན་པོ་རྣམས་བོས་ཏེ་དཔེའི་སྒོ་ནས་འདི་སྐད༌དུ། བདུད་སཱ་ཏན་གྱིས་སཱ་ཏན་རང་ཉིད་ཇི་ལྟར་སྐྲོད་ནུས༌སམ། 24གལ་ཏེ་རྒྱལ་ཁམས་ཤིག་ལ་ནང་འཁྲུག་བྱུང་ན་རྒྱལ་ཁམས་དེ་བརྟན་པོར་གནས་མི་ཐུབ༌ལ། 25ཁྱིམ་ཚང་ཞིག་ལ་ནང་འཁྲུག་བྱུང་ན་ཁྱིམ་ཚང་དེ་ཡང་བརྟན་པོར་གནས་མི་ཐུབ། 26གལ་ཏེ་བདུད་སཱ་ཏན་གྱིས་རང་གིས་རང་ལ་རྒོལ་ན་བདུད་དེ་བརྟན་པོར་གནས་མི་ཐུབ་ཅིང་བརླག་པར་འགྱུར་རོ༎ 27མི་སྟོབས་ཅན་གྱི་ཁྱིམ་དུ་འཛུལ་ནས་རྒྱུ་ནོར་འཕྲོག་ཐུབ་མཁན་སུ་ཡང་མེད༌དེ། ཐོག་མར་མི་དེ་བཟུང་ནས་བཀྱིགས༌ཚེ། ད་གཟོད་མི་དེའི་ཁྱིམ་ཚང་འཕྲོག་ནུས༌པ་ཡིན། 28ངས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། མིའི་སྡིག་པ་ཐམས་ཅད་དང་སྐུར་བ་ཅི་ཞིག་བཏབ་ཀྱང་སྡིག་པ་བསལ་ནའང༌། 29དམ་པའི་ཐུགས་ཉིད་ལ་སྐུར་བ་འདེབས་མཁན་དེའི་སྡིག་པ་ནི་ནམ་ཡང་བསལ་བར་མི་འགྱུར་ལ། རྒྱུན་ནས་རྒྱུན་དུ་སྡིག་པ་འཁུར་དགོས་ཞེས་གསུངས། 30ཁོང་གིས་འདི་ལྟར་གསུངས་དོན་ནི་མི་དེ་རྣམས་ཀྱིས་ཁོང་ཉིད་གདོན་འདྲེས་བཟུང་འདུག་ཅེས་སྨྲས་པའི་ཕྱིར༌རོ།།

སྐྱབས་མགོན་ཡེ་ཤུའི་ཡུམ་དང་ཁོང་གི་སྐུ་མཆེད༌སྐོར།

31དུས༌དེར། སྐྱབས་མགོན་ཡེ་ཤུའི་ཡུམ་དང་ཁོང་གི་སྐུ་མཆེད་རྣམས་སླེབས་ཏེ། ཕྱི་རོལ་ཏུ་བསྡད་ནས་མི་ཞིག་ཁོང་འབོད་དུ་མངགས། 32མི་མང་པོ་ཁོང་གི་མཐའ་བསྐོར་ནས་བསྡད་ཡོད་ཅིང་། དེ་རྣམས་ན༌རེ། ཁྱེད་ཀྱིས་གཟིགས༌དང༌། ཁྱེད་ཀྱི་ཡུམ་དང་སྐུ་མཆེད་རྣམས་ཀྱིས་སྒོའི་ཕྱི་རོལ་ནས་ཁྱེད་རང་འཚོལ་བཞིན་འདུག་ཅེས་ཞུས་པ༌ལ། 33ཁོང་གིས་འདི་སྐད༌དུ། ངའི་མ་དང་ངའི་སྤུན་ནི་སུ་ཡིན་ནམ་ཞེས་གསུང༌བཞིན། 34མཐའ་སྐོར་གྱི་མི་རྣམས་ལ་གཟིགས་ཏེ་འདི་སྐད༌དུ། ལྟོས༌དང༌། ངའི་མ་དང་ངའི་སྤུན་ནི་མི་འདི་དག་ཡིན། 35དཀོན་མཆོག་གི་དགོངས་པ་ལྟར་སྒྲུབ་མཁན་ཐམས་ཅད་ནི་ངའི་མ་དང་སྤུན། ངའི་མིང་སྲིང་བཅས་ཡིན་ཞེས་གསུངས༌སོ།།

མར་ཀུ 4

ས་བོན་འདེབས་པའི་དཔེ།

1དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་མཚོ་འགྲམ་ནས་མི་དེ་རྣམས་ལ་ཆོས་གསུངས༌ཤིང༌། མི་ཤིན་ཏུ་མང་པོའང་གནས་དེར་འཛོམས༌པས། ཁོང་ཉིད་གྲུའི་ནང་དུ་ཕེབས་ཏེ་བཞུགས་པ་དང་མི་ཐམས་ཅད་མཚོ་འགྲམ་དུ་བསྡད། 2ཁོང་གིས་དཔེའི་སྒོ་ནས་ཆོས་མང་པོ་གསུངས་ཤིང་དེ་རྣམས་ལ་འདི་སྐད༌དུ། 3ཁྱོད་ཅག་གིས་ཉོན༌ཅིག ཞིང་འདེབས་མཁན་ཞིག་ཕྱི་རོལ་ཏུ་ཞིང་འདེབས་སུ་སོང་བ༌དང༌། 4ས་བོན་གཏོར༌སྐབས། ས་བོན་ཁ་ཤས་ལམ་ཁར་ཐོར་ཞིང་བྱ་རྣམས་ཡོང་ནས་ཟོས་པ༌དང༌། 5ས་བོན་ཁ་ཤས་ས་ཉུང་སའི་རྡོ་གསེབ་ཏུ་ཐོར་ཞིང་སའི་གཏིང་མི་ཟབ་པས་ཡར་སྐྱེས་པ་མགྱོགས༌ཀྱང༌། 6ཉི་མ་ཤར་ཚེ་རྙིད་ཅིང་རྩ་བ་མ་རྒྱས་པས་བསྐམས་པ་རེད། 7ས་བོན་ཁ་ཤས་ཚེར་མའི་གསེབ་ལ་ཐོར་ཞིང་ཚེར་མ་སྐྱེས་ཏེ་མར་མནན་ནས་འབྲས་བུ་མ་སྨིན༌ལ། 8ཡང་ས་བོན་ཁ་ཤས་ས་གཤིན་ནང་དུ་ཐོར་ཞིང་ཆེར་སྐྱེས་ནས་འབྲས་བུ་སྨིན༌ཏེ། དེ་དག་ལས་ཁ་ཤས་ལྡབ་སུམ་ཅུ༌དང༌། ཁ་ཤས་ལྡབ་དྲུག༌ཅུ། ཁ་ཤས་ལྡབ་བརྒྱ་བཅས་སྨིན་པ་ཡིན། 9རྣ་བ་ཡོད་པ་ཐམས་ཅད་ཀྱིས་གཏམ་འདིར་ཉོན་ཅིག་ཅེས་གསུངས༌སོ།། 10དེ་ནས་སྐྱབས་མགོན་ཡེ་ཤུ་གཅིག་པུ་བཞུགས་པའི་དུས༌སུ། ཁོང་གི་ཐུགས་སྲས་བཅུ་གཉིས་པོ་དང་རྗེས་འབྲང་པ་རྣམས་ཀྱིས་ཁོང་ལ་དཔེ་འདིའི་ནང་དོན་ཅི་ཡིན་དྲིས༌ཚེ། 11ཁོང་གིས་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་ནི་ཁྱོད་ཅག་ལ་མངོན་ཡང༌། ཕྱི་ཕྱོགས་པ་རྣམས་ལ་དོན་ཐམས་ཅད་དཔེ་རུ་བཀོད་ནས་བརྗོད༌པ་ཡིན། 12དེ་ནི་མི་དེ་རྣམས་ཀྱིས་མིག་གིས་མཐོང་ཡང་མི་ཤེས༌ལ། རྣ་བས་ཐོས་ཀྱང་དོན་མི་རྟོགས༌པའི་ཕྱིར་ཡིན་ལ། དེ་ལྟར་མིན་ན་ཁོ་རྣམས་ཕྱིར་འཁོར་ཞིང་སྡིག་པའང་བསལ་ངེས་ཡིན་ཞེས་གསུངས༌སོ།། 13ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་དཔེ་འདིའི་དོན་ཡང་མི་ཤེས༌སམ། དེས་ན་དཔེ་ཐམས་ཅད་ཀྱི་དོན་ཇི་ལྟར་ཤེས་ཐུབ༌བམ། 14དེ་ནི་ཞིང་འདེབས་མཁན་གྱིས་བཏབ་པ་ནི་དཀོན་མཆོག་གི་བཀའ་ཡིན། 15ས་བོན་ལམ་ཁར་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་མ་ཐག་ཏུ་བདུད་སཱ་ཏན་ཡོང་ནས་མི་དེའི་སེམས་ནང་གི་བཀའ་ཕྲོགས་ཏེ་ཁྱེར་སོང་བ་རྣམས་ཡིན། 16དེ་བཞིན་དུ་ས་ཉུང་སའི་རྡོ་གསེབ་ཏུ་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་པ་ཙམ་གྱིས་དགའ་ཞིང་དང་དུ་བླངས༌ནའང༌། 17སེམས་སུ་རྩ་བ་མ་རྒྱས་པས་དུས་ཡུན་ཐུང་ངུ་ལ་གནས་ཀྱང་བཀའ་དེའི་རྐྱེན་གྱིས་དཀའ་སྡུག་དང་གནོད་འཚེ་བྱུང་མ་ཐག་དད་པ་ལོག་པ་རྣམས་ཡིན། 18ཡང་ཚེར་མའི་གསེབ་ལ་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས༌རྗེས། 19འཇིག་རྟེན་གྱི་སེམས་ཁུར༌དང༌། རྒྱུ་ནོར་གྱི་བསླུ༌བྲིད། འདོད་ཆགས་སྣ་ཚོགས་བཅས་ཀྱི་དབང་གིས་བཀའ་མནན་ནས་རང་སེམས་སུ་འབྲས་བུ་སྨིན་མ་ཐུབ་པ་རྣམས་ཡིན། 20ཡང་ས་གཤིན་ནང་དུ་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་ཤིང་སེམས་སུ་བླངས་པ་དང་འབྲས་བུ་སྨིན་ཐུབ་པ་རྣམས་ཡིན༌ཏེ། འབྲས་བུ་ཁ་ཤས་ལྡབ་སུམ་ཅུ༌དང༌། ཁ་ཤས་ལྡབ་དྲུག༌ཅུ། ཁ་ཤས་ལྡབ་བརྒྱ་བཅས་སྨིན་པ་ཡིན་ཞེས་གསུངས༌སོ།།

སྒྲོན་མེ་དང་ས་བོན་གྱི༌དཔེ།

21དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མིས་སྒྲོན་མེ་ཁྱེར་འོངས་པ་ནི་བྲེའམ་མལ་ཁྲིའི་འོག་ཏུ་འཇོག་པའི་ཕྱིར་མ་ཡིན༌པར་སྒྲོན་སྟེགས་སྟེང་དུ་འཇོག་པའི་ཕྱིར་ཡིན་ལ། 22དེ་ནི་སྦས་པའི་དོན་ཐམས་ཅད་མི་མངོན་པ་ཅི་ཡང་མེད༌ལ། གསང་བའི་དོན་ཐམས་ཅད་ཀྱང་མི་མངོན་པ་ཅི་ཡང་མེད། 23རྣ་བ་ཡོད་པ་ཐམས་ཅད་ཀྱིས་གཏམ་འདིར་ཉོན་ཅིག་ཅེས་གསུངས༌སོ།། 24ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་རྣ་བས་ཐོས་པ་དག་ལའང་གཟབ་པར༌གྱིས། ཁྱོད་ཅག་གིས་སྣོད་ཅི་ལྟ་བུ་ལས་མི་གཞན་ལ་བྱིན༌ན། ཁྱོད་ཅག་ལའང་དེ་འདྲ་ཞིག་གནང་བར་མ༌ཟད། དེ་ལས་ལྷག་པ་ཞིག་ཀྱང་གནང་བར་འགྱུར། 25རྒྱུ་མཚན་ནི་སུ་ཞིག་ལ་ཡོད་པ་དེ་ལ་ད་དུང་ཡང་གནང་ངེས༌ཤིང༌། སུ་ཞིག་ལ་མེད་པ་དེ་ལས་ཉུང་ཙམ་ཡོད་པ་དེ་ཡང་ཕྱིར་ལེན་པར་འགྱུར་ཞེས་གསུངས༌སོ།། 26ཡང་ཁོང་གིས་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་ནི་མིས་ཞིང་ལ་ས་བོན་བཏབ་པ་དང་འདྲ༌སྟེ། 27མཚན་མོར་གཉིད་ཅིང་ཉིན་མོར་ཡར་ལངས༌ཤིང༌། ས་བོན་ལ་རིམ་བཞིན་མྱུ་གུ་འབུས་ཏེ་སྐྱེས་པ༌དང༌། མི་དེས་ཇི་ལྟར་བྱུང་བའང་མི་ཤེས། 28ས་གཞིས་འབྲུ་རིགས་བསྐྱེད་པ་ནི་རང་བཞིན་གྱིས་ཡིན༌ཏེ། ཐོག་མར་མྱུ་གུ་འབུས་པ་དང་དེ་ནས་སྙེ་མ་ཐོགས༌པ། མཇུག་མཐར་སྙེ་མ་ལས་འབྲུ་རྡོག་སྨིན༌པ། 29ཐ་མར་འབྲུ་རིགས་སྨིན་ནས་འབྲེག་རན་དུ་སླེབས་ཚེ། ས་བོན་འདེབས་མཁན་གྱིས་ཟོར་བས་འབྲེག་པ་ཡིན་ཞེས་གསུངས༌སོ།། 30ཡང་ཁོང་གིས་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་ལ་གང་ཞིག་གིས་བསྡུར་ཐུབ༌བམ། དཔེ་གང་ཞིག་གིས་མཚོན་ནུས༌སམ། 31དེ་ནི་ཡུངས་འབྲུའི་ས་བོན་ཞིག་དང་འདྲ༌སྟེ། ཞིང་འདེབས་པའི་དུས༌སུ། ས་སྟེང་གི་ས་བོན་གཞན་ཐམས་ཅད་ལས་ཆུང༌ཡང༌། 32ས་བོན་བཏབ་རྗེས་ཆེར་སྐྱེས་ནས་སྔོ་ཚལ་གྱི་རིགས་སྣ་ཚོགས་ལས་ཆེ་ཞིང་ཡལ་ག་ཆེན་པོ་ཐོགས༌ཏེ། ནམ་མཁའི་བྱ་ཡིས་ཀྱང་དེའི་གྲིབ་བསིལ་འོག་ཏུ་ཚང་བཟོ་བ་ཡིན་ཞེས་གསུངས༌སོ།། 33སྐྱབས་མགོན་ཡེ་ཤུས་དཔེ་དེ་ལྟ་བུ་མང་པོ་བཀོད་ནས་མི་རྣམས་ཀྱིས་དཔེ་དོན་ཅི་ཙམ་ཤེས་ནུས་པ་བཞིན་དཀོན་མཆོག་གི་བཀའ་གསུངས། 34ཁོང་གིས་དཔེ་མ་བཀོད་པར་དེ་རྣམས་ལ་ཅི་ཡང་མ་གསུངས༌མོད། འོན་ཀྱང་མི་གཞན་མེད་པའི་དུས་སུ་དཔེ་རྣམས་ཀྱི་དོན་ཐམས་ཅད་ཐུགས་སྲས་རྣམས་ལ་གསུངས༌སོ།། 35ཉིན་དེའི་མཚན༌མོར། སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་བདག་ཅག་མཚོའི་ཕ་རོལ་ཏུ་འགྲོའོ་ཞེས་གསུངས༌ཤིང༌། 36ཐུགས་སྲས་རྣམས་ཀྱང་མི་ཚོགས་དང་ཁ་བྲལ་ཏེ་སྐྱབས་མགོན་ཡེ་ཤུ་བཞུགས་ཡོད་པའི་མཚོ་གྲུ་བཏང་ནས་མཉམ་དུ་ཕེབས་ཤིང་། གྲུ་གཞན་དག་ཀྱང་ཁོང་དང་འགྲོགས་ནས་སོང་ངོ༌།། 37གློ་བུར་དུ་རླུང་ཆེན་གཡུགས་ཏེ་རྦ་རླབས་གྲུའི་ནང་དུ་བརྒྱབ་པ་དང་མཚོ་གྲུའི་ནང་དུ་ཆུས་འགེང་བཞིན་ཡོད། 38སྐྱབས་མགོན་ཡེ་ཤུ་མཚོ་གྲུའི་མཇུག་ཏུ་སྔས་མགོར་སྔས་ཏེ་གཟིམས་པ༌ལ། ཐུགས་སྲས་རྣམས་ཀྱིས་ཁོང་གཟིམས་ལས་བསླངས༌ཏེ། སློབ་དཔོན༌ལགས། བདག་ཅག་འཆི་ལ༌ཉེའོ།། ཁྱེད་ཀྱིས་ཐུགས་ཁུར་མི་མཛད་དམ་ཞེས་ཞུས་པ༌དང༌། 39ཁོང་སད་དེ་རླུང་ལ་བཀའ་བཀྱོན་མཛད་ཅིང་མཚོ་ལ་མཚམས་ཞོག༌ཅིག ཞི་བར་གྱུར་ཅིག་ཅེས་གསུངས་མ༌ཐག རླུང་གཡུག་མཚམས་ཆད་ཅིང་ཡོངས་སུ་ཞི་བར་གྱུར་ཏོ།། 40དེ་ནས་ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཁྱོད་རྣམས་ཅིའི་ཕྱིར་འཇིགས༌སམ། ཁྱོད་ཅག་ལ་ད་དུང་དད་པ་མེད་དམ་ཞེས་གསུངས་པ༌དང༌། 41ཁོ་རྣམས་ཤིན་ཏུ་འཇིགས་ཤིང་སྐྲག་སྟེ་ཕན་ཚུན་ལ་འདི་ནི་སུ་ཡིན༌ནམ། རླུང་དང་མཚོ་ཡིས་ཀྱང་ཁོང་གི་བཀའ་ལ་མཉན་པ་རེད་ཅེས་སྨྲས༌སོ།།

མར་ཀུ 5

གདོན་འདྲེས་བཟུང་བའི་མི་ཞིག་གསོས༌པ།

1དེ་ནས་ཁོང་རྣམས་མཚོའི་ཕ་རོལ་གྱི་གེ་ར་སཱ་ཡུལ་དུ་ཕེབས༌ཤིང༌། 2སྐྱབས་མགོན་ཡེ་ཤུ་མཚོ་གྲུ་ལས་བབས་མ༌ཐག དུར་ཁྲོད་ནས་གདོན་འདྲེས་བཟུང་བའི་མི་ཞིག་ཐོན་ཏེ་ཁོང་ལ་མཇལ་བ༌དང༌། 3མི་དེ་ནི་རྒྱུན་དུ་དུར་ཁྲོད་དུ་བསྡད་ཡོད༌ཅིང་། མི་སུས་ཀྱང་ཁོ་བཟུང་ནས་བཀྱིགས་མ་ནུས༌ཤིང༌། ཐ་ན་ལྕགས་ཐག་གིས་ཀྱང་བཀྱིག་མི་ནུས་སོ།། 4ཅིའི་ཕྱིར་ཞེ༌ན། མི་རྣམས་ཀྱིས་ཐེངས་མང་པོར་ཁོ་རང་ལྕགས་ཐག་གིས་བཀྱིགས་ཤིང་ལྕགས་སྒྲོག་བརྒྱབ་མྱོང༌ནའང༌། ཁོས་ལྕགས་ཐག་བཅད་ཅིང་ལྕགས་སྒྲོག་ཀྱང་དུམ་བུར་བཏང་བས་སུས་ཀྱང་ཁོ་འདུལ་མ་ནུས། 5ཁོས་ཉིན་མཚན་ཀུན་ཏུ་དུར་ཁྲོད་དང་རི་གསེབ་ནས་སྐད་ངན་སྒྲོག་ཅིང་རྡོ་ཡིས་རང་གི་ལུས་ལ་རྒྱག་གོ། 6ཁོས་རྒྱང་རིང་ནས་སྐྱབས་མགོན་ཡེ་ཤུ་མཐོང་སྟེ་བརྒྱུགས་ཡོང་ནས་ཁོང་ལ་ཕྱག་འཚལ་ལོ།། 7-8སྐྱབས་མགོན་ཡེ་ཤུས་དེ་སྔོན་གདོན་འདྲེ་དེ་ལ་འདི་སྐད༌དུ། གདོན་འདྲེ་ཁྱོད་མི་འདི་ལས་ཕྱིར་བུད་ཅིག་ཅེས་བཀའ་བསྩལ་ཡོད༌པས། དེས་སྐད་ཆེན༌པོས། ཀྱེ། བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ༌ལགས། ངེད་གཉིས་ཀྱི་བར་དུ་འབྲེལ་བ་ཅི་མཆིས༌སམ། ངས་དཀོན་མཆོག་དཔང་དུ་བཙུགས་ནས་ཁྱེད་ལ༌ཞུ། ང་རང་སྡུག་ལ་མི་སྦྱོར་བར་མཛོད་ཅེས་ཞུས་སོ།། 9དེ་ནས་ཁོང་གིས་མི་དེ་ལ་ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པ༌ན། ཁོ་ན༌རེ། ངེད་ཅག་གྲངས་ཀ་མང་བའི་རྐྱེན་གྱིས་ངའི་མིང་ལ་དཔུང་ཚོགས་ཟེར་ཞེས་ཞུས་པ༌དང༌། 10གདོན་འདྲེ་རྣམས་གནས་འདི་ནས་ཡུལ་གཞན་དུ་མི་བསྐྲོད་པའི་ཕྱིར་ཁོང་ལ་ཞུ་བ་ནན་གྱིས་ཞུས་སོ།། 11དེའི་ཚེ་རི་སྒང་ནས་ཕག་ཁྱུ་ཆེན་པོ་ཞིག་འཚོ་བཞིན་ཡོད་པ༌དང༌། 12གདོན་འདྲེ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་ལ་ངེད་ཅག་ཕག་ཁྱུའི་ནང་དུ་འཇུག་པར་མཛོད་ཅེས་ཞུ་བ་ཞུས་པ༌ན། 13ཁོང་གིས་ཀྱང་དེ་རྣམས་ཀྱི་ཞུ་བ་ལྟར་གནང༌བས། གདོན་འདྲེ་རྣམས་ཕྱི་རུ་ཐོན་ཏེ་ཕག་གི་ནང་དུ་ཞུགས་པ༌དང༌། ཕག་ཉིས་སྟོང་ཙམ་ཡོད་པ་རྣམས་གཡང་གཟར་དུ་བརྒྱུགས་ཤིང་མཚོ་ནང་དུ་ལྷུང་སྟེ་ནུབ་ནས༌ཤིའོ།། 14དེ་ནས་ཕག་རྫི་རྣམས་བྲོས་ནས་གྲོང་ཁྱེར་དང་ཡུལ་འཁོར་གྱི་མི་རྣམས་ལ་གནས་ཚུལ་དེ་བཤད་པས་མི་རྣམས་ཅི་བྱུང་བར་བལྟ་རུ་ཡོང༌། 15ཁོ་རྣམས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་སླེབས༌དུས། དེ་སྔོན་དཔུང་ཚོགས་ཞེས་པའི་གདོན་འདྲེས་བཟུང་བའི་མི་དེ་དྲན་པ་སོས་ཤིང་ལུས་ལ་ལྭ་བ་གྱོན་ནས་ཙོག་པུར་བསྡད་ཡོད་པ་མཐོང་སྟེ་འཇིགས་སྣང་སྐྱེས་སོ།། 16གནས་ཚུལ་དེ་མཐོང་མཁན་རྣམས་ཀྱིས་གདོན་འདྲེས་བཟུང་བའི་མི་དང་ཕག་ཁྱུ་གཉིས་ལ་བྱུང་བའི་དོན་དེ་མི་ཚོགས་ལ་སྨྲས་པ༌དང༌། 17མི་ཚོགས་ཀྱིས་སྐྱབས་མགོན་ཡེ་ཤུ་ཁོ་རྣམས་ཀྱི་ཡུལ་དང་འབྲལ་དགོས་པར་ཞུ་བ་བྱས་སོ།། 18དེ་ནས་སྐྱབས་མགོན་ཡེ་ཤུ་མཚོ་གྲུའི་ནང་དུ་ཕེབས་པའི་དུས༌སུ། སྔར་གདོན་འདྲེས་བཟུང་བའི་མི་དེས་ཁོང་དང་ལྷན་དུ་འགྲོ་རུ་འཇུག་པར་ཞུ་བ་ཞུས༌ཀྱང༌། 19ཁོང་གིས་ཁས་མ་བླངས་པར་མི་དེ་ལ་འདི་སྐད༌དུ། ཁྱོད་རང་ཡུལ་དུ་སོང༌དང༌། གཙོ་བོས་ཁྱོད་ལ་དོན་ཆེན་ཅི་ལྟ་བུ་མཛད་པ་དང་ཇི་ལྟར་སྙིང་རྗེ་གནང་བའི་དོན་དེ་རྣམས་རང་གི་གཉེན་ཉེ་རྣམས་ལ་ཤོད་ཅིག་ཅེས་བཀའ་གནང་ངོ༌།། 20དེ་ནས་མི་དེ་དི་ཁ་པའོ་ལེའི་མངའ་ཁོངས་སུ་སོང་ནས་སྐྱབས་མགོན་ཡེ་ཤུས་ཁོ་ལ་ཕན་ཆེན་པོ་ཅི་ལྟ་བུ་བཏགས་པ་རྣམས་བསྒྲགས་ཤིང་མི་ཐམས་ཅད་ངོ་མཚར་བར་གྱུར༌ཏོ།།

མོ་ནད་བསལ་བ་དང་ཤི་ཟིན་པའི་བུ་མོ་ཞིག་སླར་གསོན་པར་མཛད༌པ།

21ཡང་སྐྱབས་མགོན་ཡེ་ཤུ་མཚོ་གྲུར་བཞུགས་ཏེ་མཚོའི་ཕ་རོལ་ནས་ཕྱིར་ཕེབས་པ༌ན། མི་ཤིན་ཏུ་མང་པོ་ཁོང་གི་དྲུང་དུ་འདུས་ཤིང་ཁོང་ཉིད་མཚོ་འགྲམ་དུ་བཞུགས་སོ།། 22དེ་ནས་ཆོས་ཁང་གི་དབུ་འཛིན་པ་ཡ་ཨིར་ཟེར་བ་དེ་སྐྱབས་མགོན་ཡེ་ཤུར་མཇལ་དུ་ཡོང་བ་དང་ཁོང་གི་ཞབས་དྲུང་དུ་ཕྱག་འཚལ་ཏེ་ན༌རེ། 23ངའི་བུ་མོ་ཆུང་བ་དེ་འཆི་ལ་ཉེ༌བས། ཁོ་མོ་ནད་ལས་ཐར་ཏེ་གསོན་པའི༌ཕྱིར། ཁྱེད་རང་ཕེབས་ནས་ཁོ་མོའི་ལུས་སྟེང་དུ་ཕྱག་འཇོག་པར་མཛོད་ཅེས་ཞུ་བ་ཡང་ཡང་བྱས་པ༌ལ། 24སྐྱབས་མགོན་ཡེ་ཤུའང་ཁོ་དང་མཉམ་དུ་ཕེབས་པ་དང་མི་ཤིན་ཏུ་མང་པོའང་ཁོང་གི་རྗེས་སུ་འབྲངས་ནས་འཚང་ཁ་བརྒྱབ་ཅིང་མཐའ་བསྐོར༌ཏོ།། 25དེའི༌ཚེ། ཁྲག་འཛིར་བའི་མོ་ནད་བྱུང་སྟེ་ལོ་བཅུ་གཉིས་འགོར་བའི་བུད་མེད་ཅིག་ཡོད་པ༌ལ། 26སྨན་པ་མང་པོར་བསྟེན་ནས་སྡུག་བསྔལ་མང་པོ་མྱངས༌ཤིང༌། ཁོ་མོ་ལ་ཅི་ཡོད་པ་ཐམས་ཅད་བཀོལ་ཚར་ནའང་ཕན་པ་ཅི་ཡང་མེད་པར་ནད་ཇེ་སྡུག་ལ་སོང་། 27ཁོ་མོས་སྐྱབས་མགོན་ཡེ་ཤུའི་སྐོར་ཐོས༌ཏེ། མི་ཚོགས་ཀྱི་དཀྱིལ་ནས་ཁོང་གི་སྐུ་རྒྱབ་ཏུ་ཡོང་སྟེ་ན་བཟའ་ལ་རེག་གོ། 28དེ་ནི་ཁོ་མོས་སེམས་སུ་ངས་ཁོང་གི་ན་བཟའ་ལ་རེག་ན་ང་རང་ནད་ལས་ཐར་ངེས་ཡིན་སྙམ་པ་རེད། 29དེ་མ་ཐག་ཏུ་ཁོ་མོའི་ཁྲག་འཛིར་མཚམས་ཆད་དེ་རང་ལུས་ཀྱི་ནད་སོས་པའང་ཤེས་སོ།། 30སྐྱབས་མགོན་ཡེ་ཤུས་ཀྱང་དེ་མ་ཐག་རང་གི་སྐུ་གཟུགས་ནས་ནུས་མཐུ་ཞིག་ཕྱིར་ཐོན་པ་ཐུགས་ལ་མཁྱེན༌ཏེ། མི་ཚོགས་ཀྱི་དཀྱིལ་དུ་ཞལ་ཕྱིར་འཁོར་ནས་སུས་ངའི་ལྭ་བར་རེག་པ་ཡིན་ནམ་ཞེས་གསུངས་པ༌དང༌། 31ཐུགས་སྲས་རྣམས་ན༌རེ། མི་ཚོགས་ཀྱིས་འཚང་ཁ་བརྒྱབ་ནས་ཁྱེད་ཀྱི་མཐའ་བསྐོར་བ་ཁྱེད་ཀྱིས་ཀྱང་གཟིགས༌པས། ཅིའི་ཕྱིར་དེ་ལྟར་དྲིའམ་ཞེས་སྨྲས། 32དེ་ནས་ཁོང་གིས་རང་ཉིད་ལ་རེག་པའི་བུད་མེད་དེ་མཐོང་བའི་ཕྱིར་མཐའ་སྐོར་དུ་གཟིགས་པ༌ལ། 33བུད་མེད་དེས་ཀྱང་རང་གི་ལུས་ལ་ཅི་ཞིག་བྱུང་བ་ཤེས༌པས། སྐྲག་ཅིང་འདར་བཞིན་ཁོང་གི་སྐུ་དྲུང་དུ་ཕྱག་འཚལ་ཏེ་གནས་ཚུལ་དངོས་ཐམས་ཅད་ཁོང་ལ་ཞུས་སོ།། 34སྐྱབས་མགོན་ཡེ་ཤུས་ཁོ་མོ་ལ་འདི་སྐད༌དུ། བུ༌མོ། ཁྱོད་ཀྱི་དད་པས་ཁྱོད་རང་བསྐྱབས༌པ་ཡིན། བདེ་བར་ཕྱིར་སོང༌དང༌། དུས་ད་ནས༌བཟུང༌། ཁྱོད་རང་ནད་འདི་ལས་ཐར་བ་ཡིན་ཞེས་གསུངས༌སོ།། 35ཡང་ཁོང་གིས་དེ་ལྟར་གསུང་བཞིན་པའི་དུས༌སུ། མི་འགའ་ཞིག་ཆོས་ཁང་གི་དབུ་འཛིན་པའི་ཁྱིམ་ནས་ཡོང་སྟེ་ན༌རེ། ཁྱེད་ཀྱི་བུ་མོ་ཤི་ཟིན་པས་ད་ལྟ་སློབ་དཔོན་ལ་འོ་བརྒྱལ་ཅི་ལ་བྱེད་ཅེས་སྨྲས་པ༌ན། 36སྐྱབས་མགོན་ཡེ་ཤུས་གཏམ་དེ་གསན་ནས་ཆོས་ཁང་གི་དབུ་འཛིན་པ་ལ་འདི་སྐད་དུ། མ་འཇིགས་པར་དད་པ་ཁོ་ན་བྱོས་ཤིག་ཅེས་གསུངས་པ༌དང༌། 37པེ་ཏྲོ་དང་ཡ༌ཀོབ། ཡ་ཀོབ་ཀྱི་སྤུན་ཡོ་ཧ་ནན་བཅས་ཁྲིད་པ་ལས་གཞན་སུ་ཡང་ཁོང་གི་རྗེས་སུ་འབྲང་དུ་མ་བཅུག་གོ། 38ཁོང་རྣམས་ཆོས་ཁང་གི་དབུ་འཛིན་པའི་ཁྱིམ་དུ་སླེབས་པ༌ན། སྐྱབས་མགོན་ཡེ་ཤུས་གནས་དེར་འུར་སྒྲ་ཆེ་བ་དང་མི་མང་པོ་ངུ་ཞིང་མྱ་ངན་བྱེད་བཞིན་པ་གཟིགས༌ཏེ། 39ཁྱིམ་ནང་དུ་ཕེབས་ཏེ་འདི་སྐད༌དུ། འུར་བརྒྱབ་ནས་ངུ་དོན་ཅི་ཡིན༌ནམ། བུ་མོ་འདི་ཤི་བ་མ་ཡིན་པར་གཉིད་འདུག་ཅེས་གསུངས་པ༌དང༌། 40མི་དེ་རྣམས་ཀྱིས་ཁོང་ལ་འཕྱ་དགོད་བྱས་མོད་ཀྱང་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ཐམས་ཅད་ཕྱི་རོལ་ཏུ་བསྐྲད༌ཅིང༌། བུ་མོ་དེའི་ཕ་མ་དང་ཁོང་དང་མཉམ་དུ་ཡོད་པ་རྣམས་ཁྲིད་ནས་བུ་མོ་ཡོད་སར་ཕེབས་པ༌དང༌། 41ཁོང་གིས་བུ་མོའི་ལག་པར་འཇུས་ཏེ་འདི་སྐད༌དུ། ཏ་ལི་ཐཱ་ཀུ་མེ་ཞེས་བཀའ་གནང་ཞིང་དོན་ནི་འདི་ལྟ༌སྟེ། བུ་མོ་ཆུང༌ཆུང༌། ངས་ཁྱོད་ལ་ཡར་ལོངས་ཟེར་བ་ཡིན་ཞེས༌པའོ།། 42དེ་མ་ཐག་ལོ་བཅུ་གཉིས་ལོན་པའི་བུ་མོ་དེ་ཡར་ལངས་ཤིང་འགྲོ་ཐུབ་པར་གྱུར་པས་གནས་དེར་ཡོད་པའི་མི་རྣམས་ངོ་མཚར་ཆེན་པོ་སྐྱེས། 43སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ལ་དོན་འདི་མི་གཞན་སུ་ལའང་ཤེས་སུ་མི་འཇུག་པར་ནན་གྱིས་བསྐུལ༌ཞིང༌། བུ་མོ་དེ་ལ་ཁ་ཟས་སྟེར་དགོས་པའི་བཀའ་ཡང་གནང༌ངོ༌།།

མར་ཀུ 6

ཡུལ་མི་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་ལ་བརྩི་བཀུར་མ་བྱས་པ།

1དེ་ནས་སྐྱབས་མགོན་ཡེ་ཤུ་ས་ཆ་དེ་དང་ཁ་བྲལ་ནས་རང་ཡུལ་དུ་ཕེབས་པ་དང་ཐུགས་སྲས་རྣམས་ཀྱང་ཁོང་གི་རྗེས་སུ་འབྲངས་སོ།། 2ངལ་གསོ་བའི་ཉིན༌ལ། སྐྱབས་མགོན་ཡེ་ཤུས་ཆོས་ཁང་ནས་མི་རྣམས་ལ་ཆོས་གསུངས་པ་དང་ཉན་མཁན་མང་པོས་ཆོས་ཐོས་ཤིང་ཧ་ལས༌ཏེ། མི་འདིར་ནུས་པ་དེ་ལྟ་བུ་རྣམས་གང་ནས་བྱུང་བ་ཡིན༌ནམ། ཁོང་ལ་གནང་ཡོད་པའི་ཤེས་རབ་ནི་ཅི་ཞིག་ཡིན་ནམ། ཁོང་གི་ཕྱག་གིས་མཛད་པ་དེ་ནི་ཅི་འདྲའི་ངོ་མཚར་ཆེ་ཨང་། 3མི་འདི་ནི་ཤིང་བཟོ་དེ་མ་ཡིན༌ནམ། ཁོ་རང་ནི་མིར་ཡམ་གྱི་བུ་སྟེ་ཡ་ཀོབ༌དང༌། ཡོ༌སེ། ཡུ༌དཱ། སི་མོན་བཅས་ཀྱི་གཅེན་པོ་མ་ཡིན༌ནམ། ཁོའི་སྲིང་མོ་རྣམས་ཀྱང་ཡུལ་འདི་རུ་བདག་ཅག་དང་མཉམ་དུ་ཡོད་པ་མ་ཡིན་ནམ་ཞེས་ཟེར༌ཞིང༌། མི་དེ་རྣམས་ཁོང་ལ་མི་དགའ་བར་གྱུར་ཏོ།། 4སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ལ་འདི་སྐད༌དུ། ལུང་སྟོན་པ་ལ་རང་ཡུལ་གྱི་མི༌དང༌། གཉེན༌ཉེ། ཁྱིམ་མི་ལས་གཞན་བརྩི་བཀུར་མི་བྱེད་མཁན་གཅིག་ཀྱང་མེད་ཅེས་གསུངས། 5ཁོང་གིས་ནད་པ་ཁ་ཤས་ཀྱི་ལུས་སྟེང་ལ་ཕྱག་བཞག་སྟེ་ནད་འཇོམས་པ་ལས༌ངོ་མཚར་བའི་དོན་གཞན་མཛད་མ་ནུས། 6མི་དེ་རྣམས་ལ་དད་པ་མེད་པས་ཁོང་ཡང་ཡ་མཚན་སྐྱེས་ཤིང་མཐའ་འཁོར་གྱི་ཡུལ་སྡེ་དག་ལ་ཆོས་གསུང་བར་ཕེབས༌སོ།།

ཐུགས་སྲས་བཅུ་གཉིས་པོ་ཡུལ་གཞན་དུ་མངགས༌པ།

7དེ་ནས་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་བཅུ་གཉིས་པོ་རང་གི་དྲུང་དུ་བོས༌ཏེ། ཁོ་རྣམས་ལ་གདོན་འདྲེ་འདུལ་བའི་དབང་གནང་བ་དང་མི་གཉིས་རེ་གཉིས་རེ་ཕྱི་རུ་མངགས༌ཤིང༌། 8ལམ་དུ་ཆས་སྐབས་མཁར་བ་ལས་གཞན་ལམ་བྲོ་དང་ཁུག༌མ། སྒོར་ཁུག་ནང་དངུལ་སྒོར་སོགས་ཅི་ཡང་མ་འཁྱེར༌ཅིག 9རྐང་པར་བསིལ་ལྷམ་གྱོན་པ༌ལས། ནང་གོས་ཉིས་བརྩེགས་མ་གྱོན་ཅིག་ཅེས་བཀའ་བསྒོས་པ༌དང༌། 10ཡང་ཁྱོད་རྣམས་ཡུལ་གང་དུ་སླེབས་ནའང་མིའི་ཁྱིམ་ཚང་དུ་སོང༌རྗེས། ས་ཆ་དེ་དང་ཁ་འབྲལ་བའི་བར་དུ་ཁྱིམ་དེར་སྡོད༌དང༌། 11ཡུལ་གང་གི་མི་ཡིས་ཁྱོད་རྣམས་ལ་གནས་ཚང་མི་གཏོང་ཞིང་ཁྱོད་ཅག་ལ་མི་ཉན༌ན། ཁྱོད་རྣམས་ས་ཆ་དེ་དང་འབྲལ་བའི་དུས༌སུ། ཁོ་རྣམས་མི་འགྲིག་པ་སྟོན་པའི་ཆེད་དུ་རྐང་པའི་སྟེང་གི་ས་རྡུལ་སྤྲུགས་ཤིག་ཅེས་གསུངས་སོ།། 12ཐུགས་སྲས་རྣམས་ཕྱི་རོལ་ཏུ་སོང་ནས་མི་རྣམས་ལ་འགྱོད་བཤགས་བྱེད་དགོས་པའི་ཆོས་བསྒྲགས༌ཤིང༌། 13གདོན་འདྲེ་མང་པོ་ཕྱིར་བསྐྲད་པ་དང་ནད་པ་མང་པོར་སྣུམ་གྱིས་བྱུགས་ཏེ་ནད་ལས་ཐར་དུ་བཅུག༌གོ།

ཁྲུས་གསོལ་མཁན་ཡོ་ཧ་ནན་བཀྲོངས༌པ།

14སྐྱབས་མགོན་ཡེ་ཤུའི་མཚན་སྙན་ཡུལ་གྲུ་ཀུན་ཏུ་ཁྱབ་པ་དང་རྒྱལ་པོ་ཧེ་རོ་དཱས་ཀྱང་གཏམ་དེ་ཐོས་སོ།། མི་གཞན་གྱིས་སྐྱབས་མགོན་ཡེ་ཤུ་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་འཆི་བ་ལས་སླར་གསོན་པ་ཡིན་པས་ཁོང་གིས་ནུས་མཐུ་འདི་དག་སྟོན་བཞིན་འདུག་ཅེས་སྨྲས༌ཤིང༌། 15མི་ལ་ལས་ཁོང་ནི་ཨེ་ལི་ཡཱ་ཡིན་ཟེར་བ༌དང༌། མི་ཁ་ཤས་ཀྱིས་ཁོང་ནི་ལུང་སྟོན་པ་ཞིག་སྟེ། གནའ་བོའི་ལུང་སྟོན་པའི་ཁྲོད་ཀྱི་གཅིག་དང་མཚུངས་ཞེས་སྨྲས་སོ།། 16འོན་ཀྱང་ཧེ་རོ་དཱས་གཏམ་དེ་དག་ཐོས་པ༌ན། དེ་ནི་ངས་མགོ་བོ་བཅད་པའི་ཡོ་ཧ་ནན་དེ་ཉིད་སླར་གསོན་པ་རེད་ཅེས་སྨྲས༌སོ།། 17དེ་ཡང་སྔོན་ཆད་ཧེ་རོ་ཡཱ་ཟེར་བ་ཞིག་ཡོད་པ་དེའི་རྐྱེན༌གྱིས། ཧེ་རོ་དཱས་མི་མངགས་ནས་ཡོ་ཧ་ནན་བཟུང་སྟེ་བཙོན་དུ་བཅུག་པ་རེད། རྒྱུ་མཚན་ཅི་ཞེ༌ན། ཧེ་རོ་ཡཱ་ནི་ཧེ་རོ་དཱའི་སྤུན་ཕི་ལིབ་ཀྱི་ཆུང་མ་ཡིན་ཡང་ཧེ་རོ་དཱས་རང་གི་ཆུང་མར་བླངས༌པས། 18ཡོ་ཧ་ནན་གྱིས་དེ་སྔར་ཧེ་རོ་དཱ་ལ་འདི་སྐད༌དུ། ཁྱོད་ཀྱིས་རང་གི་སྤུན་གྱི་ཆུང་མ་རང་ལ་ལེན་མི་རུང་ཞེས་གསུངས་སོ།། 19དེ་བས་ཧེ་རོ་ཡཱས་ཡོ་ཧ་ནན་འཁོན་དུ་བཟུང་ནས་དགྲོང་བར་འདོད་ནའང་དགྲོང་མ་ནུས། 20རྒྱུ་མཚན་ནི་ཧེ་རོ་དཱས་ཡོ་ཧ་ནན་ནི་གཞུང་རྒྱུད་དྲང་ཞིང་སྐྱེས་བུ་དམ་པ་ཞིག་ཡིན་པ་ཤེས་པས་ཁོང་ལ་འཇིགས་ཤིང་ཁོང་གནོད་པ་ལས་བསྲུངས། ཁོས་ཡོ་ཧ་ནན་གྱི་བསླབ་བྱ་ལ་ཉན་དུས་མགོ་འཐོམས་ནའང་ཉན་པར༌དགའོ།། 21སྟབས་འགྲིག་པའི་ཉིན་ཞིག ཧེ་རོ་དཱས་རང་གི་སྐྱེས་སྐར་ལ་བློན་ཆེན༌དང༌། དམག༌དཔོན། ག་ལིལ་ཡུལ་གྱི་དཔོན་པོ་རྣམས་མགྲོན་དུ་བོས་ཏེ་དགའ་སྟོན་བཤམས༌ཤིང༌། 22ཧེ་རོ་ཡཱའི་བུ་མོའང་སྟོན་ཐོག་ཏུ་ཡོང་སྟེ་བྲོ་འཁྲབ་ནས་ཧེ་རོ་དཱ་དང་མགྲོན་པོ་རྣམས་དགའ་བར་བྱས༌པས། རྒྱལ་པོས་བུ་མོ་དེ་ལ་ཁྱོད་ཀྱིས་ཅི་དང་ཅི་འདོད་པ་བདག་ལ་སྨྲོས༌ཤིག ངས་སྟེར་ངེས་ཡིན་ཞེས་སྨྲས་པ༌དང༌། 23ཡང་ཁོ་མོར་དམ་བཅས༌ཏེ། ཁྱོད་ཀྱིས་ང་རང་ལ་ཅི་ཞིག་བསླངས་ན་ངས་རྒྱལ་ཁམས་ཀྱི་ཕྱེད་ཀ་ཡིན་ཡང་ཁྱོད་ལ་སྟེར་ངེས་ཡིན་ཞེས་ཁས་བླངས་སོ།། 24དེ་ནས་བུ་མོ་དེ་ཕྱི་རུ་སོང་ནས་རང་གི་མ༌ལ། ངས་ཅི་ཞིག་བསླངས་ན་ལེགས་སམ་ཞེས་དྲིས་པ༌ལ། ཁོ་མོའི་མ་ན༌རེ། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་བོ་སློངས་ཤིག་ཅེས་སྨྲས་པ༌དང༌། 25བུ་མོ་མྱུར་དུ་ཕྱིར་རྒྱལ་པོའི་དྲུང་དུ་ལོག༌སྟེ། ངའི་འདོད་པ་ནི་ད་ལྟ་མྱུར་དུ་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་བོ་སྡེར་མའི་ནང་དུ་བཞག་ནས་བདག་ལ་གནང་བར་མཛོད་ཅེས་ཞུས་སོ།། 26དེའི་ཚེ་རྒྱལ་པོ་ཧེ་རོ་དཱའི་སེམས་ཤིན་ཏུ་སྐྱོ་ནའང་མགྲོན་པོ་རྣམས་ཀྱི་མདུན་ནས་དམ་བཅས་ཟིན་པས་མི་སྟེར་ཞེས་ཟེར་མ་ཕོད༌པར། 27དེ་མ་ཐག་སྲུང་དམག་ཅིག་མངགས་ཏེ་ཡོ་ཧ་ནན་གྱི་མགོ་བོ་འཁྱེར་ཡོང་བའི་བཀའ་བསྒོས༌ཤིང༌། སྲུང་དམག་དེ་ཡང་བཙོན་ཁང་དུ་སོང་ནས་ཡོ་ཧ་ནན་གྱི་མགོ་བོ་བཅད༌དེ། 28སྡེར་མའི་ནང་དུ་བཞག་ནས་ཁྱེར་ཡོང་སྟེ་ཁོ་མོ་ལ་བྱིན་པ༌དང༌། བུ་མོ་དེས་ཀྱང་རང་གི་མ་ལ་བྱིན། 29ཡོ་ཧ་ནན་གྱི་རྗེས་འབྲང་པ་རྣམས་ཀྱིས་གཏམ་དེ་ཐོས་ནས་ཡུལ་དེར་སླེབས༌ཏེ། ཁོང་གི་སྐུ་གདུང་ཁུར་ནས་དུར་དུ་བཞག༌གོ།

མི་ལྔ་སྟོང་ལྷག་འགྲང་བར་མཛད༌པ།

30དེ་ནས་སྐུ་ཚབ་པ་རྣམས་སླར་ཡང་སྐྱབས་མགོན་ཡེ་ཤུའི་དྲུང་དུ་འཛོམས༌ཏེ། དོན་ཅི་ཞིག་བསྒྲུབས་པ་དང་ཆོས་ཇི་ལྟར་བསྟན་པ་ཐམས་ཅད་ཁོང་ལ་ཞུས་པ༌ན། 31སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་འདི་སྐད༌དུ། ཁྱོད་རང་ཚོ་ཁོ་ན་འདིར་ཤོག་དང་ངེད་རྣམས་ལྷན་དུ་དབེན་གནས་ཤིག་ཏུ་སོང་ནས་ཅུང་ཙམ་ངལ་གསོ་བྱའོ་ཞེས་གསུངས་སོ།། རྒྱུ་མཚན་ནི་གནས་འདིར་ཕར་འགྲོ་ཚུར་ཡོང་གི་མི་མང༌བས། ཁོང་རྣམས་ལ་ཞལ་ཟས་བཞེས་ཁོམ་ཡང་མ་བྱུང་ངོ༌།། 32དེ་ནས་ཁོང་རྣམས་མཚོ་གྲུར་བསྡད་ནས་དབེན་གནས་ཀྱི་ཕྱོགས་སུ་ཕྱིན། 33མི་ཚོགས་ཀྱིས་ཀྱང་ཁོང་རྣམས་འགྲོ་བཞིན་པ་མཐོང༌སྟེ། མི་མང་པོ་ཞིག་གིས་ཁོང་རྣམས་སུ་ཡིན་ཤེས་པས་གྲོང་སྡེ་སོ་སོ་ནས་ལྷན་དུ་རྐང་ཐང་ལ་བརྒྱུགས་ཏེ་ཁོང་རྣམས་ཀྱི་སྔོན་ལ་ཡུལ་དེར་སླེབས་སོ།། 34སྐྱབས་མགོན་ཡེ་ཤུ་གྲུ་ལས་བབས་པ༌ན། མི་ཤིན་ཏུ་མང་པོ་ནི་རྫི་བོ་མེད་པའི་ལུག་དང་འདྲ་བར་གཟིགས༌པས། ཐུགས་ལ་སྙིང་རྗེ་འཁྲུངས་ནས་དེ་དག་ལ་ཆོས་མང་པོ་གསུངས། 35ཉི་མ་ནུབ་ལ་ཉེ་བའི་དུས༌སུ། ཐུགས་སྲས་རྣམས་ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། ས་ཆ་འདི་དབེན་སྟོང་ཡིན་པ་དང་ཉི་མ་ཡང་ནུབ་ལ་ཉེ༌བས། 36ཁོ་རྣམས་ཉེ་འཁོར་གྱི་གྲོང་སྡེ་དང་མཐའ་ཁུལ་དག་ལ་རང་རང་གི་ཁ་ཟས་ཉོ་རུ་གཏོང་བར་མཛོད་ཅེས་ཞུས་པ༌ན། 37སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་མི་ཚོགས་ལ་ཁ་ཟས་བྱིན་ཅིག་ཅེས་གསུངས། ཐུགས་སྲས་རྣམས་ན༌རེ། ངེད་ཅག་གིས་དངུལ་སྒོར་ཉིས་བརྒྱ་བཀོལ་ནས་བག་ལེབ་ཉོས༌ཏེ། ཁོ་རྣམས་ལ་ཁ་ཟས་སྟེར་ནུས་སམ་ཞེས་ཞུས་པ༌ལ། 38ཡང་ཁོང་གིས་འདི་སྐད༌དུ། ཁྱོད་རྣམས་བག་ལེབ་ག་ཙམ་ཡོད་པར་བལྟ་རུ་སོང་ཞེས་གསུངས་པ༌དང༌། ཐུགས་སྲས་རྣམས་ཀྱིས་ཅི་ཙམ་ཡོད་པ་ཤེས༌ཏེ། བག་ལེབ་ལྔ་དང་ཉ་གཉིས་ཡོད་ཅེས་ཞུས་སོ།། 39དེ་ནས་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་མི་ཐམས་ཅད་གྲལ་སྐོར་བྱས་ཏེ་སྤང་ཐང་ལ་སྡོད་དུ་འཇུག་པའི་བཀའ་གནང་བ༌དང༌། 40མི་ཚོགས་བརྒྱའམ་ལྔ་བཅུ་རེ་གྲལ་སྐོར་བྱས་ནས་བསྡད་དོ།། 41སྐྱབས་མགོན་ཡེ་ཤུས་བག་ལེབ་ལྔ་དང་ཉ་གཉིས་པོ་ཕྱག་ཏུ་བསྣམས་ཏེ་ནམ་མཁར་གཟིགས་ཤིང་བྱིན་རླབས་གནང༌རྗེས། དུམ་བུར་བྱས་ནས་ཐུགས་སྲས་རྣམས་ལ་གནང་ཞིང་མི་ཚོགས་ཀྱི་མདུན་དུ་བཀྲམ་པའོ༎ ཁོང་གིས་ཉ་གཉིས་པོའང་མི་ཐམས་ཅད་ལ་བགོས༌པས། 42མི་ཚང་མས་ཟོས་ཤིང་ལྟོ་བ་འགྲངས་པ༌དང༌། 43ཐུགས་སྲས་རྣམས་ཀྱིས་བག་ལེབ་དང་ཉའི་ཟས་ལྷག་བསྡུས་ནས་སླེ་བོ་བཅུ་གཉིས་བཀང༌ཞིང༌། 44བག་ལེབ་ཟ་མཁན་གྱི་སྐྱེས་པ་བསྡོམས་པས་ལྔ་སྟོང་ཙམ་ཡོད༌དོ།།

སྐྱབས་མགོན་ཡེ་ཤུས་མཚོ་སྟེང་དུ་ཞབས་ཀྱིས་བཅགས༌པ།

45དོན་དེའི་རྗེས་སུ་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་མཚོ་གྲུར་སྡོད་དུ་བཅུག༌སྟེ། ཁོང་གི་སྔོན་དུ་མཚོའི་ཕ་རོལ་གྱི་པེ་སད་དཱ་རུ་འགྲོ་བར་བསྐུལ་ཞིང་མི་རྣམས་ཀྱང་སོ་སོར་གྱེས་སུ་བཅུག 46དེ་ནས་སྐྱབས་མགོན་ཡེ་ཤུ་མི་ཚོགས་དང་ཁ་བྲལ་རྗེས་རི་འགོར་གསོལ་བ་འདེབས་སུ་ཕེབས་པ་དང་། 47མཚན་མོའི་དུས་སུ། ཁོ་རྣམས་ཀྱི་གྲུ་དེ་མཚོ་དཀྱིལ་དུ་སླེབས་ཤིང་སྐྱབས་མགོན་ཡེ་ཤུ་གཅིག་པུ་སྐམ་སར་བཞུགས་སོ།། 48ཁོང་གིས་རླུང་ཚུར་གཡུགས་ཤིང་ཐུགས་སྲས་རྣམས་ཀྱིས་མཚོ་གྲུ་གཏོང་བ་ལ་དཀའ་ཁག་ཆེན་པོ་བྱུང་བ་གཟིགས་པ༌དང༌། ནམ་ལངས་ལ་ཉེ་བའི་དུས༌སུ། ཁོང་གིས་མཚོ་སྟེང་དུ་ཞབས་ཀྱིས་བཅགས་ནས་དེ་དག་གི་གམ་དུ་ཕེབས་པ་དང་ཕར་ཕྱོགས་སུ་འགྲོ་བར་དགོངས་པ་ལ། 49ཐུགས་སྲས་རྣམས་ཀྱིས་ཁོང་གིས་མཚོ་སྟེང་དུ་ཞབས་ཀྱིས་བཅགས་ནས་ཕེབས་པ་མཐོང༌སྟེ། འདྲེ་ཡིན་པར་བསམས་ནས་འུར་བརྒྱབ་བོ།། 50ཅིའི་ཕྱིར་ཞེ་ན། ཁོ་རྣམས་ཚང་མས་ཁོང་ཉིད་མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྲག་པས་སོ།། དེ་ནས་སྐྱབས་མགོན་ཡེ་ཤུས་འཕྲལ་དུ་ཁོ་རྣམས་ལ་འདི་སྐད༌དུ། ཁྱོད་རྣམས་ཀྱི་སེམས་བདེ་བར་གྱིས་དང༌། ང་རང་ཡིན་པས་འཇིགས་མི་དགོས་ཞེས་གསུངས་སོ།། 51ཁོང་ཉིད་མཚོ་གྲུའི་ནང་དུ་ཕེབས་པ་དང་རླུང་གཡུག་མཚམས་ཀྱང་ཆད་པས་ཁོ་རྣམས་ཀྱི་སེམས་སུ་ངོ་མཚར་ཆེན་པོ་སྐྱེས༌ཤིང་། 52དེ་ནི་ཁོ་རྣམས་ཀྱིས་བག་ལེབ་བགོས་པའི་དོན་ཡང་མི་རྟོགས༌པའི་ཕྱིར་དང་། ཁོ་རྣམས་ཀྱི་སེམས་རྒྱུད་ད་དུང་གྱོང་པོ་ཡིན་ནོ།།

གེན་ནེ་སཱ་རེལ་ཡུལ་དུ་ནད་གསོས་པ།

53དེ་ནས་ཁོང་རྣམས་མཚོ་བརྒལ་ནས་གེན་ནེ་སཱ་རེལ་གྱི་ས་ཆར་སླེབས་ཤིང་མཚོ་གྲུ་ཡང་མཚོ་འགྲམ་དུ་བཏགས། 54ཁོང་རྣམས་མཚོ་གྲུ་ལས་སར་བབས་མ་ཐག་མི་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་ཡིན་པ་ཤེས་པ༌དང༌། 55ཁོང་གང་དུ་བཞུགས་པ་ཐོས༌རྗེས། མཐའ་སྐོར་གྱི་ཡུལ་ཐམས་ཅད་ལ་བརྒྱུགས་ཏེ་ནད་པ་རྣམས་ཁྱོགས་ཤིང་དུ་བཞག་ནས་ཁུར་ཡོང༌ངོ་།། 56ཁོང་ཉིད་གྲོང་སྡེའམ་གྲོང༌ཁྱེར། ཡང་ན་མཐའ་ཁུལ་བཅས་ས་ཆ་གང་དུ་ཕེབས༌ནའང༌། མི་རྣམས་ཀྱིས་ནད་པ་རྣམས་ཁྲོམ་སྲང་དུ་བསྐྱལ༌ཏེ། སྐྱབས་མགོན་ཡེ་ཤུ་ལ་ཁོང་གི་ན་བཟའི་འདབས་ཁ་ཙམ་ལ་རེག་ཏུ་གནང་བར་ཞུ་བ་ཞུས༌ཤིང་། དེར་རེག་པའི་ནད་པ་ཐམས་ཅད་ནད་ལས་ཐར་བར་གྱུར༌ཏོ།།

མར་ཀུ 7

1ཡེ་རུ་སཱ་ལེམ་ནས་ཡོང་བའི་ཕ་རུ་ཤི་པ་རྣམས་དང་མཁན་པོ་ཁ་ཤས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་འདུས༌ཤིང༌། 2དེ་རྣམས་ཀྱིས་ཁོང་གི་ཐུགས་སྲས་དག་གི་ཁྲོད་དུ་འགའ་ཞིག་གིས་ལག་པ་མི་གཙང་བ་སྟེ་ལག་པ་མ་བཀྲུས་པར་བག་ལེབ་ཟ་བཞིན་པ་མཐོང༌ངོ་༎ 3མ་གཞི་ཕ་རུ་ཤི་པ་དང་བཅས་པའི་ཡ་ཧུ་དཱའི་མི་རིགས་ཐམས་ཅད་ཀྱིས་གནའ་མིའི་ལུགས་སྲོལ་སྲུང༌ཞིང༌། རང་གི་ལག་པ་གཙང་མར་མ་བཀྲུས་པར་ཟས་མི༌ཟའོ།། 4ཁྲོམ་སྲང་ནས་ཕྱིར་ལོག་ནའང་གཙང་མར་མ་བཀྲུས་པར་ཟས་མི༌ཟ། ད་དུང་ལུགས་སྲོལ་གཞན་ཡང་མང་པོ་ཡོད༌དེ། ཁོ་རྣམས་ཀྱིས་མི་རབས་ནས་མི་རབས་བར༌དུ་བསྲུངས་ཤིང་། དཔེར་ན་ཕོར་བ་དང་བུམ༌པ། ཟངས་སྣོད། མལ་ཁྲི་བཅས་ཀྱང་བཀྲུ་བ་ཡིན་ནོ།། 5དེ་ནས་ཕ་རུ་ཤི་པ་དང་མཁན་པོ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ༌ལ། ཁྱེད་ཀྱི་ཐུགས་སྲས་རྣམས་ཀྱིས་ཅིའི་ཕྱིར་གནའ་མིའི་ལུགས་སྲོལ་བཞིན་མི་བྱེད༌པར། ལག་པ་མི་གཙང་ནའང་བག་ལེབ་ཟའམ་ཞེས་དྲིས་པ༌དང༌། 6སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཚུལ་འཆོས་པ་ཁྱོད་ཅག་གི་སྐོར་ལ་ཡེ་ཤ་ཡཱ་ཡིས་ལེགས་པར་གསུངས་པ་འདི་ལྟ༌སྟེ། མི་རྒྱུད་འདི་ཡིས་ངག་ནས་ང་རང་བཀུར་ན༌ཡང༌།། 7འཇིག་རྟེན་མི་ཡིས་བརྩམས་པའི་བསླབ་བྱ་སྣ་ཚོགས༌པ།། བསྙེན་བཀུར་དེ་འདྲ་བདག་ལ་བྱས་ཀྱང་སྙིང་པོ༌མེད།། ཅེས་བཀོད་པ༌ལྟར། 8ཁྱོད་རྣམས་ཀྱིས་དཀོན་མཆོག་གི་བཀའ་སྤངས་ནས་མིའི་ལུགས་སྲོལ་སྲུང་བཞིན་འདུག་ཅེས་གསུངས་པ༌དང༌། 9ཡང་འདི་སྐད༌དུ། ཁྱོད་ཅག་གིས་རང་གི་ལུགས་སྲོལ་སྲུང༌ཕྱིར། དཀོན་མཆོག་གི་བཀའ་རིང་དུ་སྤངས། 10མོ་ཤེ་ཡིས་གསུངས་པ༌ལྟར། རང་གི་ཕ་མ་གཉིས་ལ་བཀུར་བསྟི་བྱེད་དགོས་ཞེས༌དང༌། ཡང་ཕའམ་ཡང་ན་མ་ལ་ཚིག་ངན་སྨྲ་མཁན་དེ་སྲོག་དང་བྲལ་བར་གྱུར་ཅིག་ཅེས༌པའོ།། 11འོན༌ཀྱང༌། ཁྱོད་ཅག་ན༌རེ། གལ་ཏེ་མི་ཞིག་གིས་རང་གི་ཕའམ་མ༌ལ། ངས་ཁྱེད་ལ་འབུལ་འོས་པ་ཁཱོར་པན༌ཏེ། དོན་ནི་དཀོན་མཆོག་ལ་ཕུལ་བ་ཡིན་ཞེས་བཤད༌ན། 12དེང་ཕྱིན་མི་དེར་རང་གི་ཕའམ་མ་སྙོར་སྐྱོང་བྱེད་དུ་མི་འཇུག 13ཁྱོད་རྣམས་ཀྱིས་རང་གིས་རྒྱུན་འཛིན་བྱས་པའི་ལུགས་སྲོལ་སྲུང་བ་ལས་དཀོན་མཆོག་གི་བཀའ་རིང་དུ་དོར༌བ་ཡིན། ཁྱོད་རྣམས་ཀྱིས་དེ་ལྟ་བུའི་ལས་མང་པོ་བྱེད་ཅེས་གསུངས་སོ།། 14དེ་ནས་ཡང་ཁོང་གིས་མི་ཚོགས་ཚུར་བོས་ཏེ་འདི་སྐད༌དུ། ཁྱོད་ཅག་ཚང་མས་ངའི་གཏམ་ལ་ཉོན་དང་དོན་ཡང་ཤེས་པར༌གྱིས། 15ཕྱི་ནས་མིའི་ལུས་ནང་དུ་སོང་བ་དེས་མི་མི་གཙང་བར་བྱེད་ནུས་པ་ཅི་ཡང༌མེད། མིའི་ལུས་ནང་ནས་ཕྱི་ལ་ཐོན་པ་དེས་མི་མི་གཙང་བར་བྱེད་པའོ།། 16ཡང་རྣ་བ་ཡོད་པ་ཐམས་ཅད་ཀྱིས་གཏམ་འདིར་ཉོན་ཅིག་ཅེས་གསུངས་སོ།། 17དེ་ནས་སྐྱབས་མགོན་ཡེ་ཤུ་མི་ཚོགས་དང་ཁ་བྲལ་ནས་ཁང་པའི་ནང་དུ་ཕེབས་ཙ༌ན། ཐུགས་སྲས་རྣམས་ཀྱིས་ཁོང་ལ་དཔེ་དེའི་དོན་ཅི་ཡིན་དྲིས་པ༌ལ། 18ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་ཀྱང་དེ་བཞིན་དོན་མི་གོའམ། ཕྱི་ནས་ལུས་ནང་དུ་གང་ཞིག་སོང་བ་དེས་མི་མི་གཙང་བར་བྱེད་ག་ལ༌ནུས། 19དེ་ནི་མིའི་སེམས་ཀྱི་ནང་དུ་སོང་བ་མ་ཡིན༌པར། མིའི་ཁོག་ཏུ་སོང་ཞིང་གཙང་སྤྱོད་དུ་ལྷུང་འགྲོ་བའང་མི་ཤེས་སམ་ཞེས་གསུངས་པ་འདིས་ཟས་ཡོད་ཚད་གཙང་མ་ཡིན་པ་བསྟན་ཏོ།། 20ཡང་ཁོང་གིས་འདི་སྐད༌དུ། མིའི་ལུས་ནང་ནས་ཕྱི་ལ་ཐོན་པ་དེས་ད་གཟོད་མི་མི་གཙང་བར་བྱེད༌དེ། 21མིའི་སེམས་ལས་དྲན་ཚུལ་ངན་པ་དང་མི་ཚངས་སྤྱོད༌པ་དང༌། མ་བྱིན༌ལེན། མིའི་སྲོག་གཅོད༌པ། ལོག༌གཡེམ། 22བརྣབ་སེམས། ངན༌སེམས། གཡོ༌སྒྱུ། འདོད༌ཆགས། ཕྲག༌དོག འཕྱ་ཚིག ང༌རྒྱལ། བླུན་སེམས་བཅས་འབྱུང་ངེས་པའི་ཕྱིར༌ཡིན། 23རྒྱུ་ངན་པ་འདི་ཐམས་ཅད་མིའི་སེམས་ནས་འབྱུང་ཞིང་མི་མི་གཙང་བར་བྱེད་པ་ཡིན་ཞེས་གསུངས༌སོ།།

སིར་ཡཱ་ཡུལ་གྱི་ཕོའོ་ནེ་ཀེའི་བུད་མེད་ཅིག་གི་དད༌པ།

24དེ་ནས་སྐྱབས་མགོན་ཡེ་ཤུ་ཡར་བཞེངས་ཏེ་ཐཱར་དང་ཚི་ཏུན་གྱི་མངའ་ཁོངས་སུ་ཕེབས་པ༌དང༌། ཁོང་ཉིད་ཁྱིམ་ཚང་ཞིག་ཏུ་ཕེབས་ནས་མི་གཞན་སུ་ལའང་ཤེས་སུ་འཇུག་མི་འདོད་པར་དགོངས་ནའང་གསང་ཐབས་བྲལ་ཏོ།། 25གནས་དེར་བུད་མེད་ཅིག་ཡོད་པ་དེའི་བུ་མོ་གདོན་འདྲེས་བཟུང་ཡོད༌པས། སྐྱབས་མགོན་ཡེ་ཤུའི་གནས་ཚུལ་ཐོས་ཤིང་ཁོང་གི་ཞབས་དྲུང་དུ་ཡོང་སྟེ་ཕྱག་འཚལ། 26བུད་མེད་དེ་ནི་ཕྱི་ཕྱོགས་པ་ཡིན༌ཅིང་། སིར་ཡཱ་ཡུལ་གྱི་ཕོའོ་ནེ་ཀེ་མི་རིགས་ལ་གཏོགས་པ༌དང༌། ཁོ་མོས་སྐྱབས་མགོན་ཡེ་ཤུ་ལ་གདོན་འདྲེ་དེ་ཁོ་མོའི་བུ་མོ་ལས་ཕར་སྐྲོད་པའི་ཕྱིར་ཞུ་བ་ཞུས་པ༌ན། 27སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཐོག་མར་ཕྲུ་གུ་རྣམས་ཀྱི་ལྟོ་བ་འགྲང་བར༌བྱོས། ཕྲུ་གུའི་ཟས་སྐལ་ཁྱི་ལ་སྟེར་མི་རུང་ཞེས་གསུངས་སོ།། 28ཡང་ཁོ་མོ་ན༌རེ། ལགས༌སོ། །ཇོ་བོ༌ལགས། འོན་ཀྱང་ཁྱི་ཡིས་ཅོག་ཙེའི་འོག་ནས་ས་ལ་ལྷུང་བའི་ཕྲུ་གུ་རྣམས་ཀྱི་ཟས་ཧྲུག་ཀྱང་ཟ་བ་ཡིན་ཞེས་ཞུས་པ༌ན། 29ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་འདི་སྐད་སྨྲས་པའི་རྐྱེན་གྱིས་ཁྱོད་རང་ཕྱིར་སོང༌དང༌། གདོན་འདྲེ་དེ་ཁྱོད་ཀྱི་བུ་མོ་ལས་ཕར་སོང་ཟིན་ཞེས་གསུངས་སོ།། 30དེ་ནས་བུད་མེད་ཕྱིར་རང་ཡུལ་དུ་ལོག་པ༌ན། དངོས་གནས་གདོན་འདྲེ་ཕྱིར་སོང་ཟིན་ལ་བུ་མོ་མལ་ཁྲིའི་སྟེང་དུ་ཉལ་འདུག་པའང་མཐོང༌ངོ༌།།

རྣ་བ་འོན་ཅིང་ལྕེ་ལྐུགས་པ༌ཞིག

31དེ་ནས་སྐྱབས་མགོན་ཡེ་ཤུ་ཡང་ཐཱར་དང་ཁ་བྲལ༌ཏེ། ཚི་ཏུན་ཡུལ་དང་དི་ཁ་པའོ་ལེའི་མངའ་ཁོངས་བརྒྱུད་ནས་མཚོ་ག་ལིལ་གྱི་འགྲམ་དུ་ཕེབས༌ཤིང༌། 32མི་འགའ་ཞིག་གིས་རྣ་བ་འོན་ཅིང་ལྕེ་ལྐུགས་པ་ཞིག་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཁྲིད་ཡོང༌སྟེ། ཁོང་ལ་མི་དེའི་ལུས་སྟེང་དུ་ཕྱག་འཇོག་པར་ཞུ་བ་ཞུས་སོ།། 33སྐྱབས་མགོན་ཡེ་ཤུས་མི་དེ་མི་ཚོགས་ཀྱི་ཁྲོད་ནས་ཟུར་དུ་ཁྲིད༌དེ། ཁོང་གིས་ཕྱག་མཛུབ་ཁོའི་རྣ་བའི་བུ་གའི་ནང་དུ་བཙུགས་ཤིང་ཡང་ཕྱག་མཛུབ་ཏུ་ལྗགས་ཆུ་གཏོར་ནས་ཁོའི་ལྕེ་ལ་རེག་པ༌དང༌། 34ཡང་ནམ་མཁར་གཟིགས་ཤིང་དབུགས་རིང་ཕྱུང༌སྟེ། མི་དེ་ལ་ཨེ་ཕཱ་ཐ་ཞེས་གསུངས་པ་དང་དོན་ནི་ཕྱེས་ཤིག་ཅེས༌པའོ།། 35དེ་མ་ཐག་མི་དེའི་རྣ་བ་ཕྱེས་ཤིང་ལྕེ་ཡང་ལྐུགས་པ་ལས་གྲོལ་ནས་སྐད་ཆའང་གསལ་པོར་སྨྲ་ཤེས་པར་གྱུར་ཏོ།། 36དེ་ནས་སྐྱབས་མགོན་ཡེ་ཤུས་དོན་འདི་མི་གཞན་སུ་ལའང་མི་སྨྲ་བའི་ཕྱིར་བསྐུལ། འོན་ཀྱང་ཁོང་གིས་ཇི་ལྟར་བཀའ་གནང་ཡང་མི་དེ་དག་གིས་དེ་བས་ཀྱང་ཀུན་ལ་བསྒྲགས། 37མི་རྣམས་ཤིན་ཏུ་ངོ་མཚར་བར་གྱུར་ནས་ཁོང་གིས་མཛད་པ་ཐམས་ཅད་ལེགས༌ཏེ། ཐ་ན་ཁོང་གིས་འོན་པ་རྣམས་ཀྱིས་ཐོས་ཐུབ་པ་དང་ལྐུགས་པ་རྣམས་ཀྱིས་ཀྱང་སྨྲ་ནུས་པར་མཛད་ཅེས་སྨྲས༌སོ།།

མར་ཀུ 8

མི་བཞི་སྟོང་ཙམ་འགྲང་བར་མཛད༌པ།

1དེའི་དུས༌སུ། ཡང་མི་ཤིན་ཏུ་མང་པོ་ཕྱོགས་གཅིག་ཏུ་འདུས་ཤིང་ཟས་ཅི་ཡང་མེད༌པས། སྐྱབས་མགོན་ཡེ་ཤུས་ཁོང་གི་ཐུགས་སྲས་རྣམས་བོས་ཏེ་འདི་སྐད༌དུ། 2མི་ཚོགས་འདི་བདག་དང་མཉམ་དུ་གནས་འདི་རུ་ཉིན་གསུམ་འགོར༌ཡང༌། ད་ལྟ་ཁ་ཟས་ཅི་ཡང་མེད་པས་བདག་གིས་ཁོ་རྣམས་ལ་སྙིང་རྗེ་བར༌འདུག 3ཁོ་རྣམས་ལས་མི་ཁ་ཤས་རྒྱང་རིང་ནས་ཡོང་བས། ངས་ཁོ་རྣམས་བཀྲེས་ལྟོགས་ངང་ནས་ཕྱིར་འགྲོ་རུ་བཅུག༌ན། ལམ་བར་དུ་ཐང་ཆད་ནས་བརྒྱལ་བར་ངེས་ཞེས་གསུངས་སོ།། 4ཐུགས་སྲས་རྣམས་ན༌རེ། དབེན་སྟོང་འདི་རུ་མི་འདི་རྣམས་ཀྱི་ཕོ་བ་འགྲང་བར་བྱེད་པའི་བག་ལེབ་ཇི་ལྟར་འཚོལ་ཞེས་ཞུས་པ༌དང༌། 5སྐྱབས་མགོན་ཡེ་ཤུས་ཁྱོད་ཅག་ལ་བག་ལེབ་ག་ཚོད་ཡོད་ཅེས་དྲིས་པ༌ན། ཁོ་རྣམས་ཀྱིས་བདུན་ཡོད་ཅེས་ཞུས་སོ།། 6དེ་ནས་ཁོང་གིས་མི་ཚོགས་ལ་བཀའ་གནང་སྟེ་ས་རུ་སྡོད་དུ་བཅུག༌ཅིང༌། བག་ལེབ་བདུན་པོ་ཕྱག་ཏུ་བསྣམས་ཏེ་དཀོན་མཆོག་ལ་བཀའ་དྲིན་ཞུས༌རྗེས། བག་ལེབ་དུམ་བུར་བྱས་ནས་ཐུགས་སྲས་རྣམས་ལ་སྤྲད་དེ་མི་ཚོགས་ལ་སྟེར་དུ་བཅུག་པ༌དང༌། ཐུགས་སྲས་རྣམས་ཀྱིས་ཀྱང་མི་ཚོགས་ལ་བཀྲམ། 7ཡང་ཉ་ཆུང་ངུ་ཁ་ཤས་ཡོད་པ་དེ་ལ་སྐྱབས་མགོན་ཡེ་ཤུས་བྱིན་རླབས་གནང་ནས་མི་ཚོགས་ལ་སྟེར་བའི་བཀའ་གནང༌ངོ་༎ 8དེ་ནས་མི་ཚོགས་ཀྱིས་ཟས་སྤྱད་ནས་ལྟོ་བ་འགྲངས་པ་དང་། ཐུགས་སྲས་རྣམས་ཀྱིས་ཟས་ལྷག་བསྡུ་གསོག་བྱས་པ་སླེ་བོ་བདུན་བྱུང༌ངོ༌།། 9གནས་དེར་མི་བཞི་སྟོང་ཙམ་ཡོད་པ༌དང༌། སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ཕྱིར་རང་ཡུལ་དུ་འགྲོ་རུ་བཅུག་པ་དང་ལྷན༌དུ། 10ཁོང་ཉིད་ཀྱང་ཐུགས་སྲས་རྣམས་དང་མཉམ་དུ་མཚོ་གྲུར་བསྡད་ནས་དཱལ་མ་ནུ་ཐ་ཡུལ་དུ་ཕེབས༌སོ།། 11ཕ་རུ་ཤི་པ་རྣམས་ཡོང་ནས་སྐྱབས་མགོན་ཡེ་ཤུ་ལ་རྩོད་གླེང་བྱས༌ཤིང༌། ཁོང་ལ་ཚོད་བགམ་བྱེད་པའི་ཕྱིར་ནམ་མཁའི་ཞིང་ཁམས་ཀྱི་གྲུབ་རྟགས་ཤིག་སྟོན་པར་ཞུས་པ༌དང༌། 12སྐྱབས་མགོན་ཡེ་ཤུས་ཐུགས་ནས་དབུགས་རིང་ཞིག་ཕྱུང་སྟེ་འདི་སྐད༌དུ། མི་རབས་འདིས་ཅིའི་ཕྱིར་ངོ་མཚར་བའི་རྟགས་ཤིག་འཚོལ་བ་ཡིན༌ནམ། ངས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། མི་རབས་འདི་ལ་ངོ་མཚར་བའི་རྟགས་སྟོན་པར་མི་འགྱུར་ཞེས་གསུངས་པ༌དང༌། 13ཁོང་རྣམས་ཁོ་ཚོ་དང་ཁ་བྲལ་ནས་མཚོ་གྲུར་བསྡད་དེ་མཚོའི་ཕ་རོལ་ཏུ་ཕེབས༌སོ།།

ཕ་རུ་ཤི་པ་དང་ཧེ་རོ་དཱ་ལ་དོགས་ཟོན་བྱ་དགོས་པ།

14དེ་ནས་ཐུགས་སྲས་རྣམས་ཀྱིས་ལམ་བྲོ་འཁྱེར་བ་བརྗེད་པས། མཚོ་གྲུའི་ནང་དུ་བག་ལེབ་གཅིག་ལས་ཅི་ཡང་མེད་དོ།། 15དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་བློ་རིག་བསྒྲིམས་ནས་ཕ་རུ་ཤི་པ་དང་ཧེ་རོ་དཱའི་སྐྱུར་རྩི་ལ་དོགས་པར་གྱིས་ཞེས་བཀའ་གནང༌ཞིང༌། 16ཐུགས་སྲས་རྣམས་ཀྱིས་ཕན་ཚུན་ལ་འདི་ནི་ངེད་ཅག་ལ་བག་ལེབ་མེད་པའི་ཕྱིར་ཡིན་ཞེས་གླེང་ངོ༌།། 17སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ཀྱི་བསམ་ཚུལ་མཁྱེན༌ནས། ཁྱོད་ཅག་གིས་ཅིའི་ཕྱིར་བག་ལེབ་མེད་པའི་གཏམ་གླེང་བ་ཡིན༌ནམ། ཁྱོད་རྣམས་ཀྱིས་ད་དུང་མི་ཤེས་ཤིང་མི༌གོའམ། ཁྱོད་ཅག་གི་སེམས་ནི་ད་དུང་གྱོང་པོ་ཡིན༌ནམ། 18ཁྱོད་རྣམས་ལ་མིག་ཡོད་ཀྱང་མི་མཐོང༌ངམ། རྣ་བ་ཡོད་ཀྱང་མི་ཐོས༌སམ། ཁྱོད་ཅག་གིས་ཡིད་ལའང་མི་དྲན༌ནམ། 19ངས་བག་ལེབ་ལྔ་མི་ལྔ་སྟོང་ལ་བགོས་ཤིང་ཁྱོད་རྣམས་ཀྱིས་ཟས་ལྷག་སླེ་བོ་ཅི་ཙམ་བསྡུ་གསོག་བྱས་སམ་ཞེས་དྲིས་པ༌ལ། ཁོ་རྣམས་ཀྱིས་བཅུ་གཉིས་ཡོད་ཅེས་ཞུས་སོ༎ 20ཡང་བག་ལེབ་བདུན་མི་བཞི་སྟོང་ལ་བགོས་ཤིང་ཁྱོད་ཅག་གིས་ཟས་ལྷག་བསྡུ་གསོག་བྱས་ནས་སླེ་བོ་ཅི་ཙམ་གང་ངམ་ཞེས་དྲིས་པ༌ལ། ཁོ་རྣམས་ཀྱིས་བདུན་ཡོད་ཅེས་ཞུས་པ༌དང༌། 21སྐྱབས་མགོན་ཡེ་ཤུས་ཁྱོད་ཅག་གིས་ད་དུང་མི་ཤེས་སམ་ཞེས་གསུངས༌སོ།།

པེ་སད་དཱ་གྲོང་རྡལ་གྱི་ལོང་བ་ཞིག་གསོས༌པ།

22དེ་ནས་ཁོང་རྣམས་པེ་སད་དཱ་རུ་སླེབས་ཤིང༌། མི་འགའ་ཞིག་གིས་ལོང་བ་ཞིག་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཁྲིད་ཡོང༌སྟེ། ཁོང་ལ་ཕྱག་གིས་རེག་པར་ཞུ་བ༌ཞུས། 23ཁོང་གིས་ལོང་བ་དེའི་ལག་པར་འཇུས་ཏེ་སྡེ་བའི་ཕྱི་རོལ་ཏུ་ཁྲིད༌ཅིང༌། ལོང་བའི་མིག་གཉིས་ལ་ལྗགས་ཆུ་གཏོར་བ༌དང༌། ཕྱག་མི་དེའི་ལུས་སྟེང་ལ་བཞག༌སྟེ། ཁྱོད་ཀྱི་མིག་གིས་མཐོང་ངམ་ཞེས་དྲིས་པ༌ལ། 24ལོང་བས་མགོ་ཡར་བཀྱགས་ནས་བལྟས༌ཏེ། ངས་མི་རྣམས་མཐོང་ཞིང་དེ་དག་ནི་ཤིང་སྡོང་རྣམས་འགྲོ་བ་དང་མཚུངས་ཞེས་ཞུས་སོ།། 25དེ་ནས་སྐྱབས་མགོན་ཡེ་ཤུས་ཡང་བསྐྱར་ལོང་བའི་མིག་ཟུང་ལ་ཕྱག་གླན་ཅིང༌། ལོང་བས་མིག་ཅེ་རེར་བལྟས་པ་དང་མིག་ཟུང་སོས་ཏེ་ཐམས་ཅད་གསལ་པོར་མཐོང་བར་གྱུར་ཏོ།། 26སྐྱབས་མགོན་ཡེ་ཤུས་མི་དེ་ཕྱིར་རང་ཁྱིམ་དུ་འགྲོ་རུ་བཅུག་པ་དང་གྲོང་སྡེ་འདིའི་ནང་དུ་མ་འགྲོའོ་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པར་ཁས་བླངས༌པ།

27དེ་ནས་སྐྱབས་མགོན་ཡེ་ཤུ་ཐུགས་སྲས་རྣམས་དང་མཉམ་དུ་ཀེ་སར་ཡཱ་ཕི་ལིབ་པིའི་མཐའ་འཁོར་གྱི་གྲོང་སྡེ་དག་ལ་ཕེབས་ཤིང་། ལམ་བར་ནས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། མི་རྣམས་ཀྱིས་ང་རང་སུ་ཡིན་པར་སྨྲ་བཞིན་འདུག་གམ་ཞེས་དྲིས་པ༌ལ། 28ཁོ་རྣམས་ན༌རེ། མི་ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན༌དང༌། ལ་ལས་ཨེ་ལི༌ཡཱ། ཡང་མི་ལ་ལས་ལུང་སྟོན་པའི་གྲས་ཀྱི་གཅིག་ཡིན་ཟེར་གྱི་འདུག་ཅེས་ཞུས་པ༌དང༌། 29ཡང་ཁོང་གིས་འདི་སྐད༌དུ། འོ༌ན། ཁྱོད་ཅག་གིས་ང་རང་སུ་ཡིན་པར་གླེང་ངམ་ཞེས་དྲིས་པ༌ན། པེ་ཏྲོ་ན༌རེ། ཁྱེད་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ཞེས་ཞུས་སོ།། 30སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་ཁོང་ཉིད་ཀྱི་དོན་འདི་མི་གཞན་ལ་མི་སྨྲ་བའི་ཕྱིར་ནན་གྱིས་བསྐུལ༌ཏོ།།

དགྲོང་བར་འགྱུར་བའི་ལུང་བསྟན་པ།

31དེ་ནས་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། མིའི་བུ་ཡིས་ངེས་པར་སྡུག་བསྔལ་མང་དུ་མྱོང༌ཞིང༌། རྒན་པོ་དང་མཆོད༌དཔོན་ཆེན་པོ་དག མཁན་པོ་རྣམས་ཀྱིས་ཁོ་རང་དོར་ནས་གསོད་པ་དང་། ཡང་ཉིན་གསུམ་གྱི་རྗེས་སུ་སླར་གསོན་པར་འགྱུར་ཞེས་གསུངས་སོ།། 32ཁོང་གིས་བཀའ་དེ་གསལ་པོར་གསུངས་པ༌ན། པེ་ཏྲོས་ཁོང་གི་ཕྱག་ལ་འཇུས་ཤིང་ཟུར་དུ་ཁྲིད་ནས་ནན་གྱིས་བསྐུལ་མོད། 33འོན་ཀྱང་སྐྱབས་མགོན་ཡེ་ཤུས་ཞལ་ཕྱིར་འཁོར་ནས་ཐུགས་སྲས་རྣམས་ལ་གཟིགས་ཏེ་པེ་ཏྲོ་ལ་འདི་སྐད༌དུ། བདུད་སཱ་ཏན་ཁྱོད་ངའི་རྒྱབ་ཏུ་སོང༌ཞིག ཁྱོད་ཀྱིས་དཀོན་མཆོག་གི་དགོངས་པ་མི་བསམ་པར་མིའི་འདོད་བློ་བསམ་པ་ཡིན་ཞེས་བཀའ་བཀྱོན་གནང༌ངོ་༎ 34ཁོང་གིས་མི་ཚོགས་དང་ཐུགས་སྲས་རྣམས་རང་ཉིད་ཀྱི་དྲུང་དུ་བོས༌ཏེ། སུ་ཞིག་ང་ཡི་རྗེས་སུ་འབྲང་འདོད༌ན། རང་ཉིད་དོར་ནས་རང་གི་ཤིང་རྒྱ་གྲམ་ཁུར་ཏེ་ང་ཡི་རྗེས་སུ་འབྲང་བར་གྱིས། 35སུ་ཞིག་གིས་རང་སྲོག་སྐྱོབ་འདོད་པ་དེས་རང་སྲོག་འཆོར༌ཞིང༌། སུ་ཞིག་གིས་ང་རང་དང་འཕྲིན་བཟང་གི་དོན་དུ་རང་སྲོག་འདོར་བ་དེས་རང་སྲོག་སྐྱོབ་ངེས༌ཡིན། 36སུ་ཞིག་གིས་འཇིག་རྟེན་ཧྲིལ་པོ་རག་ཀྱང་རང་སྲོག་བོར་ན་ཅི་ལ༌ཕན། 37མིས་རང་ལ་ཚེ་སྲོག་འཐོབ་པར་རིན་ཅི་ཞིག་སྤྲོད་དམ། 38ལོག་གཡེམ་དང་སྡིག་ཅན་ཡིན་པའི་མི་རབས་འདི་ལས་སུ་ཞིག་གིས་ང་དང་ངའི་བཀའ་ངོ་ཚ་ཞིག་ཏུ་བརྩིས༌ན། མིའི་བུ་ཡང་ཡབ་ཀྱི་གཟི་བརྗིད་ངང་ཕོ་ཉ་དམ་པ་འཁོར་དང་བཅས་པ་ཕེབས༌ཡོང་དུས། མི་དེ་ཡང་ངོ་ཚ་ཞིག་ཏུ་བརྩི་ངེས་ཞེས་གསུངས༌སོ།།

མར་ཀུ 9

དཀོན་མཆོག་གི་རྒྱལ་སྲིད་སླེབ་ངེས་པ།

1དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་འདི་སྐད༌དུ། ངས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། འདི་རུ་སྡོད་པའི་མི་རྣམས་ལས་འགའ་ཞིག་གིས་འཆི་བ་དངོས་སུ་མ་མྱོང་བའི་སྔོན༌དུ། དཀོན་མཆོག་གི་རྒྱལ་སྲིད་མཐུ་སྟོབས་དང་ལྡན་པའི་སྒོ་ནས་སླེབ་ཡོང་བ་མཐོང་བར་ངེས་ཞེས་གསུངས༌སོ།།

སྐུ་གཟུགས་ཀྱི་རྣམ་པ་འགྱུར༌བ།

2དེ་ནས་ཉིན་དྲུག་འགོར་བ༌དང༌། སྐྱབས་མགོན་ཡེ་ཤུས་པེ་ཏྲོ༌དང༌། ཡ༌ཀོབ། ཡོ་ཧ་ནན་བཅས་ཁྲིད་ནས་རི་མཐོན་པོ་ཞིག་ཏུ་ཕེབས་པ༌དང༌། ཁོ་རྣམས་ཀྱི་མདུན་དུ་ཁོང་གི་རྣམ་པ་འགྱུར༌ཏེ། 3ན་བཟའ་ནི་འོད་འཕྲོ་ཞིང་ཤིན་ཏུ་དཀར་བ་འཇིག་རྟེན་ན་འཁྲུད་མཁན་སུས་ཀྱང་དེ་ལྟར་དཀར་པོ་བྱེད་མི་ཐུབ་པ་ཙམ་དུ་གྱུར་ཏོ།། 4དེའི་ཚེ། ཨེ་ལི་ཡཱ་དང་མོ་ཤེ་གཉིས་མངོན་སུམ་དུ་བྱུང་ནས་སྐྱབས་མགོན་ཡེ་ཤུ་དང་གསུང་མོལ་མཛད་དོ།། 5-6དེ་ནས་ཐུགས་སྲས་གསུམ་པོ་ཤིན་ཏུ་འཇིགས་ཏེ་པེ་ཏྲོས་ཅི་ལྟར་ཞུ་དགོས་པའང་མ་ཤེས༌པས། ཁོ་ན༌རེ། རཱབ་པེ༌ལགས། བདག་ཅག་འདི་རུ་བསྡད་ན་དངོས་གནས༌ལེགས་པོ་འདུག གུར་གསུམ་ཡང་བཟོ་བར་བྱ༌སྟེ། ཁྱེད་ལ་གཅིག་དང་མོ་ཤེ་ལ༌གཅིག ཨེ་ལི་ཡཱ་ལའང་གཅིག་ཅེས་ཞུས་སོ།། 7དེ་ནས་སྤྲིན་ཕུང་ཞིག་གིས་ཁོང་རྣམས་བསྒྲིབས་པ་དང་དེའི་ཁྲོད་ནས་སྐད་སྒྲ་ཞིག་གྲགས༌ཏེ། འདི་ནི་བདག་གི་གཅེས་པའི་བུ་ཡིན༌ཞིང་། ཁྱོད་ཅག་གིས་ཁོའི་གཏམ་ལ་ཉོན་ཅིག་ཅེས་གསུངས། 8ཐུགས་སྲས་རྣམས་ཀྱིས་མྱུར་དུ་མཐའ་འཁོར་ལ་བལྟས་པ༌ན། སྐྱབས་མགོན་ཡེ་ཤུ་གཅིག་པུ་ཁོ་རྣམས་དང་མཉམ་དུ་བཞུགས་པ་ལས་ཅི་ཡང་མ་མཐོང༌ངོ་༎ 9དེ་ནས་ཁོང་རྣམས་རི་བོ་ལས་མར་ཕེབས་པའི་དུས༌སུ། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མིའི་བུ་ད་དུང་འཆི་བ་ལས་སླར་གསོན་པའི་བར་དུ་ཁྱོད་ཅག་གིས་ཅི་མཐོང་བ་དེ་གཞན་སུ་ལའང་མི་སྨྲ་བར་གྱིས་ཞེས་བཀའ་བསྒོས་སོ།། 10ཐུགས་སྲས་རྣམས་ཀྱིས་གསུང་དེ་ཡིད་ལ་བཟུང༌ཞིང༌། འཆི་བ་ལས་སླར་གསོན་ཞེས་གསུངས་པའི་དོན་ཅི་ཡིན་ཕན་ཚུན་ལ་གླེང༌། 11ཁོ་རྣམས་ན༌རེ། མཁན་པོ་རྣམས་ཀྱིས་ཨེ་ལི་ཡཱ་སྔོན་དུ་འབྱོན་ངེས་ཡིན་ཞེས་ཟེར་དོན་ཅི་ཞུས་པ༌ལ། 12ཁོང་གིས་འདི་སྐད༌དུ། ཨེ་ལི་ཡཱ་དངོས་སུ་སྔོན་ལ་བྱོན་ཏེ་ཐམས་ཅད་བསྐྱར་དར་བྱ་བར་ངེས། གསུང་རབ་ཀྱི་མདོ༌ལས། མིའི་བུ་ཡི་སྐོར་ལ་ཇི་ལྟར་གསུངས་ཡོད་ཅེ༌ན། ཁོང་གིས་སྡུག་བསྔལ་མང་པོ་མྱང་བར་འགྱུར་ཞིང་མི་རྣམས་ཀྱིས་མཐོང་ཆུང་བྱེད་ངེས་ཡིན་ཞེས་བསྟན་ཡོད་པ་མ་ཡིན༌ནམ། 13འོན༌ཀྱང༌། བདག་གིས་ཁྱོད་རྣམས་ལ་སྨྲས་པ་ནི་གསུང་རབ་ཀྱི་མདོ་ལས་ཨེ་ལི་ཡཱའི་སྐོར་བཀོད་ཡོད་པ་ལྟར་ཁོང་ཉིད་བྱོན་ཟིན༌ལ། མི་རྣམས་ཀྱིས་ཁོང་ལ་ཅི་འདོད་བཞིན་བྱས་པ་ཡིན་ཞེས་གསུངས༌སོ།།

གདོན་འདྲེས་བཟུང་བའི་བུ་ཞིག་གསོས༌པ།

14དེ་ནས་ཁོང་རྣམས་ཐུགས་སྲས་གཞན་རྣམས་ཀྱི་གམ་དུ་ཕེབས་པ༌ན། མི་ཤིན་ཏུ་མང་པོས་ཐུགས་སྲས་གཞན་རྣམས་ཀྱི་མཐའ་བསྐོར༌ཞིང༌། ཡང་མཁན་པོ་འགའ་ཞིག་གིས་ཁོ་རྣམས་དང་རྩོད་གླེང་བྱེད་བཞིན་པ་གཟིགས་སོ།། 15དེ་ནས་མི་ཚོགས་ཀྱིས་སྐྱབས་མགོན་ཡེ་ཤུ་མཐོང་མ་ཐག་ཐམས་ཅད་ངོ་མཚར་བ་དང་ཁོང་གི་དྲུང་དུ་བརྒྱུགས་ཡོང་ནས་ཁོང་ལ་མཇལ་ཏོ།། 16དེ་ནས་སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་ཅི་ཞིག་རྩོད་བཞིན་ཡོད་དམ་ཞེས་དྲིས་པ༌ལ། 17མི་ཚོགས་ཀྱི་ཁྲོད་ནས་མི་ཞིག་ན༌རེ། སློབ་དཔོན༌ལགས། ངས་རང་གི་བུ་ཁྱེད་ཀྱི་དྲུང་དུ་ཁྲིད་ཡོང་བ༌ཡིན། ངའི་བུ་ནི་གདོན་འདྲེ་ཞིག་གིས་བཟུང་སྟེ་ལྐུགས་པར་གྱུར༌ཅིང༌། 18གང་ས་གང་དུའང་གདོན་འདྲེས་བཟུང༌ཚེ། བུ་ས་ལ་སྒྱེལ་ཞིང་ཁ་ནས་ལྦུ་བ་བཞུར་བ༌དང༌། སོ་འཆའ་ཞིང་ལུས་པོའང་རེངས་པོར་འགྱུར༌བས། ངས་ཁྱེད་ཀྱི་ཐུགས་སྲས་རྣམས་ལ་གདོན་འདྲེ་ཕྱིར་སྐྲོད་པར་ཞུས་ཀྱང་ཁོ་རྣམས་ཀྱིས་སྐྲོད་མ་ནུས་ཞེས་ཞུས་སོ།། 19དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཀྱེ། དད་པ་མེད་པའི་མི༌རབས་འདི། བདག་ནི་ཁྱོད་ཅག་དང་མཉམ་དུ་དུས་ནམ་ཞིག་གི་བར་དུ་སྡོད་དགོས༌སམ། ངས་དུས་ནམ་ཞིག་གི་བར་དུ་ཁྱོད་ཅག་ལ་བཟོད་བསྲན་བྱེད་དགོས༌སམ། བུ་དེ་བདག་གི་མདུན་དུ་ཁྲིད་ཤོག་ཅེས་གསུངས་པ༌དང༌། 20མི་རྣམས་ཀྱིས་བུ་དེ་ཁོང་གི་དྲུང་དུ་ཁྲིད་ཡོང་བ༌དང༌། གདོན་འདྲེ་དེས་སྐྱབས་མགོན་ཡེ་ཤུ་མཐོང་མ་ཐག་བུ་དྲག་ཏུ་སྤྲུགས༌པས། བུ་ས་ལ་འགྱེལ་ཞིང་འགྲེ་ལྡོག་བརྒྱབ་པ་དང་ཁ་ནས་ལྦུ་བ་བཞུར་ཏོ།། 21དེ་ནས་སྐྱབས་མགོན་ཡེ་ཤུས་བུ་དེའི་ཕ་ལ་དུས་ནམ་ཞིག་ཏུ་འདི་ལྟ་བུར་གྱུར་ཏམ་ཞེས་དྲིས་པ༌ལ། ཕ་ན༌རེ། ཁོ་ཆུང་དུས་ནས་བཟུང་འདི་ལྟར་ཡིན། 22གདོན་འདྲེ་དེས་ངའི་བུ་གསོད་པའི་ཆེད་དུ་ཐེངས་མང་པོར་མེ་དང་ཆུའི་ནང་དུ་འཕངས་མྱོང༌། ཁྱེད་ཀྱིས་ཅི་ཞིག་མཛད་ནུས༌ན། ངེད་ཅག་ལ་སྙིང་རྗེ་གནང་ཞིང་སྐྱབས་སུ་འཛིན་པར་མཛོད་ཅེས་ཞུས་པ༌དང༌། 23སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཅི་ཞིག་མཛད་ནུས་ན་ཟེར་རམ། སུས་ཀྱང་དད་པ་བྱས་ན་དོན་ཐམས་ཅད་འགྲུབ་སྲིད་ཅེས་གསུངས་སོ།། 24བུའི་ཕ་ཡིས་དེ་མ་ཐག་སྐད་ཆེན༌པོས། ངས་དད་པ་བྱེད། འོན་ཀྱང་ངའི་དད་པ་མི་འདང་བས་རོགས་རམ་མཛོད་ཅིག་ཅེས་ཞུས་པ༌ལ། 25སྐྱབས་མགོན་ཡེ་ཤུས་མི་ཚོགས་ཐམས་ཅད་རྒྱུག་ཡོང་བ་གཟིགས་པ་དང་གདོན་འདྲེ་ལ་འདི་སྐད༌བཀའ་བཀྱོན་གནང་བ་སྟེ། འོན་ཞིང་ལྐུགས་པའི་གདོན་འདྲེ༌ཁྱོད། ཁོའི་ལུས་ནས་ཕྱིར་བུད༌ཅིག ཕྱིན་ཆད་བུ་དེའི་ལུས་ལ་ཕྱིར་མ་ལོག་ཅིག་ཅེས་བཀའ་བབས་པ་ཡིན་ཞེས་གསུངས་སོ།། 26དེ་ནས་གདོན་འདྲེས་འུར་བརྒྱབ་ཅིང་བུ་འདར་དུ་བཅུག་ནས་ཕྱི་རུ་ཐོན་པ༌ན། བུ་བེམ་པོ་ལྟར་གྱུར་བས་མི་མང་ཤོས་ཀྱིས་བུ་དེ་ཤི་ཟིན་ཞེས་སྨྲས་སོ།། 27འོན་ཀྱང་སྐྱབས་མགོན་ཡེ་ཤུས་བུའི་ལག་པར་འཇུས་ཏེ་བསྐྱོར་བ་ན་བུའང་ཡར་ལངས། 28དེ་ནས་སྐྱབས་མགོན་ཡེ་ཤུ་ཁང་པའི་ནང་དུ་ཕེབས་ཤིང་ཟུར་ནས་ཐུགས་སྲས་རྣམས་ན༌རེ། ངེད་ཅག་གིས་ཅིའི་ཕྱིར་གདོན་འདྲེ་དེ་ཕྱིར་བསྐྲོད་མ་ནུས་ཞེས་ཞུས་པ༌ལ། 29ཁོང་གིས་འདི་སྐད༌དུ། གདོན་འདྲེ་འདིའི་རིགས་གསོལ་བ་འདེབས་པ་ལས་གཞན་ཐབས་གང་གིས་ཀྱང་ཕྱི་རུ་ཕུད་མི་ནུས་ཞེས་གསུངས༌སོ།། 30དེ་ནས་ཁོང་རྣམས་ལམ་ལ་ཆས་ཤིང་ག་ལིལ་ཡུལ་བརྒྱུད་ནས་ཕེབས་པ༌དང༌། སྐྱབས་མགོན་ཡེ་ཤུས་དོན་དེ་མི་གཞན་ལ་ཤེས་སུ་མི་འཇུག་པར་དགོངས༌ཏེ། 31ཐུགས་སྲས་རྣམས་ལ་འདི་སྐད༌དུ། མིའི་བུ་མི་རྣམས་ཀྱི་ལག་ཏུ་སྤྲོད་ཅིང༌། དེ་དག་གིས་ཁོ་རང་གསོད་པར་འགྱུར་ལ། བསད་ནས་ཉིན་གསུམ་གྱི་རྗེས་སུ་ཁོ་རང་སླར་གསོན་པར་ངེས་ཞེས་གདམས་སོ།། 32ཐུགས་སྲས་རྣམས་ཀྱིས་གསུང་དེའི་དོན་མ་རྟོགས་ཀྱང་ཁོང་ལ་དྲི་བའང་འདོན་མ་ཕོད༌དོ།།

ཐུགས་སྲས་རྣམས་ལས་སུ་ཞིག་མཆོག་གྱུར་ཡིན་པ།

33དེ་ནས་ཁོང་རྣམས་ཀཱ་ཕར་ན་ཧུམ་དུ་སླེབས་པ་དང་སྐྱབས་མགོན་ཡེ་ཤུ་ཁང་པའི་ནང་དུ་བཞུགས་པའི་ཚེ་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་ལམ་བར་ནས་ཅི་ཞིག་གླེང་བ་ཡིན་ཞེས་དྲིས། 34ཁོ་རྣམས་ཀྱིས་ལམ་བར་དུ་ཁོ་རྣམས་ལས་སུ་ཞིག་མཆོག་ཏུ་གྱུར་པ་ཡིན་པར་རྩོད་གླེང་བྱས་པས་སུས་ཀྱང་ཁ་མ་གྲགས་སོ།། 35ཁོང་ཉིད་མར་བཞུགས་རྗེས་ཐུགས་སྲས་བཅུ་གཉིས་པོ་བོས་ཏེ་འདི་སྐད༌དུ། སུ་ཞིག་གིས་རང་ཉིད་མཆོག་གྱུར་ཡིན་པར་འདོད༌ན། དེ་ནི་མི་ཐམས་ཅད་ཀྱི་མཐའ་མ་དང་མི་ཀུན་ལ་ཞབས་ཕྱི་སྒྲུབ་མཁན་ཏུ་འགྱུར་དགོས་པ་ཡིན་ཞེས་གསུངས༌ཤིང༌། 36དེ་ནས་ཁོང་གིས་བྱིས་པ་ཆུང་ངུ་ཞིག་ཁྲིད་ཡོང་སྟེ་ཁོ་རྣམས་ཀྱི་དཀྱིལ་ནས་སྡོད་དུ་བཅུག་པ༌དང༌། ཡང་བྱིས་པ་དེ་ཁོང་གི་པང་དུ་བཟུང་སྟེ་འདི་སྐད༌དུ། 37སུ་ཞིག་གིས་ངའི་མིང་གི་ཕྱིར་འདི་འདྲའི་བྱིས་པ་ཆུང་ངུ་ཞིག་ལ་བསུ་བ་བྱས་ན། དོན་དམ་དུ་བདག་ལ་བསུ་བ་བྱས་པ་ཡིན། ཡང་སུ་ཞིག་གིས་ང་རང་ལ་བསུ་བ་བྱས་པ་ཡིན༌ན། དོན་དམ་དུ་ང་རང་ལ་བསུ་བ་བྱས་པ་མ་ཡིན་པར་ང་རང་མངགས་མཁན་ཁོང་ལ་བསུ་བ་བྱས་པ་ཡིན་ཞེས་གསུངས༌སོ།།

དགྲ་དང་རང་ཕྱོགས་ཀྱི༌སྐོར།

38དེ་ནས་ཡོ་ཧ་ནན་ན༌རེ། སློབ་དཔོན༌ལགས། མི་གཞན་ཞིག་གིས་ཁྱེད་ཀྱི་མཚན་ལ་བརྟེན་ནས་གདོན་འདྲེ་སྐྲོད་བཞིན་པ་ངེད་རྣམས་ཀྱིས་མཐོང༌བྱུང་ངོ་།། འོན་ཀྱང་མི་དེ་ནི་བདག་ཅག་གི་རྗེས་སུ་མི་འབྲང་བས། ངེད་རྣམས་ཀྱིས་དོན་དེ་ལྟར་བྱེད་པ་བཀག་པ་ཡིན་ཞེས་ཞུས་པ༌ལ། 39སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མི་གཞན་གྱིས་བདག་གི་མིང་ལ་བརྟེན་ནས་དོན་ངོ་མཚར་ཅན་བྱས༌རྗེས། མྱུར་དུ་བདག་ལ་ཚིག་ངན་སྨྲ་བར་མི་ནུས་པས་ཁོ་རང་མ་འགོག༌ཅིག 40བདག་ཅག་དགྲ་རུ་མི་འཛིན་པ་དེ་ནི་བདག་ཅག་གི་ཕྱོགས་ཡིན། 41ངས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། སུ་ཞིག་གིས་ཁྱོད་ཅག་ནི་མཱ་ཤི་ཀ་ལ་གཏོགས་པའི་མི་ཡིན་པའི༌ཕྱིར། ཁྱོད་རྣམས་ལ་ཆུ་ཕོར་བ་གང་བྱིན་ནའང་མི་དེའི་བྱ་དགའ་ཅི་ནས་ཀྱང་སྟོང་བར་མི་འགྱུར་ཞེས་གསུངས༌སོ།།

སྡིག་པ་འགོག་པའི་སྐོར་གྱི་ཆོས་གསུངས༌པ།

42དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། སུ་ཞིག་གིས་བདག་ལ་དད་པའི་བྱིས་པ་ཆུང་ངུ་འདི་རྣམས་ལས་གཅིག་ལ་སྡིག་པ་བྱེད་དུ་འཇུག་པ༌ལས། མི་དེའི་སྐེ་ལ་རང་འཐག་གི་རྡོ་ཆེན་པོ་ཞིག་བཏགས་ནས་རྒྱ་མཚོའི་ནང་དུ་འཕངས་ན་ལེགས་སོ།། 43གལ་ཏེ་ཁྱོད་ཀྱི་ལག་པས་ཁྱོད་ལ་སྡིག་པ་བྱེད་དུ་འཇུག༌ན། ལག་པ་དེ་ཆོད༌ཅིག ཁྱོད་རང་ལག་པ་གཉིས་དང་ལྡན་པར་ནམ་ཡང་ཞི་བ་མེད་པའི་དམྱལ་བའི་གནས་ཀྱི་མེ་རུ་འཇུག་པ༌ལས། ལག་རྡུམ་དུ་གྱུར་ཀྱང་མཐའ་མེད་པའི་ཚེ་སྲོག་ཐོབ་པ་དེ་ལེགས་སོ།། 44དམྱལ་བའི་གནས་སུའང་མི་དེ་དག་ཟ་བའི་འབུ་མི་འཆི་ལ་མེ་ཡང་མི༌ཞིའོ།། 45གལ་ཏེ་ཁྱོད་ཀྱི་རྐང་པས་ཁྱོད་ལ་སྡིག་པ་བྱེད་དུ་འཇུག་ན། རྐང་པ་དེ་ཆོད༌ཅིག ཁྱོད་རང་རྐང་པ་གཉིས་དང་ལྡན་པར་དམྱལ་བའི་གནས་སུ་གཡུག་པ༌ལས། གྱོལ་པོར་གྱུར་ཀྱང་མཐའ་མེད་པའི་ཚེ་སྲོག་ཐོབ་པ་དེ་ལེགས་སོ།། 46དམྱལ་བའི་གནས་སུའང་མི་དེ་དག་ཟ་བའི་འབུ་མི་འཆི་ལ་མེ་ཡང་མི༌ཞིའོ།། 47གལ་ཏེ་ཁྱོད་ཀྱི་མིག་གིས་ཁྱོད་ལ་སྡིག་པ་བྱེད་དུ་འཇུག༌ན། མིག་དེ་བཏོན་ནས་དོར༌ཅིག ཁྱོད་རང་མིག་ཟུང་དང་ལྡན་པར་དམྱལ་བའི་གནས་སུ་གཡུག་པ༌ལས། མིག་ཡ་གཅིག་མེད་ནའང་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་པ་དེ་ལེགས་སོ།། 48དམྱལ་བའི་གནས་སུའང་མི་དེ་དག་ཟ་བའི་འབུ་མི་འཆི་ལ་མེ་ཡང་མི༌ཞིའོ།། 49རྒྱུ་མཚན་ནི་མི་རེ་རེ་ལ་མེ་ནི་ལན་ཚྭ་བཞིན་དུ་འདེབས་པར་འགྱུར། 50སྤྱིར་ལན་ཚྭ་ནི་ལེགས་ཀྱང་ལན་ཚྭའི་བྲོ་བ་ཡལ༌ན། དེའི་བྲོ་བ་གང་གིས་བསྐྱེད་དམ། ཁྱོད་ཅག་གི་ཁྲོད་དུའང་ཚྭ་ཡོད་པ་ལྟར་གྱུར་ནས། ཕན་ཚུན་འགྲིག་མཐུན་ངང་གནས་པར་གྱིས་ཤིག་ཅེས་གསུངས༌སོ།།

མར་ཀུ 10

བཟའ་ཚང་གི་སྐོར།

1དེ་ནས་སྐྱབས་མགོན་ཡེ་ཤུ་ཡར་བཞེངས་ནས་ཡོར་དན་གཙང་པོའི་ཕར་ཕྱོགས་སུ་ཡོད་པའི་ཡ་ཧུ་དཱའི་ཡུལ་དུ་ཕེབས་པ༌དང༌། མི་མང་པོ་སླར་ཡང་ཁོང་གི་དྲུང་དུ་འདུས༌ཤིང༌། ཁོང་གིས་སྔར་བཞིན་མི་དེ་རྣམས་ལ་ཆོས་གསུངས༌པ་རེད། 2ཕ་རུ་ཤི་པ་འགའ་ཤས་ཁོང་ལ་ཚོད་བགམ་པའི་ཕྱིར་ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། སྐྱེས་པ་ཞིག་གིས་རང་གི་ཆུང་མ་སྤངས་ན་བཀའ་ཁྲིམས་དང་མཐུན་ནམ་ཞེས་ཞུས་པ༌ན། 3ཁོང་གིས་འདི་སྐད༌དུ། མོ་ཤེ་ཡིས་ཁྱོད་རྣམས་ལ་བཀའ་ཅི་ཞིག་གནང་ཡོད་དམ་ཞེས་གསུངས་པ༌དང༌། 4ཡང་ཁོ་རྣམས་ན༌རེ། མོ་ཤེ་ཡིས་བཟའ་འཐོར་ཡི་གེ་བྲིས་ན་ཆུང་མ་སྤོང་ཆོག་ཅེས་བཀའ་གནང་བ་ཡིན་ཞེས་ཞུས་པ༌ལ། 5ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གི་སེམས་གྱོང་པོ་ཡིན་པས་མོ་ཤེ་ཡིས་བཀའ་འདི་གནང་བ་ཡིན༌མོད། 6འོན་ཀྱང་འཇིག་རྟེན་འདི་ཐོག་མར་བཀོད་དུས་དཀོན་མཆོག་གིས་མི་ནི་ཕོ་དང་མོ་གཉིས་སུ་མཛད་པ་ཡིན། 7དེའི༌ཕྱིར། སྐྱེས་པ་ནི་རང་གི་ཕ་མ་དང་ཁ་བྲལ་ནས་རང་གི་ཆུང་མར་འབྲེལ་ཏེ། 8ཁོ་གཉིས་ལུས་པོ་གཅིག་ཏུ་འགྱུར་བས་ཕྱིན་ཆད་ཁོ་གཉིས་ནི་ལུས་པོ་གཉིས་མ་ཡིན་པར་ལུས་པོ་གཅིག་རང་ཡིན། 9དེ་བས་དཀོན་མཆོག་གིས་སྦྲེལ་བ་དེ་མི་སུས་ཀྱང་གཏོར་མི་རུང་ཞེས་གསུངས་སོ།། 10དེ་ནས་ཁོང་རྣམས་ཁང་པའི་ནང་དུ་ཕེབས༌རྗེས། ཐུགས་སྲས་རྣམས་ཀྱིས་ཁོང་ལ་གསུང་དེའི་དོན་དྲིས་པ༌ན། 11ཁོང་གིས་འདི་སྐད༌དུ། སུ་ཞིག་གིས་རང་གི་ཆུང་མ་སྤངས་ཏེ་གཞན་ཞིག་བླངས་ན་དེ་ནི་ཆུང་མར་འགལ་ནས་ལོག་གཡེམ་བྱས་པ་ཡིན། 12ཡང་བུད་མེད་ཅིག་གིས་རང་གི་སྐྱེས་པ་སྤངས་ནས་སྐྱེས་པ་གཞན་དང་གཉེན་བསྒྲིགས་ན་དེ་ཡང་ལོག་གཡེམ་བྱས་པ་ཡིན་ཞེས་གསུངས༌སོ།།

བྱིས་པར་བྱིན་གྱིས་བརླབས༌པ།

13དེ་ནས་མི་རྣམས་ཀྱིས་བྱིས་པ་འགའ་ཁོང་གི་ཕྱག་གིས་རེག་པའི་ཆེད་དུ་ཁོང་གི་དྲུང་དུ་ཁྲིད་ཡོང༌ནའང༌། ཐུགས་སྲས་རྣམས་ཀྱིས་དེ་རྣམས་ལ་བཀའ་བཀྱོན་གནང༌ངོ་༎ 14སྐྱབས་མགོན་ཡེ་ཤུས་ཚུལ་དེ་གཟིགས་པ་དང་ཐུགས་ཁྲོས་ཏེ་ཐུགས་སྲས་རྣམས་ལ་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་ནི་དེ་ལྟ་བུ་རྣམས་ཀྱི་ཡིན༌པས། བྱིས་པ་རྣམས་མ་འགོག་པར་བདག་གི་དྲུང་ལ་ཡོང་དུ༌ཆུག 15ངས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། མི་སུས་ཀྱང་དཀོན་མཆོག་གི་རྒྱལ་སྲིད་ནི་བྱིས་པའི་ཚུལ་གྱིས་དང་དུ་མ་བླངས༌ན། མི་དེ་ཅིས་ཀྱང་རྒྱལ་སྲིད་དེར་ཞུགས་མི་ནུས་ཞེས་གསུངས་པ༌དང༌། 16ཁོང་གིས་བྱིས་པ་དེ་རྣམས་པང་དུ་བསྣམས་ཤིང་དེ་དག་གི་སྟེང་ལ་ཕྱག་བཞག་སྟེ་བྱིན་གྱིས་བརླབས༌སོ།། 17དེ་ནས་སྐྱབས་མགོན་ཡེ་ཤུ་ལམ་དུ་ཕེབས་པའི་སྐབས༌སུ། མི་ཞིག་བརྒྱུགས་ཡོང་ནས་ཁོང་གི་དྲུང་དུ་པུས་མོ་སར་བཙུགས་ཏེ་ན༌རེ། སློབ་དཔོན་བཟང་པོ༌ལགས། ངས་གང་ཞིག་བྱས་ན། ད་གཟོད་མཐའ་མེད་པའི་ཚེ་སྲོག་འཐོབ་ཐུབ་བམ་ཞེས་ཞུས་སོ།། 18ཁོང་གིས་འདི་སྐད༌དུ། ཁྱོད་ཀྱིས་ཅིའི་ཕྱིར་བདག་ལ་བཟང་པོ་ཟེར༌རམ། དཀོན་མཆོག་ཁོ་ན་ལས་བཟང་པོ་གཅིག་ཀྱང་མེད། 19མི་མ་གསོད། ལོག་གཡེམ་མ༌བྱེད། རྐུ་མ༌བྱེད། རྫུན་གྱི་དཔང་པོ་མ༌བྱེད། མི་ལ་གྱོང་གུད་མ༌བཟོ། རང་གི་ཕ་མ་གཉིས་ལ་བཀུར་བསྟི་བྱེད་དགོས་ཞེས་གསུངས་པའི་བཀའ་ཁྲིམས་འདི་དག་ཁྱོད་ཀྱིས་ཤེས་པ་ཡིན་ཞེས་གསུངས་སོ།། 20ཡང་མི་དེ་ན༌རེ། སློབ་དཔོན༌ལགས། ངས་ཆུང་དུས་ནས་བཀའ་དེ་ཐམས་ཅད་བསྲུངས་པ་ཡིན་ཞེས་ཞུས། 21སྐྱབས་མགོན་ཡེ་ཤུས་ཁོ་ལ་གཟིགས་ཤིང་བྱམས་པའི་ཉམས་དང་བཅས། ཁྱོད་ལ་ད་དུང་དོན་གཅིག་མི་ཚང༌སྟེ། ཁྱོད་རང་ཕྱིར་སོང་ནས་རང་ལ་ཡོད་པ་ཐམས་ཅད་བཙོངས་ནས་དབུལ་པོ་རྣམས་ལ་བྱིན༌ཅིག ནམ་མཁའི་ཞིང་ཁམས་སུ་ཁྱོད་ལ་ནོར་བུ་འཐོབ་པར་འགྱུར། དེ་ནས་བདག་གི་རྗེས་སུ་འབྲང་བར་གྱིས་ཞེས་གསུངས་པ༌ན། 22མི་དེ་ལ་རྒྱུ་ནོར་ཤིན་ཏུ་མང་པོ་ཡོད་པས་གསུང་དེ་ཐོས་པ་དང་ངོ་མདངས་འགྱུར་ཞིང་ཡིད་སྐྱོ་བའི་ངང་ནས་ཕྱིར་སོང་ངོ༌།། 23དེ་ནས་སྐྱབས་མགོན་ཡེ་ཤུས་རང་ཉིད་ཀྱི་མཐའ་འཁོར་ལ་གཟིགས་ཤིང་ཐུགས་སྲས་རྣམས་ལ་འདི་སྐད༌དུ། རྒྱུ་འབྱོར་བ་ཅན་རྣམས་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་པ་ནི་ཇི་འདྲའི་དཀའ་ཨང་ཞེས་གསུངས་པ༌དང༌། 24ཐུགས་སྲས་རྣམས་ཁོང་གི་གསུང་དེར་ཧ་ལས༌པ་རེད། འོན་ཀྱང་སྐྱབས་མགོན་ཡེ་ཤུས་སླར་ཡང་ཐུགས་སྲས་རྣམས་ལ་འདི་སྐད༌དུ། བུ་ཕྲུག༌རྣམས། དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་པ་ནི་དཀའོ།། 25ཕྱུག་བདག་ཅིག་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་པ༌ལས། རྔ་མོང་ཞིག་ཁབ་མིག་ཏུ་འཛུལ་བ་སླ་ཞེས་གསུངས་པ༌དང༌། 26ཐུགས་སྲས་རྣམས་ཤིན་ཏུ་ཧ་ལས་ཤིང་ཁོང་ལ་དེས་ན་སུ་ཞིག་ལ་ཐར་པ་འཐོབ་ཐུབ་བམ་ཞེས་ཞུས་པ་ན། 27ཡང་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་གཟིགས་ཏེ་འདི་སྐད༌དུ། དེ་ནི་མི་ཡིས་མི་ནུས་ཀྱང་དཀོན་མཆོག་གིས་ནུས༌པ་ཡིན། དཀོན་མཆོག་གིས་ཐམས་ཅད་བསྒྲུབ་སྲིད་ཅེས་གསུངས་སོ།། 28དེ་ནས་པེ་ཏྲོ་ན༌རེ། ཁྱེད་ཀྱིས་གཟིགས༌དང༌། ངེད་ཅག་གིས་ཐམས་ཅད་སྤངས་ནས་ཁྱེད་ཀྱི་རྗེས་སུ་འབྲངས་པ་ཡིན་ཞེས་ཞུས་པ༌ལ། 29ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། སུ་ཞིག་གིས་བདག་དང་འཕྲིན་བཟང་གི་དོན་དུ་རང་གི་ཁང་པ་དང་། ཕུ༌ནུ། ལྕམ་སྲིང་། ཕ་མ། བུ༌ཕྲུག ས་ཞིང་སོགས་སྤངས་ན། 30མི་དེ་ལ་བསྐལ་པ་འདིར་ཁང་པའམ། ཕུ༌ནུའམ། ལྕམ་སྲིང་ངམ། མའམ། བུ༌ཕྲུག་གམ། ས་ཞིང་སོགས་ལྡབ་བརྒྱ་འགྱུར་གྱིས་འཐོབ་པར་མ༌ཟད། གནོད་འཚེ་ཡང་ཐེབས་ཡོང་ཞིང་བསྐལ་པ་འབྱུང་འགྱུར་དུ་མཐའ་མེད་པའི་ཚེ་སྲོག་ཀྱང་འཐོབ་ངེས༌སོ།། 31འོན་ཀྱང་། སྔ་མ་མང་པོ་ཕྱི་མར་འགྱུར་ཞིང་། ཕྱི་མ་མང་པོ་སྔ་མར་འགྱུར་ཞེས་གསུངས༌སོ།།

དགྲོང་བར་འགྱུར་བ་སླར་ཡང་ལུང་བསྟན༌པ།

32དེ་ནས་ཁོང་རྣམས་ལམ་ལ་ཆས་ཏེ་ཡར་ཡེ་རུ་སཱ་ལེམ་དུ་ཕེབས༌སྐབས། སྐྱབས་མགོན་ཡེ་ཤུ་སྔོན་དུ་ཕེབས་བཞིན་པ་དང་ཐུགས་སྲས་རྣམས་ཧ་ལས་ཤིང་། རྗེས་སུ་འབྲང་མཁན་རྣམས་ཀྱང་འཇིགས༌སྣང་སྐྱེས་སོ།། ཁོང་གིས་ཡང་བསྐྱར་ཐུགས་སྲས་བཅུ་གཉིས་པོ་ཟུར་དུ་ཁྲིད་ཅིང་། རང་ཉིད་ལ་འབྱུང་ངེས་པའི་དོན་རྣམས་གསུངས་ཏེ། 33ལྟོས༌དང༌། བདག་ཅག་ཡར་ཡེ་རུ་སཱ་ལེམ་དུ་འགྲོ་བཞིན༌ཡོད། མིའི་བུ་ཁོ་རང་མཆོད་དཔོན་ཆེན་པོ་དག་དང་མཁན་པོ་རྣམས་ཀྱི་ལག་ཏུ་སྤྲོད་ཅིང་དེ་དག་གིས་ཁོ་རང་གསོད་དགོས་པའི་ཁྲིམས་ཐག་གཅོད་པ་དང་ཕྱི་ཕྱོགས་པ་རྣམས་ལ་སྤྲད༌དེ། 34ཁོ་རང་ལ་འཕྱ་དམོད་བྱེད་པ༌དང༌། མཆིལ་མ་འདེབས་པ། རྟ་ལྕག་གིས་གཞུས་ནས་གསོད་པར་འགྱུར་རོ།། དེ་ནས་ཉིན་གསུམ་གྱི་རྗེས་སུ་ཁོ་རང་སླར་གསོན་པར་འགྱུར་ཞེས་ལུང་བསྟན༌ཏོ།།

ཡ་ཀོབ་དང་ཡོ་ཧ་ནན་གྱི་ཞུ༌བ།

35དེ་ནས་ཟེ་བད་ཡཱའི་བུ་ཡ་ཀོབ་དང་ཡོ་ཧ་ནན་གཉིས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་སྟེ་ན༌རེ། སློབ་དཔོན༌ལགས། ངེད་གཉིས་ཀྱིས་ཁྱེད་ལ་ཅི་ཞིག་ཞུས་ན་དེ་གནང་བར་སྨོན་ཞེས་ཞུས་པ༌ན། 36ཁོང་གིས་འདི་སྐད༌དུ། ངས་ཁྱོད་གཉིས་ལ་དོན་ཅི་བྱ་དགོས་སམ་ཞེས་གསུངས་པ༌དང༌། 37ཡང་ཁོ་གཉིས་ན༌རེ། ཁྱེད་ཀྱི་གཟི་བརྗིད་ནང་དུ་ངེད་གཉིས་ལས་གཅིག་ནི་ཁྱེད་ཀྱི་གཡས་ཕྱོགས་དང་གཅིག་ནི་གཡོན་ཕྱོགས་སུ་སྡོད་དུ་འཇུག་པར་མཛོད་ཅེས་ཞུས་སོ།། 38ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་གཉིས་ཀྱིས་ཅི་ཞིག་ཞུ་བའང་མི་ཤེས༌ཏེ། ངས་འཐུང་བར་འགྱུར་བའི་ཕོར་བ་ལས་ཁྱོད་གཉིས་ཀྱིས་འཐུང་ནུས༌སམ། ངས་ལེན་པར་འགྱུར་བའི་ཁྲུས་གསོལ་དེ་ཁྱོད་གཉིས་ཀྱིས་ཀྱང་ལེན་ནུས་སམ་ཞེས་གསུངས་པ༌ན། 39ཁོ་གཉིས་ཀྱིས་ནུས་པ་ཡིན་ཞེས་ཞུས་སོ།། ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་འཐུང་བར་འགྱུར་བའི་ཕོར་བ་ལས་ཁྱོད་གཉིས་ཀྱིས་ཀྱང་འཐུང་ངེས༌ལ། ངས་ལེན་པར་འགྱུར་བའི་ཁྲུས་གསོལ་དེ་ཡང་ལེན་པར་འགྱུར། 40འོན་ཀྱང་ངའི་གཡས་གཡོན་ལ་སྡོད་དུ་འཇུག་པའི་དབང་ནི་བདག་ལ་མེད། མི་སུ་ཡི་ཆེད་དུ་སྟ་གོན་མཛད་ཡོད་ན་དེ་ལ་གནང་ངེས་ཡིན་ཞེས་གསུངས་སོ།། 41ཐུགས་སྲས་བཅུ་པོས་གཏམ་དེ་ཐོས་ཚེ་ཡ་ཀོབ་དང་ཡོ་ཧ་ནན་གཉིས་ཀྱི་སྟེང་ལ་ཁོང་ཁྲོ་ལངས་པ་རེད། 42དེ་ནས་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་རང་གི་དྲུང་དུ་བོས་ཏེ་འདི་སྐད༌དུ། ཕྱི་ཕྱོགས་པ་རྣམས་ལས་དཔོན་རིགས་སུ་བཀུར་བ་རྣམས་ཀྱིས་རང་གི་འབངས་མི་ལ་དབང་བྱེད༌ཅིང༌། བློན་ཆེན་རྣམས་ཀྱིས་རང་གི་འབངས་མི་ལ་དབང་བསྒྱུར་བ་ཁྱོད་ཅག་གིས་ཀྱང་ཤེས་གསལ་ལྟར་ཡིན། 43འོན་ཀྱང་ཁྱོད་ཅག་གི་ཁྲོད་དུ་དེ་ལྟར་བྱ་མི་རུང་སྟེ། ཁྱོད་ཅག་ལས་སུ་ཞིག་ཆེན་པོར་འགྱུར་འདོད་པ་དེ་ཁྱོད་ཅག་གི་ཞབས་ཕྱི་པར་འགྱུར་དགོས་ཤིང༌། 44ཁྱོད་ཅག་ལས་སུ་ཞིག་མཆོག་ཏུ་འགྱུར་འདོད་པ་དེ་མི་ཀུན་གྱི་བྲན་གཡོག་ཏུ་འགྱུར་དགོས་སོ།། 45ཅིའི་ཕྱིར་ཞེ༌ན། མིའི་བུ་ཡང་མི་གཞན་གྱི་ཞབས་ཕྱི་འཐོབ་པའི་ཕྱིར་ཡོང་བ་མ་ཡིན༌པར། མི་གཞན་ལ་ཞབས་ཕྱི་བསྒྲུབ་པ་དང་རང་སྲོག་ཕུལ་ནས་མི་མང་པོ་བླུ་བའི་ཆེད་དུ་ཡོང་བ་ཡིན་ཞེས་གསུངས༌སོ།།

སྤྲང་པོ་ལོང་བའི་མིག་གསོས༌པ།

46དེ་ནས་ཁོང་རྣམས་ཡེ་རུ་ཀོ་ལ་ཕེབས་པ༌དང༌། ཡང་ཁོང་ཉིད་དང་ཐུགས་སྲས་རྣམས། མི་མང་པོ་བཅས་ལྷན་དུ་ཡེ་རུ་ཀོ་དང་ཁ་བྲལ་ནས་འབྱོན་པའི་དུས༌སུ། ཐི་མེ་ཟིའི་བུ་སྤྲང་པོ་ལོང་བ་པཱར་ཏི་མཱ་ཞེས་པ་ལམ་འགྲམ་དུ་བསྡད་ཡོད་ཅིང་། 47སྤྲང་པོ་དེས་ནཱ་ཙ་རེལ་པ་སྐྱབས་མགོན་ཡེ་ཤུ་ཕེབས་པའི་གཏམ་ཐོས་ནས་སྐད་ཆེན༌པོས། ཀྱེ། དཱ་བིད་ཀྱི་རིགས༌སྲས། ཡེ་ཤུ༌ལགས། བདག་ལ་སྙིང་རྗེས་གཟིགས་རོགས་ཞེས་ཞུས་སོ།། 48མི་མང་པོས་ཁོ་རང་ཁ་རོག་ཏུ་སྡོད་པར་ནན་གྱིས་བསྐུལ༌ནའང༌། ཁོས་སྔར་ལས་ཀྱང་སྐད་ཆེན༌པོས། ཀྱེ། དཱ་བིད་ཀྱི་རིགས་སྲས༌ལགས། བདག་ལ་སྙིང་རྗེས་གཟིགས་རོགས་ཞེས་འབོད་སྐད་བསྒྲགས་སོ།། 49དེ་ནས་སྐྱབས་མགོན་ཡེ་ཤུས་ཀྱང་ཕེབས་མཚམས་བཞག་སྟེ་ཁོ་རང་ཚུར་བོས་ཤིག་ཅེས་གསུངས་པ༌དང༌། ཐུགས་སྲས་རྣམས་ཀྱིས་ལོང་བ་དེ་བོས་ནས་ན༌རེ། སྐྱབས་མགོན་ཡེ་ཤུས་ཁྱོད་རང་ཚུར་ཤོག་ཅེས་གསུངས༌པས། ཁྱོད་རང་སེམས་བདེ་བའི་ངང་ནས་ཡར་ལོངས་ཤིག་ཅེས་སྨྲས་པ༌ན། 50ཁོས་ཀྱང་རང་གི་ཕྱི་གོས་བསྐྱུར་ནས་མགྱོགས་པོར་ཡར་ལངས་ཏེ་ཁོང་གི་སྐུ་མདུན་དུ་སོང༌ངོ་༎ 51དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་ཁྱོད་ལ་ཅི་བྱ་དགོས་སམ་ཞེས་གསུངས་པ༌དང༌། ལོང་བ་ན༌རེ། རཱབ་པོ་ནེ་ལགས། ངའི་མིག་གིས་མཐོང་ནུས་པར་མཛོད་ཅེས་ཞུས་པ༌ན། 52སྐྱབས་མགོན་ཡེ་ཤུས་ད་ལྟ་ཁྱོད་རང་ཕྱིར་སོང་དང་ཁྱོད་ཀྱི་དད་པས་ཁྱོད་རང་བསྐྱབས་པ་ཡིན་ཞེས་གསུངས་མ་ཐག ཁོའི་མིག་གིས་མཐོང་བར་གྱུར་ཅིང་ཁོ་རང་ལམ་བར་དེ་ནས་ཁོང་གི་རྗེས་སུ་འབྲངས༌སོ།།

མར་ཀུ 11

1དེ་ནས་ཁོང་རྣམས་ཡེ་རུ་སཱ་ལེམ་གྱི་ཉེ་འགྲམ༌སྟེ། སྐྱུ་རུ་རའི་རི་བོའི་ངོས་སུ་ཡོད་པའི་པེ་ཕཱ་གེ་དང་པེ་ཐན་ཡཱ་རུ་ཕེབས༌ཚེ། སྐྱབས་མགོན་ཡེ་ཤུས་ཐུགས་སྲས་གཉིས་མངགས༌ཤིང་འདི་སྐད་དུ། 2ཁྱོད་གཉིས་ཕ་རོལ་གྱི་གྲོང་སྡེ་རུ་སོང༌དང༌། གནས་དེར་སླེབས་མ་ཐག་སུས་ཀྱང་བཞོན་མ་མྱོང་བའི་བོང་ཕྲུག་ཅིག་བཏགས་ཡོད་པ་མཐོང་ངེས་ཤིང་། ཁྱོད་གཉིས་ཀྱིས་ཐག་པ་བཀྲོལ་ནས་འདིར་ཁྲིད༌ཤོག 3གལ་ཏེ་སུ་ཞིག་གིས་ཁྱོད་གཉིས་ལ་ཅིའི་ཕྱིར་དེ་ལྟར་བྱེད་པ་ཡིན་ཞེས་དྲིས༌ན། ཁྱོད་གཉིས་ཀྱིས་གཙོ་བོ་ལ་མཁོ་བ་ཡིན་ཞེས་སྨྲོས༌དང༌། དེས་ཀྱང་མྱུར་དུ་གཏོང་བར་འགྱུར་ཞེས་གསུངས་སོ།། 4དེ་ནས་ཁོ་གཉིས་ཕར་སོང་བ་དང་སྒོའི་ཕྱི་རོལ་གྱི་སྲང་ལམ་དུ་བོང་ཕྲུག་ཅིག་བཏགས་འདུག་པ་མཐོང་སྟེ་འདོགས་ཐག་བཀྲོལ་ཞིང་། 5གནས་དེར་ལངས་བསྡད་ཡོད་པའི་མི་རྣམས་ལས་འགའ་ཞིག་ན༌རེ། ཅིའི་ཕྱིར་བོང་ཕྲུག་དེ་བཀྲོལ་བ་ཡིན་ཞེས་དྲིས་པ༌ན། 6ཁོ་གཉིས་ཀྱིས་སྐྱབས་མགོན་ཡེ་ཤུའི་བཀའ་ལྟར་ལན་བཏབ༌པས། མི་དེ་རྣམས་ཀྱིས་ཀྱང་ཁོ་གཉིས་འགྲོ་རུ་བཅུག་གོ། 7དེ་ནས་བོང་ཕྲུག་ཁྲིད་དེ་སྐྱབས་མགོན་ཡེ་ཤུའི་དྲུང་དུ་སླེབས༌རྗེས། ཁོ་གཉིས་ཀྱིས་རང་གི་ཕྱི་གོས་བོང་ཕྲུག་གི་རྒྱབ་ཏུ་བཏིངས་པ་དང་ཁོང་དེ་ལ་བཅིབས། 8མི་མང་པོས་རང་གི་ཕྱི་གོས་ལམ་ནང་དུ་བཏིངས་པ༌དང༌། མི་གཞན་རྣམས་ཀྱིས་ཞིང་བར་གྱི་སྡོང་བོའི་ཡལ་ག་བཅད་ནས་ལམ་ནང་དུ་བཀྲམ་པའོ།། 9ཁོང་གི་སྔོན་དུ་འགྲོ་བ་དང་རྗེས་སུ་འབྲངས་པའི་མི་རྣམས་ཀྱིས་སྐད་ཆེན༌པོས། ཧོ་ཟན༌ནཱ། གཙོ་བོའི་མཚན་གྱི་སྒོ་ནས་བྱོན་པ་ནི་བྱིན་རླབས་ཅན་ཡིན། 10བདག་ཅག་གི་མེས་པོ་དཱ་བིད་ཀྱི་རྒྱལ་སྲིད་འབྱོན་པ་འདི་ནི་བྱིན་རླབས་ཅན་ཡིན། བླ་ན་མེད་པའི་གནས་ལ་ཧོ་ཟན་ནཱ་ཞེས་ཡང་ཡང་བསྒྲགས༌སོ།། 11དེ་ནས་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་སླེབས་ནས་མཆོད་ཁང་དུ་ཕེབས་ཏེ་རིམ་གྱིས་མཐའ་འཁོར་ལ་གཟིགས༌ཤིང༌། མཚན་མོའི་དུས་ལ་སླེབས་འདུག་པས་ཐུགས་སྲས་བཅུ་གཉིས་པོ་དང་མཉམ་དུ་པེ་ཐན་ཡཱ་རུ་ཕེབས༌སོ།།

མཆོད་ཁང་གཙང་མར་མཛད༌པ།

12དེའི་ཕྱི༌ཉིན། ཁོང་རྣམས་པེ་ཐན་ཡཱ་ནས་ཕར་ཕེབས་པའི་དུས་སུ་སྐྱབས་མགོན་ཡེ་ཤུ་བཀྲེས༌ཤིང༌། 13རྒྱང་རིང་ནས་ཤིང་སྡོང་བསེ་ཡབ་ལོ་མ་འབུས་ཡོད་པ་ཞིག་གཟིགས༌ཏེ། ཤིང་འབྲས་ཐོགས་ཡོད་པར་དགོངས་ནས་དེའི་གམ་དུ་ཕེབས་པ༌ན། བསེ་ཡབ་ཤིང་ལ་འབྲས་བུ་སྨིན་མ་རན་པས་ལོ་མ་ལས་གཞན་ཅི་ཡང་མེད་པ་གཟིགས་སོ།། 14དེ་ནས་སྐྱབས་མགོན་ཡེ་ཤུས་ཤིང་སྡོང་དེ་ལ་འདི་སྐད༌དུ། དུས་ད་ནས༌བཟུང༌། ཁྱོད་ཀྱི་འབྲས་བུ་མི་སུས་ཀྱང་མི་བཟའ་བར་གྱུར་ཅིག་ཅེས་གསུངས་ཤིང་ཐུགས་སྲས་རྣམས་ཀྱིས་ཀྱང་ཐོས༌སོ།། 15དེ་ནས་ཁོང་རྣམས་ཡེ་རུ་སཱ་ལེམ་དུ་ཕེབས་པ་དང་ཁོང་ཉིད་མཆོད་ཁང་དུ་བྱོན༌ཏེ། མཆོད་ཁང་གི་ནང་དུ་ཡོད་པའི་ཚོང་པ་ཐམས་ཅད་སྒོའི་ཕྱི་རུ་ཕུད༌ཅིང༌། དངུལ་བརྗེ་མཁན་གྱི་ཅོག་ཙེ་དང་ཕུག་རོན་ཚོང་མཁན་གྱི་འདུག་སྟེགས་ཀྱང་སར་བསྒྱེལ༌ཏོ།། 16མི་སུ་ལའང་མཆོད་ཁང་བརྒྱུད་ནས་དངོས་པོ་ཅི་ཡང་འཁྱེར་དུ་མ་བཅུག་པར། 17མི་རྣམས་ལ་འདི་སྐད༌དུ། གསུང་རབ་ཀྱི་མདོ༌ལས། ངའི་ཁང་པ་ལ་མི་རིགས་ཐམས་ཅད་ཀྱི་ཆེད་དུ་སྨོན་ལམ་ཁང་ཟེར་བར་འགྱུར་ཞེས་གསུངས་ཡོད་པ་མིན༌ནམ། འོན་ཀྱང་ཁྱོད་ཅག་གིས་འདི་ནི་ཇག་ཚང་ཞིག་ཏུ་བསྒྱུར་འདུག་ཅེས་གསུངས་པ༌ན། 18མཁན་པོ་དང་མཆོད་དཔོན་ཆེན་པོ་རྣམས་ཀྱིས་གཏམ་དེ་ཐོས་ནས་སྐྱབས་མགོན་ཡེ་ཤུ་ཇི་ལྟར་དགྲོང་བའི་ཐབས་འཚོལ་ལོ།། འོན་ཀྱང་དེ་རྣམས་ཁོང་ལའང་འཇིགས༌པ་སྟེ། རྒྱུ་མཚན་ནི་མི་ཚོགས་ཐམས་ཅད་ཁོང་གིས་ཆོས་གསུངས་པ་ལ་ངོ་མཚར་བའི་ཕྱིར༌ཡིན། 19ཡང་མཚན་མོ་རེ་རེར་ཁོང་རྣམས་གྲོང་ཁྱེར་ཕྱི་རོལ་ཏུ་ཕེབས༌སོ།།

འབྲས་བུ་མེད་པའི་བསེ་ཡབ་ཤིང་།

20ཞོགས་པའི་དུས༌སུ། ཁོང་རྣམས་ལམ་ལ་ཆས་སྐབས་བསེ་ཡབ་ཤིང་དེ་རྩ་བ་ནས་བསྐམས་ཟིན་པ་མཐོང༌ཞིང་། 21པེ་ཏྲོས་སྐྱབས་མགོན་ཡེ་ཤུའི་གསུང་དེ་དྲན༌ནས། རཱབ་པེ་ལགས། གཟིགས༌དང༌། ཁྱེད་ཀྱིས་དམོད་པའི་ཤིང་སྡོང་བསེ་ཡབ་ད་ལྟ་བསྐམས་འདུག་ཅེས་ཞུས་པ༌ལ། 22སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དཀོན་མཆོག་ལ་དད་པ་བྱོས༌ཤིག 23ངས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། སུ་ཞིག་གིས་རི་བོ་འདི་ལ་ད་ལྟ་ཉིད་དུ་ཕར་སྤོས་ནས་རྒྱ་མཚོར་ལྷུང་བར་བྱོས་ཞེས་སྨྲས༌ཚེ། དེ་བཞིན་དུ་འགྲུབ་པར་འགྱུར་ཞེས་སེམས་སུ་ཐེ་ཚོམ་མེད་པར་དཀོན་མཆོག་ལ་དད་པ་བྱེད༌ན། དོན་དེ་འགྲུབ་པར་མཛད་ངེས་སོ།། 24དེ་བས་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཁྱོད་ཅག་གིས་སྨོན་ལམ་དང་གསོལ་བ་འདེབས་པ་གང་ཡིན་ཡང་ཐོབ་ངེས་པར་དད་པ་བྱོས་དང་དེ་འཐོབ་པར་འགྱུར། 25ཡང་ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཁྱོད་ཅག་གི་ཡབ་ཀྱིས་ཁྱོད་རྣམས་ཀྱི་ཉེས་པ་བསལ་བའི་ཆེད༌དུ། ཁྱོད་རྣམས་ཡར་འགྲེངས་ནས་གསོལ་བ་འདེབས་པའི་སྐབས༌སུ། ཁྱོད་ནི་མི་གཞན་དང་འགལ་ཡོད་ན་དེར་གུ་ཡངས་གཏོང་བར་གྱིས། 26གལ་སྲིད་ཁྱོད་རྣམས་ཀྱིས་གུ་ཡངས་མི་གཏོང་ན། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཁྱོད་ཅག་གི་ཡབ་ཀྱིས་ཀྱང་ཁྱོད་རྣམས་ཀྱི་ཉེས་པ་བསལ་བར་མི་འགྱུར་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུའི་དབང་དང་ནུས་མཐུའི༌སྐོར།

27དེ་ནས་ཡང་ཁོང་རྣམས་ཡེ་རུ་སཱ་ལེམ་དུ་ཕེབས་སོ།། སྐྱབས་མགོན་ཡེ་ཤུས་མཆོད་ཁང་ནང་དུ་ཞབས་ཀྱིས་བཅགས་པ༌ན། མཆོད་དཔོན་ཆེན་པོ་དག་དང་མཁན༌པོ། རྒན་པོ་རྣམས་ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། 28ཁྱོད་ཀྱིས་དབང་གང་ལ་བརྟེན་ནས་དོན་འདི་དག་མཛད་པ་ཡིན༌ནམ། སུ་ཞིག་གིས་ཁྱོད་ལ་དོན་འདི་རྣམས་མཛད་པའི་དབང་གནང་བ་ཡིན་ཞེས་ཞུས་པ༌ལ། 29སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་ཀྱང་ཁྱོད་རྣམས་ལ་དྲི་བ་ཞིག་འདོན༌ཏེ། ཁྱོད་རྣམས་ཀྱིས་ལན་བཏབ་ན་ངས་ཀྱང་དོན་འདི་རྣམས་དབང་ཅི་ལྟ་བུས་བྱས་པའང་ཁྱོད་རྣམས་ལ༌སྨྲ་བར་བྱའོ།། 30ཡོ་ཧ་ནན་གྱི་ཁྲུས་གསོལ་དེ་ནམ་མཁའི་ཞིང་ཁམས་དང་མི་ཡུལ་གཉིས་ཀྱི་གང་ནས་བྱུང་བ་ལ་ལན་ཐོབས་ཤིག་ཅེས་གསུངས་པ༌དང༌། 31དེ་རྣམས་ཀྱིས་ཕན་ཚུན་ལ་གླེང་མོལ་བྱེད༌བཞིན། གལ་ཏེ་ནམ་མཁའི་ཞིང་ཁམས་ནས་བྱུང་བ་ཡིན་ཞེ༌ན། ཁོས་འོ་ན་ཁྱོད་རྣམས་ཅིའི་ཕྱིར་ཡོ་ཧ་ནན་ལ་ཡིད་མ་ཆེས་སམ་ཞེས་སྨྲ་ངེས༌ལ། 32ཡང་མི་ཡུལ་ནས་བྱུང་བ་ཡིན་ཞེ༌ན་ཞེས་སྨྲས་ཤིང་། མི་ཐམས་ཅད་ཀྱིས་ཡོ་ཧ་ནན་དངོས་གནས་ལུང་སྟོན་པ་ཞིག་ཏུ་བཀུར་བས་མི་ཚོགས་ལ་འཇིགས༌པ་རེད། 33དེ་ནས་ཁོ་རྣམས་ན་རེ། ངེད་ཅག་གིས་མི་ཤེས་ཞེས་ལན་བཏབ་བོ།། ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེས་ན་བདག་གིས་ཀྱང་དབང་གང་ལ་བརྟེན་ནས་དོན་འདི་དག་བྱེད་པ་ཁྱོད་ཅག་ལ་སྨྲ་བ་མིན་ཞེས་གསུངས༌སོ།།

མར་ཀུ 12

རྒུན་ཚལ་གྱི༌དཔེ།

1དེ་ནས་སྐྱབས་མགོན་ཡེ་ཤུས་དཔེའི་སྒོ་ནས་ཁོ་རྣམས་ལ་འདི་སྐད༌དུ། དེ་ཡང་མི་ཞིག་གིས་རྒུན་ཚལ་ཞིག་བཙུགས་ཤིང་ཕྱོགས་བཞིར་ར་བས་བསྐོར་བ༌དང༌། རྒུན་འབྲུམ་འཚིར་གཞོང་འཇོག་སའི་ས་དོང་བརྐོས་པ་དང་སོ་ལྟ་ཁང་ཞིག་ཀྱང་བརྩིགས༌རྗེས། རྒུན་འབྲུམ་ར་བ་མི་གཞན་ལ་གླས་ཏེ་ཁོ་རང་ཡུལ་གཞན་དུ་སོང་ངོ༌།། 2དེ་ནས་དུས་ལ་བབས༌ཚེ། ཁོས་རང་གི་གཡོག་པོ་ཞིག་གླ་མཁན་ཚང་ལ་རྒུན་འབྲུམ་གྱི་འབྲས་བུ་ལེན་དུ་མངགས༌ཤིང༌། 3དེ་རྣམས་ཀྱིས་གཡོག་པོ་དེ་བཟུང་ནས་གཅར་རྡུང་བྱས་རྗེས་ལག་སྟོང་དུ་ཕྱིར་བཏང༌ངོ་༎ 4དེ་ནས་ཡང་ཁོས་གཡོག་པོ་གཞན་ཞིག་མངགས་པ༌ན། དེ་རྣམས་ཀྱིས་གཡོག་པོ་དེའི་མགོར་བརྒྱབ་ནས་རྨས་ཤིང་དམའ་འབེབས་བྱས་སོ།། 5དེ་ནས་ཡང་ཁོས་གཡོག་པོ་གཞན་ཞིག་མངགས་པའང་དེ་རྣམས་ཀྱིས་བསད་དོ།། དེ་ནས་ཡང་ཁོས་གཡོག་པོ་གཞན་མང་པོ་ཞིག་བཏང་བ༌ན། དེ་རྣམས་ཀྱིས་གཡོག་པོ་ལ་ལར་གཅར་རྡུང་བྱས་ཤིང་ལ་ལ་བསད། 6ཁོ་ལ་ད་དུང་གཅེས་པའི་བུ་ཞིག་ཡོད༌དེ། མཇུག་མཐར་ཁོས་རང་གི་བུའང་དེ་རྣམས་ཀྱི་གམ་དུ་མངགས༌ཤིང༌། ཁོ་རྣམས་ཀྱིས་བདག་གི་བུ་ལ་བཀུར་སྟི་བྱེད་ངེས་ཡིན་བསམས་སོ།། 7འོན་ཀྱང་གླ་མཁན་ཚང་གི་མི་རྣམས་ཀྱིས་ཕན་ཚུན༌ལ། འདི་ནི་ཕ་ཤུལ་འཛིན་མཁན་ཡིན༌པས། ཤོག་དང་གསོད་པར་བྱའོ༎ ནོར་སྐལ་དེ་དག་བདག་ཅག་ལ་འཐོབ་པ་ཡིན་ཞེས་སྨྲས༌ཏེ། 8ཁོ་རང་བཟུང་ནས་བསད་རྗེས་རྒུན་འབྲུམ་ར་བའི་ཕྱི་རོལ་ཏུ་བཏོན་ནོ།། 9དེས་ན་རྒུན་འབྲུམ་ར་བའི་བདག་པོས་ཅི་བྱེད་པར་འགྱུར་རམ་ཞེ༌ན། ཁོང་ཉིད་ཕེབས་ཡོང་ནས་གླ་མཁན་རྣམས་འཇོམས་པར་མཛད༌དེ། རྒུན་འབྲུམ་ར་བ་མི་གཞན་ལ་སྤྲོད་པར་བྱེད་དོ།། 10དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བཟོ་བ་རྣམས་ཀྱིས་སྤངས་པའི༌རྡོ།། 11གཙོ་བོ་ཁོང་ནས་བྱུང་བ༌ཡིན།། ཞེས་གསུངས་ཡོད་པ་ཁྱོད་རྣམས་ཀྱིས་བཀླགས་མ་མྱོང་ངམ་ཞེས་གསུངས་པ༌དང༌། 12ཁོ་རྣམས་ཀྱིས་དཔེ་དེ་རང་ཉིད་ལ་གསུངས་པ་ཤེས་ཏེ་སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱེད་བསམས༌ཀྱང༌། མི་ཚོགས་ལ་འཇིགས་ཏེ་ཁོང་དང་ཁ་བྲལ་ནས་སོང༌ངོ༌།།

ཁྲལ་འཇལ་བའི༌སྐོར།

13ཡང་དེ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུའི་གསུང་ལས་གླགས་བཙལ་ནས་ཁོང་ལ་གནོད་པ་བྱེད་པའི་ཆེད༌དུ། ཕ་རུ་ཤི་པ་དང་ཧེ་རོ་དཱའི་ཕྱོགས་ཁག་གི་མི་འགའ་ཞིག་ཁོང་གི་དྲུང་དུ་མངགས། 14དེ་རྣམས་ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། སློབ་དཔོན༌ལགས། ཁྱེད་ནི་གཞུང་རྒྱུད་དྲང་བ༌དང༌། ཁྱེད་ཀྱིས་མིའི་ཁ་ངོར་མི་གཟིགས༌ཤིང༌། མི་ཀུན་ལ་ཕྱོགས་རིས་མེད་པར་དཀོན་མཆོག་གི་ལམ་ཡང་དག་པར་བདེན་པར་སྟོན་པ་ངེད་རྣམས་ཀྱིས་ཤེས་སོ།། ངེད་ཅག་གིས་སེ་བཟིར་ལ་ཁྲལ་འཇལ་རུང་ངམ་མི༌རུང༌། 15ངེད་རྣམས་ཀྱིས་ཁྲལ་འབུལ་དགོས་སམ་མི་དགོས་ཞེས་དྲིས་སོ།། སྐྱབས་མགོན་ཡེ་ཤུས་དེ་རྣམས་ཀྱི་གཡོ་སྒྱུ་མཁྱེན་ཏེ་འདི་སྐད༌དུ། ཁྱོད་ཅག་གིས་བདག་ལ་ཚོད་བགམ་པའི་རྒྱུ་མཚན་ཅི་ཡིན༌ནམ། དངུལ་སྒོར་ཞིག་འདི་རུ་ཁྱེར་ཤོག་དང་བལྟ་བར་བྱའོ་ཞེས་གསུངས་པ༌དང༌། 16དེ་རྣམས་ཀྱིས་དངུལ་སྒོར་ཞིག་ཁྱེར་ཡོང་བ༌དང༌། ཁོང་གིས་དེ་རྣམས་ལ་དངུལ་སྒོར་སྟེང་གི་རི་མོ་དང་ཡི་གེ་འདི་སུའི་ཡིན་ནམ་ཞེས་དྲིས་པ༌ན། དེ་རྣམས་ཀྱིས་སེ་བཟིར་གྱི་ཡིན་ཞེས་སྨྲས་སོ།། 17ཡང་ཁོང་གིས་འདི་སྐད༌དུ། གང་ཞིག་སེ་བཟིར་གྱི་ཡིན་ན་དེ་ནི་སེ་བཟིར་ལ་ཕུལ༌དང༌། གང་ཞིག་དཀོན་མཆོག་གི་ཡིན་ན་དེ་ནི་དཀོན་མཆོག་ལ་ཕུལ་ཅིག་ཅེས་གསུངས་པས་དེ་རྣམས་ངོ་མཚར་བར་གྱུར༌ཏོ།།

སླར་གསོན་པར་འགྱུར་བའི༌སྐོར།

18དེ་ཡང་སླར་གསོན་པའི་དོན་དེ་མེད་ཟེར་མཁན་སཱ་ཅུ་སེ་པ་འགའ་ཞིག་ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། 19སློབ་དཔོན༌ལགས། མོ་ཤེའི་མདོ༌ལས། གལ་སྲིད་སྐྱེས་པ་ཞིག་ལ་བུ་ཕྲུག་མེད་པར་ཤི་སྟེ་ཆུང་མ་གཅིག་པུར་ལུས༌ན། དེའི་གཅུང་པོས་ཁོའི་ཆུང་མ་བླངས་ནས་གཅེན་པོའི་དོན་དུ་རིགས་རྒྱུད་སྤེལ་དགོས་ཞེས་གསུངས་ཡོད་དོ།། 20དེ་ཡང་སྔོན་ཆད་སྤུན་བདུན་ཡོད་པ་ལས་སྤུན་ཆེ་བས་ཆུང་མ་ཞིག་བླངས་ནས་བུ་ཕྲུག་མེད་པར༌ཤིའོ།། 21ཡང་སྤུན་གཉིས་པས་ཆུང་མ་དེ་བླངས་ནས་བུ་ཕྲུག་མེད་པར༌ཤིའོ།། སྤུན་གསུམ་པས་ཀྱང་དེ་ལྟར་བྱས་ནས་བུ་ཕྲུག་མ་བྱུང་བར༌ཤིའོ།། 22དེ་བཞིན་སྤུན་བདུན་པོར་བུ་ཕྲུག་མ་བྱུང་བར་མཇུག་མཐར་བུད་མེད་དེའང༌ཤིའོ།། 23དེས་ན་གཤིན་པོ་རྣམས་སླར་གསོན་པར་འགྱུར་བའི་དུས་དེ་སླེབ༌ཚེ། སྤུན་བདུན་པོས་བུད་མེད་དེ་ཆུང་མར་བླངས་མྱོང༌བས། ཁོ་མོ་ནི་སྤུན་བདུན་ལས་སུ་ཞིག་གི་ཆུང་མ་ཡིན་ནམ་ཞེས་དྲིས་པ༌ན། 24སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་གསུང་རབ་ཀྱི་དོན་མི་རྟོགས་ཤིང་དཀོན་མཆོག་གི་མཐུ་སྟོབས་ཀྱང་མི་ཤེས་པས་ནོར་སོང་བ་མིན་ནམ། 25ཅིའི་ཕྱིར་ཞེ༌ན། གཤིན་པོ་རྣམས་སླར་གསོན་པའི་དུས༌སུ། མི་རྣམས་ཀྱིས་བག་མ་ཕར་བསྐྱལ་ཚུར་ལེན་མི་བྱེད་པར་ནམ་མཁའི་ཞིང་ཁམས་ཀྱི་ཕོ་ཉ་རྣམས་དང༌འདྲའོ།། 26འོན་ཀྱང་གཤིན་པོ་རྣམས་སླར་གསོན་ངེས་པའི་སྐོར༌ལ། མོ་ཤེའི་མདོ་ཡི་ནང་དུ་བཀོད་ཡོད་པའི་ཚེར་སྡོང་གི་སྐོར་ལས་དཀོན་མཆོག་གིས་མོ་ཤེ་ལ་འདི་སྐད་གསུངས༌པ་སྟེ། བདག་ནི་ཨབ་ར་ཧམ་གྱི་དཀོན་མཆོག༌དང༌། ཨི་སཱག་གི་དཀོན༌མཆོག ཡ་ཀོབ་ཀྱི་དཀོན་མཆོག་ཡིན་ཞེས་གསུངས་ཡོད་པ་ཁྱོད་ཅག་གིས་བཀླགས་མ་མྱོང༌ངམ། 27ཁོང་ནི་གཤིན་པོ་རྣམས་ཀྱི་དཀོན་མཆོག་མ་ཡིན༌པར། གསོན་པོ་རྣམས་ཀྱི་དཀོན་མཆོག་ཡིན་པས་ཁྱོད་ཅག་ཤིན་ཏུ་ནོར་སོང་ཞེས་གསུངས༌སོ།།

བཀའ་ཁྲིམས་བཅུ་ལས་གཙོ་ཤོས༌སྐོར།

28མཁན་པོ་རྣམས་ལས་གཅིག་ཡོང་ནས་ཁོང་རྣམས་ཀྱིས་རྩོད་གླེང་བྱེད་བཞིན་པ་ཐོས་པ༌དང༌། སྐྱབས་མགོན་ཡེ་ཤུས་དེ་དག་ལ་ལན་ལེགས་པོར་མཛད་པ་ཤེས་ཏེ་ན༌རེ། བཀའ་ཁྲིམས་ཐམས་ཅད་ལས་གཙོ་ཤོས་གང་ཡིན་ནམ་ཞེས་དྲིས་པ༌ན། 29སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བཀའ་ཁྲིམས་རྣམས་ལས་གཙོ་ཤོས༌ནི། ཀྱེ། ཡེས་ར་ཨེལ་པ་རྣམས་ཀྱིས་ཉོན༌ཅིག གཙོ་བོ་སྟེ་བདག་ཅག་གི་དཀོན་མཆོག་ནི་གཙོ་བོ་གཅིག་པུ་ཡིན་ལ། 30ཁྱོད་ཀྱིས་གཙོ་བོ་སྟེ་རང་གི་དཀོན་མཆོག་ལ་སྙིང་ཧྲིལ་པོ༌དང༌། སེམས་ཧྲིལ་པོ༌དང༌། ཡིད་ཧྲིལ་པོ༌དང༌། སྟོབས་ཧྲིལ་པོས་གཅེས་ཤིག་ཅེས་པ་འདི་ཡིན་ནོ།། 31བཀའ་ཁྲིམས་གཉིས་པ༌ནི། ཁྱོད་ཀྱིས་ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་ཤིག་ཅེས་པ་འདི་ཡིན་ནོ།། འདི་གཉིས་ལས་གཙོ་ཆེ་བའི་བཀའ་ཁྲིམས་གཞན་ན་མེད་ཅེས་བཀའ་ལན་གནང་ངོ༌།། 32ཡང་མཁན་པོ་ན༌རེ། སློབ་དཔོན༌ལགས། དེ་ནི་ལེགས༌སོ། །དཀོན་མཆོག་ནི་གཅིག་རང་ལགས་ཏེ་ཁོང་ལས་གཞན་དཀོན་མཆོག་ཡོད་པ་མིན་ཞེས་ཁྱེད་ཀྱིས་བདེན་པར་གསུངས༌སོ།། 33ཁོང་ལ་སྙིང་ཧྲིལ་པོ༌དང༌། བློ་གྲོས་ཧྲིལ་པོ༌དང༌། སྟོབས་ཧྲིལ་པོས་གཅེས་པ༌དང༌། རང་གི་ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་པ་ནི་སྦྱིན་སྲེག་དང་མཆོད་པ་ཐམས་ཅད་ལས་གཙོ་ཆེ་བ་ཡིན་ཞེས་ཞུས་སོ།། 34མཁན་པོ་དེས་བློ་གྲོས་ལྡན་པའི་སྒོ་ནས་ལན་བཏབ་པ་སྐྱབས་མགོན་ཡེ་ཤུས་གཟིགས་ཏེ་འདི་སྐད༌དུ། ཁྱོད་རང་དཀོན་མཆོག་གི་རྒྱལ་སྲིད་དང་བར་ཐག་མི་རིང་ཞེས་གསུངས་པ༌དང༌། དེའི་རྗེས༌སུ། མི་སུས་ཀྱང་ཁོང་ལ་དྲི་བ་ཅི་ཡང་ཞུ་མ་ཕོད་དོ།།

རྒྱལ་པོ་དཱ་བིད་ཀྱི་རིགས་སྲས༌སྐོར།

35དེ་ནས་སྐྱབས་མགོན་ཡེ་ཤུས་མཆོད་ཁང་ནང་དུ་ཆོས་གསུང་བའི་དུས་སུ་འདི་སྐད༌དུ། མཁན་པོ་རྣམས་ཀྱིས་མཱ་ཤི་ཀ་ནི་ཅི་ལྟར་དཱ་བིད་ཀྱི་རིགས་སྲས་ཡིན་ཟེར་རམ་ཞེ༌ན། 36དཱ་བིད་ཀྱིས་དམ་པའི་ཐུགས་ཉིད་ཀྱི་ངང་ནས་ཇི་སྐད༌དུ།

དཀོན་མཆོག་གིས་ནི་ང་ཡི་གཙོ་བོ༌ལ།།

ཞེས་གསུངས༌ཤིང༌། 37དཱ་བིད་རང་ཉིད་ཀྱིས་ཁོང་ལ་གཙོ་བོ་ཞེས་ཞུས༌ན། ཁོང་ནི་དཱ་བིད་ཀྱི་རིགས་སྲས་སུ་ཇི་ལྟར་གྱུར་པ་ཡིན་ནམ་ཞེས་གསུངས་པ་དང་མི་ཚོགས་ཀྱང་ཁོང་གི་གསུང་ལ་ཉན་པར་མོས་སོ།།

མཁན་པོ་རྣམས་ལ་དོགས་ཟོན་བྱེད་དགོས་པའི་སྐོར།

38དེ་ནས་སྐྱབས་མགོན་ཡེ་ཤུས་ཆོས་གསུང་བཞིན་འདི་སྐད༌དུ། མཁན་པོ་རྣམས་ལ་དོགས་པར༌གྱིས། དེ་རྣམས་ཀྱིས་ལྭ་རིང་པོ་གྱོན་ཏེ་ཕར་འགྲོ་ཚུར་འོང་བྱེད་པ༌དང༌། ཁྲོམ་སྲང་ནས་མི་རྣམས་ཀྱི་བསྙེན་བཀུར་ཐོབ་པར་མོས་སོ།། 39ཆོས་ཁང་དང་གསོལ་སྟོན་དུ་གྲལ་མགོ་ནས་སྡོད་པར༌དགའོ།། 40མི་དེ་རྣམས་ཀྱིས་ཡུགས་མོ་རྣམས་ཀྱི་ཁང་པ་དང་བཅས་པའི་རྒྱུ་རྫས་ཧམ་བཟུང་བྱེད༌ཅིང༌། སྨོན་ལམ་རིང་པོ་འདེབས་ཁུལ་བྱེད༌པས། མི་དེ་དག་ལ་ལྷག་ཏུ་ཉེས་ཆད་ལྕི་མོ་འཕོག་པར་འགྱུར་ཞེས་གསུངས༌སོ།།

ཡུགས་མོ་དབུལ་པོ་ཞིག་གི་འབུལ༌བ།

41དེ་ནས་སྐྱབས་མགོན་ཡེ་ཤུས་མཆོད་ཁང་གི་དཀོར་མཛོད་ལ་ཁ་གཏད་ནས་བཞུགས༌ཤིང༌། མི་རྣམས་ཀྱིས་དངུལ་འབུལ་བ་ལ་གཟིགས་པ༌ན། ཕྱུག་བདག་རྣམས་ཀྱིས་དངུལ་མང་པོ་ཕུལ༌ཞིང༌། 42ཡུགས་མོ་དབུལ་པོ་ཞིག་ཡོང་ནས་ཟངས་ཀྱི་དོང་ཙེ་ཆུང་ངུ་གཉིས་ཕུལ་ཞིང་དེ་ནི་དོང་ཙེ་ཆེན་པོ་གཅིག་གི་རིན་ཡིན་ནོ།། 43ཁོང་གིས་ཐུགས་སྲས་རྣམས་རང་གི་དྲུང་དུ་བོས་ཏེ་འདི་སྐད༌དུ། བདག་གིས་ཁྱོད་ཅག་ལ་བདེན་པར༌སྨྲའོ། །དངུལ་འབུལ་མཁན་ཐམས་ཅད་ལས་ཡུགས་མོ་དབུལ་པོ་འདིས་ཕུལ་བ་མང༌སྟེ། 44ཁོ་རྣམས་ཀྱིས་རྒྱུ་ནོར་ལྷག་མ་མང་པོ་ཡོད་པ་ལས་ཕུལ་བ་ཡིན༌ཞིང༌། ཁོ་མོས་རང་ལ་མི་འདང་ཡང་ཅི་ཡོད་པ་ཐམས་ཅད་ཕུལ་བ༌དང༌། ཐ་ན་སྲོག་འཚོ་བར་མཁོ་བ་དེའང་ཕུལ་བ་ཡིན་ཞེས་གསུངས༌སོ།།

མར་ཀུ 13

མཆོད་ཁང་མེད་པར་གཏོང་བའི་ལུང་བསྟན།

1དེ་ནས་སྐྱབས་མགོན་ཡེ་ཤུ་མཆོད་ཁང་ནས་ཕྱིར་ཕེབས༌དུས། ཐུགས་སྲས་རྣམས་ལས་གཅིག་ན༌རེ། སློབ་དཔོན༌ལགས། གཟིགས༌དང༌། འདི་ནི་ཇི་འདྲའི་རྡོ་ཕ་བོང་ཆེན་པོ་ཞིག༌དང༌། ཅི་ལྟ་བུའི་ཁང་པའི་བཟོ་བཀོད་ངོ་མཚར་ཆེ་བ་ཞིག་ཡིན་ཨང་ཞེས་སྨྲས་པ༌ལ། 2སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་བརྗིད་རྔམ་ཆེ་བའི་ཁང་པའི་བཟོ་བཀོད་ཆེན་པོ་འདི་དག་མཐོང་བ་ཡིན༌ནམ། མ་འོངས་པའི་དུས༌སུ། འདི་རུ་རྡོ་ཕ་བོང་སྟེང་དུ་རྡོ་གཅིག་ཀྱང་མི་ལུས་པར་ཐམས་ཅད་བཤིག་པར་འགྱུར་ཞེས་གསུངས༌སོ།།

དུས་ཀྱི་མཐའ་མའི་སྐོར་གྱི་ལུང༌བསྟན།

3དེ་ནས་སྐྱབས་མགོན་ཡེ་ཤུ་སྐྱུ་རུ་རའི་རི་བོ་སྟེང་དུ་ཕེབས་ཏེ་མཆོད་ཁང་ལ་ཁ་གཏད་ནས་བཞུགས་པའི་དུས༌སུ། པེ་ཏྲོ༌དང༌། ཡ༌ཀོབ། ཡོ་ཧ༌ནན། ཨན་དྲི་ཡཱ་བཅས་ཀྱིས་ཟུར་དུ་ཁོང་ལ་འདི་ལྟར་དྲིས་ཏེ། 4དོན་འདི་རྣམས་དུས་ནམ་ཞིག་ལ་འབྱུང་ཞིང་དོན་འདི་རྣམས་འབྱུང་བའི་དུས་སུ་རྟགས་ཅི་ཞིག་ཡོད་པ་གསུང་བར་མཛོད་ཅེས་ཞུས་པ༌ན། 5སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། སུ་ཞིག་གིས་ཀྱང་ཁྱོད་རྣམས་མི་བསླུ་བའི་ཆེད་དུ་དོགས་པར༌གྱིས། 6མི་མང་པོ་ངའི་མིང་དུ་རྫུ་བཞིན་ཡོང་སྟེ། ང་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ཟེར་ཞིང་མི་མང་པོ་བསླུ་བར་ངེས། 7ཁྱོད་ཅག་གིས་དམག་འཁྲུག་དང་དམག་འཁྲུག་གི་གཏམ་ཐོས་པའི་དུས་སུ་མི་འཇིགས་པར༌གྱིས། དོན་འདི་དག་འབྱུང་ངེས་ཀྱང་དེ་ནི་མཐའ་མའི་དུས་ལ་སླེབས་པ་མ་ཡིན་ནོ།། 8རྒྱུ་མཚན་ནི་མི་རིགས་དང་མི་རིགས་འཁྲུག་ཅིང་རྒྱལ་ཁབ་དང་རྒྱལ་ཁབ་འཁྲུག༌པ། ས་ཆ་མང་པོར་ས་འགུལ་དང་མུ་གེ་ཡང་འབྱུང་བར༌འགྱུར། འདི་དག་ནི་སྦྲུམ་མའི་ཟུག་གཟེར་གྱི་ཐོག་མ་ཡིན་ནོ།། 9འོན་ཀྱང་རང་གི་ཆེད་དུ་ཁྱོད་ཅག་གིས་གཟབ་པར༌གྱིས། རྒྱུ་མཚན་ནི་ཁྱོད་རྣམས་ཁྲིམས་རའི་ཁྲིམས་དཔོན་རྒན་པོ་རྣམས་ཀྱི་ལག་ཏུ་སྤྲོད༌ཅིང༌། ཆོས་ཁང་ནས་རྟ་ལྕག་གིས་གཞུ་ངེས་པ༌དང༌། ཡང་བདག་གི་རྐྱེན་གྱིས་ཁྱོད་རྣམས་སྤྱི་དཔོན་དང་རྒྱལ་པོ་རྣམས་ཀྱི་མདུན་དུ་ཁྲིད་ནས། དེ་རྣམས་ལ་བདེན་དཔང་བྱ་བར་འགྱུར་རོ།། 10ཡང་དོན་དེའི་སྔོན་དུ་མི་རིགས་ཀུན་ལ་ངེས་པར་བདག་གི་འཕྲིན་བཟང་བསྒྲག་དགོས། 11དེ་དག་གིས་ཁྱོད་རྣམས་བཟུང་སྟེ་ཁྲིམས་ཐག་གཅོད་པར་སྤྲོད་པའི་དུས༌སུ། ཁྱོད་ཅག་གིས་དོན་དེའི་སྔོན་ལ་ཅི་ཞིག་སྨྲ་བར་སེམས་ཁྲལ་བྱ་མི་དགོས༌ཏེ། དུས་དེར་ཁྱོད་ཅག་ལ་ཅི་ཞིག་གནང་བ་ཡིན་ན་དེ་ཤོད༌ཅིག རྒྱུ་མཚན་ནི་སྐབས་དེའི་གཏམ་སྨྲ་མཁན་ནི་ཁྱོད་རྣམས་རང་ཉིད་མ་ཡིན༌པར་དམ་པའི་ཐུགས་ཉིད་ཡིན་པས༌སོ།། 12དེའི་དུས༌སུ། གཅེན་པོས་གཅུང་པོ༌དང༌ཕ་ཡིས་རང་གི་བུ་ཡང་འཆི་ལམ་དུ་བསྐྱལ་བར་འགྱུར༌ཞིང༌། བུ་ཕྲུག་རྣམས་ཀྱིས་ཀྱང་ཕ་མ་དགྲ་རུ་བཟུང་སྟེ་གསོད་པར་འགྱུར། 13ཡང་ངའི་མིང་གི་རྐྱེན་གྱིས་མི་ཐམས་ཅད་ཁྱོད་ཅག་ལ་སྡང་བར་འགྱུར་མོད། འོན་ཀྱང་མཇུག་མཐའི་བར་དུ་བཟོད་བསྲན་བྱེད་མཁན་དེ་ལ་ཐར་པ་འཐོབ་ངེས་སོ།།

བཙོག་པར་བཟོ་བའི་སྐུར་བ་འདེབས་མཁན་གྱི་སྐོར།

14མདོ་འདི་ཀློག་མཁན་གྱིས་དོན་རྟོགས་པར་བྱ་སྟེ། ནམ་ཞིག་ཁྱོད་ཅག་གིས་བཙོག་པར་བཟོ་བའི་སྐུར་བ་འདེབས་མཁན་དེ་སྡོད་མི་འོས་པའི་གནས་སུ་འགྲེངས་ནས་བསྡད་ཡོད་པ་མཐོང་དུས༌སུ། ཡ་ཧུ་དཱའི་ཡུལ་དུ་ཡོད་པ་རྣམས་རི་ལ་འབྲོ་བར་གྱིས། 15ཁང་པའི་སྟེང་དུ་ཡོད་པ་རྣམས་སར་བབས་ནས་རང་ཁྱིམ་དུ་དངོས་པོ་ལེན་དུ་མ༌འགྲོའོ།། 16ཞིང་ཁར་ཡོད་པ་རྣམས་རང་གི་གྱོན་པ་ལེན་དུའང་ཕྱིར་མ་ལོག༌ཅིག 17ཉིན་དེ་དག་གི་རིང༌ལ། བུད་མེད་སྦྲུམ་མ་དང་ཕྲུ་གུར་ནུ་མ་སྣུན་མཁན་རྣམས་སྙིང་རེ་རྗེ༌ཨང༌། 18དོན་དེ་དགུན་ཁར་མི་འབྱུང་བའི་ཕྱིར་ཁྱོད་ཅག་གིས་སྨོན་ལམ་ཐོབས༌ཤིག 19རྒྱུ་མཚན་ནི་ཉིན་དེ་དག་གི་རིང༌ལ། དཀའ་སྡུག་འབྱུང་བར་འགྱུར་བ༌དང༌། དཀའ་སྡུག་དེ་ལྟ་བུ་དཀོན་མཆོག་གིས་འཇིག་རྟེན་བཀོད་པ་ནས་ད་ལྟའི་བར་དུ་བྱུང་མ་མྱོང་ལ་རྗེས་སུའང་འབྱུང་མི་སྲིད་དོ།། 20ཡང་གཙོ་བོས་ཉིན་དེ་དག་ཇེ་ཉུང་དུ་མཛད་པ་མིན༌ན། ཤ་ཁྲག་གདོས་བཅས་སུ་གྲུབ་པ་སུ་ཡང་ཐར་མི་ཐུབ་མོད། འོན་ཀྱང་ཁོང་གིས་བདམས་པའི་མི་རྣམས་ཀྱི་དོན་དུ་ཉིན་དེ་དག་ཇེ་ཉུང་དུ་མཛད་པ་ཡིན་ནོ།། 21དེའི་དུས༌སུ། སུ་ཞིག་གིས་ཁྱོད་ཅག་ལ་ལྟོས་དང་མཱ་ཤི་ཀ་འདི་རུ་བཞུགས། ཡང་ན་དེ་གར་བཞུགས་ཞེས་སྨྲས་ཀྱང་དེ་ལ་ཡིད་རྟོན་བྱ་མི་རུང༌ངོ་༎ 22རྒྱུ་མཚན་ནི་མཱ་ཤི་ཀ་བཅོས་མ་དང་ལུང་སྟོན་པ་རྫུས་མ་མང་པོ་འབྱུང༌ཞིང༌། གལ་ཏེ་བསླུ་ནུས་ན་བདམས་པའི་མི་རྣམས་ཀྱང་བསླུ་བའི་ཕྱིར། གྲུབ་རྟགས་དང་ངོ་མཚར་བའི་དོན་རྣམས་སྟོན་པར་འགྱུར་རོ།། 23བདག་གིས་གཏམ་འདི་ཐམས་ཅད་དོན་དེའི་སྔོན་དུ་ཁྱོད་ཅག་ལ་སྨྲས་པ་ཡིན་པས་གཟབ་པར་གྱིས་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་ཕེབས་ཡོང་བའི་སྐོར།

24དེ་ནས་ཡང་ཁོང་གིས་འདི་སྐད༌དུ། ཉིན་དེ་དག་གི་རིང་དང་དཀའ་སྡུག་དེའི་རྗེས་སུ་ཉི་མ་བསྒྲིབ་ཅིང་ཟླ་བས་འོད་མི༌སྤྲོའོ།། 25སྐར་ཚོགས་ནམ་མཁའ་ནས་ལྷུང་ཞིང་བར་སྣང་ཁམས་ཀྱི་དབང་ཐམས་ཅད་གཡོ་བར་འགྱུར། 26དེའི་དུས༌སུ། མི་རྣམས་ཀྱིས་མིའི་བུ་ཁོ་རང་ནུས་མཐུ་དང་གཟི་བརྗིད་ཆེན་པོའི་ངང་སྤྲིན་གྱི་བང་རིམ་ནས་འབྱོན་པ་མཐོང་བར་འགྱུར་རོ།། 27དེ་ནས་ཁོས་རང་ཉིད་ཀྱི་ཕོ་ཉ་རྣམས་མངགས་ཏེ། ས་གཞི་ཆེན་པོའི་མཐའ་ནས་ནམ་མཁའི་མཐའ་མཚམས་བར་དུ་ཁོའི་བདམས་པའི་མི་ཐམས་ཅད་ཕྱོགས་བཞི་མཚམས་བརྒྱད་ནས་བསྡུ་བར་འགྱུར༌རོ།།

བསེ་ཡབ་ཤིང་གི་བསླབ་བྱ།

28ཁྱོད་ཅག་གིས་བསེ་ཡབ་ཤིང་ལས་དཔེ་ཞིག་སློབས༌དང༌། དེའི་ཡལ་ག་མཉེན་ལྕུག་ལྡན་པར་གྱུར་ཅིང་ལོ་མ་འབུས་པའི་དུས༌སུ། དབྱར་ཁའི་དུས་ལ་ཉེ་བ་ཁྱོད་ཅག་གིས་ཤེས་སོ།། 29དེ་བཞིན་དུ་ཁྱོད་ཅག་གིས་དོན་དེ་དག་མཐོང༌བའི་ཚེ། མིའི་བུ་འཐོན་ལ་ཉེ་བ་དང་སྒོ་འགྲམ་དུ་སླེབས་ཡོད་པ་རྟོགས་པར༌གྱིས། 30བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། མི་རབས་འདི་ད་དུང་མ་འདས་པའི་སྔོན་ལ་དོན་འདི་ཐམས་ཅད་འབྱུང་བར་འགྱུར་རོ།། 31གནམ་ས་གཉིས་ནི་འཇིག་སྲིད་ཀྱང་བདག་གི་བཀའ་རྣམས་འཇིག་པར་མི་འགྱུར་རོ།།

ཕྱིར་ཕེབས་པར་བློ་གཟུ་བོར་གནས་དགོས་པ།

32འོན་ཀྱང་མི་སུས་ཀྱང་ཉིན་མོ་དེའམ་དུས་དེ་ནི་ནམ་ཞིག་ཡིན་པ་མི་ཤེས༌ཤིང༌། ནམ་མཁའི་ཞིང་ཁམས་སུ་སྡོད་པའི་ཕོ་ཉ་རྣམས་ཀྱིས་ཀྱང་མི་ཤེས༌ལ། སྲས་ཀྱིས་ཀྱང་མི་ཤེས་ཏེ་ཡབ་གཅིག་པུས་མཁྱེན༌ཏོ།། 33ཡང་དུས་དེ་ནམ་ཞིག་ལ་སླེབ་པ་ཁྱོད་ཅག་གིས་མི་ཤེས་པས་དོགས་པར་གྱིས་དང་གཉིད་དུ་མ་ཡུར༌ཅིག 34འདི་ནི་མི་ཞིག་གིས་རང་ཁྱིམ་བསྐྱུར་ཏེ་ཡུལ་གཞན་དུ་འགྲོ་བའི་སྐབས༌སུ། རང་གི་གཡོག་པོ་རྣམས་ལ་དབང་ཐམས་ཅད་བྱིན་ཅིང་སོ་སོར་ལས་ཀ་བགོས་པ༌དང༌། སྒོ་སྲུང་མཁན་གྱིས་ཀྱང་དོགས་ཟོན་བྱེད་དགོས་པར་བཀའ་གནང་བ་དང༌འདྲའོ།། 35དེ་བས་ཁྱིམ་བདག་དེ་ནི་མཚན་མོའམ་ནམ་ཕྱེད་ཀྱི་དུས༌སམ། ཡང་ན་བྱ་ཕོ་གྲགས་པའི་དུས་སམ་ཞོགས་པའི་དུས་གང་ཞིག་ལ་ཡོང་བ་ཁྱོད་ཅག་གིས་མི་ཤེས་པས་དོགས་པར༌གྱིས། 36དེ་ལྟར་མ་བྱས་ན་ཁོ་རང་གློ་བུར་དུ་ཕྱིར་ལོག༌ཚེ། ཁྱོད་ཅག་གཉིད་དུ་ཡུར་བ་མཐོང་བར་འགྱུར་རོ།། 37བདག་གིས་ཁྱོད་ཅག་ལ་སྨྲས་པ་འདི་དག་ནི་མི་ཐམས་ཅད་ལའང་དོགས་པར་གྱིས་ཞེས་སྨྲས་པ་ཡིན་གསུངས༌སོ།།

མར་ཀུ 14

སྐྱབས་མགོན་ཡེ་ཤུའི་དབུ་ལ་སྤོས་ཆུ་བླུགས༌པ། 1དེ་ནས་ཉིན་གཉིས་ཀྱི་རྗེས་ནི་པེ་སག་གི་དུས་ཆེན་དང་སྐྱུར་མེད་བག་ལེབ་ཀྱི་དུས་ཆེན་ཡིན་པ༌དང༌། མཆོད་དཔོན་ཆེན་པོ་དག་དང་མཁན་པོ་རྣམས་ཀྱིས་གཡོ་ཐབས་ཀྱིས་སྐྱབས་མགོན་ཡེ་ཤུ་འཛིན་བཟུང་དང་དགྲོང་བར་བྱེད་པའི་གོ་སྐབས་བཙལ་མོད་ཀྱང༌། 2དེ་དག་ན་རེ། མི་སེར་ཟིང་ཆ་ལངས་ཉེན་ཡོད་པས་དུས་ཆེན་ལ་དེ་ལྟར་བྱེད་མི་རུང་ཞེས་སྨྲས༌སོ༎ 3དེ་ཡང་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་པེ་ཐན་ཡཱའི་མཛེ་ནད་ཅན་སི་མོན་གྱི་ཁྱིམ་དུ་བཞུགས་ཏེ་ཞལ་ཟས་བཞེས་པའི་དུས༌སུ། བུད་མེད་ཅིག་གིས་རིན་ཐང་ཆེ་བའི་སྤོས་ཆུ་ལྷད་མེད་པ་ནཱར་དི་ཡིས་གང་བའི་རྡོ་ཀ་མ་རུའི་བུམ་པ་ཞིག་ཁྱེར་ཡོང༌སྟེ། བུམ་པ་བཅགས་ནས་ཁོང་གི་དབུ་ལ་སྤོས་ཆུ་བླུགས༌པས། 4གནས་དེར་ཡོད་པའི་མི་འགའ་ཞིག་ཁྲོས་ཏེ་ཕན་ཚུན་ལ་ན༌རེ། སྤོས་ཆུ་འདི་ཅིའི་ཕྱིར་འདི་ལྟར་ཆུད་ཟོས་སུ་བཏང་བ་ཡིན༌ནམ། 5སྤོས་ཆུ་འདི་དངུལ་སྒོར་སུམ་བརྒྱ་ལྷག་ལ་བཙོངས་ཏེ་དབུལ་པོ་རྣམས་ལ་བྱིན་ན་མི་ལེགས་སམ་ཞེས་སྨྲས་ཤིང་བུད་མེད་དེར་གཤེ་གཤེ་བཏང་ངོ༌།། 6དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁོ་མོར་དེ་བཞིན་བྱེད་དུ༌ཆུག ཅིའི་ཕྱིར་ཁོ་མོར་འོ་བརྒྱལ་བྱེད་དམ། ཁོ་མོས་བདག་ལ་དོན་བཟང་པོ་བྱས་པ་ཡིན༌ཏེ། 7དབུལ་པོ་རྣམས་དུས་རྟག་ཏུ་ཁྱོད་རྣམས་དང་མཉམ་དུ་ཡོད༌པས། ཁྱོད་ཅག་གིས་ནམ་ཡིན་ཡང་དེ་དག་ལ་ལས་བཟང་པོ་བྱ་ཐུབ་མོད། འོན་ཀྱང་བདག་ནི་དུས་རྟག་ཏུ་ཁྱོད་རྣམས་དང་མཉམ་དུ་མི་གནས་སོ།། 8ཁོ་མོས་ཅི་བྱ་ནུས་པ་དེ་བཞིན་དུ་བྱས་པ་དང་། ཁོ་མོས་ང་རང་དུར་ལ་འཇུག་པར་སྔ་མོ་ནས་བདག་གི་ལུས་ལ་སྤོས་ཆུ་བླུགས་པ་ཡིན་ནོ།། 9ངས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། འཇིག་རྟེན་ཡོངས་ཀྱི་ཡུལ་གང་དུ་འཕྲིན་བཟང་འདི་བསྒྲགས་ན། བུད་མེད་འདིས་ཅི་ལྟར་བྱས་པ་དྲན་པའི་ཕྱིར་གཏམ་དེ་ཡང་བརྗོད་པར་འགྱུར་ཞེས་གསུངས༌སོ།། 10དེ་ནས་ཐུགས་སྲས་བཅུ་གཉིས་པོ་ལས་ཨི་སི་ཀར་རེའི་ཡུ་དཱ་ངོ་ལོག་ནས་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་མཆོད་དཔོན་ཆེན་པོ་རྣམས་ལ་སྤྲོད་པའི་ཕྱིར་དེ་རྣམས་ཀྱི་གམ་དུ་སོང༌ཞིང༌། 11དེ་དག་གིས་ཀྱང་གཏམ་དེ་ཐོས་ནས་ཤིན་ཏུ་དགའ་བར་གྱུར་ཏེ་ཁོ་ལ་དངུལ་སྟེར་བར་ཁས་བླངས་སོ།། དེ་ནས་ཁོས་སྐྱབས་མགོན་ཡེ་ཤུ་དེ་དག་གི་ལག་ཏུ་ཇི་ལྟར་སྤྲོད་པའི་གོ་སྐབས་བཙལ༌ཏོ།།

གཙོ་བོ་ཡེ་ཤུའི་རྗེས་དྲན་གྱི་ཞལ་ཟས།

12སྐྱུར་མེད་བག་ལེབ་དུས་ཆེན་གྱི་ཉིན་དང༌པོར། པེ་སག་གི་ལུ་གུ་བཤའ་བའི་དུས༌སུ། ཐུགས་སྲས་རྣམས་ན༌རེ། ཁྱེད་ཀྱིས་པེ་སག་གི་ཞལ་ཟས་བཞེས་པའི༌ཕྱིར། ངེད་ཅག་གིས་གནས་གང་དུ་སྟ་གོན་བྱེད་དགོངས་སམ་ཞེས་ཞུས་པ༌ལ། 13སྐྱབས་མགོན་ཡེ་ཤུས་ཐུགས་སྲས་གཉིས་མངགས་ཏེ་འདི་སྐད༌དུ། ཁྱོད་གཉིས་གྲོང་ཁྱེར་ནང་དུ་སོང༌དང༌། དེ་རུ་ཆུ་བུམ་འཁྱེར་བའི་སྐྱེས་པ་ཞིག་ཚུར་ཡོང་བར་འགྱུར་ཞིང་མི་དེའི་རྗེས་འབྲངས་ནས་སོང༌སྟེ། 14ཁོ་རང་ཁྱིམ་གང་དུ་སོང་ན་ཁྱོད་གཉིས་ཀྱིས་ཁྱིམ་དེའི་བདག་པོ༌ལ། སློབ་དཔོན་གྱིས་ཁྱོད་ལ་འདི་སྐད་གསུང༌སྟེ། ང་དང་ངའི་ཐུགས་སྲས་རྣམས་ཀྱིས་མཉམ་དུ་པེ་སག་གི་ཞལ་ཟས་བཞེས་སའི་འགྲུལ་ཁང་དེ་གང་དུ་ཡོད་ཅེས་ཤོད༌ཅིག 15མི་དེས་ཁྱོད་གཉིས་ལ་ཅ་ལག་ཁ་ཚང་བསྒྲིགས་ཡོད་པའི་ཐོག་ཁང་ཆེན་པོ་ཞིག་སྟོན༌སྲིད། ཁྱོད་གཉིས་ཀྱིས་ཀྱང་གནས་དེ་རུ་བདག་ཅག་གི་གསོལ་སྟོན་ལ་སྟ་གོན་བྱོས་ཤིག་ཅེས་གསུངས་སོ།། 16ཐུགས་སྲས་དེ་གཉིས་སོང་ནས་གྲོང་ཁྱེར་ནང་དུ་སླེབས་ཏེ། ཁོང་གིས་གསུངས་པ་ལྟར་མཐོང་ཞིང་གནས་དེ་ནས་པེ་སག་གི་གསོལ་སྟོན་བཤམས༌སོ།། 17མཚན་མོའི་དུས༌སུ། ཁོང་དང་ཐུགས་སྲས་བཅུ་གཉིས་པོ་མཉམ་དུ་གནས་དེར་ཕེབས་ཤིང་། 18ཁོང་རྣམས་ལྷན་དུ་གྲལ་ལ་བཞུགས་ནས་ཞལ་ཟས་བཞེས་པའི་དུས་སུ། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། བདག་དང་མཉམ་དུ་ཟས་ཟ་མཁན་ཁྱོད་རྣམས་ལས་མི་གཅིག་གིས་ང་རང་ལ་ངོ་ལོག་བྱ་ངེས་ཞེས་གསུངས་པ༌ན། 19ཁོ་རྣམས་ཀྱི་སེམས་སྐྱོ་བར་གྱུར་ཏེ་རེ་རེ་བཞིན་གྱིས་ཁོང་ལ་དྲིས་པ། ང་རང་ཡིན་མི་སྲིད་ཅེས་ཞུས་པ༌དང༌། 20ཡང་ཁོང་གིས་འདི་སྐད༌དུ། དེ་ནི་ཐུགས་སྲས་བཅུ་གཉིས་པོ་ཁྱོད་རྣམས་ལས་བདག་དང་མཉམ་དུ་སྡེར་མའི་ནང་ལ་བག་ལེབ་སྦོང་མཁན་དེ་ཡིན་ནོ།། 21མིའི་བུ་ནི་གསུང་རབ་ཀྱི་མདོ་ལས་ཁོའི་སྐོར་བཀོད་ཡོད་པ་བཞིན་གཤེགས་དགོས༌ཀྱང༌། མིའི་བུར་ངོ་ལོག་བྱེད་མཁན་གྱི་མི་དེར་ཆག་སྒོ་འབྱུང་བར་ངེས། མི་དེ་སྐྱེས་པ་ལས་མ་སྐྱེས་ན་ལེགས་ཞེས་གསུངས༌སོ།། 22ཁོང་རྣམས་ཀྱིས་ཞལ་ཟས་བཞེས་པའི་དུས༌སུ། སྐྱབས་མགོན་ཡེ་ཤུས་ཕྱག་ཏུ་བག་ལེབ་བསྣམས་ཤིང་བྱིན་རླབས་གནང༌རྗེས། དུམ་བུར་བགོས་ནས་ཁོ་རྣམས་ལ་གནང་སྟེ་འདི་སྐད༌དུ། འདི་ནི་བདག་གི་ལུས་པོ་ཡིན་ལ་ཁྱོད་ཅག་གིས་ལོངས་ཤིག་ཅེས་གསུངས་པ༌དང༌། 23ཡང་ཁོང་གིས་ཕོར་བ་ཕྱག་ཏུ་བསྣམས་ཤིང་དཀོན་མཆོག་ལ་བཀའ་དྲིན་ཞུས་རྗེས་ཁོ་རྣམས་ལ་གནང་བ་དང་ཚང་མས་དེ་ལས་བཏུངས་སོ།། 24ཡང་ཁོང་གིས་འདི་སྐད༌དུ། འདི་ནི་བདག་གི་ཞལ་ཆད་ཀྱི་ཁྲག་ཡིན༌ཏེ། མི་མང་པོའི་ཆེད་དུ་བཞུར་བ་ཡིན། 25བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། ངས་དཀོན་མཆོག་གི་རྒྱལ་སྲིད་ནས་གསར་པ་ཞིག་འཐུང་བའི་ཉིན་མོའི་བར༌དུ། རྒུན་འབྲུམ་གྱི་ཁུ་བ་འདི་འཐུང་བ་མིན་ཞེས་གསུངས་སོ།། 26དེ་ནས་ཁོང་རྣམས་ཀྱིས་གསུང་མགུར་བླངས་རྗེས་ཕྱི་རུ་ཐོན་ཞིང་སྐྱུ་རུ་རའི་རི་བོར་ཕེབས༌སོ།།

ཐུགས་སྲས་པེ་ཏྲོའི་སྐོར་གྱི་ལུང༌བསྟན།

27དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་འདི་སྐད༌དུ། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བདག་གིས་ལུག་རྫི་ལ་རྡུང་རྡེག་བྱས་ནས་ལུག་རྣམས་འཐོར་བར་འགྱུར་ཞེས་བཀོད་པ༌བཞིན། ཁྱོད་ཅག་ཐམས་ཅད་ས་རུ་འགྱེལ་བར་འགྱུར། 28འོན་ཀྱང་བདག་ནི་སླར་གསོན་རྗེས་ཁྱོད་ཅག་གི་སྔོན་ལ་ག་ལིལ་ཡུལ་དུ་འགྲོ་ངེས་ཞེས་གསུངས་སོ།། 29དེ་ནས་པེ་ཏྲོ་ན༌རེ། མི་ཐམས་ཅད་ས་རུ་འགྱེལ་ནའང་བདག་ནི་འགྱེལ་བ་མིན་ཞེས་ཞུས་པ༌ན། 30ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་ལ་བདེན་པར་སྨྲ༌སྟེ། དོ་དགོང་གི་དུས་འདིར་བྱ་ཕོ་ཐེངས་གཉིས་མ་གྲགས་པའི་སྔོན༌དུ། ཁྱོད་ཀྱིས་ཐེངས་གསུམ་ལ་ང་རང་ཁས་མི་ལེན་ཞེས་གསུངས་སོ།། 31འོན་ཀྱང་པེ་ཏྲོས་ཁོང་ལ་བདག་ནི་ཁྱེད་དང་མཉམ་དུ་འཆི་དགོས༌ཀྱང༌། ཁྱེད་རང་ཁས་མི་ལེན་པ་དཔེ་མི་སྲིད་ཅེས་ནན་གྱིས་ཞུས་ཤིང་ཐུགས་སྲས་གཞན་རྣམས་ཀྱིས་ཀྱང་དེ་ལྟར་ཞུས་སོ།།

གེད་སེམ་མཱ་ནེ་ཞེས་པའི་སྐྱེད་ཚལ།

32དེ་ནས་ཁོང་རྣམས་གེད་སེམ་མཱ་ནེ་ཟེར་བའི་ས་ཆ་ཞིག་ལ་ཕེབས་པ༌དང༌། ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། བདག་གིས་གསོལ་བ་འདེབས་པའི་བར་དུ་ཁྱོད་ཅག་གནས་འདིར་སྡོད་ཅིག་ཅེས་གསུངས༌ཤིང༌། 33པེ་ཏྲོ༌དང༌། ཡ༌ཀོབ། ཡོ་ཧ་ནན་གསུམ་པོ་ཁྲིད་པ༌དང༌། དུས་དེར་ཁོང་གི་ཐུགས་ཤིན་ཏུ་འཁྲུག་ཅིང་གདུངས་པར་གྱུར་ཏེ་འདི་སྐད༌དུ། 34བདག་སེམས་ཤིན་ཏུ་སྐྱོ་ནས་འཆི་ལ་ཉེའོ།། ཁྱོད་ཅག་གིས་གནས་འདི་རུ་སྒུག་ནས་དོགས་ཟོན་གྱིས་ཤིག་ཅེས་གསུངས་པ༌དང་། 35ཡང་ཁོང་ཉིད་མདུན་ཕྱོགས་སུ་ཅུང་ཙམ་ཕེབས་ཤིང་སྐུ་ལུས་སར་བཏུད་དེ་འདི་སྐད་དུ། གལ་ཏེ་སྲིད་པ་ཡིན་ན་དུས་འདི་བདག་ལས་འདའ་བར་མཛོད་ཅེས་གསོལ་བ་བཏབ། 36ཡང་ཁོང་གིས་འདི་སྐད༌དུ། ཀྱེ། ཨབ་བཱ་ལགས། ཡབ་ལགས། ཁྱེད་ལ་མི་འགྲུབ་བྱ་བ་གང་ཡང་མེད་པས་ཕོར་བ་འདི་བདག་ལས་ཕྱིར་ལེན་པར་མཛོད། འོན་ཀྱང་བདག་གི་བསམ་པ་བཞིན་དུ་མི་འགྲུབ་པར་ཁྱེད་ཀྱི་ཐུགས་དགོངས་བཞིན་དུ་གྲུབ་གྱུར་ཅིག་ཅེས་ཞུས་སོ།། 37དེ་ནས་ཁོང་ཉིད་ཕྱིར་ཕེབས་པ་ན་ཁོ་རྣམས་གཉིད་དུ་ཡུར་བ་གཟིགས་ཏེ་པེ་ཏྲོ་ལ་འདི་སྐད༌དུ། སི༌མོན། ཁྱོད་རང་གཉིད་ལ་ཡུར་བ་ཡིན༌ནམ། ཆུ་ཚོད་གཅིག་ཙམ་ལའང་དོགས་ཟོན་བྱ་མི་ནུས༌སམ། 38ཁྱོད་ཅག་ཉམས་ཚོད་ཀྱི་འོག་ཏུ་མི་འཚུད་པའི་ཕྱིར་དོགས་ཟོན་བྱེད་ཅིང་གསོལ་བ་ཐོབས༌ཤིག ཁྱོད་ཅག་གི་སེམས་སུ་དེ་ལྟར་བྱ་བསམ་ཡང་ལུས་སྟོབས་ཞན་པ་ཡིན་ཞེས་གསུངས་སོ།། 39ཡང་ཁོང་ཉིད་ཕར་ཕེབས་ནས་སྔར་བཞིན་གསོལ་བ་བཏབ་པ༌དང༌། 40ཁོང་ཉིད་ཕྱིར་ཕེབས་པ་ན་ཡང་ཁོ་རྣམས་ངལ་དུབ་ཆེ་བས་གཉིད་དུ་ཡུར་བ་གཟིགས༌ཤིང༌། ཁོ་རྣམས་ཀྱིས་ཁོང་ལ་ཅི་ཞུ་བའང་མ་ཤེས་སོ།། 41ཁོང་ཐེངས་གསུམ་པར་ཕྱིར་ཕེབས་རྗེས་འདི་སྐད༌དུ། ཁྱོད་ཅག་ད་དུང་གཉིད་ནས་ངལ༌གསོའམ། གཉིད་པར་མི༌བྱའོ། །ད་ལྟ་དུས་ལ་བབས༌པ་རེད། ལྟོས༌དང༌། མིའི་བུ་སྡིག་ཅན་རྣམས་ཀྱི་ལག་ཏུ་སྤྲོད་པར་བྱེད། 42ལྟོས་དང་། ང་ལ་ངོ་ལོག་བྱེད་མཁན་དེ་ཉེ་སར་སླེབས་པས་ཡར་ལོངས་དང་འགྲོའོ་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱས་པ།

43ཁོང་གིས་དེ་ལྟར་གསུང་བཞིན་པའི་དུས༌སུ། གློ་བུར་དུ་ཐུགས་སྲས་བཅུ་གཉིས་ཀྱི་ཡ་གྱལ་ཏེ་ཡུ་དཱ་སླེབས༌པ་དང༌། ད་དུང་ལག་ཏུ་རལ་གྲི་དང་དབྱུག་པ་ཐོགས་ཤིང་། མཆོད་དཔོན་ཆེན་པོ་རྣམས་དང་མཁན༌པོ། རྒན་པོ་དག་གིས་མངགས་པའི་མི་ཚོགས་ཀྱང་ཁོ་དང་མཉམ༌དུ་སླེབས་སོ།། 44ཁོང་ལ་ངོ་ལོག་བྱེད་མཁན་དེས་མི་དེ་དག་ལ་ངས་སུ་ལ་འོ་བྱས༌ན། དེ་ནི་ཁོང་ཉིད་ཡིན་པས་མྱུར་དུ་བཟུང་ནས་དམ་པོར་ཁྲིད་ཅིག་ཅེས་སྔོན་ལ་ལྐོག་བརྡ་བརྒྱབ་ཡོད༌པ་རེད། 45དེ་ནས་ངོ་ལོག་པ་དེ་ཁོང་གི་དྲུང་དུ་སླེབས་མ་ཐག་རཱབ་པེ་ལགས་ཞེས་ཞུས་ནས་ཁོང་གི་འགྲམ་པར་འོ་བྱས་པ༌ན། 46མི་དེ་དག་གིས་ཁོང་ཉིད་བཟུང༌ངོ་།། 47ཁོང་གི་ཉེ་འགྲམ་དུ་ལངས་བསྡད་ཡོད་པ་རྣམས་ལས་མི་ཞིག་གིས་རལ་གྲི་ཕྱུང་སྟེ། མཆོད་དཔོན་ཆེན་པོའི་གཡོག་པོར་བརྒྱབ་ནས་རྣ་བ་ཡ་གཅིག་བཅད་དོ།། 48དེ་ནས་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་རལ་གྲི་དང་དབྱུག་པ་བཟུང་ནས་ཇག་པ་འཛིན་པ་ལྟར་ང་རང་གཟུང་དུ་ཡོང༌ངམ། 49བདག་གིས་ཉིན་རེ་བཞིན་མཆོད་ཁང་ནང་དུ་ཆོས་བཤད་ཅིང་ཁྱོད་རྣམས་དང་མཉམ་དུ་སྡོད་དུས་ཁྱོད་ཅག་གིས་ང་རང་མ་བཟུང༌མོད། འོན་ཀྱང་དོན་འདི་བྱུང་བ་ནི་གསུང་རབ་ཀྱི་མདོ་ལས་གསུངས་པ་ལྟར་འགྲུབ་པའི་ཕྱིར་ཡིན་ཞེས་གསུངས་པ༌དང༌། 50ཐུགས་སྲས་ཐམས་ཅད་ཀྱིས་ཀྱང་སྐྱབས་མགོན་ཡེ་ཤུ་བསྐྱུར་ནས་བྲོས་སོ།། 51ལུས་ལ་སོ་རས་བཀབ་པའི་ན་གཞོན་ཞིག་ཁོང་གི་རྗེས་སུ་འབྲངས་ཤིང་མི་ཚོགས་ཀྱིས་ཁོ་རང་ཡང་བཟུང་བ༌ན། 52ཁོས་སོ་རས་གཡུགས་ཏེ་ལུས་གཅེར་བུར་བྲོས་སོ།།

མཆོད་དཔོན་ཆེན་པོའི་ཁྲིམས་རར་ཁྲིད༌པ།

53ཁོ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་མཆོད་དཔོན་ཆེན་པོའི་དྲུང་དུ་ཁྲིད་ཅིང་མཆོད་དཔོན་ཆེན་པོ་དག་དང་རྒན༌པོ་རྣམས། མཁན་པོ་རྣམས་ཀྱང་གནས་དེར་འཛོམས། 54པེ་ཏྲོའང་རྒྱང་རིང་ནས་ཁོང་གི་རྗེས་སུ་འབྲངས་ཏེ་མཆོད་དཔོན་ཆེན་པོའི་ར་སྐོར་དུ་སོང་ནས་སྲུང་དམག་དང་མཉམ་དུ་མེར་ལྡེ་བཞིན་བསྡད་དོ།། 55མཆོད་དཔོན་ཆེན་པོ་རྣམས་དང་དཔོན་རིགས་ཚོགས་པའི་ཚོགས་མི་ཐམས་ཅད་ཀྱིས་ཁོང་ཉིད་གཏུགས་ཤིང་སྲོག་ཆད་གཅོད་པའི་ཕྱིར་དཔང་པོ་བཙལ་ཡང་མ་རྙེད༌དོ།། 56མི་མང་པོས་རྫུན་གྱི་དཔང་པོ་བྱས་ཀྱང་དཔང་པོ་བྱས་པ་ནང་མཐུན་མ་བྱུང༌ངོ་།། 57ཡང་མི་འགའ་ཞིག་ཡར་ལངས་ནས་ཁོང་ལ་རྫུན་གྱི་དཔང་པོ་བྱས་ཏེ་གཏུགས་ཤིང་འདི་ལྟར་སྨྲས༌པ། 58ཁོས་མི་ཡི་ལག་པས་བཟོས་པའི་མཆོད་ཁང་འདི་བཤིག༌སྟེ། ཉིན་གསུམ་ལ་མི་ཡི་ལག་པས་བརྩིགས་པ་མ་ཡིན་པའི་མཆོད་ཁང་གཞན་ཞིག་བཞེང་ངེས་ཞེས་ཟེར་བ་ངེད་ཅག་གིས་ཐོས་བྱུང་ཞེས་སྨྲས༌མོད། 59འོན་ཀྱང་དཔང་པོ་བྱས་པ་དེ་ཡང་ནང་མཐུན་མ་བྱུང༌ངོ་༎ 60དེ་ནས་མཆོད་དཔོན་ཆེན་པོ་དཀྱིལ་ནས་ཡར་ལངས་ཏེ་སྐྱབས་མགོན་ཡེ་ཤུ་ལ་འདི་ལྟར་སྨྲས༌པ་སྟེ། མི་འདི་རྣམས་ཀྱིས་ཁྱོད་ལ་དཔང་པོ་བྱས་ནས་གཏུག་པ་འདི་ཅི་ཡིན༌ནམ། ཁྱོད་ཀྱིས་ལན་ཅི་ཡང་མི་འདེབས་སམ་ཞེས་དྲིས་པ༌ན། 61ཁོང་གིས་ཅི་ཡང་མ་གསུངས་ལ་བཀའ་ལན་ཡང་མ་གནང༌ངོ་༎ ཡང་མཆོད་དཔོན་ཆེན་པོ་ན༌རེ། ཁྱོད་ནི་བསྟོད་འོས་པ་དེ་ཉིད་ཀྱི་སྲས་མཱ་ཤི་ཀ་ཡིན་ནམ་ཞེས་དྲིས་པ༌ན། 62སྐྱབས་མགོན་ཡེ་ཤུས་ང་རང་ཡིན་ནོ།། ཁྱོད་ཅག་གིས་མིའི་བུ་ཁོང་ཉིད་ཀུན་དབང་ཉིད་ཀྱི་གཡས་ཕྱོགས་སུ་བཞུགས༌ཏེ། ནམ་མཁའི་སྤྲིན་དང་བཅས་ཕེབས་ཡོང་བ་མཐོང་བར་འགྱུར་ཞེས་གསུངས༌སོ།། 63མཆོད་དཔོན་ཆེན་པོས་རང་གི་གྱོན་པ་གཤགས་ཏེ་ད་ལྟ་བདག་ཅག་ལ་དཔང་པོ་ཅི་ལ༌དགོས། 64ཁོས་དཀོན་མཆོག་ལ་སྐུར་བ་བཏབ་པ་ཁྱོད་རྣམས་ཀྱིས་ཀྱང་ཐོས་པས་ཁྱོད་ཅག་ལ་བསམ་འཆར་ཅི་ཡོད་ཅེས་སྨྲས་པ༌ན། དེ་དག་ཐམས་ཅད་ཀྱིས་ཁོང་གསོད་དགོས་པ་ཐག་གིས་བཅད༌ཅིང་། 65མི་འགའ་ཞིག་གིས་ཁོང་ལ་མཆིལ་མ་བཏབ་ཅིང་སྤྱན་ཟུང་རས་ཀྱིས་བཏུམས་ནས་ཁུ་ཚུར་གཞུས་ཏེ་ན༌རེ། ད་ལྟ་ལུང་བསྟན་ཤོད་ཅིག་ཅེས་བརྗོད་པ་དང་སྲུང་དམག་དག་གིས་ཀྱང་ཁོང་ཚུར་དྲུད་ནས་གདོང་ལ་འགྲམ་ལྕག་གིས་གཞུས༌སོ།།

པེ་ཏྲོ་སྐྱབས་མགོན་ཡེ་ཤུའི་ཐུགས་དང་འགལ་བའི༌སྐོར།

66དེ་ནས་པེ་ཏྲོ་ར་སྐོར་ཞོལ་མར་སྡོད་དུས། མཆོད་དཔོན་ཆེན་པོའི་གཡོག་མོ་ཞིག་ཡོང༌སྟེ། 67པེ་ཏྲོ་མེར་ལྡེ་བཞིན་པ་མཐོང་ཞིང་ཁོ་ལ་བལྟས་ནས་ཁྱོད་ཀྱང་ནཱ་ཙ་རེལ་པ་ཡེ་ཤུ་དང་གྲས་གཅིག་རེད་ཅེས་སྨྲས་པ༌ན། 68པེ་ཏྲོས་ཁས་མ་བླངས་པར་ཁྱོད་ཀྱིས་ཅི་བཤད་པ་ངས་མི་ཤེས་ལ་དོན་ཡང་མི་གོ་ཞེས་སྨྲས་ཏེ་སྒོ་ལམ་དུ་སོང་བ་དང་བྱ་ཕོ་གྲགས་སོ།། 69ཡང་གཡོག་མོ་དེས་པེ་ཏྲོ་མཐོང་ནས་སླར་ཡང་གནས་དེར་ལངས་བསྡད་ཡོད་པའི་མི་རྣམས༌ལ། མི་འདི་ཡང་དེ་དག་གི་གྲས་གཅིག་རེད་ཅེས་སྨྲས་སོ།། 70འོན་ཀྱང་པེ་ཏྲོས་ཡང་ཁས་མ་བླངས་སོ།། དེ་ནས་ཅུང་མ་འགོར་བར་གནས་དེར་ལངས་བསྡད་ཡོད་པའི་མི་རྣམས་ཀྱིས་ཀྱང་པེ་ཏྲོ༌ལ། ཁྱོད་ནི་ག་ལིལ་པ་ཞིག་ཡིན་པས་དངོས་གནས་དེ་དག་དང་གྲས་གཅིག་རེད་ཅེས་སྨྲས་པ༌ན། 71པེ་ཏྲོས་སྡིགས་དམོད་བྱེད་བཞིན་མནའ་བསྐྱལ༌ཏེ། ཁྱོད་ཅག་གིས་སྨྲས་པའི་མི་དེ་ངས་ངོ་མི་ཤེས་ཞེས་སྨྲས་སོ།། 72དེ་མ་ཐག་བྱ་ཕོ་ཐེངས་གཉིས་པའང་གྲགས༌པས། པེ་ཏྲོས་དེ་སྔར་སྐྱབས་མགོན་ཡེ་ཤུས་ཁོ་རང་ལ་བྱ་ཕོ་ཐེངས་གཉིས་མ་གྲགས་པའི་སྔོན་དུ། ཁྱོད་ཀྱིས་ཐེངས་གསུམ་ལ་ང་རང་ཁས་མི་ལེན་ཞེས་པའི་གསུང་དེ་དྲན་ཞིང་བཟོད་གླགས་མེད་པར་ངུས༌སོ།།

མར་ཀུ 15

སྤྱི་དཔོན་པི་ལ་ཏུའི་མདུན་དུ་ཁྲིད་པ།

1དེ་ནས་ནམ་ལངས་མ་ཐག་མཆོད་དཔོན་ཆེན་པོ་དག་དང་རྒན༌པོ་རྣམས་དང་། མཁན་པོ་དག་བཅས་དཔོན་རིགས་ཚོགས་པའི་ཚོགས་མི་ཐམས་ཅད་ཀྱིས་གྲོས་བྱས༌ཏེ། སྐྱབས་མགོན་ཡེ་ཤུ་བཀྱིགས་ནས་པི་ལ་ཏུ་ལ་སྤྲད་ཅིང་། 2པི་ལ་ཏུ་ན༌རེ། ཁྱོད་ནི་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ་ཞེས་སྐྱབས་མགོན་ཡེ་ཤུ་ལ་དྲིས་པ༌ན། ཁོང་གིས་འདི་སྐད༌དུ། ཁྱོད་ཀྱིས་སྨྲས་པ་བཞིན་ཡིན་ཞེས་གསུངས་སོ།། 3མཆོད་དཔོན་ཆེན་པོ་རྣམས་ཀྱིས་ཁོང་གི་དོན་མང་པོ༌གཏུགས་སོ།། 4ཡང་པི་ལ་ཏུ་ན༌རེ། ལྟོས་དང་མི་དེ་རྣམས་ཀྱིས་ཁྱོད་ཀྱི་དོན་འདི་འདྲ་མང་པོ་གཏུག་གིན་འདུག༌ཨང༌། ཁྱོད་ཀྱིས་ལན་ཅིའང་མི་འདེབས་སམ་ཞེས་དྲིས་པ༌ལ། 5སྐྱབས་མགོན་ཡེ་ཤུས་བཀའ་ལན་ཅི་ཡང་མ་གསུངས་པས་པི་ལ་ཏུའང་ངོ་མཚར་བར་གྱུར༌ཏོ།། 6པི་ལ་ཏུ་ལ་དུས་ཆེན་འདིར་ཁེལ་བའི་དུས༌སུ། ཁོ་རྣམས་ཀྱི་རེ་ཞུ་ལྟར་བཙོན་པ་ཞིག་བཙོན་གྲོལ་གཏོང་བའི་རྒྱུན་སྲོལ་ཡོད་དོ།། 7དེ་ཡང་པཱ་རབ་པཱ་ཞེས་པའི་བཙོན་པ་ཞིག་ཀྱང་ཟིང་འཁྲུག་སློང་མཁན་དང་མཉམ་དུ་བཀྱིགས་ཡོད༌ལ། དེ་དག་གིས་ཟིང་འཁྲུག་ཁྲོད་དུ་མི་ཡང་བསད་མྱོང༌བ་རེད། 8དེ་ནས་མི་རྣམས་པི་ལ་ཏུའི་དྲུང་དུ་སོང་ནས་རྒྱུན་སྲོལ་བཞིན་མཛོད་ཅིག་ཅེས་ཞུས་པ༌ན། 9-10པི་ལ་ཏུས་མཆོད་དཔོན་ཆེན་པོ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་ལ་ཕྲག་དོག་བྱས་ནས་ཁོ་རང་ལ་སྤྲད་པ་ཤེས་ཏེ་ན༌རེ། ཁྱོད་རྣམས་ཀྱིས་ཡ་ཧུ་དཱ་པའི་རྒྱལ་པོ་འདི་ཉིད་བཙོན་གྲོལ་གཏོང་འདོད་དམ་ཞེས་དྲིས་སོ།། 11འོན་ཀྱང་མཆོད་དཔོན་ཆེན་པོ་རྣམས་ཀྱིས་མི་ཚོགས་ལ་པཱ་རབ་པཱ་བཏང་ན་ལེགས་ཞེས་ཞུ་བར་ནན་གྱིས་བསྐུལ། 12ཡང་པི་ལ་ཏུ་ན༌རེ། འོ་ན་ཁྱོད་ཅག་གིས་ཡ་ཧུ་དཱ་པའི་རྒྱལ་པོ་ཟེར་བ་འདིར་བདག་གིས་ཅི་བྱ་འོས་སམ་ཞེས་སྨྲས་པ༌ན། 13དེ་དག་གིས་སླར་ཡང་སྐད་གསང་མཐོན་པོས་ཁོ་རང་ཤིང་རྒྱ་གྲམ་གྱི་སྟེང་དུ་རྡོབས་ཤིག་ཅེས་བསྒྲགས་སོ།། 14ཡང་པི་ལ་ཏུ་ན༌རེ། རྒྱུ་མཚན་ཅིའི་ཕྱིར༌རམ། ཁོས་དོན་ངན་ཅི་བྱས་སམ་ཞེས་སྨྲས༌ནའང༌། དེ་དག་གིས་སྔར་ལས་སྐད་ཆེན་པོས་ཁོ་རང་ཤིང་རྒྱ་གྲམ་གྱི་སྟེང་དུ་རྡོབས་ཤིག་ཅེས་འུར་བརྒྱབ་བོ།། 15པི་ལ་ཏུས་མི་ཚོགས་དགའ་བར་འཇུག་འདོད་དེ་པཱ་རབ་པཱ་བཏང་ནས་ཁོ་རྣམས་ལ་སྤྲད་ཅིང་། སྐྱབས་མགོན་ཡེ་ཤུར་རྟ་ལྕག་གིས་གཞུས་ཏེ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབ་ཕྱིར་དམག་མི་རྣམས་ལ་སྤྲད་དོ།།

སྐྱབས་མགོན་ཡེ་ཤུ་ལ་འཕྱ་དམོད་བྱས༌པ།

16དེ་ནས་དམག་མི་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་སྤྱི་དཔོན་གྱི་ཕོ་བྲང་གི་ར་སྐོར་དུ་ཁྲིད་ནས་རང་གི་དམག་དཔུང་ཐམས་ཅད་བསྡུས༌ཤིང༌། 17དེ་དག་གིས་ཁོང་གི་ལུས་ལ་ན་བཟའ་མདོག་རྒྱ་སྨུག་ཅན་ཞིག་བསྐོན་པ་དང་ཚེར་མས་ཅོད་པན་བསླེས་ཏེ་ཁོང་གི་དབུ་ལ་བསྐོན༌པ་དང་། 18ཁོང་ལ་རྟེན་འབྲེལ་ཞུ་བའི་ཟོལ་གྱིས་ཡ་ཧུ་དཱ་པའི་རྒྱལ་པོ་ཁྱོད་ལ་རྟེན་འབྲེལ་ཞུ་ཞེས་སྨྲས་སོ།། 19ཡང་ཁོང་གི་དབུ་ལ་དབྱུག་པ་ཕྲ་མོས་བརྡེག་ཅིང་གདོང་ལ་མཆིལ་མ༌བཏབ། པུས་མོ་སར་བཙུགས་ཏེ་ཁོང་ལ་ཕྱག་འཚལ་ཁུལ་བྱས་སོ།། 20དེ་ལྟར་ཁོང་ལ་བརྙས་བཅོས་བྱས་ཚར༌རྗེས། ཁ་དོག་རྒྱ་སྨུག་ཡིན་པའི་ན་བཟའ་ཕུད་ཅིང་ཁོང་ལ་རང་ཉིད་ཀྱི་ན་བཟའ་བསྐོན་ཏེ། ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབ་ཆེད་ཕྱི་རོལ་དུ་ཁྲིད༌དོ།།

ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པ།

21དེའི་དུས༌སུ། ཨ་ལིག་སན་དིར་དང་རུ་ཕུ་སྤུན་གཉིས་ཀྱི་ཕ་སྟེ་སི་མོན་ནི་ཀི་རེ་ནེ་ཡི་མི་ཡིན༌ལ། ཁོ་རང་གྲོང་གསེབ་ནས་ཡོང་ཞིང་གནས་འདི་བརྒྱུད་ནས་འགྲོ་བ༌ན། དེ་དག་གིས་ཁོ་ལ་བཙན་གྱིས་སྐྱབས་མགོན་ཡེ་ཤུའི་ཤིང་རྒྱ་གྲམ་འཁུར་དུ་བཅུག 22དེ་ནས་སྐྱབས་མགོན་ཡེ་ཤུ་ཁྲིད་ནས་གོལ་གོ་ཐཱ༌སྟེ། དོན་ལ་མགོ་སྐོགས་གནས་ཞེས་པའི་ས་ཆར་སླེབས་པ༌དང༌། 23དེ་དག་གིས་སྐྱབས་མགོན་ཡེ་ཤུར་གུ་གུལ་འདྲེས་པའི་རྒུན་ཆང་དྲངས་ནའང་ཁོང་གིས་མ་བཞེས་པ་རེད། 24དེ་ནས་དམག་མི་རྣམས་ཀྱིས་ཁོང་ཉིད་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས༌ཤིང༌། ཁོང་གི་ན་བཟའ་བགོ་བཤའ་བྱས་ནས་རྒྱན་འཕངས་ཤིང་མི་རེ་རེར་གང་ཐོབ་པར་བལྟས་སོ།། 25སྐྱབས་མགོན་ཡེ་ཤུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པའི་དུས་ནི་ཞོགས་པའི་ཆུ་ཚོད་དགུ་ཡིན་ནོ།། 26ཁོང་ལ་བཏགས་པའི་ཉེས་སྐྱོན་ནི་ཤིང་བྱང་ཞིག་གི་ངོས་སུ་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ཞེས་བྲིས་ཡོད་པ་དེའོ།། 27ཁོང་དང་ལྷན་ཅིག་ཇག་པ་གཉིས་ཀྱང་ཁོང་གི་གཡས་གཡོན་དུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ཡོད་ཅིང་། 28དེ་ནི་གསུང་རབ་ཀྱི་མདོ་ལས་ཁོང་ཉེས་ཅན་གྱི་གྲས་སུ་བརྩིས་ཡོད་ཅེས་གསུངས་པ་བཞིན་དུ་གྲུབ༌པ་ཡིན་ནོ།། 29-30གནས་དེར་བརྒྱུད་ནས་འགྲོ་བ་རྣམས་ཀྱིས་ཁོང་ལ་འཕྱ་སྨོད་བྱས་ཤིང་མགོ་བོ་གཡུག༌བཞིན། ཀྱེ། མཆོད་ཁང་བཤིགས་ནས་ཉིན་གསུམ་གྱི་ནང་དུ་སླར་རྩིག་མཁན་ཁྱོད་ཀྱིས་རང་ཉིད་སྐྱོབས༌དང༌། ཤིང་རྒྱ་གྲམ་སྟེང་ནས་མར་བོབས་ཤིག་ཅེས་སྨྲས་པ༌དང༌། 31དེ་བཞིན་མཆོད་དཔོན་ཆེན་པོ་དག་དང་མཁན་པོ་རྣམས་ཀྱིས་ཀྱང་མཉམ་དུ་ཁོང་ལ་འཕྱ་དམོད་བྱེད་ཀྱིན་ཁོས་གཞན་རྣམས་བསྐྱབས་མྱོང་ནའང་རང་ཉིད་སྐྱོབ་མི་ནུས་ཞེས་ཕན་ཚུན་ལ་གླེང་བ༌དང༌། 32ཡེས་ར་ཨེལ་གྱི་རྒྱལ་པོ་མཱ་ཤི༌ཀ ད་ལྟ་ཤིང་རྒྱ་གྲམ་སྟེང་ནས་མར་བོབས༌དང༌། ངེད་ཅག་གིས་དོན་དེ་མཐོང་ན་དད་པ་བྱེད་ཅེས་སྨྲས་སོ།། ཁོང་དང་མཉམ་དུ་ཤིང་རྒྱ་གྲམ་ལ་བརྡབས་ཡོད་པ་དེ་གཉིས་ཀྱིས་ཀྱང་ཁོང་ལ་དེ་ལྟར་སྨད༌དོ།།

སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་པ།

33དེར་ཉིན་གུང་ནས་ཕྱི་དྲོའི་ཆུ་ཚོད་གསུམ་པའི་བར་དུ་ཡུལ་དེ་ཡོངས་སུ་མུན་ནག་འཐིབས༌ཤིང༌། 34ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་སྐྱབས་མགོན་ཡེ་ཤུས་གསུང་སྐད་ཆེན༌པོས། ཨེ་ལོ༌ཨི། ཨེ་ལོ༌ཨི། ལཱ་མཱ་སཱ་པཱག་ཐཱ་ནེ་ཞེས་གསུངས༌ཤིང༌། དོན་ནི་འདི་ལྟ༌སྟེ། ཀྱེ། བདག་གི་དཀོན་མཆོག༌ལགས། བདག་གི་དཀོན་མཆོག་ལགས། ཁྱེད་ཀྱིས་ང་རང་རྒྱབ་ཏུ་བསྐྱུར་དོན་ཅི་ཞེས༌པའོ།། 35ཉེ་འགྲམ་དུ་འགྲེངས་ནས་བསྡད་ཡོད་པའི་མི་འགའ་ཞིག་གིས་གསུང་དེ་ཐོས༌རྗེས། ལྟོས༌དང༌། ཁོས་ཨེ་ལི་ཡཱ་འབོད་ཀྱིན་འདུག་ཅེས་སྨྲས་པ༌དང༌། 36ཡང་མི་ཞིག་བརྒྱུགས་སོང་ནས་འགྱིག་སོབ་ཅིག་རྒུན་ཆང་སྐྱུར་མོར་སྦངས༌ཏེ། འདམ་རྩྭའི་རྩེར་བཀལ་ནས་ཁོང་ལ་འདྲེན་བཞིན་པའི་དུས༌སུ། ཅུང་ཙམ་སྒུགས་དང༌། ཨེ་ལི་ཡཱ་ཡོང་སྟེ་ཁོང་ཉིད་ཤིང་རྒྱ་གྲམ་སྟེང་ནས་ལེན་མིན་ལ་བལྟའོ་ཞེས་སྨྲས་སོ།། 37དེ་ནས་སྐྱབས་མགོན་ཡེ་ཤུས་སྐད་ཆེན་པོས་འབོད་སྒྲ་ཞིག་བསྒྲགས་པ་དང་སྐུ་དབུགས་ཆད་པར་གྱུར་ཏོ།། 38མཆོད་ཁང་གི་ཡོལ་བ་ཆེན་པོ་དེ་ཡང་གོང་ནས་འོག་ཏུ་དུམ་བུ་གཉིས་སུ་རལ་བར་གྱུར་ཏོ།། 39ཁ་གཏད་དུ་འགྲེངས་ནས་བསྡད་ཡོད་པའི་བརྒྱ་དཔོན་གྱིས་ཁོང་གི་སྐུ་དབུགས་དེ་ལྟར་ཆད་པ་མཐོང༌སྟེ། སྐྱེས་བུ་འདི་ནི་དཀོན་མཆོག་གི་སྲས་ཡིན་པ་བདེན་འདུག་ཅེས་སྨྲས་སོ།། 40རྒྱང་རིང་ནས་ལྟ་བཞིན་པའི་བུད་མེད་རྣམས་ཀྱི་ཁྲོད་དུ་མཱག་རྡལ་གྱི་མིར་ཡམ༌དང༌། ཡ་ཀོབ་ཆུང་བ་དང་ཡོ་སེ་གཉིས་ཀྱི་མ་མིར་ཡམ་དེ༌དང༌། སཱ་ལོ་མེ་བཅས་ཀྱང༌ཡོད། 41དེ་རྣམས་ནི་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ག་ལིལ་ཡུལ་དུ་བཞུགས་པའི་དུས་སུ་ཁོང་གི་རྗེས་འབྲངས་ནས་ཞབས་ཕྱི་བསྒྲུབས་མྱོང་བ་རྣམས་ཡིན། གཞན་ཡང་སྐྱབས་མགོན་ཡེ་ཤུ་དང་མཉམ་དུ་ཡར་ཡེ་རུ་སཱ་ལེམ་ལ་འོངས་པའི་བུད་མེད་གཞན་མང་པོའང་གནས་འདིར་མཆིས་སོ།།

སྐྱབས་མགོན་ཡེ་ཤུའི་སྐུ་གདུང་དུར་དུ་སྦས༌པ།

42མཚན་མོར་སླེབས་ཤིང་ཉིན་དེ་ནི་སྟ་གོན་གྱི་ཉིན་མོ་སྟེ། ངལ་གསོ་བའི་ཉིན་གྱི་ཉིན་སྔ་མ་ཡིན༌པས། 43བཀུར་འོས་པའི་དཔོན་རིགས་ཚོགས་པའི་ཚོགས་མི་སྟེ་དཀོན་མཆོག་གི་རྒྱལ་སྲིད་ལ་སྒུག་མཁན་ཨ་རི་མ་ཐཱ་ཡི་ཡོ་སེབ་ཡོང༌ནས། སྤོབས་པ་ཆེར་བསྐྱེད་དེ་པི་ལ་ཏུའི་དྲུང་དུ་སོང་ཞིང་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་གནང་བར་ཞུ་བ་ཞུས་པ༌ལ། 44པི་ལ་ཏུས་སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་པའི་གཏམ་ཐོས་ནས་ཡ་མཚན་སྐྱེས་ཤིང་བརྒྱ་དཔོན་བོས་ཏེ། ཁོང་གྲོངས་སམ་མ་གྲོངས་ཞེས་དྲིས་པ༌དང༌། 45པི་ལ་ཏུས་བརྒྱ་དཔོན་ལས་དོན་འདི་རྩད་ཆོད་རྗེས་ཁོང་གི་སྐུ་གདུང་ཡོ་སེབ་ལ་གནང༌ངོ་༎ 46དེ་ནས་ཡོ་སེབ་ཀྱིས་སོ་རས་ཞིག་ཉོས་ཤིང་ཁོང་གི་སྐུ་གདུང་ཤིང་རྒྱ་གྲམ་སྟེང་ནས་མར་བླངས་ཏེ་སོ་རས་ཀྱིས་དཀྲིས༌རྗེས། བྲག་ནང་དུ་བརྐོས་པའི་དུར་ཁུང་ཞིག་གི་ནང་དུ་སྦས་ཤིང་རྡོ་ཕ་བོང་ཞིག་བསྒྲིལ་ཡོང་ནས་དུར་ཁུང་གི་སྒོ་བཅད་དོ།། 47མཱག་རྡལ་གྱི་མིར་ཡམ་དང་ཡོ་སེ་བྱ་བའི་མ་མིར་ཡམ་གཉིས་ཀྱིས་ཀྱང་སྐུ་གདུང་གང་དུ་བཞག་པའི་གནས་མཐོང༌ངོ༌།།

མར་ཀུ 16

སྐུ་གྲོངས་ནས་སླར་གསོན༌པ།

1དེ་ནས་ངལ་གསོ་བའི་ཉིན་རྫོགས༌རྗེས། མཱག་རྡལ་གྱི་མིར་ཡམ༌དང༌། ཡ་ཀོབ་ཀྱི་མ་མིར༌ཡམ། སཱ་ལོ་མེ་བཅས་ཀྱིས་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་ལ་བྱུག་བྱའི་བསུང་རྫས་ཉོས་པ༌དང༌། 2གཟའ་འཁོར་གཅིག་གི་ཉིན་དང་པོའི་ཞོགས་པར་ཉི་མ་ཤར་བའི་དུས་སུ་ཁོ་མོ་ཚོ་དུར་ཁུང་གི་གམ་དུ་སླེབས་ཤིང་། 3ལམ་བར་དུ་ཕན་ཚུན་ལ་དུར་ཁུང་གི་སྒོ་ཁར་ཡོད་པའི་རྡོ་ཕ་བོང་དེ་སུ་ཞིག་གིས་ངེད་ཅག་གི་ཆེད་དུ་ཕར་བསྒྲིལ་བར་བྱའམ་ཞེས་སྨྲས༌ཤིང༌། 4ཁོ་མོ་དག་གིས་མགོ་བོ་ཡར་དགྱེས་ཏེ་བལྟས་པ༌ན། རྡོ་ཕ་བོང་དེ་ནི་དངོས་གནས་ཤིན་ཏུ་ཆེན་པོ་ཞིག་ཡིན་ཡང་སྔར་ནས་ཕར་བསྒྲིལ་ཟིན་པ་མཐོང༌ངོ་༎ 5དེ་ནས་ཁོ་མོ་ཚོ་དུར་ཁུང་ནང་དུ་འཛུལ་བ་དང་ལྭ་རིང་དཀར་པོ་གྱོན་པའི་ན་གཞོན་ཞིག་ཁོ་མོ་ཚོའི་གཡས་ཕྱོགས་སུ་བཞུགས་ཡོད་པ་མཐོང་ནས་ཤིན་ཏུ་འཇིགས་སོ།། 6ན་གཞོན་དེ་ན༌རེ། ཁྱོད་རྣམས་འཇིགས་མི༌དགོས། ཁྱོད་ཅག་ནི་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པའི་ནཱ་ཙ་རེལ་པ་ཡེ་ཤུ་འཚོལ་དུ་ཡོང་བ་ཡིན༌ཏེ། ཁོང་གི་སྐུ་གདུང་བཞུགས་སའི་གནས་དེར་ལྟོས་དང་ཁོང་ཉིད་སླར་གསོན་པས་གནས་འདིར་མི་བཞུགས། 7ཁྱོད་ཅག་ཕྱིར་སོང་ནས་ཁོང་གི་ཐུགས་སྲས་རྣམས་དང་པེ་ཏྲོ་ལ་འདི་སྐད་ཤོད༌ཅིག དེ་སྔར་ཁོང་གིས་ཁྱོད་རྣམས་ལ་གསུངས་པ་བཞིན་ཁོང་ཉིད་ཁྱོད་ཅག་གི་སྔོན་ལ་ག་ལིལ་ཡུལ་དུ་ཕེབས་ཤིང་། གནས་དེ་རུ་ཁྱོད་ཅག་ཁོང་དང་མཇལ་བར་ངེས་ཞེས་སྨྲས་སོ།། 8ཁོ་མོ་ཚོ་དུར་ཁུང་ལས་ཕྱིར་བུད་མ་ཐག་འདར་ཞིང་ཧ་ལས་ནས་བྲོས༌པས། གཏམ་དེ་མི་གཞན་སུ་ལའང་སྨྲ་བར་མ་སྤོབས༌སོ།། 9གཟའ་འཁོར་གཅིག་གི་ཉིན་དང་པོའི་ཞོགས༌པར། སྐྱབས་མགོན་ཡེ་ཤུ་སླར་གསོན་པ༌དང༌། དེ་སྔར་ཁོང་གིས་གདོན་འདྲེ་བདུན་བསྐྲད་མྱོང་བའི་མཱག་རྡལ་གྱི་མིར་ཡམ་ལ་ཐོག་མར་སྐུ་གཟུགས་མངོན་སུམ་དུ་བསྟན༌པས། 10ཁོ་མོ་སྔར་ནས་སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲངས་པ་རྣམས་ཀྱི་དྲུང་དུ་སོང་ཞིང་དེ་རྣམས་ཀྱིས་མྱ་ངན་བྱེད་བཞིན་ཡོད་པར་དོན་དེ་སྨྲས༌ནའང༌། 11དེ་དག་གིས་སྐྱབས་མགོན་ཡེ་ཤུ་གསོན་པོར་བཞུགས་པ་དང་མིར་ཡམ་གྱིས་མཐོང་བ་ཡིན་ཞེས་པའི་གཏམ་ལ་ཡིད་མ་ཆེས༌སོ།། 12དེའི་རྗེས༌སུ། རྗེས་འབྲང་པ་རྣམས་ལས་མི་གཉིས་གྲོང་གསེབ་ལ་འགྲོ་བའི་ལམ་བར༌དུ། སྐྱབས་མགོན་ཡེ་ཤུས་རང་གི་སྐུ་གཟུགས་རྣམ་པ་གཞན་པའི་ལམ་ནས་ཁོ་གཉིས་ལ་མངོན་སུམ་དུ་བསྟན་ཏོ།། 13ཁོ་གཉིས་ཕྱིར་ལོག་ནས་རྗེས་འབྲང་པ་གཞན་རྣམས་ལ་གནས་ཚུལ་དེ་སྨྲས་ནའང་སུས་ཀྱང་ཁོ་གཉིས་ལ་ཡིད་མ་ཆེས་སོ།།

འཕྲིན་བཟང་སྒྲོག་པའི་བཀའ་བསྩལ༌བ།

14དོན་དེའི་རྗེས༌སུ། ཐུགས་སྲས་བཅུ་གཅིག་པོས་ཟས་བཞེས་ནས་སྡོད་པའི་དུས༌སུའང༌། སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་རང་གི་སྐུ་གཟུགས་མངོན་སུམ་དུ་བསྟན༌ཏེ། ཁོང་ཉིད་སླར་གསོན་རྗེས་ཁོང་ཉིད་མཐོང་མཁན་རྣམས་ཀྱིས་སྨྲས་པའི་གཏམ་ལ་ཁོ་རྣམས་ཡིད་མ་ཆེས༌པས། ཁོང་གིས་དེ་རྣམས་ལ་དད་པ་མེད་པ་དང་སེམས་གྱོང་པོ་ཡིན་པར་བཀའ་བཀྱོན་མཛད་དོ།། 15དེ་ནས་ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གནམ་འོག་ཀུན་ཏུ་སོང་ནས་མི་ཐམས་ཅད་ལ་འཕྲིན་བཟང་སྒྲོགས༌ཤིག 16སུ་ཞིག་གིས་དད་པ་བྱེད་ཅིང་ཁྲུས་གསོལ་ལ་འཇུག་པ་དེ་ལ་ཐར་པ་འཐོབ་པར་འགྱུར་ཞིང་དད་པ་མེད་པ་དེ་ལ་ཉེས་ཆད་གཅོད་པར་འགྱུར་རོ།། 17དད་པ་དང་ལྡན་པའི་མི་རྣམས་དང་ལྷན་ཅིག་ངོ་མཚར་བའི་རྟགས་འདི་རྣམས་འབྱུང་ངེས་ཤིང་། ངའི་མིང་ལ་བརྟེན་ནས་དེ་དག་གིས་གདོན་འདྲེ་ཕར་སྐྲོད་པ་དང་སྐད་རིགས་གསར་པ་སྨྲ༌བ། 18དུག་སྦྲུལ་ལག་པས་འཛིན་ནུས་པ། དུག་འཐུང་ནའང་སྲོག་ལ་མི་གནོད༌པ། ལག་པ་ནད་པའི་སྟེང་དུ་བཞག་ན་ནད་གཞོམ་པར་འགྱུར་ཞེས་གསུངས༌སོ།། 19དེ་ནས་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་བཀའ་གནང་ཚར༌རྗེས། ཁོང་ཉིད་ནམ་མཁའི་ཞིང་ཁམས་སུ་དྲངས་ཤིང་དཀོན་མཆོག་གི་གཡས་ཕྱོགས་སུ་བཞུགས༌སོ།། 20ཐུགས་སྲས་རྣམས་ཀྱང་ཡུལ་ཕྱོགས་ཀུན་ཏུ་སོང་ནས་འཕྲིན་བཟང་བསྒྲགས༌ཤིང༌། གཙོ་བོས་ཀྱང་ཁོ་རྣམས་དང་མཉམ་དུ་འཕྲིན་ལས་མཛད་པ་དང་ངོ་མཚར་བའི་རྟགས་དང་ཆབས་ཅིག་བཀའ་དེ་ལ་བདེན་དཔང་མཛད༌དོ།།།།

ལུ་ཀ 1

གླེང་གཞི།

1-2གུས་པར་འོས་པའི་ཇོ་བོ་ཐེ་འོ་ཕེ་ལུ༌ལགས། དེ་ཡང་དཀོན་མཆོག་གི་བཀའ་ཡི་ཞབས་ཏོག་པ་རྣམས་ཀྱིས་ཐོག་མ་ནས་མིག་གིས་མཐོང་ཞིང་བདག་ཅག་ལ་གང་ཞིག་གསུངས་པ་བཞིན༌དུ། མི་མང་པོ་ཞིག་གིས་བདག་ཅག་གི་ཁྲོད་དུ་གྲུབ་པའི་དོན་རྣམས་ཡི་གེར་འགོད་འགོ་བརྩམས༌པས། 3ངས་ཀྱང་ཐོག་མ་ནས་དོན་དེ་ཐམས་ཅད་ལ་བརྟག་ཅིང་དཔྱད༌དེ། ཁྱེད་ལ་གོ་རིམ་བཞིན་དུ་ཡི་གེར་འགོད་པར་ཐག་གིས༌བཅད་དོ།། 4ཅིའི་ཕྱིར་ཞེ༌ན། དེ་སྔར་ཁྱེད་ལ་བསྟན་པའི་བཀའ་རྣམས་ནི་བདེན་པ་དངོས་ཡིན་པ་རྟོགས་སུ་འཇུག་པའི་ཕྱིར༌རོ།།

ཁྲུས་གསོལ་མཁན་ཡོ་ཧ་ནན་སྐུ་འཁྲུང་བའི་ལུང༌བསྟན།

5ཧེ་རོ་དཱ་ཞེས་བྱ་བ་ཡ་ཧུ་དཱའི་ཡུལ་གྱི་རྒྱལ་པོ་ཡིན་པའི་དུས༌སུ། ཨ་བི་ཡཱའི་སྡེ་ཚན་ན་ཟཱ་ཀར་ཡ་ཟེར་བའི་མཆོད་དཔོན་ཞིག་ཡོད༌དེ། དེའི་ཆུང་མ་ནི་ཨ་རོན་གྱི་མི་རྒྱུད་ཡིན་ཞིང་མིང་ལ་ཨེ་ལི་སཱ་བེད་ཟེར། 6དེ་གཉིས་ནི་དཀོན་མཆོག་གི་དྲུང་དུ་མི་གཞུང་དྲང་གཉིས་ཡིན༌ཏེ། གཙོ་བོའི་བཀའ་དང་ཁྲིམས་ཐམས་ཅད་འཕྱུགས་མེད་དུ་བསྲུངས་པ་ཡིན། 7འོན་ཀྱང་ཨེ་ལི་སཱ་བེད་ནི་ཕྲུ་གུ་སྐྱེ་མི་ནུས་པས་ཁོ་གཉིས་ལ་བུ་ཕྲུག་མེད་པར་རྒས༌སོ།། 8ནམ་ཞིག་གི་དུས༌ལ། ཟཱ་ཀར་ཡས་རང་གི་སྡེ་ཚན་གྱི་གོ་རིམ་བཞིན་དཀོན་མཆོག་གི་དྲུང་ནས་མཆོད་དཔོན་གྱི་འོས་འགན་དང་དུ་ལེན་པའི་སྐབས་སུ། 9མཆོད་དཔོན་གྱི་ལུགས་སྲོལ་ལྟར་རྟགས་རིལ་བླངས་ཤིང་སྤོས་སྒྲོན་པའི་བྱ་བའང་ཁོ་ལ་བབས༌པས། ཁོ་རང་གཙོ་བོའི་མཆོད་ཁང་དུ་སོང་ངོ༌།། 10ཁོས་སྤོས་སྒྲོན་པའི་སྐབས༌སུ། མི་ཚོགས་ཐམས་ཅད་ཀྱིས་མཆོད་ཁང་གི་ཕྱི་ནས་གསོལ་བ་བཏབ་ཅིང་བསྡད། 11གཙོ་བོའི་ཕོ་ཉ༌ཞིག་སྤོས་ཁྲིའི་གཡས་ཕྱོགས་སུ་ཀྲོང་ངེར་བྱུང་སྟེ་ཁོའི་མིག་ལ་མངོན༌ཞིང༌། 12ཟཱ་ཀར་ཡས་ཕོ་ཉ་དེ་མཐོང་ནས་སེམས་འཚབས་ཏེ་འཇིགས་ཤིང་སྐྲག་པར་གྱུར་ཏོ།། 13འོན་ཀྱང་། ཕོ་ཉས་ཁོ་ལ་འདི་སྐད༌དུ། ཟཱ་ཀར༌ཡཱ། ཁྱོད་རང་སྐྲག་མི་དགོས༌ཏེ། ཁྱོད་ཀྱི་སྨོན་ལམ་ནི་དཀོན་མཆོག་གིས་གསན་བྱུང༌བས། ཁྱོད་ཀྱི་ཆུང་མ་ཨེ་ལི་སཱ་བེད་ལ་བུ་ཞིག་སྐྱེ་བར༌འགྱུར། ཁྱོད་ཀྱིས་བུའི་མིང་ལ་ཡོ་ཧ་ནན་ཞེས་ཐོགས༌ཤིག 14ཁྱོད་གཉིས་ལ་བུ་སྐྱེས་པས་དགའ་སྤྲོ་འབྱུང་ཞིང་མི་མང་པོའང་དགའ་བར་འགྱུར༌ཏེ། 15ཁོ་རང་གཙོ་བོའི་དྲུང་ནས་མི་ཆེན་པོར་འགྱུར༌ཞིང༌། རྒུན་ཆང་དང་ཨ་རག་ནམ་ཡང་མི་འཐུང༌ལ། མའི་མངལ་དུ་ཡོད་པ་ནས་བཟུང་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པར་འགྱུར་རོ།། 16ཡང་ཁོས་ཡེས་ར་ཨེལ་གྱི་བུ་རྒྱུད་མང་པོ་ཞིག་གཙོ་བོ་སྟེ་ཁོ་རྣམས་ཀྱི་དཀོན་མཆོག་གི་ཕྱོགས་སུ་ཕྱིར་འགུག་པར་འགྱུར༌ཞིང༌། 17ཁོ་རང་ལ་ཨེ་ལི་ཡཱ༌དང་འདྲ་བའི་སེམས་དང་ནུས་མཐུ་ལྡན་ཞིང་གཙོ་བོ༌ཕེབས་པའི་སྔོན་དུ་བསྐྱོད༌ནས། ཕ་རྣམས་ཀྱི་སེམས་བུ་ཡི་ཕྱོགས་ལ་འགུག་པ༌དང༌། དཀོན་མཆོག་གི་བཀའ་ལ་མི་ཉན་པ་རྣམས་མི་གཞུང་དྲང་གི་ཤེས་རབ་དང་བསྟུན་པར་བྱ༌སྟེ། གཙོ་བོ་ལ་འཚམ་པའི་མི་རྒྱུད་སྟ་གོན་བྱེད་པར་འགྱུར་ཞེས་གསུངས༌སོ།། 18ཟཱ་ཀར་ཡས་ཕོ་ཉ༌ལ། ང་རང་རྒས་ཤིང་ངའི་ཆུང་མ་ཡང་རྒས་ཟིན་པས་ངས་དོན་དེ་ཇི་ལྟར་ཤེས་ཐུབ་ཅེས་དྲིས་པ༌ལ། 19ཕོ་ཉས་འདི་སྐད༌དུ། ང་རང་ནི་དཀོན་མཆོག་གི་དྲུང་དུ་སྡོད་པའི་ཕོ་ཉ་གེབ་རི་ཨེལ་ཡིན༌ཏེ། ཁྱོད་ལ་གཏམ་སྨྲ་བ་དང་འཕྲིན་བཟང་འདི་འཆད་པར་མངགས་པ་ཡིན༌ལ། 20ལྟོས༌དང༌། དུས་དེར་སླེབ་ཚེ། ངས་སྨྲས་པ་བཞིན་དུ་འགྲུབ་པར་འགྱུར་རོ།། འོན་ཀྱང་བདག་གིས་སྨྲས་པ་ལ་ཁྱོད་རང་ཡིད་མི་ཆེས་པས་དོན་དེ་འགྲུབ་པའི་བར་དུ་ཁྱོད་རང་ལྐུགས་པར་འགྱུར་ཞེས་གསུངས་སོ།། 21མི་ཚོགས་ཀྱིས་ཟཱ་ཀར་ཡ་ལ་བསྒུགས་ནས་བསྡད་ཅིང་ཁོ་རང་མཆོད་ཁང་ནས་ཡུན་རིང་འགོར་བས་དོགས་པ་སྐྱེས༌པ་རེད། 22ཁོ་རང་ཕྱི་ལ་ཐོན་དུས་སྐད་ཆ་སྨྲ་མི་ཐུབ་པས་ཁོས་མཆོད་ཁང་ནས་ཞལ་གཟིགས་ཤིག་མཐོང་བ་མི་དེ་རྣམས་ཀྱིས་ཤེས་སོ།། ཡང་ཁོས་མི་དེ་རྣམས་ལ་ལག་བརྡ་བྱས་ནའང་ལྐུགས་པར་གྱུར་ནས་བསྡད། 23མཆོད་དཔོན་གྱི་འོས་འགན་སྒྲུབ་པའི་དུས་མཇུག་རྫོགས་རྗེས་ཁོ་རང་ཕྱིར་ཡུལ་དུ་ལོག་གོ། 24དེའི་རྗེས༌སུ། ཁོའི་ཆུང་མ་ཨེ་ལི་སཱ་བེད་ལ་མངལ་སྦྲུམ་སྟེ་ཟླ་བ་ལྔའི་རིང་ལ་ཡིབས་ནས་བསྡད༌ཅིང༌། 25གཙོ་བོས་ང་ལ་གཟིགས་སྐྱོང་མཛད་དེ་མི་ཚོགས་ཀྱི་ཁྲོད་ནས་ངའི་ངོ་ཚ་བསལ་བའི་ཕྱིར་འདི་ལྟར་མཛད་ཅེས་སྨྲས་སོ།།

སྐྱབས་མགོན་ཡེ་ཤུ་སྐུ་འཁྲུང་བའི་ལུང༌བསྟན།

26དེ་ནས་ཟླ་བ་དྲུག་ལ་སླེབས་པའི་དུས༌སུ། དཀོན་མཆོག་གིས་ཕོ་ཉ་གེབ་རི་ཨེལ་བྱ་བ་ག་ལིལ་ཡུལ་གྱི་ནཱ་ཙ་རེལ་ཞེས་པའི་གྲོང་རྡལ༌དུ། 27མིར་ཡམ་ཞེས་འབོད་པའི་ན་ཆུང་བུ་མོ་དེའི་གམ་དུ་མངགས༌ཤིང༌། ན་ཆུང་བུ་མོ་དེ་ནི་དཱ་བིད་ཀྱི་རིགས་རྒྱུད་ཡིན་པའི་ཡོ་སེབ་དང་གཉེན་རྟགས་བརྒྱབ་ཡོད་པ༌ཡིན། 28ཕོ་ཉ་དེ་ཉིད་བུ་མོའི་གམ་དུ་སོང་ནས་འདི་སྐད༌དུ། དཀོན་མཆོག་གི་ཐུགས་རྗེ་ཆེན་པོ་ཐོབ་པའི་བུ༌མོ། ཁྱོད་རང་བདེ་བར་གྱུར༌ཅིག གཙོ་བོ་ཁོང་ཉིད་ཁྱོད་དང་མཉམ་དུ་བཞུགས་ཞེས་གསུངས་པ༌དང༌། 29བུ་མོ་མིར་ཡམ་གྱི་སེམས་ཤིན་ཏུ་འཚབས་ཤིང་གཏམ་འདི་ཅི་ཡིན་ནམ་ཞེས་ཡང་དང་བསྐྱར་དུ་བསམས་སོ།། 30ཡང་ཕོ་ཉས་འདི་སྐད༌དུ། མིར༌ཡམ། མ་འཇིགས༌ཤིག ཁྱོད་ལ་དཀོན་མཆོག་གི་ཐུགས་རྗེ་ཐོབ༌ཅིང་། 31ལྟོས༌དང༌། ཁྱོད་ལ་མངལ་སྦྲུམ་ནས་བུ་ཞིག་སྐྱེ་བར༌འགྱུར། དེའི་མཚན་ལ་ཡེ་ཤུ་ཞེས་ཐོགས༌ཤིག 32ཁོང་ནི་སྐྱེས་ཆེན་དམ་པར་འགྱུར༌ཏེ། བླ་ན་མེད་པའི་དཀོན་མཆོག་གི་སྲས་ཞེས་གསོལ་བ་དང་། གཙོ་བོ་དཀོན་མཆོག་གིས་ཁོང་ལ་རང་གི་མེས་པོ་དཱ་བིད་ཀྱི་བཞུགས་ཁྲི་གནང༌བར་འགྱུར་ཞིང༌། 33ཡུན་ནས་ཡུན་དུ་ཡ་ཀོབ་ཀྱི་རིགས་རྒྱུད་ལ་དབང་བསྒྱུར་བ༌དང༌། ཁོང་གི་རྒྱལ་སྲིད་ཀྱང་མཐའ་མེད་པར་འགྱུར་ཞེས་གསུངས་པ༌ན། 34མིར་ཡམ་ན༌རེ། ང་ནི་སྐྱེས་པ་སུ་ལའང་འགྲོགས་མ་མྱོང་བས་དོན་འདི་ནི་ཇི་ལྟར་འབྱུང་སྲིད་ཅེས་ཞུས་པ༌ལ། 35ཡང་ཕོ་ཉས་འདི་སྐད༌དུ། དམ་པའི་ཐུགས་ཉིད་ཁྱོད་ཀྱི་སྟེང་ལ་ཁྱབ་ངེས་ཤིང་བླ་ན་མེད་པའི་དཀོན་མཆོག་གི་ནུས་མཐུ་ཡིས་ཀྱང་ཁྱོད་རང་བསྲུང་བར་འགྱུར༌བས། ཁྱོད་རང་ལས་འཁྲུང་ངེས་པའི་བུ་དམ་པ་དེ་ལ་དཀོན་མཆོག་གི་སྲས་ཞེས་གསོལ་བར་འགྱུར་རོ།། 36ལྟོས༌དང༌། ཁྱོད་ཀྱི་གཉེན་ཉེ་ཨེ་ལི་སཱ་བེད་རྒས་ཤིང་ཕྲུ་གུ་སྐྱེ་མི་ནུས་ཀྱང༌། ད་ལྟ་མངལ་དུ་བུ་སྦྲུམ་ནས་ཟླ་བ་དྲུག་ལ་སླེབས༌ཡོད། 37རྒྱུ་མཚན་ནི་དཀོན་མཆོག་ལ་མི་འགྲུབ་བྱ་བ་ཅི་ཡང་མེད་པའི་ཕྱིར་ཡིན་ཞེས་གསུངས་སོ།། 38ཡང་མིར་ཡམ་ན༌རེ། ང་ནི་གཙོ་བོའི་གཡོག་མོ་ཡིན༌ཏེ། ཁྱེད་ཀྱིས་གསུངས་པ་བཞིན་ངའི་སྟེང་དུ་འགྲུབ་པར་སྨོན་ཞེས་ཞུས་པ་དང་ཕོ་ཉ་ཕྱིར་ཕེབས༌སོ།།

མིར་ཡམ་ནི་ཨེ་ལི་སཱ་བེད་ཀྱི་གམ་དུ་ཕྱིན༌པ།

39སྐབས༌དེར། མིར་ཡམ་ལམ་ལ་ཆས་ཏེ་ཡ་ཧུ་དཱའི་ཡུལ་གྱི་རི་ཁུལ་དུ་ཡོད་པའི་གྲོང་རྡལ་ཞིག་ལ་མྱུར་དུ་སོང༌ཞིང༌། 40ཟཱ་ཀར་ཡའི་ཁྱིམ་དུ་སོང་ནས་ཨེ་ལི་སཱ་བེད་ལ་འཚམས་འདྲི་བྱས། 41ཨེ་ལི་སཱ་བེད་ཀྱིས་མིར་ཡམ་གྱི་འཚམས་འདྲི་ཐོས་པ་དང་རང་གི་མངལ་གྱི་ཕྲུ་གུའང་གློ་བུར་དུ་འགུལ་ཞིང་ཁོ་མོ་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར་ཏོ།། 42ཨེ་ལི་སཱ་བེད་ཀྱིས་སྐད་གསང་མཐོན༌པོས། བུད་མེད་རྣམས་ཀྱི་ཁྲོད་དུ་ཁྱོད་ལ་དཀོན་མཆོག་གི་བྱིན་རླབས༌ཆེན་པོ་ཐོབ་པ་ཡིན། ཁྱོད་ཀྱི་མངལ་དུ་སྦྲུམ་པའི་བུ་ལའང་དཀོན་མཆོག་གི་བྱིན་རླབས༌ཆེན་པོ་ཐོབ་པ་ཡིན། 43བདག་གི་གཙོ་བོའི་མ་ཡུམ་ངའི་གམ་དུ་ཕེབས་པའི་དོན་འདི་ངའི་སྟེང་དུ་ཅིའི་ཕྱིར་བྱུང་ངམ། 44ལྟོས༌དང༌། ཁྱོད་ཀྱིས་འཚམས་འདྲི་བྱེད་པའི་སྐད་དེ་ངས་ཐོས་ཙ༌ན། ངའི་མངལ་གྱི་ཕྲུ་གུའང་དགའ་སྟེ་འགུལ༌བྱུང་། 45གཙོ་བོས་ཁྱོད་ལ་ཅི་གསུང་ཐམས་ཅད་ཇི་བཞིན་འགྲུབ་པར་ཡིད་ཆེས་པའི་བུ་མོ་ཁྱོད་རང་བདེ་བར་སྨོན་ཞེས་སྨྲས༌སོ།།

མིར་ཡམ་གྱི་བསྟོད༌གླུ།

46དེ་ནས་མིར་ཡམ་གྱིས་གླུ་འདི་ལྟར་བླངས༌ཏེ། ཕྲན་གྱིས་སྙིང་ནས་གཙོ་བོ་ལགས་ལ༌བསྟོད།། 47སྐྱབས་མགོན་དཀོན་མཆོག་ཉིད་ལ་སེམས་དགའོ།། 48ཁོང་གིས་དམན་ཆུང་གཡོག་མོ་བདག་ལ༌གཟིགས།། གཟིགས་དང་དེང་ཕྱིན་མི་རབས་ཐམས་ཅད༌ཀྱིས།། བདག་ལ་བདེ་ལེགས་ཡིན་ཞེས་བརྗོད་པར༌འགྱུར།། 49ཀུན་དབང་མཆོག་གིས་བདག་ལ་མཛད་པ༌མཚར།། ཁོང་གི་མཚན་ནི་དམ་པ་ཡིན་ལགས༌སོ།། 50ཁོང་གི་ཐུགས་རྗེ་མི་རབས་ཡོངས་ལ༌གནས།། ཁོང་ལ་གུས་ཤིང་འཇིགས་པ་ཀུན་ལ༌གནང༌།། 51མཚར་མཚར་གང་གི་ཕྱག་གིས་མཛད༌པ་མཚར།། ལེགས་ལེགས་རང་རློམ་ཅན་རྣམས་བདས་པ༌ལེགས།། 52ལེགས་ལེགས་རྒྱལ་ངན་ཁྲི་ལས་ཕབ་པ༌ལེགས།། མཚར་མཚར་གཉོམ་ཆུང་ཅན་རྣམས་སྐྱོང་བ༌མཚར།། 53དོན་བཟང་གིས་ནི་བཀྲེས་རྣམས་འགྲངས་མཛད༌ཅིང༌།། འབྱོར་བ་ཅན་རྣམས་སྟོང་བར་ཕུད་པ་ལགས།། 54-55གང་གིས་མེས་པོ་ཨབ་ར་ཧམ་སོགས༌ནི།། རྟག་ཏུ་དྲན་ཞིང་སྙིང་རྗེ་དགོངས་པའི༌ཕྱིར།། སྔར་ནས་བདག་ཅག་མེས་པོར་གསུངས་པ༌བཞིན།། ཞབས་ཕྱི་པ་སྟེ་ཡེས་ར་ཨེལ་ལ་ནི༎ རོགས་སྐྱོར༌གནང༌བ་ཡིན་ཞེས་གྲགས་པ་འོ༎ ཞེས༌པའོ།། 56མིར་ཡམ་ཟླ་བ་གསུམ་ཙམ་ལ་ཨེ་ལི་སཱ་བེད་དང་མཉམ་དུ་བསྡད་རྗེས་ཕྱིར་རང་ཡུལ་དུ་ལོག༌གོ།

ཁྲུས་གསོལ་མཁན་ཡོ་ཧ་ནན་འཁྲུངས༌པ།

57ཨེ་ལི་སཱ་བེད་བཙའ་རན་པའི་དུས་ལོངས་པ་དང་བུ་ཞིག་སྐྱེས༌ཤིང༌། 58ཁྱིམ་མཚེས་དང་གཉེན་ཉེ་རྣམས་ཀྱིས་ཨེ་ལི་སཱ་བེད་ལ་གཙོ་བོས་ཐུགས་རྗེ་ཆེན་པོ་གཟིགས་པ་ཐོས་ནས་ཁོ་མོ་དང་མཉམ་དུ་དགའ་བར་གྱུར་ཏོ།། 59ཉིན་བརྒྱད་པ་ལ། ཁོ་རྣམས་ཕྲུ་གུའི་མཚན་སྐྱི་གཅོད་པར་བལྟ་རུ་ཡོང༌སྟེ། ཕྲུ་གུའི་མིང་ལ་ཡབ་ཀྱི་མིང་ལྟར་ཟཱ་ཀར་ཡ་ཞེས་འདོགས་པར་བསམས༌ནའང༌། 60བུའི་མ་ཡིས་མིང་དེ་ལྟར་གདགས་མི་ཆོག་པར་ཡོ་ཧ་ནན་འདོགས་དགོས་ཞེས་སྨྲས་པ༌ན། 61དེ་རྣམས་ན༌རེ། ཁྱོད་ཀྱི་གཉེན་ཉེའི་ཁྲོད་དུ་མིང་དེ་འདྲ་ཞིག་སུ་ལའང་མེད་ཅེས་སྨྲས་པ༌དང༌། 62བུའི་མིང་ལ་ཅི་ཞིག་འདོགས་འདོད་དམ་ཞེས་བུའི་ཕ་ལ་ལག་བརྡ་བྱས་པ༌ན། 63ཁོས་ཤིང་ལེབ་ཅིག་ཁྱེར་འོང་དུ་བཅུག་ནས་བུའི་མིང་ལ་ཡོ་ཧ་ནན་ཟེར་ཞེས་བྲིས་པས་མི་ཐམས་ཅད་ངོ་མཚར་བར་གྱུར། 64དེ་མ་ཐག་ཏུ་ཟཱ་ཀར་ཡས་ཁ་གདངས་ཤིང་ལྕེ་ཡང་གྲོལ་ནས་སྐད་ཆ་སྨྲ་བ་དང་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་དོ།། 65ཁྱིམ་མཚེས་ཚང་མའང་ངོ་མཚར་བ༌དང༌། དོན་དེ་རྣམས་ཡ་ཧུ་དཱའི་ཡུལ་གྱི་རི་ཁུལ་ཀུན་ཏུ་ཁྱབ་པར་གྱུར། 66གནས་ཚུལ་དེ་ཐོས་པ་ཐམས་ཅད་ཀྱིས་ཀྱང་དོན་དེ་ཡིད་ལ་བཟུང༌ཞིང༌། གཙོ་བོའི་ཕྱག་གིས་ཕྲུ་གུ་དེར་སྐྱབས་འཇུག་གནང་ཡོད་པས་མ་འོངས་པ་ན་ཁོ་ནི་ཅི་ལྟ་བུ་ཞིག་ཏུ་འགྱུར་རམ་ཞེས་སྨྲས༌སོ།།

ཟཱ་ཀར་ཡའི་ལུང༌བསྟན།

67དུས༌དེར། ཕྲུ་གུའི་ཕ་ཟཱ་ཀར་ཡ་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར་ནས་འདི་སྐད་དུ་ལུང་བསྟན་གནང༌ངོ༌།། 68གཙོ་བོ་ལགས་ཏེ་ཡེས་ར་ཨེལ་གྱི་དཀོན་མཆོག་ལ།། བསྟོད་པ་དང་ནི་བསྔགས་བརྗོད་ཀུན་ནས་འབུལ་འོས་སོ།། གནས་འདིར་ཕེབས་ཤིང་རང་གི་མི་རྒྱུད་ཐར་བར་མཛད།། 69ཁོང་གིས་ཞམ་རིང་དཱ་བིད་ཅེས་པའི་ཁྱིམ་རྒྱུད༌ནས།། བདག་ཅག་ཆེད་དུ༌ཐར་པའི་རྭ་དུང་བསྩལ་པ་ལགས།། 70གནའ་ནས་ལུང་སྟོན་དམ་པའི་ངག་བརྒྱུད་གསུངས་པ༌བཞིན།། 71བདག་ཅག་དགྲ་དང་སྡང་སེམས་ཀུན་ལས་ཐར་མཛད༌དེ།། 72ཁོང་གིས་དམ་པའི་ཞལ་ཆད་དེ་ཉིད་དྲན་པ༌དང༌།། བདག་ཅག་མེས་པོ་རྣམས་ལ་ཐུགས་རྗེ་གནང་ལགས༌སོ།། 73དེ་ནི་མེས་པོ་ཨབ་ར་ཧམ་ལ་དམ་བཅས༌ཏེ།། 74-75ཁོང་གིས་བདག་ཅག་ལ་ནི་དགྲ་ལས་སྐྱོབ་ཕྱིར༌དང༌།། གང་གི་དྲུང་དུ་ཚེ་གཅིག་དུས་ཀུན༌འཇིགས་མེད་ངང་།། དྲང་བདེན་དམ་པའི་སྒོ་ནས་ཁོང་ལ་བསྙེན་བཀུར༌བྱེད།། 76བདག་གི་བུ་ཁྱོད་གཙོ་བོའི་སྔོན་དུ་འགྲོ་བ༌དང༌།། ཁོང་གི་གཤེགས་ལམ་སྟ་གོན་བྱེད་ཕྱིར་ཁྱོད་ལ་ནི།། བླ་མེད་དཀོན་མཆོག་ཉིད་ཀྱི་ལུང་སྟོན༌པ་ཞེས་སྒྲོག ། 77མི་རྒྱུད་ཀུན་གྱི་སྡིག་པ་བསལ་ནས་ཐར་བའི༌དོན།། ཁྱོད་ཀྱིས་ཁོང་གི་མི་རྒྱུད་ལ་ཡང་ཤེས་སུ༌འཇུག ། 78རང་རེའི་དཀོན་མཆོག་ལ་ནི་ཐུགས་རྗེ་ཆེ་བའི༌ཕྱིར།། ཞོགས་པའི་ཉི་འོད་དགུང་ནས་ངེད་ལ་འཆར་བའི༌ཚེ།། 79འཆི་ཁའི་སྨག་རུམ་ཆེན་པོར་སྡོད་པའི་མི་ཀུན༌ལ།། འོད་སྣང་འཕྲོ་ཞིང་གོམ་པ་བདེ་བའི་ལམ་དུ༌འཇུག ། ཅེས༌པའོ།། 80ཕྲུ་གུ་དེ་རིམ་བཞིན་ནར་སོན་པ༌དང༌། སེམས་ལ་སྟོབས་དང་ལྡན་པར་གྱུར༌ཅིང༌། ཡེས་ར་ཨེལ་མི་རིགས་ཀྱི་མདུན་ལ་མངོན་པར་བྱེད་པའི་བར་དུ་དབེན་སྟོང་གི་ཡུལ་དུ་གནས༌སོ།།

ལུ་ཀ 2

སྐྱབས་མགོན་ཡེ་ཤུ་སྐུ་འཁྲུངས༌པ།

1དུས༌དེར། སེ་བཟིར་རྒྱལ་རབས་ཀྱི་རྒྱལ་པོ་ཨུ་རྒ་ཟི་ཏུ་ཡིས་རོ་མཱ་གོང་མ་རྒྱལ་ཁབ་ཀྱི་འབངས་མི་ཐམས་ཅད་ཀྱིས་མིང་ཐོ་འགོད་དགོས་པའི་བཀའ་གནང༌ཞིང༌། 2དེ་ནི་ཀི་རེ་ནུ་ཞེས་བྱ་བ་དེ་སིར་ཡཱ་ཡུལ་གྱི་ས་གནས་དཔོན་པོ་ཡིན་པའི་དུས་སུ་བྱུང་བའི་ཡུལ་མིའི་མིང་ཐོ་བཀོད་པའི་ཐོག་མ་ཡིན། 3མི་ཐམས་ཅད་རང་གི་མིང་ཐོ་འགོད་པའི་ཕྱིར་རང་རང་གི་ཕ་ཡུལ་དུ་ལོག་པའོ།། 4ཡོ་སེབ་ནི་དཱ་བིད་ཀྱི་རིགས་རྒྱུད་དང་ཁྱིམ་རྒྱུད་ཀྱི་མི་ཡིན་པས་ག་ལིལ་ཡུལ་གྱི་ནཱ་ཙ་རེལ་གྲོང་རྡལ༌ནས། ཡར་ཡ་ཧུ་དཱའི་ཡུལ་དུ་ཆས་ཏེ་དཱ་བིད་ཀྱི་གྲོང་རྡལ་པེད་ལེ་ཧེམ་དུ། 5ཁོ་དང་གཉེན་རྟགས་བརྒྱབ་ཡོད་ཅིང་མངལ་དང་ལྡན་པ་མིར་ཡམ་གཉིས་མིང་འགོད་དུ་སོང༌། 6ཁོ་གཉིས་གནས་དེར་སྡོད་སྐབས་ཕྲུ་གུ་བཙའ་བའི་དུས་ཐོན༌ཏེ། 7བུ་སྐྱེས་འགོ་བཙས་ཤིང་མགྲོན་ཁང་དུ་སྡོད་ས་མེད་པས་ཕྲུ་གུ་རས་ཀྱིས་བཏུམས་ནས་ཁ་རའི་ནང་དུ་བཞག༌གོ།

ལུག་རྫི་དང་ཕོ་ཉ་རྣམས་ཀྱི་སྐོར།

8ཡུལ་དེའི་མཐའ་སྐོར་ནས་ལུག་རྫི་འགའ་ཞིག་ཐང་རྒོད་དུ་བསྡད་དེ། མཚན་མོར་རེས་བསྐོར་ནས་རང་གི་ལུག་ཁྱུ་སྲུང་བཞིན་ཡོད་ལ། 9གཙོ་བོའི་ཕོ་ཉ་ཞིག་གློ་བུར་དུ་ལུག་རྫི་རྣམས་ཀྱི་གམ་དུ་ཕེབས༌ཤིང༌། གཙོ་བོའི་གཟི་བརྗིད་ཀྱི་འོད་སྣང་ཡང་ཁོ་ཚོའི་ཕྱོགས་བཞིར་ཁྱབ་པས་ཁོ་རྣམས་ཤིན་ཏུ་འཇིགས་སོ།། 10ཕོ་ཉས་དེ་རྣམས་ལ་འདི་སྐད༌དུ། མ་འཇིགས༌ཤིག ངས་ཁྱོད་ཅག་ལ་ཤིན་ཏུ་དགའ་འོས་པའི་འཕྲིན་བཟང་མི་ཐམས་ཅད་དང་འབྲེལ་བ་ཞིག་འཆད༌དེ། 11དེ་རིང་དཱ་བིད་ཀྱི་གྲོང་རྡལ་ནས་ཁྱོད་ཅག་གི་ཆེད་དུ་སྐྱབས་མགོན་ཞིག་འཁྲུངས༌ཤིང༌། ཁོང་ནི་གཙོ་བོ་མཱ་ཤི་ཀ་ཡིན། 12ཡང་ཁྱོད་ཅག་གིས་རས་ཀྱིས་བཏུམས་ནས་ཁ་རའི་ནང་དུ་བསྙལ་བའི་ཕྲུ་གུ་ཞིག་མཐོང་ངེས་པ་དེ་ནི་ཁྱོད་ཅག་ལ་གནང་བའི་རྟགས་ཡིན་ཞེས་སྨྲས་པ༌དང༌། 13གློ་བུར༌དུ། ནམ་མཁའི་ཞིང་ཁམས་ནས་ཕོ་ཉའི་དཔུང་ཚོགས་ལས་ཤིན་ཏུ་མང་པོ་གནས་དེར་སླེབས་ཤིང༌། ཕོ་ཉ་དེ་དང་ལྷན་ཅིག་གིས་དཀོན་མཆོག་ལ་བསྟོད་བསྔགས་བྱེད་བཞིན་འདི་སྐད༌དུ། 14བླ་མེད་གནས་སུ་དཀོན་མཆོག་ཉིད་ལ་བསྟོད་པ་འབུལ་བ༌དང༌།། ས་གཞིར་ཁོང་ཉིད་དགྱེས་པའི་མི་ལ་ཞི་བདེ་འཐོབ་པར་ཤོག ། ཅེས་བསྔགས༌སོ།། 15ཕོ་ཉ་རྣམས་ལུག་རྫི་དག་གི་མདུན་ནས་ཕྱིར་ནམ་མཁའི་ཞིང་ཁམས་སུ་ཕེབས་པ༌ན། ལུག་རྫི་རྣམས་ཕན་ཚུན་ལ་ན༌རེ། ངེད་ཅག་པེད་ལེ་ཧེམ་གྲོང་རྡལ་དུ་གཙོ་བོས་བདག་ཅག་ལ་གསུངས་པ་དེར་བལྟ་རུ་འགྲོའོ་ཞེས་སྨྲས༌ཏེ། 16མྱུར་བ་མྱུར་དུ་སོང་ཞིང་བཙལ་ཏེ་མིར་ཡམ་དང་ཡོ་སེབ་གཉིས༌དང༌། ཁ་རའི་ནང་དུ་བསྙལ་ཡོད་པའི་ཕྲུ་གུ་བཅས་རྙེད་དོ།། 17ཁོ་རྣམས་ཀྱིས་དོན་དེ་མཐོང་ནས་ཕྲུ་གུ་དེའི་སྐོར་ལ་གསུངས་པའི་གཏམ་དེ་རྒྱས་པར་བསྒྲགས༌ཤིང༌། 18གཏམ་ཐོས་མཁན་ཐམས་ཅད་ལུག་རྫི་རྣམས་ཀྱིས་སྨྲས་པའི་གཏམ་ལ་ངོ་མཚར་བར་གྱུར་ཏོ།། 19འོན་ཀྱང་མིར་ཡམ་གྱིས་དོན་དེ་ཐམས་ཅད་སེམས་སུ་བཟུང་ཞིང་བསམ་བློ་མང་ཙམ་བཏང༌། 20ལུག་རྫི་རྣམས་ཕྱིར་ལོག་ཅིང་རང་ལ་ཇི་ལྟར་གསུངས་པ་བཞིན་ཐོས་པ་དང་མཐོང་བའི་དོན་ཐམས་ཅད་ཀྱི་ཆེད་དུ་དཀོན་མཆོག་ལ་བསྟོད་བསྔགས་བརྗོད༌དོ།། 21ཕྲུ་གུ་བཙས་ནས་ཉིན་བརྒྱད་པ་ལ་མཚན་སྐྱི་གཅོད་པའི་དུས༌སུ། ཕྲུ་གུ་མངལ་དུ་མ་ཆགས་པའི་སྔོན་ལ་ཕོ་ཉས་གསུངས་པ་བཞིན་མཚན་ལ་ཡེ་ཤུ་ཞེས་གསོལ༌ཏོ།།

ཕྲུ་གུ་མཆོད་ཁང་དུ་བསྐྱལ༌བ།

22མོ་ཤེའི་བཀའ་ཁྲིམས་ལྟར་ཁོང་རྣམས་ཀྱི་གཙང་མར་བཟོ་བའི་དུས་ལོངས༌ཏེ། ཡོ་སེབ་དང་མིར་ཡམ་གཉིས་ཀས་ཕྲུ་གུ་ཁྱེར་ནས་གཙོ་བོ་ལ་འབུལ་བའི་ཕྱིར་ཡར་ཡེ་རུ་སཱ་ལེམ་དུ་སོང༌། 23དེ་ནི་གཙོ་བོའི་བཀའ་ཁྲིམས་ཀྱི་མདོ༌ལས། བུ་སྐྱེས་འགོ་རྣམས་གཙོ་བོའི་ཆེད་དུ་དམ་པ་ཡིན་དགོས་ཞེས་བཀོད་ཡོད་པའི་ཕྱིར༌ཡིན། 24ཡང་ཁོང་གཉིས་ཀྱིས་གཙོ་བོའི་བཀའ་ཁྲིམས་ལས་གསུངས་པ་བཞིན་ཐི་བ་གཉིས་སམ་ཕུག་རོན་ཆུང་ངུ་གཉིས་མཆོད་པར་འབུལ་དུ་སོང༌ངོ༌།། 25ཡེ་རུ་སཱ་ལེམ་དུ་སི་མུ་ཨོན་ཟེར་བའི་མི་ཞིག་ཡོད་པ་དེ་ནི་གཞུང་རྒྱུད་དྲང་ཞིང་དད་པ་རྣམ་དག་ཅན་ཞིག་ཡིན༌ཏེ། ཡེས་ར་ཨེལ་མི་རིགས་ཀྱི་སེམས་གསོ་མཁན་ལ་སྒུག་བཞིན་པ་དང་དམ་པའི་ཐུགས་ཉིད་དང་ལྡན་པ་ཞིག་ཀྱང་ཡིན། 26དམ་པའི་ཐུགས་ཉིད་ཀྱིས་ཁོ་རང་ལ་ཁྱོད་ཀྱིས་རང་ཉིད་མ་ཤི་བའི་སྔོན་ལ་གཙོ་བོའི་མཱ་ཤི་ཀ་མཐོང་བར་འགྱུར་ཞེས་མངོན་པར་བསྟན་མྱོང་བས། 27དམ་པའི་ཐུགས་ཉིད་ཀྱིས་བསྐུལ་བ་བཞིན་ཁོ་རང་མཆོད་ཁང་དུ་སོང༌སྟེ། བཀའ་ཁྲིམས་ཀྱི་སྲོལ་བཞིན་སྒྲུབ་པའི་ཕྱིར་སྲས་ཡེ་ཤུའི་ཡབ་ཡུམ་གཉིས་ཀྱིས་ཁོང་གནས་དེར་འཁྱེར་ཡོང་བར༌ཕྲད་ཅིང་། 28སི་མུ་ཨོན་གྱིས་ཕྲུ་གུ་པང་དུ་བླངས་ཏེ་དཀོན་མཆོག་ལ་བསྟོད་ཅིང་བསྔགས་བཞིན་འདི་སྐད༌དུ། 29གཙོ་བོ་ཁྱེད་ཀྱི་གསུང་བཞིན་ད༌ལྟའི་དུས་འདི་ལ།། ཁྱེད་ཀྱི་ཞབས་ཕྱི་བདག་ནི་བདེ་བར་འཆི་རུ༌མཛོད།། 30ཁྱེད་ཀྱིས་མངགས་པའི་སྐྱབས་མགོན་ང་ཡི་མིག་གིས༌མཐོང༌།། 31དེ་ནི་ཁྱེད་ཀྱིས་ཐམས་ཅད་ཀུན་ལ་སྟ་གོན༌དང༌།། 32ཕྱི་ཕྱོགས་མི་ལ་འཕྲོ་བར་བྱེད་པའི་འོད་ཟེར༌ཡིན།། ཁྱེད་ཀྱི་མི་རྒྱུད་ཡེས་ར་ཨེལ་གྱི་གཟི་བརྗིད༌དོ།། ཞེས་ཞུས༌སོ།། 33ཕྲུ་གུའི་ཡབ་ཡུམ་གཉིས་སྐྱབས་མགོན་ཡེ་ཤུའི་སྐོར་ལ་གསུངས་པའི་གཏམ་དེར་ངོ་མཚར་སྐྱེས། 34སི་མུ་ཨོན་གྱིས་ཁོ་རྣམས་ལ་བྱིན་རླབས་གནང་ཞིང་ཕྲུ་གུའི་ཡུམ༌མིར་ཡམ་ལ། ལྟོས༌དང༌། ཕྲུ་གུ་འདི་ནི་ཡེས་ར་ཨེལ་གྱི་མི་མང་པོ་ས་རུ་འགྱེལ་བ་དང་ཡར་ལངས་པའི་རྒྱུ་རྐྱེན༌དང༌། མི་མང་པོས་ཕྱིར་རྒོལ་བའི་རྟགས་བཅས་སུ་བསྐོས་ཤིང་། 35དེ་ནི་མི་མང་པོའི་བསམ་ཚུལ་མངོན་པར་འགྱུར་བའི་ཕྱིར༌ཡིན། ཁྱེད་ཀྱི་སེམས་ཀྱིས་རལ་གྲི་བསྣུན་པ་ལྟ་བུའི་སྡུག་བསྔལ་ཆེན་པོ་མྱོང་ངེས་ཡིན་ཞེས་སྨྲས༌སོ།། 36དེ་རུ་ལོ་ན་ཤིན་ཏུ་རྒས་པའི་བུད་མེད་ལུང་སྟོན་པ་ཨན་ནཱ་ཟེར་བ་ཞིག་ཡོད༌ལ། ཁོ་མོ་ནི་ཨ་ཤེར་ཚོ་བའི་ཕཱན་ནུ་ཨེལ་གྱི་བུ་མོ༌སྟེ། གཉེན་སྒྲིག་བྱས་ནས་ལོ་བདུན་ལ་ཁྱོ་ག་དང་མཉམ་དུ་བསྡད་ལ། 37ཕྱིས་སུ་ཡུགས་མོ་རུ་ལུས་ཤིང་ད་ལྟ་དགུང་ལོ་བརྒྱད་ཅུ་གྱ་བཞིར་སོན༌པ་དང༌། ཁོ་མོ་མཆོད་ཁང་དང་མི་འབྲལ་བར་ཉིན་མཚན་ཀུན་ཏུ་སྨྱུང་གནས་སྲུང་ཞིང་གསོལ་བ་འདེབས་པའི་ངང་ནས་དཀོན་མཆོག་ལ་བསྙེན་བཀུར་བྱེད་མཁན་ཞིག་ཡིན། 38དུས་དེར། བུད་མེད་ལུང་སྟོན་པ་ཨན་ནཱའང་གནས་དེར་ཡོང་ཞིང་དཀོན་མཆོག་ལ་བཀའ་དྲིན་ཞུས་པ༌དང༌། ཡེ་རུ་སཱ་ལེམ་གྱི་ཐར་པ་ལ་སྒུག་པའི་མི་ཐམས་ཅད་ལ་སྐྱབས་མགོན་ཡེ་ཤུའི་སྐོར་ཡང་ཡང་སྨྲས༌སོ།། 39སྐྱབས་མགོན་ཡེ་ཤུའི་ཡབ་ཡུམ་གཉིས་ཀྱིས་གཙོ་བོའི་བཀའ་ཁྲིམས་ལྟར་ལས་ཐམས་ཅད་བསྒྲུབས་རྗེས་ག་ལིལ་ཡུལ་གྱི་ནཱ་ཙ་རེལ་གྲོང་རྡལ་དུ་ཕྱིར་ལོག༌པ་རེད། 40ཕྲུ་གུ་ཡེ་ཤུ་ནར་སོན་ཏེ་སྟོབས་ཤུགས་འཛོམས་ཤིང་མཁྱེན་རབ་རྒྱས་པ་དང་། དཀོན་མཆོག་གི་ཐུགས་རྗེ་ཡང་ཁོང་གི་སྟེང་ལ་ཁྱབ་བོ།།

སྐྱབས་མགོན་ཡེ་ཤུ་དགུང་ལོ་གཞོན་པའི༌དུས།

41ལོ་རེར་བཞིན་པེ་སག་དུས་ཆེན་ལ་སྐྱབས་མགོན་ཡེ་ཤུའི་ཡབ་ཡུམ་གཉིས་ཡེ་རུ་སཱ་ལེམ་དུ་འགྲོ༌ཞིང༌། 42སྐྱབས་མགོན་ཡེ་ཤུ་དགུང་ལོ་བཅུ་གཉིས་ལ་སོན་ཚེ་དུས་ཆེན་གྱི་ལུགས་སྲོལ་བཞིན་ཁོང་རྣམས་ཀྱང་ཡེ་རུ་སཱ་ལེམ་དུ་ཕེབས་པ་དང་། 43དུས་ཆེན་མཇུག་རྫོགས་ནས་ཕྱིར་ལོག༌སྐབས། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་བཞུགས་པ་ནི་ཡབ་ཡུམ་གཉིས་ཀྱིས་མ་ཤེས༌པར། 44སྐྱབས་མགོན་ཡེ་ཤུ་ལམ་གྲོགས་དག་གི་ཁྲོད་དུ་ཡོད་སྙམ༌སྟེ། ཉིན་གཅིག་གི་ལམ་དུ་སོང་རྗེས་གཉེན་ཉེ་དང་རྒྱུས་ཡོད་རྣམས་ཀྱི་ཁྲོད་ནས་བཙལ༌ནའང༌། 45མ་རྙེད་པས་ཡང་བསྐྱར་འཚོལ་བཞིན་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག་གོ། 46ཉིན་གསུམ་འགོར་རྗེས་ཁོང་གིས་མཆོད་ཁང་ནང་དུ་སློབ་དཔོན་རྣམས་ཀྱི་དཀྱིལ་ནས་ཆོས་ལ་ཉན་ཞིང་དྲི་བ་འདྲི་བཞིན་བཞུགས་པ་ཡབ་ཡུམ་གཉིས་ཀྱིས་མཐོང༌། 47ཁོང་གི་གསུང་ཐོས་པའི་མི་ཐམས་ཅད་ནི་ཁོང་གི་རིག་པ་རྣོ་ཞིང་ལན་བཏབ་པར་ངོ་མཚར་བར་གྱུར་ཏོ།། 48ཁོང་གི་ཡབ་ཡུམ་གཉིས་ཀྱིས་ཀྱང་དོན་དེ་མཐོང་ནས་ཤིན་ཏུ་ངོ་མཚར༌བར་གྱུར། ཁོང་གི་ཡུམ་ན༌རེ། བདག་གི་བུ། ཁྱོད་ཀྱིས་ཅིའི་ཕྱིར་ངེད་གཉིས་ལ་དེ་ལྟར་བྱས༌སམ། ལྟོས༌དང༌། ཁྱོད་ཀྱི་ཕ་དང་ངེད་གཉིས་སེམས་འཚབས་ནས་ཁྱོད་རང་བཙལ་བ་ཡིན་ཞེས་ཞུས་པ༌ལ། 49ཁོང་གིས་འདི་སྐད༌དུ། ཁྱེད་གཉིས་ཀྱིས་ཅིའི་ཕྱིར་ང་རང་འཚོལ་བ་ཡིན། ང་རང་བདག་གི་ཡབ་ཀྱི་བཞུགས་གནས་སུ་སྡོད་དགོས་པའང་མི་ཤེས་སམ་ཞེས་གསུངས༌ཀྱང༌། 50ཡབ་ཡུམ་གཉིས་ཀྱིས་གསུང་དེའི་དོན་མ་རྟོགས༌སོ།། 51དེ་ནས་ཁོང་ཉིད་ཡབ་ཡུམ་གཉིས་དང་མཉམ་དུ་ནཱ་ཙ་རེལ་གྲོང་རྡལ་དུ་མར་ཕེབས་ཏེ་ཁོང་གཉིས་ཀྱི་ཚིག་ལ་གསན་ཞིང་བཞུགས། ཁོང་གི་ཡུམ་གྱིས་ཀྱང་དོན་འདི་ཐམས་ཅད་སེམས་སུ་བཟུང༌ངོ་༎ 52སྐྱབས་མགོན་ཡེ་ཤུའི་མཁྱེན་རབ་དང་སྐུ་གཟུགས། ཡང་དཀོན་མཆོག་གིས་ཁོང་ལ་གཅེས་པའི་ཐུགས་དང་མི་རྣམས་ཁོང་ལ་དགའ་བའི་སེམས་བཅས་ལྷན་དུ་རྒྱས༌སོ།།

ལུ་ཀ 3

སྐྱབས་མགོན་ཡེ་ཤུའི་ཕེབས་ལམ་སྟ་གོན་མཛད༌པ།

1སེ་བཟིར་རྒྱལ་པོ་ཐེ་པེར་ཡུ་ཡིས་སྲིད་བཟུང་བའི་ལོ་བཅོ་ལྔ༌པར། ཡ་ཧུ་དཱའི་ཡུལ་གྱི་སྤྱི་དཔོན་ཕོན་ཏིའུ་པི་ལ་ཏུ་དང༌། ག་ལིལ་ཡུལ་གྱི་ས་གནས་དཔོན་པོ་ཧེ་རོ་དཱ་དང་དེའི་ནུ་བོ༌སྟེ། ཨེ་ཏུ་རི་ཡཱ་དང་ཏྲ་ཀོ་ནེ་ཏི་ཡུལ་གཉིས་ཀྱི་ས་གནས་དཔོན་པོ་ཕི་ལིབ༌དང༌། ཨ་བི་ལེ་ནེ་ཡུལ་གྱི་ས་གནས་དཔོན་པོ་ལི་སན་ཡཱ་ཡིན༌ལ། 2ཨ་ནཱ་སི་དང་ཀ་ཡ་ཕཱ་གཉིས་མཆོད་དཔོན་ཆེན་པོ༌ཡིན་པའི་དུས༌སུ། ཟཱ་ཀར་ཡའི་བུ་ཡོ་ཧ་ནན་ལ་དབེན་སྟོང་ནས་དཀོན་མཆོག་གི་བཀའ་བབས༌པས། 3ཁོང་ཉིད་ཡོར་དན་གཙང་པོ་འགྲམ་རྒྱུད་ཀྱི་ཡུལ་གྲུ་ཀུན་ཏུ་ཕེབས་ཏེ་མི་རྣམས་ལ་འདི་སྐད༌དུ། དཀོན་མཆོག་གིས་སྡིག་པ་བསལ་བའི༌ཕྱིར། འགྱོད་བཤགས་ཀྱི་རྟགས་སུ་ཁྲུས་གསོལ་ལ་ཞུགས་པའི་ཆོས་བསྒྲགས་པ༌བཞིན། 4ལུང་སྟོན་པ་ཡེ་ཤ་ཡཱ་ཡི་མདོ་ལས་ཇི་སྐད༌དུ། 5ལུང་བ་ཐམས་ཅད་བཀང་བར་མཛད་ངེས༌ཤིང༌།། རི་སྒང་མཐའ་དག་སྙོམས་པར་མཛད་པ༌དང༌།། ཀྱག་ཀྱོག་ལམ་ནི་དྲང་པོར་མཛད་ངེས༌དང༌།། མཐོ་དམན་ལམ་ནི་བདེ་བར་མཛད་པར༌འགྱུར།། 6དེའི་རྗེས་དཀོན་མཆོག་ཉིད་ཀྱི་ཐར་པ་ཉིད།། མི་རྣམས་ཀུན་གྱིས་དངོས་སུ་མཐོང་བར༌འགྱུར།། ཞེས་བཀོད་པ་བཞིན་བྱུང༌ངོ༌།། 7ཡོ་ཧ་ནན་གྱིས་ཁྲུས་གསོལ་ལ་ཞུགས་སུ་ཡོང་བའི་མི་ཚོགས་ལ་འདི་སྐད༌དུ། དུག་སྦྲུལ་གྱི་རྒྱུད་ཁྱོད་ཅག་ལ་སུ་ཞིག་གིས་མ་འོངས་པའི་ཐུགས་ཁྲོ་ལས་འབྲོ་བར་བསྟན༌ནམ། 8དེ་བས་ན་ཁྱོད་ཅག་གིས་འགྱོད་བཤགས་དང་མཐུན་པའི་འབྲས་བུ་ལེགས་པོར་སྐྱེད༌ཅིག ཁྱོད་ཅག་གི་སེམས་སུ་ཨབ་ར་ཧམ་ནི་ངེད་ཅག་གི་ཡབ་མེས་ཡིན་ཞེས་མ་སེམས༌ཤིག ངས་ཁྱོད་ཅག་ལ༌སྨྲ་སྟེ། དཀོན་མཆོག་གིས་རྡོ་འདི་དག་ལས་ཨབ་ར་ཧམ་ལ་བུ་རྒྱུད་འབྱུང་བར་མཛད་ནུས་སོ།། 9ད་ནི་སྟ་རེ་སྡོང་རྩར་བཞག་ཡོད༌དེ། ཤིང་སྡོང་གང་ལ་འབྲས་བུ་ལེགས་པོ་མི་སྨིན་པ་དེ་བཅད་ནས་མེའི་ནང་དུ་འཕེན་པར་འགྱུར་ཞེས་གསུངས་པ༌དང༌། 10མི་ཚོགས་ན༌རེ། འོ༌ན། ངེད་ཅག་གིས་ཅི་བྱ་འོས་སམ་ཞེས་ཞུས་པ༌ན། 11ཡོ་ཧ་ནན་གྱིས་འདི་སྐད༌དུ། ནང་གོས་གཉིས་ཡོད་པའི་མི་དེས་གྱོན་པ་མེད་པ་ལ་བགོས༌དང༌། ཟས་ཡོད་པ་དེས་ཀྱང་དེ་ལྟར་བྱེད་དགོས་ཞེས་ལན་བཏབ་བོ།། 12ཁྲལ་ལེན་མཁན་རྣམས་ཀྱང་ཁྲུས་གསོལ་ལ་ཞུགས་སུ་ཡོང་སྟེ་ན༌རེ། སློབ་དཔོན༌ལགས། ངེད་ཅག་གིས་ཅི་བྱ་དགོས་སམ་ཞེས་ཞུས་པ༌ན། 13ཁོང་གིས་དེ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་ཁྲིམས་ཀྱི་གཏན་ཁེལ་ལྟར་ཁྲལ་ལེན་པ་ལས་ལྷག་མ་ལེན་མི་རུང་ཞེས་བཀའ་གནང་ངོ༌།། 14དམག་མི་རྣམས་ན༌རེ། ངེད་ཅག་གིས་ཅི་བྱ་དགོས་སམ་ཞེས་ཞུས་པ༌དང༌། ཁོང་གིས་འདི་སྐད༌དུ། མི་སུ་ལས་ཀྱང་བཙན་ཤུགས་དང་སྙད་འདོགས་པའི་ཐབས་བཀོད་ཀྱིས་དངུལ་སྒོར་ལེན་མི༌རུང༌། ཁྱོད་ཅག་རང་གི་གླ་ཆ་ལ་ཡིད་ཚིམ་པར་གྱུར་ཅིག་ཅེས་གསུངས༌སོ།། 15མི་དེ་རྣམས་ཀྱིས་དོན་ཆེན་པོ་འབྱུང་བར་རེ་སྒུག་བྱེད་བཞིན་ཡོད་ཅིང༌། མི་ཀུན་གྱི་སེམས་སུ་ཡོ་ཧ་ནན་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་སྲིད་སྙམ༌ཞིང༌། 16ཡོ་ཧ་ནན་གྱིས་དེ་རྣམས་ལ་འདི་སྐད༌དུ། ངས་ཁྱོད་ཅག་ལ་ཆུ་ཡིས་ཁྲུས་གསོལ་བྱེད༌མོད། འོན་ཀྱང་བདག་གི་རྗེས་སུ་བདག་ལས་ཀྱང་མཐུ་སྟོབས་ཆེ་བ་ཞིག་ཕེབས་ངེས༌ཏེ། ངས་ཁོང་གི་ལྷམ་མདུད་ཀྱང་དགྲོལ་བར་མི་འོས། ཁོང་གིས་ཁྱོད་རྣམས་ལ་དམ་པའི་ཐུགས་ཉིད་དང་མེས་ཁྲུས་གསོལ་མཛད་པར་འགྱུར། 17ཁོང་གིས་རང་གི་གཡུལ་ཁ་གཙང་དག་ལེགས་པོར་མཛད་པ༌དང༌། བང་མཛོད་དུ་གྲོ་བསྡུ་ཕྱིར་ཕྱག་ཏུ་ཁེམ་བཟུང་ཡོད། འོན་ཀྱང་ཕུབ་མ་དེ་དག་ཞི་བ་མེད་པའི་མེ་རུ་བསྲེག་པར་ངེས་ཞེས་གསུངས༌སོ།། 18དེ་ལྟར་ཡོ་ཧ་ནན་གྱིས་སྐུལ་སློང་གཞན་མང་པོའང་གནང་སྟེ་མི་རྣམས་ལ་འཕྲིན་བཟང་བསྒྲགས། 19འོན་ཀྱང་ས་གནས་དཔོན་པོ་ཧེ་རོ་དཱ་ནི་རང་གི་སྤུན་གྱི་ཆུང་མའི་རྐྱེན༌དང༌། ཡང་ཁོས་དོན་ངན་པ་མང་པོ་བྱས་པའི་དབང་གིས་ཡོ་ཧ་ནན་གྱིས་ཁོ་ལ་བཀའ་བཀྱོན་གནང་བ༌ན། 20ཧེ་རོ་དཱས་ལས་ངན་པ་ཐམས་ཅད་ཀྱི་སྟེང་དུ་ཡང་ཉེས་པ་ཞིག་བཟོས་པ་ནི་ཡོ་ཧ་ནན་བཙོན་དུ་བཅུག་པ༌དེའོ།།

སྐྱབས་མགོན་ཡེ་ཤུ་ཁྲུས་གསོལ་ལ་ཞུགས༌པ།

21དེ་སྔར་མི་ཐམས་ཅད་ལ་ཁྲུས་གསོལ་ཐོབ་པའི་སྐབས༌སུ། སྐྱབས་མགོན་ཡེ་ཤུ་ལའང་ཁྲུས་གསོལ་ཐོབ་པ༌དང༌། ཁོང་གིས་གསོལ་བ་འདེབས་པའི་དུས་སུ་ནམ་མཁའི་སྒོ་ཕྱེས་ཤིང༌། 22དམ་པའི་ཐུགས་ཉིད་ནི་བྱ་ཕུག་རོན་གྱི་གཟུགས་ཀྱིས་ཁོང་གི་ལུས་སྟེང་ལ་དངོས་སུ་བབས་པ་དང་། ཡང་ནམ་མཁའི་ཞིང་ཁམས་ནས་སྐད་སྒྲ་ཞིག་གྲགས༌ཏེ། ཁྱོད་ནི་ང་ཡི་གཅེས་པའི་བུ་ཡིན་ཞིང་ང་རང་ཁྱོད་ལ་ཤིན་ཏུ་དགའ་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུའི་གདུང༌རྒྱུད།

23སྐྱབས་མགོན་ཡེ་ཤུས་ཐོག་མར་བཀའ་སྒྲོག་པའི་དུས་སུ་ཁོང་ནི་དགུང་ལོ་སུམ་ཅུ་ཙམ་ཡིན༌ལ། མི་རྣམས་ཀྱིས་ཁོང་ནི་ཡོ་སེབ་ཀྱི་བུ་ཡིན་པར་བསམས་ཤིང་ཡོ་སེབ་ནི་ཨེ་ལིའི་བུ་ཡིན། 24ཨེ་ལི་ནི་མད་ཐད་ཀྱི་བུ་ཡིན། མད་ཐད་ནི་ལེ་ཝིའི༌བུ་ཡིན། ལེ་ཝི་ནི་མེལ་ཁེའི༌བུ་ཡིན། མེལ་ཁེ་ནི་ཡན་ནཱའི༌བུ་ཡིན། ཡན་ནཱ་ནི་ཡོ་སེབ་ཀྱི་བུ་ཡིན། 25ཡོ་སེབ་ནི་མད་ཐི་ཐིས་ཀྱི་བུ་ཡིན། མད་ཐི་ཐིས་ནི་ཨ་མོ་ཡི༌བུ་ཡིན། ཨ་མོ་ནི་ནཱ་ཧུམ་གྱི་བུ་ཡིན། ནཱ་ཧུམ་ནི་ཧེ་ཟི་ལེའི༌བུ་ཡིན། ཧེ་ཟི་ལེ་ནི་ནཱ་གེའི༌བུ་ཡིན། 26ནཱ་གེ་ནི་མཱ་ཧ་ཐུའི༌བུ་ཡིན། མཱ་ཧ་ཐུ་ནི་མད་ཐི་ཐིས་ཀྱི་བུ་ཡིན། མད་ཐི་ཐིས་ནི་སེ་མེའི༌བུ་ཡིན། སེ་མེ་ནི་ཡོ་སེག་གི་བུ་ཡིན། ཡོ་སེག་ནི་ཡོ་དཱའི༌བུ་ཡིན། 27ཡོ་དཱ་ནི་ཡོ་ཧན་ནཱའི༌བུ་ཡིན། ཡོ་ཧན་ནཱ་ནི་རེ་སཱའི༌བུ་ཡིན། རེ་སཱ་ནི་ཟེ་རུ་པཱ་པེལ་གྱི་བུ་ཡིན། ཟེ་རུ་པཱ་པེལ་ནི་ཞིད་ཨལ་ཐེ་ཨེལ་གྱི་བུ་ཡིན། ཞིད་ཨལ་ཐེ་ཨེལ་ནི་ནེ་རིའི༌བུ་ཡིན། 28ནེ་རི་ནི་མེལ་ཁེའི༌བུ་ཡིན། མེལ་ཁེ་ནི་ཨད་དིའི༌བུ་ཡིན། ཨད་དི་ནི་ཀོ་སམ་གྱི་བུ་ཡིན། ཀོ་སམ་ནི་ཨེལ་མ་དཱམ་གྱི་བུ་ཡིན། ཨེལ་མ་དཱམ་ནི་ཨེར་གྱི་བུ་ཡིན། 29ཨེར་ནི་ཡོ་ཤུ་ཨའི༌བུ་ཡིན། ཡོ་ཤུ་ཨ་ནི་ཨེ་ལི་ཨེ་བཟིར་གྱི་བུ་ཡིན། ཨེ་ལི་ཨེ་བཟིར་ནི་ཡོ་རེམ་གྱི་བུ་ཡིན། ཡོ་རེམ་ནི་མད་ཐད་ཀྱི་བུ་ཡིན། མད་ཐད་ནི་ལེ་ཝིའི༌བུ་ཡིན། 30ལེ་ཝི་ནི་སི་མུ་ཨོན་གྱི་བུ་ཡིན། སི་མུ་ཨོན་ནི་ཡུ་དཱའི༌བུ་ཡིན། ཡུ་དཱ་ནི་ཡོ་སེབ་ཀྱི་བུ་ཡིན། ཡོ་སེབ་ནི་ཡོ་ནམ་གྱི་བུ་ཡིན། ཡོ་ནམ་ནི་ཨེལ་ཡ་ཀིམ་གྱི་བུ་ཡིན། 31ཨེལ་ཡ་ཀིམ་ནི་མེའ་ལི་ཨཱའི༌བུ་ཡིན། མེའ་ལི་ཨཱ་ནི་མེན་ནཱའི༌བུ་ཡིན། མེན་ནཱ་ནི་མད་ཐ་ཐིའི༌བུ་ཡིན། མད་ཐ་ཐི་ནི་ནཱ་ཐན་གྱི་བུ་ཡིན། ནཱ་ཐན་ནི་དཱ་བིད་ཀྱི་བུ་ཡིན། 32དཱ་བིད་ནི་ཡེ་སེའི༌བུ་ཡིན། ཡེ་སེ་ནི་ཨོ་བེད་ཀྱི་བུ་ཡིན། ཨོ་བེད་ནི་པོ་ཨ་ཟིའི༌བུ་ཡིན། པོ་ཨ་ཟི་ནི་སཱལ་མོན་གྱི་བུ་ཡིན། སཱལ་མོན་ནི་ནཱ་སོན་གྱི་བུ་ཡིན། 33ནཱ་སོན་ནི་ཨ་མི་ནཱ་དབ་ཀྱི་བུ་ཡིན། ཨ་མི་ནཱ་དབ་ནི་ཨད་མན་གྱི་བུ་ཡིན། ཨད་མན་ནི་རཱམ་གྱི་བུ་ཡིན། རཱམ་ནི་ཧེས་རོན་གྱི་བུ་ཡིན། ཧེས་རོན་ནི་ཕེ་རེལ་ཟིའི༌བུ་ཡིན། ཕེ་རེལ་ཟི་ནི་ཡ་ཧུ་དཱའི༌བུ་ཡིན། 34ཡ་ཧུ་དཱ་ནི་ཡ་ཀོབ་ཀྱི་བུ་ཡིན། ཡ་ཀོབ་ནི་ཨི་སཱག་གི་བུ་ཡིན། ཨི་སཱག་ནི་ཨབ་ར་ཧམ་གྱི་བུ་ཡིན། ཨབ་ར་ཧམ་ནི་ཐ་རཱའི༌བུ་ཡིན། ཐ་རཱ་ནི་ནཱ་ཧོར་གྱི་བུ་ཡིན། 35ནཱ་ཧོར་ནི་སེ་རུག་གི་བུ་ཡིན། སེ་རུག་ནི་རུ་གུའི༌བུ་ཡིན། རུ་གུ་ནི་ཕེ་ལེག་གི་བུ་ཡིན། ཕེ་ལེག་ནི་ཨེ་བེར་གྱི་བུ་ཡིན། ཨེ་བེར་ནི་སཱ་ལའི༌བུ་ཡིན། 36སཱ་ལ་ནི་ཀེ་ནན་གྱི་བུ་ཡིན། ཀེ་ནན་ནི་ཨར་པག་སད་ཀྱི་བུ་ཡིན། ཨར་པག་སད་ནི་ཤེམ་གྱི་བུ་ཡིན། ཤེམ་ནི་ནོ་ཨའི༌བུ་ཡིན། ནོ་ཨ་ནི་ལཱ་མེག་གི་བུ་ཡིན། 37ལཱ་མེག་ནི་མུ་ཐུ་ཟི་ལཱའི༌བུ་ཡིན། མུ་ཐུ་ཟི་ལཱ་ནི་ཧ་ནོག་གི་བུ་ཡིན། ཧ་ནོག་ནི་ཡཱ་རིད་ཀྱི་བུ་ཡིན། ཡཱ་རིད་ནི་མཱ་ཧ་ལ་ཨེལ་གྱི་བུ་ཡིན། མཱ་ཧ་ལ་ཨེལ་ནི་ཀེ་ནན་གྱི་བུ་ཡིན། 38ཀེ་ནན་ནི་ཨེ་ནོ་ཤཱའི༌བུ་ཡིན། ཨེ་ནོ་ཤཱ་ནི་སེད་ཐུའི་བུ་ཡིན། སེད་ཐུ་ནི་ཨ་དམ་གྱི་བུ་ཡིན། ཨ་དམ་ནི་དཀོན་མཆོག་གི་སྲས་ཡིན་ནོ།།

ལུ་ཀ 4

སྐྱབས་མགོན་ཡེ་ཤུར་ཉམས་ཚོད་བླངས༌པ།

1སྐྱབས་མགོན་ཡེ་ཤུར་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་ཅིང་ཡོར་དན་གཙང་པོ་ནས་ཕྱིར་ཕེབས་པ༌ན། དམ་པའི་ཐུགས་ཉིད་ཀྱིས་ཁོང་ཉིད་དབེན་སྟོང་ཞིག་ཏུ་ཁྲིད་པ༌དང༌། 2ཉིན་བཞི་བཅུའི་རིང་ལ་བདུད་ཀྱིས་ཁོང་ལ་ཉམས་ཚོད་བླངས་སོ།། ཉིན་དེ་དག་གི་རིང་ལ་ཁོང་གིས་ཞལ་ཟས་ཅི་ཡང་མ་བཞེས༌པས། ཉིན་དེ་དག་མཇུག་རྫོགས་སྐབས་ཁོང་ནི་བཀྲེས་ཤིང་ལྟོགས་པར་གྱུར་ཏོ།། 3བདུད་ན༌རེ། ཁྱེད་ནི་དཀོན་མཆོག་གི་སྲས་ཡིན༌ན། རྡོ་འདིར་བཀའ་གནང་ནས་བག་ལེབ་ཏུ་བསྒྱུར་ཅིག་ཅེས་སྨྲས་པ༌ལ། 4སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གསུང་རབ་ཀྱི་མདོ༌ལས། མི་ནི་བག་ལེབ་ཁོ་ནར་བརྟེན་ནས་འཚོ་བ་མ་ཡིན་ནོ་ཞེས་བཀོད་ཡོད་ཅེས་གསུངས་སོ།། 5ཡང་བདུད་ཀྱིས་ཁོང་ཉིད་རི་མཐོན་པོ་ཞིག་ཏུ་ཁྲིད་ནས་སྐད་ཅིག་ཙམ་ལ་འཇིག་རྟེན་གྱི་རྒྱལ་ཁམས་ཐམས་ཅད་བསྟན་ཏེ་ན༌རེ། 6ངས་དབང་ཐང་དང་གཟི་བརྗིད་འདི་མཐའ་དག་ཁྱེད་ལ་འབུལ་བར༌བྱ། རྒྱུ་མཚན་ནི་འདི་ཐམས་ཅད་སྔར་ནས་བདག་ལ་སྤྲད་ཡོད༌པས། བདག་གིས་སུ་ཞིག་ལ་སྟེར་འདོད་ན་དེ་ལ་སྟེར་ངེས༌ཡིན། 7གལ་ཏེ་ཁྱེད་ཀྱིས་བདག་ལ་ཕྱག་འཚལ་ན་འདི་ཐམས་ཅད་ཁྱེད་ལ་དབང་བ་ཡིན་ཞེས་སྨྲས་པ༌ན། 8ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གསུང་རབ་ཀྱི་མདོ༌ལས། ཁྱོད་ཀྱིས་གཙོ་བོ་སྟེ་རང་གི་དཀོན་མཆོག་ལ་ཕྱག་འཚལ་ཞིང་ཁོང་གཅིག་པུར་བསྙེན་བཀུར་བྱེད་དགོས་ཞེས་བཀོད་འདུག་ཅེས་གསུངས༌སོ།། 9ཡང་བདུད་ཀྱིས་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་ཁྲིད༌ནས། མཆོད་ཁང་གི་རྩེ་རུ་སྡོད་དུ་བཅུག༌སྟེ་ན་རེ། གལ་ཏེ་ཁྱེད་ནི་དཀོན་མཆོག་གི་སྲས་ཡིན་ན་འདི་ནས་མར་མཆོངས༌ཤིག 10རྒྱུ་མཚན་ནི་གསུང་རབ་ཀྱི་མདོ་ལས་དཀོན་མཆོག་གིས་རང་གི་ཕོ་ཉ་རྣམས་ལ་བཀའ་གནང་སྟེ་ཁྱེད་རང་བསྲུང་བར་ངེས་ཞེས་པ༌དང༌། 11ཁྱེད་ཀྱི་ཞབས་རྡོ་ལའང་མི་ཐོགས་པའི༌ཕྱིར། ཕོ་ཉ་དེ་རྣམས་ཀྱི་ལག་པས་ཁྱེད་རང་ཡར་འདེགས་པར་འགྱུར་ཞེས་ཀྱང་བཀོད་འདུག་ཅེས་སྨྲས་པ༌ལ། 12ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌གསུངས་པ་སྟེ། གསུང་རབ་ཀྱི་མདོ་ལས། ཁྱོད་ཀྱིས་གཙོ་བོ་སྟེ་རང་གི་དཀོན་མཆོག་ལ་ཚོད་བགམ་མ་བྱེད་ཅེས་གསུངས་འདུག་ཅེས་པའོ།། 13བདུད་ཀྱིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཁོང་ལ་ཉམས་ཚོད་བླངས་ཚར༌རྗེས། རེ་ཞིག་ཁོང་དང་ཁ་བྲལ་ལོ།།

ག་ལིལ་ཡུལ་དུ་བཀའ་སྒྲོག་པའི་མགོ་རྩོམ༌པ།

14སྐྱབས་མགོན་ཡེ་ཤུ་ནི་དམ་པའི་ཐུགས་ཉིད་ཀྱི་ནུས་མཐུའི་ངང་ནས་ཕྱིར་ག་ལིལ་ཡུལ་དུ་ཕེབས་པ༌དང༌། ཁོང་གི་མཚན་སྙན་གྲགས་ཀྱང་ག་ལིལ་ཡུལ་གྱི་མཐའ་འཁོར་ཀུན་ལ་ཁྱབ། 15ཁོང་གིས་ཆོས་ཁང་སོ་སོ་ནས་ཆོས་གསུངས་པ་དང་མི་ཀུན་གྱིས་ཁོང་ལ་བསྟོད་བསྔགས་བརྗོད༌དོ།། 16སྐྱབས་མགོན་ཡེ་ཤུ་ཕྱིར་རང་ཉིད་ནར་སོན་པའི་གནས་ཏེ་ནཱ་ཙ་རེལ་གྲོང་རྡལ་དུ་ཕེབས་ཤིང་ངལ་གསོ་བའི་ཉིན་མོ་ལའང་རང་གི་ནམ་རྒྱུན་གྱི་སྲོལ་ལྟར་ཆོས་ཁང་དུ་ཕེབས༌ཤིང་། ཁོང་གིས་གསུང་རབ་ཀློག་ཕྱིར་ཡར་བཞེངས་པ༌ན། 17མི་ཞིག་གིས་ལུང་སྟོན་པ་ཡེ་ཤ་ཡཱའི་མདོ་དེ་ཁོང་ལ་ཕུལ༌ཞིང༌། ཁོང་གིས་མདོ་དེའི་ཁ་ཕྱེས་པ༌ན། དེ་ལས་བཀོད་ཡོད་པའི་ཚན་པ་ཞིག་རྙེད་པ་ནི་འདི་ལྟ༌སྟེ། 18གཙོ་བོའི་ཐུགས་ཉིད་ང་ཡི་སྟེང་དུ༌བཞུགས།། དབུལ་ཕོངས་རྣམས་ལ་འཕྲིན་བཟང་སྒྲོག་པའི༌ཕྱིར།། ཁོང་གིས་བདག་ལ་བྱུགས་ཤིང༌བསྐོས་པ་འོ།། བཙོན་པ་རྣམས་ལ་ཐར་པའི་འཕྲིན་བཟང༌དང༌།། ལོང་བ་གསོ་བའི་འཕྲིན་བཟང་སྒྲོག་ཕྱིར༌དང༌།། མནར་བ་རྣམས་ནི་སྒྲོལ་དུ་འཇུག་པ༌དང༌།། 19ཁོང་གི་ཐུགས་རྗེའི་གནམ་ལོ་སྒྲོག་ཕྱིར༌དུ།། གཙོ་བོ་ཁོང་གིས་བདག་ནི་མངགས་པ༌ཡིན།། ཞེས་པ་དེ་བཀླགས༌སོ།། 20ཁོང་གིས་དཔེ་ཆ་བསྒྲིལ་ནས་ཕྱིར་ཆོས་ཁང་གི་གཉེར་པ་ལ་བསྩལ་ཏེ་བཞུགས༌ཤིང༌། ཆོས་ཁང་དུ་ཡོད་པའི་མི་ཐམས་ཅད་ཀྱིས་ཁོང་ལ་མིག་ཅེ་རེར་བལྟས་པ༌དང༌། 21ཁོང་གིས་དེ་རྣམས་ལ་འདི་སྐད༌དུ། གསུང་རབ་ཀྱི་མདོ་འདི་ནི་དེ་རིང་ཁྱོད་ཅག་གིས་ཐོས་པའི་དུས་སུ་གྲུབ་པ་ཡིན་ཞེས་གསུངས་སོ།། 22མི་ཐམས་ཅད་ཀྱིས་ཁོང་ལ་བསྟོད་བསྔགས་བརྗོད་ཅིང་ཁོང་གི་ཞལ་ལས་གསུངས་པའི་ཚིག་སྙན་མོ་ཐོས་ནས་ངོ་མཚར་བར་གྱུར། ཁོ་རྣམས་ན༌རེ། འདི་ནི་ཡོ་སེབ་ཀྱི་བུ་མ་ཡིན་ནམ་ཞེས་སྨྲས་སོ།། 23ཡང་ཁོང་གིས་དེ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་ན༌རེ། སྨན་པ༌ལགས། ཁྱོད་ཀྱིས་རང་ཉིད་གསོ་བར་བྱོས་ཞེས་པའི་ཁ་དཔེ་འདི་ང་ལ་སྦྱར་ངེས༌ཤིང༌། ཁྱོད་ཀྱིས་ཀཱ་ཕར་ན་ཧུམ་ནས་བྱས་པའི་བྱ་བ་ངེད་ཅག་གིས་ཐོས་པ་དེ་རྣམས་རང་གི་ཕ་ཡུལ་འདི་ནས་ཀྱང་བྱོས་ཤིག་ཅེས་བདག་ལ་སྨྲ་བར་འགྱུར་ཞེས་གསུངས་པ༌དང༌། 24ཡང་ཁོང་གིས་འདི་སྐད༌དུ། ངས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། ལུང་སྟོན་པ་སུ་ཞིག་ལའང་རང་ཡུལ་ནས་བརྩི་བཀུར་མི་ཐོབ། 25བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ་སྟེ། ཡང་ཨེ་ལི་ཡཱའི་དུས་སུ། ལོ་གསུམ་དང་ཟླ་བ་དྲུག་རིང་ལ་ཐན་པ་བྱུང་བས། ས་ཆ་ཡོངས་ལ་མུ་གེ་ཆེན་པོ་བྱུང་བ་དང་ཡེས་ར་ཨེལ་ཡུལ་དུ་ཡུགས་མོ་མང་པོ་ཡོད༌ནའང༌། 26ཨེ་ལི་ཡཱ་ནི་ཡུགས་མོ་དེ་རྣམས་ཀྱི་གམ་དུ་མ་མངགས༌པར། ཚི་ཏུན་ཡུལ་གྱི་ཁོང་གཏོགས་སཱ་རེབ་ཏ་ཡི་ཡུགས་མོ་དེ་ཁོ་ནའི་གམ་དུ་མངགས། 27ཡང་ལུང་སྟོན་པ་ཨེ་ལི་ཤཱའི་དུས་སུ། ཡེས་ར་ཨེལ་གྱི་ས་ཆར་མཛེ་ནད་ཅན་མང་པོ་ཡོད༌ནའང༌། ཁོང་གིས་དེ་རྣམས་ལས་གཅིག་ཀྱང་གཙང་མར་མ་མཛད༌པར། སིར་ཡཱ་ཡུལ་གྱི་ནཱ་ཨ༌མན་ཁོ་ན་གཙང་མར་མཛད་ཅེས་གསུངས་པ་དང་། 28ཆོས་ཁང་དུ་ཡོད་པའི་མི་ཐམས་ཅད་ཀྱིས་གཏམ་དེ་ཐོས་རྗེས་ཤིན་ཏུ་ཁྲོས༌ཏེ། 29སྐྱབས་མགོན་ཡེ་ཤུ་གྲོང་རྡལ་ནས་ཕྱིར་བསྐྲད་པ༌དང༌། གྲོང་རྡལ་དེ་ནི་རི་སྟེང་དུ་ཆགས་འདུག་ཅིང་མི་དེ་དག་གིས་ཁོང་ཉིད་གཡང་གཟར་དུ་འཕེན་ཕྱིར་བྲག་ཁ་རུ་ཁྲིད༌ནའང༌། 30སྐྱབས་མགོན་ཡེ་ཤུ་ནི་མི་དེ་རྣམས་ཀྱི་དཀྱིལ་ནས་ཐད་ཀར་ཕེབས༌སོ།།

གདོན་འདྲེ་བསྐྲད་པ།

31སྐྱབས་མགོན་ཡེ་ཤུ་མར་ག་ལིལ་ཡུལ་གྱི་གྲོང་ཁྱེར་ཀཱ་ཕར་ན་ཧུམ་དུ་ཕེབས་པ༌དང༌། ངལ་གསོ་བའི་ཉིན་མོར་མི་རྣམས་ལ་ཆོས་གསུངས༌ཤིང༌། 32ཁོང་གིས་གསུངས་པའི་ཆོས་ལ་དབང་དང་ལྡན་པས་ཐོས་མཁན་རྣམས་ངོ་མཚར་བར་གྱུར་ཏོ།། 33དུས༌དེར། ཆོས་ཁང་དེ་རུ་གདོན་འདྲེས་བཟུང་བའི་མི་ཞིག་ཡོད་པ་དེས་སྐད་ཆེན༌པོས། 34ཀྱེ། ནཱ་ཙ་རེལ་པ་ཡེ༌ཤུ། ཁྱེད་དང་ངེད་ཅག་ལ་འབྲེལ་བ་ཅི་མཆིས༌སམ། ཁྱེད་རང་ངེད་རྣམས་འཇོམས་པར་ཕེབས༌སམ། ངས་ཁྱེད་རང་སུ་ཡིན་པ་ཤེས༌ཏེ། ཁྱེད་ནི་དཀོན་མཆོག་གི་སྐྱེས་བུ་དམ་པ་ཉིད་ཡིན་ཞེས་སྨྲས་པ༌ལ། 35སྐྱབས་མགོན་ཡེ་ཤུས་གདོན་འདྲེ་དེ་ལ་འདི་སྐད༌དུ། ཁ་རོག་ཏུ་སྡོད༌ཅིག ཁྱོད་ནི་ཁོའི་ལུས་ནས་ཕྱིར་བུད་ཅིག་ཅེས་བཀའ་བཀྱོན་གནང་བ༌ན། གདོན་འདྲེ་དེས་མི་རྣམས་ཀྱི་མདུན་དུ་མི་དེ་ས་རུ་བསྒྱེལ་ནས་ཕྱི་རུ་ཐོན་ཞིང་མི་དེར་གནོད་འཚེ་ཅི་ཡང་མ་བྱས་སོ།། 36མི་ཐམས་ཅད་ཧ་ལས་ཏེ་ཕན་ཚུན་ལ་བཀའ་འདི་ནི་ཅི་ཡིན༌ནམ། ཁོང་གིས་དབང་དང་མཐུ་ལ་བརྟེན་ནས་གདོན་འདྲེ་རྣམས་ལ་བཀའ་གནང་ཞིང་གདོན་འདྲེ་ཡང་ཕྱིར་བུད་དོ་ཞེས་སྨྲས་སོ།། 37དེ་ནས་ཁོང་གི་མཚན་སྙན་གྲགས་མཐའ་འཁོར་གྱི་ཡུལ་གྲུ་ཀུན་ཏུ་ཁྱབ༌བོ།།

མི་མང་པོའི་ནད་གསོས༌པ།

38སྐྱབས་མགོན་ཡེ་ཤུ་ཡར་བཞེངས་ཤིང་ཆོས་ཁང་ནས་ཕྱིར་བུད་དེ་སི་མོན་གྱི་ཁྱིམ་དུ་ཕེབས་པ༌དང༌། སི་མོན་གྱི་སྒྱུག་མོར་ཚ་དྲག་པོ་རྒྱག་བཞིན་ཡོད་པས་ཁྱིམ་མི་རྣམས་ཀྱིས་དོན་དེ་ཁོང་ལ་ཞུས་སོ།། 39ཁོང་ཉིད་ཁོ་མོའི་གམ་དུ་ཡར་བཞེངས་ནས་ཚ་དྲག་པོ་ལ་བཀའ་བཀྱོན་མཛད་པ༌ན། ཁོ་མོའི་ཚ་བཞག་ཅིང་དེ་མ་ཐག་ཡར་ལངས་ཏེ་ཁོང་རྣམས་ལ་ཞབས་ཕྱི་བསྒྲུབས། 40ཉི་མ་ནུབ་དུས་མི་རྣམས་ཀྱིས་ནད་རིགས་སྣ་ཚོགས་ཅན་གྱི་ནད་པ་ཐམས་ཅད་ཁོང་གི་དྲུང་དུ་ཁྲིད་ཡོང་བ༌དང༌། ཁོང་གིས་དེ་དག་རེ་རེའི་ལུས་ལ་ཕྱག་བཞག་སྟེ་ནད་ལས་གསོས་པའོ།། 41གདོན་འདྲེ་རྣམས་ཀྱང་མི་མང་པོའི་ལུས་ནས་ཕྱི་རུ་ཐོན་ཏེ་སྐད་ཆེན་པོས་ཁྱེད་ནི་དཀོན་མཆོག་གི་སྲས་ཡིན་ཞེས་འུར་བརྒྱབ་པ༌དང༌། གདོན་འདྲེ་དེ་དག་གིས་ཁོང་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་པ་ཤེས༌པས། སྐྱབས་མགོན་ཡེ་ཤུས་དེ་དག་ལ་བཀའ་བཀྱོན་མཛད་ཅིང་སྐད་ཆ་སྨྲ་རུ་མ་བཅུག་གོ། 42ནམ་ལངས་པའི་དུས༌སུ། སྐྱབས་མགོན་ཡེ་ཤུ་ཡར་བཞེངས་ཏེ་དབེན་གནས་ཤིག་ཏུ་ཕེབས༌ཤིང༌། མི་ཚོགས་ཀྱིས་ཁོང་ཉིད་བཙལ་ནས་ཁོང་གི་དྲུང་དུ་ཡོང༌སྟེ། ཁོ་རྣམས་དང་ཁ་མི་འབྲལ་བའི་ཕྱིར་ཁོང་ཉིད་འགོག་འདོད༌ཀྱང༌། 43ཁོང་གིས་དེ་རྣམས་ལ་ང་རང་ནི་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཆོས་སྒྲོག་ཏུ་མངགས་པ་ཡིན༌པས། གྲོང་རྡལ་གཞན་དག་ལའང་བསྒྲག་དགོས་ཞེས་གསུངས་པ༌དང༌། 44ཁོང་གིས་ཡ་ཧུ་དཱ་པའི་ཡུལ་གྱི་ཆོས་ཁང་མང་པོ་ནས་ཀྱང་ཆོས་བསྒྲགས༌སོ།།

ལུ་ཀ 5

སྐྱབས་མགོན་ཡེ་ཤུའི་ཐུགས་སྲས་སྔ་མའི་སྐོར།

1སྐྱབས་མགོན་ཡེ་ཤུ་མཚོ་གེན་ནེ་སཱ་རེལ་གྱི་འགྲམ་དུ་བཞུགས་པའི་སྐབས༌སུ། མི་ཚོགས་ཀྱིས་དཀོན་མཆོག་གི་བཀའ་ལ་ཉན་ཕྱིར་འཚང་ཁ་བརྒྱབ་སྟེ་ཁོང་གི་མཐའ་ནས་བསྐོར། 2ཁོང་གིས་མཚོ་འགྲམ་དུ་མཚོ་གྲུ་གཉིས་ཡོད་པ་གཟིགས་ཤིང་ཉ་པ་རྣམས་མཚོ་གྲུ་དང་ཁ་བྲལ་ནས་དྲ་རྒྱ་འཁྲུད་བཞིན་ཡོད་དོ།། 3མཚོ་གྲུ་རྣམས་ལས་གཅིག་ནི་སི་མོན་གྱི་ཡིན་པ་དང་། ཁོང་ཉིད་དེའི་ནང་དུ་ཕེབས༌ཤིང༌། དེ་ལ་མཚོ་འགྲམ་ནས་ཅུང་ཙམ་ཕར་སྐྱོད་ཅིག་ཅེས་གསུངས་པ༌དང༌། ཁོང་ཉིད་གྲུ་དེར་བཞུགས་ཏེ་མི་ཚོགས་ལ་ཆོས་གསུངས་སོ།། 4ཁོང་གིས་ཆོས་གསུངས་ཚར་རྗེས་སི་མོན་ལ་འདི་སྐད༌དུ། མཚོ་གཏིང་ཟབ་པའི་གནས་སུ་གྲུ་སྐྱོད༌ཅིག དྲ་རྒྱ་འཕངས་ནས་ཉ་ཟུངས་ཤིག་ཅེས་གསུངས་པ༌དང༌། 5སི་མོན་ན༌རེ། སྟོན་པ༌ལགས། ངེད་ཅག་གིས་ཞག་གང་བོར་དཀའ་སྡུག་མྱངས་ནའང་ཅི་ཡང་མ༌ཟིན། འོན་ཀྱང་ཁྱེད་ཀྱིས་གསུངས་པ་བཞིན་དྲ་རྒྱ་མར་གཏོང་བར་བྱེད་ཅེས་སྨྲས༌ཤིང༌། 6ཁོ་རྣམས་ཀྱིས་དེ་ལྟར་དྲ་རྒྱ་བཏང་བ་དང་ཉ་ཤིན་ཏུ་མང་པོ་ཟིན་ཏེ་དྲ་རྒྱའང་ཆད་ལ་ཉེ་བ་ཙམ་བྱུང༌བས། 7མཚོ་གྲུ་གཞན་དུ་ཡོད་པའི་གྲོགས་རྣམས་ལ་རོགས་རམ་བྱེད་དུ་ཤོག་ཅེས་ལག་བརྡ་བྱས་པ༌དང༌། དེ་རྣམས་ཀྱང་ཚུར་ཡོང་ཞིང་མཚོ་གྲུ་གཉིས་པོར་ཉས་བཀང་སྟེ་མཚོ་གྲུ་ཡང་ཆུ་རུ་ནུབ་ལ་ཉེ་བ་ཙམ་བྱུང༌། 8སི་མོན་པེ་ཏྲོས་དོན་དེ་མཐོང་ནས་སྐྱབས་མགོན་ཡེ་ཤུའི་ཞབས་དྲུང་དུ་ཕྱག་འཚལ་ཏེ་འདི་སྐད༌དུ། གཙོ་བོ༌ལགས། བདག་ནི་མི་སྡིག་ཅན་ཞིག་ཡིན༌པས། ཁྱེད་རང་ང་དང་བྲལ་ནས་ཕེབས་རོགས་ཞེས་ཞུས་སོ།། 9ཁོ་དང་མཉམ་དུ་ཡོད་པ་ཐམས་ཅད་ཀྱིས་ཐེངས་འདིར་ཉ་དེ་འདྲ་མང་པོ་ཟིན་པ་མཐོང་བས་དོན་དེར་ཤིན་ཏུ་ཧ་ལས༌ཤིང༌། 10སི་མོན་གྱི་ལས་གྲོགས་ཟེ་བད་ཡཱའི་བུ་ཡ་ཀོབ་དང་ཡོ་ཧ་ནན་གཉིས་ཀྱང་དེར་ཧ་ལས༌པ་རེད། སྐྱབས་མགོན་ཡེ་ཤུས་སི་མོན་ལ་འདི་སྐད༌དུ། མ་འཇིགས༌ཤིག ཕྱིན་ཆད་ཁྱོད་ལ་མི་ཡང་འཐོབ་པར་འགྱུར་ཞེས་གསུངས༌ཤིང༌། 11དེ་རྣམས་ཀྱིས་ཀྱང་མཚོ་གྲུ་གཉིས་པོ་མཚོ་འགྲམ་དུ་བསྐྱུར་བ་དང་ཐམས་ཅད་སྤངས་ནས་ཁོང་གི་རྗེས་སུ་འབྲངས༌སོ།།

མཛེ་ནད་ཅན་གསོས༌པ།

12སྐྱབས་མགོན་ཡེ་ཤུ་ཡུལ་དེའི་གྲོང་རྡལ་ཞིག་ཏུ་བཞུགས་པའི་དུས༌སུ། ལྟོས་དང་། ལུས་ཡོངས་ལ་མཛེ་ནད་ཀྱིས་ཟིན་པའི་མི་ཞིག་གིས་ཁོང་ཉིད་མཐོང་བ་དང་ཕྱག་འཚལ་ཏེ་ན༌རེ། གཙོ་བོ༌ལགས། གལ་ཏེ་ཁྱེད་ཐུགས་མཉེས་པ་ཡིན༌ན། ཁྱེད་ཀྱིས་ང་རང་གཙང་མར་མཛད་ནུས་པ་ཡིན་ཞེས་ཞུ་བ་བྱས་པ༌ལ། 13ཁོང་གིས་ཕྱག་བརྐྱངས་ཤིང་མི་དེར་རེག་པ༌དང༌། ང་རང་འཐད་པ་ཡིན། ཁྱོད་རང་གཙང་མར་གྱུར་ཅིག་ཅེས་གསུངས་མ་ཐག་མི་དེའི་མཛེ་ནད་སོས་སོ།། 14ཁོང་གིས་མི་དེ་ལ་འདི་སྐད་དུ། དོན་འདི་གཞན་སུ་ལའང་མི་སྨྲ་བར་གྱིས། ཁྱོད་རང་ཕྱིར་སོང་ནས་རང་གི་ལུས་པོ་མཆོད་དཔོན་ལ་སྟོན༌ཅིག མི་རྣམས་ལ་བདེན་དཔང་བྱེད་པའི་ཆེད་དུ་མོ་ཤེ་ཡིས་བཀའ་གནང་ཡོད་པ༌བཞིན། གཙང་མར་གྱུར་པའི་མཆོད་པ་ཕུལ་ཅིག་ཅེས་བཀའ་བསྒོས་སོ།། 15འོན་ཀྱང་ཁོང་གི་མཚན་སྙན་གྲགས་སྔར་ལས་ཀྱང་ཤིན་ཏུ་རྒྱས༌པས། མི་སྐོར་ཚོ་མང་པོས་ཁོང་གི་གསུང་ལ་ཉན་པ་དང་རང་གི་ནད་གསོ་བའི་ཕྱིར་གནས་དེར་འདུས༌ནའང༌། 16ཁོང་ནི་ནམ་རྒྱུན་ལྟར་གསོལ་བ་འདེབས་ཕྱིར་དབེན་གནས་སུ་ཕེབས༌སོ།།

མི་ཞ་བོ་ཞིག་གསོས༌པ།

17ཉིན་ཞིག༌ལ། སྐྱབས་མགོན་ཡེ་ཤུས་ཆོས་གསུང་བའི་དུས༌སུ། ག་ལིལ་ཡུལ་གྱི་གྲོང་སྡེ་སོ་སོ༌དང༌། ཡ་ཧུ་དཱ༌ཡུལ། ཡེ་རུ་སཱ་ལེམ་བཅས་ནས་ཡོང་བའི་ཕ་རུ་ཤི་པ་དང་བཀའ་ཁྲིམས་ཀྱི་དགེ་རྒན་འགའ་ཤས་གནས་དེར་བསྡད་ཡོད༌ཅིང༌། གཙོ་བོའི་ནུས་མཐུ་ནི་ཁོང་དང་མཉམ་དུ་བཞུགས་པས་ཁོང་གིས་ནད་པ་རྣམས་ཀྱི་ནད་གསོ་བར་ནུས༌སོ།། 18མི་འགའ་ཞིག་གིས་མི་ཞ་བོ་ཞིག་ཁྱོགས་ཤིང་དུ་ཁུར་ནས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་བསམས༌ཀྱང༌། 19གནས་དེར་མི་མང་པོ་འདུས་པའི་རྐྱེན་གྱིས་ཁང་པའི་ནང་དུ་འགྲོ་ཐབས་མ་རྙེད༌པར། ཁང་ཐོག་ཏུ་སོང་སྟེ་རྫ་གཡམ་གྱི་བར་ནས་མི་ཞ་བོ་དེ་ཁྱོགས་ཤིང་དང་བཅས་མི་ཚོགས་ཀྱི་དཀྱིལ་ལ་སྐྱབས་མགོན་ཡེ་ཤུའི་དྲུང་དུ་བཏང༌། 20ཁོང་གིས་དེ་རྣམས་ཀྱི་དད་སེམས་གཟིགས་ཏེ་ཞ་བོ་དེ་ལ་འདི་སྐད༌དུ། སྙིང་གི༌བུ། ཁྱོད་ཀྱི་སྡིག་པ་བསལ་བ་ཡིན་ཞེས་གསུངས་སོ།། 21མཁན་པོ་དང་ཕ་རུ་ཤི་པ་རྣམས་ཀྱི་སེམས༌སུ། དཀོན་མཆོག་གི་དབུ་འཕང་སྨད་མཁན་འདི་སུ་ཡིན༌ནམ། དཀོན་མཆོག་ཁོ་ན་ལས་གཞན་སུ་ཞིག་གིས་སྡིག་པ་བསལ་ནུས་སམ་ཞེས་བསམས་པར། 22སྐྱབས་མགོན་ཡེ་ཤུས་དེ་དག་གི་བསམ་ཚུལ་མཁྱེན་ཏེ་འདི་སྐད༌དུ། ཅིའི་ཕྱིར་ཁྱོད་རྣམས་ཀྱི་སེམས་སུ་དེ་ལྟར་བསམས་པ་ཡིན༌ནམ། 23ཁྱོད་ཀྱི་སྡིག་པ་བསལ་བ་ཡིན་ཞེས་ཟེར༌བ་དང་། ཁྱོད་ཡར་ལོངས་ལ་སྐྱོད་ཅིག་ཟེར་བ་གཉིས་ལས་གང་ཞིག༌སླའམ། 24འོན་ཀྱང་། འདི་ནི་ས་སྟེང་དུ་མིའི་བུ་ལ་སྡིག་པ་བསལ་བའི་དབང་ཡོད་པ་ཁྱོད་ཅག་གིས་ཤེས་པའི་ཕྱིར་ཡིན་ཞེས་གསུངས༌རྗེས། ཁོང་གིས་ཞ་བོ་དེ་ལ་འདི་སྐད༌དུ། བདག་གིས་ཁྱོད་ལ་སྨྲ་བར་བྱ༌སྟེ། ཡར་ལོངས་དང་ཁྱོགས་ཤིང་ཁུར་ནས་ཕྱིར་རང་ཡུལ་དུ་སོང་ཞིག་ཅེས་བཀའ་གནང་མ༌ཐག 25མི་དེ་ཁོ་རྣམས་ཀྱི་མདུན་ནས་ཡར་ལངས་ཤིང་ཁྱོགས་ཤིང་ཁུར་ཏེ་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་བཞིན་ཕྱིར་རང་ཡུལ་དུ་ལོག་པ་རེད། 26མི་ཐམས་ཅད་ངོ་མཚར་སྐྱེས་ཏེ་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པ་དང་འཇིགས་ཤིང་གུས་པའི་ངང་ནས་བདག་ཅག་གིས་དེ་རིང་དོན་ཁྱད་མཚར་ཞིག་མཐོང་བྱུང་ཞེས་སྨྲས༌སོ།།

ལེ་ཝི་སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲང༌བ།

27དེའི་རྗེས༌སུ། སྐྱབས་མགོན་ཡེ་ཤུ་ཕྱི་རོལ་ཏུ་ཕེབས༌ཤིང༌། མིང་ལ་ལེ་ཝི་ཟེར་བའི་ཁྲལ་ལེན་མཁན་དེ་ཁྲལ་སྡུད་སར་བསྡད་ཡོད་པ་གཟིགས་ནས་འདི་སྐད༌དུ། ཁྱོད་རང་ངའི་རྗེས་སུ་ཤོག་ཅེས་གསུངས་པ༌དང༌། 28མི་དེས་ཀྱང་ཐམས་ཅད་སྤངས་ནས་ཡར་ལངས་ཏེ་ཁོང་གི་རྗེས་སུ་འབྲངས༌སོ།། 29ལེ་ཝི་ཡིས་རང་གི་ཁྱིམ་ནས་ཁོང་ལ་གསོལ་སྟོན་ཆེན་པོ་བཤམས་པ༌དང༌། ཁྲལ་ལེན་མཁན་དང་མི་གཞན་མང་པོས་ཀྱང་ཁོང་རྣམས་དང་མཉམ་དུ་བཟའ་བཏུང་སྤྱད་ནས་བསྡད་དོ།། 30དེའི་དུས་སུ་ཕ་རུ་ཤི་པ་དང་མཁན་པོ་རྣམས་ཀྱིས་ཁོང་གི་ཐུགས་སྲས་རྣམས་ལ་མི་དགའ་བའི་གཏམ་གླེང༌སྟེ། ཁྱོད་ཅག་གིས་ཅིའི་ཕྱིར་ཁྲལ་ལེན་མཁན་དང་མི་སྡིག་ཅན་རྣམས་དང་མཉམ་དུ་བཟའ་བཏུང་ལ་རོལ་བ་ཡིན་ནམ་ཞེས་སྨྲས་པ༌ན། 31སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། ལུས་ཁམས་བདེ་བའི་མིས་སྨན་པ་བསྟེན་མི་དགོས་མོད། འོན་ཀྱང་ནད་པས་ད་གཟོད་སྨན་པ་བསྟེན་དགོས་པ་ཡིན། 32བདག་ནི་མི་གཞུང་དྲང་རྣམས་ཀྱིས་འགྱོད་བཤགས་བྱེད་པའི་ཕྱིར་ཁོ་རྣམས་འབོད་དུ་འོངས་པ་མ་ཡིན༌པར། མི་སྡིག་ཅན་རྣམས་ཀྱིས་འགྱོད་བཤགས་བྱེད་པའི་ཕྱིར་ཁོ་རྣམས་འབོད་དུ་ཡོང་བ་ཡིན་ཞེས་གསུངས༌སོ།།

སྨྱུང་གནས་སྐོར་གྱི་ཆོས་གསུངས༌པ།

33ཡང་ཆོས་དཔོན་དེ་རྣམས་ན༌རེ། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སློབ་མ་རྣམས་ཀྱིས་དུས་རྒྱུན་དུ་སྨྱུང་གནས་སྲུང་ཞིང་གསོལ་བ་འདེབས༌པ་དང་། ཕ་རུ་ཤི་པའི་སློབ་མ་རྣམས་ཀྱིས་ཀྱང་དེ་ལྟར་བྱེད་པ་རེད། འོན་ཀྱང་ཁྱེད་ཀྱི་ཐུགས་སྲས་རྣམས་ཀྱིས་དེ་ལྟར་མི་བྱེད་པར་བཟའ་བཏུང་སྤྱོད་དོ་ཞེས་སྨྲས་པ༌ན། 34སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མག་པ་དང་སྐུ་མགྲོན་རྣམས་མཉམ་དུ་ཡོད་དུས་སྐུ་མགྲོན་རྣམས་ལ་སྨྱུང་གནས་སྲུང་དུ་འཇུག་ག་ལ་རུང་། 35འོན་ཀྱང་མག་པ་དང་སྐུ་མགྲོན་རྣམས་ཁ་འབྲལ་བའི་དུས་ཤིག་སླེབ་ཡོང༌སྟེ། དུས་དེར་སྐུ་མགྲོན་རྣམས་ཀྱིས་སྨྱུང་གནས་བསྲུང་བར་འགྱུར་ཞེས་གསུངས་སོ།། 36ཡང་ཁོང་གིས་དེ་རྣམས་ལ་དཔེ་ཞིག་སྦྱར་ནས་འདི་སྐད༌དུ། མི་སུ་ཡིན་ཡང་ལྭ་གསར་པའི་སྟེང་ནས་རས་ཞིག་བླངས་ཏེ་ལྭ་རྙིང་བར་ལྷན་པ་མི་རྒྱག༌སྟེ། དེ་ལྟར་བྱས་ན་ལྭ་གསར་པ་དེ་རལ་བར་མ༌ཟད། རས་གསར་པ་དེ་དང་ལྭ་རྙིང་བ་གཉིས་ཀྱང་ཆ་མཚུངས་པ་མ་ཡིན། 37ཡང་སུ་ཡིན་ཡང་རྒུན་ཆང་གསར་པ་སྐྱི་ཁུག་རྙིང་བའི་ནང་དུ་མི་བླུག༌སྟེ། གལ་ཏེ་བླུགས་ན་རྒུན་ཆང་གསར་པ་དེས་སྐྱི་ཁུག་རྙིང་བ་རལ་ཏུ་འཇུག་པར་མ༌ཟད། ཆང་ཡང་ས་རུ་བཞུར་ཞིང་སྐྱི་ཁུག་ཀྱང་བརླག་པར་འགྱུར་ངེས༌པས། 38རྒུན་ཆང་གསར་པ་དེ་སྐྱི་ཁུག་གསར་པའི་ནང་དུ་བླུག་དགོས། 39ཡང་མི་སུ་ཡིན་ཡང་རྒུན་ཆང་རྙིང་བ་འཐུང་རྗེས་རྒུན་ཆང་གསར་པ་འཐུང་མི་འདོད༌པར། ཁོས་རྟག་ཏུ་རྒུན་ཆང་རྙིང་བ་ཞིམ་པོ་འདུག་ཅེས་ཟེར་ངེས་ཡིན་ཞེས་གསུངས༌སོ།།

ལུ་ཀ 6

ངལ་གསོ་བའི་ཉིན་གྱི་གཙོ་བོའི༌སྐོར།

1ངལ་གསོ་བའི་ཉིན་ཞིག་ལ་སྐྱབས་མགོན་ཡེ་ཤུ་ཞིང་བར་བརྒྱུད་ནས་ཕེབས་པ༌དང༌། ཁོང་གི་ཐུགས་སྲས་རྣམས་ཀྱིས་འབྲུ་ཡི་སྙེ་མ་བཏོགས་ཤིང་ལག་པས་འཕུར་འཕུར་བྱས་ནས་ཟོས་སོ།། 2ཕ་རུ་ཤི་པ་འགའ་ཞིག་ན༌རེ། ཁྱོད་ཅག་གིས་ཅིའི་ཕྱིར་ངལ་གསོ་བའི་ཉིན་ལ་བཀའ་ཁྲིམས་དང་འགལ་བའི་ལས་བྱེད་དམ་ཞེས་སྨྲས་པ༌ལ། 3སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། དཱ་བིད་འཁོར་དང་བཅས་པ་བཀྲེས་ལྟོགས་བྱུང་སྐབས་ཅི་ཞིག་བྱས་པ་ཁྱོད་རྣམས་ཀྱིས་བཀླགས་མ་མྱོང༌ངམ། 4ཁོང་ཉིད་དཀོན་མཆོག་གི་བཞུགས་གནས་སུ་སོང་ནས་སྤྱན་བསྟར་བག་ལེབ་ཟོས་ཤིང་འཁོར་གཡོག་རྣམས་ལའང་བྱིན། སྤྱིར་བག་ལེབ་དེ་མཆོད་དཔོན་ལས་གཞན་སུས་ཀྱང་ཟ་མི་རུང་ཞེས་གསུངས་པ༌དང༌། 5ཡང་འདི་སྐད༌དུ། མིའི་བུ་ནི་ངལ་གསོ་བའི་ཉིན་གྱི་གཙོ་བོ་ཡིན་ཞེས་གསུངས༌སོ།། 6ཡང་ངལ་གསོ་བའི་ཉིན་གཞན་ཞིག༌ལ། སྐྱབས་མགོན་ཡེ་ཤུ་ཆོས་ཁང་དུ་ཕེབས་ནས་ཆོས་གསུངས་པ༌ན། དེ་རུ་གཡས་ལག་ཞ་བའི་མི་ཞིག་ཡོད༌དེ། 7མཁན་པོ་དང་ཕ་རུ་ཤི་པ་རྣམས་ཀྱིས་ཁོང་ལ་སྙད་འཛུགས་པའི༌ཕྱིར། ཁོང་གིས་ངལ་གསོ་བའི་ཉིན་ལ་ནད་གསོ་མིན་ལ་བརྟག་ཆེད་ལྐོག་ནས་བལྟས་ཏེ་བསྡད་དོ།། 8འོན་ཀྱང་། སྐྱབས་མགོན་ཡེ་ཤུས་དེ་རྣམས་ཀྱི་བསམ་ཚུལ་མཁྱེན༌ཏེ། ལག་པ་ཡ་གཅིག་ཞ་བའི་མི་དེ་ལ་འདི་སྐད༌དུ། ཡར་ལོངས༌དང༌། དཀྱིལ་ནས་སྡོད་ཅིག་ཅེས་བཀའ་གནང༌ཞིང༌། མི་དེའང་ཡར་ལངས་ནས་བསྡད་དོ།། 9ཡང་སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། ངས་ཁྱོད་རྣམས་ལ་དྲི་བ་ཞིག་འདོན༌ཏེ། བཀའ་ཁྲིམས་ལྟར་ན་ངལ་གསོ་བའི་ཉིན་ལ་ལས་བཟང་པོ་བྱེད་ཆོག༌གམ་ཡང་ན་ལས་ངན་པ་བྱེད་ཆོག སྲོག་སྐྱོབ་ཆོག༌གམ་ཡང་ན་སྲོག་གཅོད་ཆོག་ཅེས་གསུངས་པ༌དང༌། 10ཡང་ཁོང་གིས་དེ་རྣམས་ལ་རིམ་གྱིས་གཟིགས་ཤིང་མི་ཞ་བོ་དེ་ལ་འདི་སྐད༌དུ། ཁྱོད་ཀྱིས་ལག་པ་རྐྱོངས་ཤིག་ཅེས་གསུངས་པ༌དང༌། ཁོས་ཀྱང་དེ་ལྟར་བྱས་ཤིང་ལག་པ་སོས་པར་གྱུར་ཏོ།། 11འོན་ཀྱང་། མཁན་པོ་དང་ཕ་རུ་ཤི་པ་རྣམས་ཤིན་ཏུ་ཁྲོས་ཏེ་སྐྱབས་མགོན་ཡེ་ཤུར་ཅི་ཞིག་བྱ་བར་གྲོས་བྱས༌སོ།།

སྐུ་ཚབ་པ་བཅུ་གཉིས་བདམས༌པ།

12དུས༌དེར། སྐྱབས་མགོན་ཡེ་ཤུ་རི་བོ་ཞིག་ཏུ་གསོལ་བ་འདེབས་སུ་ཕེབས་ཏེ་མཚན་གང་བོར་དཀོན་མཆོག་ལ་གསོལ་བ་བཏབ་ཅིང་བཞུགས་པ་རེད། 13ནམ་ལངས༌ཚེ། ཁོང་གིས་རྗེས་འབྲང་པ་རྣམས་རང་ཉིད་ཀྱི་དྲུང་དུ་བོས་པ་དང་དེ་ལས་མི་བཅུ་གཉིས་བདམས་ཤིང་དེ་རྣམས་ལ་སྐུ་ཚབ་པ་ཞེས་བཏགས་སོ།། 14དེ་རྣམས་ནི་ཁོང་གིས་པེ་ཏྲོ་ཞེས་བཏགས་པའི་སི་མོན་དང་དེའི་ནུ་བོ་ཨན་དྲི་ཡཱ༌དང༌། གཞན་ཡང་ཡ་ཀོབ་དང་ཡོ་ཧ༌ནན། ཕི་ལིབ་དང་པཱར་ཐོ་ལོ༌མཱ། 15མད་ཐཱ་དང་ཐོ༌མཱ། ཨལ་ཕཱའི་བུ་ཡ་ཀོབ་དང་བརྩོན་འགྲུས་ཅན་ཟེར་བའི་སི་མོན་དང༌། 16ཡ་ཀོབ་ཀྱི་བུ་ཡུ་དཱ་དང་ཕྱིས་སུ་ངོ་ལོག་པར་གྱུར་པའི་ཨི་སི་ཀར་རེའི་ཡུ་དཱ་བཅས༌སོ།།

བདེ་སྡུག་སྐོར་གྱི་ཆོས་གསུངས༌པ།

17-18ཁོང་རྣམས་རི་ལས་མར་ཕེབས་ཏེ་ཐང་བདེ་མོ་ཞིག་ཏུ་བཞུགས་པ༌དང༌། ཁོང་གི་རྗེས་འབྲང་པ་གཞན་མང་པོ་ཡོད༌ལ། མི་སེར་ཤིན་ཏུ་མང་པོ་ཞིག་ཀྱང༌ཡོད། དེ་དག་གིས་ཁོང་གི་ཆོས་ལ་ཉན་པ་དང་རང་རང་གི་ནད་གསོ་བའི་ཕྱིར། ཡ་ཧུ་དཱའི་ཡུལ་ཐམས་ཅད་དང་ཡེ་རུ་སཱ་ལེམ། རྒྱ་མཚོའི་འགྲམ་གྱི་གྲོང་ཁྱེར་ཐཱར་དང་ཚི་ཏུན་བཅས་ནས་འོངས་ཤིང༌། གདོན་འདྲེས་འཁྲིལ་བ་རྣམས་ཀྱང་ཡོང་ནས་ནད་ཐམས་ཅད་སོས་པར་གྱུར་ཏོ།། 19ཁོང་གི་སྐུ་ལས་ནུས་མཐུ་བྱུང་སྟེ་ཐམས་ཅད་སོས་པར་གྱུར༌པས། མི་ཀུན་གྱིས་ཁོང་ལ་རེག་པར་བསམས༌སོ།། 20སྐྱབས་མགོན་ཡེ་ཤུས་དབུ་ཡར་དགྱེ་ནས་རྗེས་འབྲང་པ་རྣམས་ལ་གཟིགས་ཏེ་འདི་སྐད༌དུ། ཁྱོད་ཅག་དབུལ་པོ་རྣམས༌བདེའོ། །དཀོན་མཆོག་གི་རྒྱལ་སྲིད་ནི་ཁྱོད་ཅག་གི་ཡིན་པས༌སོ།། 21ད་ལྟ་ཁྱོད་ཅག་བཀྲེས་ལྟོགས་མྱོང་བ་རྣམས༌བདེའོ། །ཁྱོད་ཅག་གི་ལྟོ་བ་འགྲང་ངེས་པས༌སོ། །ད་ལྟ་ཁྱོད་ཅག་ངུ་བ་རྣམས༌བདེའོ། །ཁྱོད་ཅག་དགོད་པར་འགྱུར་བའི་ཕྱིར༌རོ།། 22མི་རྣམས་ཀྱིས་མིའི་བུ་ཡི་དོན་དུ་ཁྱོད་ཅག་ལ་སྡང་ཞིང་རྩིས་མེད་གཏོང་བ༌དང༌། ཚིག་ངན་སྨྲ༌བ། ཁྱོད་ཅག་གི་མིང་ངན་པར་བརྩིས་ནས་སྤོང་བ་བཅས་བྱེད་ན་ཁྱོད་རྣམས༌བདེའོ།། 23ཉིན་དེའི་དུས༌སུ། ཁྱོད་ཅག་དགའ་བའི་ངང་ནས་མཆོང་ལྡིང་བྱོས༌ཤིག རྒྱུ་མཚན་ནི་ནམ་མཁའི་ཞིང་ཁམས་ནས་ཁྱོད་ཅག་ལ་བྱ་དགའ་ཆེན་པོ་ཡོད་པ་ཡིན། ཅིའི་ཕྱིར་ཞེ་ན། མི་དེ་དག་གི་མེས་པོ་རྣམས་ཀྱིས་ཀྱང་ལུང་སྟོན་པ་རྣམས་ལ་དེ་ལྟར་བྱས་མྱོང༌བའི་ཕྱིར་རོ།། 24འོན་ཀྱང་། ཁྱོད་ཅག་ཕྱུག་པོ་རྣམས་ལ་ཆག་སྒོ་འབྱུང་ངེས༌ཏེ། ད་ལྟ་ཁྱོད་ཅག་ལ་སེམས་གསོ་ཐོབ་ཟིན་པའི་ཕྱིར༌རོ།། 25ད་ལྟ་ཁྱོད་ཅག་ལྟོ་བ་འགྲངས་པ་རྣམས་ལ་ཆག་སྒོ་འབྱུང་ངེས༌ཏེ། ཁྱོད་ཅག་ལ་རྗེས་སུ་བཀྲེས་ལྟོགས་འབྱུང་བར་འགྱུར། ད་ལྟ་ཁྱོད་ཅག་དགོད་པ་རྣམས་ལ་ཆག་སྒོ་འབྱུང་ངེས༌ཏེ། ཕྱིས་སུ་ཁྱོད་ཅག་གིས་མྱ་ངན་བྱེད་ཅིང་ངུ་བར་འགྱུར། 26མི་ཀུན་གྱིས་ཁྱོད་ཅག་ལ་བསྟོད་པ་བྱེད་ན་ཁྱོད་ཅག་ལ་ཆག་སྒོ་འབྱུང་ངེས༌ཏེ། མི་དེ་དག་གི་མེས་པོ་རྣམས་ཀྱིས་ཀྱང་ལུང་སྟོན་པ་རྫུས་མ་རྣམས་ལ་དེ་ལྟར་བྱས་མྱོང་བའི་ཕྱིར་ཡིན་ཞེས་གསུངས༌སོ།།

དགྲ་ལ་བྱམས་པར་གདམས༌པ།

27ཡང་ཁོང་གིས་འདི་སྐད༌དུ། ངས་ཁྱོད་ཅག་ཉན་མཁན་རྣམས་ལ༌སྨྲ་བར་བྱ་སྟེ། ཁྱོད་ཅག་གིས་རང་གི་དགྲ་བོ་རྣམས་ལ་བྱམས་ཤིང་བརྩེ་བར༌གྱིས། ཁྱོད་ཅག་ལ་སྡང་མཁན་རྣམས་ལའང་ལས་བཟང་པོ་བྱོས༌དང༌། 28ཁྱོད་ཅག་ལ་སྡིགས་དམོད་བྱེད་མཁན་རྣམས་ཀྱི་དོན་དུའང་བྱིན་རླབས་ཞུས་ཤིག ཁྱོད་ཅག་ལ་གནོད་པ་བྱེད་མཁན་རྣམས་ཀྱི་ཆེད་དུའང་གསོལ་བ་ཐོབས༌ཤིག 29སུ་ཞིག་གིས་ཁྱོད་ཀྱི་འགྲམ་པ་གཅིག་ལ་འགྲམ་ལྕག་གཞུས་ན་འགྲམ་པ་གཞན་ཡང་དེ་ལ་སྟོན༌ཅིག སུ་ཞིག་གིས་ཁྱོད་ཀྱི་ཕྱི་གོས་འཕྲོག་པར་བྱེད་ན་ནང་གོས་ཀྱང་འཁྱེར་དུ༌ཆུག 30སུ་ཞིག་གིས་ཁྱོད་ལ་གང་ཞིག་སློང་བར་བྱེད་ན་དེ་ལ་བྱིན༌དང༌། སུ་ཞིག་གིས་ཁྱོད་ཀྱི་དངོས་པོ་འཕྲོག་ན། དེ་ལས་ཕྱིར་ལེན་པར་མི༌བྱའོ།། 31ཡང་ཁྱོད་ཅག་ལ་མི་གཞན་ལས་ཇི་ལྟར་འཐོབ་འདོད་པ་བཞིན་ཁྱོད་ཅག་གིས་ཀྱང་མི་གཞན་རྣམས་ལ་དེ་ལྟར་བྱོས༌དང༌། 32ཁྱོད་ཅག་གིས་རང་ལ་བྱམས་མཁན་རྣམས་ལ་བྱམས་པར་བྱེད༌ན། ཁྱོད་ཅག་ལ་དྲིན་ལན་ཅི་ལ༌འཐོབ། མི་སྡིག་ཅན་རྣམས་ཀྱིས་ཀྱང་རང་ལ་བྱམས་མཁན་རྣམས་ལ་བྱམས་པར་བྱེད་དོ།། 33ཡང་ཁྱོད་ཅག་གིས་རང་ལ་ལས་བཟང་པོ་བྱེད་མཁན་རྣམས་ལ་ལས་བཟང་པོ་བྱེད༌ན། ཁྱོད་ཅག་ལ་དྲིན་ལན་ཅི་ལ༌འཐོབ། མི་སྡིག་ཅན་རྣམས་ཀྱིས་ཀྱང་དེ་ལྟར་བྱེད་དོ།། 34ཁྱོད་ཅག་གིས་ཕྱིར་འཐོབ་པར་རེ་བ་བཅངས་ནས་མི་གཞན་ལ་བསྐྱིས་པ་ཡིན༌ན། ཁྱོད་ཅག་ལ་དྲིན་ལན་ཅི་ལ༌འཐོབ། གྲངས་ཀ་ལྟར་ཕྱིར་ལེན་པའི་ཆེད་དུ་སྡིག་ཅན་རྣམས་ཀྱིས་ཀྱང་སྡིག་ཅན་གཞན་ལ་བསྐྱིས་པ༌ཡིན། 35ཁྱོད་ཅག་གིས་རང་གི་དགྲ་བོ་རྣམས་ལ་བྱམས་ཤིང་ལས་བཟང་པོ་བྱོས༌དང༌། ཕྱིར་འཐོབ་པའི་རེ་བ་མི་འཛིན་པར་དེ་རྣམས་ལ་སྐྱིས༌ཤིག དཀོན་མཆོག་གིས་ཁྱོད་ཅག་ལ་བྱ་དགའ་ཆེན་པོ་གནང་ངེས་པ༌དང༌། བླ་ན་མེད་པའི་དཀོན་མཆོག་གི་བུ་དང་བུ་མོར་འགྱུར། རྒྱུ་མཚན་ནི་ཁོང་གི་བཀའ་དྲིན་མི་དྲན་པའི་མི་དང་མི་ངན་ལའང་ཁོང་གིས་ཐུགས་རྗེ་གནང་བས༌སོ།། 36བདག་ཅག་གི་ཡབ་ནི་བྱམས་སྙིང་རྗེ་ཅན་ཡིན་པ་བཞིན་ཁྱོད་ཅག་ཀྱང་སྙིང་རྗེ་ཅན་ཡིན་དགོས་ཞེས་གསུངས༌སོ།།

མི་གཞན་གྱི་མཚང་མི་འབྱིན་པའི༌སྐོར།

37ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་མི་གཞན་གྱི་མཚང་མ་འབྲུ་ཞིག ཁྱོད་ཅག་གི་མཚང་ཡང་མི་འབྱིན། ཁྱོད་ཅག་གིས་མི་གཞན་ལ་ཉེས་ཆད་མ་གཅོད་དང་། ཁྱོད་ཅག་ལའང་ཉེས་ཆད་མི་གཅོད། ཁྱོད་ཅག་གིས་མི་གཞན་ཐར་དུ༌ཆུག་དང་། ཁྱོད་ཅག་ཀྱང་ཐར་བར་མཛད་ངེས༌ཡིན། 38ཁྱོད་ཅག་གིས་མི་གཞན་ལ་བྱིན་དང་ཁྱོད་ཅག་ལའང་གནང་ངེས༌ཏེ། དཔེར་ན་བྲེ་བཟང་པོར་འབྲུ་རིགས་བྱུར་བུར་གཏམས་ཤིང་ཡང་ཡང་གནོན་བཅག་བྱས་ཏེ་སྤྲུགས་ནས་ཁྱོད་ཅག་གི་པང་དུ་བླུག་ངེས༌ཡིན། རྒྱུ་མཚན་ནི་ཁྱོད་ཅག་གིས་སྣོད་ཅི་ལྟ་བུ་ལས་མི་གཞན་ལ་བྱིན༌ན། སྣོད་དེ་ལྟ་བུ་ལས་ཁྱོད་ཅག་ལ་གནང་བར་འགྱུར་ཞེས་གསུངས༌སོ།། 39ཡང་སྐྱབས་མགོན་ཡེ་ཤུས་དཔེ་ལ་སྦྱར་ནས་འདི་སྐད༌དུ། ལོང་བས་ལོང་བ་ཞིག་ཁྲིད་ནས་འགྲོ་ཐུབ༌བམ། དེ་ལྟར་བྱས་ན་ལོང་བ་གཉིས་ཀ་དོང་ནང་དུ་ལྷུང་བ་མ་ཡིན༌ནམ། 40སློབ་བུ་ནི་རང་གི་སློབ་དཔོན་ལས་ཆེན་པོ་མ་ཡིན༌པར། ཡོན་ཏན་མཐར་ཕྱིན་པ་རྣམས་ཀྱང་རང་གི་སློབ་དཔོན་དང་འདྲ་བ་ཙམ་དུ་འགྱུར། 41ཁྱོད་ཀྱིས་རང་གི་སྤུན་ཟླའི་མིག་ནང་དུ་སྦུར་མ་ཡོད་པ་མཐོང༌ན། ཅིའི་ཕྱིར་རང་གི་མིག་ནང་དུ་གདུང་མ་ཡོད་པ་མི་མཐོང༌ངམ། 42ཁྱོད་ཀྱིས་རང་གི་མིག་ནང་དུ་ཡོད་པའི་གདུང་མ་མཐོང་མི་ཐུབ་ནའང་རང་གི་སྤུན་ཟླ་ལ་ངས་ཁྱོད་ཀྱི་མིག་ནང་དུ་ཡོད་པའི་སྦུར་མ་ལེན་པར་བྱེད་ཅེས་ཅི་ལྟར་སྨྲ་ནུས༌སམ། ཚུལ་འཆོས་པ་ཁྱོད་ཀྱིས་ཐོག་མར་རང་གི་མིག་ནང་དུ་ཡོད་པའི་གདུང་མ་ལོངས༌དང༌། དེ་ནས་རང་གི་མིག་ཟུང་གིས་གསལ་པོར་མཐོང་ཐུབ་པས། ད་གཟོད་རང་གི་སྤུན་ཟླའི་མིག་ནང་དུ་ཡོད་པའི་སྦུར་མ་ལེན་ནུས་པ་ཡིན་ཞེས་གསུངས༌སོ།།

ལྗོན་ཤིང་དང་འབྲས་བུའི༌སྐོར་གྱི་ཆོས་གསུངས་པ།

43ཡང་ཁོང་གིས་འདི་སྐད༌དུ། ལྗོན་ཤིང་བཟང་པོ་ལས་འབྲས་བུ་ངན་པ་མི་འབྱུང༌ལ། དེ་བཞིན་དུ་ལྗོན་ཤིང་ངན་པ་ལས་ཀྱང་འབྲས་བུ་བཟང་པོ་མི་འབྱུང༌། 44རྒྱུ་མཚན་ནི་ལྗོན་ཤིང་རེ་རེ་ནི་རང་གི་འབྲས་བུ་ལས་ག་འདྲ་ཡིན་པ་ཤེས་ཐུབ༌སྟེ། སྤྱིར་མི་སུས་ཀྱང་ཚེར་མ་ལས་བསེ་ཡབ་ཀྱི་འབྲས་བུ་འཐོག་མི་སྲིད༌ལ། ཚེར་མ་ལས་ཀྱང་རྒུན་འབྲུམ་འཐོག་མི་སྲིད། 45མི་བཟང་ཞིག་གིས་རང་སེམས་ཀྱི་བང་མཛོད་བཟང་པོ་ནས་དོན་བཟང་པོ་འདོན༌ཞིང༌། མི་ངན་ཞིག་གིས་རང་སེམས་ཀྱི་བང་མཛོད་ངན་པ་ནས་དོན་ངན་པ་འདོན། རྒྱུ་མཚན་ནི་སེམས་ལ་ཅི་ལྟ་བུས་བཀང༌ན། ངག་ལས་ཀྱང་དེ་ལྟ་བུ་སྨྲ་བ་ཡིན་ཞེས་གསུངས༌སོ།།

བཟོ་བ་མཁས་བླུན་གྱི༌དཔེ།

46ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཅག་ན༌རེ། ཀྱེ། གཙོ་བོ་ལགས་གཙོ་བོ་ལགས་ཞེས་ཞུས༌ཀྱང༌། བདག་གིས་སྨྲས་པ་བཞིན་དུ་མི་བྱེད་པའི་རྒྱུ་མཚན༌ཅི་ཡིན། 47སུ་ཞིག་བདག་གི་གམ་དུ་ཡོང་ནས་བདག་གི་བཀའ་ཐོས་ཤིང་དེ་བཞིན་དུ་བྱེད་པའི་མི་དེ་ནི་ག་འདྲ་ཡིན་པ་ངས་ཁྱོད་ཅག་ལ་སྟོན་པར་བྱའོ།། 48མི་དེ་ནི་ཁང་པ་བཟོ་མཁན་ཞིག་གིས་ས་གཏིང་ཟབ་མོར་བསློགས་ཤིང་རྡོ་ཕ་བོང་གི་སྟེང་དུ་རྨང་གཞི་བཏིངས་པ་དང༌འདྲ། དེ་ནས་ཆུ་ལོག་བྱུང་ཚེ་ཁང་པ་འདིའི་རྨང་གཞི་བརྟན་པོ་ཡིན་པས་གཡོ་བར་མི་འགྱུར། 49འོན་ཀྱང་། སུ་ཞིག་གིས་བདག་གི་བཀའ་ཐོས་ཀྱང་དེ་བཞིན་དུ་མི་བྱེད་པ་ནི་རྨང་གཞི་མ་བཏིངས་པར་ཁང་པ་ས་སྟེང་དུ་བརྩིགས་པའི་མི་དང༌འདྲ། དེ་ནས་ཆུ་ལོག་བྱུང་མ་ཐག་ཁང་པ་བརྡིབས་ཏེ་ཡོངས་སུ་བརླག་པ་ཡིན་ཞེས་གསུངས༌སོ།།

ལུ་ཀ 7

བརྒྱ་དཔོན་ཞིག་གི་དད་སེམས།

1སྐྱབས་མགོན་ཡེ་ཤུས་མི་རྣམས་ལ་གསུང་འདི་ཐམས་ཅད་གནང་རྗེས་ཀཱ་ཕར་ན་ཧུམ་དུ་ཕེབས་པ༌དང༌། 2གནས་དེར་བརྒྱ་དཔོན་ལ་རྩིས་འདང་ཆེ་བའི་གཡོག་པོ་ཞིག་ཡོད་པ་ལ་ནད་ལྕི་མོ་ཕོག་ནས་ཤི་ལ་ཉེ༌ཞིང༌། 3བརྒྱ་དཔོན་གྱིས་སྐྱབས་མགོན་ཡེ་ཤུའི་གནས་ཚུལ་ཐོས་ནས་ཁོང་ཉིད་ཕེབས་ཏེ་རང་གི་གཡོག་པོའི་སྲོག་སྐྱོབ་པའི༌ཕྱིར། ཡ་ཧུ་དཱའི་མི་རིགས་ཀྱི་དཔོན་རིགས་རྒན་པོ་འགའ་ཁོང་གི་དྲུང་དུ་མངགས་སོ།། 4ཁོ་རྣམས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་འབྱོར་ནས་ན༌རེ། ཁྱེད་ཀྱིས་བརྒྱ་དཔོན་ལ་དོན་འདི་མཛད་འོས༌ཏེ། 5ཁོས་རང་རེའི་མི་རྒྱུད་ལ་བྱམས་ཤིང་བརྩེ་བ་དང་ཆོས་ཁང་ཡང་བཞེངས་པའི་ཕྱིར་རོ་ཞེས་ཞུ་བ་ནན་གྱིས་ཞུས༌པས། 6སྐྱབས་མགོན་ཡེ་ཤུ་ཡང་དེ་དག་དང་མཉམ་དུ་ལམ་ལ་ཆས༌པ་དང་། བརྒྱ་དཔོན་གྱི་ཁྱིམ་དང་ཉེ་བའི་དུས༌སུ། བརྒྱ་དཔོན་གྱིས་གྲོགས་འགའ་ཁོང་གི་དྲུང་དུ་མངགས་ཤིང་ཁོང་ལ་ན༌རེ། ཇོ་བོ༌ལགས། ཁྱེད་ལ་འོ་བརྒྱལ་མི་བཟོ་བར༌ཞུ། ཁྱེད་ཉིད་ཕྲན་ཆུང་བདག་ལྟ་བུ་ཞིག་གི་ཁྱིམ་དུ་ཕེབས་ན་ང་རང་མི་འོས། 7དེའི་རྐྱེན་གྱིས་ང་རང་ཁྱེད་ཀྱི་སྐུ་དྲུང་དུ་སོང་ནས་ཁྱེད་ལ་མཇལ་ནའང་མི་འོས་པར་སྙམ་མོ།། འོན་ཀྱང་ཁྱེད་ཀྱིས་བཀའ་ཞིག་གནང་བར་མཛོད༌དང༌། བདག་གི་གཡོག་པོའི་ནད་བསལ་ངེས༌ཡིན། 8ང་རང་ཡང་གཞན་གྱི་དབང་འོག་ཏུ་ཡོད་པའི་མི་ཞིག་ཡིན་ཞིང་ངའི་དབང་འོག་ཏུའང་དམག་མི་ཡོད༌དེ། ངས་མི་འདིར་སོང་ཞིག་ཅེས་བཤད་ན་ཁོ་ཕར་འགྲོ་དགོས༌ཤིང༌། མི་གཞན་ལ་ཤོག་ཅིག་ཅེས་བཤད་ན་ཁོ་འདིར་ཡོང་བ༌ཡིན། ཡང་བདག་གིས་གཡོག་པོར་ལས་ཀ་འདི་སྒྲུབས་ཤིག་ཅེས་བཤད་ན་ཁོས་ཀྱང་བསྒྲུབ་པར་འགྱུར་ཞེས་ཞུས༌སོ།། 9སྐྱབས་མགོན་ཡེ་ཤུས་གཏམ་དེ་གསན་ནས་ཡ་མཚར་སྐྱེས༌ཏེ། ཕྱིར་འཁོར་ནས་རང་གི་རྗེས་སུ་འབྲངས་པའི་མི་རྣམས་ལ་འདི་སྐད༌དུ། བདག་གིས་ཁྱོད་ཅག་ལ་སྨྲ་བར༌བྱ་སྟེ། བདག་གིས་ཡེས་ར་ཨེལ་མི་རིགས་ལས་ཀྱང་འདི་འདྲའི་དད་སེམས་ཆེན་པོ་ཅན་ཞིག་མཐོང་མ་མྱོང་ཞེས་གསུངས་སོ།། 10དེ་ནས་མངགས་འོངས་པའི་མི་རྣམས་ཕྱིར་བརྒྱ་དཔོན་གྱི་ཁྱིམ་དུ་ལོག་པ༌ན། གཡོག་པོའི་ནད་སོས་ཟིན་པ་མཐོང༌ངོ༌།།

ཡུགས་མོའི་བུ་སླར་གསོན་པར་མཛད༌པ།

11དེ་ནས་ཅང་མ་འགོར༌བར། སྐྱབས་མགོན་ཡེ་ཤུ་དང་ཐུགས་སྲས་རྣམས་དང་མི་ཧ་ཅང་མང་པོ་ལྷན་དུ་ནཱ་ཨིན་གྲོང་ཁྱེར་དུ་ཕེབས༌ཤིང༌། 12ཁོང་རྣམས་གྲོང་ཁྱེར་གྱི་མཁར་སྒོར་སླེབས་པའི༌ཚེ། ཡུགས་མོ་ཞིག་ལ་བུ་གཅིག་པུ་ཡོད་པ་ཤི༌སྟེ། གྲོང་ཁྱེར་དེའི་མི་མང་པོས་ཁོ་མོ་དང་མཉམ་དུ་བེམ་པོ་ཕྱི་རུ་སྐྱེལ་བཞིན་ཡོད་པ༌དང༌། 13གཙོ་བོས་ཡུགས་མོ་དེ་མཐོང་ནས་སྙིང་རྗེ་དགོངས་ཏེ་མ་ངུའོ་ཞེས་གསུངས་པ༌དང༌། 14ཁོང་ཉིད་ཁྱོགས་ཤིང་གི་གམ་དུ་ཕེབས་ཤིང་དེར་ཕྱག་གིས་རེག་པ་དང་འཁུར་མཁན་རྣམས་ཀྱང་བསྡད། ཁོང་གིས་འདི་སྐད༌དུ། ཀྱེ། གསར༌བུ། ངས་ཁྱོད་ལ་སྨྲ་བར༌བྱ་སྟེ། ཡར་ལོངས་དང་ཞེས་གསུངས་པ༌ན། 15གཤིན་པོ་དེ་སླར་གསོན་ཞིང་ཡར་ལངས་ནས་སྐད་ཆ་སྨྲས་སོ།། ཁོང་གིས་མི་དེ་ཕྱིར་རང་གི་མ་ལ་སྤྲད་དོ།། 16མི་ཐམས་ཅད་ངོ་མཚར་སྐྱེས་ཏེ་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་ཅིང་ཕན་ཚུན་ལ་ན༌རེ། ལུང་སྟོན་པ་ཆེན་པོ་ཞིག་བདག་ཅག་གི་ཁྲོད་ནས་བྱུང༌བ་རེད། དཀོན་མཆོག་གིས་རང་གི་མི་རྒྱུད་རྣམས་ལ་གཟིགས་སྐྱོང་མཛད་དོ་ཞེས་སྨྲས༌ཤིང་། 17སྐྱབས་མགོན་ཡེ་ཤུའི་དོན་དེ་ཡ་ཧུ་དཱའི་ཡུལ་དང་མཐའ་འཁོར་གྱི་ས་ཆ་ཀུན་ལ་ཁྱབ༌བོ།།

ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་དྲི༌བ།

18ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སློབ་མ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུའི་དོན་དེ་ཐམས་ཅད་ཡོ་ཧ་ནན་ལ་སྨྲས༌པས། 19ཁོས་རང་གི་སློབ་མ་གཉིས་བོས་ནས་གཙོ་བོའི་དྲུང་དུ་མངགས་ཏེ། མ་འོངས་པར་ཕེབས་ངེས་པ་དེ་ཉིད་ནི་ཁྱེད་རང་ཡིན༌ནམ། ཡང་ན་ངེད་ཅག་གིས་ད་དུང་གཞན་ཞིག་ལ་བསྒུག་དགོས་སམ་ཞེས་ཞུས་པ་ཡིན། 20སློབ་མ་དེ་གཉིས་ཀྱང་ཁོང་གི་དྲུང་དུ་སོང་ནས་ན་རེ། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་ངེད་གཉིས་མངགས་ཏེ། མ་འོངས་པར་ཕེབས་ངེས་པ་དེ་ཉིད་ནི་ཁྱེད་རང་ཡིན༌ནམ། ཡང་ན་ངེད་ཅག་གིས་ད་དུང་གཞན་ཞིག་ལ་བསྒུག་དགོས་སམ་ཞེས་ཁོང་ལ་ཞུས་སོ།། 21དུས་དེར་སྐྱབས་མགོན་ཡེ་ཤུས་ནད་རིགས་སྣ་ཚོགས་འཇོམས་པ༌དང་། གནོད་སྐྱོན་བསལ་བ། གདོན་འདྲེ་ཕྱིར་བསྐྲད༌པ། ལོང་བ་མང་པོར་མཐོང་བར་མཛད། 22ཁོང་གིས་དེ་གཉིས་ལ་དྲིས་ལན་དུ། ཁྱོད་གཉིས་ཕྱིར་སོང༌ཞིག ལོང་བའི་མིག་གིས་མཐོང་ཞིང་གྱོལ་པོ་རྣམས་འགྲོ་བ༌དང༌། མཛེ་ནད་བསལ་ཞིང་འོན་པའི་རྣ་བས་ཐོས་པ༌དང༌། གཤིན་པོ་རྣམས་ཀྱང་སླར་གསོན་པོར་གྱུར་པ༌དང༌། དབུལ་འཕོངས་རྣམས་ལ་འཕྲིན་བཟང་བསྒྲགས་པ་སོགས་ཁྱོད་གཉིས་ཀྱི་མཐོང་ཐོས་དེ་རྣམས་ཡོ་ཧ་ནན་ལ་ཤོད༌ཅིག 23བདག་གི་རྐྱེན་གྱིས་དད་པ་མི་ཉམས་པ་རྣམས་བདེའོ་ཞེས་གསུངས༌སོ།། 24ཡོ་ཧ་ནན་གྱིས་མངགས་པའི་མི་དེ་གཉིས་ཕྱིར་སོང༌རྗེས། སྐྱབས་མགོན་ཡེ་ཤུས་ཡོ་ཧ་ནན་གྱི་གནས་ཚུལ་སྐོར་མི་ཚོགས་ལ་འདི་ལྟར་གསུངས་པ་སྟེ། དེ་སྔོན་ཁྱོད་རྣམས་དབེན་སྟོང་དུ་ཅི་ཞིག་ལ་བལྟ་རུ་སོང༌ངམ། རླུང་གིས་གཡོས་པའི་འདམ་རྩྭ་ཞིག་ལ་བལྟ་རུ་སོང་བ་ཡིན༌ནམ། 25ཡང་ན་སྲབ་ཅིང་འཇམ་པའི་གོས་ཆེན་གྱོན་པའི་མི་ཞིག་ལ་བལྟ་རུ་སོང༌ངམ། ལུས་ལ་གོས་ཆེན་གྱོན་ཞིང་ཟས་ནོར་ལོངས་སྤྱོད་ལ་བདེ་བར་རོལ་བའི་མི་རྣམས་ནི་རྒྱལ་པོའི་ཕོ་བྲང་དུ་ཡོད་པ་ཡིན། 26འོ་ན་ཁྱོད་ཅག་གནས་དེར་ཅི་ཞིག་ལ་བལྟ་རུ་སོང་བ་ཡིན༌ནམ། ཡང་ན་ལུང་སྟོན་པ་ཞིག་ལ་བལྟ་རུ་སོང༌ངམ། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱའོ།། དེ་ལགས༌སོ། །ཡོ་ཧ་ནན་ནི་ལུང་སྟོན་པ་ལས་མཆོག་ཏུ་གྱུར་པ་ཡིན། 27དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཞེས་བཀོད་པ་དེ་ནི་ཁོའི་སྐོར་ཡིན༌ནོ།། 28བདག་གིས་ཁྱོད་ཅག་ལ་སྨྲ་བར༌བྱ་སྟེ། མ་ཡིས་བཙས་པ་ཐམས་ཅད་ཀྱི་ཁྲོད་ནས་ཁྲུས་གསོལ་མཁན་ཡོ་ཧ་ནན་ལས་མཆོག་ཏུ་གྱུར་པ་གཅིག་ཀྱང་མེད། འོན་ཀྱང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ནང་དུ་ཐམས་ཅད་ལས་ཆུང་བ་དེའང་ཡོ་ཧ་ནན་ལས་ཆེ་བ་ཡིན་ཞེས་གསུངས༌པ་དང་། 29མི་སེར་དང་ཁྲལ་ལེན་མཁན་རྣམས་ཡོ་ཧ་ནན་གྱི་དྲུང་དུ་ཁྲུས་གསོལ་ལ་ཞུགས་མྱོང་བས་ཁོ་ཚོས་སྐྱབས་མགོན་ཡེ་ཤུའི་གསུང་དེ་ཐོས༌རྗེས། དཀོན་མཆོག་ནི་བདེན་ཅིང་ཡང་དག་པར་ཁས་བླངས་པ་ཡིན་མོད། 30འོན་ཀྱང་། ཕ་རུ་ཤི་པ་དང་བཀའ་ཁྲིམས་ཀྱི་མཁས་པ་རྣམས་ཡོ་ཧ་ནན་གྱི་དྲུང་དུ་ཁྲུས་གསོལ་ལ་ཞུགས་མ་མྱོང༌བས། རང་གི་ཆེད་དུ་དཀོན་མཆོག་གི་ཐུགས་དགོངས་རིང་དུ་དོར་བ་ཡིན། 31ཡང་འདི་སྐད༌དུ། དེས་ན་བདག་གིས་དུས་རབས་འདིའི་མི་རྣམས་ནི་གང་ཞིག་ལ་བསྡུར་བར༌བྱའམ། དེ་དག་ནི་ཅི་ཞིག་དང་མཚུངས་པ་ཡིན༌ནམ། 32དེ་དག་ནི་ཁྲོམ་སྲང་དུ་སྡོད་པའི་བྱིས་པ་རྣམས་ཕན་ཚུན་ལ་ན༌རེ། ངེད་ཅག་གིས་གླིང་བུ་བུས་ཀྱང་ཁྱོད་རྣམས་བྲོ་མི་འཁྲབ། ངེད་ཅག་གིས་སྐྱོ་གླུ་བླངས་ཀྱང་ཁྱོད་རྣམས་ངུ་བ་མིན་ཞེས་ཟེར་བ་དང༌འདྲའོ།། 33རྒྱུ་མཚན་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་ཡོང་ནས་བག་ལེབ་མ་ཟོས་ལ་རྒུན་ཆང་ཡང་མ་འཐུངས༌མོད། འོན་ཀྱང་ཁྱོད་ཅག་གིས་མི་འདི་གདོན་འདྲེས་བཟུང་འདུག་ཅེས་ཟེར་བ༌དང༌། 34ཡང་མིའི་བུ་ཕེབས་ཏེ་བཟའ་བཏུང་ལོངས་སུ་སྤྱོད༌ཀྱང༌། ཁྱོད་ཅག་ན༌རེ། ལྟོས༌དང༌། མི་འདི་ནི་ཤ་ཆང་ལ་རྔམ་པ་ཞིག་ཡིན༌ལ། ཁྲལ་ལེན་མཁན་དང་སྡིག་ཅན་རྣམས་ཀྱི་གྲོགས་པོ་ཡིན་ཟེར་མོད། 35འོན་ཀྱང་། ཤེས་རབ་ཀྱི་བུ་རྣམས་ཀྱིས་ཤེས་རབ་ནི་བདེན་ཅིང་ཡང་དག་པ་ཡིན་པར་ར་སྤྲོད་བྱེད་ཅེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུའི་ཞབས་ལ་སྤོས་ཆུ་བྱུགས༌པ།

36ཡང་ཕ་རུ་ཤི་པ་ཞིག་གིས་སྐྱབས་མགོན་ཡེ་ཤུ་གདན་དྲངས༌ཤིང༌། ཁོང་ཉིད་ཀྱང་དེའི་ཁྱིམ་དུ་ཕེབས་པ་དང་གྲལ་ལ་བཞུགས་སོ།། 37གནས་ཚུལ་དེ་གྲོང་ཁྱེར་དེ་རུ་ཡོད་པའི་བུད་མེད་སྡིག་ཅན་ཞིག་གིས་ཤེས༌ནས། སྤོས་ཆུས་གང་བའི་རྡོ་ཀ་མ་རུའི་བུམ་པ་ཞིག་ཁྱེར་ཡོང༌སྟེ། 38སྐྱབས་མགོན་ཡེ་ཤུའི་སྐུ་རྒྱབ་ནས་ལངས་པ་དང་། ཡང་ཁོང་གི་ཞབས་དྲུང་དུ་ངུས་ཤིང་མིག་ཆུས་ཁོང་གི་ཞབས་བརླན་པར་བྱས་པ༌དང༌། ཁོ་མོས་རང་གི་སྐྲས་ཁོང་གི་ཞབས་ཕྱིས་ཤིང་འོ་ཡང་ཡང་བྱས་ཏེ་སྤོས་ཆུ་བྱུགས་སོ།། 39སྐྱབས་མགོན་ཡེ་ཤུ་གདན་དྲངས་པའི་ཕ་རུ་ཤི་པ་དེས་དོན་དེ་མཐོང༌ནས། གལ་ཏེ་མི་འདི་ནི་ལུང་སྟོན་པ་ཞིག་ཡིན་ན་ཁོང་ལ་རེག་པའི་བུད་མེད་འདི་ནི་སུ་དང་ག་འདྲ་ཞིག་ཡིན་པ༌དང༌། ཐ་ན་སྡིག་ཅན་ཞིག་ཡིན་པའང་མཁྱེན་ནུས་པ་ཡིན་བསམས་པའོ།། 40སྐྱབས་མགོན་ཡེ་ཤུས་ཕ་རུ་ཤི་པ་དེ་ལ་འདི་སྐད༌དུ། སི༌མོན། བདག་གིས་ཁྱོད་ལ་དོན་ཞིག་སྨྲ་བར་བྱའོ་ཞེས་གསུངས༌ཤིང༌། ཁོས་ཀྱང་སློབ་དཔོན་ལགས་གསུང་རོགས་ཞུ་ཞེས་ཞུས་པ༌དང༌། 41ཡང་ཁོང་གིས་འདི་སྐད༌དུ། དེ་ཡང་བུན་བདག་ཞིག་ལ་བུ་ལོན་པ་གཉིས་ཡོད༌དེ། གཅིག་གིས་དངུལ་སྒོར་ལྔ་བརྒྱ་དང་ཅིག་ཤོས་ཀྱིས་དངུལ་སྒོར་ལྔ་བཅུའི་བུ་ལོན་ཆད་ཡོད༌ནའང༌། 42མི་དེ་གཉིས་ཀྱིས་བུ་ལོན་འཇལ་མ་ཐུབ༌པས། བུན་བདག་གིས་སྙིང་རྗེ་སྐྱེས་ནས་མི་དེ་གཉིས་ཀྱི་བུ་ལོན་མེད་པར་བྱས་སོ།། དེས་ན་མི་དེ་གཉིས་ལས་སུ་ཞིག་གིས་ཁོ་ལ་ལྷག་པར་གཅེས་སམ་ཞེས་གསུངས་པ༌ལ། 43སི་མོན་གྱིས་བུ་ལོན་མང་པོ་མེད་པར་བྱས་པ་དེས་ཁོ་ལ་ལྷག་ཏུ་གཅེས་སོ་སྙམ་ཞེས་ཞུས༌ཤིང༌། སྐྱབས་མགོན་ཡེ་ཤུས་ཁྱོད་ཀྱིས་སྨྲས་པ་ལེགས་སོ་ཞེས་གསུངས་པ༌དང༌། 44ཡང་ཞལ་ཕྱིར་འཁོར་ཏེ་བུད་མེད་དེར་གཟིགས་ནས་སི་མོན་ལ་འདི་སྐད༌དུ། ཁྱོད་ཀྱིས་བུད་མེད་འདི་མཐོང་བྱུང༌ངམ། ང་རང་ཁྱོད་ཀྱི་ཁྱིམ་དུ་ཡོང་ནའང་ཁྱོད་ཀྱིས་ང་རང་ལ་རྐང་པ་འཁྲུད་བྱེད་ཀྱི་ཆུ་ཡང་མ་བླུགས༌མོད། འོན་ཀྱང་ཁོ་མོའི་མིག་ཆུས་བདག་གི་རྐང་པ་བརླན་ཞིང་སྐྲ་ཡིས་ཕྱིས། 45ཡང་ཁྱོད་ཀྱིས་བདག་ལ་འོ་མ་བྱས༌ཀྱང༌། ཁོ་མོས་ང་རང་འདིར་ཡོང་བ་ནས་བཟུང་བདག་གི་རྐང་པར་མཚམས་མེད་པར་འོ་བྱས། 46ཡང་ཁྱོད་ཀྱིས་བདག་གི་མགོར་སྣུམ་གྱིས་མ་བྱུགས༌ནའང༌། ཁོ་མོས་བདག་གི་རྐང་པར་སྤོས་ཆུ་བྱུགས་སོ།། 47དེའི༌ཕྱིར། བདག་གིས་ཁྱོད་ལ་སྨྲ་བར་བྱ༌སྟེ། ཁོ་མོས་བདག་ལ་ཤིན་ཏུ་གཅེས་པས། ཁོ་མོར་སྡིག་པ་མང་པོ་ཡོད་ཀྱང་ཐམས་ཅད་བསལ་བ་ཡིན། འོན་ཀྱང་སུ་ཡི་སྡིག་པ་ཉུང་ངུ་བསལ་བ་དེས་ཉུང་ངུ་ཞིག་གཅེས་པ་ཡིན་ཞེས་གསུངས་སོ།། 48དེ་ནས་ཁོང་གིས་བུད་མེད་དེ་ལ་ཁྱོད་ཀྱི་སྡིག་པ་བསལ་བ་ཡིན་ཞེས་གསུངས་པ༌ན། 49ཁོང་དང་མཉམ་དུ་བཟའ་བཏུང་སྤྱད་ནས་སྡོད་པའི་མི་རྣམས་ཀྱི་སེམས་སུ་མི་འདི་ནི་སུ་ཡིན༌ནམ། ཁོང་གིས་སྡིག་པའང་བསལ་བ་ཡིན་ཞེས་བསམས་སོ།། 50ཡང་སྐྱབས་མགོན་ཡེ་ཤུས་བུད་མེད་དེ་ལ་འདི་སྐད༌དུ། ཁྱོད་ཀྱི་དད་པས་ཁྱོད་རང་བསྐྱབས་པ་ཡིན། བདེ་བའི་ངང་ནས་ཕྱིར་སོང་ཞིག་ཅེས་གསུངས༌སོ།།

ལུ་ཀ 8

བུད་མེད་རྗེས་འབྲང་པའི༌སྐོར།

1ཡུན་རིང་མ་འགོར༌བར། སྐྱབས་མགོན་ཡེ་ཤུ་གྲོང་ཁྱེར་དང་གྲོང་སྡེ་སོ་སོར་ཕེབས་ནས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་བསྒྲགས་ཤིང་སྤེལ་ལོ།། ཁོང་དང་ལྷན་དུ་ཐུགས་སྲས་བཅུ་གཉིས་ཡོད༌ལ། 2དེ་སྔར་གདོན་འདྲེས་བཟུང་བ་དང་ནད་ཀྱིས་མནར་བ་ལས་ཐར་བའི་བུད་མེད་འགའ་ཡང་མཆིས། དེ་དག་ནི་གདོན་འདྲེ་བདུན་ཕྱིར་སྤྲད་ཟིན་པའི་མཱག་རྡལ་གྱི་མིར་ཡམ༌དང༌། 3ས་གནས་དཔོན་པོ་ཧེ་རོ་དཱའི་གཉེར་པ་ཀུ་སཱའི་ཆུང་མ་ཡོ་ཨན་ནཱ༌དང༌། གཞན་ཡང་སི་སན་ནཱ་སོགས་བུད་མེད་མང་པོ་ཡོད༌དེ། ཁོ་མོ་རྣམས་ཀྱིས་རང་གི་རྒྱུ་ནོར་སྤྱད་ནས་ཁོང་རྣམས་ལ་རྒྱབ་རོགས་བྱས༌སོ།། 4གྲོང་རྡལ་སོ་སོ་ནས་མི་རྣམས་སྐྱབས་མགོན་ཡེ་ཤུར་མཇལ་དུ་ཡོང་སྟེ་མི་ཤིན་ཏུ་མང་པོ་འཛོམས་པ༌ན། ཁོང་གིས་དཔེའི་སྒོ་ནས་འདི་སྐད༌དུ། 5ཞིང་འདེབས་མཁན་ཞིག་ཕྱི་རོལ་ཏུ་ཞིང་འདེབས་སུ་སོང་བ༌དང༌། ས་བོན་གཏོར་དུས། ས་བོན་ཁ་ཤས་ལམ་ཁར་ཐོར་བ་རྐང་པས་བརྫིས་ཤིང་ནམ་མཁའི་བྱ་ཡིས་ཟོས། 6ས་བོན་ཁ་ཤས་ས་ཉུང་སའི་རྡོ་གསེབ་ཏུ་ཐོར་ཞིང་ཡར་སྐྱེས་པ་ན་བརླན་གཤེར་མེད་པས་བསྐམས། 7ས་བོན་ཁ་ཤས་ཚེར་མའི་གསེབ་ལ་ཐོར་ཞིང་ཚེར་མ་དང་མཉམ་དུ་སྐྱེས་པས་ཚེར་མས་མནན། 8ཡང་ས་བོན་ཁ་ཤས་ས་གཤིན་ནང་དུ་ཐོར་ཞིང་ཆེར་སྐྱེས་ཏེ་འབྲས་བུ་ལྡབ་བརྒྱ་སྨིན་པ་ཡིན་ཞེས་གསུང་བཞིན་སྐད་ཆེན༌པོས། རྣ་བ་ཡོད་པ་ཐམས་ཅད་ཀྱིས་གཏམ་འདིར་ཉོན་ཅིག་ཅེས་གསུངས༌སོ།། 9ཐུགས་སྲས་རྣམས་ཀྱིས་ཁོང་ལ་དཔེ་དེའི་དོན་ཅི་ཡིན་ཞེས་ཞུས་པ༌ན། 10ཁོང་གིས་དེ་རྣམས་ལ་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་རྣམས་ནི་ཁྱོད་ཅག་ལ་ཤེས་སུ་འཇུག་པ་ཡིན་ཡང༌། མི་གཞན་རྣམས་ལ་དཔེ་རུ་བཀོད་ནས་བརྗོད་པ་ཡིན། དེ་ནི་མི་དེ་རྣམས་ཀྱིས་མིག་གིས་བལྟས་ཀྱང་མི་མཐོང་བ་དང་རྣ་བས་ཐོས་ཀྱང་དོན་མི་རྟོགས་པའི་ཕྱིར་ཡིན་ཞེས་གསུངས་སོ།། 11ཡང་ཁོང་གིས་དཔེ་དེའི་དོན་འདི་ལྟ༌སྟེ། ས་བོན་ནི་དཀོན་མཆོག་གི་བཀའ་ཡིན། 12ས་བོན་ལམ་ཁར་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས༌ནའང༌། བདུད་ཡོང་ནས་དད་པ་མི་བྱེད་ཅིང་ཐར་པའང་མི་འཐོབ་པའི༌ཕྱིར། མི་དེ་རྣམས་ཀྱི་སེམས་ལས་བཀའ་ཕྲོགས་ཏེ་ཁྱེར་སོང་བ་རྣམས་ཡིན། 13དེ་བཞིན་དུ་ས་ཉུང་སའི་རྡོ་གསེབ་ཏུ་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་ཚེ་དགའ་ཞིང་དང་དུ་བླངས༌ནའང༌། སེམས་སུ་རྩ་བ་མ་རྒྱས་པས་དུས་ཡུན་ཐུང་ངུ་ལ་དད་པ་བྱེད་ཀྱང་ཉམས་ཚོད་དང་འཕྲད་དུས་དད་པ་ལོག་པ་རྣམས་ཡིན། 14ཡང་ཚེར་མའི་གསེབ་ལ་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་ཀྱང་རིམ་གྱིས་ཚེ་འདིའི་སེམས་ཁུར༌དང༌། རྒྱུ་ནོར་དང་འདོད་ཡོན་ལ་ཆགས་པའི་དབང་གིས་བཀའ་མནན་ཏེ་རང་སེམས་སུ་འབྲས་བུ་སྨིན་མ་ཐུབ་པ་རྣམས་ཡིན། 15ཡང་ས་གཤིན་ནང་དུ་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་ཏེ། གཞུང་རྒྱུད་དྲང་ཞིང་ངང་རྒྱུད་བཟང་པོའི་ངང་ནས་སེམས་སུ་དམ་པོར་བཟུང་ཞིང་བཟོད་བསྲན་གྱིས་འབྲས་བུ་སྨིན་དུ་འཇུག་པ་རྣམས་ཡིན་ཞེས་གསུངས༌སོ།།

སྒྲོན་མེའི༌དཔེ།

16ཡང་ཁོང་གིས་འདི་སྐད༌དུ། མི་སུས་ཀྱང་སྒྲོན་མེ་བསྒྲོན་རྗེས་སྣོད་ཀྱིས་མི་འགེབས༌ལ། མལ་ཁྲིའི་འོག་ཏུའང་མི་འཇོག༌པར། ནང་དུ་ཡོང་བའི་མི་རྣམས་ཀྱིས་འོད་མཐོང་བའི་ཕྱིར་སྒྲོན་སྟེགས་སྟེང་དུ་འཇོག་པ་ཡིན་ནོ།། 17རྒྱུ་མཚན་ནི་སྦས་པའི་དོན་ཐམས་ཅད་མི་མངོན་པ་ཅི་ཡང་མེད༌ལ། གསང་བའི་དོན་ཐམས་ཅད་ཀྱང་མངོན་པར་མི་འགྱུར་བའམ་མི་ཤེས་པ་ཅི་ཡང་མེད། 18དེའི༌ཕྱིར། ཁྱོད་ཅག་གིས་ཅི་ལྟར་ཉན་པ་ལ་གཟབ་པར༌གྱིས། རྒྱུ་མཚན་ནི་སུ་ཞིག་ལ་ཡོད་པ་དེ་ལ་ད་དུང་ཡང་གནང་ངེས༌ཤིང༌། སུ་ཞིག་ལ་མེད་པ་དེ་ལས་རང་ལ་ཡོད་འདོད་པ་དེའང་ཕྱིར་ལེན་པར་འགྱུར་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུའི་ཡུམ་དང་ཁོང་གི་སྐུ་མཆེད༌སྐོར།

19སྐྱབས་མགོན་ཡེ་ཤུའི་ཡུམ་དང་ཁོང་གི་སྐུ་མཆེད་རྣམས་ཁོང་ལ་མཇལ་དུ་ཡོང༌ནའང༌། གནས་དེར་མི་མང་པོ་འཛོམས་པས་ཁོང་གི་དྲུང་དུ་འགྲོ་མ་ཐུབ། 20མི་ཞིག་གིས་ཁོང་ལ་ཁྱེད་ཀྱི་ཡུམ་དང་སྐུ་མཆེད་རྣམས་ཐོན་ཏེ་ཕྱི་རོལ་ཏུ་ལངས་བསྡད་ཡོད༌ལ། ཁྱེད་ལ་མཇལ་འདོད་ཟེར་ཞེས་ཞུས་སོ།། 21འོན་ཀྱང་། ཁོང་གིས་དེ་རྣམས་ལ་འདི་སྐད༌དུ། དཀོན་མཆོག་གི་བཀའ་ལ་ཉན་ཞིང་དེ་ལྟར་བྱེད་པ་རྣམས་ནི་བདག་གི་མ་དང་སྤུན་རྣམས་ཡིན་ཞེས་གསུངས༌སོ།།

རླུང་ཤུགས་དང་མཚོ་རླབས་ཞི་བར་མཛད༌པ།

22ཡང་ཉིན་ཞིག༌ལ། སྐྱབས་མགོན་ཡེ་ཤུ་དང་ཐུགས་སྲས་རྣམས་མཚོ་གྲུར་བསྡད༌ཅིང༌། ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ངེད་ཅག་མཚོའི་ཕ་རོལ་ཏུ་འགྲོའོ་ཞེས་གསུངས་ཤིང་ཁོ་རྣམས་ཀྱིས་གྲུ་གཏོང་འགོ་བརྩམས། 23མཚོ་གྲུ་མདུན་དུ་སྐྱོད་བཞིན་པའི་དུས་སུ་སྐྱབས་མགོན་ཡེ་ཤུ་མནལ་ལ་གཟིམས། གློ་བུར༌དུ། མཚོ་ཐོག་ནས་རླུང་ཆེན་གཡུགས་ཤིང་མཚོ་གྲུའི་ནང་དུ་ཆུས་འགེང་བཞིན་སྣུབ་ཉེན་ཆེ་བའི་སྐབས༌སུ། 24ཐུགས་སྲས་རྣམས་ཡོང་ནས་སྐྱབས་མགོན་ཡེ་ཤུ་གཟིམས་ལས་བསླངས༌ཏེ། སྟོན་པ༌ལགས། སྟོན་པ་ལགས། བདག་ཅག་འཆི་ལ་ཉེའོ་ཞེས་ཞུས་པ༌ན། ཁོང་ཡར་བཞེངས་ཏེ་རླུང་དང་རྦ་རླབས་ལ་བཀའ་བཀྱོན་མཛད༌པས། མཚོ་རླུང་གཡུག་མཚམས་ཆད་ཅིང་རྦ་རླབས་ཞི་བར་གྱུར་ཏོ།། 25ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གི་དད་སེམས་གང་ན་ཡོད་ཅེས་གསུངས་པ༌དང༌། དེ་རྣམས་འཇིགས་ཤིང་སྐྲག་པ་དང་ངོ་མཚར་བར་གྱུར་ནས་ཕན་ཚུན་ལ་འདི༌ལྟར་དུ། འདི་ནི་སུ་ཡིན༌ནམ། ཁོང་གིས་རླུང་དང་མཚོ་ལ་བཀའ་གནང༌ཞིང༌། དེས་ཀྱང་ཁོང་གི་བཀའ་ལ་ཉན་ཞེས་སྨྲས༌སོ།།

གདོན་འདྲེས་བཟུང་བའི་མི་ཞིག་གསོས༌པ།

26ཁོང་རྣམས་མཚོ་གྲུར་བསྡད་ནས་མཚོ་ག་ལིལ་ཕ་རོལ་གྱི་གེ་ར་སཱ་ཡུལ་དུ་སོང་ངོ་།། 27སྐྱབས་མགོན་ཡེ་ཤུ་གྲུ་ལས་སྐམ་སར་ཕེབས༌པའི་ཚེ། ཡུལ་དེའི་གྲོང་ཁྱེར་གྱི་གདོན་འདྲེས་བཟུང་བའི་མི་ཞིག་ཁོང་ལ་མཇལ། མི་དེ་ནི་ཡུན་རིང་པོར་གོན་པ་མ་གྱོན་ཞིང་ཁང་པའི་ནང་དུའང་མ་བསྡད་པར་དུར་ཁྲོད་དུ་སྡོད་པ་ཞིག་ཡིན། 28མི་དེས་སྐྱབས་མགོན་ཡེ་ཤུ་མཐོང་བ་དང་ཁོང་གི་དྲུང་དུ་ཕྱག་བཙལ་ནས་སྐད་ཆེན༌པོས། ཀྱེ། བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ༌ལགས། ངེད་གཉིས་ཀྱི་བར་དུ་འབྲེལ་བ་ཅི་མཆིས༌སམ། ངས་ཁྱེད་ལ་ཞུ་བ་བྱེད༌དེ། ཁྱེད་ཀྱིས་ང་རང་སྡུག་ལ་མི་སྦྱོར་བར་མཛོད་ཅེས་ཞུས་སོ།། 29རྒྱུ་མཚན་ནི་ཁོང་གིས་དེ་སྔར་གདོན་འདྲེ་ལ་མི་དེའི་ལུས་ནས་ཕྱིར་འབུད་དགོས་པའི་བཀའ་གནང་མྱོང་བས༌སོ།། མ་གཞི་གདོན་འདྲེས་མི་དེ་ཐེངས་དུ་མར་བཟུང་བ༌དང༌། མི་རྣམས་ཀྱིས་མི་དེ་ལྕགས་ཐག་གིས་བཀྱིགས་ཤིང་ལྕགས་སྒྲོག་བརྒྱབ་སྟེ་རྒྱུན་དུ་བསྲུངས་ནའང་གདོན་འདྲེ་དེས་ལྕགས་ཐག་དང་ལྕགས་སྒྲོག་ཐམས་ཅད་བཅད་ནས་མི་དེ་དབེན་སྟོང་དུ་བསྐྲད་པ་ཡིན། 30སྐྱབས་མགོན་ཡེ་ཤུས་མི་དེ་ལ་ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པ༌ན། ཁོ་ན༌རེ། ངའི་མིང་ལ་དཔུང་ཚོགས་ཟེར་ཞེས་ཞུས་སོ།། རྒྱུ་མཚན་ནི་མི་དེར་ཞུགས་པའི་གདོན་འདྲེ་ཤིན་ཏུ་མང་བས༌སོ།། 31གདོན་འདྲེ་རྣམས་ཀྱིས་ཁོ་རྣམས་ཞབས་མེད་པའི་དོང་ནང་དུ་འཕེན་པའི་བཀའ་མི་གནང་བའི་ཕྱིར་ཁོང་ལ་ཞུ་བ་ཞུས། 32དེའི་ཚེ་རི་སྒང་ནས་ཕག་ཁྱུ་ཆེན་པོ་ཞིག་འཚོ་བཞིན་ཡོད་པ༌དང༌། གདོན་འདྲེ་དག་གིས་ཁོ་རྣམས་ཕག་ཁྱུའི་ནང་དུ་འཇུག་པར་མཛོད་ཅེས་ཞུ་བ་ཞུས་པ༌ལ། ཁོང་གིས་ཀྱང་དེ་རྣམས་ཀྱི་ཞུ་བ་ལྟར་གནང༌བས། 33གདོན་འདྲེ་རྣམས་མི་དེའི་ལུས་ནས་ཕྱིར་བུད་དེ་ཕག་གི་ནང་དུ་ཞུགས་པ༌དང༌། ཕག་ཁྱུ་དེའང་གཡང་གཟར་དུ་བརྒྱུགས་ཤིང་མཚོ་ནང་དུ་ལྷུང་སྟེ་ནུབ་ནས༌ཤིའོ།། 34ཕག་རྫི་རྣམས་ཀྱིས་དོན་དེ་མཐོང་ནས་བྲོས་པ༌དང༌། གྲོང་ཁྱེར་དང་གྲོང་སྡེའི་མི་རྣམས་ལ་གནས་ཚུལ་དེ་སྨྲས༌པས། 35མི་རྣམས་ཅི་ཞིག་བྱུང་བར་བལྟ་རུ་ཡོང་བ་དང་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཐོན༌དུས། སྔར་གདོན་འདྲེ་ཕྱིར་བསྐྲད་ཟིན་པའི་མི་དེ་དྲན་པ་སོས་ཤིང་ལུས་ལ་གོས་གྱོན་ཏེ་སྐྱབས་མགོན་ཡེ་ཤུའི་ཞབས་དྲུང་དུ་ཙོག་པུར་བསྡད་ཡོད་པ་མཐོང་ནས་ཁོ་རྣམས་འཇིགས༌པ་རེད། 36དོན་དེ་མཐོང་མཁན་རྣམས་ཀྱིས་གདོན་འདྲེས་བཟུང་བའི་མི་དེ་ཇི་ལྟར་སོས་པའི་གནས་ཚུལ་མི་ཚོགས་ལ་སྨྲས་པ༌དང༌། 37གེ་ར་སཱ་ཡུལ་དང་དེའི་མཐའ་འཁོར་གྱི་ཡུལ་མི་ཐམས་ཅད་ཤིན་ཏུ་འཇིགས་པར་གྱུར༌ཏེ། སྐྱབས་མགོན་ཡེ་ཤུ་ཁོ་རྣམས་དང་འབྲལ་དགོས་པར་ཞུ་བ་ཞུས༌པས། སྐྱབས་མགོན་ཡེ་ཤུ་དང་བཅས་པ་མཚོ་གྲུར་བཞུགས་ནས་ཕྱིར་ཕེབས་སོ།། 38འོན༌ཀྱང༌། ལུས་ནས་གདོན་འདྲེ་ཕྱིར་བསྐྲད་ཟིན་པའི་མི་དེས་སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་འགྲོ་རུ་འཇུག་པར་ཞུ་བ་ཞུས༌ནའང༌། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། 39ཁྱོད་རང་ཕྱིར་རང་ཡུལ་དུ་སོང༌དང༌། དཀོན་མཆོག་གིས་ཁྱོད་ལ་དོན་ཆེན་ཅི་ལྟ་བུ་མཛད་པ་རྣམས་ཤོད་ཅིག་ཅེས་བཀའ་གནང་བ༌དང༌། མི་དེ་ཕྱིར་སོང་ནས་སྐྱབས་མགོན་ཡེ་ཤུས་ཁོ་རང་ལ་ཕན་ཆེན་པོ་ཅི་ལྟ་བུ་བཏགས་པ་རྣམས་གྲོང་ཁྱེར་ཡོངས་ལ་བསྒྲགས་སོ།།

མོ་ནད་བསལ་བ་དང་ཤི་ཟིན་པའི་བུ་མོ་སླར་གསོན་པར་མཛད༌པ།

40སྐྱབས་མགོན་ཡེ་ཤུ་ཕྱིར་ཕེབས་པའི་སྐབས༌སུ། ཁོང་ལ་སྒུག་བཞིན་པའི་མི་ཚོགས་ཀྱིས་ཁོང་ལ་བསུ་བ༌བྱས་སོ།། 41གནས་དེར་ཆོས་ཁང་གི་དབུ་འཛིན་པ་ཡ་ཨིར་ཟེར་བ་ཞིག་ཡོད་པ་ཡོང་ནས་སྐྱབས་མགོན་ཡེ་ཤུའི་ཞབས་དྲུང་དུ་ཕྱག་འཚལ་ཏེ་ཁོའི་ཁྱིམ་དུ་ཕེབས་དགོས་པར་ཞུ་བ་ཞུས་སོ།། 42རྒྱུ་མཚན་ནི་མི་དེར་ལོ་བཅུ་གཉིས་ཙམ་གྱི་བུ་མོ་གཅིག་ཡོད་པ་ད་ལྟ་འཆི་ལ་ཉེ་བས༌སོ།། སྐྱབས་མགོན་ཡེ་ཤུ་ཁྱིམ་དེར་ཕེབས་བཞིན་པའི་དུས༌སུ། མི་ཚོགས་ཀྱིས་ཁོང་གི་མཐའ་ནས་བསྐོར་ཅིང་འཚང་ཁ་བརྒྱབ་བོ།། 43དེའི་ཚེ། ཁྲག་འཛིར་བའི་མོ་ནད་བྱུང་སྟེ་ལོ་བཅུ་གཉིས་འགོར་བའི་བུད་མེད་ཅིག་ཡོད་པ༌ལ། སྨན་པ་བསྟེན་ནས་ཁོ་མོར་ཅི་ཡོད་པ་ཐམས་ཅད་བཀོལ་ཚར༌ནའང༌། སུས་ཀྱང་ནད་དེ་འཇོམས་མ་ནུས་སོ།། 44བུད་མེད་དེ་སྐྱབས་མགོན་ཡེ་ཤུའི་སྐུ་རྒྱབ་ཏུ་ཡོང་སྟེ་ཁོང་གི་ན་བཟའི་འདབས་ཁར་རེག་མ་ཐག་ཁོ་མོའི་ཁྲག་བཞུར་མཚམས་རྦད་དེ་ཆད། 45སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་ལ་རེག་མཁན་སུ་ཡིན་ནམ་ཞེས་དྲིས་ནའང་མི་སུས་ཀྱང་ཁས་མ་བླངས་པ༌ན། པེ་ཏྲོ་ན༌རེ། སྟོན་པ༌ལགས། མི་མང་པོས་ཁྱེད་ཀྱི་མཐའ་ནས་བསྐོར་ཞིང་འཚང་ཁ་བརྒྱབ་ཅེས་ཞུས༌ནའང༌། 46སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གི་ལུས་ནས་ནུས་མཐུ་ཞིག་ཕྱིར་ཐོན་པ་ཚོར་བྱུང་བས་མི་ཞིག་གིས་བདག་ལ་རེག་ཅེས་གསུངས་སོ།། 47བུད་མེད་དེས་དོན་འདི་གསང་མི་ཐུབ་པ་ཤེས༌ཏེ། སྐྲག་ཅིང་འདར་བཞིན་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་ནས་ཕྱག་འཚལ་ཞིང༌། ཁོང་གི་ན་བཟའ་ལ་རེག་པའི་རྒྱུ་མཚན་དང་རེག་པ་ཙམ་གྱིས་ཁོ་མོའི་མོ་ནད་ཇི་ལྟར་སོས་པའི་དོན་དེ་མི་ཐམས་ཅད་ཀྱི་མདུན་ནས་སྨྲས་སོ།། 48སྐྱབས་མགོན་ཡེ་ཤུས་བུད་མེད་དེ་ལ་འདི་སྐད༌དུ། བུ༌མོ། ཁྱོད་ཀྱི་དད་པས་ཁྱོད་རང་བསྐྱབས་པ༌ཡིན། བདེ་བར་ཕྱིར་སོང་ཞིག་ཅེས་གསུངས༌སོ།། 49ཁོང་གིས་དེ་ལྟར་གསུང་བཞིན་པའི་དུས༌སུ། མི་ཞིག་ཆོས་ཁང་གི་དབུ་འཛིན་པའི་ཁྱིམ་ནས་ཡོང་སྟེ་ན༌རེ། ཁྱེད་ཀྱི་བུ་མོ་ཤི་ཟིན་པས་ད་ལྟ་སློབ་དཔོན་ལ་འོ་བརྒྱལ་མ་བྱེད་ཅེས་སྨྲས༌ཤིང༌། 50སྐྱབས་མགོན་ཡེ་ཤུས་གཏམ་དེ་གསན་ནས་ཆོས་ཁང་གི་དབུ་འཛིན་པ་ལ་འདི་སྐད༌དུ། མ་འཇིགས་པར་དད་པ་ཁོ་ན་བྱོས༌དང༌། བུ་མོ་བསྐྱབ་པར་འགྱུར་ཞེས་གསུངས་པ༌དང༌། 51དབུ་འཛིན་པའི་ཁྱིམ་དུ་ཕེབས༌སྐབས། ཁོང་གིས་པེ་ཏྲོ་དང་། ཡ༌ཀོབ། ཡོ་ཧ༌ནན། གཞན་ཡང་བུ་མོའི་ཕ་མ་ལས་གཞན་མི་སུ་ཡང་ཁྱིམ་དུ་མི་ཡོང་བར་བྱས། 52མི་ཐམས་ཅད་ཀྱིས་བུ་མོ་དེར་མྱ་ངན་བྱེད་ཅིང༌ངུའོ༎ ཁོང་གིས་འདི་སྐད༌དུ། མ་ངུ༌ཞིག བུ་མོ་ཤི་བ་མ་ཡིན་པར་གཉིད་འདུག་ཅེས་གསུངས་པ༌ན། 53དེ་རྣམས་ཀྱིས་བུ་མོ་ཤི་ཟིན་པ་ཤེས་ནས་ཁོང་ལ་འཕྱ་དགོད་བྱས་སོ།། 54འོན་ཀྱང་། སྐྱབས་མགོན་ཡེ་ཤུས་བུ་མོ་དེའི་ལག་པར་འཇུས༌ཏེ། བུ་མོ། ཡར་ལོངས་ཤིག་ཅེས་བཀའ་གནང་བ༌ན། 55བུ་མོའི་རྣམ་ཤེས་ཕྱིར་ལོག་ཅིང་དེ་མ་ཐག་ཡར་ལངས། ཁོང་གིས་བུ་མོ་དེར་ཁ་ཟས་སྟེར་དགོས་པའི་བཀའ་གནང་བ༌དང༌། 56བུ་མོའི་ཕ་མ་གཉིས་ཤིན་ཏུ་ངོ་མཚར་བར་གྱུར། འོན་ཀྱང་། སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ལ་དོན་འདི་མི་གཞན་སུ་ལའང་མི་སྨྲ་བའི་བཀའ་གནང༌ངོ༌།།

ལུ་ཀ 9

ཐུགས་སྲས་བཅུ་གཉིས་པོ་ཡུལ་གཞན་དུ་མངགས༌པ།

1སྐྱབས་མགོན་ཡེ་ཤུས་ཐུགས་སྲས་བཅུ་གཉིས་པོ་རང་གི་དྲུང་དུ་བོས༌ཏེ། ཁོ་རྣམས་ལ་གདོན་འདྲེ་མཐའ་དག་འདུལ་བ་དང་ནད་འཇོམས་པའི་མཐུ་དང་དབང་གནང༌ཞིང༌། 2ཡང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཆོས་སྒྲོག་པ་དང་ནད་གསོ་བའི་ཆེད་དུ་མངགས་སོ།། 3ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ལམ་དུ་ཆས་སྐབས་མཁར་བ༌དང༌། ཁུག༌མ། ལམ༌བྲོ། དངུལ༌སྒོར། ནང་གོས་ལྷག་མ་ཅི་ཡང་མ་འཁྱེར༌ཅིག 4ཁྱོད་ཅག་ཁྱིམ་ཚང་གང་ལ་སོང་ནའང་དེ་རུ་སྡོད༌ཅིག ཡང་དེ་ནས་ལམ་ལ་ཆས༌ཤིག 5ཡང་ཡུལ་གང་གི་མི་ཡིས་ཁྱོད་ཅག་ལ་གནས་ཚང་མི་གཏོང༌ན། ཁྱོད་ཅག་གྲོང་རྡལ་དེ་དང་ཁ་འབྲལ་བའི་དུས༌སུ། ཁོ་རྣམས་མི་འགྲིག་པ་སྟོན་པའི་ཆེད་དུ་རྐང་པའི་སྟེང་གི་ས་རྡུལ་སྤྲུགས་ཤིག་ཅེས་གསུངས༌སོ།། 6ཐུགས་སྲས་རྣམས་གྲོང་སྡེ་སོ་སོར་སོང་ནས་འཕྲིན་བཟང་བསྒྲགས་ཤིང་ཡུལ་གྲུ་ཀུན་གྱི་ནད་པ་རྣམས་གསོ་བར་བྱས་སོ།། 7ས་གནས་དཔོན་པོ་ཧེ་རོ་དཱ་ཡིས་དོན་དེ་ཐམས་ཅད་ཐོས་ཏེ་སེམས་ལ་ཐེ་ཚོམ་ཆེན་པོ་སྐྱེས། རྒྱུ་མཚན་ནི་མི་ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན་ཤི་བ་ལས་སླར་གསོན་པ་རེད་ཅེས་དང༌། 8ཡང་ལ་ལས་ཨེ་ལི་ཡཱ་དངོས་སུ་མངོན་བྱུང་ཞེས༌དང་། ཡང་ལ་ལས་གནའ་བོའི་ལུང་སྟོན་པ་ཞིག་ཤི་བ་ལས་སླར་གསོན་པ་རེད་ཅེས༌སྨྲས་པའི་ཕྱིར་རོ།། 9ཧེ་རོ་དཱ་ན༌རེ། བདག་གིས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་བཅད་ཟིན༌ནའང༌། ངས་ད་དུང་དོན་དེ་འདྲ་ཐོས་པའི་མི་དེ་སུ་ཡིན་ནམ་ཞེས་སྨྲས་ཤིང་སྐྱབས་མགོན་ཡེ་ཤུར་མཇལ་འདོད་དོ།།

མི་ལྔ་སྟོང་ལྷག་འགྲང་བར་མཛད༌པ།

10སྐུ་ཚབ་པ་རྣམས་ཕྱིར་ལོག་སྟེ་ཁོ་རྣམས་ཀྱིས་དོན་ཅི་ཞིག་བསྒྲུབས་པ་ཐམས་ཅད་སྐྱབས་མགོན་ཡེ་ཤུར་ཞུས་སོ།། ཁོང་གིས་དེ་རྣམས་ཁྲིད་ནས་པེ་སད་དཱ་གྲོང་རྡལ་དུ་ཕེབས༌ནའང༌། 11མི་ཚོགས་ཀྱིས་དོན་དེ་ཤེས་ནས་ཁོང་གི་རྗེས་སུ་འབྲངས་པ༌དང༌། ཁོང་གིས་དེ་རྣམས་བསུས་ཤིང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་གསུངས་པ༌དང༌། ནད་གསོ་དགོས་པ་རྣམས་ཀྱི་ནད་གསོས་པའོ།། 12ཉི་མ་ནུབ་ལ་ཉེ་བའི་དུས༌སུ། ཐུགས་སྲས་བཅུ་གཉིས་པོ་ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། ས་ཆ་འདི་ནི་དབེན་སྟོང་ཡིན་པས་མི་རྣམས་ཉེ་འཁོར་གྱི་གྲོང་སྡེ་དང་མཐའ་ཁུལ་དག་ལ་གནས་ཚང་གཡར་བ་དང་བཟའ་བཏུང་འཚོལ་ཕྱིར་གཏོང་བར་མཛོད་ཅེས་ཞུས་པ༌ན། 13ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་མི་ཚོགས་ལ་ཁ་ཟས་བྱིན་ཅིག་ཅེས་གསུངས་པ༌དང༌། ཐུགས་སྲས་རྣམས་ཀྱིས་བདག་ཅག་ལ་བག་ལེབ་ལྔ་དང་ཉ་གཉིས་ལས་མེད༌པས། གལ་ཏེ་ངེད་ཅག་མི་ཚོགས་ལ་ཁ་ཟས་ཉོ་རུ་མ་སོང་ན་འདང་བ་མིན་ཞེས་ཞུས་སོ།། 14དེའི་དུས་སུ་གནས་དེར་སྐྱེས་པ་ཁོ་ན་བསྡོམས་པས་ལྔ་སྟོང་ཙམ་ཡོད། སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་མི་ཚོགས་དེ་དག་མི་ལྔ་བཅུ་ཙམ་རེ་གྲལ་སྐོར་གཅིག་ཏུ་བྱས་ནས་སྡོད་དུ་ཆུག་ཅེས་གསུངས་པ༌དང༌། 15ཐུགས་སྲས་རྣམས་ཀྱིས་ཀྱང་བཀའ་བཞིན་དུ་མི་ཚོགས་དེ་ལྟར་སྡོད་དུ་བཅུག 16སྐྱབས་མགོན་ཡེ་ཤུས་བག་ལེབ་ལྔ་དང་ཉ་གཉིས་པོ་ཕྱག་ཏུ་བསྣམས་ཏེ་ནམ་མཁར་གཟིགས་ཤིང་བྱིན་རླབས་གནང༌རྗེས། དུམ་བུར་བྱས་ནས་ཐུགས་སྲས་རྣམས་ལ་གནང་ཞིང་མི་ཚོགས་ཀྱི་མདུན་དུ་བཀྲམ་པའོ༎ 17མི་ཐམས་ཅད་ཀྱིས་ཀྱང་ཟོས་ཤིང་ལྟོ་བ་འགྲངས་པ༌དང༌། ཐུགས་སྲས་རྣམས་ཀྱིས་ཟས་ལྷག་བསྡུས་ཏེ་སླེ་བོ་བཅུ་གཉིས་བཀང༌ངོ༌།།

པེ་ཏྲོས་སྐྱབས་མགོན་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པར་ཁས་བླངས༌པ།

18སྐྱབས་མགོན་ཡེ་ཤུ་གཅིག་པུས་གསོལ་བ་འདེབས་དུས་ཐུགས་སྲས་རྣམས་ཀྱང་ཁོང་དང་མཉམ་དུ་ཡོད་པ༌ལ། ཁོང་གིས་འདི་སྐད༌དུ། མི་རྣམས་ཀྱིས་ང་རང་སུ་ཡིན་པར་སྨྲ་བཞིན་འདུག་གམ་ཞེས་དྲིས་པ༌ན། 19ཐུགས་སྲས་རྣམས་ན༌རེ། མི་ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན་རེད་ཅེས༌དང༌། ཡང་ལ་ལས་ཨེ་ལི་ཡཱ་རེད་ཅེས༌ཟེར། གཞན༌ཡང༌། གནའ་བོའི་ལུང་སྟོན་པ་རྣམས་ལས་གཅིག་སླར་གསོན་པ་རེད་ཟེར་བའང་ཡོད་ཅེས་ཞུས། 20ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་ང་རང་སུ་ཡིན་པར་གླེང་ངམ་ཞེས་དྲིས་པ༌ན། པེ་ཏྲོ་ན༌རེ། ཁྱེད་ནི་དཀོན་མཆོག་གི་སྐྱབས་མགོན་མཱ་ཤི་ཀ་ཡིན་ཞེས་ཞུས༌སོ།། 21སྐྱབས་མགོན་ཡེ་ཤུས་དོན་དེ་གཞན་ལ་མི་སྨྲ་བའི་ཕྱིར་ཐུགས་སྲས་རྣམས་ལ་ནན་གྱིས་བསྐུལ༌ཅིང་བཀའ་གནང་སྟེ། 22ཁོང་གིས་འདི་སྐད༌དུ། མིའི་བུ་ཡིས་ངེས་པར་སྡུག་བསྔལ་མང་པོ་མྱོང་ཞིང་དཔོན་རིགས་རྒན་པོ་དང་མཆོད༌དཔོན་ཆེན་པོ་དག མཁན་པོ་རྣམས་ཀྱིས་ཁོ་རང་དོར་ནས་གསོད་པ༌དང༌། ཡང་ཉིན་གསུམ་པ་ལ་སླར་གསོན་པར་འགྱུར་ཞེས་གསུངས༌སོ།། 23ཡང་སྐྱབས་མགོན་ཡེ་ཤུས་མི་ཐམས་ཅད་ལ་འདི་སྐད༌དུ། སུ་ཞིག་ང་ཡི་རྗེས་སུ་འབྲང་འདོད༌ན། རང་ཉིད་དོར་ནས་ཉིན་རེ་བཞིན་རང་གི་ཤིང་རྒྱ་གྲམ་ཁུར་ཏེ་ང་ཡི་རྗེས་སུ་འབྲང་བར་གྱིས། 24སུ་ཞིག་གིས་རང་སྲོག་སྐྱོབ་འདོད་པ་དེས་རང་སྲོག་འཆོར་བ༌དང༌། སུ་ཞིག་གིས་བདག་གི་དོན་དུ་རང་སྲོག་འདོར་བ་དེས་རང་སྲོག་སྐྱོབ་ངེས་ཡིན། 25སུ་ཞིག་གིས་འཇིག་རྟེན་ཧྲིལ་པོ་རག་ཀྱང་རང་སྲོག་བོར་བའམ་བརླག་ན་ཅི་ལ༌ཕན། 26སུ་ཞིག་གིས་ང་དང་ངའི་བཀའ་ངོ་ཚ་ཞིག་ཏུ་བརྩིས༌ན། མིའི་བུ་རང་ཉིད་ཀྱི་གཟི་བརྗིད༌དང༌། ཡབ་དང་ཕོ་ཉ་དམ་པ་རྣམས་ཀྱི་གཟི་བརྗིད་ངང་ཕེབས་ཡོང༌དུས། མི་དེ་ཡང་ངོ་ཚ་ཞིག་ཏུ་བརྩི་ངེས༌ཡིན། 27བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། འདི་རུ་སྡོད་པའི་མི་རྣམས་ལས་འགའ་ཞིག་གིས་འཆི་བ་དངོས་སུ་མ་མྱོང་བའི་སྔོན་དུ་དཀོན་མཆོག་གི་རྒྱལ་སྲིད་མཐོང་བར་ངེས་ཞེས་གསུངས༌སོ།།

རི་བོ་ཞིག་ཏུ་རྟགས་ངོ་མཚར་ཅན་བྱུང༌བ།

28སྐྱབས་མགོན་ཡེ་ཤུས་གོང་གི་བཀའ་དེ་དག་གསུངས་ནས་ཉིན་བརྒྱད་ཙམ་འགོར༌རྗེས། ཁོང་གིས་པེ་ཏྲོ༌དང༌། ཡོ་ཧ༌ནན། ཡ་ཀོབ་བཅས་ཁྲིད་ནས་རི་འགོར་གསོལ་བ་འདེབས་སུ་ཕེབས༌ཤིང༌། 29གསོལ་བ་འདེབས་བཞིན་པའི་སྐབས༌སུ། ཁོང་གི་ཞལ་རས་འགྱུར་ཞིང་ན་བཟའ་དཀར་པོར་གྱུར་པ་དང་འོད་འཕྲོ་བཞིན་འདུག 30-31གློ་བུར༌ཉིད་ལ་མོ་ཤེ་དང་ཨེ་ལི་ཡཱ་གཉིས་གཟི་བརྗིད་ངང་དངོས་སུ་མངོན༌ཅིང༌། སྐྱབས་མགོན་ཡེ་ཤུ་དང་གསུང་མོལ་མཛད་པ་དང་ཁོང་ཉིད་སྐུ་གཤེགས་པར་འགྱུར་བའི་དོན༌ཏེ། ཁོང་གིས་ཡེ་རུ་སཱ་ལེམ་དུ་བསྒྲུབ་ངེས་པའི་སྐོར་གསུངས་སོ།། 32དེའི་དུས༌སུ། པེ་ཏྲོ་སོགས་རེ་ཞིག་གཉིད་ལ་ཡུར༌ཡང༌། ཁོ་རྣམས་གཉིད་ལས་སངས་ཏེ་སྐྱབས་མགོན་ཡེ་ཤུའི་གཟི་འོད༌དང༌། ཁོང་དང་མཉམ་དུ་སྐྱེས་བུ་གཉིས་ལངས་ཡོད་པའང་མཐོང༌བ་རེད། 33མི་དེ་གཉིས་ཁོང་དང་ཁ་གྱེས་པའི་དུས༌སུ། པེ་ཏྲོ་ན༌རེ། སྟོན་པ༌ལགས། བདག་ཅག་འདི་རུ་བསྡད་ན་དངོས་གནས་ལེགས་པོ་འདུག གུར་གསུམ་ཡང་བཟོ་བར་བྱ༌སྟེ། ཁྱེད་ལ་གཅིག༌དང༌། མོ་ཤེ་ལ༌གཅིག ཨེ་ལི་ཡཱ་ལའང་གཅིག་གོ་ཞེས་ཅི་ཞིག་ཞུ་བཞིན་པ་གསལ་པོར་མ་ཤེས་པར་དེ་ལྟར་ཞུས་སོ།། 34པེ་ཏྲོས་དེ་ལྟར་ཞུ་བཞིན་པའི་དུས༌སུ། སྤྲིན་ཕུང་ཞིག་བྱུང་ནས་ཁོང་རྣམས་བསྒྲིབས་ཤིང་སྤྲིན་ཕུང་ནང་དུ་འཇུག་པའི་ཚེ་ཐུགས་སྲས་གསུམ་པོ་འཇིགས་ཤིང་སྐྲག་པར་གྱུར། 35སྤྲིན་ཕུང་ལས་སྐད་སྒྲ་ཞིག་གྲགས༌ཏེ། འདི་ནི་བདག་གི་བུ་ཡིན་ཞིང་། བདག་གིས་བདམས་པ་ཡིན་པས། ཁྱོད་རྣམས་ཀྱིས་ཁོའི་གཏམ་ལ་ཉོན་ཅིག་ཅེས་གསུངས་སོ།། 36སྐད་སྒྲ་དེ་གྲགས་མཚམས་བཞག་པ་དང་སྐྱབས་མགོན་ཡེ་ཤུ་གཅིག་པུ་གནས་དེར་བཞུགས། ཉིན་དེ་དག་གི་རིང༌ལ། ཐུགས་སྲས་གསུམ་པོས་མཐོང་བའི་དོན་དེ་མི་གླེང་ཞིང་མི་གཞན་ལའང་མ་སྨྲས༌སོ།།

གདོན་འདྲེས་བཟུང་བའི་བུ་ཞིག་གསོས༌པ།

37དེའི་ཕྱི༌ཉིན། ཁོང་རྣམས་རི་ལས་མར་ཕེབས་པ་དང་མི་ཤིན་ཏུ་མང་པོས་ཁོང་གི་མདུན་བསུས་ཤིང་མཇལ་ལོ།། 38དེ་རྣམས་ལས་མི་ཞིག་གིས་སྐད་ཆེན༌པོས། སློབ་དཔོན༌ལགས། ངའི་བུ་ལ་གཟིགས་སྐྱོང་གནང་བར༌མཛོད། ཁོ་ནི་བདག་གི་བུ་གཅིག་པུ་ཡིན། 39གདོན་འདྲེས་ཁོ་རང་བཟུང་མ་ཐག་གློ་བུར་དུ་འུར་རྒྱག་ཅིང་ལུས་པོ་དྲག་ཏུ་སྤྲུགས་པ་དང་ཁ་ནས་ལྦུ་བ་བཞུར༌བ། ལུས་ལ་གནོད་པ་ཆེན་པོ་འབྱུང་བའི་བར་དུ་གདོན་འདྲེ་དེ་ཁོའི་ལུས་ནས་ཕྱིར་འབུད༌དཀའ་བ་རེད། 40ངས་ཁྱེད་ཀྱི་ཐུགས་སྲས་རྣམས་ལ་གདོན་འདྲེ་དེ་ཕྱིར་བསྐྲོད་པར་ཞུ་བ་ཞུས་ཀྱང་ཁོ་རྣམས་ཀྱིས་བསྐྲོད་མ་ནུས་ཞེས་ཞུས་སོ།། 41སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཀྱེ། དད་པ་མེད་པ་དང་ཕྱིན་ཅི་ལོག་པའི་མི་རབས་འདི། ང་རང་དུས་ནམ་ཞིག་གི་བར་དུ་ཁྱོད་ཅག་དང་མཉམ་དུ་གནས་ཤིང་བཟོད་བསྲན་བྱེད་དགོས༌སམ། ཁྱོད་ཀྱི་བུ་དེ་འདིར་ཁྲིད་ཤོག་ཅིག་ཅེས་གསུངས་སོ།། 42བུ་དེ་ཚུར་ཁྲིད་ཡོང༌དུས། གདོན་འདྲེས་བུ་དེ་ས་ལ་བསྒྱེལ་བ་དང་ལུས་པོ་དྲག་ཏུ་སྤྲུགས། འོན་ཀྱང་སྐྱབས་མགོན་ཡེ་ཤུས་གདོན་འདྲེར་བཀའ་བཀྱོན་མཛད་ཅིང་བུ་བསྐྱབས་ཏེ་ཕྱིར་ཁོའི་ཕ་ལ་སྤྲད། 43མི་ཀུན་ཀྱང་དཀོན་མཆོག་གི་ནུས་མཐུ་ལ་ཤིན་ཏུ་ངོ་མཚར་བར་གྱུར༌ཏོ།། མི་རྣམས་སྐྱབས་མགོན་ཡེ་ཤུས་མཛད་པའི་དོན་ཐམས་ཅད་ལ་ངོ་མཚར་སྐྱེ་བཞིན་པའི་དུས༌སུ། ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། 44ཁྱོད་ཅག་གིས་རྣ་བ་བླག་ནས་གཏམ་འདིར་ཉན་དགོས། ཕྱིས་སུ་མིའི་བུ་ཁོ་རང་མི་རྣམས་ཀྱི་ལག་ཏུ་སྤྲོད་པར་འགྱུར་ཞེས་གསུངས་ནའང་། 45ཐུགས་སྲས་རྣམས་ཀྱིས་གསུང་དེའི་དོན་མ་རྟོགས་སོ།། དེ་ནི་མི་སུ་ལའང་ཤེས་སུ་མི་འཇུག་པའི་ཕྱིར་གབ་པ་ཡིན། ཐུགས་སྲས་རྣམས་ཀྱིས་ཀྱང་གསུང་འདིའི་དོན་ཅི་ཡིན་ཁོང་ལ་དྲི་མ་ཕོད༌དོ།།

སུ་ཞིག་མཆོག་ཏུ་གྱུར་པ་ཡིན་པར་རྩོད་གླེང་བྱུང༌བ།

46ཐུགས་སྲས་རྣམས་ཀྱི་ཁྲོད་དུ་ཁོ་རྣམས་ལས་སུ་ཞིག་མཆོག་ཏུ་གྱུར་པ་ཡིན་པར་རྩོད་གླེང་བྱུང་ངོ༌།། 47སྐྱབས་མགོན་ཡེ་ཤུས་ཀྱང་ཁོ་རྣམས་ཀྱི་བསམ་ཚུལ་མཁྱེན་ཏེ་བྱིས་པ་ཆུང་ངུ་ཞིག་རང་ཉིད་ཀྱི་དྲུང་དུ་ཁྲིད་ནས་སྡོད་དུ་བཅུག༌སྟེ། 48ཁོང་གིས་འདི་སྐད༌དུ། སུ་ཞིག་གིས་ངའི་མིང་གི་ཕྱིར་བྱིས་པ་ཆུང་ངུ་འདི་ལྟ་བུར་བསུ་བ་བྱས་ན། དོན་དམ་དུ་བདག་ལ་བསུ་བ་བྱས་པ་ཡིན་ལ། སུ་ཞིག་གིས་ང་རང་ལ་བསུ་བ་བྱས་པ་ཡིན་ན། དོན་དམ་དུ་ང་རང་མངགས་མཁན་ཁོང་ལ་བསུ་བ་བྱས་པ་ཡིན། རྒྱུ་མཚན་ནི་ཁྱོད་ཅག་ལས་ཆུང་ཤོས་དེ་ནི་ཁྱོད་རྣམས་ལས་མཆོག་ཏུ་གྱུར་པ་ཡིན་ཞེས་གསུངས༌སོ།། 49ཡོ་ཧ་ནན་ན༌རེ། སྟོན་པ༌ལགས། མི་གཞན་ཞིག་གིས་ཁྱེད་ཀྱི་མཚན་ལ་བརྟེན་ནས་གདོན་འདྲེ་སྐྲོད་བཞིན་པ་ངེད་རྣམས་ཀྱིས་མཐོང༌བྱུང་ངོ་།། འོན༌ཀྱང༌། མི་དེ་ནི་ངེད་རྣམས་དང་མཉམ་དུ་ཁྱེད་ཀྱི་རྗེས་སུ་མི་འབྲང་བས། ངེད་རྣམས་ཀྱིས་དོན་དེ་ལྟར་བྱེད་པ་བཀག་པ་ཡིན་ཞེས་ཞུས་པ༌ན། 50སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་དགྲ་རུ་མི་འཛིན་པ་དེ་ནི་ཁྱོད་ཅག་གི་ཕྱོགས་ཡིན་པས་ཁོ་རང་མ་འགོག་ཅིག་ཅེས་གསུངས༌སོ།།

སཱ་མར་ཡ་ཡུལ་གྱི་མི་རྣམས་ཀྱིས་ཁོང་ལ་བསུ་བ་མ་བྱས་པ།

51སྐྱབས་མགོན་ཡེ་ཤུ་ནམ་མཁའི་ཞིང་ཁམས་སུ་འཕགས་པའི་དུས་སླེབ་ལ་ཉེ༌སྐབས། ཁོང་ཐུགས་མ་གཡེངས་པར་ཡེ་རུ་སཱ་ལེམ་དུ་ཕེབས་པར་རྩོམ་མོ།། 52ཁོང་གིས་ཐོག་མར་བང་ཆེན་སྔོན་དུ་མངགས༌ཤིང༌། མི་དེ་རྣམས་སཱ་མར་ཡ་ཡུལ་གྱི་གྲོང་སྡེ་ཞིག་ལ་ཁོང་ཉིད་ཕེབས་འགྱུར་ལ་སྟ་གོན་བྱེད་དུ་སོང༌། 53འོན༌ཀྱང༌། ཁོང་རྣམས་ཡེ་རུ་སཱ་ལེམ་གྱི་ཕྱོགས་སུ་ཕེབས་བཞིན་པའི་རྐྱེན་གྱིས་སཱ་མར་ཡ་པ་རྣམས་ཀྱིས་ཁོང་ལ་བསུ་བ་མ་བྱས་སོ།། 54ཁོང་གི་ཐུགས་སྲས་ཡ་ཀོབ་དང་ཡོ་ཧ་ནན་གཉིས་ཀྱིས་གནས་ཚུལ་དེ་མཐོང་ནས་ན༌རེ། གཙོ་བོ༌ལགས། ངེད་ཅག་གིས་ནམ་མཁའ་ལས་མེ་ཕབ་སྟེ་མི་དེ་རྣམས་བསྲེག་པར་བྱས་ན་ཁྱེད་རང་ཐུགས་དགྱེས་སམ་ཞེས་ཞུས་པ༌ན། 55སྐྱབས་མགོན་ཡེ་ཤུ་ཞལ་ཕྱིར་འཁོར་ནས་དེ་གཉིས་ལ་བཀའ་བཀྱོན་གནང༌། ཁྱོད་གཉིས་ཀྱིས་རང་གི་སེམས་ནི་ག་འདྲ་ཡིན་པ་མི་ཤེས། 56མིའི་བུ་ནི་མིའི་སྲོག་མེད་པར་བཟོ་བའི་ཕྱིར་འོངས་པ་མ་ཡིན༌པར། མིའི་སྲོག་སྐྱོབ་པའི་ཕྱིར་འོངས་པ་ཡིན་ཞེས་གསུངས་སོ།། དེ་ནས་ཁོང་རྣམས་ལྷན་དུ་གྲོང་སྡེ་གཞན་ཞིག་ལ་ཕེབས༌སོ།།

སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲང་མཁན་གྱི་འོས་འགན༌སྐོར།

57ཡང་ཁོང་རྣམས་ལམ་དུ་ཆས༌སྐབས། མི་ཞིག་གིས་སྐྱབས་མགོན་ཡེ་ཤུ༌ལ། ཁྱེད་རང་གང་དུ་ཕེབས་ནའང་ང་རང་ཁྱེད་ཀྱི་རྗེས་སུ་འབྲང་ངོ་ཞེས་ཞུས་པ༌ན། 58ཁོང་གིས་འདི་སྐད༌དུ། ཝ་ལ་ཁུང་བུ་དང་ནམ་མཁའི་བྱ་ལའང་ཚང་ཡོད༌ཀྱང༌། མིའི་བུ་ལ་མགོ་སྔས་ས་ཙམ་ཡང་མེད་ཅེས་གསུངས་སོ།། 59ཡང་ཁོང་གིས་མི་གཞན་ཞིག་ལ་འདི་སྐད༌དུ། ང་ཡི་རྗེས་སུ་ཤོག་ཅེས་གསུངས་པ༌ན། མི་དེ་ན༌རེ། གཙོ་བོ༌ལགས། ང་རང་ཐོག་མར་རང་ཡུལ་དུ་ཕ་དུར་ལ་སྦ་རུ་འགྲོ་བར་མཛོད་ཅེས་ཞུས་པ༌དང༌། 60ཡང་ཁོང་གིས་འདི་སྐད༌དུ། བེམ་པོ་དང་འདྲ་བའི་མི་རྣམས་ལ་རང་གི་བེམ་པོ་དུར་ལ་སྦ་བར་གྱིས་ཤིག འོན་ཀྱང་ཁྱོད་རང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཆོས་བསྒྲག་ཏུ་སོང་ཞིག་ཅེས་གསུངས་སོ།། 61ཡང་མི་གཞན་ཞིག་ན༌རེ། གཙོ་བོ༌ལགས། ང་རང་ཁྱེད་ཀྱི་རྗེས་སུ་འབྲང་འདོད༌མོད། འོན་ཀྱང་ང་རང་སྔོན་དུ་ཁྱིམ་ལ་སོང་ནས་ཡུལ་མི་རྣམས་དང་གྱེས་མཇལ་གནང་བར་མཛོད་ཅེས་ཞུས་པ༌དང༌། 62ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ལག་པས་གཤོལ་མདའ་བཟུང་ཞིང་ཕྱིར་མིག་གིས་ལྟ་མཁན་སུ་ཡིན་ཡང་དཀོན་མཆོག་གི་རྒྱལ་སྲིད་ལ་ཞུགས་མི་འོས་པ་ཡིན་ཞེས་གསུངས༌སོ།།

ལུ་ཀ 10

སྐྱབས་མགོན་ཡེ་ཤུས་རྗེས་འབྲང་པ་བདུན་ཅུ་ཡུལ་གཞན་དུ་མངགས༌པ།

1དོན་དེའི་རྗེས༌སུ། ཡང་གཙོ་བོས་རྗེས་འབྲང་པ་བདུན་ཅུ་བསྐོས༌ཤིང༌། མི་གཉིས་རེ་གཉིས་རེ་ཁོང་ཉིད་གང་དུ་ཕེབས་པར་འགྱུར་བའི་གྲོང་རྡལ་དང་ས་ཆ་སོ་སོར་མངགས་པ༌དང༌། 2དེ་རྣམས་ལ་འདི་སྐད༌དུ། སྟོན་ཐོག་ཤིན་ཏུ་མང་ཡང་སྡུད་མཁན་ཉུང༌བས། སྟོན་ཐོག་གི་བདག་པོ་ལ་ཁོང་ཉིད་ཀྱི་སྟོན་ཐོག་བསྡུ་བའི་ཕྱིར་དུ་སྡུད་མཁན་རྣམས་མངག་པར་ཞུས་ཤིག་ཅེས་གསུངས༌སོ།། 3ཁྱོད་རྣམས་སོང༌དང༌། བདག་གིས་ཁྱོད་རྣམས་སྤྱང་ཁྱུའི་ཁྲོད་དུ་ལུ་གུ་གཏོང་བ་ལྟར་མངག་པར་བྱེད། 4ཁྱོད་རྣམས་ཀྱིས་དངུལ་ཁུག༌དང༌། ཁུག༌མ། བསིལ་ལྷམ་བཅས་ཅི་ཡང་མ་འཁྱེར༌ཅིག ལམ་བར་དུ་མི་སུ་ལའང་འཚམས་འདྲི་བྱ་མི་རུང༌། 5ཁྱིམ་ཚང་གང་དུ་སོང་ནའང་ཐོག་མར་ཁྱིམ་ཚང་འདི་བདེ་བར་གྱུར་ཅིག་ཅེས་སྨྲོས༌ཤིག 6གལ་ཏེ་ཁྱིམ་དེར་སྐྱེས་བུ་ཞི་བདེ་ཅན་ཞིག་མཆིས༌ན། ཁྱོད་རྣམས་ཀྱི་ཞི་བདེ་ཡང་མི་དེ་ལ་ལྡན་པར༌འགྱུར། མི་དེ་འདྲ་མེད་ན་ཞི་བདེ་དེ་ཕྱིར་ཁྱོད་ཅག་ལ་ལྡན་པར་འགྱུར། 7ཁྱོད་རྣམས་ཁྱིམ་ཚང་གང་དུ་སོང་ན་དེ་རུ་སྡོད༌དང༌། བཟའ་བཏུང་གང་ཞིག་བྱིན་ན་དེ་སྤྱོད༌ཅིག རྒྱུ་མཚན་ནི་ལས་ཀ་བྱེད་མཁན་ལ་གླ་ཆ་སྟེར་འོས་སོ།། ཡང་ཁྱིམ་གཅིག་ནས་ཁྱིམ་གཞན་ལའང་གནས་མ་སྤོར་ཅིག 8ཁྱོད་རྣམས་གྲོང་རྡལ་གང་དུ་སོང༌ནའང༌། གྲོང་རྡལ་དེའི་མི་རྣམས་ཀྱིས་ཁྱོད་ཅག་ལ་བསུ་བ་བྱེད་ཅིང་མདུན་དུ་ཟས་རིགས་གང་ཞིག་དྲངས་ན་དེ་བཟའ་བར༌བྱའོ།། 9གྲོང་རྡལ་དེ་རུ་ཡོད་པའི་ནད་པ་རྣམས་གསོ་བར་བྱོས་དང་། དེ་རྣམས་ལ་དཀོན་མཆོག་གི་རྒྱལ་སྲིད་ཁྱོད་རྣམས་དང་ཉེ་བར་སླེབས་ཞེས་སྨྲོས༌ཤིག 10འོན་ཀྱང་ཁྱོད་རྣམས་གྲོང་རྡལ་གང་དུ་སོང༌ནའང༌། གྲོང་རྡལ་དེའི་མི་རྣམས་ཀྱིས་ཁྱོད་ཅག་ལ་བསུ་བ་མི་བྱེད༌ན། ཁྱོད་རྣམས་གྲོང་རྡལ་དེའི་སྲང་ལམ་དུ་སོང་སྟེ་འདི་ལྟར་ཤོད༌ཅིག 11ཁྱོད་ཅག་གི་གྲོང་རྡལ་གྱི་ས་རྡུལ་འདི་ངེད་ཅག་གི་རྐང་པར་འགོས༌ནའང༌། ངེད་ཅག་གིས་ཁྱོད་རྣམས་ཀྱི་མཐོང་སར་ས་རྡུལ་སྤྲུགས་པར༌བྱེད། འོན་ཀྱང་ཁྱོད་རྣམས་ཀྱིས་དཀོན་མཆོག་གི་རྒྱལ་སྲིད་ཉེ་བར་སླེབས་པ་ཤེས་པར༌གྱིས། 12ཡང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། མ་འོངས་པར་ཉེས་ཆད་གཅོད་པའི་ཉིན་དེ་སླེབ༌ཚེ། སཱ་དོམ་ལས་ཀྱང་གྲོང་རྡལ་དེ་ལ་ཉེས་ཆད་ལྕི་མོ་འཕོག་པར་འགྱུར་རོ།། 13ཀོ་ར་ཟིན་དང་པེ་སད་དཱ་ཁྱོད་གཉིས་ལ་ཆག་སྒོ་འབྱུང་ངོ༌།། རྒྱུ་མཚན་ནི་ཁྱོད་གཉིས་ཀྱི་ནང་དུ་བྱུང་བའི་དོན་ངོ་མཚར་ཅན་དེ་རྣམས་ཐཱར་དང་ཚི་ཏུན་དུ་བྱུང་བ་ཡིན༌ན། ཡུལ་དེའི་མི་རྣམས་ཀྱིས་སྔར་ནས་འགྱོད་བཤགས་བྱས་པ་དང་། ལུས་ལ་རྩིད་རས་གྱོན་ཞིང་མགོ་ལ་ཐལ་བ་གཏོར་ནས་སར་སྡོད་པར་བྱེད། 14ཉེས་ཆད་གཅོད་པའི་ཉིན་སླེབ༌ཚེ། ཐཱར་དང་ཚི་ཏུན་གཉིས་ལས་ཁྱོད་གཉིས་ལ་ཉེས་ཆད་ལྕི་མོ་འཕོག་པར་འགྱུར། 15ཡང་ཀཱ་ཕར་ན་ཧུམ་ཁྱོད་ནི་ནམ་མཁའི་ཞིང་ཁམས་སུ་འདྲེན་པར་འགྱུར་རམ་ཞེ་ན་མི་འདྲེན༌ཏེ། གཤིན་པོའི་གནས་སུ་འཕེན་པར་འགྱུར་ཞེས་གསུངས༌སོ།། 16ཡང་ཁོང་གིས་འདི་སྐད༌དུ། སུ་ཞིག་གིས་ཁྱོད་རྣམས་ལ་ཉན་པ་ཡིན་ན་དེས་བདག་ལའང་ཉན་པ་ཡིན། ཡང་སུ་ཞིག་གིས་ཁྱོད་རྣམས་རྒྱབ་ཏུ་དོར་བ་ཡིན་ན་མི་དེས་ང་རང་ཡང་རྒྱབ་ཏུ་དོར་བ་ཡིན། ང་རང་རྒྱབ་ཏུ་དོར་བ་ཡིན་ན་ང་རང་མངགས་མཁན་ཡང་རྒྱབ་ཏུ་དོར་བ་ཡིན་ཞེས་གསུངས༌སོ།། 17རྗེས་འབྲང་པ་བདུན་ཅུ་དགའ་སྤྲོའི་ངང་ནས་ཕྱིར་ལོག་སྟེ་ན༌རེ། གཙོ་བོ༌ལགས། ཁྱེད་ཀྱི་མཚན་བརྗོད་པར་བརྟེན་ནས་གདོན་འདྲེ་དག་གིས་ཀྱང་ངེད་རྣམས་ལ་ཉན་ཞེས་ཞུས་པ༌ན། 18ཁོང་གིས་འདི་སྐད༌དུ། བདུད་སཱ་ཏན་གློག་དམར་འཁྱུག་པ་བཞིན་ནམ་མཁའི་ཞིང་ཁམས་ལས་ས་ལ་ལྷུང་བ་བདག་གིས་ཀྱང་མཐོང༌བ་ཡིན། 19ལྟོས༌དང༌། བདག་གིས་ཁྱོད་རྣམས་ལ་དུག་སྦྲུལ་དང་སྡིག་པ་རྭ་ཙ་རྐང་འོག་ཏུ་གནོན་པ༌དང༌། དགྲ་བོ་དེ་ཉིད་ཀྱི་མཐུ་སྟོབས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དབང་བསྩལ༌པས། གང་ཞིག་གིས་ཀྱང་ཁྱོད་རྣམས་ལ་གནོད་པ་བྱ་མི་ནུས་སོ།། 20འོན་ཀྱང་གདོན་འདྲེ་དག་གིས་ཁྱོད་རྣམས་ལ་མཉན་པ་དེར་ཁྱོད་ཅག་དགའ་མི་འོས༌ཤིང༌། ཁྱོད་རྣམས་ཀྱི་མིང་ནམ་མཁའི་ཞིང་ཁམས་སུ་བཀོད་ཡོད་པའི་ཕྱིར་དགའ་བར་གྱིས་ཞེས་གསུངས༌སོ།། 21དེའི་དུས༌སུ། དམ་པའི་ཐུགས་ཉིད་ཀྱི་ངང་ནས་སྐྱབས་མགོན་ཡེ་ཤུ་ཐུགས་ཤིན་ཏུ་དགྱེས༌ཤིང་འདི་སྐད་དུ། ཀྱེ། བདག་གི་ཡབ་སྟེ་གནམ་ས་གཉིས་ཀྱི་བདག་པོ༌ལགས། ཁྱེད་ཀྱིས་དོན་འདི་རྣམས་མཁས་པ་དང་བློ་གྲོས་ཅན་ལ་གབ༌ཅིང༌། བྱིས་པ་ལྟ་བུའི་མི་རྣམས་ལ་མངོན་པར་མཛད་པས་བདག་གིས་ཁྱེད་ལ་བསྔགས་པར༌བྱེད། ཀྱེ། ཡབ་ལགས། དོན་དེ་ལ་ཁྱེད་ཐུགས་ཤིན་ཏུ་དགྱེས་པའི་ཕྱིར་ཡིན་ཞེས་གསུངས་སོ།། 22ཡང་ཁོང་གིས་མི་རྣམས་ལ་འདི་སྐད༌དུ། བདག་གི་ཡབ་ཀྱིས་དོན་ཐམས་ཅད་བདག་ལ་གནང་བ་ཡིན༌ལ། ཡབ་ལས་གཞན་སུས་ཀྱང་སྲས་ནི་སུ་ཞིག་ཡིན་པ་མི་ཤེས༌ཤིང༌། སྲས་ཁོང་ཉིད་དང་སྲས་ཀྱིས་ཡབ་སུ་ཡིན་སྟོན་པར་འདོད་པའི་མི་ལས༌གཞན། སུས་ཀྱང་ཡབ་ནི་སུ་ཞིག་ཡིན་པའང་མི་ཤེས་ཞེས་གསུངས༌སོ།། 23སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་ཟུར་དུ་ཞལ་གཏད་དེ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་མཐོང་བའི་དོན་དེ་དག་མཐོང་བར་འགྱུར་བའི་མི་རྣམས༌བདེའོ།། 24ཡང་བདག་གིས་ཁྱོད་རྣམས་ལ་སྨྲ་བར༌བྱ་སྟེ། ལུང་སྟོན་པ་དང་རྒྱལ་པོ་མང་པོས་ཀྱང་ཁྱོད་རྣམས་ཀྱིས་མཐོང་བ་དེ་དག་ལ་ལྟ་འདོད་ནའང་མཐོང་མ་མྱོང༌། ཁྱོད་རྣམས་ཀྱིས་ཐོས་པ་དེ་དག་ལ་ཉན་འདོད་ཀྱང་མ་ཐོས་ཞེས་གསུངས༌སོ།།

སཱ་མར་ཡ་པ་བཟང་པོའི་དཔེ།

25བཀའ་ཁྲིམས་ཀྱི་མཁས་པ་ཞིག་གིས་སྐྱབས་མགོན་ཡེ་ཤུར་ཚོད་བགམ་པའི་ཕྱིར་ཡར་ལངས་ཏེ་ན༌རེ། སློབ་དཔོན༌ལགས། བདག་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་པའི་ཆེད་དུ་ངས་ཅི་བྱ་དགོས་སམ་ཞེས་ཞུས་པ༌ན། 26སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བཀའ་ཁྲིམས་ནང་དུ་ཅི་ཞིག་བྲིས་འདུག༌གམ། ཁྱོད་ཀྱིས་བཀླགས་པ་ག་འདྲ་ཡིན་ཞེས་དྲིས་པ༌ན། 27ཁོ་ན༌རེ། ཁྱོད་ཀྱིས་གཙོ་བོ་སྟེ་རང་གི་དཀོན་མཆོག་ལ་སྙིང་ཧྲིལ་པོ༌དང༌། སེམས་ཧྲིལ༌པོ། སྟོབས་ཧྲིལ༌པོ། ཡིད་ཧྲིལ་པོས་གཅེས་དགོས༌ཤིང༌། ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་ཤིག་ཅེས་པ་དེ་ཡིན་ཞེས་ལན་བཏབ་བོ།། 28ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཀྱིས་ལན་བཏབ་པ་འགྲིག༌གོ །དེ་ལྟར་བྱས་ན་ཁྱོད་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་པར་འགྱུར་ཞེས་གསུངས་སོ།། 29འོན་ཀྱང་། མི་དེས་རང་ཉིད་ལ་བདེན་ལུགས་ཡོད་པར་སྟོན་འདོད་དེ། སྐྱབས་མགོན་ཡེ་ཤུར་འདི་ལྟར་སྨྲས་པ། ངའི་ཁྱིམ་མཚེས་སུ་ཡིན་ནམ་ཞེས་ཞུས་པ༌ན། 30ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེ་ཡང་མི་ཞིག་ཡེ་རུ་སཱ་ལེམ་ནས་ཡེ་རུ་ཀོ་རུ་འགྲོ་བའི་ལམ་བར༌དུ། ཇག་པའི་ལག་ཏུ་ཤོར་ཏེ་ཁོའི་གྱོན་པ་བཤུས་ཤིང་གཅར་རྡུང་བཏང་ནས་འཆི་ལ་ཉེ་བ་ཙམ་བྱས་རྗེས་ཇག་པ་རྣམས་སོང་ངོ་།། 31སྟེས་དབང་གིས་མཆོད་དཔོན་ཞིག་ལམ་དེ་བརྒྱུད་ནས་འགྲོ་བ་དང་མི་དེ་མཐོང་ནའང་རྒྱང་བསྐོར་ནས་སོང༌། 32ཡང་ལེ་ཝི་པ་ཞིག་ཀྱང་ལམ་དེ་བརྒྱུད་ནས་འགྲོ་དུས་མི་དེ་མཐོང་ནའང་རྒྱང་བསྐོར་ནས་སོང༌། 33འོན་ཀྱང་སཱ་མར་ཡ་པ་ཞིག་ལམ་བུ་དེ་བརྒྱུད་ནས་འགྲོ་ཞིང་མི་དེ་མཐོང་བ་དང་སྙིང་རྗེ་སྐྱེས༌ཏེ། 34ཁོའི་གམ་དུ་སོང་ནས་རྨ་ཁའི་ཐོག་ཏུ་སྣུམ་དང་རྒུན་ཆང་བྱུགས་ཤིང་རས་ཀྱིས་བཏུམས་པ༌དང༌། རང་གི་བཞོན་པར་བསྐྱོན་ཏེ་མགྲོན་ཁང་ཞིག་ཏུ་བསྐྱལ་ནས་སྙོར་སྐྱོང་བྱས། 35དེའི་ཕྱི་ཉིན། ཁོས་དངུལ་སྒོར་གཉིས་ཁང་བདག་ལ་སྤྲད༌དེ། ཁྱོད་ཀྱིས་རྨས་མ་འདི་ལ་སྙོར་སྐྱོང་བྱོས༌དང༌། གལ་ཏེ་དངུལ་འདིས་མ་འདང་ན་ང་རང་ཕྱིར་ལོག་ཚེ་ཁྱོད་ལ་སྟེར་ངེས་ཡིན་ཞེས་སྨྲས་སོ།། 36དེས་ན་ཁྱོད་ཀྱིས་སོམས༌དང༌། མི་དེ་གསུམ་ལས་ཇག་པའི་ལག་ཏུ་ཤོར་བའི་མི་དེའི་ཁྱིམ་མཚེས་སུ་ཡིན་ནམ་ཞེས་གསུངས་པ༌ན། 37ཁོ་ན༌རེ། རྨས་མ་ལ་སྙིང་རྗེ་བྱེད་མཁན་དེ་ཡིན་ཞེས་ཞུས་པ༌དང༌། སྐྱབས་མགོན་ཡེ་ཤུས་ཁྱོད་རང་ཡང་སོང་ནས་དེ་ལྟར་བྱོས་ཤིག་ཅེས་གསུངས༌སོ།།

མཱར་ཐ་དང་མིར་ཡམ་གྱི་ཁྱིམ་དུ་བཞུགས་པའི༌སྐོར།

38ཁོང་རྣམས་ཡེ་རུ་སཱ་ལེམ་ལ་ཕེབས་བཞིན་པའི་ལམ་བར༌དུ། སྐྱབས་མགོན་ཡེ་ཤུ་གྲོང་སྡེ་ཞིག་ཏུ་ཕེབས་པ་དང་མཱར་ཐ་ཟེར་བའི་བུད་མེད་ཅིག་གིས་རང་ཁྱིམ་དུ་བསུས་སོ།། 39བུད་མེད་དེ་ལ་མིར་ཡམ་ཟེར་བའི་གཅུང་མོ་ཞིག་ཡོད་པ་གཙོ་བོའི་ཞབས་དྲུང་དུ་བསྡད་ནས་ཁོང་གི་གསུང་ལ་ཉན། 40འོན་ཀྱང་མཱར་ཐ་ནི་སྣེ་ལེན་གྱི་ལས་ལ་བྲེལ་ཞིང་སེམས་ཀྱང་འཚབས༌པས། ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། གཙོ་བོ༌ལགས། ང་ཡི་ནུ་མོས་ང་རང་གཅིག་པུར་བསྐྱུར་ཏེ་སྣེ་ལེན་བྱེད་དུ་འཇུག་པ་ཁྱེད་ཀྱིས་མི་གཟིགས༌སམ། ཁྱེད་ཀྱིས་ཁོ་མོར་བཀའ་གནང་སྟེ་བདག་ལ་རོགས་རམ་བྱེད་དུ་མཛོད་ཅེས་ཞུས་པ༌ན། 41སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མཱར༌ཐ། མཱར་ཐ། ཁྱོད་ཀྱིས་སེམས་ལ་དོན་སྣ་ཚོགས་དྲན་ཞིང་སེམས་ཁྲལ་བྱེད་པ་རེད། 42འོན་ཀྱང་མེད་དུ་མི་རུང་བའི་དོན་ནི་གཅིག༌སྟེ། མིར་ཡམ་གྱིས་བདམས་པ་དེ་སྐལ་བ་བཟང་པོ་ཡིན། སུས་ཀྱང་ཁོ་མོ་ལས་སྐལ་བ་དེ་འཕྲོག་པར་མི་ནུས་ཞེས་གསུངས༌སོ།།

ལུ་ཀ 11

སྐྱབས་མགོན་ཡེ་ཤུས་གསོལ་འདེབས་སྐོར་གྱི་ཆོས་གསུངས༌པ།

1སྐྱབས་མགོན་ཡེ་ཤུས་གནས་གཞན་ཞིག་ཏུ་གསོལ་བ་འདེབས་བཞིན་བཞུགས་ཏེ་མཇུག་རྫོགས༌རྗེས། ཁོང་གི་ཐུགས་སྲས་ཤིག་ན༌རེ། གཙོ་བོ༌ལགས། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་རང་གི་སློབ་མ་རྣམས་ལ་གསོལ་འདེབས་ཁྲིད་པ༌ལྟར། ཁྱེད་ཀྱིས་ཀྱང་ངེད་རྣམས་ལ་གསོལ་བ་འདེབས་ཚུལ་འཁྲིད་པར་མཛོད་ཅེས་ཞུས་པ༌ན། 2ཁོང་གིས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་གསོལ་བ་འདེབས་སྐབས་འདི༌ལྟར།

ཡབ་ལགས།

ཁྱེད་ཀྱི་རྒྱལ་སྲིད་འོང་བར༌ཤོག ། 3ངེད་ཀྱི་ཉིན་རེའི་ཟས་ཀྱི༌སྐལ།། ཉིན་རེ་བཞིན་དུ་གནང་བར༌མཛོད།། 4ངེད་ཀྱིས་གཞན་ཉེས་བསལ་བ༌ལྟར།། ངེད་ཀྱི་སྡིག་པའང་བསལ་བར༌མཛོད།། ཅེས་གསོལ་བ་ཐོབས་ཞེས་གསུངས༌སོ།། 5ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ལས་མི་གཅིག་ནམ་ཕྱེད་ཙམ་ལ་རང་གི་གྲོགས་པོའི་ཁྱིམ་དུ་སོང༌སྟེ། གྲོགས་པོ༌ལགས། བདག་ལ་བག་ལེབ་གསུམ་བསྐྱི་བར༌མཛོད། 6རྒྱུ་མཚན་ནི་ངའི་གྲོགས་པོ་ཞིག་ཐག་རིང་ནས་སླེབས་ནའང་བདག་ལ་སྔུན་དུ་འཇོག་རྒྱུ་ཅི་ཡང་མེད་པས་སོ་ཞེས་སྨྲས་པ༌ན། 7ཁྱིམ་དུ་ཡོད་པའི་གྲོགས་པོ་ན༌རེ། བདག་ལ་འོ་བརྒྱལ་མ༌བྱེད། ད་ལྟ་སྒོ་བརྒྱབ་ཟིན་པ༌དང༌། བྱིས་པ་རྣམས་ཀྱང་བདག་དང་མཉམ་དུ་ཉལ་ཟིན༌པས། བདག་ཡར་ལངས་ནས་ཁྱོད་ལ་ཅི་ཡང་སྟེར་མི་ཐུབ་ཅེས་སྨྲས་སོ།། 8ཡང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཁྱིམ་དུ་ཡོད་པའི་མི་དེས་སྒོ་རྡུང་མཁན་དེ་ནི་རང་གི་གྲོགས་ཡིན་པའི་ཕྱིར་ཡར་ལངས་ནས་ཅི་ཡང་མི་སྟེར༌ནའང༌། སྒོ་རྡུང་མཁན་གྱིས་ཞུ་བ་ནན་གྱིས་ཞུས་པས། ཁྱིམ་དུ་ཡོད་པའི་མི་དེ་ཡར་ལངས་ནས་ཁོ་ལ་གང་མཁོ་རྣམས་སྟེར་ངེས་ཡིན་ཞེས་གསུངས༌སོ།། 9དེས་ན་བདག་གིས་ཁྱོད་རྣམས་ལ༌སྨྲ་བར་བྱ་སྟེ། ཁྱོད་རྣམས་ཀྱིས་གསོལ་བ་ཐོབས་དང་གནང་ངེས་ཡིན༌ལ། ཚོལ་དང་རྙེད་ངེས༌ཡིན། སྒོ་རྡུངས་དང་སྒོ་འབྱེད་པར༌ངེས། 10རྒྱུ་མཚན་ནི་སུས་ཀྱང་གསོལ་བ་བཏབ་ན་ཐོབ་པ༌དང༌། བཙལ་ན་རྙེད༌པ། སྒོ་བརྡུངས་ན་སྒོ་འབྱེད་པའི་ཕྱིར༌རོ།། 11ཁྱོད་རྣམས་ལས་སུ་ཞིག་ཕ་ཡིན་པ་དེས་རང་གི་བུས་ཉ་ཞིག་བསླངས་ན་བུ་དེར་སྦྲུལ་ཞིག་སྟེར༌རམ། 12ཡང་ན་བུས་སྒོ་ང་ཞིག་བསླངས་ན་སྡིག་པ་རྭ་ཙ་ཞིག་སྟེར༌རམ། 13སྤྱིར་ཁྱོད་རྣམས་རྒྱུད་ངན་པ་ཡིན་ཡང་རང་གི་བུ་ཕྲུག་ལ་དངོས་པོ་བཟང་པོ་སྟེར་ཤེས༌ན། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཡབ་ཀྱིས་དེ་བས་ཀྱང་ཁོང་ལ་ཞུ་མཁན་རྣམས་ལ་དམ་པའི་ཐུགས་ཉིད་གནང་བ་མ་ཡིན་ནམ་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་དང་བདུད་པེ་ཨལ་བཟི༌པད།

14སྐྱབས་མགོན་ཡེ་ཤུས་གདོན་འདྲེ་ལྐུགས་པ་ཞིག་ཕྱིར་བསྐྲད་པ༌དང༌། གདོན་འདྲེ་ཕྱིར་ཐོན་ཅིང་ལྐུགས་པ་དེས་སྐད་ཆ་སྨྲ་ཐུབ་པར་གྱུར་པ་དང་མི་རྣམས་ཀྱང་དོན་དེར་ངོ་མཚར་བར་གྱུར་ཏོ།། 15འོན་ཀྱང་མི་ཚོགས་ཁྲོད་ནས་མི་འགའ་ཞིག་ན༌རེ། ཁོང་གིས་བདུད་ཀྱི་རྒྱལ་པོ་པེ་ཨལ་བཟི་པད་ལ་བརྟེན་ནས་གདོན་འདྲེ་སྐྲོད་བཞིན་འདུག་ཅེས་སྨྲས་པ༌དང༌། 16ཡང་མི་གཞན་རྣམས་ཀྱིས་ཁོང་ལ་ཚོད་བགམ་པའི་ཕྱིར། ནམ་མཁའི་ཞིང་ཁམས་ཀྱི་གྲུབ་རྟགས་ཤིག་སྟོན་པར་ཞུས༌ནའང༌། 17ཁོང་གིས་དེ་རྣམས་ཀྱི་བསམ་ཚུལ་མཁྱེན་ཏེ་འདི་སྐད༌དུ། རྒྱལ་ཁམས་ཤིག་ལ་ནང་འཁྲུག་བྱུང་ན་རྒྱལ་ཁམས་དེ་འཇིག་པར་འགྱུར༌ཞིང༌། ཁྱིམ་ཚང་ཞིག་ལ་ནང་འཁྲུག་བྱུང་ན་ཁྱིམ་ཚང་དེའང་ཉམས་པར་འགྱུར། 18ཁྱོད་རྣམས་ན༌རེ། བདག་གིས་པེ་ཨལ་བཟི་པད་ལ་བརྟེན་ནས་གདོན་འདྲེ་བསྐྲད་ཅེས་ཟེར་བ་ལྟར་ཡིན༌ན། གལ་ཏེ་བདུད་སཱ་ཏན་ལའང་ནང་འཁྲུག་བྱུང༌ཚེ། དེའི་རྒྱལ་ཁམས་ཅི་ལྟར་གནས་ཐུབ༌བམ། 19ཡང་གལ་ཏེ་བདག་གིས་པེ་ཨལ་བཟི་པད་ལ་བརྟེན་ནས་གདོན་འདྲེ་སྐྲོད་པ་ཡིན༌ན། ཁྱོད་ཅག་གི་རྗེས་འབྲང་པ་རྣམས་ཀྱིས་གང་ལ་བརྟེན་ནས་གདོན་འདྲེ་སྐྲོད༌དམ། དེའི༌ཕྱིར། རྗེས་འབྲང་པ་དེ་རྣམས་ཀྱིས་ཁྱོད་ཅག་ལ་བདེན་རྫུན་གྱི་ཤན་འབྱེད་པར་འགྱུར། 20གལ་ཏེ་བདག་གིས་དཀོན་མཆོག་གི་ནུས་མཐུར་བརྟེན་ནས་གདོན་འདྲེ་སྐྲོད་པ་ཡིན༌ན། དཀོན་མཆོག་གི་རྒྱལ་སྲིད་དེ་ཁྱོད་ཅག་གི་མདུན་དུ་སླེབས་ཟིན་ནོ།། 21དཔེར་ན་མི་སྟོབས་ལྡན་ཞིག་གིས་ལུས་ལ་གོ་ཆ་གྱོན་ཏེ་རང་ཁྱིམ་བདེ་བར་བསྲུངས༌ན། ཁྱིམ་དེའི་རྒྱུ་ནོར་ལ་གནོད་པ་འབྱུང་མི་སྲིད༌མོད། 22འོན་ཀྱང་དེ་ལས་ཀྱང་སྟོབས་དང་ལྡན་པ་ཞིག་ཡོང་ནས་ཁོ་ལས་རྣམ་པར་རྒྱལ༌ན། ཁོས་བརྟེན་པའི་གོ་ཆ་དང་མཚོན་ཆ་དག་འཕྲོག་ཅིང་། རྒྱུ་ནོར་ཐམས་ཅད་ཀྱང་བགོ་བཤའ་བྱེད་པར་འགྱུར། 23སུ་ཞིག་བདག་གི་ཕྱོགས་མི་བྱེད་པ་དེ་ནི་བདག་གི་དགྲ་བོ་ཡིན༌ཞིང༌། སུ་ཞིག་གིས་བདག་དང་མཉམ་དུ་མི་བསྡུ་ན་དེ་ནི་གཏོར་མཁན་ཡིན་ཞེས་གསུངས༌སོ།། 24གདོན་འདྲེ་ཞིག་མིའི་ལུས་ནས་ཕྱིར་བུད༌རྗེས། ཆུ་མེད་པའི་གནས་སུ་ཕར་འགྲོ་ཚུར་འོང་བྱེད༌ཅིང༌། ངལ་གསོ་བའི་གནས་ཤིག་བཙལ་ཡང་མ་རྙེད༌པས། རང་གིས་རང་ལ་ན༌རེ། ང་རང་ཕྱིར་རང་ཉིད་ཡོང་བའི་གནས་དེར་འགྲོའོ་ཞེས་སྨྲ༌ཞིང༌། 25གནས་དེར་ཕྱིར་ལོག་པ༌ན། གནས་དེ་ཕྱག་དར་བྱས་ཤིང་ལེགས་པར་བསྒྲིགས་ཡོད་པ་མཐོང༌སྟེ། 26ཕར་སོང་ནས་རང་ལས་ཀྱང་ངན་པའི་གདོན་འདྲེ་བདུན་ཁྲིད་དེ་གནས་དེར་ཡོང་ནས་བསྡད་དོ།། དེ་བས་མི་དེའི་ཕྱིས་ཀྱི་གནས་ཚུལ་ནི་སྔར་ལས་ཀྱང་ཇེ་ཞན་དང་ཇེ་སྡུག་ཏུ་འགྱུར་ཞེས་གསུངས༌སོ།། 27སྐྱབས་མགོན་ཡེ་ཤུས་དེ་ལྟར་གསུང་བཞིན་པའི་དུས༌སུ། མི་ཚོགས་ཀྱི་ཁྲོད་ནས་བུད་མེད་ཅིག་གིས་སྐད་ཆེན༌པོས། ཁྱེད་རང་ལྷུམས་སུ་སྦྲུམ་པ་དང་ནུ་ཞོ་སྣུན་མཁན་དེ་བདེའོ་ཞེས་ཞུས༌ཀྱང༌། 28ཁོང་གིས་འདི་སྐད༌དུ། ཡིན་ནའང་དཀོན་མཆོག་གི་བཀའ་ཐོས་ཤིང་བཀའ་སྲུང་མཁན་རྣམས་དེ་ལས་བདེའོ་ཞེས་གསུངས༌སོ།།

ལུང་སྟོན་པ་ཡོ་ནཱའི་རྟགས་ངོ་མཚར་ཅན།

29མི་སྐོར་ཚོ་མང་པོ་སྐྱབས་མགོན་ཡེ་ཤུའི་དྲུང་དུ་འདུས་པའི་སྐབས༌སུ། ཡང་ཁོང་གིས་འདི་སྐད༌དུ། ད་ལྟའི་མི་རབས་འདི་ནི་མི་རབས་ངན་པ་ཞིག༌གོ །ཁོ་རྣམས་ཀྱིས་རྟགས་ངོ་མཚར་ཅན་འཚོལ་ཡང༌། ཡོ་ནཱའི་རྟགས་ངོ་མཚར་ཅན་དེ་ལས༌གཞན། ཁོ་རྣམས་ལ་རྟགས་ཅི་ཡང་སྟོན་པར་མི་འགྱུར། 30རྒྱུ་མཚན་ནིན་ཝེ་པ་རྣམས་ལ་ཡོ་ནཱ་ཅི་ལྟར་ངོ་མཚར་བའི་རྟགས་སུ་གྱུར་པ༌ལྟར། མིའི་བུའང་མི་རབས་འདི་ལ་ངོ་མཚར་བའི་རྟགས་སུ་འགྱུར་ངེས༌ཡིན། 31ལྷོ་ཕྱོགས་ཀྱི་རྒྱལ་མོ་དེ་རྒྱང་ཐག་རིང་བའི་ས་མཐའ་ནས་སོ་ལོ་མོན་གྱི་ཤེས་རབ་དང་ལྡན་པའི་གཏམ་ལ་གསན་དུ་ཡོང་མྱོང༌བས། མ་འོངས་པའི་ཉེས་ཆད་གཅོད་པའི་དུས་ལ་སླེབ༌ཚེ། ཁོ་མོའང་མི་རབས་འདིའི་མི་རྣམས་དང་ལྷན་དུ་ཡར་འགྲེང་སྟེ་ཁོ་རྣམས་ལ་ཉེས་སྐྱོན་བརྗོད་པར་འགྱུར། ལྟོས༌དང༌། འདི་ན་སོ་ལོ་མོན་ལས་ཀྱང་སྐྱེས་བུ་ཆེན་པོ་ཞིག་མཆིས་སོ།། 32ནིན་ཝེ་པ་རྣམས་ཀྱིས་ཡོ་ནཱ་ཡིས་བསྒྲགས་པའི་ཆོས་ལ་མཉན་ཞིང་འགྱོད་བཤགས་བྱས་མྱོང༌བས། ཉེས་ཆད་གཅོད་པའི་དུས་ལ་སླེབ་པའི༌ཚེ། མི་དེ་རྣམས་ཀྱང་མི་རབས་འདིའི་མི་རྣམས་དང་ལྷན་དུ་ཡར་འགྲེང་སྟེ་མི་རབས་འདི་ལ་ཉེས་སྐྱོན་བརྗོད་པར་འགྱུར། ཡང་ལྟོས༌དང༌། འདི་ན་ཡོ་ནཱ་ལས་ཀྱང་སྐྱེས་བུ་ཆེན་པོ་ཞིག་མཆིས་ཞེས་གསུངས༌སོ།།

འོད་ཀྱི༌དཔེ།

33ཡང་ཁོང་གིས་འདི་སྐད༌དུ། སུ་ཡིན་ཡང་སྒྲོན་མེ་བསྒྲོན་རྗེས་ས་དོང་ནང་དུའམ་ཡང་ན་བྲེའི་འོག་ཏུ་འཇོག་མི་སྲིད༌དེ། ཁྱིམ་དུ་ཡོང་བ་རྣམས་ཀྱིས་འོད་མཐོང་བའི་ཕྱིར་སྒྲོན་སྟེགས་སྟེང་དུ་འཇོག 34ཁྱོད་ཀྱི་མིག་ཟུང་ནི་ལུས་ཀྱི་སྒྲོན་མེ་ཡིན༌ཏེ། མིག་ཟུང་གསལ་བོ་ཡིན་ན་ལུས་པོ་ཡོངས་རྫོགས་འོད་དང་ལྡན་པར་འགྱུར། གལ་ཏེ་ཁྱོད་ཀྱི་མིག་ཟུང་རབ་རིབ་ཡིན་ན་ལུས་པོ་ཡོངས་རྫོགས་མུན་ནག་ཡིན། 35དེའི༌ཕྱིར། ཁྱོད་ཀྱིས་རང་གི་སེམས་ནང་གི་འོད་དེ་མུན་ནག་ཡིན་མིན་ལ་རྟོག་དཔྱོད༌གྱིས་ཤིག 36གལ་ཏེ་ཁྱོད་ཀྱི་ལུས་ཧྲིལ་པོ་མུན་ནག་དང་བྲལ་ཞིང་འོད་དང་ལྡན༌ན། ཁྱོད་ལའང་སྒྲོན་མེའི་འོད་ཟེར་འཕྲོས་པ་ལྟར་ཡོངས་སུ་འོད་དང་ལྡན་པར་འགྱུར་ཞེས་གསུངས༌སོ།།

ཆོས་དཔོན་རྣམས་ལ་བཀའ་བཀྱོན་མཛད༌པ།

37སྐྱབས་མགོན་ཡེ་ཤུས་དེ་ལྟར་གསུངས་པའི་རྗེས༌སུ། ཕ་རུ་ཤི་པ་ཞིག་གིས་ཁོང་ཉིད་ཞལ་ཟས་བཞེས་པར་གདན་དྲངས་པ་དང་ཁོང་ཡང་ཕེབས་ཏེ་གྲལ་ལ་བཞུགས་སོ།། 38ཁོང་གིས་ཞལ་ཟས་མ་བཞེས་སྔོན༌དུ། ཕྱག་ཟུང་གཙང་མར་མ་བཀྲུས་པའི་དོན་དེ་ཕ་རུ་ཤི་པས་མཐོང་ནས་ཡ་མཚན་སྐྱེས། 39དེ་ནས་གཙོ་བོས་འདི་སྐད༌དུ། ད་ལྟ་ཕ་རུ་ཤི་པ་ཁྱོད་རྣམས་ཀྱིས་ཕོར་བ་དང་སྡེར་མའི་ཕྱི་ངོས་གཙང་མར་འཁྲུད༌ཀྱང༌། ཁྱོད་རྣམས་ཀྱི་ནང་དུ་འཕྲོག་བཅོམ་དང་ངན་སེམས་ཀྱིས་ཁེངས་འདུག 40བླུན་པོ༌རྣམས། ཕྱི་ངོས་ལེགས་པར་མཛད་མཁན་དེས་ནང་ཡང་ལེགས་པར་མཛད་པ་མ་ཡིན༌ནམ། 41དེའི༌ཕྱིར། ཁྱོད་རྣམས་ཀྱིས་ནང་དུ་གང་ཞིག་ཡོད་པ་དེ་མི་གཞན་ལ་སྦྱིན་པ་ཐོངས༌དང༌། ཁྱོད་ཅག་ལ་མཚོན་ན་དངོས་པོ་ཐམས་ཅད་ཀྱང་གཙང་མར་འགྱུར་རོ།། 42ཀྱེ། ཕ་རུ་ཤི་པ་ཁྱོད་རྣམས་ལ་ཆག་སྒོ་འབྱུང༌སྟེ། རྒྱུ་མཚན་ནི་ཁྱོད་རྣམས་ཀྱིས་དག་ཅི་དང༌སྤོས་དཀར། གཞན་ཡང་སྔོ་ཚོད་སྣ་ཚོགས་ཀྱི་བཅུ་ཆའི་གཅིག་འབུལ་བར་ཕུལ༌ནའང༌། བདེན་ལུགས་དང་དཀོན་མཆོག་ལ་བྱམས་པའི་དོན་སྤོང་བའི་ཕྱིར༌རོ།། འོན་ཀྱང་ཁྱོད་ཅག་གིས་དོན་འདི་དག་བསྲུང་འོས་པ་དང་གཞན་དེ་ཡང་འདོར་མི་འོས་སོ།། 43ཡང་ཕ་རུ་ཤི་པ་ཁྱོད་རྣམས་ལ་ཆག་སྒོ་འབྱུང༌སྟེ། རྒྱུ་མཚན་ནི་ཁྱོད་རྣམས་ཆོས་ཁང་གི་གྲལ་མགོར་དགའ༌ཞིང༌། ཁྲོམ་སྲང་ནས་ཀྱང་མི་རྣམས་ཀྱི་བསྙེན་བཀུར་ཐོབ་པར་མོས་པའི་ཕྱིར༌རོ།། 44ཡང་ཁྱོད་རྣམས་ལ་ཆག་སྒོ་འབྱུང༌སྟེ། རྒྱུ་མཚན་ཁྱོད་རྣམས་ནི་མིག་ལ་མི་མངོན་པའི་དུར་ས་ཞིག་དང་འདྲ༌ཞིང༌། མི་རྣམས་ཀྱིས་དོན་དེ་མི་ཤེས་པར་དུར་སའི་སྟེང་དུ་འགྲོ་བ་ཡིན་ཞེས་བཀའ་བཀྱོན་གནང༌ངོ༌།། 45བཀའ་ཁྲིམས་ཀྱི་མཁས་པ་རྣམས་ལས་མི་གཅིག་ན༌རེ། སློབ་དཔོན༌ལགས། ཁྱེད་ཀྱིས་དེ་ལྟར་གསུངས་ནས་ངེད་རྣམས་ལའང་སྨད་པ་ཡིན་ཞེས་ཞུས་པ༌ལ། 46ཁོང་གིས་འདི་སྐད༌དུ། བཀའ་ཁྲིམས་ཀྱི་མཁས་པ་ཁྱོད་རྣམས་ལའང་ཆག་སྒོ་འབྱུང༌སྟེ། ཁྱོད་རྣམས་ཀྱིས་ཁུར་བོ་ལྕི་མོ་མི་གཞན་ལ་འགེལ༌ཞིང༌། རང་གི་མཛུབ་མོ་གཅིག་གིས་ཀྱང་ཁུར་བོ་དེ་ལ་རེག་པར་མི་བྱ་བའི་ཕྱིར༌རོ།། 47ཡང་ཁྱོད་རྣམས་ལ་ཆག་སྒོ་འབྱུང༌སྟེ། རྒྱུ་མཚན་ནི་ཁྱོད་རྣམས་ཀྱིས་ལུང་སྟོན་པ་རྣམས་ལ་བང་སོ་བརྩིགས༌ཤིང༌། ཁྱོད་རྣམས་ཀྱི་མེས་པོས་ཁོང་རྣམས་བསད་པ་ཡིན། 48དེ་ལས་ཁྱོད་ཅག་གི་མེས་པོ་རྣམས་ཀྱིས་ཅི་བྱས་པ་དེར་ད་ལྟ་ཁྱོད་རྣམས་ཀྱང་ཡིད་འཐད་ཅིང་བདེན་དཔང་བྱེད་དེ། རྒྱུ་མཚན་ནི་ཁྱོད་ཅག་གི་མེས་པོ་རྣམས་ཀྱིས་ལུང་སྟོན་པ་རྣམས་བསད་མྱོང་བ་དང་ཁྱོད་རྣམས་ཀྱིས་ལུང་སྟོན་པར་བང་སོ་བརྩིགས། 49དེའི༌ཕྱིར། དཀོན་མཆོག་གི་མཁྱེན་རབ་ཀྱིས་ཀྱང་འདི་སྐད་གསུངས་མྱོང༌སྟེ། བདག་གིས་ལུང་སྟོན་པ་དང་སྐུ་ཚབ་པ་རྣམས་ཁོ་ཚོའི་གམ་དུ་མངགས་ཀྱང་དེ་རྣམས་ཀྱིས་ལ་ལ་གསོད་ཅིང་ལ་ལར་གནོད་འཚེ་བྱེད་པར་འགྱུར་ཞེས༌པའོ།། 50དེ་བས་འཇིག་རྟེན་བཀོད་པའི་ཚུན་ལ། ལུང་སྟོན་པ་ཐམས་ཅད་ཀྱི་ཁྲག་བཞུར་བའི་སྐྱིན་ཚབ་དེ་མི་རབས་འདི་ནས་ལེན་དགོས༌ཏེ། 51ཧ་བེལ་གྱི་ཁྲག་བཞུར་བ་ནས༌བཟུང༌། མཆོད་ཁང་དང་མཆོད་ཁྲི་གཉིས་བར་དུ་བསད་མྱོང་བའི་ལུང་སྟོན་པ་ཟ་ཀར་ཡཱ་བར་གྱི་སྐྱིན་ཚབ་ཐམས་ཅད་ལེན་པར་འགྱུར། ཡང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ་སྟེ། དོན་འདི་ཐམས་ཅད་མི་རབས་འདིས་འགན་འཁུར་དགོས་སོ།། 52ཡང་བཀའ་ཁྲིམས་ཀྱི་མཁས་པ་ཁྱོད་རྣམས་ལ་ཆག་སྒོ་འབྱུང༌སྟེ། རྒྱུ་མཚན་ནི་ཁྱོད་རྣམས་ཀྱིས་ཤེས་བྱའི་ལྡེ་མིག་ཕྲོགས་ཤིང་ཤེས་བྱའི་ནང་དུ་མ་ཞུགས་པར། དེའི་ནང་ལ་འཇུག་པའི་མི་གཞན་རྣམས་ཀྱང་བཀག་པའི་ཕྱིར་རོ་ཞེས་བཀའ་བཀྱོན་གནང༌ངོ༌།། 53སྐྱབས་མགོན་ཡེ་ཤུ་སྒོའི་ཕྱི་རོལ་ཏུ་ཕེབས་པ༌དང༌། མཁན་པོ་དང་ཕ་རུ་ཤི་པ་རྣམས་ཀྱིས་ཁོང་ལ་ངོ་རྒོལ་ཆེན་པོ་བྱེད་ཅིང་རྩོད་པའི་དྲི་བ་སྣ་ཚོགས་དྲིས་པ༌དང༌། 54དེ་རྣམས་ཀྱིས་ཁོང་གི་གསུང་ལས་ཉེས་སྐྱོན་འཚོལ་ཕྱིར་ལྐོག་ཏུ་ཐབས་བཙལ༌ཏོ།།

ལུ་ཀ 12

དོགས་ཟོན་བྱེད་དགོས་པ་དང་སེམས་ཁྲལ་བྱ་མི་འོས་པའི༌སྐོར།

1དེའི་དུས༌སུ། མི་གྲངས་སྟོང་ཕྲག་དུ་མ་འདུས་ཤིང་འཚང་ཁ་ཤིག་ཤིག་བརྒྱབ་ནས་ཐ་ན་ཕན་ཚུན་ཡང་བརྫིས་སོ།། སྐྱབས་མགོན་ཡེ་ཤུས་ཐོག་མར་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་ཕ་རུ་ཤི་པའི་སྐྱུར་རྩི་སྟེ་ཚུལ་འཆོས་ལ་དོགས་པར༌གྱིས། 2སྦས་པའི་དོན་ཐམས་ཅད་མི་མངོན་པ་ཅི་ཡང་མེད༌ལ། གསང་བའི་དོན་ཐམས་ཅད་ཀྱང་ཤེས་པར་མི་འགྱུར་བ་ཅི་ཡང་མེད། 3དེ་བཞིན་དུ་ཁྱོད་རྣམས་ཀྱིས་ལྐོག་ནས་ཅི་ཞིག་སྨྲས་པ་དེ་མི་རྣམས་ཀྱིས་མངོན་གསལ་དུ་ཐོས་པར་འགྱུར། ཁང་པའི་སྦུག་མར་ཁ་རྣ་བར་གཏད་དེ་ཤུབ་ཤུབ་ཏུ་གང་ཞིག་སྨྲས་པ་དེའང་ཁང་པའི་ཐོག་ནས་བསྒྲག་པར་འགྱུར་རོ།། 4བདག་གི་གྲོགས་པོ༌རྣམས། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ལུས་པོ་འཇོམ་ཡང༌དེ་ལས་གཞན་ཅི་ཡང་བྱེད་མི་ཐུབ་པ་དག་ལ་འཇིགས་པར་མི༌བྱའོ།། 5འོན་ཀྱང་། བདག་གིས་ཁྱོད་རྣམས་གང་ལ་འཇིགས་དགོས་པ་དེ་སྟོན་པར༌བྱའོ།། ཁྱོད་ཀྱི་སྲོག་ལེན་ནུས་པ་དང་ཕྱིས་སུ་དམྱལ་བའི་གནས་སུ་འཕེན་པར་མཛད་པའི་དབང་ཡང་ཡོད་པ་དེ་ཉིད་ལ་འཇིགས་དགོས། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཁྱོད་རྣམས་དེ་ཉིད་ལ་འཇིགས་པར༌གྱིས། 6བྱེའུ་ལྔ་ནི་དོང་ཙེ་གཉིས་ལ་འཚོང་ཐུབ་པ་མ་ཡིན༌ནམ། འོན་ཀྱང་དཀོན་མཆོག་གི་སྤྱན་སྔར་བྱེའུ་རྣམས་ལས་གཅིག་ཀྱང་བརྗེད་མི་སྲིད། 7དཀོན་མཆོག་གིས་ཐ་ན་ཁྱོད་རྣམས་ཀྱི་སྐྲ་ཡི་ཉག་མ་རེ་རེ་ཡང་གྲངས་སུ་བརྩིས་ཡོད་པས། འཇིགས་མི་དགོས་ཏེ། བྱེའུ་མང་པོ་ལས་ཀྱང་ཁྱོད་རྣམས་ལ་རིན་ཐང་ཆེན་པོ་ལྡན་ནོ།། 8ཡང་བདག་གིས་ཁྱོད་རྣམས་ལ༌སྨྲའོ།། སུ་ཞིག་གིས་མི་གཞན་གྱི་མདུན་དུ་ང་རང་ཁས་བླངས༌ན། མིའི་བུ་ཡིས་ཀྱང་དཀོན་མཆོག་གི་ཕོ་ཉ་རྣམས་ཀྱི་མདུན་ནས་མི་དེའང་ཁས་ལེན་པར་འགྱུར། 9འོན་ཀྱང་། སུ་ཞིག་གིས་མི་གཞན་གྱི་མདུན་དུ་ང་རང་ཁས་མ་བླངས༌ན། དཀོན་མཆོག་གི་ཕོ་ཉ་རྣམས་ཀྱི་མདུན་ནས་མི་དེའང་ཁས་ལེན་པར་མི་འགྱུར། 10ཡང་སུ་ཞིག་གིས་མིའི་བུ་ལ་གཏམ་ངན་སྨྲས་ན་མི་དེའི་སྡིག་པ་བསལ་བར་འགྱུར༌ཡང༌། དམ་པའི་ཐུགས་ཉིད་ལ་སྐུར་བ་བཏབ་ན་མི་དེའི་སྡིག་པ་གཏན་ནས་བསལ་བར་མི་འགྱུར་རོ།། 11མི་གཞན་གྱིས་ཁྱོད་རྣམས་ཆོས་ཁང་གི་ཁྲིམས༌རའམ། ཁྲིམས་དཔོན་ནམ་མི་དབང་དང་ལྡན་པ་བཅས་ཀྱི་མདུན་དུ་ཁྲིད་པའི་དུས༌སུ། ཁྱོད་རྣམས་ཀྱིས་ལན་ཇི་ལྟར་འདེབས་པ་དང་གང་ཞིག་བརྗོད་པ་ལ་སེམས་ཁྲལ་མ་བྱེད༌ཅིག 12རྒྱུ་མཚན་ནི་དེའི་དུས་སུ་དམ་པའི་ཐུགས་ཉིད་ཀྱིས་ཁྱོད་རྣམས་ལ་གང་ཞིག་སྨྲ་དགོས་པ་སྟོན་པར་འགྱུར་ཞེས་གསུངས༌སོ།།

ཕྱུག་པོ་གླེན་པའི༌དཔེ།

13མི་ཚོགས་ཀྱི་ཁྲོད་དུ་མི་ཞིག་གིས་སྐྱབས་མགོན་ཡེ་ཤུ༌ལ། སློབ་དཔོན༌ལགས། ཁྱེད་ཀྱིས་ངའི་ཕུ་བོར་བཀའ་གནང་སྟེ་ཤུལ་བཞག་རྒྱུ་ནོར་བདག་ལའང་བགོ་བཤའ་བྱེད་པར་མཛོད་ཅེས་ཞུས་པ༌ན། 14ཁོང་གིས་འདི་སྐད༌དུ། གྲོགས༌པོ། སུ་ཞིག་གིས་ང་རང་ཁྱོད་གཉིས་ཀྱི་ཤུལ་བཞག་རྒྱུ་ནོར་བགོ་བཤའ་བྱེད་པའི་བར་འདུམ་པའམ་མགོ་བར་བསྐོས་པ་ཡིན་ནམ་ཞེས་གསུངས་པ༌དང༌། 15ཡང་སྐྱབས་མགོན་ཡེ་ཤུས་མི་ཚོགས་ལ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་རང་ཉིད་བསྲུང་ཞིང་མཉམ་པར་བཞག་སྟེ་བརྣབ་སེམས་ཅན་གྱི་རིགས་ཐམས་ཅད་ལ་དོགས་པར༌གྱིས། རྒྱུ་མཚན་མི་ཡི་ཚེ་སྲོག་ནི་རྒྱུ་ནོར་ལོངས་སྤྱོད་མང་པོ་ཡོད་མེད་ལ་རག་མི་ལས་པའི་ཕྱིར་ཡིན་ཞེས་གསུངས༌སོ།། 16ཡང་ཁོང་གིས་དཔེའི་སྒོ་ནས་འདི་སྐད༌དུ། དེ་ཡང་མི་ཕྱུག་པོ་ཞིག་ཡོད་པར་ཞིང་ལ་ལོ་ལེགས་བྱུང༌ཞིང༌། 17ཁོའི་སེམས་སུ་འབྲུ་རིགས་ལ་འབྲུ་མཛོད་མེད་པས་བདག་གིས་ཅི་བྱའམ་ཞེས་བསམས་པ༌དང༌། 18ཡང་ཁོ་ན༌རེ། བདག་གིས་རང་གི་བང་མཛོད་རྣམས་བཤིག་ཅིང་དེ་ལས་ཀྱང་ཆེ་བ་རྣམས་བཟོས༌ཏེ། རང་གི་འབྲུ་རིགས་དང་རྒྱུ་ནོར་ཐམས་ཅད་དེ་རུ་འཇོག་པར་བྱའོ་སྙམ་པ༌དང༌། 19དེའི་རྗེས་སུ་ཡང་རང་གིས་རང༌ལ། ཁྱོད་ཀྱིས་ལོ་མང་པོའི་རིང་ལ་རྒྱུ་ནོར་འབོར་ཆེན་བསགས་ཡོད༌པས། ད་ལྟ་ངལ་གསོ་བྱོས་དང་བློ་བདེ་བག་ཕེབས་ངང་ནས་བཟའ་བཏུང་ལོངས་སུ་སྤྱད་དེ་སྤྲོ་སྐྱིད་ལ་རོལ་ཅིག་ཅེས་སྨྲ་བར་བྱའོ་བསམས༌མོད། 20འོན་ཀྱང་དཀོན་མཆོག་གིས་ཁོ་རང་ལ་འདི་སྐད༌དུ། གླེན་པ༌ཁྱོད། དོ་དགོང་གི་དུས་འདི་ལ་ཁྱོད་ཀྱི་ཚེ་སྲོག་ལེན་པར༌འགྱུར། ཁྱོད་ཀྱིས་སྟ་གོན་བྱས་ནས་བསགས་པའི་རྒྱུ་ནོར་དེ་སུ་ལ་དབང་ངམ་བལྟ་ཞེས་གསུངས༌པའོ།། 21དེ་བཞིན་མི་སུས་ཀྱང་རང་གི་དོན་དུ་རྒྱུ་ནོར་མང་པོ་བསགས་ཀྱང་དཀོན་མཆོག་གི་སྤྱན་སྔར་ཕྱུག་པོ་མ་ཡིན་ཞེས་གསུངས༌སོ།།

སེམས་ཁྲལ་བྱ་མི་རུང་བའི༌སྐོར།

22ཡང་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། དེས་ན་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཁྱོད་རྣམས་ཀྱིས་རང་གི་ཚེ་སྲོག་གི་དོན་དུ་ཟས་གང་ཞིག་སྤྱོད་པ་དང་ལུས་པོའི་ཆེད་དུ་གོས་གང་ཞིག་གྱོན་པ་ལའང་སེམས་ཁྲལ་མ་བྱེད༌ཅིག 23རྒྱུ་མཚན་ནི་ཁ་ཟས་ལས་ཚེ་སྲོག་ནི་ཁྱད་དུ་འཕགས་ཤིང་གྱོན་ཆས་ལས་ཀྱང་མིའི་ལུས་པོ་ནི་ཁྱད་དུ་འཕགས་པ་ཡིན། 24བྱ་ཕོ་རོག་དག་ལ་ལྟོས༌དང༌། དེ་དག་གིས་ས་བོན་མི་འདེབས༌ལ། སྟོན་ཡང་མི་བསྡུ་ཞིང་བང་མཛོད་དང་འབྲུ་མཛོད་ཅི་ཡང་མེད༌མོད། འོན་ཀྱང་དཀོན་མཆོག་གིས་དེ་དག་གསོ་བ་ཡིན། ཁྱོད་རྣམས་ནི་བྱ་ལས་ཇི་འདྲའི་རིན་ཐང་ཆེ༌ཨང༌། 25ཁྱོད་རྣམས་ལས་སུ་ཞིག་གིས་སེམས་ཁྲལ་བྱས་ནས་རང་གི་ཚེ་ཐག་ཡུད་ཙམ་ཞིག་ཇེ་རིང་དུ་གཏོང་ནུས༌སམ། 26ཁྱོད་རྣམས་ཀྱིས་དོན་ཆུང་བ་འདི་ལྟ་བུ་ཞིག་ཀྱང་བསྒྲུབས་མི་ནུས༌ན། དོན་དག་གཞན་ལ་སེམས་ཁྲལ་བྱ་དགོས་དོན༌ཅི། 27སྟག་གཟིག་མེ་ཏོག་ཇི་ལྟར་སྐྱེ་བར་ལྟོས༌དང༌། དེ་དག་གིས་ལས་ཀ་མི་བྱེད་ལ་བལ་ཡང་མི་འཁེལ་མོད། འོན་ཀྱང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། སོ་ལོ་མོན་གྱི་བརྗིད་ཉམས་ཤིན་ཏུ་ཆེ་བའི་དུས༌སུ། ཁོང་གི་རྒྱན་གོས་མེ་ཏོག་འདི་ལའང་མི༌དོའོ།། 28དེའི༌ཕྱིར། དེ་རིང་ཡོད་ཡོད་འདྲ་ཡང་སང་ཉིན་ཐབ་ལ་བསྲེག་པར་འགྱུར་བའི་སྤང་ཐང་གི་རྩྭ་ཡང་དཀོན་མཆོག་གིས་ལེགས་པར་བསྐྱངས༌ན། དད་པ་ཆུང་བ་ཁྱོད་རྣམས་དེ་ལས་ལྷག་པར་སྐྱོང་བར་མི་མཛད༌དམ། 29ཁྱོད་རྣམས་ཀྱིས་བཟའ་བཏུང་གང་ཞིག་ལོངས་སུ་སྤྱོད་པར་མ་སྙེག་ལ་སེམས་ཁྲལ་ཡང་མ་བྱེད༌ཅིག 30རྒྱུ་མཚན་ནི་དེ་ཐམས་ཅད་འཇིག་རྟེན་པ་དག་གིས་བརྩོན་ས་ཡིན༌ལ། ཁྱོད་རྣམས་ལ་དེ་དག་མཁོ་བ་ཁྱོད་ཅག་གི་ཡབ་ཀྱིས་མཁྱེན༌ནོ།། 31ཁྱོད་རྣམས་ཀྱིས་དཀོན་མཆོག་གི་རྒྱལ་སྲིད་འཚོལ་ཞིང་སྙེགས་པར་གྱིས་དང་། དེ་རྣམས་ཀྱང་ཁྱོད་ཅག་ལ་གནང་བར་འགྱུར། 32ཁྱོད་ཅག་གི་ཡབ་ཀྱིས་རང་གི་རྒྱལ་སྲིད་ཀྱང་ཁྱོད་རྣམས་ལ་གནང་བར་ཐུགས་དགྱེས༌པས། ཀྱེ། ཚོགས་ཆུང་ཁྱོད་རྣམས་མ་སྐྲག༌ཅིག 33ཁྱོད་ཅག་གིས་རང་གི་རྒྱུ་རྫས་རྣམས་བཙོང་སྟེ་མི་གཞན་ལ་སྦྱིན་པར༌གྱིས། དེ་ནི་རུལ་བར་མི་འགྱུར་བའི་དངུལ་ཁུག་རང་ལ་འབྱོར་བ་དང་མཚུངས༌ཤིང༌། འཛད་མཐའ་མེད་པའི་ནོར་བུ་ནམ་མཁའི་ཞིང་ཁམས་སུ་གསོག་པ་དང་འདྲ༌སྟེ། གནས་དེར་རྐུན་མ་མི་ཐོན་ཞིང་འབུ་སྲིན་གྱིས་ཀྱང་བཟའ་བར་མི་འགྱུར། 34རྒྱུ་མཚན་ནི་ཁྱོད་རྣམས་ཀྱི་ནོར་བུ་གང་དུ་ཡོད་ན་ཁྱོད་རྣམས་ཀྱི་སེམས་ཀྱང་དེ་རུ་ཡོད་པའི་ཕྱིར་ཡིན་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་ཕྱིར་ཕེབས་པར་བསྒུག་དགོས་པའི༌དཔེ།

35ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་ལུས་ལ་སྐ་རགས་བཅིངས་ཤིང་སྒྲོན་མེ་བསྒྲོན༌ཏེ། 36རང་ཉིད་ནི་རང་གི་བདག་པོ་གཉེན་སྟོན་ལས་ཕྱིར་ལོག་པར་སྒུག་པའི་གཡོག་པོ་རྣམས་དང་འདྲ་བར་བྱོས་ཤིག བདག་པོ་ཕྱིར་ཕེབས་ཏེ་སྒོ་བརྡུང་བ་ན་གཡོག་པོ་རྣམས་ཀྱིས་ཀྱང་མྱུར་དུ་སྒོ་འབྱེད་ཐུབ་པ་ཡིན། 37བདག་པོ་ཕྱིར་ཕེབས་དུས་གཡོག་པོ་རྣམས་ཀྱིས་མཉམ་པར་བཞག་ནས་སྒུག་སྡོད་པ་ཁོང་གིས་གཟིགས་ན་གཡོག་པོ་རྣམས༌བདེའོ།། བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། བདག་པོས་ལུས་ལ་སྐ་རགས་བཅིངས་ཤིང་གཡོག་པོ་རྣམས་གྲལ་ལ་སྡོད་དུ་འཇུག་པ་དང་དེ་དག་གི་མདུན་དུ་ཡོང་ནས་ཞབས་ཕྱི་སྒྲུབ་པ་ཡིན། 38ཡང་ནམ་ཕྱེད་དམ་སྐྱ་རེངས་ཀྱི་དུས་གང་ཞིག་ལ་ཁོང་ཉིད་ཕྱིར་སླེབ་ཚེ། གཡོག་པོ་རྣམས་ཀྱིས་དེ་ལྟར་སྒུག་བཞིན་པ་གཟིགས༌ན། གཡོག་པོ་དེ་རྣམས་ཀྱང༌བདེའོ།། 39ཁྱིམ་བདག་གིས་དུས་ནམ་ཞིག་ལ་རྐུན་མ་ཡོང་ངེས་པ་ཤེས༌ན། ཁོས་རྐུན་མ་ཁྱིམ་ལ་འཛུལ་དུ་མི་འཇུག་པ་ཁྱོད་རྣམས་ཀྱིས་ཀྱང་ཤེས་པར་གྱིས། 40དེ་བས་ཁྱོད་རྣམས་ཀྱིས་ཀྱང་སྟ་གོན་བྱོས༌དང༌། རྒྱུ་མཚན་ནི་ཁྱོད་རྣམས་ཀྱིས་སེམས་སུའང་མི་དྲན་པའི་དུས་ཤིག༌ལ། མིའི་བུ་ཕེབས་ཡོང་ངེས་ཡིན་ཞེས་གསུངས༌སོ།། 41ཐུགས་སྲས་པེ་ཏྲོ་ན༌རེ། གཙོ་བོ༌ལགས། དཔེ་འདི་ནི་ངེད་རྣམས་ཀྱི་དོན་དུ་གསུངས་པ་ཡིན༌ནམ། ཡང་ན་མི་ཀུན་ལ་གསུངས་པ་ཡིན་ཞེས་ཞུས་པ༌ན། 42གཙོ་བོས་འདི་སྐད༌དུ། དེས་ན་སུ་ཞིག་བློ་སེམས་དཀར་ཞིང་འཇོན་ཐང་ཅན་གྱི་གཉེར་པ་ཡིན༌པ་དང་། བདག་པོས་ཁོ་ནི་རང་གི་གཡོག་པོ་རྣམས་ཀྱི་འགོ་པར་བསྐོས༌ཏེ། དུས་ལྟར་དེ་རྣམས་ལ་ཟས་སྐལ་སྟེར་བ་ཡིན་ནམ། 43བདག་པོ་ཕྱིར་སླེབས་ཏེ་གཡོག་པོས་དེ་ལྟར་སྒྲུབ་བཞིན་པ་མཐོང༌ན། གཡོག་པོ་དེ་ནི༌བདེའོ།། 44བདག་གིས་ཁྱོད་རྣམས་ལ་བདེན་པར༌སྨྲ་སྟེ། བདག་པོས་གཡོག་པོ་དེར་རྒྱུ་ནོར་ཐམས་ཅད་དོ་དམ་བྱེད་པའི་དབང་སྤྲོད་པར་འགྱུར་རོ།། 45འོན་ཀྱང་། གཡོག་པོའི་སེམས་སུ་ངའི་བདག་པོ་ཕྱིར་ཡོང་བ་འཕྱིའོ་སྙམ༌སྟེ། གཡོག་པོ་དང་གཡོག་མོ་གཞན་རྣམས་ལ་གཅར་རྡུང་བྱེད་པ་དང་། བཟའ་བཏུང་སྤྱོད་ཅིང་ར་བཟི་བར་གྱུར༌ན། 46ཁོས་སེམས་སུའང་མི་དྲན་པའི་ཉིན་ཞིག་དང་། མི་ཤེས་པའི་དུས་ཤིག་ལ། གཡོག་པོ་དེའི་བདག་པོ་ཕྱིར་ཕེབས་ཏེ། ཁོ་རང་དུམ་བུར་གཅོད་ཅིང་། དད་པ་མེད་པ་རྣམས་དང་མཉམ་དུ་གཏོང་བར་འགྱུར། 47ཡང་གཡོག་པོ་དེས་བདག་པོའི་བསམ་དོན་ཤེས་བཞིན་དུ་སྟ་གོན་མི་བྱེད་པ་དང་བདག་པོའི་བསམ་དོན་ལྟར་མ་བསྒྲུབས༌ན། ཁོས་རྡུང་རྡེག་མང་པོ་མྱང་བར་འགྱུར་རོ།། 48འོན་ཀྱང་བདག་པོའི་བསམ་དོན་མི་ཤེས་པའི་གཡོག་པོས་རྡུང་རྡེག་བྱེད་འོས་པའི་ཉེས་སྐྱོན་བཟོས་ཀྱང་དེས་རྡུང་རྡེག་ཉུང་ཙམ་མྱང་བར་འགྱུར། རྒྱུ་མཚན་ནི་མི་སུ་ཞིག་ལ་མང་པོ་གནང་བ་ཡིན༌ན། མི་དེ་ལས་ཀྱང་ཕྱིར་མང་པོ་ལེན་པ་དང༌། ཡང་སུ་ཞིག་ལ་མང་པོ་བཅོལ་བ་ཡིན༌ན། མི་དེས་ཀྱང་ཕྱིར་མང་པོ་སྤྲོད་པར་འགྱུར་ཞེས་གསུངས༌སོ།།

འཁྲུག་རྩོད་འབྱུང་བའི༌རྒྱུ།

49ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་ནི་ས་གཞི་ཆེན་པོར་མེ་འཕེན་དུ་ཡོང༌བ་ཡིན་ནོ།། མེ་འབར་ཟིན་ན་ཅི་མ༌རུང་། 50བདག་གིས་ཁྲུས་གསོལ་ལེན་དགོས་པ་ད་དུང་བླངས་མེད་ཅིང་། དོན་དེ་འགྲུབ་པའི་བར་དུ་བདག་ནི་ཇི་འདྲའི་སེམས་འཚབ་ཨང་། 51ཁྱོད་རྣམས་ཀྱིས་ང་རང་འཇིག་རྟེན་འདིར་ཡོང་བ་ནི་མི་རྣམས་ལ་ཞི་བདེ་འཐོབ་པའི་ཆེད་དུ་ཡིན་སྙམ་མམ། བདག་གིས་ཁྱོད་རྣམས་ལ་སྨྲ་བར༌བྱའོ།། དེ་ལྟར་མ་ཡིན༌ཏེ། ང་ནི་དབྱེན་འབྱེད་དུ་འོངས་པ་ཡིན། 52དུས་ད་ནས༌བཟུང༌། ཁྱིམ་ཚང་གཅིག་གི་བཟའ་མི་ལྔ་བོར་རྩོད་གླེང་བྱུང༌སྟེ། མི་གསུམ་ཅན་གྱིས་མི་གཉིས་ཅན་དང་མི་གཉིས་ཅན་གྱིས་མི་གསུམ་ཅན་ལ་ཕན་ཚུན་རྒོལ་བར་འགྱུར། 53ཡང་ཕ་ཡིས་བུ༌དང༌། བུ་ཡིས་ཕ་ལ་རྒོལ་བ༌དང༌། མ་ཡིས་བུ་མོ༌དང༌། བུ་མོས་མ་ལ་རྒོལ་བ༌དང༌། སྒྱུག་མོས་མནའ་མ༌དང༌། མནའ་མས་སྒྱུག་མོ་ལ་རྒོལ་བར་འགྱུར་ཞེས་གསུངས༌སོ།།

དུས་ལ་བརྟག་དགོས་པའི༌སྐོར།

54ཡང་སྐྱབས་མགོན་ཡེ་ཤུས་མི་ཚོགས་ལ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་ནུབ་ཕྱོགས་ནས་སྤྲིན་འཁྲིགས་པ་མཐོང་མ་ཐག༌ཏུ། ཆར་བ་འབབ་ངེས་རེད་ཟེར་ཞིང་དངོས་གནས་དེ་ལྟར་དུ་འབྱུང༌། 55ཡང་ལྷོ་ཕྱོགས་ནས་རླུང་གཡོས་པ་མཐོང་བ་ན། ཚ་བ་འབྱུང་ངེས་རེད་ཟེར་བ་དང་དེ་ལྟར་དུ་འབྱུང༌། 56འོན་ཀྱང་ཚུལ་འཆོས་ཅན་ཁྱོད་རྣམས་ཀྱིས་གནམ་སའི་རང་བཞིན་བརྟགས་པས་ཤེས༌ཀྱང་། དུས་འདིར་ཅིའི་ཕྱིར་རྟོག་མི་ཤེས་སམ། 57ཁྱོད་རྣམས་ཀྱིས་གང་ཞིག་འོས་མཐུན་ཡིན་མིན་ལ་ཅིའི་ཕྱིར་རང་གིས་ཐག་གཅོད་མི་བྱེད༌དམ། 58དཔེར་ན་ཁྱོད་དང་ཁྱོད་རང་གཏུག་མཁན་གཉིས་མཉམ་དུ་ཁྲིམས་དཔོན་གྱི་དྲུང་དུ་འགྲོ་བའི་དུས༌སུ། ལམ་བར་དུ་ཁོ་དང་འགྲིག་མཐུན་ཡོང་བར་བརྩོན་པར༌གྱིས། དེ་ལྟར་མ་བྱས་ན་ཁྱོད་ཀྱི་གྱོད་ཡས་ཁྱོད་རང་ཁྲིམས་དཔོན་གྱི་དྲུང་དུ་ཁྲིད༌ཅིང༌། ཁྲིམས་དཔོན་གྱིས་ཁྱོད་རང་དམག་མིར་སྤྲོད་པ་དང་དམག་མིས་ཁྱོད་རང་བཙོན་དུ་འཇུག་པར་འགྱུར། 59ཡང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཁྱོད་ཀྱིས་དོང་ཙེ་ཐམས་ཅད་སྐྱིན་ཚབ་ཏུ་སྤྲད་ཚར་བའི་བར་དུ་ཁྱོད་རང་བཙོན་ཁང་ལས་གཏན་ནས་ཐར་མི་ནུས་ཞེས་གསུངས༌སོ།།

ལུ་ཀ 13

འགྱོད་བཤགས་བྱེད་པར་གདམས༌པ།

1སྐབས་དེ་ཉིད་དུ། གནས་དེར་ཡོད་པའི་མི་འགའ་ཞིག༌གིས། དེ་སྔར་པི་ལ་ཏུ་ཡིས་ག་ལིལ་པ་ཁ་ཤས་བསད་ནས་དེ་རྣམས་ཀྱི་ཁྲག་མཆོད་པའི་ནང་དུ་བསྲེས་པའི་ལོ་རྒྱུས་ཁོང་ལ་ཞུས་པ༌དང༌། 2ཁོང་གིས་འདི་སྐད༌དུ། ག་ལིལ་པ་དེ་དག་གིས་སྡུག་བསྔལ་ཆེན་པོ་མྱངས༌པས། ཁྱོད་ཅག་གིས་ཁོ་རྣམས་ག་ལིལ་ཡུལ་གྱི་མི་གཞན་ཐམས་ཅད་ལས་ཀྱང་སྡིག་ཅན་ཡིན་པར་སྙམ་མམ། 3བདག་གིས་ཁྱོད་རྣམས་ལ་སྨྲ་བར༌བྱའོ།། དེ་འདྲ་མ་ཡིན༌ཏེ། གལ་སྲིད་ཁྱོད་རྣམས་ཀྱིས་འགྱོད་བཤགས་མ་བྱས་ན་ཁྱོད་རྣམས་ཀྱང་དེ་ལྟར་འཆི་བར་འགྱུར། 4ཡང་སྔོན་ཆད་སི་ལོ་ཨམ་གྱི་མཁར་གློ་བུར་དུ་བརྡིབས་ཏེ་མི་བཅོ་བརྒྱད་ཤི་བ་དེ་དག༌ནི། ཁྱོད་རྣམས་ཀྱིས་ཡེ་རུ་སཱ་ལེམ་དུ་གནས་པའི་མི་ཐམས་ཅད་ལས་ཀྱང་ཉེས་ཅན་ཡིན་པར་སྙམ་མམ། 5ཡང་བདག་གིས་ཁྱོད་རྣམས་ལ་སྨྲ་བར༌བྱའོ།། དེ་འདྲ་མ་ཡིན༌ཏེ། གལ་སྲིད་ཁྱོད་རྣམས་ཀྱིས་འགྱོད་བཤགས་མ་བྱས་ན་ཁྱོད་རྣམས་ཀྱང་དེ་ལྟར་འཇིག་པར་འགྱུར་ཞེས་གསུངས༌སོ།། 6ཡང་སྐྱབས་མགོན་ཡེ་ཤུས་དཔེ་ལ་སྦྱར་ནས་འདི་སྐད༌གསུངས་པ་སྟེ། དེ་ཡང་མི་ཞིག་ལ་བསེ་ཡབ་ཤིང་སྡོང་ཞིག་ཡོད་པ་དེ་རང་གི་རྒུན་འབྲུམ་ར་བའི་ནང་དུ་བཙུགས་ཡོད། ཁོ་རང་ཤིང་སྡོང་དེའི་གམ་དུ་ཤིང་འབྲས་འཚོལ་དུ་སོང་ནའང་ཅི་ཡང་མ་རྙེད༌པས། 7རྒུན་འབྲུམ་ར་བ་སྲུང་མཁན༌ལ། ཁྱོད་ཀྱིས་ལྟོས༌དང༌། བདག་གིས་ལོ་གསུམ་གྱི་རིང་ལ་བསེ་ཡབ་ཤིང་སྡོང་གི་ཤིང་འབྲས་འཚོལ་དུ་ཡོང་ནའང་ཅི་ཡང་མ་རྙེད། ད་ལྟ་ཤིང་སྡོང་དེ་ཆོད༌དང༌། ས་འདི་ཆུད་ཟོས་བྱེད་དགོས་དོན་མི་འདུག་ཅེས་སྨྲས་པ༌ན། 8རྒུན་འབྲུམ་ར་བ་སྲུང་མཁན་ན༌རེ། བདག་པོ༌ལགས། ཤིང་སྡོང་འདི་ད་ལོ་རེ་ཞིག་སྐྱུར༌དང༌། ངས་ཤིང་སྡོང་མཐའ་འཁོར་གྱི་ས་བསློགས་ནས་ལུད་འཇོག་པར་བྱའོ།། 9ལོ་རྗེས་མར་འབྲས་བུ་ཐོགས་ན་ལེགས། གལ་ཏེ་ད་དུང་འབྲས་བུ་མི་ཐོགས་ན་གཅོད་པར་བྱའོ་ཞེས་ལན་བཏབ་བོ།།

ངལ་གསོ་བའི་ཉིན་ལ་བུད་མེད་ཅིག་གི་ནད་གསོས་པ།

10ངལ་གསོ་བའི་ཉིན་ལ་སྐྱབས་མགོན་ཡེ་ཤུས་ཆོས་ཁང་ཞིག་ཏུ་ཆོས་གསུང་བའི༌ཚེ། 11གནས༌དེར་གདོན་འདྲེས་བཟུང་ནས་ལུས་པོ་བསྒུར༌ཅིང་། ལོ་བཅོ་བརྒྱད་ཀྱི་རིང་ལ་རྐེད་པ་ཡར་དགྱེ་མི་ནུས་པའི་བུད་མེད་ནད་པ་ཞིག་ཡོད༌པ་རེད། 12སྐྱབས་མགོན་ཡེ་ཤུས་ཁོ་མོ་གཟིགས་པ་དང་ཚུར་བོས༌ཏེ། ཀྱེ། བུད་མེད། ཁྱོད་རང་ནད་འདི་ལས་ཐར་བ་ཡིན་ཞེས་གསུངས་པ༌དང༌། 13ཁོང་གིས་ཕྱག་བུད་མེད་དེའི་ལུས་ལ་བཞག་པ༌ན། ཁོ་མོས་དེ་མ་ཐག་རྐེད་པ་ཡར་དགྱེ་ཞིང་དཀོན་མཆོག་ལ་བསྟོད་བསྔགས་ཕུལ་ལོ།། 14འོན་ཀྱང་ཆོས་ཁང་གི་དབུ་མཛིན་པ་ཞིག་ཡོད་པ༌དེས། སྐྱབས་མགོན་ཡེ་ཤུས་ངལ་གསོ་བའི་ཉིན་མོར་ནད་གསོས་པའི་རྐྱེན༌གྱིས། ཁོང་ཁྲོའི་ངང་ནས་མི་ཚོགས་ལ་འདི་ལྟར་སྨྲས་པ། གཟའ་འཁོར་གཅིག་ལ་བྱ་བ་སྒྲུབ་ཆོག་པའི་ཉིན་དྲུག་ཡོད༌པས། ཉིན་དེ་དག་ལ་ནད་གསོ་བའི་ཕྱིར་འདི་རུ་ཤོག༌དང༌། ངལ་གསོ་བའི་ཉིན་ལ་མ་ཡོང་ཞིག་ཅེས༌སོ།། 15གཙོ་བོས་འདི་སྐད༌དུ། དེས་ན་ཚུལ་འཆོས་ཅན་ཁྱོད་རྣམས་མི་རེ་རེས་ངལ་གསོ་བའི་ཉིན་ལ་བ་གླང་ངམ་བོང་བུ་རང་གི་ཕྱུགས་ར་ལས་ཆུ་ཁར་མི་འཁྲིད༌དམ། 16བུད་མེད་འདི་ནི་ཨབ་ར་ཧམ་གྱི་རིགས་རྒྱུད་ཡིན༌ཞིང༌། ལོ་བཅོ་བརྒྱད་ཀྱི་རིང་ལ་བདུད་སཱ་ཏན་གྱིས་བཟུང་བ་ཡིན་ཡང་ངལ་གསོ་བའི་ཉིན་ལ་ཁོ་མོ་ནད་ལས་ཐར་བར་བྱ་མི་འོས་སམ་ཞེས་གསུངས་པ༌དང༌། 17དགྲ་ཟླ་ཐམས་ཅད་ངོ་གནོངས་པར་གྱུར་པ༌དང༌། སྐྱབས་མགོན་ཡེ་ཤུས་མཛད་པའི་གཟི་བརྗིད་དང་ལྡན་པའི་དོན་རྣམས་ལ་མི་ཐམས་ཅད་དགའ་བར་གྱུར༌ཏོ།།

ཡུངས་འབྲུའི་ས་བོན་དང་སྐྱུར་རྩིའི༌དཔེ།

18སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་ནི་གང་ཞིག་དང༌འདྲའམ། བདག་གིས་དཔེ་གང་ཞིག་དང་བསྡུར་བར༌བྱའམ། 19དེ་ནི་ཡུངས་འབྲུའི་ས་བོན་ཞིག་དང་འདྲ༌སྟེ། མི་ཞིག་གིས་རང་གི་ར་བའི་ནང་དུ་ས་བོན་དེ་བཏབ་པ་དང་ཆེར་སྐྱེས་ནས་ཤིང་སྡོང་དུ་གྱུར༌ཅིང་། ནམ་མཁའི་བྱ་རྣམས་ཀྱིས་ཀྱང་ཡལ་གའི་གསེབ་ཏུ་ཚང་བཟོ་བ་ཡིན་ཞེས་གསུངས་པ༌དང༌། 20ཡང་ཁོང་གིས་འདི་སྐད༌དུ། བདག་གིས་དཀོན་མཆོག་གི་རྒྱལ་སྲིད་ནི་གང་ཞིག་དང་བསྡུར༌རམ། 21དེ་ནི་སྐྱུར་རྩི་ཞིག་དང་འདྲ༌སྟེ། བུད་མེད་ཅིག་གིས་སྐྱུར་རྩི་དེ་ཕྱེ་བྲེ་གསུམ་ནང་དུ་བསྲེས་ཤིང་བརྫིས་ཏེ་རིམ་བཞིན་ཕྱེ་ཐམས་ཅད་སྐྱུར་ལངས་པ་དང་མཚུངས་ཞེས་གསུངས༌སོ།།

ཐར་པའི་སྒོ་དོག༌མོ་ཡིན་པར་བསྟན་པ།

22སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་ཕེབས་པའི་ལམ་བར༌དུ། གྲོང་རྡལ་དང་ཡུལ་སྡེ་སོ་སོ་བརྒྱུད་ནས་ཆོས་གསུངས་སོ།། 23མི་ཞིག་གིས་སྐྱབས་མགོན་ཡེ་ཤུ༌ལ། ཇོ་བོ༌ལགས། ཐར་པ་འཐོབ་པར་འགྱུར་བའི་མི་ཉུང་ངམ་ཞེས་ཞུས་པ༌ན། ཁོང་གིས་གནས་དེར་ཡོད་པའི་མི་རྣམས་ལ་འདི་སྐད༌དུ། 24སྒོ་དོག་མོའི་ནང་དུ་འགྲོ་བར་བརྩོན་པར༌གྱིས། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། མ་འོངས་པ་ན་མི་མང་པོ་ཞིག་དེའི་ནང་དུ་འཇུག་འདོད་ཀྱང་འགྲོ་མི་ནུས་ལ། 25ཁྱིམ་བདག་ཡར་ལངས་ནས་སྒོ་བརྒྱབ༌རྗེས། ཁྱོད་རྣམས་ཕྱི་རུ་ལངས་ནས་སྒོ་བརྡུང༌སྟེ། བདག་པོ༌ལགས། ངེད་རྣམས་ལ་སྒོ་ཕྱེ་བར་མཛོད་ཅེས་ཞུ་བ་བྱས་པ༌ན། ཁྱིམ་བདག་གིས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་གང་ནས་ཡོང་བ་མི་ཤེས་ཞེས་བརྗོད་པར་འགྱུར། 26ཁྱོད་རྣམས་ཀྱིས་འདི་ལྟར་བརྗོད་ངེས༌ཏེ། ངེད་ཅག་གིས་ཁྱེད་དང་ལྷན་དུ་བཟའ་བཏུང་སྤྱད་མྱོང༌ལ། ཁྱེད་ཀྱིས་ཀྱང་ངེད་ཅག་གི་སྲང་ལམ་ནས་མི་རྣམས་ལ་ཆོས་གསུངས་མྱོང་ཞེས་ཟེར༌ཅིང་། 27ཡང་ཁྱིམ་བདག་གིས་འདི་སྐད༌དུ། ངས་ཁྱོད་རྣམས་ལ་སྨྲ་བར༌བྱ་སྟེ། ངས་ཁྱོད་རྣམས་གང་ནས་ཡོང་བ་མི་ཤེས། ལས་ངན་པ་བྱེད་མཁན་ཁྱོད་རྣམས་བདག་གི་དྲུང་ནས་ཕར་སོང་ཞིག་ཅེས་གསུང་བར་འགྱུར། 28ཁྱོད་རྣམས་ཀྱིས་ཨབ་ར་ཧམ༌དང༌། ཨི༌སཱག ཡ༌ཀོབ། ལུང་སྟོན་པ་ཐམས་ཅད་དཀོན་མཆོག་གི་རྒྱལ་སྲིད་དུ་བཞུགས་ཡོད་པ་མཐོང་བར་འགྱུར༌ནའང༌། ཁྱོད་རྣམས་སྒོའི་ཕྱི་རོལ་ཏུ་ཕུད་ནས་གནས་དེ་རུ་ངུ་འབོད་བྱེད་ཅིང་ཨམ་གཙིགས་བསྡམ་པར་འགྱུར་རོ།། 29ཡང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མི་རྣམས་ཀྱང་དཀོན་མཆོག་གི་རྒྱལ་སྲིད་དུ་གསོལ་སྟོན་ལ་ཞུགས་པར་འགྱུར། 30ལྟོས༌དང༌། ཕྱི་མ་ཡིན་པའི་མི་རྣམས་སྔ་མར་འགྱུར༌ཞིང༌། སྔ་མ་ཡིན་པའི་མི་རྣམས་ཕྱི་མར་འགྱུར་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུས་ཡེ་རུ་སཱ་ལེམ་གྱི་མི་རྣམས་ལ་ཐུགས་ཁུར་མཛད༌པ།

31དེའི་དུས༌སུ། ཕ་རུ་ཤི་པ་འགའ་ཡོང་སྟེ། ཧེ་རོ་དཱས་ཁྱེད་རང་གསོད་འདོད་པས་ཁྱེད་རང་གནས་གཞན་དུ་ཕེབས་པར་ཞུ་ཞེས་སྨྲས་སོ།། 32སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་སོང་ནས་གཡོ་སྒྱུ་ཅན་གྱི་ཝ་མོ་དེ་ལ་འདི་ལྟར༌ཤོད། ཉོན༌དང་། དེ་རིང་དང་སང་ཉིན་གྱི་དུས༌སུ། བདག་གིས་གདོན་འདྲེ་སྐྲོད་པ་དང་ནད་པ་གསོ་བར་བྱེད༌ཅིང༌། ཉིན་གསུམ་པར་བདག་གི་དོན་འགྲུབ་པར་འགྱུར་ཞེས་སྨྲོས༌ཤིག 33འོན་ཀྱང་དེ་རིང་དང་སང༌ཉིན། གནངས་ཉིན་བཅས་ལ་ང་རང་ལམ་དུ་ཆས་དགོས༌ཏེ། ལུང་སྟོན་པ་ཞིག་ཡེ་རུ་སཱ་ལེམ་གྱི་ཕྱི་རོལ་ཏུ་འཆི་མི་རུང་བའི་ཕྱིར༌རོ།། 34ཀྱེ། ཡེ་རུ་སཱ་ལེམ། ཡེ་རུ་སཱ་ལེམ། ཁྱོད་ཀྱིས་དུས་རྟག་ཏུ་ལུང་སྟོན་པ་རྣམས་གསོད་པར་བྱེད༌ཅིང༌། ཁྱོད་ཀྱི་གམ་དུ་མངགས་པའང་རྡོ་རུབ་གཏོང་བར་བྱེད། བྱ་མོས་བྱ་ཕྲུག་གཤོག་འོག་ཏུ་རུམ་པ༌ལྟར། བདག་གིས་ཀྱང་ལན་དུ་མར་ཁྱོད་ཀྱི་བུ་ཕྲུག་རྣམས་བསྡུ་འདོད་ནའང་ཁྱོད་རྣམས་མ་འཐད་དོ།། 35ལྟོས༌དང༌། ཁྱོད་ཅག་གི་སྡོད་གནས་ནི་ཁྱོད་ཅག་ལ་སྟོང་བར་བྱས་ནས་བསྐྱུར་བ་ཡིན། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཁྱོད་རྣམས་ཀྱི་ངག་ལས་གཙོ་བོའི་མཚན་གྱི་སྒོ་ནས་བྱོན་པ་ནི་བྱིན་རླབས་ཅན་ཡིན་ཞེས་ཞུ་བའི་བར་དུ་ང་རང་མཐོང་བར་མི་འགྱུར་ཞེས་གསུངས༌སོ།།

ལུ་ཀ 14

སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཕ་རུ་ཤི་པ་ཞིག་གི་ཁྱིམ་དུ་བཞུགས༌པ།

1ཡང་ངལ་གསོ་བའི་ཉིན་ཞིག༌ལ། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཕ་རུ་ཤི་པའི་དཔོན་ཚང་ཞིག་ལ་ཞལ་ཟས་བཞེས་པར་ཕེབས་པ༌དང༌། དེ་རྣམས་ཀྱིས་ལྐོག་ནས་བལྟས་ཤིང་བརྟག་གོ། 2ཁོང་གི་མདུན་དུ་དམུ་ཆུ་བྱུང་བའི་མི་ཞིག་ཡོད༌ཅིང༌། 3སྐྱབས་མགོན་ཡེ་ཤུས་བཀའ་ཁྲིམས་ཀྱི་མཁས་པ་དང་ཕ་རུ་ཤི་པ་རྣམས་ལ་འདི་སྐད༌དུ། ངལ་གསོ་བའི་ཉིན་ལ་ནད་གསོ་བ་ནི་བཀའ་ཁྲིམས་དང་མཐུན་ནམ་མི་མཐུན་ཞེས་དྲིས༌ཀྱང༌། 4དེ་རྣམས་ཀྱིས་ལན་ཅི་ཡང་མ་བཏབ་བོ།། སྐྱབས་མགོན་ཡེ་ཤུས་མི་དེ་བསྐྱོར་ཞིང་ནད་གསོས་ཏེ་ཕྱིར་འགྲོ་རུ་བཅུག་པ་དང་། 5ཡང་ཁོང་གིས་འདི་སྐད༌དུ། ངལ་གསོ་བའི་ཉིན་ལ་ཁྱོད་རྣམས་ལས་སུ་ཞིག་གིས་རང་གི་བུའམ་བ་གླང་ཞིག་དོང་ཆུའི་ནང་དུ་ལྷུང་ན་དེ་མྱུར་བ་མྱུར་དུ་ཕྱིར་ལེན་པར་མི་བྱེད་དམ་ཞེས་གསུངས་པ༌ན། 6དེ་རྣམས་ཀྱིས་ལན་འདེབས་མ་ནུས༌སོ།། 7སྐྱབས་མགོན་ཡེ་ཤུས་མགྲོན་པོ་རྣམས་གྲལ་མགོ་རུ་སྡོད་པར་དགའ་བ་གཟིགས་ཏེ་དཔེ་ལ་སྦྱར་ནས་འདི་སྐད༌དུ། 8སུ་ཞིག་གིས་ཁྱོད་རང་གཉེན་སྟོན་དུ་མགྲོན་ལ་བོས་པ༌ན། གྲལ་མགོ་རུ་མ་འདུག་ཅིག ཧ་ལམ་ཁྱོད་ལས་ཀྱང་གོ་གནས་མཐོ་བའི་མི་གཞན་ཡང་བོས་ཡོད༌སྲིད། 9དེ་ལྟར་ཡིན་ན། ཁྱོད་དང་མི་གཞན་གདན་འདྲེན་ཞུ་མཁན་ཡོང༌སྟེ། ཁྱོད་ཀྱི་སྡོད་གནས་མི་འདི་ལ་སྤྲོད་པར་གྱིས་ཞེས་ཁྱོད་ལ་སྨྲ་ངེས༌པས། ཁྱོད་རང་ངོ་གནོང་ཞིང་གྲལ་མཇུག་ཏུ་སྡོད་དགོས་པར་འགྱུར་རོ།། 10འོན་ཀྱང་མི་གཞན་གྱིས་ཁྱོད་རང་མགྲོན་དུ་བོས་ན། དེ་ལ་སོང་ནས་གྲལ་མཇུག་ཏུ་སྡོད༌དང༌། རྒྱུ་མཚན་ནི་ཁྱོད་རང་གདན་འདྲེན་ཞུ་མཁན་དེ་ཉིད་ཡོང་ནས། གྲོགས་པོ༌ལགས། ཁྱེད་རང་གྲལ་མགོ་རུ་བཞུགས་ཞེས་ཟེར་བའི་ཕྱིར༌རོ།། དེའི་དུས༌སུ། མགྲོན་པོ་གཞན་རྣམས་ཀྱི་མདུན་དུ་ཁྱོད་ལ་བརྩི་བཀུར་འཐོབ་པར་འགྱུར་རོ།། 11རྒྱུ་མཚན་ནི་སུ་ཞིག་གིས་རང་ཉིད་མཐོ་བར་བཟུང་ན་དམན་པར་འགྱུར་བ༌དང༌། སུ་ཞིག་གིས་རང་ཉིད་དམན་པར་བཟུང་ན་མཐོ་བར་འགྱུར་བའི་ཕྱིར་རོ་ཞེས་གསུངས་སོ།། 12ཡང་སྐྱབས་མགོན་ཡེ་ཤུས་རང་ཉིད་གདན་འདྲེན་ཞུ་མཁན་ལ་འདི་སྐད༌དུ། ཁྱོད་ཀྱིས་གུང་ཚིགས་དང་ཡང་ན་དགོང་ཇ་བཤམ་པའི་སྐབས༌སུ། རང་གི་གྲོགས༌པོའམ། སྤུན། གཉེན༌ཉེ། ཁྱིམ་མཚེས་ཕྱུག་པོ་རྣམས་མ་འབོད༌ཅིག དེ་ལྟར་བྱས་ན་ཕལ་ཆེར་དེ་དག་གིས་ཀྱང་ཁྱོད་རང་ཕྱིར་གདན་དྲངས་ནས་དྲིན་ལན་འཇལ་བར་འགྱུར། 13འོན་ཀྱང་ཁྱོད་ཀྱིས་གསོལ་སྟོན་བཤམས་ན་དབུལ་པོ༌དང༌། དབང་བོ་སྐྱོན༌ཅན། གྱོལ་པོ། ལོང་བ་སོགས་བོས༌དང༌། 14ཁྱོད་ལ་བདེ་བ་འཐོབ་པར་འགྱུར་རོ།། རྒྱུ་མཚན་ནི་མི་དེ་རྣམས་ཀྱིས་ཁྱོད་ལ་དྲིན་ལན་འཇལ་ཐབས་མེད༌ནའང༌། མི་རྣམ་དག་རྣམས་སླར་གསོན་པར་འགྱུར་བའི་དུས་སུ་ཁྱོད་ལ་དྲིན་ལན་ཐོབ་པར་འགྱུར་ཞེས་གསུངས༌སོ།།

གསོལ་སྟོན་ཕུན་སུམ་ཚོགས་པའི༌དཔེ།

15དེ་ནས་སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་གྲལ་ལ་བཞུགས་པའི་མི་གཅིག་གིས་གསུང་དེ་ཐོས་པ་དང་སྐྱབས་མགོན་ཡེ་ཤུ་ལ། དཀོན་མཆོག་གི་རྒྱལ་སྲིད་དུ་ཞལ་ཟས་བཞེས་མཁན་ཐམས་ཅད་བདེའོ་ཞེས་སྨྲས་པ༌དང༌། 16སྐྱབས་མགོན་ཡེ་ཤུས་འདི་སྐད་དུ། དེ་ཡང་མི་ཞིག་གིས་གསོལ་སྟོན་ཕུན་སུམ་ཚོགས་པ་བཤམས་ཏེ་མི་མང་པོ་མགྲོན་དུ་བོས༌ཤིང༌། 17དགོང་ཟས་ཀྱི་དུས༌སུ། རང་གི་གཡོག་པོ་མངགས་ཏེ་བོས་པའི་མགྲོན་པོ་རྣམས༌ལ། ཤོག༌དང༌། ཐམས་ཅད་སྟ་གོན་བྱས་ཚར་ཞེས་སྨྲས་སོ།། 18འོན་ཀྱང་དེ་རྣམས་ཚང་མས་མགྲིན་གཅིག་ཏུ་གཡོལ་ཐབས་བྱས་ཤིང་། མི་སྔ་མ་དེ་ན༌རེ། ངས་ས་ཞིང་ཞིག་ཉོས་ཤིང་དེ་ལ་བལྟ་རུ་འགྲོ་དགོས་པས་དགོངས་འགལ་མེད་པར་ཞུ་ཞེས་སྨྲས་པ་དང༌། 19མི་གཞན་ན༌རེ། ངས་བ་གླང་དོར་ལྔ་ཉོས་ཤིང་ག་འདྲ་ཡིན་པར་བལྟ་རུ་འགྲོ་དགོས་པས་དགོངས་འགལ་མེད་པར་ཞུ་ཞེས་སྨྲས་པ་དང་། 20ཡང་མི་གཞན་ན༌རེ། ངས་ཆུང་མ་བླངས་མ་ཐག་ཡིན་པས་འགྲོ་མི་ཐུབ་ཅེས་སྨྲས་སོ།། 21དེ་ནས་གཡོག་པོ་ཕྱིར་ལོག་སྟེ་དོན་རྣམས་བདག་པོར་བཤད་པ༌ན། བདག་པོ་ཁྲོས་ཏེ་ད་ལྟ་མྱུར་དུ་གྲོང་ཁྱེར་གྱི་ཁྲོམ་སྲང་ཆེ་ཆུང་ཀུན་ཏུ་སོང་ནས་དབུལ་པོ༌དང༌། དབང་བོ་སྐྱོན༌ཅན། ལོང༌བ། གྱོལ་པོ་སོགས་འདིར་ཁྲིད་ཤོག་ཅེས་གཡོག་པོ་ལ་བཀའ་གནང༌། 22གཡོག་པོ་ན༌རེ། བདག་པོ༌ལགས། ཁྱེད་ཀྱི་བཀའ་ལྟར་བསྒྲུབས་ཀྱང་ད་དུང་སྡོད་གནས་སྟོང་བ་མང་ངོ་ཞེས་ཞུས་པ༌ལ། 23ཡང་བདག་པོ་ན༌རེ། ཁྱོད་རང་གཞུང་ལམ་དང་ཞིང་བར་གྱི་ལམ་ཕྲན་དག་ཏུ་སོང་ནས་བདག་གི་ཁང་པར་མགྲོན་པོས་བཀང་བའི་ཕྱིར་དུ་ནན་གྱིས་བོས༌ཤིག 24བདག་གིས་ཁྱོད་ལ་སྨྲ་བར་བྱ༌སྟེ། སྔར་མགྲོན་དུ་བོས་པའི་མི་རྣམས་ལས་གཅིག་ཀྱང་བདག་གི་གསོལ་སྟོན་ལ་ཞུགས་པར་མི་འགྱུར་ཞེས་སྨྲས་སོ།།

རྗེས་འབྲང་པའི་འོས་འགན།

25ཡང་མི་སྐོར་ཚོ་མང་པོ་སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་ལམ་ལ་ཆས༌ཤིང༌། ཁོང་གིས་ཞལ་ཕྱིར་འཁོར་ནས་མི་ཚོགས་ལ་འདི་སྐད༌དུ། 26གལ་ཏེ་བདག་གི་མདུན་དུ་འོངས་པའི་མི་སུ་ཞིག་ཡིན་ཡང་རང་གི་ཕ་མ༌དང༌། ཆུང༌མ། བུ༌ཕྲུག ཕུ༌ནུ། ལྕམ་སྲིང་། ཐ་ན་རང་གི་སྲོག་ལས་ཀྱང་བདག་ལ་གཅེས་པར་མི་བྱེད༌ན། བདག་གི་རྗེས་འབྲང་པ་བྱ་མི་རུང༌ངོ་༎ 27ཡང་མི་སུས་ཀྱང་རང་གི་ཤིང་རྒྱ་གྲམ་ཁུར་ནས་བདག་གི་རྗེས་སུ་འབྲང་བ་མིན་ན་མི་དེའང་བདག་གི་རྗེས་འབྲང་པ་བྱ་མི་རུང༌ངོ་༎ 28ཡང་ཁྱོད་རྣམས་ལས་སུ་ཞིག་གིས་མཁར་ཞིག་བཟོ་འདོད༌ན། སྔོན་ལ་སར་བསྡད་ནས་འགྲོ་སོང་ག་ཙམ་དགོས་པ་རྩིས་བརྒྱབ་སྟེ་བཟོ་ཐུབ་མིན་ལ་བལྟ་བར་མི་བྱེད༌དམ། 29གལ་ཏེ། དེ་ལྟར་མ་བྱས༌ཚེ། མཁར་གྱི་རྨང་གཞི་བཏིངས་ཟིན་ནའང་བཟོ་མ་ཐུབ་ན། དོན་དེ་མཐོང་བའི་མི་ཀུན་གྱིས་མི་དེ་ལ་འཕྱ་དགོད་བྱེད༌ཅིང༌། 30མི་འདིས་མཁར་རྩིག་འགོ་བརྩམས་ཀྱང་འགྲུབ་མ་ཐུབ་ཅེས་ཟེར་བར་འགྱུར་རོ།། 31ཡང་རྒྱལ་པོ་ཞིག་རྒྱལ་པོ་གཞན་ཞིག་ལ་འཐབ་ཏུ་འགྲོ་བའི་དུས༌ན། སྔོན་ལ་སར་བསྡད་ནས་རང་དམག་ཆིག་ཁྲིས་ཕ་རོལ་པོའི་དམག་མི་ཉིས་ཁྲི་འཇོམས་ཐུབ་མིན་ལ་གྲོས་བྱ་མི་དགོས༌སམ། 32གལ་ཏེ་དགྲའི་དམག་དཔུང་འཇོམས་མི་ནུས༌ན། དགྲའི་དམག་དཔུང་རྒྱང་རིང་དུ་ཡོད་པའི་སྐབས་དང་བསྟུན་ནས་བང་ཆེན་མངགས༌ཏེ། འདུམ་འགྲིག་ཡོང་བའི་གྲོས་བྱ་དགོས། 33དེ་བཞིན་དུ་ཁྱོད་རྣམས་ལས་སུ་ཞིག་ཡིན་ཡང་རང་ལ་ཡོད་པ་ཐམས་ཅད་སྤོང་བར་མི་བྱེད་ན་བདག་གི་རྗེས་འབྲང་པ་བྱ་མི་རུང༌ངོ་།། 34སྤྱིར་ལན་ཚྭ་ནི་ལེགས་ཀྱང་དེའི་བྲོ་བ་ཡལ་བར་གྱུར༌ན། ལན་ཚྭའི་བྲོ་བ་གང་གིས༌བསྐྱེད་དམ། 35དེ་ནི་ས་ཞིང་ངམ་ལུད་ཀྱི་ནང་དུ་བཞག་ཀྱང་ཕན་མི་ཐོགས་པས་ཕྱི་རུ་འདོར་བར་འགྱུར་རོ།། ཡང་རྣ་བ་ཡོད་པ་ཐམས་ཅད་ཀྱིས་གཏམ་འདིར་ཉོན་ཅིག་ཅེས་གསུངས༌སོ།།

ལུ་ཀ 15

ལུག་བོར་བའི༌དཔེ།

1དེ་ཡང་ཁྲལ་ལེན་མཁན་དང་མི་སྡིག་ཅན་ཐམས་ཅད་སྐྱབས་མགོན་ཡེ་ཤུའི་ཆོས་ལ་མཉན་པར་ཁོང་གི་དྲུང་དུ་བཅར་པ་དང་། 2ཕ་རུ་ཤི་པ་དང་མཁན་པོ་རྣམས་ཀྱིས་ཤབ་ཤུབ་ཏུ་འདི་ལྟར་སྨྲས༌པ། ཁོ་རང་མི་སྡིག་ཅན་རྣམས་དང་འགྲོགས་ཤིང་དེ་དག་དང་ལྷན་དུ་བཟའ་བཏུང་སྤྱོད་པ་ཡིན་ཞེས༌པའོ།། 3སྐྱབས་མགོན་ཡེ་ཤུས་དཔེའི་སྒོ་ནས་འདི་སྐད༌དུ། 4ཁྱོད་རྣམས་ལས་མི་སུ་ཞིག་ལ་ལུག་བརྒྱ་ཡོད་ཀྱང་དེ་ལས་ལུག་གཅིག་བོར་ན། ལུག་དགུ་བཅུ་གོ་དགུ་ཡོད་པ་དེ་འབྲོག་སྟོང་དུ་བསྐྱུར༌ཏེ། བོར་སོང་བའི་ལུག་དེ་རྙེད་པའི་བར་དུ་འཚོལ་བ་མ་ཡིན༌ནམ། 5ཁོས་ལུག་དེ་རྙེད་རྗེས་ཤིན་ཏུ་དགའ་ཞིང་ཕྲག་ཏུ་ཁུར༌ནས། 6ཕྱིར་རང་ཁྱིམ་དུ་ལོག་པ་དང་རང་གི་གྲོགས་པོ་དང་ཁྱིམ་མཚེས་རྣམས་བོས༌ཏེ། ངའི་ལུག་གཅིག་བོར་ཟིན་པ་དེ་སླར་ཡང་རྙེད་བྱུང་བས་ང་རང་དང་མཉམ་དུ་སྤྲོ་སྤྲོ་བྱའོ་ཞེས་ཟེར༌བ་ཡིན། 7བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། དཔེ་དེ་བཞིན་དུ་འགྱོད་བཤགས་བྱེད་མི་དགོས་པའི་མི་གཞུང་དྲང་དགུ་བཅུ་གོ་དགུ༌ལས། མི་སྡིག་ཅན་གཅིག་གིས་འགྱོད་བཤགས་བྱས༌ན། ནམ་མཁའི་ཞིང་ཁམས་སུ་དེ་ལས་ལྷག་པར་དགའ་སྤྲོ་ཆེན་པོ་སྐྱེ་བར་འགྱུར་ཞེས་གསུངས༌སོ།།

དངུལ་སྒོར་བོར་བའི༌དཔེ།

8ཡང་ཁོང་གིས་འདི་སྐད༌དུ། བུད་མེད་ཅིག་ལ་དངུལ་སྒོར་བཅུ་ཡོད་ཀྱང་གཅིག་བོར་བ༌ན། ཁོ་མོས་སྒྲོན་མེ་བསྒྲོན་ཏེ་ཁང་པ་ལ་གད་བདར་བྱེད་ཅིང་དངུལ་སྒོར་རྙེད་པའི་བར་དུ་ཞིབ་ཏུ་འཚོལ་བ་མ་ཡིན༌ནམ། 9ཡང་དངུལ་སྒོར་བཙལ་ནས་རྙེད་རྗེས་རང་གི་གྲོགས་པོ་དང་ཁྱིམ་མཚེས་རྣམས་བོས༌ཏེ། ངའི་དངུལ་སྒོར་བོར་ཟིན་པ་དེ་སླར་ཡང་རྙེད་བྱུང་བས་ང་རང་དང་མཉམ་དུ་སྤྲོ་སྤྲོ་བྱའོ་ཞེས་ཟེར༌བ་ཡིན། 10བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། དེ་བཞིན་དུ་མི་སྡིག་ཅན་ཞིག་གིས་འགྱོད་བཤགས་བྱས༌ན། དཀོན་མཆོག་གི་ཕོ་ཉ་རྣམས་ཀྱང་མི་དེའི་རྐྱེན་གྱིས་དགའ་སྤྲོ་སྐྱེ་བར་འགྱུར་ཞེས་གསུངས༌སོ།།

བུ་འཁྱམ་པོའི༌དཔེ།

11ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད་དུ། དེ་ཡང་ཕ་ཞིག་ལ་བུ་གཉིས་ཡོད༌ཅིང༌། 12བུ་ཆུང་བ་ན༌རེ། ཕ༌ལགས། ང་རང་ལ་འཐོབ་འོས་པའི་ནོར་སྐལ་གནང་བར་མཛོད་ཅེས་བཤད་པ༌དང༌། ཕ་ཡིས་བུ་གཉིས་ལ་རྒྱུ་ནོར་བགོས་སོ།། 13ཉིན་མང་པོ་མ་འགོར་བར་བུ་ཆུང་བས་རང་ལ་ཅི་ཡོད་པ་ཐམས་ཅད་བསྡུས༌ཏེ། རྒྱང་རིང་ཡུལ་དུ་སོང་ནས་གང་འདོད་དུ་སྤྱོད་པ་ངན་པའི་ལས་བྱས་ཤིང་རྒྱུ་ནོར་ཐམས་ཅད་ཆུད་ཟོས་སུ་བཏང༌། 14དེ་ལྟར་རྒྱུ་ནོར་ཐམས་ཅད་བཀོལ་སྤྱོད་བཏང་ཚར་བ་དང་ས་ཆ་དེ་ལའང་མུ་གེ་ཆེན་པོ་བྱུང་སྟེ་ཁོ་ཡང་བཀྲེས་ཤིང་འུ་ཐུག་པ་བྱུང་། 15ཁོས་ས་ཆ་དེ་གའི་མི་གཞན་ཞིག་ལ་རང་གི་འཚོ་བ་བརྟེན་ཅིང་མི་དེས་ཀྱང་ཁོ་རང་ཞིང་ཁར་ཕག་འཚོ་བར་མངགས། 16ཁོ་རང་ལྟོགས་ནས་མ་བཟོད་པར་ཕག་གིས་ཟ་བའི་གང་བུ་ཟོས་ནས་རང་གི་ལྟོ་བ་འགྲང་བར་བྱེད་འདོད་ནའང་སུས་ཀྱང་མ་བྱིན་པ་རེད། 17དེ་ནས་ཁོ་རང་རྨོངས་གཉིད་ལས་སད་དེ་ངའི་ཕ་ཡི་གླ་བ་དེ་ཙམ་མང་པོར་ཟས་ཀྱི་ལྷག་མ་ཡོད་ཀྱང་། ང་རང་གནས་འདི་ནས་བཀྲེས་ལྟོགས་མྱངས་ཏེ་འཆི་ལ༌ཉེའོ།། 18ང་རང་ཡར་ལངས་ཏེ་ཕ་ཡི་དྲུང་དུ་སོང༌ནས། ཕ༌ལགས། ངས་ནམ་མཁའི་ཞིང་ཁམས་དང་ཁྱེད་གཉིས་ལ་སྡིག་པ་བྱས༌པས། 19དུས་ད་ནས་བཟུང་ང་ལ་ཁྱེད་ཀྱི་བུ་ཞེས་འབོད་མི་འོས༌ནའང༌། ང་རང་ཁྱེད་ཀྱི་གླ་བ་ཞིག་ཏུ་བྱེད་པར་མཛོད་ཅེས་ཞུ་དགོས་པར་བསམས་སོ།། 20དེ་ནས་ཁོ་རང་ཡར་ལངས་ནས་ཕ་ཡི་དྲུང་དུ་སོང༌ཞིང༌། ཕ་ཡིས་ཀྱང་ཐག་རིང་ནས་བུ་ཡོང་བཞིན་པ་མཐོང༌སྟེ། སྙིང་རྗེ་སྐྱེས་པ་དང་བུའི་མདུན་དུ་བརྒྱུགས་ནས་བུ་ལ་འཐམས་ཤིང་བརྩེ་བའི་འོ་བྱས། 21བུ་ན༌རེ། ཕ༌ལགས། ངས་ནམ་མཁའི་ཞིང་ཁམས་དང་ཁྱེད་གཉིས་ལ་སྡིག་པ་བྱས༌པས། དུས་ད་ནས་བཟུང་ང་ལ་ཁྱེད་ཀྱི་བུ་ཞེས་འབོད་པར་མི་འོས་ཞེས་སྨྲས་སོ།། 22འོན་ཀྱང་ཕ་ཡིས་གཡོག་པོ་རྣམས༌ལ། ད་ལྟ་མྱུར་དུ་ཕྱི་གོས་ཆེས་ལེགས་ཤོས་དེ་ཁྱེར་ཤོག་དང་ཁོའི་ལུས་ལ་སྐོན༌ཅིག མཛུབ་མོའི་སྟེང་དུ་མཛུབ་དཀྲིས་དང་རྐང་པར་ལྷམ་སྐོན༌ཅིག 23བ་ཕྲུག་ཤ་ཤེད་ཅན་དེ་བཤོས༌དང༌། ངེད་རྣམས་ཀྱིས་དགའ་སྐྱིད་ངང་བཟའ་བཏུང་ལོངས་སུ་སྤྱོད་པར༌བྱའོ།། 24རྒྱུ་མཚན་ནི་བདག་གི་བུ་འདི་འཆི་བ་ལས་སླར་གསོན་པ་དང་བོར་ནས་ཕྱིར་རྙེད་པ་ཡིན་ཞེས་སྨྲས་ཤིང་ཁོ་རྣམས་དགའ་སྐྱིད་ལ་རོལ༌ཏོ།། 25དུས་དེར་བུ་ཆེ་བ་ཞིང་ཁར་ཡོད་ཅིང་ཕྱིར་ཡུལ་དུ་ལོག་སྟེ་ཁྱིམ་དང་ཉེ་སར་སླེབས་པ༌ན། རོལ་དབྱངས་དང་གར་འཁྲབ་པའི་སྒྲ་ཐོས༌པས། 26ཁོས་གཡོག་པོ་ཞིག་བོས་ནས་དེའི་དོན་ཅི་ཡིན་དྲིས་པ༌ལ། 27གཡོག་པོ་ན༌རེ། ཁྱེད་ཀྱི་ནུ་བོ་སླེབས༌བྱུང༌། ཁྱེད་ཀྱི་ཕ་ཡིས་བུ་ཆུང་བ་བདེ་བའི་ངང་ཕྱིར་ཡོང་བའི་རྐྱེན་གྱིས་ཤ་ཤེད་ཅན་གྱི་བ་ཕྲུག་ཀྱང་བཤས་པ་ཡིན་ཞེས་སྨྲས་སོ།། 28འོན་ཀྱང་བུ་ཆེ་བ་ཁྲོས་ཏེ་ཁྱིམ་ནང་དུ་འགྲོ་བར་མ་དགའ་བས། ཁོའི་ཕ་ཕྱི་རོལ་ཏུ་ཡོང་ནས་བུ་ཆེ་བར་ཞུ་བ་བྱས༌ཀྱང༌། 29བུ་ཆེ་བ་ན༌རེ། ཁྱོད་ཀྱིས་ལྟོས༌དང༌། ངས་ལོ་འདི་འདྲ་མང་པོའི་རིང་ལ་གཡོག་པོ་ལྟར་ཁྱོད་ལ་ལས་ཀ་བྱས་ཤིང་ནམ་ཡང་ཁྱོད་ཀྱི་བཀའ་ལས་འགལ་མ་མྱོང༌ནའང༌། ཁྱོད་ཀྱིས་ང་དང་གྲོགས་པོ་རྣམས་ལྷན་དུ་སྤྲོ་སྐྱིད་བྱ་ཆེད་རེའུ་ཞིག་ཀྱང་གནང་མ་མྱོང༌། 30འོན་ཀྱང་ཁྱོད་ཀྱི་བུ་ཆུང་བ་དེ་སྨད་འཚོང་མ་རྣམས་དང་འགྲོགས་ཏེ་ཁྱོད་ཀྱི་རྒྱུ་ནོར་ཕྱེད་ཀ་ཙམ་ཆུད་ཟོས་སུ་བཏང་། ད་ལྟ་ཁོ་རང་ཕྱིར་ཡུལ་དུ་ལོག་མ་ཐག་ཁྱོད་ཀྱིས་ཁོའི་དོན་དུ་བ་ཕྲུག་ཤ་ཤེད་ཅན་དེའང་བཤས་པ་ཡིན་ཞེས་སྨྲས་པ༌ལ། 31ཕ་ན༌རེ། བདག་གི༌བུ། ཁྱོད་རང་དུས་རྒྱུན་བདག་དང་ལྷན་དུ་ཡོད༌ཅིང༌། བདག་ལ་ཅི་ཡོད་པ་ཐམས་ཅད་ཁྱོད་ཀྱི་ཡིན། 32འོན༌ཀྱང༌། ཁྱོད་ཀྱི་ནུ་བོ་ནི་འཆི་བ་ལས་སླར་གསོན་པ་དང་བོར་ནས་ཕྱིར་རྙེད་པ་ཡིན༌པས། ངེད་རྣམས་ཀྱིས་དགའ་ཞིང་སྐྱིད་པོ་བྱ་འོས་སྨྲས༌ཞེས་གསུངས་སོ།།

ལུ་ཀ 16

བློ་རིག་གསལ་བའི་གཉེར་པའི༌དཔེ།

1ཡང་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། དེ་ཡང་ཕྱུག་པོ་ཞིག་ལ་གཉེར་པ་ཞིག་ཡོད༌ལ། གཉེར་པས་ནོར་རྫས་ཆུད་ཟོས་སུ་བཏང་བ་མི་གཞན་གྱིས་བདག་པོ་ལ་གཏུགས་སོ།། 2བདག་པོས་གཉེར་པ་བོས་ཏེ་བདག་གིས་ཐོས་པའི་ཁྱོད་ཀྱི་དོན་དེ་ཅི་ཡིན༌ནམ། ཁྱོད་ཀྱིས་གཉེར་པའི་ལས་རྣམས་རྩིས་སྤྲོད་གསལ་པོ་བྱོས༌དང༌། དུས་ད་ནས་བཟུང་ཁྱོད་ནི་བདག་གི་གཉེར་པ་བྱ་མི་རུང་ཞེས་སྨྲས་པ༌ན། 3གཉེར་པའི་སེམས༌ལ། ད་ལྟ་བདག་པོས་ངའི་ལག་ནས་གཉེར་པའི་དབང་ཆ་ཕྱིར་ལེན་པས་བདག་གིས་ཅི༌བྱའམ། ས་རྐོ་བར་བྱེད་ན་ལུས་ལ་སྟོབས་ཤུགས་མེད་ཅིང་ཟས་སློང་བར་བྱེད་ན་ངོ་གནོང༌བ་རེད། 4བདག་པོས་རང་གི་གཉེར་པའི་དབང་ཆ་ཕྱིར་བླངས༌རྗེས། མི་གཞན་གྱིས་བདག་ལ་དགའ་བསུ་བྱེད་ཅིང་ཁོ་རྣམས་ཀྱི་ཁྱིམ་དུ་ཁྲིད་པའི་ཆེད༌དུ། ངས་ཅི་ཞིག་བྱེད་དགོས་པ་ཤེས་པ་ཡིན་སྙམ༌ནས། 5ཁོས་རང་གི་བདག་པོར་བུ་ལོན་ཆད་ཡོད་པ་རྣམས་རེ་རེ་བཞིན་བོས༌ཏེ། མི་སྔ་མ་དེ༌ལ། ཁྱོད་ཀྱིས་ངའི་བདག་པོར་བུ་ལོན་ག་ཙམ་ཆད་དམ་ཞེས་དྲིས་པ༌དང༌། 6མི་དེས་འཚིར་སྣུམ་རྫ་མ་བརྒྱའི་བུ་ལོན་ཡོད་ཅེས་སྨྲས་པ༌ན། ཡང་ཁོ་ན༌རེ། ཁྱོད་ཀྱིས་སྔོན་གྱི་ཆད་ཐོ་ལོངས་ཤིག སར་སྡོད་ལ་མྱུར་དུ་འཚིར་སྣུམ་རྫ་མ་ལྔ་བཅུའི་ཆད་ཐོ་ཕྲིས་ཞེས་སྨྲས་སོ།། 7ཁོས་མི་གཞན་ཞིག༌ལ། ཁྱོད་ལ་བུ་ལོན་ག་ཙམ་ཡོད་དམ་ཞེས་དྲིས་པ༌དང༌། མི་དེས་གྲོ་སྒྱེ་མོ་བརྒྱ་ཡོད་ཅེས་སྨྲས་པ༌ན། ཡང་ཁོ་ན༌རེ། ཁྱོད་ཀྱིས་སྔོན་གྱི་ཆད་ཐོ་ལོངས་དང་སྒྱེ་མོ་བརྒྱད་ཅུའི་ཆད་ཐོ་ཕྲིས་ཞེས་སྨྲས་སོ།། 8བདག་པོས་རང་གཤིས་མི་དྲང་བའི་གཉེར་པ་འདིས་བློ་རིག་ངང་ལས་བསྒྲུབས་པར་བསྟོད་བསྔགས་བྱས། རྒྱུ་མཚན་ནི་རང་གི་རིགས་ཀྱི་ཐད་ནས་བྱ་བ་བསྒྲུབ་ན་འོད་ལ་གཏོགས་པའི་མི་རྣམས་ལས་འཇིག་རྟེན་པ་རྣམས་བློ་རིག་གསལ་བ་ཡིན་ནོ།། 9ཡང་བདག་གིས་ཁྱོད་རྣམས་ལ་སྨྲ་བར༌བྱ་སྟེ། འཇིག་རྟེན་གྱི་རྒྱུ་ནོར་ལ་བརྟེན་ནས་གྲོགས་སྒྲིགས༌དང༌། དེ་ནས་རྒྱུ་ནོར་རྣམས་ཟད་པའི་དུས༌སུ། དེ་རྣམས་ཀྱིས་ཁྱོད་ཅག་མཐའ་མེད་པའི་སྡོད་གནས་སུ་བསུ་བ་བྱེད་པར་འགྱུར། 10ཡང་མི་སུ་ཞིག་ཡིན་ཡང་དོན་ཆུང་ངུ་དག་ལ་སེམས་དྲང་པོར་བྱས་ན་དོན་ཆེན་པོ་དག་ལ་འཕྲད་ནའང་སེམས་དྲང༌བ་ཡིན། འོན་ཀྱང་དོན་ཆུང་ངུ་དག་ལ་སེམས་དྲང་པོར་མི་བྱེད་ན་དོན་ཆེན་པོ་དག་ལ་འཕྲད་ནའང་སེམས་མི་དྲང་ངོ༌།། 11དེའི་ཕྱིར། ཁྱོད་རྣམས་ཀྱིས་འཇིག་རྟེན་གྱི་རྒྱུ་ནོར་བཀོལ་བ་ལ་སེམས་དྲང་པོར་མི་བྱེད༌ན། སུ་ཞིག་གིས་ཁྱོད་རྣམས་ལ་རྒྱུ་ནོར་དངོས་མ་བཅོལ་ངེས༌སམ། 12ཡང་ཁྱོད་རྣམས་ཀྱིས་མི་གཞན་གྱི་རྒྱུ་ནོར་ཐད་སེམས་དྲང་པོར་མི་བྱེད༌ན། ཁྱོད་རྣམས་ཀྱི་ཡིན་པ་དེ་སུ་ཞིག་གིས་ཁྱོད་ཅག་ལ་སྤྲོད་ངེས༌སམ། 13ཡང་གཡོག་པོ་གཅིག་གིས་བདག་པོ་གཉིས་ལ་ཞབས་ཕྱི་བསྒྲུབ་མི་ནུས༌ཏེ། ཁོས་གཅིག་ལ་སྡང་ཞིང་གཅིག་ལ་གཅེས༌པའམ། ཡང་ན་གཅིག་ལ་བཀུར་ཞིང་གཅིག་ལ་སྨད་པར་བྱེད་དོ།། དེའི༌ཕྱིར། ཁྱོད་རྣམས་ཀྱིས་དཀོན་མཆོག་དང་འཇིག་རྟེན་གྱི་རྒྱུ་ནོར་གཉིས་ལ་ཞབས་ཕྱི་བསྒྲུབ་མི་ནུས་ཞེས་གསུངས༌སོ།། 14ཕ་རུ་ཤི་པ་རྣམས་ནི་རྒྱུ་ནོར་ལ་འདོད་རྔམ་ཆེ་བས་གོང་གི་གསུངས་དེ་ཐོས་ནས་སྐྱབས་མགོན་ཡེ་ཤུར་འཕྱ་དམོད་བྱས་སོ།། 15སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་མི་གཞན་གྱི་མདུན་དུ་རང་ཉིད་གཞུང་དྲང་ཡིན་ཁུལ་བྱེད་མོད། འོན་ཀྱང་དཀོན་མཆོག་གིས་ཁྱོད་རྣམས་ཀྱི་སེམས་ག་འདྲ་ཡིན་པ་མཁྱེན༌ཏེ། མིས་མཆོག་ཏུ་གྱུར་པར་འདོད་པ་དེ་དཀོན་མཆོག་གི་སྤྱན་སྔར་སྐྱུག་བྲོ་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ།།

གཞན་པའི་བསླབ་བྱ་གནང་བ།

16ཡང་ཁོང་གིས་འདི་སྐད་དུ། བཀའ་ཁྲིམས་དང་ལུང་སྟོན་པའི་མདོ་རྣམས་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་བར་དུ་བསྒྲགས་མྱོང༌། དུས་དེ་ནས༌བཟུང༌། དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་སྒྲོག་བཞིན་ཡོད༌ལ། མི་ཐམས་ཅད་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་པར་ནན་གྱིས་བརྩོན་ནོ།། 17འོན༌ཀྱང༌། དཀོན་མཆོག་གི་བཀའ་ཁྲིམས་ཀྱི་མདོ་ལས་ཚེག་ཐིག་གཅིག་འཇིག་པ་ལས་གནམ་ས་གཉིས་འཇིག་པ༌སླའོ།། 18སུ་ཞིག་གིས་རང་གི་ཆུང་མ་སྤངས༌ཏེ་གཞན་ཞིག་བླངས་ན་དེ་ནི་ལོག་གཡེམ་བྱས་པ་ཡིན༌ལ། ཡང་སུ་ཞིག་གིས་བཟའ་ཐོར་བྱུང་བའི་བུད་མེད་ཅིག་བླངས་ན་དེའང་ལོག་གཡེམ་བྱས་པ་ཡིན་ཞེས་གསུངས༌སོ།།

ཕྱུག་པོ་དང་སྤྲང་པོའི༌སྐོར།

19ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད་དུ་གསུངས༌པ། དེ་ཡང་ལུས་ལ་མདོག་རྒྱ་སྨུག་ཅན་དང་སོ་རས་ཀྱི་གོས་ཆེན་གྱོན་པ༌དང༌། ཉིན་རེ་བཞིན་བཟའ་བཏུང་མཆོག་ལ་སྤྱོད་ཅིང་རྩེ་དགར་རོལ་བའི་ཕྱུག་པོ་ཞིག་ཡོད་པ་རེད། 20ཡང་མིང་ལ་ལཱ་ཟར་ཞེས་འབོད་ཅིང་ལུས་ཡོངས་སུ་རྨ་ཡིས་ཁྱབ་པའི་སྤྲང་པོ་ཞིག་ཡོད་པ་དེ་ཕྱུག་པོ་ཚང་གི་སྒོ་མདུན་དུ་བཞག་གོ། 21སྤྲང་པོ་དེས་ཕྱུག་པོ་ཚང་གི་ཅོག་ཙེའི་སྟེང་ནས་ས་ལ་ལྷུང་བའི་ཟས་ཧྲུག་བཟའ་འདོད་པ༌ལ། ཁྱི་ལྡོམ་འགའ་ཡོང་ནས་སྤྲང་པོའི་ལུས་སྟེང་གི་རྨ་ཁ་བལྡགས༌པ་རེད། 22ནམ་ཞིག༌ལ། སྤྲང་པོ་ཤི་བ་དང་ཕོ་ཉ་རྣམས་ཀྱིས་སྤྲང་པོ་དེ་ཨབ་ར་ཧམ་གྱི་པང་དུ་བསྐྱལ། ཕྱིས་སུ་མི་ཕྱུག་པོ་དེ་ཡང་ཤི་བ་དང་དུར་དུ་བཅུག་གོ། 23མི་ཕྱུག་པོ་དེས་གཤིན་པོའི་གནས་ལས་སྡུག་བསྔལ་ཆེན་པོ་མྱངས་ཤིང་ཡར་བལྟས་པ༌ན། རྒྱང་རིང་ནས་ཨབ་ར་ཧམ་དང་ཁོང་གི་པང་དུ་ལཱ་ཟར་ཡོད་པ་མཐོང༌སྟེ། 24བདག་གི་ཡབ་མེས་ཨབ་ར་ཧམ༌ལགས། བདག་གིས་མེ་དཔུང་ནང་དུ་སྡུག་བསྔལ་ཆེན་པོ་མྱོང་བཞིན༌པས། བདག་ལ་སྙིང་རྗེས་གཟིགས༌དང༌། ལཱ་ཟར་གྱི་མཛུབ་མོ་ཆུ་ལ་བསྒྲེས༌ཏེ། བདག་གི་ལྕེ་བསིལ་དུ་མངག་པར་མཛོད་ཅེས་སྐད་ཆེན་པོ་བརྒྱབ་བོ།། 25འོན༌ཀྱང༌། ཨབ་ར་ཧམ་གྱིས་འདི་སྐད༌དུ། བདག་གི༌བུ། ཁྱོད་རང་གསོན་པའི་དུས༌སུ། དགའ་སྐྱིད་ལ་རོལ་བ་དང་ལཱ་ཟར་གྱིས་གསོན་པའི་དུས་སུ་སྡུག་བསྔལ་མྱངས་པ་དེ་དག་ཕྱིར་དྲན་པར༌གྱིས། ད་ལྟ་ལཱ་ཟར་ལ་སེམས་གསོ་ཐོབ་ཅིང་ཁྱོད་ཀྱིས་སྡུག་བསྔལ་མྱོང༌བ་ཡིན། 26གཞན༌ཡང༌། ཁྱོད་དང་ངེད་གཉིས་བར་དུ་གཡང་ས་ཆེན་པོ་ཞིག་ཡོད༌པས། འདི་ནས་ཁྱོད་ཀྱི་གམ་དུ་འགྲོ་འདོད་པ་རྣམས་ཕར་འགྲོ་མི་ཐུབ༌ལ། ཕར་ཕྱོགས་ཁྱོད་ཀྱི་གནས་དེ་ནས་ཀྱང་ཚུར་ངེད་རྣམས་ཀྱི་གམ་དུ་ཡོང་མི་ཐུབ་ཅེས་སྨྲས་སོ།། 27ཕྱུག་པོ་ན༌རེ། བདག་གི་ཡབ་མེས་ལགས། དེ་འདྲ་ཡིན་ན། ལཱ་ཟར་བདག་གི་ཁྱིམ་དུ་མངག་པར༌མཛོད། 28རྒྱུ་མཚན་ནི་བདག་ལ་ད་དུང་སྤུན་ལྔ་ཡོད་པ་དེ་རྣམས་ཀྱང་སྡུག་བསྔལ་ཆེན་པོའི་གནས་འདིར་མི་ཡོང་བའི་ཕྱིར་ལཱ་ཟར་ལ་ཉེན་བརྡ་གཏོང་དུ་འཇུག་པར་མཛོད་ཅེས་ཞུས་སོ།། 29འོན༌ཀྱང༌། ཨབ་ར་ཧམ་གྱིས་འདི་སྐད༌དུ། དེ་རྣམས་ལ་མོ་ཤེ་དང་ལུང་སྟོན་པ་གཞན་དག་གི་མདོ་རྣམས་ཡོད་པས་དེ་དག་ལ་ཉན་དགོས་ཞེས་སྨྲས་ནའང་། 30ཕྱུག་པོ་ན༌རེ། བདག་གི་ཡབ་མེས་ཨབ་ར་ཧམ༌ལགས། དེ་ལྟར་མི་བྱེད་པར༌འཚལ། གལ་ཏེ་གཤིན་པོ་རྣམས་ལས་སླར་གསོན་པ་གཅིག་དེ་དག་གི་གམ་དུ་སོང་ན་ཁོ་རྣམས་ཀྱིས་སྡིག་པ་ལས་འགྱོད་བཤགས་བྱེད་པར་ངེས་ཞེས་ཞུས་སོ།། 31ཡིན་ནའང་། ཨབ་ར་ཧམ་གྱིས་འདི་སྐད༌དུ། མོ་ཤེ་དང་ལུང་སྟོན་པ་རྣམས་ཀྱི་བཀའ་ལའང་མི་ཉན༌ན། མི་གཅིག་འཆི་བ་ལས་སླར་གསོན་ནའང་དེ་རྣམས་ཀྱིས་ཡིད་ཆེས་བྱེད་པར་མི་འགྱུར་ཞེས་སྨྲས༌པའོ།།

ལུ་ཀ 17

རྗེས་འབྲང་པ་རྣམས་ལ་ཞལ་གདམས་གནང༌བ།

1ཡང་སྐྱབས་མགོན་ཡེ་ཤུས་རྗེས་འབྲང་པ་རྣམས་ལ་འདི་སྐད༌དུ། མི་ལ་སྡིག་པ་བྱེད་དུ་འཇུག་པའི་དོན་དེ་ནི་ཟློག་ཐབས་མེད་ནའང་། སྡིག་པ་བྱེད་དུ་འཇུག་མཁན་དེ་ལ་ཆག་སྒོ་འབྱུང་ངོ་།། 2བྱིས་པ་ཆུང་ངུ་འདི་རྣམས་ལས་གཅིག་ལ་སྡིག་པ་བྱེད་དུ་འཇུག་པ༌ལས། མི་དེའི་སྐེ་ལ་རང་འཐག་གི་རྡོ་ཆེན་པོ་བཏགས་ནས་རྒྱ་མཚོའི་ནང་དུ་འཕངས་ན་ལེགས་སོ།། 3ཁྱོད་རྣམས་ཀྱིས་གཟབ་པར་གྱིས། ཁྱོད་ཀྱི་སྤུན་གྱིས་སྡིག་པ་བྱས་ན་དེ་ལ་ཁ་ཏ་བྱོས༌དང༌། གལ་ཏེ་ཁོས་འགྱོད་བཤགས་བྱས་ན་དེ་གུ་ཡངས་སུ༌ཐོངས། 4གལ་ཏེ་ཁོས་ཉིན་གཅིག་ལ་ཐེངས་བདུན་ཙམ་དུ་ཁྱོད་ལ་སྡིག་པ་བྱས༌ཤིང༌། ཡང་ཁྱོད་ཀྱི་གམ་དུ་ཐེངས་བདུན་ལ་ཡོང༌སྟེ། ངས་འགྱོད་བཤགས་བྱེད་ཅེས་སྨྲས༌ན། ཁྱོད་ཀྱིས་དེ་ལའང་གུ་ཡངས་སུ་གཏོང་དགོས་ཞེས་གསུངས༌སོ།། 5སྐུ་ཚབ་པ་རྣམས་ན༌རེ། གཙོ་བོ༌ལགས། ངེད་ཅག་གི་དད་སེམས་ད་དུང་ཡང་བརྟན་པོར་མཛོད་ཅེས་ཞུས་པ༌ལ། 6ཡང་གཙོ་བོས་འདི་སྐད༌དུ། གལ་ཏེ་ཁྱོད་རྣམས་ལ་ཡུངས་འབྲུའི་ས་བོན་ལྟ་བུའི་དད་པ་ཆུང་ངུ་ཙམ་ཡོད༌ན། འོ་སེ་ཤིང་འདི༌ལ། ཁྱོད་ཀྱིས་རང་ཉིད་རྩ་བ་ནས་བལ་ཏེ་རྒྱ་མཚོའི་ནང་དུ་ཚུགས་ཤིག་ཅེས་སྨྲས་ན་དེས་ཀྱང་ཁྱོད་རྣམས་ཀྱི་ངག་ལ་ཉན་ནོ།། 7རང་གི་གཡོག་པོས་ཞིང་ས་སློག་པའམ་ལུག་འཚོས་ནས་ཕྱིར་ལོག་པ༌ན། ཁྱོད་རྣམས་ལས་སུ་ཞིག་གིས་ཁོ་ལ་མྱུར་དུ་སྡོད་དང་ཁ་ཟས་བཞེས་རོགས་ཞེས་ཟེར༌རམ། 8ཡང་ན་གཡོག་པོ༌ལ། ཁྱོད་ཀྱིས་བདག་ལ་དགོང་ཟས་གྲ་སྒྲིག་བྱོས༌དང༌། སྐ་རགས་ཆོངས་ཏེ་བདག་ལ་ཞབས་ཕྱི་སྒྲུབས༌ཤིག བདག་གིས་བཟའ་བཏུང་སྤྱད་ཚར༌རྗེས། ད་གཟོད་ཁྱོད་ཀྱིས་བཟའ་བཏུང་སྤྱོད་ཆོག་ཟེར་བ་མིན༌ནམ། 9གཡོག་པོས་བཀའ་ལྟར་བསྒྲུབས་ནའང་བདག་པོས་དེ་ལ་བཀའ་དྲིན་ཞུ་བ་མིན། 10དེ་ལྟར་ཁྱོད་རྣམས་ཀྱིས་ཀྱང་བཀའ་བཞིན་དུ་ལས་ཐམས་ཅད་བསྒྲུབས༌རྗེས། ངེད་རྣམས་ནི་ཕན་ཐོགས་མེད་པའི་གཡོག་པོ་ཡིན༌ཏེ། ངེད་རྣམས་ཀྱིས་རང་གིས་བསྒྲུབ་དགོས་པའི་ལས་ཁོ་ན་བསྒྲུབས་པ་ཡིན་ཞེས་སྨྲ་དགོས་གསུངས་སོ།།

མཛེ་ནད་བྱུང་བའི་མི་བཅུ་གཙང་མར་མཛད༌པ།

11སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡེ་རུ་སཱ་ལེམ་ལ་ཕེབས་པའི་ལམ་བར་དུ་སཱ་མར་ཡ་ཡུལ་དང་ག་ལིལ་ཡུལ་གཉིས་ཀྱི་ས་མཚམས་བརྒྱུད༌ནས། 12གྲོང་སྡེ་ཞིག་ཏུ་ཕེབས་པ༌ན། མཛེ་ནད་ཅན་མི་བཅུ་ཁོང་ལ་མཇལ་དུ་ཡོང་ཞིང་རྒྱང་རིང་དུ་འགྲེངས་ནས་བསྡད༌དེ། 13སྐད་ཆེན༌པོས། སྟོན་པ་ཡེ་ཤུ༌ལགས། ངེད་རྣམས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་རོགས་མཛོད་ཅེས་ཞུས་སོ།། 14ཁོང་གིས་དེ་རྣམས་ལ་གཟིགས་ནས་འདི་སྐད༌དུ། ཁྱོད་རྣམས་ཕྱིར་སོང་སྟེ་རང་གི་ལུས་པོ་མཆོད་དཔོན་ལ་སྟོན་ཅིག་ཅེས་བཀའ་གནང༌ཞིང༌། དེ་རྣམས་ཕྱིར་འགྲོ་བའི་དུས༌སུ་གཙང་མར་གྱུར། 15དེ་རྣམས་ལས་མི་གཅིག་གིས་རང་གི་མཛེ་ནད་སོས་པར་གྱུར་པ་ཤེས་ནས་ཕྱིར་ལོག༌སྟེ། སྐད་ཆེན་པོས་དཀོན་མཆོག་ལ་བསྟོད་བསྔགས་བྱས་ཤིང་། 16ཡང་སྐྱབས་མགོན་ཡེ་ཤུའི་ཞབས་དྲུང་དུ་ཡོང་ནས་ཕྱག་འཚལ་ཏེ་ཁོང་ལ་བཀའ་དྲིན་ཞུས་སོ།། མི་དེ་ནི་སཱ་མར་ཡ་པ་ཡིན༌ནོ།། 17སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མཛེ་ནད་ཅན་མི་བཅུ་པོ་གཙང་མར་གྱུར་པ་མ་ཡིན༌ནམ། གཞན་དགུ་པོ་དེ་གང་དུ་འདུག༌གམ། 18ཕྱི་ཕྱོགས་པ་འདི་ལས༌གཞན་སུ་ཡང་ཕྱིར་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་དུ་མི་ཡོང་ངམ་ཞེས་གསུངས༌ཤིང༌། 19ཡང་ཁོང་གིས་མི་དེ་ལ་འདི་སྐད༌དུ། ཡར་ལངས་ནས་ཕྱིར་སོང༌དང༌། ཁྱོད་ཀྱི་དད་པས་ཁྱོད་རང་བསྐྱབས་པ་ཡིན་ཞེས་གསུངས༌སོ།།

དཀོན་མཆོག་གི་རྒྱལ་སྲིད་སླེབ་ཡོང་བའི་སྐོར།

20ཕ་རུ་ཤི་པ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ༌ལ། དཀོན་མཆོག་གི་རྒྱལ་སྲིད་དུས་ནམ་ཞིག་ལ་སླེབ་ཡོང་ངམ་ཞེས་ཞུས་པ༌དང༌། ཁོང་གིས་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་སླེབ་པ་ནི་མིག་གིས་མཐོང་ཐུབ་པ་ཞིག་མིན༌ལ། 21མི་སུས་ཀྱང་ལྟོས་དང་འདི་ན༌ཡོད། ཡང་ན་དེ་རུ་ཡོད་ཅེས་སྨྲ་མི་ནུས༌ཏེ། དཀོན་མཆོག་གི་རྒྱལ་སྲིད་ནི་ཁྱོད་རྣམས་ཀྱི་དབུས་སུ་བཞུགས་པའི་ཕྱིར་ཡིན་ཞེས་གསུངས༌སོ།། 22ཡང་ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་མིའི་བུ་ཡི་ཉིན་མོ་དག་ལས་ཉིན་གཅིག་མཐོང་འདོད་ན་མཐོང་མི་ཐུབ་པའི་དུས་ཤིག་སླེབ་ངེས༌ཏེ། 23མི་རྣམས་ཀྱིས་ཁྱོད་ཅག༌ལ། ལྟོས་དང་དེ་རུ་ཡོད། ཡང་ན་ལྟོས་དང་འདི་རུ་འདུག་ཅེས་ཟེར་ངེས༌ཀྱང༌། ཁྱོད་རྣམས་ཕར་འགྲོ་བར་མི༌བྱ་ཞིང་། དེའི་རྗེས་སུའང་འབྲང་བར་མི༌བྱའོ།། 24རྒྱུ་མཚན་ནི་གློག་དམར་འཁྱུག་སྟེ་ནམ་མཁའི་ཕྱོགས་གཅིག་ནས་ཕྱོགས་གཞན་དུ་འོད་འཕྲོ་བ༌བཞིན། མིའི་བུ་རང་གི་ཉིན་མོ་ལའང་དེ་ལྟར་འབྱུང་བར་འགྱུར་རོ།། 25འོན་ཀྱང་ཁོས་ཐོག་མར་སྡུག་བསྔལ་མང་པོ་མྱང༌བར་འགྱུར་ཞིང༌། ཡང་དུས་རབས་འདིའི་མི་རྣམས་ཀྱིས་ཁོ་རང་འདོར་བར་འགྱུར། 26ནོ་ཨའི་དུས་སུ་ཇི་ལྟར་བྱུང་བ༌བཞིན། མིའི་བུ་ཡི་དུས་སུའང་དེ་ལྟར་འབྱུང་བ༌སྟེ། 27ནོ་ཨ་གྲུ་གཟིངས་ཀྱི་ནང་དུ་ཞུགས་པའི་ཉིན་མོའི་བར༌དུ། མི་རྣམས་ཀྱིས་ད་དུང་བཟའ་བཏུང་ལ་རོལ་བ་དང་བག་མ་ཚུར་ལེན་ཕར་བསྐྱལ་བྱས༌ཤིང༌། ཆུ་ལོག་ཆེན་པོ་བྱུང་སྟེ་མི་ཐམས་ཅད་མེད་པར་བཏང༌ངོ་།། 28དེ་བཞིན་དུ་ལོད་ཐུའི་དུས༌སུའང༌། མི་རྣམས་བཟའ་བཏུང་ལ་རོལ་ཞིང་ཉོ་འཚོང༌དང༌། ཞིང་འདེབས༌པ། ཁང་པ་བཟོ་བ་ལ་སོགས་བྱེད༌པ་ཡིན། 29འོན་ཀྱང་ལོད་ཐུ་ཁོ་རང་སཱ་དོམ་ནས་ཕྱིར་སོང་བའི་ཉིན༌ལ། ནམ་མཁའ་ནས་མེ་དང་མུ་ཟིའི་ཆར་བ་བབས་ཏེ་མི་ཐམས་ཅད་མེད་པར་བཏང༌བ་རེད། 30དེ་བཞིན་དུ་མིའི་བུ་མངོན་པར་འགྱུར་བའི་ཉིན་མོ་ལའང་དེ་ལྟར་འབྱུང་བར་འགྱུར༌ཏེ། 31ཉིན༌དེར། ཁང་ཐོག་ཏུ་ཡོད་པ་རྣམས་སར་བབས་ནས་རང་ཁྱིམ་དུ་དངོས་པོ་ལེན་དུ་མ༌འགྲོའོ།། དེ་བཞིན་དུ་ཞིང་ཁར་ཡོད་པ་རྣམས་ཀྱང་ཕྱིར་མ་ལོག༌ཅིག 32ཡང་ཁྱོད་རྣམས་ཀྱིས་ལོད་ཐུའི་ཆུང་མ་ཕྱིར་དྲན་པར༌གྱིས། 33སུ་ཞིག་གིས་རང་སྲོག་སྐྱོབ་འདོད་པ་དེས་རང་སྲོག་འཆོར་བ༌དང༌། སུ་ཞིག་གིས་རང་སྲོག་འདོར་བ་དེས་རང་སྲོག་སྐྱོབ་ངེས་ཡིན། 34ཡང་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཉིན་དེའི་མཚན༌མོར། མལ་ཁྲི་གཅིག་ལ་མི་གཉིས་ཡོད་པ་ལས་གཅིག་ནི་འདྲེན་ཞིང་གཅིག་ནི་བསྐྱུར་བར་འགྱུར། 35བུད་མེད་གཉིས་ཀྱིས་ལག་སྐོར་གཅིག་བསྐོར་བ་ལས་གཅིག་ནི་འདྲེན་ཞིང་གཅིག་ནི་བསྐྱུར་བར་འགྱུར། 36མི་གཉིས་ཞིང་ཁར་ཡོད་པ་ལས་གཅིག་ནི་འདྲེན་ཞིང་གཅིག་ནི་བསྐྱུར་བར་འགྱུར་ཞེས་གསུངས༌སོ།། 37ཐུགས་སྲས་རྣམས་ན༌རེ། གཙོ་བོ༌ལགས། དོན་འདི་རྣམས་གནས་གང་དུ་འབྱུང་ངེས་སམ་ཞེས་ཞུས་པ༌ལ། ཁོང་གིས་འདི་སྐད༌དུ། བེམ་པོ་གང་དུ་ཡོད་ན་བྱ་རྒོད་དག་ཀྱང་གནས་དེར་འཁོར་ཡོང་ཞེས་གསུངས༌སོ།།

ལུ་ཀ 18

ཡུགས་མོ་དང་ཁྲིམས་དཔོན་གྱི༌དཔེ།

1ཡང་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་ཡིད་མི་ཕམ་པར་དུས་རྟག་ཏུ་གསོལ་བ་འདེབས་དགོས་པའི་ཆེད་དུ་དཔེ་ཞིག་གསུངས་པ་འདི་ལྟ༌སྟེ། 2དེ་ཡང་གྲོང་ཁྱེར་ཞིག་ན་དཀོན་མཆོག་ལ་མི་འཇིགས་ཤིང་མི་གུས་པ་དང་མི་རྣམས་ལའང་བརྩི་མཐོང་མི་བྱེད་པའི་ཁྲིམས་དཔོན་ཞིག་ཡོད༌ལ། 3ཡང་གྲོང་ཁྱེར་དེ་རུ་ཡུགས་མོ་ཞིག་ཡོད་པ་དེ་རྒྱུན་དུ་ཁྲིམས་དཔོན་གྱི་དྲུང་དུ་ཡོང༌སྟེ། ང་རང་ལ་གྱོད་ཡ་ཞིག་ཡོད་ཅིང་། ཁྱེད་ཀྱིས་ང་ལ་བདེན་ལུགས་གནང་བར་མཛོད་ཅེས་ཞུས་པ༌དང༌། 4ཁྲིམས་དཔོན་གྱིས་ཡུན་རིང་ཞིག་ལ་དོན་དེ་ཁས་མ་བླངས། ཕྱིས་སུ་ཁྲིམས་དཔོན་གྱི་སེམས༌ལ། བདག་ནི་དཀོན་མཆོག་ལ་མི་འཇིགས་ཤིང་མི་གུས་པ་དང་མི་རྣམས་ལའང་བརྩི་མཐོང་མི་བྱེད་པ་ཞིག་ཡིན༌མོད། 5འོན་ཀྱང་ཡུགས་མོ་འདིས་ང་ལ་སུན་སྣང་བསྐྱེད་པས་བདག་གིས་ཁོ་མོར་བདེན་ལུགས་སྟེར་བར་བྱའོ།། དེ་ལྟར་མིན་ན་ཁོ་མོ་རྒྱུན་དུ་ཡོང་ནས་ང་རང་འུ་ཐུག་པར་བྱེད་སྙམ་པའོ།། 6ཡང་གཙོ་བོས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་རང་གཤིས་མི་དྲང་བའི་ཁྲིམས་དཔོན་དེས་ཅི་སྨྲས་པ་ལ་བསམ་བློ་ཐོངས༌ཤིག 7འོ་ན་དཀོན་མཆོག་གི་བདམས་པའི་མི་རྣམས་ཀྱིས་ཉིན་མཚན་མེད་པར་ཁོང་ལ་འོ་དོད་བོས་ན། ཁོང་གིས་འགོར་འགྱངས་མི་མཛད་པར་དེ་རྣམས་ལ་བདེན་ལུགས་གནང་བ་མ་ཡིན་ནམ། 8དེས་ན་བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། དཀོན་མཆོག་གིས་མྱུར་བ་མྱུར་དུ་དེ་རྣམས་ལ་བདེན་ལུགས་གནང་བར་འགྱུར་རོ།། འོན་ཀྱང་མིའི་བུ་ཕེབས་ཡོང་བའི་དུས་སུ་འཇིག་རྟེན་འདི་རུ་ཁོང་ལ་དད་པའི་སྐྱེ་བོ་སུ་ཞིག་རྙེད་པར་འགྱུར་རམ་ཞེས་གསུངས༌སོ།།

ཕ་རུ་ཤི་པ་དང་ཁྲལ་ལེན་མཁན་གྱི༌དཔེ།

9ཡང་སྐྱབས་མགོན་ཡེ་ཤུས་མི་འགའ་ཞིག་གིས་རང་ཉིད་གཞུང་དྲང་ཡིན་པར་བསམས་ནས་མི་གཞན་དག་ལ་མཐོང་ཆུང་བྱེད་པ་ལ་དཔེ་འདི་ལྟར་གསུངས༌པ་རེད། 10མི་གཉིས་ཡར་མཆོད་ཁང་དུ་གསོལ་བ་འདེབས་སུ་སོང་སྟེ། གཅིག་ནི་ཕ་རུ་ཤི་པ་དང་ཅིག་ཤོས་ནི་ཁྲལ་ལེན་མཁན་ཡིན། 11ཕ་རུ་ཤི་པ་ཡར་ལངས་ནས་བསྡད་ཅིང་སེམས་སུ་འདི༌ལྟར། ཀྱེ། དཀོན་མཆོག༌ལགས། བདག་ནི་མི་གཞན་དག་ལྟར་མགོ་སྐོར་མཁན་དང་རང་གཤིས་མི་དྲང༌བ། ལོག་གཡེམ་བྱེད་པ་རྣམས་དང་མི་འདྲ༌ཞིང༌། ཁྲལ་ལེན་མཁན་འདི་དང་ཡང་མི་འདྲ༌བས། བདག་གིས་ཁྱེད་ལ་ཐུགས་རྗེ་ཆེ༌ཞུ། 12བདག་གིས་གཟའ་འཁོར་རེ་རེར་སྨྱུང་གནས་ཐེངས་གཉིས་ལ་བསྲུངས་པ༌དང༌། ཡོང་སྒོ་ཐམས་ཅད་ལས་བཅུ་ཆའི་གཅིག་ཀྱང་འབུལ་བ་ཡིན་ཞེས་གསོལ་བ་བཏབ་བོ།། 13འོན༌ཀྱང༌། ཁྲལ་ལེན་མཁན་དེ་རྒྱང་ནས་ཡར་ལངས་ཏེ་བསྡད༌ཅིང༌། མིག་གིས་ནམ་མཁའི་ཕྱོགས་སུའང་བལྟ་མི་ཕོད་པར་ལག་པས་བྲང་ཁར་རྡུང་བཞིན་སེམས་ཤིན་ཏུ་སྐྱོ་བའི་ངང༌ནས། ཀྱེ། དཀོན་མཆོག༌ལགས། མི་སྡིག་ཅན་ང་ལ་ཐུགས་རྗེ་གནང་བར་མཛོད་ཅེས་ཞུས་པའོ།། 14བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཁྲལ་ལེན་མཁན་འདི་ནི་ཕ་རུ་ཤི་པ་དེ་ལས་དཀོན་མཆོག་གི་དྲུང་དུ་རྣམ་པར་དག་ཅིང་ཕྱིར་རང་ཁྱིམ་དུ་ལོག སུ་ཞིག་གིས་རང་ཉིད་མཐོ་བར་བཟུང་ན་དམན་པར་འགྱུར༌ཞིང༌། རང་ཉིད་དམན་པར་བཟུང་ན་མཐོ་བར་འགྱུར་ཞེས་གསུངས༌སོ།།

བྱིས་པར་བྱིན་གྱིས་བརླབས༌པ།

15མི་རྣམས་ཀྱིས་ཐ་ན་རང་ཉིད་ཀྱི་ཁྱེའུ་ཡང་སྐྱབས་མགོན་ཡེ་ཤུས་ཕྱག་གིས་རེག་ཕྱིར་ཁོང་གི་དྲུང་དུ་འཁྱེར་ཡོང༌ནའང༌། ཐུགས་སྲས་རྣམས་ཀྱིས་དེ་རྣམས་མཐོང་ནས་བཀའ་བཀྱོན་གནང༌། 16འོན་ཀྱང་སྐྱབས་མགོན་ཡེ་ཤུས་དེ་རྣམས་ཚུར་བོས་ཏེ་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་ནི་དེ་ལྟ་བུ་རྣམས་ཀྱི་ཡིན༌པས། བྱིས་པ་རྣམས་མ་འགོག་པར་བདག་གི་དྲུང་ལ་ཡོང་དུ༌ཆུག 17བདག་གིས་ཁྱོད་རྣམས་ལ་བདེན་པར་སྨྲ༌སྟེ། མི་སུས་ཀྱང་དཀོན་མཆོག་གི་རྒྱལ་སྲིད་ནི་བྱིས་པའི་ཚུལ་གྱིས་དང་དུ་མ་བླངས༌ན། མི་དེ་ཅིས་ཀྱང་རྒྱལ་སྲིད་དེར་ཞུགས་མི་ནུས་ཞེས་གསུངས༌སོ།།

འབྱོར་བ་ཅན་ལ་ཆོས་གསུངས༌པ།

18དཔོན་པོ་ཞིག་གིས་སྐྱབས་མགོན་ཡེ་ཤུ༌ལ། སློབ་དཔོན་བཟང་པོ༌ལགས། ངས་གང་ཞིག་བྱས་ན། ད་གཟོད་མཐའ་མེད་པའི་ཚེ་སྲོག་འཐོབ་ཐུབ་བམ་ཞེས་ཞུས་པ༌ལ། 19སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་ཅིའི་ཕྱིར་བདག་ལ་བཟང་པོ་ཟེར༌རམ། དཀོན་མཆོག་ཁོ་ན་ལས་བཟང་པོ་གཅིག་ཀྱང་མེད། 20ལོག་གཡེམ་མ༌བྱེད། མི་མ་གསོད། རྐུ་མ༌བྱེད། རྫུན་གྱི་དཔང་པོ་མ༌བྱེད། རང་གི་ཕ་མ་གཉིས་ལ་བཀུར་བསྟི་བྱེད་དགོས་ཞེས་པའི་བཀའ་ཁྲིམས་འདི་དག་ཁྱོད་ཀྱིས་ཤེས་པ་ཡིན་ཞེས་གསུངས་སོ།། 21ཡང་མི་དེ་ན༌རེ། ངས་ཆུང་དུས་ནས་བཀའ་དེ་ཐམས་ཅད་བསྲུངས་པ་ཡིན་ཞེས་ཞུས་སོ།། 22སྐྱབས་མགོན་ཡེ་ཤུས་གཏམ་དེར་གསན་རྗེས་ཡང་འདི་སྐད༌དུ། ཁྱོད་ལ་ད་དུང་དོན་གཅིག་མི་ཚང༌བས། ཁྱོད་ཀྱིས་རང་ལ་ཡོད་པ་ཐམས་ཅད་བཙོངས་ཏེ་དབུལ་པོ་རྣམས་ལ་བྱིན༌ཅིག ཁྱོད་ལ་ནམ་མཁའི་ཞིང་ཁམས་སུ་ནོར་བུ་འཐོབ་པར་འགྱུར། དེ་ནས་བདག་གི་རྗེས་སུ་འབྲང་བར་གྱིས་ཞེས་གསུངས་པ༌ན། 23མི་དེ་ནི་ཧ་ཅང་ཕྱུག་པོ་ཞིག་ཡིན་པས་གསུང་དེ་ཐོས་པ་དང་སེམས་ཤིན་ཏུ་སྐྱོ་བར་གྱུར། 24སྐྱབས་མགོན་ཡེ་ཤུས་ཁོ་ལ་གཟིགས་ཏེ་འདི་སྐད༌དུ། རྒྱུ་འབྱོར་བ་ཅན་རྣམས་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་པ་ནི་ཇི་འདྲའི་དཀའ༌ཨང་། 25ཕྱུག་བདག་ཅིག་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་པ་ལས་རྔ་མོང་ཞིག་ཁབ་མིག་ཏུ་འཛུལ་བ་སླ་ཞེས་གསུངས་སོ།། 26གསུང་དེ་ཐོས་པའི་མི་རྣམས༌ཀྱིས། དེས་ན་སུ་ཞིག་ལ་ཐར་པ་འཐོབ་ཐུབ་བམ་ཞེས་ཞུས་པ༌དང༌། 27ཡང་ཁོང་གིས་འདི་སྐད༌དུ། མིས་བསྒྲུབ་མི་ནུས་པའི་དོན་རྣམས་དཀོན་མཆོག་གིས་མཛད་ནུས་པ་ཡིན་ཞེས་གསུངས་སོ།། 28པེ་ཏྲོ་ན༌རེ། གཟིགས༌དང༌། ངེད་རྣམས་ཀྱིས་རང་ལ་ཡོད་པ་ཐམས་ཅད་སྤངས་ནས་ཁྱེད་ཀྱི་རྗེས་སུ་འབྲངས་པ་ཡིན་ཞེས་ཞུས་པ༌དང༌། 29ཡང་ཁོང་གིས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་བདེན་པར༌སྨྲ་སྟེ། སུ་ཞིག་གིས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཆེད་དུ་ཁང་པའམ། ཆུང༌མའམ། ཕུ་ནུའམ། ལྕམ་སྲིང་ངམ། ཕ༌མའམ། བུ་ཕྲུག་སོགས་སྤངས༌ན། 30མི་དེ་ལ་བསྐལ་པ་འདིར་ལྡབ་འགྱུར་གྱིས་མང་པོ་འཐོབ་ཅིང་བསྐལ་པ་འབྱུང་འགྱུར་དུ་མཐའ་མེད་པའི་ཚེ་སྲོག་ཀྱང་འཐོབ་པར་འགྱུར་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་དགྲོང་བར་འགྱུར་བ་སླར་ཡང་ལུང་བསྟན༌པ།

31དེ་ནས་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་བཅུ་གཉིས་པོ་ཟུར་དུ་ཁྲིད་དེ་འདི་སྐད༌དུ། ལྟོས༌དང༌། བདག་ཅག་ཡར་ཡེ་རུ་སཱ་ལེམ་དུ་འགྲོ་བཞིན༌ཡོད། ལུང་སྟོན་པ་རྣམས་ཀྱིས་མིའི་བུ་ཡི་སྐོར་ལ་བྲིས་ཡོད་པ་ཐམས་ཅད་འགྲུབ་པར་འགྱུར༌ཏེ། 32ཁོ་རང་ཕྱི་ཕྱོགས་པ་རྣམས་ཀྱི་ལག་ཏུ་སྤྲད་ནས་དེ་དག་གིས་འཕྱ་དམོད་དང་སྨད་པ་བྱེད༌ཅིང༌། གདོང་ལ་མཆིལ་མ་འདེབས་པ༌དང༌། 33ལུས་ལ་རྟ་ལྕག་གིས་གཞུས་རྗེས་གསོད་པར་འགྱུར། དེ་ནས་ཉིན་གསུམ་པ་ལ་ཁོ་རང་སླར་གསོན་པར་འགྱུར་ཞེས་གསུངས། 34དོན་འདི་ནི་ཐུགས་སྲས་རྣམས་ཀྱིས་ཅི་ཡང་མ་རྟོགས་ཤིང་། དེ་ནི་གབ་པའི་ཚུལ་གྱིས་བརྗོད་པས་ཅི་ཡང་མ་ཤེས༌སོ།།

སྤྲང་པོ་ལོང་བའི་མིག་གསོས༌པ།

35སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡེ་རུ་ཀོ་དང་ཉེ་བར་ཕེབས་པའི༌ཚེ། ལོང་བ་ཞིག་གིས་ཟས་སློང་བཞིན་ལམ་འགྲམ་དུ་བསྡད་ཡོད༌ཅིང༌། 36མི་མང་པོ་ཕར་ལ་འགྲོ་བཞིན་པའི་སྒྲ་ཐོས་ཏེ་དོན་ཅི་ཡིན་དྲིས་པ༌ལ། 37ལམ་འགྲོ་པ་རྣམས་ཀྱིས་ནཱ་ཙ་རེལ་གྱི་ཡེ་ཤུ་ཕེབས་ཀྱིན་འདུག་ཅེས་སྨྲས། 38ལོང་བས་སྐད་ཆེན༌པོས། ཀྱེ། དཱ་བིད་ཀྱི་རིགས༌སྲས། ཡེ་ཤུ༌ལགས། བདག་ལ་སྙིང་རྗེས་གཟིགས་རོགས་ཞེས་ཞུས༌པ་ན། 39སྔོན་དུ་འགྲོ་བའི་ལམ་འགྲོ་པ་རྣམས་ཀྱིས་ཁོ་རང་ཁ་རོག་ཏུ་སྡོད་པར་བསྐུལ༌ནའང༌། ལོང་བས་སྔར་ལས་ཀྱང་སྐད་ཆེན༌པོས། ཀྱེ། དཱ་བིད་ཀྱི་རིགས་སྲས༌ལགས། བདག་ལ་སྙིང་རྗེས་གཟིགས་རོགས་ཞེས་འབོད་སྐད་བསྒྲགས་སོ།། 40དེ་ནས་སྐྱབས་མགོན་ཡེ་ཤུས་ཀྱང་ཕེབས་མཚམས་བཞག་སྟེ་ཁོ་རང་ཚུར་ཁྲིད་ཡོང་བའི་བཀའ་གནང༌ཞིང༌། དེ་ཁོང་གི་སྐུ་མདུན་དུ་སླེབས་པ་དང་ཁོང་གིས་འདི་སྐད༌དུ། 41ངས་ཁྱོད་ལ་ཅི་བྱ་དགོས་སམ་ཞེས་གསུངས་པ༌དང༌། ཁོ་ན༌རེ། གཙོ་བོ༌ལགས། ངའི་མིག་གིས་མཐོང་ནུས་པར་མཛོད་ཅེས་ཞུས་པ༌ན། 42སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱི་མིག་གིས་མཐོང་ཐུབ་པར་གྱུར༌ཅིག ཁྱོད་ཀྱི་དད་པས་ཁྱོད་རང་བསྐྱབས་པ་ཡིན་ཞེས་གསུངས་པ༌དང༌། 43དེ་མ་ཐག་ཏུ་ལོང་བའི་མིག་གིས་མཐོང་བར་གྱུར་ནས་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་ཅིང་ཁོང་གི་རྗེས་སུ་འབྲངས་སོ།། མི་ཐམས་ཅད་ཀྱིས་ཀྱང་དོན་དེ་མཐོང་ནས་དཀོན་མཆོག་ལ་བསྟོད་བསྔགས་བརྗོད༌དོ།།

ལུ་ཀ 19

ཁྲལ་ལེན་མཁན་སཱ་ཀའི་སྐོར།

1སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡེ་རུ་ཀོ་བརྒྱུད་ནས་ཕེབས་པའི༌ཚེ། 2གནས་དེར་སཱ་ཀ་ཟེར་བའི་ཕྱུག་བདག་ཅིག་ཡོད་ཅིང་དེ་ནི་ཁྲལ་ལེན་མཁན་གྱི་འགོ་དཔོན་ཡང་ཡིན་ནོ།། 3སཱ་ཀས་སྐྱབས་མགོན་ཡེ་ཤུ་སུ་ཡིན་པར་བལྟ་འདོད༌ཀྱང༌། ཁོའི་གཟུགས་ཐུང་ཞིང་མི་མང་པོ་འཚོགས་པའི་རྐྱེན་གྱིས་མཐོང་མ་ཐུབ༌པས། 4སྐྱབས་མགོན་ཡེ་ཤུའི་གཤེགས་ལམ་གྱི་མདུན་དུ་བརྒྱུགས་པ་དང་འོ་སེ་ཤིང་ཞིག་ལ་འགོས་ནས་བལྟས་པ་ལ། 5སྐྱབས་མགོན་ཡེ་ཤུ་གནས་དེར་ཕེབས་པ་དང་ཡར་གཟིགས་ཏེ་འདི་སྐད༌དུ། སཱ༌ཀ ཁྱོད་རང་མྱུར་དུ་མར་བོབས༌དང༌། དེ་རིང་ང་ནི་ཁྱོད་ཀྱི་ཁྱིམ་དུ་སྡོད་དགོས་ཞེས་གསུངས་པ༌དང༌། 6སཱ་ཀ་མྱུར་དུ་མར་བབས་ཏེ་དགའ་སྤྲོའི་ངང་ནས་སྐྱབས་མགོན་ཡེ་ཤུ་གདན་དྲངས༌སོ།། 7མི་རྣམས་ཀྱིས་དོན་དེ་མཐོང་སྟེ་མ་དགའ་བར་ཤབ་ཤུབ་ཏུ་ཕན་ཚུན་ལ་ན༌རེ། ཁོང་ཉིད་མི་སྡིག་ཅན་གྱི་ཁྱིམ་ལ་མགྲོན་དུ་ཕེབས་ཞེས་སྨྲས་སོ།། 8སཱ་ཀ་ཡར་ལངས་ཏེ་སྐྱབས་མགོན་ཡེ་ཤུ༌ལ། ཇོ་བོ༌ལགས། ཁྱེད་ཀྱིས་གཟིགས༌དང༌། ངས་རང་གི་རྒྱུ་ནོར་གྱི་ཕྱེད་ཀ་དབུལ་པོ་རྣམས་ལ་སྟེར་ངེས་ཡིན། གལ་ཏེ་ངས་སྔོན་ཆད་མི་སུ་ཞིག་ནས་སླུ་བྲིད་ཀྱིས་རྒྱུ་ནོར་བླངས་ཡོད༌ན། ཕྱིར་ལྡབ་བཞིས་འཇལ་ངེས་ཡིན་ཞེས་ཞུས་སོ།། 9སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མི་འདི་ཡང་ཨབ་ར་ཧམ་གྱི་བུ་རབས་ཚ་རྒྱུད་ཡིན༌པས། དེ་རིང་ཐར་པ་ཁྱིམ་འདིར་སླེབས༌པ་ཡིན། 10ཅིའི་ཕྱིར་ཞེ༌ན། མིའི་བུ་ནི་བོར་ཟིན་པ་རྣམས་འཚོལ་བ་དང་སྐྱོབ་པའི་ཕྱིར་ཡོང་བ་ཡིན་ཞེས་གསུངས༌སོ།།

དངུལ་སྒོར་བཅུའི༌དཔེ།

11མི་རྣམས་ཀྱིས་གཏམ་དེ་དག་ལ་ཉན་པའི་དུས༌སུ། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡེ་རུ་སཱ་ལེམ་ལ་ཉེ་བར་སླེབ་པའི་རྐྱེན༌དང༌། མི་རྣམས་ཀྱི་སེམས་སུའང་དཀོན་མཆོག་གི་རྒྱལ་སྲིད་མྱུར་དུ་མངོན་པར་འགྱུར་ངེས་ཡིན་ཞེས་བསམས༌པས། ཁོང་གིས་དཔེའི་སྒོ་ནས་འདི་སྐད༌དུ། 12དེ་ཡང་རྒྱལ་པོའི་རིགས་རྒྱུད་ཅིག་ཡོད་པར་རྒྱལ་སྲིད་འཐོབ་ཆེད་རྒྱང་རིང་ཡུལ་དུ་འགྲོ་བའི་འཆར་གཞི་བཀོད༌དེ། རྒྱལ་སྲིད་ཐོབ་རྗེས་ཕྱིར་ལོག་པར་འདོད་ཅིང་། 13རང་གི་གཡོག་པོ་བཅུ་ཚུར་བོས་ནས་མི་རེ་རེར་དངུལ་རྡོ་ཚད་གཅིག་རེ་སྤྲད༌དེ། ཁྱོད་རྣམས་ཀྱིས་ང་རང་ཕྱིར་ཡོང་བའི་བར་དུ་ཚོང་ལས་གཉེར་ཞིག་ཅེས་སྨྲས་སོ།། 14འོན་ཀྱང་ཁོའི་འབངས་མི་རྣམས་ཁོ་ལ་སྡང་སེམས་སྐྱེས་པས་མི་ཁ་ཤས་ཁོའི་རྗེས་སུ་བཏང༌སྟེ། ངེད་རྣམས་མི་དེ་རྒྱལ་པོ་བྱེད་པར་མི་འཐད་ཅེས་སྨྲས་སོ།། 15འོན་ཀྱང་ཁོ་ལ་རྒྱལ་སྲིད་ཐོབ་ནས་ཕྱིར་ཡོང་སྟེ་དངུལ་སྤྲད་པའི་གཡོག་པོ་རྣམས་ཀྱིས་ཚོང་ལས་བྱས་ནས་ཁེ་སྤོགས་ཅི་ཙམ་ཡོད་པར་བལྟ་ཕྱིར་དེ་རྣམས་འབོད་དགོས་པའི་བཀའ་གནང་ངོ་།། 16གཡོག་པོ་སྔ་མ་དེ་ཁོའི་དྲུང་དུ་ཡོང༌སྟེ། བདག་པོ༌ལགས། ཁྱེད་ཀྱིས་གནང་བའི་རྡོ་ཚད་གཅིག་གིས་རྡོ་ཚད་བཅུའི་ཁེ་སྤོགས་རེག་ཡོད་ཅེས་ཞུས་པ༌དང༌། 17བདག་པོ་ན༌རེ། ལེགས་པོ༌འདུག ཁྱོད་ནི་གཡོག་པོ་བཟང་པོ་ཡིན་ལ། ཁྱོད་ནི་དོན་ཆུང་ངུ་ལའང་བློ་སེམས་དཀར་བས། གྲོང་ཁྱེར་བཅུའི་མངའ་དབང་ཁྱོད་ལ་སྤྲོད་ཅེས་སྨྲས་སོ།། 18གཡོག་པོ་གཞན་ཞིག་ཡོང་སྟེ་ན༌རེ། བདག་པོ༌ལགས། ཁྱེད་ཀྱིས་གནང་བའི་རྡོ་ཚད་གཅིག་གིས་རྡོ་ཚད་ལྔའི་ཁེ་སྤོགས་རེག་ཡོད་ཅེས་ཞུས་པ༌དང༌། 19ཡང་བདག་པོ་ན༌རེ། ཁྱོད་ལ་ཡང་གྲོང་ཁྱེར་ལྔའི་མངའ་དབང་སྤྲོད་ཅེས་སྨྲས་སོ།། 20ཡང་གཡོག་པོ་གཞན་ཞིག་ཡོང་སྟེ་ན༌རེ། བདག་པོ༌ལགས། ངས་ཁྱེད་ཀྱི་རྡོ་ཚད་གཅིག་པོ་དེ་རས་ཀྱིས་བཏུམས་ནས་བདག་གཉེར་བྱས་པས་འདི་ན་ཡོད༌དེ། 21ཁྱེད་རང་ནི་མི་བཙན་པོ་ཞིག་ཡིན་ཞིང་རྒྱུ་ནོར་མ་བཞག་པར་ལེན་པ་དང་མ་བཏབ་ས་ནས་སྟོན་བསྡུ་བས་ང་རང་ཁྱེད་ལ་འཇིགས་ཞེས་ཞུས་པ༌ལ། 22ཡང་བདག་པོ་ན༌རེ། གཡོག་པོ་ངན་པ་ཁྱོད་ལ་རང་གི་ཁ་ནས་ཅི་སྨྲས་བཞིན་ཉེས་ཆད་གཅོད་པར༌བྱའོ།། ཁྱོད་ཀྱིས་ང་རང་མི་བཙན་པོ་ཞིག་ཡིན་ཞིང་རྒྱུ་ནོར་མ་བཞག་པར་ལེན་པ་དང་ས་བོན་མ་བཏབ་པར་ལོ་ཏོག་རྔ་བ་ཤེས༌ན། 23ཅིའི་ཕྱིར་ངའི་རྡོ་ཚད་གཅིག་པོ་དེ་དངུལ་ཁང་དུ་མ་བཞག༌གམ། ཁྱོད་ཀྱིས་དེ་ལྟར་བྱས་ན་ང་རང་ཕྱིར་སླེབས་པའི་དུས་སུ། མ་རྩ་དང་སྐྱེད་ཀ་གཉིས་ལེན་ཆོག་པ་མ་ཡིན་ནམ་ཞེས་སྨྲས༌ཤིང༌། 24ཡང་གནས་དེར་ཡོད་པའི་མི་རྣམས༌ལ། ཁོའི་རྡོ་ཚད་གཅིག་པོ་ཕྱིར་ལོངས༌དང༌། རྡོ་ཚད་བཅུ་ཡོད་པ་ཅན་ལ་བྱིན་ཅིག་ཅེས་སྨྲས་སོ།། 25དེ་རྣམས་ན༌རེ། བདག་པོ༌ལགས། མི་དེ་ལ་རྡོ་ཚད་བཅུ་ཡོད་པ་མ་ཡིན་ནམ་ཞེས་ཞུས་པ༌ལ། 26ཡང་བདག་པོ་ན༌རེ། ངས་ཁྱོད་ཅག་ལ་སྨྲ་བར༌བྱ་སྟེ། སུ་ཞིག་ལ་ཡོད་པ་དེ་ལ་ད་དུང་ཡང་གནང་ངེས༌ཤིང༌། སུ་ཞིག་ལ་མེད་པ་དེ་ལས་ཉུང་ཙམ་ཡོད་པ་དེའང་ཕྱིར་ལེན་པར་འགྱུར། 27འོན༌ཀྱང༌། ང་རང་ཁོ་རྣམས་ཀྱི་རྒྱལ་པོ་བྱེད་པར་མི་དགའ་བའི་དགྲ་བོ་དེ་རྣམས་འདིར་ཁྲིད་ཤོག༌དང༌། བདག་གི་མདུན་ནས་སོད་ཅིག་སྨྲས་པའོ་ཞེས་གསུངས་སོ།།

གཟི་བརྗིད་ཀྱི་ངང་ནས་ཡེ་རུ་སཱ་ལེམ་དུ་ཕེབས༌པ།

28སྐྱབས་མགོན་ཡེ་ཤུས་གོང་གི་གསུང་དེ་དག་གནང༌རྗེས། ཡར་ཡེ་རུ་སཱ་ལེམ་དུ་ཆས་པ༌དང༌། 29ཁོང་ཉིད་སྐྱུ་རུ་རའི་རི་བོའི་ངོས་སུ་ཡོད་པའི་པེ་ཕཱ་གེ་དང་པེ་ཐན་ཡཱ་ཡུལ་དང་ཉེ་བར་ཕེབས་པའི༌ཚེ། ཁོང་གིས་ཐུགས་སྲས་གཉིས་མངགས༌ཏེ། 30ཁྱོད་གཉིས་ཕ་རོལ་གྱི་གྲོང་སྡེ་རུ་སོང༌དང༌། དེའི་ནང་དུ་འགྲོ་སྐབས་སུས་ཀྱང་བཞོན་མ་མྱོང་བའི་བོང་ཕྲུག་ཅིག་བཏགས་ཡོད་པ་མཐོང་ངེས༌ཤིང་། ཁྱོད་གཉིས་ཀྱིས་ཐག་པ་བཀྲོལ་ནས་འདིར་ཁྲིད༌ཤོག 31གལ་ཏེ་སུ་ཞིག་གིས་ཅིའི་ཕྱིར་འགྲོལ་བ་ཡིན་ཞེས་ཟེར༌ན། ཁྱོད་གཉིས་ཀྱིས་བོང་ཕྲུག་འདི་གཙོ་བོ་ལ་མཁོ་བ་ཡིན་ཞེས་སྨྲོས་ཤིག་ཅེས་བཀའ་གནང༌ངོ་།། 32གྲོང་སྡེའི་ནང་དུ་མངགས་པའི་ཐུགས་སྲས་གཉིས་པོ་ཕར་སོང་བ་དང་ཁོང་གིས་ཇི་ལྟར་གསུངས་པ་བཞིན་དུ་མཐོང༌ཞིང༌། 33ཁོ་གཉིས་ཀྱིས་བོང་ཕྲུག་གི་འདོགས་ཐག་འགྲོལ་བཞིན་པའི་སྐབས༌སུ། བོང་ཕྲུག་གི་བདག་པོ་རྣམས་ན༌རེ། ཅིའི་ཕྱིར་བོང་ཕྲུག་འགྲོལ་བ་ཡིན་ཞེས་དྲིས་པ༌ན། 34ཁོ་གཉིས་ཀྱིས་བོང་ཕྲུག་འདི་ངེད་ཅག་གི་གཙོ་བོ་ལ་མཁོ་བ་ཡིན་ཞེས་སྨྲས་སོ།། 35ཁོ་གཉིས་ཀྱིས་དེ་ཁྲིད་ནས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་སླེབས་པ༌དང༌། རང་གི་ཕྱི་གོས་བོང་ཕྲུག་གི་རྒྱབ་ཏུ་བཏིངས་ཤིང་ཁོང་ཉིད་བསྐྱོར་ནས་དེ་ལ་བཅིབས་སུ་བཅུག་པ་རེད། 36ཁོང་ཉིད་ཕེབས་པའི་དུས་སུ་མི་རྣམས་ཀྱིས་རང་གི་ཕྱི་གོས་ལམ་ནང་དུ་བཀྲམ་པའོ།། 37ཡང་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་ཉེ་བར་ཕེབས་པ་དང་སྐྱུ་རུ་རའི་རི་བོ་ལས་མར་འབབ་པའི༌ཚེ། རྗེས་སུ་འབྲང་བའི་མི་ཚོགས་ཀྱིས་ངོ་མཚར་བའི་མཛད་པ་རྣམས་མཐོང་མྱོང༌བས། ཤིན་ཏུ་དགའ་ཞིང་སྐད་ཆེན་པོས་དཀོན་མཆོག་ལ་བསྟོད་པ་འབུལ་བཞིན། 38གཙོ་བོའི་མཚན་གྱི་སྒོ་ནས་བྱོན་པའི་རྒྱལ་པོ་ནི་བྱིན་རླབས་ཅན་ཡིན། ནམ་མཁའི་ཞིང་ཁམས་ལ་ཞི་བདེ་དང་། བླ་ན་མེད་པའི་གནས་སུ་གཟི་བརྗིད་ཡོད་པར་གྱུར་ཅིག་ཅེས་ཡང་ཡང་བསྒྲགས་སོ།། 39མི་ཚོགས་ཀྱི་ཁྲོད་དུ་ཡོད་པའི་ཕ་རུ་ཤི་པ་འགའ་ཞིག་གིས་སྐྱབས་མགོན་ཡེ་ཤུ༌ལ། སློབ་དཔོན༌ལགས། ཁྱེད་ཀྱིས་རང་གི་རྗེས་འབྲང་པ་རྣམས་ལ་བཀའ་བཀྱོན་གནང་བར་མཛོད་ཅེས་ཞུས་པ༌ལ། 40ཁོང་གིས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་སྨྲ་བར༌བྱ་སྟེ། གལ་ཏེ་མི་འདི་རྣམས་ཀྱིས་ཁ་ཅི་ཡང་མི་གྲགས༌ན། རྡོ་འདི་དག་གིས་སྐད་རྒྱག་པར་འགྱུར་ཞེས་གསུངས༌སོ།། 41སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡེ་རུ་སཱ་ལེམ་དང་ཉེ་བར་ཕེབས་པ༌དང༌། གྲོང་ཁྱེར་དེ་གཟིགས་ནས་ཐུགས་སྐྱོ་བའི་ངང་བཤུམས་ཤིང་གྲོང་ཁྱེར་དེའི་སྐོར་ལ་འདི་སྐད༌དུ། 42གལ་སྲིད་དེ་རིང་ཁྱོད་ཀྱིས་ཞི་བདེ་གང་ལ་རག་ལས་པའི་དོན་དེ་ཤེས་ན་ཅི་མ༌རུང་། འོན་ཀྱང་ད་ལྟ་དོན་དེ་སྦས་པ་ཡིན་པས་ཁྱོད་ཀྱིས་མཐོང་བར་མི་འགྱུར། 43དུས་ཤིག་སླེབ་ངེས༌ཏེ། ཁྱོད་ཀྱི་དགྲ་བོས་ཕྱོགས་བཞིར་འཐབ་རགས་བརྩིག་ཅིང༌། ཁྱོད་ཀྱི་མཐའ་ནས་བསྐོར་ཏེ་ཕྱོགས་བཞི་ནས་ཁྱོད་ལ་རྒོལ་བར་འགྱུར། 44ཁྱོད་ཀྱིས་དཀོན་མཆོག་གི་གཟིགས་སྐྱོང་མཛད་པའི་དུས་དེ་མ་རྟོགས༌པས། ཁྱོད་དང་ཁྱོད་ཀྱི་ར་བའི་ནང་དུ་ཡོད་པའི་བུ་ཕྲུག་རྣམས་རྩ་མེད་དུ་བཏང༌ནས། རྡོ་ཕ་བོང་སྟེང་དུ་རྡོ་གཅིག་ཀྱང་མི་ལུས་པར་བཤིག་པར་འགྱུར་ཞེས་གསུངས༌སོ།།

མཆོད་ཁང་གཙང་མར་མཛད༌པ།

45སྐྱབས་མགོན་ཡེ་ཤུ་མཆོད་ཁང་ནང་དུ་ཕེབས་ཤིང་གནས་དེར་ཡོད་པའི་ཚོང་པ་རྣམས་སྒོའི་ཕྱི་རུ་ཕུད༌དེ། 46འདི་སྐད༌དུ། གསུང་རབ་ཀྱི་མདོ༌ལས། ངའི་ཁང་པ་ནི་སྨོན་ལམ་ཁང་དུ་འགྱུར་ཞེས་བཀོད་ཡོད༌ཀྱང༌། ཁྱོད་ཅག་གིས་འདི་ནི་ཇག་ཚང་ཞིག་ཏུ་བསྒྱུར་འདུག་ཅེས་གསུངས་སོ།། 47ཁོང་གིས་ཉིན་རེ་བཞིན་མཆོད་ཁང་ནས་ཆོས་གསུངས། འོན་ཀྱང་མཆོད་དཔོན་ཆེན་པོ་རྣམས་དང་མཁན༌པོ། ཡུལ་མིའི་དཔོན་པོ་བཅས་ཀྱིས་ཁོང་ཉིད་དགྲོང་འདོད༌ཀྱང༌། 48མི་ཐམས་ཅད་ཀྱིས་ཁོང་གི་གསུང་ལ་ཞིབ་ཏུ་ཉན་འདུག༌པས། དེ་དག་གིས་ཐབས་ཅི་ཡང་མ་རྙེད༌དོ།།

ལུ་ཀ 20

སྐྱབས་མགོན་ཡེ་ཤུའི་དབང་དང་ནུས་མཐུའི༌སྐོར།

1ཡང་ཉིན་ཞིག༌ལ། སྐྱབས་མགོན་ཡེ་ཤུས་མཆོད་ཁང་ནང་དུ་མི་ཚོགས་ལ་ཆོས་གསུངས་ཤིང་དཀོན་མཆོག་གི་འཕྲིན་བཟང་སྒྲོག་པའི་དུས༌སུ། མཆོད་དཔོན་ཆེན་པོ་རྣམས་དང་མཁན༌པོ། དཔོན་རིགས་རྒན་པོ་བཅས་མཉམ་དུ་ཁོང་གི་དྲུང་དུ་ཡོང༌སྟེ། 2ཁྱོད་ཀྱིས་དབང་གང་ལ་བརྟེན་ནས་དོན་འདི་དག་མཛད་པ་ཡིན༌ནམ། སུ་ཞིག་གིས་ཁྱོད་ལ་དབང་འདི་གནང་བ་ཡིན་པ་ངེད་ཅག་ལ་སྨྲ་བར་མཛོད་ཅེས་ཞུས་པ༌ལ། 3ཁོང་གིས་འདི་སྐད༌དུ། བདག་གིས་ཀྱང་ཁྱོད་རྣམས་ལ་དྲི་བ་ཞིག་འདོན༌ཏེ། 4ཡོ་ཧ་ནན་གྱི་ཁྲུས་གསོལ་དེ་ནམ་མཁའི་ཞིང་ཁམས་དང་མི་ཡུལ་གཉིས་ཀྱི་གང་ནས་བྱུང་བ་ལ་ལན་ཐོབས་ཤིག་ཅེས་གསུངས་པ༌དང༌། 5དེ་རྣམས་ཀྱིས་ཕན་ཚུན་ལ་གླེང་མོལ་བྱེད༌བཞིན། གལ་ཏེ་ནམ་མཁའི་ཞིང་ཁམས་ནས་བྱུང་བ་ཡིན་ཞེ༌ན། ཁོས་ཅིའི་ཕྱིར་ཁྱོད་རྣམས་ཡོ་ཧ་ནན་ལ་ཡིད་མ་ཆེས་སམ་ཞེས་སྨྲ་ངེས༌ལ། 6ཡང་མི་ཡུལ་ནས་བྱུང་བ་ཡིན་ཞེ༌ན། མི་ཐམས་ཅད་ཡོ་ཧ་ནན་དངོས་གནས་ལུང་སྟོན་པ་ཞིག་ཡིན་པར་ཡིད་ཆེས༌པས། མི་རྣམས་ཀྱིས་ཀྱང་བདག་ཅག་ལ་རྡོ་རུབ་གཏོང་བར་ངེས་ཞེས་སྨྲས་ཤིང་། 7ཁོ་རྣམས་ན༌རེ། ངེད་ཅག་གིས་གང་ནས་བྱུང་བ་མི་ཤེས་ཞེས་ལན་བཏབ་བོ།། 8ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེས་ན་བདག་གིས་ཀྱང་དབང་གང་ལ་བརྟེན་ནས་དོན་འདི་དག་བྱེད་པ་ཁྱོད་ཅག་ལ་སྨྲ་བ་མིན་ཞེས་གསུངས༌སོ།།

རྒུན་ཚལ་གླ་མཁན་གྱི༌དཔེ།

9སྐྱབས་མགོན་ཡེ་ཤུས་དཔེའི་སྒོ་ནས་མི་རྣམས་ལ་འདི་སྐད༌དུ། དེ་ཡང་མི་ཞིག་གིས་རྒུན་ཚལ་ཞིག་བཙུགས་རྗེས་མི་གཞན་ལ་གླས་ཏེ་ཁོ་རང་ཡུལ་གཞན་དུ་སོང་ནས་ཡུན་རིང་ལ་བསྡད་དོ།། 10དུས་ལ་བབས༌ཚེ། ཁོང་གིས་གཡོག་པོ་ཞིག་གླ་མཁན་ཚང་ལ་རྒུན་འབྲུམ་གྱི་འབྲས་བུ་ལེན་དུ་མངགས༌ནའང༌། གླ་མཁན་རྣམས་ཀྱིས་གཡོག་པོ་དེ་ལ་གཅར་རྡུང་བྱས་ནས་ལག་སྟོང་དུ་ཕྱིར་བཏང༌། 11ཡང་ཁོང་གིས་གཡོག་པོ་གཞན་ཞིག་མངགས་པ༌ན། གླ་མཁན་རྣམས་ཀྱིས་གཡོག་པོ་དེ་ལའང་གཅར་རྡུང་དང་དམའ་འབེབས་བྱས་ཏེ་ལག་སྟོང་དུ་ཕྱིར་བཏང༌། 12ཡང་གཡོག་པོ་གསུམ་པ་དེ་མངགས་པ༌ན། གླ་མཁན་རྣམས་ཀྱིས་དེ་ལའང་གཅར་རྡུང་བྱས་ནས་རྨས་ཏེ་ཕྱི་རུ་བསྐྲད། 13རྒུན་འབྲུམ་ར་བའི་བདག་པོ་ན༌རེ། ད་ནི་ཅི༌བྱའམ། བདག་གི་གཅེས་པའི་བུ་དེ་མངགས་ན་གླ་མཁན་རྣམས་ཀྱིས་བཀུར་སྟི་བྱེད་ཀྱང་སྲིད་བསམས༌སོ།། 14འོན་ཀྱང་གླ་མཁན་རྣམས་ཀྱིས་བུ་དེ་མཐོང་ནས་ཕན་ཚུན༌ལ། འདི་ནི་ཕ་ཤུལ་འཛིན་མཁན་ཡིན། ནོར་སྐལ་དེ་དག་བདག་ཅག་ལ་འཐོབ་པའི་ཕྱིར། ཁོ་རང་གསོད་པར་བྱའོ་ཞེས་སྨྲས༌ཏེ། 15བུ་དེ་རྒུན་འབྲུམ་ར་བའི་ཕྱི་རུ་བཏོན་ནས་བསད་དོ།། དེས་ན་རྒུན་འབྲུམ་ར་བའི་བདག་པོས་དེ་དག་ལ་ཅི་བྱེད་པར་འགྱུར་རམ་ཞེ༌ན། 16ཁོང་ཉིད་ཕེབས་ཡོང་ནས་གླ་མཁན་རྣམས་འཇོམས་པར་མཛད༌དེ། རྒུན་འབྲུམ་ར་བ་མི་གཞན་རྣམས་ལ་སྤྲོད་པར་བྱེད་ཅེས་གསུངས་པ༌དང༌། མི་རྣམས་ཀྱིས་གསུང་དེ་ཐོས་ནས་དེ་ལྟར་བྱ་མི་རུང་ཞེས་སྨྲས་པ༌ལ། 17སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་གཟིགས་ནས་འདི་སྐད༌དུ། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ།

ཁང་པའི་ཟུར་གྱི་རྨང་རྡོ༌ཡིན།།

ཞེས་གསུངས་ཡོད་པའི་དོན་ཅི་ཡིན༌ནམ། 18མི་སུ་ཞིག་རྡོ་དེའི་སྟེང་དུ་ལྷུང༌ན། མི་དེ་ནི་དུམ་བུར་འགྱུར། ཡང་རྡོ་དེ་མི་སུ་ཞིག་གི་སྟེང་དུ་ལྷུང༌ན། མི་དེའང་རྡུལ་དུ་བརླག་པར་འགྱུར་ཞེས་གསུངས༌སོ།།

ཁྲལ་འཇལ་བའི༌སྐོར།

19དེ་ནས་མཁན་པོ་དང་མཆོད་དཔོན་ཆེན་པོ་རྣམས་ཀྱིས་གོང་གི་དཔེ་དེ་ནི་རང་ཉིད་ལ་གསུངས་པ་ཤེས༌ནས། དེ་མ་ཐག་ཏུ་ཁོང་ཉིད་འཛིན་པར་བསམས་ཀྱང་མི་ཚོགས་ལ་འཇིགས༌སོ།། 20སྐྱབས་མགོན་ཡེ་ཤུར་ལྐོག་ལྟ་བྱས་ནས་ཁོང་གི་གསུང་ལས་གླགས་བཙལ་ཏེ་སྤྱི་དཔོན་གྱི་ཁྲིམས་དང་དབང་ལ་སྤྲོད༌ཆེད། མི་གཞུང་དྲང་ཡིན་ཁུལ་བྱེད་པའི་མྱུལ་མ་འགའ་ཁོང་གི་དྲུང་དུ་བཏང༌ངོ་།། 21དེ་རྣམས་ན༌རེ། སློབ་དཔོན༌ལགས། ཁྱེད་ཀྱིས་གསུངས་པ་དང་བསྟན་པ་ནི་བདེན་པ་ཡིན་ཞིང་མི་ཀུན་ལ་ཕྱོགས་རིས་མེད་པར་དཀོན་མཆོག་གི་ལམ་ཡང་དག་པར་བདེན་པར་སྟོན་པ་ངེད་རྣམས་ཀྱིས་ཤེས་པ་ཡིན། 22ད་ལྟ་ངེད་ཅག་གིས་སེ་བཟིར་ལ་ཁྲལ་འཇལ་རུང་ངམ་མི་རུང་ཞེས་ཞུས་པ༌ལ། 23ཁོང་གིས་དེ་རྣམས་ཀྱི་གཡོ་སྒྱུ་མཁྱེན་ཏེ་འདི་སྐད༌དུ། 24བདག་ལ་དངུལ་སྒོར་ཞིག་སྟོན༌ཅིག དངུལ་སྒོར་སྟེང་གི་རི་མོ་དང་ཡི་གེ་འདི་སུའི་ཡིན་ནམ་ཞེས་དྲིས་པ༌ན། དེ་རྣམས་ཀྱིས་སེ་བཟིར་གྱི་ཡིན་ཞེས་སྨྲས་སོ།། 25ཡང་ཁོང་གིས་འདི་སྐད༌དུ། དེས་ན་གང་ཞིག་སེ་བཟིར་གྱི་ཡིན་ན་དེ་ནི་སེ་བཟིར་ལ་ཕུལ༌དང༌། གང་ཞིག་དཀོན་མཆོག་གི་ཡིན་ན་དེ་ནི་དཀོན་མཆོག་ལ་ཕུལ་ཅིག་ཅེས་གསུངས་སོ།། 26དེ་རྣམས་ཀྱིས་མི་ཚོགས་ཀྱི་མདུན་ནས་ཁོང་ལ་ལོག་བཤད་བྱེད་དུ་འཇུག་མ་ནུས༌ཤིང༌། ཁོང་གི་བཀའ་ལན་ལ་ངོ་མཚར་བར་གྱུར་པས་ཁ་ཅི་ཡང་མ་གྲགས༌སོ།།

སླར་གསོན་པའི་དོན་དང་བཟའ་ཟླའི༌སྐོར།

27སླར་གསོན་པའི་དོན་དེ་མེད་ཟེར་མཁན་སཱ་ཅུ་སེ་པ་རྣམས་ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། 28སློབ་དཔོན༌ལགས། མོ་ཤེའི་མདོ༌ལས། གལ་སྲིད་སྐྱེས་པ་ཞིག་ལ་བུ་ཕྲུག་མེད་པར་ཤི་སྟེ་ཆུང་མ་གཅིག་པུར་ལུས༌ན། དེའི་གཅུང་པོས་ཆུང་མ་དེ་བླངས་ནས་གཅེན་པོའི་དོན་དུ་རིགས་རྒྱུད་སྤེལ་དགོས་ཞེས་གསུངས་ཡོད། 29སྔོན་ཆད་སྤུན་བདུན་ཡོད་པ་ལས་སྤུན་ཆེ་བས་ཆུང་མ་ཞིག་བླངས་ནས་བུ་ཕྲུག་མེད་པར༌ཤི་བ་དང་། 30-31སྤུན་གཉིས་པ་དང་གསུམ་པས་ཀྱང་བུད་མེད་དེ་ཆུང་མར་བླངས་མྱོང་བ༌དང༌། དེ་བཞིན་དུ་སྤུན་བདུན་པོས་དེ་ལྟར་བྱས་ནས་བུ་ཕྲུག་མ་བྱུང་བར༌ཚང་མ་ཤི་བ་རེད། 32མཇུག་མཐར་བུད་མེད་དེའང༌ཤིའོ།། 33དེས་ན་གཤིན་པོ་རྣམས་སླར་གསོན་པར་འགྱུར་བའི་དུས་དེ་སླེབ༌ཚེ། སྤུན་བདུན་པོས་བུད་མེད་དེ་ཆུང་མར་བླངས་མྱོང་བས་ཁོ་མོ་ནི་སྤུན་བདུན་ལས་སུ་ཞིག་གི་ཆུང་མ་ཡིན་ནམ་ཞེས་དྲིས་པ༌ན། 34སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བསྐལ་པ་འདི་ལ་གཏོགས་པའི་མི་རྣམས་ཀྱིས་བག་མ་ཕར་བསྐྱལ་ཚུར་ལེན་བྱེད༌ཀྱང༌། 35བསྐལ་པ་འབྱུང་འགྱུར་འཐོབ་པ་དང་གཤིན་པོ་སླར་གསོན་པར་འོས་པ་རྣམས་ཀྱིས་བག་མ་ཕར་བསྐྱལ་ཚུར་ལེན་མི་བྱེད། 36རྒྱུ་མཚན་ནི་དེ་རྣམས་ལ་ནམ་ཡང་འཆི་བ་མེད་པར་ཕོ་ཉ་རྣམས་དང་མཚུངས༌ཤིང༌། སླར་གསོན་པ་རྣམས་ཡིན་པས་དཀོན་མཆོག་གི་བུ་ཕྲུག་ཏུ་འགྱུར་བའི་ཕྱིར༌རོ།། 37འོན་ཀྱང་གཤིན་པོ་རྣམས་སླར་གསོན་ངེས་པའི་སྐོར༌ལ། མོ་ཤེ་ཡིས་ཚེར་སྡོང་གི་སྐོར་བཀོད་པའི་མདོ་ལས། གཙོ་བོ་ལ་ཨབ་ར་ཧམ་གྱི་དཀོན་མཆོག༌དང༌། ཨི་སཱག་གི་དཀོན༌མཆོག ཡ་ཀོབ་ཀྱི་དཀོན་མཆོག་ཅེས་གསོལ་བ་ལས་གསལ་པོར་བསྟན་པ་ཡིན། 38དཀོན་མཆོག་ནི་གཤིན་པོ་རྣམས་ཀྱི་དཀོན་མཆོག་མ་ཡིན༌པར། གསོན་པོ་རྣམས་ཀྱི་དཀོན་མཆོག་ཡིན༌ཏེ། ཁོང་གི་དྲུང་དུ་མི་ཐམས་ཅད་གསོན་པོ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ།། 39ཡང་མཁན་པོ་འགའ་ཞིག་ན༌རེ། སློབ་དཔོན༌ལགས། ཁྱེད་ཀྱིས་ལེགས་པར་གསུངས་པ་ཡིན་ཞེས་ཞུས༌ཤིང༌། 40ཕྱིས་སུ་དེ་རྣམས་ཀྱིས་ཁོང་ལ་དྲི་བ་ཅི་ཡང་ཞུ་མ་ཕོད༌དོ།།

རྒྱལ་པོ་དཱ་བིད་ཀྱི་རིགས་སྲས༌སྐོར།

41སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། མཱ་ཤི་ཀ་ནི་ཇི་ལྟར་དཱ་བིད་ཀྱི་རིགས་སྲས་ཡིན་པར་སྨྲའམ། 42དཱ་བིད་ཀྱིས་གསུང་མགུར་གྱི་མདོ་ལས་ཇི་སྐད༌དུ། 43བདག་གིས་ཁྱོད་ཀྱི་བསྟན་དགྲ་ཐམས་ཅད༌ཀུན།། ཁྱོད་ཀྱི་ཞབས་ཀྱི་སྟེགས་སུ་བསྒྱུར་བའི༌བར།། ཞེས་གསུངས་པ༌དང༌། 44དཱ་བིད་ཀྱིས་ཁོང་ལ་གཙོ་བོ་ཞེས་ཞུས༌ན། ཁོང་ནི་དཱ་བིད་ཀྱི་རིགས་སྲས་སུ་ཇི་ལྟར་གྱུར་པ་ཡིན་ནམ་ཞེས་གསུངས༌སོ།། 45མི་ཐམས་ཅད་ཀྱིས་སྐྱབས་མགོན་ཡེ་ཤུའི་གསུང་ལ་ཉན་བཞིན་པའི་དུས༌སུ། ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། 46མཁན་པོ་རྣམས་ལ་དོགས་པར༌གྱིས། དེ་རྣམས་ཀྱིས་ལྭ་རིང་པོ་གྱོན་ཏེ་ཕར་འགྲོ་ཚུར་འོང་བྱེད་པ༌དང༌། ཁྲོམ་སྲང་ནས་མི་རྣམས་ཀྱི་བསྙེན་བཀུར་ཐོབ་པར་དགའ་ཞིང་། ཆོས་ཁང་དང་གསོལ་སྟོན་དུ་གྲལ་མགོ་ནས་སྡོད་པར་མོས་པ་ཡིན། 47མི་དེ་རྣམས་ཀྱིས་ཡུགས་མོ་རྣམས་ཀྱི་ཁང་པ་དང་བཅས་པའི་རྒྱུ་རྫས་ཧམ་བཟུང་བྱེད་ཅིང་སྨོན་ལམ་རིང་པོ་འདེབས་ཁུལ་བྱེད༌པས། མི་དེ་དག་ལ་ལྷག་ཏུ་ཉེས་ཆད་ལྕི་མོ་འཕོག་པར་འགྱུར་ཞེས་གསུངས༌སོ།།

ལུ་ཀ 21

ཡུགས་མོ་དབུལ་པོ་ཞིག་གི་འབུལ༌བ།

1སྐྱབས་མགོན་ཡེ་ཤུས་དབུ་ཡར་བཏེགས་ནས་གཟིགས་པ༌ན། ཕྱུག་བདག་རྣམས་ཀྱིས་མཆོད་ཁང་གི་དཀོར་མཛོད་ནང་དུ་ཞལ་འདེབས་འབུལ་བཞིན་པ་མཐོང༌ཞིང༌། 2ཡུགས་མོ་དབུལ་པོ་ཞིག་གིས་ཀྱང་ཟངས་ཀྱི་དོང་ཙེ་ཆུང་ངུ་གཉིས་ཕུལ་བ་གཟིགས་ཏེ་འདི་སྐད༌དུ། 3བདག་གིས་ཁྱོད་རྣམས་ལ་བདེན་པར༌སྨྲ་སྟེ། དངུལ་འབུལ་མཁན་ཐམས་ཅད་ལས་ཡུགས་མོ་དབུལ་པོ་འདིས་ཕུལ་བ་མང༌སྟེ། 4ཁོ་རྣམས་ཀྱིས་རྒྱུ་ནོར་ལྷག་མ་མང་པོ་ཡོད་པ་ལས་ཕུལ་བ༌ཡིན་ཞིང༌། ཁོ་མོས་རང་ལ་མི་འདང་ཡང་སྲོག་འཚོ་བར་མཁོ་བ་ཐམས་ཅད་ཕུལ་བ་ཡིན་ཞེས་གསུངས༌སོ།།

དུས་ཀྱི་མཐའ་མའི་སྐོར་གྱི་ལུང༌བསྟན།

5མི་འགའ་ཞིག་གིས་མཆོད་ཁང་དེ་ནི་རྡོ་ཕ་བོང་ཡིད་དུ་འོང་བ་དང་རིན་པོ་ཆེའི་ཞལ་འདེབས་དག་གིས་བརྒྱན་འདུག་ཨང་ཞེས་གླེང་བ༌དང༌། 6སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་མཐོང་བ་ཐམས་ཅད་ནི་མ་འོངས་པའི་དུས་དེ་སླེབས༌ཚེ། རྡོ་ཕ་བོང་སྟེང་དུ་རྡོ་གཅིག་ཀྱང་མི་ལུས་པར་ཐམས་ཅད་བཤིག་པར་འགྱུར་ཞེས་གསུངས་སོ།། 7ཁོ་རྣམས་ན༌རེ། སློབ་དཔོན༌ལགས། དོན་འདི་རྣམས་དུས་ནམ་ཞིག་ལ་འབྱུང་ཞིང་དོན་འདི་རྣམས་འབྱུང་བའི་དུས་སུ་རྟགས་ཅི་ཞིག་ཡོད་དམ་ཞེས་ཞུས་པ༌ན། 8ཡང་ཁོང་གིས་འདི་སྐད༌དུ། སུ་ཞིག་གིས་ཀྱང་ཁྱོད་ཅག་མི་བསླུ་བའི་ཆེད་དུ་དོགས་པར༌གྱིས། རྒྱུ་མཚན་ནི་མི་མང་པོས་བདག་གི་མིང་དུ་རྫུ་བཞིན་ཡོང་སྟེ། ང་རང་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ཟེར་བ་དང་དུས་དེ་སླེབ་ལ་ཉེའོ་ཟེར་ངེས་ཤིང་། ཁྱོད་རྣམས་དེ་རིགས་ཀྱི་རྗེས་སུ་འགྲོ་བར་མི༌བྱའོ།། 9ཡང་ཁྱོད་ཅག་གིས་དམག་འཁྲུག་དང་ཟིང་ཆ་ལངས་པའི་གཏམ་ཐོས་པའི་སྐབས་སུ་འཇིགས་མི་དགོས༌ཏེ། དོན་འདི་རྣམས་སྔོན་ལ་འབྱུང་ངེས་ཀྱང་མཐའ་མའི་དུས་དེ་མ་ཐག་ཏུ་སླེབས་པ་མ་ཡིན་པའི་ཕྱིར་རོ་ཞེས་གསུངས༌སོ།། 10ཡང་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་འདི་སྐད༌དུ། དེའི་དུས་སུ་མི་རིགས་དང་མི་རིགས་འཁྲུག་ཅིང་རྒྱལ་ཁབ་དང་རྒྱལ་ཁབ་འཁྲུག་པར་འགྱུར་བ༌དང༌། 11ས་འགུལ་ཆེན་པོ་འབྱུང་བ༌དང༌། ས་ཆ་མང་པོར་མུ་གེ་དང་ནད་ཡམས་སྣ་ཚོགས་འབྱུང༌ཞིང༌། ནམ་མཁའ་ནས་ཀྱང་ལྟས་ངོ་མཚར་ཅན་དང་འཇིགས་སུ་རུང་བ་སྣ་ཚོགས་འབྱུང་བར་འགྱུར། 12འོན་ཀྱང་དོན་འདི་ཐམས་ཅད་མ་བྱུང་བའི་སྔོན༌ལ། ངའི་མིང་གི་རྐྱེན་གྱིས་ཁྱོད་རྣམས་འཛིན་པར་འགྱུར༌ཏེ། འཚེ་བར་བྱེད་ཅིང་ཆོས་ཁང་ལ་སྤྲོད་པ་དང་བཙོན་ཁང་དུའང་འཇུག་པར་བྱེད། ཡང་ཁྱོད་རྣམས་རྒྱལ་པོ་དང་སྤྱི་དཔོན་རྣམས་ཀྱི་དྲུང་དུ་འཁྲིད་པར་འགྱུར༌ཡང༌། 13མཇུག་མཐར་དོན་འདི་རྣམས་ཁྱོད་ཅག་གིས་བདེན་དཔང་བྱེད་པའི་མཐུན་རྐྱེན་དུ་འགྱུར། 14དེ་བས་ཁྱོད་རྣམས་ཀྱིས་སྔོན་ལ་ཅི་ལྟར་ལན་འདེབས་པར་བསམ་བློ་མི་གཏོང་བར་སེམས་ཐག་ཆོད༌ཅིག 15རྒྱུ་མཚན་ནི་བདག་གིས་ཁྱོད་རྣམས་ལ་ཁ་ལྕེ་དང་ཤེས་རབ་གནང་ངེས་ཡིན༌པས། དགྲ་བོ་སུས་ཀྱང་ཁྱོད་རྣམས་ལ་རྒོལ་བའམ་དགག་པ་བྱ་མི་ནུས་སོ།། 16ཐ་ན་ཁྱོད་རྣམས་ཀྱི་ཕ་མ༌དང༌། སྤུན། གཉེན༌ཉེ། གྲོགས་པོ་དག་གིས་ཀྱང་ཁྱོད་རྣམས་དགྲའི་ལག་ཏུ་སྤྲོད་ཅིང་ཁྱོད་རྣམས་ལས་འགའ་ཞིག་གསོད་པར་འགྱུར། 17གཞན་ཡང་ངའི་མིང་གི་རྐྱེན་གྱིས་མི་ཐམས་ཅད་ཁྱོད་ཅག་ལ་སྡང་བར་འགྱུར། 18འོན་ཀྱང་ཁྱོད་རྣམས་ཀྱི་སྐྲའི་ཉག་མ་གཅིག་ཀྱང་འཇིག་པར་མི་འགྱུར། 19ཁྱོད་ཅག་གི་བཟོད་བསྲན་གྱིས་ཀྱང་ཁྱོད་རྣམས་ཀྱི་སྲོག་སྐྱོབ་པར་ངེས་ཞེས་གསུངས༌སོ།།

ཡེ་རུ་སཱ་ལེམ་མེད་པར་འགྱུར་བའི་ལུང་བསྟན།

20ཡང་འདི་སྐད༌དུ། དེ་ཡང་དགྲའི་དམག་དཔུང་གིས་ཡེ་རུ་སཱ་ལེམ་གྱི་ཕྱོགས་བཞི་ནས་བསྐོར་བ་ཁྱོད་རྣམས་ཀྱིས་མཐོང་བའི༌ཚེ། གྲོང་ཁྱེར་དེ་འཇིག་པའི་དུས་ལ་སླེབ་པར་ཉེ་བའང་ཤེས་པར༌གྱིས། 21དེའི་དུས༌སུ། ཡ་ཧུ་དཱའི་ཡུལ་དུ་ཡོད་པའི་མི་རྣམས་རི་ལ་འབྲོ་བར་གྱིས། གྲོང་ཁྱེར་དེའི་ནང་དུ་ཡོད་པ་རྣམས་ཕྱིར་འབུད་དགོས་པ༌དང༌། གྲོང་སྡེའི་ནང་དུ་ཡོད་པ་རྣམས་ཀྱང་གྲོང་ཁྱེར་དེར་འགྲོ་བར་མི༌བྱའོ།། 22རྒྱུ་མཚན་ནི་དུས་དེ་ནི་ལན་འཇལ་བའི་ཉིན་མོ་དག་ཡིན༌ཏེ། དཀོན་མཆོག་གི་མདོ་ལས་གསུངས་པ་བཞིན་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར༌ཡིན། 23ཡང་ཉིན་དེ་དག་གི་རིང༌ལ། ས་གཞི་ལ་སྡུག་བསྔལ་ཆེན་པོ་འབྱུང་ཞིང་། དཀོན་མཆོག་ཀྱང་མི་རིགས་འདི་ལ་ཐུགས་ཁྲོ་བར་འགྱུར༌བས། བུད་མེད་སྦྲུམ་མ་དང་ཕྲུ་གུར་ནུ་མ་སྣུན་མཁན་རྣམས་སྙིང་རེ་རྗེ༌ཨང༌། 24ཡ་ཧུ་དཱ་པ་མང་པོ་ཞིག་རལ་གྲིའི་ཁ་ནས་གསོད་པར་འགྱུར་བ༌དང༌། གཞན་རྣམས་བཟུང་སྟེ་རྒྱལ་ཁབ་སོ་སོར་བཙན་ཁྲིད་བྱས་ནས་འཐོར་བར་འགྱུར། ཕྱི་ཕྱོགས་པ་རྣམས་ཀྱི་དུས་ཚང་བའི་བར་དུ། ཕྱི་ཕྱོགས་པ་རྣམས་ཀྱིས་ཡེ་རུ་སཱ་ལེམ་ཡང་བརྫི་བར་འགྱུར་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་ཕེབས་ཡོང་བའི་སྐོར།

25ཡང་འདི་སྐད༌དུ། དེ་ཡང་ཉི་ཟླ་སྐར་གསུམ་ལས་ལྟས་ངོ་མཚར་ཅན་རྣམས་འབྱུང༌ཞིང༌། རྒྱ་མཚོའི་རྦ་རླབས་འཕྱུར་བའི་སྒྲ་ཆེན་པོ་ཐོས་པ༌ལས། ས་གཞིའི་སྟེང་གི་མི་རིགས་ཐམས་ཅད་ལ་དཀའ་སྡུག་བྱུང་སྟེ་ཅི་བྱ་གཏོལ་མེད་དུ་འགྱུར། 26བར་སྣང་ཁམས་ཀྱི་དབང་ཐམས་ཅད་ཀྱང་གཡོ་བར་འགྱུར༌བས། མི་རྣམས་ཀྱིས་འཇིག་རྟེན་ཁམས་ལ་ཅི་འབྱུང་བར་འགྱུར་བ་བསམས་ཚེ་འཇིགས་ཤིང་སྐྲག་ནས་དབང་བོ་འཆོར་བར་འགྱུར། 27དེའི་དུས༌སུ། མི་དེ་རྣམས་ཀྱིས་མིའི་བུ་ཁོང་ཉིད་ནུས་མཐུ་དང་གཟི་བརྗིད་ཆེན་པོའི་ངང་སྤྲིན་གྱི་བང་རིམ་ནས་འབྱོན་པ་མཐོང་བར་འགྱུར་རོ།། 28དོན་འདི་རྣམས་འབྱུང༌བའི་ཚེ། ཁྱོད་རྣམས་ལ་ཐར་པའི་དུས་སླེབ་ལ་ཉེ་བ་ཡིན་པས་ཁྱོད་རྣམས་འགྲེངས་ནས་མགོ་བོ་ཡར་གདེག་དགོས་ཞེས་གསུངས༌སོ།།

བསེ་ཡབ་ཤིང་གི་བསླབ་བྱ།

29ཡང་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་དཔེའི་སྒོ་ནས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་བསེ་ཡབ་ཤིང་དང་ལྗོན་ཤིང་སྣ་ཚོགས་ལ་ལྟོས༌དང༌། 30དེ་དག་ལ་མྱུ་གུ་འབུས་པ་མཐོང་ཚེ་དབྱར་ཁའི་དུས་ལ་ཉེ་བ་རང་ཤུགས་ཀྱིས་ཤེས༌ཡོང་། 31དེ་བཞིན་དུ་ཁྱོད་ཅག་གིས་ཀྱང་དོན་འདི་རྣམས་འབྱུང་བ་མཐོང༌བའི་ཚེ། དཀོན་མཆོག་གི་རྒྱལ་སྲིད་དང་ཉེ་བར་སླེབ་པའང་ཤེས་པར༌གྱིས། 32བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། མི་རབས་འདི་ད་དུང་མ་འདས་པའི་སྔོན་ལ་དོན་འདི་ཐམས་ཅད་འབྱུང་བར་འགྱུར། 33གནམ་ས་གཉིས་ནི་འཇིག་སྲིད་ཀྱང་བདག་གི་བཀའ་རྣམས་འཇིག་པར་མི་འགྱུར་ཞེས་གསུངས༌སོ།།

ཕྱིར་ཕེབས་པར་བློ་གཟུ་བོར་གནས་དགོས་པ།

34ཡང་འདི་སྐད༌དུ། ཟས་ཆང་ལ་རྔམ་པ་དང་ཚེ་འདིའི་སེམས་ཁུར་སྣ་ཚོགས་ཀྱི་དབང་གིས་ཁྱོད་ཅག་གི་སེམས་མི་སྒྲིབ་པའི་ཆེད་དུ་བློ་གཟུ་བོར་གནས་པར༌གྱིས། དེ་ལྟར་མ་བྱས༌ན། ཉིན་མོ་དེས་ཞགས་པས་བཟུང་བ་ལྟར་གློ་བུར་དུ་ཁྱོད་ཅག་འཛིན་པར་བྱེད། 35རྒྱུ་མཚན་ནི་ཉིན་མོ་དེ་ནི་ས་གཞི་ཡོངས་སུ་གནས་པའི་མི་ཐམས་ཅད་ཀྱི་སྟེང་ལ་སླེབ་པར་འགྱུར་བའི་ཕྱིར༌ཡིན། 36དེ་བས་ཁྱོད་རྣམས་ཀྱིས་དུས་རྟག་ཏུ་དོགས་ཟོན་བྱོས་དང་། འབྱུང་འགྱུར་གྱི་དོན་དེ་ཐམས་ཅད་ལས་ཐར༌ཞིང་མིའི་བུ་ཡི་དྲུང་དུ་ཚུགས་ནུས་པའི་ཆེད༌དུ། ནམ་རྒྱུན་གསོལ་བ་ཐོབས་ཤིག་ཅེས་གསུངས༌སོ།། 37ཡང་སྐྱབས་མགོན་ཡེ་ཤུས་ཉིན་རེ་བཞིན་མཆོད་ཁང་ནང་དུ་མི་རྣམས་ལ་ཆོས་གསུངས༌ཤིང༌། ཞག་མ་རེ་རེར་ཕྱི་རོལ་ཏུ་ཕེབས་ནས་སྐྱུ་རུ་རའི་རི་བོ་ལ་བཞུགས་པ་རེད། 38ཡང་ནམ་ལངས་མ་ཐག་མི་ཐམས་ཅད་མཆོད་ཁང་ནང་དུ་ཁོང་གི་དྲུང་དུ་ཡོང་ནས་ཆོས་ལ་མཉན༌ནོ།།

ལུ་ཀ 22

ངོ་ལོག་པ་ཡུ་དཱའི༌སྐོར།

1སྐྱུར་མེད་བག་ལེབ་ཀྱི་དུས་ཆེན་ཏེ་པེ་སག་གི་དུས་ཆེན་ཟེར་བ་སླེབ་ལ་ཉེ་བའི་དུས༌སུ། 2མཆོད་དཔོན་ཆེན་པོ་དག་དང་མཁན་པོ་རྣམས་མི་སེར་ལ་འཇིགས་ཏེ་སྐྱབས་མགོན་ཡེ་ཤུ་ཇི་ལྟར་དགྲོང་བར་བྱེད་པའི་ཐབས་བཙལ༌ཏོ།། 3བདུད་སཱ་ཏན་ཐུགས་སྲས་བཅུ་གཉིས་ལས་ཨི་སི་ཀར་རེའི་ཡུ་དཱའི་སེམས་ནང་དུ་ཞུགས༌ཏེ། 4མཆོད་དཔོན་ཆེན་པོ་རྣམས་དང་མཆོད་ཁང་སྲུང་བའི་དམག་དཔོན་རྣམས་ཀྱི་དྲུང་དུ་སོང་ནས་སྐྱབས་མགོན་ཡེ་ཤུ་ཇི་ལྟར་དེ་དག་ལ་སྤྲོད་པར་གྲོས་བྱས། 5དེ་དག་ཤིན་ཏུ་དགའ་ནས་ཡུ་དཱ་ལ་དངུལ་སྟེར་བར་ཡིད་འཐད་བྱུང་། 6ཡུ་དཱས་ཀྱང་ཁས་བླངས་ནས་མི་ཚོགས་མེད་པའི་དུས་སུ་སྐྱབས་མགོན་ཡེ་ཤུ་དེ་དག་གི་ལག་ཏུ་ཇི་ལྟར་སྤྲོད་པའི་གོ་སྐབས་བཙལ༌ཏོ།།

གཙོ་བོ་ཡེ་ཤུའི་རྗེས་དྲན་གྱི་ཞལ་ཟས།

7པེ་སག་གི་ལུ་གུ་བཤའ་དགོས་པའི་སྐྱུར་མེད་བག་ལེབ་དུས་ཆེན་གྱི་ཉིན་མོ་དེ་སླེབས་པ༌དང༌། 8སྐྱབས་མགོན་ཡེ་ཤུས་པེ་ཏྲོ་དང་ཡོ་ཧ་ནན་གཉིས་མངགས༌ཏེ། བདག་ཅག་གིས་པེ་སག་གི་གསོལ་སྟོན་རོལ་ཕྱིར་ཁྱོད་གཉིས་སྟ་གོན་བྱེད་དུ་སོང་ཞེས་བཀའ་གནང་ངོ༌།། 9དེ་གཉིས་ན༌རེ། ངེད་གཉིས་ཀྱིས་གནས་གང་དུ་སྟ་གོན་བྱེད་དགོངས་སམ་ཞེས་ཞུས་པ༌ན། 10ཡང་ཁོང་གིས་འདི་སྐད༌དུ། ཁྱོད་གཉིས་གྲོང་ཁྱེར་ནང་དུ་སླེབས༌རྗེས། དེ་རུ་ཆུ་བུམ་འཁྱེར་བའི་སྐྱེས་པ་ཞིག་ཚུར་ཡོང་བར་འགྱུར་ཞིང་དེའི་རྗེས་སུ་འབྲངས་ནས་ཁྱིམ་དེར་སོང༌སྟེ། 11ཁྱིམ་དེའི་བདག་པོ༌ལ། སློབ་དཔོན་གྱིས་ཁྱོད་ལ་འདི་སྐད་གསུང༌སྟེ། ང་དང་ཐུགས་སྲས་རྣམས་ཀྱིས་མཉམ་དུ་པེ་སག་གི་ཞལ་ཟས་བཞེས་སའི་འགྲུལ་ཁང་དེ་གང་དུ་ཡོད་ཅེས་ཤོད༌ཅིག 12དེས་ཀྱང་ཁྱོད་གཉིས་ལ་ཅ་ལག་ཁ་ཚང་ཡོད་པའི་ཐོག་ཁང་ཆེན་པོ་ཞིག་སྟོན༌སྲིད། ཁྱོད་གཉིས་ཀྱིས་གནས་དེ་རུ་སྟ་གོན་བྱོས་ཤིག་ཅེས་གསུངས༌ཤིང༌། 13ཐུགས་སྲས་གཉིས་པོ་སོང་སྟེ་ཁོང་གིས་གསུངས་པ་བཞིན་མཐོང་ཞིང་གནས་དེ་རུ་པེ་སག་གི་གསོལ་སྟོན་བཤམས༌སོ།། 14དུས་དེ་ལ་སླེབས༌པའི་ཚེ། སྐྱབས་མགོན་ཡེ་ཤུ་དང་སྐུ་ཚབ་པ་རྣམས་མཉམ་དུ་གནས་དེར་གྲལ་ལ་བཞུགས༌ཤིང༌། 15ཁོང་གིས་འདི་སྐད༌དུ། ངས་སྡུག་བསྔལ་མ་མྱང་བའི་སྔོན་ལ་ཁྱོད་ཅག་དང་ལྷན་དུ་པེ་སག་གི་གསོལ་སྟོན་འདི་ལོངས་སུ་སྤྱོད་འདོད་ཤིན་ཏུ༌ཆེ། 16བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། དཀོན་མཆོག་གི་རྒྱལ་སྲིད་ནས་པེ་སག་གི་གསོལ་སྟོན་གྱི་དོན་དེ་འགྲུབ་རག་བར་དུ་ངས་གསོལ་སྟོན་འདི་ལོངས་སུ་མི་སྤྱོད་ཅེས་གསུངས་སོ།། 17ཁོང་གིས་ཕོར་བ་ཕྱག་ཏུ་བསྣམས་ཏེ་བཀའ་དྲིན་ཞུས་རྗེས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་ཕོར་བ་འདི་ལོངས་ལ་བགོས་ཏེ་ཐུངས༌ཤིག 18བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ད་ནས་བཟུང་། དཀོན་མཆོག་གི་རྒྱལ་སྲིད་སླེབ་རག་བར༌དུ། ངས་རྒུན་འབྲུམ་གྱི་ཁུ་བ་འདི་འཐུང་བ་མིན་ཞེས་གསུངས༌ཤིང༌། 19ཡང་ཁོང་གིས་ཕྱག་ཏུ་བག་ལེབ་བསྣམས་ཤིང་བཀའ་དྲིན་ཞུས་རྗེས་དུམ་བུར་བགོས་ནས་ཐུགས་སྲས་རྣམས་ལ་གནང་སྟེ་འདི་སྐད༌དུ། འདི་ནི་བདག་གི་ལུས་པོ་ཡིན་ཏེ་ཁྱོད་རྣམས་ཀྱི་ཆེད་དུ་སྦྱིན་པ༌ཡིན། ང་རང་རྗེས་སུ་དྲན་པའི་ཕྱིར་ཁྱོད་རྣམས་ཀྱིས་ཀྱང་འདི་ལྟར་བྱོས་ཤིག་ཅེས་གསུངས་སོ།། 20ཡང་ཞལ་ཟས་བཞེས་ཚར་རྗེས་ཁོང་གིས་སྔར་བཞིན་ཕོར་བ་ཕྱག་ཏུ་བསྣམས་ཏེ་འདི་སྐད༌དུ། ཕོར་བ་འདི་ནི་བདག་གི་ཁྲག་གིས་བཞག་པའི་ཞལ་ཆད་གསར་པ་ཡིན་ཞིང་ཁྱོད་རྣམས་ཀྱི་དོན་དུ་བཞུར༌བ་ཡིན། 21ལྟོས༌དང༌། བདག་ལ་ངོ་ལོག་བྱེད་མཁན་གྱི་ལག་པ་དེའང་ང་རང་དང་མཉམ་དུ་ཅོག་ཙེའི་སྟེང་དུ་མཆིས། 22མིའི་བུ་ནི་སྔར་ཐག་གིས་བཅད་པ་བཞིན་གཤེགས་དགོས༌ཀྱང༌། མིའི་བུར་ངོ་ལོག་བྱེད་མཁན་དེར་ཆག་སྒོ་འབྱུང་བར་ངེས་ཞེས་གསུངས་སོ།། 23ཐུགས་སྲས་རྣམས་ཀྱིས་ཕན་ཚུན་ལ་སུ་ཞིག་གིས་དོན་འདི་བྱེད་པར་འགྱུར་རམ་ཞེས་དྲིས༌སོ།། 24དེ་ནས་ཐུགས་སྲས་རྣམས་ལས་སུ་ཞིག་མཆོག་ཏུ་གྱུར་པ་ཡིན་པར་རྩོད་གླེང་བྱུང་བ༌དང༌། 25སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཕྱི་ཕྱོགས་ཀྱི་རྒྱལ་པོ་དག་གིས་མི་དེ་རྣམས་ལ་དབང་བྱེད༌དེ། དབང་སྒྱུར་མཁན་རྣམས་ལ་བཀའ་དྲིན་ཅན་ཟེར༌ཡང༌། 26ཁྱོད་རྣམས་ཀྱིས་དེ་ལྟར་བྱ་མི་རུང༌སྟེ། ཁྱོད་རྣམས་ལས་སུ་ཞིག་ཆེ་ཤོས་ཡིན་པ་དེ་ལོ་ན་ཆུང་ཤོས་དང་འདྲ༌ཞིང༌། སུ་ཞིག་འགོ་དཔོན་ཡིན་པ་དེ་ཞབས་ཕྱི་བྱེད་མཁན་དང་འདྲ་བར་གྱུར༌ཅིག 27གསོལ་བ་བཞེས་མཁན་དང་ཞབས་ཕྱི་བྱེད་མཁན་གཉིས་ལས་གང་ཞིག༌ཆེའམ། དོན་དམ་དུ་གསོལ་བ་བཞེས་མཁན་དེ་ཆེ་བ་མ་ཡིན༌ནམ། འོན༌ཀྱང༌། ང་རང་ནི་ཁྱོད་རྣམས་ཀྱི་ཁྲོད་དུ་ཞབས་ཕྱི་བྱེད་མཁན་ཞིག་དང༌འདྲ་བ་ཡིན། 28བདག་ལ་དཀའ་སྡུག་བྱུང་བའི་དུས༌སུ། ཁྱོད་རྣམས་རྒྱུན་དུ་བདག་དང་ལྷན་དུ་བསྡད༌པས། 29བདག་གི་ཡབ་ཀྱིས་ང་ལ་རྒྱལ་སྲིད་སྤྲད་པ་ལྟར་བདག་གིས་ཀྱང་ཁྱོད་རྣམས་ལ་སྤྲོད་པར་བྱེད༌དེ། 30ཁྱོད་རྣམས་ཀྱིས་བདག་གི་རྒྱལ་སྲིད་དུ་ངའི་མདུན་ཅོག་སྟེང་ནས་བཟའ་བཏུང་སྤྱོད༌ཅིང༌། བཞུགས་ཁྲིར་བསྡད་ནས་ཡེས་ར་ཨེལ་རིགས་ཀྱི་ཚོ་ཁག་བཅུ་གཉིས་ལ་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པར་འགྱུར་རོ༎ 31སི་མོན། སི་མོན་ཁྱོད་ཀྱིས་ལྟོས༌དང༌། བདུད་སཱ་ཏན་གྱིས་ཁྱོད་རྣམས་གྲོ་འཚག་པ་ལྟར་བྱེད་ཆེད་ཁྱོད་ཅག་འཐོབ་འདོད་ནའང༌། 32བདག་གིས་ཁྱོད་ཀྱི་དད་པ་མི་ཉམས་པའི་ཕྱིར་དཀོན་མཆོག་ལ་གསོལ་བ་བཏབ༌ཅིང་། ཡང་ཁྱོད་ཀྱིས་སེམས་བསྒྱུར་བའི་རྗེས་སུ་རང་གི་སྤུན་རྣམས་ཀྱི་དད་སེམས་བརྟན་པར་གྱིས་ཞེས་གསུངས་པ༌དང༌། 33པེ་ཏྲོ་ན༌རེ། གཙོ་བོ༌ལགས། བདག་ནི་ཁྱེད་དང་ལྷན་དུ་བཙོན་དུ་འགྲོ་བ་དང་འཆི་བ་ཉམས་སུ་མྱང་དགོས་ཀྱང་འགྱོད་པ་མེད་ཅེས་ཞུས་སོ།། 34ཡང་ཁོང་གིས་འདི་སྐད༌དུ། པེ༌ཏྲོ། ངས་ཁྱོད་ལ་སྨྲ་བར་བྱ༌སྟེ། དེ་རིང་བྱ་ཕོ་མ་གྲགས་པའི་སྔོན་དུ། ཁྱོད་ཀྱིས་ང་རང་ངོ་མི་ཤེས་ཞེས་ཐེངས་གསུམ་ལ་སྨྲ་བར་ངེས་ཞེས་གསུངས༌སོ།། 35ཡང་ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། དེ་སྔོན་བདག་གིས་ཁྱོད་རྣམས་དངུལ་ཁུག་དང་ཁུག༌མ། བསིལ་ལྷམ་བཅས་མེད་པར་ཕྱི་རུ་མངགས༌དུས། མི་འདང་ས་ཅི་ཡོད་དམ་ཞེས་དྲིས་པ༌ན། ཐུགས་སྲས་རྣམས་ཀྱིས་ཅི་ཡང་མེད་ཅེས་ཞུས་སོ།། 36ཡང་ཁོང་གིས་འདི་སྐད༌དུ། འོན་ཀྱང་ད་ལྟ་དངུལ་ཁུག་དང་ཁུག་མ་སོགས་ཡོད་ན་ཁྱེར༌དང༌། རལ་གྲི་མེད་པ་རྣམས་ཀྱིས་རང་གི་གྱོན་པ་བཙོངས་ཏེ་རལ་གྲི་ཉོས༌ཤིག 37བདག་གིས་ཁྱོད་རྣམས་ལ་སྨྲ་བར༌བྱ་སྟེ། གསུང་རབ་ཀྱི་མདོ་ལས་ཁོང་ནི་ཉེས་ཅན་གྱི་གྲས་སུ་བརྩིས་པ་ཡིན་ཞེས་གསུངས་པ་འདི་ནི་བདག་གི་སྟེང་དུ་འགྲུབ་དགོས༌ཤིང༌། བདག་གི་སྐོར་ལ་བཀོད་ཡོད་པ་དེའང་འགྲུབ་པར་ངེས་ཞེས་གསུངས་ལ། 38ཐུགས་སྲས་རྣམས་ན༌རེ། གཙོ་བོ༌ལགས། ཁྱེད་ཀྱིས་གཟིགས༌དང༌། འདིར་རལ་གྲི་གཉིས་ཡོད་ཅེས་ཞུས་པ་ལ། ཁོང་གིས་དེ་སྐྱུར་ཅིག་ཅེས་གསུངས༌སོ།།

སྐྱུ་རུ་རའི་རི་བོར་གསོལ་བ་འདེབས༌པ།

39སྐྱབས་མགོན་ཡེ་ཤུ་སྔར་བཞིན་ཕྱི་རོལ་ཏུ་བྱོན་ནས་སྐྱུ་རུ་རའི་རི་བོར་ཕེབས་ཤིང་ཐུགས་སྲས་རྣམས་ཀྱང་རྗེས་སུ་འབྲངས་པ་རེད། 40གནས་དེར་སླེབས་པ་དང་ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཁྱོད་རྣམས་ཉམས་ཚོད་ཀྱི་འོག་ཏུ་མི་ཚུད་པའི་ཕྱིར་གསོལ་བ་ཐོབས་ཞེས་གསུངས༌ཤིང༌། 41ལག་རྡོ་འཕེན་ཐེངས་ཤིག་གི་རིང་ཚད་ཀྱི་གནས་ལ་ཕེབས༌ཏེ། པུས་མོ་སར་བཙུགས༌ནས། 42ཀྱེ། བདག་གི་ཡབ་ལགས། ཁྱེད་ཐུགས་དགྱེས་ན་བདག་ལས་ཕོར་བ་འདི་ཕྱིར་ལེན་པར༌མཛོད། འོན་ཀྱང་བདག་གི་བསམ་དོན་བཞིན་དུ་མི་འགྲུབ་པར་ཁྱེད་ཀྱི་དགོངས་པ་བཞིན་དུ་གྲུབ་གྱུར་ཅིག་ཅེས་གསོལ་བ་བཏབ། 43ནམ་མཁའི་ཞིང་ཁམས་ལས་ཕོ་ཉ་ཞིག་ཁོང་གི་དྲུང་དུ་སླེབས་ཏེ་ཁོང་ལ་མཐུ་སྟོབས་བསྩལ༌ཏོ།། 44ཡང་ཁོང་གི་ཐུགས་ཤིན་ཏུ་སྐྱོ་བར་གྱུར་ཏེ་གསོལ་བ་ཤུགས་དྲག་ཏུ་བཏབ་ཅིང་། ཁོང་གི་སྐུ་ལས་བཞུར་བའི་རྔུལ་ཆུ་ཁྲག་ཐིགས་བཞིན་ས་ལ་ཟགས་སོ།། 45ཁོང་གིས་གསོལ་བ་བཏབ་པའི་རྗེས་སུ་ཡར་བཞེངས་ཏེ་ཐུགས་སྲས་རྣམས་ཀྱི་གམ་དུ་ཕེབས་པ༌ན། དེ་རྣམས་སེམས་སྡུག་ཆེན་པོའི་དབང་གིས་གཉིད་དུ་ཡུར་བ་གཟིགས༌ཏེ། 46འདི་སྐད༌དུ། ཅིའི་ཕྱིར་ཁྱོད་རྣམས་གཉིད་དུ་ཡུར་བ་ཡིན༌ནམ། ཁྱོད་རྣམས་ཉམས་ཚོད་ཀྱི་འོག་ཏུ་མི་ཚུད་པའི་ཕྱིར་ཡར་ལོངས་དང་གསོལ་བ་ཐོབས་ཤིག་ཅེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱས་པ།

47སྐྱབས་མགོན་ཡེ་ཤུས་དེ་ལྟར་གསུང་བཞིན་པའི་སྒང་ལ། ལྟོས་དང་། མི་སྐོར་ཞིག་གནས་དེར་སླེབས་པ་དང་ཁོང་གི་ཐུགས་སྲས་བཅུ་གཉིས་ལས་ཡུ་དཱ་ཟེར་བ་དེ་སྔོན་དུ་འགྲོ་བ༌དང༌། སྐྱབས་མགོན་ཡེ་ཤུ་ལ་འོ་བྱེད་པའི་ཕྱིར་ཁོང་གི་དྲུང་དུ་བཅར། 48འོན༌ཀྱང༌། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཡུ༌དཱ། ཁྱོད་ཀྱིས་བདག་ལ་འོ་བྱས་ནས་མིའི་བུ་ལ་ངོ་ལོག་བྱེད་དམ་ཞེས་གསུངས་སོ།། 49ཐུགས་སྲས་རྣམས་ཀྱིས་ཅི་ཞིག་འབྱུང་རྒྱུ་ཡིན་པ་མཐོང་སྟེ་ན༌རེ། གཙོ་བོ༌ལགས། རལ་གྲིས་རྒྱག་རུང་ངམ་ཞེས་ཞུས་སོ།། 50ཐུགས་སྲས་རྣམས་ལས་གཅིག་གིས་མཆོད་དཔོན་ཆེན་པོའི་གཡོག་པོར་རལ་གྲིས་བརྒྱབ་ནས་རྣ་བ་གཡས་པ་བཅད༌པ་དང་། 51སྐྱབས་མགོན་ཡེ་ཤུས་ཐུགས་སྲས་དེ་ལ་དེ་ལྟར་མ་བྱེད་བསྐྱུར་ཅིག་ཅེས་གསུངས་ཤིང་མི་དེའི་རྣ་བར་རེག་སྟེ་སོས་པར་མཛད་དོ།། 52ཡང་ཁོང་གིས་རང་ཉིད་འཛིན་དུ་ཡོང་བའི་མཆོད་དཔོན་ཆེན་པོ་རྣམས་དང་མཆོད་ཁང་སྲུང་བའི་དམག༌དཔོན་དང་དཔོན་རིགས་རྒན་པོ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་རལ་གྲི་དང་དབྱུག་པ་བཟུང་ནས་ཇག་པ་འཛིན་པ་ལྟར་འདིར་ཡོང༌ངམ། 53བདག་ནི་ཉིན་རེ་བཞིན་མཆོད་ཁང་ནང་དུ་ཁྱོད་ཅག་དང་མཉམ་དུ་སྡོད་སྐབས། ཁྱོད་ཅག་གིས་ང་རང་མ་བཟུང༌མོད། འོན་ཀྱང་ད་ལྟ་ནི་ཁྱོད་ཅག་གི་དུས་ལ་བབས་ཤིང་མུན་པས་དབང་བཟུང་བ་ཡིན་ཞེས་གསུངས༌སོ།།

པེ་ཏྲོ་སྐྱབས་མགོན་ཡེ་ཤུའི་ཐུགས་དང་འགལ་བ།

54སྐྱབས་མགོན་ཡེ་ཤུ་བཟུང་སྟེ་མཆོད་དཔོན་ཆེན་པོའི་ཁང་ཆེན་དུ་ཁྲིད་པ་དང་། པེ་ཏྲོའང་རྒྱང་རིང་ནས་ཁོང་གི་རྗེས་སུ་འབྲངས་ཤིང་། 55དེ་རྣམས་ཀྱིས་ཁང་ཆེན་དེའི་ར་བའི་དཀྱིལ་ནས་མེ་སྦར་ཞིང་ལྷན་དུ་བསྡད་པ༌ན། པེ་ཏྲོ་ཡང་དེ་དག་དང་མཉམ་དུ་བསྡད་དོ།། 56གཡོག་མོ་ཞིག་གིས་མེ་འོད་ལས་པེ་ཏྲོ་བསྡད་ཡོད་པ་མཐོང་ཞིང་ཞིབ་ཏུ་བལྟས༌ཏེ། ཁོ་ཡང་མི་དེ་དང་གྲས་གཅིག་རེད་ཅེས་སྨྲས་པ༌ལ། 57པེ་ཏྲོ་ན༌རེ། བུད་མེད། ངས་མི་དེ་ངོ་མི་ཤེས་ཞེས་སྨྲས་སོ།། 58ཅུང་མ་འགོར་བར་མི་གཞན་ཞིག་གིས་ཀྱང་པེ་ཏྲོ་མཐོང༌སྟེ། ཁྱོད་རང་ཡང་དེ་རྣམས་དང་གྲས་གཅིག་ཡིན་ཞེས་སྨྲས་པ༌དང༌། པེ་ཏྲོ་ན༌རེ། ཀྱེ་ཧོ། ང་རང་གཏན་ནས་མིན་ཞེས་སྨྲས་སོ།། 59ཡང་ཆུ་ཚོད་གཅིག་ཙམ་འགོར་རྗེས་མི་གཞན་ཞིག་གིས་ཀྱང་ཁོ་ནི་ག་ལིལ་པ་ཞིག་ཡིན་པས། དངོས་གནས་མི་དེ་དང་གྲས་གཅིག་རེད་ཅེས་ནན་གྱིས་སྨྲས༌ཀྱང༌། 60པེ་ཏྲོ་ན༌རེ། ཀྱེ་ཧོ། ཁྱོད་ཀྱིས་ཅི་ཞིག་སྨྲ་བ་ངས་མི་ཤེས་ཞེས་སྨྲ་བཞིན་པའི་དུས་སུ་བྱ་ཕོ་གྲགས༌པ་རེད། 61དུས༌དེར། གཙོ་བོས་ཞལ་ཕྱིར་འཁོར་ནས་པེ་ཏྲོར་གཟིགས་པ༌ན། པེ་ཏྲོས་དེ་མ་ཐག་གཙོ་བོས་དེ་སྔར་ཁོ་ལ་དེ་རིང་ཞོགས་པར་བྱ་ཕོ་མ་གྲགས་པའི་སྔོན༌དུ། ཁྱོད་ཀྱིས་ང་རང་ཐེངས་གསུམ་ལ་ཁས་མི་ལེན་ཞེས་པའི་གསུང་དེ་དྲན༌ཞིང་། 62ཕྱི་རོལ་ཏུ་སོང་ནས་དྲག་ཏུ་ངུས༌སོ།། 63སྐྱབས་མགོན་ཡེ་ཤུ་འཛིན་མཁན་རྣམས་ཀྱིས་ཁོང་ལ་འཕྱ་སྨོད་དང་གཅར་རྡུང་བྱེད༌བཞིན། 64ཁོང་གི་སྤྱན་ཟུང་རས་ཀྱིས་བཏུམས་ཏེ་ན༌རེ། ཁྱོད་ཀྱིས་ལུང་བསྟན་ཤོད་ཅིག ཁྱོད་ལ་རྡུང་རྡེག་བྱེད་མཁན་སུ་ཡིན་ནམ་ཅེས་སྨྲས་སོ།། 65དེ་རྣམས་ཀྱིས་གཏམ་ངན་གཞན་མང་པོའང་སྨྲས་ཤིང་ཁོང་ལ་དམའ་འབེབས་བྱས༌སོ།།

སྐྱབས་མགོན་ཡེ་ཤུ་དཔོན་ཚོགས་ཀྱི་མདུན་དུ་ཁྲིད༌པ།

66ནམ་ལངས་མ་ཐག་མཆོད་དཔོན་ཆེན་པོ་རྣམས་དང་། མཁན་པོའི་རིགས་སུ་གཏོགས་པའི་དཔོན་རིགས་ཚོགས་པའི་ཚོགས་མི་རྣམས་མཉམ་དུ་འཛོམས་པ་དང་སྐྱབས་མགོན་ཡེ་ཤུ་དེ་རྣམས་ཀྱི་མདུན་དུ་ཁྲིད༌དེ། 67ཁྱོད་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ན་ངེད་ཅག་ལ་སྨྲོས་ཤིག་ཅེས་སྨྲས་པ༌ལ། ཁོང་གིས་འདི་སྐད༌དུ། གལ་ཏེ་བདག་གིས་ཁྱོད་ཅག་ལ་སྨྲས་ཀྱང་ཁྱོད་རྣམས་ཡིད་མི་ཆེས༌ལ། 68ཡང་བདག་གིས་ཁྱོད་ཅག་ལ་དྲི་བ་བཏོན་ནའང་ཁྱོད་ཅག་གིས་ལན་འདེབས་མི་སྲིད། 69ཕྱིན་ཆད་མིའི་བུ་ཁོང་ཉིད་ཀུན་དབང་དཀོན་མཆོག་གི་གཡས་ཕྱོགས་སུ་སྡོད་པར་འགྱུར་ཞེས་གསུངས་པ༌དང༌། 70དེ་རྣམས་ན༌རེ། འོ་ན་ཁྱོད་ནི་དཀོན་མཆོག་གི་སྲས་ཡིན་ནམ་ཞེས་དྲིས་པ༌ལ། ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་སྨྲས་པ་བཞིན་ང་རང་ཡིན་ཞེས་གསུངས། 71ཁོ་རྣམས་ན༌རེ། བདག་ཅག་གིས་ཁོའི་ཁ་ནས་གཏམ་དངོས་སུ་ཐོས་པས་དཔང་པོ་གཞན་དག་དགོས་དོན་མེད་ཅེས་སྨྲས༌སོ།།

ལུ་ཀ 23

སྤྱི་དཔོན་པི་ལ་ཏུའི་མདུན་དུ་ཁྲིད་པ།

1དེ་ནས་ཚོགས་མི་ཐམས་ཅད་ཡར་ལངས་པ་དང་སྐྱབས་མགོན་ཡེ་ཤུ་པི་ལ་ཏུའི་མདུན་ལ་ཁྲིད་དེ་ན༌རེ། 2མི་འདིས་འབངས་མི་རྣམས་ལ་སླུ་བྲིད་བྱས་ནས་སེ་བཟིར་ལ་ཁྲལ་འཇལ་མི་དགོས་པ༌དང༌། ཁོས་རང་ཉིད་མཱ་ཤི་ཀ་སྟེ་རྒྱལ་པོ་ཡིན་ཞེས་ཟེར་བ་ངེད་ཅག་གིས་ཐོས་ཞེས་བསྙོན་བཙུགས་པ་རེད། 3པི་ལ་ཏུ་ན༌རེ། ཁྱོད་ནི་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ་ཞེས་དྲིས་པ༌ན། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་སྨྲས་པ་བཞིན་ཡིན་ཞེས་གསུངས། 4ཡང་པི་ལ་ཏུས་མཆོད་དཔོན་ཆེན་པོ་དག་དང་མི་རྣམས༌ལ། ངས་མི་འདིར་ཉེས་སྐྱོན་ཅི་ཡང་མི་རྙེད་ཅེས་སྨྲས་མོད། 5འོན༌ཀྱང༌། དེ་རྣམས་ཀྱིས་ཨུ་ཚུགས་ཆེན༌པོས། མི་འདི་ཡ་ཧུ་དཱའི་ཡུལ་ཀུན་ཏུ་བརྒྱུད་ཅིང་ཁོས་ག་ལིལ་ཡུལ་ནས་ས་ཆ་འདིའི་བར་དུ་ཆོས་གསུངས༌པ་དང༌། མི་ཐམས་ཅད་ལ་ངན་སྐུལ་བྱས་ནས་ཟིང་ཆ་བཟོས་ཞེས་སྨྲས་སོ།། 6པི་ལ་ཏུས་གཏམ་དེ་ཐོས་ནས་མི་འདི་ནི་ག་ལིལ་པ་ཡིན་ནམ་ཞེས་དྲིས༌ཤིང༌། 7སྐྱབས་མགོན་ཡེ་ཤུ་ནི་ཧེ་རོ་དཱའི་མངའ་ཁོངས་ལ་གཏོགས་པ་ཤེས་རྗེས་ཧེ་རོ་དཱའི་དྲུང་ལ་ཁྲིད་དུ་བཅུག དེའི་དུས༌སུ། ཧེ་རོ་དཱའང་ཡེ་རུ་སཱ་ལེམ་དུ་བཞུགས༌སོ།། 8ཧེ་རོ་དཱས་སྐྱབས་མགོན་ཡེ་ཤུ་མཐོང་བ་དང་ཤིན་ཏུ་དགའ་བར་གྱུར་ཏོ།། རྒྱུ་མཚན་ནི་ཁོས་སྔར་ནས་སྐྱབས་མགོན་ཡེ་ཤུའི་གནས་ཚུལ་ཐོས་མྱོང༌བས། སྔ་མོ་ནས་ཁོང་ཉིད་མཐོང་འདོད་ཅིང་ཁོང་གིས་ངོ་མཚར་བའི་རྟགས་ཤིག་སྟོན་པ་མཐོང་བར་ཡང་རེ་བ༌ཆེའོ།། 9དེ་བས་ཁོས་དྲི་བ་མང་པོ་བཏོན་ནའང་ཁོང་གིས་བཀའ་ལན་ཅི་ཡང་མ་གནང༌། 10མཆོད་དཔོན་ཆེན་པོ་དག་དང་མཁན་པོ་རྣམས་ཡར་ལངས་བསྡད་ནས་ཁོང་གཏུག་ཅི་ཐུབ་བྱས༌ཤིང༌། 11ཧེ་རོ་དཱ་དང་ཁོའི་དམག་མི་དག་གིས་ཀྱང་ཁོང་ལ་བརྙས་བཅོས་དང་འཕྱ་དམོད་བྱས་པ༌དང༌། ཁོང་གི་ལུས་ལ་གོས་ཆེན་བསྐོན་ཏེ་ཕྱིར་པི་ལ་ཏུའི་གམ་ལ་འཁྲིད་དུ་བཅུག 12ལར་པི་ལ་ཏུ་དང་ཧེ་རོ་དཱ་གཉིས་ཕན་ཚུན་དགྲ་ཟླར་གྱུར་ཡོད་ནའང་ཉིན་དེ་ནས་བཟུང་ཁོ་གཉིས་གྲོགས་སུ་གྱུར༌ཏོ།། 13པི་ལ་ཏུས་མཆོད་དཔོན་ཆེན་པོ་རྣམས་དང་དཔོན༌རིགས། མི་ཚོགས་བཅས་བསྡུས་ཏེ་ན༌རེ། 14ཁྱོད་རྣམས་ཀྱིས་མི་འདིས་མི་དག་ལ་ངན་སྐུལ་བྱས་ནས་ཟིང་ཆ་བཟོས་སོང་ཟེར་ཞིང་ངའི་མདུན་དུ་ཁྲིད་ཡོང༌བས། ངས་ཀྱང་ཁྱོད་ཅག་གི་མདུན་དུ་ཁོའི་ཉེས་སྐྱོན་ལ་རྩད་བཅད་ནའང་ཁྱོད་རྣམས་ཀྱིས་སྨྲས་པ་ལྟ་བུའི་ཉེས་སྐྱོན་ཅི་ཡང་མ་རྙེད། 15ཧེ་རོ་དཱས་ཀྱང་ཉེས་སྐྱོན་མ་རྙེད་པར་ཕྱིར་བདག་གི་གམ་དུ་བཏང༌བ་རེད། ལྟོས༌དང༌། ཁོས་སྲོག་ཆད་ཁུར་དགོས་པའི་ཉེས་པ་ཅི་ཡང་བྱས་མེད། 16དེའི་ཕྱིར་བདག་གིས་ཁོ་ལ་རྟ་ལྕག་གིས་གཞུས་རྗེས་ཕྱིར་གཏོང་རྒྱུ་ཡིན་ཞེས་སྨྲས་སོ།། 17སྐྱུར་མེད་བག་ལེབ་ཀྱི་དུས་ཆེན་ལ་ཁེལ༌ཚེ། པི་ལ་ཏུ་ཡིས་ཁོ་རྣམས་ཀྱི་རེ་ཞུ་ལྟར་བཙོན་པ་ཞིག་བཙོན་གྲོལ་དུ་གཏོང་དགོས་པ་རེད། 18འོན་ཀྱང་མི་ཚོགས་ཀྱིས་མཉམ་དུ་པཱ་རབ་པཱ་ངེད་ཅག་ལ་སྤྲོད་དང་མི་དེ་སོད་ཅིག་ཅེས་འབོད་སྒྲ་བསྒྲགས། 19པཱ་རབ་པཱ་ནི་གྲོང་ཁྱེར་གྱི་ཟིང་འཁྲུག་ལ་ཞུགས་པ་དང་མི་ཡང་བསད་མྱོང་བས་བཙོན་དུ་བཅུག་པ་ཞིག་ཡིན༌ནོ།། 20པི་ལ་ཏུས་སྐྱབས་མགོན་ཡེ་ཤུ་ཕྱིར་གཏོང་འདོད་དེ་སླར་ཡང་མི་ཚོགས་ལ་གཏམ་སྨྲས༌ཀྱང༌། 21དེ་རྣམས་ཀྱིས་སྐད་ཆེན༌པོས། ཁོ་རང་ཤིང་རྒྱ་གྲམ་གྱི་སྟེང་དུ་རྡོབས་ཤིག་ཅེས་ཡང་ཡང་འུར་བརྒྱབ་བོ།། 22ཐེངས་གསུམ་པར་ཡང་པི་ལ་ཏུ་ན༌རེ། རྒྱུ་མཚན་ཅི་ཡིན༌ནམ། མི་འདིས་དོན་ངན་ཅི་བྱས་པ་ཡིན༌ནམ། བདག་གིས་ཁོ་གསོད་དགོས་པའི་ཉེས་སྐྱོན་ཅི་ཡང་མ་རྙེད༌པས། ཁོ་ལ་རྟ་ལྕག་གིས་གཞུས་རྗེས་ཕྱིར་གཏོང་ངེས་ཡིན་ཞེས་སྨྲས་སོ།། 23འོན་ཀྱང་དེ་རྣམས་ཀྱིས་འུར་ཆེན་པོས་ཁོ་རང་ཤིང་རྒྱ་གྲམ་གྱི་སྟེང་དུ་རྡོབས་ཤིག་ཅེས་པི་ལ་ཏུ་ལ་ནན་གྱིས་བརྗོད༌ཅིང༌། དེ་རྣམས་ཀྱིས་འུར་ཆེན་པོ་བརྒྱབ་པས་ཁོ་རྣམས་ཀྱི་འདོད་མོས་དང་མཐུན་པར་གྱུར། 24པི་ལ་ཏུས་མི་དེ་རྣམས་ཀྱི་རེ་ཞུ་ལྟར་ཁྲིམས་ཐག་བཅད༌དེ། 25ཟིང་འཁྲུག་ལ་ཞུགས་པ་དང་མི་ཡང་བསད་མྱོང་བའི་བཙོན་པ་དེ་ཕྱིར་བཏང༌ཞིང༌། སྐྱབས་མགོན་ཡེ་ཤུ་མི་དེ་རྣམས་ལ་འདོད་མོས་ལྟར་བྱེད་དུ་བཅུག་གོ།

ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པ།

26སྐྱབས་མགོན་ཡེ་ཤུ་ཕར་ཁྲིད་ནས་འགྲོ་སྐབས། ཀི་རེ་ནེ་པ་སྟེ་མིང་ལ་སི་མོན་ཟེར་བ་ཞིག་ཡོད་པ་དེ་གྲོང་གསེབ་ནས་ཡོང་བ༌ན། དེ་རྣམས་ཀྱིས་ཁོ་ལ་ཤིང་རྒྱ་གྲམ་ཁུར་ནས་སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲང་དུ་བཅུག 27མི་ཤིན་ཏུ་མང་པོ་ཞིག་ཀྱང་ཁོང་གི་རྗེས་སུ་འབྲངས་ཤིང་། དེ་རྣམས་ལས་བུད་མེད་འགའ་ཡོད་པ་ཁོང་གི་ཆེད་དུ་སེམས་སྡུག་ཆེན་པོས་ངུས་སོ།། 28འོན་ཀྱང་སྐྱབས་མགོན་ཡེ་ཤུས་ཞལ་ཕྱིར་འཁོར་ནས་དེ་རྣམས་ལ་འདི་སྐད༌དུ། ཡེ་རུ་སཱ་ལེམ་གྱི་བུ་མོ༌རྣམས། བདག་གི་དོན་དུ་མི་ངུ་བར་ཁྱོད་རང་ཉིད་དང་ཁྱོད་ཀྱི་བུ་ཕྲུག་རྣམས་ཀྱི་དོན་དུ་ངུས༌ཤིག 29རྒྱུ་མཚན་ནི་མི་རྣམས་ཀྱིས། ཕྲུ་གུ་སྐྱེ་མི་ནུས་པ་དང་མངལ་ཡང་སྦྲུམ་མ་མྱོང༌བ། ཕྲུ་གུར་ནུ་མའང་སྣུན་མ་མྱོང་མཁན་རྣམས་བདེའོ་ཞེས་ཟེར་བའི་དུས་ཤིག་ཡོང་ངེས༌ཡིན། 30དེའི་དུས༌སུ། ཡང་མི་རྣམས་ཀྱིས་རི་ཆེན་པོ་དག་ལ་ན་རེ། ངེད་ཅག་གི་སྟེང་དུ་སྙིལ་ཅིག་ཅེས༌དང༌། ཡང་རི་སྒང་ཆུང་བ་དག་ལ་ངེད་ཅག་གི་ལུས་འདི་ཁོབས་ཤིག་ཅེས་ཟེར་བར་འགྱུར། 31རྒྱུ་མཚན་ནི་ཁོ་རྣམས་ཀྱིས་སྡོང་བོ་སྔོན་པོ་ཡིན་དུས་འདི་ལྟར་བྱེད༌ན། རྗེས་སུ་སྡོང་སྐམ་ཡིན་དུས་ཅི་ཞིག་བྱེད་པར་འགྱུར་རམ་ཞེས་གསུངས༌སོ།། 32ཡང་མི་ཉེས་ཅན་གཞན་གཉིས་ཀྱང་སྐྱབས་མགོན་ཡེ་ཤུ་དང་མཉམ་དུ་གསོད་པར་ཁྲིད༌ཅིང༌། 33མགོ་སྐོགས་གནས་ཟེར་བའི་ས་ཆར་སླེབས་པ༌དང༌། སྐྱབས་མགོན་ཡེ་ཤུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པ་དང་། མི་ཉེས་ཅན་དེ་གཉིས་ཀའང་ཁོང་གི་གཡས་གཡོན་དུ་དེ་ལྟར་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་སོ།། 34དུས༌དེར། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཀྱེ། ཡབ་ལགས། ཁོ་རྣམས་ཀྱིས་རང་གིས་ཅི་བྱེད་བཞིན་པའང་མི་ཤེས་པས་ཉེས་སྐྱོན་བསལ་བར་མཛོད་ཅེས་གསུངས་སོ༎ དེ་ནས་དམག་མི་རྣམས་ཀྱིས་རྒྱན་འཕངས་ནས་ཁོང་གི་ན་བཟའ་བགོ་བཤའ་བརྒྱབ། 35མི་རྣམས་ཀྱང་གནས་དེར་འགྲེངས་ནས་ལྟ་བཞིན་འདུག༌ལ། དཔོན་པོ་རྣམས་ཀྱང་ན༌རེ། ཁོས་མི་གཞན་རྣམས་བསྐྱབས་མྱོང༌མོད། འོན་ཀྱང་ཁོ་ནི་དཀོན་མཆོག་གིས་བདམས་པའི་སྐྱབས་མགོན་མཱ་ཤི་ཀ་ཡིན༌ན། རང་ཉིད་སྐྱོབ་ཐུབ་པ་ལོས་ཡིན་ཞེས་འཕྱ་སྨོད་བྱས་པ༌དང༌། 36དམག་མི་རྣམས་ཀྱང་ཁོང་གི་དྲུང་དུ་ཡོང་ནས་རྒུན་ཆང་སྐྱུར་མོ་ཕུལ་ཏེ་ན༌རེ། 37གལ་ཏེ་ཁྱོད་རང་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན༌ན། ཁྱོད་ཀྱིས་རང་ཉིད་སྐྱོབས་དང་ཞེས་འཕྱ་དམོད་བྱས། 38སྐྱབས་མགོན་ཡེ་ཤུའི་གོང་དུ་ཤིང་བྱང་ཞིག་གི་ངོས་སུ་འདི་ནི་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ཞེས་བྲིས་ཡོད༌དོ།། 39ཤིང་རྒྱ་གྲམ་གྱི་སྟེང་དུ་བརྐྱངས་པའི་མི་ཉེས་ཅན་གཉིས་ལས་གཅིག་ན༌རེ། ཁྱོད་རང་སྐྱབས་མགོན་མཱ་ཤི་ཀ་མ་ཡིན༌ནམ། ཁྱོད་ཀྱིས་རང་ཉིད་དང་ངེད་གཉིས་སྐྱོབས་ཤིག་ཅེས་སྨྲས་ཏེ་འཕྱ་དམོད་བྱས་སོ།། 40འོན་ཀྱང་ཉེས་ཅན་ཅིག་ཤོས་ཀྱིས་ཉེས་ཅན་དེ་ལ་སྡིགས་མོ་བྱེད་བཞིན་ན༌རེ། ཁྱོད་ལའང་ཉེས་ཆད་དེ་འདྲ་བཅད་པ་ཡིན་པས་ད་དུང་དཀོན་མཆོག་ལ་མི་འཇིགས༌སམ། 41འུ་གཉིས་ལ་ཆད་པ་འཕོག་འོས༌ཏེ། འུ་གཉིས་ཀྱིས་ཆད་པ་མྱོང་བ་ནི་ཅི་བྱས་དོན་དང་མཐུན༌པ་ཡིན། འོན་ཀྱང་མི་འདིས་ཉེས་སྐྱོན་ཅི་ཡང་མ་བྱས་ཞེས་སྨྲས་པ༌དང༌། 42ཡང་ཁོས་སྐྱབས་མགོན་ཡེ་ཤུ་ལ། ཡེ་ཤུ༌ལགས། ཁྱེད་རང་རྒྱལ་སྲིད་ཀྱི་ནང་དུ་ཕེབས་ཡོང་བའི་དུས༌སུ། ང་རང་ཡང་ཐུགས་ལ་འཛིན་པར་མཁྱེན་ཞེས་ཞུས་སོ།། 43ཁོང་གིས་ཉེས་ཅན་དེ་ལ་འདི་སྐད༌དུ། བདག་གིས་ཁྱོད་ལ་བདེན་པར་སྨྲ༌སྟེ། དེ་རིང་ཁྱོད་ནི་བདག་དང་མཉམ་དུ་ནམ་མཁའི་ཞིང་ཁམས་ཀྱི་དགའ་བདེའི་ལྡུམ་རའི་ནང་དུ་ཡོད་པར་འགྱུར་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་པ།

44ཉིན་གུང་གི་སྐབས༌སུ། ཡུལ་དེ་ཡོངས་སུ་ཕྱི་དྲོའི་ཆུ་ཚོད་གསུམ་པའི་བར་དུ་མུན་ནག་འཐིབས་ཤིང་། 45ཉི་མའི་འོད་ཀྱང་བསྒྲིབས་པ༌དང༌། མཆོད་ཁང་གི་ཡོལ་བ་ཆེན་པོ་དེའང་དུམ་བུ་གཉིས་སུ་རལ་བར་གྱུར་ཏོ།། 46སྐྱབས་མགོན་ཡེ་ཤུས་གསུང་སྐད་ཆེན༌པོས། ཀྱེ། ཡབ་ལགས། ངས་རང་གི་རྣམ་ཤེས་ཁྱེད་ཀྱི་ཕྱག་ཏུ་བཅོལ་བ་ཡིན་ཞེས་གསུངས་པ་དང་སྐུ་དབུགས་ཆད་པར་གྱུར་ཏོ།། 47བརྒྱ་དཔོན་གྱིས་དོན་དེ་ཐམས་ཅད་མཐོང་ནས་དཀོན་མཆོག་ལ་བསྟོད་བསྔགས་བྱེད༌བཞིན། སྐྱེས་བུ་འདི་ནི་དངོས་གནས་མི་རྣམ་དག་ཅིག་ཡིན་ཞེས་སྨྲས་སོ།། 48གནས་དེར་འཛོམས་པའི་ལྟ་མཁན་ཐམས་ཅད་ཀྱིས་ཀྱང་དོན་དེ་དག་མཐོང༌སྟེ། སེམས་སྐྱོ་བའི་ངང་ནས་ལག་པས་བྲང་ཁར་རྡུང་བཞིན་ཕྱིར་ལོག༌ཅིང༌། 49ཁོང་ལ་རྒྱུས་མངའ་བའི་མི་ཐམས་ཅད་དང་། ག་ལིལ་ཡུལ་ནས་ཁོང་གི་རྗེས་སུ་འབྲངས་པའི་བུད་མེད་རྣམས་ཀྱང་རྒྱང་རིང་ནས་བསྡད་དེ་དོན་དེ་དག་ལ་ལྟ་བཞིན་འདུག༌གོ།

སྐྱབས་མགོན་ཡེ་ཤུའི་སྐུ་གདུང་དུར་ལ་སྦས༌པ།

50མིང་ལ་ཡོ་སེབ་ཟེར་བ་དེ་ནི་དཔོན་རིགས་ཚོགས་པའི་ཚོགས་མི་ཞིག་ཡིན༌ལ། ཁོ་ནི་རང་གཤིས་བཟང་ཞིང་གཞུང་རྒྱུད་དྲང་བ་ཞིག་ཀྱང་ཡིན༌པས། 51དཔོན་རིགས་ཚོགས་པའི་གྲོས་གཞི་དང་བྱ་སྤྱོད་དག་ལ་ཡིད་མ་འཐད་དོ།། ཁོ་ནི་ཡ་ཧུ་དཱ་པའི་ཨ་རི་མ་ཐཱ་གྲོང་རྡལ་གྱི་མི་ཡིན་ཞིང་རྟག་ཏུ་དཀོན་མཆོག་གི་རྒྱལ་སྲིད་ལ་སྒུག་མཁན་ཡང་ཡིན། 52ཁོ་རང་པི་ལ་ཏུའི་གམ་དུ་སོང་སྟེ་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་གནང་ཕྱིར་ཞུ་བ་ཞུས༌ཤིང་། 53ཁོས་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་མར་བླངས་ཏེ་སོ་རས་ཀྱིས་དཀྲིས༌རྗེས། སྔར་བེམ་པོ་བཞག་མ་མྱོང་བའི་དུར་ཁུང་བརྐོས་མ་ཞིག་ཏུ་དུར་ལ་སྦས་སོ།། 54ཉིན་དེ་ནི་སྟ་གོན་གྱི་ཉིན་མོ་ཡིན་ཞིང་ངལ་གསོ་བའི་ཉིན་མོ་ཡང་སླེབ་ལ༌ཉེའོ།། 55སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་ག་ལིལ་ཡུལ་ནས་ཡོང་བའི་བུད་མེད་རྣམས་ཀྱང་ཡོ་སེབ་ཀྱི་རྗེས་སུ་འབྲངས༌ཤིང༌། དུར་ཁུང་དེ་དང་ཁོང་གི་སྐུ་གདུང་ཇི་ལྟར་དུར་ལ་སྦས་པ་མཐོང༌བ་རེད། 56བུད་མེད་དེ་རྣམས་ཕྱིར་ལོག་སྟེ་བསུང་རྫས་དང་བྱུགས་རྫས་སྟ་གོན་བྱས་པ༌དང༌། ངལ་གསོ་བའི་ཉིན་ལ་དཀོན་མཆོག་གི་བཀའ་ཁྲིམས་བཞིན་ངལ་གསོས༌སོ།།

ལུ་ཀ 24

སྐུ་གྲོངས་ནས་སླར་གསོན༌པ།

1གཟའ་འཁོར་གཅིག་གི་ཉིན་དང་པོར་སྐྱ་རེངས་ཤར་བའི་དུས༌སུ། བུད་མེད་དེ་རྣམས་ཀྱིས་སྟ་གོན་བྱས་པའི་བསུང་རྫས་ཁྱེར་ནས་དུར་ཁུང་གི་མདུན་དུ་ཕྱིན་པ༌ན། 2དུར་ཁུང་གི་སྒོ་གཅོད་བྱེད་ཀྱི་རྡོ་ཕ་བོང་དེ་ཕར་བསྒྲིལ་ཟིན་པ་མཐོང༌ཞིང༌། 3ཁོ་མོ་རྣམས་དེའི་ནང་དུ་སོང༌ཚེ། སྐྱབས་མགོན་ཡེ་ཤུའི་སྐུ་གདུང་མ་མཐོང༌ངོ༌།། 4ཁོ་མོ་རྣམས་དོགས་པ་སྐྱེ་བཞིན་པའི་སྒང༌ལ། གློ་བུར༌དུ། མི་གཉིས་ཁོ་མོ་རྣམས་ཀྱི་གམ་དུ་མངོན་ཅིང་དེ་གཉིས་ཀྱི་གྱོན་པ་ལས་འོད་འཕྲོ་བར་བྱེད། 5བུད་མེད་དེ་རྣམས་ཤིན་ཏུ་འཇིགས་ཏེ་མགོ་བོ་སར་བཏུད་པ༌ན། མི་དེ་གཉིས་ཀྱིས་འདི་སྐད༌དུ། ཅིའི་ཕྱིར་གསོན་པོར་བཞུགས་པ་དེ་ཉིད་གཤིན་པོའི་ཁྲོད་དུ་འཚོལ་བ་ཡིན༌ནམ། 6སྐྱབས་མགོན་ཡེ་ཤུ་སླར་གསོན་པས་གནས་འདིར་མི་བཞུགས། ཁོང་ཉིད་ག་ལིལ་ཡུལ་ནས་བཞུགས་སྐབས་ཁྱོད་རྣམས་ལ་ཅི་ལྟར་གསུངས་པ་དྲན་པར༌གྱིས། 7སྔར་ཁོང་གིས་འདི་སྐད་དུ། མིའི་བུ་ངེས་པར་མི་སྡིག་ཅན་རྣམས་ཀྱི་ལག་ཏུ་སྤྲོད་ཅིང་། ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ནས། ཉིན་གསུམ་པ་ལ་སླར་གསོན་པར་འགྱུར་དགོས་ཞེས་གསུངས༌པའོ།། 8ཁོ་མོ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུའི་གསུང་དེ་ཕྱིར་དྲན་པ༌དང༌། 9དུར་ཁུང་ནས་ཕྱིར་ལོག་སྟེ་དོན་དེ་ཐམས་ཅད་སྐུ་ཚབ་པ་བཅུ་གཅིག་པོ་དང་རྗེས་འབྲང་པ་གཞན་རྣམས་ལ་སྨྲས་སོ།། 10གནས་ཚུལ་དེ་སྐུ་ཚབ་པ་རྣམས་ལ་བཤད་མཁན༌ནི། མཱག་རྡལ་གྱི་མིར་ཡམ་དང་ཡོ་ཨན༌ནཱ། ཡ་ཀོབ་ཀྱི་ཡུམ་སྟེ་མིར་ཡམ་བཅས་ཡིན༌ལ། ཁོ་མོ་རྣམས་དང་མཉམ་དུ་འགྲོགས་པའི་བུད་མེད་གཞན་ཡང་ཡིན། 11འོན་ཀྱང་དེ་རྣམས་ཀྱིས་ཁོ་མོ་རྣམས་ཀྱི་གཏམ་ནི་སྨྱོ་གཏམ་ཡིན་པར་སྙམ་ནས་ཡིད་མ་ཆེས་ནའང་། 12ཐུགས་སྲས་པེ་ཏྲོ་ཡར་ལངས་ནས་དུར་ཁུང་གི་སྒོ་ཁར་བརྒྱུགས་ཏེ་མགོ་བོ་བསྒུར་ནས་བལྟས༌ཚེ། སྐུ་གདུང་བཏུམ་བྱེད་ཀྱི་སོ་རས་རྐྱང་རྐྱང་ཤུལ་དུ་ལུས་ཡོད་པ་མཐོང་སྟེ་དོན་དེར་ངོ་མཚར་སྐྱེ་བཞིན་ཕྱིར་ལོག༌གོ།

སྐྱབས་མགོན་ཡེ་ཤུས་རྗེས་འབྲང་པ་གཉིས་ལ་རང་ཉིད་ཀྱི་སྐུ་གཟུགས་མངོན༌པ།

13ཡང་ཉིན་དེ་ལ་རྗེས་འབྲང་པ་རྣམས་ལས་མི་གཉིས་ཡེ་རུ་སཱ་ལེམ་ནས་བར་ཐག་སྤྱི་ལེ་བཅུ་གཅིག་ཙམ་ཡོད་པའི་ཨེ་མཱ་ཨུ་བྱ་བའི་གྲོང་སྡེར་འགྲོ༌སྐབས། 14དོན་ཅི་བྱུང་བ་རྣམས་ཀྱི་སྐོར་ཕན་ཚུན་ལ་གླེང༌བ་རེད། 15ཡང་མི་དེ་གཉིས་ཀྱིས་ཕན་ཚུན་ལ་དེ་ལྟར་གླེང་མོད་བྱེད་བཞིན་པའི་དུས༌སུ། སྐྱབས་མགོན་ཡེ་ཤུ་དངོས་སུ་དེ་གཉིས་ཀྱི་གམ་དུ་ཉེ་བར་བྱོན་ཏེ་ལྷན་དུ་ཕེབས། 16འོན་ཀྱང་མི་དེ་གཉིས་ཀྱི་མིག་བསྒྲིབས་པ་ཡིན་པས་ཁོང་སུ་ཡིན་པ་མ་ཤེས་སོ།། 17སྐྱབས་མགོན་ཡེ་ཤུས་མི་དེ་གཉིས་ལ་འདི་སྐད༌དུ། ཁྱོད་གཉིས་ལམ་ལ་ཆས་སྐབས། ཕན་ཚུན་ལ་དོན་ཅི་ཞིག་གླེང་བཞིན་ཡོད་དམ་ཞེས་གསུངས་པ༌དང༌། མི་དེ་གཉིས་འགྲོ་མཚམས་བཞག་ཅིང་གདོང་ལ་སྐྱོ་ཉམས་ཤར། 18མི་དེ་གཉིས་ལས་མིང་ལ་ཀཱ་ལོ་ཕུ་ཟེར་བ་ན༌རེ། ཡེ་རུ་སཱ་ལེམ་གྱི་མཇལ་པ་རྣམས་ལས་གནས་དེར་ཉེ་ཆར་དོན་ཅི་བྱུང་བའང་མི་ཤེས་པ་ཁྱོད་རང་ཁོ་ན་ཡིན་ནམ་ཞེས་སྨྲས་པ༌དང༌། 19ཡང་ཁོང་གིས་འདི་སྐད༌དུ། དོན་ཅི་ཞིག་བྱུང་ངམ་ཞེས་གསུངས་པ༌ལ། ཁོ་གཉིས་ན༌རེ། ནཱ་ཙ་རེལ་པ་ཡེ་ཤུའི་དོན་རྣམས་ཡིན༌ཏེ། ཁོང་ནི་ལུང་སྟོན་པ་ཞིག་ཡིན་ཞིང་དཀོན་མཆོག་དང་མི་ཐམས་ཅད་ཀྱི་མདུན་དུ། ཁོང་གི་བཀའ་དང་འཕྲིན་ལས་རྣམས་མཐུ་སྟོབས་དང་ལྡན་པ་ཞིག་ཡིན༌ནའང༌། 20མཆོད་དཔོན་ཆེན་པོ་དག་དང་བདག་ཅག་གི་དཔོན་རིགས་རྣམས་ཀྱིས་ཁོང་ལ་སྲོག་ཆད་གཅོད་པའི་ཕྱིར་སྤྲད་པ་དང་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་སོ།། 21འོན༌ཀྱང༌། ངེད་ཅག་གིས་སྔར་ནས་ཁོང་ཉིད་ནི་ཡེས་ར་ཨེལ་མི་རིགས་བླུ་མཁན་ཡིན་པར་རེ་བ་བཅངས༌ཤིང༌། ད་ལྟ་དོན་དེ་ཐམས་ཅད་བྱུང་ནས་ཉིན་གསུམ་འགོར་བ༌དང༌། 22ཡང་ངེད་ཅག་གི་ཁྲོད་ནས་བུད་མེད་འགའ་ཞིག་ཞོགས་པའི་དུས་སུ་དུར་ཁུང་དུ་སོང་བ༌ན། 23ཁོང་གི་སྐུ་གདུང་མ་རྙེད་པར་ཕྱིར་ལོག༌སྟེ། ཕོ་ཉ་རྣམས་ཀྱི་ཞལ་གཟིགས་མཇལ་ཞིང་། དེ་རྣམས་ཀྱིས་ཁོང་ཉིད་སླར་གསོན་པ་ཡིན་ཞེས་སྨྲས་བྱུང་ཟེར་བས་ངེད་རྣམས་ངོ་མཚར་བར་གྱུར། 24ཡང་ངེད་ཅག་གི་ཁྲོད་ནས་མི་འགའ་ཞིག་ཀྱང་དུར་ཁུང་དུ་སོང་བ་དང་། བུད་མེད་རྣམས་ཀྱིས་སྨྲས་པ་བཞིན་མཐོང་ནའང་སྐྱབས་མགོན་ཡེ་ཤུ་མ་མཐོང་ཞེས་སྨྲས་སོ།། 25ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བླུན་པོ༌གཉིས། ལུང་སྟོན་པ་རྣམས་ཀྱིས་གསུངས་པ་ཐམས་ཅད་ལ་ཡིད་མི་ཆེས༌ཨང༌། 26སྐྱབས་མགོན་མཱ་ཤི་ཀས་སྡུག་བསྔལ་དེ་འདྲ་མྱངས་ཤིང་། རང་ཉིད་ཀྱི་གཟི་བརྗིད་དུ་ཞུགས་དགོས་པའང་མི་ཤེས་སམ་ཞེས་གསུངས༌པ་དང་། 27ཡང་མོ་ཤེའི་མདོ་ནས་བཟུང་ལུང་སྟོན་པ་གཞན་དག་གི་མདོ་རེ་རེ༌བཞིན། གསུང་རབ་ཀྱི་མདོ་ཐམས་ཅད་ལས་ཁོང་རང་ཉིད་ཀྱི་སྐོར་ལ་གསུངས་པ་རྣམས་གསལ་པོར་གསུངས༌སོ།། 28ཁོང་རྣམས་འགྲོ་སའི་གྲོང་སྡེ་དེར་སླེབ་ལ་ཉེ་བ༌ན། སྐྱབས་མགོན་ཡེ་ཤུས་ད་དུང་ཕར་ལ་ཕེབས་པའི་ཚུལ་མཛད། 29འོན་ཀྱང་དེ་གཉིས་ན༌རེ། དུས་འགྱངས་ཤིང་ཉི་མ་ཡང་ནུབ་ལ་ཉེ་བས་ཁྱེད་ནི་ངེད་ཅག་དང་མཉམ་དུ་བཞུགས་པར་ཞུ་ཞེས་ནན་གྱིས་ཞུས་སོ།། དེ་ནས་སྐྱབས་མགོན་ཡེ་ཤུ་ཁྱིམ་ཚང་ཞིག་ཏུ་ཕེབས་ནས་ཁོ་རྣམས་དང་མཉམ་དུ་བཞུགས༌པ་རེད། 30དེ་གཉིས་དང་མཉམ་དུ་དགོང་ཟས་བཞེས་པའི་དུས་སུ། ཁོང་གིས་ཕྱག་ཏུ་བག་ལེབ་བསྣམས་ཏེ། བྱིན་རླབས་གནང་རྗེས་དུམ་བུར་བགོས་ནས་ཁོ་རྣམས་ལ་གནང་བ༌དང༌། 31མི་དེ་གཉིས་ཀྱི་མིག་ཟུང་གསལ་པོར་གྱུར་པ་དང་ཁོང་ཉིད་སུ་ཡིན་པའང་ཤེས་མོད། འོན་ཀྱང་གློ་བུར་དུ་སྐྱབས་མགོན་ཡེ་ཤུ་མི་མཐོང་བར་གྱུར། 32མི་དེ་གཉིས་ཕན་ཚུན་ལ་ན༌རེ། ཁོང་གིས་ལམ་བར་ནས་འུ་གཉིས་ལ་གསུང་གནང་ཞིང་གསུང་རབ་ཀྱི་དོན་འགྲེལ༌སྐབས། འུ་གཉིས་ཀྱི་སེམས་ནི་ཇི་འདྲའི་དགའ་སྐྱིད་དང་ལྡན་པ་ཞིག་ཡིན་ཨང་ཞེས་སྨྲས་སོ།། 33ཁོ་གཉིས་མྱུར་དུ་ཡར་ལངས་ཏེ་ཡེ་རུ་སཱ་ལེམ་དུ་ཕྱིར་ལོག་པ༌དང༌། ཐུགས་སྲས་བཅུ་གཅིག་པོ་དང་རྗེས་འབྲང་པ་གཞན་དག་མཉམ་དུ་གནས་དེར་འདུས་ཡོད་པར་འཕྲད༌ཅིང༌ན་རེ། 34སྐྱབས་མགོན་ཡེ་ཤུ་དངོས་གནས་སླར་གསོན་ཏེ་སི་མོན་གྱི་མིག་མདུན་དུ་མངོན་ནོ་ཞེས་སྨྲས་པ༌དང༌། 35ཁོ་གཉིས་ཀྱིས་ཀྱང་ལམ་བར་དུ་འཕྲད་པའི་དོན་དག༌དང༌། སྐྱབས་མགོན་ཡེ་ཤུས་བག་ལེབ་དུམ་བུར་བགོ་བའི་སྐབས༌སུ། ཁོང་ཉིད་སུ་ཡིན་པ་རྟོགས་པའི་གནས་ཚུལ་རྣམས་སྨྲས༌སོ།།

སྐྱབས་མགོན་ཡེ་ཤུས་ཐུགས་སྲས་དང་རྗེས་འབྲང་པ་རྣམས་ལ་སྐུ་གཟུགས་མངོན༌པ།

36ཁོ་རྣམས་ཀྱིས་དོན་དེ་དག་གླེང་བཞིན་པའི་སྒང༌ལ། སྐྱབས་མགོན་ཡེ་ཤུ་དངོས་སུ་ཁོ་རྣམས་ཀྱི་དཀྱིལ་དུ་བཞེངས༌ཏེ། ཁྱོད་རྣམས་བདེ་བར་སྨོན་ཞེས་གསུངས༌ནའང༌། 37ཁོ་རྣམས་འཇིགས་ཤིང་སྐྲག་སྟེ་འདྲེ་ཡིན་པར་བསམས། 38ཁོང་གིས་འདི་སྐད༌དུ། ཁྱོད་ཅག་ཅིའི་ཕྱིར་འཇིགས༌སམ། ཅིའི་ཕྱིར་སེམས་སུ་དོགས་པ་སྐྱེས༌སམ། 39ཁྱོད་ཅག་གིས་བདག་གི་རྐང་པ་དང་ལག་པར་ལྟོས་དང་དངོས་གནས་ང་རང་ཡིན། བདག་གི་ལུས་ལ་རེག་སྟེ་ལྟོས༌དང༌། འདྲེ་ལ་ཤ་དང་རུས་པའི་ཕུང་བོ་ནི་མེད༌དེ། བདག་ལ་ཡོད་པ་ཡིན་ཞེས་གསུངས་པ༌དང༌། 40ཁོ་རྣམས་ལ་རང་ཉིད་ཀྱི་ཕྱག་དང་ཞབས་སྟོན་པར་མཛད་དོ།། 41ཁོ་རྣམས་ཤིན་ཏུ་དགའ་བར་གྱུར་ཅིང་ཡིད་ཆེས་མི་ཕོད་པར་ངོ་མཚར་ཆེན་པོ་སྐྱེས་པ༌ན། ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གི་གནས་འདིར་བཟའ་བྱའི་ཟས་ཡོད་དམ་ཞེས་གསུངས་པ༌དང༌། 42ཁོ་རྣམས་ཀྱིས་ཁོང་ལ་ཉ་ཤ་བསྲེག་མ་དུམ་བུ་ཞིག་ཕུལ༌ཞིང༌། 43ཁོང་གིས་ཕྱག་ཏུ་བསྣམས་ཏེ་ཁོ་རྣམས་ཀྱི་མིག་མདུན་ནས་བཞེས༌སོ།། 44ཁོང་གིས་མི་དེ་རྣམས་ལ་འདི་སྐད༌དུ། དེ་སྔར་ང་རང་ཁྱོད་ཅག་དང་མཉམ་དུ་བཞུགས་པའི་དུས༌སུ། ངས་ཁྱོད་རྣམས་ལ་སྨྲས་པའི་དོན་འདི༌ནི། མོ་ཤེའི་བཀའ་ཁྲིམས༌དང༌། ལུང་སྟོན་པའི༌མདོ། གསུང་མགུར་བཅས་སུ་བདག་གི་སྐོར་ལུང་བསྟན་པ༌ལྟར། ཐམས་ཅད་འགྲུབ་པར་འགྱུར་དགོས་ཞེས་པ་དེ་ཡིན་ཞེས་གསུངས་སོ།། 45ཁོང་གིས་མི་དེ་རྣམས་ལ་གསུང་རབ་ཀྱི་དོན་རྣམས་རྟོགས་པའི༌ཕྱིར། ཁོ་རྣམས་ཀྱི་བློ་སྒོ་གསལ་པོར༌ཕྱེས་སོ།། 46ཡང་ཁོང་གིས་འདི་སྐད༌དུ། གསུང་རབ་ཀྱི་མདོ༌ལས། སྐྱབས་མགོན་མཱ་ཤི་ཀས་སྡུག་བསྔལ་མྱོང་ཞིང་། ཉིན་གསུམ་པ་ལ་གྲོངས་པ་ནས་སླར་གསོན་པར་འགྱུར་བ༌དང༌། 47ཆོས་སྒྲོག་མཁན་རྣམས་ཀྱིས་ཡེ་རུ་སཱ་ལེམ་ནས༌བཟུང༌། ཁོང་གི་མཚན་གྱི་སྒོ་ནས་མི་རིགས་ཐམས་ཅད་ལ་འགྱོད་བཤགས་དང་སྡིག་པ་བསལ་བའི་ཆོས་བསྒྲག་པར་འགྱུར་ཞེས་བཀོད་པ༌དང༌། 48དོན་དེ་རྣམས་ལ་དཔང་པོ་བྱེད་མཁན་ནི་ཁྱོད་རྣམས་ཡིན། 49ཡང་ལྟོས༌དང༌། ངས་བདག་གི་ཡབ་ཀྱི་ཞལ་བཞེས་གནང་ཡོད་པ་དེ་ཉིད་ཁྱོད་རྣམས་ཀྱི་སྟེང་ལ་ཁྱབ་པར་བྱ༌སྟེ། ཁྱོད་རྣམས་ལ་ནམ་མཁའི་ཞིང་ཁམས་ནས་ནུས་མཐུ་དེ་ཉིད་འཐོབ་པའི་བར༌དུ། ཁྱོད་ཅག་གིས་གྲོང་ཁྱེར་དུ་བསྒུག་ནས་སྡོད་ཅིག་ཅེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་ནམ་མཁའི་ཞིང་ཁམས་སུ་འཕགས༌པ།

50སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་པེ་ཐན་ཡཱ་གྲོང་སྡེའི་ཉེ་འགྲམ་དུ་ཁྲིད༌དེ། ཕྱག་ཟུང་ཡར་བཏེགས་ནས་མི་དེ་རྣམས་ལ་བྱིན་གྱིས་བརླབས་སོ།། 51ཁོང་གིས་མི་དེ་རྣམས་ལ་བྱིན་གྱིས་རླབས་བཞིན་པའི་དུས༌ལ། ཁོང་ཉིད་དེ་རྣམས་དང་ཁ་བྲལ་ནས་ཕར་ཅུང་ཟད་སོང་བ་དང་ནམ་མཁའི་ཞིང་ཁམས་སུ་དྲངས༌པ་རེད། 52མི་རྣམས་ཀྱིས་ཁོང་ལ་གུས་ཕྱག་ཕུལ༌རྗེས། དགའ་སྤྲོ་ཆེན་པོའི་ངང་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག༌ཅིང༌། 53དུས་རྟག་ཏུ་མཆོད་ཁང་དུ་དཀོན་མཆོག་ལ་བསྟོད་བསྔགས་བརྗོད༌དོ།།།།

ཡོ་ཧ་ནན 1

དཀོན་མཆོག་མི་ཡི་གཟུགས་སུ་མངོན་པའི༌སྐོར།

1ཐོག་མར་བཀའ་ནི་ཡོད་ཅིང་བཀའ་དེ༌ཉིད།། དཀོན་མཆོག་ཉིད་དང་ལྷན་ཅིག་ཉིད་དུ༌བཞུགས།། བཀའ་ཞེས་གྲགས་པ་དཀོན་མཆོག་ཡིན་ལགས༌ཤིང༌།། 2བཀའ་དང་དཀོན་མཆོག་གདོད་ནས་ལྷན་དུ༌བཞུགས།། 3དེ་ཡང་འཇིག་རྟེན་སྣོད་བཅུད་མ་ལུས༌པ།། བཀའ་དེ་བརྒྱུད་ནས་དཀོན་མཆོག་ཉིད་ཀྱིས༌བསྐྲུན།། ཁོང་གིས་བཟོས་པའི་དངོས་པོ་མཐའ་དག༌ལས།། བཀའ་དེ་མ་བརྒྱུད་བསྐྲུན་པ་ཅི་ཡང༌མེད།། 4ཁོང་གི་ནང་དུ་ཚེ་སྲོག་བཞུགས་པ་དང༌།། ཚེ་སྲོག་དེ་ནི་མི་ཡི་གཟི་འོད་དོ།། 5གཟི་འོད་ཉིད་ནི་མུན་པར་འཕྲོ་བྱེད༌ཀྱང༌།། མུན་པ་དེ་ལས་རྒྱལ༌བར་མ་གྱུར་ཏོ།། 6དེ་ཡང་ཡོ་ཧ་ནན་ཞེས་སྐྱེས་བུ༌དེ།། དཀོན་མཆོག་གིས་ནི་མངགས་ཤིང་འོངས་པ༌སྟེ།། 7གཟི་འོད་དེ་ལ་བདེན་དཔང་བྱེད་པ༌དང༌།། སྐྱེ་བོ་ཀུན་གྱིས་ཁོ་རང་བརྒྱུད་ནས་ནི།། དད་པ་བྱེད་ཕྱིར་ཁོ་རང་འོངས་པ་ཡིན།། 8ཡོ་ཧ་ནན་ནི་གཟི་འོད་མིན་ན༌ཡང༌།། གཟི་འོད་དེ་ལ་བདེན་དཔང་བྱེད་པར༌འོངས།། 9གཟི་འོད་དེ་ཉིད་འོད་ཟེར་དངོས་མ༌སྟེ།། འཇིག་རྟེན་ཡོངས་སུ་འཕྲོས་ནས་མི་ཀུན༌གསལ།། 10དེ་ཡང་ཁོང་ཉིད་འཇིག་རྟེན་འདིར་བཞུགས༌ཤིང༌།། ཁོང་ཉིད་བརྒྱུད་ནས་འཇིག་རྟེན་བསྐྲུན་ན༌ཡང༌།། འཇིག་རྟེན་མི་ཡིས་ཁོང་ཉིད་ཤེས་མ༌གྱུར།། 11ཁོང་ནི་རང་ཡུལ་ཕྱོགས་སུ་ཕེབས་ན༌ཡང༌།། རང་ཡུལ་མི་ཡིས་ཁོང་ལ་བསུ་བ༌མེད།། 12ཁོང་ཉིད་བསུ་ཞིང་ཁོང་གི་མཚན་ལ་ནི།། དད་པའི་མི་རྣམས་དཀོན་མཆོག་བུ་ཕྲུག་ལ༎ འགྱུར་བར་མཛད་པའི་དབང་ཡང་ཁོང་གིས༌གནང༌།། 13དད་ལྡན་སྐྱེ་བོ་སོ་སོ་དེ་རྣམས༌ནི།། མི་ཡི་ཁྲག་ལས་སྐྱེས་པ་མ་ཡིན༌ལ།། མི་ཡི་འདོད་ཆགས་དབང་གིས་མ་སྐྱེས༌ཤིང༌།། མི་ཡི་འདོད་མོས་བཞིན་དུ་སྐྱེས་པའང༌མིན།། དེ་ནི་དཀོན་མཆོག་ཉིད་ལས་སྐྱེས་པ་ལགས།། 14དེ་ཡང་བཀའ་དེ་མི་ཡི་ཕུང་བོར༌གྱུར།། ང་ཚོའི་ཁྲོད་དུ་ཁོང་ནི་བཞུགས་པ༌དང༌།། ཁོང་གི་གཟི་བརྗིད་ང་ཚོས་དངོས་སུ༌མཐོང༌།། དེ་ནི་ཡབ་ལས་བྱུང་བའི་སྲས་གཅིག་པུའི༎ གཟི་བརྗིད་ཡིན་ཞིང་སྲས་པོ་ཁོང་ལ་འང༎ ཐུགས་རྗེ་དང་ནི་བདེན་པ་ཉིད་ཀྱིས་ཁེངས༎ 15དེ་ཡང་ཡོ་ཧ་ནན་ཞེས་གྲགས་པ༌ཡིས།། རང་གི་རྗེས་སུ་འབྱོན་པ་ཁོང་ཉིད༌ནི།། བདག་གི་སྔོན་དུ་བཞུགས་པས་བདག་ལས༌མཆོག ། དེ་སྐད་བསྒྲགས་ཤིང་ཁོང་ལ་བདེན་དཔང༌བྱས།། 16ཁོང་གི་ཕུན་སུམ་ཚོགས་པ་ཉིད་དེ༌ལས།། བདག་ཅག་ལ་ནི་ཐུགས་རྗེ་ཡང་ཡང༌ཐོབ།། 17མོ་ཤེ་བརྒྱུད་ནས་བཀའ་ཁྲིམས༌གནང་བ་དང༌།། ཡེ་ཤུ་མཱ་ཤི་ཀ་ཉིད་བརྒྱུད༌ནས་ནི།། ཐུགས་རྗེ་དང་ནི་བདེན་པ་ཉིད་དེ༌བྱུང༌།། 18ཡབ་ཆེན་དཀོན་མཆོག་སུས་ཀྱང་མཐོང་བ༌མེད།། ཡབ་ཀྱི་སྐུ་ཡི་པང་དུ་བཞུགས་པ༌ཡི།། སྲས་པོ་གཅིག་པུས་ཡབ་ཆེན་ཁོང་ཉིད་ནི།། འཇིག་རྟེན་ཀུན་ལ་གསལ་པོར་བསྟན་པ༌ཡིན།།

ཡོ་ཧ་ནན་གྱིས་རང་ཉིད་སྐྱབས་མགོན་མཱ་ཤི་ཀ་མིན་པར་བདེན་དཔང་བྱས་པ།

19དེ་ཡང་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་བདེན་དཔང་བྱས་པའི་ཚིག་ནི་འདི་ལྟ༌སྟེ། ཡ་ཧུ་དཱ་པ་རྣམས་ཀྱིས་ཡེ་རུ་སཱ་ལེམ་ནས་མཆོད་དཔོན་དང་ལེ་ཝི་པ་རྣམས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་དྲུང་དུ་མངགས༌ཏེ། ཁྱེད་རང་སུ་ཡིན་ནམ་ཞེས་ཞུས་པ༌ན། 20ཡོ་ཧ་ནན་གྱིས་སྦ་གསང་ཅི་ཡང་མེད་པར་འདི་སྐད༌དུ། ང་ནི་སྐྱབས་མགོན་མཱ་ཤི་ཀ་མིན་ཞེས་གསལ་པོར་གསུངས་སོ།། 21ཡང་དེ་རྣམས་ན༌རེ། དེས་ན་ཁྱེད་རང་སུ་ཡིན༌ནམ། ཁྱེད་ནི་ཨེ་ལི་ཡཱ་ཡིན་ནམ་ཞེས་དྲིས་པ༌ལ། ཁོང་གིས་ང་མིན་ཞེས་གསུངས་པ༌དང༌། ཡང་དེ་རྣམས་ཀྱིས་ཁྱེད་རང་ནི་ལུང་སྟོན་པ་དེ་ཉིད་ཡིན་ནམ་ཞེས་དྲིས་པའི༌ཚེ། ཡང་ཁོང་གིས་མིན་ཞེས་གསུངས་སོ།། 22ཡང་དེ་རྣམས་ན༌རེ། འོ་ན་ཁྱེད་རང་སུ་ཡིན༌ནམ། ངེད་ཅག་གིས་ཀྱང་ངེད་རྣམས་མངགས་མཁན་ལ་ལན་ཞིག་འཁྱེར་དགོས༌པས། ཁྱེད་ཀྱིས་རང་ཉིད་སུ་ཡིན་པ་གསུང་རོགས་ཞེས་ཞུས་པ༌ན། 23ཁོང་གིས་འདི་སྐད༌དུ། ལུང་སྟོན་པ་ཡེ་ཤ་ཡཱ་ཡི་མདོ་ལས་ཇི་སྐད༌དུ། གཙོ་བོའི་གཤེགས་ལམ་དྲང་པོར་བཟོ་བར༌གྱིས།། ཞེས་གསུངས་པའི་མི་དེ་ཡིན་ཞེས་གསུངས༌སོ།། 24ཡང་དེ་དག་ནི་ཕ་རུ་ཤི་པ་རྣམས་ཀྱིས་མངགས་པ་ཡིན༌ཏེ། 25ཁོ་རྣམས་ཀྱིས་ཀྱང་ཡོ་ཧ་ནན་ལ་ཁྱེད་རང་ནི་སྐྱབས་མགོན་མཱ་ཤི་ཀ་མིན༌ལ། ཨེ་ལི་ཡཱའང༌མིན། ལུང་སྟོན་པ་དེ་ཉིད་ཡང་མ་ཡིན༌པས། ཅིའི་ཕྱིར་ཁྲུས་གསོལ་བྱེད་དམ་ཞེས་དྲིས་པ༌ལ། 26ཡོ་ཧ་ནན་ན༌རེ། བདག་གིས་ཆུས་ཁྲུས་གསོལ་བྱེད༌མོད། འོན་ཀྱང་སྐྱེས་བུ་ཞིག་ཁྱོད་ཅག་གི་ཁྲོད་དུ་བཞུགས་ནའང་ཁྱོད་རྣམས་ཀྱིས་ཁོང་སུ་ཡིན་པ་མི་ཤེས། 27ཁོང་ནི་ང་ཡི་རྗེས་སུ་འབྱོན་པ་ཡིན༌ཏེ། བདག་གིས་ཁོང་གི་ལྷམ་མདུད་ཀྱང་དགྲོལ་བར་མི་འོས་ཞེས་གསུངས་སོ།། 28དོན་འདི་རྣམས་ནི་ཡོར་དན་གཙང་པོ་ཕ་རོལ་གྱི་པེ་ཐན་ཡཱའི་ཡུལ༌ཏེ། ཡོ་ཧ་ནན་གྱིས་ཁྲུས་གསོལ་མཛད་པའི་གནས་སུ་བྱུང་བ་ཡིན༌ནོ།། སྐྱབས་མགོན་ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན་པར་བདེན་དཔང་མཛད༌པ།

སྐྱབས་མགོན་ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན་པར་བདེན་དཔང་མཛད༌པ།

29དེའི་ཕྱི༌ཉིན། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་སྐྱབས་མགོན་ཡེ་ཤུ་རང་གི་གམ་དུ་ཕེབས་པ་མཐོང་སྟེ་འདི་སྐད༌དུ། ལྟོས༌དང༌། དཀོན་མཆོག་གི་ལུ་གུ་སྟེ་འཇིག་རྟེན་མི་རྣམས་ཀྱི་སྡིག་པ་བསལ་མཁན་ནི་ཁོང་ཉིད་ཡིན། 30བདག་གི་རྗེས་སུ་འབྱོན་པ་ཁོང་ཉིད་ནི་བདག་གི་སྔོན་དུ་བཞུགས་པས། བདག་ལས་མཆོག་གྱུར་ཡིན་ཞེས་དེ་སྔར་བདག་གིས་སྨྲས་མྱོང་བའི་སྐྱེས་བུ་དེ་ནི་ཁོང་ཉིད་ཡིན་ནོ།། 31དེ་སྔར་བདག་གིས་ཁོང་ཉིད་མི་ཤེས༌ཀྱང༌། ཡེས་ར་ཨེལ་གྱི་མི་ཀུན་ལ་ཤེས་སུ་འཇུག༌ཆེད། བདག་ནི་མི་རྣམས་ལ་ཆུས་ཁྲུས་གསོལ་བྱེད་དུ་འོངས་པ་ཡིན་ཞེས་གསུངས་སོ།། 32ཡང་ཡོ་ཧ་ནན་གྱིས་འདི་སྐད་དུ་བདེན་དཔང་བྱས་པ༌སྟེ། དེ་ཡང་ནམ་མཁའ་ནས་དམ་པའི་ཐུགས་ཉིད་ནི། བྱ་ཕུག་རོན་གྱི་གཟུགས་ཀྱིས་ཁོང་གི་ལུས་སྟེང་དུ་བབས་ཤིང་གནས་པ་བདག་གིས་མཐོང༌བྱུང་ངོ་།། 33དེ་སྔར་བདག་གིས་ཀྱང་ཁོང་ཉིད་མི་ཤེས༌ནའང༌། ང་རང་ཆུ་ཡིས་ཁྲུས་གསོལ་བྱེད་པར་མངགས་མཁན་གྱིས་འདི་སྐད༌དུ། དམ་པའི་ཐུགས་ཉིད་སུའི་སྟེང་དུ་བབས་ཤིང་གནས་པ་ཁྱོད་ཀྱིས་མཐོང་བར་འགྱུར་བའི་སྐྱེས་བུ་དེ་ནི། དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་མཛད་མཁན་ཡིན་ཞེས་གསུངས་པ༌དང༌། 34བདག་གིས་ཀྱང་དེ་བཞིན་དུ་བྱུང་བ་མཐོང་བས། སྐྱེས་བུ་འདི་ནི་དཀོན་མཆོག་གི་སྲས་ཡིན་ཞེས་བདེན་དཔང་བྱས་པ་ཡིན་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུའི་ཐུགས་སྲས་སྔ་ཤོས༌སྐོར།

35དེའི་ཕྱི༌ཉིན། ཁྲུས་གསོལ་མཁན་ཡོ་ཧ་ནན་དང་ཁོང་གི་རྗེས་འབྲང་པ་གཉིས་བཅས་མཉམ་དུ་བསྡད་ཡོད་པ༌ལ། 36ཡོ་ཧ་ནན་གྱིས་སྐྱབས་མགོན་ཡེ་ཤུ་ཕར་ཕེབས་བཞིན་པ་མཐོང༌སྟེ། ལྟོས༌དང༌། འདི་ནི་དཀོན་མཆོག་གི་ལུ་གུ་ཡིན་ཞེས་གསུངས་སོ།། 37རྗེས་འབྲང་པ་གཉིས་ཀྱིས་གཏམ་དེ་ཐོས་ནས་སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲངས། 38དེ་ནས་སྐྱབས་མགོན་ཡེ་ཤུས་ཞལ་ཕྱིར་འཁོར༌ཏེ། མི་དེ་གཉིས་ཁོང་གི་རྗེས་སུ་འབྲངས་པ་གཟིགས་ནས་ཁྱོད་གཉིས་ཀྱིས་ཅི་ཞིག་འཚོལ་བ་ཡིན་ཞེས་གསུངས་པ༌ལ། དེ་གཉིས་ན༌རེ། རཱབ་པེ་ཞེས་སྨྲས་ཤིང་དེ་ནི་སློབ་དཔོན་ལགས་ཞེས་པའི་དོན་ཡིན༌ལ། ཁྱེད་རང་གནས་གང་དུ་བཞུགས་སམ་ཞེས་ཞུས་པ༌དང༌། 39ཡང་ཁོང་གིས་འདིར་ཤོག་དང་ལྟོས་ཤིག་ཅེས་གསུངས་པ༌དང༌། མི་དེ་གཉིས་ཁོང་དང་མཉམ་དུ་ཁོང་ཉིད་བཞུགས་པའི་གནས་སུ་སོང༌ཞིང༌། གནས་དེ་མཐོང་བ་དང་ཉིན་དེར་ཁོང་དང་ལྷན་དུ་བསྡད་དོ།། སྐབས་དེ་ནི་ཕྱི་དྲོའི་ཆུ་ཚོད་བཞི་ཙམ་ཡིན༌པ་རེད། 40དེ་ཡང་ཡོ་ཧ་ནན་གྱི་གསུང་དེ་ཐོས་ཤིང་སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲང་མཁན་དེ་གཉིས་ལས་གཅིག་ནི་སི་མོན་པེ་ཏྲོའི་སྤུན་ཨན་དྲི་ཡཱ་ཡིན། 41ཨན་དྲི་ཡཱ་ཡིས་ཐོག་མར་རང་གི་སྤུན་སི་མོན་བཙལ་ཏེ་ན༌རེ། ངེད་ཅག་སྐྱབས་མགོན་མཱ་ཤི་ཀར་མཇལ་བྱུང་ཞེས་སྨྲས་སོ།། མཱ་ཤི་ཀ་ཞེས་པ་ནི་བྱུགས་པའི་མི་ཞེས་པའི་དོན༌ཡིན། 42དེ་ནས་ཁོས་རང་གི་སྤུན་སི་མོན་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཁྲིད་པ༌དང༌། སྐྱབས་མགོན་ཡེ་ཤུས་སི་མོན་ལ་གཟིགས་ནས་འདི་སྐད༌དུ། ཁྱོད་ནི་ཡོ་ཧ་ནན་གྱི་བུ་སི་མོན་ཡིན༌ཏེ། ཁྱོད་ཀྱི་མིང་ལ་ཀེ་ཕཱ་ཞེས་འབོད་པར་འགྱུར་ཞེས་གསུངས༌ཞིང་། ཀེ་ཕཱ་ཞེས་པ་ནི་པེ་ཏྲོའི་དོན༌ཡིན་ནོ།།

སྐྱབས་མགོན་ཡེ་ཤུས་ཕི་ལིབ་དང་ནཱ་ཐན་ཨེལ་གཉིས་ཚུར་བཀུག༌པ།

43ཡང་དེའི་ཕྱི༌ཉིན། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ག་ལིལ་ཡུལ་དུ་ཕེབས་པར་དགོངས༌ཤིང༌། ཕི་ལིབ་དང་འཕྲད་དེ་བདག་གི་རྗེས་སུ་ཤོག་ཅེས་གསུངས་སོ།། 44ཕི་ལིབ་ཅེས་པ་འདི་ནི་པེ་སད་དཱ་ཡི་མི་ཡིན༌ལ། ཨན་དྲི་ཡཱ་དང་པེ་ཏྲོ་བཅས་དང་གྲོང་ཁྱེར་གཅིག་གི་མི་ཡིན༌པ་རེད། 45དེ་ནས་ཕི་ལིབ་ཀྱིས་ནཱ་ཐན་ཨེལ་བཙལ་ཏེ་ན༌རེ། མོ་ཤེ་ཡིས་བཀའ་ཁྲིམས་ཀྱི་མདོ་ནང་དུ་བཀོད་ཡོད་པ༌དང༌། ལུང་སྟོན་པ་རྣམས་ཀྱིས་ཀྱང་ལུང་བསྟན་ལས་སྐྱེས་བུ་དེའི་སྐོར་བཀོད་ཡོད༌པ་སྟེ། དེ་ནི་ཡོ་སེབ་ཀྱི་བུ་ནཱ་ཙ་རེལ་པ་སྐྱབས་མགོན་ཡེ་ཤུ་ཡིན་ཞིང་། བདག་ཅག་མཇལ་མྱོང་བ་ཡིན་ཞེས་སྨྲས་པ༌ན། 46ནཱ་ཐན་ཨེལ་ན༌རེ། ནཱ་ཙ་རེལ་ནས་དོན་བཟང་པོ་ཞིག་འབྱུང་སྲིད་དམ་ཞེས་སྨྲས་པ༌དང༌། ཕི་ལིབ་ཀྱིས་ཚུར་ཤོག་དང་བལྟ་བར་བྱའོ་ཞེས་སྨྲས་སོ།། 47དེ་ནས་སྐྱབས་མགོན་ཡེ་ཤུས་ནཱ་ཐན་ཨེལ་ཚུར་ཡོང་བ་གཟིགས༌ཏེ། ལྟོས་དང་མི་འདི་ནི་དངོས་སུ་སེམས་ལ་གཡོ་སྒྱུ་མེད་པའི་ཡེས་ར་ཨེལ་པ་ཞིག་ཡིན་ཞེས་གསུངས་པ༌དང༌། 48ནཱ་ཐན་ཨེལ་གྱིས་ཁོང་ལ་ཁྱེད་ཀྱིས་ང་རང་ཇི་ལྟར་མཁྱེན་ནམ་ཞེས་ཞུས་པ༌ལ། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཕི་ལིབ་ཀྱིས་ཁྱོད་རང་མ་བོས་པའི་སྔོན་དུ་ཁྱོད་རང་སེ་ཡབ་ཤིང་གི་སྡོང་རྩར་སྡོད་དུས་བདག་གིས་མཐོང་ཞེས་གསུངས་སོ།། 49ཡང་ནཱ་ཐན་ཨེལ་ན༌རེ། རཱབ་པེ་ལགས། ཁྱེད་རང་ནི་དཀོན་མཆོག་གི་སྲས་ཡིན་ཞིང་ཡེས་ར་ཨེལ་གྱི་རྒྱལ་པོའང་ཡིན་ཞེས་ཞུས་པ༌ལ། 50ཡང་ཁོང་གིས་འདི་སྐད༌དུ། བདག་གིས་ཁྱོད་རང་སེ་ཡབ་ཤིང་གི་སྡོང་རྩར་སྡོད་པ་མཐོང་ཞེས་སྨྲས་པས་ཁྱོད་ཀྱིས་བདག་ལ་ཡིད་ཆེས་བྱེད༌དམ། ཁྱོད་ཀྱིས་དོན་འདི་ལས་ཀྱང་དོན་ཆེན་དག་མཐོང་བར་འགྱུར་ཞེས་གསུངས༌ཤིང༌། 51ཡང་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར༌སྨྲའོ། །ནམ་མཁའི་སྒོ་ཕྱེ་སྟེ་དཀོན་མཆོག་གི་ཕོ་ཉ་རྣམས་མིའི་བུ་ལ་བརྟེན་ནས་ཡར་འཕགས་པ་དང་མར་ཕེབས་པ་ཁྱོད་ཅག་གིས་ཀྱང་མཐོང་བར་འགྱུར་ཞེས་གསུངས༌སོ།།

ཡོ་ཧ་ནན 2

ཀ་ནཱ་གྲོང་སྡེའི་གཉེན༌སྟོན།

1དེ་ནས་ཉིན་གསུམ་པ་ལ་ག་ལིལ་ཡུལ་གྱི་ཀ་ནཱ་རུ་གཉེན་སྟོན་ཞིག་ཡོད༌ལ། སྐྱབས་མགོན་ཡེ་ཤུའི་ཡུམ་ཡང་གནས་དེར་བཞུགས༌ཤིང༌། 2སྐྱབས་མགོན་ཡེ་ཤུ་དང་ཁོང་གི་ཐུགས་སྲས་རྣམས་ཀྱང་གཉེན་སྟོན་དུ་གདན་འདྲེན་ཞུས༌ཡོད་དོ།། 3དུས༌དེར། སྟོན་ཆང་ཐམས་ཅད་བཏུང་ཚར་བ་དང་སྐྱབས་མགོན་ཡེ་ཤུའི་ཡུམ་གྱིས་ཁོང༌ལ། ཁོ་རྣམས་ལ་རྒུན་ཆང་མེད་ཅེས་ཞུས་པ༌ན། 4སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཡུམ༌ལགས། དོན་དེ་བདག་དང་འབྲེལ་བ་ཅི་ཡོད་དམ། བདག་གི་དུས་ནི་ད་དུང་སླེབ་མེད་ཅེས་གསུངས་སོ།། 5ཁོང་གི་ཡུམ་གྱིས་གནས་དེར་ཡོད་པའི་གཡོག་པོ་རྣམས༌ལ། ཁོང་གིས་ཁྱོད་ཅག་ལ་ཇི་ལྟར་གསུངས་ན་ཁྱོད་ཅག་གིས་དེ་ལྟར་བྱོས་ཤིག་ཅེས་སྨྲས། 6ཡ་ཧུ་དཱ་པའི་ལུགས་སྲོལ་བཞིན་གཙང་སྦྲ་བྱེད་པ༌ལ། རྡོ་ཡིས་བཟོས་པའི་ཆུ་རྫ་དྲུག་ཀྱང་གནས་དེར་བཞག་ཡོད༌དེ། དེ་རེ་རེའི་ནང་དུ་ཧ་ལམ་ཆུ་ཟོ་གཉིས་གསུམ་ཙམ་ཤོང༌ཐུབ་བོ།། 7དེ་ནས་སྐྱབས་མགོན་ཡེ་ཤུས་གཡོག་པོ་དེ་རྣམས་ལ་ཆུ་རྫ་འདི་དག་ཆུས་གང་བར་བྱོས་ཞེས་བཀའ་བསྩལ་པ་དང་ཁོ་རྣམས་ཀྱིས་ཀྱང་ཆུས་བལྟམས་པར་བྱས། 8ཡང་ཁོང་གིས་འདི་སྐད༌དུ། ད་ལྟ་བཅུས་ཏེ་གཉེན་སྟོན་གྱི་གཉེར་པ་ལ་སྤྲོད་ཅིག་ཅེས་གསུངས་པ་དང་གཡོག་པོ་རྣམས་ཀྱིས༌བསྐྱལ་ཏོ།། 9དེ་ནས་གཉེར་པས་ཆུ་ནས་བསྒྱུར་བའི་རྒུན་ཆང་གི་བྲོ་བ་མྱངས་ནའང་གང་ནས་བཅུས་ཤིང་གང་ནས་ཁྱེར་ཡོང་བ་མི་ཤེས། འོན་ཀྱང་ཆུ་བཅུ་མཁན་གཡོག་པོ་རྣམས་ཀྱིས་གང་ནས་ཁྱེར་འོངས་པ་ཤེས༌པ་རེད། དེ་ནས་གཉེར་པས་མག་གསར་ཚུར་བོས་ཏེ་ན༌རེ། 10མི་ཚང་མས་རྒུན་ཆང་ཞིམ་པོ་སྔོན་ལ་ལྡུད་ཅིང་མགྲོན་པོ་རྣམས་བཟི་བར་གྱུར༌ཚེ། རྒུན་ཆང་ཕལ་བ་གཞུག་ནས་ལྡུད་པར༌བྱེད། འོན་ཀྱང་ཁྱོད་ཀྱིས་དེ་ལྟར་མི་བྱེད་པར་རྒུན་ཆང་ཞིམ་པོ་གཞུག་ཏུ་བསྐྱུར་ཞེས་སྨྲས་སོ།། 11དེ་ལྟར་གྲུབ་རྟགས་དང་པོ་དེ་སྐྱབས་མགོན་ཡེ་ཤུས་ག་ལིལ་ཡུལ་གྱི་ཀ་ནཱ་རུ་བསྟན་ཏེ། རང་གི་གཟི་བརྗིད་མངོན་པར་མཛད་པས་ཐུགས་སྲས་རྣམས་ཀྱང་ཁོང་ལ་དད་པར་གྱུར་ཏོ།། 12དེའི་རྗེས༌སུ། སྐྱབས་མགོན་ཡེ་ཤུ་རང་གི་ཡུམ་དང་སྐུ༌མཆེད། ཐུགས་སྲས་རྣམས་དང་མཉམ་དུ་མར་ཀཱ་ཕར་ན་ཧུམ་དུ་ཕེབས་ཤིང་གནས་དེ་རུ་ཉིན་འགར་བཞུགས༌སོ།།

མཆོད་ཁང་གཙང་མར་མཛད༌པ།

13དེ་ཡང་ཡ་ཧུ་དཱ་པའི་པེ་སག་གི་དུས་ཆེན་སླེབ་ལ་ཉེ་བ༌ན། སྐྱབས་མགོན་ཡེ་ཤུ་ཡར་ཡེ་རུ་སཱ་ལེམ་དུ་ཕེབས་པ༌དང༌། 14མཆོད་ཁང་ནང་དུ་བ་གླང༌དང༌། ལུག ཕུག་རོན་བཅས་ཚོང་མཁན་དང་དངུལ་བརྗེ་མཁན་རྣམས་བསྡད་ཡོད་པ་གཟིགས༌ཏེ། 15ཁོང་གིས་ཐག་པས་རྟ་ལྕག་ཞིག་མཛད༌དེ། བ་གླང་དང་ལུག་དང་བཅས་པ་ཐམས་ཅད་མཆོད་ཁང་ལས་ཕྱིར་ཕུད་པ༌དང༌། དངུལ་བརྗེ་མཁན་གྱི་དངུལ་སྒོར་ཡང་ས་རུ་གཏོར་བ་དང་དེ་དག་གི་ཅོག་ཙེའང་སར་བསྒྱེལ་ཏོ།། 16དེ་ནས་ཕུག་རོན་ཚོང་མཁན་རྣམས་ལ་འདི་སྐད༌དུ། ཕུག་རོན་འདི་དག་ཕྱིར་ཁྱེར༌ཅིག བདག་གི་ཡབ་ཀྱི་ཕོ་བྲང་འདི་ནི་ཚོང་རར་བྱེད་མི་རུང་ཞེས་གསུངས་སོ།། 17དེ་ནས་ཁོང་གི་ཐུགས་སྲས་རྣམས་ཀྱིས་གསུང་རབ་ཀྱི་མདོ༌ལས། ཁྱེད་ཀྱི་བཞུགས་གནས་ཀྱི་ཆེད་དུ་བདག་གི་སེམས་ནི་བྲེལ་ཞིང་འཚབ་པ་མེ་ལྟར་འབར་ཞེས་བཀོད་ཡོད་པ་དེ་དྲན་ནོ།། 18དེ་ནས་ཡ་ཧུ་དཱ་པ་རྣམས་ན༌རེ། ཁྱེད་ལ་དོན་འདི་རྣམས་མཛད་པའི་དབང་ཡོད་པར་བདེན་དཔང་བྱ་ཆེད་གྲུབ་རྟགས་གང་ཞིག་སྟོན་ནུས་སམ་ཞེས་སྨྲས་པ༌ལ། 19སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་ཁྱོད་ཅག་གིས་མཆོད་ཁང་འདི་བཤིག་ན། བདག་གིས་ཉིན་གསུམ་ལ་སླར་ཡང་བརྩིག་པར་བྱ་ཞེས་གསུངས་སོ།། 20ཡང་དེ་རྣམས་ན༌རེ། མཆོད་ཁང་འདི་ནི་ལོ་ངོ་བཞི་བཅུ་ཞེ་དྲུག་རིང་ལ་བརྩིགས་པ་ཡིན་ཡང་ཁྱོད་ཀྱིས་ཉིན་གསུམ་ལ་བརྩིག་ཐུབ་བམ་ཞེས་དྲིས། 21འོན་ཀྱང་དེ་ནི་སྐྱབས་མགོན་ཡེ་ཤུས་རང་གི་སྐུ་ལུས་ཡིན་པའི་མཆོད་ཁང་ལ་དམིགས་ཏེ་གསུངས་པ་ཡིན། 22དེའི༌ཕྱིར། ཁོང་ཉིད་སྐུ་གཤེགས་པ་ནས་སླར་གསོན་པའི་རྗེས༌སུ། ཐུགས་སྲས་རྣམས་ཀྱིས་ཁོང་གི་གསུང་དེ་དྲན༌ནས། གསུང་རབ་ཀྱི་མདོ་དང་སྐྱབས་མགོན་ཡེ་ཤུས་གསུངས་པའི་བཀའ་ལ་དད་པར་གྱུར༌ཏོ།། 23དེ་ཡང་པེ་སག་གི་དུས་ཆེན་ལ་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་བཞུགས༌ཤིང༌། མི་མང་པོས་ཁོང་གིས་མཛད་པའི་གྲུབ་རྟགས་རྣམས་མཐོང་སྟེ་ཁོང་གི་མཚན་ལ་དད་པར་གྱུར་ཏོ།། 24འོན་ཀྱང་སྐྱབས་མགོན་ཡེ་ཤུས་མི་ཐམས་ཅད་མཁྱེན་པས་དེ་དག་ལ་བློ་མི་གཏོད༌ཅིང༌། 25ཁོང་གིས་མིའི་སེམས་སུ་ཅི་ཡོད་པའང་མཁྱེན་པས་སུས་ཀྱང་མི་གཞན་ཅི་འདྲ་ཡིན་པར་བདེན་དཔང་བྱེད་དགོས་དོན་ཅི་ཡང་མེད༌དོ།།

ཡོ་ཧ་ནན 3

སྐྱབས་མགོན་ཡེ་ཤུས་ནེ་ཀོ་དེམ་ལ་ཆོས་གསུངས༌པ།

1དེ་ཡང་ནེ་ཀོ་དེམ་ཞེས་པའི་ཕ་རུ་ཤི་པ་ཞིག་ཡོད་པ་དེ་ནི་ཡ་ཧུ་དཱ་པའི་ཆོས་དཔོན་ཞིག་ཡིན༌ལ། 2ནམ་ཞིག་གི་མཚན༌མོར། མི་དེ་སྐྱབས་མགོན་ཡེ་ཤུར་མཇལ་དུ་ཡོང༌སྟེ། རཱབ་པེ་ལགས། དཀོན་མཆོག་ནི་ཁྱེད་དང་ལྷན་དུ་མི་བཞུགས༌ན། ཁྱེད་ཀྱིས་མཛད་པའི་གྲུབ་རྟགས་རྣམས་མི་གཞན་སུས་ཀྱང་སྟོན་པར་མི་ནུས༌པས། ཁྱེད་ནི་དཀོན་མཆོག་གི་དྲུང་ནས་ཕེབས་པའི་སློབ་དཔོན་ཞིག་ཡིན་པ་ངེད་རྣམས་ཀྱིས་ཤེས་ཞེས་ཞུས་པ༌ན། 3སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། གལ་ཏེ་མི་ཞིག་ཡང་བསྐྱར་མ་སྐྱེས་ན་དཀོན་མཆོག་གི་རྒྱལ་སྲིད་མཐོང་མི་ནུས་ཞེས་གསུངས་སོ།། 4ཡང་ནེ་ཀོ་དེམ་ན༌རེ། མི་ཞིག་ཆེར་སྐྱེས་ནས་རྒས་ཚེ་ཡང་བསྐྱར་ཇི་ལྟར་སྐྱེ་ནུས༌སམ། སླར་ཡང་མའི་མངལ་དུ་ཞུགས་ཏེ་ལན་གཉིས་པར་སྐྱེ་སྲིད་དམ་ཞེས་ཞུས་པ༌ལ། 5ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། གལ་ཏེ་མི་ཞིག་ཆུ་དང་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་མ་སྐྱེས་ན་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་མི་ཐུབ་བོ།། 6ཤ་ཁྲག་གི་ཕུང་བོ་ལས་སྐྱེས་པ་ནི་ཤ་ཁྲག་གི་ཕུང་བོ་ཡིན་ཞིང་དམ་པའི་ཐུགས་ཉིད་ལས་སྐྱེས་པ་ནི་སེམས་ཉིད་ཡིན། 7བདག་གིས་ཁྱོད་རང་ཡང་བསྐྱར་སྐྱེ་དགོས་པ་ཡིན་ཞེས་སྨྲས་པ་ལ་ཁྱོད་ཀྱིས་ངོ་མཚར་བར་མ་འདོད༌ཅིག 8རླུང་ནི་རང་བཞིན་དུ་གཡུག་ཅིང་ཁྱོད་ཀྱིས་རླུང་གི་སྒྲ་ཐོས་ཀྱང་རླུང་དེ་གང་ནས་ཡོང་ཞིང་གང་དུ་རྒྱུ་བ་མི་ཤེས་པ༌ལྟར། དམ་པའི་ཐུགས་ཉིད་ལས་སྐྱེས་པ་ཐམས་ཅད་ཀྱང་དེ་བཞིན་ཡིན་ཞེས་གསུངས་པ༌དང༌། 9ཡང་ནེ་ཀོ་དེམ་ན༌རེ། དེས་ན་དོན་འདི་རྣམས་ཇི་ལྟར་འབྱུང་སྲིད་དམ་ཞེས་ཞུས་པ༌ལ། 10ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ནི་ཡེས་ར་ཨེལ་མི་རིགས་ཀྱི་སློབ་དཔོན་ཡིན་ཡང་དོན་དེ་རྣམས་ཀྱང་མི་ཤེས༌སམ། 11བདག་གིས་ཁྱོད་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། ངེད་ཅག་གིས་ཅི་ཤེས་པ་སྨྲས་ཤིང་དངོས་སུ་མཐོང་བ་དེར་བདེན་དཔང་བྱས་པ༌ཡིན། འོན༌ཀྱང༌། ཁྱོད་ཅག་གིས་ངེད་རྣམས་ཀྱི་བདེན་དཔང་ཁས་མི་ལེན༌པ་རེད། 12བདག་གིས་ཁྱོད་རྣམས་ལ་ས་གཞིའི་སྟེང་གི་དོན་རྣམས་བཤད་པར་ཁྱོད་ཅག་ཡིད་མི་ཆེས༌ན། ནམ་མཁའི་ཞིང་ཁམས་ཀྱི་དོན་རྣམས་སྨྲས་ཀྱང་ཁྱོད་ཅག་ཇི་ལྟར་ཡིད་ཆེས་པར་འགྱུར༌རམ། 13དེ་ཡང་ནམ་མཁའི་ཞིང་ཁམས་ནས་ཕེབས་པའི་མིའི་བུ་ལས༌གཞན། སུ་ཞིག་ཀྱང་ནམ་མཁའི་ཞིང་ཁམས་སུ་འཕགས་མ་མྱོང༌། 14སྔོན་ཆད་མོ་ཤེ་ཡིས་དབེན་སྟོང་ཡུལ་ནས་སྦྲུལ་ཞིག་གྱེན་དུ་བསྒྲེངས་པ༌ལྟར། མིའི་བུ་ཡང་གྱེན་དུ་བསྒྲེང་བར་འགྱུར་དགོས༌ཏེ། 15མིའི་བུ་ལ་དད་པ་བྱེད་མཁན་ཐམས་ཅད་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་པར་འགྱུར་བའི་ཕྱིར༌ཡིན། 16དཀོན་མཆོག་གིས་འཇིག་རྟེན་གྱི་མི་ཀུན་ལ་གཅེས་ཤིང་བྱམས༌ཏེ། ཁོང་གི་སྲས་ལ་དད་པ་བྱེད་མཁན་ཐམས་ཅད་ལ་ནམ་ཡང་འཇིག་པ་མེད་ཅིང་མཐའ་མེད་པའི་ཚེ་སྲོག་འཐོབ་པའི་ཕྱིར། ཁོང་གིས་རང་ཉིད་ཀྱི་སྲས་གཅིག་པོའང་མི་ཀུན་ལ་གནང༌བའོ།། 17དཀོན་མཆོག་གིས་རང་གི་སྲས་འཇིག་རྟེན་དུ་མངགས་པ་ནི་འཇིག་རྟེན་གྱི་མི་ཐམས་ཅད་སྐྱོབ་པར་མཛད་པ་ལས་ཉེས་ཆད་གཅོད་པར་མངགས་པ་མ་ཡིན་ནོ།། 18དཀོན་མཆོག་གི་སྲས་ལ་དད་པ་བྱེད་མཁན་རྣམས་ལ་ཉེས་ཆད་གཅོད་པར་མི་འགྱུར༌ཡང༌། དཀོན་མཆོག་གི་སྲས་གཅིག་པོའི་མིང་ལ་དད་པ་མི་བྱེད་པ་རྣམས་ཀྱིས་དད་པ་མ་བྱས་པས་ཉེས་ཆད་བཅད་ཟིན༌པ་ཡིན། 19ཉེས་ཆད་གཅོད་པ་ནི་འདི་ལྟ༌སྟེ། གཟི་འོད་དེ་ཉིད་འཇིག་རྟེན་དུ་ཕེབས་ནའང་མི་རྣམས་ཀྱི་སྤྱོད་པ་ངན༌པས། དེ་རྣམས་གཟི་འོད་ལ་མི་དགའ་བར་མུན་ནག་ལ་ཞེན་ཅིང་ཆགས་པའི་ཕྱིར༌ཡིན། 20ངན་པ་སྤྱོད་མཁན་ཐམས་ཅད་ཀྱིས་རང་གི་སྤྱོད་པ་ངན་པ་དེ་ཕྱིར་མངོན་པར་དོགས༌ནས། གཟི་འོད་ལ་སྡང་ཞིང་གཟི་འོད་ཀྱི་དྲུང་དུའང་མི་ཡོང༌། 21འོན༌ཀྱང༌། བདེན་དོན་ཉམས་ལེན་བྱེད་མཁན་རྣམས་རང་གིས་བྱེད་པ་ཐམས་ཅད་དཀོན་མཆོག་ལ་བརྟེན་ནས་ཕྱིར་མངོན་པའི་ཆེད༌དུ། གཟི་འོད་ཀྱི་དྲུང་དུ་ཡོང་བ་ཡིན་ཞེས་གསུངས༌སོ།།

ཡོ་ཧ་ནན་གྱིས་སྐྱབས་མགོན་ཡེ་ཤུ་ལ་བདེན་དཔང་བྱེད༌པ།

22དོན་དེ་དག་བྱུང་བའི་རྗེས༌སུ། སྐྱབས་མགོན་ཡེ་ཤུ་དང་ཐུགས་སྲས་རྣམས་ཡ་ཧུ་དཱའི་ཡུལ་དུ་ཕེབས༌ཤིང༌། ཡུལ་དེར་ལྷན་དུ་བཞུགས་པ་དང་ཁོང་གིས་མི་རྣམས་ལ་ཁྲུས་གསོལ་མཛད། 23ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་ཀྱང་སཱ་ལིམ་ཡུལ་དང་ཉེ་བའི་ཨེ་ནོན་ཞེས་པའི་གནས་སུ་ཁྲུས་གསོལ་བྱེད་བཞིན་ཡོད༌དེ། གནས་དེ་རུ་ཆུ་མང་པོ་ཡོད་པས་མི་རྣམས་ཀྱང་གནས་དེར་ཕྱིན་ནས་ཁྲུས་གསོལ་ལ་ཞུགས་སོ།། 24དེའི་དུས་སུ་ཡོ་ཧ་ནན་ད་དུང་བཙོན་དུ་བཅུག་མེད༌པའོ།། 25དུས༌དེར། ཡོ་ཧ་ནན་གྱི་སློབ་མ་རྣམས་དང་ཡ་ཧུ་དཱ་པ་ཞིག་གཙང་སྦྲའི་ལུགས་སྲོལ་ཐད་ལ་རྩོད་པ་བྱུང༌བས། 26ཡོ་ཧ་ནན་གྱི་དྲུང་དུ་ཡོང་སྟེ་ན༌རེ། རཱབ་པེ་ལགས། དེ་སྔོན་ཡོར་དན་གཙང་པོའི་ཕ་རོལ་ཏུ་ཁྱེད་དང་མཉམ་དུ་བཞུགས་ཤིང་། ཁྱེད་ཀྱིས་བདེན་དཔང་བྱས་པ་དེས་ད་ལྟ་ཁྲུས་གསོལ་མཛད་ཀྱིན༌འདུག མི་ཀུན་ཀྱང་ཁོང་གི་དྲུང་དུ་འགྲོ་བཞིན་ཡོད་ཅེས་ཞུས་པ༌ལ། 27ཡོ་ཧ་ནན་གྱིས་འདི་སྐད༌དུ། གལ་ཏེ་ནམ་མཁའི་ཞིང་ཁམས་ནས་གནང་བ་མིན་ན་མི་ཞིག་ལ་ཅི་ཡང་འཐོབ་མི་སྲིད། 28ཡང་དེ་སྔོན་བདག་གིས་འདི་སྐད༌དུ། ང་ནི་སྐྱབས་མགོན་མཱ་ཤི་ཀ་མིན༌ཏེ། སྐྱབས་མགོན་མཱ་ཤི་ཀའི་སྔོན་དུ་མངགས་པ་དེ་ཡིན་ཞེས་སྨྲས་མྱོང་བ༌ལྟར། ད་ལྟ་ཁྱོད་ཅག་གིས་ཀྱང་ང་རང་ལ་བདེན་དཔང་བྱེད་ཆོག༌པ་ཡིན། 29བག་མ་ལེན་མཁན་ནི་མག་པ་ཡིན༌ཏེ། ཁོའི་གྲོགས་པོ་ལངས་ནས་བསྡད་ཅིང་མག་པའི་སྐད་ཐོས་པས་སེམས་ཤིན་ཏུ༌དགའ། གྲོགས་པོ་དེ་བཞིན་དུ་བདག་ཀྱང་དགའ་སྤྲོས་ཁེངས༌པ་ཡིན། 30དེ་བས་ཁོང་ཉིད་འཕེལ་ཞིང་ང་རང་འགྲིབ་པར་འགྱུར་དགོས་སོ།། 31ཡང་སྟེང་ནས་བྱོན་པ་དེ་ཉིད་ཐམས་ཅད་ལས་བླ་ན༌མཐོ་བ་ཡིན། ས་གཞི་ལ་གཏོགས་པ་དེ་རྣམས་ས་ཐོག་ཏུ་གནས་ཤིང་ས་ཐོག་གི་གཏམ་ཁོ་ན་གླེང་ངོ༌།། འོན་ཀྱང་སྟེང་ནས་བྱོན་པ་དེ་ཉིད་ཐམས་ཅད་ལས་བླ་ན༌མཐོ་བ་ཡིན། 32སྐྱབས་མགོན་ཡེ་ཤུས་རང་ཉིད་ཀྱི་མཐོང་ཐོས་རྣམས་ལ་བདེན་དཔང་མཛད་ནའང་མི་གཞན་སུས་ཀྱང་ཁས་མ་བླངས། 33ཁོང་གིས་མཛད་པའི་བདེན་དཔང་ཁས་ལེན་མཁན་རྣམས་ཀྱིས་དཀོན་མཆོག་ནི་བདེན་པ་ཡིན་པ་ར་སྤྲོད་བྱས་སོ།། 34དེ་ཡང་དཀོན་མཆོག་གིས་མངགས་པ་དེས་དཀོན་མཆོག་གི་བཀའ་གསུང༌ཞིང༌། དེ་ནི་དཀོན་མཆོག་གིས་ཁོང་ལ་དམ་པའི་ཐུགས་ཉིད་རྫོགས་མཐའ་མེད་པ་ཞིག་གནང་བའི་ཕྱིར༌རོ།། 35ཡང་ཡབ་ཀྱིས་རང་གི་སྲས་ལ་བྱམས་ཤིང་བརྩེ་བར་མཛད་ནས་ཐམས་ཅད་སྲས་ཀྱི་ལག་ཏུ་སྤྲད། 36ཡང་སྲས་དེ་ལ་དད་པ་བྱེད་མཁན་ལ་མཐའ་མེད་པའི་ཚེ་སྲོག་ཐོབ་ཅིང༌། སྲས་ལ་དད་པ་མི་བྱེད་པ་ལ་མཐའ་མེད་པའི་ཚེ་སྲོག་མི་འཐོབ༌པར། དཀོན་མཆོག་གི་ཐུགས་ཁྲོ་ནི་ནམ་ཡང་མི་དེའི་སྟེང་དུ་གནས་པར་འགྱུར་ཞེས་གསུངས༌སོ།།

ཡོ་ཧ་ནན 4

སྐྱབས་མགོན་ཡེ་ཤུས་སཱ་མར་ཡ་ཡུལ་གྱི་བུད་མེད་ཅིག་ལ་གསུང་མོལ་མཛད༌པ།

1དེ་ཡང་གཙོ་བོས་རྗེས་འབྲང་པ་བསྡུས་པ་དང་ཁྲུས་གསོལ་མཛད་པ་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་ལས་ཀྱང་མང་པོ་ཡིན་པ་ཕ་རུ་ཤི་པ་རྣམས་ཀྱིས་ཐོས་སོ།། 2དོན་དམ་དུ་སྐྱབས་མགོན་ཡེ་ཤུས་དངོས་སུ་ཁྲུས་གསོལ་མཛད་པ་མ་ཡིན་པར་ཁོང་གི་ཐུགས་སྲས་རྣམས་ཀྱིས་ཁྲུས་གསོལ་བྱས་པ༌ཡིན། 3དེ་ནས་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡ་ཧུ་དཱའི་ཡུལ་དང་ཁ་བྲལ་ནས་ག་ལིལ་ཡུལ་དུ་ཕྱིར་ཕེབས༌སོ།། 4ཁོང་ཉིད་སཱ་མར་ཡ་ཡུལ་བརྒྱུད་ནས་ཕེབས་དགོས༌ཤིང༌། 5སཱ་མར་ཡ་ཡུལ་གྱི་སི་གར་གྲོང་རྡལ་དུ་སླེབས་པ༌དང༌། གྲོང་རྡལ་དེ་སྔོན་ཆད་ཡ་ཀོབ་ཀྱིས་རང་གི་བུ་ཡོ་སེབ་ལ་གནང་བའི་ས་ཆ་དེ་དང་ཐག་ཉེ༌ཞིང༌། 6དེ་རུ་ཡ་ཀོབ་ཀྱི་ཁྲོན་པའང༌ཡོད། དེའི་ཚེ་སྐྱབས་མགོན་ཡེ་ཤུའང་སྐུ་ངལ་ནས་ཁྲོན་པ་དེའི་འགྲམ་དུ་བཞུགས་པ༌དང༌། དུས་དེ་ནི་ཉིན་གུང་ཙམ་ཡིན༌ནོ།། 7-8སྐབས༌དེར། ཁོང་གི་ཐུགས་སྲས་རྣམས་གྲོང་རྡལ་དེ་ལ་ཁ་ཟས་ཉོ་རུ་སོང་ངོ༌།། དེ་ནས་སཱ་མར་ཡ་ཡུལ་གྱི་བུད་མེད་ཅིག་ཆུ་ལེན་དུ་ཡོང་བ༌དང༌། སྐྱབས་མགོན་ཡེ་ཤུས་བུད་མེད་དེ་ལ་འདི་སྐད༌དུ། བདག་ལ་འཐུང་ཆུ་ཉུང་ཙམ་སྟེར་བར་མཛོད་ཅེས་གསུངས་པ༌ན། 9སཱ་མར་ཡ་ཡུལ་གྱི་བུད་མེད་ན༌རེ། ཁྱེད་ནི་ཡ་ཧུ་དཱ་པ་ཞིག་ཡིན་པས་སཱ་མར་ཡ་ཡུལ་གྱི་བུད་མེད་བདག་ལྟ་བུ་ལས་ཆུ་སློང་ངམ་ཞེས་སྨྲས་སོ།། དེ་ནི་མ་གཞི་ཡ་ཧུ་དཱ་པ་རྣམས་ཀྱིས་སཱ་མར་ཡ་པ་རྣམས་དང་འབྲེལ་འདྲིས་མི་བྱེད་པའི་ཕྱིར༌རོ།། 10ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་དཀོན་མཆོག་གི་གནང་སྦྱིན་དང་ཁྱོད་ལ་ཆུ་གནང་བར་མཛོད་ཅེས་ཟེར་མཁན་དེ་སུ་ཡིན་པ་ཤེས༌ན། ཁྱོད་ཀྱིས་སྔ་མོ་ནས་མི་དེ་བསྟེན་ཅིང་ཁོས་ཀྱང་སྔ་མོ་ནས་ཁྱོད་ལ་ཚེ་སྲོག་དང་ལྡན་པའི་ཆུ་གནང་ངེས་ཡིན་ཞེས་གསུངས་སོ།། 11ཡང་བུད་མེད་ན༌རེ། ཇོ་བོ་ལགས། ཁྲོན་པ་འདི་གཏིང་ཟབ་ཅིང་ཁྱེད་ལ་ཆུ་བཅུ་བྱེད་ཀྱི་ཡོ་བྱད་ཀྱང་མེད་པས་ཚེ་སྲོག་དང་ལྡན་པའི་ཆུ་དེ་གང་ནས་ལེན༌ནམ། 12ངེད་ཅག་གི་མེས་པོ་ཡ་ཀོབ་ཀྱིས་ཁྲོན་པ་འདི་ངེད་རྣམས་ལ་གནང༌ཞིང༌། ཁོང་དང་རང་གི་བུ་རྣམས་དང་གཞན་ཡང་ཕྱུགས་ཟོག་ཐམས་ཅད་ཀྱིས་ཀྱང་ཁྲོན་པའི་ཆུ་འདི་འཐུངས་པ་ཡིན། འོན་ཀྱང་ཁྱེད་ནི་ཡ་ཀོབ་ལས་ཀྱང་ཆེན་པོ་ཞིག་ཡིན་ནམ་ཞེས་སྨྲས་སོ།། 13ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཆུ་འདི་འཐུང་བ་རྣམས་སླར་ཡང་སྐོམ་པར་འགྱུར༌མོད། 14འོན་ཀྱང་སུ་ཞིག་གིས་ངས་གནང་བའི་ཆུ་འཐུང་ན་ནམ་ཡང་སྐོམ་པར་མི་འགྱུར། ངས་གནང་བའི་ཆུ་འདི་མི་སུ་ཞིག་གི་སེམས་སུ་ཆུ་མིག་འཕྱུར་བ་ལྟ་བུ་ཞིག་ཏུ་གྱུར་ཏེ་མཐའ་མེད་པའི་ཚེ་སྲོག་འཐོབ་པར་བྱེད་ཅེས་གསུངས་སོ།། 15ཡང་བུད་མེད་ན༌རེ། ཇོ་བོ་ལགས། དེས་ན་ཆུ་དེ་བདག་ལ་གནང་བར༌མཛོད། ངས་ཆུ་དེ་འཐུངས་ན་ང་རང་སྐོམ་མི་སྲིད་ལ་ལམ་རིང་པོ་འདི་ལྟ་བུར་ཆུ་ལེན་དུའང་ཡོང་མི་དགོས་ཞེས་སྨྲས་སོ།། 16ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རང་སོང་ནས་རང་གི་སྐྱེས་པའང་འདིར་བོས་ཤིག་ཅེས་གསུངས་པ༌ན། 17བུད་མེད་ན༌རེ། ང་ལ་སྐྱེས་པ་མེད་ཅེས་སྨྲས་སོ།། ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་སྐྱེས་པ་མེད་ཅེས་ཟེར་བ་བདེན་འདུག 18སྔོན་ཆད་ཁྱོད་ལ་སྐྱེས་པ་ལྔ་ཡོད་མྱོང༌། ད་ལྟ་ཡོད་པ་དེའང་ཁྱོད་ཀྱི་སྐྱེས་པ་མ་ཡིན་པས་ཁྱོད་ཀྱིས་གཏམ་བདེན་པར་སྨྲས་ཞེས་གསུངས་པ་ན། 19བུད་མེད་ན༌རེ། ཇོ་བོ་ལགས། བདག་གིས་ཁྱེད་རང་ནི་ལུང་སྟོན་པ་ཞིག་ཡིན་པ་ཤེས། 20ངེད་ཅག་གི་ཕ་མེས་ཀྱིས་རི་བོ་འདིའི་སྟེང་ནས་དཀོན་མཆོག་ལ་བསྙེན་བཀུར་བྱས་པ༌ཡིན། འོན་ཀྱང་། ཡ་ཧུ་དཱ་པ་ཁྱོད་རྣམས་ཀྱིས་དཀོན་མཆོག་ལ་བསྙེན་བཀུར་བྱེད་དགོས་ཟེར་བའི་གནས་ནི་ཡེ་རུ་སཱ་ལེམ་ཡིན་ཞེས་སྨྲས་སོ།། 21ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བུད་མེད་ཁྱོད་ཀྱིས་བདག་ལ་ཡིད་ཆེས་པར༌གྱིས། རི་བོ་འདི་དང་ཡེ་རུ་སཱ་ལེམ་གང་ཡང་མ་ཡིན༌པར། ཡབ་ལ་བསྙེན་བཀུར་བྱེད་པའི་དུས་ཤིག་སླེབ་པར་འགྱུར། 22ཁྱོད་རྣམས་ཀྱིས་རྒྱུས་མེད་པ་དེ་ལ་བསྙེན་བཀུར་བྱེད་པ༌དང༌། ངེད་རྣམས་ཀྱིས་རྒྱུས་ཡོད་པ་དེ་ལ་བསྙེན་བཀུར་བྱེད་པ་ཡིན༌ཏེ། ཅིའི་ཕྱིར་ཞེ་ན། ཐར་པ་ནི་ཡ་ཧུ་དཱ་པ་ལས་བྱུང་བ་ཡིན། 23འོན་ཀྱང་། ཡབ་ལ་བསྙེན་བཀུར་བྱེད་པའི་དུས་ཤིག་སླེབ་ངེས་ཤིང་ད་ལྟའི་དུས༌ཡིན་ཏེ། བསྙེན་བཀུར་རྣམ་དག་བྱེད་མཁན་རྣམས་ཀྱིས་ཡབ་ལ་དམ་པའི་ཐུགས་ཉིད་དང་བདེན་པ་ཉིད་ཀྱི་སྒོ་ནས་བསྙེན་བཀུར་བྱེད་པར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། ཡབ་ཀྱིས་བསྙེན་བཀུར་བྱེད་མཁན་མི་དེ་ལྟ་བུ་རྣམས་འཚོལ་བའི་ཕྱིར་ཡིན། 24དཀོན་མཆོག་ནི་ཐུགས་ཉིད་ཡིན་པས་ཁོང་ལ་བསྙེན་བཀུར་བྱེད་མཁན་རྣམས་ཀྱིས་དམ་པའི་ཐུགས་ཉིད་དང་བདེན་པ་ཉིད་ཀྱི་སྒོ་ནས་བསྙེན་བཀུར་བྱེད་དགོས་ཞེས་གསུངས་སོ།། 25ཡང་བུད་མེད་ན༌རེ། ངས་སྐྱབས་མགོན་མཱ་ཤི་ཀ་སྟེ་ཁི་རིའི་སི་ཐོ་ཟེར་བ་དེ་ཕེབས་ངེས་པ་ཤེས༌ལ། ཁོང་ཉིད་ཕེབས་ནས་ངེད་རྣམས་ལ་དོན་ཐམས་ཅད་གསུང་བར་འགྱུར་ཞེས་སྨྲས་པ༌ལ། 26སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་གླེང་བཞིན་པའི་མི་དེ་ནི་ང་རང་ཡིན་ཞེས་གསུངས༌སོ།།

ཐུགས་སྲས་རྣམས་ཕྱིར་ལོག་ནས་སྐྱབས་མགོན་ཡེ་ཤུར་མཇལ༌བ།

27དེའི་ཚེ་ཐུགས་སྲས་རྣམས་ཕྱིར་ལོག་པ༌དང་། སྐྱབས་མགོན་ཡེ་ཤུས་བུད་མེད་ཅིག་ལ་གསུང་གླེང་མཛད་ཀྱིན་ཡོད་པ་མཐོང་སྟེ་ཧ་ལས༌པ་རེད། འོན་ཀྱང་སུས་ཀྱང་ཁོང་ལ་ཁྱེད་ཀྱིས་ཅི་དགོངས༌སམ། བུད་མེད་དེ་ལ་གསུང་གླེང་མཛད་དོན་ཅི་ཞེས་འདྲི་མ་ཕོད་དོ།། 28དེ་ནས་བུད་མེད་དེས་རང་གི་ཆུ་ཟོ་བསྐྱུར་ཏེ་གྲོང་རྡལ་དུ་སོང་ནས་མི་རྣམས་ལ་ན༌རེ། 29ཁྱོད་ཅག་ཤོག་དང་། འདིར་མི་ཞིག་ཡོད་པར་ལྟོས་ཤིག དེས་ངས་བྱས་པའི་དོན་ཐམས་ཅད་རེ་རེ་བཞིན་གསུངས་པས་ཁོ་རང་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ཀྱང་སྲིད་ཅེས་སྨྲས་པ༌དང༌། 30མི་དེ་རྣམས་ཀྱང་གྲོང་རྡལ་ལས་ཕྱིར་ཐོན་ཏེ་སྐྱབས་མགོན་ཡེ་ཤུའི་ཕྱོགས་སུ་ཆས༌སོ།། 31དེའི་དུས༌སུ། ཐུགས་སྲས་རྣམས་ན༌རེ། རཱབ་པེ་ལགས། ཞལ་ཟས་བཞེས་རོགས་ཞེས་ནན་གྱིས་ཞུས་ནའང་། 32ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། བདག་ལ་ཁ་ཟས་ཡོད་ཀྱང་ཁྱོད་ཅག་གིས་ཟས་དེ་ཅི་ཡིན་མི་ཤེས་ཞེས་གསུངས་པས། 33ཐུགས་སྲས་རྣམས་ཕན་ཚུན་ལ་ན༌རེ། ཡང་ན་མི་ཞིག་གིས་ཁོང་ལ་ཁ་ཟས་ཤིག་ཕུལ་བ་ཡིན་ནམ་ཞེས་སྨྲས་སོ།། 34དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ང་རང་མངགས་མཁན་གྱི་དགོངས་པ་བཞིན་དུ་བྱེད་པ་དང་ཁོང་གི་ཆོས་དོན་སྒྲུབ་པ་དེ་ནི་བདག་གི་ཁ་ཟས་ཡིན། 35ཁྱོད་ཅག་གི་ཁ་དཔེ༌ལ། ཞིང་འབྲེག་པའི་དུས་ལ་ད་དུང་ཟླ་བ་བཞི་ཡོད་ཅེས་ཟེར་བ་མིན༌ནམ། འོན་ཀྱང་བདག་གིས་ཁྱོད་རྣམས་ལ་འདི་སྐད་སྨྲ༌སྟེ། ཁྱོད་ཅག་གིས་ཞིང་ལ་ལྟོས༌དང༌། ལོ་ཏོག་སྨིན་པར་གྱུར་པས་ཞིང་འབྲེག་རན༌ཏེ། 36ཞིང་འབྲེག་མཁན་ལ་གླ་ཆ་ཐོབ་ཟིན་པ༌དང༌། མཐའ་མེད་པའི་ཚེ་སྲོག་གི༌ཆེད་དུ་འབྲས་བུ་བསྡུ་གསོག་བྱེད་བཞིན་ཡོད་ལ། དེ་ནི་ས་བོན་འདེབས་མཁན་དང་ཞིང་འབྲེག་མཁན་གཉིས་ཀའང་མཉམ་དུ་དགའ་ཞིང་སྤྲོ་བར་འགྱུར་བའི་ཕྱིར་རོ།། 37ཡང་ཁ་དཔེ༌ལ། མི་དེ་ཡིས་ས་བོན༌བཏབ།། མི་འདི་ཡིས་འབྲུ་རིགས༌བསྡུས།། ཞེས་པ་དེ་བདེན༌ནོ།། 38བདག་གིས་ཁྱོད་རྣམས་ངལ་བའི་ལས་ལ་མ་བརྟེན་པ་གང་དེ་བསྡུ་བར་མངགས་པ་ཡིན། མི་གཞན་གྱིས་ངལ་བའི་ལས་ལ་བརྟེན་ཅིང་ཁྱོད་ཅག་གིས་ངལ་བའི་འབྲས་བུ་དེ་ལོངས་སུ་སྤྱད་པ་ཡིན་ཞེས་གསུངས༌སོ།། སཱ་མར་ཡ་ཡུལ་གྱི་མི་མང་པོས་སྐྱབས་མགོན་ཡེ་ཤུར་དད་པ་བྱས༌པ།

སཱ་མར་ཡ་ཡུལ་གྱི་མི་མང་པོས་སྐྱབས་མགོན་ཡེ་ཤུར་དད་པ་བྱས༌པ།

39དེ་ཡང་སྐྱབས་མགོན་ཡེ་ཤུས་བདག་གིས་ཅི་བྱས་ཐམས་ཅད་གསུངས་བྱུང་ཞེས་བུད་མེད་དེས་བདེན་དཔང་བྱས༌པས། སི་གར་གྲོང་རྡལ་གྱི་སཱ་མར་ཡ་པ་མང་པོ་ཞིག་གིས་ཀྱང་སྐྱབས་མགོན་ཡེ་ཤུ་ལ་དད་པ་བྱས་པ་རེད། 40དེ་ནས་སཱ་མར་ཡ་པ་རྣམས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་ནས་ཁོ་རྣམས་དང་མཉམ་དུ་བཞུགས་པར་ཞུས་པ༌ན། ཁོང་ཡང་ཉིན་གཉིས་ཀྱི་རིང་ལ་གནས་དེར་བཞུགས། 41ཁོང་གིས་ཆོས་གསུངས་པས་དད་པ་བྱེད་མཁན་ཡང་སྔར་ལས་ཇེ་མང་དུ་གྱུར་ཏོ།། 42དེ་ནས་སཱ་མར་ཡའི་དད་ལྡན་རྣམས་ཀྱིས་བུད་མེད་དེ༌ལ། ད་ལྟ་ངེད་རྣམས་ཀྱིས་དད་པ་བྱེད་པ་ནི་ཁྱོད་ཀྱི་གཏམ་ཐོས་པས་མ་ཡིན༌ཏེ། ངེད་ཅག་གིས་རང་གི་རྣ་བས་དངོས་སུ་ཐོས་པས་ཁོང་ནི་དངོས་གནས་འཇིག་རྟེན་གྱི་སྐྱབས་མགོན་ཡིན་པ་ཤེས་ཞེས་སྨྲས༌སོ།།

སྐྱབས་མགོན་ཡེ་ཤུས་བློན་ཆེན་ཞིག་གི་བུ་གསོས༌པ།

43དེ་ཡང་ཉིན་གཉིས་ཀྱི་རྗེས་སུ། སྐྱབས་མགོན་ཡེ་ཤུ་གནས་དེ་དང་བྲལ་ནས་ག་ལིལ་ཡུལ་དུ་ཕེབས་པ་རེད། 44ཅིའི་ཕྱིར་ཞེ་ན། སྐྱབས་མགོན་ཡེ་ཤུས་སྔ་མོ་ནས་འདི་སྐད༌དུ། ལུང་སྟོན་པ་ལ་རང་ཡུལ་ནས་བརྩི་བཀུར་མི་བྱེད་ཅེས་བདེན་དཔང་མཛད་པས༌སོ།། 45དེ་ནས་ཁོང་ཉིད་ག་ལིལ་ཡུལ་དུ་བྱོན་པའི༌ཚེ། སྔོན་ཆད་ཡུལ་དེའི་མི་རྣམས་ཡེ་རུ་སཱ་ལེམ་གྱི་པེ་སག་དུས་ཆེན་ལ་སོང༌ཞིང༌། ཁོང་གིས་གནས་དེ་ནས་མཛད་པའི་ངོ་མཚར་བའི་དོན་ཐམས་ཅད་ཀྱང་མཐོང་མྱོང་བས་ཁོང་ལ་བསུ་བ་བྱས་སོ།། 46དེ་ནས་སྐྱབས་མགོན་ཡེ་ཤུ་སླར་ཡང་ཆུ་རྒུན་ཆང་དུ་བསྒྱུར་མྱོང་བའི་ག་ལིལ་ཡུལ་གྱི་ཀ་ནཱ་རུ་ཕེབས་པ༌དང༌། གནས་དེར་བློན་ཆེན་ཞིག་ཡོད་པའི་བུ་ནི་ཀཱ་ཕར་ན་ཧུམ་དུ་ཡོད་ཅིང་ན་ཚ་བྱུང་བ་རེད། 47བློན་ཆེན་དེས་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡ་ཧུ་དཱའི་ཡུལ་ནས་ག་ལིལ་ཡུལ་དུ་ཕེབས་པ་ཐོས་ཏེ་ཁོང་གི་དྲུང་དུ་ཕྱིན༌ཅིང༌། རང་གི་བུ་འཆི་ལ་ཉེ་བས་ཁོང་ཉིད་ཕེབས་ནས་བུ་ཡི་ནད་འཇོམས་པར་ཞུ་བ་ཞུས་པ༌ལ། 48སྐྱབས་མགོན་ཡེ་ཤུས་བློན་ཆེན་དེ་ལ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་གྲུབ་རྟགས་དང་ངོ་མཚར་བའི་དོན་རྣམས་མ་མཐོང་ན་དད་པ་མི་བྱེད་ཅེས་གསུངས་སོ།། 49ཡང་བློན་ཆེན་ན༌རེ། ཇོ་བོ༌ལགས། ཁྱེད་རང་བདག་གི་བུ་མ་ཤི་སྔོན་ལ་ཕེབས་པར་མཛོད་ཅེས་ཞུས་སོ།། 50ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཕྱིར་སོང་དང་ཁྱོད་ཀྱི་བུ་གསོན་པོར་གནས་ཞེས་གསུངས་པ༌དང༌། བློན་ཆེན་གྱིས་སྐྱབས་མགོན་ཡེ་ཤུས་གསུངས་པའི་བཀའ་ལ་ཡིད་ཆེས་ཏེ་ཕྱིར་ལོག་ཅིང་། 51ལམ་བར་དུ་བློན་ཆེན་དེའི་གཡོག་པོ་རྣམས་ཁོ་རང་བསུ་རུ་ཡོང་ནས་ཁྱེད་ཀྱི་བུ་གསོན་པོར་འདུག་ཅེས་སྨྲས་སོ།། 52དེ་ནས་ཁོས་དུས་ནམ་ཞིག་ལ་སོས་པར་གྱུར་རམ་ཞེས་དྲིས་པ༌ལ། དེ་རྣམས་ན༌རེ། ཁ་སང་ཉིན་གུང་གི་ཆུ་ཚོད་གཅིག་ཙམ་ལ་བུའི་ལུས་ཀྱི་ཚ་བཞག་པའོ་ཞེས་སྨྲས་སོ།། 53དེ་ནས་བློན་ཆེན་གྱིས་ཁ་སང་སྐྱབས་མགོན་ཡེ་ཤུས་ཁྱོད་ཀྱི་བུ་གསོན་པོར་གནས་ཞེས་གསུངས་པའི་དུས་དེར་རང་གི་བུ་སོས་པར་གྱུར་པའང་ཤེས༌ཏེ། ཁོ་དང་ཁྱིམ་མི་ཐམས་ཅད་སྐྱབས་མགོན་ཡེ་ཤུ་ལ་དད་པར་གྱུར་ཏོ།། 54དོན་འདི་ནི་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡ་ཧུ་དཱའི་ཡུལ་ནས་སླར་ཡང་ག་ལིལ་ཡུལ་དུ་ཕེབས་ཏེ་མཛད་པའི་གྲུབ་རྟགས་གཉིས་པ་ཡིན༌ནོ།།

ཡོ་ཧ་ནན 5

མི་ཞ་བོ་ཞིག་གསོས༌པ།

1དོན་དེ་དག་བྱུང་བའི་རྗེས༌སུ། ཡ་ཧུ་དཱ་པའི་དུས་ཆེན་ཞིག་ཡོད༌ཅིང༌། སྐྱབས་མགོན་ཡེ་ཤུའང་ཡར་ཡེ་རུ་སཱ་ལེམ་དུ་ཕེབས་པ་རེད། 2དེ་ཡང་ཡེ་རུ་སཱ་ལེམ་གྱི་ལུག་སྒོ་དང་ཉེ་སར་རྫིང་བུ་ཞིག་ཡོད༌ལ། དེའི་མིང་ལ་ཨིབ་རིའི་མི་རིགས་ཀྱི་སྐད་དུ་པེ་ཐེས་དཱ་ཞེས་ཟེར་ཅིང་དེ་ལ་ཁྱམས་ར་ལྔ་ཡོད་དོ།། 3དེའི་ནང་དུ་ལོང་བ་དང་གྱོལ་པོ། ལུས་གཟུགས་རིད་པོ་ལ་སོགས་པའི་ནད་པ་མང་པོ་ཉལ་འདུག༌ཅིང༌། རྫིང་ཆུ་དེ་འཕྱུར་བར་སྒུག་ཡོད༌དེ། 4རྒྱུ་མཚན་ནི་དཀོན་མཆོག་གི་ཕོ་ཉ་ཞིག་དུས་ལྟར་ནམ་མཁའ་ལས་བབས་ཏེ་ཆུ་དཀྲུགས་པ༌ན། ནད་པ་གང་ཞིག་སྔོན་ལ་ཆུའི་ནང་དུ་འཛུལ་བ་དེ་ནད་ལས་ཐར་བ་ཡིན། 5དེ་རུ་ལོ་ངོ་སོ་བརྒྱད་རིང་ལ་ནད་ཀྱིས་མནར་བའི་མི་ཞིག་ཀྱང་ཡོད༌ལ། 6སྐྱབས་མགོན་ཡེ་ཤུས་ནད་པ་དེ་ཉལ་ནས་བསྡད་ཡོད་པ་གཟིགས༌ཤིང༌། ནད་ཀྱིས་མནར་ནས་ཡུན་རིང་འགོར་བའང་མཁྱེན་ཏེ་འདི་སྐད༌དུ། ཁྱོད་རང་ནད་ལས་ཐར་འདོད་དམ་ཞེས་གསུངས་པ༌ན། 7ནད་པ་ན༌རེ། ཇོ་བོ༌ལགས། ཆུ་འཕྱུར་བའི་དུས་སུ་ང་རང་རྫིང་བུའི་ནང་དུ་བསྐྱལ་མཁན་མེད༌པས། ང་རང་ཆུའི་ནང་དུ་འཛུལ་བར་རྩོམ་པ་ན་མི་གཞན་ཞིག་བདག་གི་སྔོན་ལ་ཆུའི་ནང་དུ་འཛུལ་ཟིན་ཞེས་སྨྲས་སོ།། 8དེ་ནས་སྐྱབས་མགོན་ཡེ་ཤུས་ནད་པ་དེ་ལ་འདི་སྐད༌དུ། ཡར་ལོངས་དང་རང་གི་ཁྱོགས་ཤིང་ཁུར་ནས་སྐྱོད་ཅིག་ཅེས་གསུངས་པ༌དང༌། 9དེ་མ་ཐག་ནད་པ་དེ་ནད་ལས་ཐར་ཞིང་ཁྱོགས་ཤིང་ཁུར་ནས་འགྲོ་ཐུབ་པར་གྱུར་ཏོ།། ཉིན་དེ་ནི་ངལ་གསོ་བའི་ཉིན་མོ་ཡིན༌པས། 10ཡ་ཧུ་དཱ་པ་རྣམས་ཀྱིས་ནད་ལས་ཐར་བའི་མི་དེ༌ལ། དེ་རིང་ནི་ངལ་གསོ་བའི་ཉིན་མོ་ཡིན་པས་ཁྱོད་ཀྱིས་ཁྱོགས་ཤིང་འཁུར་བ་ནི་བཀའ་ཁྲིམས་དང་མི་མཐུན་པ་ཡིན་ཞེས་སྨྲས་པ༌དང༌། 11མི་དེ་ན༌རེ། བདག་གི་ནད་འཇོམས་པར་མཛད་མཁན་དེས་བདག་ལ་འདི་སྐད༌དུ། རང་གི་ཁྱོགས་ཤིང་ཁུར་ནས་སྐྱོད་ཅིག་གསུངས་པ་ཡིན་ཞེས་སྨྲས་པ༌དང༌། 12ཡང་དེ་རྣམས་ན༌རེ། ཁྱོད་ལ་རང་གི་ཁྱོགས་ཤིང་ཁུར་ནས་སྐྱོད་ཅིག་ཅེས་ཟེར་མཁན་དེ་སུ་ཡིན་ནམ་ཞེས་དྲིས་སོ།། 13འོན༌ཀྱང༌། ནད་ལས་ཐར་བའི་མི་དེས་ནད་འཇོམས་མཁན་དེ་སུ་ཡིན་པ་མི་ཤེས༌ཏེ། གནས་དེར་མི་ཚོགས་མང་ཞིང་སྐྱབས་མགོན་ཡེ་ཤུའང་ཁོ་རྣམས་ཀྱི་གྲས་སུ་ཕེབས་པས༌སོ།། 14དེའི་རྗེས༌སུ། སྐྱབས་མགོན་ཡེ་ཤུས་མཆོད་ཁང་དུ་ནད་ལས་ཐར་བའི་མི་དེ་རྙེད་ནས་འདི་སྐད༌དུ། ལྟོས་དང་། ཁྱོད་རང་ད་ལྟ་ནད་ལས་ཐར་ཏེ་ལུས་ཁམས་བདེ༌བས། ཕྱིས་སུ་དེ་ལས་ལྷག་པའི་སྡུག་བསྔལ་ཆེན་པོ་མི་མྱང་བའི་ཕྱིར་སྡིག་པ་མ་བྱེད་ཅེས་གསུངས་སོ།། 15དེ་ནས་མི་དེ་ཡ་ཧུ་དཱ་པ་རྣམས་ཀྱི་གམ་དུ་སོང༌སྟེ། རང་གི་ནད་འཇོམས་པར་མཛད་མཁན་དེ་ནི་སྐྱབས་མགོན་ཡེ་ཤུ་ཡིན་པར་སྨྲས༌སོ།།

དཀོན་མཆོག་གི་སྲས་ནས་ཚེ་སྲོག་ཐོབ་པ།

16སྐྱབས་མགོན་ཡེ་ཤུས་ངལ་གསོ་བའི་ཉིན་ལ་དེ་ལྟར་མཛད་པས་ཡ་ཧུ་དཱ་པ་རྣམས་ཀྱིས་ཁོང་ལ་གནོད་འཚེ་བྱས། 17སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། བདག་གི་ཡབ་ཀྱིས་ད་ལྟའི་བར་དུ་འཕྲིན་ལས་སྣ་ཚོགས་མཛད༌ཅིང༌། བདག་གིས་ཀྱང་འཕྲིན་ལས་མཛད་པ་ཡིན་ཞེས་གསུངས་པ༌ན། 18ཡ་ཧུ་དཱ་པ་རྣམས་ཀྱིས་སྔར་ལས་ལྷག་པར་ཁོང་ཉིད་དགྲོང་འདོད༌པ་རེད། རྒྱུ་མཚན་ནི་ཁོང་ཉིད་ངལ་གསོ་བའི་ཉིན་མོའི་ཆོས་ཁྲིམས་དང་འགལ་བར་མ༌ཟད། དཀོན་མཆོག་ནི་རང་གི་ཡབ་ཡིན་ཞེས་ཀྱང་གསུངས༌ཏེ། ཁོང་དང་དཀོན་མཆོག་གཉིས་འདྲ་མཉམ་ཡིན་པར་བྱས་པའི་ཕྱིར༌རོ།། 19དེ་ནས་སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ལ་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར༌སྨྲ་སྟེ། ཡབ་ཀྱིས་དོན་གང་ཞིག་མཛད་པ་བཞིན་སྲས་ཀྱིས་ཀྱང་དེ་ལྟར་མཛད༌པས། སྲས་རང་ཉིད་ཀྱིས་ཡབ་ལ་མ་བརྟེན་པར་ལས་ཅི་ཡང་བྱ་མི་ནུས༌ཤིང༌། ཡབ་ཀྱིས་དོན་གང་ཞིག་མཛད་པ་སྲས་ཀྱིས་མཐོང་གྱུར་ན་སྲས་རང་གིས་ཀྱང་དེ་ལྟར་བྱ་ནུས༌སོ།། 20རྒྱུ་མཚན་ནི་ཡབ་ཀྱིས་སྲས་གཅེས་སུ་འཛིན༌ཅིང༌། ཁོང་ཉིད་ཀྱིས་མཛད་བཞིན་པའི་དོན་ཐམས་ཅད་སྲས་ལ་སྟོན་པར་མ༌ཟད། ཁྱོད་རྣམས་ངོ་མཚར་བའི་ཆེད་དུ་འདི་རྣམས་ལས་ཆེ་བའི་འཕྲིན་ལས་ཀྱང་སྟོན་པར་མཛད་ངེས་སོ།། 21ཡང་ཡབ་ཀྱིས་གཤིན་པོ་རྣམས་ཇི་ལྟར་སླར་གསོན་པར་མཛད་དེ་ཚེ་སྲོག་གནང་བ༌བཞིན། སྲས་ཀྱིས་ཀྱང་རང་གི་འདུན་པ་བཞིན་མི་རྣམས་ལ་ཚེ་སྲོག་གནང་བ་ཡིན། 22ཡང་ཡབ་ཀྱིས་མི་སུ་ལའང་ལེགས་ཉེས་ཀྱི་ཁྲིམས་ཐག་མི་གཅོད་པར་དབང་དེ་ཐམས་ཅད་སྲས་ལ་སྤྲད་པ་ཡིན་ནོ།། 23དེ་ནི་མི་ཐམས་ཅད་ཀྱིས་ཡབ་ལ་མོས་གུས་བྱེད་པ་ལྟར་སྲས་ལའང་མོས་གུས་བྱེད་པའི་ཕྱིར༌ཡིན། འོན་ཀྱང་སུ་ཞིག་གིས་སྲས་ལ་མོས་གུས་མི་བྱེད་ན། སྲས་མངགས་མཁན་ཏེ་ཡབ་ལའང་མོས་གུས་མི་བྱེད། 24ཡང་བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། སུ་ཞིག་གིས་བདག་གི་བཀའ་ལ་ཉན་ཞིང་ང་རང་མངགས་མཁན་ལ་དད་པ་བྱས་ཡོད་པ་ཡིན༌ན། མི་དེ་རྣམས་ལ་མཐའ་མེད་པའི་ཚེ་སྲོག་ཐོབ་ཡོད་པ༌དང༌། ཉེས་ཆད་གཅོད་པར་མི་འགྱུར་ཞིང་། མི་དེ་རྣམས་འཆི་བ་ལས་གྲོལ་ནས་ཚེ་སྲོག་གི་ནང་དུ་ཞུགས་པ་ཡིན་ནོ།། 25ཡང་བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། གཤིན་པོ་རྣམས་ཀྱིས་དཀོན་མཆོག་གི་སྲས་ཀྱི་གསུང་སྐད་ཐོས་པའི་དུས་ཤིག་སླེབ་པར་འགྱུར་ཞིང་དུས་དེ་ནི་ད་ལྟ་ཡིན། གསུང་དེར་ཉན་པ་རྣམས་ཀྱང་གསོན་པར་འགྱུར་རོ།། 26རྒྱུ་མཚན་ནི་ཡབ་ཀྱི་ནང་དུ་ཚེ་སྲོག་བཞུགས་པ་བཞིན་ཁོང་གིས་སྲས་ལའང་དེ་ལྟར་ཚེ་སྲོག་ཡོད་པར་མཛད་པ་ལགས་སོ།། 27སྲས་དེ་ནི་མིའི་བུ་ཡིན་པས་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་དབང་ཡང་སྲས་ལ་གནང༌བ་ཡིན། 28ཁྱོད་རྣམས་དོན་འདིར་ངོ་མཚར་བར་མི༌བྱའོ།། དེ་ཡང་དུར་ཁུང་དུ་སྡོད་པ་ཐམས་ཅད་ཀྱིས་སྲས་ཀྱི་གསུང་སྐད་ཐོས་ནས། དེ་རྣམས་སླར་གསོན་པར་འགྱུར་བའི་དུས་ཤིག་སླེབ་ངེས༌ཤིང༌། 29ལས་བཟང་པོ་བྱས་པ་ཐམས་ཅད་ཚེ་སྲོག་འཐོབ་པའི་ཕྱིར་སླར་གསོན་པ༌དང༌། ལས་ངན་པ་བྱས་པ་ཐམས་ཅད་ལ་ཉེས་ཆད་གཅོད་པའི༌ཕྱིར་སླར་གསོན་པར་འགྱུར་རོ།། 30ང་རང་ཁོ་ན་ལ་བརྟེན་ནས་ལས་ཅི་ཡང་བྱ་མི་ནུས༌ཤིང༌། རང་གི་ཡབ་ཀྱི་བཀའ་ཇི་ལྟར་ཐོས་པ་བཞིན་བདག་གིས་ཀྱང་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པར་བྱེད། བདག་གིས་རང་གི་བསམ་ཚུལ་བཞིན་དུ་མི་བྱ༌བར། ང་རང་མངགས་མཁན་ཡབ་ཀྱི་དགོངས་པ་བཞིན་དུ་སྒྲུབ་པ་ཡིན༌པས། བདག་གིས་གཅོད་པར་བྱེད་པའི་ཁྲིམས་ཐག་དེ་ནི་དྲང་བདེན་ཡིན་ཞེས་གསུངས་སོ།།

སྐྱབས་མགོན་ཡེ་ཤུ་ལ་བདེན་དཔང་བྱེད་པ།

31ཡང་འདི་སྐད་དུ། གལ་ཏེ་ངས་རང་གིས་རང་ལ་བདེན་དཔང་བྱས་ན་བདག་གི་དཔང་པོ་དེ་ནི་བདེན་པ་མ་ཡིན། 32བདག་ལ་བདེན་དཔང་མཛད་མཁན་གཞན་ཞིག་ཡོད་ཅིང་བདག་གིས་ཀྱང་ཁོང་གིས་བདེན་དཔང་མཛད་པ་དེ་བདེན་པ་ཡིན་པར་རྟོགས་སོ།། 33གཞན༌ཡང༌། ཁྱོད་རྣམས་ཀྱིས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་དྲུང་དུ་མི་འགའ་ཞིག་མངགས་མྱོང༌ཞིང༌། ཡོ་ཧ་ནན་གྱིས་ཀྱང་བདེན་པ་ཉིད་ལ་བདེན་དཔང་བྱས་པ་ཡིན། 34དོན་དམ་དུ་བདག་ལ་འཐོབ་པའི་བདེན་དཔང་ནི་མི་ཡི་རིགས་ལས་འཐོབ་པ་མ་ཡིན་ཡང་ཁྱོད་རྣམས་སྐྱོབ་པའི་ཆེད༌དུ། བདག་གིས་གཏམ་འདི་རྣམས་སྨྲས༌པ་ཡིན། 35ཁྲུས་གསོལ་མཁན་ཡོ་ཧ་ནན་ནི་འབར་ཞིང་འོད་སྣང་འཕྲོ་བའི་སྒྲོན་མེ་ཞིག་དང་མཚུངས༌ཤིང༌། ཁྱོད་རྣམས་རེ་ཞིག་ཁོང་གི་སྒྲོན་མེའི་འོད་སྣང་ལ་རང་གི་མོས་པ་བཞིན་དུ་དགའ་བར་བྱེད༌དོ།། 36འོན་ཀྱང་བདག་ལ་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་བདེན་དཔང་ལས་ཀྱང་ཆེ་བའི་བདེན་དཔང་ཞིག་ཡོད༌དེ། ཡབ་ཀྱིས་བདག་ལ་བསྒྲུབ་པར་བཅོལ་བའི་དོན་རྣམས་ནི་བདག་གིས་སྒྲུབ་བཞིན་པའི་ལས་ཡིན༌ལ། ལས་འདི་རྣམས་ཀྱིས་བདག་ནི་ཡབ་ཀྱིས་མངགས་པ་ཡིན་པར་བདེན་དཔང་བྱེད་པ་ཡིན་ནོ།། 37ང་རང་མངགས་མཁན་ཡབ་ཀྱིས་ཀྱང་བདག་ལ་བདེན་དཔང་མཛད༌པ་ཡིན། ཁྱོད་རྣམས་ཀྱིས་ཁོང་གི་གསུང་སྐད་ནམ་ཡང་ཐོས་པ་མེད་ཅིང་ཁོང་གི་གཟུགས་བརྙན་ཡང་མཐོང་བ་མེད། 38ཁོང་གིས་མངགས་པ་དེ་ལ་ཁྱོད་རྣམས་ཀྱིས་དད་པ་མི་བྱེད༌པས། ཡབ་ཀྱི་བཀའ་ཡང་ཁྱོད་ཅག་གི་སེམས་ཁོང་དུ་མི་གནས་སོ།། 39ཁྱོད་རྣམས་ཀྱིས་གསུང་རབ་ལས་མཐའ་མེད་པའི་ཚེ་སྲོག་ཡོད་པར་བསམས་ཤིང་ནན་གྱིས་བརྟགས༌ནའང༌། གསུང་རབ་དེ་ལས་བདག་ལ་བདེན་དཔང་བྱས་ཡོད། 40འོན་ཀྱང་ཁྱོད་རྣམས་བདག་གི་གམ་དུ་མཐའ་མེད་པའི་ཚེ་སྲོག་འཐོབ་པའི་ཆེད་དུའང་ཡོང་མི་འདོད༌དོ།། 41དེ་ཡང་བདག་ནི་མི་རྣམས་ལས་བཀུར་སྟི་འཐོབ་མི་འདོད་དོ།། 42འོན་ཀྱང་དཀོན་མཆོག་གི་བྱམས་པ་ཁྱོད་ཅག་གི་སེམས་ནང་དུ་མེད་པ་བདག་གིས་ཤེས། 43བདག་ནི་རང་གི་ཡབ་ཀྱི་མཚན་ལ་བརྟེན་ནས་ཡོང་ནའང་ཁྱོད་རྣམས་ཀྱིས་ང་རང་ལ་བསུ་བ་མི་བྱེད་ཅིང་། གལ་ཏེ་མི་གཞན་ཞིག་རང་གི་མིང་ལ་བརྟེན་ནས་ཡོང་ན་ཁྱོད་རྣམས་ཀྱིས་བསུ་བ་བྱེད༌པ་ཡིན་ནོ།། 44ཁྱོད་རྣམས་ཀྱིས་ཕན་ཚུན་ལ་བཀུར་སྟི་བྱེད་པ༌ལས། དཀོན་མཆོག་ཁོ་ན་ཉིད་ནས་བྱུང་བའི་བསྟོད་བསྔགས་དེ་ལའང་མི་དགའ༌ན། ཁྱོད་ཅག་གིས་ཇི་ལྟར་བདག་ལ་དད་པ་བྱའམ། 45འོན༌ཀྱང༌། ངས་རང་གི་ཡབ་ཀྱི་དྲུང་ནས་ཁྱོད་རྣམས་ལ་སྐྱོན་བརྗོད་པར་ངེས་ཞེས་ཁྱོད་ཅག་གིས་མ་སེམས༌ཤིག ཁྱོད་རྣམས་ལ་ཉེས་སྐྱོན་བརྗོད་མཁན་ནི་ཁྱོད་རྣམས་ཀྱིས་རེ་ལྟོས་བྱས་པའི་མོ་ཤེ་ཡིན་ནོ།། 46གལ་ཏེ་ཁྱོད་རྣམས་མོ་ཤེ་ལ་ཡིད་ཆེས་ཡོད་ན་བདག་ལའང་ཡིད་ཆེས་ཡོད་དགོས༌ཏེ། ཁོང་གིས་བདག་གི་སྐོར་ཡི་གེར་བཀོད་ཡོད་པའི་ཕྱིར༌རོ།། 47འོན༌ཀྱང༌། ཁྱོད་རྣམས་མོ་ཤེའི་མདོ་རྣམས་ལ་ཡིད་ཆེས་མེད་ན་བདག་གིས་སྨྲས་པའི་གཏམ་ལ་ཇི་ལྟར་ཡིད་ཆེས་སམ་ཞེས་གསུངས༌སོ།།

ཡོ་ཧ་ནན 6

སྐྱབས་མགོན་ཡེ་ཤུས་མི་ལྔ་སྟོང་འགྲངས་པར་མཛད༌པ།

1དོན་དེ་དག་བྱུང་བའི་རྗེས༌སུ། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཐེ་པེར་ཡཱ་སྟེ་ག་ལིལ་ཞེས་པའི་མཚོ་བརྒལ་ནས་མཚོའི་ཕ་རོལ་ཏུ་ཕེབས། 2ཡང་ཁོང་གིས་ནད་པ་དག་ལ་མཛད་པའི་གྲུབ་རྟགས་རྣམས་མི་ཧ་ཅང་མང་པོས་མཐོང་སྟེ་ཁོང་གི་རྗེས་སུ་འབྲངས་སོ།། 3དེ་ནས་སྐྱབས་མགོན་ཡེ་ཤུ་རི་འགོར་ཕེབས་ཤིང་རང་ཉིད་ཀྱི་ཐུགས་སྲས་རྣམས་དང་ལྷན་དུ་གནས་དེ་རུ་བཞུགས། 4སྐབས་དེ་ནི་ཡ་ཧུ་དཱ་པའི་པེ་སག་གི་དུས་ཆེན་ལའང་སླེབ་ལ༌ཉེའོ།། 5དེ་ནས་སྐྱབས་མགོན་ཡེ་ཤུས་ཡར་བལྟས་པ་ན་མི་ཤིན་ཏུ་མང་པོ་ཁོང་གི་དྲུང་དུ་ཡོང་བཞིན་པ་གཟིགས་ཏེ་ཕི་ལིབ་ལ་འདི་སྐད༌དུ། ངེད་རྣམས་ཀྱིས་མི་འདི་རྣམས་ལ་ཁ་ཟས་སྟེར་བའི་བག་ལེབ་ཡུལ་གང་ནས་ཉོ་བར་བྱེད་དམ་ཞེས་གསུངས༌ཤིང༌། 6ཁོང་གིས་ཇི་ལྟར་མཛད་དགོས་པ་མཁྱེན་ནའང་ཕི་ལིབ་ལ་བརྟག་ཆེད་དེ་ལྟར་གསུངས་སོ།། 7ཕི་ལིབ་ན༌རེ། དངུལ་སྒོར་ཉིས་བརྒྱ་བཀོལ་ནས་ཉོས་པའི་བག་ལེབ་དེ་དག་ཁོ་རྣམས་ལ་ཅུང་ཙམ་རེ་བགོས་ཀྱང་འདང་བ་མིན་ཞེས་ཞུས་སོ།། 8དེ་ནས་ཐུགས་སྲས་རྣམས་ལས་སི་མོན་པེ་ཏྲོའི་སྤུན་ཏེ་ཨན་དྲི་ཡཱ་ན༌རེ། 9འདིར་བྱིས་པ་ཞིག་ཡོད་པ་དེའི་ལག་ཏུ་ནས་ཕྱེའི་བག་ལེབ་ལྔ་དང་ཉ་གཉིས་ཡོད་ནའང་མི་འདི་འདྲ་མང་པོ་ཞིག་ལ་བགོས་ཀྱང་འདང་ངམ་ཞེས་ཞུས་པ༌ན། 10སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་མི་རྣམས་ས་རུ་སྡོད་དུ་ཆུག་ཅེས་གསུངས་སོ།། གནས་དེར་རྩྭ་སྔོན་སྐྱེས་པ་བཟང་ལ་མི་རྣམས་ས་རུ་བསྡད༌ཅིང༌། སྐྱེས་པའི་གྲངས་ཀ་མི་ལྔ་སྟོང་ཙམ་ཡོད༌པ་རེད། 11དེ་ནས་སྐྱབས་མགོན་ཡེ་ཤུས་ཕྱག་ཏུ་བག་ལེབ་བསྣམས་ཏེ་བཀའ་དྲིན་ཞུས་པ༌དང༌། ས་རུ་བསྡད་ཡོད་པའི་མི་རྣམས་ལ་བགོ་རུ་བཅུག་ཅིང་། ཉ་གཉིས་ཡོད་པ་ཡང་དེ་བཞིན་མཛད་དེ་མི་རྣམས་ཀྱི་འདོད་མོས་བཞིན་བགོ་རུ་བཅུག་གོ། 12དེ་ནས་མི་རྣམས་ཀྱི་ལྟོ་བ་འགྲངས༌རྗེས། ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཟས་ལྷག་ཆུད་ཟོས་སུ་མི་གཏོང་བའི་ཕྱིར་ཐམས་ཅད་སྡུས་ཤིག་ཅེས་གསུངས་པས། 13དེ་རྣམས་ཀྱིས་ཀྱང་ནས་ཕྱེའི་བག་ལེབ་ལྔའི་ཟས་ལྷག་བསྡུས་ཏེ་སླེ་བོ་བཅུ་གཉིས་བཀང༌ངོ༌།། 14ཡང་མི་ཚོགས་ཀྱིས་སྐྱབས་མགོན་ཡེ་ཤུས་མཛད་པའི་གྲུབ་རྟགས་དེ་མཐོང༌རྗེས། ཁོང་ནི་དངོས་གནས་འཇིག་རྟེན་དུ་འབྱོན་ངེས་པའི་ལུང་སྟོན་པ་དེ་ཉིད་ཡིན་ཞེས་སྨྲས་སོ།། 15དེ་ནས་སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ཡོང་བ་དང་ནན་གྱིས་རང་ཉིད་རྒྱལ་པོར་བསྐོ་ངེས་པ་མཁྱེན༌ཏེ། རང་ཉིད་གཅིག་པུ་སླར་ཡང་རི་བོར་ཕེབས༌སོ།།

སྐྱབས་མགོན་ཡེ་ཤུས་མཚོ་སྟེང་དུ་ཞབས་ཀྱིས་བཅགས༌པ།

16མཚན་མོའི་དུས་སུ། ཐུགས་སྲས་རྣམས་མར་ག་ལིལ་མཚོ་ཡི་འགྲམ་དུ་སོང༌ཞིང༌། 17གྲུར་བསྡད་ནས་ཀཱ་ཕར་ན་ཧུམ་དུ་འགྲོ་བཞིན་པའི་དུས་སུ་མུན་རུབ་པ༌དང༌། སྐྱབས་མགོན་ཡེ་ཤུ་ད་དུང་ཁོ་རྣམས་ཀྱི་གམ་དུ་ཕེབས་མེད༌པ་ཡིན། 18གློ་བུར༌དུ། རླུང་ཆེན་གཡུགས་ནས་རྦ་རླབས་དྲག་ཏུ་འཕྱུར་རོ།། 19ཡང་ཐུགས་སྲས་རྣམས་ཀྱིས་མཚོ་གྲུ་བཏང་ནས་རྒྱང་གྲགས་ལྔའམ་དྲུག་ཙམ་དུ་ཕྱིན་པ༌ན། སྐྱབས་མགོན་ཡེ་ཤུས་མཚོ་སྟེང་དུ་ཞབས་ཀྱིས་བཅགས་ཤིང་མཚོ་གྲུ་དང་ཉེ་བར་ཕེབས་པ་ཁོ་རྣམས་ཀྱིས་མཐོང་ནས་ཤིན་ཏུ་འཇིགས་སོ།། 20དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། འཇིགས་མི་དགོས༌ཏེ། ང་རང་ཡིན་ཞེས་གསུངས་པ༌ན། 21ཐུགས་སྲས་རྣམས་ཀྱིས་དགའ་མགུའི་ངང་ནས་ཁོང་ཉིད་མཚོ་གྲུའི་ནང་དུ་བསུས་པ༌དང༌། མཚོ་གྲུའང་དེ་མ་ཐག་ཏུ་ཁོང་རྣམས་འགྲོ་སའི་ཡུལ་དུ་སླེབས་སོ།། 22དེའི་ཕྱི༌ཉིན། མཚོའི་ཕར་འགྲམ་དུ་བསྡད་ཡོད་པའི་མི་རྣམས་ཀྱིས་སྔོན་རོལ་དུ་གནས་དེར་གྲུ་ཆུང་གཅིག་ལས་གཞན་མེད་པ༌དང༌། མཚོ་གྲུ་དེའི་ནང་དུ་ཐུགས་སྲས་རྣམས་ལས༌གཞན། སྐྱབས་མགོན་ཡེ་ཤུ་བཞུགས་མེད་པ་དང་ཐུགས་སྲས་རྣམས་སོང་ཟིན་པ་ཤེས༌པ་རེད། 23དེ་ནས་མཚོ་གྲུ་འགའ་ཞིག་ཐེ་པེར་ཡཱ་ཡུལ་ཕྱོགས་ནས་སླེབས་ཏེ། སྐྱབས་མགོན་ཡེ་ཤུས་བཀའ་དྲིན་ཞུས་ནས་བག་ལེབ་བགོས་པའི་གནས་དེ་དང་ཉེ་བར་བཅར་བ༌ན། 24མི་ཚོགས་ཀྱིས་སྐྱབས་མགོན་ཡེ་ཤུ་དང་ཐུགས་སྲས་རྣམས་མ་མཐོང༌བས། མཚོ་གྲུ་དེ་དག་ལ་བསྡད་ནས་ཀཱ་ཕར་ན་ཧུམ་དུ་སྐྱབས་མགོན་ཡེ་ཤུ་འཚོལ་དུ་ཕྱིན༌ཏོ།།

ཚེ་སྲོག་གི་བག་ལེབ་སྐོར་གྱི༌ཆོས།

25དེ་ནས་མི་ཚོགས་མཚོའི་ཕར་འགྲམ་ནས་སྐྱབས་མགོན་ཡེ་ཤུར་མཇལ༌ཏེ། རཱབ་པེ་ལགས། ཁྱེད་རང་དུས་ག་ཚོད་འདིར་ཕེབས་པ་ཡིན་ནམ་ཞེས་ཞུས་པ༌ལ། 26སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། ཁྱོད་ཅག་གིས་ང་རང་འཚོལ་དོན་ནི་གྲུབ་རྟགས་རྣམས་མཐོང་བ་མ་ཡིན་པར་བག་ལེབ་ཟོས་ནས་ལྟོ་བ་འགྲངས་པའི་ཕྱིར༌རོ།། 27ཁྱོད་རྣམས་ཀྱིས་མི་རྟག་པའི་ཁ་ཟས་ཀྱི་དོན་དུ་འབད་པ་མི་བྱེད༌པར། མཐའ་མེད་པའི་ཚེ་སྲོག་ཐོབ་པའི་བར་དུ་གནས་པའི་ཁ་ཟས་དེའི་དོན་དུ་བརྩོན་པར༌གྱིས། མིའི་བུ་ཡིས་ཁྱོད་རྣམས་ལ་ཁ་ཟས་དེ་གནང་ངེས་ཡིན། མིའི་བུ་ལ་ཡབ་དཀོན་མཆོག་གིས་ཕྱག་རྒྱ་བཏབ་ཡོད་པ་ཡིན་ཞེས་གསུངས་སོ།། 28ཡང་མི་ཚོགས་ན༌རེ། ངེད་རྣམས་ཀྱིས་ལས་གང་ཞིག་བྱས་ན་དཀོན་མཆོག་གི་དོན་སྒྲུབ་པ་ཡིན་ནམ་ཞེས་ཞུས་པ༌ལ། 29ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དཀོན་མཆོག་གིས་མངགས་པ་དེ་ལ་དད་པ་བྱས༌ན། འདི་ནི་དཀོན་མཆོག་གི་དོན་སྒྲུབ་པ་ཡིན་ཞེས་གསུངས་སོ།། 30ཡང་དེ་རྣམས་ན༌རེ། འོ་ན་ཁྱེད་ཀྱིས་ངེད་རྣམས་ལ་གྲུབ་རྟགས་ཤིག་སྟོན༌དང༌། ངེད་ཅག་གིས་མཐོང་བ་དང་ཁྱེད་ལ་ཡིད་ཆེས༌བྱ། ཁྱེད་ཀྱིས་ལས་གང་ཞིག་བྱེད་པ་ཡིན༌ནམ། 31ངེད་ཅག་གི་ཕ་མེས་ཡང་མེས་རྣམས་ཀྱིས་དབེན་སྟོང་ཡུལ་ནས་མཱན་ནཱ་ཟོས་མྱོང་བ་ནི་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁོང་གིས་དེ་རྣམས་ལ་ནམ་མཁའི་ཞིང་ཁམས་ནས་བག་ལེབ་ཁ་ཟས་སུ་གནང་ཞེས་བཀོད་པ་བཞིན་ཡིན་ཞེས་པ༌ལ། 32ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། མོ་ཤེ་ཡིས་ཁྱོད་རྣམས་ལ་ནམ་མཁའི་ཞིང་ཁམས་ནས་བག་ལེབ་གནང་བ་མ་ཡིན༌པར། བདག་གི་ཡབ་ཀྱིས་ནམ་མཁའི་ཞིང་ཁམས་ནས་བདེན་པའི་བག་ལེབ་ཁྱོད་ཅག་ལ་གནང༌བ་ཡིན། 33རྒྱུ་མཚན་ནི་དཀོན་མཆོག་གི་བག་ལེབ་ནི་ནམ་མཁའི་ཞིང་ཁམས་ནས་འོངས་ཤིང་། འཇིག་རྟེན་གྱི་མི་ཀུན་ལ་མཐའ་མེད་པའི་ཚེ་སྲོག་གནང་མཁན་ཡང་ཡིན་ཞེས་གསུངས་པ་ན། 34དེ་རྣམས་ན༌རེ། ཇོ་བོ༌ལགས། དེས་ན་བག་ལེབ་དེ་རྟག་ཏུ་ངེད་ཅག་ལ་གནང་བར་མཛོད་ཅེས་ཞུས༌སོ།། 35དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་ནི་ཚེ་སྲོག་གི་བག་ལེབ་ཡིན༌ཏེ། ངའི་གམ་དུ་ཡོང་བ་རྣམས་ལ་བཀྲེས་ལྟོགས་མི་འབྱུང༌ཞིང༌། ཡང་ང་རང་ལ་དད་པ་བྱེད་མཁན་རྣམས་ནམ་ཡང་སྐོམ་མི་སྲིད། 36འོན་ཀྱང་བདག་གིས་སྨྲས་པ་བཞིན་ཁྱོད་རྣམས་ཀྱིས་ང་རང་མཐོང་ནའང་དད་པ་མི་བྱེད་དོ།། 37དེ་ཡང་ཡབ་ཀྱིས་ང་རང་ལ་བསྩལ་བའི་མི་ཐམས་ཅད་བདག་གི་དྲུང་དུ་ཡོང་ངེས༌ཤིང༌། བདག་གི་གམ་དུ་ཡོང་བའི་མི་སུ་ཡིན་ཡང་བདག་གིས་ནམ་ཡང་འདོར་མི་སྲིད་དོ།། 38རྒྱུ་མཚན་ནི་ང་རང་ནམ་མཁའི་ཞིང་ཁམས་ནས་ཡོང་དོན་ནི་རང་གི་བསམ་དོན་བཞིན་སྒྲུབ་པའི་ཕྱིར་འོངས་པ་མིན༌ཏེ། ང་རང་མངགས་མཁན་གྱི་དགོངས་པ་བཞིན་དུ་བསྒྲུབ་པའི་ཕྱིར་ཡོང༌བ་ཡིན། 39ང་རང་མངགས་མཁན་ཁོང་གི་དགོངས་པ་ནི་ཁོང་གིས་བདག་ལ་གནང་བ་ཐམས་ཅད་ལས་བདག་གིས་གཅིག་ཀྱང་མི་སྟོར༌བར། མཐའ་མའི་ཉིན་མོ་ལ་དེ་རྣམས་སླར་གསོན་དུ་འཇུག་པ་དེ་ཡིན་ནོ།། 40རྒྱུ་མཚན་ནི་སྲས་དེ་ཉིད་མཇལ་ནས་དད་པ་བྱེད་མཁན་ཐམས་ཅད་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་པ༌དང༌། མཐའ་མའི་ཉིན་མོར་ཡང་བདག་གིས་དེ་རྣམས་སླར་གསོན་དུ་འཇུག་དགོས་པ་ནི་བདག་གི་ཡབ་ཀྱི་དགོངས་པའང་ཡིན་ཞེས་གསུངས༌སོ།། 41དེ་ཡང་སྐྱབས་མགོན་ཡེ་ཤུས་ང་རང་ནི་ནམ་མཁའི་ཞིང་ཁམས་ནས་འོངས་པའི་བག་ལེབ་ཡིན་ཞེས་གསུངས་པ་དེར་ཡ་ཧུ་དཱ་པ་རྣམས་ཀྱིས་ལྐོག་ཏུ་གླེང༌སྟེ་ན་རེ། 42ཁོ་རང་ནི་ཡོ་སེབ་ཀྱི་བུ་ཡེ་ཤུ་མ་ཡིན༌ནམ། ཁོའི་ཕ་མ་གཉིས་བདག་ཅག་གིས་ངོ་ཤེས་པ་མ་ཡིན༌ནམ། ད་ལྟ་ཁོས་ང་རང་ནི་ནམ་མཁའི་ཞིང་ཁམས་ནས་འོངས་པ་ཡིན་ཞེས་ཟེར་དོན་ཅི་ཡིན་ནམ་ཞེས་སྨྲས་སོ།། 43དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་ལྐོག་ནས་གཏམ་དེ་དག་གླེང་བར་མི༌བྱའོ།། 44གལ་ཏེ་ང་རང་མངགས་མཁན་ཡབ་ཀྱིས་སུ་ཞིག་བདག་གི་ཕྱོགས་སུ་དྲངས་པ་མིན༌ན། མི་སུ་ཡང་བདག་གི་གམ་དུ་ཡོང་མི་ནུས། བདག་གིས་མཐའ་མའི་ཉིན་མོར་མི་དེ་སླར་གསོན་དུ་འཇུག༌པ་ཡིན། 45ལུང་སྟོན་པའི་མདོ་ལས་ཇི་སྐད༌དུ། དཀོན་མཆོག་གིས་མི་དེ་ཐམས་ཅད་ལ་ཆོས་གསུང་བར་འགྱུར་ཞེས་བཀོད་ཡོད། ཡབ་ཀྱི་བཀའ་རྣམས་ཐོས་ཤིང་སྦྱངས་པ་ཐམས་ཅད་བདག་གི་དྲུང་དུ་ཡོང༌ངོ་།། 46འོན་ཀྱང་མི་སུ་ཞིག་གིས་ཡབ་མཐོང་མྱོང་བ་མིན༌ཏེ། དཀོན་མཆོག་གི་དྲུང་ནས་ཡོང་མཁན་ལས་གཞན་སུས་ཀྱང་ཁོང་ཉིད་མཐོང་བ་མེད། 47བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། དད་པ་བྱེད་མཁན་རྣམས་ལ་མཐའ་མེད་པའི་ཚེ་སྲོག་ཐོབ་ཡོད་དོ།། 48བདག་ནི་ཚེ་སྲོག་གི་བག་ལེབ་ཡིན། 49ཁྱོད་ཅག་གི་ཕ་མེས་ཡང་མེས་རྣམས་ཀྱིས་དབེན་པའི་ཡུལ་ནས་མཱན་ནཱ་ཟོས་ཀྱང་མཐའ་མར་ཤི་བར་གྱུར་ཏོ།། 50འོན་ཀྱང་འདི་ནི་ནམ་མཁའི་ཞིང་ཁམས་ནས་འོངས་པའི་བག་ལེབ་ཡིན༌པས། སུ་ཞིག་གིས་བག་ལེབ་འདི་ཟོས་ན་གཏན་དུ་འཆི་མི་སྲིད། 51བདག་ནི་ནམ་མཁའི་ཞིང་ཁམས་ནས་འོངས་པའི་ཚེ་སྲོག་གི་བག་ལེབ་ཡིན༌ཏེ། སུ་ཞིག་གིས་བག་ལེབ་འདི་ཟོས་ན་གཏན་དུ་གསོན་པར་འགྱུར། བག་ལེབ་འདི་ནི་བདག་གི་ཤ་ཡིན༌ཏེ། ངས་འཇིག་རྟེན་མི་ཀུན་གྱི་ཚེ་སྲོག་གི་དོན་དུ་གནང་བར་འགྱུར་ཞེས་གསུངས༌སོ།། 52དེ་ནས་ཡ་ཧུ་དཱ་པ་རྣམས་ན༌རེ། མི་འདིས་ཁོའི་ཤ་ནི་བདག་ཅག་གི་ཟས་སུ་ཅི་ལྟར་སྟེར་ནུས་སམ་ཞེས་རྩོད་གླེང་བྱས་པ༌ན། 53སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། ཁྱོད་རྣམས་ཀྱིས་མིའི་བུ་ཁོང་གི་ཤ་མི་བཟའ་ཞིང་ཁྲག་ཀྱང་མི་འཐུང༌ན། ཁྱོད་ཅག་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་མི་སྲིད། 54བདག་གི་ཤ་ཟ་ཞིང་ཁྲག་འཐུང་མཁན་རྣམས་ལ་མཐའ་མེད་པའི་ཚེ་སྲོག་ཐོབ་ཡོད་པ་དང་མཐའ་མའི་ཉིན་མོར་ཡང་བདག་གིས་དེ་རྣམས་སླར་གསོན་དུ་འཇུག༌རྒྱུ་ཡིན། 55བདག་གི་ཤ་ནི་ཁ་ཟས་དངོས་ཡིན་ཞིང་བདག་གི་ཁྲག་ནི་བཏུང་བ་དངོས་ཀྱང་ཡིན། 56བདག་གི་ཤ་ཟ་ཞིང་ཁྲག་འཐུང་མཁན་དེ་ནི་བདག་གི་ནང་དུ་གནས༌ཤིང༌། ང་རང་ཡང་ཁོའི་ནང་དུ་མཆིས་སོ།། 57གཏན་དུ་གསོན་པོར་བཞུགས་པའི་ཡབ་ཀྱིས་ང་རང་འཇིག་རྟེན་དུ་མངགས་ཤིང་ང་རང་ཡང་ཁོང་ལ་བརྟེན་ནས་གསོན་པོར་གནས་པ༌བཞིན། བདག་གི་ཤ་ཟ་མཁན་ཡང་བདག་ལ་བརྟེན་ནས་གསོན་པོར་གནས༌པ་ཡིན། 58འདི་ནི་ནམ་མཁའི་ཞིང་ཁམས་ནས་འོངས་པའི་བག་ལེབ་སྟེ། བག་ལེབ་འདི་ཟ་མཁན་རྣམས་ལ་ནམ་ཡང་འཆི་བ་མེད་ཅིང་གཏན་དུ་གསོན་པོར་གནས༌པ་ཡིན། དེ་ནི་ཁྱོད་ཅག་གི་ཕ་མེས་ཡང་མེས་རྣམས་ཀྱིས་མཱན་ནཱ་ཟོས་ཀྱང་ཐ་མར་ཤི་བ་དང་མི་འདྲ་ཞེས་གསུངས་སོ།། 59གསུང་དེ་དག་ནི་སྐྱབས་མགོན་ཡེ་ཤུས་ཀཱ་ཕར་ན་ཧུམ་གྱི་ཆོས་ཁང་དུ་ཆོས་གསུང་བའི་དུས་སུ་གསུངས་པ་ཡིན༌ནོ།།

རྗེས་འབྲང་པ་མང་པོས་སྐྱབས་མགོན་ཡེ་ཤུ་རྒྱབ་ཏུ་དོར༌བ།

60སྐྱབས་མགོན་ཡེ་ཤུའི་རྗེས་འབྲང་པ་རྣམས་ལས་མི་མང་པོས་ཁོང་གི་གསུང་དེ་ཐོས༌ནས། གསུང་འདི་ནི་མི་སུས་ཀྱང་ཁས་ལེན་དཀའ་བ་མ་ཡིན་ནམ་ཞེས་སྨྲས་སོ།། 61དེ་ནས་སྐྱབས་མགོན་ཡེ་ཤུས་རྗེས་འབྲང་པ་རྣམས་ཀྱིས་ཁོང་གི་གསུང་དེར་ལྐོག་ཏུ་གཏམ་གླེང་བ་མཁྱེན་ནས་འདི་སྐད༌དུ། བདག་གིས་སྨྲས་པ་དེས་ཁྱོད་རྣམས་སར་འགྱེལ་དུ་འཇུག་གམ། 62འོ་ན་ཁྱོད་རྣམས་ཀྱིས་མིའི་བུ་ཕྱིར་ཁོ་རང་སྔར་བཞུགས་པའི་གནས་སུ་འཕགས་པ་མཐོང་ན་ཅི༌བྱའམ། 63མི་རྣམས་ལ་ཚེ་སྲོག་གནང་མཁན་ནི་དམ་པའི་ཐུགས་ཉིད་ཡིན་པ་ལས་ཤ་གཟུགས་ཀྱི་ཕུང་བོ་ཡིས་ཕན་ཅི་ཡང་མི་ཐོགས་ཏེ། བདག་གིས་ཁྱོད་ཅག་ལ་སྨྲས་པ་ནི་དམ་པའི་ཐུགས་ཉིད་དང་ཚེ་སྲོག་ཡིན་ནོ།། 64འོན་ཀྱང་ཁྱོད་རྣམས་ལས་ཁ་ཅིག་གིས་བདག་ལ་དད་པ་མི་བྱེད་ཅེས་གསུངས་སོ།། རྒྱུ་མཚན་ནི་སྐྱབས་མགོན་ཡེ་ཤུས་ཐོག་མ་ཉིད་ནས་རང་ལ་དད་པ་མི་བྱེད་པ་རྣམས་དང་རང་ཉིད་ལ་ངོ་ལོག་བྱེད་མཁན་སུ་ཡིན་པ་མཁྱེན༌ནོ།། 65ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེའི༌ཕྱིར། བདག་གིས་ཁྱོད་རྣམས་ལ་སྨྲས་མྱོང་བ༌ལྟར། ཡབ་ཀྱིས་བྱིན་རླབས་གནང་བ་མིན་ན་མི་སུ་ཡང་བདག་གི་གམ་དུ་ཡོང་མི་ནུས་ཞེས་གསུངས༌སོ།། 66སྐྱབས་མགོན་ཡེ་ཤུས་དེ་ལྟར་གསུངས༌རྗེས། ཁོང་གི་རྗེས་འབྲང་པ་རྣམས་ལས་མི་མང་པོ་ཞིག་ཕྱིར་བུད་ཅིང་ཁོང་གི་རྗེས་སུ་མ་འབྲངས་སོ།། 67དེ་ནས་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་བཅུ་གཉིས་པོ་ལ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་ཀྱང་ང་རང་བསྐྱུར་ནས་འགྲོ་འདོད་དམ་ཞེས་གསུངས་པ༌ལ། 68སི་མོན་པེ་ཏྲོ་ན༌རེ། གཙོ་བོ༌ལགས། ངེད་རྣམས་སུ་ཡི་དྲུང་དུ་འགྲོའམ། ཁྱེད་ལ་མཐའ་མེད་པའི་ཚེ་སྲོག་གི་བཀའ་རྣམས་མངའ་བའོ༎ 69ངེད་རྣམས་ཁྱེད་ལ་དད་ཅིང་ཁྱེད་ནི་དཀོན་མཆོག་གི་སྐྱེས་བུ་དམ་པ་དེ་ཉིད་ཡིན་པའང་ཤེས་ཞེས་ཞུས་སོ།། 70དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ཐུགས་སྲས་བཅུ་གཉིས་སུ་བདམས་པ་མ་ཡིན༌ནམ། འོན༌ཀྱང༌། ཁྱོད་རྣམས་ལས་གཅིག་ནི་བདུད་ཅིག་ཡིན་ཞེས་གསུངས་སོ།། 71ཁོང་གི་གསུང་འདི་ནི་ཨི་སི་ཀར་རེའི་སི་མོན་ཞེས་པའི་བུ་ཡུ་དཱ་ལ་དམིགས་ནས་གསུངས༌ཤིང༌། ཡུ་དཱ་ནི་ཐུགས་སྲས་བཅུ་གཉིས་ལས་གཅིག༌སྟེ། མ་འོངས་པར་སྐྱབས་མགོན་ཡེ་ཤུ་ལ་ངོ་ལོག་བྱེད་མཁན་ཡིན༌ནོ།།

ཡོ་ཧ་ནན 7

སྐྱབས་མགོན་ཡེ་ཤུ་སྤྱིལ་བུའི་དུས་ཆེན་ལ་ཕེབས་པ།

1དོན་དེ་དག་བྱུང་བའི་རྗེས༌སུ། ཡ་ཧུ་དཱ་པ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་དགྲོང་འདོད་པའི་རྐྱེན༌གྱིས། ཁོང་ཉིད་ཡ་ཧུ་དཱའི་ཡུལ་དུ་ཕེབས་མ་འདོད་པར་ག་ལིལ་ཡུལ་དུ་ཕེབས་པ་རེད། 2དུས་དེར་ཡ་ཧུ་དཱ་པའི་སྤྱིལ་བུའི་དུས་ཆེན་ཡང་སླེབ་ལ་ཉེ༌བས། 3ཁོང་གི་སྐུ་མཆེད་རྣམས་ན༌རེ། ཁྱེད་ཀྱིས་མཛད་པའི་ངོ་མཚར་བའི་ལས་ཐམས་ཅད་ཁྱེད་ཀྱི་རྗེས་འབྲང་པ་རྣམས་ཀྱིས་ཀྱང་མཐོང་བའི༌ཕྱིར། ཁྱེད་རང་གནས་འདི་དང་ཁ་བྲལ་ནས་ཡ་ཧུ་དཱའི་ཡུལ་དུ་སོང༌དང༌། 4མི་སུས་ཀྱང་རང་གི་སྙན་གྲགས་རྒྱས་འདོད༌ན། དོན་གང་ཡང་ལྐོག་ཏུ་སྒྲུབ་མི༌འོས། གལ་ཏེ་ཁྱེད་ཀྱིས་ལས་འདི་རྣམས་བྱེད༌ན། རང་ཉིད་འཇིག་རྟེན་གྱི་མི་ཀུན་ལ་གསལ་པོར་སྟོན་དགོས་ཞེས་ཞུས་སོ།། 5ཁོང་གི་སྐུ་མཆེད་རྣམས་ཀྱང་ཁོང་ལ་དད་པ་མེད་པས་དེ་ལྟར་སྨྲས༌པ་རེད། 6དེ་ནས་སྐྱབས་མགོན་ཡེ་ཤུས་རང་གི་སྐུ་མཆེད་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གི་དུས་ལ་ནམ་ཡང་ངེས་གཏན་མེད་ཅིང་བདག་གི་དུས་ནི་ད་དུང་ཐོན་མེད། 7འཇིག་རྟེན་གྱི་མི་རྣམས་བདག་ལ་སྡང་བ་ལས་ཁྱོད་ཅག་ལ་སྡང་མི་སྲིད༌དེ། བདག་གིས་འཇིག་རྟེན་གྱི་མི་རྣམས་ཀྱིས་ལས་ངན་པ་བྱས་པ་ལ་དཔང་པོ་བྱེད་པ་ཡིན་པས༌སོ།། 8ཁྱོད་རྣམས་ཡར་སོང་ནས་དུས་ཆེན་ལ་ཞུགས༌དང༌། བདག་གི་དུས་ནི་ད་དུང་མ་སླེབས་པས་ད་ལྟ་ང་རང་ཡར་མི་འགྲོ་ཞེས་གསུངས་པ༌དང༌། 9སྐྱབས་མགོན་ཡེ་ཤུ་སྔར་བཞིན་ག་ལིལ་ཡུལ་དུ་བཞུགས་སོ།། 10འོན་ཀྱང་ཁོང་གི་སྐུ་མཆེད་རྣམས་ཡར་སྤྱིལ་བུའི་དུས་ཆེན་ལ་སོང༌རྗེས། ཁོང་ཉིད་ཡར་མངོན་སུམ་དུ་མ་ཕེབས་པར་གསང་བའི་ཚུལ་གྱིས་ཕེབས་པ་རེད། 11སྤྱིལ་བུའི་དུས་ཆེན་གྱི་སྐབས་སུ་ཡ་ཧུ་དཱ་པ་རྣམས་ཀྱིས་ཁོ་རང་གང་དུ་འདུག་ཅེས་ཟེར་ཞིང་སྐྱབས་མགོན་ཡེ་ཤུ་བཙལ་ལོ།། 12ཡང་མི་ཚོགས་ཀྱི་ཁྲོད་དུ་ཁོང་གི་སྐོར་ལ་གཏམ་སྣ་ཚོགས་སྨྲས་ཏེ། ལ་ལས་ཁོང་ནི་མི་བཟང་པོ་ཞིག་གོ་ཞེས༌དང༌། ལ་ལས་དེ་འདྲ་ཞིག་མ་ཡིན་པར་མི་མང་པོ་བསླུ་མཁན་ཞིག་ཡིན་ཞེས་པའོ།། 13འོན་ཀྱང་མི་རྣམས་ཡ་ཧུ་དཱ་པ་རྣམས་ལ་འཇིགས་ཏེ་སུས་ཀྱང་སྐྱབས་མགོན་ཡེ་ཤུའི་སྐོར་མངོན་སུམ་དུ་གླེང་མ་ཕོད༌དོ།།

སྐྱབས་མགོན་ཡེ་ཤུས་སྤྱིལ་བུའི་དུས་ཆེན་གྱི་དུས་སུ་ཆོས་གསུངས༌པ།

14སྤྱིལ་བུའི་དུས་ཆེན་གྱི་དཀྱིལ་ཙམ་ལ་སླེབས་པའི་སྐབས༌སུ། སྐྱབས་མགོན་ཡེ་ཤུ་ཡར་མཆོད་ཁང་དུ་ཕེབས་ནས་ཆོས་གསུངས་སོ།། 15དེ་ནས་ཡ་ཧུ་དཱ་པ་རྣམས་ངོ་མཚར་བར་གྱུར་ཏེ་ན༌རེ། མི་འདིས་ཆོས་བསླབས་མ་མྱོང་ཡང་ཆོས་དེ་འདྲ་མང་པོ་ཤེས་པར་གྱུར་པ་ཅི་ཞེས་སྨྲས་པ༌དང༌། 16ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་གསུངས་པའི་ཆོས་འདི་ནི་བདག་གི་ཆོས་མ་ཡིན་པར་ང་རང་མངགས་མཁན་ལས་བྱུང་བ་ཡིན་ནོ།། 17སུ་ཞིག་གིས་དཀོན་མཆོག་གི་དགོངས་པ་བཞིན་དུ་བསྒྲུབ་འདོད་ན། བདག་གི་ཆོས་འདི་ནི་དཀོན་མཆོག་ནས་བྱུང༌བའམ། ཡང་ན་བདག་གིས་རང་ཉིད་ལ་བརྟེན་ནས་སྨྲས་པ་ཡིན་པའང་ཤེས་པར་འགྱུར། 18སུ་ཞིག་གིས་རང་ཉིད་ལ་བརྟེན་ནས་སྨྲ་བ་དེས་རང་གི་སྙན་གྲགས་འཚོལ་བ་ཡིན༌མོད། འོན་ཀྱང་རང་ཉིད་མངགས་མཁན་གྱི་གཟི་བརྗིད་འཚོལ་བ་ནི་མི་དྲང་བདེན་ཅན་ཡིན་ཅིང་ཁོའི་སེམས་སུ་བཅོས་མ་ཅི་ཡང་མེད་དོ།། 19ཡང་མོ་ཤེ་ཡིས་ཁྱོད་རྣམས་ལ་བཀའ་ཁྲིམས་གནང་བ་མ་ཡིན༌ནམ། ཁྱོད་རྣམས་ཀྱི་ཁྲོད་དུ་བཀའ་ཁྲིམས་སྒྲུབ་མཁན་གཅིག་ཀྱང་མི་འདུག ཁྱོད་ཅག་གིས་ཅིའི་ཕྱིར་ང་རང་དགྲོང་འདོད་པ་ཡིན་ནམ་ཞེས་གསུངས་པ༌ན། 20མི་ཚོགས་ན༌རེ། ཁྱོད་ལ་གདོན་འདྲེ་ཞུགས་འདུག སུ་ཞིག་གིས་ཁྱོད་རང་དགྲོང་འདོད་དམ་ཞེས་སྨྲས༌སོ།། 21ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། དེ་སྔོན་བདག་གིས་ལས་གཅིག་བསྒྲུབས་མྱོང་བས་ཁྱོད་རྣམས་དོན་དེར་ཧ་ལས༌པ་རེད། 22མོ་ཤེ་ཡིས་ཁྱོད་རྣམས་ལ་མཚན་སྐྱི་གཅོད་པའི་བཀའ་ཁྲིམས་གནང་ཡོད༌པས། ངལ་གསོ་བའི་ཉིན་ལ་ཁྱོད་རྣམས་ཀྱིས་ཀྱང་རང་གི་བུ་རྣམས་ཀྱི་མཚན་སྐྱི་གཅོད་པར་བྱེད་དོ།། འོན་ཀྱང་བཀའ་ཁྲིམས་དེ་ནི་མོ་ཤེ་ནས་བྱུང་བ་མ་ཡིན༌ཏེ། ཁྱོད་རྣམས་ཀྱི་ཕ་མེས་ཡང་མེས་ནས་བྱུང་བ་ཡིན། 23མི་རྣམས་ཀྱིས་མོ་ཤེའི་བཀའ་ཁྲིམས་དང་མི་འགལ་བའི་ཆེད༌དུ། ངལ་གསོ་བའི་ཉིན་ལ་བུ་རྣམས་ཀྱི་མཚན་སྐྱི་བཅད་ཆོག༌ན། བདག་གིས་ངལ་གསོ་བའི་ཉིན་ལ་ནད་པ་ཞིག་ཡོངས་སུ་གསོས་པར་ཁྱོད་རྣམས་བདག་ལ་ཁྲོས་དོན༌ཅི། 24ཕྱི་ཚུལ་ཙམ་ལ་བལྟས་ནས་བདེན་རྫུན་གྱི་ཐ་ཚིག་མ་སྒྲོག༌ཅིག དྲང་བདེན་གྱི་སྒོ་ནས་བདེན་རྫུན་གྱི་ཤན་ཕྱེ་ཞིག་ཅེས་གསུངས༌སོ།།

ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་མིན༌སྐོར།

25དེ་ནས་ཡེ་རུ་སཱ་ལེམ་གྱི་མི་ཁ་ཅིག་ན༌རེ། མི་འདི་ནི་ཁོ་རྣམས་ཀྱིས་དགྲོང་བར་རྩོམ་པ་དེ་མ་ཡིན༌ནམ། 26ལྟོས༌དང༌། ཁོང་གིས་མངོན་གསལ་དུ་ཆོས་གསུངས་པ་ལ་ཁོ་རྣམས་ཀྱིས་ཅི་ཡང་མ་སྨྲས་ཤིང་། ཆོས་དཔོན་རྣམས་ཀྱིས་དངོས་གནས་འདི་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་པ་རྟོགས༌སམ། 27འོན་ཀྱང་མི་འདི་གང་ནས་བྱུང་བ་བདག་ཅག་གིས་ཤེས༌ཏེ། མ་འོངས་པའི་དུས༌སུ། སྐྱབས་མགོན་མཱ་ཤི་ཀ་འཇིག་རྟེན་དུ་ཕེབས་པའི༌ཚེ། མི་སུས་ཀྱང་ཁོང་ཉིད་གང་ནས་བྱུང་བ་རྟོགས་མི་ནུས་ཞེས་སྨྲས་སོ།། 28དུས་དེར་སྐྱབས་མགོན་ཡེ་ཤུས་མཆོད་ཁང་ནས་ཆོས་གསུངས་ཤིང་གསུང་སྐད་མཐོན༌པོས། ཁྱོད་རྣམས་ཀྱིས་ང་རང་སུ་ཡིན་པ་ཤེས་ཤིང་གང་ནས་བྱུང་བའང་ཤེས༌པ་ཡིན། བདག་ནི་རང་བཞིན་གྱིས་ཡོང་བ་མ་ཡིན༌ཏེ། ང་རང་མངགས་མཁན་ནི་བདེན་པ་ལགས། ཁྱོད་རྣམས་ཀྱིས་ཁོང་ཉིད་ངོ་མི་ཤེས་སོ།། 29འོན་ཀྱང་བདག་ནི་ཁོང་ནས་བྱུང་ཞིང་ཁོང་གིས་ང་རང་མངགས་པས་བདག་གིས་ཁོང་ཉིད་ངོ་ཤེས་ཞེས་གསུངས་སོ།། 30དེ་ནས་ཡ་ཧུ་དཱ་པ་དེ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་འཛིན་པར་བརྩམས༌ཀྱང་། ཁོང་གི་དུས་དེ་ད་དུང་མ་སླེབས་པས་མི་སུས་ཀྱང་ཁོང་ལ་ལག་པས་རེག་མ་ཐུབ་བོ།། 31འོན་ཀྱང་མི་ཚོགས་ཀྱི་ཁྲོད་ནས་མི་མང་པོ་ཞིག་སྐྱབས་མགོན་ཡེ་ཤུར་དད་པར་གྱུར་ཏེ་ན༌རེ། སྐྱབས་མགོན་མཱ་ཤི་ཀ་ཕེབས་པའི་དུས༌སུ། ཁོང་གིས་མཛད་པར་འགྱུར་བའི་གྲུབ་རྟགས་རྣམས་ནི་མི་འདི་ལས་ཀྱང་མང་སྲིད་དམ་ཞེས་སྨྲས༌སོ།། 32དེ་ནས་ཕ་རུ་ཤི་པ་རྣམས་ཀྱིས་མི་ཚོགས་ཀྱིས་སྐྱབས་མགོན་ཡེ་ཤུའི་སྐོར་ལ་གཏམ་སྣ་ཚོགས་གླེང་བཞིན་པ་ཐོས༌ཤིང༌། མཆོད་དཔོན་ཆེན་པོ་དག་དང་ཕ་རུ་ཤི་པ་རྣམས་ཀྱིས་སྲུང་དམག་འགའ་ཁོང་ཉིད་འཛིན་དུ་མངགས་སོ།། 33དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་ལ་ཁྱོད་ཅག་དང་མཉམ་དུ་སྡོད་པའི་དུས་ཐུང་ངུ་ལས་མེད༌ཅིང༌། རྗེས་སུ་ང་རང་ཕྱིར་ང་རང་མངགས་མཁན་གྱི་དྲུང་དུ༌འགྲོ་བ་ཡིན། 34ཕྱིས་སུ་ཁྱོད་རྣམས་ཀྱིས་ང་རང་བཙལ་ཡང་མི་རྙེད། ང་རང་སྡོད་སའི་གནས་སུའང་ཁྱོད་ཅག་སླེབ་མི་ནུས་ཞེས་གསུངས་སོ།། 35དེ་ནས་ཡ་ཧུ་དཱ་པ་རྣམས་ཀྱིས་ཕན་ཚུན་ལ་ན་རེ། མི་འདི་བདག་ཅག་གིས་བཙལ་ཡང་མི་རྙེད་པའི་ས་ཆ་གང་ཞིག་ཏུ༌འགྲོའམ། ཡང་ན་ཁོ་རང་གྷི་རིག་པའི་ཁྲོད་དུ་འཐོར་འཁྱམས་སུ་གནས་པའི་ཡ་ཧུ་དཱ་པ་རྣམས་ཀྱི་གམ་དུ་སོང༌སྟེ། གྷི་རིག་པ་རྣམས་ལ་ཆོས་གསུང་དུ་འགྲོའམ། 36ཁོས་ཕྱིས་སུ་ཁྱོད་རྣམས་ཀྱིས་ང་རང་བཙལ་ཡང་མི་རྙེད། ང་རང་སྡོད་སའི་གནས་སུའང་ཁྱོད་ཅག་སླེབ་མི་ནུས་ཞེས་གསུངས་པའི་དོན་ཅི་ཡིན་ནམ་ཞེས་སྨྲས༌སོ།། 37དེ་ཡང་སྤྱིལ་བུའི་དུས་ཆེན་གྱི་ཉིན་རྗེས་མ་སྟེ་གཟབ་རྒྱས་ཆེ་བའི་དུས་སྟོན་གྱི་ཉིན་མོ༌དེར། སྐྱབས་མགོན་ཡེ་ཤུ་ཡར་བཞེངས་ཏེ་གསུང་སྐད་ཆེན་པོས་འདི་སྐད་དུ། གལ་ཏེ་སུ་ཞིག་སྐོམ་ན་བདག་གི་གམ་དུ་འཐུང་བར་ཤོག 38སུ་ཞིག་གིས་བདག་ལ་དད་པ་བྱེད་ན། གསུང་རབ་ལས་གསུངས་པ་ལྟར་མི་དེའི་ཁོག་ནས་ཚེ་སྲོག་དང་ལྡན་པའི་ཆུ་ནི་གཙང་པོ་བཞིན་དུ་འབབ་པར་འགྱུར་ཞེས་གསུངས་སོ།། 39སྐྱབས་མགོན་ཡེ་ཤུས་དེ་ལྟར་གསུངས་དོན་ནི་ཁོང་ལ་དད་པ་བྱེད་མཁན་རྣམས་ལ་དམ་པའི་ཐུགས་ཉིད་འཐོབ་ངེས་པ་བསྟན་ཏོ།། འོན་ཀྱང་སྐྱབས་མགོན་ཡེ་ཤུ་ད་དུང་གཟི་བརྗིད་དང་ལྡན་པར་མ་གྱུར་པས་དད་ལྡན་རྣམས་ལའང་དམ་པའི་ཐུགས་ཉིད་གནང་མེད་པ་རེད། 40མི་ཚོགས་ཀྱིས་གཏམ་དེ་ཐོས་པ་དང་ཁ་ཅིག་ན༌རེ། མི་འདི་ནི་དངོས་གནས་ལུང་སྟོན་པ་དེ་ཉིད་ཡིན་ཞེས༌དང༌། 41ཁ་ཅིག་གིས་མི་འདི་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ཞེས་སྨྲས་པ༌དང༌། ཡང་ཁ་ཅིག་གིས་སྐྱབས་མགོན་མཱ་ཤི་ཀ་ནི་ག་ལིལ་ཡུལ་ནས་འབྱུང་མི་སྲིད་དོ།། 42གསུང་རབ་ལས་སྐྱབས་མགོན་མཱ་ཤི་ཀ་ནི་དཱ་བིད་ཀྱི་གདུང་རྒྱུད་དང༌། དཱ་བིད་ཀྱི་ཕ་ཡུལ་ཏེ་པེད་ལེ་ཧེམ་གྲོང་རྡལ་ནས་འབྱུང་བར་འགྱུར་ཞེས་གསུངས་ཡོད་པ་མ་ཡིན་ནམ་ཞེས་སྨྲས་སོ།། 43དེའི༌ཕྱིར། མི་ཚོགས་ཁྲོད་ནས་སྐྱབས་མགོན་ཡེ་ཤུའི་སྐོར་ལ་ལྟ་ཚུལ་མི་མཐུན་པ་བྱུང༌། 44དེ་རྣམས་ལས་ཁ་ཅིག་གིས་ཁོང་ཉིད་འཛིན་འདོད་ནའང་མི་སུས་ཀྱང་ཁོང་ལ་ལག་པས་རེག་མ་ཐུབ་བོ།།

ཡ་ཧུ་དཱ་པའི་དཔོན་རིགས་རྣམས་ལ་དད་པ་མེད་པའི་སྐོར།

45དེ་ནས་སྲུང་དམག་རྣམས་མཆོད་དཔོན་ཆེན་པོ་དག་དང་ཕ་རུ་ཤི་པ་རྣམས་ཀྱི་གམ་དུ་ཕྱིར་ལོག་པ༌ན། དེ་རྣམས་ན༌རེ། ཁྱོད་རྣམས་ཀྱིས་ཅིའི་ཕྱིར་མི་དེ་བཙན་ཁྲིད་མ་བྱས་སམ་ཞེས་དྲིས་པ༌ལ། 46སྲུང་དམག་རྣམས་ན༌རེ། ཁོང་གིས་གསུངས་པ་དེ་ལྟ་བུ་མི་སུས་ཀྱང་གསུངས་མ་མྱོང་ཞེས་ཞུས་སོ།། 47ཡང་ཕ་རུ་ཤི་པ་རྣམས་ན༌རེ། ཁོས་ཁྱོད་རྣམས་ཀྱང་བསླུ་བྲིད་བྱས༌སམ། 48ཆོས་དཔོན་ནམ་ཕ་རུ་ཤི་པ་ལས་སུ་ཞིག་དེ་ལ་དད་པར་གྱུར༌རམ། 49འོན་ཀྱང་བཀའ་ཁྲིམས་མི་ཤེས་པའི་མི་ཚོགས་འདི་ལ་སྡིགས་དམོད་ཆེན་པོ་ཕོག་པ་ཡིན་ཞེས་སྨྲས་སོ།། 50དེ་ནས་ཕ་རུ་ཤི་པའི་ཁྲོད་དུ་ནེ་ཀོ་དེམ་ཟེར་བ་སྔོན་ཆད་སྐྱབས་མགོན་ཡེ་ཤུར་མཇལ་མྱོང་བ་དེས་ཆོས་དཔོན་རྣམས་ལ་འདི་ལྟར་སྨྲས་ཏེ། 51བདག་ཅག་གི་བཀའ་ཁྲིམས་ལྟར་ངེད་ཅག་གིས་མི་དེའི་ངག་ལས་ཉེས་པ་ཅི་བྱས་པ་ལ་མ་བརྟག་མ་ཤེས་པར་ཁྲིམས་ཐག་གཅོད་པར་བྱེད་དམ་ཞེས་པ༌ལ། 52ཆོས་དཔོན་རྣམས་ན༌རེ། ཁྱོད་རང་ཡང་ག་ལིལ་ཡུལ་ནས་འོངས་པའི་མི་ཞིག་ཡིན༌ནམ། ཁྱོད་ཀྱིས་རྟོག་དཔྱོད་བྱོས༌དང༌། ག་ལིལ་ཡུལ་ནས་ལུང་སྟོན་པ་ཞིག་འབྱུང་མི་སྲིད་ཅེས་སྨྲས་སོ།། 53དེ་ནས་མི་དེ་རྣམས་རེ་རེ་བཞིན་ཕྱིར་རང་ཁྱིམ་དུ་ལོག༌གོ།

ཡོ་ཧ་ནན 8

ལོག་གཡེམ་བྱས་པའི་བུད་མེད༌ཅིག

1དེ་ནས་སྐྱབས་མགོན་ཡེ་ཤུ་སྐྱུ་རུ་རའི་རི་བོ་ལ་ཕེབས༌ཤིང༌། 2སྐྱ་རེངས་ཤར་བའི་དུས་སུ། སླར་ཡང་མཆོད་ཁང་དུ་ཕེབས་པ༌ལ། མི་མང་པོ་ཁོང་གི་དྲུང་དུ་འཛོམས་ཤིང་ཁོང་ཉིད་ཀྱང་བཞུགས་ཏེ་མི་རྣམས་ལ་ཆོས་གསུངས་པ་རེད། 3དེ་ནས་མཁན་པོ་དང་ཕ་རུ་ཤི་པ་རྣམས་ཀྱིས་ལོག་གཡེམ་བྱེད་པའི་དུས་སུ་བཟུང་བའི་བུད་མེད་ཅིག་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཁྲིད་ཡོང་བ༌དང༌། མི་ཚོགས་ཀྱི་མདུན་ནས་ཁོ་མོ་ཡར་བསླངས་ཏེ་སྐྱབས་མགོན་ཡེ་ཤུ་ལ་འདི་ལྟར་སྨྲས་པ་སྟེ། 4སློབ་དཔོན༌ལགས། བུད་མེད་འདི་ནི་ལོག་གཡེམ་བྱེད་བཞིན་པའི་དུས་སུ་བཟུང་བ༌ཡིན། 5དེ་ཡང་བཀའ་ཁྲིམས་ལས་མོ་ཤེ་ཡིས་བུད་མེད་འདི་ལྟ་བུར་རྡོ་རུབ་གཏོང་དགོས་ཞེས་བཀའ་གནང༌ཡོད། ཁྱེད་ཀྱིས་བལྟས༌ན། ཅི་ལྟར་བྱས་ན་ལེགས་སམ་ཞེས་ཞུས་པ་དང་། 6དེ་རྣམས་ཀྱིས་ཁོང་ལ་བསྙོན་འཛུགས་ཕྱིར་ཚོད་བགམས་ཤིང་དེ་ལྟར་ཞུས་སོ།། འོན་ཀྱང་སྐྱབས་མགོན་ཡེ་ཤུ་མར་སྒུར་ནས་ཕྱག་མཛུབ་ཀྱིས་ས་ལ་ཡི་གེ་བྲིས་སོ།། 7དེ་རྣམས་ཀྱིས་ཁོང་ལ་ཡང་ཡང་ཞུས་པ་ན་ཁོང་གིས་དབུ་ཡར་བཏེགས་ནས་འདི་སྐད༌དུ། ཁྱོད་རྣམས་ལས་སྡིག་པའི་དྲི་མས་མ་གོས་པ་དེས་ཐོག་མར་བུད་མེད་དེ་ལ་རྡོ་ཡིས་རྒྱག་རུང་ཞེས་གསུངས་པ༌དང༌། 8ཡང་མར་སྒུར་ནས་ཕྱག་མཛུབ་ཀྱིས་ས་ལ་ཡི་གེ་བྲིས༌སོ།། 9དེ་རྣམས་ཀྱིས་གསུང་དེ་ཐོས་པ་དང་རྒན་པོ་ནས་ན་གཞོན་བར་རེ་རེ་བཞིན་ཕྱིར་སོང་བ༌དང༌། སྐྱབས་མགོན་ཡེ་ཤུ་ཁོ་ན་ལུས་ཤིང་ད་དུང་བུད་མེད་དེ་དཀྱིལ་དབུས་སུ་ལངས་བསྡད་ཡོད་པ་རེད། 10དེ་ནས་སྐྱབས་མགོན་ཡེ་ཤུས་ཡར་དགྱེ་ནས་བུད་མེད་དེ་ལ་འདི་སྐད༌དུ། བུད་མེད། མི་དེ་རྣམས་གང་དུ་སོང༌ངམ། སུས་ཀྱང་ཁྱོད་ལ་ཉེས་ཆད་མ་བཅད་དམ་ཞེས་གསུངས་པ༌ལ། 11བུད་མེད་ན༌རེ། ཇོ་བོ༌ལགས། བདག་ལ་ཉེས་ཆད་མ་བཅད་ཅེས་ཞུས་སོ།། དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རང་ཕྱིར་སོང༌དང༌། བདག་གིས་ཀྱང་ཁྱོད་ལ་ཉེས་ཆད་གཅོད་པར་མི༌བྱའོ།། ཁྱོད་ཀྱིས་དེང་ཕྱིན་སྡིག་པ་མ་བྱེད་ཅིག་ཅེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུས་བདེན་དཔང་མཛད་པའི༌སྐོར།

12དེ་ནས་སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ལ་འདི་སྐད༌དུ། བདག་ནི་འཇིག་རྟེན་གྱི་འོད་ཟེར་ཡིན༌ཞིང༌། ངའི་རྗེས་སུ་འབྲང་མཁན་རྣམས་མུན་པའི་ནང་དུ་བགྲོད་པ་མ་ཡིན་པར་ཚེ་སྲོག་གི་འོད་དང་ལྡན་པར་འགྱུར་ཞེས་གསུངས་པ༌དང༌། 13ཕ་རུ་ཤི་པ་རྣམས་ན༌རེ། ཁྱོད་ཀྱིས་རང་ཉིད་ལ་བདེན་དཔང་བྱེད་པ་ཡིན་པས་ཁྱོད་ཀྱི་བདེན་དཔང་དེ་བདེན་པ་མིན་ཞེས་སྨྲས་པ༌ལ། 14སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་རང་ཉིད་ལ་བདེན་དཔང་བྱས་ནའང་བདག་གི་བདེན་དཔང་ནི་བདེན་པ་ཡིན༌ཏེ། ངས་ང་རང་གང་ནས་ཡོང་བ་དང་གང་དུ་འགྲོ་བའང་ཤེས༌ཤིང༌། ཁྱོད་རྣམས་ཀྱིས་ང་རང་གང་ནས་ཡོང་བ་དང་གང་དུ་འགྲོ་བའང་མི་ཤེས་པའི་ཕྱིར༌རོ།། 15ཡང་ཁྱོད་རྣམས་ཀྱིས་མིའི་ལུགས་སྲོལ་ལྟར་ཁ་ཚོན་གཅོད་ཅིང་ངས་མི་སུ་ལའང་ཁ་ཚོན་མི་གཅོད་དོ།། 16འོན༌ཀྱང༌། ངས་ཁ་ཚོན་གཅོད་པའི་དབང་དུ་བཏང་ནའང་། དེ་ནི་བདེན་པ་ཡིན༌ཏེ། ངས་རང་ཉིད་གཅིག་པུར་བརྟེན་ནས་ཁ་ཚོན་བཅད་པ་མ་ཡིན༌པར། ང་རང་མངགས་མཁན་ཡབ་དང་ངེད་གཉིས་ཀྱིས་ལྷན་དུ་ཁ་ཚོན་གཅོད་པའི་ཕྱིར༌རོ།། 17དེ་ཡང་ཁྱོད་ཅག་གི་བཀའ་ཁྲིམས་ནང་དུ་མི་གཉིས་ཀྱི་བདེན་དཔང་དེ་གཞི་གཅིག་ལ་འཁེལ་ན་དེ་ནི་བདེན་པ་ཡིན་ཞེས་བྲིས་འདུག༌ལ། 18ངས་རང་ཉིད་ལ་བདེན་དཔང་བྱེད་ཅིང་ང་རང་མངགས་མཁན་ཏེ་ཡབ་ཀྱིས་ཀྱང་ང་རང་ལ་བདེན་དཔང་མཛད་ཅེས་གསུངས་སོ།། 19ཡང་ཕ་རུ་ཤི་པ་རྣམས་ན༌རེ། ཁྱོད་ཀྱི་ཡབ་དེ་གང་དུ་ཡོད་ཅེས་དྲིས་པ༌ལ། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་ང་རང་ངོ་མི་ཤེས་ཤིང་བདག་གི་ཡབ་ཀྱང་ངོ་མི་ཤེས། གལ་ཏེ་ང་རང་ངོ་ཤེས་ན་ངའི་ཡབ་ཀྱང་ངོ་ཤེས་པ་ཡིན་ཞེས་གསུངས་སོ།། 20གསུང་འདི་དག་ནི་སྐྱབས་མགོན་ཡེ་ཤུས་མཆོད་ཁང་གི་དཀོར་མཛོད་དུ་ཆོས་བསྟན་སྐབས་གསུངས་པ༌ཡིན། ཁོང་གི་དུས་དེ་མ་སླེབས་པས་མི་སུས་ཀྱང་ཁོང་ཉིད་མ་བཟུང་ངོ་།། 21ཡང་སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ལ་འདི་སྐད༌དུ། བདག་ནི་འགྲོ་ཞིང་ཁྱོད་ཅག་གིས་ང་རང་བཙལ་ནའང་ཁྱོད་རྣམས་རང་གི་སྡིག་པའི་ནང་དུ་འཆི་བར་འགྱུར་རོ།། ང་རང་འགྲོ་བའི་གནས་སུ་ཁྱོད་རྣམས་འགྲོ་མི་ནུས་ཞེས་གསུངས་པ༌དང༌། 22ཡ་ཧུ་དཱ་པ་རྣམས་ཕན་ཚུན་ལ་ན༌རེ། ཁོང་གིས་ང་རང་འགྲོ་བའི་གནས་སུ་ཁྱོད་རྣམས་འགྲོ་མི་ནུས་ཞེས་གསུངས་དོན༌ནི། ཁོང་གིས་རང་སྲོག་གཅོད་འདོད་པ་ཡིན་ནམ་ཞེས་སྨྲས་སོ།། 23ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་འོག་ནས་བྱུང་ཞིང་བདག་ནི་སྟེང་ནས་བྱུང་བ་ཡིན། ཁྱོད་ཅག་ནི་འཇིག་རྟེན་འདིར་གཏོགས་ཤིང་ང་རང་ནི་མི་གཏོགས་སོ།། 24དེའི༌ཕྱིར། བདག་གིས་ཁྱོད་རྣམས་རང་གི་སྡིག་པའི་ནང་དུ་འཆི་བར་འགྱུར་ཞེས་སྨྲས་པ་ཡིན། གལ་ཏེ་ཁྱོད་རྣམས་ཀྱིས་ང་རང་ནི་དེ་ཉིད་ཡིན་པར་དད་པ་མི་བྱེད༌ན། ཁྱོད་རྣམས་རང་གི་སྡིག་པའི་ནང་དུ་འཆི་བར་འགྱུར་ཞེས་གསུངས་པ༌ལ། 25མི་དེ་རྣམས་ན༌རེ། ཁྱོད་རང་སུ་ཡིན་ནམ་ཞེས་དྲིས། དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་ནི་ཐོག་མ་ཉིད་ནས་ཁྱོད་རྣམས་ལ་སྨྲས་པ་དེ་ཉིད་ཡིན་ནོ།། 26བདག་གིས་ཁྱོད་ཅག་ལ་ཉེས་སྐྱོན་བརྗོད་པ་དང་བདེན་རྫུན་གྱི་ཤན་འབྱེད་པའི་དོན་མང་པོ་ཡོད༌ནའང༌། ང་རང་མངགས་མཁན་དེ་ནི་བདེན་པ་ཡིན༌པས། ངས་ཁོང་གི་དྲུང་ནས་གང་ཞིག་ཐོས་པ་དེ་ཁོ་ན་འཇིག་རྟེན་གྱི་མི་རྣམས་ལ་སྨྲ་བ་ཡིན་ཞེས་གསུངས་སོ།། 27དེ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུས་རང་གི་ཡབ་བསྟན་པ་མ་རྟོགས༌པས། 28ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་མིའི་བུ་གྱེན་དུ་བསྒྲེངས༌པའི་དུས་སུ། ང་རང་ནི་དེ་ཉིད་ཡིན་པ་རྟོགས་ངེས་པ༌དང༌། ངས་རང་ཉིད་ལ་བརྟེན་ནས་དོན་ཅི་ཡང་མི་བྱེད༌པར། ཡབ་ཀྱིས་བསླབས་པ་བཞིན་དུ་དེ་ལྟར་སྨྲས་པའང་ཁྱོད་རྣམས་ཀྱིས་ཤེས་པར་འགྱུར་རོ།། 29ང་རང་མངགས་མཁན་ནི་བདག་དང་ལྷན་དུ་བཞུགས༌ཏེ། ངས་དུས་རྟག་ཏུ་ཁོང་ཉིད་ཐུགས་དགྱེས་པའི་ལས་ཁོ་ན་བྱེད་པས་ཁོང་ཉིད་ང་རང་དང་ཁ་མི་འབྲལ་ཞེས་གསུངས་སོ།། 30སྐྱབས་མགོན་ཡེ་ཤུས་དེ་ལྟར་གསུང་བའི་དུས་སུ་མི་མང་པོ་ཁོང་ལ་དད་པར་གྱུར༌ཏོ།།

ཨབ་ར་ཧམ་གྱི་བུ་རབས་ཚ་རྒྱུད༌སྐོར།

31དེ་ནས་སྐྱབས་མགོན་ཡེ་ཤུས་རང་ཉིད་ལ་དད་པ་ཡོད་པའི་ཡ་ཧུ་དཱ་པ་རྣམས་ལ་འདི་སྐད༌དུ། གལ་ཏེ་ཁྱོད་རྣམས་བདག་གི་བཀའ་ཡི་ནང་དུ་གནས་ན། ཁྱོད་ཅག་ནི་དངོས་གནས་བདག་གི་རྗེས་འབྲང་པ་ཡིན༌ལ། 32ཁྱོད་རྣམས་ཀྱིས་བདེན་པ་ཉིད་དེ་ཤེས་པར་འགྱུར་ཞིང་བདེན་པ་ཉིད་ཀྱིས་ཀྱང་ཁྱོད་རྣམས་ལ་རང་དབང་ལྡན་པར་མཛད་ངེས་ཡིན་ཞེས་གསུངས་སོ།། 33ཡང་དེ་རྣམས་ན༌རེ། ངེད་རྣམས་ནི་ཨབ་ར་ཧམ་གྱི་རིགས་རྒྱུད་ཡིན་ཞིང་ནམ་ཡང་མི་གཞན་གྱི་བྲན་གཡོག་བྱས་མ་མྱོང་བས། ཁྱོད་རྣམས་ལ་རང་དབང་ལྡན་པར་མཛད་ངེས་ཡིན་ཞེས་བརྗོད་དོན་ཅི་ཞེས་དྲིས་པ༌ན། 34ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། སྡིག་པ་བྱེད་མཁན་ཐམས་ཅད་ནི་སྡིག་པའི་བྲན་གཡོག་ཡིན། 35བྲན་གཡོག་ནི་རྟག་ཏུ་བདག་པོའི་ཁྱིམ་ན་མི་གནས་ཤིང་བུ་ནི་རྟག་ཏུ་རང་གི་ཁྱིམ་ན་གནས་སོ།། 36དེའི༌ཕྱིར། སྲས་ཀྱིས་ཁྱོད་རྣམས་ལ་རང་དབང་ལྡན་པར་མཛད་ན་ཁྱོད་ཅག་ལ་དངོས་གནས་རང་དབང་ལྡན་པ་ཡིན། 37བདག་གིས་ཁྱོད་རྣམས་ཨབ་ར་ཧམ་གྱི་རིགས་རྒྱུད་ཡིན་པ་ཤེས༌ཀྱང༌། བདག་གི་བཀའ་ཁྱོད་རྣམས་ཀྱི་སེམས་སུ་གནས་ས་མེད་པས་ང་རང་དགྲོང་འདོད༌པ་ཡིན། 38ངས་རང་གི་ཡབ་ཀྱི་དྲུང་ནས་གང་ཞིག་མཐོང་བ་དེ་སྨྲ་བ་ཡིན༌ལ། ཁྱོད་རྣམས་ཀྱིས་རང་གི་ཕ་ཡི་ངག་ནས་ཐོས་པ་བཞིན་བྱེད་ཅེས་གསུངས༌སོ།། 39ཡང་དེ་རྣམས་ན༌རེ། ངེད་ཅག་གི་ཕ་མེས་ནི་ཨབ་ར་ཧམ་ཡིན་ནོ་ཞེས་སྨྲས་པ༌ལ། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་ཁྱོད་རྣམས་ནི་ཨབ་ར་ཧམ་གྱི་བུ་རྒྱུད་ཡིན༌ན། ཁྱོད་ཅག་གིས་ཀྱང་ཨབ་ར་ཧམ་གྱི་སྤྱོད་པ་བཞིན་དུ་བྱེད་དགོས། 40བདག་གིས་དཀོན་མཆོག་གི་དྲུང་ནས་ཐོས་པའི་བདེན་པ་དེ་ཁྱོད་ཅག་ལ་སྨྲས༌ཀྱང༌། ད་ལྟ་ཁྱོད་རྣམས་ཀྱིས་ང་རང་གསོད་འདོད་དོ།། འོན་ཀྱང་ཨབ་ར་ཧམ་གྱིས་དེ་ལྟར་མ་བྱས། 41ཁྱོད་ཅག་གིས་རང་རང་གི་ཕ་ཡི་སྤྱོད་ལུགས་བཞིན་བྱེད་པ་ཡིན་ཞེས་གསུངས་པ༌ལ། ཡང་དེ་རྣམས་ན༌རེ། ངེད་ཅག་ནི་ནལ་ཕྲུག་མིན༌ཏེ། ངེད་ཅག་ལ་ཡབ་གཅིག་རང་ཡོད་པ་ནི་དཀོན་མཆོག་ཡིན་ཞེས་སྨྲས་སོ།།

བདུད་ལ་གཏོགས་པའི་སྐོར།

42དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་དཀོན་མཆོག་ནི་དངོས་གནས་ཁྱོད་ཅག་གི་ཡབ་ཡིན་ན་ཁྱོད་ཅག་གིས་བདག་ལ་གཅེས་དགོས༌ཏེ། ང་རང་ནི་དཀོན་མཆོག་ནས་བྱུང་ཞིང་ད་ལྟ་འདི་ན་བསྡད་ཡོད། རང་བཞིན་གྱིས་ཡོང་བ་མ་ཡིན་པར་ཁོང་གིས་མངགས་པ་ཡིན་པའི་ཕྱིར༌རོ།། 43ཁྱོད་རྣམས་ཀྱིས་བདག་གི་གཏམ་འདིའི་དོན་མི་གོ་བ་ཅི་ཡིན་ཞེ༌ན། དེ་ནི་ངའི་བཀའ་ལ་ཉན་མི་ཐུབ་པའི་ཕྱིར༌རོ།། 44ཁྱོད་ཅག་ནི་རང་གི་ཕ་སྟེ་བདུད་ལ་གཏོགས༌ཤིང༌། རང་གི་ཕ་ཡི་འདོད་པ་བཞིན་བྱེད་པར༌དགའོ།། བདུད་ནི་ཐོག་མ་ནས་མི་གསོད་མཁན་ཡིན་པ༌དང༌། བདེན་པ་ཉིད་དང་འབྲེལ་བ་ཅི་ཡང་མེད། རྒྱུ་མཚན་ནི་བདུད་དེའི་སེམས་སུ་བདེན་པ་ཉིད་མེད་པའི་ཕྱིར༌རོ།། ཡང་བདུད་དེ་ནི་རྫུན་སྨྲ་མཁན་དང་རྫུན་སྨྲ་བ་རྣམས་ཀྱི་ཕ་རྒན་ཡང་ཡིན༌པས། དེས་རྫུན་བརྗོད་པའི་དུས་སུ་རང་གི་གཤིས་ཀ་ལྟར་སྨྲ་བར་བྱེད་དོ།། 45འོན་ཀྱང་བདག་གིས་ཁྱོད་ཅག་ལ་བདེན་པ་སྨྲས་པའི་རྐྱེན་གྱིས་ཁྱོད་རྣམས་བདག་ལ་ཡིད་མི་ཆེས། 46ཡང་ཁྱོད་རྣམས་ལས་སུ་ཞིག་གིས་བདག་ལ་སྡིག་པ་ཡོད་ཅེས་བདེན་དཔང་བྱེད་ནུས༌སམ། བདག་གིས་ཁྱོད་རྣམས་ལ་བདེན་པ་སྨྲས༌ནའང༌། ཁྱོད་ཅག་ཅིའི་ཕྱིར་བདག་ལ་ཡིད་མི་ཆེས༌སམ། 47དཀོན་མཆོག་ལ་གཏོགས་པའི་མི་རྣམས་ཀྱིས་དཀོན་མཆོག་གི་བཀའ་ལ་ཉན༌ཞིང༌། ཁྱོད་རྣམས་དཀོན་མཆོག་ལ་མི་གཏོགས་པས་དཀོན་མཆོག་གི་བཀའ་ལའང་མི་ཉན་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུས་རང་ཉིད་ལ་བདེན་དཔང་མཛད༌པ།

48དེ་ནས་ཡ་ཧུ་དཱ་པ་རྣམས་ན༌རེ། ངེད་རྣམས་ཀྱིས་ཁྱོད་ནི་སཱ་མར་ཡ་པ་ཡིན་ཞིང་གདོན་འདྲེ་ཞུགས་འདུག་ཅེས་སྨྲས་པ་མི་བདེན་ནམ་ཞེས་སྨྲས་པ༌ལ། 49སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་ལ་གདོན་འདྲེ་ཞུགས་པ་མ་ཡིན། བདག་གིས་རང་གི་ཡབ་ལ་གུས་པ་བྱེད་ཀྱང་ཁྱོད་རྣམས་ཀྱིས་བདག་ལ་སྨད༌པ་རེད། 50བདག་གིས་རང་ལ་བཀུར་སྟི་མི་འཚོལ༌ཞིང༌། བདག་ལ་བཀུར་སྟི་འཚོལ་མཁན་ནི་བདེན་རྫུན་འབྱེད་མཁན་ཏེ་དཀོན་མཆོག༌ཡིན་ནོ།། 51བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། བདག་གི་བཀའ་སྲུང་མཁན་སུ་ལའང་ནམ་ཡང་འཆི་བ་མེད་ཅེས་གསུངས་པ༌ན། 52ཡ་ཧུ་དཱ་པ་རྣམས་ན༌རེ། ཁྱོད་རང་ལ་གདོན་འདྲེ་ཞུགས་ཡོད་པ་ད་ལྟ་ངེད་རྣམས་ཀྱིས་ཤེས་བྱུང་། ཨབ་ར་ཧམ་དང་ལུང་སྟོན་པ་རྣམས་སྔ་མོ་ནས་ཚེ་ལས་འདས་ཟིན༌མོད། འོན་ཀྱང་ཁྱོད་ཀྱིས་ད་དུང་བདག་གི་བཀའ་སྲུང་མཁན་སུ་ལའང་ནམ་ཡང་འཆི་བ་མེད་ཅེས་སྨྲས༌པས། 53ཁྱོད་ནི་ངེད་ཅག་གི་མེས་པོ་ཨབ་ར་ཧམ་ལས་ཀྱང་ཆེན་པོ་ཞིག་ཡིན༌ནམ། ཨབ་ར་ཧམ་དང་ལུང་སྟོན་པ་རྣམས་ཀྱང་གཤེགས་ཟིན༌མོད། འོན་ཀྱང་ཁྱོད་ཀྱིས་རང་ཉིད་ནི་སུ་ཡིན་པར་རློམ་མམ་ཞེས་སྨྲས་སོ།། 54ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་རང་ལ་བཀུར་སྟི་བྱེད་ན་བཀུར་སྟི་དེ་ལ་དོན་སྙིང་ཅི་ཡང་མེད། བདག་ལ་བཀུར་སྟི་མཛད་མཁན་ནི་བདག་གི་ཡབ་ལགས། ཁྱོད་རྣམས་ཀྱིས་སྨྲ་བཞིན་པའི་ཁྱོད་ཅག་གི་དཀོན་མཆོག་ཡིན་ཞེས་ཟེར་བ་དེ་ཡིན། 55འོན་ཀྱང་ཁྱོད་རྣམས་ཀྱིས་དཀོན་མཆོག་ངོ་མི་ཤེས་ཀྱང་བདག་གིས་ངོ་ཤེས། གལ་ཏེ་བདག་གིས་དཀོན་མཆོག་ངོ་མི་ཤེས་ཟེར་ན་བདག་ནི་ཁྱོད་ཅག་དང་འདྲ་བར་རྫུན་སྨྲ་བ་ཡིན། འོན་ཀྱང་བདག་གིས་ཁོང་ཉིད་ངོ་ཤེས་པ་དང་ཁོང་གི་བཀའ་ཡང་སྲུང་བ་ཡིན། 56ཁྱོད་ཅག་གི་མེས་པོ་ཨབ་ར་ཧམ་གྱིས་དགའ་དགའ་སྤྲོ་སྤྲོའི་ངང་ནས་བདག་གི་ཉིན་མོ་མཐོང་བར་ཡིད་སྨོན་བྱས་པ༌དང༌། མཐོང་བ་དང་དགའ་བར་གྱུར་ཞེས་གསུངས་སོ།། 57ཡང་ཡ་ཧུ་དཱ་པ་རྣམས་ན༌རེ། ཁྱོད་ནི་ལོ་ལྔ་བཅུ་ལའང་མ་སོན་པར་ཨབ་ར་ཧམ་མཐོང་མྱོང་ངམ་ཞེས་དྲིས༌ཚེ། 58སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། ཨབ་ར་ཧམ་མ་སྐྱེས་པའི་སྔོན་ལ་ཡོད་པ་ནི་ང་རང་ཡིན་ཞེས་གསུངས༌པས། 59དེ་དག་གིས་ས་ནས་རྡོ་བླངས་ཏེ་སྐྱབས་མགོན་ཡེ་ཤུ་ལ་རྒྱག་པར་རྩོམ་པ༌ན། ཁོང་ཉིད་སྦས་པའི་ངང་ནས་མཆོད་ཁང་དང་ཁ་བྲལ༌ཏོ།།

ཡོ་ཧ་ནན 9

སྐྱབས་མགོན་ཡེ་ཤུས་དམུས་ལོང་ཞིག་གསོས༌པ།

1སྐྱབས་མགོན་ཡེ་ཤུ་ཕར་ཕེབས་པའི་ལམ་བར་དུ་དམུས་ལོང་ཞིག་དང་ཕྲད༌ཅིང༌། 2ཐུགས་སྲས་རྣམས་ན༌རེ། རཱབ་པེ་ལགས། མི་འདི་ནི་སྐྱེས་མ་ཐག་ནས་ལོང་བ་ཞིག་ཡིན༌པས། ལོང་བ་རང་ཉིད་དམ་ཁོའི་ཕ་མས་སྡིག་པ་བྱས་པའི་རྐྱེན་གང་ཞིག་ཡིན་ནམ་ཞེས་ཞུས་པ༌ལ། 3སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ལོང་བ་འདིས་སྡིག་པ་བྱས་པའི་རྐྱེན་མིན༌ལ། ཁོའི་ཕ་མས་སྡིག་པ་བྱས་པའི་རྐྱེན་ཡང་མིན༌པར། དེ་ནི་དཀོན་མཆོག་གི་ངོ་མཚར་བའི་མཛད་པ་ཁོའི་སྟེང་ནས་མངོན་པའི་ཕྱིར་དེ་ལྟར་བྱུང༌ངོ་།། 4བདག་ཅག་གིས་ཉིན་མོའི་དུས་སུ་ང་རང་མངགས་མཁན་གྱི་སྒྲུབ་འོས་པའི་དོན་བྱེད་དགོས༌ཤིང༌། མི་སུས་ཀྱང་ལས་ཅི་ཡང་བྱེད་མི་ཐུབ་པའི་མཚན་མོའི་དུས་ཤིག་སླེབ་ངེས༌ཡིན། 5ང་རང་འཇིག་རྟེན་དུ་བཞུགས་དུས་བདག་ནི་འཇིག་རྟེན་གྱི་འོད་ཟེར་ཡིན་ཞེས་གསུངས༌རྗེས། 6སྐྱབས་མགོན་ཡེ་ཤུས་མཆིལ་མ་ས་ལ་གཏོར་ནས་འཇིམ་པ་ཞིག་བརྫིས་ཤིང་ལོང་བའི་མིག་ཟུང་ལ་བསྐུས་ཏེ་འདི་སྐད༌དུ། 7ཁྱོད་རང་སི་ལོ་ཨམ་རྫིང་བུའི་ནང་དུ་མིག་ཟུང་བཀྲུ་བར་སོང་ཞིག་ཅེས་གསུངས་སོ།། སི་ལོ་ཨམ་ཞེས་པ་ནི་མངགས་པ་ཞེས་པའི་དོན༌ཡིན། དེ་ནས་ལོང་བ་དེ་སོང་ནས་མིག་ཟུང་བཀྲུས་ཤིང་མིག་གིས་མཐོང་བར་གྱུར་པ་དང་ཕྱིར་རང་ཡུལ་དུ་ལོག༌གོ། 8དེ་ནས་ཁོའི་ཁྱིམ་མཚེས་དང་སྔར་ཁོ་སྤྲང་པོ་ཡིན་པ་མཐོང་མྱོང་མཁན་རྣམས་ན༌རེ། མི་འདི་ནི་སྔོན་ཆད་སློང་མོ་བྱེད་མཁན་དེ་མ་ཡིན་ནམ་ཞེས་སྨྲས༌ཤིང༌། 9མི་འགའ་ཞིག་གིས་ཁོ་རང་ཡིན་ཞེས་སྨྲས་པ༌དང༌། ཡང་འགའ་ཞིག་གིས་ཁོ་རང་མ་ཡིན་ཏེ་ཁོ་རང་དང་བྱད་གཟུགས་འདྲ་བ་ཞིག་རེད་ཅེས་སྨྲས་པ༌ན། ཁོས་ང་རང་ཡིན་ཞེས་ཡང་ཡང་སྨྲས་པ༌དང༌། 10མི་རྣམས་ན༌རེ། ཁྱོད་ཀྱི་མིག་ཟུང་ཇི་ལྟར་སོས་སམ་ཞེས་དྲིས་པ༌ལ། 11ཁོ་ན༌རེ། ཡེ་ཤུ་ཟེར་བའི་སྐྱེས་བུ་དེས་འཇིམ་པ་བརྫིས་ཏེ་ངའི་མིག་ཟུང་ལ་བསྐུས༌རྗེས། སི་ལོ་ཨམ་རྫིང་བུའི་ནང་དུ་མིག་ཟུང་བཀྲུ་བར་སོང་ཞིག་ཅེས་སྨྲས་པ༌དང༌། ང་རང་སོང་སྟེ་བཀྲུས་པ་ན་མིག་གིས་མཐོང་བར་གྱུར་ཞེས་སྨྲས་སོ།། 12དེ་ནས་མི་དེ་རྣམས་ཀྱིས་མི་དེ་གང་དུ་ཡོད་ཅེས་དྲིས་པ༌ལ། ཁོས་མི་ཤེས་ཞེས་སྨྲས༌སོ།།

ཕ་རུ་ཤི་པ་རྣམས་ཀྱིས་དམུས་ལོང་གི་མིག་གསོས་པར་རྩད་བཅད༌པ།

13དེ་ནས་མི་དེ་རྣམས་ཀྱིས་སྔོན་ཆད་དམུས་ལོང་ཡིན་པ་དེ་ཉིད་ཕ་རུ་ཤི་པ་རྣམས་ཀྱི་དྲུང་དུ་ཁྲིད་པ་རེད། 14སྐྱབས་མགོན་ཡེ་ཤུས་འཇིམ་པ་བརྫིས་ནས་དམུས་ལོང་གི་མིག་ཟུང་གསོས་པར་མཛད་པའི་ཉིན་ནི་ངལ་གསོ་བའི་ཉིན་མོ་ཡིན་ནོ།། 15དེ་ནས་ཕ་རུ་ཤི་པ་རྣམས་ཀྱིས་ཀྱང་ཁོའི་མིག་གིས་ཇི་ལྟར་མཐོང་བར་གྱུར་པ་དྲིས་པ༌ལ། ཁོ་ན༌རེ། མི་དེས་འཇིམ་པ་བརྫིས་ཏེ་ངའི་མིག་ལ་བསྐུས་ཤིང་། ངས་འཇིམ་པ་བཀྲུས་པ་དང་མིག་གིས་མཐོང་བར་གྱུར་ཞེས་སྨྲས་སོ།། 16དེ་ནས་ཕ་རུ་ཤི་པ་རྣམས་ལས་འགའ་ཞིག་ན༌རེ། མི་དེས་ངལ་གསོ་བའི་ཉིན་མོའི་བཀའ་ཁྲིམས་སྲུང་བཞིན་མེད་པས་དཀོན་མཆོག་ནས་བྱུང་བ་མ་ཡིན་ནོ་ཞེས་སྨྲས་པ༌དང༌། ཡང་འགའ་ཞིག་ན༌རེ། མི་སྡིག་ཅན་གྱིས་དེ་ལྟ་བུའི་གྲུབ་རྟགས་རྣམས་སྟོན་ག་ལ་སྲིད་ཅེས་སྨྲས་པས་དེ་རྣམས་ལ་ལྟ་བ་མི་མཐུན་པ་བྱུང༌ངོ་༎ 17ཡང་ཕ་རུ་ཤི་པ་དེ་རྣམས་ཀྱིས་སྔོན་ཆད་དམུས་ལོང་ཡིན་པ་དེ༌ལ། མི་དེས་ཁྱོད་ཀྱི་མིག་ཟུང་གསོས་པར་མཛད༌པས། ཁྱོད་ཀྱིས་མི་དེ་ནི་ཅི་ལྟ་བུ་ཡིན་བསམ་མམ་ཞེས་དྲིས་པ༌ལ། ཁོ་ན༌རེ། མི་དེ་ནི་ལུང་སྟོན་པ་ཞིག་ཡིན་ཞེས་སྨྲས་སོ།། 18དེ་ནས་ཡ་ཧུ་དཱ་པ་དེ་རྣམས་ཀྱིས་སྔོན་ཆད་དམུས་ལོང་ཡིན་ཞིང་རྗེས་སུ་མིག་གིས་མཐོང་བར་གྱུར་པའི་དོན་དེ་ལ་ཡིད་མ་ཆེས༌པར། ཁོའི་ཕ་མ་གཉིས་བོས་ཏེ་ན༌རེ། 19མི་འདི་ནི་ཁྱོད་གཉིས་ཀྱི་བུ་ཡིན༌ནམ། ཁྱོད་ཕ་མ་གཉིས་ཀྱིས་བཤད་པ་ལྟར་ན་ཁོ་ནི་སྐྱེས་མ་ཐག་ནས་ལོང་བ་ཡིན༌ཟེར། འོ་ན་ད་ལྟ་ཁོའི་མིག་གིས་ཇི་ལྟར་མཐོང་བར་གྱུར་རམ་ཞེས་དྲིས་པ༌ལ། 20ཕ་མ་གཉིས་ན༌རེ། ཁོ་ནི་ངེད་གཉིས་ཀྱི་བུ་ཡིན་ཞིང་སྐྱེས་མ་ཐག་ནས་ལོང་བ་ཡིན་པ་ངེད་གཉིས་ཀྱིས་ཤེས་སོ།། 21འོན་ཀྱང་ད་ལྟ་ཁོའི་མིག་གིས་ཇི་ལྟར་མཐོང་བར་གྱུར་པ་དང་། སུ་ཞིག་གིས་ཁོའི་མིག་ཟུང་གསོས་པར་མཛད་པའི་དོན་ནི་ངེད་གཉིས་ཀྱིས་མི་ཤེས༌ཏེ། ཁོ་རང་ནར་སོན་པས་ཁོ་རང་ལ་དྲིས་དང་སྨྲ་ངེས་ཡིན་ཞེས་སྨྲས་སོ།། 22ཁོའི་ཕ་མ་གཉིས་ཀྱིས་དེ་སྐད་སྨྲས་པ་ནི་ཡ་ཧུ་དཱ་པ་རྣམས་ལ་འཇིགས༌པ་རེད། རྒྱུ་མཚན་ནི་ཡ་ཧུ་དཱ་པ་རྣམས་ཀྱིས་མི་སུ་ཞིག་གིས་ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ཟེར༌ན། མི་དེ་ཆོས་ཁང་ནས་ཕྱི་རུ་འདོན་པར་གྲོས་ཐག་བཅད་ཡོད་པའི་རྐྱེན༌གྱིས། 23ཁོའི་ཕ་མ་གཉིས་ཀྱིས་ཀྱང་ཁོ་རང་ནར་སོན་པས་ཁོ་ལ་དྲིས་ཤིག་ཅེས་སྨྲས་པ་ཡིན༌ནོ།། 24དེའི༌ཕྱིར། ཕ་རུ་ཤི་པ་རྣམས་ཀྱིས་སླར་ཡང་སྔོན་ཆད་ལོང་བ་ཡིན་པ་དེ་ཉིད་བོས་ཡོང་སྟེ་ན༌རེ། ཁྱོད་ཀྱིས་དཀོན་མཆོག་ལ་བསྔགས་བརྗོད་བྱོས༌ཤིག མི་དེ་ནི་སྡིག་ཅན་ཞིག་ཡིན་པ་ངེད་རྣམས་ཀྱིས་ཤེས་པ་ཡིན་ཞེས་སྨྲས་པ༌ལ། 25ཁོ་ན༌རེ། མི་དེ་ནི་སྡིག་ཅན་ཞིག་ཡིན་མིན་ངས་མི་ཤེས༌ལ། སྔོན་ཆད་ང་རང་ནི་དམུས་ལོང་ཡིན་ཡང་ད་ལྟ་མིག་གིས་མཐོང་བ་འདི་བདག་གིས་ཤེས་ཞེས་སྨྲས་སོ།། 26ཡང་ཕ་རུ་ཤི་པ་རྣམས་ན༌རེ། མི་དེས་ཁྱོད་ལ་ཅི་བྱས་པ་ཡིན༌ནམ། ཁྱོད་ཀྱི་མིག་ཟུང་ཇི་ལྟར་སོས་པ་ཡིན་ནམ་ཞེས་དྲིས་པ༌ན། 27ཡང་ཁོ་ན༌རེ། ངས་ཁྱོད་རྣམས་ལ་ལན་གཅིག་བཤད་ཀྱང་ཁྱོད་རྣམས་ཀྱིས་མ་མཉན། ད་ནི་ཅིའི་ཕྱིར་ཉན་འདོད༌དམ། ཁྱོད་རྣམས་ཀྱང་མི་དེའི་རྗེས་འབྲང་པ་བྱེད་འདོད་པ་ཡིན་ནམ་ཞེས་སྨྲས་པ༌ལ། 28དེ་རྣམས་ན༌རེ། ཁྱོད་ནི་མི་དེའི་རྗེས་འབྲང་པ་ཡིན་ཞིང་ངེད་ཅག་ནི་མོ་ཤེའི་རྗེས་འབྲང་པ་ཡིན། 29དཀོན་མཆོག་གིས་མོ་ཤེ་ལ་གསུང་གླེང་མཛད་མྱོང་བའི་དོན་དེ་ངེད་རྣམས་ཀྱིས་ཤེས་སོ།། འོན་ཀྱང་མི་དེ་ཡུལ་གང་ནས་ཡོང་བ་མི་ཤེས་ཞེས་སྡིགས་དམོད་བྱས་སོ།། 30ཡང་ཁོ་ན༌རེ། ཁོང་གིས་ངའི་མིག་གསོས་པར་མཛད་ཅིང་ཁྱོད་རྣམས་ཀྱིས་ཁོང་ནི་ཡུལ་གང་ནས་ཡོང་བའང་མི་ཤེས་པས་ཡ་མཚན༌ཆེ། 31དཀོན་མཆོག་གིས་མི་སྡིག་ཅན་གྱི་གསོལ་འདེབས་ལ་མི་གསན་ཞིང༌། དཀོན་མཆོག་ལ་དད་གུས་ལྡན་པ་དང་ཁོང་གི་དགོངས་པ་བཞིན་དུ་བྱེད་མཁན་རྣམས་ཀྱིས་གསོལ་བ་བཏབ་པ་ལ་ཁོང་གིས་གསན་ངེས་པ་བདག་ཅག་གིས་ཤེས་སོ།། 32འཇིག་རྟེན་བཀོད་པའི་ཚུན་ལ་མི་སུས་ཀྱང་དམུས་ལོང་གི་མིག་ཟུང་གསོས་པར་མཛད་པའི་དོན་ཐོས་མ་མྱོང༌། 33གལ་ཏེ་མི་དེ་ནི་དཀོན་མཆོག་ནས་བྱུང་བ་མིན༌ན། དོན་ཅི་ཡང་མཛད་མི་ནུས་ཞེས་སྨྲས་པ༌ལ། 34ཡང་དེ་རྣམས་ན༌རེ། ཁྱོད་ནི་སྐྱེས་པའི་དུས་ནས་སྡིག་ཅན་ཤ་སྟག་ཡིན་ཞིང་ད་དུང་ངེད་རྣམས་ལ་བསླབ་བྱ་གཏོང་འདོད་དམ་ཞེས་སྨྲས་ཏེ་ཁོ་རང་ཕྱི་རུ་བཏོན༌ཏོ།།

དད་པ་མེད་པའི་དམུས་ལོང་ལྟ་བུ་རྣམས་ལ་ཆོས་གསུངས༌པ།

35དེ་ནས་སྐྱབས་མགོན་ཡེ་ཤུས་མིག་ཟུང་གསོས་པའི་མི་དེ་ཕྱི་རུ་བཏོན་པའི་གཏམ་ཐོས༌ཤིང༌། མི་དེ་བཙལ་ནས་རྙེད་དེ་འདི་སྐད༌དུ། ཁྱོད་ཀྱིས་མིའི་བུ་ལ་དད་པ་བྱེད་དམ་ཞེས་གསུངས་པ༌དང༌། 36ཁོ་ན༌རེ། ཇོ་བོ༌ལགས། ཁོང་སུ་ཡིན༌ནམ། ཁྱོད་ཀྱིས་གསུངས་དང་བདག་གིས་དད་པ་བྱའོ་ཞེས་ཞུས་པ༌ལ། 37སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་ཁོང་ཉིད་མཐོང་མྱོང་ཞིང་ད་ལྟ་ཁྱོད་དང་གཏམ་སྨྲ་བཞིན་པ་འདི་ནི་ཁོ་རང་ཡིན་ཞེས་གསུངས་པ༌ན། 38ཡང་ཁོ་ན༌རེ། གཙོ་བོ༌ལགས། ངས་དད་པ་བྱེད་ཅེས་ཞུས་པ་དང་ཁོང་ལ་ཕྱག་འཚལ་ལོ།། 39དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ང་ནི་འཇིག་རྟེན་འདི་ལ་ལེགས་ཉེས་ཀྱི་ཤན་འབྱེད་དུ་ཡོང་བ་ཡིན༌ཏེ། ལོང་བ་རྣམས་ལ་མཐོང་བར་བྱེད་ཅིང་མཐོང་བ་རྣམས་ནི་ལོང་བར་འགྱུར་བའི་ཕྱིར་རོ་ཞེས་གསུངས་སོ།། 40དེ་ནས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོད་པའི་ཕ་རུ་ཤི་པ་འགའ་ཞིག་གིས་ཀྱང་གསུངས་དེ་ཐོས་ནས་འདི༌ལྟར། དེས་ན་ངེད་རྣམས་ཀྱང་ལོང་བ་ཡིན་ནམ་ཞེས་དྲིས་པ༌ན། 41ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་ཁྱོད་རྣམས་ལོང་བ་ཡིན་ན་སྡིག་པའང་མེད། འོན་ཀྱང་ད་ལྟ་ཁྱོད་རྣམས་ཀྱིས་མིག་གིས་མཐོང་བ་ཡིན་ཞེས་ཟེར༌བས། ཁྱོད་ཅག་གི་རྒྱུད་ན་ད་དུང་སྡིག་པ་ཡོད་ཅེས་གསུངས༌སོ།།

ཡོ་ཧ་ནན 10

ལུག་རྫི་བཟང་པོའི༌དཔེ།

1དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། མི་སུ་ཞིག་ལུག་རའི་ནང་དུ་སྒོ་ལམ་བརྒྱུད་ནས་མི་འགྲོ༌བར། གནས་གཞན་ནས་ཡར་འགོས་ཏེ་འགྲོ་བ་ནི་ཇག་རྐུན་ཡིན། 2འོན་ཀྱང་སྒོ་ལམ་བརྒྱུད་ནས་ལུག་རའི་ནང་དུ་འགྲོ་བ་དེ་ནི་ད་གཟོད་ལུག་རྫི་ཡིན༌ཏེ། 3སྒོ་སྲུང་གིས་དེ་ལ་སྒོ་ཕྱེ་བ་དང་ལུག་དག་གིས་ཀྱང་དེའི་སྐད་ལ་ཉན༌པ་དང་། དེས་ཀྱང་རང་གི་ལུག་དག་གི་མིང་བོས་ཏེ་ཕྱི་རོལ་ཏུ་ཁྲིད༌ཅིང༌། 4རང་གི་ལུག་རྣམས་ཕྱིར་གཏོང་ཞིང་ཁོ་ནི་མདུན་དུ་འགྲོ་བའི་དུས། ལུག་དག་གིས་ཀྱང་ཁོའི་སྐད་ཤེས་པས་རྗེས་སུ་འབྲང་བ་ཡིན་ནོ།། 5འོན་ཀྱང་ལུག་དེ་དག་རྒྱུས་མེད་ཀྱི་མིའི་རྗེས་སུ་མི་འབྲང༌ལ། མི་དེའི་སྐད་ཀྱང་མི་ཤེས་པས་འབྲོ་བར་འགྱུར་ཞེས་གསུངས་སོ།། 6དེ་ལྟར་སྐྱབས་མགོན་ཡེ་ཤུས་དཔེའི་སྒོ་ནས་དེ་རྣམས་ལ་གསུང་གནང་ནའང་ཁོ་རྣམས་ཀྱིས་འདིའི་དོན་ཅི་ཡིན་མ་རྟོགས༌སོ།། 7དེའི༌ཕྱིར། ཡང་སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། ངས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། ལུག་རྣམས་ཀྱི་སྒོ་ནི་ང་རང་ཡིན། 8ངའི་སྔོན་དུ་ཡོང་བ་ཐམས་ཅད་ཇག་རྐུན་ཡིན་ཏེ་ལུག་རྣམས་ཀྱིས་ཀྱང་དེ་དག་གི་ངག་ལ་མ་མཉན་ཏོ།། 9ང་རང་ནི་སྒོ་ཡིན༌ཏེ། ང་རང་བརྒྱུད་ནས་ནང་དུ་འགྲོ་བ་ཐམས་ཅད་སྐྱོབ་པར་འགྱུར༌ཞིང༌། ཕྱི་ནང་གང་དུ་སོང་ནའང་བཟའ་བྱའི་རྩྭ་འཐོབ་པར་འགྱུར། 10སྤྱིར་རྐུན་མ་ཐམས་ཅད་ནི་རྐུ་བྱེད་པ་དང་སྲོག་གཅོད་པའམ་མེད་པར་བྱེད་པ་བཅས་ཁོ་ནའི་ཆེད་དུ་ཡོང༌བ་ཡིན། འོན་ཀྱང་ང་རང་ནི་དེ་རྣམས་ལ་ཚེ་སྲོག་དཔག་ཏུ་མེད་པ་སྩོལ་བའི་ཕྱིར་ཡོང༌ངོ༌།། 11ང་རང་ནི་ལུག་རྫི་བཟང་པོ༌ཡིན་ཏེ། ལུག་རྫི་བཟང་པོས་ལུག་རྣམས་ཀྱི་དོན་དུ་རང་སྲོག་ཀྱང་བློས་གཏོང་བ༌ཡིན། 12གླ་བ་ནི་ལུག་རྫི་དངོས་མིན་ལ་ལུག་གི་བདག་པོའང་མ་ཡིན༌པས། ཁོས་སྤྱང་ཀི་ཡོང་བ་མཐོང་ཚེ་ལུག་རྣམས་བསྐྱུར་ནས་འབྲོ་བ༌དང༌། སྤྱང་ཀིས་ལུག་འཛིན་པ་དང་ལུག་ཁྱུའང་གཏོར་བར་བྱེད། 13དེས་ན་གླ་བ་དེ་བྲོས་འགྲོ་བའི་རྒྱུ་མཚན་ཅི་ཞེ༌ན། གླ་བ་ནི་གླས་པ་ཡིན་པས་ཁོས་ལུག་ལ་སེམས་ཁུར་མི་བྱེད་དོ།། 14ང་རང་ནི་ལུག་རྫི་བཟང་པོ༌ཡིན་ཏེ། ངས་རང་གི་ལུག་རྣམས་ངོ་ཤེས༌ཤིང༌། ངའི་ལུག་རྣམས་ཀྱིས་ཀྱང་ང་རང་ངོ་ཤེས༌པ་ཡིན། 15བདག་གི་ཡབ་ཀྱིས་ང་རང་ངོ་ཤེས་པ་དང་ངས་ཀྱང་ཁོང་ཉིད་ངོ་ཤེས་པ༌ལྟར། བདག་གིས་ལུག་རྣམས་ཀྱི་དོན་དུ་རང་སྲོག་བློས་གཏོང་བ་ཡིན། 16བདག་ལ་ལུག་ར་འདིའི་ལུག་ལས་གཞན་པའི་ལུག་ཀྱང་ཡོད༌དེ། ངས་ལུག་དེ་དག་ཚུར་འཁྲིད་དགོས་ཤིང་དེ་དག་གིས་ཀྱང་ངའི་སྐད་ལ་མཉན་ངེས་ཤིང༌། ལུག་དེ་ཐམས་ཅད་ལུག་ཁྱུ་གཅིག་ཏུ་འགྱུར་བ་དང་ལུག་རྫིའང་གཅིག་ལ་གཏོགས་པར་འགྱུར་རོ།། 17བདག་གི་ཡབ་ཀྱིས་ང་རང་ལ་བྱམས་ཤིང་གཅེས༌ཏེ། བདག་གིས་རང་སྲོག་བློས་གཏོང་བ་དང་རང་སྲོག་བཏང་རྗེས་སླར་ཡང་གསོན་པར་བྱེད་པའི་ཕྱིར༌ཡིན། 18བདག་ནི་རང་སྲོག་རང་གིས་བློས་གཏོང་བ་ལས་གཞན་སུས་ཀྱང་འཕྲོག་མི་ནུས༌ཏེ། བདག་ལ་རང་སྲོག་བློས་གཏོང་བའི་དབང་ཡོད་ལ་སླར་གསོན་པའི་དབང་ཡང་ཡོད། དེ་ནི་བདག་གི་ཡབ་ཀྱིས་ང་རང་ལ་བསྩལ་བའི་བཀའ་ཡིན་ཞེས་གསུངས༌སོ།། 19སྐྱབས་མགོན་ཡེ་ཤུས་དེ་ལྟར་གསུངས་པས་ཡ་ཧུ་དཱ་པ་རྣམས་ཀྱི་ཁྲོད་དུ་སླར་ཡང་རྩོད་གླེང་བྱུང་བ༌དང༌། 20མི་མང་པོ་ཞིག་ན༌རེ། མི་འདི་ལ་གདོན་འདྲེ་ཞུགས་ཏེ་སྨྱོས་འདུག་པས་ཅིའི་ཕྱིར་ཁོའི་ཚིག་ལ་ཉན་ནམ་ཞེས་སྨྲས་སོ།། 21ཡང་གཞན་རྣམས་ན༌རེ། འདི་ནི་གདོན་འདྲེས་བཟུང་བ་ཞིག་གིས་གསུངས་པ་མ་ཡིན༌ཏེ། གདོན་འདྲེ་ཞིག་གིས་ལོང་བའི་མིག་ཟུང་གསོ་ནུས་སམ་ཞེས་སྨྲས༌སོ།།

ཡ་ཧུ་དཱ་པ་རྣམས་སྐྱབས་མགོན་ཡེ་ཤུར་ཡིད་མ་ཆེས་པ།

22དེ་ནས་ཡེ་རུ་སཱ་ལེམ་གྱི་བསྔོ་བའི་དུས་ཆེན་ལ་སླེབས་ཤིང་། དུས༌དེ་ནི་དགུན་དུས་ཡིན། 23སྐྱབས་མགོན་ཡེ་ཤུ་མཆོད་ཁང་ནས་སོ་ལོ་མོན་ཞེས་པའི་ཁྱམས་རར་ཞབས་ཀྱིས་བཅགས་ཤིང་། 24ཡ་ཧུ་དཱ་པ་རྣམས་ཀྱིས་ཁོང་གི་མཐའ་བསྐོར་ཏེ་ན༌རེ། ཁྱེད་ཀྱིས་དུས་ནམ་ཞིག་གི་བར་དུ་ངེད་ཅག་ལ་ཐེ་ཚོམ་སྐྱེས་སུ་འཇུག༌གམ། ཁྱེད་རང་སྐྱབས་མགོན་མཱ་ཤི་ཀ་ཡིན་ན་ངེད་ཅག་ལ་གསལ་པོར་གསུང་བར་མཛོད་ཅེས་ཞུས་སོ།། 25དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་སྔ་མོ་ནས་སྨྲས་ཀྱང་ཁྱོད་རྣམས་ཡིད་མ་ཆེས། བདག་གིས་རང་གི་ཡབ་ཀྱི་མཚན་གྱི་སྒོ་ནས་མཛད་པའི་ལས་དེ་དག་གིས་ང་རང་ལ་བདེན་དཔང་བྱེད༌པ་ཡིན། 26འོན་ཀྱང་ཁྱོད་རྣམས་ནི་བདག་གི་ལུག་མིན་པས་བདག་ལ་ཡིད་མི་ཆེས༌ཤིང་། 27ངའི་ལུག་རྣམས་ཀྱིས་ངའི་སྐད་ལ་ཉན་པ༌དང༌། ངས་ཀྱང་ལུག་དེ་དག་ངོ་ཤེས་ཏེ་ལུག་རྣམས་ཀྱང་བདག་གི་རྗེས་སུ་འབྲང༌ངོ་།། 28ཡང་བདག་གིས་དེ་རྣམས་ལ་མཐའ་མེད་པའི་ཚེ་སྲོག་སྩོལ༌བས། དེ་དག་ནམ་ཡང་འཇིག་པར་མི་འགྱུར་ཞིང་སུས་ཀྱང་བདག་གི་ལག་ནས་དེ་རྣམས་འཕྲོག་མི་ནུས། 29བདག་གི་ཡབ་ཀྱིས་ལུག་དེ་རྣམས་བདག་ལ་གནང་ཞིང་ཁོང་ཉིད་ནི་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཡིན༌ཏེ། སུ་ཞིག་གིས་ཀྱང་བདག་གི་ཡབ་ཀྱི་ཕྱག་ནས་ལུག་དེ་རྣམས་འཕྲོག་པར་མི་ནུས། 30བདག་དང་ཡབ་ནི་ངོ་བོ་གཅིག་རང་ཡིན་ཞེས་གསུངས༌སོ།། 31དེ་ནས་ཡ་ཧུ་དཱ་པ་རྣམས་ཀྱིས་སླར་ཡང་ས་ནས་རྡོ་བླངས་ཏེ་སྐྱབས་མགོན་ཡེ་ཤུ་ལ་རྒྱག་པར་རྩོམ་པ༌ན། 32ཁོང་གིས་དེ་རྣམས་ལ་འདི་སྐད༌དུ། བདག་གིས་རང་གི་ཡབ་ནས་བྱུང་བའི་ལས་བཟང་པོ་གང་མང་ཁྱོད་ཅག་ལ་བསྟན་ཡང༌། ཁྱོད་ཅག་གིས་ལས་བཟང་པོ་དེ་དག་ལས་གང་ཞིག་གི་ཕྱིར་དུ་ང་རང་ལ་རྡོ་ཡིས་རྒྱག་འདོད་པ་ཡིན་ནམ་ཞེས་གསུངས་པ༌ན། 33ཡ་ཧུ་དཱ་པ་རྣམས་ན༌རེ། ངེད་རྣམས་ཀྱིས་ལས་བཟང་པོར་དམིགས་ཏེ་ཁྱོད་ལ་རྡོ་ཡིས་རྒྱག་པར་རྩོམ་པ་མ་ཡིན༌ཏེ། ཁྱོད་ནི་མི་ཡིན་ཡང་རང་ཉིད་ནི་དཀོན་མཆོག་ཡིན་ཞེས་དཀོན་མཆོག་ལ་སྐུར་བ་བཏབ་པའི་ཕྱིར་ཡིན་ཞེས་སྨྲས༌སོ།། 34ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གི་བཀའ་ཁྲིམས་ནང་དུ་ངས་ཁྱོད་རྣམས་ནི་དཀོན་མཆོག་ཡིན་ཞེས་གསུངས་མྱོང་བ་མ་ཡིན༌ནམ། 35གསུང་རབ་ལས་བྱུང་བའི་བཀའ་རྣམས་རྟག་ཏུ་ཡང་དག་ཅིང་བདེན་པ་ཡིན༌ལ། གལ་ཏེ་དཀོན་མཆོག་གིས་རང་ཉིད་ཀྱི་བཀའ་ཐོབ་པའི་མི་རྣམས་ལ་དཀོན་མཆོག་ཅེས་གསུངས༌ན། 36ཡབ་ཀྱིས་ང་རང་མཆོག་ཏུ་བདམས་ཤིང་འཇིག་རྟེན་དུ་མངགས་པ༌དང༌། ངས་རང་ཉིད་ནི་དཀོན་མཆོག་གི་སྲས་ཡིན་ཞེས་སྨྲས༌པས། ཁྱོད་རྣམས་ན༌རེ། ཁྱོད་ཀྱིས་དཀོན་མཆོག་ལ་སྐུར་བ་བཏབ་ཅེས་ཟེར་དོན༌ཅི། 37གལ་ཏེ་ངས་རང་གི་ཡབ་ཀྱི་དོན་རྣམས་མི་སྒྲུབ༌ན། ཁྱོད་ཅག་གིས་ཀྱང་ང་རང་ལ་ཡིད་ཆེས་བྱེད་དགོས་དོན་མི་འདུག 38གལ་ཏེ། ངས་རང་གི་ཡབ་ཀྱི་དོན་དེ་བསྒྲུབས་པ༌དང༌། བདག་ལ་ཁྱོད་ཅག་ཡིད་མི་ཆེས༌ནའང༌། དོན་དེ་རྣམས་ལ་ཡིད་ཆེས་བྱེད་དགོས༌ཏེ། བདག་གི་ཡབ་ནི་ང་ཡི་ནང་དུ་གནས་ཤིང་། ང་རང་ཡང་ཡབ་ཀྱི་ནང་དུ་གནས་པའི་དོན་དེ་ཁྱོད་ཅག་གིས་གསལ་པོར་ཤེས་པར་འགྱུར་བའི་ཕྱིར་ཡིན་ཞེས་གསུངས་སོ།། 39དེ་ནས་ཡང་ཡ་ཧུ་དཱ་པ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱེད་པར་རྩོམ་པ༌ན། ཁོང་ནི་མི་དེ་དག་གི་ལག་ནས་ཐར༌བ་རེད། 40དེ་ནས་སྐྱབས་མགོན་ཡེ་ཤུ་ཁོང་ཡོར་དན་གཙང་པོའི་ཕ་རོལ༌ཏེ། སྔར་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་ཁྲུས་གསོལ་བྱས་མྱོང་བའི་གནས་དེར་ཕེབས་ནས་བཞུགས་པ་རེད། 41དེ་ནས་མི་མང་པོ་ཁོང་གི་དྲུང་དུ་ཡོང་སྟེ་ཕན་ཚུན་ལ་ན༌རེ། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་གྲུབ་རྟགས་ཅི་ཡང་མ་བསྟན༌ཀྱང་། ཁོས་སྐྱེས་བུ་འདིའི་སྐོར་ལ་སྨྲས་པ་ཐམས་ཅད་བདེན་པ་རེད་ཅེས་སྨྲས་པ༌དང༌། 42ཡུལ་དེ་རུ་མི་མང་པོའང་སྐྱབས་མགོན་ཡེ་ཤུ་ལ་དད་པར་གྱུར༌ཏོ།།

ཡོ་ཧ་ནན 11

ལཱ་ཟར་ཤི་བའི༌སྐོར།

1དེ་ཡང་མིང་ལ་ལཱ་ཟར་ཞེས་འབོད་པའི་ནད་པ་ཞིག་ཡོད་པ་དེ་ནི་པེ་ཐན་ཡཱ་གྲོང་སྡེ་རུ་གནས༌ཤིང༌། དེ་ནི་མིར་ཡམ་དང་ཁོ་མོའི་ལྕམ་མོ་མཱར་ཐ་གཉིས་ཀའི་གྲོང་སྡེ་ཡིན། 2མིར་ཡམ་ཞེས་པ་དེ་ནི་སྐྱབས་མགོན་ཡེ་ཤུའི་སྐུ་ལ་སྤོས་ཆུ་བྱུགས་ཤིང་སྐྲ་ཡིས་ཁོང་གི་ཞབས་ཟུང་ཕྱི་མཁན་དེ་ཡིན༌ལ། ཁོ་མོའི་སྤུན་ལཱ་ཟར་ལ་ན་ཚ་བྱུང་བ་ཡིན༌པས། 3ལྕམ་སྲིང་གཉིས་ཀྱིས་མི་གཞན་ཞིག་སྐྱབས་མགོན་ཡེ་ཤུའི་དྲུང་དུ་མངགས༌ཏེ། གཙོ་བོ༌ལགས། ཁྱེད་ཀྱིས་བྱམས་ཤིང་གཅེས་པའི་མི་དེ་ད་ལྟ་ནད་ཀྱིས་མནར་ཞེས་ངག་འཕྲིན་བསྐུར༌ཏོ།། 4དེ་ནས་སྐྱབས་མགོན་ཡེ་ཤུས་གཏམ་དེ་གསན་ནས་འདི་སྐད༌དུ། ནད་དེ་ནི་འཆི་བའི་རྒྱུ་མ་ཡིན་པར་དཀོན་མཆོག་གི་གཟི་བརྗིད་མངོན་པར་འགྱུར་བའི༌ཕྱིར་ཡིན་ལ། ནད་པ་དེ་ཉིད་བརྒྱུད་ནས་སྲས་དཀོན་མཆོག་གཟི་བརྗིད་དང་ལྡན་པར་འགྱུར་ཞེས་གསུངས་སོ།། 5སྐྱབས་མགོན་ཡེ་ཤུས་མཱར་ཐ་དང་ཁོ་མོའི་ནུ་མོ་མིར་ཡམ། ལཱ་ཟར་བཅས་ལ་བྱམས་ཤིང་གཅེས༌ནའང༌། 6སྐྱབས་མགོན་ཡེ་ཤུས་ལཱ་ཟར་ན་བའི་གཏམ་དེ་གསན་ནས་སྔར་བཞིན་རང་ཉིད་ཀྱི་བཞུགས་གནས་སུ་ཉིན་གཉིས་ལ་བཞུགས༌རྗེས། 7ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། བདག་ཅག་སླར་ཡང་ཡ་ཧུ་དཱའི་ཡུལ་དུ་འགྲོའོ་ཞེས་གསུངས་པ༌ལ། 8ཐུགས་སྲས་རྣམས་ན༌རེ། རཱབ་པེ་ལགས། ཁ་སང་ཙམ་ནས་ཡ་ཧུ་དཱ་པ་རྣམས་ཀྱིས་ཁྱེད་ལ་རྡོ་རུབ་གཏོང་བར་རྩོམ༌ཡང༌། ཁྱེད་རང་ད་དུང་ཡུལ་དེར་ཕེབས་སམ་ཞེས་ཞུས་པ༌ན། 9ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཉིན་དཀར་གཅིག་ལ་ཆུ་ཚོད་བཅུ་གཉིས་ཡོད་པ་མ་ཡིན༌ནམ། ཉིན་མོར་ལམ་ལ་སྐྱོད་མཁན་དེས་འཇིག་རྟེན་གྱི་འོད་སྣང་མཐོང་བས་སར་མི་འགྱེལ༌ཡང༌། 10མཚན་མོར་ལམ་ལ་སྐྱོད་མཁན་དེར་འོད་སྣང་མེད་པས་སར་འགྱེལ་བར་འགྱུར་ཞེས་གསུངས་པ༌དང༌། 11ཡང་ཁོང་གིས་འདི་སྐད༌དུ། བདག་ཅག་གི་གྲོགས་ལཱ་ཟར་གཉིད་དུ་ཡུར་བས་ང་རང་ཁོ་བོ་བསླང་དུ་འགྲོ་ཞེས་གསུངས་སོ།། 12དེ་ནས་ཐུགས་སྲས་རྣམས་ན༌རེ། གཙོ་བོ༌ལགས། ལཱ་ཟར་གཉིད་དུ་ཡུར་བ་ཡིན་ན་ནད་སོས་པར་འགྱུར་ཞེས་སྨྲས་སོ།། 13སྐྱབས་མགོན་ཡེ་ཤུས་ལཱ་ཟར་ཤི་ཟིན་པ་མཁྱེན་ནས་དེ་སྐད་གསུངས་ནའང་ཐུགས་སྲས་རྣམས་ཀྱིས་ལཱ་ཟར་དངོས་གནས་གཉིད་དུ་ཡུར་བ་ལ༌གོ་བ་རེད། 14དེའི༌ཕྱིར། སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ལཱ་ཟར་ཤི་ཟིན༌ནོ།། 15འོན་ཀྱང་ཁྱོད་རྣམས་དད་པར་འགྱུར་བའི༌ཕྱིར། ང་རང་སྔར་དེར་མེད་པ་ལ་དགའོ།། ད་ལྟ་བདག་ཅག་ལཱ་ཟར་སྡོད་པའི་ཡུལ་དུ་འགྲོའོ་ཞེས་གསལ་པོར་གསུངས་སོ།། 16དེ་ནས་ཐུགས་སྲས་རྣམས་ཀྱི་ཁྲོད་ན་མིང་གཞན་ལ་མཚེ་མ་ཞེས་འབོད་པའི་ཐོ་མཱ་ཡིས་ཐུགས་སྲས་གཞན་རྣམས་ལ། བདག་ཅག་ཀྱང་ཁོང་དང་ལྷན་དུ་འཆི་རུ་འགྲོའོ་ཞེས་སྨྲས༌སོ།།

སྐྱབས་མགོན་ཡེ་ཤུས་ལཱ་ཟར་གྱི་གཅེན་མོ་གཉིས་ལ་སེམས་གསོ་མཛད་པའི༌སྐོར།

17དེ་ནས་སྐྱབས་མགོན་ཡེ་ཤུ་གནས་དེར་ཕེབས་པ་དང་། ལཱ་ཟར་གྱི་བེམ་པོ་དུར་ཁུང་དུ་བཞག་ནས་ཉིན་བཞི་འགོར་བའང་མཁྱེན་ནོ།། 18པེ་ཐན་ཡཱ་ནི་ཡེ་རུ་སཱ་ལེམ་དང་བར་ཐག་ཉེ་ཞིང་ཧ་ལམ་རྒྱང་གྲགས་གསུམ་ཙམ་ཡོད༌པས། 19ཡ་ཧུ་དཱ་པ་མི་མང་པོ་ཞིག་མཱར་ཐ་དང་མིར་ཡམ་གྱི་སྤུན་ཚེ་ལས་འདས་པ་ལ་སེམས་གསོ་བྱེད་དུ་ཡོང༌བ་རེད། 20དེ་ནས་མཱར་ཐས་སྐྱབས་མགོན་ཡེ་ཤུ་ཕེབས་བཞིན་པའི་གནས་ཚུལ་ཐོས་ཏེ། ཁོང་བསུ་བར་ཕྱིན་ཅིང་མིར་ཡམ་རང་ཁྱིམ་དུ་བསྡད་པ་དང་། 21དེ་ནས་མཱར་ཐ་ན༌རེ། གཙོ་བོ༌ལགས། ཁྱེད་རང་སྔ་མོ་ནས་འདིར་ཕེབས་པ་ཡིན་ན་ངའི་སྤུན་འཆི་མི་སྲིད་དོ།། 22འོན་ཀྱང་ད་ལྟའང་ཁྱེད་ཀྱིས་དཀོན་མཆོག་ལ་དོན་གང་ཞིག་ཞུ་བ་དེ་བཞིན་གནང་བར་འགྱུར་བ་བདག་གིས་ཤེས་ཞེས་ཞུས་པ༌ལ། 23སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱི་སྤུན་ལཱ་ཟར་སླར་གསོན་ངེས་ཡིན་ཞེས་གསུངས་པ༌ན། 24མཱར་ཐ་ན༌རེ། མཐའ་མའི་ཉིན་མོར་གཤིན་པོ་རྣམས་སླར་གསོན་དུས་ལཱ་ཟར་ཡང་སླར་གསོན་པར་འགྱུར་བ་བདག་གིས་ཤེས་ཞེས་ཞུས་སོ།། 25ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། སླར་གསོན་པ་དང་ཚེ་སྲོག་གནང་མཁན་ནི་ང་རང་ཡིན༌ཏེ། བདག་ལ་དད་པ་བྱེད་མཁན་སུ་ཞིག་འཆི་ནའང་ད་དུང་གསོན་པར་འགྱུར་བ༌དང༌། 26གསོན་པོར་གནས་ཤིང་བདག་ལ་དད་མཁན་ཐམས་ཅད་ནམ་ཡང་འཆི་བར་མི་འགྱུར། ཁྱོད་ནི་དོན་འདི་ལ་ཡིད་ཆེས་སམ་ཞེས་གསུངས་པ༌ལ། 27མཱར་ཐ་ན༌རེ། ལགས༌སོ།། གཙོ་བོ༌ལགས། བདག་གིས་ཁྱེད་རང་ནི་སྐྱབས་མགོན་མཱ་ཤི་ཀ་སྟེ། དཀོན་མཆོག་གི་སྲས་འཇིག་རྟེན་དུ་བྱོན་པ་དེ་ཉིད་ཡིན་པར་དད་པ་བྱེད་ཅེས་ཞུས༌སོ།། 28མཱར་ཐས་དེ་ལྟར་ཞུས་རྗེས་ཕྱིར་ཁྱིམ་དུ་སོང་ནས་རང་གི་ནུ་མོ་མིར་ཡམ་ཟུར་དུ་བོས་ཏེ་ན༌རེ། སློབ་དཔོན་ཕེབས་བྱུང༌། ཁོང་གིས་ཁྱོད་རང་ཡང་འབོད་ཀྱིན་འདུག་ཅེས་སྨྲས་པ༌དང༌། 29མིར་ཡམ་གྱིས་སྐད་དེ་ཐོས་ནས་མྱུར་དུ་ཡར་ལངས་ཏེ་སྐྱབས་མགོན་ཡེ་ཤུའི་དྲུང་དུ་སོང༌ངོ་༎ 30དུས༌དེར། སྐྱབས་མགོན་ཡེ་ཤུ་ད་དུང་ཡུལ་སྡེ་ནང་དུ་ཕེབས་མེད་པར་མཱར་ཐས་ཁོང་ལ་བསུ་བ་བྱས་པའི་གནས་དེར་བཞུགས་ཡོད༌པ་རེད། 31མིར་ཡམ་དང་མཉམ་དུ་ཁྱིམ་ལ་སྡོད་ཅིང་སེམས་གསོ་བྱེད་པའི་ཡ་ཧུ་དཱ་པ་རྣམས་ཀྱིས་ཀྱང་ཁོ་མོ་མྱུར་དུ་ཡར་ལངས་ནས་ཕྱི་རོལ་ཏུ་འགྲོ་བ་མཐོང༌རྗེས། ཁོ་མོ་ནི་དུར་ཁུང་གི་སྒོ་ཁར་ངུ་རུ་འགྲོ་བར་བསམས་ཏེ་ཁོ་མོའི་རྗེས་སུ་འབྲངས་སོ།། 32དེ་ནས་མིར་ཡམ་ཡང་སྐྱབས་མགོན་ཡེ་ཤུ་བཞུགས་སར་སླེབས་ཤིང་། ཁོང་མཇལ་བ་དང་ཁོང་གི་ཞབས་དྲུང་དུ་ཕྱག་འཚལ་ཏེ་ན༌རེ། གཙོ་བོ༌ལགས། ཁྱེད་རང་སྔ་མོ་ནས་གནས་འདིར་ཕེབས་པ་ཡིན་ན་ངའི་སྤུན་ཡང་འཆི་མི་སྲིད་ཅེས་ཞུས་པ༌དང༌། 33སྐྱབས་མགོན་ཡེ་ཤུས་མིར་ཡམ་དང་བཅས་པའི་ཡ་ཧུ་དཱ་པ་རྣམས་ངུ་བ་གཟིགས་པ༌དང༌། ཁོང་གི་ཐུགས་ཤིན་ཏུ་སྐྱོ་ཞིང་གདུང་བར་གྱུར་ཏེ་འདི་སྐད༌དུ། 34ལཱ་ཟར་གྱི་བེམ་པོ་གང་དུ་བཞག་ཡོད་དམ་ཞེས་གསུངས་པ༌ལ། དེ་རྣམས་ན༌རེ། གཙོ་བོ་ཁྱེད་ཉིད་ཕེབས་ཏེ་གཟིགས་རོགས་མཛོད་ཅེས་ཞུས་པ༌དང༌། 35སྐྱབས་མགོན་ཡེ་ཤུ་བཤུམས༌སོ།། 36དེ་ནས་ཡ་ཧུ་དཱ་པ་རྣམས་ཕན་ཚུན་ལ་ན༌རེ། ལྟོས༌དང༌། ཁོང་གིས་ལཱ་ཟར་ལ་ཇི་འདྲའི་བྱམས་ཤིང་གཅེས་ཨང་ཞེས་སྨྲས་པ༌དང༌། 37ཡང་འགའ་ཞིག་ན༌རེ། མི་འདིས་ལོང་བའི་མིག་ཟུང་གསོ་བར་ནུས༌ན། ལཱ་ཟར་ཡང་འཆི་རུ་མ་བཅུག་ན་མི་ཆོག་གམ་ཞེས་སྨྲས༌སོ།།

སྐྱབས་མགོན་ཡེ་ཤུས་ལཱ་ཟར་སླར་གསོན་པར་མཛད༌པ།

38སྐྱབས་མགོན་ཡེ་ཤུའང་ཐུགས་སྐྱོ་བཞིན་དུར་ཁུང་གི་མདུན་དུ་ཕེབས་པ༌དང༌། དུར་ཁུང་དེ་ནི་བྲག་ཁུང་ཞིག་ཡིན་ཞིང་རྡོ་ཕ་བོང་ཞིག་གིས་ཁུང་སྒོ་བཅད་ཡོད༌པ་རེད། 39སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་རྡོ་ཕ་བོང་དེ་ཕར་སྒྲིལ་ཞིག་ཅེས་གསུངས་པ༌ན། གཤིན་པོའི་ལྕམ་སྲིང་མཱར་ཐ་ན༌རེ། གཙོ་བོ༌ལགས། ལཱ་ཟར་ཤི་ནས་ཉིན་བཞི་འགོར་བས་ད་ལྟ་དྲི་ངན་བྲོ་བར་ངེས་ཞེས་ཞུས་པ༌ལ། 40སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་དད་པ་བྱས་ན་དཀོན་མཆོག་གི་གཟི་བརྗིད་མཐོང་ངེས་ཡིན་ཞེས་བདག་གིས་སྨྲས་མྱོང་བ་མ་ཡིན་ནམ་ཞེས་གསུངས་སོ།། 41དེ་ནས་མི་རྣམས་ཀྱིས་རྡོ་ཕ་བོང་ཕར་བསྒྲིལ་བ་དང་། སྐྱབས་མགོན་ཡེ་ཤུས་དབུ་ཡར་བཏེགས་ཏེ་འདི་སྐད༌དུ། བདག་གི་ཡབ༌ལགས། ཁྱེད་ཀྱིས་བདག་གི་གསོལ་བ་ལ་གསན་པར་ཐུགས་རྗེ༌ཆེ་ཞུ། 42ཁྱེད་ཀྱིས་རྟག་ཏུ་བདག་གི་གསོལ་བ་ལ་གསན་པ་ངས་ཀྱང་ཤེས༌མོད། འོན་ཀྱང་ཐེངས་འདིར་ཞུ་དོན་ནི་འདི་ན་ཡོད་པའི་མི་རྣམས་བདག་ནི་ཁྱེད་ཀྱིས་མངགས་པ་ཡིན་པར་ཡིད་ཆེས་པའི་ཕྱིར་རོ་ཞེས་གསུངས་སོ།། 43སྐྱབས་མགོན་ཡེ་ཤུས་དེ་ལྟར་གསུངས་རྗེས་སྐད་གསང་མཐོན་པོས་འདི་སྐད༌དུ། ལཱ༌ཟར། ཁྱོད་རང་ཕྱི་རོལ་ཏུ་ཤོག་ཅིག་ཅེས་གསུངས་མ༌ཐག 44ཤི་ཟིན་པའི་མི་དེ་ཕྱི་རོལ་ཏུ་ཐོན་ནོ།། ལཱ་ཟར་གྱི་རྐང་ལག་དང་གདོང་ལ་རས་ཀྱིས་དཀྲིས་ཡོད༌པས། སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་རས་གྲོལ་ཏེ་ཁོ་རང་འགྲོ་རུ་ཆུག་ཅེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་དགྲོང་བའི་ཇུས༌ངན།

45དེ་ནས་མིར་ཡམ་གྱི་གམ་དུ་ཡོང་བའི་ཡ་ཧུ་དཱ་པ་མང་པོས་སྐྱབས་མགོན་ཡེ་ཤུས་མཛད་པའི་དོན་དེ་མཐོང་ནས་ཁོང་ལ་དད་པར་གྱུར་ཏོ།། 46འོན་ཀྱང་དེ་རྣམས་ལས་འགའ་ཞིག་ཕ་རུ་ཤི་པ་རྣམས་ཀྱི་གམ་དུ་སོང་སྟེ། སྐྱབས་མགོན་ཡེ་ཤུས་མཛད་པའི་དོན་རྣམས་བཤད༌པས། 47མཆོད་དཔོན་ཆེན་པོ་དག་དང་ཕ་རུ་ཤི་པ་རྣམས་ཀྱིས་ཚོགས་མི་རྣམས་བསྡུས་ཤིང་གྲོས་བྱས་ཏེ་ན༌རེ། མི་འདིས་གྲུབ་རྟགས་མང་པོ་སྟོན་བཞིན་ཡོད་པས་བདག་ཅག་གིས་ཅི༌བྱའམ། 48གལ་ཏེ་འདི་ལྟར་བསྐྱུར་ན་མི་ཐམས་ཅད་ཁོ་ལ་དད་པར་འགྱུར༌ཞིང༌། རོ་མཱ་པ་རྣམས་ཀྱང་ཡོང་ནས་བདག་ཅག་གི་ས་དང་འབངས་རྣམས་འཕྲོག་ངེས་ཡིན་ཞེས་སྨྲས་སོ།། 49དེ་རྣམས་ཀྱི་གྲས་སུ་ཀ་ཡ་ཕཱ་ཞེས་བྱ་བ་ལོ་དེར་མཆོད་དཔོན་ཆེན་པོའི་གོ་གནས་བཟུང་ཡོད་པ་ན༌རེ། ཁྱོད་རྣམས་ཀྱིས་ཅི་ཡང་མི་ཤེས༌ཏེ། 50མི་རྒྱུད་ཐམས་ཅད་བརླག་པ་ལས། མི་རྣམས་ཀྱི་ཆེད༌དུ་མི་གཅིག་འཆི་བར་འགྱུར་བ་དེ་མི་ལེགས་སམ་ཞེས་སྨྲས་སོ།། 51འོན་ཀྱང་གཏམ་དེ་ནི་རང་བཞིན་གྱིས་སྨྲས་པ་མ་ཡིན༌ཏེ། ཁོས་མཆོད་དཔོན་ཆེན་པོའི་གོ་གནས་བཟུང་བའི་ལོ༌དེར། སྐྱབས་མགོན་ཡེ་ཤུའང་ཡ་ཧུ་དཱ་པ་ཐམས་ཅད་ཀྱི་དོན་དུ་སྐུ་གཤེགས་པར་འགྱུར་བར་མ༌ཟད། 52ཕྱོགས་བཞི་སོ་སོར་གྱེས་པའི་དཀོན་མཆོག་གི་བུ་དང་བུ་མོ་རྣམས་ཕྱོགས་གཅིག་ཏུ་བསྡུ་བའི༌ཕྱིར། ཁོང་ཉིད་སྐུ་གཤེགས་དགོས་པའང་དཀོན་མཆོག་གིས་བསྐུལ་བ་བརྒྱུད༌ནས། ཀ་ཡ་ཕཱས་ཀྱང་ལུང་བསྟན་པ་ཡིན། 53ཉིན་དེ་ནས༌བཟུང༌། མི་དེ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་དགྲོང་བར་གྲོས་བྱས༌སོ།། 54དེའི༌ཕྱིར། སྐྱབས་མགོན་ཡེ་ཤུའང་ཡ་ཧུ་དཱ་པ་རྣམས་ཀྱི་ཁྲོད་དུ་མངོན་སུམ་དུ་མ་ཕེབས༌པར། ཐུགས་སྲས་རྣམས་དང་མཉམ་དུ་དབེན་གནས་དང་ཉེ་བའི་ཨེ་ཕཱར་ཡིམ་གྲོང་སྡེར་ཕེབས་ཏེ་བཞུགས་སོ།། 55དེ་ནས་ཡ་ཧུ་དཱའི་མི་རིགས་ཀྱི་པེ་སག་གི་དུས་ཆེན་སླེབ་ལ་ཉེ་བ༌ན། དུས་ཆེན་གྱི་སྔོན་ལ་མི་མང་པོ་ཞིག་གྲོང་སྡེ་དག་ནས་ཐོན༌ཏེ། ཡར་ཡེ་རུ་སཱ་ལེམ་དུ་ཆོས་ཀྱི་གཙང་སྦྲའི་ཆོ་ག་བསྒྲུབ་ཏུ་སོང༌། 56དེ་ནས་མི་དེ་རྣམས་སྐྱབས་མགོན་ཡེ་ཤུ་འཚོལ་དུ་ཕྱིན་ཅིང་མཆོད་ཁང་ནས་ཕན་ཚུན་ལ་ན༌རེ། ཁྱོད་རྣམས་ཀྱིས་ཅི་བསམ་པ་ཡིན༌ནམ། ཡེ་ཤུ་དུས་ཆེན་ལ་ཕེབས་མི་ཡོང་ངམ་ཞེས་སྨྲས། 57ཡང་མཆོད་དཔོན་ཆེན་པོ་དག་དང་ཕ་རུ་ཤི་པ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱ་ཆེད། སུ་ཞིག་གིས་ཡེ་ཤུ་གང་དུ་བཞུགས་པ་ཤེས་ན་ངེས་པར་གསལ་པོར་འཆད་དགོས་ཞེས་བཀའ་བསྒོས་ཡོད༌དོ།།

ཡོ་ཧ་ནན 12

སྐྱབས་མགོན་ཡེ་ཤུའི་སྐུ་ལ་སྤོས་ཆུ་བྱུགས༌པ།

1དེ་ཡང་པེ་སག་གི་དུས་ཆེན་སྔོན་གྱི་ཉིན་དྲུག་པ་ལ་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་པེ་ཐན་ཡཱ་སྟེ། དེ་སྔར་ཁོང་གིས་ལཱ་ཟར་འཆི་བ་ལས་སླར་གསོན་པར་མཛད་པའི་གྲོང་སྡེ་དེར་བྱོན་པ༌དང༌། 2མི་རྣམས་ཀྱིས་གནས་དེ་ནས་ཁོང་ལ་གསོལ་སྟོན་བཤམས་ཤིང་མཱར་ཐས་སྣེ་ལེན་བྱས་པ༌དང༌། ལཱ་ཟར་ཡང་སྐྱབས་མགོན་ཡེ་ཤུ་དང་བཅས་པའི་མགྲོན་པོའི་གྲས་སུ་ཡོད་དོ།། 3དེ་ནས་མིར་ཡམ་གྱིས་རིན་ཐང་ཆེ་བའི་སྤོས་ཆུ་ལྷད་མེད་པ་ནཱར་དི་རྒྱ་མ་གང་ཙམ་ཁྱེར་ཡོང༌ནས། སྐྱབས་མགོན་ཡེ་ཤུའི་ཞབས་ལ་བྱུགས་ཤིང་རང་གི་སྐྲས་ཕྱིས་པ༌ན། ཁང་པའི་ནང་དུའང་སྤོས་ཆུའི་དྲི་ཞིམ་ཁྱབ་པ་རེད། 4དེ་ནས་སྐྱབས་མགོན་ཡེ་ཤུའི་ཐུགས་སྲས༌ཏེ། ཕྱིས་སུ་ཁོང་ཉིད་ལ་ངོ་ལོག་བྱེད་མཁན་ཨི་སི་ཀར་རེའི་ཡུ་དཱ་ཞེས་པ་ན༌རེ། 5སྤོས་ཆུ་འདི་དངུལ་སྒོར་སུམ་བརྒྱར་བཙོངས་ཏེ་དབུལ་པོ་རྣམས་ལ་བྱིན་ན་ལེགས་ཞེས་སྨྲས་སོ།། 6དེ་ནི་ཁོས་དབུལ་པོ་རྣམས་ལ་སྙིང་རྗེ་ནས་དེ་ལྟར་སྨྲས་པ་མ་ཡིན༌ཏེ། ཁོ་ནི་རྐུན་མ་ཡིན་ཞིང་དངུལ་ཁུག་ཉར་ཚགས་བྱེད་མཁན་ཡང་ཡིན༌པས། ཁོས་རྟག་ཏུ་ལྐོག་ལེན་བྱེད་པའི་ཕྱིར༌རོ།། 7དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁོ་མོར་དེ་བཞིན་བྱེད་དུ༌ཆུག ཁོ་མོས་ང་རང་དུར་དུ་འཇུག་པའི་ཉིན་མོ་ལ་བཞག་པ་ཡིན། 8དབུལ་པོ་རྣམས་རྟག་ཏུ་ཁྱོད་ཅག་དང་མཉམ་དུ་ཡོད་ཀྱང་། ང་རང་ནི་དུས་རྟག་ཏུ་ཁྱོད་ཅག་དང་མཉམ་དུ་མི་གནས་ཞེས་གསུངས༌སོ།། 9དེ་ནས་ཡ་ཧུ་དཱ་པ་ཧ་ཅང་མང་པོས་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་པེ་ཐན་ཡཱ་རུ་བཞུགས་པ་ཐོས༌ཏེ། སྐྱབས་མགོན་ཡེ་ཤུ་ལ་མཇལ་དུ་ཡོང་བར་མ་ཟད། ཁོང་གིས་འཆི་བ་ལས་སླར་གསོན་པར་མཛད་པའི་ལཱ་ཟར་ལ་བལྟ་རུ་ཡོང༌བའང་རེད། 10འོན་ཀྱང་མཆོད་དཔོན་ཆེན་པོ་རྣམས་ཀྱིས་ལཱ་ཟར་གསོད་པར་ཡང་གྲོས་བྱས་སོ།། 11རྒྱུ་མཚན་ནི་ལཱ་ཟར་གྱི་རྐྱེན༌གྱིས། ཡ་ཧུ་དཱ་པ་མང་པོ་ཞིག་ཁོ་རྣམས་དང་ཁ་བྲལ་ནས་སྐྱབས་མགོན་ཡེ་ཤུ་ལ་དད་པར་གྱུར་པས༌སོ།།

གཟི་བརྗིད་ཀྱི་ངང་ནས་ཡེ་རུ་སཱ་ལེམ་དུ་ཕེབས༌པ།

12དེའི་ཕྱི༌ཉིན། པེ་སག་གི་དུས་ཆེན་ལ་ཡོང་བའི་མི་ཧ་ཅང་མང་པོས་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་ཕེབས་བཞིན་ཡོད་པ་ཐོས༌ནས། 13ཤིང་ཏ་ལའི་ཡལ་ག་ཁུར་ཏེ་ཁོང་ཉིད་བསུ་རུ་སོང་ཞིང་སྐད་མཐོན༌པོས། ཧོ་ཟན༌ནཱ། ཡེས་ར་ཨེལ་གྱི་རྒྱལ་པོ་སྟེ། གཙོ་བོའི་མཚན་གྱི་སྒོ་ནས་བྱོན་པ་ནི་བྱིན་རླབས་ཅན་ཡིན་ཞེས་ཡང་ཡང་བསྒྲགས་སོ།། 14དེ་ནས་སྐྱབས་མགོན་ཡེ་ཤུར་བོང་ཕྲུག་ཅིག་འབྱོར་ཅིང་ཁོང་དེ་ལ་བཅིབས་སོ།། དེ་ནི་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། 15ཛ་ཡན་ཡུལ་གྱི་མི་རྒྱུད༌རྣམས།། འཇིགས་པའི་ངལ་བ་བྱ་མི༌འོས།། ཁྱོད་ཀྱི་རྒྱལ་པོ་ད་ལྟ་ཉིད༎ བོང་ཕྲུག་བཞོན་ནས་ཕེབས་ལ༌ལྟོས།། ཞེས་བཀོད་པ་བཞིན༌ནོ།། 16ཐུགས་སྲས་རྣམས་ཀྱིས་སྔ་མོ་ནས་དོན་འདི་དག་མ་རྟོགས༌ལ། སྐྱབས་མགོན་ཡེ་ཤུ་གཟི་བརྗིད་དང་ལྡན་པར་གྱུར༌རྗེས། ད་གཟོད་གསུང་དེ་ནི་ཁོང་གི་སྐོར་ལ་བྲིས་པ་དང་དེ་རྣམས་ཀྱིས་ཀྱང་ཁོང་ལ་དེ་བཞིན་དུ་བྱས་པ་དྲན༌ནོ།། 17སྐྱབས་མགོན་ཡེ་ཤུས་ལཱ་ཟར་དུར་ཁུང་ལས་ཕྱི་རུ་བོས་ཤིང་འཆི་བ་ལས་སླར་གསོན་པར་མཛད་པའི་དུས༌སུ། ཁོང་དང་མཉམ་དུ་ཡོད་པའི་མི་དེ་རྣམས་ཀྱིས་དོན་དེ་ལ་བདེན་དཔང་ཡང་ཡང་བྱས༌པས། 18མི་ཚོགས་ཀྱིས་ཀྱང་ཁོང་གིས་མཛད་པའི་གྲུབ་རྟགས་དེའི་སྐོར་ཐོས་ནས་ཁོང་ཉིད་བསུ་རུ་ཕྱིན་ཏོ།། 19དེ་ནས་ཕ་རུ་ཤི་པ་རྣམས་ཕན་ཚུན་ལ་ན༌རེ། ལྟོས༌དང༌། འཇིག་རྟེན་མི་ཀུན་ཁོའི་རྗེས་སུ་འབྲངས་པས་བདག་ཅག་གིས་ཅི་བྱས་ཐམས་ཅད་སྟོང་བ་རེད་ཅེས་སྨྲས༌སོ།།

སྐྱབས་མགོན་ཡེ་ཤུས་རང་ཉིད་དགྲོང་བར་འགྱུར་བའི་ལུང་བསྟན༌པ།

20ཡང་དུས༌དེར། པེ་སག་གི་དུས་ཆེན་ལ་ཞུགས་པ་དང་དཀོན་མཆོག་ལ་བསྙེན་བཀུར་བྱེད་དུ་ཡོང་བའི་མི་རྣམས༌ལས། ཡ་ཧུ་དཱ་པའི་ཆོས་ལ་དད་གུས་ཡོད་པའི་གྷི་རིག་པ་འགའ་ཞིག་ཡོད་པ༌དང༌། 21དེ་རྣམས་ནི་ག་ལིལ་ཡུལ་གྱི་ཁོངས་གཏོགས་པེ་སད་དཱ་ནས་ཕི་ལིབ་ཅེས་པའི་དྲུང་དུ་སོང་སྟེ་ན༌རེ། ཇོ་བོ༌ལགས། ངེད་རྣམས་ཡེ་ཤུར་མཇལ་འདོད་ཅེས་ཞུས་པ༌དང༌། 22ཕི་ལིབ་ཀྱིས་དོན་དེ་ཨན་དྲི་ཡཱ་ལ་སྨྲས༌ཤིང༌། ཨན་དྲི་ཡཱ་དང་ཕི་ལིབ་གཉིས་སྐྱབས་མགོན་ཡེ་ཤུའི་དྲུང་དུ་སོང་ནས་དོན་དེ་ཁོང་ལ་ཞུས་སོ།། 23དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། མིའི་བུ་གཟི་བརྗིད་དང་ལྡན་པར་འགྱུར་བའི་དུས་དེ་སླེབས་བྱུང་། 24བདག་གིས་ཁྱོད་ཅག་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། གྲོའི་འབྲུ་རྡོག་གཅིག་ལ་མཚོན༌ན། སའི་ནང་དུ་ལྷུང་ནས་མ་ཤི་ན་འབྲུ་རྡོག་གཅིག་རང་ལུས༌ཤིང་། འོན་ཀྱང་སའི་ནང་དུ་ལྷུང་སྟེ་ཤི་བ༌ན། འབྲུ་རྡོག་དེ་ལས་ཀྱང་འབྲས་བུ་མང་པོ་བསྐྱེད༌པ་ཡིན། 25འཇིག་རྟེན་འདིར་སུ་ཞིག་གིས་རང་སྲོག་གཅེས་སུ་འཛིན་པ་དེས་ཚེ་སྲོག་འཆོར་བ༌དང༌། སུ་ཞིག་གིས་རང་སྲོག་འདོར་བ་དེས་མཐའ་མེད་པའི་ཚེ་སྲོག་འཐོབ་པའི་ཕྱིར་རང་སྲོག་སྐྱོབ་པར་འགྱུར་རོ།། 26ཡང་སུ་ཞིག་གིས་བདག་ལ་ཞབས་ཕྱི་བྱེད་འདོད་པ་རྣམས་བདག་གི་རྗེས་སུ་འབྲང་བར་གྱིས། ང་རང་གང་དུ་ཡོད་ན་བདག་གི་ཞབས་ཕྱི་པའང་གནས་དེ་རུ་ཡོད་པར་འགྱུར་རོ།། ཡང་སུ་ཞིག་གིས་བདག་ལ་ཞབས་ཕྱི་བྱ་འདོད༌ན། བདག་གི་ཡབ་ཀྱིས་ཀྱང་མི་དེ་ལ་བཀུར་སྟི་མཛད་ངེས་སོ།། 27ད་ནི་བདག་གི་སེམས་སྐྱོ་བས་ཅི་སྨྲའམ་ཞེ༌ན། ཀྱེ། ཡབ་ལགས། ཁྱེད་ཀྱིས་བདག་ནི་དུས་འདི་ལས་སྐྱོབ་པར༌མཛོད། འོན་ཀྱང་བདག་ནི་དུས་འདིའི་ཆེད་དུ་འཇིག་རྟེན་ལ་ཡོང་བ་ཡིན། 28ཀྱེ། ཡབ༌ལགས། ཁྱེད་ཀྱིས་རང་ཉིད་ཀྱི་མཚན་ལ་གཟི་བརྗིད་ལྡན་པར་མཛོད་ཅིག་ཅེས་གསུངས༌སོ། །དེ་མ་ཐག་ནམ་མཁའི་ཞིང་ཁམས་ནས་སྐད་སྒྲ་ཞིག་བྱུང༌སྟེ། བདག་གིས་རང་ཉིད་ཀྱི་མཚན་ལ་གཟི་བརྗིད་ལྡན་པར་མཛད་ཅིང་སླར་ཡང་མཛད་པར་བྱ་ཞེས་གསུངས་སོ།། 29སྐབས་དེར་ཉེ་འགྲམ་དུ་ལངས་ནས་སྡོད་པའི་མི་ཚོགས་ཀྱིས་ཀྱང་སྐད་སྒྲ་དེ་ཐོས་པས་མི་ལ་ལས་འབྲུག་སྒྲ་གྲགས་བྱུང་ཞེས་ཟེར་བ༌དང༌། ཡང་ལ་ལས་ཕོ་ཉ་ཞིག་གིས་ཁོང་ལ་གསུང་གླེང་མཛད་ཅེས་སྨྲས་སོ།། 30དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། སྐད་སྒྲ་འདི་ནི་བདག་གི་དོན་དུ་བྱུང་བ་མ་ཡིན་པར་ཁྱོད་རྣམས་ཀྱི་དོན་དུ་བྱུང༌བ་ཡིན། 31ད་ནི་འཇིག་རྟེན་འདིར་ཆད་པ་གཅོད་པའི་དུས་ལ་སླེབས་པ༌དང༌། འཇིག་རྟེན་འདིའི་དབང་བསྒྱུར་མཁན་ཕྱི་རུ་བསྐྲོད་པར་འགྱུར། 32གལ་ཏེ་ང་རང་ས་གཞི་ལས་གྱེན་དུ་བསྒྲེངས༌ན། མི་ཐམས་ཅད་བདག་གི་དྲུང་དུ་སྡུད་པར་བྱེད་ཅེས་གསུངས་སོ།། 33སྐྱབས་མགོན་ཡེ་ཤུས་དེ་ལྟར་གསུངས་པ་ནི་རང་ཉིད་ཇི་ལྟར་དགྲོང་བར་འགྱུར་བ་བསྟན་པ་རེད། 34དེ་ནས་མི་ཚོགས་ན༌རེ། ངེད་རྣམས་ཀྱིས་བཀའ་ཁྲིམས་ཀྱི་མདོ་ལས་སྐྱབས་མགོན་མཱ་ཤི་ཀ་ནི་གཏན་དུ་བཞུགས་པ་ཡིན་ཞེས་བཀོད་ཡོད་པ་ཐོས༌ཀྱང༌། ཁྱོད་ཀྱིས་མིའི་བུ་གྱེན་དུ་བསྒྲེང་དགོས་ཞེས་གསུངས་དོན༌ཅི། མིའི་བུ་ཞེས་བྱ་བ་དེ་སུ་ཡིན་ནམ་ཞེས་དྲིས་པ༌ལ། 35སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱི་ཁྲོད་དུ་དུས་ཐུང་ངུ་ཙམ་ལ་ད་དུང་འོད་ཟེར་ཡོད༌པས། ཁྱོད་རྣམས་མུན་པའི་དབང་འོག་ཏུ་མི་ཚུད་པའི་ཆེད་དུ་འོད་དང་ལྡན་པའི་དུས་དེ་ལ་སྐྱོད༌ཅིག མུན་པའི་ནང་དུ་བགྲོད་པ་དེས་གང་དུ་འགྲོ་བའང་མི་ཤེས། 36ཁྱོད་རྣམས་འོད་དང་ལྡན་པར་འགྲོགས་དུས་འོད་ཟེར་དེ་ལ་དད་པ་བྱོས༌དང༌། དེ་ནས་ཁྱོད་རྣམས་ཀྱང་འོད་ལ་གཏོགས་པའི་མི་རུ་འགྱུར་ཞེས་གསུངས་རྗེས་ཡུལ་དེ་དང་ཁ་བྲལ་བ་དང་ཡིབས་ནས་བཞུགས༌སོ།།

དད་པ་མེད་པའི་ཡ་ཧུ་དཱ་པའི༌སྐོར།

37སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ཀྱི་མིག་མདུན་དུ་གྲུབ་རྟགས་མང་པོ་བསྟན་ཀྱང་དེ་རྣམས་ཀྱིས་ཁོང་ལ་དད་པ་མ་བྱས་སོ།། 38དོན་དེ་ནི་ལུང་སྟོན་པ་ཡེ་ཤ་ཡཱའི་མདོ་ལས་ཇི་སྐད༌དུ། གཙོ་བོ་ལགས་ཀྱིས༌འདི་ལ་གསན་རོགས་གནང་།། ངེད་ཚོས་བསྒྲགས་པའི་གཏམ་ལ་སུ་ཡིས་དད།། ཁྱེད་ཀྱི་ཕྱག་ཀྱང་སུ་ལ༌མངོན་ལགས་སམ།། ཞེས་གསུངས་པ་བཞིན་འགྲུབ་པར་འགྱུར་བའི་ཕྱིར་དེ་ལྟར་བྱུང༌ངོ༌།། 39ཡང་མི་དེ་རྣམས་ཀྱིས་དད་པ་བྱ་མི་ནུས་པའི་རྒྱུ་མཚན་ནི་ཡེ་ཤ་ཡཱ་ཡི་མདོ་ལས་ཇི་སྐད༌དུ། 40གཙོ་བོ་ལགས་ཀྱིས་མི་དེ་རྣམས༌ཀྱི་ནི།། མིག་ནི་ལོང་ཞིང་སེམས་ནི་གྱོང་པོར༌མཛད།། བློ་ཡིས་རྟོགས་ཤིང་ཕྱིར་དུ་འཁོར་བ་ན༎ ངས་ཀྱང་དེ་རྣམས་གསོ་ཞིང་དྲག་པར་བྱེད༎ ཅེས་གསུངས་ཡོད་པའི་ཕྱིར༌རོ།། 41དེ་ནི་ཡེ་ཤ་ཡཱ་ཡིས་སྐྱབས་མགོན་ཡེ་ཤུའི་གཟི་བརྗིད་མངོན་པར་མཁྱེན་ནས་དེ་སྐད་གསུངས༌པ་ཡིན། 42དེ་ལྟར་ལུང་བསྟན་གསུངས་ཡོད་ནའང་ཆོས་དཔོན་རྣམས་ཀྱི་ཁྲོད་དུ་ཁོང་ལ་དད་པར་གྱུར་པའི་མི་མང་པོ་འདུག འོན་ཀྱང་དེ་རྣམས་ཕ་རུ་ཤི་པ་རྣམས་ཀྱིས་ཆོས་ཁང་ནས་ཕྱིར་འཕུད་པར་འཇིགས་པས་དོན་དེ་དངོས་སུ་ཁས་ལེན་མ་ནུས༌པ་རེད། 43རྒྱུ་མཚན་ནི་མི་དེ་རྣམས་དཀོན་མཆོག་གི་བསྟོད་བསྔགས་ལས་ཀྱང་མིའི་བསྟོད་བསྔགས་ལ་ལྷག་པར་དགའ་བས༌སོ།། 44དེ་ནས་སྐྱབས་མགོན་ཡེ་ཤུས་གསུང་སྐད་ཆེན་པོས་འདི་སྐད༌དུ། སུ་ཞིག་གིས་བདག་ལ་དད་པ་བྱེད་པ་ནི་ང་རང་ལ་དད་པ་མ་ཡིན་པར་ང་རང་མངགས་མཁན་ལ་དད་པ་བྱེད་པ་ཡིན། 45ཡང་སུ་ཞིག་གིས་ང་རང་མཐོང་བ་ཡིན་ན་ང་རང་མངགས་མཁན་མཐོང༌བ་ཡིན། 46ང་རང་འོད་ཟེར་བཞིན་འཇིག་རྟེན་དུ་འོངས་དོན་ནི་བདག་ལ་དད་མཁན་རྣམས་མུན་པའི་ནང་དུ་མི་ལུས་པའི་ཕྱིར༌རོ།། 47ཡང་བདག་གི་བཀའ་སུ་ཞིག་གིས་ཐོས་ཀྱང་དེ་ལྟར་མི་བསྒྲུབ༌ན། ངས་མི་དེ་ལ་ཉེས་ཆད་མི་གཅོད༌དེ། ང་རང་ནི་འཇིག་རྟེན་གྱི་མི་ཐམས་ཅད་སྐྱོབ་པར་བྱེད་པ་ལས་ཉེས་ཆད་གཅོད་དུ་འོངས་པ་མ་ཡིན། 48སུ་ཞིག་གིས་བདག་ནི་འདོར་ཞིང་བདག་གི་བཀའ་ཡང་ཁས་མི་ལེན༌ན། མི་དེ་ལ་ཉེས་ཆད་གཅོད་མཁན་ཡང་ཡོད༌དེ། བདག་གིས་སྨྲས་པའི་བཀའ་ཡིས་མཐའ་མའི་ཉིན་མོར་དེ་རྣམས་ལ་ཉེས་ཆད་གཅོད་པར་འགྱུར་རོ།། 49རྒྱུ་མཚན་ནི་ངས་རང་ཉིད་ལ་བརྟེན་ནས་སྨྲས་པ་མ་ཡིན༌ཏེ། གང་ཞིག་སྨྲ་ཞིང་བསྒྲག་དགོས་པ་ནི་ང་རང་མངགས་མཁན་ཏེ་ཡབ་ཀྱིས་བདག་ལ་བཀའ་གནང་ཡོད་པའི་ཕྱིར༌རོ།། 50བདག་གི་ཡབ་ཀྱིས་གནང་བའི་བཀའ་ནི་མཐའ་མེད་པའི་ཚེ་སྲོག་ཡིན་པ་ངས་ཀྱང་ཤེས༌པས། བདག་གིས་སྨྲས་པ་ཐམས་ཅད་ཀྱང་ངའི་ཡབ་ཀྱིས་བདག་ལ་གསུངས་པ་བཞིན་སྨྲས་པ་ཡིན་ཞེས་གསུངས༌སོ།།

ཡོ་ཧ་ནན 13

སྐྱབས་མགོན་ཡེ་ཤུས་རང་གི་ཐུགས་སྲས་ཀྱི་རྐང་པ་འཁྲུད་པར་མཛད༌པ།

1པེ་སག་དུས་ཆེན་གྱི་སྔོན༌ལ། སྐྱབས་མགོན་ཡེ་ཤུས་རང་ཉིད་འཇིག་རྟེན་འདི་དང་ཁ་བྲལ་ནས་ཡབ་ཀྱི་དྲུང་དུ་གཤེགས་དགོས་པའི་དུས་ལ་བབས་པ་མཁྱེན་པ༌དང༌། ཁོང་གིས་འཇིག་རྟེན་འདིའི་རང་ཉིད་ལ་གཏོགས་པའི་རྗེས་འབྲང་པ་རྣམས་ལ་གཏན་དུ་བྱམས་ཤིང་གཅེས་ལ། དུས་མཐའ་མའི་བར་དུའང་བྱམས་པར་མཛད༌དོ།། 2དེ་ནས་དགོང་ཟས་བཞེས་པའི་དུས༌སུ། བདུད་ཀྱིས་སྐྱབས་མགོན་ཡེ་ཤུ་ལ་ངོ་ལོག་བྱེད་པའི་བསམ་ཚུལ༌དེ། སྔར་ནས་ཨི་སི་ཀར་རེའི་སི་མོན་གྱི་བུ་ཡུ་དཱའི་སེམས་སུ་བཞག༌ཡོད་པ་རེད། 3ཡབ་ཀྱིས་དབང་ཐམས་ཅད་རང་གི་ཕྱག་ལ་སྤྲད་པ་དང་རང་ཉིད་ནི་དཀོན་མཆོག་ནས་འོངས་ཤིང་སླར་ཡང་དཀོན་མཆོག་གི་དྲུང་དུ་གཤེགས་དགོས་པ་སྐྱབས་མགོན་ཡེ་ཤུས་མཁྱེན༌ཏེ། 4བཞུགས་གྲལ་ནས་ཡར་བཞེངས་ཤིང་ཕྱི་གོས་ཕུད་དེ་རས་ལེབ་ཅིག་རྐེད་པར་དཀྲིས༌རྗེས། 5གཞོང་པའི་ནང་དུ་ཆུ་བླུགས་ཏེ་ཐུགས་སྲས་རེ་རེའི་རྐང་པ་འཁྲུད་པ་དང་རྐེད་པའི་རས་ལེབ་བླངས་ནས་ཕྱིས༌པ་རེད། 6དེ་ནས་ཐུགས་སྲས་སི་མོན་པེ་ཏྲོའི་རྐང་པ་འཁྲུད་པར་འཕྲད་པ་ན་ཁོ་ན༌རེ། གཙོ་བོ༌ལགས། ཁྱེད་ཀྱིས་བདག་གི་རྐང་པ་བཀྲུ་འདོད་དམ་ཞེས་ཞུས་པ༌ན། 7སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་གང་ཞིག་བྱེད་པ་འདི་ད་ལྟ་ཁྱོད་ཀྱིས་མི་རྟོགས་ཀྱང་རྗེས་སུ་རྟོགས་པར་ངེས་ཞེས་གསུངས་སོ།། 8ཡང་པེ་ཏྲོ་ན༌རེ། ཁྱེད་ཀྱིས་ནམ་ཡང་བདག་གི་རྐང་པ་བཀྲུ་མི་འོས་ཞེས་ཞུས་པ༌ལ། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་ངས་ཁྱོད་མ་བཀྲུས༌ན། ཁྱོད་ནི་བདག་དང་འབྲེལ་བ་མེད་ཅེས་གསུངས་སོ།། 9ཡང་སི་མོན་པེ་ཏྲོ་ན༌རེ། གཙོ་བོ༌ལགས། ཁྱེད་ཀྱིས་ངའི་རྐང་པ་ཙམ་མ༌ཟད། ངའི་ལག་པ་དང་མགོ་བོའང་བཀྲུ་བར་མཛོད་ཅེས་ཞུས་པ༌ན། 10སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྲུས་བྱེད་མྱོང་བ་རྣམས་ཀྱི་ལུས་ཧྲིལ་པོ་གཙང༌བ་ཡིན། རྐང་པ་ལས་གཞན་རང་གི་ལུས་པོ་བཀྲུ་མི་དགོས༌ལ། ཁྱོད་རྣམས་ནི་གཙང་མ་ཡིན་ཡང་ཐམས་ཅད་གཙང་མ་མིན་ཞེས་གསུངས་སོ།། 11དོན་ནི་སྐྱབས་མགོན་ཡེ་ཤུས་རང་ཉིད་ལ་ངོ་ལོག་བྱེད་མཁན་སུ་ཡིན་པ་མཁྱེན༌པས། ཁྱོད་རྣམས་ཐམས་ཅད་གཙང་བ་མ་ཡིན་ཞེས་པའོ།། 12དེ་ནས་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ཀྱི་རྐང་པ་བཀྲུས་ཚར༌རྗེས། ཕྱི་གོས་མནབས་ཤིང་སླར་ཡང་བཞུགས་ཏེ་འདི་སྐད༌དུ། ངས་ཁྱོད་རྣམས་ལ་ཅི་བྱས་པ་འདི་ཁྱོད་རྣམས་ཀྱིས་ཤེས༌སམ། 13ཁྱོད་རྣམས་ཀྱིས་བདག་ལ་སློབ་དཔོན་ནམ་གཙོ་བོ་ཞེས་འབོད་ཅིང༌། བདག་ནི་དངོས་གནས་དེ་ཉིད་ཡིན་པས་ཁྱོད་ཅག་གིས་སྨྲས་པའང་བདེན༌པ་ཡིན། 14བདག་ནི་ཁྱོད་རྣམས་ཀྱི་གཙོ་བོ་དང་སློབ་དཔོན་ཡིན་ཡང་ངས་ཁྱོད་རྣམས་ཀྱི་རྐང་པ་བཀྲུས༌པས། ཁྱོད་ཅག་གིས་ཀྱང་ཕན་ཚུན་གྱི་རྐང་པ་བཀྲུ་འོས། 15ངས་ཁྱོད་རྣམས་ལ་མིག་དཔེ་བསྟན༌ཅིང༌། ཁྱོད་རྣམས་ཀྱིས་ཀྱང་བདག་བཞིན་དུ་བྱ་འོས༌པ་ཡིན། 16བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། གཡོག་པོ་ནི་བདག་པོ་ལས་ཆེན་པོ་ཡིན་མི་སྲིད༌ཅིང༌། མངག་བྱའི་མི་སྣའང་མངགས་མཁན་ལས་ཆེན་པོ་མིན། 17ད་ལྟ་ཁྱོད་རྣམས་ཀྱིས་ཀྱང་དོན་དེ་རྟོགས་པས་དེ་བཞིན་དུ་བྱེད་ན་ཁྱོད་རྣམས་ལའང་བདེ་བ་དང་ལྡན་པར༌ངེས། 18བདག་གིས་གཏམ་འདི་ཁྱོད་ཅག་ཐམས་ཅད་ལ་སྨྲས་པ་མིན༌ལ། བདག་གིས་སུ་ཞིག་བདམས་པ་ངས་ཀྱང་ཤེས་སོ།། དེ་ནི་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བདག་དང་མཉམ་དུ་ཁ་ཟས་སྤྱོད་མཁན༌གྱིས།། བདག་ལ་རྐང་པའི་ཕྱི་རྟིང་བསྟན་པ་ཡིན།། ཞེས་གསུངས་པ་བཞིན་འགྲུབ་པའི་ཕྱིར༌ཡིན། 19ད་ལྟ་དོན་དེ་མ་འགྲུབ་པའི་སྔོན༌དུ། བདག་གིས་ཐོག་མར་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། དོན་དེ་འགྲུབ་པའི་དུས་སུ་ཁྱོད་རྣམས་ཀྱིས་ང་རང་དེ་ཉིད་ཡིན་པ་ལ་དད་པ་བྱེད་པའི་ཕྱིར༌རོ།། 20བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། མི་སུས་ཀྱང་ངས་མངགས་པ་གང་ཞིག་ལ་བསུ་བ་བྱས་ན། ང་རང་ལའང་བསུ་བ་བྱས་པ༌ཡིན། ང་རང་ལ་བསུ་བ་བྱས་ན། དོན་དམ་དུ་ང་རང་མངགས་མཁན་ལའང་བསུ་བ་བྱས་པ་ཡིན་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུས་ངོ་ལོག་པའི་མཚང་བརྟོལ༌བ།

21སྐྱབས་མགོན་ཡེ་ཤུས་དེ་སྐད་གསུངས་པ་དང་ཐུགས་སྐྱོ་བར་གྱུར་ནས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། ཁྱོད་རྣམས་ལས་མི་གཅིག་གིས་ང་རང་ལ་ངོ་ལོག་བྱ་ངེས་ཡིན་ཞེས་གསུངས་པ༌དང༌། 22ཐུགས་སྲས་རྣམས་ཀྱིས་ཕན་ཚུན་ལ་བལྟས་ཀྱང་ཁོང་གིས་གསུངས་པའི་མི་དེ་སུ་ཡིན་མ་ཤེས་པར་ཐེ་ཚོམ་སྐྱེས་སོ།། 23སྐྱབས་མགོན་ཡེ་ཤུའི་སྐུ་བྲང་དུ་སྔས་པའི་ཁོང་གི་གཅེས་པའི་ཐུགས་སྲས་དེ༌ལ། 24སི་མོན་པེ་ཏྲོས་བརྡ་བསྟན་ཏེ་ན༌རེ། ཁྱོད་ཀྱིས་ཤོད༌དང༌། སྐྱབས་མགོན་ཡེ་ཤུས་སུ་ཞིག་ལ་གསུངས་པ་ཡིན་ནམ་ཞེས་དྲིས་སོ།། 25ཐུགས་སྲས་དེས་རང་གི་མགོ་བོ་སྐྱབས་མགོན་ཡེ་ཤུའི་སྐུ་བྲང་ལ་བསྔས༌ཏེ། གཙོ་བོ༌ལགས། མི་དེ་སུ་ཡིན་ནམ་ཞེས་ཞུས་པ༌ན། 26སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་བག་ལེབ་དུམ་བུ་འདི་སྡེར་མའི་ནང་ལ་སྦངས་ནས་སུ་ཞིག་ལ་བྱིན་ན་དེ་ཡིན་ཞེས་གསུངས༌རྗེས། ཁོང་གིས་བག་ལེབ་དུམ་བུ་དེ་སྡེར་མའི་ནང་ལ་སྦངས་རྗེས་ཨི་སི་ཀར་རེའི་སི་མོན་གྱི་བུ་ཡུ་དཱ་ལ་གནང༌ངོ་༎ 27ཡུ་དཱས་ཀྱང་བག་ལེབ་སྦངས་མ་དེ་ཚུར་བླངས་མ་ཐག་བདུད་སཱ་ཏན་ཡང་ཁོའི་སེམས་ནང་དུ་ཞུགས་པ་རེད། དེ་ནས་སྐྱབས་མགོན་ཡེ་ཤུས་ཡུ་དཱ་ལ་འདི་སྐད༌དུ། ཁྱོད་ཀྱིས་བྱ་བ་གང་ཞིག་འདོད་པ་དེ་མྱུར་དུ་སྒྲུབས་ཤིག་ཅེས་གསུངས༌ནའང༌། 28སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་གྲལ་ལ་བཞུགས་པའི་མི་སུས་ཀྱང་ཁོང་གིས་ཅིའི་ཕྱིར་དེ་ལྟར་གསུངས་པའི་དོན་མ་རྟོགས་སོ།། 29རྒྱུ་མཚན་ནི་ཐུགས་སྲས་ལ་ལས་ཡུ་དཱའི་ལག་ཏུ་དངུལ་ཁུག་བཟུང་ཡོད༌པས། སྐྱབས་མགོན་ཡེ་ཤུས་ཁོ་རང་ནི་དུས་ཆེན་ལ་མཁོ་བའི་དངོས་རྫས་ཉོ་བར་བསྐུལ༌བའམ། ཡང་ན་དབུལ་པོ་རྣམས་ལ་གང་ཞིག་སྦྱིན་པར་གསུངས་པར་བསམས་སོ།། 30དེ་ནས་ཡུ་དཱས་བག་ལེབ་སྦངས་མ་དེ་བླངས་མ་ཐག་ཕྱི་རོལ་ཏུ་སོང་བ་དང་དུས་དེ་ནི་མཚན་མོ་ཡིན༌ནོ།།

པེ་ཏྲོ་སྐྱབས་མགོན་ཡེ་ཤུའི་ཐུགས་དང་འགལ་བའི་ལུང་བསྟན།

31དེ་ནས་ཡུ་དཱ་ཕྱི་རོལ་ཏུ་སོང་བ་དང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ད་ནི་མིའི་བུ་གཟི་བརྗིད་དང་ལྡན་པར་འགྱུར་ཞིང་དཀོན་མཆོག་གི་གཟི་བརྗིད་ཀྱང་མིའི་བུ་བརྒྱུད་ནས་མངོན་པར་འགྱུར༌ལ། 32ཡང་དཀོན་མཆོག་གི་གཟི་བརྗིད་མིའི་བུ་བརྒྱུད་ནས་མངོན་པར་འགྱུར་བས༌ན། དཀོན་མཆོག་རང་ཉིད་ཀྱིས་ཀྱང་མིའི་བུ་གཟི་བརྗིད་དང་ལྡན་པར་མཛད་དེ་མྱུར་བ་མྱུར་དུ་མཛད་ངེས༌ཡིན། 33བདག་གི་གཅེས་པའི་བུ༌རྣམས། བདག་ནི་ད་དུང་དུས་ཐུང་ངུ་ཙམ་ལ་ཁྱོད་ཅག་དང་མཉམ་དུ་ཡོད༌དེ། རྗེས་སུ་ཁྱོད་ཅག་གིས་ང་རང་འཚོལ་བར་འགྱུར་ནའང་། བདག་གིས་དེ་སྔར་ཡ་ཧུ་དཱ་པ་རྣམས་ལ་སྨྲས་པ་བཞིན་ད་ནི་ཁྱོད་རྣམས་ལའང་སྨྲ་བར་བྱ༌སྟེ། ང་རང་འགྲོ་བའི་གནས་སུ་ཁྱོད་རྣམས་འགྲོ་མི་ནུས་སོ།། 34བདག་གིས་ཁྱོད་ཅག་ལ་བཀའ་གསར་པ་ཞིག་གནང་བར༌བྱའོ།། དེ་ནི་ཁྱོད་རྣམས་ཀྱིས་ཕན་ཚུན་ལ་བྱམས་ཤིང་གཅེས་པར་བྱེད་དགོས་པ༌དེ་ཡིན། ངས་ཁྱོད་རྣམས་ལ་བྱམས་ཤིང་གཅེས་པ་བཞིན་ཁྱོད་རྣམས་ཀྱིས་ཀྱང་ཕན་ཚུན་ལ་གཅེས་དགོས། 35ཁྱོད་རྣམས་ཀྱིས་ཕན་ཚུན་ལ་བྱམས་ཤིང་གཅེས་པར་བྱས༌ན། མི་ཐམས་ཅད་ཀྱིས་ཀྱང་ཁྱོད་རྣམས་བདག་གི་རྗེས་འབྲང་པ་ཡིན་པ་ཤེས་པར་འགྱུར་ཞེས་གསུངས༌སོ།། 36དེ་ནས་སི་མོན་པེ་ཏྲོ་ན༌རེ། གཙོ་བོ༌ལགས། ཁྱེད་ཉིད་གང་དུ་ཕེབས་སམ་ཞེས་ཞུས་པ༌ལ། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ང་རང་འགྲོ་བའི་གནས་སུ་ད་ལྟ་ཁྱོད་རང་བདག་གི་རྗེས་སུ་འབྲངས་ནས་འགྲོ་མི་ཐུབ༌ཀྱང༌། ཕྱིས་སུ་བདག་གི་རྗེས་སུ་འབྲང་བར་འགྱུར་ཞེས་གསུངས་སོ།། 37ཡང་པེ་ཏྲོ་ན༌རེ། གཙོ་བོ༌ལགས། ད་ལྟ་ང་རང་ཅིའི་ཕྱིར་ཁྱེད་ཀྱི་རྗེས་སུ་འབྲང་མི་ཐུབ༌བམ། ངས་ཁྱེད་ཀྱི་དོན་དུ་རང་སྲོག་ཀྱང་བློས་གཏོང་བར་བྱའོ་ཞེས་ཞུས་པ༌ན། 38ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་བདག་གི་དོན་དུ་རང་སྲོག་ཀྱང་བློས་གཏོང་ཐུབ༌བམ། ངས་ཁྱོད་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། བྱ་ཕོ་མ་གྲགས་པའི་སྔོན༌དུ། ཁྱོད་ཀྱིས་ང་རང་ཐེངས་གསུམ་ལ་ཁས་མི་ལེན་ཞེས་གསུངས༌སོ།།

ཡོ་ཧ་ནན 14

སྐྱབས་མགོན་ཡེ་ཤུ་ནི་དཀོན་མཆོག་ལ་མཇལ་བའི་ལམ་ཡིན་པར་བསྟན༌པ།

1དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་སེམས་སྐྱོ་བར་མི༌བྱའོ། །དཀོན་མཆོག་ལ་ཡིད་ཆེས་བྱོས༌དང༌། བདག་ལའང་ཡིད་ཆེས་བྱ་འོས། 2བདག་གི་ཡབ་ཀྱི་བཞུགས་གནས་སུ་སྡོད་གནས་མང་པོ་ཡོད༌ཅིང༌། གལ་ཏེ་སྡོད་གནས་མེད་ན་ངས་སྔ་མོ་ནས་ཁྱོད་རྣམས་ལ་སྨྲས་ཟིན། ད་ལྟ་ང་རང་ཁྱོད་རྣམས་ཀྱི་ཆེད་དུ་སྡོད་གནས་སྟ་གོན་བྱེད་དུ༌འགྲོ་བ་ཡིན། 3ང་རང་གནས་དེར་སོང་ནས་སྡོད་གནས་སྟ་གོན་བྱས་ཚར༌རྗེས། ཕྱིར་ལོག་སྟེ་ཁྱོད་རྣམས་ཀྱང་བདག་དང་ལྷན་དུ་སྡོད་པའི་ཕྱིར་ངའི་གམ་དུ་འདྲེན་པར༌བྱའོ།། 4ང་རང་གང་དུ་འགྲོ་བའི་ལམ་དེ་ནི་ཁྱོད་རྣམས་ཀྱིས་ཀྱང་ཤེས་པ་ཡིན་ཞེས་གསུངས༌སོ།། 5དེ་ནས་ཐོ་མཱ་ན༌རེ། གཙོ་བོ༌ལགས། ངེད་རྣམས་ཀྱིས་ཁྱེད་ཉིད་གང་དུ་ཕེབས་པའང་མི་ཤེས་པས་ལམ་དེ་ཇི་ལྟར་ཤེས་སམ་ཞེས་ཞུས་པ༌ན། 6སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་ནི་ལམ་དེ་ཉིད་དང༌། བདེན་པ༌ཉིད། ཚེ་སྲོག་ཉིད་བཅས་ཡིན༌ནོ། །ང་རང་མ་བརྒྱུད་པར་མི་སུའང་ཡབ་ཀྱི་དྲུང་དུ་འགྲོ་མི་ཐུབ་བོ།། 7སྔར་ཁྱོད་རྣམས་ཀྱིས་ང་རང་ངོ་ཤེས་ན་བདག་གི་ཡབ་ཀྱང་ངོ་ཤེས༌པ་དང་། དུས་ད་ནས་བཟུང་ཁྱོད་རྣམས་ཀྱིས་ཁོང་ཉིད་ངོ་ཤེས་པ་དང་མཐོང་བ་ཡིན་ཞེས་གསུངས་སོ།། 8དེ་ནས་ཕི་ལིབ་ན༌རེ། གཙོ་བོ༌ལགས། ཁྱེད་ཀྱིས་ངེད་རྣམས་ལ་ཡབ་མངོན་པར་མཛོད༌དང༌། ངེད་ཅག་ཡིད་ཚིམ་པར་འགྱུར་ཞེས་ཞུས་པ༌ན། 9ཡང་འདི་སྐད༌དུ། ཕི་ལིབ། ང་རང་ཁྱོད་ཅག་དང་མཉམ་དུ་ཡུན་རིང་པོར་བསྡད༌ཀྱང༌། ཁྱོད་ཀྱིས་ད་དུང་ང་རང་ངོ་མི་ཤེས༌སམ། སུ་ཞིག་གིས་ང་རང་མཐོང་བ་ཡིན་ན་ཡབ་ཀྱང་མཐོང་བ་ཡིན༌པས། ཁྱོད་ཀྱིས་ཅིའི་ཕྱིར་ཡབ་མངོན་པར་མཛོད་ཅེས༌སྨྲའམ། 10བདག་ནི་ཡབ་ཀྱི་ནང་དུ་གནས་ཤིང་ཡབ་ཀྱང་བདག་གི་ནང་དུ་གནས་པའི་དོན་འདིར་ཁྱོད་རང་ཡིད་མི་ཆེས༌སམ། ངས་རང་ཉིད་ལ་བརྟེན་ནས་གཏམ་འདི་དག་ཁྱོད་རྣམས་ལ་སྨྲས་པ་མ་ཡིན༌ཏེ། བདག་གི་ནང་དུ་གནས་པའི་ཡབ་ཀྱིས་རང་ཉིད་ཀྱི་འཕྲིན་ལས་རྣམས་མཛད༌པ་ལགས། 11བདག་ནི་ཡབ་ཀྱི་ནང་དུ་གནས་ཤིང་ཡབ་ཀྱང་བདག་གི་ནང་དུ་གནས་ཞེས་སྨྲས་པ་ལ་ཁྱོད་རྣམས་ཀྱིས་ཡིད་ཆེས་བྱོས༌ཤིག གལ་ཏེ་ཁྱོད་རྣམས་དོན་འདིར་ཡིད་མི་ཆེས༌ནའང༌། བདག་གིས་མཛད་པའི་དོན་དེ་རྣམས་ལ་བརྟེན་ནས་བདག་ལ་ཡིད་ཆེས་བྱོས༌དང༌། 12ཡང་བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། བདག་ལ་དད་མཁན་རྣམས་ཀྱིས་བདག་གིས་མཛད་པ་བཞིན་བྱེད་ཅིང་དེ་ལས་ཆེན་པོའང་བྱེད་པར་འགྱུར༌ཏེ། ང་རང་ནི་དཀོན་མཆོག་གི་དྲུང་དུ་འགྲོ་བའི་ཕྱིར༌ཡིན། 13ཁྱོད་རྣམས་ཀྱིས་བདག་གི་མིང་ལ་བརྟེན་ནས་དོན་གང་ཞིག་ཞུས་ཀྱང་ངས་དེ་ལྟར་བསྒྲུབ་ངེས༌ཏེ། སྲས་བརྒྱུད་ནས་ཡབ་ཀྱི་གཟི་བརྗིད་མངོན་པར་འགྱུར་བའི་ཕྱིར༌རོ།། 14དེའི༌ཕྱིར། ཁྱོད་རྣམས་ཀྱིས་བདག་གི་མིང་ལ་བརྟེན་ནས་དོན་གང་ཞིག་ཞུས་ནའང་བདག་གིས་དེ་ལྟར་བསྒྲུབ་པ་ཡིན་ཞེས་གསུངས༌སོ།།

དམ་པའི་ཐུགས་ཉིད་གནང་བའི་ཞལ༌བཞེས།

15དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་ཁྱོད་རྣམས་ཀྱིས་བདག་གཅེས་པར་འཛིན་ན་བདག་གི་བཀའ་རྣམས་ཀྱང་བསྲུང་བར་འགྱུར། 16བདག་གིས་ཡབ་ལ་ཞུ་བ་བྱེད་ཅིང་། ཁོང་གིས་ཁྱོད་རྣམས་ལ་སྡོངས་གྲོགས་གཞན་ཞིག་གནང་ཞིང་རྟག་ཏུ་ཁྱོད་རྣམས་དང་མཉམ་དུ་གནས་པར་འགྱུར་རོ།། 17དེ་ནི་བདེན་པ་སྟོན་མཁན་ཏེ་དམ་པའི་ཐུགས་ཉིད་ཡིན༌ལ། འཇིག་རྟེན་གྱི་མི་རྣམས་ཀྱིས་ཁོང་ཉིད་མི་མཐོང་ཞིང་ངོ་མི་ཤེས་པས་དང་དུའང་ལེན་མི་ནུས་སོ།། འོན་ཀྱང་དམ་པའི་ཐུགས་ཉིད་ནི་ཁྱོད་རྣམས་དང་མཉམ་དུ་གནས་ཤིང་ཁྱོད་ཅག་གི་སེམས་སུ་ཡོད་པར་འགྱུར༌བས། ཁྱོད་རྣམས་ཀྱིས་དམ་པའི་ཐུགས་ཉིད་ངོ་ཤེས༌པ་ཡིན། 18ངས་ཁྱོད་རྣམས་དྭ་ཕྲུག་བཞིན་དུ་མི་བསྐྱུར་བར་ང་རང་ཁྱོད་རྣམས་ཀྱི་གམ་དུ་ཡོང་ངེས༌ཡིན། 19ཡང་དེ་ནས་ཅུང་མ་འགོར་བའི་རྗེས་སུ། འཇིག་རྟེན་གྱི་མི་རྣམས་ཀྱིས་ང་རང་མི་མཐོང་ཡང་ཁྱོད་རྣམས་ཀྱིས་ང་རང་མཐོང་བར༌འགྱུར། ང་རང་གསོན་པོར་གནས་པས་ཁྱོད་རྣམས་ཀྱང་གསོན་པོར་གནས་ཐུབ༌ཅིང་། 20ཉིན་མོ་དེར་བདག་ནི་ཡབ་ཀྱི་ནང་དུ་གནས་ཤིང་ཁྱོད་རྣམས་བདག་གི་ནང་དུ་གནས་པ༌དང༌། ང་རང་ཡང་ཁྱོད་རྣམས་ཀྱི་ནང་དུ་གནས་པའི་དོན་དེ་ཁྱོད་རྣམས་ཀྱིས་ཤེས་པར་འགྱུར། 21བདག་གི་བཀའ་ཐོབ་པ་དང་བཀའ་དེ་རྣམས་སྲུང་མཁན་ནི་ང་རང་ལ་བྱམས་ཤིང་གཅེས་མཁན་ཡིན། ང་རང་ལ་གཅེས་མཁན་དེར་བདག་གི་ཡབ་ཀྱིས་ཀྱང་གཅེས༌ཤིང༌། ངས་ཀྱང་མི་དེ་ལ་བྱམས་ཤིང་གཅེས་པ་དང་ང་རང་ཡང་མི་དེ་ལ་མངོན་པར་བྱ་ཞེས་གསུངས༌སོ།། 22དེ་ནས་ཨི་སི་ཀར་རེའི་ཡུ་དཱ་མ་ཡིན་པར་ཡང་ཡུ་དཱ་ཞེས་འབོད་པའི་ཐུགས་སྲས་གཞན་ཞིག་ཡོད་པ་ན༌རེ། གཙོ་བོ༌ལགས། ཁྱེད་ཀྱིས་རང་ཉིད་ངེད་ཅག་ལ་མངོན་པར་མཛད་ཅིང་འཇིག་རྟེན་གྱི་མི་ཀུན་ལ་མངོན་པར་མི་མཛད་པ་ཅི་ཡིན་ནམ་ཞེས་ཞུས་པ༌ན། 23སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་མི་ཞིག་གིས་བདག་གཅེས་པར་འཛིན༌ན། ངའི་བཀའ་ཡང་བསྲུང་ངེས་ཤིང་བདག་གི་ཡབ་ཀྱིས་ཀྱང་དེ་ལ་གཅེས་པ༌དང༌། ངེད་ཅག་ཀྱང་ཁོའི་གམ་དུ་ཡོང་ནས་ཁོ་དང་ལྷན་དུ་གནས་པར་འགྱུར། 24བདག་གཅེས་པར་མི་འཛིན་པ་དེས་བདག་གི་བཀའ་ཡང་མི་བསྲུང༌ལ། ཁྱོད་ཅག་གིས་ཐོས་པའི་བཀའ་ནི་བདག་གི་བཀའ་མ་ཡིན་པར། ང་རང་མངགས་མཁན་ཏེ་ཡབ་ཀྱི་བཀའ་ཡིན། 25ང་རང་ཁྱོད་ཅག་དང་མཉམ་དུ་སྡོད་དུས་བདག་གིས་གཏམ་དེ་དག་ཁྱོད་རྣམས་ལ་སྨྲས་ཟིན་ནོ།། 26འོན༌ཀྱང༌། སྡོངས་གྲོགས་ཏེ་དམ་པའི་ཐུགས་ཉིད་ནི་ཡབ་ཀྱིས་ངའི་མིང་ལ་བརྟེན་ནས་མངག་ངེས་ཤིང་། ཁོང་གིས་ཁྱོད་རྣམས་ལ་ཡོངས་སུ་བསླབ་ཅིང་ངས་སྨྲས་པ་ཐམས་ཅད་དྲན་སྐུལ་བྱེད་པར་འགྱུར་རོ།། 27བདག་གིས་ཁྱོད་རྣམས་ཀྱི་སེམས་ལ་ཞི་བདེ་འཐོབ་པར་བྱེད་ཅིང་རང་ཉིད་ཀྱི་ཞི་བདེའང་ཁྱོད་རྣམས་ལ་གནང༌ཞིང་། བདག་གིས་གནང་བའི་ཞི་བདེ་ནི་འཇིག་རྟེན་གྱི་མིས་གནང་བ་དང་མི༌འདྲ། ཁྱོད་ཅག་གི་སེམས་མི་སྐྱོ་ཞིང་མི་འཇིགས་པར༌གྱིས། 28བདག་གིས་ཁྱོད་རྣམས་ལ་ང་རང་འགྲོ་ཞིང་སླར་ཡང་ཁྱོད་ཅག་གི་གམ་དུ་ཡོང་ངེས་ཡིན་ཞེས་སྨྲས་པ་ཁྱོད་རྣམས་ཀྱིས་ཐོས་མྱོང༌ལ། ཁྱོད་ཅག་གིས་དངོས་གནས་ང་རང་གཅེས་པར་འཛིན༌ན། ང་རང་ཡབ་ཀྱི་དྲུང་དུ་འགྲོ་བ་ལ་ཁྱོད་རྣམས་དགའ་ཡང་འོས༌ཏེ། ཡབ་ནི་ང་རང་ལས་ཀྱང་ཆེན་པོ་ཡིན་པའི་ཕྱིར༌རོ།། 29ད་ལྟ་དོན་དེ་རྣམས་མ་བྱུང་ཡང་ངས་སྔ་མོ་ནས་ཁྱོད་ཅག་ལ་སྨྲས་པ་ནི། དོན་དེ་རྣམས་འབྱུང་བ་དང་ཁྱོད་ཅག་གིས་ཡིད་ཆེས་བྱེད་པའི་ཕྱིར༌ཡིན། 30འཇིག་རྟེན་འདིའི་དབང་བསྒྱུར་མཁན་སླེབ་ལ་ཉེ༌བས། ཕྱིས་སུ་ངས་ཁྱོད་ཅག་ལ་གཏམ་མང་པོ་གླེང་བར་མི༌བྱའོ།། དབང་བསྒྱུར་མཁན་དེར་བདག་ལ་རྒོལ་བའི་ནུས་པ་ཅི་ཡང་མེད། 31འོན་ཀྱང་ངས་ཡབ་ཀྱི་བཀའ་བཞིན་དུ་སྒྲུབ་པ་ཡིན༌ཏེ། ངས་ཡབ་གཅེས་པར་འཛིན་པ་འཇིག་རྟེན་མི་ཡིས་ཀྱང་ཤེས་དགོས་པའི་ཕྱིར༌ཡིན། ཡར་ལོངས་དང་བདག་ཅག་འགྲོའོ་ཞེས་གསུངས༌སོ།།

ཡོ་ཧ་ནན 15

རྒུན་འབྲུམ་ཤིང་གི་དཔེ་བསྟན༌པ།

1དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ང་རང་ནི་རྒུན་འབྲུམ་ཤིང་དངོས་ཡིན་ཏེ། བདག་གི་ཡབ་ནི་རྒུན་འབྲུམ་ཤིང་གི་བདག་པོ་ཡིན། 2ཁོང་གིས་བདག་ལ་འབྲེལ་བའི་ཡལ་ག་ལས་འབྲས་བུ་མི་ཐོགས་པ་ཐམས་ཅད་གཅོད་པར་བྱེད༌ཅིང༌། འབྲས་བུ་ཐོགས་པའི་ཡལ་ག་ལ་འབྲས་བུ་དེ་ལས་ཀྱང་ལྷག་པ་ཞིག་སྨིན་པའི་ཕྱིར་ཡལ་ག་འབྲེག་བཅོས་མཛད་དོ།། 3ད་ལྟ་བདག་གིས་ཁྱོད་རྣམས་ལ་བཀའ་གསུངས༌པས། ཁྱོད་རྣམས་ཀྱང་གཙང་མར་གྱུར༌པ་ཡིན། 4ཁྱོད་རྣམས་བདག་གི་ནང་དུ་གནས་པར་གྱིས། ང་རང་ཡང་ཁྱོད་ཅག་གི་ནང་དུ་གནས་པར༌བྱའོ།། ཡལ་ག་གང་ཞིག་རྒུན་འབྲུམ་ཤིང་གི་སྟེང་དུ་མ་གནས་ན་རང་ཉིད་ལ་འབྲས་བུ་མི་ཐོགས་པ༌ལྟར། ཁྱོད་རྣམས་ཀྱང་བདག་གི་ནང་དུ་མི་གནས་ན་ཁྱོད་ཅག་ལའང་འབྲས་བུ་མི་འབྱུང་ངོ༌།། 5ང་རང་ནི་རྒུན་འབྲུམ་ཤིང་ཡིན་ཞིང་ཁྱོད་ཅག་ནི་ཡལ་ག༌སྟེ། སུ་ཞིག་ངའི་ནང་དུ་གནས་ཤིང་ང་རང་ཡང་ཁོའི་ནང་དུ་གནས་ན་མི་དེ་ལ་འབྲས་བུ་མང་པོ་འབྱུང༌བ་ཡིན། གལ་ཏེ་ང་རང་དང་ཁ་བྲལ་ན་ཁྱོད་རྣམས་ཀྱིས་ཅི་ཡང་བྱ་མི་ནུས་སོ།། 6ངའི་ནང་དུ་མི་གནས་པ་དེ་ཕྱི་རུ་འཕངས་པའི་ཡལ་ག་བཞིན་དུ་བསྐམ་པར་འགྱུར་བ་དང༌། མི་ཡིས་བཏུས་ནས་མེ་ལ་བསྲེག་པར་འགྱུར། 7གལ་ཏེ་ཁྱོད་རྣམས་ངའི་ནང་དུ་གནས་ཤིང་ང་ཡི་བཀའ་ཡང་ཁྱོད་ཅག་གི་ནང་དུ་གནས༌ན། ཁྱོད་རྣམས་ཀྱིས་གང་ཞིག་ཞུས་དང་འགྲུབ་པར་འགྱུར་རོ།། 8ཁྱོད་ཅག་ལ་འབྲས་བུ་མང་པོ་འཐོག་ན། ཁྱོད་རྣམས་ཀྱང་བདག་གི་རྗེས་འབྲང་པ་ཡིན་པར་མངོན་ཞིང་། དེའི་སྒོ་ནས་ངའི་ཡབ་ཀྱི་གཟི་བརྗིད་མངོན་པར་འགྱུར། 9ཡབ་ཀྱིས་བདག་ལ་བྱམས་པ་བཞིན་ངས་ཀྱང་ཁྱོད་རྣམས་ལ་བྱམས༌པ་ཡིན། ཁྱོད་རྣམས་ཀྱང་བདག་གི་བྱམས་པའི་ནང་དུ་གནས་པར༌གྱིས། 10བདག་གིས་ཡབ་ཀྱི་བཀའ་རྣམས་བསྲུངས་ཤིང་ཁོང་གི་བྱམས་པའི་ནང་དུ་གནས་པ༌བཞིན། ཁྱོད་རྣམས་ཀྱིས་ཀྱང་བདག་གི་བཀའ་རྣམས་བསྲུངས་ན། ཁྱོད་ཅག་བདག་གི་བྱམས་པའི་ནང་དུ་གནས་པར་འགྱུར་རོ།། 11དེའང་བདག་གིས་དོན་དེ་རྣམས་ཁྱོད་ཅག་ལ་སྨྲས་པ༌ནི། བདག་གི་དགའ་སྤྲོ་ཁྱོད་ཅག་གི་སེམས་ནང་དུ་གནས་ཤིང་ཁྱོད་རྣམས་ལའང་དགའ་སྤྲོས་ཁེངས་པའི་ཕྱིར༌ཡིན། 12ངས་ཁྱོད་རྣམས་ལ་བྱམས་ཤིང་གཅེས་པ་ལྟར་ཁྱོད་རྣམས་ཀྱིས་ཀྱང་ཕན་ཚུན་ལ་གཅེས་དགོས་པ་ནི་བདག་གི་བཀའ་ཡིན༌ཏེ། 13མཛའ་གྲོགས་ཀྱི་དོན་དུ་རང་སྲོག་བློས་གཏོང་བ་དེ་ལས་ལྷག་པའི་བྱམས་པ་ཞིག་མེད། 14གལ་ཏེ་ཁྱོད་རྣམས་ཀྱིས་བདག་གི་བཀའ་ལྟར་བསྒྲུབས༌ན། ཁྱོད་རྣམས་ཀྱང་བདག་གི་མཛའ་གྲོགས་ཡིན། 15ད་ནས༌བཟུང༌། ངས་ཁྱོད་རྣམས་ལ་ཞབས་ཕྱི་བྱེད་མཁན་ཞེས་མི་ཟེར། རྒྱུ་མཚན་ནི་ཞབས་ཕྱི་བྱེད་པ་རྣམས་ཀྱིས་རང་གི་བདག་པོས་ཅི་བྱེད་པ་མི་ཤེས་པའི་ཕྱིར༌ཡིན། འོན་ཀྱང་ངས་རང་གི་ཡབ་ཀྱི་དྲུང་ནས་གང་ཞིག་ཐོས་པ་ཐམས་ཅད་ཁྱོད་རྣམས་ལ་སྨྲས༌པས། བདག་གིས་ཀྱང་ཁྱོད་རྣམས་ལ་མཛའ་གྲོགས་ཞེས་ཟེར་རོ།། 16ཁྱོད་རྣམས་ཀྱིས་ང་རང་བདམས་པ་མ་ཡིན༌པར། ཁྱོད་རྣམས་སོང་ནས་འབྲས་བུ་སྨིན་པར་བྱེད་པ་དང་འབྲས་བུ་དེ་རྟག་ཏུ་གནས་པའི༌ཕྱིར། བདག་གིས་ཁྱོད་རྣམས་བདམས་ཤིང་བསྐོས༌སོ།། དེ་ནི་བདག་གི་མིང་ལ་བརྟེན་ནས་ཡབ་ལ་གང་ཞིག་ཞུས༌ན། ཁོང་གིས་ཁྱོད་རྣམས་ལ་དེ་གནང་བར་འགྱུར་བའི་ཕྱིར་ཡིན། 17ཁྱོད་རྣམས་ཀྱིས་ཕན་ཚུན་ལ་བྱམས་ཤིང་གཅེས་དགོས་པ་འདི༌ནི་བདག་གིས་གནང་བའི་བཀའ་ཡིན་ཞེས་གསུངས༌སོ།།

འཇིག་རྟེན་གྱི་མི་རྣམས་སྐྱབས་མགོན་ཡེ་ཤུའི་ཐུགས་སྲས་ལ་སྡང༌བ།

18ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་འཇིག་རྟེན་གྱི་མི་རྣམས་ཁྱོད་ཅག་ལ་སྡང་བ་ཡིན༌ན། ཁྱོད་རྣམས་ལ་མ་སྡང་བའི་སྔོན་དུ་ང་རང་ལ་སྡང་བ་ཁྱོད་རྣམས་ཀྱིས་ཤེས་དགོས། 19གལ་ཏེ་ཁྱོད་རྣམས་འཇིག་རྟེན་ལ་གཏོགས་པ་ཡིན༌ན། འཇིག་རྟེན་གྱི་མི་རྣམས་ཀྱིས་རང་ལ་གཏོགས་པ་བཞིན་ཁྱོད་ཅག་ལ་བྱམས་ཤིང་བརྩེ་བ་ཡིན༌མོད། འོན་ཀྱང་ཁྱོད་རྣམས་འཇིག་རྟེན་ལ་མི་གཏོགས་ཤིང་། ངས་འཇིག་རྟེན་འདི་ལས་ཁྱོད་རྣམས་བདམས་པ་ཡིན་པས་འཇིག་རྟེན་གྱི་མི་རྣམས་ཁྱོད་ཅག་ལ་སྡང༌བ་ཡིན། 20བདག་གིས་དེ་སྔར་ཁྱོད་རྣམས་ལ་གཡོག་པོ་ནི་བདག་པོ་ལས་ཆེན་པོ་ཡིན་མི་སྲིད་ཅེས་སྨྲས་པ་དེ་དྲན་པར༌གྱིས། འཇིག་རྟེན་གྱི་མི་རྣམས་ཀྱིས་བདག་ལ་གནོད་འཚེ་བྱས་ན། ཁྱོད་རྣམས་ལའང་གནོད་འཚེ་བྱེད་པར་འགྱུར་བ༌དང༌། དེ་དག་གིས་ངའི་བཀའ་བསྲུངས་ཡོད་ན། ཁྱོད་ཅག་གི་བཀའ་ཡང་བསྲུང་བར་འགྱུར་རོ།། 21འོན་ཀྱང་འཇིག་རྟེན་གྱི་མི་རྣམས་ཀྱིས་ངའི་མིང་གི་རྐྱེན་གྱིས་ཁྱོད་ཅག་ལ་དོན་དེ་ཐམས་ཅད་བྱེད་པར་འགྱུར་རོ།། རྒྱུ་མཚན་ནི་མི་དེ་རྣམས་ཀྱིས་ང་རང་མངགས་མཁན་ངོ་མི་ཤེས་པའི་ཕྱིར༌ཡིན། 22གལ་ཏེ་ང་རང་ཡོང་ནས་མི་དེ་རྣམས་ལ་ཆོས་མ་བཤད་ན་ཁོ་རྣམས་ལ་སྡིག་པ་མེད༌མོད། འོན་ཀྱང་ད་ལྟ་མི་དེ་རྣམས་ཀྱི་སྡིག་པ་གཞན་ལ་སྙད་འདོགས་ཐབས་མེད། 23ང་རང་ལ་སྡང་མཁན་ནི་བདག་གི་ཡབ་ལའང་སྡང་བ་ཡིན། 24གལ་ཏེ་ངས་མི་གཞན་སུས་ཀྱང་བྱས་མ་མྱོང་བའི་དོན་རྣམས་ཁོ་རྣམས་ཀྱི་ཁྲོད་དུ་མ་བྱས་ན། དེ་རྣམས་ལའང་སྡིག་པ་མེད་དོ།། འོན་ཀྱང་ཁོ་རྣམས་ཀྱིས་དོན་དེ་རྣམས་མཐོང་མྱོང་ཡང་བདག་དང་བདག་གི་ཡབ་ལ་སྡང་བ་ཡིན། 25དོན་དེ་ནི་ཁོ་ཚོའི་བཀའ་ཁྲིམས་ཀྱི་མདོ་ལས་ཇི་སྐད༌དུ། ཁོ་རྣམས་དོན་མེད་བདག་ལ་སྡང་ཞེས་པ་དེ་ཉིད་འགྲུབ་པའི་ཕྱིར་དེ་ལྟར་བྱུང་བ་ཡིན༌ནོ།། 26དེ་ཡང་བདག་གིས་ཡབ་ནས་བྱུང་བའི་སྡོངས་གྲོགས་ཏེ། བདེན་པ་སྟོན་མཁན་དམ་པའི་ཐུགས་ཉིད་ནི་ཡབ་ཀྱི་དྲུང་ནས་ཁྱོད་ཅག་ལ་མངགས་ཤིང་བྱོན༌ཚེ། ཁོང་གིས་བདག་ལ་བདེན་དཔང་མཛད་པར་འགྱུར། 27ཁྱོད་རྣམས་ཀྱིས་ཀྱང་བདག་ལ་བདེན་དཔང་བྱེད་པར་འགྱུར་རོ།། ཅིའི་ཕྱིར་ཞེ་ན་ཐོག་མ་ནས་ཁྱོད་རྣམས་བདག་དང་ལྷན་དུ་འགྲོགས་པའི་ཕྱིར་ཡིན་ཞེས་གསུངས༌སོ།།

ཡོ་ཧ་ནན 16

དམ་པའི་ཐུགས་ཉིད་ཀྱི་མཛད་འཕྲིན༌སྐོར།

1དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་དོན་འདི་དག་ཁྱོད་རྣམས་ལ་སྨྲས་པ་ནི་ཁྱོད་ཅག་གི་དད་པ་མི་ལོག་པའི་ཕྱིར༌ཡིན། 2མི་རྣམས་ཀྱིས་ཁྱོད་ཅག་ཆོས་ཁང་ནས་ཕྱིར་འཕུད་པར་མ་ཟད། ཁྱོད་ཅག་གསོད་མཁན་རྣམས་ཀྱིས་དེ་ནི་དཀོན་མཆོག་ལ་བསྙེན་བཀུར་བྱེད་པ་ཡིན་སྙམ་པའི་དུས་ཤིག་སླེབ་པར་འགྱུར་རོ།། 3དེ་རྣམས་ཀྱིས་དེ་ལྟར་བྱེད་པ་ནི་ཡབ་ངོ་མི་ཤེས༌ཤིང༌། ང་རང་ཡང་ངོ་མི་ཤེས་པའི་ཕྱིར༌ཡིན། 4འོན༌ཀྱང༌། ངས་དོན་འདི་དག་ཁྱོད་ཅག་ལ་སྨྲ་བ་ནི་དུས་དེ་སླེབ་ཚེ། ཁྱོད་ཅག་གིས་ངས་སྨྲས་པ་རྣམས་དྲན་པའི་ཕྱིར༌ཡིན་ཞིང་། ངེད་རྣམས་མཉམ་དུ་འགྲོགས་ཡོད་པས་ངས་དོན་འདི་དག་སྔར་ཁྱོད་ཅག་ལ་མ་སྨྲས་པ་ཡིན། 5ད་ལྟ་བདག་ནི་ང་རང་མངགས་མཁན་གྱི་དྲུང་དུ༌འགྲོ་ཞིང་། ཁྱོད་རྣམས་ལས་སུས་ཀྱང་ཁྱེད་རང་གང་དུ་འགྲོའམ་ཞེས་མི༌འདྲིའོ།། 6ངས་དོན་འདི་དག་སྨྲས་པས་ཁྱོད་ཅག་གི་སེམས་སུ་སྐྱོ་སྡུག་གིས་ཁེངས༌པ་རེད། 7འོན༌ཀྱང༌། ངས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། ང་རང་འགྲོ་བ་ནི་ཁྱོད་རྣམས་ལ་ཕན༌པ་ཡིན། ང་རང་མ་སོང་ན་སྡོངས་གྲོགས་དེ་ཁྱོད་ཅག་གི་གམ་དུ་ཕེབས་མི་སྲིད༌ཅིང༌། ང་རང་སོང་ན་ངས་ཁོང་ཉིད་ཁྱོད་ཅག་གི་གམ་དུ་མངག་པར༌བྱའོ།། 8ཕྱིས་སུ་དམ་པའི་ཐུགས་ཉིད་ཕེབས་ཏེ། འཇིག་རྟེན་གྱི་མི་རྣམས་ལ་སྡིག་པ༌དང༌། དྲང༌བདེན། ཉེས་ཆད་གཅོད་པ་བཅས་ཀྱི་ཕྱོགས་ནས་མི་ལ་ཉེས་སྐྱོན་ཡོད་པ་སྟོན་པར་འགྱུར་རོ།། 9དེས་ན་སྡིག་པའི་ཐད་ནས་མི་དེ་རྣམས་བདག་ལ་དད་པ་མེད་པའི་ཕྱིར༌དང༌། 10དྲང་བདེན་གྱི་ཐད་ནས་ང་རང་ཡབ་ཀྱི་དྲུང་དུ་འགྲོ་བས་ཕྱིས་སུ་ཁྱོད་ཅག་གིས་ང་རང་མི་མཐོང་བའི་ཕྱིར༌དང༌། 11ཉེས་ཆད་གཅོད་པའི་ཐད་ནས་འཇིག་རྟེན་འདིའི་དབང་བསྒྱུར་མཁན་ལའང་ཉེས་ཆད་བཅད་ཟིན་པས༌སོ།། 12བདག་ལ་ད་དུང་གཏམ་མང་ཡང་ད་ལྟ་ཁྱོད་ཅག་གི་སེམས་ཀྱིས་མི་བཟོད༌པ་ཡིན། 13འོན་ཀྱང་བདེན་པ་སྟོན་མཁན་དམ་པའི་ཐུགས་ཉིད་ཕེབས༌ཚེ། ཁོང་གིས་ཁྱོད་རྣམས་ལ་བདེན་པ་ཐམས་ཅད་ཤེས་སུ་འཇུག༌ཅིང༌། གང་ཞིག་ཐོས་པ་རྣམས་ཇི་བཞིན་དུ་གསུངས་པ་ལས་རང་འདོད་དུ་མི་གསུང༌ཞིང༌། མ་འོངས་པའི་དོན་རྣམས་ཀྱང་ཁྱོད་ཅག་ལ་གསུང་བར་འགྱུར་རོ།། 14ཡང་དམ་པའི་ཐུགས་ཉིད་ཀྱིས་བདག་ལ་གཟི་བརྗིད་སྩོལ་ངེས༌ཏེ། ཁོང་གིས་བདག་གི་ཡིན་པ་གང་ཞིག་བླངས་ནས་ཁྱོད་རྣམས་ལ་མངོན་པར་འགྱུར་བས༌སོ།། 15དེའི༌ཕྱིར། ཡབ་ལ་གང་ཞིག་ལྡན་པ་ཐམས་ཅད་བདག་ལའང་དབང༌བས། དམ་པའི་ཐུགས་ཉིད་ཀྱིས་བདག་གི་ཡིན་པ་གང་ཞིག་བླངས་ནས་ཁྱོད་རྣམས་ལ་གསུང་བར་འགྱུར་ཞེས་བདག་གིས་སྨྲས་པ་ཡིན། 16ད་ཅང་མི་འགོར་བར་ཁྱོད་རྣམས་ཀྱིས་ང་རང་མཐོང་བར་མི་འགྱུར༌ཞིང༌། ཡང་དེ་ནས་ཅང་མི་འགོར་བར་ཁྱོད་རྣམས་ཀྱིས་ང་རང་མཐོང་བར་འགྱུར་ཞེས་གསུངས་སོ།།

ཐུགས་སྲས་རྣམས་ཀྱི་དགའ་སྐྱོའི༌སྐོར།

17དེ་ནས་ཐུགས་སྲས་ཁ་ཤས་ཀྱིས་ཕན་ཚུན་ལ་འདི་ལྟར་སྨྲས༌པ། ཁོང་གིས་ད་ཅང་མི་འགོར་བར་ཁྱོད་རྣམས་ཀྱིས་ང་རང་མཐོང་བར་མི་འགྱུར༌ཞིང༌། ཡང་དེ་ནས་ཅང་མི་འགོར་བར་ཁྱོད་རྣམས་ཀྱིས་ང་རང་མཐོང་བར་འགྱུར་ཞེས༌དང༌། ཡང་ཁོང་གིས་ང་རང་ཡབ་ཀྱི་དྲུང་དུ་འགྲོ་བའི་ཕྱིར་ཡིན་ཞེས་གསུངས་པའི་དོན་ཅི་ཡིན་ནམ་ཞེས་སྨྲས༌ཤིང༌། 18ཡང་ཐུགས་སྲས་རྣམས་ན༌རེ། ཁོང་གིས་ཅང་མི་འགོར་བར་ཞེས་གསུངས་པའི་དོན་ཅི་ཡིན༌ནམ། ཁོང་གིས་ཅི་གསུངས་པ་བདག་ཅག་གིས་མི་ཤེས་ཞེས་སྨྲས་སོ།། 19དེ་ནས་ཐུགས་སྲས་རྣམས་ཀྱིས་ཁོང་ལ་བཀའ་འདྲི་ཞུ་འདོད་པ་སྐྱབས་མགོན་ཡེ་ཤུས་མཁྱེན་ཏེ་འདི་སྐད༌དུ། ངས་ད་ཅང་མི་འགོར་བར་ཁྱོད་རྣམས་ཀྱིས་ང་རང་མཐོང་བར་མི་འགྱུར༌ཞིང༌། ཡང་ཅང་མི་འགོར་བར་ཁྱོད་རྣམས་ཀྱིས་ང་རང་མཐོང་བར་འགྱུར་ཞེས་སྨྲས་པ་འདིར་ཁྱོད་རྣམས་ཕན་ཚུན་ལ་དྲི་བ་ཡོད༌དམ། 20ངས་ཁྱོད་ཅག་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། ཁྱོད་རྣམས་ངུ་ཞིང་མྱ་ངན་བྱེད་ནའང་འཇིག་རྟེན་གྱི་མི་རྣམས་དགའ་བར༌འགྱུར། ཁྱོད་ཅག་ལ་སྡུག་བསྔལ་འབྱུང་ཡང་ཁྱོད་རྣམས་ཀྱི་སྡུག་བསྔལ་དེ་དགའ་སྤྲོ་རུ་འགྱུར་ངེས༌ཡིན། 21བུད་མེད་ཅིག་གིས་ཕྲུ་གུ་བཙའ༌དུས། ཁོ་མོའི་ཕྲུ་གུ་བཙའ་བའི་དུས་དེ་སླེབ་ཚེ་ན་ཟུག་འབྱུང༌ནའང༌། ཕྲུ་གུ་བཙས་རྗེས་མི་ཞིག་འཇིག་རྟེན་དུ་སྐྱེས་པ་ཡིན་པས་ཁོ་མོ་དགའ་སྟེ་ན་ཟུག་མི་དྲན༌ནོ།། 22ད་ལྟ་ཁྱོད་རྣམས་ལ་སྡུག་བསྔལ་ཡོད་ནའང་བདག་ནི་སླར་ཡང་ཁྱོད་ཅག་དང་འཕྲད་པར་འགྱུར༌ཞིང༌། ཁྱོད་ཅག་གི་སེམས་དགའ་བར་འགྱུར་ལ། ཁྱོད་རྣམས་ཀྱི་དགའ་སྤྲོ་སུས་ཀྱང་འཕྲོག་མི་ནུས། 23ཉིན་དེ་སླེབ་ཚེ། ཁྱོད་ཅག་གིས་ང་རང་ལ་དོན་ཅི་ཡང་མི༌འདྲི། ངས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། ཁྱོད་རྣམས་ཀྱིས་ངའི་མིང་ལ་བརྟེན་ནས་ཡབ་ལ་གང་ཞིག་ཞུས་ཀྱང་ཁོང་གིས་གནང་བར་འགྱུར་རོ།། 24སྔོན་ཆད་ཁྱོད་ཅག་གིས་བདག་གི་མིང་ལ་བརྟེན་ནས་ཅི་ཡང་ཞུས་མ་མྱོང༌ལ། ཁྱོད་ཅག་ལ་དགའ་སྤྲོས་ཁེངས་པའི༌ཕྱིར། ད་ལྟ་གསོལ་བ་ཐོབས་དང་འཐོབ་ངེས་སོ།། 25བདག་གིས་དོན་དེ་རྣམས་དཔེའི་སྒོ་ནས་ཁྱོད་ཅག་ལ་སྨྲས༌ཀྱང༌། ཁྱོད་ཅག་ལ་དཔེའི་སྒོ་ནས་མི་སྨྲ་བའི་དུས་ཤིག་སླེབ་པར་ཉེ་བ༌ན། ངས་ཡབ་ཀྱི་སྐོར་ཁྱོད་ཅག་ལ་གསལ་པོར༌སྨྲ་བར་བྱའོ།། 26ཉིན་དེ་སླེབ་ཚེ། ཁྱོད་རྣམས་ཀྱིས་ངའི་མིང་ལ་བརྟེན་ནས་གསོལ་བ་འདེབས་པར་འགྱུར། ངས་ཁྱོད་ཅག་གི་དོན་དུ་ཡབ་ལ་ཞུ་བར་བྱ་ཞེས་ཁྱོད་རྣམས་ལ་མི༌སྨྲ་སྟེ། 27རྒྱུ་མཚན་ནི་ཁྱོད་ཅག་གིས་ང་རང་ལ་བྱམས་ཤིང་གཅེས་པ༌དང༌། ང་རང་ཡབ་ཀྱི་དྲུང་ནས་བྱུང་བ་ལའང་དད་པ་བྱས་པས། ཡབ་ཀྱིས་ཀྱང་ཁྱོད་རྣམས་ལ་བྱམས་ཤིང་གཅེས་པའི་ཕྱིར༌རོ།། 28ང་རང་ཡབ་ཀྱི་དྲུང་ནས་བྱུང་སྟེ་འཇིག་རྟེན་དུ་ཡོང་བ༌དང༌། ཡང་འཇིག་རྟེན་དང་ཁ་བྲལ་ནས་ཡབ་ཀྱི་དྲུང་དུ་འགྲོ་བ་ཡིན་ཞེས་གསུངས་སོ།། 29དེ་ནས་ཐུགས་སྲས་རྣམས་ན༌རེ། ལགས༌སོ།། ད་ནི་ཁྱེད་ཀྱིས་དཔེའི་སྒོ་ནས་མ་གསུངས་པར་གསལ་པོར་གསུངས། 30ད་ལྟ་ངེད་ཅག་གིས་ཁྱེད་ནི་དོན་ཀུན་མཁྱེན་པ་དང་སུས་ཀྱང་ཁྱེད་ལ་བཀའ་འདྲི་ཞུ་མི་དགོས་པ་ཤེས༌པས། ཁྱེད་རང་ནི་དཀོན་མཆོག་གི་དྲུང་ནས་ཕེབས་པ་ཡིན་པར་དད་པ་བྱེད་ཅེས་ཞུས་པ༌ལ། 31སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ད་ལྟ་ཁྱོད་རྣམས་ཀྱིས་དད་པ་བྱེད༌དམ། 32ལྟོས༌དང༌། དུས་ཤིག་སླེབ་ངེས་ཤིང་ད་ལྟ་དངོས་སུ་སླེབས་ཟིན་ཏེ། ཁྱོད་རྣམས་སོ་སོར་གྱེས་ནས་རང་ཡུལ་དུ་འགྲོ་ཞིང་ང་རང་ཁོ་ན་བསྐྱུར་ངེས༌ཡིན། འོན་ཀྱང་ཡབ་ནི་བདག་དང་མཉམ་དུ་བཞུགས་པས་ང་རང་གཅིག་པུ་མ་ཡིན། 33བདག་གི་ནང་དུ་ཁྱོད་རྣམས་ལ་ཞི་བདེ་འཐོབ་པའི་ཕྱིར། ངས་ཁྱོད་ཅག་ལ་དོན་དེ་རྣམས་སྨྲས༌པ་ཡིན། འཇིག་རྟེན་འདིར་ཁྱོད་རྣམས་ལ་དཀའ་སྡུག་ཡོད་ནའང༌། ང་རང་ནི་འཇིག་རྟེན་ལས་རྣམ་པར་རྒྱལ་བས་ཁྱོད་ཅག་གི་སེམས་བདེ་བར་གྱིས་ཞེས་གསུངས༌སོ།།

ཡོ་ཧ་ནན 17

སྐྱབས་མགོན་ཡེ་ཤུས་རང་ཉིད་ཀྱི་ཆེད་དུ་གསོལ་བ་བཏབ༌པ།

1སྐྱབས་མགོན་ཡེ་ཤུས་དེ་སྐད་གསུངས་རྗེས་ནམ་མཁའི་ཕྱོགས་སུ་གཟིགས་ཏེ་འདི་སྐད༌དུ། ཡབ་ལགས། ད་ནི་དུས་དེ་སླེབས༌པ་ཡིན། དེ་ཡང་སྲས་ཀྱིས་ཁྱེད་ཀྱི་གཟི་བརྗིད་མངོན་པར་བྱེད༌ཆེད། ཁྱེད་ཀྱིས་སྲས་གཟི་བརྗིད་དང་ལྡན་པར༌མཛོད། 2ཅིའི་ཕྱིར་ཞེ་ན། ཁྱེད་ཀྱིས་ཤ་ཁྲག་གདོས་བཅས་ཀྱི་མི་ཐམས་ཅད་ལ་དབང་བསྒྱུར་བའི་དབང་ཆ་ནི་སྲས་ལ་གནང་ཞིང་། དེ་ནི་ཁྱེད་ཀྱིས་ཁོ་ལ་གནང་བའི་མི་ཀུན་ལ་ཁོས་མཐའ་མེད་པའི་ཚེ་སྲོག་སྩོལ་བའི་ཕྱིར༌རོ།། 3དད་ལྡན་རྣམས་ཀྱིས་ཁྱེད་རང་ནི་བདེན་པའི་དཀོན་མཆོག་ཁོ་ན་དང་ཁྱེད་ཀྱིས་མངགས་པའི་ཡེ་ཤུ་མཱ་ཤི་ཀ་གཉིས་ངོ་ཤེས་པ་ནི་མཐའ་མེད་པའི་ཚེ་སྲོག་ཡིན་ནོ།། 4ཁྱེད་ཀྱིས་བདག་ལ་གནང་བའི་ལས་ཐམས་ཅད་བདག་གིས་བསྒྲུབས་ཟིན་ཏེ། ས་གཞིའི་སྟེང་དུ་ཁྱེད་ཀྱི་གཟི་བརྗིད་ཀྱང་མངོན་པར་བྱས། 5ཡབ་ལགས། འཇིག་རྟེན་མ་བསྐྲུན་པའི་སྔོན༌ལ། ང་རང་ཁྱེད་དང་ལྷན་དུ་བཞུགས་པའི་དུས་ཀྱི་གཟི་བརྗིད་དེ་ཉིད། ད་ལྟ་ཁྱེད་ཀྱི་དྲུང་དུ་སླར་ཡང་བདག་ལ་གནང་བར་མཛོད་ཅེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ཀྱི་ཆེད་དུ་གསོལ་བ་བཏབ༌པ།

6ཡང་ཁོང་གིས་འདི་སྐད༌དུ། ཁྱེད་ཀྱིས་འཇིག་རྟེན་ལས་བདག་ལ་གནང་བའི་མི་རྣམས་ལ་ངས་ཀྱང་ཁྱེད་ཀྱི་མཚན་མངོན་པར་བྱས། དེ་རྣམས་སྔར་ནས་ཁྱེད་ལ་གཏོགས་ཤིང་ཁྱེད་ཀྱིས་བདག་ལ་གནང་བ་དང་དེ་རྣམས་ཀྱིས་ཀྱང་ཁྱེད་ཀྱི་བཀའ་བསྲུངས༌སོ།། 7ད་ལྟ་དེ་རྣམས་ཀྱིས་ཀྱང་ཁྱེད་ཀྱིས་བདག་ལ་གནང་བ་ཐམས་ཅད་ཁྱེད་རང་ནས་བྱུང་བ་ཤེས་སོ།། 8རྒྱུ་མཚན་ནི་ཁྱེད་ཀྱིས་བདག་ལ་གནང་བའི་བཀའ་རྣམས་ངས་ཀྱང་ཁོ་རྣམས་ལ་བསྩལ་ཅིང་དེ་དག་གིས་ཀྱང་དང་དུ་བླངས་པ༌དང༌། ཡང་ང་རང་ནི་དངོས་གནས་ཁྱེད་ཀྱི་དྲུང་ནས་ཡོང་བ་ཤེས་པ་དང་། ཁྱེད་ཀྱིས་ང་རང་མངགས་པ་ལའང་དེ་རྣམས་ཡིད་ཆེས༌སོ།། 9ངས་ད་ལྟ་འཇིག་རྟེན་གྱི་མིའི་དོན་དུ་གསོལ་བ་འདེབས་པ་མ་ཡིན༌པར། ཁྱེད་ཀྱིས་བདག་ལ་གནང་བའི་མི་དེ་རྣམས་ཀྱི་དོན་དུ་གསོལ་བ་འདེབས་པ་ཡིན། རྒྱུ་མཚན་ནི་ཁོ་རྣམས་ཁྱེད་ལ་གཏོགས་པའི་ཕྱིར༌རོ།། 10ཡང་བདག་གི་ཡིན་པ་ཐམས་ཅད་ཁྱེད་ལ་གཏོགས༌ཤིང༌། ཁྱེད་ལ་གཏོགས་པ་ཐམས་ཅད་བདག་ལའང་གཏོགས༌པ་དང་། དེ་དག་བརྒྱུད་ནས་བདག་གི་གཟི་བརྗིད་མངོན་པར་གྱུར་ཏོ།། 11ད་ནས་བཟུང་བདག་ནི་ཁྱེད་ཀྱི་དྲུང་དུ་ཡོང་བཞིན་ཡོད་པས་འཇིག་རྟེན་དུ་མི་གནས་ཀྱང་ཁོ་རྣམས་འཇིག་རྟེན་དུ་གནས༌པ་ཡིན། ཡབ་དམ་པ༌ལགས། འུ་གཉིས་ངོ་བོ་གཅིག་ཡིན་པ་བཞིན་ཁོ་རྣམས་ཀྱང་ངོ་བོ་གཅིག་ཏུ་འགྱུར་བའི༌ཕྱིར། ཁྱེད་ཀྱིས་བདག་ལ་གནང་བའི་ཁྱེད་ཀྱི་མཚན་དེའི་ནང་དུ་ཁོ་རྣམས་ཀྱང་བསྲུང་བར༌མཛོད། 12ང་རང་ཁོ་རྣམས་དང་མཉམ་དུ་ཡོད༌དུས། བདག་གིས་ཀྱང་ཁོ་རྣམས་ནི་ཁྱེད་ཀྱིས་བདག་ལ་གནང་བའི་མཚན་གྱི་ནང་དུ་བསྲུངས་ཤིང་བསྐྱངས༌ཏེ། ཁྱེད་ཀྱི་གསུང་རབ་ཀྱི་མདོ་འགྲུབ་པའི༌ཕྱིར། འཇིག་པའི་བུ་ལས་གཞན་གཅིག་ཀྱང་འཇིག་པར་མ་གྱུར༌ཏོ།། 13ང་རང་ད་ལྟ་ཁྱེད་ཀྱི་དྲུང་དུ་ཡོང་ལ་ཉེ་ཡང་ད་དུང་འཇིག་རྟེན་དུ་བསྡད་ནས་འདི་ལྟར་བརྗོད་དོན་ནི་བདག་གི་དགའ་སྤྲོ་དེ་ཁོ་རྣམས་ཀྱི་སེམས་སུ་ཁྱབ་པའི་ཕྱིར༌ཡིན། 14ངས་ཁྱེད་ཀྱི་བཀའ་ཁོ་རྣམས་ལ་བསྩལ་ཅིང་འཇིག་རྟེན་གྱི་མི་དག་ཁོ་རྣམས་ལ༌སྡང༌། རྒྱུ་མཚན་ནི་ང་རང་འཇིག་རྟེན་ལ་མི་གཏོགས་པ༌བཞིན། ཁོ་རྣམས་ཀྱང་འཇིག་རྟེན་ལ་མི་གཏོགས་པའི་ཕྱིར༌རོ།། 15ཁོ་རྣམས་འཇིག་རྟེན་ནས་འདྲེན་པའི་ཕྱིར་ངས་ཁྱེད་ལ་གསོལ་བ་མི་འདེབས༌པར། ཁྱེད་ཀྱིས་ཁོ་རྣམས་བདུད་ངན་དེ་ལས་བསྲུང་ཞིང་སྐྱོབ་པའི་ཕྱིར་གསོལ་བ་འདེབས༌པ་ཡིན། 16ང་རང་འཇིག་རྟེན་ལ་མི་གཏོགས་པ་བཞིན་ཁོ་རྣམས་ཀྱང་འཇིག་རྟེན་ལ་མི་གཏོགས་སོ།། 17ཁྱེད་ཀྱིས་བདེན་པ་ཉིད་བརྒྱུད་ནས་ཁོ་རྣམས་དམ་པར་མཛོད༌ཅིག ཁྱེད་ཀྱི་བཀའ་ནི་བདེན་པ་ཉིད་ལགས་སོ།། 18ཁྱེད་ཀྱིས་ང་རང་འཇིག་རྟེན་དུ་ཇི་ལྟར་མངགས་པ༌བཞིན། ངས་ཀྱང་ཁོ་རྣམས་འཇིག་རྟེན་ལ་མངགས༌ཤིང་། 19ཁོ་རྣམས་ཀྱང་བདེན་པ་ཉིད་ཀྱི་སྒོ་ནས་དམ་པར་འགྱུར་བའི༌ཕྱིར། ངས་ཁོ་རྣམས་ཀྱི་ཆེད་དུ་རང་ཉིད་དམ་པར་བྱ་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུས་རྗེས་འབྲང་པ་ཐམས་ཅད་ཀྱི་དོན་དུ་གསོལ་བ་བཏབ༌པ།

20ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་འདི་རྣམས་ཁོ་ནའི་ཆེད་དུ་གསོལ་བ་མི་འདེབས་པར་ཁོ་རྣམས་ཀྱིས་སྤེལ་བའི་ཆོས་ལ་མཉན་ནས་བདག་ལ་དད་པ་བྱེད་མཁན་ཐམས་ཅད་ཀྱི་དོན་དུའང་གསོལ་བ་འདེབས༌པ་ཡིན། 21འཇིག་རྟེན་གྱི་མི་རྣམས་ཀྱིས་ང་རང་ནི་ཁྱེད་ཀྱིས་མངགས་པ་ཡིན་པར་ཡིད་ཆེས་པའི༌ཕྱིར། ཡབ་ལགས། ཁྱེད་རང་ནི་ངའི་ནང་དུ་གནས་ཤིང་བདག་ཀྱང་ཁྱེད་ཀྱི་ནང་དུ་གནས་པ༌བཞིན། དད་པ་དང་ལྡན་པ་ཐམས་ཅད་ངོ་བོ་གཅིག་ཏུ་འགྱུར་བ་དང་དེ་རྣམས་ཀྱང་འུ་གཉིས་ཀྱི་ནང་དུ་གནས་པར༌ཞུའོ།། 22འུ་གཉིས་ངོ་བོ་གཅིག་ཡིན་པ་ལྟར་དད་ལྡན་རྣམས་ཀྱང་ངོ་བོ་གཅིག་ཏུ་འགྱུར་བའི༌ཕྱིར། ཁྱེད་ཀྱིས་བདག་ལ་གནང་བའི་གཟི་བརྗིད་དེ་ངས་ཀྱང་ཁོ་རྣམས་ལ་བསྩལ་ཟིན༌པ་ཡིན། 23ང་རང་ནི་ཡབ་ཁྱེད་ཀྱིས་མངགས་པ་དང་ཁྱེད་ཀྱིས་བདག་ལ་གཅེས་པ་བཞིན། དད་ལྡན་རྣམས་ལའང་བྱམས་ཤིང་གཅེས་པ་དེ་འཇིག་རྟེན་གྱི་མི་རྣམས་ལ་ཤེས་སུ་འཇུག༌པའི་ཕྱིར། བདག་ནི་དད་ལྡན་རྣམས་ཀྱི་ནང་དུ་གནས་ཤིང་ཡབ་ཁྱེད་རང་ཡང་བདག་གི་ནང་དུ་གནས་པ་བཞིན། དད་ལྡན་རྣམས་ཀྱང་དངོས་གནས་ངོ་བོ་གཅིག་ཏུ་འགྱུར་བར༌ཞུའོ།། 24ཡབ་ལགས། ཁྱེད་ཀྱིས་འཇིག་རྟེན་མ་བསྐྲུན་སྔོན་དུའང་བདག་ལ་བྱམས་ཤིང་གཅེས༌པས། ཁྱེད་ཀྱིས་བདག་ལ་གནང་བའི་གཟི་བརྗིད་དེ་དད་ལྡན་རྣམས་ཀྱིས་མཐོང་བའི༌ཕྱིར། ང་རང་གནས་གང་དུ་ཡོད་ན་ཁྱེད་ཀྱིས་བདག་ལ་གནང་བའི་དད་ལྡན་རྣམས་ཀྱང་བདག་དང་ལྷན་དུ་ཡོད་པར༌མཛོད། 25ཀྱེ། དྲང་བདེན་གྱི་ཡབ་ལགས། འཇིག་རྟེན་གྱི་མི་རྣམས་ཀྱིས་ཁྱེད་རང་ངོ་མི་ཤེས་ནའང་ངས་ཁྱེད་རང་ངོ་ཤེས༌ཏེ། དད་ལྡན་རྣམས་ཀྱིས་ང་རང་ནི་ཁྱེད་ཀྱིས་མངགས་པའང་ཤེས་སོ།། 26ཁྱེད་ཀྱིས་བདག་ལ་བྱམས་ཤིང་གཅེས་པ་དེ་དད་ལྡན་རྣམས་ཀྱི་སེམས་སུ་གནས་པ༌དང༌། ང་རང་ནི་ཁོ་རྣམས་ཀྱི་ནང་དུ་གནས་པའི༌ཕྱིར་དུ། བདག་གིས་དད་ལྡན་རྣམས་ལ་ཁྱེད་ཀྱི་མཚན་མངོན་པར་བྱས་ཤིང་ད་དུང་མངོན་པར་འགྱུར་ཞེས་གསོལ་བ་བཏབ༌བོ།།

ཡོ་ཧ་ནན 18

སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱས་པ།

1སྐྱབས་མགོན་ཡེ་ཤུས་དེ་སྐད་གསུངས༌རྗེས། ཐུགས་སྲས་རྣམས་དང་མཉམ་དུ་ཕྱི་རོལ་ཏུ་ཕྱིན༌ཅིང༌། ཀིད་རོན་གྲམ་པ་བརྒལ་ནས་གནས་དེར་ཡོད་པའི་སྐྱེད་ཚལ་ཞིག་ཏུ་ཕེབས༌སོ།། 2སྐྱབས་མགོན་ཡེ་ཤུ་དང་ཐུགས་སྲས་རྣམས་གནས་དེར་ཐེངས་མང་པོར་ཕེབས་ཏེ་ལྷན་དུ་འདུས་མྱོང༌བས། ཁོང་ཉིད་ལ་ངོ་ལོག་བྱེད་མཁན་ཡུ་དཱས་ཀྱང་གནས་དེ་ཤེས༌པ་རེད། 3དེ་ནས་ཡུ་དཱས་མཆོད་དཔོན་ཆེན་པོ་དག་དང་ཕ་རུ་ཤི་པ་རྣམས་ཀྱིས་མངགས་པའི་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་དམག་དཔུང་དང་སྲུང་དམག་འགའ་ཁྲིད༌དེ། ལག་ཏུ་སྒྲོན་མེ༌དང༌། དཔལ་འབར། མཚོན་ཆ་བཅས་བཟུང་ནས་གནས་དེར་སླེབས་སོ།། 4དེ་ནས་སྐྱབས་མགོན་ཡེ་ཤུས་རང་ཉིད་ལ་འབྱུང་ངེས་པའི་དོན་ཐམས་ཅད་མཁྱེན༌ཏེ། མདུན་ཕྱོགས་སུ་ཕེབས་ཤིང་དེ་རྣམས་ལ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་སུ་ཞིག་འཚོལ་བ་ཡིན་ཞེས་གསུངས་པ༌ན། 5དེ་དག་ན༌རེ། ནཱ་ཙ་རེལ་པ་ཡེ་ཤུ་འཚོལ་བ་ཡིན་ཞེས་སྨྲས་པ༌ན། སྐྱབས་མགོན་ཡེ་ཤུས་དེ་ནི་ང་རང་ཡིན་ཞེས་གསུངས་སོ།། ཁོང་ལ་ངོ་ལོག་བྱེད་མཁན་ཡུ་དཱའང་དེ་དག་དང་མཉམ་དུ་ལངས་ནས་བསྡད་ཡོད༌པ་རེད། 6སྐྱབས་མགོན་ཡེ་ཤུས་དེ་ནི་ང་རང་ཡིན་ཞེས་གསུངས་མ་ཐག་དེ་རྣམས་ཕྱི་ནུར་སྟེག་བཞིན་ས་རུ་འགྱེལ་ཏོ།། 7ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་གིས་སུ་ཞིག་འཚོལ་བ་ཡིན་ནམ་ཞེས་གསུངས་པ༌ལ། ཡང་དེ་རྣམས་ན༌རེ། ནཱ་ཙ་རེལ་པ་ཡེ་ཤུ་འཚོལ་བ་ཡིན་ཞེས་སྨྲས་སོ།། 8ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་དེ་ནི་ང་རང་ཡིན་ཞེས་སྨྲས་ཟིན། ཁྱོད་ཅག་གིས་ང་རང་འཚོལ་བ་ཡིན་ན་འདི་རྣམས་འགྲོ་རུ་ཆུག་ཅེས་གསུངས་སོ།། 9དེ་ནི་ཁྱེད་ཀྱིས་བདག་ལ་གནང་བ་ལས་ངས་གཅིག་ཀྱང་མ་སྟོར་ཞེས་སྐྱབས་མགོན་ཡེ་ཤུས་གསུངས་མྱོང་བ་དེ་བཞིན་འགྲུབ་པའི་ཕྱིར༌ཡིན། 10དེ་ནས་སི་མོན་པེ་ཏྲོས་རལ་གྲི་ཞིག་ཡོད་པ་ཕྱུང༌སྟེ། མཆོད་དཔོན་ཆེན་པོའི་གཡོག་པོར་བརྒྱབ་ནས་རྣ་བ་གཡས་པ་བཅད་ཅིང་། གཡོག་པོ་དེའི་མིང་ལ་མཱལ་ཀུ་ཟེར། 11དེ་ནས་སྐྱབས་མགོན་ཡེ་ཤུས་པེ་ཏྲོ་ལ་འདི་སྐད༌དུ། རལ་གྲི་ཤུབས་སུ་ཆུག་དང༌། ཡབ་ཀྱིས་བདག་ལ་གནང་བའི་ཕོར་བ་ནི་བདག་གིས་མི་འཐུང་ཅི་སྟེ་འཐུང་དགོས་ཞེས་གསུངས་སོ།། 12དེ་ནས་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་དམག་དཔུང༌དང༌། དམག༌དཔོན། ཡ་ཧུ་དཱ་པའི་སྲུང་དམག་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱས་ཏེ་བཀྱིགས་པ༌དང༌། 13ཐོག་མར་ཨ་ནཱ་སིའི་དྲུང་དུ་ཁྲིད་དོ།། རྒྱུ་མཚན་ནི་ཨ་ནཱ་སི་ནི་ལོ་དེར་མཆོད་དཔོན་ཆེན་པོའི་འགན་འཁུར་བའི་ཀ་ཡ་ཕཱའི་གྱོས་པོ་ཡིན་པའི་ཕྱིར༌ཡིན། 14ཀ་ཡ་ཕཱ་ནི་སྔོན་ཆད་ཡ་ཧུ་དཱ་པ་རྣམས་ལ་མི་རྣམས་ཀྱི་ཆེད་དུ་མི་གཅིག་འཆི་བར་འགྱུར་བ་དེ་ལེགས་ཞེས་བགྲོ་གླེང་བྱེད་མཁན་དེ་ཡིན༌ནོ།།

པེ་ཏྲོ་ཐེངས་དང་པོར་སྐྱབས་མགོན་ཡེ་ཤུའི་ཐུགས་དང་འགལ༌བ།

15སི་མོན་པེ་ཏྲོ་དང་ཐུགས་སྲས་གཞན་ཞིག་ཀྱང་སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲངས་པ༌དང༌། ཐུགས་སྲས་གཞན་དེ་ཉིད་མཆོད་དཔོན་ཆེན་པོ་དང་ཕན་ཚུན་ངོ་ཤེས༌པས། ཁོ་རང་སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་མཆོད་དཔོན་ཆེན་པོའི་ར་སྐོར་ནང་དུ་ཕྱིན་ཏོ།། 16འོན་ཀྱང་པེ་ཏྲོ་སྒོའི་ཕྱི་རོལ་ཏུ་ལངས་ནས་བསྡད། དེ་ནས་མཆོད་དཔོན་ཆེན་པོ་ངོ་ཤེས་པའི་ཐུགས་སྲས་དེ་ཕྱིར་ཡོང༌སྟེ། སྒོ་སྲུང་གཡོག་མོ་ལ་ཚིག་འགའ་སྨྲས་རྗེས་པེ་ཏྲོའང་ནང་དུ་ཁྲིད། 17དེ་ནས་སྒོ་སྲུང་གཡོག་མོ་དེས་པེ་ཏྲོ༌ལ། ཁྱོད་ཀྱང་མི་དེའི་ཐུགས་སྲས་མ་ཡིན་ནམ་ཞེས་སྨྲས་པ༌ན། ཁོས་ང་རང་མིན་ཞེས་སྨྲས་སོ།། 18ཉིན་དེར་ནམ་ཟླ་འཁྱགས་པས་གཡོག་པོ་དང་སྲུང་དམག་རྣམས་ཀྱིས་སོལ་བའི་མེ་སྦར་ཏེ་གནས་དེར་ལངས་ནས་མེར་ལྡེ་བ༌ལ། པེ་ཏྲོ་ཡང་དེ་དག་དང་མཉམ་དུ་མེར་ལྡེས༌སོ།།

སྐྱབས་མགོན་ཡེ་ཤུ་ལ་འདྲི་རྩད་བྱེད༌པ།

19དེ་ནས་མཆོད་དཔོན་ཆེན་པོས་སྐྱབས་མགོན་ཡེ་ཤུ་ལ་རང་ཉིད་ཀྱི་ཐུགས་སྲས་དང་ཁོང་གིས་ཆོས་གསུངས་པའི་སྐོར་ནས་འདྲི་རྩད་བྱས་པ༌ན། 20སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ངས་མངོན་སུམ་དུ་འཇིག་རྟེན་གྱི་མི་རྣམས་ལ་ཆོས་བཤད་པ་ཡིན༌ཏེ། རྟག་ཏུ་ཡ་ཧུ་དཱ་པ་རྣམས་འཛོམས་སའི་ཆོས་ཁང་དང་མཆོད་ཁང་ནས་མི་རྣམས་ལ་ཆོས་བཤད་པ༌ཡིན། གསང་བའི་ངང་ནས་ཅི་ཡང་མ་སྨྲས། 21ཅིའི་ཕྱིར་བདག་ལ༌འདྲིའམ། བདག་གི་གཏམ་ཐོས་པའི་མི་རྣམས་ཀྱིས་ངས་ཅི་ཞིག་སྨྲས་པ་ཤེས་པས་དེ་དག་ལ་དྲིས་ཤིག་ཅེས་གསུངས་སོ།། 22ཁོང་གིས་དེ་སྐད་གསུངས་པ༌ལ། ཉེ་འགྲམ་དུ་ལངས་ནས་སྡོད་པའི་སྲུང་དམག་ཅིག་གིས་ཁོང་ལ་འགྲམ་ལྕག་གཞུས་ཏེ་ན༌རེ། ཁྱོད་ཀྱིས་མཆོད་དཔོན་ཆེན་པོར་འདི་ལྟར་ལན་སློག་གམ་ཞེས་སྨྲས་སོ།། 23དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་ངས་མི་འོས་པའི་གཏམ་སྨྲས་ཡོད་ན་མི་འོས་པ་དེ་སྟོན༌ཅིག གལ་ཏེ་ངས་སྨྲས་པ་དེ་བདེན་པ་ཡིན་ན་ཁྱོད་ཀྱིས་ཅིའི་ཕྱིར་བདག་ལ་རྡུང་རྡེག་བྱེད་དམ་ཞེས་གསུངས་སོ།། 24དེ་ནས་ཨ་ནཱ་སི་ཡིས་སྐྱབས་མགོན་ཡེ་ཤུ་སྔར་བཞིན་བཀྱིགས༌ཏེ། མཆོད་དཔོན་ཆེན་པོ་ཀ་ཡ་ཕཱའི་མདུན་ལ་ཁྲིད་དུ་བཅུག༌གོ།

པེ་ཏྲོ་ཡང་ཡང་སྐྱབས་མགོན་ཡེ་ཤུའི་ཐུགས་དང་འགལ༌བ།

25སི་མོན་པེ་ཏྲོ་ལངས་ནས་མེར་ལྡེ་བཞིན་པའི་དུས༌སུ། མི་དེ་རྣམས་ན༌རེ། ཁྱོད་རང་ཡང་ཁོང་གི་ཐུགས་སྲས་མ་ཡིན་ནམ་ཞེས་དྲིས་པ༌ན། ཁོས་ང་རང་མིན་ཞེས་ཁས་མ་བླངས༌སོ།། 26དེ་སྔོན་པེ་ཏྲོས་རྣ་བ་བཅད་ཟིན་པ་དེའི་གཉེན་ཉེ་དང་མཆོད་དཔོན་ཆེན་པོའི་གཡོག་པོ་ཡིན་པ་ཞིག་ན༌རེ། ངས་སྐྱེད་ཚལ་ནང་དུ་ཁྱོད་རང་ཡེ་ཤུ་དང་མཉམ་དུ་ཡོད་པ་མཐོང་བ་མ་ཡིན་ནམ་ཞེས་སྨྲས་པ༌ན། 27ཡང་པེ་ཏྲོས་ཁས་མ་བླངས༌ཤིང་། དེ་མ་ཐག་བྱ་ཕོའང་གྲགས༌སོ།། 28ནམ་མ་ལངས་པའི་དུས༌སུ། ཡ་ཧུ་དཱ་པ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་མཆོད་དཔོན་ཆེན་པོ་ཀ་ཡ་ཕཱའི་གམ་ནས་སྤྱི་དཔོན་གྱི་ཕོ་བྲང་དུ་ཁྲིད༌ཅིང༌། ཆོས་དཔོན་རྣམས་རང་ཉིད་མི་གཙང་བར་གྱུར༌ན། པེ་སག་དུས་ཆེན་གྱི་ཟས་བཟའ་མི་ཐུབ་པར་དོགས་ཏེ་ཕོ་བྲང་ནང་དུ་མ་སོང༌ངོ་༎ 29དེ་ནས་སྤྱི་དཔོན་པི་ལ་ཏུ་ཕོ་བྲང་ནས་ཐོན་ཏེ་ན༌རེ། ཁྱོད་རྣམས་ཀྱིས་མི་འདི་ཁྲིམས་ལ་གཏུགས་དོན་ཅི་ཞེས་དྲིས་པ༌དང༌། 30དེ་རྣམས་ན༌རེ། གལ་ཏེ་མི་འདི་ལས་ངན་པ་བྱེད་མཁན་ཞིག་མིན་ན་ངེད་ཅག་གིས་ཁྱེད་རང་ལ་སྤྲོད་མི་སྲིད་ཅེས་སྨྲས་སོ།། 31དེ་ནས་པི་ལ་ཏུ་ན༌རེ། ཁྱོད་རྣམས་ཀྱིས་ཁོ་རང་ཕྱིར་ཁྲིད་དེ་ཁྱོད་ཅག་གི་ཆོས་ཁྲིམས་བཞིན་དུ་ཁྲིམས་ཐག་ཆོད་ཅིག་ཅེས་སྨྲས་པ༌ལ། ཡ་ཧུ་དཱ་པ་རྣམས་ན༌རེ། ངེད་ཅག་ལ་ཁྲིམས་ཐག་བཅད་ནས་མི་གསོད་པའི་དབང་ཆ་མེད་ཅེས་སྨྲས་སོ།། 32དེ་ནི་སྔར་སྐྱབས་མགོན་ཡེ་ཤུས་རང་ཉིད་ཇི་ལྟར་སྐུ་གཤེགས་དགོས་པའི་སྐོར་ལུང་བསྟན་པ་བཞིན་དུ་འགྲུབ་པའི་ཕྱིར་བྱུང་བ་ཡིན། 33དེ་ནས་པི་ལ་ཏུ་སླར་ཡང་ཕོ་བྲང་གི་ནང་དུ་སོང༌སྟེ། སྐྱབས་མགོན་ཡེ་ཤུའང་ཕོ་བྲང་ནང་དུ་འཁྲིད་པའི་བཀའ་གནང་ཞིང་ཁྱོད་རང་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ་ཞེས་དྲིས་པ༌ལ། 34སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། འདི་ནི་ཁྱོད་རང་གིས་བཤད་པ་ཡིན༌ནམ། ཡང་ན་མི་གཞན་གྱིས་བདག་གི་སྐོར་ཁྱོད་ལ་སྨྲས་པ་ཡིན་ཞེས་གསུངས་པ༌ན། 35ཡང་པི་ལ་ཏུ་ན༌རེ། ང་རང་ནི་ཡ་ཧུ་དཱ་པ་ཞིག་ག་ལ༌ཡིན། ཁྱོད་ཀྱི་ཡུལ་མི་དང་མཆོད་དཔོན་ཆེན་པོ་རྣམས་ཀྱིས་ཁྱོད་རང་བདག་ལ་སྤྲད༌པ་ཡིན། ཁྱོད་ཀྱིས་ཉེས་པ་ཅི་བྱས་སམ་ཞེས་སྨྲས་སོ།། 36ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གི་རྒྱལ་སྲིད་ནི་འཇིག་རྟེན་འདིར་མི་གཏོགས༌ཏེ། གལ་སྲིད་གཏོགས་ན་ངའི་འཁོར་གཡོག་རྣམས་ཀྱིས་ང་རང་ཡ་ཧུ་དཱ་པ་རྣམས་ཀྱི་ལག་ཏུ་མི་སྤྲོད་པའི་ཆེད་དུ་འཐབ་འཛིང་བྱེད་ངེས༌ཡིན། དོན་དམ་དུ་བདག་གི་རྒྱལ་སྲིད་ནི་གནས་འདི་ལ་མི་གཏོགས་ཞེས་གསུངས་སོ།། 37དེ་ནས་པི་ལ་ཏུ་ན༌རེ། དེས་ན་ཁྱོད་ནི་རྒྱལ་པོ་ཞིག་ཡིན་ནམ་ཞེས་དྲིས་པ༌ལ། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་སྨྲས་པ་བཞིན་ང་རང་ནི་རྒྱལ་པོ་ཞིག༌སྟེ། བདེན་པ་ཉིད་ལ་བདེན་དཔང་བྱེད་ཆེད་འཇིག་རྟེན་འདི་རུ་སྐྱེས༌ཤིང༌། དོན་དེའི་ཆེད་དུ་འཇིག་རྟེན་འདི་རུ་ཡོང༌བ་ཡིན། བདེན་པ་ཉིད་ལ་གཏོགས་པའི་མི་རྣམས་ཀྱིས་བདག་གི་གསུང་ལ་ཉན་ཞེས་གསུངས་སོ།། 38ཡང་པི་ལ་ཏུ་ན༌རེ། བདེན་པ་ཉིད་ནི་ཅི་ཡིན་ནམ་ཞེས་སྨྲས་པ་དང་ཕྱི་རོལ་གྱི་ཡ་ཧུ་དཱ་པ་རྣམས་ཀྱི་གམ་དུ་སོང༌སྟེ། ངས་མི་འདིའི་ཉེས་སྐྱོན་ཅི་ཡང་མ་རྙེད་དོ།། 39འོན་ཀྱང་པེ་སག་གི་དུས་ཆེན་ལ། ཁྱོད་ཅག་གི་རྒྱུན་སྲོལ་ལྟར་བཙོན་པ་ཞིག་བཙོན་གྲོལ་གཏོང་དགོས༌པས། ཁྱོད་རྣམས་ཀྱིས་ཡ་ཧུ་དཱ་པའི་རྒྱལ་པོ་འདི་ཉིད་བཙོན་གྲོལ་གཏོང་འདོད་དམ་ཞེས་སྨྲས་པ༌ན། 40དེ་དག་གིས་སྐད་ཆེན༌པོས། མི་འདི་གཏོང་མི༌དགོས། པཱ་རབ་པཱ་གཏོང་བར་མཛོད་ཅེས་ཞུས་སོ།། པཱ་རབ་པཱ་ནི་ཇག་པ་ཞིག་ཡིན༌ནོ།།

ཡོ་ཧ་ནན 19

སྤྱི་དཔོན་པི་ལ་ཏུས་སྐྱབས་མགོན་ཡེ་ཤུ་གསོད་པའི་བཀའ་བསྒོས༌པ།

1དེ་ནས་པི་ལ་ཏུས་སྐྱབས་མགོན་ཡེ་ཤུར་རྟ་ལྕག་གིས་གཞུ་དགོས་པའི་བཀའ་གནང་བ༌དང༌། 2དམག་མི་རྣམས་ཀྱིས་ཚེར་མའི་ཅོད་པན་བསླེས་ཏེ་ཁོང་གི་དབུ་ལ་བསྐོན་ཞིང་ལུས་ལ་ཁ་དོག་རྒྱ་སྨུག་ཡིན་པའི་ན་བཟའ་ཞིག་ཀྱང་བསྐོན་ཏོ།། 3ཡང་ཁོ་རྣམས་ཁོང་གི་དྲུང་དུ་བཅར༌ཏེ། ཁོང་ལ་ན་རེ། ཡ་ཧུ་དཱ་པའི་རྒྱལ་པོ་ཁྱོད་ལ་རྟེན་འབྲེལ་ཞུའོ་ཞེས་སྨྲས་ཤིང་ཁོང་ལ་འགྲམ་ལྕག་གཞུས་སོ།། 4དེ་ནས་ཡང་པི་ལ་ཏུ་ཕྱི་རོལ་ཏུ་ཕྱིན་ཏེ་མི་རྣམས་ལ་ན༌རེ། ལྟོས༌དང༌། བདག་གིས་ཁོ་རང་ལ་ཉེས་པ་ཅི་ཡོད་པ་བཙལ་ཡང་མི་རྙེད༌པས། ཁྱོད་རྣམས་ཀྱིས་ཀྱང་དོན་དེ་ཤེས་པའི༌ཕྱིར། ཁྱོད་རྣམས་ཀྱི་མདུན་དུ་བདག་གིས་ཁོ་རང་ཕྱི་རུ་འཁྲིད་པ་ཡིན་ཞེས་སྨྲས་སོ།། 5དེ་ནས་སྐྱབས་མགོན་ཡེ་ཤུས་ཚེར་མའི་ཅོད་པན་དང་ཁ་དོག་རྒྱ་སྨུག་ཡིན་པའི་ན་བཟའ་གསོལ་ནས་ཕྱི་རོལ་ཏུ་ཕེབས་པ༌དང༌། པི་ལ་ཏུས་མི་རྣམས་ལ་མི་འདིར་ལྟོས་ཤིག་ཅེས་སྨྲས་སོ།། 6དེ་ནས་མཆོད་དཔོན་ཆེན་པོ་དག་དང་སྲུང་དམག་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་མཐོང་བ་དང་སྐད་ཆེན༌པོས། ཁོ་རང་ཤིང་རྒྱ་གྲམ་གྱི་སྟེང་དུ་རྡོབས་ཤིག ཤིང་རྒྱ་གྲམ་གྱི་སྟེང་དུ་རྡོབས་ཤིག་ཅེས་སྨྲས་པ༌ན། པི་ལ་ཏུ་ན༌རེ། བདག་གིས་ཁོ་རང་ལ་ཉེས་པ་ཅི་ཡོད་པ་བཙལ་ཀྱང་མ་རྙེད༌པས། ཁྱོད་ཅག་གིས་ཁོ་རང་ཁྲིད་ནས་བརྡབ་པར་བྱའོ་ཞེས་སྨྲས༌པ་རེད། 7ཡང་ཡ་ཧུ་དཱ་པ་རྣམས་ན༌རེ། ཁོས་རང་ཉིད་ནི་དཀོན་མཆོག་གི་སྲས་ཡིན་པར་བཤད༌པས། ངེད་ཅག་གི་བཀའ་ཁྲིམས་ལྟར་ན་ཁོ་རང་གསོད་དགོས་ཞེས་སྨྲས་པ༌དང༌། 8པི་ལ་ཏུས་གཏམ་དེ་ཐོས་ནས་ལྷག་པར་འཇིགས་པ༌དང༌། 9ཡང་ཕོ་བྲང་ནང་དུ་སོང༌སྟེ་སྐྱབས་མགོན་ཡེ་ཤུ་ལ། ཁྱོད་རང་གང་ནས་ཡོང་ངམ་ཞེས་དྲིས་ནའང་སྐྱབས་མགོན་ཡེ་ཤུས་བཀའ་ལན་ཅི་ཡང་མ་གནང་ངོ༌།། 10ཡང་པི་ལ་ཏུ་ན༌རེ། ཁྱོད་ཀྱིས་ང་རང་ལ་གཏམ་མི་གླེང༌ངམ། བདག་ལ་ཁྱོད་རང་བཙོན་གྲོལ་གཏོང་བའི་དབང་ཆ་ཡོད་ལ། ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབ་པའི་དབང་ཆའང་ཡོད་པ་ཁྱོད་ཀྱིས་མི་ཤེས་སམ་ཞེས་དྲིས་པ༌ན། 11སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་སྟེང་ནས་གནང་བ་མིན༌ན། ཁྱོད་ལ་ངའི་ཕྱོགས་སུ་དབང་ཆ་ཅི་ཡང་མེད༌པས། ཁྱོད་དང་བསྡུར་ན་ང་རང་ཁྱོད་ལ་སྤྲོད་མཁན་དེར་སྡིག་པ་ལྷག་ཏུ་ཆེ་ཞེས་གསུངས་སོ།། 12དུས་དེ་ནས་བཟུང་པི་ལ་ཏུས་སྐྱབས་མགོན་ཡེ་ཤུ་བཙོན་ལས་གཏོང་འདོད་ཀྱང་ཡ་ཧུ་དཱ་པ་རྣམས་ཀྱིས་སྐད་ཆེན༌པོས། གལ་ཏེ་ཁྱོད་ཀྱིས་མི་འདི་བཙོན་ལས་བཏང་ན་ཁྱོད་ནི་སེ་བཟིར་གྱི་མཛའ་གྲོགས་མིན་ལ། མི་སུས་ཀྱང་རང་ཉིད་རྒྱལ་པོ་ཡིན་ཞེས་བཤད་ན་མི་དེ་སེ་བཟིར་གྱི་ངོ་རྒོལ་པ་ཡིན་ཞེས་སྐད་ཅོར་བརྒྱབ་བོ།། 13པི་ལ་ཏུས་གཏམ་དེ་ཐོས་པ་དང་སྐྱབས་མགོན་ཡེ་ཤུ་ཕྱི་རོལ་ཏུ་ཁྲིད༌དེ། རྡོ་གཅལ་ཞེས་པ་ཨིབ་རིའི་མི་རིགས་ཀྱི་སྐད་དུ་ཀ་པི་ཐཱ་ཟེར་བའི་གནས་སུ་སོང་སྟེ་རང་ཉིད་ཁྲིམས་དཔོན་གྱི་ཁྲི་ལ་བསྡད། 14ཉིན་དེ་ནི་པེ་སག་དུས་ཆེན་གྱི་སྟ་གོན་ཉིན་མོའི་ཉིན་གུང་ཙམ་ཡིན། པི་ལ་ཏུས་ཡ་ཧུ་དཱ་པ་རྣམས༌ལ། ལྟོས༌དང༌། མི་འདི་ནི་ཁྱོད་རྣམས་ཀྱི་རྒྱལ་པོ་ཡིན་ཞེས་སྨྲས་པ༌ན། 15དེ་རྣམས་ན༌རེ། ཁོ་རང་སོད༌ཅིག སོད་ཅིག ཤིང་རྒྱ་གྲམ་གྱི་སྟེང་དུ་རྡོབས་ཤིག་ཅེས་སྐད་ཅོར་བརྒྱབ་བོ།། དེ་ནས་པི་ལ་ཏུ་ན༌རེ། བདག་གིས་ཁྱོད་རྣམས་ཀྱི་རྒྱལ་པོ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབ་ཆོག་གམ་ཞེས་དྲིས་པ༌ན། མཆོད་དཔོན་ཆེན་པོ་རྣམས་ན༌རེ། ངེད་རྣམས་ལ་སེ་བཟིར་ལས་གཞན་རྒྱལ་པོ་གཅིག་ཀྱང་མེད་ཅེས་སྨྲས་སོ།། 16དེ་ནས་པི་ལ་ཏུས་ཀྱང་སྐྱབས་མགོན་ཡེ་ཤུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབ་པའི་ཕྱིར་དམག་མི་རྣམས་ལ་སྤྲད༌དོ།།

ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པ།

17དེ་ནས་དམག་མི་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་ཁྲིད་པ༌དང༌། ཁོང་གིས་ཀྱང་རང་ཉིད་ཀྱི་ཤིང་རྒྱ་གྲམ་ཁུར་ནས་ཕྱི་རོལ་ཏུ་ཕེབས༌ཤིང༌། མགོ་སྐོགས་གནས་ཞེས་པ་ཨིབ་རིའི་མི་རིགས་ཀྱི་སྐད་དོད་དུ་གོལ་གོ་ཐཱ་ཟེར་བའི་ས་ཆར་སླེབས་སོ།། 18དེར་དམག་མི་དེ་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་དཀྱིལ་དབུས་དང་། ཁོང་གི་གཡས་གཡོན་དུ་མི་གཞན་གཉིས་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས༌པ་རེད། 19ཡང་པི་ལ་ཏུས་ཤིང་བྱང་ཞིག་གི་ངོས་སུ་ཡ་ཧུ་དཱ་པའི་རྒྱལ་པོ་ནཱ་ཙ་རེལ་པ་ཡེ་ཤུའོ་ཞེས་འབྲི་དགོས་པའི་བཀའ་བསྒོས་པ་དང་ཤིང་བྱང་དེའང་ཤིང་རྒྱ་གྲམ་གྱི་གོང་དུ་བརྡབས་སོ།། 20སྐྱབས་མགོན་ཡེ་ཤུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པའི་གནས་དེ་ནི་གྲོང་ཁྱེར་དང་བར་ཐག་ཉེ༌ཞིང༌། ཤིང་བྱང་གི་ངོས་སུ་ཨིབ་རིའི་མི་རིགས་ཀྱི་ཡི་གེ་དང་ལཱ་ཏིན་གྱི་ཡི༌གེ གྷི་རིག་པའི་ཡི་གེ་བཅས་ཡིག་རིགས་གསུམ་གྱིས་བྲིས་ཡོད༌པས། ཡ་ཧུ་དཱ་པ་མང་པོས་ཀྱང་ཡི་གེ་དེ་བཀླགས་པ་རེད། 21དེ་ནས་ཡ་ཧུ་དཱ་པའི་མཆོད་དཔོན་ཆེན་པོ་རྣམས་ཀྱིས་པི་ལ་ཏུ༌ལ། ཡ་ཧུ་དཱ་པའི་རྒྱལ་པོ་ཞེས་མི་འབྲི༌བར། ཁོས་ང་རང་ནི་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ཞེས་སྨྲས་པ་ལྟར་འབྲི་བར་མཛོད་ཅེས་ཞུས་པ༌ལ། 22པི་ལ་ཏུ་ན༌རེ། བདག་གིས་ཇི་ལྟར་བྲིས་པ་དེ་བྲིས་ཟིན་ཞེས་སྨྲས༌སོ།། 23དེ་ནས་དམག་མི་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས༌རྗེས། ཁོང་གི་ཕྱི་གོས་སྐལ་བཞི་རུ་བགོས་ནས་དམག་མི་རེ་རེར་ཐོབ་པ༌དང༌། ཁོང་གི་ནང་གོས་ཀྱང་བླངས་པ༌དང༌། ནང་གོས་དེ་ལ་བཙེམ་སྲུབས་ཅི་ཡང་མེད་པར་མགོ་ནས་མཇུག་བར་ཐག་བཏགས་ནས་གྲུབ་པ་ཞིག་ཡིན༌པས། 24དེ་རྣམས་ཀྱིས་ཕན་ཚུན༌ལ། ནང་གོས་འདི་དུམ་བུར་མི་གཤག་པར་རྒྱན་འཕངས་ནས་སུ་ལ་ཐོབ་པར་བལྟའོ་ཞེས་སྨྲས་སོ།། དེ་ནི་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ང་ཡི་ཕྱི་གོས་ཁོ་ཚོས་བགོས་ཏེ༌ཁྱེར།། ང་ཡི་གྱོན་གོས་དེ་ལ་རྒྱན་འཕངས༌སོ།། ཞེས་གསུངས་པ་བཞིན་འགྲུབ་པའི་ཕྱིར་དེ་ལྟར་བྱུང་བ་ཡིན༌ལ། 25དམག་མི་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་སོ།། དེ་ཡང་སྐྱབས་མགོན་ཡེ་ཤུའི་ཤིང་རྒྱ་གྲམ་གྱི་ཉེ་འགྲམ་དུ་ཁོང་གི་ཡུམ་དང་ཨ༌ནེ། གཞན༌ཡང༌། ཀ་ལོ་ཕཱའི་ཆུང་མ་མིར་ཡམ་དང་མཱག་རྡལ་གྱི་མིར་ཡམ་བཅས་ལངས་ནས་བསྡད་ཡོད༌ཅིང༌། 26སྐྱབས་མགོན་ཡེ་ཤུས་རང་གི་ཡུམ་དང་གཅེས་པའི་ཐུགས་སྲས་གཉིས་ཀ་ཉེ་འགྲམ་དུ་ལངས་ནས་བསྡད་ཡོད་པ་གཟིགས་ཏེ་འདི་སྐད༌དུ། ཡུམ༌ལགས། ཁྱེད་ཀྱི་བུ་ལ་གཟིགས་དང་ཞེས་གསུངས༌ཤིང༌། 27ཡང་ཐུགས་སྲས་དེ་ལ་འདི་སྐད༌དུ། ཁྱོད་ཀྱི་ཡུམ་ལ་ལྟོས་དང་ཞེས་གསུངས། དུས་དེ་ནས༌བཟུང༌། ཐུགས་སྲས་དེས་སྐྱབས་མགོན་ཡེ་ཤུའི་ཡུམ་རང་ཁྱིམ་དུ་བསུས་སོ།།

སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་པ།

28དེ་ནས་སྐྱབས་མགོན་ཡེ་ཤུས་དོན་ཐམས་ཅད་གྲུབ་ཟིན་པ་མཁྱེན༌ཏེ། གསུང་རབ་ཀྱི་མདོ་ལས་གསུངས་པ་ལྟར་འགྲུབ་པའི༌ཕྱིར། བདག་ལ་སྐོམ་པ་བྱུང་ཞེས་གསུངས་པ༌ན། 29རྒུན་ཆང་སྐྱུར་མོས་བཀང་བའི་སྣོད་ཅིག་གནས་དེར་བཞག་ཡོད་པ༌ལ། ཁོ་རྣམས་ཀྱིས་འགྱིག་སོབ་ཅིག་རྒུན་ཆང་སྐྱུར་མོར་སྦངས༌ཏེ། ཨི་སོབ་ཅེས་པའི་རྩྭ་ཤིང་གི་རྩེ་མོར་བཀལ་ནས་ཁོང་གི་ཞལ་ལ་དྲངས་སོ།། 30དེ་ནས་སྐྱབས་མགོན་ཡེ་ཤུས་རྒུན་ཆང་སྐྱུར་མོ་དེ་བཞེས་པ་དང་དོན་གྲུབ་བོ་ཞེས་གསུངས༌རྗེས། ཁོང་གི་དབུ་དུད་ཅིང་སྐུ་སྲོག་ཕུལ་ཏོ།། 31ཉིན་དེ་ནི་སྟ་གོན་གྱི་ཉིན་མོ་ཡིན་པ༌དང༌། ངལ་གསོ་བའི་ཉིན་མོ་དེ་ནི་དུས་གལ་ཆེན་ཞིག་ཡིན་པས། ཡ་ཧུ་དཱ་པ་རྣམས་ཀྱིས་ངལ་གསོ་བའི་ཉིན༌ལ། ཤིང་རྒྱ་གྲམ་གྱི་སྟེང་དུ་བེམ་པོ་ལུས་ན་མི་འོས་པར་བསམས༌ཏེ། པི་ལ་ཏུའི་དྲུང་དུ་སོང་ནས་དེ་དག་གི་རྐང་པ་བཅག་ནས་བེམ་པོ་རྣམས་འཁྱེར་དགོས་པར་ཞུས་སོ།། 32དེའི༌ཕྱིར། དམག་མི་རྣམས་ཡོང་སྟེ་སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ཡོད་པའི་མི་གཉིས་ཀྱི་རྐང་པ་རིམ་བཞིན་བཅག 33འོན༌ཀྱང༌། དམག་མི་རྣམས་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་གི་དྲུང་དུ་སླེབས་ནས་ཁོང་ཉིད་སྐུ་གཤེགས་ཟིན་པ་མཐོང་བས་རྐང་པ་མ་བཅག་གོ། 34དེ་ནས་དམག་མི་གཅིག་གིས་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་གི་གཞོགས་ལ་མདུང་གིས་བསྣུན་པ་དང་འཕྲལ་དུ་ཁྲག་དང་ཆུ་བཞུར༌བ་རེད། 35ཁྱོད་རྣམས་ཀྱིས་སྐྱབས་མགོན་ཡེ་ཤུ་ལ་དད་པ་བྱེད་པའི༌ཕྱིར། དོན་དེ་མཐོང་བའི་མི་དེས་དོན་དེར་བདེན་དཔང་བྱས་ཤིང་བདེན་དཔང་དེའང་བདེན་པ་ཡིན་པར་མ༌ཟད། ཁོས་རང་གི་བཤད་པ་དེའང་བདེན་པ་ཡིན་པར་ཤེས་སོ།། 36དོན་དེ་རྣམས་ནི་གསུང་རབ་ཀྱི་མདོ་ལས་ཁོང་གི་གདུང་རུས་གཅིག་ཀྱང་གཅོག་པར་མི་འགྱུར་ཞེས༌དང༌། 37ཡང་མདོ་གཞན་ལས་ཇི་སྐད༌དུ། དེ་རྣམས་ཀྱིས་མདུང་གིས་བསྣུན་པ་དེ་ལ་ཡར་བལྟ་བར་འགྱུར་ཞེས་གསུངས་པ་དེ་འགྲུབ་པའི་ཕྱིར་བྱུང་བ་ཡིན༌ནོ།།

སྐྱབས་མགོན་ཡེ་ཤུའི་སྐུ་གདུང་དུར་དུ་སྦས༌པ།

38དེ་ཡང་ཨ་རི་མ་ཐཱ་ཡི་ཡོ་སེབ་ཅེས་པ་ནི་ཡ་ཧུ་དཱ་པ་རྣམས་ལ་འཇིགས༌ཏེ། གསང་བའི་ངང་སྐྱབས་མགོན་ཡེ་ཤུའི་རྗེས་འབྲང་པ་བྱས་པ་ཞིག༌ཡིན། དོན་དེ་དག་བྱུང་བའི་རྗེས༌སུ། ཁོས་སྤྱི་དཔོན་པི་ལ་ཏུ་ལ་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་ལེན་པར་ཞུ་བ་ཞུས་ཤིང་པི་ལ་ཏུས་ཀྱང་ཆོག་མཆན་བཀོད༌པས། ཁོས་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་མར་བླངས་ཏེ་ཁྱེར་ཏོ།། 39གཞན༌ཡང༌། ནེ་ཀོ་དེམ་ཞེས་བྱ་བ་དེ་སྔར་མཚན་མོའི་དུས་སུ་སྐྱབས་མགོན་ཡེ་ཤུར་མཇལ་དུ་ཡོང་བ་དེས་ཀྱང་བྱུགས་རྫས་གུ་གུལ་དང་ཨ་ག་རུ་རྒྱ་མ་བརྒྱ་ཙམ་ཁུར་འོངས༌ཏེ། 40ཁོ་གཉིས་ཀྱིས་ཡ་ཧུ་དཱ་པའི་དུར་འཇུག་གི་ལུགས་སྲོལ༌བཞིན། བསུང་རྫས་བྱུགས་ཡོད་པའི་སོ་རས་ཀྱིས་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་ལེགས་པོར་བཏུམས་སོ།། 41སྐྱབས་མགོན་ཡེ་ཤུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པའི་གནས་དེར་སྐྱེད་ཚལ་ཞིག་ཡོད༌ཅིང༌། སྐྱེད་ཚལ་དེའི་ནང་དུ་བེམ་པོ་བཞག་མ་མྱོང་བའི་དུར་ཁུང་གསར་པ་ཞིག་ཀྱང་ཡོད། 42ཉིན་དེ་ནི་ཡ་ཧུ་དཱ་པའི་སྟ་གོན་གྱི་ཉིན་མོ་ཡིན་པ་དང་དུར་ཁུང་དེ་དང་བར་ཐག་ཉེ༌བས། ཁོ་གཉིས་ཀྱིས་སྐྱབས་མགོན་ཡེ་ཤུའི་སྐུ་གདུང་དུར་ཁུང་དེའི་ནང་དུ་སྦས༌སོ།།

ཡོ་ཧ་ནན 20

སྟོང་བར་ལུས་པའི་དུར་ཁུང་།

1གཟའ་འཁོར་གཅིག་གི་ཉིན་དང་པོར་ནམ་མ་ལངས་པའི་སྔོན༌ལ། མཱག་རྡལ་གྱི་མིར་ཡམ་དུར་ཁུང་གི་གམ་དུ་སླེབས་པ༌ན། དུར་ཁུང་གི་སྒོ་གཅོད་བྱེད་ཀྱི་རྡོ་ཕ་བོང་དེ་ཕར་བསྒྲིལ་ཟིན་པ་མཐོང༌བས། 2མྱུར་དུ་སི་མོན་པེ་ཏྲོ་དང་སྐྱབས་མགོན་ཡེ་ཤུས་བྱམས་ཤིང་གཅེས་པའི་ཐུགས་སྲས་ཅིག་ཤོས་དེའི་མདུན་དུ་སོང་སྟེ་ན༌རེ། གཙོ་བོའི་སྐུ་གདུང་མི་གཞན་རྣམས་ཀྱིས་དུར་ཁུང་ནས་ཁྱེར་ཞིང་ངེད་རྣམས་ཀྱིས་གང་དུ་བཞག་ཡོད་པའང་མ་ཤེས་ཞེས་སྨྲས་པ༌དང༌། 3པེ་ཏྲོ་དང་ཐུགས་སྲས་གཞན་དེ་ཕྱི་རོལ་ཏུ་ཐོན༌ནས། 4མཉམ་དུ་དུར་ཁུང་གི་ཕྱོགས་སུ་བརྒྱུགས་ཤིང་ཐུགས་སྲས་ཅིག་ཤོས་པེ་ཏྲོ་ལས་མགྱོགས་པས་སྔོན་ལ་དུར་ཁུང་ཡོད་སར་སླེབས༌ཤིང༌། 5མགོ་བོ་སྒུར་ནས་དུར་ཁུང་ནང་དུ་བལྟས་པ་ན། སྐྱབས་མགོན་ཡེ་ཤུའི་སྐུ་གདུང་བཏུམ་བྱེད་ཀྱི་སོ་རས་ཤུལ་དུ་ཡོད་པ་མཐོང་བ་དང་ཁོ་རང་ནང་དུ་མ་སོང་ངོ་།། 6དེ་ནས་སི་མོན་པེ་ཏྲོ་ཡང་སླེབས་ཏེ་དུར་ཁུང་ནང་དུ་སོང་བ༌ན། སོ་རས་ཤུལ་དུ་ལུས་ཡོད་པ༌དང༌། 7སྐྱབས་མགོན་ཡེ་ཤུའི་དབུ་བཏུམ་བྱེད་ཀྱི་རས་དེ་སོ་རས་དང་མཉམ་དུ་མེད༌པར། གནས་གཞན་ཞིག་ཏུ་དཀྲིས་ཏེ་བཞག་ཡོད་པ་མཐོང༌། 8སྔོན་ལ་སླེབས་པའི་ཐུགས་སྲས་དེ་ཡང་དུར་ཁུང་ནང་དུ་སོང་སྟེ་གནས་ཚུལ་དེ་དག་མཐོང་བ་དང་ཡིད་ཆེས་པར་གྱུར་ཏོ། 9རྒྱུ་མཚན་ནི་དེ་གཉིས་ཀྱིས་གསུང་རབ་ཀྱི་མདོ་ལས་སྐྱབས་མགོན་ཡེ་ཤུ་གྲོངས་པ་ནས་སླར་གསོན་པར་འགྱུར་དགོས་ཞེས་པའི་དོན་དེ་ད་དུང་མ་རྟོགས༌པ་རེད། 10དེ་ནས་ཐུགས་སྲས་དེ་གཉིས་ཕྱིར་རང་གནས་སུ་ལོག༌གོ།

སྐྱབས་མགོན་ཡེ་ཤུས་རང་ཉིད་ཀྱི་སྐུ་གཟུགས་མངོན་པར་མཛད༌པ།

11དེ་ནས་མཱག་རྡལ་གྱི་མིར་ཡམ་དུར་ཁུང་གི་ཕྱི་རོལ་ཏུ་ལངས་བསྡད་དེ་ངུས༌ཤིང༌། ངུ་བཞིན་མགོ་བོ་སྒུར་ནས་དུར་ཁུང་ནང་དུ་བལྟས་པ༌ན། 12སྐྱབས་མགོན་ཡེ་ཤུའི་སྐུ་གདུང་བཞག་སའི་ཤུལ་དུ་གོས་དཀར་གྱོན་པའི་ཕོ་ཉ་གཉིས་ཡོད་ཅིང་གཅིག་ནི་དབུ་དང་གཅིག་ནི་ཞབས་ཀྱི་ཕྱོགས་སུ་བཞུགས་པ་མཐོང་ངོ༌།། 13དེ་ནས་ཕོ་ཉ་དེ་གཉིས་ན༌རེ། ཀྱེ། བུད༌མེད། ཁྱོད་རང་ཅིའི་ཕྱིར་ངུ་བ་ཡིན་ནམ་ཞེས་དྲིས་པ༌ལ། ཁོ་མོ་ན༌རེ། ང་ཡི་གཙོ་བོའི་སྐུ་གདུང་མི་གཞན་རྣམས་ཀྱིས་ཁྱེར་ཞིང་གང་དུ་བཞག་པ་མི་ཤེས་པའི་ཕྱིར་ཡིན་ཞེས་སྨྲས་པ༌དང༌། 14ཁོ་མོ་ཁ་ཕྱིར་འཁོར་བ༌ན། སྐྱབས་མགོན་ཡེ་ཤུ་གནས་དེར་བཞེངས་ཡོད་པ་མཐོང༌ཡང༌། ཁོ་མོས་སྐྱབས་མགོན་ཡེ་ཤུ་ཡིན་པ་མ་ཤེས་སོ།། 15དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཀྱེ། བུད༌མེད། ཁྱོད་རང་ཅིའི་ཕྱིར་ངུ་བ་ཡིན༌ནམ། ཁྱོད་ཀྱིས་སུ་ཞིག་འཚོལ་ལམ་ཞེས་གསུངས་པ༌ན། མིར་ཡམ་གྱིས་མི་དེ་ནི་སྐྱེད་ཚལ་སྲུང་མཁན་ཡིན་པར་སྙམ༌སྟེ། ཇོ་བོ༌ལགས། ཁྱེད་ཀྱིས་ཁོང་གི་སྐུ་གདུང་ཁྱེར་བ་ཡིན་ན་གང་དུ་བཞག་པ་བདག་ལ་སྨྲོས་དང་ང་རང་ལེན་དུ་འགྲོ་ཞེས་སྨྲས་སོ།། 16དེ་ནས་སྐྱབས་མགོན་ཡེ་ཤུས་མིར་ཡམ་ཞེས་ཁོ་མོའི་མིང་ནས་བོས༌ཤིང༌། མིར་ཡམ་ཁོང་གི་ཕྱོགས་སུ་འཁོར༌ཏེ། ཨིབ་རིའི་མི་རིགས་ཀྱི་སྐད༌དུ། རཱབ་པོ་ནེ་ཞེས་ཞུས་ཤིང་སློབ་དཔོན་ལགས་ཞེས་པའི་དོན་ཡིན་ནོ།། 17ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ང་རང་ད་དུང་ཡབ་ཀྱི་དྲུང་དུ་མ་འཕགས༌པས། ང་རང་དམ་པོར་འཛིན་པར་མི༌བྱའོ།། ཁྱོད་རང་བདག་གི་སྤུན་ཟླ་རྣམས་ཀྱི་གམ་དུ་སོང་ནས་དེ་རྣམས་ལ་འདི་སྐད༌དུ། ང་རང་ནི་བདག་གི་ཡབ་དང༌། ཁྱོད་ཅག་གི་ཡབ། བདག་གི་དཀོན༌མཆོག་སྟེ་ཁྱོད་ཅག་གི་དཀོན་མཆོག་གི་དྲུང་དུ་འགྲོ་བ་ཡིན་ཞེས་སྨྲོས་ཤིག་ཅེས་གསུངས་སོ།། 18དེ་ནས་མཱག་རྡལ་གྱི་མིར་ཡམ་ཕྱིར་སོང་ནས་ཐུགས་སྲས་རྣམས་ལ་ང་རང་གཙོ་བོ་ལ་མཇལ་བྱུང་ཞེས་སྨྲས་པ་དང་ཁོང་གིས་ཁོ་མོར་གསུངས་པ་རྣམས་ཀྱང་སྨྲས༌སོ།།

སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་རང་ཉིད་ཀྱི་སྐུ་གཟུགས་མངོན༌པ།

19གཟའ་འཁོར་གཅིག་གི་ཉིན་དང་པོའི་མཚན༌མོར། ཐུགས་སྲས་རྣམས་ཡ་ཧུ་དཱ་པ་རྣམས་ལ་འཇིགས་ཏེ་སྒོ་བརྟན་པོར་བརྒྱབ་ནས་སྡོད་པ༌ལ། སྐྱབས་མགོན་ཡེ་ཤུ་གནས་དེར་བྱོན་ནས་ཁོ་རྣམས་ཀྱི་དཀྱིལ་དབུས་སུ་ཡར་བཞེངས་ཏེ་ཁྱོད་རྣམས་བདེ་བར་སྨོན་ཞེས་གསུངས་པ༌དང༌། 20རང་ཉིད་ཀྱི་ཕྱག་དང་གཞོགས་བསྟན་པ་དང་ཐུགས་སྲས་རྣམས་གཙོ་བོ་ལ་སླར་ཡང་མཇལ་བས་སེམས་དགའ་བར་གྱུར་ཏོ།། 21ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་བདེ་བར་གྱུར༌ཅིག ཡབ་ཀྱིས་ང་རང་ཇི་ལྟར་མངགས་པ་བཞིན་བདག་གིས་ཀྱང་ཁྱོད་རྣམས་དེ་ལྟར་མངག་པར་བྱ་ཞེས་གསུངས༌ཤིང༌། 22དེ་རྣམས་ལ་ཞལ་ཕུ་བཏབ་སྟེ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་དམ་པའི་ཐུགས་ཉིད་ལོངས་ཤིག 23ཁྱོད་ཅག་གིས་མིའི་སྡིག་པ་བསལ་བ་ཡིན་ན་མིའི་སྡིག་པའང་དག་པ༌ཡིན། ཁྱོད་རྣམས་ཀྱིས་སུ་ཞིག་གི་སྡིག་པ་མི་བསལ་ན་མི་དེའི་སྡིག་པའང་ལུས་པ་ཡིན་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུས་ཐུགས་སྲས་ཐོ་མཱ་ལ་རང་ཉིད་ཀྱི་སྐུ་གཟུགས་མངོན༌པ།

24སྐྱབས་མགོན་ཡེ་ཤུ་ཕེབས་ཡོང་བའི་དུས༌སུ། ཐུགས་སྲས་བཅུ་གཉིས་པོ་ལས་མིང་གཞན་ལ་མཚེ་མ་ཞེས་ཀྱང་འབོད་པའི་ཐོ་མཱ་ནི་ཁོ་ཚོ་དང་མཉམ་དུ་མེད༌པས། 25ཐུགས་སྲས་གཞན་རྣམས་ཀྱིས་ངེད་ཅག་གཙོ་བོ་ལ་མཇལ་བྱུང་ཞེས་སྨྲས་པ༌ན། ཐོ་མཱ་ན༌རེ། ཁོང་ཉིད་ཀྱི་ཕྱག་ཟུང་སྟེང་གི་གཟེར་མས་བསྣད་པའི་རྨ་ཤུལ་མཐོང་བ་དང་བདག་གི་མཛུབ་མོས་རྨ་ཤུལ་ལ་རེག༌ཅིང༌། ཡང་ངའི་ལག་པ་ཁོང་གི་གཞོགས་སུ་འཇོག་པ་མིན་ན་ང་རང་ཡིད་མི་ཆེས་ཞེས་སྨྲས་སོ།། 26དེ་ནས་ཉིན་བརྒྱད་འགོར་བའི་རྗེས༌སུ། ཐོ་མཱའང་ཐུགས་སྲས་གཞན་རྣམས་དང་མཉམ་དུ་སླར་ཡང་ཁང་པ་དེའི་ནང་དུ་བསྡད་ཅིང་སྒོ་བརྟན་པོར་བརྒྱབ་པ༌ལ། སྐྱབས་མགོན་ཡེ་ཤུ་གནས་དེར་བྱོན་ནས་ཁོ་རྣམས་ཀྱི་དཀྱིལ་དབུས་སུ་བཞེངས་ཏེ་ཁྱོད་རྣམས་བདེ་བར་སྨོན་ཞེས་གསུངས་པ༌དང༌། 27ཐོ་མཱ་ལ་འདི་སྐད༌དུ། ཁྱོད་ཀྱིས་རང་གི་མཛུབ་མོ་བརྐྱངས་ནས་བདག་གི་ལག་པ་ལ་རེག་པར༌གྱིས། ཁྱོད་ཀྱིས་རང་གི་ལག་པ་བརྐྱངས་ནས་བདག་གི་གཞོགས་ལ་ཞོག༌དང༌། མི་དད་པའི་སེམས་སྤོངས་ལ་དད་པ་བྱོས་ཤིག་ཅེས་གསུངས་སོ།། 28དེ་ནས་ཐོ་མཱས་ང་ཡི་གཙོ་བོ༌ལགས། ང་ཡི་དཀོན་མཆོག་ལགས་ཞེས་ཞུས་སོ།། 29ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་ང་རང་མཐོང་ནས་ད་གཟོད་དད་པ་བྱས་པ༌ཡིན། ང་རང་མ་མཐོང་བར་དད་པ་བྱེད་མཁན་རྣམས་ནི་བདེའོ་ཞེས་གསུངས༌སོ།། 30སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ཀྱི་མདུན་དུ་གྲུབ་རྟགས་གཞན་མང་པོ་མཛད་ཀྱང་མདོ་འདིའི་ནང་དུ་མ་བཀོད་དོ།། 31འོན་ཀྱང་འདིར་བཀོད་པའི་དོན་རྣམས་ཁྱོད་ཅག་གིས་ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་སྟེ་དཀོན་མཆོག་གི་སྲས་ཡིན་པར་དད་པ་བྱེད་ཅིང་། ཁོང་ལ་དད་པ་བྱས་ཏེ་ཁོང་གི་མཚན་གྱི་སྒོ་ནས་མཐའ་མེད་པའི་ཚེ་སྲོག་འཐོབ་པའི་ཕྱིར་ཡིན༌ནོ།།

ཡོ་ཧ་ནན 21

སྐྱབས་མགོན་ཡེ་ཤུས་སླར་ཡང་རང་ཉིད་ཀྱི་སྐུ་གཟུགས་མངོན༌པ།

1དོན་དེ་དག་བྱུང་བའི་རྗེས༌སུ། སྐྱབས་མགོན་ཡེ་ཤུས་ཐེ་པེར་ཡཱ་མཚོ་འགྲམ་དུ་སླར་ཡང་ཐུགས་སྲས་རྣམས་ལ་རང་ཉིད་ཀྱི་སྐུ་གཟུགས་མངོན་པར་མཛད། ཇི་ལྟར་མངོན་པ་ནི་འདི་ལྟ༌སྟེ། 2སི་མོན་པེ་ཏྲོ༌དང༌། མཚེ་མ་ཞེས་ཀྱང་འབོད་པའི་ཐོ་མཱ༌དང༌། ག་ལིལ་ཡུལ་གྱི་ཀ་ནཱ་ཡི་ནཱ་ཐན་ཨེལ༌དང༌། ཟེ་བད་ཡའི་བུ་གཉིས་དང༌། ཁོང་གི་ཐུགས་སྲས་གཞན་གཉིས་བཅས་མཉམ་དུ་ཡོད༌པ་རེད། 3དེ་ནས་སི་མོན་པེ་ཏྲོ་ན༌རེ། ང་རང་ཉ་འཛིན་དུ་འགྲོའོ་ཞེས་སྨྲས་པ༌ལ། དེ་རྣམས་ཀྱིས་ངེད་ཅག་ཀྱང་ཁྱོད་དང་ལྷན་དུ་འགྲོ་དགོས་ཞེས་སྨྲས་སོ།། དེ་ནས་ཁོ་རྣམས་གྲུར་བསྡད་ནས་སོང༌ཡང༌། མཚན་མོ་དེར་ཉ་ཅི་ཡང་མ་ཟིན་ཏོ།། 4ནམ་ལངས་པའི་དུས༌སུ། སྐྱབས་མགོན་ཡེ་ཤུ་མཚོ་འགྲམ་དུ་བཞུགས༌ཤིང༌། དེ་རྣམས་ཀྱིས་ཁོང་ནི་སྐྱབས་མགོན་ཡེ་ཤུ་ཡིན་པ་ཤེས་མ་བྱུང་། 5སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། ཀྱེ། བུ་ཕྲུག༌རྣམས། ཁྱོད་ཅག་ལ་ཉ་ཡོད་དམ་ཞེས་གསུངས་པ༌ན། དེ་དག་གིས་མེད་ཅེས་སྨྲས་སོ།། 6ཡང་ཁོང་གིས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་གྲུའི་གཡས་ཕྱོགས་སུ་དྲ་རྒྱ་གཏོར་དང་ཉ་ཟིན་པར་འགྱུར་ཞེས་གསུངས་སོ།། དེ་ནས་ཁོ་རྣམས་ཀྱིས་དྲ་རྒྱ་འཕངས༌ཏེ། ཉ་མང་པོ་བཟུང་བས་དྲ་རྒྱ་ཕྱིར་མཚོ་གྲུའི་ནང་དུ་འཐེན་མ་ཐུབ༌བོ།། 7དེ་ནས་སྐྱབས་མགོན་ཡེ་ཤུའི་གཅེས་པའི་ཐུགས་སྲས་དེས་པེ་ཏྲོ༌ལ། ཁོང་ནི་གཙོ་བོ་ལགས་ཞེས་སྨྲས་སོ།། སི་མོན་པེ་ཏྲོས་ནང་གོས་གྱོན་ནས་སྡོད་པ༌ལ། ཁོང་ནི་གཙོ་བོ་ལགས་ཞེས་པ་ཐོས་མ༌ཐག ཕྱི་གོས་རྐེད་པར་བཅིངས་ཏེ་མཚོ་ནང་དུ་མཆོངས་སོ།། 8ཐུགས་སྲས་གཞན་རྣམས་གྲུར་བསྡད་ནས། མཚོ་འགྲམ་དང་ཧ་ལམ་བར་ཐག་གཞུ་འདོམ་ལྔ་བཅུ་ཙམ་མ་གཏོགས་མེད་པའི་མཚོ་སྟེང་ནས་ཉ་ཡིས་གང་བའི་དྲ་རྒྱ་དྲུད་ཡོང༌ངོ་།། 9དེ་ནས་ཁོ་རྣམས་མཚོ་འགྲམ་དུ་སླེབས་པ༌ན། གནས་དེར་སོལ་བའི་མེ་སྦར་བ་དང་མེའི་སྟེང་དུ་ཉ་ཤ་བཞག་འདུག་ཅིང་བག་ལེབ་ཡོད་པའང་མཐོང༌། 10དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་བཟུང་བའི་ཉ་ཁ་ཤས་འདིར་ཁྱེར་ཤོག་ཅེས་གསུངས་པ༌དང༌། 11སི་མོན་པེ་ཏྲོ་གྲུའི་ནང་དུ་སོང་ནས་མཚོ་འགྲམ་དུ་དྲ་རྒྱ་འཐེན་པ༌ན། དྲ་རྒྱའི་ནང་དུ་ཉ་ཆེན་པོ་བསྡོམས་པས་བརྒྱ་དང་ང་གསུམ་གྱིས་ཁེངས་ཡོད༌ལ། ཉ་དེ་འདྲ་མང་ཡང་དྲ་རྒྱ་མ་ཆད༌པ་རེད། 12དེ་ནས་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཚུར་ཤོག་ལ་ནངས་ཇ་བཞེས་ཤིག་ཅེས་གསུངས་པ༌དང༌། དེ་རྣམས་ཀྱིས་གཙོ་བོ་ཡིན་པ་ཤེས༌ཏེ། སུས་ཀྱང་ཁོང་ལ་ཁྱེད་རང་སུ་ཡིན་ནམ་ཞེས་ཞུ་མ་ཕོད་དོ།། 13དེ་ནས་སྐྱབས་མགོན་ཡེ་ཤུ་ཕེབས་ཡོང་ཞིང་ཕྱག་ཏུ་བག་ལེབ་བསྣམས་ཏེ་ཁོ་རྣམས་ལ་གནང༌ཞིང་། ཉ་ཡང་དེ་བཞིན་དུ་གནང་བ་རེད། 14འདི་ནི་སྐྱབས་མགོན་ཡེ་ཤུ་སྐུ་གཤེགས་པ་ནས་སླར་གསོན་རྗེས་ཐེངས་གསུམ་པར་ཐུགས་སྲས་རྣམས་ལ་རང་ཉིད་ཀྱི་སྐུ་གཟུགས་མངོན་པར་མཛད་པ་ཡིན༌ནོ།།

སྐྱབས་མགོན་ཡེ་ཤུས་སླར་ཡང་ཐུགས་སྲས་པེ་ཏྲོར་ཡིད་ཆེས༌པ།

15དེ་ནས་ཁོང་རྣམས་ཀྱིས་ནངས་ཇ་བཞེས་ཚར་བ༌དང༌། སྐྱབས་མགོན་ཡེ་ཤུས་སི་མོན་པེ་ཏྲོ་ལ་འདི་སྐད༌དུ། ཀྱེ། ཡོ་ཧ་ནན་གྱི་བུ་སི༌མོན། ཁྱོད་ཀྱིས་ང་རང་ལ་འདི་རྣམས་ལས་ཀྱང་ལྷག་པར་གཅེས་སམ་ཞེས་གསུངས་པ༌ལ། པེ་ཏྲོ་ན༌རེ། གཙོ་བོ༌ལགས། གཅེས༌པ་ཡིན། བདག་གིས་ཁྱེད་ལ་གཅེས་པ་ཁྱེད་ཀྱིས་མཁྱེན་པ་ཡིན་ཞེས་ཞུས་པ༌དང༌། ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཀྱིས་བདག་གི་ལུ་གུ་རྣམས་སྐྱོངས་ཤིག་ཅེས་གསུངས་སོ།། 16དེ་ནས་སྐྱབས་མགོན་ཡེ་ཤུས་ཁོ་ལ་ཐེངས་གཉིས་པར་འདི་སྐད༌དུ། ཀྱེ། ཡོ་ཧ་ནན་གྱི་བུ་སི༌མོན། ཁྱོད་ཀྱིས་ང་རང་ལ་གཅེས་སམ་ཞེས་གསུངས་པ༌ན། པེ་ཏྲོ་ན༌རེ། གཙོ་བོ༌ལགས། གཅེས༌པ་ཡིན། བདག་གིས་ཁྱེད་ལ་གཅེས་པ་ཁྱེད་ཀྱིས་མཁྱེན་པ་ཡིན་ཞེས་ཞུས་པ༌དང༌། ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཀྱིས་བདག་གི་ལུག་རྣམས་སྐྱོངས་ཤིག་ཅེས་གསུངས་སོ།། 17དེ་ནས་སྐྱབས་མགོན་ཡེ་ཤུས་ཐེངས་གསུམ་པར་ཡང་ཁོ་ལ་འདི་སྐད༌དུ། ཀྱེ། ཡོ་ཧ་ནན་གྱི་བུ་སི༌མོན། ཁྱོད་ཀྱིས་ང་རང་ལ་གཅེས་སམ་ཞེས་ཐེངས་གསུམ་ལ་གསུངས་པས་པེ་ཏྲོའི་སེམས་སྐྱོ་བར་གྱུར་ཏེ་ན༌རེ། གཙོ་བོ༌ལགས། ཁྱེད་ནི་དོན་ཀུན་མཁྱེན་པ་ཡིན༌པས། ངས་ཁྱེད་ལ་གཅེས་པ་ཁྱེད་ཀྱིས་མཁྱེན་ནོ་ཞེས་ཞུས་པ༌ལ། ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཀྱིས་བདག་གི་ལུག་རྣམས་སྐྱོངས༌ཤིག 18ངས་ཁྱོད་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། ཁྱོད་རང་ལོ་ན་གཞོན་དུས་རང་གི་སྐ་རགས་རང་གིས་བཅིངས་ཏེ་གང་དགར་བསྐྱོད༌པ་ཡིན། འོན་ཀྱང་ལོ་ན་རྒས་དུས་ཁྱོད་ཀྱིས་ལག་པ་བརྐྱངས་ཤིང་མི་གཞན་གྱིས་ཁྱོད་རང་བསྡམས་ཏེ་འགྲོ་འདོད་མེད་པའི་གནས་སུ་འཁྲིད་པར་འགྱུར་ཞེས་གསུངས་སོ།། 19སྐྱབས་མགོན་ཡེ་ཤུའི་གསུང་འདིས་པེ་ཏྲོ་ཇི་ལྟར་འཆི་བའི་སྒོ་ནས་དཀོན་མཆོག་གི་གཟི་བརྗིད་མངོན་པར་འགྱུར་བའི་སྐོར་ལུང་བསྟན་གནང༌བ་རེད། དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་པེ་ཏྲོ་ལ་འདི་སྐད༌དུ། ཁྱོད་རང་བདག་གི་རྗེས་སུ་ཤོག་ཅེས་གསུངས་སོ།། 20དེ་ནས་པེ་ཏྲོས་ཁ་ཕྱིར་འཁོར་ནས་བལྟས་པ༌ན། སྐྱབས་མགོན་ཡེ་ཤུའི་གཅེས་པའི་ཐུགས་སྲས་དེའང་རྗེས་སུ་འབྲངས་ཡོད་པ་མཐོང༌། ཐུགས་སྲས་དེ་ནི་སྔར་དགོང་ཟས་བཞེས་དུས་རང་གི་མགོ་བོ་སྐྱབས་མགོན་ཡེ་ཤུའི་སྐུ་བྲང་ལ་བསྔས༌ཏེ། གཙོ་བོ༌ལགས། ཁྱེད་རང་ལ་ངོ་ལོག་བྱེད་མཁན་དེ་སུ་ཡིན་ནམ་ཞེས་འདྲི་མཁན་དེ་ཡིན་ནོ།། 21དེ་ནས་པེ་ཏྲོས་ཁོ་རང་མཐོང་སྟེ་ན༌རེ། གཙོ་བོ༌ལགས། མི་འདི་ལ་དོན་ཅི་ཞིག་འབྱུང་ངམ་ཞེས་ཞུས་པ༌དང༌། 22སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གལ་ཏེ་མ་འོངས་པར་ང་རང་ཕྱིར་ཡོང་བའི་བར༌དུ། ཁོ་རང་ད་དུང་གསོན་པོར་གནས་ཤིང་ང་རང་ཡང་དོན་དེར་དགའ་བ་ཡིན༌ན། ཁྱོད་ལ་འབྲེལ་བ་ཅི་ཡོད༌དམ། ཁྱོད་རང་བདག་གི་རྗེས་སུ་འབྲང་བར་གྱིས་ཞེས་གསུངས་སོ།། 23དེའི༌ཕྱིར། སྐྱབས་མགོན་ཡེ་ཤུའི་གསུང་དེ་སྤུན་ཟླའི་ཁྲོད་དུ་གྲགས་ཤིང་ཐུགས་སྲས་དེ་མི་འཆི་བ་ཡིན་ཞེས་སྨྲས་སོ།། འོན༌ཀྱང༌། དེ་ནི་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་དེ་མི་འཆི་བ་ཡིན་ཞེས་གསུངས་པ་མ་ཡིན༌པར། གལ་ཏེ་མ་འོངས་པར་ང་རང་ཕྱིར་ཡོང་བའི་བར༌དུ། ཁོ་རང་ད་དུང་གསོན་པོར་གནས་ཤིང་ང་རང་ཡང་དོན་དེར་དགའ་བ་ཡིན༌ན། ཁྱོད་དང་འབྲེལ་བ་ཅི་ཡོད་དམ་ཞེས་གསུངས༌པའོ།།

མཇུག་བསྡུ༌བ།

24དོན་འདི་རྣམས་ལ་བདེན་དཔང་བྱེད་པ་དང་དོན་འདི་རྣམས་ཡི་གེར་འགོད་མཁན་ནི་ཐུགས་སྲས་ཁོ་རང་ཡིན། ངེད་རྣམས་ཀྱིས་ཀྱང་ཁོང་གི་བདེན་དཔང་དེ་བདེན་པ་ཡིན་པའང་ཤེས་སོ།། 25སྐྱབས་མགོན་ཡེ་ཤུས་མཛད་པའི་འཕྲིན་ལས་ཤིན་ཏུ་མང་ཡང་བདག་གི་བསམ་ཚུལ༌ལ། གལ་སྲིད་མཛད་འཕྲིན་ཐམས་ཅད་རེ་རེ་བཞིན་ཡི་གེར་བཀོད༌ན། བྲིས་པའི་དཔེ་ཆ་ཐམས་ཅད་འཇིག་རྟེན་འདིར་ཡང་མི་ཤོང་ངོ་།།།།

མཛད་པ 1

གླེང་གཞི།

1ཀྱེ། ཐེ་འོ་ཕེ་ལུ༌ལགས། ངས་བཀོད་པའི་མདོ་སྔ་མ༌ལས། སྐྱབས་མགོན་ཡེ་ཤུས་ཐོག་མར་དོན་ཅི་མཛད་པ་དང་ཆོས་ཅི་གསུངས་པ་ཐམས་ཅད་ནས༌བཟུང༌། 2ཁོང་གིས་དམ་པའི་ཐུགས་ཉིད་ཀྱི་ངང་ནས་བདམས་པའི་སྐུ་ཚབ་པ༌རྣམས་ལ་བཀའ་གནང་བ༌དང༌། ཁོང་ཉིད་ནམ་མཁའི་ཞིང་ཁམས་སུ་དྲངས་པའི་ཉིན་མོའི་བར་གྱི་ལོ་རྒྱུས་ཡི་གེར་བཀོད་ཡོད༌ཅིང༌། 3ཁོང་གིས་སྡུག་བསྔལ་མྱངས་རྗེས་རྟགས་མང་པོར་བརྟེན་ནས་རང་ཉིད་གསོན་པོར་སྐུ་ཚབ་པ་རྣམས་ལ་བསྟན༌ཏེ། ཉིན་བཞི་བཅུའི་རིང་ལ་མངོན་པར་མཛད་ཅིང་དཀོན་མཆོག་གི་རྒྱལ་སྲིད་སྐོར་གྱི་དོན་ཡང་གསུངས་སོ།། 4དེ་ཡང་ཁོང་ཉིད་སྐུ་ཚབ་པ་རྣམས་དང་མཉམ་དུ་བཞུགས་པའི་དུས་ཤིག༌ལ། ཁོང་གིས་བཀའ་གནང་སྟེ་འདི་སྐད༌དུ། ཁྱོད་རྣམས་ཡེ་རུ་སཱ་ལེམ་དང་ཁ་མི་འབྲལ་བར་ཡབ་ཀྱིས་ཞལ་བཞེས་གནང་ཡོད་པ་སྟེ། ངས་སྔ་མོ་ནས་ཁྱོད་ཅག་ལ་སྨྲས་མྱོང་བའི་དོན་དེར་སྒུགས་ཤིག 5ཡོ་ཧ་ནན་གྱིས་ཆུ་ཡིས་ཁྲུས་གསོལ་བྱས༌མོད། འོན་ཀྱང་ཉིན་མང་པོ་མ་འགོར་བར་ཁྱོད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་མཛད་པར་འགྱུར་ཞེས་གསུངས༌སོ།།

སྐྱབས་མགོན་ཡེ་ཤུ་ནམ་མཁའི་ཞིང་ཁམས་སུ་དྲངས༌པ།

6དེ་ནས་སྐྱབས་མགོན་ཡེ་ཤུ་དང་སྐུ་ཚབ་པ་རྣམས་ལྷན་དུ་འཛོམས་པའི་དུས་ལ་སྐུ་ཚབ་པ་རྣམས་ན༌རེ། གཙོ་བོ༌ལགས། ཁྱེད་ཀྱིས་ཡེས་ར་ཨེལ་གྱི་རྒྱལ་སྲིད་བསྐྱར་དར་མཛད་པའི་དུས་ནི་ད་ལྟ་ཡིན་ནམ་ཞེས་ཞུས་པ༌ལ། 7ཁོང་གིས་འདི་སྐད༌དུ། ཡབ་ཀྱིས་རང་ཉིད་ཀྱི་དབང་ལ་བརྟེན་ནས་གཏན་དུ་ཁེལ་བའི་དུས་དང་ཟླ་ཚེས་ནི་ཁྱོད་རྣམས་ཀྱིས་ཤེས་མི་རུང༌ངོ་།། 8འོན་ཀྱང་ཁྱོད་རྣམས་ཀྱི་སྟེང་ལ་དམ་པའི་ཐུགས་ཉིད་ཁྱབ་པ་ན་དབང་ཐོབ༌སྟེ། ཡེ་རུ་སཱ་ལེམ༌དང༌། ཡ་ཧུ་དཱ་དང༌སཱ་མར་ཡ་ཡུལ་ཐམས་ཅད༌དང༌། ས་མཐའི་བར་དུའང་བདག་ལ་དཔང་པོ་བྱེད་པར་འགྱུར་ཞེས་གསུངས་སོ།། 9དེ་ནས་སྐྱབས་མགོན་ཡེ་ཤུས་དེ་སྐད་གསུངས་པ་དང་སྐུ་ཚབ་པ་རྣམས་ཀྱིས་ཁོང་ཉིད་ལ་ལྟ་བའི་དུས༌སུ། ཁོང་ཉིད་ནམ་མཁའི་ཞིང་ཁམས་སུ་དྲངས་པ༌དང༌། སྤྲིན་ཕུང་ཞིག་གིས་ཁོང་ཉིད་བསྒྲིབས་ཏེ་མི་མཐོང་བར་གྱུར་ཏོ།། 10སྐྱབས་མགོན་ཡེ་ཤུ་ནམ་མཁའི་ཞིང་ཁམས་སུ་འཕག་བཞིན་པ༌དང༌། སྐུ་ཚབ་པ་རྣམས་ཀྱིས་མིག་ཅེ་རེར་ནམ་མཁར་ལྟ༌སྐབས། གློ་བུར་དུ་གོས་དཀར་པོ་གྱོན་པའི་མི་གཉིས་ཁོ་རྣམས་ཀྱི་གམ་དུ་བྱུང་སྟེ་འདི་སྐད༌དུ། 11ཀྱེ། ག་ལིལ་པ༌རྣམས། ཅིའི་ཕྱིར་ཡར་ལངས་ནས་ནམ་མཁར་ལྟ་བ་ཡིན༌ནམ། ཁྱོད་ཅག་གི་མདུན་ནས་ནམ་མཁའི་ཞིང་ཁམས་སུ་དྲངས་པའི་ཡེ་ཤུ་ཁོང་ཉིད༌ནི། ཁྱོད་རྣམས་ཀྱིས་ཁོང་ཉིད་ཇི་ལྟར་ནམ་མཁའི་ཞིང་ཁམས་སུ་དྲངས་པ་མཐོང་བ་བཞིན་སླར་ཡང་དེ་ལྟར་འབྱོན་པར་འགྱུར་ཞེས་གསུངས༌སོ།།

མད་ཐི་ཡཱ་བྱ་བ་དད་ལོག་པ་ཡུ་དཱའི་ཚབ་ཏུ་བདམས༌པ།

12དེ་ནས་སྐུ་ཚབ་པ་རྣམས་ཡེ་རུ་སཱ་ལེམ་དང་ཐག་ཉེ་སར་ཡོད་པ་སྟེ། ངལ་གསོའི་ཉིན་མོ་གཅིག་གི་ལམ་ཐག་ཙམ་གྱི་སྐྱུ་རུ་རའི་རི་བོ་ཞེས་པ་ནས་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག༌པ་རེད། 13དེ་རྣམས་ཡེ་རུ་སཱ་ལེམ་དུ་སླེབས་པ་དང་རང་ཉིད་སྡོད་སའི་ཐོག་ཁང་གི་ནང་དུ་ཕྱིན༌ཅིང༌། གནས་དེར་བསྡད་ཡོད་པ་རྣམས༌ནི། པེ་ཏྲོ༌དང༌། ཡོ་ཧ༌ནན། ཡ༌ཀོབ། ཨན་དྲི༌ཡཱ། ཕི་ལིབ། ཐོ༌མཱ། པཱར་ཐོ་ལོ༌མཱ། མད༌ཐཱ། ཨལ་ཕཱའི་བུ་ཡ་ཀོབ༌དང༌། བརྩོན་འགྲུས་ཅན་སི༌མོན། ཡ་ཀོབ་ཀྱི་བུ་ཡུ་དཱ་བཅས་ཡིན། 14དེ་རྣམས་བུད་མེད་འགའ་དང་སྐྱབས་མགོན་ཡེ་ཤུའི་ཡུམ་སྟེ་མིར་ཡམ་དང༌། ཡང་སྐྱབས་མགོན་ཡེ་ཤུའི་གཅུང་པོ་རྣམས་དང་མཉམ་དུ་འགྲོགས༌ཤིང༌། ཀུན་གྱིས་ཉིན་རེ་བཞིན་བློ་སེམས་གཅིག་མཐུན་སྒོས་གསོལ་བ་འདེབས་བཞིན་བསྡད་དོ།། 15དེའི་དུས༌སུ། སྤུན་ཟླ་བརྒྱ་དང་ཉི་ཤུ་ཙམ་ཚོགས་ཡོད༌ཅིང༌། པེ་ཏྲོ་དེ་རྣམས་ཀྱི་ཁྲོད་ནས་ཡར་ལངས་ཏེ་འདི་སྐད་དུ། 16སྤུན་ཟླ༌རྣམས། སྔར་གསུང་རབ་ཀྱི་མདོ་ལས་དམ་པའི་ཐུགས་ཉིད་ཀྱིས་དཱ་བིད་ཀྱི་ངག་ལ་བརྟེན༌ནས། ཡུ་དཱའི་སྐོར་ལ་ལུང་བསྟན་པ་ནི་ངེས་པར་འགྲུབ་དགོས༌ཏེ། ཁོ་རང་སྐྱབས་མགོན་ཡེ་ཤུ་འཛིན་མཁན་རྣམས་ཀྱི་ལམ་ཁྲིད་པར་གྱུར། 17སྤྱིར་ཁོ་རང་ནི་བདག་ཅག་གི་གྲས་སུ་གཏོགས་ཤིང་ལས་འགན་འདིར་ཞུགས་པའི་སྐལ་བའང་ཐོབ་པ་ཡིན་ཞེས་གསུངས་སོ།། 18འོན༌ཀྱང༌། ཡུ་དཱས་ལས་ངན་པ་བྱས་པའི་རིན་དོད་ཀྱིས་ས་ཞིང་ཞིག་ཉོས་པ༌དང༌། ཕྱིས་སུ་གནས་དེར་ཁ་སར་བརྒྱབ་སྟེ་ཁོག་པ་བཀད་ཅིང་རྒྱུ་མའང་ཕྱིར་རླུགས་པ་རེད། 19ཡེ་རུ་སཱ་ལེམ་དུ་གནས་པའི་མི་ཐམས་ཅད་ཀྱིས་དོན་དེ་ཤེས༌པས། དེ་རྣམས་ཀྱི་སྐད་རིགས་ལྟར་ས་ཞིང་དེའི་མིང་ལའང་ཧ་ཀེལ་ད་མཱ་ཞེས་བཏགས༌ཤིང༌། དོན་ནི་ཁྲག་གི་ས་ཞིང་ཞེས༌པ་ཡིན་ནོ།། 20ཡང་པེ་ཏྲོས་འདི་སྐད་དུ། དེ་ནི་གསུང་མགུར་གྱི་མདོ་ལས་ཇི་སྐད༌དུ། དེ་ཡི་སྡོད་གནས་སྟོངས་ཤིང་སྟོང་བར༌ཤོག ། གནས་དེར་སུ་ཡང་གནས་པར་མ་གྱུར༌ཅིག ། ཅེས༌དང༌། ཡང་ཇི་སྐད༌དུ། མི་དེའི་གོ་ས་གཞན་ལ་འཐོབ་པར༌ཤོག ། ཅེས་བཀོད་པའི་ཕྱིར༌རོ།། 21-22དེ་བས་གཙོ་བོ་ཡེ་ཤུ་དུས་ཀུན་དུ་བདག་ཅག་གི་ཁྲོད་ནས་འགྲོ་འོང་མཛད་པའི་སྐབས་ཏེ། ཡོ་ཧ་ནན་གྱིས་ཁྲུས་གསོལ་བྱས་པ་ནས༌བཟུང༌། གཙོ་བོ་ཡེ་ཤུ་བདག་ཅག་དང་ཁ་བྲལ་ནས་ནམ་མཁའི་ཞིང་ཁམས་སུ་དྲངས་པའི་བར་གྱི་དུས་དེར། རྟག་ཏུ་བདག་ཅག་དང་འགྲོགས་པ་རྣམས་ལས་གཅིག་འདེམས་དགོས་ཤིང་། དེ་ནི་བདག་ཅག་དང་མཉམ་དུ་སྐྱབས་མགོན་ཡེ་ཤུ་སླར་གསོན་པ་ལ་བདེན་དཔང་བྱེད་མཁན་དུ་འགྱུར་ཞེས་གསུངས་སོ།། 23དེ་ནས་མི་ཚོགས་ཀྱིས་མིང་ལ་པཱར་ས་པཱའམ་ཡུས་ཐོ་ཞེས་འབོད་པའི་ཡོ་སེབ་དང་མད་ཐི་ཡཱ་གཉིས་བདམས་ཏེ་དཀོན་མཆོག་ལ། 24-25ཀྱེ། གཙོ་བོ༌ལགས། ཁྱེད་ཀྱིས་མི་ཐམས་ཅད་ཀྱི་སེམས་མཁྱེན༌པས། རང་འགན་བསྐྱུར་ཏེ་རང་གནས་སུ་ཕྱིན་པའི་དད་ལོག་པ་ཡུ་དཱའི་ཚབ༌ཏུ། ཁྱེད་ཀྱིས་མི་འདི་གཉིས་ལས་སུ་ཞིག་ཁྱེད་ཀྱི་སྐུ་ཚབ་པའི་ལས་འགན་སྒྲུབ་མཁན་དུ་བདམས་པ་ངེད་ཅག་ལ་སྟོན་པར་མཛོད་ཅེས་གསོལ་བ་བཏབ་བོ།། 26དེ་ནས་ཁོ་རྣམས་ཀྱིས་རྟགས་རིལ་བླངས་ནས་མད་ཐི་ཡཱ་ལ་བབས་པས་ཁོ་རང་ཡང་སྐུ་ཚབ་པ་བཅུ་གཅིག་པོའི་གྲས་སུ་བཞག༌གོ།

མཛད་པ 2

དམ་པའི་ཐུགས་ཉིད་འབྱོན་པའི༌སྐོར།

1དེ་ནས་ལྔ་བཅུའི་དུས་ཆེན་ལ་སླེབས་པ༌ན། དད་ལྡན་ཐམས་ཅད་གནས་གཅིག་ཏུ་འཛོམས་པ༌དང༌། 2གློ་བུར་ཉིད་ལ་ནམ་མཁའ་ནས་རླུང་ཆེན་གཡུགས་པ་ལྟ་བུའི་སྒྲ་ཞིག་བྱུང༌སྟེ། ཁོ་རྣམས་སྡོད་པའི་ཁང་པའི་ནང་དུ་ཁྱབ་པ་རེད། 3དེ་ནས་མེ་ལྟ་བུའི་ལྕེ་རྣམས་མངོན་ཞིང་སོ་སོར་མི་རེ་རེའི་སྟེང་དུ་བབས་ཤིང་གནས་པ་ལ། 4མི་དེ་ཐམས་ཅད་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར༌ཏེ། དམ་པའི་ཐུགས་ཉིད་ཀྱིས་གནང་བའི་ནུས་པ་བཞིན་སྐད་རིགས་གཞན་དག་སྨྲས༌སོ།། 5དེའི་དུས༌སུ། དཀོན་མཆོག་ལ་དད་མོས་ཡོད་པའི་ཡ་ཧུ་དཱ་པ་མང་པོ་ཞིག་གནམ་འོག་གི་རྒྱལ་ཁབ་སོ་སོ་ནས་ཡོང་སྟེ་ཡེ་རུ་སཱ་ལེམ་དུ་གནས་སོ།། 6ཡང་དེ་དག་གིས་སྒྲ་གྲགས་པ་དེ་ཐོས་ནས་མི་མང་པོ་ལྷན་དུ་འདུས་ཤིང་། མི་རེ་རེས་དད་ལྡན་རྣམས་ཀྱིས་ཁོ་རྣམས་རང་རང་གི་སྐད་རིགས་སྨྲས་པ་ཐོས་པས་ཐེ་ཚོམ་སྐྱེས་པ་རེད། 7མི་ཚོགས་ཧ་ལས་ཤིང་ངོ་མཚར་བར་གྱུར་ཏེ་ན༌རེ། གཏམ་བཤད་མཁན་འདི་རྣམས་ག་ལིལ་པ་མ་ཡིན༌ནམ། 8ཁོ་རྣམས་ཀྱིས་རང་རེའི་ཕ་སྐད་སྨྲས་པ་ངེད་ཅག་གིས་ཐོས་པ་དེ་ཅི་ཡིན༌ནམ། 9ངེད་རྣམས་ནི་པཱར་ཐ་པ་དང༌། མཱ་ཏི༌པ། ཨེ་ལཱམ༌པ་བཅས་དང་། ཡང་མོ་སོ་པའོ་ཐ་མེ་ཡཱ་དང་། ཡ་ཧུ་དཱ། ཀ་པ་ཏོ་ཡཱ། ཕོན་ཐུ། ཨེ་ཞི་ཡཱ། 10ཕུ་ཀེ་ཡཱ། ཕཱམ་ཕིལ་ཡ། ཨེ་ཅིབ་བཅས་སུ་སྡོད་པ་ཡིན༌ཞིང༌། ཀི་རེ་ནེ་དང་ཉེ་བའི་ལེབ་ཡཱ་ས་ཁུལ་གྱི་མི༌དང༌། རོ་མཱ་ནས་ཡོང་བའི་སྐུ་མགྲོན་ཁྲོད་ཀྱི་ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པའི་ཆོས་ལུགས་ལ་ཞུགས་པའི་མི་རྣམས་དང་། 11ཀཱ་རེ་ཏ་པ་དང་ཨ་རབ་པ་བཅས་ཡིན༌ཏེ། མི་དེ་རྣམས་ཀྱིས་རང་རེའི་ཕ་སྐད་སྨྲས་ནས་དཀོན་མཆོག་གི་མཛད་པ་རླབས་ཆེན་སྒྲོག་པ་ངེད་ཅག་གིས་ཐོས་ཞེས་སྨྲས༌ཤིང༌། 12ཡང་མི་ཐམས་ཅད་དོན་དེར་ཧ་ལས་ཤིང་ཐེ་ཚོམ་སྐྱེ་བཞིན་ཕན་ཚུན་ལ་ན༌རེ། འདིའི་དོན་ཅི་ཡིན་ནམ་ཞེས་གླེང༌ནའང་། 13མི་གཞན་འགའ་ན༌རེ། མི་དེ་རྣམས་རྒུན་ཆང་གསར་པས་བཟི་བ་རེད་ཅེས་འཕྱ་དམོད་བྱས༌སོ།།

སྐུ་ཚབ་པ་པེ་ཏྲོས་མི་ཚོགས་ལ་ཆོས་གསུངས༌པ།

14དེ་ནས་པེ་ཏྲོ་དང་སྐུ་ཚབ་པ་གཞན་བཅུ་གཅིག་པོ་ཡར་ལངས་ཤིང་པེ་ཏྲོས་སྐད་ཆེན་པོས་མི་ཚོགས་ལ་འདི་སྐད༌དུ། ཡ་ཧུ་དཱའི་ཡུལ་མི་དང་ཡེ་རུ་སཱ་ལེམ་དུ་གནས་པའི་མི་རྣམས༌ཀུན། ཁྱོད་ཅག་གིས་དོན་འདི་རྟོགས་འོས་ཤིང་ངས་སྨྲས་པ་ལའང་རྣ་བ་བླགས་ནས་ཉོན༌ཅིག 15ད་ལྟ་སྔ་དྲོའི་ཆུ་ཚོད་དགུ་ཙམ་ཡིན་པས་ཁྱོད་རྣམས་ཀྱིས་མི་འདི་དག་ཆང་གིས་བཟི་བ་རེད་བསམས་ནའང་དེ་བཞིན་མ་ཡིན༌ཏེ། 16འདི་ནི་ལུང་སྟོན་པ་ཡོ་ཨེལ་བརྒྱུད་ནས་ཇི་སྐད༌དུ། 17དེ་ཡང་དཀོན་མཆོག་ཉིད་ཀྱིས་འདི་སྐད༌དུ།། མཐའ་མའི་ཉིན་མོ་དག་ལ་སླེབས་དུས་སུ།། བདག་གིས་རང་གི་ཐུགས་ཉིད་ཀུན་ལ༌སྩོལ།། ཁྱོད་ཀྱི་བུ་དང་བུ་མོས་ལུང་བསྟན༌འཆད།། ཁྱོད་ཀྱི་གཞོན་ནུས་ངོ་མཚར་ཞལ་གཟིགས༌མཐོང༌།། ཁྱོད་ཀྱི་བགྲེས་པོར་རྨི་ལམ་འབྱུང་བ་ཡིན།། 18དུས་དེར་བདག་གིས་རང་གི་ཐུགས་ཉིད༌མཆོག ། ང་ཡི་ཞབས་ཕྱི་དད་ལྡན་ཕོ་མོ༌ལ།། སྩོལ་ཞིང་དེ་ཚོས་ལུང་བསྟན་འཆད་པར༌ངེས།། 19བདག་གིས་ནམ་མཁའི་དབྱིངས་སུ་ངོ་མཚར༌དང༌།། ས་གཞིར་ཁྱད་རྟགས་ཅི་ཡང་སྟོན་པར༌འགྱུར།། ཁྲག་དང་མེ་དང་དུད་སྨུག་འབྱུང་བར༌ངེས།། 20ཁྲི་གདུགས་ཉི་མ་སྐད་ཅིག་ནག་པོར༌བསྒྱུར།། བསིལ་ཟེར་ཟླ་བ་སྐད་ཅིག་ཁྲག་ཏུ༌བསྒྱུར།། གཙོ་བོའི་ཉིན་མོ་ངོ་མཚར་འགངས་ཆེན༌དེ།། མ་སླེབ་གོང་དུ་དོན་ཆེན་དེ་རྣམས༌འབྱུང༌།། 21དུས་དེར་གཙོ་བོའི་མཚན་ནས་འབོད་པ༌ཚོར།། ཁོང་གིས་སྐྱོབ་ཅིང་ཐར་པ་གནང་ངེས༌ཡིན།། ཞེས་གསུངས་པ་ལྟར་ལགས་སོ།། 22ཡང་ཡེས་ར་ཨེལ་པ་རྣམས་ཀྱིས་ངའི་གཏམ་ལ་ཉོན༌ཅིག ནཱ་ཙ་རེལ་པ་ཡེ་ཤུ་ནི་དཀོན་མཆོག་གིས་ཁོང་བརྒྱུད་ནས་ཁྱོད་རྣམས་ཀྱི་ཁྲོད་དུ་ནུས་མཐུ༌དང༌། ངོ་མཚར་བའི་དོན༌དང༌། གྲུབ་རྟགས་བཅས་མཛད་དེ་བདེན་དཔང་མཛད་པའི་མི་དེ་ཡིན་ལ། ཁྱོད་ཅག་གིས་ཀྱང་ཤེས༌པ་ཡིན། 23ཁོང་ནི་དཀོན་མཆོག་གི་དགོངས་པ་དང་མངོན་མཁྱེན་བཞིན་ཁྱོད་རྣམས་ལ་གཏད༌ཅིང༌། ཁྱོད་རྣམས་ཀྱིས་ཀྱང་ཁོང་ཉིད་ཁྲིམས་མེད་ལུགས་མེད་རྣམས་ཀྱི་ལག་ཏུ་སྤྲད་དེ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ནས་བཀྲོངས༌མོད། 24འོན་ཀྱང་དཀོན་མཆོག་གིས་ཁོང་ཉིད་འཆི་བའི་སྡུག་བསྔལ་ལས་བསྐྱབས་ཏེ་སླར་གསོན་པར་མཛད་དོ།། རྒྱུ་མཚན་ནི་འཆི་བས་ཁོང་ཉིད་གཟུང་མི་ནུས་པའི་ཕྱིར༌རོ།། 25དེ་ཡང་དཱ་བིད་ཀྱིས་སྐྱབས་མགོན་ཡེ་ཤུའི་སྐོར་ལ་ཇི་སྐད༌དུ། བདག་གི་མིག་སྔར་གཙོ་བོ་ཁོང་ཉིད་རྒྱུན་དུ༌མཐོང༌།། བདག་གི་གཡས་སུ་བཞུགས་པས་ང་རང་གཡོ་བ༌མེད།། 26དེའི་ཕྱིར་རང་སེམས་དགའ་ཞིང་ངག་ནས་སྤྲོ་བ༌བརྗོད།། བདག་གི་ལུས་པོ་འདི་ཡང་རེ་འདུན་ནང་དུ༌གནས།། 27ང་ཡི་རྣམ་ཤེས་གཤིན་པོའི་གནས་སུ་མི་བསྐྱུར༌ཞིང༌།། ཁྱེད་ཀྱི་སྐྱེས་བུ་དམ་པའི་ལུས་པོའང་རུལ་མི༌འཇུག ། 28ཁྱེད་ཀྱིས་སྲོག་གི་འགྲོ་ལམ་བདག་ལ་བསྟན་མཛད༌པས།། ཁྱེད་ཀྱི་དྲུང་དུ་ང་རང་དགའ་བས་མྱོས་པར༌འགྱུར།། ཞེས་གསུངས་མྱོང༌ངོ༌།། 29ཡང་སྤུན་ཟླ༌རྣམས། ངས་མེས་པོ་དཱ་བིད་ཀྱི་སྐོར་ཁྱོད་རྣམས་ལ་གསལ་པོར༌སྨྲ་བར་བྱ་སྟེ། ཁོང་སྐུ་གྲོངས་ནས་དུར་དུ་སྦས༌ཤིང༌། ཁོང་གི་དུར་ས་ད་ལྟའི་བར་དུ་བདག་ཅག་གི་གནས་འདིར་ཡོད། 30དེའི་ཕྱིར་དཱ་བིད་ནི་ལུང་སྟོན་པ་ཞིག་ཡིན་ཞིང་དཀོན་མཆོག་གིས་དེ་སྔར་ཁོ་ལ་དམ་བཅས་པ༌དང༌། དཱ་བིད་ཀྱི་རིགས་རྒྱུད་ལས་བུ་གཅིག་ཁོ་ཡི་རྒྱལ་ཁྲིའི་སྟེང་དུ་བསྐོ་ངེས་པ་ཤེས༌པས། 31ཁོས་མངོན་པར་རྟོགས་ཤིང་སྐྱབས་མགོན་མཱ་ཤི་ཀ་སླར་གསོན་པའི་སྐོར་གསུངས༌ཏེ། མཱ་ཤི་ཀ་ཁོང་ཉིད་གཤིན་པོའི་གནས་སུ་མ་བསྐྱུར་ཅིང་ལུས་པོའང་རུལ་དུ་མ་བཅུག་ཅེས༌པའོ།། 32སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ནི་དཀོན་མཆོག་གིས་སླར་གསོན་པར་མཛད་ཅིང་ངེད་ཅག་ཐམས་ཅད་ཀྱིས་ཀྱང་དོན་དེ་ལ་བདེན་དཔང་བྱེད༌པ་ཡིན། 33དེའི༌ཕྱིར། དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུ་རང་གི་གཡས་ཕྱོགས་སུ་དྲངས་ཤིང་། ཁོང་ལ་རང་གི་ཡབ་ནས་ཞལ་བཞེས་གནང་ཡོད་པ་བཞིན་དམ་པའི་ཐུགས་ཉིད་ཐོབ་སྟེ། ཁྱོད་རྣམས་ཀྱིས་མཐོང་ཐོས་སུ་གྱུར་པ་བཞིན་ངེད་རྣམས་ལ་གནང་བ་ཡིན་ནོ།། 34ཡང་དཱ་བིད་ནམ་མཁའི་ཞིང་ཁམས་སུ་འཕགས་མ་མྱོང་ཡང་འདི་སྐད༌དུ། 35བདག་གིས་ཁྱོད་ཀྱི་བསྟན་དགྲ་ཐམས་ཅད༌ཀུན།། ཞེས་གསུངས་མྱོང༌ངོ༌།། 36དེ་བས་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་མི་ཐམས་ཅད་ཀྱིས་དངོས་གནས་ཤེས་དགོས་པ་ནི་ཁྱོད་ཅག་གིས་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པའི་སྐྱབས་མགོན་ཡེ་ཤུ༌ནི། དཀོན་མཆོག་གིས་གཙོ་བོ་དང་སྐྱབས་མགོན་མཱ་ཤི་ཀ་རུ་བསྐོས་པ་ལགས་ཞེས་གསུངས༌སོ།། 37དེ་ནས་མི་ཚོགས་ཀྱིས་གཏམ་དེ་ཐོས་པ་དང་སེམས་ལ་ན་ཟུག་སྐྱེས༌ཏེ། པེ་ཏྲོ་དང་སྐུ་ཚབ་པ་གཞན་རྣམས་ལ་འདི་ལྟར་དྲིས༌པ་སྟེ། སྤུན་ཟླ༌རྣམས། དེས་ན་ངེད་ཅག་གིས་ཅི་ཞིག་བྱ་འོས་སམ་ཞེས་པ༌ལ། 38པེ་ཏྲོས་འདི་ལྟར༌གསུངས་པ་སྟེ། སྡིག་བསལ་འཐོབ་པའི༌ཕྱིར། ཁྱོད་ཅག་རེ་རེས་འགྱོད་བཤགས་བྱོས་ཤིག ཡེ་ཤུ་མཱ་ཤི་ཀའི་མཚན་ལ་བརྟེན་ནས་ཁྲུས་གསོལ་ལ་ཞུགས༌དང༌། དཀོན་མཆོག་གི་གནང་སྦྱིན་ཏེ་དམ་པའི་ཐུགས་ཉིད་འཐོབ་ངེས༌ཡིན། 39ཅིའི་ཕྱིར་ཞེ༌ན། ཞལ་བཞེས་དེ་ནི་ཁྱོད་ཅག་དང་ཁྱོད་ཅག་གི་བུ་རབས་ཚ༌རྒྱུད། རྒྱང་རིང་དུ་གནས་པའི་མི་ཐམས་ཅད༌དེ། གཙོ་བོ་སྟེ་རང་རེའི་དཀོན་མཆོག་གིས་རང་ཉིད་ཀྱི་དྲུང་དུ་འབོད་པར་འགྱུར་བའི་མི་ཀུན་ལའང་གནང་བ་ཡིན་ཞེས་པའོ།། 40ཡང་པེ་ཏྲོས་གཏམ་གཞན་མང་པོ་སྨྲས་ནས་བདེན་དཔང་བྱས༌ཏེ། ཁྱོད་ཅག་གིས་རང་ཉིད་བསྐྱབས་ནས་མི་རྒྱུད་ངན་པ་འདི་ལས་ཐར་བར་གྱུར་ཅིག་ཅེས་བསྐུལ། 41དེ་ནས་པེ་ཏྲོའི་གཏམ་དང་དུ་བླངས་པ་རྣམས་ལ་ཁྲུས་གསོལ་ཐོབ༌ཅིང༌། ཉིན༌དེར། མི་གྲངས་སུམ་སྟོང་ཙམ་དད་ལྡན་གྱི་གྲས་སུ་ཞུགས༌སོ།།

དད་ལྡན་རྣམས་ཀྱིས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་པའི༌སྐོར།

42ཡང་དེ་རྣམས་ཀྱིས་སྙིང་རུས་བསྐྱེད་ནས་རྟག་ཏུ་སྐུ་ཚབ་པ་རྣམས་ཀྱི་ཆོས་བསླབ་པ་དང༌། ཕན་ཚུན་ལ་འབྲེལ་འདྲིས་བྱས་པ༌དང༌། བག་ལེབ་ལོངས་སུ་སྤྱད༌ཅིང་། གསོལ་བ་བཏབ་ནས་བསྡད་དོ།། 43སྐུ་ཚབ་པ་རྣམས་བརྒྱུད་ནས་ངོ་མཚར་བའི་དོན་དང་གྲུབ་རྟགས་མང་པོ་བསྟན༌པས། མི་ཐམས་ཅད་གུས་ཞུམ་ལྡན་པར་གྱུར་ཏོ།། 44ཡང་དད་ལྡན་ཐམས་ཅད་ལྷན་དུ་གནས་ཤིང་དངོས་པོ་ཡོད་ཚད་སྤྱི་གཞུང་ལ་དབང་བར་བྱས༌ཏེ། 45ནོར་རྫས་དང་ས་ཞིང་བཙོངས་ནས་སུ་ཞིག་ལ་དགོས་མཁོ་ཡོད་ན་དེ་བཞིན་སོ་སོར་བགོས་སོ།། 46ད་དུང་ཁོ་རྣམས་ཀྱིས་ཉིན་རེ་བཞིན་བློ་སེམས་གཅིག་མཐུན་ངང་མཆོད་ཁང་དུ་འཛོམས་པ༌དང༌། ཁྱིམ་གང་དུའང་བག་ལེབ་ལོངས་སུ་སྤྱད༌ཅིང་། དགའ་སྤྲོ་དང་གཞུང་དྲང་གི་སེམས་བཅངས་ནས་མཉམ་དུ་ཟས་སྤྱད༌པ་དང་། 47དཀོན་མཆོག་ལ་བསྟོད་ཅིང་བསྔགས་པ་དང་མི་ཐམས་ཅད་ཀྱང་ཁོ་རྣམས་ལ་དགའ་བར༌གྱུར། གཙོ་བོས་ཀྱང་ཉིན་རེ་བཞིན་ཁོང་གིས་བསྐྱབས་པ་རྣམས་དད་ལྡན་གྱི་གྲས་སུ་ཞུགས་པར་མཛད༌དོ།།

མཛད་པ 3

སྐུ་ཚབ་པ་པེ་ཏྲོས་སྤྲང་པོ་ཡིན་པའི་ཞ་བོ་ཞིག་གསོས༌པ།

1དེ་ནས་ཉིན་ཞིག་གི་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་སྨོན་ལམ་འདེབས༌སྐབས། པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཡར་མཆོད་ཁང་དུ་སོང་བ༌དང༌། 2སྐྱེས་མ་ཐག་ནས་གྱོལ་པོ་ཡིན་པའི་མི་ཞིག་ཡོད་པ་དེ་མི་གཞན་རྣམས་ཀྱིས་ཉིན་རེ་བཞིན་ཁུར་ཡོང་སྟེ། མཆོད་ཁང་དུ་འགྲོ་མཁན་རྣམས་ལ་སློང་མོ་བྱེད་བདེ་བའི༌ཕྱིར། མཆོད་ཁང་གི་ལྟ་ན་སྡུག་པ་ཞེས་པའི་སྒོ་འགྲམ་དུ་འཇོག་པ་ཡིན། 3ཁོས་པེ་ཏྲོ་དང་ཡོ་ཧ་ནན་གཉིས་མཆོད་ཁང་དུ་འགྲོ་གྲབས་ཡོད་པ་མཐོང་སྟེ་སློང་མོ་བྱས་པ༌ལ། 4པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀྱིས་ཁོ་ལ་ཞིབ་ཏུ་བལྟས༌ཤིང༌། པེ་ཏྲོས་འདི་སྐད་དུ། ཁྱོད་ཀྱིས་ངེད་གཉིས་ལ་ལྟོས་ཤིག་ཅེས་གསུངས་པ༌དང༌། 5མི་དེས་རང་ལ་ཅི་ཐོབ་པར་རེ་བ་བྱས་ནས་མིག་ཅེ་རེར་ཁོ་གཉིས་ལ་བལྟས་སོ།། 6ཡང་པེ་ཏྲོས་འདི་སྐད་དུ། བདག་ལ་གསེར་དངུལ་སོགས་ཅི་ཡང༌མེད། གང་ཞིག་ཡོད་པ་དེ་ཁྱོད་ལ་སྟེར་བར༌བྱ་སྟེ། ནཱ་ཙ་རེལ་པ་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་བརྟེན་ནས་ཁྱོད་ཡར་ལོངས་ལ་སྐྱོད་ཅིག་ཅེས་གསུངས་པ༌དང༌། 7མི་དེའི་ལག་གཡས་པར་འཇུས་ཤིང་ཡར་བསྐྱོར་ཏེ་ལངས་སུ་བཅུག་མ༌ཐག ཁོའི་རྐང་པ་དང་རྐང་པའི་ཚིགས་རྡོག་ལ་ཤེད་རྒྱས་པར་གྱུར༌པས། 8ཁོ་རང་ཡར་ལྡིང་སྟེ་ལངས་ནས་འགྲོ་ཐུབ་པར་གྱུར་པ༌དང༌། ཡང་པེ་ཏྲོ་དང་ཡོ་ཧ་ནན་གཉིས་དང་འགྲོགས་ནས་མཆོངས་ལྡིང་བྱེད་བཞིན་འགྲོ་བ་དང་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་བཞིན་མཆོད་ཁང་དུ་སོང༌ངོ་།། 9དེ་ནས་མི་ཀུན་གྱིས་ཀྱང་ཁོ་རང་འགྲོ་བཞིན་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པ་མཐོང་བ༌དང༌། 10ཁོ་ནི་སྔོན་ཆད་མཆོད་ཁང་གི་ལྟ་ན་སྡུག་པ་ཞེས་པའི་སྒོ་འགྲམ་དུ་བཙོག་སྟེ་སློང་མོ་བྱེད་བཞིན་པའི་མི་དེ་ཡིན་པ་ཤེས༌ནས། ཁོ་རང་ལ་ཅི་ཞིག་བྱུང་བར་ཤིན་ཏུ་ཧ་ལས་ཤིང་ངོ་མཚར་བར་གྱུར༌ཏོ།།

སྐུ་ཚབ་པ་པེ་ཏྲོས་མཆོད་ཁང་དུ་ཆོས་གསུངས༌པ།

11དེ་ནས་མི་དེས་སོ་ལོ་མོན་གྱི་ཁྱམས་ར་ནས་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ལ་འཇུས་ཏེ་འགྲོ་བཞིན་པའི་སྐབས༌སུ། མི་ཐམས་ཅད་ཁོ་རྣམས་ཀྱི་གམ་དུ་བརྒྱུགས་ཡོང་བ་དང་ཤིན་ཏུ་ཧ་ལས་པ་རེད། 12པེ་ཏྲོས་དོན་དེ་མཐོང་ནས་མི་རྣམས་ལ་འདི་སྐད་དུ། ཡེས་ར་ཨེལ་པ༌རྣམས། ཅིའི་ཕྱིར་དོན་འདི་ངོ་མཚར་ཅན་དུ་བརྩིས༌སམ། ཅིའི་ཕྱིར་ངེད་ཅག་ལ་ཞིབ་ཏུ༌ལྟའམ། ངེད་གཉིས་ཀྱིས་རང་གི་ནུས་མཐུའམ་དད་སེམས་ལ་བརྟེན་ནས་ཁོ་རང་འགྲོ་རུ་བཅུག་པ་རེད་སྙམ༌མམ། 13ཨབ་ར་ཧམ༌དང༌། ཨི༌སཱག ཡ་ཀོབ་བཅས་ཀྱི་དཀོན་མཆོག་ནི་བདག་ཅག་གི་ཕ་མེས་ཡང་མེས་ཀྱི་དཀོན་མཆོག་ཡིན༌ཞིང༌། ཁོང་གིས་རང་གི་ཞབས་ཕྱི་པ་ཡེ་ཤུ་གཟི་བརྗིད་དང་ལྡན་པར་མཛད། འོན་ཀྱང་ཁྱོད་ཅག་གིས་ཁོང་ཉིད་པི་ལ་ཏུ་ཡི་ལག་ཏུ་སྤྲད་ཅིང་པི་ལ་ཏུས་ཁོང་ཉིད་བཙོན་ལས་དགྲོལ་བར་ཐག་བཅད་ཀྱང་ཁྱོད་ཅག་གིས་དེའི་མདུན་ནས་ཁོང་ཉིད་རིང་དུ་དོར༌བ་ཡིན། 14ཁྱོད་ཅག་གིས་སྐྱེས་བུ་རྣམ་དག་དེ་ཉིད་དོར་ཅིང་། ཉེས་ཅན་ལག་དམར་བཙོན་ལས་གཏོང་བར་ཞུས་པ༌དང༌། 15ཚེ་སྲོག་སྐྲུན་མཁན་དེ་ཉིད་གསོད་དུ་བཅུག་གོ། འོན་ཀྱང་དཀོན་མཆོག་གིས་ཁོང་ཉིད་གྲོངས་པ་ལས་སླར་གསོན་པར་མཛད་ཅིང་ངེད་རྣམས་ཀྱིས་ཀྱང་དོན་དེར་བདེན་དཔང་བྱེད་པ༌ཡིན། 16ཁོང་གི་མཚན་ལ་དད་པ་བྱས་པས་ཁོང་གི་མཚན་གྱིས་ཁྱོད་ཅག་གིས་མཐོང་ཞིང་ངོ་ཤེས་པའི་མི་འདི་ལུས་སྟོབས་རྒྱས་པར་མཛད་པ༌དང༌། ཁོང་ཉིད་བརྒྱུད་ནས་བྱུང་བའི་དད་པས་ཁྱོད་ཅག་གི་མིག་མདུན་ནས་མི་འདི་ཡོངས་སུ་སོས་པར་མཛད༌དོ།། 17སྤུན་ཟླ༌རྣམས། ཁྱོད་རྣམས་ཀྱིས་དོན་དེ་ཅི་ཡིན་མ་ཤེས་པར་བྱས་པ༌དང༌། ཁྱོད་ཅག་གི་དཔོན་པོས་ཀྱང་དེ་ལྟར་བྱས་པ་བདག་གིས་ཤེས་སོ།། 18འོན་ཀྱང་དཀོན་མཆོག་གིས་སྔར་ནས་ལུང་སྟོན་པ་ཐམས་ཅད་ཀྱི་ངག་བརྒྱུད་ནས་ཁོང་གི་མཱ་ཤི་ཀས་སྡུག་བསྔལ་མྱང་བར་འགྱུར་དགོས་ཞེས་ལུང་བསྟན་གནང་བ་བཞིན་ཁོང་གིས་དེ་ལྟར་བསྒྲུབས༌པ་ཡིན། 19དེ་བས་ཁྱོད་ཅག་གི་སྡིག་པ་བསལ༌ཕྱིར། འགྱོད་བཤགས་བྱས་ནས་ཕྱིར་འཁོར༌ཅིག 20དེ་ནི་ངལ་གསོ་བའི་དུས་དེ་གཙོ་བོའི་སྤྱན་སྔ་ནས་སླེབ་པར་འགྱུར༌ཞིང༌། ཁོང་གིས་ཁྱོད་ཅག་གི་དོན་དུ་བསྐོས་པའི་སྐྱབས་མགོན་མཱ་ཤི་ཀ་སྟེ་ཡེ་ཤུའང་མངག་སྲིད་པའི་ཕྱིར༌རོ།། 21སྐྱབས་མགོན་ཡེ་ཤུ་ནི་འཇིག་རྟེན་གྱི་དངོས་པོ་མཐའ་དག་བསྐྱར་དར་མཛད་པའི་དུས་དེ་སླེབ་པའི་བར་དུ་ནམ་མཁའི་ཞིང་ཁམས་སུ་བཞུགས་དགོས་པ༌དང༌། དེ་ནི་དཀོན་མཆོག་གིས་གནའ་བོའི་དུས་ནས་ལུང་སྟོན་པ་དམ་པ་རྣམས་ཀྱི་ངག་བརྒྱུད་ནས་གསུངས་པ་བཞིན་ཡིན་ནོ།། 22མོ་ཤེ་ཡིས་ཇི་སྐད༌དུ། གཙོ་བོ་དཀོན་མཆོག་གིས་ཁྱོད་ཅག་གི་དོན་དུ་བདག་དང་འདྲ་བའི་ལུང་སྟོན་པ་ཞིག་ཁྱོད་ཅག་གི་སྤུན་ཟླ་རྣམས་ཀྱི་ཁྲོད་དུ་བཞུགས་པར་མཛད༌ཅིང༌། ཁོང་གིས་ཅི་གསུངས་པ་ཐམས་ཅད་ལ་ཁྱོད་ཅག་གིས་ཉོན༌ཅིག 23ལུང་སྟོན་པ་དེའི་གསུང་ལ་མི་ཉན་པ་ཐམས་ཅད་མི་རྒྱུད་ཁྲོད་ནས་བཏོན་ཏེ་རྩ་མེད་དུ་གཏོང་བར་ངེས་ཞེས་གསུངས་སོ།། 24སཱ་མུ༌ཨེལ་དང་ཁོང་གི་རྗེས་སུ་བྱོན་པའི་ལུང་སྟོན་པ་ཐམས་ཅད་ཀྱིས་ཀྱང་ལུང་བསྟན་གནང་བ་ལས་ཉིན་མོ་དེ་རྣམས་ཀྱི་སྐོར་གླེང་མྱོང༌། 25ཁྱོད་ཅག་ནི་ལུང་སྟོན་པ་རྣམས་ཀྱི་བུ་རབས་ཚ་རྒྱུད་ཡིན༌ལ། དཀོན་མཆོག་གིས་ཁྱོད་ཅག་གི་ཕ་མེས་ཡང་མེས་ལ་བཞག་པའི་ཞལ་ཆད་ཐོབ་མཁན་ཡང་ཡིན༌ཏེ། ཁོང་གིས་ཨབ་ར་ཧམ་ལ་འདི་སྐད༌དུ། ཁྱོད་ཀྱི་ས་བོན་བརྒྱུད་ནས་ས་སྟེང་གི་མི་རིགས་ཐམས་ཅད་ལ་བྱིན་རླབས་འཐོབ་པར་འགྱུར་ཞེས་གསུངས་པ༌བཞིན། 26དཀོན་མཆོག་གིས་རང་ཉིད་ཀྱི་ཞབས་ཕྱི་པ་འབྱོན་པར་མཛད་ཅིང་། ཁྱོད་ཅག་ཐམས་ཅད་རང་རང་གི་སྤྱོད་ངན་ལས་སེམས་བསྒྱུར་བར་མཛད་པའི་སྒོ་ནས་ཐོག་མར་ཁྱོད་རྣམས་ལ་བྱིན་གྱིས་རླབས་པར་མངགས་པ་ཡིན་ཞེས་གསུངས༌སོ།།

མཛད་པ 4

སྐུ་ཚབ་པ་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ལ་འདྲི་དཔྱོད་བྱས༌པ།

1དེ་ཡང་སྐུ་ཚབ་པ་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀྱིས་མི་རྣམས་ལ་དེ་ལྟར་བརྗོད་པའི་དུས༌སུ། མཆོད་དཔོན་རྣམས་དང་མཆོད་ཁང་གི་སྲུང་དམག་དཔོན་པོ༌དང༌། སཱ་ཅུ་སེ་པ་དག་ཀྱང་ཁོང་གཉིས་ཀྱི་དྲུང་དུ་སླེབས༌པ་རེད། 2ཁོང་གཉིས་ཀྱིས་མི་རྣམས་ལ་ཆོས་གསུངས༌ཤིང༌། སྐྱབས་མགོན་ཡེ་ཤུར་བརྟེན་ནས་གཤིན་པོ་རྣམས་སླར་གསོན་པར་འགྱུར་བའི་དོན་དེ་བསྒྲགས༌པས། དཔོན་རིགས་རྣམས་སུན་སྣང་ཆེན་པོ་སྐྱེས༌ཏེ། 3ཁོང་གཉིས་བཟུང་ཞིང་མཚན་མོའི་དུས་ལ་སླེབས་པས་ཕྱི་ཉིན་བར་དུ་བཙོན་ལ་བཅུག་གོ། 4འོན་ཀྱང་ཆོས་ལ་ཉན་མཁན་རྣམས་ལས་མི་མང་པོ་དད་པར་གྱུར༌ཏེ། དད་ལྡན་པ་སྐྱེས་པའི་གྲངས་ནི་ལྔ་སྟོང་ཙམ་ལ་སླེབས༌སོ།། 5དེའི་ཕྱི༌ཉིན། དཔོན་པོ་དང་རྒན༌པོ། མཁན་པོ་བཅས་རྣམས་ཡེ་རུ་སཱ་ལེམ་དུ་འདུས༌ཤིང༌། 6མཆོད་དཔོན་ཆེན་པོ་ཨ་ནཱ་སི༌དང༌། ཀ་ཡ༌ཕཱ། ཡོ་ཧ༌ནན། ཨ་ལིག་སན་དིར་བཅས༌དང༌། མཆོད་དཔོན་ཆེན་པོའི་ཉེ་འབྲེལ་གཞན་རྣམས་ཀྱང་གནས་དེར་ཡོད༌པ་རེད། 7དེ་དག་གིས་སྐུ་ཚབ་པ་ཁོང་གཉིས་དཀྱིལ་དབུས་སུ་བསླངས༌ཏེ། ཁྱོད་གཉིས་ཀྱིས་དབང་གང༌ངམ། ཡང་ན་སུའི་མིང་ལ་བརྟེན་ནས་དོན་འདི་བྱས་པ་ཡིན་ནམ་ཞེས་དྲིས་སོ།། 8དེ་ནས་པེ་ཏྲོ་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར་ཏེ་འདི་སྐད་དུ། འབངས་མི་སེར་ཀྱི་དཔོན་པོ་དང་རྒན་པོ༌རྣམས། 9དེ་རིང་ངེད་གཉིས་ཀྱིས་དབང་བོ་སྐྱོན་ཅན་གྱི་ལུས་སྟེང་དུ་བསྒྲུབས་པའི་དོན་བཟང་གི་རྐྱེན་གྱིས། མི་འདི་ཅི་ལྟར་སོས་པར་རྩད་གཅོད་བྱེད་ན། 10ཁྱོད་ཅག་གི་མིག་མདུན་དུ་ལངས་ནས་སྡོད་པའི་མི་འདི༌ནི། ཁྱོད་ཅག་གིས་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པ༌དང༌། དཀོན་མཆོག་གིས་གྲོངས་པ་ནས་སླར་གསོན་པར་མཛད་པའི་ནཱ་ཙ་རེལ་པ་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་བརྟེན་ནས་ལུས་ཁམས་བདེ་བར་གྱུར་པ་ཁྱོད་ཅག་དང་བཅས་པའི་ཡེས་ར་ཨེལ་གྱི་མི་ཐམས་ཅད་ཀྱིས་ཤེས་དགོས་སོ།། 11སྐྱབས་མགོན་ཡེ་ཤུ་ནི། ཁྱོད་ཅག་བཟོ་བ་རྣམས་ཀྱིས་སྤངས་པའི་རྡོ་ནི་ཁང་པའི་ཟུར་གྱི་རྨང་རྡོར་གྱུར་ཅེས་པ་དེ་ཡིན། 12ཁོང་ཉིད་ལས་གཞན་ཐར་པ་མེད་དེ། རྒྱུ་མཚན་ནི་གནམ་འོག་ཀུན་ཏུ་ཁོང་ལས་གཞན་བདག་ཅག་ཐར་བར་མཛད་ནུས་པའི་མིང་ཞིག་མིའི་རིགས་ལ་གནང་མེད་པའི་ཕྱིར་ཡིན་ཞེས་གསུངས༌སོ།། 13དེ་ནས་དཔོན་རིགས་རྣམས་ཀྱིས་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀྱི་སྤོབས་པ་མཐོང་བ༌དང༌། ཡང་ཁོང་གཉིས་ནི་རིག་པ་མ་བསླབས་པ་དང་མི་སེར་ཡིན་པ་ཤེས་ནས་ངོ་མཚར་བར་གྱུར་ཅིང༌། དེ་གཉིས་སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་འགྲོགས་མྱོང་བའང་གསལ་པོར་རྟོགས་སོ།། 14ཡང་ནད་གསོས་པའི་མི་དེའང་ཁོང་གཉིས་ཀྱི་གམ་དུ་ལངས་སྡོད་པ་མཐོང༌སྟེ། དེ་དག་གིས་སྐྱོན་ཅི་ཡང་བརྗོད་མ་ནུས་སོ།། 15དེ་ནས་ཁོང་གཉིས་དཔོན་རིགས་ཚོགས་པའི་ཚོགས་ར་ལས་ཕྱིར་ཕུད་ཅིང་ན༌རེ། 16བདག་ཅག་གིས་མི་འདི་གཉིས་ལ་ཅི༌བྱའམ། ཁོ་གཉིས་ཀྱིས་དངོས་གནས་ངོ་མཚར་བའི་མཛད་པ་མངོན་གསལ་དུ་བསྟན༌ཞིང༌། ཡེ་རུ་སཱ་ལེམ་དུ་གནས་པའི་མི་ཐམས་ཅད་ཀྱིས་ཀྱང་དོན་དེ་ཤེས་པས་བདག་ཅག་གིས་དེ་ལྟར་མ་བྱུང་ཟེར་མི་ནུས། 17འོན་ཀྱང་དོན་འདི་དམངས་ཁྲོད་དུ་སྔར་ལས་ལྷག་པར་ཁྱབ་ཉེན་ཡོད་པས། ཁོ་གཉིས་ལ་ཕྱིན་ཆད་མི་དེའི་མིང་ལ་བརྟེན་ནས་མི་གཞན་ལ་གླེང་མོལ་མི་བྱེད་པའི་ཕྱིར་ནན་གྱིས་བསྐུལ་བར་བྱའོ་ཞེས་ཕན་ཚུན་གྲོས་བསྡུར་བྱས་སོ།། 18དེ་ནས་ཁོང་གཉིས་བོས༌ཏེ། ཡེ་ཤུའི་མིང་ལ་བརྟེན་ནས་མི་གཞན་ལ་ནམ་ཡང་གླེང་མོལ་བྱེད་པའམ་ཆོས་གསུང་མི་ཆོག་པའི་བཀའ་བབས༌པ་རེད། 19འོན༌ཀྱང༌། པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀྱིས་འདི་སྐད་དུ། དཀོན་མཆོག་གི་བཀའ་ལ་མི་ཉན་པར་ཁྱོད་ཅག་གི་གཏམ་ལ་ཉན་པ་ནི་དཀོན་མཆོག་གི་སྤྱན་སྔར་འོས་འཚམ་ཡིན་མིན་ཁྱོད་ཅག་གིས་སོམས༌ཤིག 20ངེད་གཉིས་ཀྱིས་གང་ཞིག་མཐོང་ཞིང་ཐོས་པ་ཐམས་ཅད་མི་བཤད་ཐབས་མེད་ཡིན་ཞེས་གསུངས་སོ།། 21དེ་ནས་དཔོན་རིགས་རྣམས་ཀྱིས་ཁོང་གཉིས་ལ་ཡང་བསྐྱར་འཇིགས་སྐུལ་བྱས་རྗེས་ཕྱིར་བཏང༌། རྒྱུ་མཚན་ནི་མི་རྣམས་ཀྱིས་དོན་ངོ་མཚར་ཅན་དེ་མཐོང་ནས་དཀོན་མཆོག་ལ་བསྟོད་བསྔགས་ཕུལ་བས་དཔོན་རིགས་རྣམས་ཀྱང་མི་རྣམས་ལ་འཇིགས་པ་དང་ཁོང་གཉིས་ལ་ཉེས་ཆད་གཅོད་པའི་རྒྱུ་ཡང་མ་རྙེད་པའི་ཕྱིར༌ཡིན། 22ངོ་མཚར་བའི་ལས་ཀྱིས་གསོས་པའི་མི་དེ་ནི་ལོ་བཞི་བཅུ་ལྷག་ལ་སོན་པ་ཞིག་ཡིན༌ནོ།།

དད་ལྡན་རྣམས་ཀྱི་གསོལ༌འདེབས།

23དེ་ནས་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཕྱིར་བཏང་བ་དང་ཆོས་གྲོགས་རྣམས་ཀྱི་གམ་དུ་ཕྱིན༌ཏེ། མཆོད་དཔོན་ཆེན་པོ་དག་དང་རྒན་པོ་རྣམས་ཀྱིས་ཅི་སྨྲས་པ་ཐམས་ཅད་ཁོ་རྣམས་ལ་སྨྲས་སོ།། 24ཁོ་རྣམས་ཀྱིས་ཀྱང་གཏམ་དེ་ཐོས་ནས་བློ་སེམས་གཅིག་མཐུན་སྒོས་སྐད་གསང་མཐོན་པོས་དཀོན་མཆོག་ལ་འདི་སྐད༌དུ། ཀྱེ། གཙོ་བོ༌ལགས། ཁྱེད་ནི་ནམ་མཁའ་དང་ས་གཞི་རྒྱ་མཚོ་བཅས་པ་དང་དེ་དག་ཏུ་ཡོད་པ་ཐམས་ཅད་འགོད་མཁན་ལགས། 25ཁྱེད་ཀྱིས་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་ཉིད་ཀྱི་ཞབས་ཕྱི་པ༌སྟེ། ངེད་ཅག་གི་མེས་པོ་དཱ་བིད་ཀྱི་ངག་བརྒྱུད་ནས་ཇི་སྐད༌དུ། ཅིའི་ཕྱིར་ཕྱི་ཕྱོགས་པ་རྣམས་འཁོན་ཅིང༌འཛིང༌།། ཅིའི་ཕྱིར་མི་རྣམས་དོན་མེད་ཐབས་ལ༌འཇུག ། 26དེ་ཡང་གཙོ་བོ་དཀོན་མཆོག་ཁོང་ཉིད༌དང༌།། ཁོང་གིས་བསྐོས་པའི་སྐྱབས་མགོན་མཱ་ཤི༌ཀར།། རྒོལ་ཕྱིར་འཇིག་རྟེན་སྐྱོང་བའི་རྒྱལ་པོ༌དང༌།། མངའ་བདག་དཔོན་རིགས་རྣམས་ཀྱང་ལྷན་དུ༌འདུས།། ཞེས་གསུངས་མྱོང༌ངོ༌།། 27དེ་བཞིན་ཧེ་རོ་དཱ་དང་ཕོན་ཏིའུ་པི་ལ༌ཏུ། ཕྱི་ཕྱོགས་པ་དང་ཡེས་ར་ཨེལ་མི་དང་བཅས་པ་དངོས་གནས་གྲོང་ཁྱེར་འདིར་འདུས་ཏེ་ཁྱེད་ཀྱིས་བྱུགས་པའི་ཞབས་ཕྱི་དམ་པ་ཡེ་ཤུ་ལ་རྒོལ༌བཞིན་ནོ།། 28དེ་ནི་ཁྱེད་ཀྱི་དབང་དང་ཐུགས་དགོངས་ཀྱིས་དོན་ཆེན་གང་དེ་སྔར་ནས་འབྱུང་བར་ཐག་གིས་བཅད་པ་བཞིན་དེ་རྣམས་ཀྱིས་ཀྱང་འགྲུབ་པར་བྱས་པ་ཡིན། 29ད་ལྟ་དེ་རྣམས་ཀྱིས་ངེད་ཅག་ལ་འཇིགས་བསྐུལ་བས་གཙོ་བོ་ཁྱེད་ཀྱིས་གཟིགས་པར༌ཞུ། ཁྱེད་ཀྱིས་རང་གི་ཞབས་ཕྱི་པ་ངེད་རྣམས་ལ་ཁྱེད་ཀྱི་བཀའ་སྒྲོག་པའི་སྤོབས་པ་གནང་བ༌དང༌། 30ཕྱག་བརྐྱངས་ནས་ནད་རིགས་སྣ་ཚོགས་འཇོམས༌ཤིང༌། གྲུབ་རྟགས་དང་ངོ་མཚར་ཅན་གྱི་དོན་རྣམས་རང་གི་ཞབས་ཕྱི་དམ་པ་ཡེ་ཤུའི་མཚན་ལ་བརྟེན་ནས་འགྲུབ་པར་ཤོག་ཅེས་གསོལ་བ་བཏབ་བོ།། 31ཁོ་རྣམས་ཀྱིས་དེ་ལྟར་གསོལ་བ་བཏབ་རྗེས་འཚོགས་སའི་གནས་དེ་གཡོ་བར་གྱུར་པ་དང༌། མི་དེ་ཐམས་ཅད་ལའང་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར་བས་སྤོབས་པ་བསྐྱེད་ནས་དཀོན་མཆོག་གི་བཀའ་བསྒྲགས༌སོ།།

དད་ལྡན་པ་སྤྱི་ལ་དབང་བའི་ནོར༌རྫས།

32དེ་ཡང་དད་ལྡན་དེ་ཐམས་ཅད་བློ་སེམས་གཅིག་མཐུན་ཡིན་པ༌དང༌། སུས་ཀྱང་རང་གི་རྒྱུ་རྫས་རང་ཉིད་ཀྱི་ཡིན་མི་ཟེར་བར་དེ་ཐམས་ཅད་སྤྱི་གཞུང་གིས་སྤྱོད༌པ་རེད། 33སྐུ་ཚབ་པ་རྣམས་ཀྱིས་ནུས་མཐུ་ཆེན་པོའི་ངང་ནས་གཙོ་བོ་ཡེ་ཤུ་སླར་གསོན་པའི་དོན་དེ་ལ་བདེན་དཔང་བྱས་པ༌དང༌། མི་ཐམས་ཅད་ལའང་ཐུགས་རྗེ་ཆེན་པོ་ཐོབ། 34ཡང་ཁོ་རྣམས་ཀྱི་ཁྲོད་དུ་དབུལ་པོ་གཅིག་ཀྱང་མེད༌དེ། རྒྱུ་མཚན་ནི་རང་ལ་དབང་བའི་ས་ཞིང་དང་ཁང་པ་ཐམས་ཅད་བཙོངས༌ཏེ་རིན་དོད་ཚང་མ་ཁྱེར་ཡོང་ནས། 35སྐུ་ཚབ་པ་རྣམས་ཀྱི་ཞབས་དྲུང་དུ་བཞག་པ༌དང༌། ཁོང་རྣམས་ཀྱིས་ཀྱང་སུ་ཞིག་ལ་དགོས་མཁོ་ཡོད་ན་དེ་བཞིན་སོ་སོར་བགོས་སོ།། 36གནས་དེར་མིང་ལ་ཡོ་སེབ་བྱ་བ་ཀིབ་རིས་ནས་སྐྱེས་པའི་ལེ་ཝི་པ་ཞིག་ཡོད་པ་ལ་སྐུ་ཚབ་པ་རྣམས་ཀྱིས་པཱར་ན་པཱ་ཞེས་འབོད་ཅིང་། དོན་ནི་སེམས་གསོ་མཁན་ཞེས༌པ་ཡིན། 37ཁོ་ལ་ས་ཞིང་ཡོད་པའང་བཙོངས་ཏེ་རིན་ཚང་མ་སྐུ་ཚབ་པ་རྣམས་ཀྱི་ཞབས་དྲུང་དུ་བཞག་གོ།

མཛད་པ 5

དད་ལྡན་པ་ཨ་ནན་ཡཱ་དང་ཁོའི་ཆུང་མ་སབ་ཕི་རཱའི༌སྐོར།

1དེ་ཡང་ཨ་ནན་ཡཱ་ཟེར་བའི་མི་ཞིག་ཡོད་པ་དེས་རང་གི་ཆུང་མ་སབ་ཕི་རཱ་དང་མཉམ་དུ་ས་ཞིང་བཙོངས༌ཤིང༌། 2ས་རིན་ཁག་ཅིག་རང་ལ་བཞག་ཅིང་ཆུང་མས་ཀྱང་དོན་དེ་ཤེས༌ལ། ས་རིན་ཁག་གཞན་པ་ཁྱེར་ཡོང་ནས་སྐུ་ཚབ་པ་རྣམས་ཀྱི་ཞབས་དྲུང་དུ་བཞག་གོ། 3དེ་ནས་པེ་ཏྲོས་འདི་སྐད༌དུ། ཨ་ནན༌ཡཱ། ཁྱོད་ཀྱི་སེམས་ནི་བདུད་སཱ་ཏན་གྱིས་ཁྱབ༌སྟེ། དམ་པའི་ཐུགས་ཉིད་ལ་རྫུན་སྨྲས་ཤིང་ས་རིན་ཁ་ཤས་རང་ལ་བཞག་པ་དེ་ཅི༌ཡིན། 4ས་ཞིང་མ་བཙོངས་པའི་སྔོན་དུ་ཁྱོད་རང་གི་ཡིན༌ཞིང༌། བཙོངས་རྗེས་ས་རིན་ཡང་ཁྱོད་ལ་དབང་བ་མ་ཡིན༌ནམ། ཁྱོད་ཀྱིས་སེམས་ལ་འདི་ལྟར་དྲན་པ་ཅི་ཡིན༌ནམ། ཁྱོད་ཀྱིས་མི་ལ་རྫུན་སྨྲས་པ་མ་ཡིན་པར་དཀོན་མཆོག་ལ་རྫུན་སྨྲས་པ་ཡིན་ཞེས་གསུངས་པ༌དང༌། 5ཨ་ནན་ཡཱས་གསུང་དེ་ཐོས་མ་ཐག་སར་འགྱེལ་ཏེ་དབུགས་ཆད་ཅིང་གཏམ་འདི་ཐོས་པའི་མི་ཐམས་ཅད་ཤིན་ཏུ་འཇིགས་སོ།། 6དེ་ནས་ན་གཞོན་འགའ་ཞིག་ཡོང་ནས་ཁོའི་བེམ་པོ་རས་ཀྱིས་བཏུམས་ཏེ་ཕྱི་རོལ་ཏུ་ཁུར་ནས་དུར་ལ་བཅུག༌གོ། 7དེ་ནས་ཆུ་ཚོད་གསུམ་ཙམ་འགོར་བ༌ན། ཨ་ནན་ཡཱའི་ཆུང་མ་སླེབས་ཤིང་ཁོ་མོས་དོན་དེ་མི་ཤེས༌པ་དང་། 8པེ་ཏྲོས་འདི་སྐད༌དུ། ཁྱོད་ཀྱིས་ཤོད༌དང༌། ས་ཞིང་བཙོངས་པའི་ས་རིན་འདི་ཙམ་ཡིན་ནམ་ཞེས་དྲིས་པ༌ལ། ཁོ་མོ་ན༌རེ། དེ་ཙམ་ཡིན་ཞེས་སྨྲས་སོ།། 9ཡང་པེ་ཏྲོས་འདི་སྐད༌དུ། ཁྱོད་གཉིས་ཀྱིས་ཅིའི་ཕྱིར་བློ་གཅིག་སེམས་གཅིག་གིས་གཙོ་བོའི་ཐུགས་ཉིད་ལ་ཚོད་བགམས་པ་ཡིན༌ནམ། ཁྱོད་ཀྱི་སྐྱེས་པ་དུར་དུ་འཇུག་མཁན་རྣམས་ཕྱིར་སྒོ་ཁར་སླེབས་ཟིན༌ལ། དེ་དག་གིས་ཁྱོད་རང་ཡང་ཕྱི་རུ་འཁྱེར་ངེས་ཡིན་ཞེས་གསུངས་མ༌ཐག 10བུད་མེད་དེའང་པེ་ཏྲོའི་ཞབས་དྲུང་དུ་སར་འགྱེལ་ཏེ་དབུགས་ཆད་ཅིང༌། ན་གཞོན་དེ་རྣམས་ནང་དུ་སླེབས་ཏེ་ཁོ་མོ་ཤི་ཟིན་པ་མཐོང༌ནས། ཕྱི་རོལ་ཏུ་ཁུར་ཞིང་སྐྱེས་པའི་དུར་སའི་ཉེ་འགྲམ་དུ་དུར་ལ་བཅུག་གོ། 11དེ་ནས་ཆོས་ཚོགས་ཀྱི་མི་རྣམས་དང་དོན་དེ་ཐོས་པའི་མི་ཐམས་ཅད་ཤིན་ཏུ་འཇིགས༌སོ།།

སྐུ་ཚབ་པ་རྣམས་ཀྱིས་ནད་གསོས་པ།

12དེ་ཡང་སྐུ་ཚབ་པ་རྣམས་ཀྱི་ལག་པ་བརྒྱུད་ནས་མི་རྣམས་ཀྱི་ཁྲོད་དུ་གྲུབ་རྟགས་དང་དོན་ངོ་མཚར་ཅན་མང་པོ་བསྟན༌ཅིང་། དད་ལྡན་ཐམས་ཅད་བློ་སེམས་གཅིག་མཐུན་སྒོས་སོ་ལོ་མོན་གྱི་ཁྱམས་ར་ནས་བསྡད་དོ།། 13མི་གཞན་རྣམས་ལས་སུ་ཞིག་ཀྱང་དད་ལྡན་རྣམས་དང་འགྲོགས་མ་ཕོད༌ནའང༌། མི་རྣམས་ཀྱིས་དེ་རྣམས་ལ་བརྩི་བཀུར་བྱས་པ་རེད། 14ཡང་གཙོ་བོ་ལ་དད་པའི་མི་གྲངས་དེ་བས་འཕེལ་ཞིང་སྐྱེས་པ་དང་བུད་མེད་ཤིན་ཏུ་མང་པོ་ཡོད་པ༌དང༌། 15ཐ་ན་མི་རྣམས་ཀྱིས་ནད་པ་རྣམས་ཁྲོམ་སྲང་དུ་ཁུར་ཡོང་ནས་ཉལ་ཁྲི་དང་ཉལ་སྟན་གྱི་སྟེང་དུ་བཞག༌སྟེ། པེ་ཏྲོ་ཕེབས་སྐབས་ཁོང་གི་གྲིབ་མ་ཙམ་ཡང་དེ་རྣམས་ལས་ནད་པ་ཁ་ཤས་ལ་ཕོག་པར་རེ་ལྟོས་བྱས། 16ཡང་མི་མང་པོས་ནད་པ་དང་གདོན་འདྲེས་བཟུང་བའི་མི་རྣམས་ཡེ་རུ་སཱ་ལེམ་མཐའ་འཁོར་གྱི་གྲོང་རྡལ་དག་ནས་ཁྲིད་ཡོང༌ཞིང༌། དེ་ཐམས་ཅད་སོས་པར་གྱུར༌ཏོ།།

སྐུ་ཚབ་པ་རྣམས་བཙོན་དུ་སྦྱར༌བ།

17དེ་ནས་མཆོད་དཔོན་ཆེན་པོ་ཡར་ལངས་ཤིང་། ཁོ་དང་མཉམ་དུ་ཡོད་པའི་མི་ནི་སཱ་ཅུ་སེ་པའི་གྲུབ་མཐའ་ལ་གཏོགས་པ་རྣམས་ཡིན༌ཞིང༌། དེ་རྣམས་དོན་དེར་མ་དགའ་བར་ཕྲག་དོག་གིས་ཁེངས༌ཏེ། 18སྐུ་ཚབ་པ་རྣམས་བཟུང་ནས་སྤྱི་བའི་བཙོན་ཁང་དུ་བཅུག་གོ། 19འོན༌ཀྱང༌། མཚན༌མོར་གཙོ་བོའི་ཕོ་ཉ་ཞིག་ཡོང་ནས་བཙོན་ཁང་གི་སྒོ་ཕྱེས་ཤིང་ཁོང་རྣམས་ཕྱི་རོལ་ཏུ་ཁྲིད་དེ་འདི་སྐད༌དུ། 20ཁྱོད་རྣམས་མཆོད་ཁང་དུ་སོང་ནས་ཚེ་སྲོག་གི་བཀའ་འདི་མི་རྣམས་ལ་ཤོད་ཅིག་ཅེས་གསུངས་སོ།། 21སྐུ་ཚབ་པ་རྣམས་ཀྱིས་ཀྱང་གསུང་དེ་ཐོས་ནས་སྐྱ་རེངས་ཤར་བའི་དུས་སུ་མཆོད་ཁང་དུ་སོང་སྟེ་མི་རྣམས་ལ་ཆོས་གསུངས་སོ།། དེ་ནས་མཆོད་དཔོན་ཆེན་པོ་དང་མཉམ་དུ་འགྲོགས་པའི་མི་རྣམས་ཡོང༌སྟེ། དཔོན་རིགས་ཚོགས་པའི་ཚོགས་མི་དང་ཡེས་ར་ཨེལ་མི་རིགས་ཀྱི་རྒན་པོ་ཐམས་ཅད་བསྡུས་ནས་མི་ཁ་ཤས་བཙོན་ཁང་ལ་སྐུ་ཚབ་པ་རྣམས་ཕྱིར་འཁྲིད་དུ་མངགས། 22འོན༌ཀྱང༌། དམག་མི་རྣམས་བཙོན་ཁང་དུ་སླེབས་ཀྱང་སྐུ་ཚབ་པ་རྣམས་མ་མཐོང་བས་ཕྱིར་ལོག་སྟེ་ན༌རེ། 23ངེད་ཅག་གིས་བཙོན་ཁང་གི་སྒོ་དམ་པོར་བརྒྱབ༌ཅིང༌། སྒོ་སྲུང་མཁན་ཡང་སྒོ་འགྲམ་དུ་ལངས་ནས་བསྡད་པ་མཐོང༌ནའང༌། སྒོ་ཕྱེ་དུས་བཙོན་ཁང་ནང་དུ་མི་གཅིག་ཀྱང་མཐོང་མ་བྱུང་ཞེས་ཞུས་སོ།། 24དེ་ནས་མཆོད་ཁང་གི་སྲུང་དམག་དཔོན་པོ་དང་མཆོད་དཔོན་ཆེན་པོ་རྣམས་ཀྱིས་གཏམ་དེ་ཐོས་ནས་དོན་འདི་མ་འོངས་པར་ཅི་ལྟ་བུ་ཞིག་ཏུ་འགྱུར་རམ་སྙམ་སྟེ་ཅི་བྱ་གཏོལ་མེད་དུ་གྱུར་པ༌ན། 25ཡང་མི་ཞིག་ཡོང་སྟེ་ན༌རེ། ཁྱོད་ཅག་གིས་བཙོན་དུ་བཅུག་པའི་མི་དེ་དག་གིས་ད་ལྟ་མཆོད་ཁང་དུ་མི་རྣམས་ལ་ཆོས་གསུང་བཞིན་འདུག་ཅེས་ཞུས་སོ།། 26དེ་ནས་མཆོད་ཁང་གི་སྲུང་དམག་དཔོན་པོ་དང་དམག་མི་རྣམས་ཕྱིར་སོང་བ༌དང༌། མི་རྣམས་ཀྱིས་ཁོ་རྣམས་ལ་རྡོས་རྒྱག་པར་འཇིགས་ནས་བཙན་ཤེད་མ་བཀོལ་བར་སྐུ་ཚབ་པ་རྣམས་ཁྲིད་ཡོང༌སྟེ། 27དཔོན་རིགས་ཚོགས་པའི་ཚོགས་མི་རྣམས་ཀྱི་མདུན་དུ་ཡར་བསླངས་པ་དང་མཆོད་དཔོན་ཆེན་པོ་ན༌རེ། 28ངེད་ཅག་གིས་ཁྱོད་རྣམས་ལ་མི་དེའི་མིང་ལ་བརྟེན་ནས་མི་གཞན་དག་ལ་ཆོས་མ་བརྗོད་ཅེས་ནན་བཤད་བྱས་ནས་བཀའ་བསྒོས་པ་མ་ཡིན༌ནམ། འོན་ཀྱང་ཁྱོད་རྣམས་ཀྱིས་ཡེ་རུ་སཱ་ལེམ་ཡོངས་ལ་ཁྱོད་ཅག་རང་གི་ཆོས་ཁྱབ་ཏུ་བཅུག༌སྟེ། མི་དེའི་ཁྲག་ལན་ངེད་ཅག་ལ་དགལ་བར་འདོད་ཅེས་སྨྲས་པ༌ལ། 29པེ་ཏྲོ་དང་སྐུ་ཚབ་པ་གཞན་རྣམས་ཀྱིས། ངེད་རྣམས་ཀྱིས་དཀོན་མཆོག་གི་བཀའ་ལ་མཉན་པ་ལས་མིའི་ངག་ལ་མཉན་མི་འོས་སོ།། 30ཁྱོད་ཅག་གིས་གདུང་མའི་སྟེང་དུ་བརྐྱངས་ཏེ་བཀྲོངས་པའི་ཡེ་ཤུ་ཁོང་ཉིད་ནི་བདག་ཅག་གི་མེས་པོའི་དཀོན་མཆོག་གིས་སླར་གསོན་པར་མཛད། 31དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུ་རང་གི་གཡས་ཕྱོགས་སུ་འཕགས་པར་མཛད་ནས་དབུ་ཁྲིད་དང་སྐྱབས་མགོན་དུ་བསྐོས༌ཏེ། ཡེས་ར་ཨེལ་གྱི་མི་རྣམས་ལ་འགྱོད་བཤགས་བྱེད་པ་དང་སྡིག་པ་བསལ་བའི་ཐུགས་རྗེ་གནང་བའི་ཕྱིར༌རོ།། 32ངེད་རྣམས་ཀྱིས་ཀྱང་དོན་འདི་དག་ལ་བདེན་དཔང་བྱེད༌ཅིང༌། དཀོན་མཆོག་གིས་རང་ཉིད་ཀྱི་བཀའ་ལ་ཉན་པ་ཐམས་ཅད་ལ་གནང་བའི་དམ་པའི་ཐུགས་ཉིད་ཀྱིས་ཀྱང་བདེན་དཔང་མཛད་ཅེས་གསུངས༌སོ།། 33དེ་ནས་དཔོན་རིགས་ཚོགས་པའི་ཚོགས་མི་རྣམས་ཀྱིས་གཏམ་དེ་ཐོས་ནས་ཤིན་ཏུ་ཁྲོས་ཏེ་སྐུ་ཚབ་པ་རྣམས་གསོད་པར་སྙམ༌མོད། 34འོན་ཀྱང་གནས་དེར་མི་ཐམས་ཅད་ཀྱིས་གུས་བཀུར་བྱེད་པའི་བཀའ་ཁྲིམས་ཀྱི་དགེ་རྒན་ཏེ། མིང་ལ་གཱ་མ་ཨེལ་ཟེར་བའི་ཕ་རུ་ཤི་པ་ཞིག་ཡོད་པ་དེ་ཚོགས་མིའི་ཁྲོད་དུ་ཡར་ལངས༌ཤིང༌། སྐུ་ཚབ་པ་རྣམས་རེ་ཞིག་ཕྱི་རོལ་ཏུ་འཁྲིད་དགོས་པའི་བཀའ་གནང་བ༌དང༌། 35དཔོན་རིགས་དེ་རྣམས་ལ་འདི་སྐད༌དུ། ཀྱེ། ཡེས་ར་ཨེལ་པ༌རྣམས། ཁྱོད་ཅག་གིས་མི་འདི་དག་ལ་ཅི་ལྟར་ཐག་གཅོད་བྱེད་པར་གཟབ་གཟབ་བྱོས༌ཤིག 36རྒྱུ་མཚན་ནི་སྔོན་ཆད་ཐེའུ་དཱ་བྱ་བ་ཞིག་ཡོད་པ་དེས་ངོ་རྒོལ་བྱས་ཤིང་རང་རློམ་ཆེ་བས་མི་བཞི་བརྒྱ་ཙམ་འཁོར་དུ་བསྡུས༌མྱོང༌། མཇུག་མཐར་གཞན་གྱིས་ཁོ་རང་བསད་པ་དང་ཁོའི་ཕྱོགས་ཀྱི་མི་ཐམས་ཅད་ཀྱང་ཁ་ཐོར་དུ་སོང་ནས་དོན་དེ་མེད་པར་གྱུར་ཏོ།། 37དེའི་རྗེས༌སུ། མི་གྲངས་ལེན་པའི་སྐབས༌སུ། ག་ལིལ་ཡུལ་གྱི་ཡུ་དཱས་ངོ་རྒོལ་བྱས༌ཏེ། མི་མང་ཙམ་སླུ་བྲིད་བྱས་ནས་ཁོའི་ཕྱོགས་སུ་བསྐོར༌ཀྱང་། མཇུག་མཐར་ཁོ་རང་ཡང་མེད་པར་བྱས་པ་དང་ཁོའི་ཕྱོགས་ཀྱི་མི་ཐམས་ཅད་ཀྱང་ཁ་ཐོར་དུ་སོང༌། 38དེའི༌ཕྱིར། ངས་ཁྱོད་རྣམས་ལ་སྨྲ་བར༌བྱ་སྟེ། མི་འདི་དག་ལ་ཅི་ཡང་མ་བྱེད་པར་སྐྱུར༌ཅིག གལ༌ཏེ། ཁོ་རྣམས་ཀྱིས་ཅི་བསམས་པ་དང་ཅི་བྱེད་པ་འདི་ནི་མི་ནས་བྱུང་བ་ཡིན་ན་ཉམས་པར་འགྱུར་ངེས། 39གལ༌ཏེ། དཀོན་མཆོག་ནས་བྱུང་བ་ཡིན༌ན། ཁྱོད་ཅག་གིས་དེ་རྣམས་མེད་པར་བྱེད་མི་ནུས༌ཤིང༌། ཐ་ན་ཁྱོད་ཅག་དཀོན་མཆོག་ལ་ངོ་རྒོལ་བྱེད་མཁན་དུ་འགྱུར་ཉེན་ཡོད་ཅེས་སྨྲས་སོ།། 40དེ་ནས་ཚོགས་མི་རྣམས་ཀྱིས་གཱ་མ་ཨེལ་གྱི་ཁ་ལ་མཉན་ཞིང་སྐུ་ཚབ་པ་རྣམས་བོས་ཏེ། གཅར་རྡུང་བྱས་རྗེས་ཡེ་ཤུའི་མིང་ལ་བརྟེན་ནས་གཏམ་སྨྲ་མི་ཆོག་པའི་བཀའ་བསྒོས་ནས་ཕྱིར་བཏང༌ངོ་༎ 41དེ་ནས་སྐུ་ཚབ་པ་རྣམས་ཚོགས་མི་དང་ཁ་བྲལ་ཞིང་རང་ཉིད་ནི་སྐྱབས་མགོན་ཡེ་ཤུའི་མཚན་གྱི་ཕྱིར་སྡུག་བསྔལ་མྱོང་འོས་པར་བརྩིས་པས་སེམས་ཤིན་ཏུ༌དགའ་བ་རེད། 42སྐུ་ཚབ་པ་རྣམས་ཀྱིས་ཉིན་རེ་བཞིན་མཆོད་ཁང་དང་ཁྱིམ་ཚང་གང་དུའང་མི་རྣམས་ལ་རྒྱུན་ཆད་མེད་པར་ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་པའི་ཆོས་གསུངས་ཤིང་དོན་དེ་བསྒྲགས༌སོ།།

མཛད་པ 6

ལས་འཛིན་པ་བདུན་བདམས་པའི༌སྐོར།

1དེའི་དུས༌སུ། རྗེས་འབྲང་པ་མང་དུ་འཕེལ་བ༌ན། གྷི་རིག་པའི་སྐད་རིགས་སྨྲ་མཁན་གྱི་ཨིབ་རི་པས་ནི་ཨིབ་རིའི་མི་རིགས་རང་གི་སྐད་སྨྲ་མཁན་ལ་སྨྲེ་ངག་བཏོན་ནོ།། རྒྱུ་མཚན་ནི་ཉིན་རེ་རེ་བཞིན་བགོ་སྐལ་གནང་སྐབས་ཨིབ་རི་པའི་ཡུགས་མོ་རྣམས་སྣང་མེད་དུ་བསྐྱུར་བའི་ཕྱིར༌ཡིན། 2དེ་ནས་སྐུ་ཚབ་པ་བཅུ་གཉིས་པོས་ཆོས་ཚོགས་ཀྱི་རྗེས་འབྲང་པ་ཐམས་ཅད་བོས་ཏེ་འདི་སྐད༌དུ། ངེད་ཅག་གིས་དཀོན་མཆོག་གི་བཀའ་བསྐྱུར་ནས་ཟས་སྐལ་གཉེར་པ་ནི་མི་འོས་སོ།། 3དེའི༌ཕྱིར། སྤུན་ཟླ༌རྣམས། ཁྱོད་ཅག་གི་ཁྲོད་ནས་མཚན་སྙན་གྲགས་ལྡན་པ་དང་དམ་པའི་ཐུགས་ཉིད་དང་ཤེས་རབ་ཀྱིས་ཁྱབ་པའི་སྐྱེས་པ་བདུན་འདེམས༌དང༌། ངེད་ཅག་གིས་མི་དེ་རྣམས་དོན་འདི་བདག་གཉེར་བྱེད་མཁན་དུ༌བསྐོ་བར་བྱའོ།། 4འོན༌ཀྱང༌། ངེད་ཅག་གིས་དཀོན་མཆོག་ལ་གསོལ་བ་འདེབས་པ་དང་དཀོན་མཆོག་གི་བཀའ་སྒྲོག་པའི་ཞབས་ཏོག་ལ་བརྩོན་པར་བྱའོ་ཞེས་གསུངས༌སོ།། 5དེ་ནས་མི་ཚོགས་ཐམས་ཅད་གསུང་དེར་ཡི་རང་བར་གྱུར༌ཏེ། དད་པ་ཆེ་ཞིང་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པའི་སི་ཏེ་ཕཱན་དང༌། གཞན༌ཡང༌། ཕི་ལིབ༌དང༌། ཕོ་རོ་ཁོ༌རུ། ནེ་ཀཱ༌ནོར། ཐི༌མོན། ཕར་མེན༌ནཱ། དེ་སྔར་ཡ་ཧུ་དཱ་པའི་ཆོས་ལུགས་ལ་ཞུགས་པའི་ཨན་ཏི་ཡོག་ཡཱ་ཡུལ་གྱི་ནེ་ཀོ་ལཱ་བཅས་བདམས༌ཤིང༌། 6དེ་རྣམས་སྐུ་ཚབ་པ་རྣམས་ཀྱི་དྲུང་དུ་ཁྲིད༌ཅིང༌། ཁོང་རྣམས་ཀྱིས་གསོལ་བ་འདེབས་བཞིན་དེ་དག་གི་ལུས་ལ་ཕྱག་བཞག་པ་དང་། 7དེ་ནས་དཀོན་མཆོག་གི་བཀའ་རིམ་བཞིན་དར་བ་དང་ཡེ་རུ་སཱ་ལེམ་དུ་རྗེས་འབྲང་པའི་མི་གྲངས་ཤིན་ཏུ་མང་པོར་འཕེལ༌ཞིང༌། མཆོད་དཔོན་མང་པོ་ཞིག་གིས་ཀྱང་དད་པ་འདི་ལ་བསྟུན་ནོ།།

སི་ཏེ་ཕཱན་བཟུང་བ།

8དེ་ཡང་སི་ཏེ་ཕཱན་ལ་ཐུགས་རྗེ་དང་མཐུ་སྟོབས་ཀྱིས་ཁྱབ༌པས། མི་རྣམས་ཀྱི་ཁྲོད་དུ་ངོ་མཚར་ཆེ་བའི་དོན་དང་གྲུབ་རྟགས་བསྟན་ནོ།། 9འོན༌ཀྱང༌། རང་དབང་ཅན་ཟེར་བའི་ཆོས་ཁང་ལ་གཏོགས་པའི་ཀི་རེ་ནེ་དང་ཨ་ལིག་སན་དྲི་ཡཱའི་མི་འགའ་ཤས༌དང་། གཞན༌ཡང༌། ཀི་ལིག་ཡཱ་དང་ཨེ་ཞི་ཡཱའི་ཡུལ་མི་ཁ་ཤས་ཀྱིས་སི་ཏེ་ཕཱན་ལ་རྩོད་པ་བྱས༌ནའང༌། 10སི་ཏེ་ཕཱན་གྱིས་ཤེས་རབ་དང་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་གཏམ་སྨྲས་པ་ལ་དེ་དག་གིས་རྒོལ་མ་ཐུབ༌པས། 11མི་གཞན་ལ་ལྐོག་ནས་ངན་བསྐུལ་ཏེ་མི་འདིས་མོ་ཤེ་དང་དཀོན་མཆོག་ལ་སྐུར་བ་འདེབས་པའི་གཏམ་སྨྲས་པ་ངེད་ཀྱིས་ཐོས་པ་ཡིན་ཞེས་སྨྲ་རུ་བཅུག་གོ། 12ཡང་དེ་དག་གིས་མི་རྣམས༌དང༌། རྒན༌པོ། མཁན་པོ་བཅས་ལ་ངན་སྐུལ་བྱས་ཤིང་གློ་བུར་དུ་ཡོང་ནས་ཁོ་རང་བཟུང་སྟེ་དཔོན་རིགས་ཚོགས་པའི་ཚོགས་མིའི་མདུན་དུ་བཙན་ཁྲིད་བྱས་པ༌དང༌། 13དཔང་པོ་རྫུན་མ་བཙལ་ཏེ་ན༌རེ། མི་འདིས་རྟག་ཏུ་གནས་མཆོག་འདི་དང་བཀའ་ཁྲིམས་ལ་དམའ་འབེབས་བྱེད༌ཅིང༌། 14སྔོན་ཆད་ནཱ་ཙ་རེལ་པ་ཡེ་ཤུ་དེས་གནས་འདི་བཤིག་སྟེ་མོ་ཤེ་ཡིས་ངེད་རྣམས་ལ་སྤྲད་པའི་གོམས་སྲོལ་རྣམས་ཀྱང་བསྒྱུར་བར་བྱའོ་ཞེས་ཟེར་བ་ངེད་ཀྱིས་ཐོས་པ་ཡིན་ཞེས་སྨྲས་པ༌དང༌། 15ཚོགས་རའི་ནང་དུ་སྡོད་པའི་མི་ཐམས་ཅད་ཀྱིས་མིག་ཅེ་རེར་སི་ཏེ་ཕཱན་ལ་བལྟས་པ༌ན། ཁོའི་གདོང་ནི་ཕོ་ཉའི་ཞལ་རས་དང་མཚུངས་པ་མཐོང༌ངོ༌།།

མཛད་པ 7

སི་ཏེ་ཕཱན་གྱིས་རྩོད་ལན་སློག༌པ།

1དེ་ནས་མཆོད་དཔོན་ཆེན་པོས་སི་ཏེ་ཕཱན་ལ་དོན་འདི་དག་བདེན་ནམ་ཞེས་དྲིས་པ༌ལ། 2ཁོ་ན༌རེ། ཕ་ཁུ་དང་སྤུན་ཟླ་རྣམས་ཀྱིས་ཉོན༌ཅིག སྔོན་ཆད་བདག་ཅག་གི་མེས་པོ་ཨབ་ར་ཧམ་ནི་ཧཱ་རན་དུ་ཁྱིམ་གཞི་མ་སྤོར་བའི་སྔོན༌ལ། མོ་སོ་པའོ་ཐ་མེ་ཡཱ་ཡུལ་དུ་སྡོད་པའི་དུས༌དེར། གཟི་བརྗིད་དང་ལྡན་པའི་དཀོན་མཆོག་མངོན་སུམ་དུ་སྣང་སྟེ་ཨབ་ར་ཧམ་ལ་འདི་སྐད༌དུ། 3ཁྱོད་ནི་རང་ཡུལ་དང་གཉེན་ཉེ་རྣམས་དང་བྲལ་ནས་ངས་ཁྱོད་ལ་སྟོན་ངེས་པའི་ཡུལ་དུ་སོང་ཞིག་ཅེས་གསུངས་མྱོང༌བ་དང་། 4དེ་ནས་ཨབ་ར་ཧམ་ནི་ཀལ་དི་པ་རྣམས་ཀྱི་ཡུལ་དེ་དང་བྲལ་ནས་ཧཱ་རན་དུ་གནས་བཅས་སོ།། ཁོའི་ཕ་སྐུ་གྲོངས་རྗེས་དཀོན་མཆོག་གིས་ཁོ་རང་གནས་དེ་ནས་ད་ལྟ་ཁྱོད་རྣམས་སྡོད་པའི་ཡུལ་འདིར་གནས་སྤར༌ཞིང༌། 5ཡུལ་འདིར་དཀོན་མཆོག་གིས་ཁོ་རང་ལ་བགོ་སྐལ་ཅི་ཡང་མ་གནང༌ཞིང༌། རྐང་པ་འཇོག་སའི་ས་ཙམ་ཡང་མ་གནང་ངོ༌།། འོན༌ཀྱང༌། ཁོང་གིས་ཡུལ་འདི་ནི་ཁོ་དང་ཁོའི་བུ་རབས་ཚ་རྒྱུད་ལ་ས་སྐལ་དུ་གནང་ངེས་པ་ཞལ་གྱིས་བཞེས་པ༌དང༌། སྐབས་དེར་ཁོ་རང་ལ་བུའང་མེད༌པ་རེད། 6དེ་ཡང་དཀོན་མཆོག་གིས་ཁོའི་བུ་རབས་ཚ་རྒྱུད་ཡུལ་གཞན་དུ་བྱེས་སུ་སྡོད་ཅིང་། ཡུལ་དེའི་མི་རྣམས་ཀྱིས་ཁོ་རྣམས་བྲན་གཡོག་ཏུ་བྱས་ནས་ལོ་བཞི་བརྒྱའི་རིང་ལ་མནར་གཅོད་གཏོང་བར་འགྱུར་ཞེས་གསུངས་མྱོང་བ༌དང༌། 7ཡང་དཀོན་མཆོག་གིས་འདི་སྐད༌དུ། ཁོ་རྣམས་བྲན་གཡོག་ཏུ་བྱེད་པའི་རྒྱལ་ཁབ་དེ་ལ་ངས་ཉེས་ཆད་གཅོད༌ཅིང༌། རྗེས་སུ་ཁོ་རྣམས་ཕྱིར་བུད་དེ་གནས་འདི་ནས་བདག་ལ་བསྙེན་བཀུར་བྱེད་པར་འགྱུར་ཞེས་གསུངས་མྱོང༌བ་ཡིན། 8ཡང་ཁོང་གིས་ཨབ་ར་ཧམ་ལ་མཚན་སྐྱི་གཅོད་པའི་ཞལ་ཆད་ཀྱང་གནང་མྱོང༌བས། ཨབ་ར་ཧམ་ལ་བུ་ཨི་སཱག་བྱུང་སྟེ་ཉིན་བརྒྱད་པ་ལ་བུ་དེའི་མཚན་སྐྱི་བཅད་པ༌དང༌། ཨི་སཱག་ལ་བུ་ཡ་ཀོབ་སྐྱེས༌ཤིང༌། ཡ་ཀོབ་ལས་མེས་པོ་བཅུ་གཉིས་བྱུང༌ངོ༌།། 9དེ་ནས་མེས་པོ་གཞན་རྣམས་ཡོ་སེབ་ལ་ཕྲག་དོག་སྐྱེས་ནས་ཁོ་རང་ཨེ་ཅིབ་རྒྱལ་ཁབ་ཏུ་བཙོངས༌ནའང༌། དཀོན་མཆོག་ནི་ཁོ་དང་མཉམ་དུ་བཞུགས༌ཏེ། 10ཁོ་རང་དཀའ་སྡུག་ཐམས་ཅད་ལས་བསྐྱབས་པ༌དང༌། ཁོ་ལ་ཨེ་ཅིབ་རྒྱལ་པོ་ཕཱར་ཨོལ་གྱི་དྲུང་དུ་ཐུགས་རྗེ་དང་ཤེས་རབ་གནང༌བས། རྒྱལ་པོས་ཁོ་རང་ཨེ་ཅིབ་རྒྱལ་ཁབ་ཀྱི་སྤྱི་དཔོན་དང་ཕོ་བྲང་ཡོངས་ཀྱི་གཉེར་པར་བསྐོས་སོ།། 11དེའི་རྗེས༌སུ། ཨེ་ཅིབ་དང་ཀ་ན་ཨན་ཡུལ་ཀུན་ཏུ་མུ་གེ་བྱུང་སྟེ་མི་རྣམས་ཀྱིས་དཀའ་སྡུག་ཆེན་པོ་མྱངས༌ཤིང་། བདག་ཅག་གི་ཕ་མེས་ཡང་མེས་རྣམས་ལ་ཟས་ཀྱང་ཆད་པ་ཡིན། 12དེ་ནས་ཡ་ཀོབ་ཀྱིས་ཨེ་ཅིབ་ཏུ་འབྲུ་རིགས་ཡོད་པ་ཐོས༌ཏེ། ཕ་མེས་ཡང་མེས་རྣམས་ཐེངས་དང་པོར་ཡུལ་དེར་བཏང༌ངོ་།། 13དེ་ནས་ཐེངས་གཉིས་པར་ཡོང་དུས་ཡོ་སེབ་ཀྱིས་རང་གི་སྤུན་རྣམས་ལ་ཁོ་སུ་ཡིན་པ་སྨྲས་ཤིང་ཕཱར་ཨོལ་གྱིས་ཀྱང་ཁོའི་གཉེན་ཉེ་རྣམས་ཤེས༌པ་རེད། 14དེ་ནས་ཡོ་སེབ་ཀྱིས་རང་གི་སྤུན་རྣམས་མངགས་ནས་རང་གི་ཕ་ཡ་ཀོབ་དང་ཁྱིམ་མི་བདུན་ཅུ་དོན་ལྔ་བཅས་གདན་དྲངས༌པ་དང་། 15དེ་ནས་ཡ་ཀོབ་ཨེ་ཅིབ་ཡུལ་དུ་ཕྱིན་པ་དང་རྗེས་སུ་ཁོང་དང་བདག་ཅག་གི་མེས་པོ་རྣམས་ཀྱང་དེ་རུ་ཚེ་ལས་འདས༌ཤིང༌། 16ཁོང་རྣམས་ཀྱིས་སི་ཀེམ་ཡུལ་དུ་བེམ་པོ་ཁུར༌ཏེ། སྔོན་ཆད་ཨབ་ར་ཧམ་གྱིས་སི་ཀེམ་ཡུལ་གྱི་ཧ་མོར་གྱི་བུ་རབས་ཚ་རྒྱུད་རྣམས་ལས་ཉོས་པའི་དུར་དེར་བཅུག༌གོ། 17དེ་ཡང་དཀོན་མཆོག་གིས་ཨབ་ར་ཧམ་ལ་ཞལ་གྱིས་བཞེས་པའི་དུས་སླེབ་ལ་ཉེ་བའི་སྐབས༌དེར། ཡེས་ར་ཨེལ་མི་རིགས་ནི་ཨེ་ཅིབ་ཡུལ་ནས་མང་དུ་འཕེལ་ལོ།། 18དེ་ནས་ཡོ་སེབ་ལ་ཆ་རྒྱུས་མེད་པའི་ཨེ་ཅིབ་ཀྱི་རྒྱལ་པོ་གསར་པ་ཞིག་བྱུང༌སྟེ། 19དེས་བདག་ཅག་གི་རུས་རྒྱུད་ལ་གཡོ་སྒྱུ་བྱེད༌ཅིང༌། རང་རེའི་ཕ་མེས་ལའང་གནོད་འཚེ་བཏང་བ༌དང༌། ཁོ་རྣམས་ཀྱི་ཕྲུ་གུ་རྣམས་གསོད་པའི་ཆེད་དུ་ཕྱི་རོལ་ཏུ་འདོར་དགོས་པའི་བཀའ་གནང༌ངོ་།། 20དེའི་དུས༌སུ། མོ་ཤེ་འཁྲུངས་པ་དང་ཁོང་ནི་དཀོན་མཆོག་གི་སྤྱན༌སྔར་ཤིན་ཏུ་མཛེས་སོ༎ ཕ་གཞིས་སུ་ཟླ་བ་གསུམ་ལ་བསྐྱངས༌ཏེ། 21ཕྱི་རོལ་ཏུ་འདོར་སྐབས་ཕཱར་ཨོལ་གྱི་སྲས་མོས་ཚུར་བླངས་ཏེ་རང་གི་བུ་སྐལ་དུ་གཉོར་རོ།། 22དེ་ནས་མོ་ཤེ་ཡིས་ཨེ་ཅིབ་པ་རྣམས་ཀྱི་ཤེས་བྱ་ཐམས་ཅད་བསླབས་ནས་གཏམ་སྤྱོད་གཉིས་ཀྱི་ཆ་ལ་འཇོན་ཐང་ལྡན་པར་གྱུར༌ཏོ།། 23དེ་ནས་མོ་ཤེ་ལོ་བཞི་བཅུར་སོན་པ༌ན། ཁོང་གི་སེམས་སུ་རང་གི་སྤུན་ཟླ་སྟེ་ཡེས་ར་ཨེལ་གྱི་བུ་རྒྱུད་ལ་བལྟ་རུ་འགྲོ་བར་བསམས་པ་རེད། 24ཁོང་གནས་དེར་སླེབས་ཚེ་ཨེ་ཅིབ་ཀྱི་མི་ཞིག་གིས་དོན་མེད་དུ་ཡེས་ར་ཨེལ་གྱི་མི་ཞིག་ལ་གནོད་འཚེ་བྱེད་པ་མཐོང་བ་དང་མི་དེ་བསྐྱབས༌ཤིང༌། གནོད་འཚེ་བྱས་པའི་ལན་དུ་ཨེ་ཅིབ་ཀྱི་མི་དེ་བསད་དོ།། 25ཁོང་གི་སེམས་སུ་རང་ཉིད་ཀྱི་ལག་པ་བརྒྱུད་ནས་དཀོན་མཆོག་གིས་ཁོ་རྣམས་སྐྱོབ་བཞིན་པའི་དོན་དེ་སྤུན་ཟླ་རྣམས་ཀྱིས་ཤེས་ངེས་ཡིན་སྙམ་ནའང་དེ་རྣམས་ཀྱིས་མ་ཤེས་སོ།། 26དེའི་ཕྱི༌ཉིན། ཁོང་ཉིད་ཡེས་ར་ཨེལ་པ་གཉིས་ཀྱིས་འཛིང་རེས་བྱེད་བཞིན་ཡོད་པའི་གམ་དུ་སླེབས་ཤིང་འགྲིག་མཐུན་ཡོང་བར་ཁ་བསྒོ་འདི་ལྟར་བཏང༌བ་སྟེ། ཁྱོད་གཉིས་ནི་སྤུན་ཟླ་ཡིན་པས་ཅིའི་ཕྱིར་ཕན་ཚུན་ལ་བརྙས་བཅོས་བྱེད་པ་ཡིན་ཞེས་སྨྲས་པ༌ན། 27སྤུན་ཟླ་ལ་བརྙས་བཅོས་བྱེད་མཁན་དེས་མོ་ཤེ་ལ་ཕུད་རྒྱག་བྱས་ཏེ་ན༌རེ། སུ་ཞིག་གིས་ཁྱོད་རང་ངེད་ཅག་གི་མགོ་བ་དང་ཁྲིམས་དཔོན་དུ་བསྐོས་པ་ཡིན༌ནམ། 28ཁྱོད་ཀྱིས་ཁ་སང་ཨེ་ཅིབ་ཀྱི་མི་དེ་བསད་པ་བཞིན་དུ་ང་རང་ཡང་གསོད་འདོད་པ་ཡིན་ནམ་ཞེས་སྨྲས་པ༌དང༌། 29མོ་ཤེས་གཏམ་དེ་ཐོས་མ་ཐག་མིད༌ཡཱན་ཡུལ་དུ་བྲོས་ཏེ་བྱེས་སུ་བསྡད་པ༌དང༌། ཡུལ་དེ་རུ་ཁོང་ལ་བུ་གཉིས་སྐྱེས༌སོ།། 30དེ་ནས་ལོ་བཞི་བཅུ་འགོར་བ༌དང༌། སི་ནཱ་རི་བོའི་དབེན་སྟོང་དུ་ཚེར་སྡོང་འབར་བའི་མེ་ལྕེ་ཁྲོད་ནས་ཕོ་ཉ་ཞིག་ཁོང་ལ་གསལ་པོར་མངོན༌བྱུང༌། 31མོ་ཤེ་ཡིས་དོན་དེ་མཐོང་བ་དང་ངོ་མཚར་སྐྱེས་ཤིང་ཉེ་སར་བལྟ་རུ་བཅར་བ༌ལ། གཙོ་བོའི་གསུང་སྐད་བྱུང༌སྟེ། 32བདག་ནི་ཁྱོད་ཀྱི་མེས་པོ་རྣམས་ཀྱི་དཀོན་མཆོག༌སྟེ། ཨབ་ར་ཧམ༌དང༌། ཨི༌སཱག ཡ་ཀོབ་བཅས་ཀྱི་དཀོན་མཆོག་ཡིན་ཞེས་གསུངས་པ༌དང༌། མོ་ཤེ་ཤིན་ཏུ་སྐྲག་ཅིང་འདར་ནས་བལྟ་ཡང་མ་ནུས་སོ།། 33དེ་ནས་གཙོ་བོས་ཁོང་ལ་འདི་སྐད༌དུ། ཁྱོད་རང་ལངས་ནས་སྡོད་ས་འདི་ནི་གནས་དམ་པ་ཡིན་པས། ཁྱོད་ཀྱིས་བསིལ་ལྷམ་དེ་ཕུད་ཅིག 34ངའི་མི་རྒྱུད་ཀྱིས་ཨེ་ཅིབ་ཡུལ་དུ་མྱངས་པའི་དཀའ་སྡུག་དེ་ངས་དངོས་སུ་མཐོང༌ཞིང༌། དེ་དག་གིས་སྐྱོ་གདུང་གི་ངུ་སྐད་འབྱིན་པའང་ཐོས། ད་ལྟ་ང་རང་མར་ཁོ་རྣམས་སྐྱོབ་ཏུ་ཡོང༌བས། ཤོག༌དང༌། ངས་ཁྱོད་རང་ཨེ་ཅིབ་ཡུལ་དུ་མངག་པར་བྱའོ་ཞེས་གསུངས་མྱོང༌ངོ༌།། 35དེ་ཡང་མི་རྒྱུད་ཀྱིས་མོ་ཤེ་རིང་དུ་སྤངས་ཏེ་ན༌རེ། སུ་ཞིག་གིས་ཁྱོད་རང་ངེད་ཅག་གི་མགོ་བ་དང་ཁྲིམས་དཔོན་དུ་བསྐོས་པ་ཡིན་ནམ་ཞེས་སྨྲས༌ནའང༌། དཀོན་མཆོག་གིས་ཚེར་སྡོང་གི་ཁྲོད་དུ་ཁོང་གི་ཕོ་ཉ་གསལ་པོར་མངོན་པའི་སྒོ་ནས་མོ་ཤེ་ནི་མགོ་བ་དང་མགོན་སྐྱབས་སུ་མངགས་སོ།། 36ཡང་མོ་ཤེས་མི་རྒྱུད་ཕྱི་རོལ་ཏུ་ཁྲིད༌དེ། ཨེ་ཅིབ༌དང༌། རྒྱ་མཚོ་དམར༌པོ། དབེན་སྟོང་ཡུལ་བཅས་ནས་ལོ་ངོ་བཞི་བཅུའི་རིང་ལ་ངོ་མཚར་བའི་དོན་དང་གྲུབ་རྟགས་སྣ་ཚོགས་བསྟན་ཏོ།། 37ཡང་མོ་ཤེ་ནི་སྔོན་ཆད་ཡེས་ར་ཨེལ་གྱི་བུ་རྒྱུད་ལ་འདི་ལྟར། དཀོན་མཆོག་གིས་ཁྱོད་ཅག་གི་དོན་དུ་བདག་དང་འདྲ་བའི་ལུང་སྟོན་པ་ཞིག་ཁྱོད་ཀྱི་སྤུན་ཟླ་རྣམས་ཀྱི་ཁྲོད་དུ་བཞུགས་པར་མཛད་ཅེས་གསུངས་མཁན་དེ་ཉིད་ཡིན། 38ཡང་མོ་ཤེ་ནི་དབེན་སྟོང་ཡུལ་དུ་མི་ཚོགས་ནང་དུ་གནས༌ཤིང༌། ཡང་སི་ནཱ་རི་བོའི་རི་འགོར་ཕོ་ཉ་དང་མཉམ་དུ་བསྡད་ནས་ཕོ་ཉས་ཁོང་ལ་གསུང་མོལ་གནང༌ཞིང་། ཁོང་ཉིད་བདག་ཅག་གི་མེས་པོ་དང་ལྷན་དུ་བཞུགས་པ༌དང༌། ཡང་ཁོང་གིས་གསོན་ཤུགས་ལྡན་པའི་བཀའ་དང་དུ་བླངས་ནས་བདག་ཅག་ལའང་བསྒྲགས་སོ།། 39འོན༌ཀྱང༌། བདག་ཅག་གི་མེས་པོ་རྣམས་ཀྱིས་ཁོང་གི་གསུང་དེ་ལ་མི་ཉན་པར་ཁོང་ཉིད་སྤངས་ཤིང་ཡིད་སེམས་ཨེ་ཅིབ་ཀྱི་ཕྱོགས་སུ་འཁོར༌ཏེ། 40ཨ་རོན་ལ་ན་རེ། ངེད་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རོལ་ཏུ་ཁྲིད་ཡོང་བའི་མོ་ཤེ་དེ་ལ་ཅི་བྱུང་བ་མི་ཤེས༌པས། ཁྱོད་ཀྱིས་ངེད་ཅག་ལ་ལམ་ཁྲིད་པའི་ཆེད་དུ་ལྷ་སྐུ་འགའ་བཞེངས་པར་མཛོད་ཅེས་ཞུས་མྱོང་། 41དེའི་དུས༌སུ། ཁོ་རྣམས་ཀྱིས་བ་ཕྲུག་ཞིག་གི་བླུགས་བརྙན་བྱས༌ཤིང༌། དེ་ལ་མཆོད་པ་ཕུལ་ཏེ་རང་གི་ལག་པས་བཟོས་པ་ལ་དགའ་སྣང་ཆེན་པོ་སྐྱེས། 42དེའི༌ཕྱིར། དཀོན་མཆོག་གིས་དེ་དག་ལ་རྒྱབ་ཕྱོགས་ནས་རང་འདོད་དུ་ནམ་མཁའི་ཉི་ཟླ་སྐར་གསུམ་ལ་དད་མོས་བྱེད་དུ་བཅུག དེ་ནི་ལུང་སྟོན་པའི་མདོ་ལས་ཇི་སྐད༌དུ། ཀྱེ་ཀྱེ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད༌ཁྱོད།། དབེན་སྟོང་ཡུལ་ནས་བགྲང་བྱ་བཞི་བཅུའི༌རིང༌།། དམར་མཆོད་དང་ནི་མཆོད་པ་སྣ་ཚོགས༌པ།། བདག་ལ་ཕུལ་བ་གཏན་ནས་མ་ཡིན༌ནོ།། 43མའོ་ལག་ཅེས་པའི་ལྷ་སྐུའི་གུར་ཁང༌དང༌།། གཟའ་སྐར་རེམ་ཕཱའི་ལྷ་སྐུ་གྱེན་དུ༌བཏེགས།། ཁྱོད་རྣམས་ལྷ་སྐུ་བཟོས་པར་ཕྱག་འཚལ༌ཕྱིར།། བདག་གིས་ཁྱོད་དང་ཁྱོད་ཀྱི་མི་རྣམས༌ཀུན།། པཱ་པིས་ལུན་གྱི་མཐའ་ལ་སྤྱུག་པར༌བྱ།། ཞེས་བཀོད་པ་བཞིན༌ནོ།། 44དབེན་སྟོང་ཡུལ་དུ་བདག་ཅག་གི་མེས་པོ་ལ་དཔང་པོའི་གུར་མཆོག་ཡོད༌ཅིང༌། དེ་ནི་དཀོན་མཆོག་གིས་མོ་ཤེ་ལ་བཀའ་གནང་བ་དང་དཔེ་བསྟན་པ་བཞིན་མེས་པོ་རྣམས་ཀྱིས་བཟོས༌པའང་ཡིན། 45མེས་པོ་དེ་དག་གི་བུ་རབས་ཚ་རྒྱུད་ལའང་གུར་མཆོག་དེ་ཐོབ་པ་དང་དཀོན་མཆོག་གིས་ཁོ་རྣམས་ཀྱི་མདུན་ནས་ཕྱི་ཕྱོགས་ཀྱི་མི་རིགས་སོ་སོ་ས་མཐར་སྤྱུགས༌ཤིང༌། མེས་པོ་རྣམས་ཀྱིས་ཀྱང་མི་རིགས་དེ་དག་ལ་བཙན་འཛུལ་བྱེད་པའི་སྐབས༌སུ། ཁོ་རྣམས་ཀྱིས་ཡོ་ཤུ་ཨ་དང་མཉམ་དུ་གུར་མཆོག་དེ་ཡུལ་འདིར་ཁུར་ཅིང་། དེ་ནི་དཱ་བིད་ཀྱི་བར་དུ་གནས་པར་གྱུར་ཏོ།། 46དེ་ནས་དཱ་བིད་ལ་དཀོན་མཆོག་གི་ཐུགས་རྗེ་ཐོབ༌ཅིང༌། ཁོས་མེས་པོ་ཡ་ཀོབ་ཀྱིས་དད་པ་བྱེད་པའི་དཀོན་མཆོག་ལ་བཞུགས་གནས་ཤིག་བཞེང་རྒྱུའི་རེ་འདུན་ཞུས༌མོད། 47འོན་ཀྱང་དཀོན་མཆོག་ལ་བཞུགས་གནས་བཞེང་མཁན་ནི་སོ་ལོ་མོན་ཡིན། 48དོན་དམ་དུ་བླ་ན་མེད་པའི་དཀོན་མཆོག་ནི་མིའི་ལག་པས་བརྩིགས་པའི་ཁང་པར་མི་བཞུགས༌ཏེ། དེ་ནི་ལུང་སྟོན་པས་ཇི་སྐད༌དུ། 49ནམ་མཁའི་བང་རིམ་ང་ཡི་བཞུགས་ཁྲི༌དང༌།། དོག་མོ་ས་གཞི་ང་ཡི་ཞབས་སྟེགས༌ཏེ།། ཁྱོད་ཀྱིས་བདག་ལ་བཞུགས་གནས་ཅི་འདྲ༌བཞེང་།། བདག་གི་བསྟི་གནས་དེ་ནི་གང་དུ༌འདུག ། 50འཇིག་རྟེན་ཐམས་ཅད་བདག་གིས་བཟོས་མིན༌ནམ།། གཙོ་བོ་ལགས་ཀྱིས་དེ་སྐད༌གསུངས་པ་ཡིན།། ཞེས་གསུངས་པ་བཞིན༌ནོ།། 51ཁྱོད་རྣམས་ནི་ཇི་འདྲའི་ཨུ་ཚུགས་ཆེ་བ༌དང༌། སེམས་དང་རྣ་བ་བཏུལ་མེད་པ་རྣམས་ཀྱིས་རྟག་ཏུ་དམ་པའི་ཐུགས་ཉིད་ལ་རྒོལ་བར་བྱེད༌དེ། ཁྱོད་ཅག་གི་མེས་པོས་ཅི་ལྟར་བྱས་ན་ཁྱོད་རྣམས་ཀྱིས་ཀྱང་དེ་ལྟར་བྱེད༌པ་ཡིན། 52ལུང་སྟོན་པ་སུ་ཞིག་ལ་ཁྱོད་ཅག་གི་མེས་པོ་རྣམས་ཀྱིས་གནོད་འཚེ་མ་བྱས་སམ། སྔ་མོ་ནས་སྐྱེས་བུ་རྣམ་དག་དེ་ཉིད་ཕེབས་པར་འགྱུར་ཚུལ་སྒྲོག་མཁན་ཡང་ཁྱོད་ཅག་གི་མེས་པོས་བསད་པ་མ་ཡིན༌ནམ། ད་ལྟའང་ཁྱོད་ཅག་གིས་སྐྱེས་བུ་རྣམ་དག་དེ་ཉིད་ལ་ངོ་ལོག་བྱས་ཤིང་བཀྲོངས༌པ་དང་། 53གཞན་ཡང་ཁྱོད་ཅག་ལ་ཕོ་ཉ་ལས་བཀའ་ཁྲིམས་ཐོབ་ནའང་དེ་མ་བསྲུངས་པ་རེད་ཅེས་གསུངས༌སོ།།

སི་ཏེ་ཕཱན་རྡོ་རུབ་ལ་བཏང་བ།

54དེ་ནས་མི་རྣམས་ཀྱིས་གཏམ་དེ་དག་ཐོས་པ་དང་ཤིན་ཏུ་ཁྲོས་ཏེ་སི་ཏེ་ཕཱན་གྱི་ཐོག་ཨམ་གཙིགས་བསྡམས༌པ་རེད། 55འོན༌ཀྱང༌། སི་ཏེ་ཕཱན་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ༌ཅིང༌། ཁོང་གིས་ནམ་མཁའི་ཞིང་ཁམས་ལ་ཅེ་རེར་བལྟས་པ༌ན། དཀོན་མཆོག་གི་གཟི་བརྗིད་མཐོང་ཞིང་སྐྱབས་མགོན་ཡེ་ཤུའང་དཀོན་མཆོག་གི་གཡས་ཕྱོགས་སུ་བཞེངས་འདུག་པ་མཐོང༌བས། ཁོ་ན༌རེ། 56ལྟོས་དང་། ནམ་མཁའི་ཞིང་ཁམས་ཀྱི་སྒོ་ཕྱེ་ཡོད༌ཅིང༌། མིའི་བུ་དཀོན་མཆོག་གི་གཡས་ཕྱོགས་སུ་བཞེངས་འདུག་པའང་བདག་གིས་མཐོང་ཞེས་གསུངས་པ༌ལ། 57མི་དེ་རྣམས་ཀྱིས་གཏམ་དེར་ཉན་འདོད་མེད་པར་སྐད་ཆེན་པོས་འུར་བརྒྱབ༌ཅིང༌། ལག་པས་རྣ་བ་བཀབ་པ་དང་མཉམ་དུ་སི་ཏེ་ཕཱན་གྱི་མདུན་དུ་བརྒྱུགས༌ཏེ། 58ཁོང་ཉིད་གྲོང་ཁྱེར་ཕྱི་རོལ་ཏུ་བསྐྲད་ནས་རྡོ་རུབ་བཏང་བ༌དང༌། དཔང་པོ་བྱེད་མཁན་རྣམས་ཀྱིས་ཀྱང་རང་གི་ཕྱི་གོས་ཕུད་དེ་སོ་ལོ་ཞེས་པའི་ན་གཞོན་ཞིག་གི་མདུན་དུ་བཞག་གོ། 59དེ་རྣམས་ཀྱིས་སི་ཏེ་ཕཱན་རྡོ་རུབ་ལ་གཏོང་བཞིན་པའི་དུས༌སུ། སི་ཏེ་ཕཱན་གྱིས། ཀྱེ། གཙོ་བོ་ཡེ་ཤུ༌ལགས། བདག་གི་རྣམ་ཤེས་ཁུར་དུ་བཞེས་པར་མཛོད་ཅེས་གསོལ་བ་བཏབ་པ༌དང༌། 60ཡང་པུས་མོ་སར་བཙུགས་ཏེ་སྐད་ཆེན༌པོས། ཀྱེ། གཙོ་བོ་ལགས། ཉེས་པ་འདི་དག་ཁོ་རྣམས་ལས་ལེན་པར་མཛོད་ཅེས་གསུངས་པ་དང་གཟིམས༌སོ།།

མཛད་པ 8

ཡེ་རུ་སཱ་ལེམ་གྱི་ཆོས་ཚོགས་གཏོར༌བ།

1སི་ཏེ་ཕཱན་བསད་པའི་དོན་དེར་སོ་ལོའང་ཡིད་འཐད༌དོ།། ཉིན༌དེར། ཡེ་རུ་སཱ་ལེམ་གྱི་ཆོས་ཚོགས་ལ་གནོད་འཚེ་ཆེན་པོ་ཐེབས༌ཏེ། སྐུ་ཚབ་པ་རྣམས་ལས་གཞན་རྗེས་འབྲང་པ་ཐམས་ཅད་ཡ་ཧུ་དཱ་དང་སཱ་མར་ཡ་ཡུལ་སོ་སོར་ཁ་ཐོར་དུ་སོང༌བ་རེད། 2དད་གུས་ཡོད་པའི་མི་རྣམས་ཀྱིས་སི་ཏེ་ཕཱན་གྱི་བེམ་པོ་དུར་ལ་སྦས་ཤིང་མྱ་ངན་དྲག་ཏུ་ཞུས་སོ།། 3འོན༌ཀྱང༌། སོ་ལོ་ཡིས་ཆོས་ཚོགས་ལ་གནོད་པ་ཆེན་པོ་བཟོས༌ཤིང༌། ཁྱིམ་ཚང་རེ་རེར་སོང་ནས་སྐྱེས་ཕོ་མོ་རྣམས་བཙན་ཁྲིད་བྱས་ཏེ་བཙོན་དུ་བཅུག༌གོ།

ཕི་ལིབ་ཀྱིས་སཱ་མར་ཡ་ཡུལ་དུ་ཆོས་གསུངས༌པ།

4དེ་ནས་ཁ་ཐོར་དུ་སོང་བའི་མི་དེ་རྣམས་ཡུལ་སོ་སོར་སོང་ནས་དཀོན་མཆོག་གི་བཀའ་བསྒྲགས་སོ།། 5ཕི་ལིབ་ཀྱང་མར་སཱ་མར་ཡ་གྲོང་ཁྱེར་དུ་སོང་ནས་སྐྱབས་མགོན་མཱ་ཤི་ཀའི་ཆོས་བསྒྲགས༌ཤིང༌། 6མི་ཚོགས་ཀྱིས་ཆོས་ཐོས་པ་དང་ཕི་ལིབ་ཀྱིས་བསྟན་པའི་གྲུབ་རྟགས་རྣམས་ཀྱང་མཐོང་སྟེ་བློ་སེམས་གཅིག་མཐུན་གྱིས་ཁོང་གི་གསུང་ལ་མཉན་ནོ།། 7མི་མང་པོ་གདོན་འདྲེས་བཟུང་ཡོད་ཅིང་གདོན་འདྲེ་དེ་དག་གིས་སྐད་ཆེན་པོ་བརྒྱབ༌སྟེ། ཁོ་རྣམས་ཀྱི་ལུས་ནས་ཕྱིར་བུད་པ༌དང༌། གཞན༌ཡང༌། ཞ་བོ་དང་གྱོལ་པོ་མང་པོ་ཡོད་པ་རྣམས་ཀྱང་ནད་ལས་ཐར་བས། 8གྲོང་ཁྱེར་དེའི་ནང་དུ་དགའ་སྤྲོ་ཆེན་པོ་བྱུང༌ངོ༌།།

རྫུ་འཕྲུལ་པ་སི་མོན་གྱི༌སྐོར།

9དེ་ཡང་མིང་ལ་སི་མོན་ཟེར་བའི་མི་ཞིག་ཡོད་པ༌དེས། སྔར་ནས་གྲོང་ཁྱེར་དེ་རུ་རྫུ་འཕྲུལ་བསྟན་ཅིང་རང་རློམ་ཆེ་བས་སཱ་མར་ཡ་པ་རྣམས་ཧ་ལས་སུ་བཅུག་གོ། 10རྒན་གཞོན་ཡོངས་ཀྱིས་ཀྱང་ཁོའི་གཏམ་ལ་ཉན༌ཞིང༌། མི་འདི་ནི་དཀོན་མཆོག་གི་ནུས་མཐུ་ཆེན་པོ་ཟེར་བ་དེ་ཡིན་ཞེས་སྨྲས་སོ།། 11ཁོས་ཡུན་རིང་པོར་མི་དེ་རྣམས་ལ་རྫུ་འཕྲུལ་བསྟན་ནས་ཁོ་རྣམས་ཧ་ལས་སུ་བཅུག་པས་མི་རྣམས་ཀྱིས་ཁོའི་གཏམ་ལའང་མཉན་པ་རེད། 12འོན་ཀྱང་ཕི་ལིབ་ཀྱིས་དཀོན་མཆོག་གི་རྒྱལ་སྲིད་སྐོར་གྱི་འཕྲིན་བཟང་དང་ཡེ་ཤུ་མཱ་ཤི་ཀའི་མཚན་བསྒྲགས་པ་ལ་མི་དེ་རྣམས་ཀྱིས་དད་པ་བྱས་ཏེ་སྐྱེས་ཕོ་མོ་རྣམས་ཁྲུས་གསོལ་ལ་ཞུགས་པ༌དང༌། 13སི་མོན་རང་ཉིད་ཀྱང་དད་པར་གྱུར་ནས་ཁྲུས་གསོལ་ལ་ཞུགས་ཤིང་རྟག་ཏུ་ཕི་ལིབ་ལ་འགྲོགས་པ༌དང༌། ཕི་ལིབ་ཀྱིས་བསྟན་པའི་གྲུབ་རྟགས་དང་ངོ་མཚར་ཆེ་བའི་དོན་རྣམས་མཐོང་ནས་ཧ་ལས་པར་གྱུར༌ཏོ།། 14དེ་ཡང་ཡེ་རུ་སཱ་ལེམ་དུ་སྡོད་པའི་སྐུ་ཚབ་པ་རྣམས་ཀྱིས་སཱ་མར་ཡ་པ་རྣམས་ཀྱིས་དཀོན་མཆོག་གི་བཀའ་དང་དུ་བླངས་པ་ཐོས༌ཏེ། པེ་ཏྲོ་དང་ཡོ་ཧ་ནན་གཉིས་དེ་དག་གི་གམ་དུ་མངགས་སོ།། 15དེ་ནས་ཁོང་གཉིས་གནས་དེར་སླེབས་པ་དང་མི་དེ་རྣམས་ལ་དམ་པའི་ཐུགས་ཉིད་འཐོབ་པའི་ཕྱིར་གསོལ་བ་བཏབ། 16རྒྱུ་མཚན་ནི་ཁོ་རྣམས་གཙོ་བོ་ཡེ་ཤུའི་མཚན་ལ་བརྟེན་ནས་ཁྲུས་གསོལ་ལ་ཞུགས༌ཀྱང༌། སྐབས༌དེར། དམ་པའི་ཐུགས་ཉིད་ད་དུང་མི་སུ་ཞིག་གི་སྟེང་དུའང་མ་བབས༌སོ།། 17དེ་ནས་སྐུ་ཚབ་པ་གཉིས་ཀྱིས་མི་དེ་རྣམས་ཀྱི་ལུས་ལ་ཕྱག་བཞག་པ་དང་དེ་རྣམས་ལ་དམ་པའི་ཐུགས་ཉིད་ཐོབ་པ་རེད། 18དེ་ནས་སྐུ་ཚབ་པ་གཉིས་ཀྱིས་མི་རྣམས་ཀྱི་ལུས་ལ་ཕྱག་བཞག་ནས། དམ་པའི་ཐུགས་ཉིད་ཐོབ་པ་སི་མོན་གྱིས་ཀྱང་མཐོང་བས། ཁོང་གཉིས་ལ་དངུལ་འབུལ་གྲབས་བྱས་ཏེ་ན༌རེ། 19ངས་ཀྱང་མི་སུ་ཞིག་གི་ལུས་ལ་ལག་པ་བཞག༌ན། དེ་ལ་དམ་པའི་ཐུགས་ཉིད་འཐོབ་ཕྱིར་དབང་འདི་བདག་ལ་གནང་བར་མཛོད་ཅེས་ཞུས་པ༌ལ། 20པེ་ཏྲོས་འདི་སྐད༌དུ། ཁྱོད་ཀྱིས་དཀོན་མཆོག་གི་གནང་སྦྱིན་ནི་དངུལ་ལ་བརྟེན་ནས་ཉོ་ཐུབ་པར་བསམས༌པས། ཁྱོད་ཀྱི་དངུལ་དང་ཁྱོད་རང་གཉིས་མཉམ་དུ་མེད་པར་གྱུར༌ཅིག 21དཀོན་མཆོག་གི་དྲུང་དུ་ཁྱོད་ནི་སེམས་རྒྱུད་མི་དྲང་བས་ཁྱོད་ལ་ལས་འགན་འདིའི་སྟེང་དུ་སྐལ་བ་དང་འབྲེལ་བ་ཅི་ཡང་མེད། 22ཁྱོད་ཀྱིས་རང་གི་ནག་ཉེས་འདི་ལས་འགྱོད་བཤགས་བྱོས་དང་། གཙོ་བོ་ལ་གསོལ་བ་ཐོབས་ཤིག དེ་ནས་ཁྱོད་ཀྱི་སེམས་ཁོང་གི་བསམ་ཚུལ་ལ་གུ་ཡངས་འཐོབ་ཀྱང་སྲིད་དོ།། 23ཁྱོད་ནི་ཕྲག་དོག་གིས་ཁེངས་ཤིང་སྡིག་པས་བཅིངས་ཡོད་པའང་ངས་མཐོང་བ་ཡིན་ཞེས་གསུངས་སོ།། 24དེ་ནས་སི་མོན་ན༌རེ། ཁྱོད་ཅག་གིས་བཤད་པ་རྣམས་ངའི་སྟེང་དུ་ཅིའང་མི་འབྱུང་བའི༌ཕྱིར། ངའི་དོན་དུ་གཙོ་བོ་ལ་གསོལ་བ་འདེབས་པར་མཛོད་ཅེས་ཞུས་སོ།། 25དེ་ནས་སྐུ་ཚབ་པ་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀྱིས་གཙོ་བོའི་བཀའ་ལ་བདེན་དཔང་དང་བརྒྱུད་སྒྲོག་བྱས༌ཤིང༌། ཕྱིར་ཡེ་རུ་སཱ་ལེམ་དུ་ལོག་པ་དང་ལམ་བར་དུ་སཱ་མར་ཡ་ཡུལ་གྱི་གྲོང་སྡེ་མང་པོ་ལ་འཕྲིན་བཟང་བསྒྲགས༌སོ།།

ཕི་ལིབ་དང་ཨེ་ཐི་ཨོ་པི་ཡཱའི་རྒྱལ་ཁབ་ཀྱི་ཉུག་རུམ༌པ།

26དེ་ཡང་གཙོ་བོའི་ཕོ་ཉ་ཞིག་གིས་ཕི་ལིབ་ལ་འདི་སྐད༌དུ། ཡར་ལོངས༌དང༌། ལྷོ་ཕྱོགས་སུ་ཡོད་པའི་ཡེ་རུ་སཱ་ལེམ་ནས་ག་ཟཱ་རུ་འགྲོ་བའི་དབེན་སྟོང་གི་ལམ་དེར་སོང་ཞིག་ཅེས་བཀའ་བསྩལ་ཏོ།། 27དེ་ནས་ཕི་ལིབ་ལམ་ལ་ཆས་པ༌ན། ལམ་བར༌དུ། ཨེ་ཐི་ཨོ་པི་ཡཱ་རྒྱལ་ཁབ་ཀྱི་དབང་ཐང་ཅན་གྱི་ཉུག་རུམ་པ༌སྟེ། རྒྱལ་ཁབ་དེའི་ཀན་དཱ་ཀེ་བྱ་བའི་རྒྱལ་མོའི་དངུལ་མཛོད་ཁང་གི་སྤྱི་གཉེར་པ་དེ་ཉིད་ཡེ་རུ་སཱ་ལེམ་ལ་མཇལ་དུ་སོང༌ཞིང༌། 28ད་ལྟ་ཤིང་རྟར་བསྡད་ནས་ཕྱིར་ལོག་པའི་ལམ་དུ་ལུང་སྟོན་པ་ཡེ་ཤ་ཡཱའི་མདོ་ཀློག་གིན་ཡོད་པ་རེད། 29དེ་ནས་དམ་པའི་ཐུགས་ཉིད་ཀྱིས་ཕི་ལིབ་ལ་འདི་སྐད༌དུ། ཁྱོད་རང་ཤིང་རྟ་དེའི་གམ་དུ་སོང་ཞིག་ཅེས་གསུངས་པ༌དང༌། 30ཕི་ལིབ་ཀྱང་དེ་བཞིན་དུ་ཉུག་རུམ་པའི་གམ་དུ་བརྒྱུགས༌ཤིང༌། དེས་ལུང་སྟོན་པ་ཡེ་ཤ་ཡཱའི་མདོ་ཀློག་གིན་ཡོད་པ་ཐོས་ཏེ་ན༌རེ། ཁྱོད་ཀྱིས་ཀློག་བཞིན་པའི་དོན་དེ་རྟོགས་སམ་ཞེས་དྲིས་པ༌ན། 31ཁོ་ན༌རེ། བདག་ལ་ཁྲིད་སྟོན་བྱེད་མཁན་མེད༌པས། ངས་ཅི་ལྟར་རྟོགས་ནུས་ཞེས་སྨྲས༌ཤིང༌། ཕི་ལིབ་ཤིང་རྟའི་ནང་དུ་ཁོ་དང་མཉམ་དུ་བཞུགས༌པར་གདན་དྲངས་པ་དང་། 32ཁོས་ཀློག་བཞིན་པའི་མདོ་ནི་འདི་ལྟ༌སྟེ། ཁོང་ནི་ཤན་པའི་མདུན་དུ་ལུག་ལྟར༌ཁྲིད།། བལ་འབྲེག་པ་ཡི་གམ་གྱི་ལུ་གུ༌བཞིན།། སྐད་སྒྲ་མེད་པར་ཁོང་གིས་ཅང་མི༌སྨྲ།། 33གཞན་གྱིས་ཁོང་ལ་འཕྱ་ཞིང་དམོད་པ༌དང༌།། བདེན་པའི་ཁྲིམས་ཐག་གཏན་ནས་མེད་པར༌བཟོས།། ཁོང་གི་ཚེ་སྲོག་ས་ལས་བཅད་པའི༌ཕྱིར།། ཁོང་གི་གདུང་རྒྱུད་སུ་ཡིས་འཆད་ནུས༌སམ།། ཞེས་གསུངས་ཡོད་པ༌དེའོ།། 34དེ་ནས་ཉུག་རུམ་པ་ན༌རེ། ལུང་སྟོན་པས་ལུང་བསྟན་འདི་ནི་རང་གཞན་སུ་ལ་གསུངས་པ་བདག་ལ་གསུང་བར་མཛོད་ཅེས་སྨྲས་པ༌དང༌། 35ཕི་ལིབ་ཀྱིས་མདོ་དེ་ནས་མགོ་བཟུང་སྟེ་སྐྱབས་མགོན་ཡེ་ཤུའི་དོན་རྣམས་ཉུག་རུམ་པར་གསུངས་སོ།། 36དེ་ནས་ཁོ་གཉིས་མདུན་དུ་སྐྱོད་བཞིན་ཆུ་ཡོད་པའི་ས་ཆ་ཞིག་ཏུ་སླེབས་པ༌ན། ཉུག་རུམ་པ་ན༌རེ། ལྟོས༌དང༌། འདི་རུ་ཆུ་ཡོད༌དེ། ང་རང་ཁྲུས་གསོལ་ལ་ཞུགས་ན་མི་འོས་པ་ཅི་ཡོད་ཅེས་སྨྲས་པ༌ལ། 37ཕི་ལིབ་ན༌རེ། ཁྱོད་ཀྱིས་བློ་སེམས་རྩེ་གཅིག་གིས་དད་པ་བྱས་ན་ཆོག་པ་ཡིན་ཞེས་བཤད་ཅིང༌། ཁོས་ཀྱང་ཡེ་ཤུ་མཱ་ཤི་ཀ་ནི་དཀོན་མཆོག་གི་སྲས་ཡིན་པར་ངས་དད་པ་བྱེད་ཅེས་སྨྲས་པ༌དང༌། 38ཤིང་རྟ་བགྲོད་མཚམས་འཇོག་པར་བཀའ་བསྒོས༌ཏེ། ཁོ་གཉིས་ཆུ་རུ་ཞུགས་ཤིང་ཕི་ལིབ་ཀྱིས་ཁོ་ལ་ཁྲུས་གསོལ་མཛད་དོ།། 39དེ་ནས་ཁོ་གཉིས་ཆུ་ལས་ཕྱིར་འབུད་པའི་དུས༌སུ། གཙོ་བོའི་ཐུགས་ཉིད་ཀྱིས་གློ་བུར་དུ་ཕི་ལིབ་གནས་གཞན་དུ་དྲངས༌ཤིང༌། ཉུག་རུམ་པས་ཕི་ལིབ་མ་མཐོང་ཡང་དགའ་སྤྲོའི་ངང་ལམ་ལ་ཆས་སོ།། 40ཕྱིས༌སུ། ཨ་ཟོད་ཅེས་པའི་གྲོང་ཁྱེར་ལ་ཕི་ལིབ་མངོན་སུམ་དུ་སླེབས་ཤིང་། ཁོ་རང་གྲོང་ཁྱེར་ཀུན་ཏུ་རྒྱུ་ཞིང་ཀེ་སར་ཡཱ་རུ་སླེབས་པའི་བར་དུ་འཕྲིན་བཟང་བསྒྲགས༌སོ།།

མཛད་པ 9

སོ་ལོ་སྐྱབས་མགོན་ཡེ་ཤུར་དད༌པ།

1དེའི་དུས༌སུ། སོ་ལོ་ཡིས་མུ་མཐུད་དུ་གཙོ་བོའི་རྗེས་འབྲང་པ་རྣམས་ལ་འཇིགས་སྐུལ་བྱས་པ་དང་དམར་གསོད་ཀྱི་གཏམ་སྨྲ་བཞིན་ཡོད་པ༌དང༌། མཆོད་དཔོན་ཆེན་པོའི་དྲུང་དུ་སོང༌སྟེ། 2མཱ་ཤི་ཀའི་ཆོས་ཀྱི་ལམ་དེ་ལ་ཞུགས་མཁན་ཡོད༌ན། ཕོ་མོ་གང་ཡིན་ཡང་བཙན་བཟུང་བྱས་ནས་ཡེ་རུ་སཱ་ལེམ་དུ་འཁྲིད་ཆོག་པའི༌ཕྱིར། དཱ་མེ་སེག་ཏུ་ཡོད་པའི་ཆོས་ཁང་སོ་སོ་ལ་འཕྲིན་ཡིག་གནང་བར་ཞུས། 3དེ་ནས་སོ་ལོ་ལམ་ལ་ཆས་ཏེ་དཱ་མེ་སེག་གི་ཉེ་སར་སླེབས་པ༌ན། གློ་བུར༌དུ། ནམ་མཁའི་ཞིང་ཁམས་ནས་ཁོའི་ཕྱོགས་བཞིར་འོད་འཁྱུགས་ཤིང་འཚེར་བ༌དང༌། 4ཁོ་རང་སར་འགྱེལ་ཞིང་སྐད་སྒྲ་ཞིག་གིས་འདི་སྐད་དུ། ཀྱེ། སོ༌ལོ། སོ་ལོ། ཁྱོད་ཀྱིས་བདག་ལ་གནོད་འཚེ་བྱེད་དོན་ཅི་ཡིན་ནམ་ཞེས་གསུངས་པ་ཐོས༌ནས། 5ཁོ་ན༌རེ། ཀྱེ་གཙོ་བོ༌ལགས། ཁྱེད་རང་སུ་ཡིན་ནམ་ཞེས་ཞུས་པ༌ལ། ཁོང་གིས་འདི་སྐད༌དུ། བདག་ནི་ཁྱོད་ཀྱིས་གནོད་འཚེ་བྱེད་བཞིན་པའི་ཡེ་ཤུ་ཡིན། 6ཁྱོད་ཡར་ལངས་ནས་གྲོང་ཁྱེར་དེར་སོང༌དང༌། ཁྱོད་ཀྱིས་ཅི་བྱ་དགོས་པ་དེ་མི་གཞན་གྱིས་ཁྱོད་ལ་སྨྲ་བར་ངེས་ཞེས་གསུངས་སོ།། 7ལམ་གྲོགས་རྣམས་ཀྱིས་ཀྱང་སྐད་དེ་ཐོས་པ་ལས་མི་སུ་ཡང་མ་མཐོང་བས་ཡར་ལངས་ནས་བསྡད་ཅིང་ཅི་ཡང་སྨྲ་མ་ནུས་སོ།། 8དེ་ནས་སོ་ལོ་ས་ནས་ཡར་ལངས་ཏེ་མིག་ཕྱེས་ཚེ་ཅིའང་མ་མཐོང༌ཞིང་། ལམ་གྲོགས་རྣམས་ཀྱིས་ཁོའི་ལག་པར་འཇུས་ནས་དཱ་མེ་སེག་ཏུ་ཁྲིད་པ༌དང༌། 9ཁོས་ཉིན་གསུམ་གྱི་རིང་ལ་མིག་གིས་ཅི་ཡང་མ་མཐོང་ཞིང་བཟའ་བཏུང་ཅི་ཡང་མ་སྤྱད༌དོ།། 10དེ་ཡང་དཱ་མེ་སེག་ཏུ་མིང་ལ་ཨ་ནན་ཡཱ་ཟེར་བའི་རྗེས་འབྲང་པ་ཞིག་ཡོད༌ཅིང༌། ཁོ་ལ་ཞལ་གཟིགས་གནང་ནས་གཙོ་བོས་ཁོ་རང་ལ་ཨ་ནན་ཡཱ་ཞེས་བོས་པ༌དང༌། ཁོས་གཙོ་བོ༌ལགས། ང་རང་འདི་ན་ཡོད་ཅེས་ཞུས་སོ།། 11ཡང་གཙོ་བོས་འདི་སྐད༌དུ། ཡར་ལངས་ནས་སྲང་ལམ་དྲང་པོ་དེར་སོང༌སྟེ། ཡུ་དཱའི་ཁྱིམ་ནས་ཐཱར་ཟི་ཡི་མི་སྟེ། མིང་ལ་སོ་ལོ་ཟེར་བ་དེ་ཚོལ༌དང༌། ད་ལྟ་ཁོས་གསོལ་བ་འདེབས་ཀྱིན་ཡོད་པ༌དང༌། 12རང་གི་མིག་གིས་སླར་ཡང་མཐོང་ཐུབ་པའི༌ཕྱིར། སོ་ལོ་ལ་གནང་བའི་ཞལ་གཟིགས་ནས་ཨ་ནན་ཡཱ་ཞེས་པའི་མི་ཞིག་ཁོའི་སྡོད་སར་ཡོང་སྟེ་ལག་པ་ཁོའི་ལུས་སྟེང་ལ་བཞག་པ་མཐོང་ཡོད་ཅེས་གསུངས་ནའང་། 13ཨ་ནན་ཡཱ་ན༌རེ། གཙོ་བོ༌ལགས། ངས་མི་གཞན་མང་པོའི་ངག་ལས་མི་འདིའི་སྐོར་གོ་བྱུང་སྟེ་ཡེ་རུ་སཱ་ལེམ་དུ་ཁྱེད་ཀྱི་དད་ལྡན་དམ་པ་རྣམས་ལ་གནོད་འཚེ་ཅི་ཙམ་བཏང་བ༌དང༌། 14ཡང་ཁོས་མཆོད་དཔོན་ཆེན་པོ་རྣམས་ཀྱི་དྲུང་ནས་ཁྱེད་ཀྱི་མཚན་ནས་འབོད་མཁན་གྱི་མི་རྣམས་འཛིན་ཆོག་པའི་དབང་ཆ་བླངས་ཏེ་འདི་རུ་ཡོད་པའང་ཐོས་ཞེས་ཞུས་ཀྱང༌། 15གཙོ་བོས་འདི་སྐད༌དུ། ཁྱོད་རང་སོང༌དང༌། ཁོ་ནི་ངས་བདམས་པའི་སྣོད་ལྡན་ཞིག༌སྟེ། ཁོས་ཕྱི་ཕྱོགས་པ་རྣམས༌དང༌། རྒྱལ་པོ༌རྣམས། གཞན་ཡང་ཡེས་ར་ཨེལ་གྱི་བུ་རྒྱུད་བཅས་ཀྱི་མདུན་དུ་བདག་གི་མིང་བསྒྲག་པར་འགྱུར༌ཞིང༌། 16ངས་ཀྱང་ཁོ་རང་ལ་ངའི་མིང་གི་ཆེད་དུ་ངེས་པར་སྡུག་བསྔལ་ཇི་ཙམ་མྱང་དགོས་པ་སྟོན་པར་བྱའོ་ཞེས་གསུངས་སོ།། 17དེ་ནས་ཨ་ནན་ཡཱ་ཁྱིམ་དེར་སོང་ནས་སོ་ལོའི་ལུས་ལ་ལག་པ་བཞག༌སྟེ། སྤུན་ཟླ་སོ་ལོ༌ལགས། ལམ་བར་དུ་ཁྱོད་ལ་གསལ་པོར་མངོན་པའི་གཙོ་བོ་ཡེ་ཤུ་ཁོང་ཉིད་ཀྱིས་ཁྱོད་ཀྱི་མིག་གིས་སླར་ཡང་མཐོང་ཐུབ་པ༌དང༌། ཁྱོད་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པའི་ཕྱིར་ང་རང་མངགས་པ་ཡིན་ཞེས་སྨྲས༌ཤིང༌། 18དེ་མ་ཐག་སོ་ལོའི་མིག་ལས་ཤུན་སྐོགས་ལྟ་བུ་རེ་ལྷུང་བ་དང་མིག་གིས་སླར་ཡང་མཐོང་ཐུབ་པར་གྱུར་ཏོ།། དེ་ནས་སོ་ལོ་ཡར་ལངས་ནས་ཁྲུས་གསོལ་ལ་ཞུགས་པ༌དང༌། 19ཁ་ཟས་ལ་རོལ་རྗེས་ལུས་སྟོབས་རྒྱས༌པ་རེད།

སོ་ལོ་ཡིས་དཱ་མེ་སེག་ཏུ་ཆོས་བསྒྲགས་པ།

སོ་ལོ་དང་དཱ་མེ་སེག་ཏུ་ཡོད་པའི་རྗེས་འབྲང་པ་རྣམས་མཉམ་དུ་ཉིན་ཁ་ཤས་ལ་བསྡད༌པ་དང་། 20དེ་མ་ཐག་ཁོང་ཉིད་ཆོས་ཁང་སོ་སོར་སོང་ནས་སྐྱབས་མགོན་ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན་པ་བསྒྲགས༌ཤིང༌། 21གཏམ་དེ་ཐོས་པའི་མི་ཐམས་ཅད་ངོ་མཚར་སྐྱེས་ཏེ་ན༌རེ། མི་འདི་ནི་ཡེ་རུ་སཱ་ལེམ་ནས་སྐྱབས་མགོན་ཡེ་ཤུའི་མཚན་ལ་ཞུ་མཁན་རྣམས་ལ་གནོད་འཚེ་ཆེན་པོ་བཏང་བ༌དང༌། དད་ལྡན་རྣམས་བཟུང་སྟེ་མཆོད་དཔོན་ཆེན་པོ་རྣམས་ཀྱི་གམ་དུ་ཁྲིད་པའི་ཕྱིར་འདིར་ཡོང་བ་དེ་མ་ཡིན་ནམ་ཞེས་སྨྲས་སོ།། 22འོན་ཀྱང་སོ་ལོ་ལ་ནུས་མཐུ་ཇེ་ཆེ་ནས་ཇེ་ཆེར་གྱུར་པ༌དང༌། ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་པར་བདེན་དཔང་བྱས་ཏེ་དཱ་མེ་སེག་ཏུ་ཡོད་པའི་ཡ་ཧུ་དཱ་པ་རྣམས་དགག་པས་བཏུལ་ལོ།། 23དེ་ནས་ཉིན་མང་པོ་འགོར་བ་དང་ཡ་ཧུ་དཱ་པ་རྣམས་ཀྱིས་སོ་ལོ་གསོད་པར་གྲོས་བྱས༌ནའང༌། 24སོ་ལོས་ཁོ་རྣམས་ཀྱི་ཇུས་ངན་ཤེས༌པ་དང་། དེ་དག་གིས་སོ་ལོ་གསོད་པའི་ཕྱིར་ཉིན་མཚན་མེད་པར་གྲོང་ཁྱེར་གྱི་མཁར་སྒོ་ཐམས་ཅད་བསྲུངས་མོད། 25འོན་ཀྱང་སོ་ལོའི་རྗེས་འབྲང་པ་རྣམས་ཀྱིས་མཚན་མོའི་དུས་སུ་ཁོང་ཉིད་སླེ་བོའི་ནང་དུ་བཞག་སྟེ་མཁར་གྱང་ནས་མར་དཔྱངས་སོ།། 26དེ་ནས་སོ་ལོ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་སླེབས་ནས་རྗེས་འབྲང་པ་རྣམས་དང་འགྲོགས་འདོད༌ཀྱང༌། དེ་རྣམས་ཁོང་ལ་འཇིགས་ཤིང་རྗེས་འབྲང་པ་ཡིན་པ་ལ་ཡིད་མ་ཆེས་པ་རེད། 27འོན༌ཀྱང༌། པཱར་ན་པཱ་ཡིས་ཁོང་ཉིད་སྐུ་ཚབ་པ་རྣམས་ཀྱི་མདུན་དུ་ཁྲིད༌ཅིང༌། དེ་སྔར་སོ་ལོས་ལམ་བར་ནས་གཙོ་བོ་ཁོང་ཉིད་ཇི་ལྟར་མཐོང་ཞིང་ཁོང་གིས་ཁོ་རང་ལ་གསུང་གླེང་ཅི་གནང་བ༌དང༌། ཡང་སོ་ལོས་དཱ་མེ་སེག་ནས་སྙིང་སྟོབས་ཆེན་པོས་སྐྱབས་མགོན་ཡེ་ཤུའི་མཚན་ལ་བརྟེན་ནས་ཆོས་བསྒྲགས་པ་སོགས་སྨྲས་སོ།། 28དེ་ནས་སོ་ལོ་དང་སྐུ་ཚབ་པ་རྣམས་མཉམ་དུ་འགྲོགས༌ཏེ། ཡེ་རུ་སཱ་ལེམ་དུ་རྒྱུ་ཞིང་གཙོ་བོའི་མཚན་ལ་བརྟེན་ནས་སྤོབས་པ་ཆེན་པོས་ཆོས་བསྒྲགས་པ༌དང༌། 29གྷི་རིག་སྐད་སྨྲ་མཁན་ཡ་ཧུ་དཱ་པ་རྣམས་ལའང་རྩོད་གླེང་བྱས་ཤིང་དེ་རྣམས་ཀྱིས་སོ་ལོ་གསོད་པའི་ཐབས་བཙལ། 30སྤུན་ཟླ་རྣམས་ཀྱིས་དོན་དེ་ཤེས་ནས་ཁོང་ཉིད་མར་ཀེ་སར་ཡཱ་རུ་བསྐྱལ་ཏེ་ཐཱར་ཟི་ལ་འགྲོ་རུ་བཅུག་གོ། 31དེའི་དུས༌སུ། ཡ་ཧུ་དཱ༌དང༌། ག༌ལིལ། སཱ་མར་ཡ་བཅས་ཡུལ་སོ་སོའི་ཆོས་ཚོགས་རྣམས་ལ་ཞི་བདེ་ཡོད་ཅིང་ཡར་བསྐྱེད་ཐོབ་པ༌དང༌། གཙོ་བོ་ལ་གུས་ཤིང་འཇིགས་པ་དང་དམ་པའི་ཐུགས་ཉིད་ཀྱིས་སེམས་གསོ་མཛད་པའི་ངང་ནས་མི་གྲངས་ཀྱང་ཇེ་མང་དུ་འཕེལ་ལོ།།

པེ་ཏྲོའི་འཕྲིན་ལས་ཀྱི་སྐོར།

32དེ་ཡང་པེ་ཏྲོ་ཡུལ་ཕྱོགས་ཀུན་ཏུ་རྒྱུ་བའི་དུས་སུ་ལད་རྡ་རུ་གནས་པའི་དད་ལྡན་དམ་པ་རྣམས་ཀྱི་དྲུང་དུ་ཕྱིན་པ༌དང༌། 33དེ་རུ་མིང་ལ་ཨེ་ནེ་ཡཱ་བྱ་བ་ནད་བྱུང་ནས་ལོ་བརྒྱད་ལ་ཉལ་སར་ལྷུང་བའི་ཞ་བོ་ཞིག་ཡོད་པ་དང་འཕྲད༌ཅིང༌། 34པེ་ཏྲོ་ན༌རེ། ཨེ་ནེ༌ཡཱ། ཡེ་ཤུ་མཱ་ཤི་ཀས་ཁྱོད་ཀྱི་ནད་གསོས་པས་ཡར་ལངས་ནས་རང་གི་མལ་སྟན་བདག་གཉེར་གྱིས་ཞེས་གསུངས་མ་ཐག་ཁོ་རང་ཡར་ལངས་པ་དང་། 35ལད་རྡ་དང་ཤཱ་རོན་དུ་གནས་པའི་མི་ཐམས་ཅད་ཀྱིས་ཨེ་ནེ༌ཡཱ་མཐོང་སྟེ་གཙོ་བོའི་ཕྱོགས་སུ་འཁོར༌ཏོ།། 36དེ་ནས་ཡོ་ཕཱ་རུ་མིང་ལ་ཐཱ་པི་ཐ་ཟེར་བའི་བུད་མེད་རྗེས་འབྲང་པ་ཞིག་ཡོད༌ཅིང༌། མིང་དེ་གྷི་རིག་སྐད་དུ་བསྒྱུར་ན་དོར་ཀི་ཞེས་ཀྱང༌ཟེར། ཁོ་མོས་རྟག་ཏུ་ལས་བཟང་པོ་བསྒྲུབས་པ་དང་སྦྱིན་པ་མང་པོ་བཏང་ངོ༌།། 37དུས༌དེར། ཁོ་མོར་ན་ཚ་བྱུང་ནས་ཚེ་ལས་འདས་པ་དང་མི་རྣམས་ཀྱིས་ཁོ་མོའི་བེམ་པོ་བཀྲུས་ཏེ་ཐོག་ཁང་ཞིག་གི་ནང་དུ་བཞག་གོ། 38ཡོ་ཕཱ་ནི་ལད་རྡ་དང་བར་ཐག་ཉེ་བས་རྗེས་འབྲང་པ་རྣམས་ཀྱིས་པེ་ཏྲོ་ཁོང་ཉིད་ལད་རྡ་རུ་ཡོད་པ་ཐོས་ནས་མི་གཉིས་ཁོང་གི་དྲུང་དུ་མངགས༌ཏེ། དུས་མི་འགྱངས་པར་ངེད་ཅག་གི་གམ་དུ་ཕེབས་རོགས་ཞེས་ནན་གྱིས་ཞུས་སོ།། 39དེ་ནས་པེ་ཏྲོ་ཡར་ལངས་ནས་དེ་དག་དང་མཉམ་དུ་ལམ་ལ་ཆས། ཡོ་ཕཱ་རུ་སླེབས་ཤིང་མི་རྣམས་ཀྱིས་ཁོང་ཉིད་ཐོག་ཁང་ནང་དུ་ཁྲིད་པ༌དང༌། ཡུགས་མོ་རྣམས་ཁོང་གི་གམ་དུ་ཡར་ལངས་ནས་ངུས༌ཤིང༌། བུད་མེད་དོར་ཀི་དེ་སྔར་ཁོ་མོ་རྣམས་དང་མཉམ་དུ་ཡོད་དུས་བཟོས་པའི་ནང་གོས་དང་ཕྱི་གོས་རྣམས་ཁོང་ལ་བསྟན་པ་རེད། 40འོན་ཀྱང་པེ་ཏྲོས་ཁོ་མོ་རྣམས་ཕྱིར་འགྲོ་རུ་བཅུག༌རྗེས། པུས་མོ་སར་བཙུགས་ཏེ་དཀོན་མཆོག་ལ་གསོལ་བ་བཏབ༌ཅིང༌། ཞལ་ཕྱིར་འཁོར་ནས་བེམ་པོ་ལ་འདི་སྐད༌དུ། ཐཱ་པི༌ཐ། ཡར་ལོངས་ཤིག་ཅེས་གསུངས་པ༌ན། ཁོ་མོས་མིག་ཕྱེས་ཏེ་པེ་ཏྲོ་མཐོང་བ་དང་ཡར་ཙོག་པུར་བསྡད་དོ།། 41དེ་ནས་པེ་ཏྲོས་ཁོ་མོའི་ལག་པར་འཇུས་ནས་ཡར་བསླངས་ཤིང་དད་ལྡན་དམ་པ་དང་ཡུགས་མོ་རྣམས་ནང་ལ་བོས༌ཏེ། ཁོ་མོ་དེ་རྣམས་ལ་གསོན་པོར་སྤྲད། 42དོན་དེ་ཡོ་ཕཱ་ཡོངས་སུ་ཁྱབ་པ་དང་མི་མང་པོས་གཙོ་བོ་ལ་དད་པ་བྱས་སོ།། 43དོན་དེ་བྱུང་བའི་རྗེས༌སུ། པེ་ཏྲོ་ཁོང་ཉིད་ཡོ་ཕཱ་ཡི་སི་མོན་ཟེར་བའི་ཀོ་བཟོ་པ་ཞིག་གི་ཁྱིམ་དུ་ཉིན་མང་པོར་བཞུགས༌སོ།།

མཛད་པ 10

བརྒྱ་དཔོན་ཀོར་ནེ་ལིའུ་ཡིས་སྐུ་ཚབ་པ་པེ་ཏྲོ་གདན་དྲངས༌པ།

1དེ་ཡང་ཀེ་སར་ཡཱ་ཞེས་པར་ཨི་ཏ་ལི་དཔུང་ཁག་གི་བརྒྱ་དཔོན་མིང་ལ་ཀོར་ནེ་ལིའུ་ཞེས་པ་ཞིག་ཡོད༌དེ། 2ཁོ་ནི་དད་མོས་ཡོད་པ་ཞིག་ཡིན༌ལ། ཁོ་དང་བཟའ་མི་ཐམས་ཅད་ཀྱང་དཀོན་མཆོག་ལ་དད་གུས་ཆེ༌བས། མི་རྣམས་ལ་སྦྱིན་པ་མང་པོ་བཏང་བ་དང་དུས་རྟག་ཏུ་དཀོན་མཆོག་ལ་གསོལ་བ་བཏབ་བོ།། 3དེ་ཡང་ཉིན་ཞིག་གི་ཕྱི་དྲོའི་ཆུ་ཚོད་གསུམ་ཡས་མས་སུ་ཁོ་ལ་ཞལ་གཟིགས་གནང་ནས། དཀོན་མཆོག་གི་ཕོ་ཉ་ཞིག་རང་གི་གམ་དུ་ཕེབས་པ་གསལ་པོར་མཐོང་བ་དང་ཕོ་ཉས་ཀོར་ནེ་ལིའུ་ཞེས་བོས། 4དེ་ནས་ཁོས་མིག་ཅེ་རེར་ཕོ་ཉ་ལ་བལྟས་ཤིང་དངངས་སྐྲག༌ངང༌། ཇོ་བོ༌ལགས། དོན་ཅི་ཡོད་ཅེས་ཞུས་པ༌ལ། ཕོ་ཉ་ན༌རེ། ཁྱོད་ཀྱི་གསོལ་འདེབས་དང་སྦྱིན་པ་ནི་དཀོན་མཆོག་གི་དྲུང་དུ་དྲན་རྟེན་བཞིན་དུ་སླེབས༌འདུག 5ད་ལྟ་ཁྱོད་ཀྱིས་ཡོ་ཕཱ་རུ་མི་མངགས་ཏེ་པེ་ཏྲོ་ཞེས་ཀྱང་འབོད་པའི་སི་མོན་གདན་དྲོངས༌ཤིག 6ཁོ་རང་ནི་རྒྱ་མཚོའི་འགྲམ་དུ་གནས་པའི་ཀོ་བཟོ་པ་སི་མོན་གྱི་ཁྱིམ་དུ་བཞུགས་པ་ཡིན་ཞེས་གསུངས་པ༌དང༌། 7ཁོ་ལ་གཏམ་གླེང་བའི་ཕོ་ཉ་ཕྱིར་ཕེབས༌རྗེས། ཁོས་རང་ཁྱིམ་གྱི་ཞབས་ཕྱི་པ་གཉིས་དང་རྟག་ཏུ་རང་གི་མདུན་དུ་སྡོད་པའི་དམག་མི་རྣམས་ལས་དད་མོས་ཡོད་པ་ཞིག་བོས༌ཏེ། 8དོན་དེ་ཐམས་ཅད་ཁོ་རྣམས་ལ་བཤད་པ་དང་ཡོ་ཕཱ་རུ་མངགས༌སོ།།

སྐུ་ཚབ་པ་པེ་ཏྲོས་མཐོང་བའི་ཞལ་གཟིགས།

9དེའི་ཕྱི༌ཉིན། ཁོ་རྣམས་ལམ་དུ་ཆས་ཤིང་ཡོ་ཕཱ་གྲོང་ཁྱེར་དང་ཉེ་བར་སླེབས་པ༌དང༌། ཉིན་གུང་ཙམ་གྱི་དུས༌སུ། པེ་ཏྲོ་ཁང་ཐོག་ཏུ་གསོལ་བ་འདེབས་སུ་སོང་བ༌དང༌། 10ཁོང་གི་ལྟོ་བ་བཀྲེས་པ་དང་ཁ་ཟས་སྤྱོད་འདོད༌ཅིང༌། ཁྱིམ་ཚང་དེས་ཀྱང་ཁ་ཟས་གྲ་སྒྲིག་བྱེད་བཞིན་པའི་དུས༌སུ། པེ་ཏྲོའི་དྲན་པ་འཆལ་ནས། 11ནམ་མཁའི་སྒོ་ཕྱེས་པ་དང་སྣེ་བཞི་བསྡམས་པའི་རས་གྲུ་བཞི་ཆེན་པོ་དང་འདྲ་བའི་དངོས་པོ་ཞིག་ས་སྟེང་ལ་མར་དཔྱངས་པ་མཐོང༌། 12དེའི་ནང་དུ་ས་སྟེང་གི་སུག་བཞི་ཅན་གྱི་སྲོག་ཆགས༌དང༌། ལྟོ་འགྲོའི༌རིགས། གཞན་ཡང་ནམ་མཁའི་བྱ་རྣམས་ཡོད༌ཅིང༌། 13ཡང་སྐད་སྒྲ་ཞིག་གྲགས༌ཏེ། པེ༌ཏྲོ། ཡར་ལོངས༌དང༌། དེ་དག་བཤས་ནས་ཟོ་ཞིག་ཅེས་གསུངས་སོ།། 14འོན༌ཀྱང༌། པེ་ཏྲོ་ན༌རེ། གཙོ་བོ༌ལགས། དེ་ལྟར་བྱེད་ག་ལ༌རུང༌། ངས་ཁ་ཟས་སུ་མི་རུང་བ་དང་མི་གཙང་བ་ཞིག་གཏན་ནས་ཟོས་མ་མྱོང་ཞེས་སྨྲས་པ༌ལ། 15ཡང་སྐད་སྒྲ་ཞིག་གྲགས་ཏེ་འདི་སྐད༌དུ། དཀོན་མཆོག་གིས་གཙང་མར་མཛད་པ་རྣམས་ཁྱོད་ཀྱིས་མི་གཙང་བར་བརྩི་མི་འོས་ཞེས་གསུངས་སོ།། 16དེ་ལྟར་བསྟུད་མར་ཐེངས་གསུམ་ལ་སྐད་སྒྲ་བྱུང་མ་ཐག་རས་ལེབ་ཆེན་པོ་དེ་ཕྱིར་ནམ་མཁར་དྲངས༌སོ།། 17དེ་ནས་པེ་ཏྲོས་རང་ལ་ཞལ་གཟིགས་གནང་བ་ལས་མཐོང་བའི་དོན་དེ་རྣམས་ཅི་ཡིན་མ་ཤེས་པར་ཐེ་ཚོམ་སྐྱེ་བའི་སྐབས༌སུ། ཀོར་ནེ་ལིའུ་ཡིས་མངགས་པའི་མི་དེ་རྣམས་ཀོ་བཟོ་པ་སི་མོན་གྱི་ཁྱིམ་ཚང་གང་ཡིན་དྲིས་ནས་སྒོ་ཁར་སླེབས་ཏེ། 18སྐད་མཐོན་པོས་པེ་ཏྲོ་ཟེར་བའི་སི་མོན་འདིར་བཞུགས་སམ་ཞེས་དྲིས་སོ།། 19པེ་ཏྲོས་ད་དུང་ཞལ་གཟིགས་དེའི་སྐོར་ལ་བསམ་བློ་གཏོང་བཞིན་པའི་དུས་སུ་དམ་པའི་ཐུགས་ཉིད་ཀྱིས་འདི་སྐད༌དུ། ལྟོས༌དང༌། མི་གསུམ་གྱིས་ཁྱོད་རང་འཚོལ་བཞིན་ཡོད༌པས། 20ཡར་ལོངས་དང་མར་བབས་ཏེ་ཐེ་ཚོམ་མི་བྱེད་པར་དེ་དག་དང་མཉམ་དུ་སོང༌ཞིག རྒྱུ་མཚན་ནི་ཁོ་རྣམས་ངས་མངགས་པ་ཡིན་ཞེས་གསུངས་སོ།། 21དེ་ནས་པེ་ཏྲོ་མར་བབས་ནས་མི་དེ་རྣམས་དང་འཕྲད་དེ་འདི་སྐད་དུ། ང་རང་ནི་ཁྱོད་ཅག་གིས་འཚོལ་བཞིན་པའི་མི་དེ་ཡིན། ཁྱོད་ཅག་འདིར་ཡོང་དོན་ཅི་ཡིན་ནམ་ཞེས་གསུངས་པ༌ལ། 22དེ་རྣམས་ན༌རེ། བརྒྱ་དཔོན་ཀོར་ནེ་ལིའུ་ནི་མི་གཞུང་རྒྱུད་དྲང་ཞིང་དཀོན་མཆོག་ལ་དད་གུས་ཆེ་བ་དང་ཡ་ཧུ་དཱའི་མི་རིགས་ཐམས་ཅད་ཀྱིས་གཟེངས་བསྟོད་བྱེད་ས་ཞིག་ཡིན། དེ་སྔར་ཕོ་ཉ་དམ་པ་ཞིག་གིས་ཀོར་ནེ་ལིའུ་ལ། ཁྱེད་རང་ཁོའི་ཁྱིམ་དུ་གདན་དྲངས་ཏེ་ཁྱེད་ཀྱིས་གང་གསུང་ལ་ཉན་དགོས་པའི་བཀའ་བསྩལ་ཞེས་ཞུས་སོ།། 23དེ་ནས་པེ་ཏྲོས་དེ་རྣམས་ཁྱིམ་དུ་བོས་ཏེ་ཞག་གཅིག་ལ་སྡོད་དུ་བཅུག་པ༌དང༌། དེའི་ཕྱི༌ཉིན། ཁོ་རྣམས་དང་མཉམ་དུ་ལམ་ལ་ཆས༌ཤིང༌། ཡོ་ཕཱ་ཡི་སྤུན་ཟླ་ཁ་ཤས་ཀྱང་ཁོ་རྣམས་དང་ལྷན་དུ་སོང༌ངོ༌།།

སྐུ་ཚབ་པ་པེ་ཏྲོ་བརྒྱ་དཔོན་ཀོར་ནེ་ལིའུ་ཡི་ཁྱིམ་དུ་ཕེབས༌པ།

24ཡང་དེའི་ཕྱི་ཉིན་ཁོང་རྣམས་ཀེ་སར་ཡཱ་རུ་སླེབས་པ༌དང༌། ཀོར་ནེ་ལིའུ་ཡིས་རང་གི་གཉེན་ཉེ་དང་གྲོགས་དམ་པ་རྣམས་བསྡུས་ཏེ་བསྒུགས་ཡོད་པ་རེད། 25དེ་ནས་པེ་ཏྲོ་སླེབས་མ་ཐག་ཀོར་ནེ་ལིའུ་ཡིས་ཁོང་ལ་དགའ་བསུ་བྱས་པ་དང་ཁོང་གི་ཞབས་དྲུང་དུ་ཕྱག་འཚལ་ལོ།། 26འོན་ཀྱང་པེ་ཏྲོས་ཁོ་རང་ཡར་བསླངས་ཏེ་ཁྱོད་ཡར་ལོངས༌དང༌། ང་རང་ཡང་མི་ཡིན་ནོ་ཞེས་གསུངས་པ༌དང༌། 27ཁོ་གཉིས་ཀྱིས་གཏམ་གླེང་བཞིན་ཁྱིམ་དུ་སོང་བ༌ན། པེ་ཏྲོས་མི་མང་པོའང་གནས་དེར་འཛོམས་ཡོད་པ་མཐོང༌སྟེ། 28དེ་རྣམས་ལ་འདི་ལྟར། ཆོས་ཁྲིམས་ལྟར་ན་ཡ་ཧུ་དཱ་པ་རྣམས་མི་རིགས་གཞན་དང་འགྲོགས་པའམ་དེ་དག་གི་ཁྱིམ་དུ་འགྲོ་མི་རུང་བ་ནི་ཁྱོད་རྣམས་ཀྱིས་ཤེས༌པ་ཡིན། འོན་ཀྱང་དཀོན་མཆོག་གིས་ང་ལ་མི་སུ་ཡིན་ཡང་འགྲོགས་མི་རུང་བའམ་མི་གཙང་བར་བརྩི་མི་འོས་པར་བསྟན་ཏོ།། 29དེའི་ཕྱིར་ང་རང་ཡང་ཐེ་ཚོམ་མེད་པར་གདན་ཞུ་ལྟར་ཡོང་བ་ཡིན༌ཏེ། ཁྱོད་ཅག་གིས་ང་རང་འབོད་དོན་ཅི་ཡིན་ནམ་ཞེས་གསུངས་པ༌ན། 30ཀོར་ནེ་ལིའུ་ན༌རེ། ཉིན་བཞིའི་སྔོན་གྱི་དུས༌འདིར། ངས་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་རང་ཁྱིམ་ནས་གསོལ་བ་འདེབས་པའི༌ཚེ། གློ་བུར༌དུ། འོད་མདངས་འཕྲོ་བའི་གོས་གྱོན་པའི་མི་ཞིག་ངའི་མདུན་དུ་སླེབས་ཏེ་འདི་སྐད༌དུ། 31ཀོར་ནེ་ལིའུ། དཀོན་མཆོག་གིས་ཁྱོད་ཀྱི་གསོལ་འདེབས་ལ་གསན་པ༌དང༌། ཁྱོད་ཀྱིས་སྦྱིན་པ་བཏང་བའང་ཁོང་གི་ཐུགས་སུ་བཟུང་འདུག 32དེའི་ཕྱིར། ཁྱོད་ཀྱིས་ཡོ་ཕཱ་རུ་མི་མངགས་ཏེ་པེ་ཏྲོ་ཞེས་ཀྱང་འབོད་པའི་སི་མོན་གདན་དྲོངས༌ཤིག ཁོ་རང་ནི་རྒྱ་མཚོའི་འགྲམ་གྱི་ཀོ་བཟོ་པ་སི་མོན་གྱི་ཁྱིམ་དུ་བཞུགས་ཞེས་གསུངས་པས། 33ངས་མྱུར་དུ་ཁྱེད་ཀྱི་དྲུང་དུ་མི་མངགས་པ་ཡིན། ཁྱེད་རང་འདིར་ཕེབས་པ་ལེགས་སོ།། གཙོ་བོས་ཁྱེད་ལ་གནང་བའི་བཀའ་ཐམས་ཅད་ལ་མཉན་པའི༌ཕྱིར། ད་ལྟ་ངེད་ཅག་ཚང་མ་དཀོན་མཆོག་གི་སྤྱན་སྔར་འཛོམས་པ་ཡིན་ཞེས་ཞུས༌སོ།། 34དེ་ནས་པེ་ཏྲོས་འདི་སྐད༌དུ། དཀོན་མཆོག་གིས་ཕྱོགས་རིས་མི་མཛད་པ་ངས་དངོས་གནས་རྟོགས༌ཤིང་། 35མ་གཞི་མི་རིགས་སོ་སོའི་ཁྲོད་དུ་ཁོང་ལ་དད་གུས་བྱེད་པ་དང་བདེན་དོན་སྒྲུབ་མཁན་རྣམས་ལ་ཁོང་ཐུགས་མཉེས༌པ་ཡིན་ནོ།། 36དཀོན་མཆོག་གིས་ཐམས་ཅད་ཀྱི་གཙོ་བོ་སྟེ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ཞི་བདེའི་འཕྲིན་བཟང་བསྒྲགས་ཤིང་བཀའ་དེ་ཡེས་ར་ཨེལ་གྱི་བུ་རྒྱུད་ལ་གནང༌། 37ཡང་ཡོ་ཧ་ནན་གྱིས་ཁྲུས་གསོལ་གྱི་ཆོས་བསྒྲགས་པའི་རྗེས༌སུ། ག་ལིལ་ཡུལ་ནས་ཡ་ཧུ་དཱའི་ཡུལ་ཀུན་ཏུ་ཁྱབ་པའི་དོན་ཆེན་དང་། 38ནཱ་ཙ་རེལ་གྱི་ཡེ་ཤུ་ལ་དཀོན་མཆོག་གིས་དམ་པའི་ཐུགས་ཉིད་དང་ནུས་མཐུས་ཅི་ལྟར་བྱུགས་པར་མཛད་པ་དེ་ནི་ཁྱོད་རྣམས་ཀྱིས་ཤེས་ཏེ། དཀོན་མཆོག་ནི་སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་བཞུགས༌པས། ཁོང་ཉིད་ཡུལ་ཕྱོགས་ཀུན་ཏུ་ཕེབས་ནས་དོན་བཟང་མཛད༌ཅིང༌། བདུད་ཀྱི་དབང་འོག་ཏུ་མནན་པའི་མི་ཐམས་ཅད་ཀྱང་གསོས་པའོ།། 39ངེད་རྣམས་ནི་ཡེ་ཤུ་ཁོང་གིས་ཡ་ཧུ་དཱ་པའི་ཡུལ་དང་ཡེ་རུ་སཱ་ལེམ་དུ་མཛད་པའི་དོན་འདི་ཐམས་ཅད་ལ་བདེན་དཔང་བྱེད་མཁན་ཡིན། མི་རྣམས་ཀྱིས་ཁོང་ཉིད་གདུང་མའི་སྟེང་དུ་བརྡབས་ནས་བཀྲོངས༌ཤིང༌། 40ཉིན་གསུམ་པར་དཀོན་མཆོག་གིས་ཁོང་ཉིད་སླར་གསོན་པར་མཛད་དེ་ཁོང་གི་སྐུ་གཟུགས་མངོན་སུམ་དུ་བསྟན་པའོ།། 41དེ་ནི་མི་ཐམས་ཅད་ལ་མངོན་སུམ་དུ་བསྟན་པ་མ་ཡིན༌པར། དཀོན་མཆོག་གིས་སྔ་མོ་ནས་དཔང་པོ་རུ་བདམས་པའི་མི༌སྟེ། ཁོང་ཉིད་གྲོངས་པ་ནས་སླར་གསོན་རྗེས་ཁོང་དང་ལྷན་དུ་བཟའ་བཏུང་སྤྱད་པ་ངེད་རྣམས་ལ་མངོན་སུམ་དུ་བསྟན༌པ་ཡིན། 42ཁོང་གིས་གནང་བའི་བཀའ་ལྟར་ངེད་ཅག་གིས་མི་རྣམས་ལ་འཕྲིན་བཟང་བསྒྲག་པ་དང་། ཁོང་ནི་དཀོན་མཆོག་གིས་ཤི་གསོན་གཉིས་ལ་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་གཙོ་བོར་བསྐོས་པ་ལ་བདེན་དཔང་བྱེད་དགོས༌པ་ཡིན། 43ལུང་སྟོན་པ་ཀུན་གྱིས་སྐྱབས་མགོན་ཡེ་ཤུར་དད་པ་བྱེད་མཁན་ཐམས་ཅད་ལ་ཁོང་གི་མཚན་ལ་བརྟེན་ནས་སྡིག་པ་བསལ་ངེས་པར་བདེན་དཔང་མཛད་པ་ཡིན་ཞེས་གསུངས་ཤིང་། 44པེ་ཏྲོས་དེ་ལྟར་གསུང་བཞིན་པའི་དུས༌སུ། དམ་པའི་ཐུགས་ཉིད་ནི་བཀའ་དེར་ཉན་པའི་མི་ཐམས་ཅད་ཀྱི་སྟེང་དུ་བབས༌སོ།། 45པེ་ཏྲོ་དང་མཉམ་དུ་ཡོང་བའི་མཚན་སྐྱི་བཅད་པའི་དད་ལྡན་རྣམས་ཀྱིས་ཕྱི་ཕྱོགས་པ་རྣམས་ལའང་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་ཐོབ་པ་མཐོང་ནས་ངོ་མཚར་སྐྱེས། 46རྒྱུ་མཚན་ནི་མི་དེ་རྣམས་ཀྱིས་སྐད་གཞན་སྨྲ་བ་དང་དཀོན་མཆོག་ལ་བསྟོད་ཅིང་བསྔགས་པའང་ཐོས་པས༌སོ། །དེ་ནས་པེ་ཏྲོས་འདི་སྐད་དུ། 47མི་འདི་རྣམས་ནི་ངེད་ཅག་དང་མཚུངས་པར་དམ་པའི་ཐུགས་ཉིད་ཐོབ་པ་ཡིན༌པས། ཁོ་རྣམས་ལ་ཆུས་ཁྲུས་གསོལ་བྱེད་པ་སུ་ཞིག་གིས་འགོག་ནུས་སམ་ཞེས་གསུངས་པ༌དང༌། 48ཡེ་ཤུ་མཱ་ཤི་ཀའི་མཚན་ལ་བརྟེན་ནས་ཁོ་རྣམས་ལ་ཁྲུས་གསོལ་བྱེད་པའི་བཀའ་གནང༌ཞིང་། དེ་ནས་ཁོ་རྣམས་ཀྱིས་པེ་ཏྲོ་གནས་དེར་ཉིན་འགར་བཞུགས་པར་ཞུས༌སོ།།

མཛད་པ 11

སྐུ་ཚབ་པ་པེ་ཏྲོས་རང་གི་མཛད་དོན་གསུངས༌པ།

1དེ་ཡང་སྐུ་ཚབ་པ་དང་ཡ་ཧུ་དཱའི་ཡུལ་དུ་ཡོད་པའི་སྤུན་ཟླ་རྣམས་ཀྱིས་ཕྱི་ཕྱོགས་པ་རྣམས་ཀྱིས་ཀྱང་དཀོན་མཆོག་གི་བཀའ་དང་དུ་བླངས་པ་ཐོས༌ཤིང༌། 2སྐུ་ཚབ་པ་པེ་ཏྲོ་ཡར་ཡེ་རུ་སཱ་ལེམ་དུ་སླེབས་པ་དང་མཚན་སྐྱི་བཅད་པའི་དད་ལྡན་འགའ་ཞིག་ན༌རེ། 3ཁྱོད་རང་ཕྱི་ཕྱོགས་པའི་ཁྱིམ་དུ་སོང་བ་དང་དེ་དག་དང་མཉམ་དུ་ཁ་ཟས་ལ་རོལ་བ་རེད་ཅེས་རྩོད་པ་བྱས་སོ།། 4དེ་ནས་པེ་ཏྲོས་དོན་དེ་རིམ་བཞིན་ཁོ་རྣམས་ལ་འགྲེལ་བཤད་བྱས་པ་འདི་ལྟ༌སྟེ། 5ངས་ཡོ་ཕཱ་གྲོང་ཁྱེར་ནས་གསོལ་བ་བཏབ་པའི་དུས༌སུ། དྲན་པ་འཆལ་ཞིང་ངོ་མཚར་བའི་ཞལ་གཟིགས་བྱུང་བ་འདི༌ལྟར། སྣེ་བཞི་བསྡམས་པའི་རས་གྲུ་བཞི་ཆེན་པོ་དང་འདྲ་བའི་དངོས་པོ་ཞིག་ནམ་མཁའ་ནས་མར་དཔྱངས་པ་དང་ངའི་མདུན་དུ་བབས་པ་མཐོང༌བྱུང་། 6ངས་ཞིབ་ཏུ་བལྟས་པ་ན་དེའི་ནང་དུ་ས་སྟེང་གི་སུག་བཞི་ཅན་གྱི་སྲོག་ཆགས་དང་། གཅན་གཟན། ལྟོ་འགྲོའི༌རིགས། གཞན་ཡང་ནམ་མཁའི་བྱ་རྣམས་ཡོད༌ཅིང༌། 7ཡང་སྐད་སྒྲ་ཞིག་གྲགས༌ཏེ། པེ༌ཏྲོ། ཡར་ལོངས་དང་དེ་དག་བཤས་ནས་ཟོ་ཞིག་ཅེས་བདག་ལ་གསུངས་པ་ཐོས༌བྱུང་ངོ་།། 8དེ་ནས་ངས་གཙོ་བོ༌ལགས། དེ་ལྟར་བྱེད་ག་ལ༌རུང༌། ཟས་སུ་མི་རུང་བའམ་མི་གཙང་བ་ཞིག་ངའི་ཁ་ནང་དུ་གཏན་ནས་སོང་མ་མྱོང་ཞེས་ཞུས་པ༌ལ། 9ཡང་ནམ་མཁའ་ནས་སྐད་སྒྲ་ཞིག་བྱུང༌སྟེ། དཀོན་མཆོག་གིས་གཙང་མར་མཛད་པ་རྣམས་ཁྱོད་ཀྱིས་མི་གཙང་བར་བརྩི་མི་འོས་ཞེས་གསུངས་སོ།། 10དེ་ལྟར་བསྟུད་མར་ཐེངས་གསུམ་ལ་སྐད་སྒྲ་བྱུང་རྗེས་ཐམས་ཅད་ཕྱིར་ནམ་མཁར་དྲངས་སོ།། 11དུས་དེ་ཉིད་ལ། ཀེ་སར་ཡཱ་ནས་བདག་གི་གམ་དུ་མངགས་པའི་མི་གསུམ་པོའང་ངེད་ཅག་སྡོད་སའི་ཁང་པའི་སྒོ་མདུན་དུ་སླེབས་ཤིང༌། 12དམ་པའི་ཐུགས་ཉིད་ཀྱིས་ང་རང་ལ་ཐེ་ཚོམ་མི་བྱེད་པར་དེ་རྣམས་དང་མཉམ་དུ་འགྲོ་དགོས་པའི་བཀའ་བསྩལ་པ༌དང༌། སྤུན་ཟླ་དྲུག་པོ་འདི་དག་ཀྱང་བདག་དང་མཉམ་དུ་ཀོར་ནེ་ལིའུ་ཡི་ཁྱིམ་དུ་སོང༌ངོ་༎ 13དེ་ནས་ཁོས་ཕོ་ཉ་ཞིག་རང་གི་ཁང་པའི་ནང་དུ་ཇི་ལྟར་ལངས་བསྡད་ཡོད་པ་མཐོང་བ༌དང༌། ཕོ་ཉས་ཁོ་རང་ལ་འདི་སྐད༌དུ། ཁྱོད་ཀྱིས་ཡོ་ཕཱ་རུ་མི་མངགས་ཏེ་པེ་ཏྲོ་ཞེས་ཀྱང་འབོད་པའི་སི་མོན་གདན་དྲོངས༌ཤིག 14ཁོང་གིས་ཁྱོད་དང་ཁྱོད་ཀྱི་ཁྱིམ་མི་ཐམས་ཅད་ཐར་བར་བྱེད་པའི་གཏམ་ཁྱོད་ལ་སྨྲ་བར་འགྱུར་ཞེས་གསུངས་པའི་གཏམ་དེ་ངེད་རྣམས་ལ་སྨྲས། 15ངས་དེ་རྣམས་ལ་གཏམ་སྨྲ་བར་བརྩམས་པའི༌ཚེ། དམ་པའི་ཐུགས་ཉིད་ཐོག་མར་ངེད་ཅག་གི་སྟེང་དུ་ཅི་ལྟར་བབས་པ་བཞིན་ཁོ་རྣམས་ཀྱི་སྟེང་དུའང་བབས་སོ།། 16དེ་སྔར་གཙོ་བོས་འདི་སྐད༌དུ། ཡོ་ཧ་ནན་གྱིས་ཆུས་ཁྲུས་གསོལ་བྱས༌མོད། འོན་ཀྱང་ཁྱོད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱི་ཁྲུས་གསོལ་འཐོབ་པར་འགྱུར་ཞེས་གསུངས་པ་བདག་གིས་དྲན་ནོ།། 17བདག་ཅག་གིས་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱེད་པའི༌ཚེ། དཀོན་མཆོག་གིས་བདག་ཅག་ལ་ཇི་ལྟར་གནང་སྦྱིན་གནང་བ་བཞིན་དེ་རྣམས་ལའང་གནང་བ་ཡིན༌པས། ངས་དཀོན་མཆོག་ཅི་ལྟར་འགོག་ནུས་སམ་ཞེས་གསུངས་སོ།། 18མི་རྣམས་ཀྱིས་གསུང་དེ་ཐོས་ནས་གཏམ་ཅི་ཡང་མི་སྨྲ༌བར། དཀོན་མཆོག་གིས་ད་ལྟ་ཕྱི་ཕྱོགས་པ་རྣམས་ལའང་མཐའ་མེད་པའི་ཚེ་སྲོག་འཐོབ་པའི༌ཕྱིར། འགྱོད་བཤགས་ཀྱི་སེམས་གནང་བ་རེད་ཅེས་དཀོན་མཆོག་ལ་བསྟོད་བསྔགས་བརྗོད༌དོ།།

ཨན་ཏི་ཡོག་ཡཱ་གྲོང་ཁྱེར་གྱི་ཆོས༌ཚོགས།

19དེ་ཡང་སི་ཏེ་ཕཱན་གྱི་དོན་རྐྱེན་གྱི་དབང་གིས་གནོད་འཚེ་མྱངས་ཤིང་ཕྱོགས་བཞིར་འཐོར་བའི་དད་ལྡན་རྣམས་ཕོའོ་ནེ་ཀེ་དང་ཀིབ་རིས། གཞན་ཡང་ཨན་ཏི་ཡོག་ཡཱ་རུ་ཕྱིན༌ནས། གཞན་སུ་ལའང་དཀོན་མཆོག་གི་བཀའ་མ་བསྒྲགས་པར་ཡ་ཧུ་དཱ་པ་ཁོ་ནར་བསྒྲགས་སོ། 20འོན༌ཀྱང༌། དེ་དག་གི་ཁྲོད་དུ་ཡོད་པའི་ཀིབ་རིས་དང་ཀི་རེ་ནེ་ཡི་མི་ཁ་ཤས་ཨན་ཏི་ཡོག་ཡཱ་རུ་སླེབས༌ཏེ། གྷི་རིག་པ་རྣམས་ལའང་གཙོ་བོ་ཡེ་ཤུའི་སྐོར་བསྒྲགས་པ༌དང༌། 21གཙོ་བོའི་ཕྱག་ནི་མི་དེ་རྣམས་དང་ལྷན་དུ་བཞུགས༌ཤིང༌། མི་ཤིན་ཏུ་མང་པོའང་དད་ཅིང་གཙོ་བོའི་ཕྱོགས་སུ་འཁོར་བར་གྱུར་ཏོ།། 22དོན་དེ་ཡེ་རུ་སཱ་ལེམ་དུ་ཡོད་པའི་ཆོས་ཚོགས་ཀྱིས་ཐོས་ཏེ་པཱར་ན་པཱ་བྱ་བ་ཨན་ཏི་ཡོག་ཡཱ་རུ་མངགས༌པ་དང་། 23ཁོ་རང་ཡུལ་དེར་སླེབས་ནས་དཀོན་མཆོག་གིས་མི་རྣམས་ལ་གནང་བའི་ཐུགས་རྗེ་མཐོང་སྟེ་སེམས་དགའ་བར་གྱུར་ནས། མི་རྣམས་ལ་བློ་སེམས་འགྱུར་མེད་ཀྱིས་གཙོ་བོ་ལ་བརྟེན་པར་སྐུལ་མ་གནང་ངོ༌།། 24པཱར་ན་པཱ་ནི་རང་གཤིས་བཟང་ཞིང་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་ཡོད་པ་དང་དད་སེམས་ཆེ་བ་ཞིག་ཡིན་པས་མི་མང་པོས་ཀྱང་གཙོ་བོ་ལ་དད་པ་བྱས༌པ་རེད། 25དེ་ནས་ཁོ་རང་ཐཱར་ཟི་ཞེས་པར་སོ་ལོ་འཚོལ་དུ་སོང༌ཞིང༌། 26ཁོང་བཙལ་ནས་རྙེད་པ་དང་ཨན་ཏི་ཡོག་ཡཱ་རུ་ཁྲིད་ཡོང་ཞིང་། དེ་ནས་ཁོང་གཉིས་ལོ་གཅིག་གི་རིང་ལ་ཆོས་ཚོགས་དང་མཉམ་དུ་འཚོགས་ཏེ་མི་མང་པོར་ཆོས་གསུངས་སོ།། རྗེས་འབྲང་པ་རྣམས་ལ་མཱ་ཤི་ཀ་པ་ཞེས་པའི་མིང་ནི་ཐོག་མར་ཨན་ཏི་ཡོག་ཡཱ་ནས་ཐོགས༌པའོ།། 27ཉིན་དེ་དག་གི་རིང༌ལ། ལུང་སྟོན་པ༌ཁ་ཤས་ཡེ་རུ་སཱ་ལེམ་ནས་མར་ཨན་ཏི་ཡོག་ཡཱ་རུ་བྱོན་པ༌དང༌། 28དེ་རྣམས་ཀྱི་ཁྲོད་དུ་ཨ་གཱ་པུ་བྱ་བ་ཞིག་ཡོད་པ་དེས་དམ་པའི་ཐུགས་ཉིད་ཀྱི་ནུས་མཐུར་བརྟེན་ནས་ས་གཞི་ཐམས་ཅད་ལ་མུ་གེ་ཆེན་པོ་འབྱུང་ངེས་པའི་ལུང་བསྟན་གནང༌། དོན་དེ་ཀཱ་ལོ་དི་རྒྱལ་པོའི་དུས་སུ་དངོས་གནས་བྱུང་མྱོང༌བ་ཡིན་ནོ།། 29དེ་ནས་རྗེས་འབྲང་པ་རྣམས་ཀྱིས་རང་རང་གི་ཅི་ནུས་བཞིན་ཞལ་འདེབས་ཕུལ་ནས་ཡ་ཧུ་དཱའི་ཡུལ་དུ་གནས་པའི་སྤུན་ཟླ་རྣམས་ལ་རོགས་སྐྱོར་བྱེད་རྒྱུ་ཐག་གིས་བཅད༌ཅིང༌། 30ཁོ་རྣམས་ཀྱིས་རྒྱུ་ནོམ་པ་ཅི་ཙམ་བསྡུས་པ་ཐམས་ཅད་པཱར་ན་པཱ་དང་སོ་ལོ་གཉིས་ལ་བཅོལ༌ཏེ། ཆོས་ཚོགས་ཀྱི་རྒན་པོ་རྣམས་ལ་སྤྲོད་དུ་བཅུག༌གོ།

མཛད་པ 12

སྐུ་ཚབ་པ་པེ་ཏྲོ་བཙོན་ནས་ཐར་བ།

1དུས་དེར། ས་གནས་རྒྱལ་པོ་ཧེ་རོ་དཱས་ཆོས་ཚོགས་ཀྱི་མི་ཁ་ཤས་ལ་གདུག་རྩུབ་བཀོལ་བ༌དང༌། 2ཡོ་ཧ་ནན་གྱི་གཅེན་པོ་ཡ་ཀོབ་ཟེར་བ་ལ་རལ་གྲིས་བརྒྱབ་ནས་བསད་དོ།། 3ཧེ་རོ་དཱས་ཡ་ཧུ་དཱ་པ་རྣམས་དོན་དེར་དགའ་བ་མཐོང་ནས་པེ་ཏྲོའང་བཟུང༌ཞིང་། དུས་དེ་ནི་སྐྱུར་མེད་བག་ལེབ་ཀྱི་ཉིན་མོ་དག་ཡིན། 4དེ་ཡང་པེ་སག་གི་དུས་ཆེན་མཇུག་རྫོགས༌རྗེས། མི་རྣམས་ཀྱི་མིག་མདུན་ནས་ཁོང་ཉིད་ཁྲིམས་ལ་སྦྱོར་བའི་ཆེད༌དུ། ཧེ་རོ་དཱས་པེ་ཏྲོ་བཟུང་སྟེ་བཙོན་དུ་བཅུག༌ཅིང༌། དམག་མི་བཞི་རེ་ཅན་གྱི་དམག་ཁག་བཞི་ལ་སྲུང་དུ་བཅུག 5དེ་བས་པེ་ཏྲོ་བཙོན་དུ་བཅུག་ནའང་ཆོས་ཚོགས་ཀྱིས་ཁོང་གི་དོན་དུ་དཀོན་མཆོག་ལ་གསོལ་བ་ཤུགས་དྲག་ཏུ་བཏབ༌བོ།། 6དེ་ཡང་ཧེ་རོ་དཱས་པེ་ཏྲོ་ཁྲིམས་ལ་མ་སྦྱར་སྔོན་གྱི་ཉིན་དེའི་མཚན༌མོར། པེ་ཏྲོ་ནི་ལྕགས་ཐག་གཉིས་ཀྱིས་བཀྱིགས་པ་དང་དམག་མི་གཉིས་ཀྱི་བར་དུ་གཉིད་ལ་ཡུར༌ཅིང་། སྲུང་དམག་རྣམས་ཀྱིས་ཀྱང་སྒོའི་ཕྱི་རོལ་ཏུ་བསྲུངས་ཡོད༌པ་རེད། 7གློ་བུར༌ཉིད་དུ་གཙོ་བོའི་ཕོ་ཉ་ཞིག་མངོན་སུམ་དུ་བྱུང་བ་དང་ཁང་པའི་ནང་དུ་འོད་འཚེར་བར་གྱུར་ཏོ།། དེ་ནས་ཕོ་ཉས་པེ་ཏྲོའི་གཞོགས་ནས་བསྒུལ་ཏེ་ཁོང་གཉིད་ལས་བསླངས་རྗེས་འདི་སྐད༌དུ། མྱུར་དུ་ཡར་ལོངས་ཤིག་ཅེས་གསུངས་པ་དང་ལྕགས་ཐག་རང་ཤུགས་ཀྱིས་ཁོང་གི་ལག་པ་ནས་གྲོལ་ཏོ།། 8ཡང་ཕོ་ཉས་ཁོང་ལ་སྐེ་རགས་ཆོངས་ཤིག བསིལ་ལྷམ་གྱོན་ཞིག་ཅེས་གསུངས་པ་བཞིན་ཁོང་གིས་ཀྱང་དེ་ལྟར་བྱས། ཡང་ཕོ་ཉས་ཁྱོད་ཀྱིས་ཕྱི་གོས་གྱོན་ནས་ངའི་རྗེས་སུ་ཤོག་ཅིག་ཅེས་གསུངས་སོ།། 9དེ་ནས་པེ་ཏྲོ་ཕྱི་རུ་བུད་དེ་ཁོང་གི་རྗེས་སུ་འབྲངས༌ནའང༌། ཕོ་ཉས་མཛད་པའི་དོན་དེ་བདེན་པ་ཡིན་པ་མ་ཤེས་པར་ཞལ་གཟིགས་མཐོང་བ་རེད་སྙམ། 10དེ་ནས་ཁོང་གཉིས་སྲུང་དམག་རིམ་པ་དང་པོ་དང་གཉིས་པ་བརྒལ་ནས་གྲོང་ཁྱེར་དུ་འགྲོ་བའི་ལྕགས་སྒོར་སླེབས་པ་དང་སྒོ་ཆེན་དེའང་རང་ཤུགས་ཀྱིས་ཕྱེས༌ཤིང༌། ཁོང་གཉིས་ཕྱི་རོལ་ཏུ་བུད་དེ་སྲང་ལམ་ཞིག་ཏུ་འགྲོ་བ་ན་ཕོ་ཉ་དེ་ཁོང་དང་བྲལ་ནས་སོང་ངོ་།། 11དེ་ནས་པེ་ཏྲོའི་བློ་སྒོ་ཕྱེ་སྟེ་ན་རེ། ད་ལྟ་ངས་གཙོ་བོས་རང་གི་ཕོ་ཉ་མངགས་ཏེ་ཧེ་རོ་དཱའི་དབང་ཤེད་དང་ཡ་ཧུ་དཱ་པ་རྣམས་ཀྱི་རེ་དོན་ཐམས་ཅད་ལས་ང་རང་བསྐྱབས་པ་དངོས་གནས་ཤེས་ཞེས་གསུངས་སོ།། 12དེ་ནས་ཁོང་གིས་དོན་དེ་ཤེས་ནས་མཱར་ཀུ་ཞེས་ཀྱང་འབོད་པའི་ཡོ་ཧ་ནན་གྱི་ཡུམ༌སྟེ། མིར་ཡམ་ཟེར་བ་དེའི་ཁྱིམ་དུ་སོང་བ་དང་གནས་དེར་མི་མང་པོ་འཛོམས་ཤིང་གསོལ་བ་འདེབས་ཀྱིན་འདུག 13པེ་ཏྲོས་ཁྱིམ་དེའི་རྒྱལ་སྒོ་བརྡུངས་པ་ན་རའོ་དཱ་ཟེར་བའི་གཡོག་མོ་ཞིག་ཡོང་ནས་སུ་ཡིན་པར་བརྟགས་སོ།། 14ཁོ་མོས་པེ་ཏྲོའི་སྐད་ཡིན་པ་ཤེས་ཏེ་ཤིན་ཏུ་དགའ་བར་གྱུར་ནས་སྒོ་ཕྱེ་ཁོམ་ཡང་མ་བྱུང་བར་ཁྱིམ་ནང་དུ་བརྒྱུགས༌ནས། པེ་ཏྲོ་སྒོ་ཁར་སླེབས་འདུག་ཅེས་སྨྲས་པ༌ལ། 15དེ་རྣམས་ཀྱིས་ཁྱོད་རང་སྨྱོས་པ་རེད་ཅེས་སྨྲས༌ནའང༌། གཡོག་མོས་དངོས་གནས་ཁོང་རེད་ཅེས་ནན་གྱིས་བརྗོད་པ༌དང༌། དེ་དག་གིས་ཁོང་གི་ཕོ་ཉ་ཡིན་པར་ངེས་ཞེས་སྨྲས་སོ།། 16པེ་ཏྲོས་མུ་མཐུད་དུ་སྒོ་བརྡུངས་པ་ན་ཁོ་རྣམས་ཀྱིས་སྒོ་ཕྱེས་ཤིང་པེ་ཏྲོ་མཐོང་བ་དང་ངོ་མཚར་བར་གྱུར་ཏོ།། 17དེ་ནས་པེ་ཏྲོས་ཁོ་རྣམས་ལ་ཅི་ཡང་མི་སྨྲ་བའི་ལག་བརྡ་བྱས༌ཏེ། གཙོ་བོས་ཁོང་ཉིད་ཇི་ལྟར་བཙོན་ཁང་ལས་ཕྱི་རུ་ཁྲིད་ཚུལ་སྨྲས༌ཤིང༌། ཡང་ཁྱོད་རྣམས་ཀྱིས་དོན་འདི་ཡ་ཀོབ་དང་སྤུན་ཟླ་རྣམས་ལ་ཤོད་ཅིག་ཅེས་གསུངས་པ་དང་སྒོའི་ཕྱི་རུ་བུད་དེ་ཡུལ་གཞན་དུ་སོང༌ངོ༌།། 18དེ་ནས་ནམ་ལངས་པ་དང་སྲུང་དམག་རྣམས་ཀྱིས་པེ་ཏྲོ་གང་དུ་ཕྱིན་པ་མ་ཤེས་པས་ཟང་ཟིང་ལང་ལོང་དུ་གྱུར་ཏོ།། 19ཧེ་རོ་དཱས་ཀྱང་ཁོང་བཙལ་ཀྱང་མ་རྙེད་པས་སྲུང་དམག་ལ་འདྲི་རྩད་བྱས་ཤིང་དེ་རྣམས་གསོད་དགོས་པའི་བཀའ་ཕབ། དེའི་རྗེས༌སུ། ཧེ་རོ་དཱ་ཁོ་རང་ཡང་ཡ་ཧུ་དཱའི་ཡུལ་དང་བྲལ་ནས་མར་ཀེ་སར་ཡཱ་རུ་སོང་སྟེ་གནས་བཅས༌སོ།།

ཧེ་རོ་དཱ་ཤི་བའི༌སྐོར།

20ཐཱར་དང་ཚི་ཏུན་པ་རྣམས་ལ་ཧེ་རོ་དཱ་ཤིན་ཏུ་ཁྲོས་པར་གྱུར༌ཅིང་། གྲོང་ཁྱེར་དེ་དག་གི་འབྲུ་རིགས་ནི་ས་གནས་རྒྱལ་པོ་ཧེ་རོ་དཱའི་ཡུལ་ནས་ཐོབ་པ་ཡིན༌པས། མི་དེ་རྣམས་འདུས་ནས་རྒྱལ་པོའི་ནང་བློན་པཱ་ལོས་ཐོ་ལ་བློ་བཅོལ་ཞིང་རྒྱལ་པོའི་དྲུང་དུ་སོང་ནས་བློ་གཅིག་སེམས་གཅིག་གིས་འདུམ་འགྲིག་བྱེད་པའི་ཞུ་བ་ཞུས་སོ།། 21དེ་ཡང་ཧེ་རོ་དཱས་ཐག་གིས་བཅད་པའི་ཉིན་མོར་རྒྱལ་པོའི་གོས་ཆེན་མནབས་ནས་ཁྲི་ལ་བཞུགས་ཏེ་མི་རྣམས་ལ་གཏམ་སྨྲས་པ༌དང༌། 22མི་རྣམས་ཀྱིས་སྐད་གསང་མཐོན་པོས་འདི་ནི་ལྷའི་གསུང་སྐད་ཡིན་པ་ལས་མིའི་སྐད་མིན་ཞེས་བརྗོད་དོ།། 23ཧེ་རོ་དཱས་དཀོན་མཆོག་ལ་བསྟོད་པ་མ་ཕུལ༌བས། དེ་མ་ཐག་གཙོ་བོའི་ཕོ་ཉ་ཞིག་གིས་ཁོ་ལ་ཉེས་ཆད་བཅད་པ༌དང༌། ཁོ་རང་འབུ་སྲིན་གྱིས་ཟོས་ནས་ཤི་བར་གྱུར་ཏོ།། 24འོན་ཀྱང་དཀོན་མཆོག་གི་བཀའ་རིམ་བཞིན་དར་ཞིང་རྒྱས༌པ་རེད། 25པཱར་ན་པཱ་དང་སོ་ལོ་གཉིས་ཀྱིས་མངག་བཅོལ་ལྟར་རོགས་སྐྱོར་གྱི་ལས་འགན་བསྒྲུབས་རྗེས། ཡེ་རུ་སཱ་ལེམ་ནས་མཱར་ཀུ་ཞེས་ཀྱང་འབོད་པའི་ཡོ་ཧ་ནན་ཁྲིད་ནས་ཕྱིར་ལོག༌གོ།

མཛད་པ 13

ཕོལ་ལོལ་ཐེངས་དང་པོར་ཆོས་སྤེལ་དུ་ཕྱིན་པ།

1དེ་ཡང་ཨན་ཏི་ཡོག་ཡཱ་ཡི་ཆོས་ཚོགས་ཀྱི་ནང་དུ་ལུང་སྟོན་པ་དང་སློབ་དཔོན་འགའ་ཡོད༌དེ། པཱར་ན་པཱ༌དང༌། ནེ་གེར་ཞེས་ཀྱང་འབོད་པའི་སི་མུ༌ཨོན། ཀི་རེ་ནེ་ཞེས་པའི་ལོ་ཀེ༌ཨོ། ས་གནས་དཔོན་པོ་ཧེ་རོ་དཱ་དང་མཉམ་དུ་གཉོར་བའི་མཱ་ན་ཧེན་དང་སོ་ལོ་བཅས༌ཡིན་ནོ།། 2ཁོང་རྣམས་ཀྱིས་གཙོ་བོ་ལ་བསྙེན་བཀུར་བྱེད༌ཅིང༌སྨྱུང་གནས་སྲུང་བའི་དུས་སུ། དམ་པའི་ཐུགས་ཉིད་ཀྱིས་འདི་སྐད༌དུ། བདག་གི་ཆེད་དུ་ཁྱོད་རྣམས་ཀྱིས་པཱར་ན་པཱ་དང་སོ་ལོ་གཉིས་བདག་གིས་བསྐུལ་བའི་ཆོས་དོན་བསྒྲུབ་པར་སྐོས་ཤིག་ཅེས་གསུངས་སོ།། 3དེ་ནས་ཁོང་རྣམས་ཀྱིས་ཀྱང་སྨྱུང་གནས་བསྲུངས་ཤིང་གསོལ་བ་བཏབ་པ་དང་ཁོང་གཉིས་ཀྱི་ལུས་ལ་ཕྱག་བཞག་རྗེས་ཡུལ་གཞན་དུ་བཏང༌ངོ༌།། 4དེ་ནས་ཁོང་གཉིས་དམ་པའི་ཐུགས་ཉིད་ཀྱིས་མངགས་ཏེ་མར་སི་ལོ་ཡཱ་རུ་སོང༌ཞིང༌། དེ་ནས་གྲུ་གཟིངས་ལ་བསྡད་དེ་ཀིབ་རིས་ལ་ཕྱིན་པ་རེད། 5ཁོང་གཉིས་སཱ་ལ་མུ་རུ་སླེབས༌ཏེ། ཡ་ཧུ་དཱ་པའི་ཆོས་ཁང་སོ་སོ་ནས་དཀོན་མཆོག་གི་བཀའ་བསྒྲགས༌ཤིང༌། ཡོ་ཧ་ནན་ཡང་ཁོང་གཉིས་ཀྱི་ལས་གྲོགས་སུ་གྱུར་ཏོ།། 6ཁོང་རྣམས་གླིང་ཕྲན་ཡོངས་སུ་བརྒྱུད་པའི༌མཐར། པཱ་ཕོ་རུ་སླེབས་པ་དང་དེ་རུ་སྒྱུ་མ་མཁན་ཡིན་པའི་ཡ་ཧུ་དཱ་པའི་ལུང་སྟོན་པ་རྫུས་མ་ཞིག་དང་ཕྲད་ཅིང་དེའི་མིང་ལ་པཱར་ཡེ་ཤུ་ཟེར། 7མི་དེ་ནི་དུས་རྒྱུན་སྤྱི་དཔོན་སུར་ཀེ་ཕོལ་ལོལ་དང་མཉམ་དུ་གནས༌ཤིང༌། སྤྱི་དཔོན་དེ་ནི་བློ་གྲོས་དང་ལྡན་པ་ཞིག་ཡིན༌ཏེ། ཁོས་དཀོན་མཆོག་གི་བཀའ་ལ་མཉན་པའི༌ཕྱིར། པཱར་ན་པཱ་དང་སོ་ལོ་གཉིས་གདན་དྲངས༌པ་རེད། 8འོན༌ཀྱང༌། གྷི་རིག་སྐད་ཀྱི་ཨི་ལི་མཱ་བྱ་བའི་སྒྱུ་མ་མཁན་དེས་སྤྱི་དཔོན་ཁོང་ཉིད་དད་པ་ལས་བཟློག་པར་བསམས་ནས་ཁོང་གཉིས་ལ་འགོག་རྒོལ་བྱས་སོ།། 9དེ་ནས་ཕོལ་ལོལ་ཞེས་ཀྱང་འབོད་པའི་སོ་ལོ་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ༌ཅིང༌། ཁོང་གིས་མི་དེ་ལ་ཞིབ་ཏུ་བལྟས་ཏེ་འདི་སྐད༌དུ། 10གཡོ་སྒྱུ་དང་ཁྲམ་སེམས་ཀྱིས་ཁེངས་པའི་བདུད་ཀྱི༌བུ། དྲང་བདེན་ཐམས་ཅད་ཀྱི་དགྲ་བོ་ཁྱོད་ཀྱིས་དཀོན་མཆོག་གི་ལམ་ཡང་དག་པ་དེ་འཁྱོག་བཤད་བྱས་ནས་ད་དུང་མཚམས་མི་འཇོག༌གམ། 11ད་ལྟ་གཙོ་བོའི་ཕྱག་གིས་ཁྱོད་ཀྱི་མིག་ལོང་བར་བྱས་ནས་རེ་ཞིག་ཉི་མའི་འོད་མི་མཐོང་བར་འགྱུར་ཞེས་སྨྲས་མ་ཐག ཁོའི་མིག་ལ་མུན་ནག་འཐིབས་ཏེ་ཅི་ཡང་མ་མཐོང་བས་ཕྱོགས་བཞིར་ལམ་ཁྲིད་པ་འཚོལ་བཞིན་གདའོ།། 12དེ་ནས་སྤྱི་དཔོན་གྱིས་དོན་དེ་མཐོང་ནས་གཙོ་བོའི་བཀའ་ཆོས་ལ་ཤིན་ཏུ་ངོ་མཚར་ཞིང་དད་པར་གྱུར༌ཏོ།།

ཕུ་སིད་ཡཱ་ཡུལ་གྱི་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་དུ་ཆོས་སྤེལ༌བ།

13དེ་ནས་ཕོལ་ལོལ་དང་ཁོང་གི་ཆོས་གྲོགས་རྣམས་པཱ་ཕོ་ནས་གྲུ་གཟིངས་ལ་བསྡད་དེ་ཕཱམ་ཕིལ་ཡ་ཡུལ་གྱི་ཕིར་གེ་རུ་སླེབས༌རྗེས། ཡོ་ཧ་ནན་ཁོང་རྣམས་དང་ཁ་བྲལ་ནས་ཡེ་རུ་སཱ་ལེམ་དུ་ལོག་གོ། 14དེ་ནས་ཁོང་རྣམས་ཕིར་གེ་དང་ཁ་བྲལ་ནས་ཕུ་སིད་ཡཱ་ཡུལ་གྱི་ཨན་ཏི་ཡོག་ཡཱ་རུ་ཕྱིན༌ཏེ། ངལ་གསོ་བའི་ཉིན་མོར་ཆོས་ཁང་དུ་སོང་ནས་བཞུགས་པ་རེད། 15དེ་ནས་བཀའ་ཁྲིམས་དང་ལུང་སྟོན་པའི་མདོ་ལས་ཚན་པ་ཞིག་བཀླགས་ཚར་བ༌ན། ཆོས་ཁང་གི་དབུ་འཛིན་པས་མི་མངགས་ཏེ་ན༌རེ། སྤུན་ཟླ༌རྣམས། གལ་ཏེ་ཁྱེད་ཅག་ལ་མི་རྣམས་ཀྱི་སེམས་སྐུལ་བའི་གཏམ་ཡོད་ན་གསུང་རོགས་ཞུ་ཞེས་ངག་འཕྲིན་བསྐུར༌ཏོ།། 16དེ་ནས་ཕོལ་ལོལ་ཡར་ལངས་ནས་ལག་བརྡ་བྱས་ཏེ་འདི་སྐད༌དུ། ཡེས་ར་ཨེལ་པ་རྣམས་དང་དཀོན་མཆོག་ལ་དད་གུས་ཡོད་པའི་མི་ཐམས་ཅད་ཀྱིས་ཉོན༌ཅིག 17རང་རེ་ཡེས་ར་ཨེལ་མི་རིགས་ཀྱི་དཀོན་མཆོག་གིས་བདག་ཅག་གི་ཕ་མེས་རྣམས་བདམས༌ཤིང༌། མི་དེ་རྣམས་ཨེ་ཅིབ་ཡུལ་དུ་སྡོད་པའི༌ཚེ། ཁོ་རྣམས་ཆེན་པོར་མཛད་པ༌དང༌། ནུས་མཐུ་ལྡན་པའི་སྒོ་ནས་ཡུལ་དེ་ནས་ཕྱིར་ཁྲིད༌ཅིང༌། 18ཡང་དབེན་སྟོང་ཡུལ་ནས་ལོ་ངོ་བཞི་བཅུ་ལྷག་གི་རིང༌ལ་མེས་པོ་རྣམས་ལ་བཟོད་སྒོམ་མཛད༌ཅིང་། 19ཡང་ཁོང་གིས་ཀ་ན་ཨན་ཡུལ་གྱི་མི་རིགས་བདུན་པོ་རྡུལ་དུ་བརླག༌ཅིང༌། ཡུལ་དེ་ཡེས་ར་ཨེལ་པ་རྣམས་ལ་བགོ་སྐལ་དུ་གནང༌བ་ཡིན། 20དོན་དེ་ཐམས་ཅད་ནི་ལོ་ངོ་བཞི་བརྒྱ་ལྔ་བཅུ་ཙམ་གྱི་རིང་ལ་བྱུང་བ་ཡིན། དེའི་རྗེས༌སུ། ཁོང་གིས་ལུང་སྟོན་པ་སཱ་མུ༌ཨེལ་གྱི་བར་དུ་མེས་པོ་དག་ལ་ཁྲིམས་དཔོན་བསྐོས༌པ་དང་། 21ཕྱིས་སུ། ཁོ་རྣམས་ཀྱིས་རྒྱལ་པོ་ཞིག་གནང་བར་ཞུ་བ་ཞུས་པ༌ལ། དཀོན་མཆོག་གིས་པེན་ཡཱ་མེན་གྱི་ཚོ་བར་གཏོགས་པའི་ཁི་སི་ཞེས་པའི་བུ༌སྟེ། སོ་ལོ་ཟེར་བ་དེ་ལོ་བཞི་བཅུའི་རིང་ཁོ་རྣམས་ཀྱི་རྒྱལ་པོར་གནང༌ངོ་།། 22ཡང་ཁོང་གིས་སོ་ལོ་ཕྱིར་བཏོན་པར་མཛད་ནས་དཱ་བིད་ཁོ་རྣམས་ཀྱི་རྒྱལ་པོར་བསྐོས༌ཤིང༌། དེ་ལ་དཔང་པོ་མཛད་ནས་འདི་སྐད༌དུ། ངས་ཡེ་སེའི་བུ་དཱ་བིད་རྙེད་དེ་ཁོ་ནི་ངའི་ཐུགས་སུ་འབྱོན་པའི་མི་ཞིག་ཡིན་ཞིང༌། ཁོས་བདག་གི་དགོངས་དོན་ཐམས་ཅད་ཇི་བཞིན་དུ་བསྒྲུབ་པར་འགྱུར་ཞེས་གསུངས་སོ།། 23དཱ་བིད་ཀྱི་རིགས་རྒྱུད་ལས་དཀོན་མཆོག་གིས་རང་ཉིད་ཀྱི་ཞལ་བཞེས༌ལྟར། ཡེས་ར་ཨེལ་པ་རྣམས་ལ་སྐྱབས་མགོན་དུ་ཡེ་ཤུ་མངགས་པ་ཡིན་ནོ།། 24ཁོང་མ་བྱོན་པའི་སྔོན༌ལ། ཡོ་ཧ་ནན་གྱིས་ཡེས་ར་ཨེལ་པ་ཐམས་ཅད་ལ་འགྱོད་བཤགས་ཀྱི་རྟགས་སུ་ཁྲུས་གསོལ་གྱི་ཆོས་བསྒྲགས༌ཤིང༌། 25ཡོ་ཧ་ནན་གྱིས་དོན་འདི་བསྒྲུབས་ཚར་ལ་ཉེ་བའི་དུས་སུ་འདི་ལྟར་གསུངས་པ་སྟེ། ཁྱོད་ཅག་གིས་ང་རང་སུ་རེད་འདོད༌དམ། ང་ནི་སྐྱབས་མགོན་མཱ་ཤི་ཀ་མིན། ངས་རང་གི་རྗེས་སུ་ཕེབས་ངེས་པ་ཁོང་གི་ལྷམ་མདུད་ཀྱང་དགྲོལ་བར་མི་འོས་ཞེས་པའོ།། 26ཡང་ཕོལ་ལོལ་ན༌རེ། སྤུན་ཟླ་རྣམ་པ། ཨབ་ར་ཧམ་གྱི་བུ་རྒྱུད༌དང་། ཁྱོད་ཅག་ལས་དཀོན་མཆོག་ལ་དད་གུས་ཡོད་པའི་མི༌རྣམ་པ། དཀོན་མཆོག་གིས་འཇིག་རྟེན་སྐྱོབ་པར་བྱེད་པའི་བཀའ་འདི་བདག་ཅག་ལ་གནང་བ་ཡིན་ནོ།། 27ཡེ་རུ་སཱ་ལེམ་དུ་སྡོད་པའི་མི་རྣམས་དང་དེ་དག་གི་དཔོན་རིགས་རྣམས་ཀྱིས་གཙོ་བོ་ཡེ་ཤུ་སུ་ཡིན་མ་ཤེས༌ལ། ངལ་གསོ་བའི་ཉིན་རེ་རེར་བཀླགས་པའི་ལུང་སྟོན་པ་རྣམས་ཀྱི་གསུང་ཡང་མ་གོ༌བར། ཁོང་ལ་སྲོག་ཆད་བཅད་ནས་ལུང་བསྟན་ལྟར་འགྲུབ་པར་བྱས་པ་རེད། 28དེ་དག་གིས་ཁོང་ལ་སྲོག་ཆད་གཅོད་དགོས་པའི་ཉེས་སྐྱོན་ཅི་ཡང་མ་རྙེད༌ནའང༌། པི་ལ་ཏུ་ལ་ཁོང་ཉིད་དགྲོང་དགོས་པའི་རེ་བ་ཞུས་སོ།། 29དེ་ཡང་ཁོ་རྣམས་ཀྱིས་གསུང་རབ་ལས་སྐྱབས་མགོན་ཡེ་ཤུའི་སྐོར་བཀོད་ཡོད་པའི་དོན་ཐམས་ཅད་བསྒྲུབས༌རྗེས། མི་གཞན་རྣམས་ཀྱིས་ཁོང་གི་སྐུ་པུར་གདུང་མ་ལས་མར་བླངས་ཏེ་དུར་ཁུང་ཞིག་ཏུ་དུར་ལ་བཅུག་གོ། 30འོན༌ཀྱང༌། དཀོན་མཆོག་གིས་ཁོང་ཉིད་གྲོངས་པ་ནས་སླར་གསོན་པར་མཛད་པ༌དང༌། 31དེ་སྔར་ག་ལིལ་ཡུལ་ནས་ཁོང་དང་མཉམ་དུ་ཡེ་རུ་སཱ་ལེམ་ལ་ཡོང་མཁན་རྣམས་ཀྱིས་ཀྱང་ཉིན་མང་པོར་ཁོང་ཉིད་མཐོང་མྱོང་བ༌དང༌། མི་དེ་དག་ནི་ད་ལྟ་མི་རྣམས་ཀྱི་མདུན་དུ་ཁོང་ལ་བདེན་དཔང་བྱེད་མཁན་ཡང་ཡིན་ནོ།། 32ངེད་རྣམས་ཀྱིས་ཀྱང་ཁྱོད་ཅག་ལ་འཕྲིན་བཟང་འཆད་པར༌བྱ་སྟེ། དེ་སྔར་དཀོན་མཆོག་གིས་བདག་ཅག་གི་ཕ་མེས་ཡང་མེས་ལ་ཞལ་བཞེས་གནང་བ་དེ༌ནི། 33དཀོན་མཆོག་གིས་ཀྱང་བདག་ཅག་བུ་རབས་ཚ་རྒྱུད་རྣམས་ཀྱི་དུས་འདིར་སྐྱབས་མགོན་ཡེ་ཤུ་སླར་གསོན་པར་མཛད་པའི་སྒོ་ནས་བསྒྲུབས༌པ་ལགས། དེ་ལ་གསུང་མགུར་གཉིས་པ༌ལས། ཁྱོད་ནི་བདག་གི་སྲས་ཡིན༌ཞིང༌།། དེ་རིང་བདག་ལ་འཁྲུངས་པ་ཡིན།། ཞེས་གསུངས་པ་བཞིན༌ནོ།། 34ཡང་དཀོན་མཆོག་གིས་ཁོང་ཉིད་གྲོངས་པ་ནས་སླར་གསོན་པར་མཛད་ཅིང་དུས་ནམ་ཡང་མི་འཇིག་པའི་སྐོར་ལ་ཇི་སྐད༌དུ། ཡང་དག་བདེན་པའི་བྱིན་གྱིས་བརླབས་པ༌ནི།། དཱ་བིད་ཁོང་ལ་ཇི་ལྟར་གནང་བ༌བཞིན།། བདག་གིས་ཁྱོད་ཚོར་དེ་ལྟར་སྦྱིན་པར༌བྱ།། ཞེས་གསུངས༌པའོ།། 35དེའི༌ཕྱིར། གསུང་མགུར་གཞན་ལས་ཀྱང་ཇི་སྐད༌དུ། ཁྱོད་ཀྱིས་རང་གི་སྐྱེས་བུ་དམ་པ༌ནི།། ནམ་ཡང་རུལ་དུ་འཇུག༌པ་མ་ཡིན་ནོ།། ཞེས་གསུངས༌སོ།། 36དཱ་བིད་འཚོ་གཞེས་ཀྱི་དུས༌སུ། དཀོན་མཆོག་གི་དགོངས་པ་བཞིན་དུ་ཞབས་ཕྱི་བསྒྲུབས༌རྗེས། ཁོང་ཚེ་ལས་འདས་པ་དང་རང་གི་ཕ་མེས་ཡང་མེས་དང་མཉམ་དུ་དུར་ལ་བཅུག་པ་དང་བེམ་པོའང་འཇིག་པར་གྱུར་ཏོ།། 37འོན༌ཀྱང༌། དཀོན་མཆོག་གིས་སླར་གསོན་པར་མཛད་པ་དེ་ཉིད་འཇིག་པར་མ་གྱུར་ཏོ།། 38དེའི༌ཕྱིར། སྤུན་ཟླ༌རྣམས། དོན་འདི་ཤེས་པར༌གྱིས། སྡིག་པ་སེལ་བའི་བཀའ་ནི་སྐྱབས་མགོན་ཡེ་ཤུ་བརྒྱུད་ནས་ཁྱོད་རྣམས་ལ་སྒྲོག་པར་བྱེད། 39མོ་ཤེའི་བཀའ་ཁྲིམས་ལ་བརྟེན་ནས་ཁྱོད་ཅག་རྣམ་དག་ཏུ་བརྩི་མི་ནུས༌ཤིང༌། སྐྱབས་མགོན་ཡེ་ཤུ་བརྒྱུད༌ནས་དད་པ་བྱེད་མཁན་ཐམས་ཅད་རྣམ་དག་ཏུ་བརྩིས་པར་མཛད་དོ།། 40དེ་བས་ལུང་སྟོན་པའི་ལུང་བསྟན་ལས་གསུངས་པ་རྣམས་ཁྱོད་ཅག་ལ་མི་འཕོག་པའི་ཕྱིར་གཟབ་པར༌གྱིས། 41དེ་ལ་ཇི་སྐད༌དུ། བདག་གིས་ཁྱོད་ཚོའི་དུས་འདི༌རུ།། དོན་ཞིག་བསྒྲུབ་ཀྱང་ཁྱོད་རྣམས༌ལ།། གཞན་གྱིས་དོན་དེ་བརྗོད་ན༌ཡང༌།། ཁྱོད་ཅག་ཡིད་ཆེས་མེད་པའི༌ཕྱིར།། འཕྱ་མཁན་ཁྱོད་རྣམས་ལྟོས་ཤིག༌ཀྱེ།། ངོ་མཚར་བ་དང་འཇིག་པར༌ཤོག ། ཅེས་པའོ་ཞེས་གསུངས༌སོ།། 42དེ་ནས་ཁོང་རྣམས་ཆོས་ཁང་ལས་ཕྱིར་བུད་པ༌དང༌། མི་དེ་རྣམས་ཀྱིས་ངལ་གསོ་བའི་ཉིན་རྗེས་མར་ཡང་དོན་འདིའི་སྐོར་ཁོང་རྣམས་ལ་གསུང་བའི་རེ་བ་ཞུས༌ཤིང་། 43ཆོས་ཁང་གི་ཚོགས་གྲོལ༌རྗེས། ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པའི་ཆོས་ལུགས་ལ་ཞུགས་པའི་མི་མང་པོ་ཞིག་ཕོལ་ལོལ་དང་པཱར་ན་པཱ་གཉིས་ཀྱི་རྗེས་སུ་འབྲངས་པ༌དང༌། ཁོང་གཉིས་ཀྱིས་ཀྱང་མི་དེ་རྣམས་ལ་དུས་རྟག་ཏུ་དཀོན་མཆོག་གི་ཐུགས་རྗེའི་ནང་གནས་པར་སྐུལ་མ་མཛད༌དོ།། 44དེ་ནས་གཟའ་རྗེས་མའི་ངལ་གསོ་བའི་ཉིན་མོར་གྲོང་ཁྱེར་གྱི་མི་མང་ཤོས་ནི་དཀོན་མཆོག་གི་བཀའ་ལ་ཉན་ཕྱིར་ལྷན་དུ་འདུས༌པ་རེད། 45འོན༌ཀྱང༌། ཡ་ཧུ་དཱ་པ་རྣམས་ཀྱིས་མི་དེ་འདྲ་མང་བ་མཐོང་ནས་ཕྲག་དོག་སྐྱེས༌ཏེ། ཕོལ་ལོལ་གྱིས་གསུངས་པ་ལ་དགག་ཅིང་དམའ་འབེབས་བྱས་སོ།། 46དེ་ནས་ཕོལ་ལོལ་དང་པཱར་ན་པཱ་གཉིས་ཀྱིས་སྤོབས་པ་ཆེན་པོས་འདི་སྐད༌དུ། དཀོན་མཆོག་གི་བཀའ་ནི་ཐོག་མར་ཁྱོད་རྣམས་ལ་བསྒྲག་འོས་པ་ཡིན༌མོད། འོན་ཀྱང་ཁྱོད་རྣམས་ཀྱིས་བཀའ་དེ་སྤངས༌ཤིང༌། རང་ཉིད་ལ་མཐའ་མེད་པའི་ཚེ་སྲོག་ཐོབ་མི་འོས་པའི་ཁ་ཚོན་བཅད༌པས། ལྟོས་དང་། ངེད་ཅག་ཕྱི་ཕྱོགས་པ་རྣམས་ལ་བཀའ་བསྒྲག་པར༌འགྲོའོ།། 47རྒྱུ་མཚན་ནི་གཙོ་བོས་ངེད་ཅག་ལ་འདི་སྐད༌དུ། ས་མཐའི་བར་དུ་ཐར་པའི་ཆོས་བསྒྲག༌ཕྱིར།། བདག་གིས་ཁྱོད་ནི་ཕྱི་ཕྱོགས་མི་རྣམས༌ལ།། འཕྲོ་བར་བྱེད་པའི་འོད་དུ་བསྐོས་པ༌ཡིན།། ཞེས་བཀའ་གནང༌ངོ༌།། 48དེ་ནས་ཕྱི་ཕྱོགས་པ་རྣམས་ཀྱིས་གསུང་དེ་ཐོས་ནས་ཤིན་ཏུ་དགའ་བར་གྱུར་ཏེ་གཙོ་བོའི་བཀའ་ལ་བསྟོད་ཅིང་བསྔགས་པ༌དང༌། དཀོན་མཆོག་ཉིད་ཀྱིས་སྔར་ནས་མཐའ་མེད་པའི་ཚེ་སྲོག་ཐོབ་པར་ཅི་ཙམ་ཐག་གིས་བཅད་པ་བཞིན་མི་རྣམས་ཁོང་ལ་དད་པར་གྱུར༌པས། 49གཙོ་བོའི་བཀའ་ཡུལ་དེ་ཐམས་ཅད་ལ་ཁྱབ་པར་གྱུར་ཏོ།། 50འོན་ཀྱང་ཡ་ཧུ་དཱ་པ་རྣམས་ཀྱིས་གྲོང་ཁྱེར་ནང་གི་དད་མོས་ཡོད་ཅིང་བཀུར་འོས་པའི་བུད་མེད་དང་དཔོན་རིགས་རྣམས་ལ་ངན་སྐུལ་བྱས༌ཏེ། ཕོལ་ལོལ་དང་པཱར་ན་པཱ་གཉིས་ལ་བཙན་ཤུགས་བཀོལ་ནས་ཡུལ་དེ་ལས་ཕྱིར་བཏོན་ནོ།། 51དེ་བས་ཁོང་གཉིས་ཀྱིས་མི་དེ་དག་གི་ཕྱོགས་སུ་རྐང་པའི་སྟེང་གི་ས་རྡུལ་སྤྲུགས་ཏེ་ཨི་ཀོན་ཡུ་རུ་ཕྱིན༌པ་དང་། 52རྗེས་འབྲང་པ་རྣམས་ཀྱི་སེམས་ལ་དགའ་སྤྲོས་ཁེངས་ཤིང་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར༌ཏོ།།

མཛད་པ 14

ཕོལ་ལོལ་དང་པཱར་ན་པཱ་གཉིས་ཨི་ཀོན་ཡུ་གྲོང་ཁྱེར་དུ་བཞུགས༌པ།

1དེ་ནས་ཕོལ་ལོལ་དང་པཱར་ན་པཱ་གཉིས་མཉམ་དུ་ཨི་ཀོན་ཡུ་ལ་ཡོད་པའི་ཡ་ཧུ་དཱ་པའི་ཆོས་ཁང་ལ་སོང་ནས། དེར་བཀའ་ལེགས་པར་གསུངས་པས་ཡ་ཧུ་དཱ་པ་དང་གྷི་རིག་པ་ཤིན་ཏུ་མང་པོ་དད་པར་གྱུར་ཏོ།། 2འོན༌ཀྱང༌། དད་པ་མེད་པའི་ཡ་ཧུ་དཱ་པ་རྣམས་ཀྱིས་ཕྱི་ཕྱོགས་པ་རྣམས་ལ་ངན་སྐུལ་བྱས་ཏེ། སྤུན་ཟླ་རྣམས་དང་དེ་རྣམས་ཀྱི་བར་ལ་ཕྲ་མ་བཅུག 3ཁོང་གཉིས་ཡུལ་དེར་ཡུན་རིང་དུ་བཞུགས༌ཤིང༌། གཙོ་བོ་ལ་བརྟེན་ནས་སྤོབས་པ་ཆེན་པོས་བཀའ་གསུངས་པ༌དང༌། གཙོ་བོས་ཀྱང་ཁོང་གཉིས་བརྒྱུད་ནས་གྲུབ་རྟགས་དང་ངོ་མཚར་བའི་དོན་བསྟན་ཏེ་རང་ཉིད་ཀྱི་ཐུགས་རྗེའི་བཀའ་ལ་བདེན་དཔང་མཛད་དོ།། 4དེ་ནས་གྲོང་ཁྱེར་གྱི་མི་དེ་རྣམས་ཕྱོགས་གཉིས་སུ་གྱེས༌ཏེ། ལ་ལ་ནི་ཡ་ཧུ་དཱ་པའི་ཕྱོགས༌དང༌། ལ་ལ་ནི་སྐུ་ཚབ་པའི་ཕྱོགས་སུ་འཁོར། 5དུས༌དེར། ཕྱི་ཕྱོགས་པ་དང་ཡ་ཧུ་དཱ་པ་རྣམས༌དང༌། གཞན༌ཡང༌། དེ་དག་གི་དཔོན་པོ་རྣམས་དང་བཅས་པས་ཕོལ་ལོལ་དང་པཱར་ན་པཱ་གཉིས་ལ་བརྙས་བཅོས་དང་རྡོ་རུབ་གཏོང་བར་རྩོམ་པ༌ལ། 6ཁོང་གཉིས་ཀྱིས་དོན་དེ་ཤེས་ནས་ལི་ཀ་ཨོན་ཡཱ་ཡུལ་གྱི་ལིས་ཏྲ་དང་དིར་སྦེ་གྲོང་ཁྱེར་གཉིས་དང་དེའི་མཐའ་སྐོར་གྱི་ཡུལ་དུ་བྲོས༌ཤིང༌། 7གནས་དེ་ནས་ཀྱང་མུ་མཐུད་དུ་འཕྲིན་བཟང་བསྒྲགས༌སོ།།

ལིས་ཏྲ་དང་དིར་སྦེ་གྲོང་ཁྱེར་དུ་ཆོས་སྤེལ་བའི༌ཚུལ།

8དེ་ཡང་ལིས་ཏྲ་གྲོང་ཁྱེར་དུ་རྐང་པར་ཤེད་ཤུགས་མེད་ཅིང་སྐྱེས་མ་ཐག་ནས་རྐང་པ་ཞ་བ་དང་གོམ་པའི་འདེགས་འཇོག་བསྒྱུར་མ་མྱོང་བའི་མི་ཞིག་ཡོད༌དེ། 9ཁོས་ཕོལ་ལོལ་གྱིས་ཆོས་འཆད་པ་ལ་མཉན༌ཞིང༌། ཕོལ་ལོལ་གྱིས་ཀྱང་ཞ་བོ་དེ་ལ་ཞིབ་ལྟ་བྱས་པ༌ན། ཞ་བོ་དེ་ལ་རང་གི་ནད་གསོ་ཐུབ་པའི་དད་པ་ཡོད་པ་མཐོང༌སྟེ། 10གསུང་སྐད་ཆེན་པོས་འདི་ལྟར། ཁྱོད་ཀྱིས་རང་གི་རྐང་པ་སར་བཙུགས་ནས་དྲང་མོར་ལོངས་ཤིག་ཅེས་གསུངས་པ༌ལ། ཞ་བོ་དེ་ཡར་ལྡིང་ཞིང་འགྲོ་བར་བྱས་སོ།། 11དེ་ནས་ཕོལ་ལོལ་གྱིས་མཛད་པའི་དོན་དེ་མི་ཚོགས་ཀྱིས་མཐོང་ནས་སྐད་ཆེན་པོས་ལི་ཀ་ཨོན་ཡཱ་ཞེས་པའི་ཡུལ་སྐད༌དུ། ལྷ་རྣམས་མི་རུ་སྤྲུལ་ནས་བདག་ཅག་གི་ཁྲོད་དུ་བབས་ཞེས་བཤད་པ༌དང༌། 12པཱར་ན་པཱའི་མིང་ལ་བཟོའུ་ཟི་ཞེས་བཏགས་པ༌དང༌། ཕོལ་ལོལ་ནི་གསུང་མཁན་གཙོ་བོ་ཡིན་པས་མིང་ལ་ཧུར་མེ་ཞེས་བཏགས༌སོ།། 13གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཡོད་པའི་བཟོའུ་ཟི་ལྷ་ཁང་གི་མཆོད་དཔོན་གྱིས་མི་རྣམས་དང་མཉམ་དུ་སྐུ་ཚབ་པ་ལ་མཆོད་པ་འབུལ་བའི༌ཕྱིར། བ་གླང་འགའ་ཁྲིད་ཅིང་མེ་ཏོག་གི་ཕྲེང་བ་བཟུང་ནས་སྒོ་འགྲམ་དུ་སླེབས་སོ།། 14འོན༌ཀྱང༌། སྐུ་ཚབ་པ་པཱར་ན་པཱ་དང་ཕོལ་ལོལ་གཉིས་ཀྱིས་དོན་དེ་ཤེས་ནས་རང་གི་ཕྱི་གོས་གཤགས་ཏེ་མི་ཚོགས་ཀྱི་ཁྲོད་དུ་བརྒྱུགས་ཤིང་སྐད་གསང་མཐོན་པོས་འདི་སྐད༌དུ། 15མི་ཚོགས༌ཀྱེ། ཁྱོད་ཅག་གིས་འདི་ལྟར་བྱེད༌དོན་ཅི་ཡིན་ནམ། ངེད་གཉིས་ཀྱང་ཁྱོད་རྣམས་དང་འདྲ་བར་མིའི་རང་བཞིན་དང་ལྡན༌ཞིང༌། ཁྱོད་རྣམས་ལ་འཕྲིན་བཟང་སྒྲོག་དོན་ནི་ཁྱོད་རྣམས་ཀྱིས་ཁུངས་ལུང་མེད་པའི་དོན་འདི་རྣམས་སྤངས༌ཏེ། གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་གི་ཕྱོགས་སུ་འཁོར་དགོས་པ་དེ་ཡིན། དཀོན་མཆོག་ནི་ནམ་མཁའ་དང་ས༌གཞི། རྒྱ་མཚོ་བཅས་དང་དེ་དག་ལ་ཡོད་པའི་དངོས་པོ་ཐམས་ཅད་སྐྲུན་མཁན་ཡིན༌ལ། 16ཁོང་གིས་འདས་ཟིན་པའི་དུས་དེར་མི་རིགས་ཀུན་ལ་རང་རང་གི་འདོད་མོས་བཞིན་བྱེད་ན་བྱེད་དུ་བཅུག་གོ། 17འོན་ཀྱང་ཁོང་གིས་ཁྱོད་རྣམས་ལ་དུས་རྟག་ཏུ་ཐུགས་རྗེ་གནང་ཞིང་གནམ་ལས་ཆར་བ་དང་ས་ལས་ལོ་ལེགས་གནང༌སྟེ། ཁྱོད་རྣམས་ལ་བཟའ་བཏུང་རང་གྲུབ་དང་ཡིད་སེམས་དགའ་སྤྲོས་ཁེངས་པར་མཛད་པའི་སྒོ་ནས་ཁོང་རང་ཉིད་ལ་བདེན་དཔང་མཛད་ཅེས་གསུངས་སོ།། 18ཁོང་གཉིས་ཀྱིས་དེ་ལྟར་གསུངས་ཤིང་མཆོད་པ་འབུལ་བའི་ལས་དེ་དཀའ་ཚེགས་དང་བཅས་བཀག་པ་རེད། 19དེ་ནས་ཨན་ཏི་ཡོག་ཡཱ་དང་ཨི་ཀོན་ཡུ་ནས་ཡོང་བའི་ཡ་ཧུ་དཱ་པ་ཁ་ཤས་ཀྱིས་མི་རྣམས་ལ་ངན་སྐུལ་བྱས༌ཤིང༌། དེ་རྣམས་ཀྱིས་ཕོལ་ལོལ་ལ་རྡོ་རུབ་བཏང་སྟེ་ཤི་བར་གྱུར་སྙམ་ནས་གྲོང་ཁྱེར་ཕྱི་རོལ་ཏུ་དྲུད་ནས་བཞག་གོ། 20འོན༌ཀྱང༌། རྗེས་འབྲང་པ་རྣམས་ཀྱིས་ཁོང་གི་མཐའ་བསྐོར་ནས་སྡོད་པ་ལ། ཕོལ་ལོལ་ཡར་ལངས་ཏེ་ལིས་ཏྲ་གྲོང་ཁྱེར་དུ་ཕེབས༌ཤིང་། དེའི་ཕྱི༌ཉིན། པཱར་ན་པཱ་དང་མཉམ་དུ་དིར་སྦེ་རུ་ཕྱིན༌ནོ།།

ཕུ་སིད་ཡཱ་ཡུལ་གྱི་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་དུ་ཕྱིར་ཕེབས༌པ།

21ཕོལ་ལོལ་དང་པཱར་ན་པཱ་གཉིས་ཀྱིས་གྲོང་ཁྱེར་དེའི་མི་རྣམས་ལ་འཕྲིན་བཟང་བསྒྲགས་ཏེ་མི་མང་པོ་སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲང་དུ་བཅུག་གོ། དེ་ནས་ཁོ་གཉིས་ལིས་ཏྲ་དང་ཨི་ཀོན༌ཡུ། ཨན་ཏི་ཡོག་ཡཱ་བཅས་སུ་ཕྱིར་ལོག༌སྟེ། 22རྗེས་འབྲང་པ་རྣམས་ཀྱི་སེམས་བརྟན་པོར་བྱས་ཤིང་དད་པ་ལ་གཏན་དུ་གནས་པར་བསྐུལ་ཏེ། བདག་ཅག་ནི་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས༌ན། ངེས་པར་དཀའ་སྡུག་མང་པོ་མྱང་དགོས་ཞེས་གསུངས་སོ།། 23དེ་ནས་ཁོང་གཉིས་ཀྱིས་ཆོས་ཚོགས་སོ་སོར་རྒན་པོ་འགའ་བསྐོས་ཤིང་སྨྱུང་གནས་བསྲུངས་པ་དང་གསོལ་བ་བཏབ༌ནས། དེ་རྣམས་རང་གི་དད་པ་བྱེད་ཡུལ་ཏེ་གཙོ་བོ་ལ་བཅོལ༌བ་རེད། 24དེ་ནས་ཁོང་གཉིས་ཕུ་སིད་ཡཱ་ཡུལ་བརྒྱུད་ནས་ཕཱམ་ཕིལ་ཡ་ཡུལ་དུ་འབྱོར་པ༌དང༌། 25ཕིར་གེ་རུ་དཀོན་མཆོག་གི་བཀའ་བསྒྲགས༌རྗེས། མར་ཨ་ཏལ་ཡཱ་རུ་ཕེབས༌ཤིང༌། 26དེར་གྲུ་གཟིངས་ལ་བསྡད་ཅིང་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་དུ་ཕྱིར་ལོག ཨན་ཏི་ཡོག་ཡཱ་ནི་དེ་སྔར་ཁོང་གཉིས་ཀྱིས་བསྒྲུབས་ཟིན་པའི་དོན་དེ་དག་གི༌ཕྱིར་དུ་མི་རྣམས་ཀྱིས་ཁོང་གཉིས་དཀོན་མཆོག་གི་ཐུགས་རྗེ་ལ་བཅོལ་བའི་ཡུལ་ཡིན། 27ཁོང་གཉིས་དེར་སླེབས༌རྗེས། ཆོས་ཚོགས་ཀྱི་མི་རྣམས་བསྡུས༌ཏེ། དཀོན་མཆོག་གིས་ཁོང་གཉིས་དང་ལྷན་དུ་མཛད་པའི་དོན་ཐམས་ཅད༌དང༌། གཞན༌ཡང༌། ཕྱི་ཕྱོགས་པ་རྣམས་ལ་དད་པའི་སྒོ་ཇི་ལྟར་ཕྱེ་བར་མཛད་པའི་ཚུལ་རྣམས་སྨྲས་ཤིང་། 28ཁོང་གཉིས་གྲོང་ཁྱེར་དེ་རུ་རྗེས་འབྲང་པ་རྣམས་དང་མཉམ་དུ་ཡུན་རིང་པོར་བཞུགས༌སོ།།

མཛད་པ 15

ཡེ་རུ་སཱ་ལེམ་གྱི་གྲོས༌ཚོགས།

1དེ་ཡང་ཡ་ཧུ་དཱའི་ཡུལ་ནས་ཡོང་བའི་མི་ཁ་ཤས་ཀྱིས་སྤུན་ཟླ་རྣམས་ལ་ཁྱོད་རྣམས་ཀྱིས་མོ་ཤེའི་བཀའ་ཁྲིམས་བཞིན་དུ་མཚན་སྐྱི་མ་བཅད་ན་ཐར་པ་ཐོབ་མི་སྲིད་ཅེས་བསླབ་བྱ་བཏང་ངོ༌།། 2ཕོལ་ལོལ་དང་པཱར་ན་པཱ་གཉིས་ཀ་དེ་རྣམས་དང་ཤིན་ཏུ་མ་མཐུན་པར་རྩོད་པ་བྱས་པ༌ལ། རྗེས་འབྲང་པ་རྣམས་ཀྱིས་ཕོལ་ལོལ་དང་པཱར་ན་པཱ་གཉིས་དང་རང་གི་ཆོས་ཚོགས་ཀྱི་མི་འགའ་ཞིག་རྩོད་གླེང་དེའི་དོན་སྐུ་ཚབ་པ་དང་རྒན་པོ་རྣམས་ལ་འདྲི་བའི༌ཕྱིར། ཡེ་རུ་སཱ་ལེམ་དུ་འགྲོ་རུ་འཇུག་རྒྱུ་ཐག་གིས༌བཅད་དོ།། 3དེ་ནས་ཆོས་ཚོགས་ཀྱིས་མི་དེ་རྣམས་ལམ་དུ་བརྫངས་པ༌དང༌། དེ་རྣམས་ཕོའོ་ནེ་ཀེ་དང་སཱ་མར་ཡ་ཡུལ་གཉིས་བརྒྱུད་ནས་གང་སར་ཕྱིན་ཅིང་ཕྱི་ཕྱོགས་པ་རྣམས་སྐྱབས་མགོན་ཡེ་ཤུ་ལ་དད་པར་གྱུར་པའི་གནས་ཚུལ་བཤད་དེ་སྤུན་ཟླ་རྣམས་ཤིན་ཏུ་སྤྲོ་བར་བྱས། 4དེ་ནས་ཁོང་རྣམས་ཡེ་རུ་སཱ་ལེམ་དུ་སླེབས་པ་དང་ཆོས་ཚོགས༌དང༌། སྐུ་ཚབ༌པ། རྒན་པོ་རྣམས་ཀྱིས་སྣེ་ལེན་བྱས༌ཤིང༌། ཁོང་རྣམས་ཀྱིས་ཀྱང་དཀོན་མཆོག་གིས་ཁོང་རྣམས་དང་ལྷན་དུ་མཛད་པའི་དོན་ཐམས་ཅད་བཤད་མོད། 5འོན་ཀྱང་ཕ་རུ་ཤི་པའི་གྲུབ་མཐར་གཏོགས་པའི་དད་ལྡན་འགའ་ཞིག་ཡར་ལངས་ཏེ་ན༌རེ། ངེས་པར་ཕྱི་ཕྱོགས་པ་རྣམས་ལ་མཚན་སྐྱི་གཅོད་དགོས་པ་དང་མོ་ཤེའི་བཀའ་ཁྲིམས་ལྟར་བསྲུང་དགོས་ཚུལ་བསྐུལ་འོས་ཞེས་སྨྲས༌སོ།། 6དེ་ནས་སྐུ་ཚབ་པ་དང་རྒན་པོ་རྣམས་དོན་དེར་གྲོས་བྱེད་པའི་ཕྱིར་ལྷན་དུ་འདུས༌པ་རེད། 7དེ་རྣམས་ཀྱིས་རྩོད་གླེང་བྱས་ནས་དུས་རིང་པོ་འགོར་བ༌ན། པེ་ཏྲོ་ཡར་ལངས་ཏེ་འདི་སྐད༌དུ། སྤུན་ཟླ༌རྣམ་པ། ཁྱོད་ཅག་གིས་ཤེས་གསལ༌ལྟར། དཀོན་མཆོག་གིས་ཕྱི་ཕྱོགས་པ་རྣམས་ལ་ངའི་ངག་ནས་འཕྲིན་བཟང་ཐོས་ཤིང་སྐྱབས་མགོན་ཡེ་ཤུ་ལ་དད་པ་བྱ༌ཆེད། ཁོང་གིས་སྔ་མོ་ནས་ཁྱོད་རྣམས་ཀྱི་ཁྲོད་ནས་ང་རང་བདམས༌པ་ཡིན་ནོ།། 8ཡང་མི་སེམས་མཁྱེན་པའི་དཀོན་མཆོག་གིས་བདག་ཅག་ལ་དམ་པའི་ཐུགས་ཉིད་གནང་བ་བཞིན༌དུ། ཕྱི་ཕྱོགས་པ་རྣམས་ལའང་དམ་པའི་ཐུགས་ཉིད་གནང༌སྟེ། ཁོ་རྣམས་ལ་བདེན་དཔང་མཛད་དོ།། 9ཡང་ཁོང་གིས་བདག་ཅག་དང་ཁོ་རྣམས་ཀྱི་བར་དུ་ཁྱད་པར་ཅི་ཡང་མ་ཕྱེ༌བར། དད་པའི་སྒོ་ནས་ཕྱི་ཕྱོགས་པ་རྣམས་ཀྱི་སེམས་ཀྱང་འདག་པར་མཛད་དོ།། 10ད་ལྟ་ཅིའི་ཕྱིར་བདག་ཅག་གི་ཕ་མེས་ཡང་མེས་དང་བདག་ཅག་གིས་ཀྱང་འཁུར་དཀའ་བའི་གཉའ་ཤིང་དེ་རྗེས་འབྲང་པ་རྣམས་ཀྱི་གཉའ་ལ་བཀལ་ནས་དཀོན་མཆོག་ལ་ཚོད་བགམ་མམ། 11བདག་ཅག་ཀྱང་ཕྱི་ཕྱོགས་པ་དང་འདྲ་བར་གཙོ་བོ་ཡེ་ཤུའི་ཐུགས་རྗེའི་སྒོ་ནས་ཐར་པ་ཐོབ་པ་ལ་ཡིད་ཆེས་པ་ཡིན་ཞེས་གསུངས་སོ།། 12དེ་ནས་མི་རྣམས་ཀྱིས་ཅི་ཡང་མི་སྨྲ་བར། པཱར་ན་པཱ་དང་ཕོལ་ལོལ་གཉིས་ཀྱིས་གསུངས་པའི་གཏམ༌སྟེ། དེ་སྔར་དཀོན་མཆོག་གིས་ཁོང་གཉིས་བརྒྱུད་ནས་ཕྱི་ཕྱོགས་པའི་ཁྲོད་དུ་མཛད་པའི་གྲུབ་རྟགས་དང་ངོ་མཚར་བའི་དོན་ཐམས་ཅད་ལ་མཉན༌ཏོ།། 13དེ་ནས་ཁོང་གཉིས་ཀྱིས་དེ་ལྟར་གསུངས་རྗེས་ཡ་ཀོབ་ཀྱིས་འདི་སྐད༌དུ། སྤུན་ཟླ་རྣམས་ཀྱིས་བདག་ལ་ཉོན༌ཅིག 14དཀོན་མཆོག་གིས་ཐོག་མར་ཇི་ལྟར་ཕྱི་ཕྱོགས་པ་རྣམས་ལ་ཐུགས་རྗེས་གཟིགས༌ཤིང༌། དེ་རྣམས་ལས་མི་རྣམས་རང་ཉིད་ཀྱི་མཚན་གྱི་འོག་ཏུ་ཇི་ལྟར་དྲངས་པའི་སྐོར་སི་མོན་གྱིས་གསུངས༌ཤིང་། 15དེ་ནི་ལུང་སྟོན་པ་རྣམས་ཀྱི་ལུང་བསྟན་དང་མཐུན༌ཏེ། 16གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། དེ་ཡང་རྗེས་སུ་ང་རང་ཕྱིར་ལོག༌སྟེ།། དཱ་བིད་གུར་མཆོག་བརྡིབས་པ་བསྐྱར་བཟོ༌བྱེད།། གཏོར་ཅིང་བརླག་པའི་གུར་མཆོག་རྗེས་ཤུལ༌དེ།། ང་ཡིས་སླར་ཡང་བཟོ་ཞིང་བསྐྲུན་པར༌བྱེད།། 17དེ་ནི་མིའི་རིགས་གཞན་རྣམས་ཐམས་ཅད༌དེ།། ངའི་མིང་ཐོགས་པའི་ཕྱི་ཕྱོགས་མི་ཀུན༌གྱིས།། གཙོ་བོ་ཁོང་ཉིད་འཚོལ་བའི་ཕྱིར༌ཡིན་ནོ།། 18མངོན་མཛད་འདི་དག་གདོད་ནས་གཙོ་བོས་གསུངས།། ཞེས་བཀོད་པའོ།། 19དེའི༌ཕྱིར། བདག་གི་བསམ་ཚུལ་ནི། བདག་ཅག་གིས་དཀོན་མཆོག་གི་ཕྱོགས་སུ་འཁོར་བཞིན་ཡོད་པའི་ཕྱི་ཕྱོགས་པ་རྣམས་ལ་འོ་བརྒྱལ་མི་བཟོ༌བར། 20ཁོ་རྣམས་ལ་ལྷ་སྐུ་དང་འབྲེལ་བའི་མི་གཙང་བ་དང༌། མི་ཚངས་སྤྱོད་པ། མིད་པ་བསྒགས་ནས་བསད་པའི་ཕྱུགས་ཟོག་གི་ཤ་དང་ཁྲག་བཅས་སྤང་དགོས་པའི་འཕྲིན་ཡིག་འབྲི་འོས༌ཏེ། 21རྒྱུ་མཚན་ནི་མོ་ཤེའི་མདོ་རྣམས་ནི་སྔ་མོ་ནས་མི་རྣམས་ཀྱིས་གྲོང་ཁྱེར་སོ་སོ་ནས་བསྒྲགས༌ཏེ། ངལ་གསོ་བའི་ཉིན་མོ་རེ་རེར་ཆོས་ཁང་ནས་ཀློག་འདོན་བྱེད་པའི་ཕྱིར་ཡིན་ཞེས་གསུངས༌སོ།།

གྲོས་ཚོགས་ཀྱིས་ཕྱི་ཕྱོགས་ཀྱི་དད་ལྡན་རྣམས་ལ་སྤྲིངས་པའི་འཕྲིན་ཡིག

22དུས་དེར་སྐུ་ཚབ་པ་དང་རྒན༌པོ། ཆོས་ཚོགས་ཡོངས་བཅས་ཀྱིས་རང་གི་ཚོགས་པ་ལས་དད་ལྡན་བདམས༌ཏེ། ཕོལ་ལོལ་དང་པཱར་ན་པཱ་གཉིས་དང་མཉམ༌དུ། སིར་ཡཱ་ཡུལ་གྱི་ཨན་ཏི་ཡོག་ཡཱ་རུ་མངག་རྒྱུ་ཐག་གིས་བཅད་དོ།། ཁོ་རྣམས་ཀྱིས་བདམས་པའི་མི་ནི་སྤུན་ཟླ་རྣམས་ཀྱི་ཁྲོད་ནས་དཔོན་རིགས་སུ་གྱུར་པའི་པཱར་ས་པཱ་ཞེས་ཀྱང་འབོད་པའི་ཡུ་དཱ་དང་སི་ལཱའོ།། 23ཁོ་གཉིས་ལ་སྤྲད་པའི་འཕྲིན་ཡིག་གི་ནང་དུ་འདི་ལྟར་བྲིས་ཡོད༌དེ། ༄༅། །ཨན་ཏི་ཡོག་ཡཱ༌དང༌། སིར་ཡཱ༌ཡུལ། ཀི་ལིག་ཡཱ་ཡུལ་བཅས་སུ་གནས་པའི་ཕྱི་ཕྱོགས་ཀྱི་སྤུན་ཟླ་རྣམས༌ཀྱེ། ཐོག་མར་ཁྱོད་རྣམས་ལ་འཚམས་འདྲི་ཞུ་ཞེས་ཁྱོད་ཅག་གི་སྤུན་ཟླ་སྟེ་སྐུ་ཚབ་པ་དང་རྒན་པོ་བཅས་ནས་བསྐུར༌དོན། 24དེ་ཡང་ངེད་རྣམས་ཀྱིས་གོ་ཐོས་ལྟར༌ན། ངེད་ཅག་གི་ཆོས་ཚོགས་འདི་ནས་སོང་བའི་མི་ཁ་ཤས་ཀྱིས་ཁྱོད་རྣམས་ལ་ངེས་པར་མཚན་སྐྱི་གཅོད་དགོས་པ༌དང༌། མོ་ཤེའི་བཀའ་ཁྲིམས་བསྲུང་དགོས་ཞེས་པའི་གཏམ་བརྗོད་དེ་ཁྱོད་རྣམས་ཀྱི་སེམས་ཤིན་ཏུ་དཀྲུགས་འདུག་ཟེར། འོན༌ཀྱང༌། ངེད་ཅག་གིས་དེ་ལྟར་མ་མངགས་སོ།། 25དེ་བས་ངེད་ཅག་གིས་བློ་སེམས་གཅིག་མཐུན་སྒོས་དད་ལྡན་པ་འགའ་ཤས་བདམས་ཤིང༌། བདག་ཅག་གིས་སྙིང་ནས་བརྩེ་བའི་པཱར་ན་པཱ་དང་ཕོལ་ལོལ་གཉིས་དང་མཉམ་དུ་ཁྱོད་རྣམས་ཀྱི་དྲུང་དུ་མངག་རྒྱུ་ཐག་གིས་བཅད་དོ།། 26ཁོ་གཉིས་ཀྱིས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཆེད་དུ་རང་སྲོག་ལའང་མ་འཛེམས་པ་ཡིན། 27དེའི༌ཕྱིར། ངེད་ཅག་གིས་ཡུ་དཱ་དང་སི་ལཱ་གཉིས་མངགས༌ཤིང༌། ཁོ་གཉིས་ཀྱིས་དངོས་སུ་དོན་འདི་དག་ཁྱོད་རྣམས་ལ་སྨྲ་བར་འགྱུར། 28རྒྱུ་མཚན་ནི་ངེད་ཅག་གི་སེམས་ནི་དམ་པའི་ཐུགས་ཉིད་དང་མཐུན་པར་དོན་གལ་ཆེན་འདི་རྣམས་ལས༌གཞན། ཁུར་བོ་ལྷག་མ་ཞིག་ཁྱོད་ཅག་གི་ཕྲག་ལ་མི་དགལ་བར་ཐག་གིས་བཅད༌ཅིང༌། 29དེ་ནི་ལྷ་སྐུའི་མདུན་དུ་ཕུལ་བའི་མཆོད་རྫས་དང༌། ཁྲག དེ་མིན་མིད་པ་བསྒགས་ནས་བསད་པའི་ཕྱུགས་ཟོག་གི༌ཤ་དང༌མི་ཚངས་སྤྱོད་པ་བཅས་སྤང་དགོས། གལ༌ཏེ། ཁྱོད་རྣམས་ཀྱིས་ལས་དེ་དག་སྤངས་ཤིང་དོན་དེ་དང་མི་འགལ་བར་བྱེད་པ་ཡིན་ན་ལེགས། མཇུག་མཐར་ཁྱོད་རྣམས་བདེ་བར༌སྨོན། ཞེས༌པའོ།། 30དེ་ནས་མངག་བཅོལ་ལྟར་ཁོང་རྣམས་སིར་ཡཱ་ཡུལ་གྱི་ཨན་ཏི་ཡོག་ཡཱ་རུ་ཕྱིན་ཏེ་དད་ལྡན་རྣམས་བསྡུས་ཤིང་འཕྲིན་ཡིག་སྤྲད་པ༌དང༌། 31དེ་རྣམས་ཀྱིས་ཀྱང་འཕྲིན་ཡིག་བཀླགས་པ་དང་སེམས་གསོའི་གཏམ་གྱིས་ཡིད་དགའ་བར་གྱུར་ཏོ།། 32ཡུ་དཱ་དང་སི་ལཱ་གཉིས་ནི་ལུང་སྟོན་པ་ཡང་ཡིན༌པས། གཏམ་མང་པོ་སྨྲས་ཏེ་སྤུན་ཟླ་རྣམས་ལ་སྐུལ་མ་མཛད་ཅིང་དད་པ་བརྟན་པོར་བྱས་སོ།། 33དེ་ནས་གནས་དེར་ཉིན་ཞག་དུ་མར་བཞུགས༌རྗེས། སྤུན་ཟླ་རྣམས་ཀྱིས་ཁོང་གཉིས་ཕྱིར་མངགས་མཁན་རྣམས་ཀྱི་དྲུང་དུ་བདེ་བར་ལོག་ཏུ་བཅུག 34འོན་ཀྱང་སི་ལཱ་ཡིས་ད་དུང་གནས་འདིར་སྡོད་པའི་སེམས་ཐག་བཅད༌དོ།། 35ཕོལ་ལོལ་དང་པཱར་ན་པཱ་གཉིས་སྔར་བཞིན་ཨན་ཏི་ཡོག་ཡཱ་རུ་བཞུགས༌ཤིང༌། ཆོས་གྲོགས་གཞན་མང་པོ་དང་ལྷན་དུ་མི་རྣམས་ལ་གཙོ་བོའི་བཀའ་གསུངས་པ་དང་ཆོས་བསྒྲགས༌སོ།།

ཕོལ་ལོལ་ཐེངས་གཉིས་པར་ཆོས་སྤེལ་དུ་ཕྱིན་པ།

36དེ་ནས་ཉིན་འགའ་འགོར༌རྗེས། ཕོལ་ལོལ་གྱིས་པཱར་ན་པཱ་ལ་འདི་སྐད༌དུ། འུ་གཉིས་གཙོ་བོའི་བཀའ་བསྒྲགས་མྱོང་སའི་གྲོང་ཁྱེར་སོ་སོའི་སྤུན་ཟླ་རྣམས་ཀྱི་གནས་ཚུལ་ཅི་འདྲ་ཡིན་པར་ཡང་བསྐྱར་བལྟ་རུ་འགྲོའོ་ཞེས་སྨྲས་པ༌ལ། 37པཱར་ན་པཱ་ཡིས་མཱར་ཀུ་ཞེས་ཀྱང་འབོད་པའི་ཡོ་ཧ་ནན་ཁྲིད་འདོད༌པ་རེད། 38འོན༌ཀྱང༌། ཕོལ་ལོལ་གྱི་སེམས་ལ་མཱར་ཀུ་ནི་སྔོན་ཆད་ཕཱམ་ཕིལ་ཡ་ཡུལ་ནས་ཁོང་གཉིས་དང་མཉམ༌དུ་ཆོས་དོན་སྒྲུབ་ཏུ་མ་སོང་བར་ཁ་བྲལ་བའི་རྐྱེན་གྱིས་ད་ལྟ་ཁོ་རང་ཁྲིད་ན་མི་འོས་སྙམ་མོ།། 39དེ་ནས་ཁོང་གཉིས་དོན་དེར་སེམས་མ་མཐུན་པར་རྩོད་གླེང་དྲག་པོ་བྱུང་བ་དང་ཐ་ན་སོ་སོར་གྱེས་པ་རེད། དེ་ནས་པཱར་ན་པཱ་ཡིས་མཱར་ཀུ་ཁྲིད་དེ་གྲུ་གཟིངས་ལ་བསྡད་ནས་ཀིབ་རིས་ལ་ཕྱིན་པ༌དང༌། 40ཕོལ་ལོལ་གྱིས་ཀྱང་སི་ལཱ་བདམས་ཤིང་སྤུན་ཟླ་རྣམས་ཀྱིས་ཁོང་ཉིད་གཙོ་བོའི་ཐུགས་རྗེ་ལ་བཅོལ༌རྗེས། ཁོང་གཉིས་ལམ་ལ་ཆས༌ཏེ། 41སིར་ཡཱ་ཡུལ་དང་ཀི་ལིག་ཡཱ་ཡུལ་བརྒྱུད་ནས་ཆོས་ཚོགས་རྣམས་ཀྱི་དད་པ་བརྟན་པོར་བྱས༌སོ།།

མཛད་པ 16

ཐི་མོ་ཐེ་བྱ་བ་ཕོལ་ལོལ་དང་སི་ལཱ་གཉིས་ལ་འགྲོགས༌པ།

1ཕྱིས་སུ་ཕོལ་ལོལ་ནི་དིར་སྦེ་དང་དེ་ནས་ལིས་ཏྲ་རུ་ཕེབས་པ༌ལ། གནས་དེར་ཐི་མོ་ཐེ་ཟེར་བའི་རྗེས་འབྲང་པ་ཞིག་ཡོད་ཅིང་། ཁོ་ནི་སྐྱབས་མགོན་ཡེ་ཤུར་དད་པ་ཡོད་པའི་ཡ་ཧུ་དཱ་པའི་བུད་མེད་ཅིག་གི་བུ་ཡིན་ཡང་ཁོའི་ཕ་ནི་གྷི་རིག་པ་ཡིན། 2ལིས་ཏྲ་དང་ཨི་ཀོན་ཡུ་རུ་ཡོད་པའི་སྤུན་ཟླ་རྣམས་ཀྱིས་ཐི་མོ་ཐེ་ལ་བསྟོད་པ་བྱས་པ་རེད། 3ཕོལ་ལོལ་གྱིས་ཐི་མོ་ཐེ་ཡང་འཁྲིད་འདོད་ཀྱང་ཡུལ་དེའི་ཡ་ཧུ་དཱ་པ་རྣམས་ཀྱིས་ཁོའི་ཕ་ནི་གྷི་རིག་པ་ཡིན་པ་ཤེས་པས། ཕོལ་ལོལ་གྱིས་ཁོའི་མཚན་སྐྱི་བཅད་དོ།། 4དེ་ནས་ཁོང་རྣམས་གྲོང་ཁྱེར་སོ་སོ་བརྒྱུད་ནས་ཡེ་རུ་སཱ་ལེམ་གྱི་སྐུ་ཚབ་པ་དང་རྒན་པོ་རྣམས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་སྲོལ་དད་ལྡན་རྣམས་ལ་སྤྲད་ནས་བསྲུང་དུ་བཅུག༌པས། 5ཆོས་ཚོགས་རྣམས་ཀྱི་དད་སེམས་དེ་བས་ཇེ་བརྟན་དུ་གྱུར་ཅིང་མི་གྲངས་ཀྱང་ཉིན་རེ་བཞིན་ཇེ་མང་དུ་འཕེལ་ལོ།།

ཕོལ་ལོལ་གྱིས་མ་ཀེ་དོན་ཡཱ་ཡུལ་ནས་མཐོང་བའི་ཞལ་གཟིགས།

6དེ་ཡང་དམ་པའི་ཐུགས་ཉིད་ཀྱིས་ཁོང་རྣམས་ལ་ཨེ་ཞི་ཡཱ་ཡུལ་ནས་དཀོན་མཆོག་གི་བཀའ་བསྒྲག་མི་རུང་བར་མཛད༌པས། ཁོང་རྣམས་ཕུ་ཀེ་ཡཱ་དང་ག་ལད་ཡཱ་ཡུལ་གཉིས་ཀྱི་ས་ཕྱོགས་བརྒྱུད༌ནས། 7མོ་སི་ཡཱ་ཡུལ་གྱི་ས་མཚམས་སུ་སླེབས་ཏེ་པི་ཐིན་ཡཱ་ཡུལ་དུ་འགྲོ་འདོད༌ནའང༌། སྐྱབས་མགོན་ཡེ་ཤུའི་ཐུགས་ཉིད་ཀྱིས་འགྲོ་རུ་མ་བཅུག་གོ། 8དེ་ནས་ཁོང་རྣམས་མོ་སི་ཡཱ་ཡུལ་བརྒྱུད་ནས་ཏྲོ་ཡཱ་ཞེས་པར་ཕྱིན་པ་རེད། 9གནས་དེར་ཞག་སྡོད་བྱེད་པའི༌ཚེ། ཕོལ་ལོལ་ལ་ཞལ་གཟིགས་གནང་བ༌སྟེ། མ་ཀེ་དོན་ཡཱ་ཡུལ་གྱི་མི་ཞིག་ལངས་ནས་བསྡད་དེ་འདི་ལྟར། ཁྱེད་རང་མ་ཀེ་དོན་ཡཱ་ཡུལ་དུ་ཕེབས་ནས་ངེད་ཅག་ལ་རོགས་རམ་བྱེད་པར་མཛོད་ཅེས་ཞུ་བ་ཞུས། 10ཁོང་གིས་ཞལ་གཟིགས་དེ་མཐོང་བ༌དང༌། ངེད་ཅག་མྱུར་དུ་མ་ཀེ་དོན་ཡཱ་ཡུལ་དུ་འགྲོ་བར༌བརྩམས། རྒྱུ་མཚན་ནི་དཀོན་མཆོག་གིས་ངེད་རྣམས་ཡུལ་དེའི་མི་རྣམས་ལ་འཕྲིན་བཟང་བསྒྲག་པར་བཀའ་གནང་བ་ངེད་ཅག་གིས་ཐག་གིས་ཆོད་པས༌སོ།།

ལིད་ཡཱ་ཞེས་པའི་བུད་མེད་ཅིག་དད་པར་གྱུར༌པ།

11དེ་ནས་ངེད་ཅག་ཏྲོ་ཡཱ་ནས་གྲུ་གཟིངས་ལ་བསྡད་དེ་ཐད་ཀར་སཱ་མོ་ཏྲེ་ཀེ་རུ་སླེབས་པ༌དང༌། དེའི་ཕྱི༌ཉིན། ནེ་ཨ་པོ་ལི་རུ་སླེབས་པ་ཡིན། 12དེ་ནས་ཕི་ལིབ་པི་རུ་སོང་བ་དང་དེ་ནི་མ་ཀེ་དོན་ཡཱ་ཡུལ་གྱི་གྲོང་ཁྱེར་ཆེན་པོ་ཞིག༌སྟེ། རོ་མཱ་གོང་མའི་རྒྱལ་ཁོངས་ཀྱི་གྲོང་ཁྱེར་ཡིན། ངེད་ཅག་གྲོང་ཁྱེར་དེ་ནས་ཉིན་འགར་བསྡད༌པ་ཡིན། 13དེ་ཡང་ངལ་གསོ་བའི་ཉིན་ལ་ངེད་རྣམས་གྲོང་ཁྱེར་གྱི་མཁར་སྒོའི་ཕྱི་རོལ་ཏུ་ཕྱིན༌ཅིང༌། ཆུ་འགྲམ་དུ་གསོལ་བ་འདེབས་ས་ཞིག་ཡོད་པར་བསམས༌ཏེ། གནས་དེར་སོང་ནས་བསྡད་པ༌དང༌། དེར་འཛོམས་པའི་བུད་མེད་རྣམས་ལ་བཀའ་གསུངས་སོ།། 14ཡང་གནས་དེར་རས་རྒྱ་སྨུག་ཚོང་མཁན་མིང་ལ་ལིད་ཡཱ་ཞེས་པའི་བུད་མེད་ཅིག་ཡོད༌ལ། ཁོ་མོ་ནི་ཐི་ཨ་ཏེ་རཱ་གྲོང་ཁྱེར་གྱི་མི་ཡིན་པ་དང་དཀོན་མཆོག་ལ་བསྙེན་བཀུར་བྱེད་མཁན་ཞིག་ཀྱང༌ཡིན། ཁོ་མོས་ངེད་ཅག་གི་གཏམ་ཐོས་ཤིང་དཀོན་མཆོག་གིས་ཁོ་མོའི་བློ་སྒོ་ཕྱེས་པ་དང་ཁོ་མོས་ཀྱང་སེམས་གཏད་ནས་ཕོལ་ལོལ་གྱི་གསུང་ལ་མཉན་ཏོ།། 15དེ་ནས་ཁོ་མོ་དང་ཁོ་མོའི་ཁྱིམ་མི་རྣམས་ཁྲུས་གསོལ་ལ་ཞུགས་རྗེས་ཁོ་མོ་ན༌རེ། གལ་ཏེ་ཁྱེད་རྣམས་ཀྱིས་ང་རང་གཙོ་བོ་ལ་དད་པ་ཡོད་པ་བདེན་པར་དགོངས༌ན། ངའི་ཁྱིམ་དུ་ཕེབས་ཏེ་བཞུགས་པར་མཛོད་ཅེས་ཞུས་ཤིང་ངེད་ཅག་ནན་གྱིས་བཀག་པའོ།།

ཕོལ་ལོལ་དང་སི་ལཱ་གཉིས་བཙོན་དུ་བཅུག་པ།

16དེའི་རྗེས༌སུ། ངེད་ཅག་གསོལ་བ་འདེབས་པའི་གནས་དེར་འགྲོ༌སྐབས། མངོན་ཤེས་ཀྱི་གདོན་འདྲེས་བཟུང་བའི་གཡོག་མོ་ཞིག་ངེད་ཅག་གི་མདུན་བསུས་ནས་སླེབས་ཤིང་། ཁོ་མོས་མོ་འདེབས་པ་ལ་བརྟེན་ནས་རང་གི་བདག་པོ་རྣམས་ལ་རྒྱུ་ནོར་མང་པོ་ཐོབ་པར་བྱས་མྱོང་། 17ཁོ་མོ་ཕོལ་ལོལ་དང་ངེད་ཅག་གི་རྗེས་སུ་འབྲངས་ནས་སྐད་ཆེན༌པོས། མི་འདི་རྣམས་ནི་བླ་ན་མེད་པའི་དཀོན་མཆོག་གི་ཞབས་ཕྱི་པ་ཡིན༌ཏེ། ཁོང་རྣམས་ཀྱིས་ཁྱོད་ཅག་ལ་ཐར་པའི་ལམ་གསུང་བཞིན་ཡོད་ཅེས་ཡང་ཡང་སྨྲས་པ༌དང༌། 18ཁོ་མོས་དེ་ལྟར་ཉིན་མང་པོར་འུར་བརྒྱབ་པས་ཕོལ་ལོལ་སུན་སྣང་ཆེན་པོ་སྐྱེས༌ཏེ། ཁ་ཕྱིར་འཁོར་ནས་གདོན་འདྲེ་དེ་ལ་འདི་ལྟར། ངས་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་བརྟེན་ནས་ཁྱོད་རང་ཁོ་མོ་ལས་ཕྱིར་བུད་ཅིག་ཅེས་བཀའ་བསྒྲགས་པ་ཡིན་ཞེས་གསུངས་མ་ཐག་གདོན་འདྲེ་དེ་ཁོ་མོ་ལས་ཕྱིར་ཐོན་ནོ།། 19དེ་ནས་གཡོག་མོ་དེའི་བདག་པོ་རྣམས་ཀྱིས་རྒྱུ་ནོར་ཐོབ་པའི་རེ་བ་མེད་པར་གྱུར་པ་མཐོང༌ནས། ཕོལ་ལོལ་དང་སི་ལཱ་གཉིས་བཟུང་སྟེ། གྲོང་ཁྱེར་གྱི་ཁྲོམ་རའི་ནང་དུ་ཡོད་པའི་འགོ་དཔོན་དག་གི་མདུན་དུ་བཙན་ཁྲིད་བྱས་པ་དང་། 20ཡང་ཁྲིམས་དཔོན་རྣམས་གྱི་མདུན་དུ་ཁྲིད་ནས་ན་རེ། མི་འདི་གཉིས་ནི་ཡ་ཧུ་དཱ་པ་ཡིན་ཞིང་རང་རེའི་གྲོང་ཁྱེར་ནང་དུ་ཟིང་ཆ་བསླངས༌ཏེ། 21བདག་ཅག་རོ་མཱ་པ་རྣམས་ཀྱིས་ཁྲིམས༌ལྟར་ན་དང་དུ་ལེན་མི་རུང་བའམ་བསྲུང་མི་རུང་བའི་གོམས་སྲོལ་རྣམས་བསྒྲགས་པ་ཡིན་ཞེས་སྨྲས་པ༌ལ། 22མི་ཚོགས་ཀྱིས་ཀྱང་ལྷན་དུ་ཁོང་གཉིས་ལ་རྒོལ་ཅིང་དགག་པ༌དང༌། ཁྲིམས་དཔོན་དེ་དག་གིས་ཁོང་གཉིས་ཀྱི་ཕྱི་གོས་བཤུས་ཏེ་དབྱུག་པས་རྡེག་པའི་བཀའ་བསྒོས་སོ།། 23དེ་ནས་ཁོང་གཉིས་ལ་དབྱུག་པས་མང་དུ་བརྡེགས་པ་དང་བཙོན་དུ་བཅུག་ཅིང་བཙོན་སྲུང་དམག་ལ་དམ་པོར་བསྲུང་དགོས་པར་གདམས། 24བཙོན་སྲུང་དམག་གིས་ཀྱང་བཀའ་ལྟར་ཁོང་གཉིས་བཙོན་ཁང་གི་ཕུགས་སུ་བཅུག་པ་དང་ཨན་གཏད་བརྒྱབ་ནས་བཞག༌གོ། 25དེ་ནས་ནམ་ཕྱེད་ཙམ་ལ་ཕོལ་ལོལ་དང་སི་ལཱ་གཉིས་ཀྱིས་དཀོན་མཆོག་ལ་གསོལ་བ་བཏབ་པ་དང་བསྟོད་དབྱངས་ཕུལ་བ༌ན། བཙོན་པ་གཞན་རྣམས་ཀྱིས་ཀྱང་རྣ་བ་བླགས་ཏེ་ཉན། 26གློ་བུར༌དུ། ས་འགུལ་དྲག་པོ་ཞིག་བྱུང་སྟེ་བཙོན་ཁང་གི་རྨང་གཞི་ཡང་ཤིན་ཏུ་གཡོས༌ཤིང༌། བཙོན་ཁང་གི་སྒོ་ཚང་མའང་དེ་མ་ཐག་ཕྱེས་ཤིང་བཙོན་པ་ཡོངས་ཀྱི་ལྕགས་ཐག་ཀྱང་ལྷོད་པར་གྱུར་ཏོ།། 27དེ་ནས་བཙོན་སྲུང་དམག་གཉིད་ལས་སད་དེ་བཙོན་ཁང་གི་སྒོ་ཐམས་ཅད་ཕྱེས་ཡོད་པ་མཐོང༌ནས། བཙོན་པ་ཐམས་ཅད་བྲོས་སོ་སྙམ་སྟེ་རལ་གྲི་ཕྱུང་ནས་རང་སྲོག་གཅོད་པར་རྩོམ་པ༌ལ། 28ཕོལ་ལོལ་གྱིས་སྐད་ཆེན་པོས་འདི་སྐད༌དུ། རང་ལ་གནོད་པ་མ༌བྱེད་ཅིག ངེད་ཅག་ཐམས་ཅད་འདིར་ཡོད་ཅེས་བོས༌པ་རེད། 29དེ་ནས་བཙོན་སྲུང་དམག་གིས་མི་གཞན་ལ་སྒྲོན་མེ་འཁྱེར་ཡོང་བར་བསྐུལ༌ཏེ། མྱུར་དུ་བཙོན་ཁང་ནང་དུ་སོང་ནས་སྐྲག་བཞིན་འདར་བཞིན་ཕོལ་ལོལ་དང་སི་ལཱ་གཉིས་ཀྱི་དྲུང་དུ་པུས་མོ་སར་བཙུགས༌ཤིང༌། 30ཡང་ཁོང་གཉིས་བཙོན་ཁང་གི་ཕྱི་རོལ་ཏུ་ཁྲིད་དེ་ན༌རེ། ཇོ་བོ༌ལགས། བདག་ལ་ཐར་པ་འཐོབ་ཆེད་ངས་ཅི་ཞིག་བྱ་འོས་སམ་ཞེས་ཞུས་པ༌ལ། 31ཁོང་གཉིས་ཀྱིས་འདི་སྐད༌དུ། གཙོ་བོ་ཡེ་ཤུ་ལ་དད་པ་བྱོས༌དང༌། ཁྱོད་དང་ཁྱིམ་མི་ཐམས་ཅད་ལ་ཐར་པ་འཐོབ་ངེས་ཡིན་ཞེས་གསུངས་པ༌དང༌། 32ཁོང་གཉིས་ཀྱིས་གཙོ་བོའི་བཀའ་དེ་བཙོན་སྲུང་དམག་དང་ཁོའི་ཁྱིམ་མི་ཐམས་ཅད་ལ་གསུངས་སོ།། 33ཉིན་དེའི་མཚན་མོར། བཙོན་སྲུང་དམག་དེས་ཕོལ་ལོལ་དང་སི་ལཱ་གཉིས་ཕྱིར་ཁྲིད་དེ་ལུས་སྟེང་གི་རྨ་ཁ་བཀྲུས༌ཤིང་། བཙོན་སྲུང་དམག་དང་ཁོའི་ཁྱིམ་མི་ཐམས་ཅད་ལའང་དེ་མ་ཐག་ཁྲུས་གསོལ་ཐོབ་པ་རེད། 34དེ་ནས་བཙོན་སྲུང་དམག་གིས་ཁོང་གཉིས་རང་ཁྱིམ་དུ་ཁྲིད་དེ་ཞལ་ཟས་དྲངས་པ༌དང༌། ཁོ་དང་ཁོའི་ཁྱིམ་མི་ཐམས་ཅད་དཀོན་མཆོག་ལ་དད་པར་གྱུར་བས་ཀུན་པོ་ཤིན་ཏུ་དགའ་བར་གྱུར༌ཏོ།། 35དེ་ཡང་ཕྱི་ཉིན་ནམ་ལངས་པ་དང་ཁྲིམས་དཔོན་དག་གིས་རང་རང་གི་ཁྲིམས་གཡོག་མངགས༌ཏེ། མི་དེ་གཉིས་བཙོན་ལས་ཐོངས་ཤིག་ཅེས་བཀའ་གནང་བ༌དང༌། 36བཙོན་སྲུང་དམག་གིས་ཀྱང་གཏམ་དེ་ཕོལ་ལོལ་ལ་འདི་ལྟར་སྨྲས༌པ། ཁྲིམས་དཔོན་དག་གིས་མི་མངགས་ཡོང་སྟེ་ཁྱེད་གཉིས་བཙོན་ལས་གཏོང་བའི་བཀའ་གནང༌བྱུང་། ད་ལྟ་ཉིད་དུ་བཙོན་ཁང་ནས་ཕྱིར་བུད་དེ་བདེ་བར་ཕེབས་རོགས་ཞེས་ཞུས་སོ།། 37འོན་ཀྱང་ཕོལ་ལོལ་གྱིས་འདི་ལྟར༌གསུངས་པ་སྟེ། ངེད་གཉིས་ནི་རོ་མཱ་པ་ཡིན༌ཡང༌། ཁྲིམས་དཔོན་དེ་དག་གིས་ངེད་གཉིས་ལ་ཉེས་སྐྱོན་མེད་པར་མི་གཞན་རྣམས་ཀྱི་མིག་མདུན་དུ་གཅར་རྡུང་བཏང་སྟེ་བཙོན་དུ༌བཅུག ད་ལྟ་གསང་བའི་ངང་ནས་ངེད་གཉིས་ཕྱི་རུ་འདོན༌ནམ། དེ་ལྟར་གཏན་ནས་བྱ་མི་ཆོག༌སྟེ། ཁོ་རྣམས་རང་ཉིད་ཡོང་ནས་ངེད་གཉིས་བཙོན་ཁང་ལས་ཕྱིར་འཁྲིད་དགོས་ཞེས་པ༌དང༌། 38ཁྲིམས་གཡོག་དེ་དག་གིས་ཀྱང་གསུང་དེ་ཁྲིམས་དཔོན་རྣམས་ལ་ཞུས༌ཤིང༌། དེ་རྣམས་ཀྱིས་ཀྱང་ཁོང་གཉིས་ནི་རོ་མཱ་པ་ཡིན་པ་ཐོས་ནས་འཇིགས་པར་གྱུར༌ཏེ། 39ཁོང་གཉིས་ཀྱི་དྲུང་དུ་ཡོང་ནས་བསྐུལ་མ་བཏང་ཞིང་བཙོན་ཁང་ལས་ཕྱི་རོལ་ཏུ་ཁྲིད་པ་དང་གྲོང་ཁྱེར་དེ་དང་ཁ་འབྲལ་དགོས་ཞེས་ཞུས་སོ།། 40དེ་ནས་ཁོང་གཉིས་བཙོན་ཁང་ལས་ཕྱི་རུ་བུད་པ་དང་ལིད་ཡཱའི་ཁྱིམ་དུ་ཕེབས་ཤིང་སྤུན་ཟླ་རྣམས་དང་ལྷན་དུ༌འདུས། དེ་དག་ལ་སེམས་གསོ་བྱས་རྗེས་ཁ་བྲལ༌ཏོ།།

མཛད་པ 17

ཐེ་སཱ་ལོ་ནེ་ཀེ་གྲོང་ཁྱེར་དུ་ཕེབས༌པ།

1དེ་ནས་ཕོལ་ལོལ་དང་སི་ལཱ་གཉིས་ཨམ་ཕི་པོ་ལི་དང་ཨ་པོལ་ལོན་ཡཱ་བརྒྱུད་ནས་ཐེ་སཱ་ལོ་ནེ་ཀེ་རུ་ཕྱིན་པ༌དང༌། དེ་རུ་ཡ་ཧུ་དཱ་པའི་ཆོས་ཁང་ཞིག་ཡོད༌ལ། 2ཕོལ་ལོལ་ནི་རང་གི་རྒྱུན་གྱི་གོམས་སྲོལ་ལྟར་ཆོས་ཁང་དེར་ཕེབས༌ཤིང༌། ངལ་གསོ་བའི་ཉིན་མོ་གསུམ་ལ་བསྟུད་མར་གསུང་རབ་ལ་བརྟེན་ནས་མི་དེ་རྣམས་ལ་རྩོད་གླེང་བྱས་པ༌དང༌། 3སྐྱབས་མགོན་མཱ་ཤི་ཀས་ངེས་པར་སྡུག་བསྔལ་མྱངས༌ཤིང༌། སྐུ་གྲོངས་པ་ནས་སླར་གསོན་པའི་སྐོར་འགྲེལ་བཤད་བྱས་པ་དང་རྒྱུ་མཚན་བསྟན་ཏེ་ཡང་འདི་སྐད༌དུ། ངས་ཁྱོད་རྣམས་ལ་སྨྲས་པའི་ཡེ་ཤུ་ཞེས་པ་འདི་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ཞེས་གསུངས་སོ།། 4མི་དེ་རྣམས་ལས་འགའ་ཞིག་ལ་སེམས་འགུལ་ཐེབས་ནས་ཕོལ་ལོལ་དང་སི་ལཱ་གཉིས་ཀྱི་རྗེས་སུ་འབྲངས་པ་དང་། གཞན་ཡང་དཀོན་མཆོག་ལ་དད་གུས་ཆེ་བའི་གྷི་རིག་པ་མང་པོ༌དང༌། བཀུར་འོས་པའི་བུད་མེད་ཀྱང་མི་ཉུང་བ་ཞིག་ཡོད་དོ།། 5འོན༌ཀྱང༌། ཡ་ཧུ་དཱ་པ་རྣམས་ཕྲག་དོག་སྐྱེས་ནས་ཁྲོམ་སྲང་གི་མི་ངན་འགའ་བསྡུས་ཤིང་དཔུང་ཁག་བསྒྲིགས༌ཏེ། གྲོང་ཁྱེར་དེ་ལ་ཟིང་ཆ་བཟོས་པ་དང་ཡཱ་སོན་གྱི་ཁྱིམ་དུ་བཙན་གྱིས་འཛུལ༌ཏེ། ཕོལ་ལོལ་དང་སི་ལཱ་གཉིས་བཙན་བཟུང་བྱས་ནས་མི་རྣམས་ཀྱི་མདུན་དུ་འཁྲིད་འདོད༌ཀྱང༌། 6ཁོང་གཉིས་བཙལ་ནས་མ་རྙེད་པས་ཡཱ་སོན་དང་སྤུན་ཟླ་ཁ་ཤས་བཟུང༌སྟེ། གྲོང་ཁྱེར་དེའི་དཔོན་རིགས་དག་གི་མདུན་དུ་བཙན་ཁྲིད་བྱས་ཏེ་སྐད་ཆེན་པོས་འདི་ལྟར་སྨྲས༌པ། གནམ་འོག་ཀུན་དཀྲུགས་པར་བྱེད་པའི་མི་དེ་རྣམས་རང་རེའི་ཡུལ་འདི་ལའང་སླེབས༌ཤིང༌། 7ཡཱ་སོན་ཟེར་བ་འདིས་མི་དེ་རྣམས་ལ་སྣེ་ལེན་བྱས་ཏེ་སྡོད་དུ་བཅུག༌པ་རེད། མི་འདི་ཐམས་ཅད་སེ་བཟིར་གྱི་བཀའ་དང་འགལ༌ནས། ཡེ་ཤུ་བྱ་བའི་རྒྱལ་པོ་གཞན་ཞིག་ཡོད་ཟེར་ཞེས༌པའོ།། 8དེ་ནས་མི་ཚོགས་དང་གྲོང་ཁྱེར་དེའི་དཔོན་རིགས་རྣམས་ཀྱིས་གཏམ་དེ་ཐོས་པ་དང་སེམས་འཁྲུགས་པར་གྱུར༌པས། 9ཡཱ་སོན་དང་མི་གཞན་རྣམས་ལས་གཏའ་མ་བླངས་ཏེ་ཁོ་རྣམས་ཕྱིར་བཏང༌ངོ༌།།

པུ་རེ་ཡཱ་གྲོང་ཁྱེར་དུ་ཕེབས༌པ།

10དེ་ནས་སྤུན་ཟླ་རྣམས་ཀྱིས་མཚན་མོའི་དུས་ལ་སླེབས་མ་ཐག་ཕོལ་ལོལ་དང་སི་ལཱ་གཉིས་པུ་རེ་ཡཱ་རུ་འགྲོ་བར་བཅུག་གོ། ཁོང་གཉིས་གནས་དེར་སླེབས་པ་དང་ཡ་ཧུ་དཱ་པའི་ཆོས་ཁང་དུ་ཕྱིན༌ཅིང་། 11གནས་འདིའི་མི་རྣམས་ནི་ཐེ་སཱ་ལོ་ནེ་ཀེའི་མི་རྣམས་དང་བསྡུར༌ན་སེམས་རྒྱ་ཆེ་བ་དང་། དཀོན་མཆོག་གི་བཀའ་ལ་མཉན་པར་ཤིན་ཏུ་དགའ༌ཞིང༌། ཉིན་རེ་བཞིན་ཕོལ་ལོལ་གྱིས་གསུངས་པ་དེ་ནི་གསུང་རབ་དང་མཐུན་མིན་ལ་བརྟག་ཅིང་དཔྱོད་པ་རེད། 12དེ་བས་ཁོ་རྣམས་ལས་མི་མང་པོ་ཞིག༌དང༌། གྷི་རིག་གི་མི་རིགས་ལས་བཀུར་འོས་པའི་བུད་མེད་དང་སྐྱེས་པ་འགའ་ཤས་ཀྱང་དད་པར་གྱུར་ཏོ།། 13འོན༌ཀྱང༌། ཐེ་སཱ་ལོ་ནེ་ཀེ་ཞེས་པའི་ཡ་ཧུ་དཱ་པ་རྣམས་ཀྱིས་ཕོལ་ལོལ་གྱིས་པུ་རེ་ཡཱ་རུའང་དཀོན་མཆོག་གི་བཀའ་སྒྲོག་བཞིན་པ་ཤེས༌ཏེ། ཡང་གནས་དེར་སོང་ནས་མི་ཚོགས་ལ་ངན་སྐུལ་བྱས་ཤིང་ཟིང་ཆ་བཟོས་སོ།། 14དེ་ནས་སྤུན་ཟླ་རྣམས་ཀྱིས་ཕོལ་ལོལ་རྒྱ་མཚོའི་འགྲམ་དུ་བསྐྱལ་བ༌དང༌། སི་ལཱ་དང་ཐི་མོ་ཐེ་གཉིས་སྔར་བཞིན་པུ་རེ་ཡཱ་རུ་བསྡད། 15དེ་ཡང་སྐྱེལ་མ་བྱེད་མཁན་རྣམས་ཀྱིས་ཕོལ་ལོལ་བྱ་བ་ཡ་ཏེན་དུ་བསྐྱལ་བ་དང་། ཕོལ་ལོལ་གྱིས་སི་ལཱ་དང་ཐི་མོ་ཐེ་གཉིས་ཀྱང་མྱུར་དུ་ཁོང་གི་དྲུང་དུ་ཡོང་དགོས་པའི་བཀའ་གནང་ཞིང་སྐྱེལ་མ་རྣམས་ཕྱིར་ལོག༌གོ།

ཡ་ཏེན་གྲོང་ཁྱེར་དུ་བཞུགས༌པ།

16དེ་ཡང་ཕོལ་ལོལ་གྱིས་ཡ་ཏེན་དུ་སི་ལཱ་དང་ཐི་མོ་ཐེ་གཉིས་ལ་སྒུག་པའི་དུས༌སུ། གྲོང་ཁྱེར་ཡོངས་སུ་ལྷ་སྐུ་སྣ་ཚོགས་ཀྱིས་གང་ཡོད་པ་མཐོང་སྟེ་སེམས་འཁྲུག་པར་གྱུར༌པས། 17ཡ་ཧུ་དཱ་པའི་ཆོས་ཁང་ནས་ཡ་ཧུ་དཱ་པ་དང་དཀོན་མཆོག་ལ་དད་གུས་ཡོད་པའི་ཕྱི་ཕྱོགས་པ༌དང༌། གཞན་ཡང་ཉིན་རེ་བཞིན་ཁྲོམ་སྲང་ནས་འཕྲད་པའི་མི་རྣམས་ལ་རྩོད་གླེང་བྱས་སོ།། 18ཡང་གནས་དེར་ཨེ་པི་ཀུར་དང་སི་ཏོ་ཀེ་ཞེས་གྲགས་པའི་མཚན་ཉིད་རིག་པའི་གྲུབ་མཐའི་ལྟ་བ་འཛིན་མཁན་འགའ་ཞིག་གིས་ཕོལ་ལོལ་ལ་རྩོད་གླེང་འདི་ལྟར་བྱས་པ༌སྟེ། ལ་ལ་ན༌རེ། མི་བཤད་དགུ་བཤད་བྱེད་མཁན་འདིས་ཅི་སྨྲའམ་ཞེས་ཟེར་བ༌དང༌། ཡང་ལ་ལ་ན༌རེ། ཁོས་ཕལ་ཆེར་ཕྱི་ཕྱོགས་ཀྱི་ལྷའི་སྐོར་སྨྲ་བ་རེད་ཅེས་སྨྲས་སོ།། དེ་ནི་ཕོལ་ལོལ་གྱིས་སྐྱབས་མགོན་ཡེ་ཤུ་དང་ཁོང་གྲོངས་པ་ནས་སླར་གསོན་པའི་སྐོར་གྱི་ཆོས་བསྒྲགས་པའི་རྐྱེན་ཡིན་ནོ།། 19དེ་ནས་མི་དེ་རྣམས་ཀྱིས་ཕོལ་ལོལ་ཁོང་ཉིད་ཨེ་རུ་ཕ་ཀའོ་ཚོགས་པ་དེར་ཁྲིད་དེ་ན༌རེ། ཁྱོད་ཀྱིས་སྨྲ་བཞིན་པའི་ལྟ་བ་གསར་པ་འདི་དག་ངེད་ཅག་གིས་ཤེས་རུང༌ངམ། 20རྒྱུ་མཚན་ནི་ཁྱོད་ཀྱི་ངོ་མཚར་བའི་དོན་འགའ་ངེད་རྣམས་ཀྱིས་ཀྱང་ཐོས་བྱུང༌བས། ད་ལྟ་དོན་དེ་ཅི་ཡིན་པ་ཤེས་འདོད་ཅེས་སྨྲས་སོ།། 21སྤྱིར་ཡ་ཏེན་གྱི་མི་དང་ཡུལ་དེར་གནས་སྐོར་དུ་ཡོང་བའི་མི་རྣམས་ཀྱིས་དོན་གཞན་ཅི་ཡང་མི་སྒྲུབ་པར་གཏམ་གསར་པ་ཁོ་ནར་ཉན་ཞིང༌སྨྲའོ།། 22དེ་ནས་ཕོལ་ལོལ་ཁོང་ཉིད་ཨེ་རུ་ཕ་ཀའོ་ཚོགས་པའི་དབུས་སུ་ཡར་བཞེངས་ཏེ་འདི་སྐད༌དུ། ཡ་ཏེན་གྱི་མི༌རྣམས། ངས་ཁྱོད་རྣམས་ཕྱོགས་ཀུན་ནས་ཆོས་ལ་ཤིན་ཏུ་དགའ་བ་མཐོང༌། 23ང་རང་ཕྱོགས་བཞིར་འགྲིམས་པའི་དུས༌སུ། ཁྱོད་རྣམས་ཀྱིས་བསྙེན་བཀུར་བྱེད་པའི་རྟེན་དེ་དག་ལ་བལྟས༌ཚེ། མཆོད་ཁྲི་ཞིག་གི་སྟེང་དུ་རྒྱུས་མི་མངའ་བའི་དཀོན་མཆོག་གི་ཕྱིར་ཞེས་ཡི་གེ་བརྐོས་འདུག་པ་མཐོང༌བྱུང༌། ཁྱོད་ཅག་གིས་མ་ཤེས་པར་བསྙེན་བཀུར་བྱེད་ཅིང་བདག་གིས་དོན་དེ་ཁྱོད་རྣམས་ལ་སྨྲ་བར༌བྱ་སྟེ། 24དེ་ཡང་འཇིག་རྟེན་ཁམས་དང་གནས་དེར་ཡོད་པའི་དངོས་པོ་ཐམས་ཅད་སྐྲུན་མཁན་དཀོན་མཆོག་ནི་གནམ་ས་གཉིས་ཀྱི་བདག་པོ་ཡིན༌པས། ཁོང་ནི་མིའི་ལག་པས་བཟོས་པའི་མཆོད་ཁང་དུ་བཞུགས་པ་མིན་ནོ།། 25ཡང་ཁོང་གིས་མི་རྣམས་ལ་ཚེ་སྲོག༌དང༌། དབུགས། དངོས་པོ་ཐམས་ཅད་བཅས་གནང༌བས། ཁོང་ལ་དགོས་མཁོ་ཅི་ཡང་མེད་ཅིང་མིའི་ལག་པས་ཁོང་ལ་ཞབས་ཕྱི་ཅི་ཡང་བསྒྲུབ་མི་དགོས་སོ།། 26ཁོང་གིས་མི་གཅིག་ནས་མིའི་རིགས་ཐམས་ཅད་བསྐྲུན་ཏེ་ས་གཞིའི་སྟེང་དུ་ཡོངས་སུ་གནས་པར་མཛད༌ཅིང༌། དེ་རྣམས་ཀྱི་ཚེ་ཚད་དང་སྡོད་མཚམས་ཀྱང་སྔར་ནས་ཐག་གིས་བཅད༌པ་ཡིན། 27དཀོན་མཆོག་གིས་དེ་ལྟར་མཛད་དོན་ནི་མི་རྣམས་ཀྱིས་ཁོང་ཉིད་འཚོལ་ཞིང་ཡང་ཡང་བཙལ་ན་རྙེད་སྲིད་པའི་ཕྱིར་ཡིན༌ལ། དོན་དམ་དུ་ཁོང་ནི་བདག་ཅག་མི་རེ་རེ་དང་རྒྱང་ཐག་མི་རིང་བའི་གནས་སུ་བཞུགས་ཡོད། 28དེ་ཡང་ཇི་སྐད༌དུ། ངེད་རྣམས་འཚོ་ཞིང་འགུལ་སྐྱོད་བྱེད་པ༌དང༌།། གནས་པ་འདི་ནི་ཁོང་ལ་བརྟེན་པ༌ཡིན།། ཞེས༌པའོ།། དེ་ཡང་ཁྱོད་ཅག་ལས་སྙན་ངག་པ་ལ་ལ་ན༌རེ། བདག་ཅག་ཀྱང་ནི་ཁོང་གི་བུ་ཕྲུག་ཡིན།། ཞེས་སྨྲས་པ་དང་མཚུངས་སོ།། 29དེའི༌ཕྱིར། བདག་ཅག་ནི་དཀོན་མཆོག་གི་བུ་ཕྲུག་ཡིན་པས་དཀོན་མཆོག་གི་ངོ་བོ་ནི་མིས་རང་གི་ལག་རྩལ་དང་བློ་རིག་ལ་བརྟེན་ནས་གསེར༌དང༌། དངུལ། རྡོ་སོགས་ལ་བརྐོས་པའི་སྐུ་དང་འདྲ་བར་བསམ་མི་རུང་ངོ༌།། 30དེ་ཡང་འཇིག་རྟེན་པ་རྣམས་རྨོངས་པའི་དུས་སུ་དཀོན་མཆོག་གིས་དེ་དག་ལ་རྩད་ཞིབ་མ་མཛད༌ཀྱང༌། ད་ལྟ་ཡུལ་ཕྱོགས་སོ་སོའི་མི་ཐམས་ཅད་ལ་འགྱོད་བཤགས་བྱེད་དགོས་པའི་བཀའ་གནང༌བ་རེད། 31རྒྱུ་མཚན་ནི་ཁོང་གིས་སྔ་མོ་ནས་ཐག་གིས་བཅད་པ་བཞིན། ཉིན་ཞིག་ལ་རང་གིས་བསྐོས་པའི་སྐྱེས་བུ་དམ་པ་དེ་བརྒྱུད༌ནས། འཇིག་རྟེན་གྱི་མི་ཀུན་ལ་དྲང་བདེན་གྱི་ངང་ནས་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པར་འགྱུར་བ༌དང༌། སྐྱེས་བུ་དམ་པ་དེ་གྲོངས་པ་ནས་སླར་གསོན་པར་མཛད་པའི་སྒོ་ནས་མི་ཐམས་ཅད་ལ་བདེན་དཔང་མཛད་མྱོང་ཞེས་གསུངས༌སོ།། 32མི་དེ་རྣམས་ཀྱིས་གྲོངས་པ་ནས་སླར་གསོན་པའི་གཏམ་དེ་ཐོས་ནས་མི་འགའ་ཞིག་གིས་འཕྱ་ཞིང་སྨོད་པ༌དང༌། ཡང་མི་འགའ་ཞིག་གིས་ཁྱོད་ཀྱི་གཏམ་དེ་ལ་ངེད་ཅག་གིས་ཡང་བསྐྱར་མཉན་པར་བྱའོ་ཞེས་སྨྲས་སོ།། 33དེ་ནས་ཕོལ་ལོལ་མི་ཚོགས་ཀྱི་ཁྲོད་ནས་ཕྱི་རོལ་ཏུ་ཕེབས་སོ།། 34འོན༌ཀྱང༌། མི་ཁ་ཤས་ཁོང་དང་འགྲོགས་ཤིང་གཙོ་བོ་ལ་དད་པར་གྱུར་ཏོ།། དེ་དག་གི་ཁྲོད་དུ་ཨེ་རུ་ཕ་ཀའོ་ཚོགས་པ་ལ་གཏོགས༌ཤིང༌མིང་ལ་ཏཱ་ཨོ་ནེ་སི་ཞེས་འབོད་པ་དེ༌དང༌། ཡང་མིང་ལ་ཏཱ་མ་རོས་ཞེས་འབོད་པའི་བུད་མེད་ཅིག༌དང༌། གཞན་ཡང་མི་འགའ་ཤས་ཡོད༌དོ།།

མཛད་པ 18

ཀོ་རིན་ཐུ་གྲོང་ཁྱེར་དུ་ཕེབས༌པ།

1དོན་དེའི་རྗེས༌སུ། ཕོལ་ལོལ་བྱ་བ་ཡ་ཏེན་དང་ཁ་བྲལ་ནས་ཀོ་རིན་ཐུ་རུ་ཕྱིན་པ༌ལ། 2མིང་ལ་ཨ་ཀུ་ལཱ་ཞེས་པའི་ཡ་ཧུ་དཱ་པ་ཞིག་དང་ཕྲད་ཅིང་ཁོ་ནི་ཕོན་ཐུ་ཡུལ་ནས་སྐྱེས༌ཤིང་། དེ་ཡང་ཀཱ་ལོ་དི་ཞེས་པ་དེས་ཡ་ཧུ་དཱ་པ་ཐམས་ཅད་རོ་མཱ་རུ་སྡོད་མི་ཆོག་པའི་བཀའ་ཕབ་པས། ཨ་ཀུ་ལཱ་ཞེས་པས་རང་གི་ཆུང་མ་ཕུར་སི་ལཱ་ཁྲིད་དེ་ཨི་ཏ་ལི་ཡུལ་ནས་ཀོ་རིན་ཐུ་རུ་ཡོང་ངོ༌།། དེ་ནས་ཕོལ་ལོལ་བཟའ་ཟླ་དེ་གཉིས་ཀྱི་གམ་དུ་ཕྱིན་པ་རེད། 3ཁྱོ་ཤུག་དེ་གཉིས་གུར་བཟོ་མཁན་ཡིན་ཞིང་ཕོལ་ལོལ་ཡང་དེ་གཉིས་དང་ལས་རིགས་མཚུངས་པས་ན་མཉམ་དུ་བསྡད་ཅིང་ལས་ཀ་བསྒྲུབས་སོ།། 4དེ་ནས་ཕོལ་ལོལ་གྱིས་ངལ་གསོ་བའི་ཉིན་རེ་རེར་ཆོས་ཁང་ནས་ཡ་ཧུ་དཱ་པ་དང་གྷི་རིག་པ་རྣམས་ལ་རྩོད་གླེང་བྱས་ཏེ་སྐུལ་མ་མཛད༌དོ།། 5དེ་ནས་སི་ལཱ་དང་ཐི་མོ་ཐེ་གཉིས་མ་ཀེ་དོན་ཡཱ་ཡུལ་ནས་སླེབས་པ༌ལ། ཕོལ་ལོལ་ནི་དཀོན་མཆོག་གི་བཀའ་སྒྲོག་པ་ཁོ་ནར་བྲེལ༌ཞིང༌། ཡ་ཧུ་དཱ་པ་རྣམས་ལ་ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་པར་བདེན་དཔང་མཛད་ཀྱིན་འདུག 6འོན༌ཀྱང༌། མི་དེ་རྣམས་ཀྱིས་ཁོང་ལ་ངོ་རྒོལ་དང་འཕྱ་དམོད་བྱས་པ༌ན། ཕོལ་ལོལ་གྱིས་རང་གི་གྱོན་གོས་སྤྲུགས་ཀྱིན་འདི་སྐད༌དུ། ཁྱོད་ཅག་གི་ཁྲག་རང་རང་གི་མགོ་ལ་འཕོག་པར་གྱུར༌ཅིག བདག་ལ་ཉེས་པ་ཅི་ཡང༌མེད། དུས་ད་ནས༌བཟུང༌། ང་རང་ཕྱི་ཕྱོགས་པ་རྣམས་ཡོད་སར་འགྲོ་ཞེས་གསུངས་སོ།། 7དེ་ནས་ཕོལ་ལོལ་གནས་དེ་དང་ཁ་བྲལ་ནས་མིང་ལ་ཐེ་ཏུ་ཡུས་ཐོ་ཞེས་འབོད་པའི་མི་ཞིག་གི་ཁྱིམ་དུ་སོང་བ༌དང༌། མི་དེ་ནི་དཀོན་མཆོག་ལ་བསྙེན་བཀུར་བྱེད་མཁན་ཞིག་ཡིན༌ཞིང༌། ཁོའི་ཁྱིམ་ཚང་ཡང་ཆོས་ཁང་དེའི་འགྲམ་དུ་ཡོད། 8ཡང་ཆོས་ཁང་དེའི་དབུ་འཛིན་པ་ཀཱ་རིས་པི་ཞེས་པ་ཞིག་ཡོད་པ་དེ་དང་ཁོའི་ཁྱིམ་མི་ཐམས་ཅད་གཙོ་བོ་ལ་དད་པར་གྱུར་པ༌དང༌། གཞན༌ཡང༌། ཀོ་རིན་ཐུ་པ་མང་པོས་ཀྱང་ཆོས་ལ་མཉན་ནས་དད་པར་གྱུར་ཅིང་ཁྲུས་གསོལ་ལ་ཞུགས་སོ།། 9ཡང་མཚན་མོ་ཞིག༌ལ། ཞལ་གཟིགས་གནང་བ་ལས་གཙོ་བོས་ཕོལ་ལོལ་ལ་འདི་སྐད༌དུ། མ་འཇིགས༌ཤིག ཁ་རོག་ཏུ་མི་འདུག་པར་བདག་གི་བཀའ་མཚམས་མེད་པར་སྒྲོགས༌ཤིག 10གྲོང་ཁྱེར་འདི་རུ་བདག་ལ་མི་མང་པོ་ཡོད་ཅིང་ང་རང་ཡང་ཁྱོད་དང་མཉམ་དུ་གནས༌པས། སུ་ཞིག་གིས་ཀྱང་ཁྱོད་ལ་རྒོལ་བ་དང་གནོད་འཚེ་བྱ་མི་ནུས་ཞེས་གསུངས་སོ།། 11ཕོལ་ལོལ་ཡང་ལོ་གཅིག་དང་ཟླ་བ་དྲུག་གི་རིང༌ལ་གནས་དེར་བསྡད་ནས་མི་རྣམས་ལ་དཀོན་མཆོག་གི་བཀའ་བསླབས༌སོ།། 12དེ་ཡང་གལ་ལེ་ཨོན་བྱ་བ་ཨ་ཀ་ཡཱ་ཡུལ་གྱི་སྤྱི་དཔོན་ཡིན་པའི་དུས༌སུ། ཡ་ཧུ་དཱ་པ་རྣམས་ཀྱིས་ངན་སེམས་གཅིག་མཐུན་གྱིས་ཕོལ་ལོལ་ལ་ངོ་རྒོལ་བྱས་ནས་ཁྲིམས་དཔོན་གྱི་ཁྲིའི་མདུན་དུ་ཁྲིད་དེ་ན༌རེ། 13འདིས་མི་རྣམས་ལ་བཀའ་ཁྲིམས་དང་མི་མཐུན་པའི་སྒོ་ནས་དཀོན་མཆོག་ལ་བསྙེན་བཀུར་བྱེད་པར་བསྐུལ་བ་རེད་ཅེས་སྨྲས་པ༌ན། 14ཕོལ་ལོལ་གྱིས་གཏམ་བརྗོད་པར་རྩོམ་པ༌ལ། གལ་ལེ་ཨོན་གྱིས་ཡ་ཧུ་དཱ་པ་དེ་རྣམས་ལ་འདི་ལྟར། ཀྱེ། ཡ་ཧུ་དཱ་པ་ཁྱོད༌རྣམས། གལ་ཏེ་གཏུགས་བཤེར་བྱས་པའི་དོན་འདི་ངན་པའམ་ཡང་ན་ཉེས་སྐྱོན་ཆེ་ཆུང་གང་ཞིག་ཡིན་ན་ཁྱོད་ཅག་གི་ཞུ་བར་ངས་མཉན་སྲིད་མོད། 15འོན་ཀྱང་ཁྱོད་ཅག་གི་རྩོད་གཞི་ནི་ཚིག་རྩོད༌དང༌། མིང༌ངམ། ཡང་ན་ཁྱོད་ཅག་གི་ཆོས་ཁྲིམས་བཅས་ཀྱི་སྐོར་ཡིན༌ན། དོན་དེ་ཁྱོད་ཅག་རང་གིས་སྒྲུབས༌ཤིག བདག་གིས་དོན་འདི་ལྟ་བུ་ལ་ཁྲིམས་གཅོད་བྱེད་མི་འདོད་ཅེས་སྨྲས༌ཏེ། 16མི་དེ་རྣམས་ཁྲིམས་དཔོན་གྱི་ཁྲིའི་རྩ་ནས་ཕྱི་རོལ་ཏུ་བསྐྲད་དོ།། 17དེ་ནས་མི་དེ་རྣམས་ཀྱིས་ཆོས་ཁང་གི་དབུ་འཛིན་པ་སའོ་ཐེ་ནེ་ཞེས་པ་བཙན་བཟུང་བྱས་ཏེ་ཁྲིམས་དཔོན་གྱི་ཁྲིའི་མདུན་དུ་གཅར་རྡུང་བྱས། འོན་ཀྱང་གལ་ལེ་ཨོན་གྱིས་དོན་དེ་རྣམས་ལ་དོ་སྣང་མ་བྱས༌སོ།།

ཕོལ་ལོལ་ཕྱིར་སིར་ཡཱ་ཡུལ་གྱི་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་དུ་ཕེབས༌པ།

18ཡང་ཕོལ་ལོལ་ཁོང་ཉིད་ཀོ་རིན་ཐུ་རུ་ཉིན་མང་པོར་བཞུགས་རྗེས་སྤུན་ཟླ་རྣམས་དང་ཁ་གྱེས༌ཏེ། གྲུ་གཟིངས་ལ་བསྡད་ནས་སིར་ཡཱ་ཡུལ་གྱི་ལམ་ལ་ཆས་ཤིང་། ཕུར་སི་ལཱ་དང་ཨ་ཀུ་ལཱ་གཉིས་ཀྱང་ཁོང་དང་མཉམ་དུ་ཕྱིན་ནོ།། ཁོང་གིས་དེ་སྔར་དམ་བཅས་པ་བཞིན་ཀེན་གྲེ་ཞེས་པའི་གྲུ༌ཁ་ནས་དབུ་སྐྲ་བྲེགས་པ་རེད། 19དེ་ནས་ཨེ་ཕེ་སི་རུ་སླེབས་པ་དང་ཕོལ་ལོལ་གྱིས་ཁོ་གཉིས་གནས་དེར་བསྐྱུར༌ཏེ། རང་ཁོ་ན་ཡ་ཧུ་དཱ་པའི་ཆོས་ཁང་དུ་ཕྱིན་ནས་ཡ་ཧུ་དཱ་པ་རྣམས་ལ་རྩོད་གླེང་བྱས་སོ།། 20མི་རྣམས་ཀྱིས་ཁོང་ཉིད་ཉིན་འགར་བཞུགས་པར་ཞུས་ཀྱང་ཁོང་འཐད༌པ་མ་བྱུང་། 21འོན་ཀྱང་ཁོང་ཉིད་དེ་རྣམས་དང་ཁ་འབྲལ་སྐབས་འདི་སྐད༌དུ། གལ་ཏེ་དཀོན་མཆོག་གི་ཐུགས་དགོངས་ཡིན་ན་ང་རང་སླར་ཡང་གནས་འདིར་ཡོང་ངེས་པ་ཡིན་ཞེས་གསུངས་རྗེས་གྲུ་གཟིངས་ལ་བསྡད་དེ་ཨེ་ཕེ་སི་དང་བྲལ་ལོ།། 22དེ་ནས་ཀེ་སར་ཡཱ་རུ་སླེབས་པ་དང་ཁོང་ཉིད་གྲུ་ལས་བབས་ཏེ་ཡར་ཆོས་ཚོགས་ལ་འཚམས་འདྲི་ཞུ་བར་ཕྱིན་པ༌དང༌། དེ་རྗེས་མར་ཨན་ཏི་ཡོག་ཡཱ་རུ་བྱོན༌ནོ།།

ཕོལ་ལོལ་ཐེངས་གསུམ་པར་ཆོས་སྤེལ་དུ་ཕྱིན་པ།

23གནས་དེར་ཉིན་འགར་བསྡད༌རྗེས། དེ་དང་ཁ་བྲལ་ནས་རིམ་བཞིན་ག་ལད་ཡཱ་དང་ཕུ་ཀེ་ཡཱ་ཡུལ་བརྒྱུད་ནས་རྗེས་འབྲང་པ་རྣམས་ཀྱི་དད་སེམས་བརྟན་པོར་བྱས༌སོ།། 24དེ་ཡང་མིང་ལ་ཨ་པོལ་ལོ་ཟེར་བའི་ཡ་ཧུ་དཱ་པ་ཞིག་ཡོད་པ་དེ་ཨེ་ཕེ་སི་རུ་སླེབས། ཁོང་ནི་ཨ་ལིག་སན་དྲི་ཡཱ་ནས་སྐྱེས་ཤིང་ཁ་ལྕེ་ཅན་ཞིག་སྟེ་གསུང་རབ་ལའང་མཁས༌པ་རེད། 25ཁོང་གིས་སྐྱབས་མགོན་ཡེ་ཤུའི་ཆོས་ཀྱི་སྐོར་བསླབས༌པས། སེམས་ལ་སྟོབས་ཤུགས་རྒྱས་ཤིང་སྐྱབས་མགོན་ཡེ་ཤུའི་མཛད་དོན་སྐོར་མི་གཞན་ལ་ཞིབ་ཏུ་སྨྲས་ཤིང་བསྟན་མོད། འོན༌ཀྱང༌། ཁོང་གིས་ཡོ་ཧ་ནན་གྱི་ཁྲུས་གསོལ་ཁོ་ན་ཤེས༌པ་རེད། 26དེ་ནས་ཁོང་གིས་ཡ་ཧུ་དཱ་པའི་ཆོས་ཁང་ནས་སྤོབས་པ་ཆེན་པོས་སྐྱབས་མགོན་ཡེ་ཤུའི་ཆོས་གསུངས་པ༌ན། ཕུར་སི་ལཱ་དང་ཨ་ཀུ་ལཱ་གཉིས་ཀྱིས་གསུང་དེ་ཐོས་ནས་ཁོང་ཉིད་རང་ཁྱིམ་དུ་གདན་དྲངས༌ཏེ། དཀོན་མཆོག་གི་ཆོས་དེ་ཉིད་སྔར་ལས་ཀྱང་ཁོང་ལ་ཞིབ་ཏུ་སྨྲས་སོ།། 27དེ་ནས་ཁོང་ཉིད་ཨ་ཀ་ཡཱ་ཡུལ་དུ་འགྲོ་འདོད་པ༌ན། སྤུན་ཟླ་རྣམས་ཀྱིས་ཀྱང་སྐུལ་མ་མཛད་པ་དང་ཡུལ་དེའི་རྗེས་འབྲང་པ་རྣམས་ལ་ཁོང་ལ་སྣེ་ལེན་བྱེད་དགོས་པའི་འཕྲིན་ཡིག་བྲིས་སོ།། དེ་ནས་ཁོང་ཉིད་ཡུལ་དེར་སླེབས་ཏེ་ཐུགས་རྗེ་བརྒྱུད་ནས་དད་པར་གྱུར་པ་རྣམས་ལ་རོགས་རམ་མང་དུ་མཛད། 28རྒྱུ་མཚན་ནི་ཁོང་གིས་མི་ཚོགས་ཀྱི་མདུན་དུ་མཐུ་སྟོབས་ལྡན་པའི་ངང་ནས་ཡ་ཧུ་དཱ་པ་རྣམས་དགག་པས་བཏུལ་ཏེ། གསུང་རབ་ལས་ལུང་དྲངས་ནས་ཡེ་ཤུ་ཁོང་ཉིད་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་པ་གསལ་བོར་བསྟན་ནོ།།

མཛད་པ 19

ཨེ་ཕེ་སི་གྲོང་ཁྱེར་དུ་ཕོལ་ལོལ་བཞུགས༌པ།

1དེ་ཡང་ཨ་པོལ་ལོ་ཞེས་བྱ་བ་ཀོ་རིན་ཐུ་རུ་བཞུགས་པའི་དུས༌དེར། ཕོལ་ལོལ་ཁོང་ཉིད་ག་ལད་ཡཱ་དང་ཕུ་ཀེ་ཡཱ་ཡུལ་བརྒྱུད་ནས་ཨེ་ཕེ་སི་རུ་སླེབས་པ༌དང༌། གནས་དེ་རུ་རྗེས་འབྲང་པ་འགར་ཕྲད་ཅིང༌། 2ཁོང་གིས་དེ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་དད་པ་བྱེད་པའི་དུས་སུ་དམ་པའི་ཐུགས་ཉིད་ཐོབ་མྱོང་ངམ་ཞེས་དྲིས་པ༌ལ། དེ་རྣམས་ན༌རེ། ཐོབ་མ་མྱོང་ལ། དམ་པའི་ཐུགས་ཉིད་ཅེས་པ་ཞིག་ཡོད་པ་ཐོས་ཀྱང་མ་མྱོང་ཞེས་ཞུས་སོ།། 3དེ་ནས་ཕོལ་ལོལ་གྱིས་འདི་སྐད༌དུ། དེས་ན་ཁྱོད་རྣམས་ལ་ཁྲུས་གསོལ་གང་ཐོབ་པ་ཡིན་ནམ་ཞེས་གསུངས་པ༌ན། དེ་རྣམས་ཀྱིས་ཡོ་ཧ་ནན་གྱི་ཁྲུས་གསོལ་ཐོབ་པ་ཡིན་ཞེས་ཞུས་སོ།། 4ཡང་ཕོལ་ལོལ་གྱིས་འདི་སྐད༌དུ། ཡོ་ཧ་ནན་གྱིས་འགྱོད་བཤགས་ཀྱི་རྟགས་སུ་ཁྲུས་གསོལ་བྱས་པ༌དང༌། མི་རྣམས་ལ་རང་གི་རྗེས་སུ་འབྱོན་ངེས་པ་སྟེ་སྐྱབས་མགོན་ཡེ་ཤུ་ལ་དད་པ་བྱེད་དགོས་པར་བསྐུལ་བ་ཡིན་ཞེས་གསུངས་སོ།། 5དེ་རྣམས་ཀྱིས་གསུང་དེ་ཐོས་པ་དང་གཙོ་བོ་ཡེ་ཤུའི་མཚན་ལ་བརྟེན་ནས་ཁྲུས་གསོལ་ལ་ཞུགས་ཤིང༌། 6ཕོལ་ལོལ་གྱིས་དེ་རྣམས་ཀྱི་ལུས་ལ་ཕྱག་བཞག་པ་དང་དེ་རྣམས་ལ་དམ་པའི་ཐུགས་ཉིད་ཐོབ་ཅིང༌། ངག་ནས་སྐད་གཞན་སྨྲ་ཞིང་ལུང་ཡང་བསྟན་ཏོ།། 7བསྡོམས་པས་མི་བཅུ་གཉིས་ཙམ་ཡོད༌དོ།། 8དེ་ནས་ཕོལ་ལོལ་ཆོས་ཁང་དུ་ཕྱིན་ཏེ། ཟླ་བ་གསུམ་གྱི་རིང༌ལ་རྒྱུན་ཆད་མེད་པར་སྙིང་སྟོབས་ཆེན་པོས་ཆོས་གསུངས་པ༌དང༌། དཀོན་མཆོག་གི་རྒྱལ་སྲིད་སྐོར་ལ་རྩོད་གླེང་བྱས་ཏེ་མི་རྣམས་ལ་སྐུལ་མ་གནང༌མོད། 9འོན༌ཀྱང༌། ཕྱིས་སུ་མི་ལ་ལའི་སེམས་རྒྱུད་གྱོང་པོར་གྱུར་པ་དང་དད་པའང་མ་བྱས༌པས། མི་ཚོགས་ཀྱི་མདུན་དུ་མཱ་ཤི་ཀའི་ཆོས་ཀྱི་ལམ་དེ་ལ་འཕྱ་སྨོད་བྱས་སོ།། དེ་ནས་ཕོལ་ལོལ་གྱིས་རྗེས་འབྲང་པ་རྣམས་ཁྲིད་ཅིང་དེ་དག་དང་ཁ་བྲལ༌ནས། ཉིན་རེ་བཞིན་ཐཱ་རན་ནུ་ཞེས་པའི་སློབ་གླིང་དུ་རྩོད་གླེང་བྱས། 10ཁོང་གིས་ལོ་གཉིས་ཀྱི་རིང་ལ་དེ་ལྟར་མཛད་པས་ཨེ་ཞི་ཡཱ་ཡུལ་དུ་གནས་པའི་ཡ་ཧུ་དཱ་པ་དང་གྷི་རིག་པ་ཐམས་ཅད་ཀྱིས་ཀྱང་གཙོ་བོའི་བཀའ་ཐོས༌སོ།། 11དེ་ཡང་དཀོན་མཆོག་གིས་ཕོལ་ལོལ་གྱི་ཕྱག་བརྒྱུད་ནས་ཤིན་ཏུ་ངོ་མཚར་ཆེ་བའི་དོན་རྣམས་མཛད་པ༌དང༌། 12ཐ་ན་མི་ལ་ལས་ཕོལ་ལོལ་གྱི་ལུས་ནས་ལག་ཕྱིས་དང་པང་ཁེབས་བླངས༌ཏེ། ནད་པའི་ལུས་སྟེང་དུ་བཀབ་མ་ཐག་ནད་བསལ་ཞིང་གདོན་འདྲེའང་ཕྱིར་ཐོན་པ་རེད། 13དུས༌དེར། ཡུལ་ཕྱོགས་ཀུན་ཏུ་འགྲིམས་ཤིང་སྔགས་བརྒྱབ་སྟེ་གདོན་འདྲེ་ཕྱིར་སྐྲོད་པའི་ཡ་ཧུ་དཱ་པ་འགའ་ཞིག་གིས་གདོན་འདྲེས་བཟུང་བའི་མི་རྣམས་ལ་རང་དགར་གཙོ་བོ་ཡེ་ཤུའི་མཚན་བརྗོད་ཅིང་འདི་ལྟར་སྨྲས༌པ། ངས་ཕོལ་ལོལ་གྱིས་བསྒྲགས་པའི་སྐྱབས་མགོན་ཡེ་ཤུའི་མཚན་ལ་བརྟེན་ནས་གདོན་འདྲེ་ཁྱོད་རྣམས་ཕྱིར་བུད་ཅིག་ཅེས་སྨྲས་པ་ཡིན་ཞེས༌པའོ།། 14དེ་ལྟར་བྱེད་མཁན་ནི་ཡ་ཧུ་དཱ་པའི་མཆོད་དཔོན་ཆེན་པོ་སི་རྐེ་བཱ་ཞེས་པའི་བུ་བདུན་ཡིན༌ལ། 15གདོན་འདྲེས་ཁོ་རྣམས་ལ་ངས་སྐྱབས་མགོན་ཡེ་ཤུ་དང་ཕོལ་ལོལ་གཉིས་ཀ་སུ་ཡིན་པ་ཤེས། འོན༌ཀྱང༌། ཁྱོད་ཅག་སུ་ཡིན་ནམ་ཞེས་སྨྲས་པ༌དང༌། 16གདོན་འདྲེས་བཟུང་བའི་མི་དེ་ཁོ་རྣམས་ཀྱི་ལུས་སྟེང་དུ་མཆོངས་པ་དང་དེ་དག་ལས་རྣམ་པར་རྒྱལ་ཞིང་ཁོ་རྣམས་ལ་དབང་བསྒྱུར༌བས། དེ་རྣམས་ལ་རྨས་ཕོགས་ཤིང་ལུས་གཅེར་བུར་ཁང་པ་ལས་ཕྱིར་བྲོས་སོ།། 17ཨེ་ཕེ་སི་རུ་སྡོད་པའི་ཡ་ཧུ་དཱ་པ་དང་གྷི་རིག་པ་ཐམས་ཅད་ཀྱིས་དོན་དེ་ཤེས་ནས་འཇིགས་པར་གྱུར་པ༌དང༌། གཙོ་བོ་ཡེ་ཤུའི་མཚན་སྙན་གྲགས་ཀྱང་ཤིན་ཏུ་རྒྱས་པར་གྱུར་ཏོ།། 18དེ་ནས་དད་པ་བྱེད་མཁན་གསར་པ་མང་པོ་ཞིག་ཡོང་ནས་རང་གིས་བྱས་པའི་ཉེས་སྐྱོན་ཁས་བླངས་ཤིང་མཐོལ་བཤགས་བྱས་པ་རེད། 19ཡང་སྒྱུ་མ་མཁན་མང་པོས་ཀྱང་མི་རྣམས་ཀྱི་མདུན་དུ་རང་གི་དཔེ་ཆ་སྤུངས་ནས་མེར་བསྲེགས་ཤིང་། དེ་དག་གིས་མེར་བསྲེགས་པའི་དཔེ་རིན་བརྩིས་པ་ལ་བསྡོམས་པས་དངུལ་སྒོར་ཁྲི་ལྔ་ཡོད་པ་ཤེས་སོ།། 20དེ་ལྟར་གཙོ་བོའི་བཀའ་ཤིན་ཏུ་དར་ཞིང་རྒྱས་པ་དང་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ༌ཏོ།།

ཨེ་ཕེ་སི་གྲོང་ཁྱེར་དུ་ཟིང་ཆ་བྱུང༌བ།

21དོན་དེ་རྣམས་མཇུག་རྫོགས༌རྗེས། ཕོལ་ལོལ་གྱིས་རང་ཉིད་མ་ཀེ་དོན་ཡཱ་དང་ཨ་ཀ་ཡཱ་ཡུལ་བརྒྱུད་ནས་ཡེ་རུ་སཱ་ལེམ་དུ་འགྲོ་བར་སེམས་ཐག་བཅད་དེ། ང་རང་དེ་རུ་སླེབས་རྗེས་ངེས་པར་རོ་མཱ་ལ་བལྟ་རུ་འགྲོའོ་ཞེས་གསུངས་སོ།། 22དེ་ནས་ཁོང་ལ་རོགས་བྱེད་མཁན་རྣམས་ལས་ཐི་མོ་ཐེ་དང་ཨེ་རས་ཏི་གཉིས་མ་ཀེ་དོན་ཡཱ་ཡུལ་དུ་མངགས༌ཤིང༌། རང་ཉིད་རེ་ཞིག་ཨེ་ཞི་ཡཱ་ཡུལ་དུ་བཞུགས༌སོ།། 23དུས༌དེར། མཱ་ཤི་ཀའི་ཆོས་ཀྱི་ལམ་དེའི་རྐྱེན་གྱིས་ཟིང་ཆ་ཆེན་པོ་བྱུང༌བ་རེད། 24མིང་ལ་ཏི་མེ་ཏྲེ་ཟེར་བའི་དངུལ་མགར་ཞིག་ཡོད་པ་དེ་ནི་རྒྱུན་དུ་ལྷ་མོ་ཨར་ཏེ་མེ་ཞེས་པའི་མཆོད་ཁང་གི་འདྲ་གཟུགས་དངུལ་གྱིས་བཟོ་མཁན་ཞིག་ཡིན༌པས། དངུལ་མགར་རྣམས་ལ་ཁེ་བཟང་ཆེན་པོ་ཐོབ༌པར་བྱས། 25ཁོས་ལས་གྲོགས་དེ་དག་དང་དངུལ་མགར་གཞན་རྣམས་བསྡུས་ཏེ་ན༌རེ། གྲོགས་པོ༌རྣམ་པ། བདག་ཅག་ལས་ཀ་འདི་ཁོ་ནར་བརྟེན་ནས་འབྱོར་བ་རྒྱས་པ་ཁྱོད་རྣམས་ཀྱིས་ཤེས༌པ་ཡིན། 26ཕོལ་ལོལ་གྱིས་ཨེ་ཕེ་སི་ལས༌གཞན། ད་དུང་ཨེ་ཞི་ཡཱ་ཡུལ་གྱི་སྐྱེ་བོ་ཕལ་མོ་ཆེ་ནས་མིའི་ལག་པས་བཟོས་པ་དེ་དག་ལྷ་ནི་མ་ཡིན་ཞེས་སྨྲས་ཤིང་མི་མང་པོར་བསླུ་བྲིད་བྱས་པ་ཁྱོད་ཅག་གིས་ཀྱང་མཐོང་ཐོས་སུ་མྱོང༌ངོ་།། 27དེ་ལྟར་བྱས་ན་བདག་ཅག་གི་ལས་ཀ་འདིར་མི་གཞན་རྣམས་ཀྱིས་མཐོང་ཆུང་བྱེད་སྲིད་པར་མ༌ཟད། ལྷ་མོ་ཆེན་མོ་ཨར་ཏེ་མེའི་མཆོད་ཁང་ཡང་སྣང་མེད་དུ་འཇོག་སྲིད༌ཅིང༌། ཨེ་ཞི་ཡཱ་ཡུལ་དང་བཅས་པའི་འཇིག་རྟེན་གྱི་མི་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པའི་ལྷ་མོ་ཆེན་མོའི་གཟི་བརྗིད་ཀྱང་ཉམས་པར་འགྱུར་ཞེས་སྨྲས་པ༌དང༌། 28མི་རྣམས་ཀྱིས་གཏམ་དེ་ཐོས་པ་དང་ཤིན་ཏུ་ཁྲོས་ཏེ་སྐད་ཆེན༌པོས། ཀྱེ། ཨེ་ཕེ་སི་ཞེས་པའི་ལྷ་མོ་ཨར་ཏེ་མེ་མཆོག་ཏུ་གྱུར་པ་ཡིན་ཞེས་འུར་བརྒྱབ་བོ།། 29དེ་ལྟར་གྲོང་ཁྱེར་ཡོངས་ལ་ཟིང་ཆ་ལངས་པ༌དང༌། མི་དེ་རྣམས་ཀྱིས་ཕོལ་ལོལ་གྱི་ལམ་གྲོགས་ཏེ་མ་ཀེ་དོན་ཡཱ་ཡུལ་གྱི་ཀེ་ཡུ་དང་ཨ་རི་སྟར་ཀུ་གཉིས་བཟུང་ནས་ཟློས་གར་ཚོགས་རའི་ནང་མཉམ་དུ་བཙན་གྱིས་ཁྲིད། 30ཕོལ་ལོལ་ཡང་མི་དེ་རྣམས་ཀྱི་ཁྲོད་དུ་འགྲོ་བསམས་ཀྱང་རྗེས་འབྲང་པ་རྣམས་ཀྱིས་ཁོང་ཉིད་འགྲོ་རུ་མ་བཅུག་གོ། 31ཕོལ་ལོལ་གྱི་གྲོགས་པོ་ཨེ་ཞི་ཡཱ་ཡུལ་གྱི་ས་གནས་དཔོན་པོ་ཁ་ཤས་ཀྱིས་ཀྱང་མི་མངགས་ཏེ་ཁོང་ཉིད་ཟློས་གར་ཚོགས་རར་མི་འགྲོ་བར་ནན་གྱིས་བསྐུལ་བ་རེད། 32དེ་ནས་ཚོགས་ར་དེར་འདུས་པའི་མི་དེ་རྣམས་ཟང་ཟིང་ལང་ལོང་དུ་གྱུར༌བས། མི་མང་ཤོས་ཀྱིས་ཅིའི་ཕྱིར་འདུས་པ་མ་ཤེས་པར་ཅི་བཤད་འདི་བཤད་མེད་པར་སྐད་ཅོར་བརྒྱབ་བོ།། 33ཡ་ཧུ་དཱ་པ་རྣམས་ཀྱིས་ཨ་ལིག་སན་དིར་ཞེས་པ་མདུན་དུ་གཏད༌ཅིང༌། མི་ཚོགས་ལས་འགའ་ཞིག་གིས་ཀྱང་ཁོ་རང་ལ་ངན་སྐུལ་བྱས་པས། ཨ་ལིག་སན་དིར་གྱིས་མི་ཚོགས་ལ་དག་འབུད་བྱེད་པར་ལག་བརྡ་བྱས༌ནའང༌། 34མི་དེ་རྣམས་ཀྱིས་ཁོ་རང་ཡ་ཧུ་དཱ་པ་ཡིན་པ་ཤེས་ནས་ཚང་མས་མགྲིན་གཅིག༌ཏུ། ཀྱེ། ཨེ་ཕེ་སི་ཡི་ལྷ་མོ་ཨར་ཏེ་མེ་མཆོག་ཏུ་གྱུར་པ་ཡིན་ཞེས་ཆུ་ཚོད་གཉིས་ཙམ་རིང་ལ་འུར་བརྒྱབ་བོ།། 35དེ་ནས་གྲོང་ཁྱེར་དེའི་དྲུང་ཡིག་པས་མི་དེ་རྣམས་ཁ་རོག་ལ་སྡོད་དུ་བཅུག་སྟེ་འདི་ལྟར། ཀྱེ། ཨེ་ཕེ་སི་པ༌རྣམས། ཨེ་ཕེ་སི་ནི་ལྷ་མོ་ཆེན་མོ་ཨར་ཏེ་མེའི་མཆོད་ཁང་དང་ནམ་མཁའ་ནས་ལྷུང་བའི་ཨར་ཏེ་མེའི་ལྷ་སྐུ་སྲུང་མཁན་ཡིན་པ་སུས་མི་ཤེས༌སམ། 36དོན་དེ་སུས་ཀྱང་བཟློག་ཐབས་མེད་པས་ཁྱོད་རྣམས་ལྷོད་འཇགས་སུ་སྡོད་པ་ལས་ཧོལ་རྒྱུག་བྱ་མི་རུང༌། 37ཁྱོད་ཅག་གིས་འདིར་བཙན་ཁྲིད་བྱས་པའི་མི་འདི་རྣམས་ཀྱིས་མཆོད་ཁང་ནས་དངོས་རྫས་མ་བརྐུས་ཤིང་བདག་ཅག་གི་ལྷ་མོ་ལའང་སྐུར་བ་མ་བཏབ། 38གལ༌ཏེ། ཏི་མེ་ཏྲེ་དང་ཁོའི་ལས་གྲོགས་རྣམས་ལ་གཏུག་བཤེར་བྱེད་པའི་དོན་ཡོད༌ན། ཁྲིམས་ར་དང་ཁྲིམས་དཔོན་རྣམས་ཀྱང་ཡོད་པས་ཕན་ཚུན་ལ་གཏུག་རེས་བྱ༌ཆོག 39གལ༌ཏེ། ཁྱོད་རྣམས་ལ་དོན་གཞན་ཡོད༌ན། རྒྱུན་སྲོལ་ལྟར་ཁྲིམས་རར་འདུས་ནས་ཐག་གཅོད་བྱ༌དགོས། 40དེ་རིང་གི་ཟིང་ཆ་འདི་ལ་རྒྱུ་རྐྱེན་ཅི་ཡང་མེད་པས་ངེད་ཅག་ལའང་གོང་རིམ་གྱིས་འདྲི་གཅོད་བྱེད་ཉེན༌ཆེ། མི་ཚོགས་འདུས་པའི་ཟིང་ཆ་འདིར་ངེད་ཅག་ལའང་རྒྱུ་མཚན་བཤད་རྒྱུ་མེད་ཅེས་སྨྲས་པ༌དང༌། 41མི་དེ་རྣམས་སོ་སོར་གྱེས་སུ་བཅུག༌གོ།

མཛད་པ 20

ཕོལ་ལོལ་གྱིས་མ་ཀེ་དོན་ཡཱ་དང་གྷི་རིག་ཡུལ་བརྒྱུད་ནས་ཆོས་སྤེལ༌བ།

1དེ་ཡང་ཟིང་ཆ་ཞི་འཇགས་སུ་གྱུར་རྗེས་ཕོལ་ལོལ་གྱིས་རྗེས་འབྲང་པ་རྣམས་བོས་ཏེ་སྐུལ་མ་གནང༌རྗེས། དེ་རྣམས་དང་ཁ་གྱེས་ནས་མ་ཀེ་དོན་ཡཱ་ཡུལ་དུ་ལམ་ལ་ཆས་སོ།། 2ཁོང་ཉིད་ཡུལ་དེ་དག་བརྒྱུད་ནས་མི་དེ་རྣམས་ལ་བཀའ་མང་པོས་སྐུལ་མ་གནང་རྗེས་གྷི་རིག་ཡུལ་དུ་ཕེབས༌པ་རེད། 3གནས་དེར་ཟླ་བ་གསུམ་རིང་བཞུགས་རྗེས། གྲུ་གཟིངས་ལ་བརྟེན་ནས་སིར་ཡཱ་ཡུལ་དུ་བཞུད་པར་རྩོམ་པ༌ལ། ཡ་ཧུ་དཱ་པ་རྣམས་ཀྱིས་ཁོང་ལ་གནོད་འཚེ་བྱེད་པའི་ཇུས་ངན་བཀོད༌པས། ཁོང་ཉིད་མ་ཀེ་དོན་ཡཱ་ཡུལ་བརྒྱུད་ནས་ཕྱིར་ཕེབས་པར་ཐག་གིས་བཅད་དོ།། 4ཁོང་དང་ལྷན་དུ་འགྲོ་མཁན་རྣམས་ནི་པུ་རེ་ཡཱ་པ་ཕོར་རོའི་བུ་སའོ་པ་ཏེར༌དང༌། ཐེ་སཱ་ལོ་ནེ་ཀེ་པ་ཨ་རི་སྟར་ཀུ་དང་སེ་ཀིན་ཏི༌དང༌། གཞན༌ཡང༌། དིར་སྦེ་ཡུལ་གྱི་ཀེ་ཡུ་དང་། ཐི་མོ༌ཐེ། ཨེ་ཞི་ཡཱ་པ་ཐི་ཀེ་ཀུ་དང་ཏྲོ་ཕེ་མུ་བཅས་ཡོད༌ལ། 5མི་དེ་རྣམས་སྔོན་དུ་སོང་སྟེ་ཏྲོ་ཡཱ་ནས་ངེད་རྣམས་ལ་བསྒུགས་སོ། ། 6དེ་ནས་སྐྱུར་མེད་བག་ལེབ་ཀྱི་དུས་ཆེན་མཇུག་རྫོགས༌རྗེས། ངེད་རྣམས་ཕི་ལིབ་པི་ནས་གྲུ་གཟིངས་ལ་བསྡད་དེ་ཉིན་ལྔར་སོང་བ་དང་ཏྲོ་ཡཱ་རུ་སླེབས་ཤིང༌། ཁོ་རྣམས་ལ་འཕྲད་པ་དང་དེ་རུ་ཉིན་བདུན་ལ་བསྡད༌དོ།།

ཕོལ་ལོལ་གྱིས་ཏྲོ་ཡཱ་གྲོང་ཁྱེར་དུ་ཡོ་ཏི་ཀུ་སླར་གསོན་པར་མཛད༌པ།

7གཟའ་འཁོར་གཅིག་གི་ཉིན་དང་པོ་ལ་བག་ལེབ་ལོངས་སུ་སྤྱོད་པའི༌ཕྱིར། ངེད་རྣམས་ལྷན་དུ་འཛོམས་པའི་དུས༌སུ། ཕོལ་ལོལ་གྱིས་ཕྱི་ཉིན་ཡུལ་གཞན་དུ་འགྲོ་དགོས་པས༌དེ་རྣམས་ལ་ནམ་ཕྱེད་ཀྱི་བར་དུ་ཆོས་གསུངས་སོ།། 8ངེད་ཅག་ལྷན་དུ་འཛོམས་སའི་ཐོག་ཁང་དེའི་ནང་དུ་སྒྲོན་མེ་མང་པོ་བསྒྲོན་ཡོད༌ཅིང༌། 9སྐབས༌དེར། མིང་ལ་ཨིའུ་ཏི་ཀུ་ཟེར་བའི་གཞོན་ནུ་ཞིག་ཡོད་པ་དེ་སྒེའུ་ཁུང་གི་སྟེགས་བུའི་སྟེང་དུ་བསྡད་ཡོད་ཅིང་གཉིད་དུ་ཡུར་བ༌དང༌། ཕོལ་ལོལ་གྱིས་ཆོས་གསུངས་ཏེ་ཡུན་རིང་འགོར་བ༌ན། གཞོན་ནུ་དེར་གཉིད་སྟུག་པོ་ཁུག་པ་དང་སུམ་ཐོག་ནས་སར་ལྷུང༌ངོ་༎ དེ་ནས་ཡར་བསྐྱོར་བ་ན་ཁོ་རང་ཤི་ཟིན༌པ་རེད། 10ཕོལ་ལོལ་ཡང་མར་སོང་སྟེ་རང་ལུས་ཀྱིས་བེམ་པོ་བཀབ་ཅིང་དེ་ལ་འཐམས་ནས་འདི་སྐད༌དུ། ཁྱོད་རྣམས་དངངས་སྐྲག་མ༌སྐྱེས། གཞོན་ནུ་འདིར་ད་དུང་སྲོག་ཡོད་ཅེས་གསུངས༌ཤིང༌། 11སླར་ཡང་ཐོག་ཁང་དུ་ཕེབས་ཏེ་མི་གཞན་དང་ལྷན་དུ་བག་ལེབ་ལོངས་སུ་སྤྱད་པ༌དང༌། ནམ་ལངས་པའི་བར་དུ་གསུང་གླེང་མང་པོ་མཛད་རྗེས་ད་གཟོད་ཡུལ་གཞན་དུ་ཕེབས་སོ།། 12དེ་ནས་མི་དེ་རྣམས་ཀྱིས་གཞོན་ནུ་དེ་གསོན་པོར་ཁྲིད་སོང་བས་སེམས་གསོ་ཆེན་པོ་ཐོབ༌བོ།།

ཕོལ་ལོལ་གྱིས་ཆོས་ཚོགས་ཀྱི་རྒན་པོ་རྣམས་ལ་སྐུལ་མ་གནང༌བ།

13དེ་ནས་ངེད་རྣམས་ཐོག་མར་གྲུ་གཟིངས་ལ་བསྡད་དེ་ཨ་ཟི་རུ་སོང༌ཞིང༌། ཡུལ་དེ་ནས་ཕོལ་ལོལ་གྲུ་ལ་བཞུགས་པར་བསུ་བ་བྱེད་པར་བརྩམས་སོ།། རྒྱུ་མཚན་ནི་ཁོང་གིས་སྔར་ནས་དེ་ལྟར་བཀོད་སྒྲིག་བྱས་ཤིང་ཁོང་རང་ཉིད་རྐང་ཐང་ལ་འགྲོ་རྩིས་ཡོད་པ་རེད། 14དེ་ནས་ཨ་ཟི་རུ་ཁོང་ཉིད་ངེད་ཅག་དང་ཕྲད༌ནས། གྲུ་གཟིངས་ནང་དུ་གདན་དྲངས་ཏེ་མུ་ཏི་ལེ་ནེ་རུ་སོང༌། 15ཡང་དེར་སླེབས་པའི་ཕྱི༌ཉིན། ངེད་རྣམས་གྲུར་བསྡད་ནས་ཀེའུ་ཡོ་ཡི་ཕར་ཕྱོགས་སུ་སླེབས་པ༌དང༌། ཡང་དེའི་ཕྱི་ཉིན་སཱ་མོ་རུ་སླེབས་ཤིང༌། དེའི་ཕྱི་ཉིན་མུ་ལེ་ཐུ་རུ་སླེབས་སོ།། 16རྒྱུ་མཚན་ནི་ཕོལ་ལོལ་གྱིས་ཨེ་ཞི་ཡཱ་ཡུལ་དུ་དུས་འགྱངས་པར་བསམས་ནས་ཨེ་ཕེ་སི་རུ་མི་འགྲོ་བར་ཐག་གིས་བཅད༌དེ། མྱུར་བ་མྱུར་དུ་ལྔ་བཅུའི་དུས་ཆེན་གྱི་སྐབས་སུ་ཡེ་རུ་སཱ་ལེམ་དུ་སླེབ་ཐུབ་ན་ཅི་མ་རུང་དགོངས་སོ།། 17དེ་ནས་ཕོལ་ལོལ་གྱིས་མུ་ལེ་ཐུ་ནས་ཨེ་ཕེ་སི་རུ་མི་མངགས་ཏེ་ཆོས་ཚོགས་ཀྱི་རྒན་པོ་རྣམས་བོས༌ཤིང༌། 18མི་དེ་རྣམས་སླེབས་རྗེས་ཁོང་གིས་འདི་སྐད༌དུ། ང་རང་ཨེ་ཞི་ཡཱ་ཡུལ་དུ་སླེབས་པའི་ཉིན་ནས༌བཟུང༌། ཁྱོད་རྣམས་ཀྱི་ཁྲོད་དུ་བདག་གི་སྤྱོད་ལམ་ནམ་རྒྱུན་ཅི་འདྲ་ཡིན་པ་ཁྱོད་ཅག་གིས་ཤེས༌ཏེ། 19ངས་ཕྱོགས་ཀུན་ནས་ཁེངས་སྐྱུང་གིས་གཙོ་བོ་ལ་ཞབས་ཕྱི་བསྒྲུབས་པ་དང་མིག་ལས་མཆི་མ་བཞུར་ཞིང༌། ཡ་ཧུ་དཱ་པའི་ཇུས་ངན་དེ་དག་བདག་ལ་ཕོག་ནས་ཚོད་བགམ་ཡང་མྱངས༌པ་ཡིན་ནོ།། 20ངས་ཁྱོད་རྣམས་ལ་ཕན་ཐོགས་པའི་དོན་གང་ཞིག་འཛེམ་བག་མེད་པར་སྨྲས༌ཤིང༌། མི་ཚོགས་ཀྱི་མདུན་དང་ཡང་ན་མི་རེ་རེའི་ཁྱིམ་ཚང་དུའང་ཆོས་གསུངས་མྱོང༌བ་ཁྱོད་རྣམས་ཀྱིས་ཀྱང་ཤེས་སོ།། 21ཡང་དཀོན་མཆོག་གི་ཕྱོགས་སུ་འགྱོད་བཤགས་བྱེད་པ༌དང༌། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱེད་དགོས་པ་དེ་ཡ་ཧུ་དཱ་པ་དང་གྷི་རིག་པ་རྣམས་ལ་བདེན་དཔང་བྱས་མྱོང༌། 22ད་ལྟ་ལྟོས༌དང༌། དམ་པའི་ཐུགས་ཉིད་ཀྱིས་བསྐུལ་བ་བཞིན་ང་རང་ཡེ་རུ་སཱ་ལེམ་དུ་འགྲོ་བཞིན་ཡོད༌ཅིང༌། གནས་དེར་དོན་ཅི་ཞིག་དང་འཕྲད་ངེས་པ་མི་ཤེས༌ཀྱང༌། 23དམ་པའི་ཐུགས་ཉིད་ཀྱིས་དེ་སྔར་གྲོང་ཁྱེར་སོ་སོ་ནས་བདག་ལ་བདེན་དཔང་མཛད་པ་ལྟར། ང་རང་བཙོན་དུ་འཇུག་པ་དང་དཀའ་སྡུག་སྣ་ཚོགས་དང་འཕྲད་ངེས་པའང་བདག་གིས་ཤེས་སོ།། 24འོན༌ཀྱང༌། ང་རང་སྲོག་ལ་ཞེན་མི་ཆགས་ཞིང་དེ་རིན་ཐང་དང་ལྡན་པ་ཞིག་ཏུའང་མི་བརྩི༌བར། རང་གི་ལམ་ཐག་མཇུག་རྫོགས་དགོས༌ཏེ། དེ་ནི་གཙོ་བོ་ཡེ་ཤུས་བདག་ལ་གནང་བའི་དཀོན་མཆོག་གི་ཐུགས་རྗེའི་འཕྲིན་བཟང་ལ་བདེན་དཔང་བྱེད་པའི་ཆོས་ཀྱི་ལས་འགན་ཡིན༌ནོ།། 25ཡང་ལྟོས༌དང༌། ང་རང་རྒྱུན་དུ་ཁྱོད་ཅག་གི་ཁྲོད་ནས་འགྲོ་འོང་བྱས་ཏེ་དཀོན་མཆོག་གི་རྒྱལ་སྲིད་སྐོར་བསྒྲགས་མྱོང་ལ། ད་ལྟ་ངས་ཤེས་པ་ནི་ཕྱིས་སུ་ཁྱོད་ཅག་ཐམས་ཅད་ཀྱིས་ང་རང་མཐོང་བར་མི་འགྱུར༌བས། 26ངས་དེ་རིང་ཁྱོད་ཅག་ལ་བདེན་དཔང་བྱེད༌དེ། བདག་ལ་མི་ཐམས་ཅད་ཀྱི་ཁྲག་བཞུར་བའི་ཐད་ཉེས་པ་ཅི་ཡང་མེད་དོ།། 27རྒྱུ་མཚན་ནི་ངས་དཀོན་མཆོག་གི་དགོངས་པ་ཐམས་ཅད་འཛེམ་བག་མེད་པར་ཁྱོད་རྣམས་ལ་སྨྲས༌པ་ཡིན། 28དམ་པའི་ཐུགས་ཉིད་ཀྱིས་ཁྱོད་རྣམས་ནི་དད་ལྡན་ཀུན་ལ་དོ་དམ་བྱེད་པར་བསྐོས༌པས། ཁྱོད་ཅག་གིས་རང་ཉིད་དང་དད་ལྡན་རྣམས་ཀྱི་ཕྱིར་གཟབ་གཟབ་གྱིས། དཀོན་མཆོག་གིས་རང་ཉིད་ཀྱི་སྐུ་ཁྲག་གིས་བླུས་པའི་ཆོས་ཚོགས་དེ་ཁྱོད་ཅག་གིས་བདག་སྐྱོང་བྱེད་དགོས་སོ།། 29ཡང་ང་རང་སོང་བའི་རྗེས༌སུ། གདུག་རྩུབ་ཆེ་བའི་སྤྱང་ཀི་ལྟ་བུ་རྣམས་ཁྱོད་ཅག་གི་ཁྲོད་དུ་འཛུལ་ཏེ་ཆོས་ཚོགས་ལ་མི་ཕངས་པའང་བདག་གིས་ཤེས་པ༌དང༌། 30ཐ་ན་ཁྱོད་ཅག་གི་ཁྲོད་དུའང་མི་འགའ་ཞིག་འབྱུང་ངེས༌ཤིང༌། རྗེས་འབྲང་པ་རྣམས་ཀྱང་དེ་དག་གི་རྗེས་སུ་འབྲང་དུ་འཇུག་པའི༌ཕྱིར། ཁུངས་ལུང་མེད་པའི་གཏམ་སྨྲ་བར་འགྱུར་རོ།། 31དེ་བས་ཁྱོད་ཅག་གིས་གཟབ་པར༌གྱིས། ངས་ལོ་གསུམ་གྱི་རིང་ལ་ཉིན་མཚན་ཀུན་ཏུ་མཆི་མ་དང་བཅས་ཁྱོད་ཅག་མི་རེ་རེར་བསླབ་བྱ་གནང་བ་དེ་དག་མི་བརྗེད་པར་ཡིད་ལ༌ཟུངས། 32ད་ལྟ་ངས་ཁྱོད་རྣམས་དཀོན་མཆོག་དང་ཁོང་གི་ཐུགས་རྗེའི་བཀའ་ལ་བཅོལ་བར༌བྱའོ།། བཀའ་འདིས་ཁྱོད་རྣམས་ཀྱི་དད་པ་བརྟན་པོར་བྱེད་ནུས་པ༌དང༌། དམ་པར་གྱུར་པའི་མི་རྣམས་དང་མཉམ་དུ་ཁྱོད་རྣམས་ལའང་བགོ་སྐལ་འཐོབ་པར་མཛད་ནུས༌པ་ཡིན་ནོ།། 33ངས་མི་སུ་ཞིག་གི་གསེར་རམ༌དངུལ། ཡང་ན་གྱོན་གོས་བཅས་ལ་ཧམ་སེམས་བཅངས་མ་མྱོང༌ལ། 34རང་གི་ལག་པ་འདི་གཉིས་ལ་བརྟེན་ནས་ང་རང་དང་མཉམ་དུ་ཡོད་པའི་མི་གཞན་རྣམས་ཀྱི་དགོས་མཁོ་བསྐངས་པ་ནི་ཁྱོད་རྣམས་ཀྱིས་ཀྱང་ཤེས༌པ་ཡིན། 35ངས་ཕྱོགས་ཀུན་ནས་འདི་ལྟར་ལས་ལ་བརྩོན་ནས་མི་གཉོམ་ཆུང་ཀུན་ལ་རོགས་རམ་བྱེད་དགོས་ཚུལ་ཁྱོད་རྣམས་ལ་མིག་དཔེ་བསྟན༌ཅིང༌། གཞན་ཡང་གཙོ་བོ་ཡེ་ཤུའི་གསུང༌སྟེ། ཚུར་ལེན་པ་ལས་ཕར་སྦྱིན་པ་བྱིན་རླབས་ཆེ་ཞེས་གསུངས་པ་དེ་ཉིད་ཡིད་ལ་འཛིན་པར་འོས་ཞེས་གསུངས༌སོ།། 36ཕོལ་ལོལ་གྱིས་དེ་སྐད་གསུངས༌རྗེས། པུས་མོ་ས་ལ་བཙུགས་ནས་མི་ཐམས་ཅད་དང་མཉམ་དུ་གསོལ་བ་བཏབ་བོ།། 37དེ་ནས་མི་ཀུན་ངུ་ཞིང་ཕོལ་ལོལ་ལ་འཐམས་ནས་འགྲམ་པར་འོ་བྱས་སོ།། 38མི་དེ་རྣམས་ཆེས་ཡིད་སྐྱོ་བ་ནི་ཁོང་གིས་འདི་སྐད༌དུ། ཕྱིས་སུ་ཁྱོད་ཅག་ཐམས་ཅད་ཀྱིས་ང་རང་མཐོང་བར་མི་འགྱུར་ཞེས་གསུངས་པ་དེ་ཡིན་ནོ།། དེ་ནས་མི་དེ་རྣམས་ཀྱིས་ཁོང་ཉིད་གྲུ་གཟིངས་ནང་དུ་བསྐྱལ༌ཏོ།།

མཛད་པ 21

ཕོལ་ལོལ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་ཆས༌པ།

1དེ་ནས་ངེད་ཅག་མི་རྣམས་དང་ཁ་བྲལ༌ཏེ། གྲུ་གཟིངས་ལ་བསྡད་ནས་ཐད་ཀར་ཀོ་ཟི་རུ་ཕྱིན་པ་རེད། དེའི་ཕྱི༌ཉིན་རའོ་ཏི་རུ་སླེབས་ཤིང་དེ་ནས་ཕཱ་ཏ་ར་རུ་སླེབས་པ༌དང༌། 2དེར་ཕོའོ་ནེ་ཀེ་ཡུལ་དུ་འགྲོ་བའི་གྲུ་གཟིངས་ཤིག་དང་ཕྲད་ནས་དེ་ལ་བསྡད་དེ་སོང་ངོ༌།། 3ཀིབ་རིས་ཀྱི་མཐོང་སར་ཕྱིན༌ཅིང༌། དེའི་ལྷོ་ཕྱོགས་བརྒྱུད་ནས་སིར་ཡཱ་ཡུལ་དུ་སོང་སྟེ་ཐཱར་ཞེས་པར་སླེབས་པ༌དང༌། གྲུ་གཟིངས་ནང་གི་ཚོང་རྫས་རྣམས་དེ་རུ་མར་དབོག་དགོས་པས་ངེད་རྣམས་ཀྱང་གྲུ་ལས་བབས་སོ།། 4དེ་ནས་ངེད་ཅག་གིས་རྗེས་འབྲང་པ་རྣམས་བཙལ་ནས་རྙེད་ཅིང་གནས་དེར་ཉིན་བདུན་ལ་བསྡད་པ༌དང༌། རྗེས་འབྲང་པ་རྣམས་ཀྱིས་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་ཕོལ་ལོལ་ལ་ཡེ་རུ་སཱ་ལེམ་དུ་མི་ཕེབས་པར་ཞུ་བ་ནན་གྱིས་ཞུས་སོ།། 5ཉིན་དེ་དག་གི་རྗེས་སུ་ངེད་ཅག་ལམ་དུ་ཆས་པ༌ལ། རྗེས་འབྲང་པ་ཐམས་ཅད་དང་ཁོ་རྣམས་ཀྱི་ཆུང་མ་བུ་ཕྲུག་བཅས་ཀྱིས་ངེད་རྣམས་གྲོང་ཁྱེར་ཕྱི་རོལ་བར་སྐྱེལ་མ་བྱས༌ཤིང༌། ངེད་ཅག་གིས་རྒྱ་མཚོའི་འགྲམ་ནས་པུས་མོ་སར་བཙུགས༌ཏེ། གསོལ་བ་བཏབ་པ་དང་ཕན་ཚུན་ལ་གྱེས་ཕྱག་ཕུལ་བ་ཡིན། 6དེ་ནས་ངེད་རྣམས་སླར་ཡང་གྲུ་གཟིངས་དེར་བསྡད་ནས་སོང་བ་དང་ཁོ་རྣམས་ཕྱིར་རང་ཁྱིམ་དུ་ལོག༌གོ། 7ངེད་རྣམས་ཐཱར་ཞེས་པ་ནས་མཚོ་ལམ་བརྒྱུད༌དེ། ཕེ་ཏོ་ལེ་མཱ་རུ་སླེབས་པ་དང་མཚོ་ཐོག་གི་འགྲོ་ལམ་མཇུག་རྫོགས་པ་རེད། དེ་ནས་གནས་དེའི་སྤུན་ཟླ་རྣམས་ལ་འཚམས་འདྲི་བྱས༌ཤིང༌། ཁོ་རྣམས་དང་མཉམ་དུ་ཉིན་གཅིག་ལ་བསྡད། 8དེའི་ཕྱི༌ཉིན། ངེད་ཅག་གནས་དེ་དང་ཁ་བྲལ་ནས་ཀེ་སར་ཡཱ་རུ་སླེབས་ཤིང༌། འཕྲིན་བཟང་སྒྲོག་མཁན་ཕི་ལིབ་ཀྱི་ཁྱིམ་དུ་སོང་ནས་ཁོ་དང་མཉམ་དུ་བསྡད། ཕི་ལིབ་ཅེས་བྱ་བ་ནི་ལས་འཛིན་པ་བདུན་ཡོད་པ་ལས་གཅིག་ཡིན། 9ཁོ་ལ་ན་ཆུང་བུ་མོ་བཞི་ཡོད་པ་རེ་རེ་བཞིན་ལུང་སྟོན་མཁན་ཡིན༌པ་རེད། 10ངེད་རྣམས་དེ་ནས་ཉིན་འགར་བསྡད་པ་ལ་ཨ་གཱ་པུ་ཞེས་པའི་ལུང་སྟོན་པ་ཞིག་ཡ་ཧུ་དཱའི་ཡུལ་ནས་ཡོང་བ༌དང༌། 11ཁོ་རང་ངེད་ཅག་གི་གནས་འདིར་སླེབས་རྗེས། ཕོལ་ལོལ་གྱི་སྐེ་རགས་བླངས་ནས་རང་གི་རྐང་ལག་བསྡམས་ཏེ་ན༌རེ། དམ་པའི་ཐུགས་ཉིད་ཀྱིས་འདི་སྐད་དུ་གསུངས་པ་སྟེ། ཡ་ཧུ་དཱ་པ་རྣམས་ཀྱིས་ཡེ་རུ་སཱ་ལེམ་དུ་སྐེ་རགས་འདིའི་བདག་པོའང་འདི་ལྟར་བསྡམས༌ཏེ། ཕྱི་ཕྱོགས་པ་རྣམས་ཀྱི་ལག་ཏུ་སྤྲོད་པར་འགྱུར་ཞེས་པའོ་ཞེས་སྨྲས་སོ།། 12ངེད་ཅག་དང་གནས་དེའི་མི་རྣམས་ཀྱིས་ལུང་བསྟན་འདི་ཐོས༌རྗེས། ཕོལ་ལོལ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་མི་འགྲོ་བར་ཞུ་བ་ནན་གྱིས་ཞུས༌ནའང༌། 13ཕོལ་ལོལ་གྱིས་འདི་སྐད༌དུ། ཁྱོད་རྣམས་འདི་ལྟར་ངུས་ཏེ་ངའི་སེམས་སྐྱོ་རུ་འཇུག༌པ་ཅི་ཡིན་ནམ། ང་རང་ནི་གཙོ་བོ་ཡེ་ཤུའི་མཚན་གྱི་དོན་དུ་མི་གཞན་གྱིས་བཙན་བཟུང་བྱེད་པ༌དང༌། ཐ་ན་ཡེ་རུ་སཱ་ལེམ་ནས་རང་སྲོག་འཆོར་དགོས་ཀྱང་འགྱོད་པ་སྤུ་ཙམ་ཡང་མེད་ཅེས་གསུངས་སོ།། 14ཁོང་གིས་མི་གཞན་གྱི་ངག་ལ་མི་ཉན་པས་ངེད་རྣམས་ཀྱང་འུ་ཐུག༌ནས། གཙོ་བོའི་དགོངས་པ་བཞིན་དུ་འགྲུབ་པར་སྨོན་ཞེས་སྨྲས་པ་དང་ཞུ་བ་བྱེད་མཚམས་བཞག༌གོ། 15ཡང་ཉིན་དེ་དག་གི་རྗེས༌སུ། ངེད་རྣམས་ཀྱིས་གྲ་སྒྲིག་བྱས་ཏེ་ཡེ་རུ་སཱ་ལེམ་དུ་ཆས་པའི་ཚེ། 16ཀེ་སར་ཡཱ་ཡི་རྗེས་འབྲང་པ་འགའ་ཡང་ངེད་ཅག་དང་མཉམ་དུ་སོང༌ཞིང༌། ངེད་ཅག་ཀིབ་རིས་གླིང་ཕྲན་གྱི་མཱ་སིན་ཞེས་པའི་ཁྱིམ་དུ་སྡོད་པའི་ཕྱིར་ཁྲིད་པ་ཡིན། མཱ་སིན་ནི་སྔ་རོལ་ནས་རྗེས་འབྲང་པ་ཞིག་ཡིན༌ནོ།།

ཕོལ་ལོལ་ཁོང་ཡེ་རུ་སཱ་ལེམ་དུ་སླེབས༌པ།

17དེ་ནས་ངེད་རྣམས་ཡེ་རུ་སཱ་ལེམ་དུ་སླེབས་པ་དང་སྤུན་ཟླ་རྣམས་ཀྱིས་དགའ་སྤྲོའི་ངང་ནས་བསུ་བ་བྱས་སོ།། 18དེའི་ཕྱི༌ཉིན། ཕོལ་ལོལ་དང་ངེད་རྣམས་ལྷན་དུ་ཡ་ཀོབ་ཀྱི་དྲུང་དུ་ཕྱིན་པ་དང་ཆོས་ཚོགས་ཀྱི་རྒན་པོ་ཐམས་ཅད་ཀྱང་དེར་བཞུགས༌པ་རེད། 19ཕོལ་ལོལ་གྱིས་དེ་རྣམས་ལ་འཚམས་འདྲི་བྱས་ཤིང་དཀོན་མཆོག་གིས་ཕོལ་ལོལ་གྱི་ལས་འགན་བརྒྱུད་ནས་ཕྱི་ཕྱོགས་པའི་ཁྲོད་དུ་དོན་ཇི་ལྟར་མཛད་པ་རྣམས་རེ་རེ་བཞིན་སྨྲས་སོ།། 20རྒན་པོ་རྣམས་ཀྱིས་གཏམ་དེ་ཐོས་ནས་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་ཅིང་ཕོལ་ལོལ་ལ་འདི་སྐད༌དུ། སྤུན་ཟླ༌ལགས། ཁྱེད་ཀྱིས་གཟིགས༌དང༌། ཡ་ཧུ་དཱ་པའི་ཁྲོད་དུ་གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་མཁན་ཁྲི་ཕྲག་མང་ཙམ་ཡོད་པ༌དང༌། དེ་ཐམས་ཅད་ཀྱིས་བརྩོན་སེམས་སྒོས་བཀའ་ཁྲིམས་སྲུང་བཞིན་ཡོད། 21ཡ་ཧུ་དཱ་པའི་དད་ལྡན་དེ་རྣམས་ཀྱིས་ཁྱེད་ཀྱི་སྐོར་ཐོས༌འདུག་སྟེ། ཁྱེད་ཀྱིས་ཕྱི་ཕྱོགས་སུ་ཡོད་པའི་ཡ་ཧུ་དཱ་པ་ཐམས་ཅད་ལ་མོ་ཤེ་འདོར་རུང༌ཞིང་། བྱིས་པ་རྣམས་ཀྱི་མཚན་སྐྱི་མ་གཅོད་ཅེས་པ་དང༌། གོམས་སྲོལ་ཡང་བསྲུང་མི་དགོས་ཞེས་སྨྲས་པ་དེ་ཡིན། 22ཡ་ཧུ་དཱ་པ་དེ་དག་གིས་ད་ལྟ་ཁྱེད་རང་འདིར་ཕེབས་པའང་ཤེས་ངེས་པས་ཅི༌བྱའམ། 23དེ་བས་ཁྱེད་ཀྱིས་ངེད་ཅག་གིས་སྨྲས་པ་བཞིན་དུ་བསྒྲུབ་པར༌མཛོད། འདིར་དམ་བཅའ་པ་བཞི་ཡོད༌དེ། 24ཁྱེད་ཀྱིས་དམ་བཅའ་པ་དེ་རྣམས་ཁྲིད་ནས་མཉམ་དུ་ཆོས་ཀྱི་གཙང་སྦྲ་བྱོས༌དང༌། ཁོ་རྣམས་ཀྱི་སྐྲ་གཞར་བའི༌ཕྱིར། ཁོ་རྣམས་ཀྱི་ཚབ་ཏུ་འགྲོ་སོང་ཐམས་ཅད་ཕུལ༌ཅིག དེ་ལྟར་བྱས་ན་མི་ཐམས་ཅད་ཀྱིས་དེ་སྔར་ཁྱེད་ཀྱི་སྐོར་ཐོས་པའི་གཏམ་དེ་མི་བདེན་པ༌དང༌། ཁྱེད་རང་བག་ཡོད་ཚུལ་ལྡན་ཡིན་པ་དང་ཁྱེད་ཀྱིས་ཀྱང་མོ་ཤེའི་བཀའ་ཁྲིམས་བཞིན་སྒྲུབ་པ་ཤེས་ཐུབ་བོ།། 25ཡང་ངེད་ཅག་གིས་གཙོ་བོ་ཡེ་ཤུར་དད་པ་ཡོད་པའི་ཕྱི་ཕྱོགས་པ་རྣམས་ཀྱི་སྐོར་སྨྲ་བར༌བྱ་སྟེ། ལྷ་སྐུའི་མདུན་དུ་ཕུལ་བའི་མཆོད་རྫས་དང༌ཁྲག མིད་པ་བསྒགས་ནས་བསད་པའི་ཕྱུགས་ཟོག་གི་ཤ༌དང༌མི་ཚངས་སྤྱོད་པ་བཅས་སྤང་དགོས་པར་ཐག་གིས་བཅད་པ་ལྟར་འཕྲིན་ཡིག་བྲིས་ཟིན་ཞེས་སྨྲས། 26དེ་ནས་ཕོལ་ལོལ་གྱིས་མི་དེ་བཞི་པོ་ཁྲིད་ཅིང་དེའི་ཕྱི་ཉིན་ཁོ་རྣམས་དང་མཉམ་དུ་ཆོས་ཀྱི་གཙང་སྦྲའི་ལས་བསྒྲུབས༌རྗེས། མཆོད་ཁང་དུ་སོང༌སྟེ་ཁོ་རྣམས་རེ་རེའི་ཆེད་དུ་མཆོད་པ་འབུལ་བ་དང་གཙང་སྦྲ་འགྲུབ་པའི་དུས་སླེབ་ལ་ཉེ་བའི་དོན་དེ་མཆོད་དཔོན་ལ་སྨྲས༌སོ།།

ཕོལ་ལོལ་བཟུང་བ།

27དེ་ཡང་ཉིན་བདུན་པོ་མཇུག་རྫོགས་ལ་ཉེ་བའི་དུས༌སུ། ཨེ་ཞི་ཡཱ་ཡུལ་ནས་ཡོང་བའི་ཡ་ཧུ་དཱ་པ་རྣམས་ཀྱིས་ཕོལ་ལོལ་མཆོད་ཁང་དུ་ཡོད་པ་མཐོང༌སྟེ། མི་ཚོགས་ཐམས་ཅད་ལ་ངན་སྐུལ་བྱས་ཤིང་ཁོང་ཉིད་འཛིན༌པའི་ཚེ། 28སྐད་ཆེན་པོ་བརྒྱབ་སྟེ་ན༌རེ། ཡེས་ར་ཨེལ་པ་རྣམས་ཀྱིས་ངེད་ཅག་ལ་རོགས་རམ་བྱོས༌ཤིག མི་འདི་ནི་ཡུལ་ཕྱོགས་ཀུན་གྱི་མི་ཐམས་ཅད་ལ་ཆོས་བསྒྲགས་ནས་བདག་ཅག་གི་མི་སེར་དང་བཀའ༌ཁྲིམས། གནས་འདི་བཅས་ལ་དམའ་འབེབས་བྱེད་མཁན་ཞིག་གོ། ཡང་ཁོས་གྷི་རིག་པ་རྣམས་མཆོད་ཁང་ནང་དུ་ཁྲིད་ནས་གནས་མཆོག་འདི་མི་གཙང་བར་བྱས་ཞེས་སྨྲས་སོ།། 29ཡ་ཧུ་དཱ་པ་རྣམས་ཀྱིས་དེ་སྔར་ཨེ་ཕེ་སི་པ་ཏྲོ་ཕེ་མུ་ཞེས་པ༌དང༌ཕོལ་ལོལ་གཉིས་མཉམ་དུ་གྲོང་ཁྱེར་འདིར་ཡོད་པ་མཐོང༌བས། ཕོལ་ལོལ་གྱིས་ཁོ་རང་མཆོད་ཁང་དུ་ཁྲིད་པ་ཡིན་པར་བསམས་ཏེ་འདི་ལྟར་སྨྲས༌པ་རེད། 30དེ་ནས་གྲོང་ཁྱེར་ཡོངས་ལ་ཟིང་ཆ་བྱུང་ཞིང་མི་རྣམས་བརྒྱུགས་ནས་ཕོལ་ལོལ་བཟུང་སྟེ། མཆོད་ཁང་ལས་ཕྱིར་དྲུད་མ་ཐག་ཏུ་མཆོད་ཁང་གི་སྒོ་ཐམས་ཅད་བརྒྱབ། 31མི་ཚོགས་དེས་ཕོལ་ལོལ་གསོད་རྩིས་བྱས་པ༌ལ། མི་གཞན་གྱིས་སྟོང་དཔོན་ལ་ཡེ་རུ་སཱ་ལེམ་ཡོངས་སུ་ཟིང་ཆ་བྱུང་བའི་གཏམ་ཞུས་པ༌དང༌། 32སྟོང་དཔོན་གྱིས་མྱུར་དུ་བརྒྱ་དཔོན་འགའ་དང་དམག་མི་ཁྲིད་ནས་བརྒྱུགས་ཏེ་མི་ཚོགས་ཀྱི་གམ་དུ་སླེབས། དེ་རྣམས་ཀྱིས་སྟོང་དཔོན་དང་དམག་མི་མཐོང་བ་དང་ཕོལ་ལོལ་ལ་གཅར་རྡུང་བྱེད་མཚམས་བཞག་གོ། 33དེ་ནས་སྟོང་དཔོན་གྱིས་ཕོལ་ལོལ་བཟུང་བ་དང་ལྕགས་སྒྲོག་གཉིས་ཀྱིས་བསྒྲོག་པའི་བཀའ་བསྒྲགས༌ཤིང༌། ཁོང་སུ་ཡིན་པ་དང་ལས་ཅི་ཞིག་བྱས་པའི་གཏམ་དྲིས་སོ།། 34མི་ཚོགས་ཀྱི་ཁྲོད་ནས་ཅི་བཤད་འདི་བཤད་མེད་པར་སྐད་ཅོར་བརྒྱབ་པ༌ལ། སྟོང་དཔོན་གྱིས་འུར་སྒྲའི་ཁྲོད་ནས་གནས་ཚུལ་དངོས་དེ་ཤེས་མ་ཐུབ༌པས། ཕོལ་ལོལ་དམག་སྒར་དུ་ཁྲིད་པའི་བཀའ་བབས་སོ།། 35དེ་ནས་ཕོལ་ལོལ་ཁྲིད་དེ་རྡོ་སྐས་ཡོད་སར་སླེབས་པ༌དང༌། མི་ཚོགས་ཀྱིས་ཀྱང་རྗེས་དེད་ནས་འཚང་ཁ་ཤིག་ཤིག་བརྒྱབ་པས། དམག་མི་རྣམས་ཀྱིས་ཁོང་ཉིད་ཡར་བཏེགས་ནས་མི་འགྲོ་ཐབས་མེད་བྱུང༌། 36མི་ཚོགས་རྗེས་སུ་འབྲངས་པ་དང་ཁོ་རང་སོད་ཅིག་ཅེས་འུར་བརྒྱབ་པའོ།། 37ཕོལ་ལོལ་དམག་སྒར་གྱི་ནང་དུ་འཁྲིད་བཞིན་པའི་དུས༌སུ། ཁོང་གིས་སྟོང་དཔོན་ལ་འདི་སྐད༌དུ། ངས་ཁྱེད་ལ་གཏམ་ཞིག་ཞུས་ན་ཆོག་གམ་ཞེས་གསུངས་པ༌ན། དམག་དཔོན་ན༌རེ། ཁྱོད་ཀྱིས་གྷི་རིག་སྐད་སྨྲ་ཤེས༌སམ། 38དེས་ན་ཁྱོད་ནི་སྔོན་ཆད་མི་རྣམས་ལ་ཟིང་ཆ་ལངས་སུ་བཅུག་པ་དང་། ལག་དམར་བཞི་སྟོང་དབེན་གནས་སུ་ཁྲིད་པའི་ཨེ་ཅིབ་པ་དེ་མ་ཡིན་ནམ་ཞེས་དྲིས༌སོ།། 39ཡང་ཕོལ་ལོལ་གྱིས་འདི་སྐད༌དུ། ང་རང་ཀི་ལིག་ཡཱ་ཡུལ་གྱི་ཐཱར་ཟི་ནས་སྐྱེས་པའི་ཡ་ཧུ་དཱ་པ་ཞིག་ཡིན༌ལ། གྲོང་ཁྱེར་ཕལ་བ་ཞིག་གི་མི་མ་ཡིན༌ནོ།། ང་མི་འདི་རྣམས་ལ་གཏམ་ཞིག་བརྗོད་དུ་འཇུག་པར་མཛོད་ཅེས་ཞུས་པ༌ལ། 40སྟོང་དཔོན་གྱིས་ཀྱང་ཆོག་མཆན་གནང༌བས། ཕོལ་ལོལ་རྡོ་སྐས་ཀྱི་སྟེང་དུ་ཡར་ལངས་ནས་མི་རྣམས་ལ་ཕྱག་བརྡ་བྱས་པ་དང་མི་ཐམས་ཅད་དལ་ཅག་གེར་བསྡད༌དོ།།

མཛད་པ 22

ཕོལ་ལོལ་གྱིས་མི་ཚོགས་ལ་གཏམ་སྨྲས༌པ།

1དེ་ནས་ཕོལ་ལོལ་གྱིས་ཨིབ་རིའི་མི་རིགས་ཀྱི་སྐད་ཀྱིས་མི་ཚོགས་ལ་འདི་ལྟར་གསུངས་པ་སྟེ། ཕ་ཁུ་སྤུན་ཟླ༌རྣམ་པ། ངས་ད་ལྟ་ཁྱོད་རྣམས་ལ་དག་འབུད་བྱེད་པར་ཉོན་ཅིག་ཅེས་གསུངས་པ༌དང༌། 2མི་རྣམས་ཀྱིས་ཁོང་གིས་ཨིབ་རིའི་མི་རིགས་ཀྱི་སྐད་སྨྲས་པ་ཐོས་ནས་སྔར་ལས་ཀྱང་གྲགས་འགུལ་མེད་པར་གྱུར་ཏོ།། ཡང་ཕོལ་ལོལ་གྱིས་འདི་སྐད༌དུ། 3ང་རང་ཡང་ཡ་ཧུ་དཱའི་མི་རིགས་ཡིན་ཞིང་ཀི་ལིག་ཡཱ་ཡུལ་གྱི་ཐཱར་ཟི་རུ་སྐྱེས༌ལ། གྲོང་ཁྱེར་འདི་ནས་ནར་སོན་པ༌དང༌། གཱ་མ་ཨེལ་གྱི་ཞབས་དྲུང་ནས་བདག་ཅག་གི་ཕ་མེས་ཀྱི་བཀའ་ཁྲིམས་དམ་པོ་བཞིན་སྦྱངས༌པ་བྱས་ཤིང༌། ཁྱོད་རྣམས་ཀྱིས་དེ་རིང་ཅི་ལྟར་བྱེད་པ་བཞིན་ངས་ཀྱང་དཀོན་མཆོག་ལ་བརྩོན་སེམས་ཆེན་པོ་བཅངས་མྱོང༌བ་ཡིན། 4ངས་ཀྱང་མཱ་ཤི་ཀའི་ཆོས་ཀྱི་ལམ་དེ་ལ་ཞུགས་པའི་མི་རྣམས་ལ་གནོད་འཚེ་བྱས་ཤིང་འཆི་ལམ་དུ་བརྫངས་པ༌དང༌། སྐྱེས་ཕོ་མོ་སུ་ཡིན་ཡང་བཙན་བཟུང་བྱས་ནས་བཙོན་དུའང་བཅུག་མྱོང༌། 5བདག་གི་དོན་འདིར་མཆོད་དཔོན་ཆེན་པོ་དང་རྒན་པོ་ཐམས་ཅད་ཀྱིས་ཀྱང་བདེན་དཔང་བྱས་ཆོག༌ལ། ངས་ཁོང་རྣམས་ཀྱིས་དཱ་མེ་སེག་གི་སྤུན་ཟླ་རྣམས་ལ་བྲིས་པའི་འཕྲིན་ཡིག་ཁྱེར༌ཏེ། དེར་ཡོད་པའི་རྗེས་འབྲང་པ་རྣམས་བཙན་བཟུང་བྱེད་པ་དང་ཉེས་ཆད་གཅོད་ཅིང་དེ་དག་ཡེ་རུ་སཱ་ལེམ་དུ་ཚུར་འཁྲིད་པའི་ཕྱིར་དཱ་མེ་སེག་ལ་ཆས་པ་དང༌། 6ང་རང་དཱ་མེ་སེག་ཏུ་སླེབ་ལ་ཉེ་བའི་ལམ་དུ་ཉིན་གུང་ཙམ་ལ། གློ་བུར་དུ་ནམ་མཁའི་ཞིང་ཁམས་ནས་འོད་ཆེན་པོ་ཞིག་བདག་གི་ཕྱོགས་བཞིར་འཁྱུགས་ཤིང་འཚེར་བ་དང་། 7ང་རང་སར་འགྱེལ་ཞིང་སྐད་སྒྲ་ཞིག་གྲགས་པ༌སྟེ། ཀྱེ། སོ༌ལོ། སོ་ལོ། ཁྱོད་ཀྱིས་བདག་ལ་གནོད་འཚེ་བྱེད་དོན་ཅི་ཡིན་ནམ་ཞེས་གསུངས་པ་ཐོས་ཤིང༌། 8ངས་གཙོ་བོ་ལགས་ཁྱེད་རང་སུ་ཡིན་ནམ་ཞེས་ཞུས་པ༌ལ། ཁོང་གིས་འདི་སྐད༌དུ། བདག་ནི་ཁྱོད་ཀྱིས་གནོད་འཚེ་བྱེད་བཞིན་པའི་ནཱ་ཙ་རེལ་པ་ཡེ་ཤུ་ཡིན་ཞེས་གསུངས་སོ།། 9ངའི་ལམ་གྲོགས་རྣམས་ཀྱིས་ཀྱང་འོད་དེ་མཐོང༌ནའང༌། བདག་ལ་བཀའ་གསུང་མཁན་གྱི་སྐད་དེའི་དོན་མ་ཤེས་སོ།། 10དེ་ནས་ངས་གཙོ་བོ༌ལགས། ངས་ཅི་བྱ་འོས་སམ་ཞེས་ཞུས་པ༌ལ། ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཡར་ལངས་ནས་དཱ་མེ་སེག་ལ་སོང༌དང༌། དེ་རུ་ཁྱོད་ཀྱིས་ཅི་བྱ་དགོས་པ་ཐམས་ཅད་ཁྱོད་ལ་སྟོན་ངེས་ཡིན་ཞེས་གསུངས་སོ།། 11འོད་ཆེན་པོ་དེའི་གཟི་མདངས་ཀྱི་རྐྱེན་གྱིས་ངའི་མིག་གིས་ཅི་ཡང་མཐོང་མ་ཐུབ༌པས། ལམ་གྲོགས་དག་གིས་ངའི་ལག་པར་འཇུས་ཏེ་ང་རང་དཱ་མེ་སེག་ལ་ཁྲིད་དོ།། 12གནས་དེར་མིང་ལ་ཨ་ནན་ཡཱ་བྱ་བ་བཀའ་ཁྲིམས་ལྟར་དཀོན་མཆོག་ལ་དད་མོས་ཡོད་པ༌དང༌། ཁོ་རང་ནི་གནས་དེའི་ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་བསྟོད་བསྔགས་བྱེད་པའི་མི་ཞིག་ཀྱང༌ཡིན། 13དེ་ནས་ཁོ་རང་བདག་གི་གམ་དུ་ཡོང་སྟེ་ན༌རེ། སྤུན་ཟླ་སོ་ལོ༌ལགས། ཁྱོད་ཀྱི་མིག་གིས་མཐོང་ནུས་པར་གྱུར་ཅིག་ཅེས་གསུངས་པའི་དུས་དེ་ཉིད་ལ་ངས་ཀྱང་ཁོ་རང་མཐོང་བར་གྱུར་ཏོ།། 14ཡང་ཨ་ནན་ཡཱ་ན༌རེ། བདག་ཅག་གི་མེས་པོའི་དཀོན་མཆོག་གིས་རང་ཉིད་ཀྱི་དགོངས་པ་རྟོགས་པ་དང་སྐྱེས་བུ་རྣམ་དག་དེ་ཉིད་ལ་མཇལ་བ་དང་ཁོང་གི་ཞལ་ནས་གསུངས་པའི་བཀའ་ཐོས་པའི་ཕྱིར་ཁྱོད་རང་བདམས་པར་མཛད། 15རྒྱུ་མཚན་ནི་ཁྱོད་ཀྱིས་གང་ཞིག་མཐོང་ཐོས་སུ་གྱུར་པ་རྣམས་མི་ཐམས་ཅད་ལ་སྨྲས་ཏེ་ཁོང་ཉིད་ལ་བདེན་དཔང་བྱེད་ངེས་པའི་ཕྱིར༌རོ།། 16ད་ལྟ་ཁྱོད་ཀྱིས་དུས་འགྱངས་བྱེད་དོན༌ཅི། ཡར་ལོངས༌དང༌། ཁྲུས་གསོལ་ལ་ཞུགས༌དང༌། སྐྱབས་མགོན་ཡེ་ཤུའི་མཚན་ལ་ཞུས་ནས་རང་གི་སྡིག་པ་འདག་པར་གྱིས་ཞེས་སྨྲས༌སོ།། 17དེའི་རྗེས་སུ་ང་རང་ཡེ་རུ་སཱ་ལེམ་དུ་ཕྱིར་ལོག༌སྟེ། མཆོད་ཁང་ནས་གསོལ་བ་འདེབས་པའི་ཚེ༌ན། དྲན་པ་འཆལ་བར་གྱུར་ཅིང༌། 18གཙོ་བོས་བདག་ལ་འདི་སྐད༌དུ། ཁྱོད་ཀྱིས་ང་རང་ལ་བདེན་དཔང་བྱེད་པའི་དོན་འདི་མི་དེ་རྣམས་ཀྱིས་དང་དུ་མི་ལེན༌པས། ཁྱོད་རང་མྱུར་དུ་ཡེ་རུ་སཱ་ལེམ་དང་བྲལ་བར་གྱིས་ཞེས་གསུངས་པ་མཐོང་ལམ་དུ་མངོན་ནོ།། 19དེ་ནས་ངས་འདི་ལྟར་ཞུས༌པ་སྟེ། ཀྱེ་གཙོ་བོ་ལགས། ངས་དེ་སྔར་ཁྱེད་ལ་དད་པའི་མི་རྣམས་ཆོས་ཁང་རེ་རེ་ནས་བཙོན་དུ་བཅུག་ཅིང་གཅར་རྡུང་བྱས་མྱོང་བ༌དང༌། 20ཁྱེད་ལ་བདེན་དཔང་བྱེད་མཁན་སི་ཏེ་ཕཱན་གྱི་ཁྲག་བཞུར་བའི་དུས༌སུ། ང་རང་ཡང་གནས་དེར་ལངས་བསྡད་ཡོད་པ་དང་དགའ་སྤྲོ་སྐྱེས། ངས་ཁོ་རང་གསོད་མཁན་དག་གི་གྱོན་གོས་བདག་གཉེར་བྱས་པའང་མི་དེ་རྣམས་ཀྱིས་ཤེས་པ་ཡིན་ཞེས་ཞུས་པ༌ན། 21ཡང་ཁོང་གིས་བདག་ལ་འདི་སྐད༌དུ་གསུངས་པ་སྟེ། ཁྱོད་རང་སོང༌དང༌། ངས་ཁྱོད་རང་རྒྱང་ཐག་རིང་བའི་ཕྱི་ཕྱོགས་པ་རྣམས་ཀྱི་གམ་དུ་མངག་པར་བྱའོ་ཞེས་པའོ་ཞེས་གསུངས་སོ།།

ཕོལ་ལོལ་ནི་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་མི་དངོས་ཡིན་པའི༌སྐོར།

22དེ་ནས་ཕོལ་ལོལ་གྱིས་དེ་སྐད་གསུངས་ནས་མཚམས་འདིར་སླེབས་ཤིང་མི་ཚོགས་ཀྱིས་གཏམ་དེར་མཉན་པ་དང་སྐད་ཆེན་པོ་བརྒྱབ་སྟེ་ན༌རེ། མི་འདི་ལྟ་བུ་ནི་འཇིག་རྟེན་འདིར་གསོན་མི་འོས་པས་སོད་ཅིག་ཅེས་སྨྲས༌ཤིང༌། 23འུར་རྒྱག་བཞིན་རང་གི་ཕྱི་གོས་གཡུགས་པ་དང་ས་རྡུལ་བར་སྣང་ལ་གཏོར་ཏོ།། 24དེ་ནས་སྟོང་དཔོན་གྱིས་ཁོང་ཉིད་དམག་སྒར་གྱི་ནང་ཁྲིད་དུ་བཅུག་པ༌དང༌། མི་ཚོགས་ཀྱིས་ཁོང་ཉིད་ལ་དེ་ལྟར་འུར་རྒྱག་པའི་དོན་ཅི་ཡིན་པ་ཤེས་པའི༌ཕྱིར། རྟ་ལྕག་གིས་གཞུས་ཏེ་ནན་འདྲི་བྱེད་པའི་བཀའ་བསྒོས་སོ།། 25དེ་ནས་ཕོལ་ལོལ་ཁོང་ཉིད་རྒྱུན་བུས་བཀྱིགས་མ་ཐག་རང་ཉིད་ཀྱི་གམ་དུ་ལངས་སྡོད་པའི་བརྒྱ་དཔོན་ལ་འདི་སྐད༌དུ། ཁྱོད་ཅག་གིས་བཅའ་ཁྲིམས་ལྟར་རོ་མཱ་པ་ཞིག་ལ་ཉེས་ཆད་མ་བཅད་ནའང་གཅར་རྡུང་བྱེད་ཆོག་གམ་ཞེས་གསུངས་པ༌ལ། 26བརྒྱ་དཔོན་གྱིས་གཏམ་དེ་ཐོས་པ་དང་སྟོང་དཔོན་གྱི་དྲུང་དུ་སོང་སྟེ་ན༌རེ། མི་འདི་ནི་རོ་མཱ་པ་ཞིག་ཡིན་པས་ཁྱེད་ཀྱིས་ཅི་བྱེད་འདོད་དམ་ཞེས་སྨྲས་སོ།། 27དེ་ནས་སྟོང་དཔོན་ཕོལ་ལོལ་གྱི་དྲུང་དུ་སོང་སྟེ་ན་རེ། ཁྱོད་ནི་རོ་མཱ་པ་ཞིག་ཡིན་མིན་བདག་ལ་ཤོད་ཅིག་ཅེས་དྲིས་པ༌དང༌། ཁོང་གིས་ཡིན་ཞེས་གསུངས་སོ།། 28ཡང་སྟོང་དཔོན་ན༌རེ། བདག་ནི་དངུལ་གྱི་རྫོངས་པ་མང་པོ་བཏང་ནས་རོ་མཱ་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་ཞུགས་པ་ཞིག་ཡིན་ཞེས་སྨྲས་པ༌ན། ཕོལ་ལོལ་གྱིས་ང་རང་ནི་སྐྱེས་དུས་ནས་རོ་མཱ་པ་ཞིག་ཡིན་ཞེས་གསུངས་སོ།། 29དེ་མ་ཐག་ཕོལ་ལོལ་ལ་འདྲི་གཅོད་བྱེད་པའི་དམག་མི་རྣམས་ཁོང་དང་རྒྱང་བཀྱེད༌པ་རེད། སྟོང་དཔོན་གྱིས་ཀྱང་ཕོལ་ལོལ་ནི་རོ་མཱ་པ་ཞིག་ཡིན་པ་ཤེས་པ་དང་ཐག་པས་བཀྱིགས་པའི་རྐྱེན་གྱིས་འཇིགས་པར་གྱུར༌ཏོ།། 30དེའི་ཕྱི༌ཉིན། སྟོང་དཔོན་གྱིས་ཡ་ཧུ་དཱ་པ་རྣམས་ཀྱིས་ཕོལ་ལོལ་གཏུག་བཤེར་བྱེད་པའི་རྒྱུ་རྐྱེན་གང་ཡིན་པ་ངེས་པར་ཤེས་ཕྱིར། ཁོང་ཉིད་བཙོན་ལས་ཕྱིར་ཁྲིད༌ཅིང༌། མཆོད་དཔོན་ཆེན་པོ་རྣམས་དང་དཔོན་རིགས་ཚོགས་པའི་ཚོགས་མི་ཐམས་ཅད་ལྷན་དུ་འདུ་དགོས་པའི་བཀའ་བསྒོས་པ༌དང༌། ཕོལ་ལོལ་ཡང་དེ་རྣམས་ཀྱི་མདུན་དུ་ཁྲིད་དེ་ཡར་བསླངས་པའོ།།

མཛད་པ 23

ཕོལ་ལོལ་ལ་འདྲི་གཅོད་བྱེད༌པ།

1དེ་ནས་ཕོལ་ལོལ་གྱིས་དཔོན་རིགས་ཚོགས་པའི་ཚོགས་མི་རྣམས་ལ་མིག་གིས་ཕུར་ཚུགས་སུ་གཟིགས་ཏེ་འདི་སྐད༌དུ། སྤུན་ཟླ༌རྣམ་པ། ངས་དཀོན་མཆོག་གི་སྤྱན་སྔ་ནས་བྱ་བ་ཀུན་ལ་ད་ལྟའི་བར་དུ་བསམ་པ་རྣམ་དག་བཅངས་པ་ཡིན་ཞེས་གསུངས་པ༌ལ། 2མཆོད་དཔོན་ཆེན་པོ་ཨ་ནན་ཡཱ་ཡིས་ཕོལ་ལོལ་གྱི་ཉེ་འགྲམ་དུ་ལངས་ནས་སྡོད་པའི་མི་རྣམས༌ལ། ཕོལ་ལོལ་གྱི་ཞལ་ལ་རྡེག་དགོས་པའི་བཀའ་བསྒོས༌ཤིང༌། 3ཕོལ་ལོལ་གྱིས་ཁོ་རང་ལ་འདི་སྐད༌དུ། ཚོན་རྩི་དཀར་པོས་བརྒྱན་པའི་རྩིག་ངོས་དང་འདྲ་བ་ཁྱོད་ལའང་དཀོན་མཆོག་གིས་རྡེག་པར་འགྱུར༌ཏེ། ཁྱོད་རང་བཀའ་ཁྲིམས་ལྟར་བདག་ལ་འདྲི་གཅོད་བྱེད་པར་བསྡད་ཡོད་དམ། ཡང་ན་བཀའ་ཁྲིམས་དང་འགལ་ནས་བདག་ལ་རྡུང་བའི་བཀའ་བསྒོ་བ་ཡིན་ཞེས་གསུངས། 4ཉེ་འགྲམ་དུ་ལངས་སྡོད་པའི་མི་རྣམས་ན༌རེ། ཁྱོད་ཀྱིས་དཀོན་མཆོག་གི་མཆོད་དཔོན་ཆེན་པོ་ལ་དམའ་འབེབས་བྱེད་དམ་ཞེས་སྨྲས་པ༌དང༌། 5ཡང་ཕོལ་ལོལ་གྱིས་འདི་སྐད༌དུ། སྤུན་ཟླ༌རྣམ་པ། ངས་ཁོ་རང་མཆོད་དཔོན་ཆེན་པོ་ཡིན་པ་མ་ཤེས༌ལ། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁྱོད་ཀྱིས་རང་གི་ཡུལ་མིའི་དཔོན་པོ་ལ་འཕྱ་དམོད་བྱ་མི་འོས་ཞེས་བཀོད་ཡོད་ཅེས་སྨྲས༌སོ།། 6དེ་ནས་ཕོལ་ལོལ་གྱིས་མི་དེ་རྣམས་ལས་འགའ་ཤས་ནི་སཱ་ཅུ་སེ་པ་དང་འགའ་ཤས་ནི་ཕ་རུ་ཤི་པ་ཡིན་པ་ཤེས༌ཏེ། དཔོན་རིགས་ཚོགས་པའི་ཚོགས་མིའི་ཁྲོད་དུ་སྐད་ཆེན་པོས་འདི་སྐད༌དུ། སྤུན་ཟླ༌རྣམ་པ། ང་རང་ནི་ཕ་རུ་ཤི་པ་ཡིན་པ་དང་ཕ་རུ་ཤི་པའི་བུ་རྒྱུད་ཀྱང་ཡིན༌ཏེ། ངས་ད་ལྟ་འདྲི་གཅོད་མྱོང་བ་ནི་གཤིན་པོ་རྣམས་སླར་གསོན་པར་འགྱུར་བའི་དོན་དེ་ལ་རེ་སྨོན་བྱེད་པའི་ཕྱིར་ཡིན་ཞེས་གསུངས་པ༌དང༌། 7ཕ་རུ་ཤི་པ་དང་སཱ་ཅུ་སེ་པ་གཉིས་ཀྱི་བར་ལ་རྩོད་པ་བྱུང་སྟེ་ཚོགས་པ་འདི་ཕྱོགས་ཁག་གཉིས་སུ་གྱུར་ཏོ།། 8རྒྱུ་མཚན་ནི་སཱ་ཅུ་སེ་པ་རྣམས་ཀྱིས་གཤིན་པོ་རྣམས་སླར་གསོན་པར་འགྱུར་བའི་དོན་དེ་མེད༌ཅིང༌། ཕོ་ཉ་དང་སེམས་ཉིད་ཀྱང་མེད་ཅེས་སྨྲ་བ༌དང༌། ཕ་རུ་ཤི་པ་རྣམས་ཀྱིས་དོན་དེ་ཐམས་ཅད་ཡོད་པར་སྨྲ་བའི་ཕྱིར༌ཡིན། 9དེ་ནས་རྩོད་པའི་འུར་སྒྲ་ཇེ་ཆེར་སོང་ཞིང་ཕ་རུ་ཤི་པའི་ཕྱོགས་ཀྱི་མཁན་པོ་འགའ་ཡར་ལངས་ཏེ་ན༌རེ། ངེད་ཅག་གིས་མི་འདི་ལས་ཉེས་སྐྱོན་ཅི་ཡང་མ་རྙེད། གལ་ཏེ་སེམས་ཉིད་དམ་ཕོ་ཉ་ཞིག་གིས་ཁོ་རང་ལ་གཏམ་སྨྲས་ན་ག་འདྲ་ཡིན་ཞེས་སྨྲས་སོ།། 10སྐབས༌དེར། རྩོད་པ་ཆེན་པོ་བྱུང་བས་སྟོང་དཔོན་གྱིས་ཕོལ་ལོལ་རས་བཞིན་དུམ་བུར་གཤག་པར་དོགས་ནས། དམག་མི་རྣམས་ལ་ཁོང་ཉིད་མི་ཚོགས་ལས་བཙན་གྱིས་འཕྲོག་སྟེ་དམག་སྒར་དུ་འཁྲིད་དགོས་པའི་བཀའ་གནང༌ངོ༌།། 11མཚན་མོ༌དེར། གཙོ་བོ་ཁོང་ཉིད་ཕོལ་ལོལ་གྱི་གམ་དུ་ཕེབས་ཏེ་འདི་སྐད༌དུ། སེམས་བདེ་བར༌གྱིས། ཁྱོད་ཀྱིས་ཡེ་རུ་སཱ་ལེམ་ནས་བདག་ལ་ཇི་ལྟར་བདེན་དཔང་བྱས་པ་བཞིན་རོ་མཱ་རུའང་དེ་བཞིན་དུ་བདེན་དཔང་བྱེད་དགོས་ཞེས་གསུངས༌སོ།།

ཕོལ་ལོལ་གསོད་པའི་ཇུས༌ངན།

12དེ་ཡང་ནམ་ལངས་པ་དང་ཡ་ཧུ་དཱ་པ་རྣམས་ཀྱིས་མཉམ་དུ་གྲོས་བྱས༌ཏེ། ཕོལ་ལོལ་མ་བསད་ན་བཟའ་བཏུང་ཅི་ཡང་མི་སྤྱོད་ཅེས་དམ་བཅས༌པ་རེད། 13དེ་ལྟར་བློ་སེམས་གཅིག་མཐུན་སྒོས་དམ་བཅའ་འཇོག་མཁན་མི་བཞི་བཅུ་ལྷག་ཡོད་དོ།། 14དེ་ནས་མི་དེ་རྣམས་མཆོད་དཔོན་ཆེན་པོ་དག་དང་རྒན་པོ་རྣམས་ཀྱི་གམ་དུ་སོང་སྟེ་ན༌རེ། ངེད་ཅག་གིས་ཕོལ་ལོལ་མ་བསད་ན་ཟས་ཅི་ཡང་མི་སྤྱོད་ཅེས་དམ་བཅའ་ཆེན་པོ་བཞག་ཅིང་། 15ད་ལྟ་ཁྱོད་ཅག་དང་དཔོན་རིགས་ཚོགས་པའི་ཚོགས་མི་རྣམས་ཀྱིས་སྟོང་དཔོན༌ལ། ཕོལ་ལོལ་ལ་ཞིབ་ཏུ་རྟོག་དཔྱོད་བྱ་ཁུལ་བྱེད་པའི་ཆེད་དུ་འདིར་འཁྲིད་ཡོང་དགོས་པའི་སྐད་གཏོང་བར༌གྱིས། ངེད་ཅག་གིས་གྲ་སྒྲིག་བྱས་ཟིན་པས་ཁོ་རང་གནས་འདིར་མ་སླེབས་པའི་སྔོན་ལ་གསོད་པར་བྱའོ་ཞེས་སྨྲས་སོ།། 16འོན་ཀྱང་། ཕོལ་ལོལ་གྱི་ཚ་བོས་དེ་དག་གིས་ལྐོག་འཇབ་བྱེད་རྩིས་ཡོད་པ་ཐོས་ཏེ་དམག་སྒར་དུ་སོང་ནས་དོན་དེ་ཕོལ་ལོལ་ལ་སྨྲས་པ་རེད། 17དེ་ནས་ཕོལ་ལོལ་གྱིས་བརྒྱ་དཔོན་ཞིག་བོས་ཏེ་འདི་སྐད༌དུ། ཁྱོད་ཀྱིས་ན་གཞོན་འདི་སྟོང་དཔོན་གྱི་དྲུང་དུ་ཁྲིད༌ཅིག ཁོ་ལ་ཞུ་རྒྱུའི་དོན་ཞིག་ཡོད་ཅེས་གསུངས་པ༌དང༌། 18དེས་ཀྱང་ན་གཞོན་དེ་སྟོང་དཔོན་གྱི་དྲུང་དུ་ཁྲིད་དེ་ན༌རེ། བཙོན་པ་ཕོལ་ལོལ་གྱིས་ང་རང་ཁོའི་གམ་དུ་བོས་ཏེ་ན་གཞོན་འདི་ཁྱེད་ཀྱི་དྲུང་དུ་ཁྲིད༌ཅིག ཁོ་ལ་ཞུ་རྒྱུའི་དོན་ཞིག་ཡོད་པར་ཞུས་བྱུང་ཞེས་སྨྲས་པ༌དང༌། 19སྟོང་དཔོན་གྱིས་ན་གཞོན་དེའི་ལག་པར་འཇུས་ཤིང་ཟུར་དུ་ཁྲིད་དེ་ན༌རེ། བདག་ལ་ཞུ་རྒྱུའི་དོན་ཅི་ཞིག་ཡོད་ཅེས་ལྐོག་ཏུ་དྲིས་པ༌ལ། 20ན་གཞོན་ན༌རེ། ཡ་ཧུ་དཱ་པ་རྣམས་ཀྱིས་སང་ཉིན་ཁྱེད་ལ་ཕོལ་ལོལ་དཔོན་རིགས་ཚོགས་པའི་ཚོགས་མི་རྣམས་ཀྱི་གམ་དུ་ཁྲིད༌པའི་རེ་བ་ཞུས་ནས། ཁོང་གི་དོན་ལ་ཞིབ་ཏུ་རྟོག་དཔྱོད་བྱ་ཁུལ་བྱེད་པར་གྲོས་བྱས༌ཟིན། 21མི་བཞི་བཅུ་ལྷག་གིས་ཕོལ་ལོལ་མ་བསད་ན་བཟའ་བཏུང་ཅི་ཡང་མི་སྤྱོད་ཅེས་དམ་བཅས་ནས་ལྐོག་འཇབ་བྱེད་རྩིས་ཡོད༌ཅིང༌། ད་ལྟ་གྲ་སྒྲིག་ཀྱང་བྱས་ཚར་ནས་ཁྱེད་ཀྱིས་ཆོག་མཆན་འགོད་པ་ཁོ་ནར་བསྒུགས་ཡོད༌པས། ཁྱེད་ཀྱིས་དེ་དག་གི་འདོད་ལ་མི་བསྟུན་པར་འཚལ་ཞེས་ཞུས་སོ།། 22དེ་ནས་སྟོང་དཔོན་གྱིས་ན་གཞོན་དེ༌ལ། ཁྱོད་ཀྱིས་དོན་འདི་བདག་ལ་སྨྲས་པ་ནི་མི་གཞན་སུ་ལའང་སྨྲ་བར་མི་བྱའོ་ཞེས་གདམས་ཏེ་འགྲོ་རུ་བཅུག༌གོ།

ཕོལ་ལོལ་ཁོང་ཉིད་ཀེ་སར་ཡཱ་གྲོང་ཁྱེར་དུ་ཁྲིད༌པ།

23དེ་ནས་སྟོང་དཔོན་གྱིས་བརྒྱ་དཔོན་གཉིས་བོས་ཏེ་ན༌རེ། རྐང་དམག་ཉིས་བརྒྱ༌དང༌། རྟ་དམག་བདུན༌ཅུ། མདུང་རིང་ཐོགས་པའི་རྐང་དམག་ཉིས་བརྒྱ་བཅས་སྟ་གོན་བྱོས༌དང༌། མཚན་མོའི་ཆུ་ཚོད་དགུའི་སྟེང་དུ་ཀེ་སར་ཡཱ་རུ་སྐྱོད༌ཅིག 24གཞན༌ཡང༌། ཕོལ་ལོལ་ལ་ཞོན་པ་འགའ་གྲ་སྒྲིག་བྱས་ནས་སྤྱི་དཔོན་ཕེ་ལིག་གྱི་དྲུང་དུ་བདེ་བར་སྐྱོལ་ཅིག་ཅེས་བཀའ་བསྒོས་པ༌དང༌། 25-26འཕྲིན་ཡིག་ཅིག་བྲིས་ཤིང་ནང་དོན་མདོར་བསྡུས་འདི་ལྟ༌སྟེ། ༄༅། །གུས་པར་འོས་པའི་སྤྱི་དཔོན་ཕེ་ལིག་གི་སྤྱན་དྲུང༌དུ། ཐོག་མར་ཁྱེད་ལ་འཚམས་འདྲི་ཞུ་ཞེས་ཀཱ་ལོ་དི་ལི་སི་ཨ་ནས་སྤྲིངས༌དོན། 27དེ་ཡང་མི་འདི་ནི་ཡ་ཧུ་དཱ་པ་དག་གིས་བཙན་གྱིས་བཟུང་ཞིང་གསོད་པར་རྩོམ་པའི་དུས༌སུ། བདག་གིས་ཁོ་རང་ནི་རོ་མཱ་པ་ཞིག་ཡིན་པ་ཤེས་ནས་དམག་མི་དང་བཅས་པ་གནས་དེར་སོང་སྟེ་ཁོ་རང་བསྐྱབས༌པ་དང་། 28ཡ་ཧུ་དཱ་པ་དག་གིས་ཁོ་རང་གཏུག་བཤེར་བྱེད་པའི་རྒྱུ་མཚན་ཅི་ཡིན་པ་བདག་གིས་ཤེས་འདོད༌དེ། ཡ་ཧུ་དཱ་པའི་དཔོན་རིགས་ཚོགས་པའི་ཚོགས་མིའི་མདུན་དུ་ཁྲིད་པ༌ན། 29ཁོ་རང་གཏུགས་དོན་ནི་ཡ་ཧུ་དཱ་པའི་ཆོས་ཀྱི་བཀའ་ཁྲིམས་ཐད་ལ་རྩོད་པ་བྱུང་བ་ཙམ༌ལས། བཙོན་དུ་འཇུག་པའམ་སྲོག་ཆད་གཅོད་དགོས་པའི་ཉེས་སྐྱོན་ཅི་ཡང་མེད་པ་ཤེས་སོ།། 30ཕྱིས་སུ་ཁོ་རང་ལྐོག་གསོད་བྱེད་པའི་ཇུས་ངན་དེ་མི་ཞིག་གིས་བདག་ལ་སྨྲས་པ་དང་ངས་ཀྱང་འཕྲལ་དུ་ཁོ་རང་ཁྱེད་ཀྱི་དྲུང་དུ་བསྐྱལ༌ཞིང༌། ཁོ་རང་གཏུག་མཁན་རྣམས་ལའང་ཁྱེད་ཀྱི་དྲུང་ནས་ཁོ་རང་གཏུགས་ཤིག་ཅེས་ཁ་བསྒོ་བྱས་པ་ཡིན། མཇུག་མཐར་ཁྱེད་ཀྱི་སྐུ་ཁམས་བདེ་བར༌སྨོན། ཞེས༌པའོ།། 31དེ་ནས་དམག་མི་རྣམས་ཀྱིས་བཀའ་བཞིན་དུ་མཚན་མོའི་དུས༌སུ། ཕོལ་ལོལ་ཁྲིད་ནས་ཨན་ཏི་པཱ་ཏྲི་རུ་སླེབས། 32དེའི་ཕྱི༌ཉིན། རྟ་དམག་རྣམས་ཀྱིས་ཕོལ་ལོལ་བསྐྱལ་བ་དང་གཞན་རྣམས་ཕྱིར་དམག་སྒར་དུ་ལོག་གོ། 33རྟ་དམག་རྣམས་ཀྱིས་ཕོལ་ལོལ་བསྐྱལ་ནས་ཀེ་སར་ཡཱ་རུ་སླེབས་པ་དང་འཕྲིན་ཡིག་དེ་སྤྱི་དཔོན་ལ་ཕུལ་ཞིང་ཕོལ་ལོལ་ཡང་ཁོའི་མདུན་དུ་བསླངས་སོ།། 34སྤྱི་དཔོན་གྱིས་འཕྲིན་ཡིག་བཀླགས༌རྗེས། ཕོལ་ལོལ་ཡུལ་གང་ནས་ཡིན་པ་དྲིས་པ་དང་ཀི་ལིག་ཡཱ་ཡུལ་གྱི་ཡིན་པ་ཤེས༌ཏེ། 35ཁྱོད་རང་གཏུག་མཁན་གྱི་མི་རྣམས་ཀྱང་སླེབ་པའི་ཚེ། ངས་ཁྱོད་ཀྱི་དོན་ལ་ཞིབ་ཏུ་མཉན་པར་བྱའོ་ཞེས་སྨྲས་པ༌དང༌། ཧེ་རོ་དཱའི་ཕོ་བྲང་དུ་ཕོལ་ལོལ་བཙོན་ལ་འཇུག་དགོས་པའི་བཀའ་གནང༌ངོ༌།།

མཛད་པ 24

སྤྱི་དཔོན་ཕེ་ལིག་གི་མདུན་ནས་ཕོལ་ལོལ་ལ་འདྲི་གཅོད་བྱེད༌པ།

1དེ་ནས་ཉིན་ལྔ་འགོར༌རྗེས། མཆོད་དཔོན་ཆེན་པོ་ཨ་ནན་ཡཱ་དང་རྒན་པོ་འགའ་ཤས་ཁྲིམས་རྩོད་པ་ཐུར་ཐོ་ལོ་དང་མཉམ་དུ་སླེབས་ཏེ། སྤྱི་དཔོན་གྱི་དྲུང་དུ་ཕོལ་ལོལ་གཏུག་བཤེར་བྱས་སོ།། 2དེ་ནས་ཕོལ་ལོལ་བོས་ཡོང་བ་དང་ཐུར་ཐོ་ལོ་ན༌རེ། དཔོན་ཆེན་ཕེ་ལིག༌ལགས། ཁྱེད་ཀྱི་བཀའ་དྲིན་ལས་ངེད་རྣམས་ཀྱིས་ཡུན་རིང་ལ་ཞི་བདེའི་དཔལ་ལ་རོལ་བ༌དང༌། ཡུལ་འདིའི་ཞན་ཆ་ཡང་ཁྱེད་ཀྱི་མངོན་ཤེས་ཀྱིས་རྟོགས་ཏེ་ཡོ་བསྲང་བྱས༌པས། 3ངེད་ཅག་གིས་ཀྱང་དུས་དང་རྣམ་པ་ཀུན་དུ་དོན་འདི་ཁས་ལེན་པ་དང་སེམས་གཏིང་ནས་ཁྱེད་ལ་བཀའ་དྲིན་ཞུའོ།། 4འོན༌ཀྱང༌། ཁྱེད་ལ་ལྷག་ཏུ་སུན་སྣང་མི་བསྐྱེད་པའི༌ཕྱིར། ཁྱེད་ཀྱིས་ཐུགས་བག་ཕེབས་ངང་ངེད་ཅག་གི་ཚིག་འགའ་ལ་གསན་རོགས༌ཞུ། 5མི་འདི་ནི་འགོས་ནད་ལྟ་བུ་ཞིག་ཡིན༌ཏེ། མི་འདིས་ས་གཞི་ཡོངས་སུ་སྡོད་པའི་ཡ་ཧུ་དཱ་པ་ཐམས་ཅད་ལ་ངན་སྐུལ་བྱས་ཤིང་ཟིང་ཆ་བཟོས་པ༌དང༌། ཁོ་ནི་ནཱ་ཙ་རེལ་གྱི་གྲུབ་མཐའི་མགོ་བའང༌ཡིན་ནོ།། 6ཐ་ན་ཁོས་མཆོད་ཁང་ཡང་མི་གཙང་བར་བྱེད་འདོད་ཡོད༌པས། སྔར་ངེད་ཅག་གིས་ཁོ་རང་བཟུང༌སྟེ། རང་གི་བཀའ་ཁྲིམས་བཞིན་ཐག་གིས་གཅོད་པར་བསམས༌མོད། 7འོན་ཀྱང་སྟོང་དཔོན་ལི་སི་ཨ་སླེབས་ཏེ། བཙན་ཤེད་ཀྱིས་ཕོལ་ལོལ་ངེད་ཅག་གི་ལག་ནས་འཕྲོགས༌ཤིང༌། ཁོ་རང་གཏུགས་པའི་མི་རྣམས་ལ་ཁྱེད་ཀྱི་དྲུང་དུ་སོང་ཞེས་བཀའ་བསྒོས་པ་དང་། 8ཁྱེད་ཀྱིས་ཁོ་ལ་ཞིབ་ཏུ་འདྲི་གཅོད་མཛད༌ན། ངེད་ཅག་གིས་ཁོ་རང་གཏུགས་པའི་རྒྱུ་མཚན་ཐམས་ཅད་རྟོགས་ནུས་པ་ཡིན་ཞེས་གཏུགས། 9ཡ་ཧུ་དཱ་པ་རྣམས་ཀྱིས་ཀྱང་དེ་དང་བསྟུན་ནས་དངོས་གནས་དེ་ལྟར་ཡིན་ཞེས་ཁོང་ཉིད་གཏུགས་སོ།། 10དེ་ནས་སྤྱི་དཔོན་ཕེ་ལིག་གིས་ཕོལ་ལོལ་ལ་གཏམ་སྨྲ་རུང་བའི་བརྡ་བསྟན་པ༌ན། ཁོང་ན་རེ། ངས་ཁྱེད་རང་ནི་ལོ་མང་པོར་མི་རིགས་འདིའི་ཁྲིམས་དཔོན་ཡིན་པ་ཤེས༌པས། དགའ་སྤྲོའི་ངང་ནས་རང་ཉིད་ལ་དག་འབུད་བྱེད་པའོ།། 11ཁྱེད་ཀྱིས་རྩད་གཅོད་བྱས་ན་རྟོགས་ནུས༌ཏེ། ང་རང་ཡེ་རུ་སཱ་ལེམ་ལ་མཇལ་དུ་སོང་བ་དང་ད་ལྟའི་བར་དུ་ཉིན་བཅུ་གཉིས་ལས་མ་འགོར༌ལ། 12ངས་མཆོད་ཁང་དང་ཆོས༌ཁང༌། ཡང་ན་གྲོང་ཁྱེར་བཅས་ནས་མི་གཞན་དང་རྩོད་གླེང་མ་བྱས་ཤིང་ཟིང་ཆ་བཟོས་མ་མྱོང་ལ་ཁོ་རྣམས་ཀྱིས་ཀྱང་མ་མཐོང༌བ་ཡིན་ནོ།། 13ད་ལྟ་ང་རང་ཁྱེད་ལ་གཏུགས་པའི་དོན་དེར་ཁོ་རྣམས་ཀྱིས་ཀྱང་བདེན་དཔང་བྱེད་མི་ནུས་སོ།། 14འོན་ཀྱང་ངས་ཁྱེད་ལ་དོན་ཞིག་ཁས་ལེན་པར་བྱེད༌དེ། ཁོ་རྣམས་ཀྱིས་མཱ་ཤི་ཀའི་ཆོས་ཀྱི་ལམ་དེ་ལོག་ལྟ་ཡིན་ཟེར༌ཡང༌། ངས་ཆོས་དེ་བཞིན་དུ་ངེད་ཅག་གི་ཕ་མེས་ཀྱི་དཀོན་མཆོག་ལ་བསྙེན་བཀུར་བྱེད༌ཅིང༌། བཀའ་ཁྲིམས་དང་ལུང་སྟོན་པའི་མདོ་ལས་བཀོད་ཡོད་པ་ཐམས་ཅད་ལའང་མཐུན་པར་དད་པ་བྱེད་དོ།། 15གཞན༌ཡང༌། ཡ་ཧུ་དཱ་པ་འདི་རྣམས་དང་འདྲ་བར་ངས་དཀོན་མཆོག་ལ་རེ་སྨོན་བྱེད༌དེ། མི་རྣམ་དག་དང་མི་ངན་པ་གང་ཡིན་ཡང་གཤིན་པོ་རྣམས་སླར་གསོན་པར་འགྱུར་ངེས༌ཡིན་ནོ།། 16དེའི༌ཕྱིར། ངས་དུས་རྟག་ཏུ་དཀོན་མཆོག་དང་མི་གཞན་དག་གི་མདུན་དུ་བསམ་པ་རྣམ་དག་འཆང་བར་བརྩོན༌ཞིང་། 17ལོ་འགའི་རྗེས༌སུ། ངས་རང་གི་མི་རིགས་ལ་རོགས་སྐྱོར་བྱེད་པའི་ཞལ་འདེབས་འབུལ་བ་དང༌། དཀོན་མཆོག་ལ་མཆོད་པ་འབུལ་ཆེད་ཡེ་རུ་སཱ་ལེམ་དུ་སོང་བ༌དང༌། 18མཆོད་པ་འབུལ་བཞིན་པའི་སྒང༌ལ། ངས་མཆོད་ཁང་ནས་ཆོས་ཀྱི་གཙང་སྦྲའི་ཆོ་ག་བསྒྲུབས་ཟིན་པ་དེ་ཨེ་ཞི་ཡཱ་ཡུལ་ནས་ཡོང་བའི་ཡ་ཧུ་དཱ་པ་འགའ་ཞིག་གིས་མཐོང༌ཡང༌། གནས་དེར་མི་མང་པོ་མ་འདུས་ཤིང་འུར་ཡང་མ་བརྒྱབ་བོ།། 19གལ་ཏེ་ཁོ་རྣམས་ལ་ང་རང་གཏུག་རྒྱུའི་དོན་ཞིག་ཡོད༌ན། ཁྱེད་ཀྱི་དྲུང་དུ་ཡོང་ནས་གཏུག་འོས༌ཤིང༌། 20ཡང་ན་ང་རང་དཔོན་རིགས་ཚོགས་པའི་ཚོགས་མི་རྣམས་ཀྱི་མདུན་དུ་སྡོད་པའི་སྐབས༌སུ། མི་འདི་རྣམས་ཀྱིས་བདག་ལ་ཉེས་སྐྱོན་གང་ཞིག་ཡོད་པ་རྙེད་ན་ཁོ་ཚོ་རང་གིས་གསལ་བཤད་བྱ་ཆོག 21གལ་ཏེ་ཉེས་སྐྱོན་ཡོད་པའི་དབང་དུ་བཏང༌ནའང༌། སྔར་ནས་ང་རང་ཁོ་རྣམས་ཀྱི་ཁྲོད་དུ་ཡར་ལངས་ཏེ་སྐད་ཆེན༌པོས། དེ་རིང་གི་དུས་འདིར་ཁྱོད་རྣམས་ཀྱི་མདུན་ནས་ངས་འདྲི་གཅོད་མྱོང་བ་ནི། གཤིན་པོ་རྣམས་སླར་གསོན་པར་འགྱུར་བའི་དོན་དེའི་གནས་ལུགས་ཀྱི་ཕྱིར་རོ་ཞེས་སྨྲས་པའི་གཏམ་དེ་ཁོ་ན་ཡིན་ཞེས་གསུངས༌སོ།། 22དེ་ནས་ཕེ་ལིག་ནི་མཱ་ཤི་ཀའི་ཆོས་ཀྱི་ལམ་དེ་ལ་ཆ་རྒྱུས་གསལ་པོ་ཡོད་ནའང་ཁོ་ན༌རེ། སྟོང་དཔོན་ལི་སི་ཨ་འདིར་ཕེབས༌ཚེ། ངས་ཁྱོད་རྣམས་ཀྱི་དོན་འདིར་ཁྲིམས་ཐག་གཅོད་ངེས་ཡིན་ཞེས་སྨྲས་རྗེས་གྲོལ་བ༌དང༌། 23བརྒྱ་དཔོན་ལ་ཕོལ་ལོལ་སྲུང་སྐྱོབ་བྱེད་པ་དང་རང་དབང་ཅུང་ཙམ་ཡོད་པར་བྱེད་པ་དང༌། ཁོང་གི་གྲོགས་རྣམས་ཀྱང་ཁོང་ལ་ཞབས་ཏོག་བསྒྲུབ་ཏུ་ཡོང་ཆོག་པའི་བཀའ་བསྒོས༌པ་རེད། 24དེ་ནས་ཉིན་འགའ་འགོར༌རྗེས། ཕེ་ལིག་དང་ཁོའི་ཡ་ཧུ་དཱ་པའི་ཆུང་མ་དྲུ་སིལ་ལཱ་གཉིས་མཉམ་དུ་ཕེབས་ཤིང་ཕོལ་ལོལ་བོས༌ཏེ། ཁོང་གིས་མཱ་ཤི་ཀ་ཡེ་ཤུ་ལ་དད་པ་བྱེད་པའི་སྐོར་གྱི་ཆོས་གསུངས་པ་ལ་མཉན། 25ཕོལ་ལོལ་གྱིས་དྲང་བདེན་གྱི་ལས་དང་རང་ཚོད་ཟིན་དགོས༌ཚུལ། མ་འོངས་པར་ཁྲིམས་ཐག་གཅོད་པའི་སྐོར་བཅས་ཀྱི་ཆོས་གསུངས་པ༌ན། ཕེ་ལིག་དོན་དེ་དག་ལ་འཇིགས་ཏེ་ན༌རེ། ཁྱེད་རང་གནས་སྐབས་སུ་ཕྱིར་ལོག༌དང༌། བདག་ལ་ཁོམ་ལོང་བྱུང་ན་ཁྱེད་ཉིད་ཡང་བསྐྱར་འབོད་པར་བྱའོ་ཞེས་སྨྲས་སོ།། 26ཡང་དུས་དེ་ལ་ཕེ་ལིག་གིས་ཕོལ་ལོལ་ལས་ལྐོག་རྔན་ལེན་པར་རེ་བ་བཅངས་པས་ཐེངས་མང་པོར་ཁོང་ཉིད་བོས་ནས་གླེང་མོལ་བྱས་སོ།། 27དེ་ནས་ལོ་གཉིས་འགོར༌རྗེས། ཕོར་ཀེའུ་ཨོ་ཕེ་ཏི་ཞེས་པ་ཕེ་ལིག་གི་ཚབ་ལ་སྤྱི་དཔོན་དུ་བསྐོས། འོན་ཀྱང་ཕེ་ལིག་གིས་ཡ་ཧུ་དཱ་པ་རྣམས་ཀྱི་ངོ་སོ་ལེན་པའི་ཕྱིར་ཕོལ་ལོལ་མ་བཏང་བར་བཙོན་དུ་བཞག༌གོ།

མཛད་པ 25

སྤྱི་དཔོན་ཕེ་ཏིའི་མདུན་དུ་ཕོལ་ལོལ་ལ་འདྲི་གཅོད་བྱས༌པ།

1དེ་ཡང་སྤྱི་དཔོན་ཕེ་ཏི་ཡུལ་ལྗོངས་དེར་སླེབས་ནས་ཉིན་གསུམ་གྱི་རྗེས༌སུ། ཀེ་སར་ཡཱ་ནས་ཡར་ཡེ་རུ་སཱ་ལེམ་དུ་སོང་བ༌དང༌། 2མཆོད་དཔོན་ཆེན་པོ་དག་དང་ཡ་ཧུ་དཱ་པའི་དཔོན་རིགས་རྣམས་ཀྱིས་ཁོ་ལ་ཕོལ་ལོལ་གཏུགས༌ཤིང༌། 3ཕོལ་ལོལ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་ཁྲིད་ཡོང་བར་རེ་བ་ཡང་ཡང་ཞུས། ཅིའི་ཕྱིར་ཞེ་ན། ཡ་ཧུ་དཱ་པའི་དཔོན་རིགས་དེ་དག་གིས་ལམ་བར་དུ་ཁོང་ཉིད་གསོད་པར་ལྐོག་འཇབ་བྱས་ཡོད་པའི་ཕྱིར༌ཡིན། 4འོན༌ཀྱང༌། ཕེ་ཏི་ན༌རེ། ཕོལ་ལོལ་བྱ་བ་ཀེ་སར་ཡཱ་ནས་བཙོན་ལ་བཅུག་ཡོད་ཅིང་ང་རང་ཅུང་མ་འགོར་བར་དེ་རུ་འགྲོ་བ་ཡིན། 5དེ་བས་ཁྱོད་རྣམས་ལས་མི་དབང་ཐང་ཅན་རྣམས་བདག་དང་མཉམ་དུ༌འགྲོའོ།། གལ་ཏེ་མི་དེ་ལ་ཉེས་སྐྱོན་ཡོད་ན་གཏུག་ཆོག་ཅེས་སྨྲས༌སོ།། 6དེ་ནས་ཕེ་ཏི་བྱ་བ་ཡེ་རུ་སཱ་ལེམ་དུ་ཉིན་བརྒྱད་ནས་བཅུ་ཙམ་ལ་བསྡད་པ་དང་མར་ཀེ་སར་ཡཱ་རུ་སོང༌ཞིང༌། དེའི་ཕྱི་ཉིན་ཁྲིམས་དཔོན་གྱི་ཁྲིའི་སྟེང་དུ་བཞུགས་ཤིང་ཕོལ་ལོལ་འཁྲིད་ཡོང་དགོས་པའི་བཀའ་གནང༌ངོ་།། 7ཕོལ་ལོལ་ཁྲིམས་ཁང་དུ་ཡོང་བ་དང་ཡེ་རུ་སཱ་ལེམ་ནས་མར་ཡོང་བའི་ཡ་ཧུ་དཱ་པ་རྣམས་ཀྱང་སླེབས་ཏེ། ཕོལ་ལོལ་གྱི་མཐའ་བསྐོར་ཞིང་དོན་རྐྱེན་ཚབས་ཆེན་མང་པོ་གླེང་ནས་ཁོང་ཉིད་གཏུགས་ནའང་བདེན་དཔང་བྱེད་མ་ནུས་སོ།། 8ཕོལ་ལོལ་གྱིས་དག་འབུད་བྱས་ནས་འདི་ལྟར་སྨྲས༌པ་སྟེ། ང་རང་ནི་ཡ་ཧུ་དཱ་པའི་བཀའ་ཁྲིམས༌དང༌། མཆོད༌ཁང༌། ཡང་ན་སེ་བཟིར་བཅས་གང་ལའང་འགལ་མ་མྱོང་ཞེས་པའོ།། 9འོན༌ཀྱང༌། ཕེ་ཏིས་ཡ་ཧུ་དཱ་པ་རྣམས་ཀྱི་ངོ་སོ་ལེན་པའི་ཕྱིར་ན༌རེ། ཁྱོད་རང་ཡར་ཡེ་རུ་སཱ་ལེམ་དུ་སོང༌ནས། བདག་གིས་ཁྱོད་ཀྱི་དོན་འདིར་ཁྲིམས་ཐག་བཅད་ན་ཁྱོད་རང་འཐད་པ་ཡིན་ནམ་ཞེས་དྲིས་པ༌དང༌། 10ཕོལ་ལོལ་གྱིས་འདི་སྐད༌དུ། ང་རང་ནི་སེ་བཟིར་གྱི་ཁྲིའི་མདུན་དུ་བསྡད་ཡོད༌ཅིང༌། འདི་ནི་བདག་ལ་འདྲི་གཅོད་བྱེད་འོས་པའི་གནས་ཀྱང༌ཡིན། ངས་ཡ་ཧུ་དཱ་པ་རྣམས་ལ་གནོད་པའི་བྱ་བ་ཅི་ཡང་བྱས་མ་མྱོང་བ་ཁྱེད་ཀྱིས་ཀྱང་གསལ་པོར་ཤེས༌པ་ཡིན་ནོ།། 11གལ་ཏེ་ང་རང་ཉེས་ཅན་ཡིན་པ་དང་ངས་སྲོག་ཆད་གཅོད་འོས་པའི་ཉེས་པ་གང་ཞིག་བྱས་ཡོད༌ན། ང་རང་འཆི་དགོས་ཀྱང་རང་སྲོག་ལ་འཛེམ་པར་མི༌བྱའོ།། གལ་ཏེ་ཁོ་རྣམས་ཀྱིས་ང་རང་གཏུགས་པའི་དོན་དེ་རྣམས་བདེན་པ་མ་ཡིན་ན་སུས་ཀྱང་ང་རང་ཁོ་རྣམས་ལ་སྤྲོད་མི་རུང༌སྟེ། ངས་ཀྱང་སེ་བཟིར་ལ་གཏུག་བཤེར་ཞུ་རྒྱུ་ཡིན་ཞེས་གསུངས༌ཤིང༌། 12ཕེ་ཏིས་རང་གི་གྲོས་ཚོགས་ཀྱི་མི་རྣམས་དང་གྲོས་བྱས་ཏེ་ན༌རེ། ཁྱོད་ཀྱིས་སེ་བཟིར་ལ་གཏུག་བཤེར་ཞུ་འདོད་ན་ཁོང་གི་དྲུང་དུ་འགྲོ་དགོས་ཞེས་སྨྲས༌སོ།།

སྤྱི་དཔོན་ཕེ་ཏི་དང་ས་གནས་རྒྱལ་པོ་ཨག་རི་པཱ་གཉིས་བར་གྱི་གླེང༌མོལ།

13དེ་ནས་ཉིན་ཁ་ཤས་འགོར༌རྗེས། ས་གནས་རྒྱལ་པོ་ཨག་རི་པཱ་དང་པུར་ནེ་ཀེ་གཉིས་ཀེ་སར་ཡཱ་རུ་ཕེབས་ཏེ་ཕེ་ཏི་ལ་འཚམས་འདྲི་བྱས༌ཤིང༌། 14ཁོ་གཉིས་ཉིན་མང་པོར་བཞུགས་པ་དང་ཕེ་ཏི་ཡིས་ཕོལ་ལོལ་གྱི་གནས་ཚུལ་ས་གནས་རྒྱལ་པོ་ལ་འདི་ལྟར་ཞུས་པ༌སྟེ། འདི་ན་ཕེ་ལིག་གིས་བཙོན་དུ་བཅུག་པའི་མི་ཞིག་ཡོད་པ༌དང༌། 15ང་རང་ཡེ་རུ་སཱ་ལེམ་དུ་སྡོད་པའི་དུས༌སུ། མཆོད་དཔོན་ཆེན་པོ་དག་དང་ཡ་ཧུ་དཱ་པའི་རྒན་པོ་རྣམས་ཀྱིས་མི་དེ་གཏུགས་ཤིང་ཁོ་རང་ལ་ཉེས་ཆད་གཅོད་པའི་རེ་བ་ཞུས། 16ངས་དེ་རྣམས་ལ་འདི་ལྟར་སྨྲས་པ༌སྟེ། མི་སུ་ཞིག་ཡིན་ཡང་གྱོད་ཡ་དང་གཏུག་མཁན་གཉིས་ཀྱིས་ཁ་རི་ཁ་ཐུག་ཏུ་ར་སྤྲོད་མ་བྱས་པ༌དང༌། རང་ཉིད་གཏུགས་པའི་དོན་དེར་དག་འབུད་བྱེད་པའི་གོ་སྐབས་མ་བྱུང་སྔོན༌དུ། མི་དེར་ཉེས་ཆད་གཅོད་པ་ནི་རོ་མཱ་པའི་སྲོལ་མིན་ཞེས་བཤད་པ༌ཡིན། 17དེ་ནས་གཏུག་མཁན་རྣམས་འདིར་སླེབས་པ་དང་ངས་དུས་འགྱངས་མ་བྱས༌པར། དེའི་ཕྱི་ཉིན་ང་རང་ཁྲིམས་དཔོན་གྱི་ཁྲིའི་སྟེང་དུ་བསྡད་ནས་མི་དེ་འཁྲིད་ཡོང་དགོས་པའི་བཀའ་བསྒོས་པ༌དང༌། 18གཏུག་མཁན་རྣམས་ཡར་ལངས་ཏེ་ཁོ་རང་གཏུགས༌ཤིང༌། དེ་རྣམས་ཀྱིས་གཏུགས་པའི་དོན་དེ་དག་ནི་ངས་ཚོད་དཔག་བྱས་པའི་ཉེས་པ་དེའི་རིགས་ནི་མིན་ནོ།། 19འོན༌ཀྱང༌། ཁོ་རྣམས་ཀྱི་བར་དུ་རང་གི་ཆོས་ལུགས་ཐད་ནས་རྩོད་པ༌འགའ་ཤས་བྱུང་བ་སྟེ། ཡེ་ཤུ་ཟེར་བའི་མི་ཞིག་ཡོད་པ་ཤི་ཟིན་ནའང་ཕོལ་ལོལ་གྱིས་དེ་གསོན་པོ་ཡིན་ཞེས་ཟེར། 20ངས་དོན་འདིའི་རིགས་ལ་ཇི་ལྟར་རྩད་གཅོད་བྱེད་པ་མ་ཤེས་པས་ཁོ་ལ་འདི་ལྟར་དྲིས༌པ་སྟེ། ཁྱོད་རང་ཡེ་རུ་སཱ་ལེམ་དུ་སོང་ནས་བདག་གིས་ཁྱོད་ཀྱི་དོན་འདི་ཐག་བཅད་ན་ཁྱོད་རང་འཐད་དམ་ཞེས༌པའོ།། 21འོན༌ཀྱང༌། ཕོལ་ལོལ་གྱིས་རང་ཉིད་འདི་རུ་བཙོན་དུ་བཅུག་ནས་བསྲུང་བ་དང་གོང་མ་རྒྱལ་པོས་ཁྲིམས་ཐག་གཅོད་པར་རེ་བ་ཞུས༌པས། ངས་ཀྱང་ཁོ་རང་སེ་བཟིར་གྱི་དྲུང་དུ་བསྐྱལ་བའི་བར་དུ་འདི་ནས་བཙོན་དུ་བཅུག་ནས་བསྲུང་དགོས་པའི་བཀའ་གནང་བ་ཡིན་ཞེས་སྨྲས་སོ།། 22དེ་ནས་ཨག་རི་པཱས་སྤྱི་དཔོན་ཕེ་ཏི༌ལ། ང་རང་ཡང་མི་འདིའི་གཏམ་ལ་མཉན་པར་དགའ་ཞེས་སྨྲས་པ༌དང༌། ཕེ་ཏི་ན༌རེ། དེས་ན་སང་ཉིན་ཁྱེད་ཀྱིས་ཀྱང་གསན་པར་འགྱུར་ཞེས་སྨྲས༌སོ།།

ཕོལ་ལོལ་རྒྱལ་པོ་ཨག་རི་པཱའི་དྲུང་དུ་ཁྲིད༌པ།

23དེའི་ཕྱི༌ཉིན། ཨག་རི་པཱ་དང་པུར་ནེ་ཀེ་གཉིས་བརྗིད་ཉམས་ཆེན་པོའི་ངང་ནས་ཕེབས༌ཤིང༌། སྟོང་དཔོན་དང་གྲོང་ཁྱེར་གྱི་སྐུ་དྲག་རྣམས་དང་མཉམ་དུ་ཚོགས་ཁང་དུ་ཕྱིན་པ༌དང༌། ཕེ་ཏིས་བཀའ་བསྒྲགས་པ་དང་ཕོལ་ལོལ་ཁྲིད་ཡོང༌བ་རེད། 24དེ་ནས་ཕེ་ཏི་ན༌རེ། འདིར་བཞུགས་པའི་རྒྱལ་པོ་ཨག་རི་པཱ་དང་སྐུ་ཞབས་རྣམ༌པ། ཁྱེད་ཅག་གིས་གཟིགས༌དང༌། མི་འདི་ནི་བདག་ལ་ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་ཡེ་རུ་སཱ་ལེམ་དང་གནས་འདི་ནས་ཁོ་རང་གསོན་པོར་བསྐྱུར་མི་རུང་ཞེས་ནན་ཞུ་བྱས་ཤིང་འུར་བརྒྱབ་པ་དེ་ཡིན། 25འོན༌ཀྱང༌། ངས་མི་འདིར་སྲོག་ཆད་གཅོད་འོས་པའི་ཉེས་པ་ཅི་ཡང་མ་རྙེད་པ༌དང༌། ཁོས་གོང་མ་རྒྱལ་པོ་ལ་གཏུག་བཤེར་ཞུ་རྒྱུ་ཡིན་ཞེས་སྨྲས༌པས། ངས་ཀྱང་ཁོ་རང་གོང་མ་རྒྱལ་པོའི་དྲུང་དུ་གཏོང་རྒྱུ་ཐག་གིས་བཅད་དོ།། 26བདག་ལ་མི་འདིའི་སྐོར་གྱི་གནས་ཚུལ་གསལ་པོ་ཞིག་ཡི་གེར་བཀོད་ནས་བདག་གི་རྗེ་བོར་འབུལ་རྒྱུ་མེད༌པས། ཁོ་རང་ཁྱེད་རྣམས་དང་ལྷག་པར་རྒྱལ་པོ་ཨག་རི་པཱ་ཁྱེད་ཀྱི་དྲུང་དུ་ཁྲིད་ཡོང༌ཞིང༌། དེ་ནི་མི་འདི་ལ་འདྲི་གཅོད་བྱས་རྗེས་ཡར་ཞུ་བྱེད་བདེ་བའི་ཆེད་དུ༌ཡིན། 27ངས་བལྟས་ན་བཙོན་པ་ཞིག་ལ་ཉེས་པ་ཅི་ཡོད་པ་མ་བསྟན་པར་གོང་མ་རྒྱལ་པོའི་དྲུང་དུ་ཁྲིད་པ་ནི་གནས་ལུགས་དང་མི་མཐུན་ཞེས་སྨྲས༌སོ།།

མཛད་པ 26

ཕོལ་ལོལ་གྱིས་རྒྱལ་པོ་ཨག་རི་པཱའི་དྲུང་དུ་རང་ལ་དག་འབུད་བྱས༌པ།

1དེ་ནས་ཨག་རི་པཱ་བྱ་བས་ཕོལ་ལོལ་ལ། ཁྱོད་ཀྱིས་རང་གི་རྒྱུ་མཚན་སྨོས་ཆོག་ཅེས་སྨྲས་པ༌དང༌། ཕོལ་ལོལ་གྱིས་ལག་བརྡ་བྱེད་བཞིན་དག་འབུད་བྱེད་པའི་གཏམ་འདི་ལྟར་སྨྲས༌པ། 2ཀྱེ། རྒྱལ་པོ་ཨག་རི་པཱ༌ལགས། ངས་དེ་རིང་གི་དུས་འདིར་ཡ་ཧུ་དཱ་པ་རྣམས་ཀྱིས་ང་རང་གཏུགས་པའི་དོན་དེ་ཐམས་ཅད་ཁྱེད་ཀྱི་དྲུང་དུ་དག་འབུད་བྱེད་ཐུབ་པ་ནི་དངོས་གནས་སྟབས་ལེགས༌པ་རེད། 3དེ་ལས་ཀྱང་ཤིན་ཏུ་ལེགས་པ་ནི་ཁྱེད་ཀྱིས་ཡ་ཧུ་དཱ་པའི་ལུགས་སྲོལ་དང་ཁོ་རྣམས་ཀྱི་རྩོད་གླེང་གི་ནང་དོན་ཡང་རྟོགས་པས་ཁྱེད་ཀྱིས་ཐུགས་མི་སུན་པར་བདག་ལ་གསན་རོགས༌ཞུ། 4ང་རང་ནི་ཆུང་དུས་ནས༌བཟུང༌། རང་ཡུལ་གྱི་མི་རྣམས་ཀྱི་ཁྲོད་དང་ཡེ་རུ་སཱ་ལེམ་དུ་སྤྱོད་ལམ་ག་འདྲ་ཡིན་པ་ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་ཤེས༌པ་ཡིན། 5གལ་ཏེ་ཁོ་རྣམས་ཀྱིས་བདེན་དཔང་བྱེད་འདོད༌ན། ང་ནི་སྔོན་ཆད་ངེད་ཅག་གི་ཆོས་ལུགས་ལྟར་ཆོས་ཁྲིམས་ཆེས་དམ་པོའི་ཕ་རུ་ཤི་པའི་གྲུབ་མཐར་ཞུགས་མྱོང་བ་རྟོགས་སོ།། 6ད་ལྟ་ངས་གནས་འདི་ནས་འདྲི་གཅོད་མྱོང་བ་ནི་དཀོན་མཆོག་གིས་བདག་ཅག་གི་ཕ་མེས་ལ་ཞལ་གྱིས་བཞེས་པར་རེ་སྨོན་བཅངས་པའི་ཕྱིར་ཡིན༌ཏེ། 7ངེད་ཅག་ཚོ་བ་བཅུ་གཉིས་ཐམས་ཅད་ཀྱིས་ཉིན་མཚན་ཀུན་ཏུ་འབད་པ་ལྷུར་ལེན་སྒོས་དཀོན་མཆོག་ལ་བསྙེན་བཀུར་བྱས་ནས་ཞལ་བཞེས་དེ་འཐོབ་པར་རེ་སྨོན་བྱེད། རྒྱལ་པོ༌ལགས། ཡ་ཧུ་དཱ་པས་ང་རང་གཏུགས་པ་ནི་རེ་སྨོན་འདིའི་རྐྱེན་ཡིན། 8དཀོན་མཆོག་གིས་གཤིན་པོ་རྣམས་སླར་གསོན་པར་མཛད་པའི་དོན་དེར་ཁྱོད་རྣམས་ཀྱིས་ཅིའི་ཕྱིར་ཡིད་རྟོན་མི་བྱེད་དམ། 9སྔོན་ཆད་ངས་ཀྱང་ཕྱོགས་གང་མང་ནས་ནཱ་ཙ་རེལ་གྱི་ཡེ་ཤུའི་མཚན་ལ་ངོ་རྒོལ་བྱ་འོས་པར་སྙམ༌ཞིང༌། 10ཡེ་རུ་སཱ་ལེམ་དུའང་དེ་ལྟར་བྱས་མྱོང༌སྟེ། མཆོད་དཔོན་ཆེན་པོ་རྣམས་ལས་དབང་ཆ་ཐོབ་པ་དང་དད་ལྡན་དམ་པ་མང་པོ་བཙོན་དུ་བཅུག་ཅིང་དེ་རྣམས་དམར་གསོད་བྱེད་པ་ལའང་ཡིད་འཐད་བྱུང་བ༌ཡིན། 11ངས་ཆོས་ཁང་སོ་སོ་ནས་ཐེངས་མང་པོར་ལུས་ཆད་བཅད་པ་དང་བཙན་ཤེད་ཀྱིས་དེ་རྣམས་ལ་གཙོ་བོ་ཡེ་ཤུར་སྐུར་འདེབས་ཀྱི་གཏམ་སྨྲ་བར་བསྐུལ་བ༌དང༌། ཡང་དད་ལྡན་དམ་པ་དེ་རྣམས་ལ་ཞེ་སྡང་གིས་སྤྱོས་ཤིང་ཕྱི་ཕྱོགས་ཀྱི་གྲོང་ཁྱེར་དག་ལ་དེད་ནས་སོང་མྱོང༌ངོ་།། 12སྐབས༌དེར། ངས་མཆོད་དཔོན་ཆེན་པོ་རྣམས་ཀྱི་དབང་ཆ་དང་བཀའ་དང་དུ་བླངས་ཏེ་དཱ་མེ་སེག་ཏུ་སོང་བ༌ཡིན། 13རྒྱལ་པོ་ལགས། ལམ་དུ་ཆས་པའི་ཉིན་གུང་གི་དུས༌སུ། ངས་ནམ་མཁའི་ཞིང་ཁམས་ནས་ཉི་མ་ལས་ཀྱང་ཤིན་ཏུ་གསལ་བའི་འོད་ཅིག་འཕྲོས་པ་མཐོང༌ཞིང༌། འོད་དེ་ང་དང་ངའི་ལམ་གྲོགས་རྣམས་ཀྱི་ཕྱོགས་བཞིར་ཤར་ཏོ།། 14དེ་མ་ཐག་ངེད་རྣམས་ས་རུ་འགྱེལ་བ་དང་ཨིབ་རིའི་མི་རིགས་ཀྱི་སྐད་ཀྱིས་བདག་ལ་འདི་སྐད༌དུ། ཀྱེ། སོ༌ལོ། སོ་ལོ། ཁྱོད་ཀྱིས་བདག་ལ་གནོད་འཚེ་བྱེད་དོན་ཅི་ཡིན༌ནམ། དབྱུག་པ་ལ་རྡོག་ཐོས་བརྒྱབ་ན་ཁྱོད་ཀྱིས་དཀའ་ཞེས་པའི་སྐད་སྒྲ་ཞིག་གྲགས་པ་ཐོས༌བྱུང་ངོ༌།། 15དེ་ནས་ངས་གཙོ་བོ༌ལགས། ཁྱེད་རང་སུ་ཡིན་ནམ་ཞེས་ཞུས་པ༌ན། གཙོ་བོས་འདི་སྐད༌དུ། བདག་ནི་ཁྱོད་ཀྱིས་གནོད་འཚེ་བྱེད་བཞིན་པའི་ཡེ་ཤུ་ཡིན། 16ཁྱོད་ཡར་ལངས་ནས་སྡོད༌ཅིག ང་རང་ཆེད་དུ་ཁྱོད་ལ་མངོན་པར་བྱེད༌དེ། ཁྱོད་ཀྱིས་བདག་ལ་ཞབས་ཕྱི་བྱེད་པ༌དང༌། ཁྱོད་ཀྱིས་མཐོང་བའི་དོན་འདི་དག༌དང༌། ངས་རྗེས་སུ་ཁྱོད་ལ་སྟོན་པར་འགྱུར་བའི་དོན་ཐམས་ཅད་ལ་བདེན་དཔང་བྱེད་པར་བསྐོ་བའི་ཕྱིར༌ཡིན། 17ཡང་ངས་ཁྱོད་རང་ཡ་ཧུ་དཱ་པ་དང་ཕྱི་ཕྱོགས་པ་རྣམས་ཀྱི་ལག་ནས་སྐྱོབ་ཅིང༌། ད་ལྟ་མི་དེ་རྣམས་ཀྱི་གམ་དུ་མངག་པར་བྱ༌སྟེ། 18ཁྱོད་ཀྱིས་མི་དེ་རྣམས་ཀྱི་མིག་འབྱེད་པའི་ཕྱིར༌རོ།། དེ་ནས་དེ་རྣམས་མུན་པ་ལས་འོད་སྣང་གི་ཕྱོགས་སུ་འཁོར་བ༌དང༌། བདུད་སཱ་ཏན་གྱི་དབང་འོག་ནས་དཀོན་མཆོག་གི་ཕྱོགས་སུ་བསྒྱུར་བ༌དང༌། སྡིག་པ་བསལ་བ༌དང༌། བདག་ལ་དད་པའི་སྒོ་ནས་དམ་པར་གྱུར་པའི་མི་རྣམས་དང་ལྷན་དུ་བགོ་སྐལ་འཐོབ་པར་འགྱུར་ཞེས་གསུངས་མྱོང་ངོ་།། 19རྒྱལ་པོ་ཨག་རི་པཱ༌ལགས། དེའི་ཕྱིར་ང་རང་ནམ་མཁའི་ཞིང་ཁམས་ལས་གནང་བའི་ཞལ་གཟིགས་དེ་དང་འགལ་མ་མྱོང༌། 20ངས་ཐོག་མར་དཱ་མེ་སེག་དང༌། ཕྱིས་སུ་ཡེ་རུ་སཱ་ལེམ༌དང༌། ཡ་ཧུ་དཱའི་ཡུལ་ཐམས་ཅད༌དང༌། གཞན་ཡང་ཕྱི་ཕྱོགས་པ་རྣམས་ལ་ཆོས་བསྒྲགས༌ཏེ། དེ་རྣམས་ཀྱིས་འགྱོད་བཤགས་བྱེད་དགོས་པ་དང་རང་སེམས་དཀོན་མཆོག་གི་ཕྱོགས་སུ་འཁོར་བ༌དང༌། འགྱོད་བཤགས་ཀྱི་སེམས་དང་མཐུན་པའི་ལས་བྱེད་པར་བསྐུལ་ལོ།། 21དེའི༌ཕྱིར། ཡ་ཧུ་དཱ་པ་རྣམས་ཀྱིས་ང་རང་མཆོད་ཁང་གི་ནང་དུ་སྡོད་དུས་བཟུང་ཞིང་གསོད་པར་བརྩམས་མོད། 22འོན༌ཀྱང༌། དཀོན་མཆོག་གིས་ང་རང་སྐྱབས་སུ་བཟུང་བས་དེ་རིང་གི་བར་དུ་བདག་ནི་གསོན་པོར་བསྡད་ཡོད་པ་དང་མི་མཐོ་དམན་རྒན་གཞོན་ཀུན་ལ་བདེན་དཔང་བྱེད་པ༌ཡིན། ངས་ལུང་སྟོན་པ་རྣམས་དང་མོ་ཤེ་ཡིས་གསུངས་པ་ལྟར་རྗེས་སུ་འབྱུང་ངེས་པའི་དོན་དེ་ཁོ་ན་སྨྲས་པ་ཡིན༌ལ། 23དེ་ནི་སྐྱབས་མགོན་མཱ་ཤི་ཀས་སྡུག་བསྔལ་མྱང་དགོས་པ་དང་ཁོང་ནི་གྲོངས་པ་ནས་སླར་གསོན་པའི་ཐོག་མའང་ཡིན༌ཏེ། འོད་ཟེར་དང་ལྡན་པའི་བཀའ་དེ་ཡ་ཧུ་དཱ་པ་དང་ཕྱི་ཕྱོགས་པ་རྣམས་ལ་སྒྲོག་པར་འགྱུར་བ་དེ་ཡིན་ཞེས་གསུངས༌སོ།། 24དེ་ནས་ཕོལ་ལོལ་གྱིས་དེ་ལྟར་དག་འབུད་བྱས་པ༌ལ། ཕེ་ཏིས་སྐད་ཆེན༌པོས། ཕོལ་ལོལ་ཁྱོད་རང་སྨྱོས་པ་མིན༌ནམ། ཁྱོད་ལ་ཡོན་ཏན་མང་དྲགས་པས་ཁྱོད་རང་སྨྱོས་པ་རེད་ཅེས་སྨྲས་པ༌དང༌། 25ཡང་ཕོལ་ལོལ་གྱིས་འདི་སྐད༌དུ། གུས་པར་འོས་པའི་སྤྱི་དཔོན་ཕེ་ཏི༌ལགས། ང་རང་སྨྱོས་པ་མིན༌ཏེ། ངས་བདེན་གཏམ་གསལ་པོར་སྨྲས་པ་ཡིན། 26རྒྱལ་པོ་ཁོང་གིས་ཀྱང་དོན་འདི་དག་རྟོགས་པས་ངས་སྙིང་སྟོབས་བསྐྱེད་ནས་འཛེམ་བག་མེད་པར་ཁོང་ལ་ཞུས་པ༌ཡིན། དོན་འདི་ཐམས་ཅད་ལྐོག་ཏུ་བསྒྲུབས་པ་མ་ཡིན་པས་རྒྱལ་པོ་ཁོང་ལ་སྦ་གསང་བྱས་པ་གཅིག་ཀྱང་མེད་པར་ང་རང་ཡིད་ཆེས༌ཟབ་མོ་ཡོད། 27རྒྱལ་པོ་ཨག་རི་པཱ༌ལགས། ཁྱེད་རང་ལུང་སྟོན་པ་རྣམས་ལ་ཡིད་ཆེས༌སམ། ཁྱེད་རང་ཡིད་ཆེས་པ་བདག་གིས་ཤེས་ཞེས་གསུངས༌སོ།། 28ཡང་ཨག་རི་པཱ་ན༌རེ། ཁྱོད་ཀྱིས་དུས་ཐུང་ངུ་ལ་བསྐུལ་བ་ཙམ་གྱིས་ང་རང་མཱ་ཤི་ཀ་པ་ཞིག་ཏུ་འགྱུར་འདོད་དམ་ཞེས་སྨྲས་པ༌ལ། 29ཡང་ཕོལ་ལོལ་གྱིས་འདི་སྐད༌དུ། དུས་རིང་ཐུང་ཅི་ཙམ་ལ་བསྐུལ་ནའང་བདག་གིས་དཀོན་མཆོག་ལ་གསོལ་བ་འདེབས་པ་ནི་ཁྱེད་ཁོ་ནའི་ཆེད་དུ་མ་ཡིན༌པར། དེ་རིང་བདག་གི་གཏམ་ལ་ཉན་པ་ཐམས་ཅད་ཀྱི་ཆེད་དུ་ཡིན༌ཏེ། ཁྱོད་རྣམས་ལ་བདག་ལྟར་དུ་ལྕགས་སྒྲོག་མི་རྒྱག་པ་ལས་གཞན། བདག་དང་འདྲ་བར་འགྱུར་ངེས་ཡིན་ཞེས་གསུངས༌སོ།། 30དེ་ནས་ས་གནས་རྒྱལ་པོ་དང་སྤྱི་དཔོན། གཞན་ཡང་པུར་ནེ་ཀེ་དང་མཉམ་དུ་སྡོད་པའི་མི་ཐམས་ཅད་ཡར་ལངས༌ཏེ། 31ཟུར་དུ་བུད་ནས་ཕན་ཚུན་ལ་ན༌རེ། མི་འདིས་བཙོན་དུ་སྦྱོར་བ་དང་གསོད་དགོས་པའི་ཉེས་པ་གང་ཡང་བྱས་མེད་ཅེས་སྨྲས་སོ།། 32དེ་ནས་ཨག་རི་པཱ་བྱ་བས་ཕེ་ཏི་ལ་འདི་ལྟར༌སྨྲས་པ། གལ་ཏེ་མི་འདིས་སེ་བཟིར་ལ་གཏུག་བཤེར་མ་ཞུས་ན་བཙོན་གྲོལ་བཏང་ཆོག་ཅེས་པའོ།།

མཛད་པ 27

ཕོལ་ལོལ་ཁོང་ཉིད་རོ་མཱ་གྲོང་ཁྱེར་དུ་ཁྲིད༌པ།

1དེ་ནས་ཕེ་ཏི་ཡིས་ངེད་རྣམས་གྲུ་གཟིངས་ལ་བསྡད་ནས་ཨི་ཏ་ལི་ཡུལ་དུ་འགྲོ་རུ་འཇུག་པར་ཐག་གིས་བཅད་པ༌ན། ཕོལ་ལོལ་དང་བཙོན་པ་གཞན་རྣམས་སེ་བཟིར་རྒྱལ་པོའི་དམག་དཔུང་གི་བརྒྱ་དཔོན་ཡུ་ལི་ཞེས་པ་ལ་སྤྲད་དོ།། 2དེ་ཡང་ཨ་དྲ་མིད་ཅེས་པའི་གྲུ་ཁ་ནས་ཡོང་བའི་གྲུ་གཟིངས་ཤིག་ཨེ་ཞི་ཡཱ་ཡུལ་གྱི་མཚོ་འགྲམ་གྱི་གནས་རྣམས་བརྒྱུད་ནས་བསྐྱོད་པ༌ལ། ངེད་རྣམས་ཀྱང་གྲུ་དེར་བསྡད་ནས་འགྲོ་བར་བརྩམས་ཤིང་མ་ཀེ་དོན་ཡཱ་ཡུལ་གྱི་ཐེ་སཱ་ལོ་ནེ་ཀེ་གྲོང་ཁྱེར་གྱི་ཨ་རི་སྟར་ཀུའང་ངེད་ཅག་དང་མཉམ་དུ་ཕྱིན་ཏོ།། 3དེའི་ཕྱི༌ཉིན། ཚི་ཏུན་དུ་སླེབས་པ་དང་ཡུ་ལི་བྱ་བས་ཕོལ་ལོལ་གུ་ཡངས་བཏང༌སྟེ། ཁོང་ཉིད་རང་གི་གྲོགས་པོའི་གམ་དུ་བདག་སྐྱོང་འཐོབ་པའི་ཕྱིར་འགྲོ་ཆོག་པར་བྱས་པ་ཡིན། 4ཡང་དེ་ནས་གྲུ་གཟིངས་ལ་བསྡད་དེ་འགྲོ་བར་བརྩམས་པ༌ལ། ལྡོག་རླུང་དང་འཕྲད་པས་ཀིབ་རིས་ཀྱི་མཚོ་སྐྱིབས་བརྒྱུད་ནས་སོང༌ངོ་།། 5དེ་ནས་ཀི་ལིག་ཡཱ་དང་ཕཱམ་ཕིལ་ཡ་ཡུལ་གཉིས་ཀྱི་མདུན་ཕྱོགས་ཀྱི་རྒྱ་མཚོ་བརྒལ་ནས་ལིག་ཡཱ་ཡུལ་གྱི་མུ་ར་བྱ་བར་སླེབས༌ཤིང༌། 6གནས་དེ་ནས་བརྒྱ་དཔོན་གྱིས་ཨི་ཏ་ལི་ཡུལ་དུ་འགྲོ་བའི་ཨ་ལིག་སན་དྲི་ཡཱ་ཡི་གྲུ་གཟིངས་ཤིག་རྙེད་ཅིང་ངེད་རྣམས་ཀྱང་གྲུ་དེར་སྡོད་དུ་བཅུག་གོ། 7དེ་ནས་ཉིན་མང་པོར་གྲུ་གཟིངས་དལ་གྱིས་བསྐྱོད་ཅིང་དཀའ་ཚེགས་ཀྱི་ངང་ནས་ཀེ་ནེ་ཏི་ཡི་མདུན་ཕྱོགས་སུ་སླེབས་པ༌དང༌། ཡང་མཚོ་རླུང་གི་བཀག་རྒྱ་ཐེབས་ཏེ་མདུན་དུ་འགྲོ་མ་ནུས༌པས། ཀཱ་རེ་ཏ་གླིང་ཕྲན་གྱི་མཚོ་སྐྱིབས་བརྒྱུད་ནས་སོང་བ༌དང་། སཱལ་མོ་ནེ་ཕར་ཕྱོགས་སུ་སྐྱོད་ཅིང་། 8ངེད་རྣམས་ཀྱང་དཀའ་ཚེགས་ངང་མཚོ་འགྲམ་བརྒྱུད་ནས་སོང་བ༌དང༌། གྲོང་ཁྱེར་ལཱ་ས་ཡ་དང་ཉེ་བའི་བདེ་ཅན་ཞེས་པའི་གྲུ་ཁར་སླེབས་སོ།། 9དེ་ལྟར་དུས་ཡུན་རིང་པོ་འགོར་བ་དང་སྨྱུང་གནས་དུས་ཆེན་གྱི་ཉིན་ཡང་སྔར་ནས་བརྒལ་བ༌དང༌། གྲུ་གཟིངས་བསྐྱོད་པ་ལའང་ཉེན་ཁ་ཡོད་པས་ཕོལ་ལོལ་གྱིས་མི་རྣམས་ལ་འདི་ལྟར་བསྐུལ་བ་སྟེ། 10རྣམ་པ་ཚོ། ཐེངས་འདིར་གྲུ་གཟིངས་བསྐྱོད་པ་ལ་ཉེན་ཁ་ཆེ༌སྟེ། ཚོང་རྫས་དང་གྲུ་གཟིངས་ལ་གྱོང་གུད་དང་གཏོར་བཤིག་ཐེབས་ངེས༌ཤིང༌། ཐ་ན་བདག་ཅག་གི་ཚེ་སྲོག་ལའང་བར་ཆད་འབྱུང་ངེས་པར་བསམ་ཞེས་སྨྲས༌མོད། 11འོན་ཀྱང་བརྒྱ་དཔོན་ནི་གྲུ་གཟིངས་གཏོང་མཁན་དང་གྲུ་བདག་ལ་ཡིད་ཆེས་པ་ལས་ཕོལ་ལོལ་གྱི་གསུང་ལ་ཡིད་མ་ཆེས། 12གྲུ་ཁ་འདི་ནས་དགུན་བསྐྱལ་ན་མི་ལེགས་པས་གྲུ་གཟིངས་ནང་གི་མི་མང་ཤོས་ན༌རེ། ཅི་ལྕོགས་ཀྱིས་གནས་འདི་དང་ཁ་བྲལ་ནས་ཕེ་ནིག་ཅེས་པའི་གྲུ་ཁར་སོང་ན་ལེགས་ཞེས་གཏམ༌སྨྲས། ཕེ་ནིག་ཅེས་པ་ནི་ཀཱ་རེ་ཏ་ཡི་གྲུ་ཁ་ཞིག་སྟེ་སྣེ་མོ་གཅིག་ནི་ལྷོ་ནུབ་ཀྱི་མཚམས་དང་གཅིག་ནི་ནུབ་བྱང་གི་ཕྱོགས་སུ་འཁོར་ཡོད༌དོ།།

རླུང་ཆེན་ལ་འཕྲད་པའི༌ཚུལ།

13དུས༌དེར། ལྷོ་རླུང་དལ་གྱིས་ལྡང་བ་དང་ཁོ་རྣམས་ཀྱིས་བསམ་དོན་གྲུབ་བོ་སྙམ༌སྟེ། གཏིང་རྡོ་བླངས་ནས་ཀཱ་རེ་ཏ་ཡི་ཉེ་སར་འགྲོ་བཞིན་ཡོད་དོ།། 14དེ་ནས་ཅུང་མ་འགོར་བར་གླིང་ཕྲན་གྱི་ངོས་ནས་ཨེའུ་ར་ཀི་ལོ་ཞེས་པའི་ཤར་བྱང་གི་དྲག་རླུང་གཡུགས་སོ།། 15ཡང་གྲུ་གཟིངས་རླུང་ཆེན་དྲག་པོའི་དབང་དུ་སོང་བ༌དང༌། རླུང་གི་ཕྱོགས་སུ་གྲུ་ལ་ཁ་ལོ་བསྒྱུར་མ་ནུས་པས་རླུང་གིས་གང་སར་དེད་དོ།། 16དེ་ནས་ཀོ་ཏཱ་ཞེས་པའི་གླིང་ཕྲན་ཆུང་ངུ་ཞིག་གི་མཚོ་སྐྱིབས་སུ་ཁུར་ཞིང་། གྲུ་གཟིངས་ཀྱི་རྗེས་སུ་དྲུད་པའི་གྲུ་ཆུང་ཡང་དཀའ་ཚེགས་ངང་འཛིན་ཐུབ་པ་བྱུང་། 17གྲུ་ཆུང་བླངས་པའི་རྗེས་སུ་གྲུ་ཆེན་གྱི་ཞབས་ཐག་པས་བསྡམས་པ༌དང༌། ཡང་སིར་ཏི་ཞེས་པའི་མཚོ་ཞབས་ཀྱི་བྱེ་འདམ་དུ་གྲུ་གཟིངས་ཟུག་པར་དོགས་ནས་གཡོར་མོ་མར་ཕབ་སྟེ་གྲུ་གཟིངས་གང་སར་བསྐྱོད་དུ་བཅུག་གོ། 18དེའི་ཕྱི༌ཉིན། རླུང་ཆེན་དྲག་པོས་གྲུ་གཟིངས་ཡོམ་ཡོམ་དུ་གཡུགས༌པས། མི་རྣམས་ཀྱིས་ཚོང་རྫས་མཚོ་ནང་དུ་འཕང་བར་བརྩམས་པ༌དང༌། 19ཉིན་གསུམ་པར་ཡང་ཁོ་རྣམས་ཀྱིས་གྲུ་གཟིངས་སྟེང་གི་ཡོ་བྱད་རྣམས་ཀྱང་དངོས་སུ་མཚོ་ནང་དུ་འཕངས་དགོས་བྱུང་། 20དེ་ལྟར་ཉི་མ་དང་སྐར་མ་མ་མཐོང་བར་ཉིན་མང་པོ་འགོར་བ་དང་རླུང་འཚུབ་དྲག་པོས་ཀྱང་ངེད་རྣམས་སྡུག་ལ་སྦྱར་བས་སྲོག་ཐར་བའི་རེ་བ་ཡོངས་སུ་ཟད་དོ།། 21དེ་ནས་མི་རྣམས་ཀྱིས་ཉིན་མང་པོར་བཟའ་བཏུང་ཡང་སྤྱད་མེད༌པས། ཕོལ་ལོལ་དེ་དག་གི་དཀྱིལ་ནས་ཡར་ལངས་ཏེ་འདི་སྐད༌དུ། རྣམ་པ་ཚོ། ཁྱོད་རྣམས་ཀྱིས་སྔར་ནས་བདག་གི་གཏམ་ལ་མཉན༌ཏེ། ཀཱ་རེ་ཏ་རུ་བསྡད་པ་ཡིན་ན་འདི་ལྟ་བུའི་གྱོང་གུད་དང་གཏོར་བཤིག་བྱུང་མེད་དོ།། 22ངས་ད་ལྟའང་ཁྱོད་རྣམས་ཀྱི་སེམས་བདེ་བར་བསྐུལ༌ཏེ། གྲུ་གཟིངས་ཁོ་ན་མ་གཏོགས་ཁྱོད་རྣམས་ཀྱི་ཚེ་སྲོག་གཅིག་ཀྱང་འཆོར་བར་མི་འགྱུར། 23ཅིའི་ཕྱིར་ཞེ་ན། བདག་ནི་དཀོན་མཆོག་ལ་གཏོགས་པ་དང་ངས་ཁོང་ལ་བསྙེན་བཀུར་བྱེད༌ཅིང༌། ཁོང་གི་ཕོ་ཉ་ཞིག་མདང་དགོང་བདག་གི་གམ་དུ་ཕེབས་ཏེ་འདི་སྐད༌དུ། 24ཕོལ་ལོལ་ཁྱོད་རང་འཇིགས་མི་དགོས༌ཏེ། ཁྱོད་རང་ཅིས་ཀྱང་སེ་བཟིར་གྱི་མདུན་དུ་ལངས་དགོས་པ་ཡིན། ལྟོས༌དང༌། ཁྱོད་དང་མཉམ་དུ་གྲུ་གཟིངས་ནང་དུ་ཡོད་པའི་མི་ཐམས་ཅད་ཀྱང་དཀོན་མཆོག་གིས་སྐྱོབ་པར་མཛད་ཅེས་གསུངས་པའི་ཕྱིར༌རོ།། 25དེའི༌ཕྱིར། ཁྱོད་རྣམས་ཀྱི་སེམས་བདེ་བར༌གྱིས། དཀོན་མཆོག་གིས་བདག་ལ་ཇི་ལྟར་གསུངས་པ་དེ་ལྟར་འགྲུབ་པར་མཛད་པ་ལ་ང་རང་ཡིད་ཆེས༌པ་ཡིན། 26འོན༌ཀྱང༌། བདག་ཅག་གི་གྲུ་འདི་ངེས་པར་གླིང་ཕྲན་ཞིག་ལ་ཐོགས་པར་འགྱུར་ཞེས་གསུངས༌སོ།།

གྲུ་གཟིངས་ཆག་གྲུམ་བྱུང་བ།

27རླུང་ཆེན་གཡུགས་ནས་ཉིན་བཅུ་བཞི་པའི་མཚན་མོ་དེར་གྲུ་གཟིངས་ཀྱང་ཨ་དྲི་ཡཱ་རྒྱ་མཚོའི་སྟེང་ནས་ཡོམ་ཡོམ་དུ་འགུལ་ཏོ།། ནམ་ཕྱེད་ཙམ་ལ་གྲུ་པ་དག་གིས་སྐམ་ས་དང་ཉེ་བར་སླེབས་པ་རེད་སྙམ༌སྟེ། 28རྒྱ་མཚོའི་ཟབ་ཚད་འཇལ་བ་ན་འདོམ་ཉི་ཤུ་ཡོད་པ༌དང༌། ཡང་གྲུ་གཟིངས་ཅུང་ཙམ་མདུན་དུ་བསྐྱོད་པ་དང་ཟབ་ཚད་འཇལ་བ་ན་འདོམ་བཅོ་ལྔ་ཡོད་པ་ཤེས༌ཏེ། 29གྲུ་གཟིངས་རྡོ་ཕ་བོང་ལ་ཐོགས་པར་འཇིགས་ཏེ་གྲུའི་མཇུག་ནས་གཏིང་རྡོ་བཞི་མཚོ་ནང་དུ་འཕངས་རྗེས་ནམ་ལངས་པར་རེ་སྒུག་བྱས་སོ།། 30དེ་ནས་གྲུ་པ་རྣམས་གྲུ་གཟིངས་ལས་འབྲོ་བར་བསམས༌ཏེ། གྲུ་ཆུང་ཞིག་མཚོ་ནང་དུ་དཔྱངས་ཤིང་གྲུའི་མགོ་ནས་ཀྱང་གཏིང་རྡོ་འགའ་འཕེན་ཁུལ་བྱས་པ༌ལ། 31ཕོལ་ལོལ་གྱིས་བརྒྱ་དཔོན་དང་དམག་མི་རྣམས་ལ་འདི་སྐད༌དུ། གལ་ཏེ་མི་འདི་རྣམས་གྲུ་གཟིངས་ཀྱི་སྟེང་ནས་མ་བསྡད༌ན། ཁྱོད་ཅག་སུའང་ཉེན་ཁ་ལས་ཐར་མི་ཐུབ་ཅེས་གསུངས༌པས། 32དམག་མི་རྣམས་ཀྱིས་གྲུ་ཆུང་གི་ཐག་པ་བཅད་དེ་ཆུར་བཏང༌ངོ༌།། 33དེ་ནས་སྐྱ་རེངས་ཤར་བའི་དུས༌སུ། ཕོལ་ལོལ་གྱིས་མི་ཀུན་ལ་བཟའ་བཏུང་སྤྱོད་འོས་ཚུལ་འདི་ལྟར་བསྐུལ་བ་སྟེ། ཁྱོད་རྣམས་བཀྲེས་ཤིང་ལྟོགས་ནའང་སེམས་ཁྲལ་བྱས་ནས་བཟའ་བཏུང་མ་སྤྱད་པར་ཉིན་བཅུ་བཞི་སོང༌། 34དེའི༌ཕྱིར། ངས་ཁྱོད་རྣམས་ལ་བཟའ་བཏུང་སྤྱོད་པར་བསྐུལ༌ཏེ། འདི་ནི་ཁྱོད་ཅག་གི་སྲོག་སྐྱོབ་པའི་ཕྱིར་ཡིན། རྒྱུ་མཚན་ནི་ཁྱོད་ཅག་གི་སྐྲའི་ཉག་མ་གཅིག་ལའང་གནོད་པ་མི་འབྱུང་ཞེས་གསུངས་སོ།། 35ཕོལ་ལོལ་གྱིས་དེ་སྐད་གསུངས་པ་དང་བག་ལེབ་ཅིག་བླངས་ཏེ། མི་རྣམས་ཀྱི་མདུན་ནས་དཀོན་མཆོག་ལ་བཀའ་དྲིན་ཞུས་ཤིང་དུམ་བུར་བྱས་ནས་ཟོས་པ༌དང༌། 36མི་ཐམས་ཅད་ཀྱང་སེམས་བདེ་བར་གྱུར་ཏེ་བག་ལེབ་ཟོས། 37ངེད་ཅག་གི་གྲུ་གཟིངས་ནང་དུ་བསྡོམས་པས་མི་ཉིས་བརྒྱ་དང་བདུན་ཅུ་དོན་དྲུག་ཡོད༌ཅིང༌། 38ཁོ་རྣམས་ཀྱི་ལྟོ་བ་འགྲངས་རྗེས་གྲུ་གཟིངས་ཇེ་ཡང་དུ་གཏོང༌ཆེད། གྲུ་གཟིངས་ནང་གི་གྲོ་ནི་རྒྱ་མཚོའི་ནང་དུ་འཕངས་སོ།། 39དེ་ནས་ནམ་ལངས་པ་ན་ཁོ་རྣམས་ཀྱིས་གནས་དེ་གང་ཡིན་མ་ཤེས་ཀྱང་བྱེ་མ་ཡོད་པའི་མཚོ་ཁུག་ཅིག་མཐོང་བ༌དང༌། གྲུ་གཟིངས་དེ་རུ་བསྐྱོད་ཐུབ་མིན་ལ་བལྟ་བར་གྲོས་བྱས་ཏེ་ཐག་བཅད་དོ།། 40དེ་ནས་གཏིང་རྡོ་དག་བཀྲོལ་ནས་མཚོ་ནང་དུ་བསྐྱུར་བ་དང་མཉམ༌དུ། གྲུ་སྐྱའི་ཐག་པ་ལྷོད་ཅིང་གཡོར་མོ་བསྒྲེངས་ཏེ་རླུང་དང་བསྟུན་ནས་མཚོ་འགྲམ་གྱི་ཕྱོགས་སུ་བསྐྱོད་དོ།། 41འོན༌ཀྱང༌། གློ་བུར་ཉིད་ལ་ཆུ་འཁོར་གཉིས་ཀྱི་བར་དུ་གྲུ་གཟིངས་བྱེ་འདམ་ནང་དུ་ཟུག་སྟེ། གྲུ་མགོ་འགུལ་རྒྱུ་མེད་པར་གྱུར་ཅིང་གྲུ་མཇུག་མཚོ་རླབས་དྲག་པོས་གཏོར་རོ།། 42དེ་ནས་བཙོན་པ་རྣམས་ཆུ་ལ་རྐྱལ་ནས་འབྲོ་བར་དོགས་ཏེ་དམག་མི་རྣམས་ཀྱིས་དེ་དག་གསོད་དགོས་པར་སྙམ་མོད། 43འོན༌ཀྱང༌། བརྒྱ་དཔོན་གྱིས་ཕོལ་ལོལ་སྐྱོབ་བསམས་ནས་དམག་མི་དག་གི་ལྟ་ཚུལ་བཀག་སྟེ། ཆུ་ལ་རྐྱལ་ཤེས་པ་རྣམས་སྔོན་ལ་ཆུའི་ནང་དུ་མཆོངས་ནས་སྐམ་སར་འགྲོ་བ༌དང༌། 44གཞན་རྣམས་ཤིང་ལེབ་དང་གྲུའི་སྟེང་གི་བཀོལ་ཐུབ་པའི་དངོས་པོ་རྩག་རྩིག་ལ་བརྟེན་ནས་སྐམ་སར་འགྲོ་དགོས་པའི་བཀའ་གནང༌བས། ངེད་ཐམས་ཅད་དེ་ལྟར་ཉེན་ཁ་ལས་ཐར་ཏེ་སྐམ་སར་སོང༌ངོ༌།།

མཛད་པ 28

ཕོལ་ལོལ་དང་བཅས་པ་མཱལ་ཏ་གླིང་ཕྲན་དུ་འབྱོར༌བ།

1ངེད་རྣམས་ཉེན་ཁ་ལས་ཐར་བ་དང་ད་གཟོད་གླིང་ཕྲན་དེའི་མིང་ལ་མཱལ་ཏ་ཞེས་ཟེར་བ་ཤེས་སོ།། 2གླིང་ཕྲན་དེའི་ཡུལ་མི་རྣམས་ཀྱིས་ངེད་ཅག་ལ་དགའ་བསུ་ཆེན་པོ༌བྱས་ཤིང་། དུས༌དེར། ཆར་བ་བབས་པ་དང་གནམ་གཤིས་ཀྱང་འཁྱགས་པས་མི་དེ་རྣམས་ཀྱིས་མེ་སྦར་ནས་ངེད་ཅག་ལ་སྣེ་ལེན་བྱས་སོ།། 3སྐབས༌དེར། ཕོལ་ལོལ་གྱིས་མེ་ཤིང་ཕོན་པོ་ཞིག་བླངས་ནས་མེའི་སྟེང་དུ་བཞག་པ་དང་། དུག་སྦྲུལ་ཞིག་ཚ་བས་མ་བཟོད་པར་ཕྱིར་ཐོན་ཏེ་ཁོང་གི་ཕྱག་ལ་སོ་བཏབ་ནས་འབྱར་བ་རེད། 4ཡུལ་མི་རྣམས་ཀྱིས་དུག་སྦྲུལ་དེ་ཁོང་གི་ཕྱག་ནས་མར་དཔྱངས་ཡོད་པ་མཐོང་སྟེ་ཕན་ཚུན་ལ་ན༌རེ། མི་འདི་ནི་ལག་དམར་ཞིག་ཡིན་པར་གདོན་མི་ཟ༌སྟེ། ཁོ་རང་རྒྱ་མཚོ་ལས་ཐར་ནའང་བདེན་ལུགས་ཀྱིས་ཁོ་རང་གསོན་དུ་མི་འཇུག་ཅེས་སྨྲས་སོ།། 5འོན༌ཀྱང༌། ཕོལ་ལོལ་གྱིས་དུག་སྦྲུལ་དེ་མེའི་ནང་དུ་གཡུགས་ཤིང་རང་ལ་གནོད་པ་ཅི་ཡང་མ་བྱུང༌བ་རེད། 6ཡུལ་མི་རྣམས་ཀྱིས་ཁོང་གི་ལུས་པོ་སྐྲངས༌པའམ། ཡང་ན་གློ་བུར་དུ་ས་ལ་འགྱེལ་ནས་འཆི་ངེས་པར་སྙམ༌ཞིང༌། ཡུན་རིང་ལ་བལྟས་ཀྱང་ཁོང་ལ་གནོད་པ་ཅི་ཡང་མེད་པ་མཐོང༌རྗེས། བློ་འགྱུར་ནས་ཁོང་ནི་ལྷ་ཞིག་རེད་ཅེས་སྨྲས་སོ།། 7གནས་དེ་དང་ཐག་མི་རིང་བའི་ས༌ན། གླིང་ཕྲན་འདིའི་དཔོན་པོ་ཕུབ་ལེ་ཨོ་བྱ་བའི་ས་ཞིང་ཞིག་ཡོད༌ཅིང༌། ཁོས་ངེད་ཅག་བསུས་ཏེ་ཉིན་གསུམ་ལ་སྣེ་ལེན་གཟབ་རྒྱས་བྱས་པ་ཡིན། 8དུས༌དེར། ཕུབ་ལེ་ཨོའི་ཕ་ལ་ཚ་ནད་དང་བཤལ་ནད་བྱུང་སྟེ་ཉལ་ཡོད༌པས། ཕོལ་ལོལ་ཁྱིམ་ནང་དུ་ཕེབས་ནས་དཀོན་མཆོག་ལ་གསོལ་བ་བཏབ༌ཅིང༌། ཁོའི་ལུས་ལ་ཕྱག་ཟུང་བཞག་སྟེ་ནད་གསོས་སོ།། 9དེ་ནས་གླིང་ཕྲན་སྟེང་གི་ནད་པ་གཞན་རྣམས་ཀྱང་ཡོང་བ་དང་ནད་ལས་ཐར་བ་རེད། 10མི་དེ་རྣམས་ཀྱིས་གང་ཅིའི་ཐད་ནས་ངེད་ཅག་ལ་གུས་པ་བྱས་ཤིང༌། གྲུ་གཟིངས་སྐྱོད་རན་པའི་དུས་སུའང་ངེད་ཅག་ལ་མཁོ་བ་ཐམས་ཅད་གྲུའི་ནང་དུ་བསྐྱལ་ཡོང༌ངོ༌།།

རོ་མཱ་གྲོང་ཁྱེར་དུ་སླེབས༌པ།

11དེ་ནས་ཟླ་བ་གསུམ་འགོར༌རྗེས། ངེད་རྣམས་ཨ་ལིག་སན་དྲི་ཡཱ་ཡི་གྲུ་གཟིངས་ལ་བསྡད་དེ་སོང་བ་ཡིན། གྲུ་དེའི་གྲུ་མགོར་ལྷའི་བུ་མཚེ་མ་ཞེས་པའི་རྟགས་བཀོད༌ཡོད། དགུན་ཁར་གྲུ་གཟིངས་དེ་གླིང་ཕྲན་འདི་རུ་བསྡད་ཅིང་། 12དེ་ནས་སི་ར་ཀུར་སླེབས་ནས་ཉིན་གསུམ་ལ་བསྡད་དོ།། 13ཡང་དེ་ནས་མཚོ་ལམ་བརྒྱུད་དེ་རཱ་ག་ཨུམ་དུ་སླེབས་ནས་ཉིན་གཅིག་ལ་བསྡད་པ་དང་ལྷོ་རླུང་གཡུགས༌པས། དེའི་ཕྱི༌ཉིན་ཕུ་ཏོ་ལེ་རུ་ཕྱིན་པ་རེད། 14གནས་དེར་སྤུན་ཟླ་རྣམས་དང་ཕྲད་ཅིང་ཁོ་རྣམས་ཀྱི་གདན་ཞུ༌ལྟར། ངེད་རྣམས་ཉིན་བདུན་ལ་ཁོ་རྣམས་དང་མཉམ་དུ་བསྡད་རྗེས་རོ་མཱ་ཡི་ལམ་ལ་ཆས་སོ།། 15དེ་ནས་རོ་མཱ་ཡི་སྤུན་ཟླ་རྣམས་ཀྱིས་ངེད་ཅག་གི་གནས་ཚུལ་ཐོས༌ཏེ། ཨ་ཕེ་ཨོ་ཁྲོམ་ར་དང་ཁང་གསུམ་ཞེས་པའི་གནས་སུ་ཡོང་ནས་ངེད་ཅག་ལ་བསུ་བ་བྱས། དེ་ནས་ཕོལ་ལོལ་གྱིས་མི་དེ་རྣམས་མཐོང་སྟེ་དཀོན་མཆོག་ལ་བཀའ་དྲིན་ཞུས་པ་དང་བློ་སེམས་བདེ་ཞིང་སྤོབས་པ་དང་ལྡན་པར་གྱུར་ཏོ།། 16དེ་ནས་རོ་མཱ་གྲོང་ཁྱེར་དུ་སླེབས་པ་དང་ཕོལ་ལོལ་ལ་ཆོག་མཆན་ཐོབ་སྟེ། སྲུང་དམག་གཅིག་དང་མཉམ་དུ་མི་སྒེར་གྱི་ཁང་པ་ཞིག་ལ་སྡོད་དུ་བཅུག༌གོ།

ཕོལ་ལོལ་གྱིས་རོ་མཱ་གྲོང་ཁྱེར་དུ་ཆོས་གསུངས༌པ།

17དེ་ནས་ཉིན་གསུམ་འགོར༌རྗེས། ཕོལ་ལོལ་གྱིས་ཡ་ཧུ་དཱ་པའི་དཔོན་རིགས་རྣམས་བོས་ཤིང་དེ་རྣམས་ལྷན་དུ་འདུས་ཚེ་འདི་སྐད༌དུ། སྤུན་ཟླ༌རྣམ་པ། ངས་རང་རེའི་ཡུལ་གྱི་མི་རྒྱུད་དང་བདག་ཅག་གི་ཕ་མེས་ཀྱི་ལུགས་སྲོལ་དང་འགལ་བའི་ལས་ཅི་ཡང་མ་བྱས༌ཀྱང༌། ང་རང་ཡེ་རུ་སཱ་ལེམ་ནས་བཙོན་དུ་བཅུག་ཅིང་རོ་མཱ་པའི་ལག་ཏུ་སྤྲད་པ༌དང༌། 18ང་རང་ལ་སྲོག་ཆད་གཅོད་དགོས་པའི་ཉེས་པ་ཅི་ཡང་མེད༌པས། དེ་དག་གིས་འདྲི་གཅོད་བྱས་རྗེས་ང་རང་བཙོན་ལས་དགྲོལ་བར་བསམས༌ནའང༌། 19ཡ་ཧུ་དཱ་པ་རྣམས་ཀྱིས་དོན་དེར་དགྲ་བྱས༌པས། ངས་ཀྱང་སེ་བཟིར་ལ་གཏུག་བཤེར་མི་ཞུ་ཀ་མེད༌བྱུང༌། འོན༌ཀྱང༌། རང་གི་མི་རིགས་གཏུག་བཤེར་བྱེད་པའི་དོན་ཅི་ཡང༌མེད་དོ།། 20དེའི༌ཕྱིར། ངས་ཁྱོད་རྣམས་བོས་ཏེ་ཁ་རི་ཁ་ཐུག་ཏུ་གཏམ་སྨྲ་བར་འདོད། སྤྱིར་ང་རང་ནི་ཡེས་ར་ཨེལ་གྱི་མི་རྣམས་ཀྱི་རེ་བ་དེའི་ཆེད་དུ་ལྕགས་སྒྲོག་གིས་བཀྱིགས་པ་ཡིན་ཞེས་གསུངས་པ༌ན། 21དེ་རྣམས་ན༌རེ། ངེད་ཅག་ལ་ཡ་ཧུ་དཱའི་ཡུལ་ནས་ཁྱོད་ཀྱི་སྐོར་གླེང་བའི་འཕྲིན་ཡིག་མ་འབྱོར༌ལ། གནས་འདིར་ཡོང་བའི་སྤུན་ཟླ་གཞན་ཀྱིས་ཀྱང་ཁྱོད་ཀྱི་སྐོར་ལ་གཏམ་ངན་སྨྲས་པ་མེད། 22འོན་ཀྱང་ངེད་རྣམས་ཀྱིས་ད་ལྟ་ཁྱོད་ཀྱི་བསམ་འཆར་ག་འདྲ་ཡིན་པར་མཉན་འདོད༌དེ། རྒྱུ་མཚན་ནི་ཆོས་ལུགས་གྲུབ་མཐའ་དེ་ལ་ཡུལ་ཀུན་གྱི་མི་རྣམས་ཀྱིས་དམའ་འབེབས་བྱེད་བཞིན་ཡོད་པ་ངེད་ཅག་གིས་ཤེས་པ་ཡིན་ཞེས་སྨྲས༌སོ།། 23དེ་ནས་དཔོན་རིགས་རྣམས་ཀྱིས་ཕོལ་ལོལ་དང་ཉི་ཆད་བགོས༌ཤིང༌། ཉིན་དེར་མི་མང་པོའང་ཁོང་གི་ཤག་ཏུ་ཡོང་བ༌དང༌། ཕོལ་ལོལ་གྱིས་ཞོགས་པའི་དུས་ནས་མཚན་མོའི་བར་དུ་དོན་རྣམས་འགྲེལ་ཞིང་དཀོན་མཆོག་གི་རྒྱལ་སྲིད་ལ་བདེན་དཔང་བྱས་པ༌དང༌། མོ་ཤེའི་བཀའ་ཁྲིམས་དང་ལུང་སྟོན་པ་རྣམས་ཀྱི་མདོ་ལས་སྐྱབས་མགོན་ཡེ་ཤུའི་སྐོར་གྱི་ཆོས་གསུངས་ཏེ་ཁོ་རྣམས་ལ་སྐུལ་མ་མཛད་དོ།། 24ཁོང་གི་གསུང་དེར་ལ་ལ་ཡིད་ཆེས་ཤིང་ལ་ལ་ཡིད་མ་ཆེས་སོ།། 25དེ་རྣམས་ཕན་ཚུན་ལྟ་བ་མ་མཐུན་པར་སོ་སོར་གྱེས༌ཤིང༌། སོ་སོར་མ་གྱེས་པའི་སྔོན་ལ་ཕོལ་ལོལ་གྱིས་འདི་སྐད༌དུ། དམ་པའི་ཐུགས་ཉིད་ཀྱིས་ལུང་སྟོན་པ་ཡེ་ཤ་ཡཱ་བརྒྱུད་ནས་ཁྱོད་ཅག་གི་ཕ་མེས་ལ་ལེགས་པར་གསུངས༌ཤིང༌། 26འདི་སྐད༌དུ། ཁྱོད་ཀྱིས་མི་རྣམས་དེ་ལ་འདི་ལྟར༌ཤོད།། ཁྱོད་ཚོས་རྣ་བས་ཐོས་ཀྱང་དོན་མི༌རྟོགས།། འདྲེན་བྱེད་མིག་གིས་མཐོང་ཡང་ཤེས་མི༌འགྱུར།། 27དེ་རྣམས་སེམས་ནི་གྱོང་པོར་གྱུར་པ༌དང༌།། རྣ་བས་མི་མཉན་མིག་ཟུང་བཙུམས་པས༌སོ།། ཞེས༌པའོ།། 28དེའི༌ཕྱིར། དཀོན་མཆོག་གི་ཐར་པའི་ཆོས་འདི་ནི་ད་ལྟ་ཕྱི་ཕྱོགས་པ་རྣམས་ལ་གསུངས༌ཤིང༌། དེ་རྣམས་ཀྱིས་ཀྱང་མཉན་ཞིང་དང་དུ་ལེན་ངེས་པ་ཁྱོད་ཅག་གིས་ཤེས་དགོས་ཞེས་གསུངས་སོ།། 29ཁོང་གིས་དེ་སྐད་གསུངས་པ་དང་ཡ་ཧུ་དཱ་པ་རྣམས་ཀྱིས་དོན་དེར་རྩོད་གླེང་ཆེན་པོ་བྱེད་བཞིན་སོང༌ངོ༌།། 30དེ་ནས་ཕོལ་ལོལ་མཆོག་རང་གིས་གླས་པའི་ཁང་པ་ནས་ལོ་གཉིས་ཏག་ཏག་ལ་བཞུགས༌ཤིང༌། རང་གི་ཁང་པའི་ནང་དུ་ཡོང་བའི་མི་ཐམས་ཅད་ལ་སྣེ་ལེན་བྱས་པ༌དང༌། 31སྙིང་རུས་བསྐྱེད་ནས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཆོས་བསྒྲགས་པ༌དང༌། གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྐོར་གསུངས་པ་ལ་བར་ཆད་ཅི་ཡང་མ་བྱུང༌ངོ༌།།།།

རོ་མ་པ 1

འཕྲིན་ཡིག་བསྐུར༌ཡུལ།

1དེ་ཡང་ཕོལ་ལོལ་ང་རང་ནི་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་པ་ཞིག་ཡིན༌ཞིང༌། སྐུ་ཚབ་པར་ཞལ་འབོད་གནང་སྟེ་དཀོན་མཆོག་གི་འཕྲིན་བཟང་བསྒྲག་པར་ཆེད་དུ་བསྐོས་པ་ལགས། 2འཕྲིན་བཟང་འདི་ནི་དཀོན་མཆོག་གིས་སྔོན་ཆད་རང་ཉིད་ཀྱི་ལུང་སྟོན་པ་རྣམས་བརྒྱུད་ནས་དམ་པའི་གསུང་རབ་ཏུ་ཞལ་བཞེས་གནང༌ཞིང་། 3ཁོང་གི་སྲས་ཀྱི་སྐོར་ཡང་ཡིན་ལ། ལུས་ཕུང་ལྟར་སྨྲས་ན། ཁོང་ནི་དཱ་བིད་ཀྱི་གདུང་རྒྱུད་ནས་སྐུ་འཁྲུངས་ཤིང་། 4དམ་པའི་ཐུགས་ཉིད་ལྟར་སྨྲས་ན། གྲོངས་པ་ནས་སླར་གསོན་པར་གྱུར་པའི་རྐྱེན་གྱིས། མཐུ་སྟོབས་ཆེན་པོའི་ངང་ནས་དཀོན་མཆོག་གི་སྲས་ཡིན་པར་བསྟན༌ཅིང་། ཁོང་ཉིད་ནི་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལགས་སོ༎ 5ངེད་ཅག་ལ་ཁོང་ཉིད་བརྒྱུད་ནས་ཐུགས་རྗེ་དང་སྐུ་ཚབ་པའི་འགན་འཁྲི་ཐོབ༌ཅིང་། དེ་ནི་ཁོང་གི་མཚན་གྱི༌ཕྱིར་ཕྱི་ཕྱོགས་ཀྱི་མི་རིགས་ཐམས་ཅད་ཀྱི་ཁྲོད་དུ། ཁོ་རྣམས་དད་པའི་བཀའ་ལ་མཉན་དུ་འཇུག་པའི་ཆེད་ཡིན། 6དེ་ལས་ཡེ་ཤུ་མཱ་ཤི་ཀར་གཏོགས་པར་ཞལ་འབོད་ཐོབ་མཁན་ཁྱོད་རྣམས་ཀྱང་མཆིས། 7བདག་གིས་འཕྲིན་ཡིག་འདི་ནི་དཀོན་མཆོག་གིས་གཅེས་ཤིང་དད་ལྡན་དམ་པར་ཞལ་འབོད་གནང་བའི་རོ་མཱའི་མི་རྣམས་ལ་འདི་ལྟར་སྤྲིངས་པ༌སྟེ། བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།

རོ་མཱ་གྲོང་ཁྱེར་དུ་ཕོལ་ལོལ་ཕེབས་པར་རྩོམ༌པ།

8དེ་ཡང་ཐོག་མར་ཁྱོད་ཅག་གི་དད་པ་ནི་འཇིག་རྟེན་ཡོངས་ལ་ཁྱབ་ཡོད༌པས། བདག་གིས་ཡེ་ཤུ་མཱ་ཤི་ཀར་བརྟེན་ནས་ཁྱོད་ཅག་ཐམས་ཅད་ཀྱི་ཆེད་དུ་རང་གི་དཀོན་མཆོག་ལ་བཀའ་དྲིན་ཞུའོ།། 9ངས་ཁོང་གི་སྲས་ཀྱི་འཕྲིན་བཟང་སྒྲོག་ཅིང་དེ་ལ་བརྟེན་ནས། སེམས་གཏིང་ནས་བསྙེན་བཀུར་བྱེད་པའི་དཀོན་མཆོག་ནི་བདག་གིས་གསོལ་བ་འདེབས་པའི་དུས༌སུ་རྒྱུན་ཆད་མེད་པར་ཁྱོད་ཅག་གླེང་བའི་དོན་དེར་བདེན་དཔང་མཛད་མཁན་ཡིན་ལ། 10ངས་རྟག་ཏུ་ཞུ་བ་བྱེད་པ་དེ་དཀོན་མཆོག་གི་དགོངས་པ་ལྟར་ཡིན༌ན། ང་རང་མཐའ་མར་ཁྱོད་ཅག་གི་གམ་དུ་འགྲོ་བར་ལམ་བདེ་མོ་ཞིག་ཡོད་པར་འགྱུར། 11ང་ལ་ཁྱོད་རྣམས་མཐོང་འདོད་ཆེན་པོ་ཡོད་དེ། དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་གང་ཞིག་ཁྱོད་ཅག་ལ་སྦྱིན་པ༌དང༌། ཁྱོད་ཅག་གི་དད་པ་ཇེ་བརྟན་དུ་གཏོང༌བའི་ཕྱིར་ཡིན། 12དེ་ལྟར་བྱས༌ན། ང་ནི་ཁྱོད་ཅག་གི་ཁྲོད་དུ་གནས༌ཤིང༌། བདག་ཅག་ཕན་ཚུན་བར་གྱི་དད་སེམས་ཀྱི་རྐྱེན༌གྱིས། བདག་ཅག་ལ་མཉམ་དུ་སེམས་གསོ་འཐོབ་པར་འགྱུར་རོ།། 13སྤུན་ཟླ༌རྣམས། ངས་ཁྱོད་རྣམས་ལ་གང་ཞིག་ཤེས་སུ་འཇུག་འདོད་པ༌ནི། ང་རང་ཁྱོད་ཅག་གི་གམ་དུ་ཡང་ཡང་འགྲོ་བར་རྩོམ༌ཞིང༌། ཁྱོད་རྣམས་ཀྱི་ཁྲོད་ནས་འབྲས་བུ་འགའ་རེ་འཐོབ་འདོད་ཅིང་། དེ་ནི་ཕྱི་ཕྱོགས་པ་གཞན་དག་ལས་འཐོབ་འདོད་པ་དང་མཚུངས་ནའང་ད་ལྟའི་བར་དུ་བཀག་རྒྱ༌ཡོད་པ་ཡིན། 14གྷི་རིག་པ་དང་མཐའ་འཁོབ༌པ། རིག་པ་ཅན་དང་རིག་རྟུལ་ཅན་བཅས་གང་ཡིན༌ཡང༌། བདག་གིས་དེ་དག་ལ་འགན་འཁུར་དགོས༌པས། 15ངས་རང་ནུས་ཅི་ལྕོགས་ཀྱིས་རོ་མཱ་རུ་ཡོད་པ་ཁྱོད་རྣམས་ལའང་དཀོན་མཆོག་གི་འཕྲིན་བཟང་བསྒྲག་འདོད་དོ༎ 16རྒྱུ་མཚན་ནི་བདག་གིས་འཕྲིན་བཟང་ངོ་ཚ་ཞིག་ཏུ་མི་བརྩིའོ།། འཕྲིན་བཟང་ནི་ཐོག་མར་ཡ་ཧུ་དཱ་པ་དང་ཕྱིས་སུ་གྷི་རིག་པ་སྟེ། དད་པ་ཅན་ཐམས་ཅད་སྐྱོབ་པར་བྱེད་པའི་དཀོན་མཆོག་གི་ནུས་མཐུ་ཆེན་པོ་ཡིན༌པའི་ཕྱིར་རོ།། 17དེ་ནི་དཀོན་མཆོག་གི་རྣམ་པར་དག་པ་ནི་འཕྲིན་བཟང་ལ་བརྟེན་ནས་མངོན་པ་ཡིན༌ཞིང་། དད་པ་ལས་བྱུང་ཞིང་སླར་ཡང་དད་པ་ལ་བརྟེན་པའི་ཕྱིར་ཡིན། དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། མི་རྣམ་དག་ནི་དད་པའི་སྒོ་ནས་འཚོ་བར་འགྱུར་ཞེས་བཀོད་ཡོད་པ་བཞིན༌ནོ།།

དཀོན་མཆོག་མིའི་རིགས་ལ་ཐུགས་ཁྲོ་བ།

18དེ་ཡང་དཀོན་མཆོག་གི་ཐུགས་ཁྲོ་ནི་ནམ་མཁའི་ཞིང་ཁམས་ནས་དད་གུས་མེད་པ་དང་རང་གཤིས་མི་དྲང་བ་ཐམས་ཅད་ཀྱི་སྟེང་དུ་མངོན་པར་བྱེད་པ་ཡིན་ནོ།། དེ་དག་ནི་ལས་ངན་པ་བྱས་ནས་དཀོན་མཆོག་གི་བདེན་པ་ཉིད་མར་གནོན་མཁན་ཡིན། 19རྒྱུ་མཚན་ནི་དཀོན་མཆོག་གི་སྐོར་ཤེས་ཐུབ་པ་ནི་མི་དེ་དག་གི་སེམས་ཁོང་དུ་མངོན་ཡོད་པ་ཡིན༌ལ། དེ་ནི་དཀོན་མཆོག་གིས་མི་དེ་དག་ལ་མངོན་པར་མཛད་ཡོད་པའི་ཕྱིར་ཡིན་ཞིང་། 20འཇིག་རྟེན་ཁམས་བསྐྲུན་པའི་ཚུན༌ལ། དཀོན་མཆོག་གི་ཐོག་མཐའ་མེད་པའི་མཐུ་སྟོབས་དང་ཁྱད་དུ་འཕགས་པའི་རང་གཤིས་ནི་མཐོང་དུ་མེད་ནའང་། དངོས་གནས་གསལ་པོར་ཤེས་ཐུབ༌སྟེ། དངོས་པོ་བསྐྲུན་ཡོད་པ་དེ་དག་ལ་བལྟས་ནས་ཤེས་ཐུབ་པས་མི་དེ་ཐམས་ཅད་ལ་ཁག་དཀྲི་ས་མེད་དོ།། 21ཅིའི་ཕྱིར་ཞེ་ན། མི་དེ་དག་གིས་དཀོན་མཆོག་ངོ་ཤེས་ནའང་། ཁོང་ནི་དཀོན་མཆོག་ཏུ་མ་བརྩིས་ཤིང་ཁོང་ལ་འབུལ་འོས་པའི་བསྟོད་པ་མ་ཕུལ་བ་དང་བཀའ་དྲིན་ཡང་མ་ཞུས་པ་རེད། ཁོ་རྣམས་ཀྱི་དྲན་ཚུལ་ནི་སྟོང་བར་གྱུར་པ་དང་བླུན་པོའི་སེམས་ལའང་མུན་པས་ཁེངས་ཡོད་པའི་ཕྱིར༌རོ།། 22རང་ཉིད་རིག་པ་ཅན་དུ་རློམ་ནའང་དོན་དུ་བླུན་པོ་རུ་གྱུར་པ༌དང༌། 23རྟག་པའི་དཀོན་མཆོག་གི་གཟི་བརྗིད་རིང་དུ་སྤངས་ཏེ། དེའི་ཚབ་ཏུ་མི་རྟག་པའི་མི༌དང༌། འདབ༌ཆགས། སུག་བཞི་ཅན་གྱི་སྲོག་ཆགས། ལྟོ་འགྲོ་སོགས་ཀྱི་གཟུགས་བརྙན་ལ་བརྟེན་པའོ།། 24དེའི༌ཕྱིར། མི་དེ་དག་གིས་སེམས་ནང་གི་འདོད་ཆགས་ལྟར་མི་གཙང་བ་བྱེད་པ་དང༌། ཐ་ན་ཁོ་རྣམས་ཀྱིས་ཕན་ཚུན་གྱི་ལུས་པོ་བཙོག་པར་བཟོས་པའང་དཀོན་མཆོག་གིས་སྣང་མེད་དུ་བསྐྱུར་ཏོ།། 25དེ་ནི་ཁོ་རྣམས་ཀྱིས་དཀོན་མཆོག་གི་བདེན་པ་ཉིད་སྤངས༌ཏེ། དེའི་ཚབ་ཏུ་རྫུན་ལ་བརྟེན་ནས་དཀོན་མཆོག་གིས་བསྐྲུན་པའི་དངོས་པོ་ལ་བསྙེན་བཀུར་བྱེད་པ༌ལས། འཇིག་རྟེན་ཁམས་འགོད་མཁན་དཀོན་མཆོག་ལ་དད་པ་མི་བྱེད་པའི་ཕྱིར༌ཡིན། དཀོན་མཆོག་ལ་ནམ་ཡང་བསྔགས་བརྗོད་བྱ་འོས༌སོ།། ཨ༌མེན། 26དེ་བས་ན་མི་དེ་རྣམས་ཀྱིས་ངོ་གནོང་བའི་འདོད་ཆགས་བག་མེད་དུ་སྤྱོད་པའང་དཀོན་མཆོག་གིས་སྣང་མེད་དུ་བསྐྱུར་ཏོ།། མི་དེ་དག་གི་བུད་མེད་རྣམས་ཀྱིས་ལས་སུ་རུང་བ་སྤངས་ཏེ། དེའི་ཚབ་ཏུ་ལས་མི་རུང་བ་སྤྱོད༌པ་རེད། 27སྐྱེས་པ་རྣམས་ཀྱང་དེ་བཞིན༌ཏེ། བུད་མེད་སྤྱོད་འོས་པ་རིང་དུ་སྤངས་ནས། འདོད་ཆགས་ཀྱི་མེ་ལྕེ་སེམས་སུ་འབར་ཞིང་། སྐྱེས་པ་ཕན་ཚུན་ལ་ཞེན་ཆགས་པ༌དང༌། སྐྱེས་པས་སྐྱེས་པ་ལ་ངོ་གནོང་དགོས་པའི་ལས་བྱས་པས། རང་གི་ལུས་སྟེང་དུ་ལོག་སྤྱོད་དེ་ལྟ་བུ་བྱེད་པ་ལ་ཉེས་ཆད་བྱུང༌ངོ༌།། 28མི་དེ་དག་གིས་བསམ་བཞིན་དཀོན་མཆོག་ཤེས་མི་འདོད༌པས། ཁོང་གིས་དེ་དག་གི་སེམས་སུ་ལོག་སེམས་བཅངས་པ་དང་ལུགས་དང་འགལ་བའི་ལས་བྱེད་པའང་སྣང་མེད་དུ་བསྐྱུར་ཏོ།། 29མི་དེ་དག་གི་སེམས་སུ་དྲང་བདེན་མ་ཡིན་པ༌དང༌། སྡིག༌པ། བརྣབ༌སེམས། ངན༌སེམས། ཕྲག༌དོག མི་གསོད་པ། འགྲན༌རྩོད། གཡོ༌སྒྱུ། གདུག་རྩུབ་བཅས་སྣ་ཚོགས་ཀྱིས་བཀང་བ༌དང༌། ཡང་མི་དེ་དག་ནི་ཕྲ་མ་བྱེད་མཁན༌དང༌། 30ལྐོག་ནས་གཏམ་ངན་སྨྲ༌མཁན། དཀོན་མཆོག་ལ་སྡང༌མཁན། བརྙས་བཅོས་བྱེད༌མཁན། ང་རྒྱལ༌ཅན། རང་བསྟོད༌མཁན། ལས་ངན་པ་བཟོ༌མཁན། ཕ་མའི་ངག་ལ་མི་ཉན་པ། 31ཤེས་པས་རྨོངས་ཤིང་ཡིད་རྟོན་མེད་པ། བརྩེ་སེམས་དང་སྙིང་རྗེ་མེད་པ་བཅས་ཡིན་ནོ།། 32དེ་རྣམས་ཀྱིས་སྡིག་པའི་ལས་དེ་ལྟ་བུ་བྱེད་མཁན་ནི། འཆི་འོས་པ་ཡིན་ཞེས་དཀོན་མཆོག་གི་བཀའ་ལས་གསུངས་ཡོད་པ་ཤེས༌ནའང༌། རང་རང་གིས་སྡིག་པའི་ལས་བྱེད་པར་མ༌ཟད། མི་གཞན་གྱིས་དེ་བཞིན་བྱེད་པ་ལའང༌དགའོ།།

རོ་མ་པ 2

དཀོན་མཆོག་གིས་ཁྲིམས་ཐག་གཅོད་པར་འགྱུར་བའི་སྐོར།

1དེ་བས་ན་མི་ལ་ཁ་ཚོན་གཅོད་མཁན་ཁྱོད་ནི་སུ་ཡིན་ཡང་ཁག་དཀྲི་ས་མེད༌དེ། ཁྱོད་ཀྱིས་དོན་གང་གི་ཆ་ནས་མི་ལ་ཁ་ཚོན་བཅད༌ན། དོན་དེའི་སྟེང་ནས་ཁྱོད་ཀྱིས་རང་གིས་རང་ལའང་ཉེས་ཆད་བཅད༌དོ།། ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་མི་ལ་ཁ་ཚོན་གཅོད་ནའང་། རང་གི་སྤྱོད་པ་ནི་མི་གཞན་དང་མཚུངས་པའི་ཕྱིར༌རོ།། 2དཀོན་མཆོག་གིས་ལས་དེ་ལྟར་བྱེད་མཁན་ལ་ཁྲིམས་ཐག་གཅོད་པ་ནི་བདེན་པ་དང་མཐུན་པ་བདག་ཅག་གིས་ཤེས༌སོ།། 3ཀྱེ་ཧོ། ཁྱོད་ཀྱིས་ལས་དེ་ལྟར་བྱེད་མཁན་ལ་ཁ་ཚོན་བཅད༌ནའང༌། རང་གི་སྤྱོད་པ་ནི་མི་གཞན་དང་མཚུངས༌པས། ཁྱོད་ནི་དཀོན་མཆོག་གི་ཁྲིམས་ཐག་ལས་ཤོར་ཐུབ་པར་འདོད་དམ། 4ཡང་ན་ཁྱོད་ཀྱིས་དཀོན་མཆོག་གི་ཐུགས་རྗེ་ཆེན་པོ༌དང༌། བཟོད་སྒོམ། ངང་རྒྱུད་རིང་པོ་བཅས་ལ་མཐོང་ཆུང་བྱེད་པ༌དང༌། ཁོང་གི་ཐུགས་རྗེ་ཡིས་ཁྱོད་ནི་འགྱོད་བཤགས་ཀྱི་ལམ་ལ་ཁྲིད་པའང་མི་ཤེས༌སམ། 5འོན༌ཀྱང༌། ཁྱོད་ཀྱིས་རང་གི་རྒྱུད་གྱོང་ཞིང་འགྱོད་བཤགས་མི་བྱེད་པའི་སེམས་རྒྱ་ཡན་དུ་བཏང་བས། དཀོན་མཆོག་གི་ཐུགས་ཁྲོའི་ཉིན་མོའི་ཆེད༌དུ། རང་གིས་རང་ལ་ཐུགས་ཁྲོ་གསོག་པར་བྱེད་ཅིང་། ཉིན་དེར་དཀོན་མཆོག་གི་དྲང་བདེན་གྱི་ཁྲིམས་ཐག་མངོན་པར་འགྱུར་ངེས༌ཤིང༌། 6ཁོང་གིས་མི་རེ་རེའི་སྤྱོད་པ་བཞིན་དུ་ལན་གནང་བར་འགྱུར༌ཏེ། 7སྙིང་རུས་ལ་བརྟེན་ནས་དོན་ལེགས་པོ་སྒྲུབ་ཅིང༌། གཟི་བརྗིད་དང་བཀུར༌བསྟི། འཇིག་པ་མེད་པ་བཅས་འཚོལ་མཁན་རྣམས་ལ་མཐའ་མེད་པའི་ཚེ་སྲོག་གནང་བར་འགྱུར་མོད། 8འོན༌ཀྱང༌། སྒེར་སེམས་བཅངས་ནས་བདེན་པ་ཉིད་ལ་བློ་མི་བསྟུན༌པར། དྲང་བདེན་མ་ཡིན་པར་བློ་བསྟུན་མཁན་རྣམས་ལ་ཐུགས་ཁྲོ་དང་ཁྲོ་གཏུམ་འཕོག་པར་འགྱུར་རོ།། 9དེ་ཡང་དཀའ་སྡུག་དང་དཀའ་ངལ་ནི་ངན་པའི་ལས་བྱེད་མཁན་ཐམས་ཅད༌དེ། ཐོག་མར་ཡ་ཧུ་དཱ་པ་དང་ཕྱིས་སུ་གྷི་རིག་པ་རྣམས་ལ་སྦྱོར་བར་འགྱུར༌མོད། 10འོན༌ཀྱང༌། གཟི་བརྗིད་དང་བཀུར༌བསྟི། ཞི་བདེ་བཅས་ནི་ལས་བཟང་པོ་བྱེད་མཁན་ཐམས་ཅད༌དེ། ཐོག་མར་ཡ་ཧུ་དཱ་པ་དང་ཕྱིས་སུ་གྷི་རིག་པ་རྣམས་ལ་གནང་བར་འགྱུར། 11རྒྱུ་མཚན་ནི་དཀོན་མཆོག་ལ་ཕྱོགས་རིས་མེད་པའི་ཕྱིར༌རོ།། 12བཀའ་ཁྲིམས་མེད་པར་ཉེས་པ་བྱེད་མཁན་ཐམས་ཅད་ནི་བཀའ་ཁྲིམས་དང་བྲལ་ནས་འཇིག་པར་འགྱུར་བ༌དང༌། བཀའ་ཁྲིམས་ཡོད་ཀྱང་ཉེས་པ་བྱེད་མཁན་ཐམས་ཅད་ལ་བཀའ་ཁྲིམས་ལྟར་ཉེས་ཆད་གཅོད་པར་འགྱུར། 13ཅིའི་ཕྱིར་ཞེ་ན། དཀོན་མཆོག་གི་དྲུང་ནས་བཀའ་ཁྲིམས་ཐོས་པ་རྣམས་མི་རྣམ་དག་ཏུ་བརྩི་བ་མིན༌ལ། བཀའ་ཁྲིམས་ལྟར་བྱེད་པ་རྣམས་མི་རྣམ་དག་ཏུ་བརྩི་བར་འགྱུར་བའི་ཕྱིར་རོ།། 14སྤྱིར་བཀའ་ཁྲིམས་མེད་པའི་ཕྱི་ཕྱོགས་པ་རྣམས་ཀྱིས་བཀའ་ཁྲིམས་ཀྱི་ནང་དོན་དག་རང་བཞིན་གྱིས་བསྒྲུབས་པ༌ན། མི་དེ་དག་ལ་བཀའ་ཁྲིམས་མེད༌ནའང༌། མི་རང་རང་ནི་རང་ཉིད་ཀྱི་བཀའ་ཁྲིམས་ཡིན་ལ། 15མི་དེ་རྣམས་ཀྱིས་རང་གི་སེམས་སུ་བཀའ་ཁྲིམས་ཀྱི་ཕན་ནུས་བརྐོས་ཡོད་པ་མངོན་ཞིང་། ཁོ་རྣམས་ཀྱི་བསམ་པས་རང་ཉིད་ལ་བདེན་དཔང་བྱེད་ཅིང་། ཁོ་རྣམས་ཀྱི་དྲན་པས་སྐབས་འགར་རང་ལ་རང་སྐྱོན་བརྗོད་པ་དང་སྐབས་འགར་རང་ལ་དག་འབུད་བྱེད་པ་ཡིན་ནོ།། 16བདག་གིས་སྒྲོག་པའི་འཕྲིན་བཟང༌བཞིན། དཀོན་མཆོག་གིས་མཱ་ཤི་ཀ་ཡེ་ཤུ་བརྒྱུད་ནས་མིའི་རིགས་ཀྱི་གསང་བའི་ལས་ལ་ཁྲིམས་ཐག་གཅོད་པའི་ཉིན་མོར་དེ་ལྟར་མཛད་པར་འགྱུར༌རོ།།

ཡ་ཧུ་དཱ་པ་དང་བཀའ་ཁྲིམས་ཀྱི༌སྐོར།

17ཁྱོད་ཀྱིས་རང་ཉིད་ལ་ཡ་ཧུ་དཱ་པ་ཟེར་བ་དང་བཀའ་ཁྲིམས་ལ་བརྟེན༌ཅིང༌། ངག་ལས་དཀོན་མཆོག་གི་ཕྱོགས་ནས་ཁ་ཕོ་བརྗོད་པ་དང་། 18ཁྱོད་ལ་བཀའ་ཁྲིམས་ལས་བསླབ་བྱ་ཐོབ་ཅིང་། དཀོན་མཆོག་གི་དགོངས་པ་ཤེས་ཤིང་ཡིན་མིན་བདེན་རྫུན་ཡང་ཤེས༌པ་དང་། 19ཡང་རང་ཉིད་ནི་ལོང་བ་རྣམས་ཀྱི་ལམ་ཁྲིད་པ་དང་། མུན་ནག་ནང་དུ་སྡོད་པའི་མི་རྣམས་ཀྱི་འོད་ཟེར༌དང༌། 20བླུན་པོ་དག་གི་སློབ༌དཔོན། བྱིས་པ་རྣམས་ཀྱི་དགེ༌རྒན། བཀའ་ཁྲིམས་ཀྱི་ཐད་ནས་ཤེས་ཡོན་ཕུན་སུམ་ཚོགས་པ་ལྡན་པ་དང་བདེན་པ་ཉིད་ཀྱི་མིག་དཔེ་བཅས་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། 21དེས་ན། ཁྱོད་ཀྱིས་མི་གཞན་ལ་ཁྲིད་སྟོན་བྱེད་ཀྱང་རང་ལ་ཁྲིད་སྟོན་མི་བྱེད་པ༌ཅི། ཁྱོད་ཀྱིས་མི་གཞན་ལ་རྐུ་མ་བྱེད་ཅེས་སྒྲོག་ཀྱང་རང་གིས་རྐུ་བྱེད་པ༌ཅི། 22ཁྱོད་ཀྱིས་མི་གཞན་ལ་ལོག་གཡེམ་མ་བྱེད་ཅེས་སྨྲས་ཀྱང་རང་གིས་ལོག་གཡེམ་བྱེད་པ༌ཅི། ཁྱོད་ནི་ལྷ་སྐུར་ཞེན་པ་ལོག་ཀྱང་ལྷ་ཁང་ལས་དངོས་པོ་རྐུ་བ༌ཅི། 23ཁྱོད་ཀྱིས་ངག་ལས་བཀའ་ཁྲིམས་ཀྱི་ཕྱོགས་ནས་ཁ་ཕོ་བརྗོད་ཀྱང་། བཀའ་ཁྲིམས་དང་འགལ་བའི་ལས་བྱས་ནས་དཀོན་མཆོག་ལ་དམའ་འབེབས་བྱེད་པ་ཡིན་ནམ། 24དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁྱོད་ཅག་གི་རྐྱེན་གྱིས་ཕྱི་ཕྱོགས་པ་རྣམས་ཀྱིས་དཀོན་མཆོག་གི་མཚན་ལ་སྐུར་བ་བཏབ་པ་ཡིན་ཞེས༌བཀོད་ཡོད་པ་བཞིན༌ནོ།། 25གལ༌ཏེ། ཁྱོད་ཀྱིས་བཀའ་ཁྲིམས་ལྟར་བྱེད་ན་མཚན་སྐྱི་གཅོད་པ་ནི་ཁྱོད་ལ་ཕན་ཐོགས་ཡོད༌ལ། ཁྱོད་ཀྱིས་བཀའ་ཁྲིམས་དང་འགལ་བར་བྱེད་ན། ཁྱོད་ཀྱིས་མཚན་སྐྱི་བཅད་པ་ནི་མཚན་སྐྱི་གཅོད་པ་དངོས་མིན། 26དེའི༌ཕྱིར། མཚན་སྐྱི་མ་བཅད་པ་ཞིག་གིས་བཀའ་ཁྲིམས་ཀྱི་ནང་དོན་བསྲུངས༌ན། མི་དེ་ཡིས་མཚན་སྐྱི་མ་བཅད་ནའང་མཚན་སྐྱི་བཅད་པ་ཞིག་ཏུ་བརྩི་བ་མ་ཡིན༌ནམ། 27གལ༌ཏེ། མཚན་སྐྱི་མ་བཅད་པ་ཞིག་གིས་བཀའ་ཁྲིམས་བསྲུངས༌ན། ཁྲིམས་ཡིག་ཡོད་པ་དང་མཚན་སྐྱི་གཅོད་པའི་ལུགས་སྲོལ་ཡོད་བཞིན༌དུ། ད་དུང་བཀའ་ཁྲིམས་དང་འགལ་བར་བྱེད་མཁན་ཁྱོད་ལ་མི་དེ་ཡིས་ཁྲིམས་ཐག་གཅོད་པར་འགྱུར་བ་མ་ཡིན༌ནམ། 28ཅིའི་ཕྱིར་ཞེ་ན། ཕྱིའི་རྣམ་པ་ཡ་ཧུ་དཱ་པ་ཡིན་ན་ཡ་ཧུ་དཱ་པ་དངོས་མིན༌ལ། ཕྱིའི་ལུས་ཕུང་ལ་མཚན་སྐྱི་གཅོད་པ་ནི་མཚན་སྐྱི་བཅད་པ་དངོས་མིན་པའི་ཕྱིར༌རོ།། 29འོན༌ཀྱང༌། ནང་སེམས་ནས་ཡ་ཧུ་དཱ་པ་ཡིན་པ་ནི་ད་གཟོད་ཡ་ཧུ་དཱ་པ་དངོས་ཡིན༌ལ། མཚན་སྐྱི་གཅོད་པའང་ནང་སེམས་དང་དམ་པའི་ཐུགས་ཉིད་ལ་བརྟེན་པ་ལས་ཁྲིམས་ཡིག་ལ་བརྟེན་པ་མ་ཡིན་པས། མི་དེའི་རིགས་ཀྱི་བསྟོད་པ་ནི་མི་ལས་བྱུང་བ་མ་ཡིན་པར་དཀོན་མཆོག་ནས་བྱུང་བའོ།།

རོ་མ་པ 3

དཀོན་མཆོག་ནི་ཡིད་རྟོན་རུང་བ་ཡིན་པ།

1དེས་ན་ཡ་ཧུ་དཱ་པ་རྣམས་ལ་བཟང་ཆ་ཅི་ཡོད་པ༌དང༌། མཚན་སྐྱི་གཅོད་པ་ལ་ཕན་ཡོན་ཅི་ཡོད་ཅེ༌ན། 2ཕྱོགས་གང་གི་ཆ་ནས་ཀྱང་ཕན་ནུས་ཆེན་པོ་ཡོད༌དེ། ཕན་ནུས་གཙོ་བོ་ནི་དཀོན་མཆོག་གི་གསུང་མོལ་ཡ་ཧུ་དཱ་པ་རྣམས་ལ་བཅོལ་བ༌དེ་ཡིན་ནོ།། 3དཀོན་མཆོག་ལ་དད་པ་མི་བྱེད་པ་འགའ་ཤས་ཡོད་ན་མི་འགྲིག་པ་ཅི་ཡོང་། མི་དེ་རྣམས་ལ་དད་པ་མེད་པའི་རྐྱེན་གྱིས་དཀོན་མཆོག་གི་ལྷག་བསམ་ཡང་མེད་པར་བཟོའམ་ཞེ༌ན། 4གཏན་ནས་མི་བཟོ༌སྟེ། དཀོན་མཆོག་ནི་དངོས་གནས་བདེན་པ་ཡིན༌ཞིང་མིའི་རིགས་ཐམས་ཅད་ནི་རྫུན་བཤད་མཁན་ཡིན་པར་ངེས་སོ།། དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁྱེད་ཀྱིས་གསུང་མོལ་མཛད་པའི༌དུས།། ལྷག་བསམ་རྣམ་དག་མངོན་པར༌འགྱུར།། ཁྱེད་ལ་ཁ་ཚོན་གཅོད་པའི༌དུས།། ཁྱེད་ནི་རྣམ་པར་རྒྱལ་བར༌འགྱུར།། ཞེས༌བཀོད་པའོ།། 5བདག་གིས་མིའི་བཤད་སྲོལ་ལྟར་སྨྲ་བར་བྱ༌སྟེ། བདག་ཅག་གི་རང་གཤིས་མི་དྲང་བ་འདིས་དཀོན་མཆོག་གི་རྣམ་པར་དག་པ་མངོན་པར་གྱུར༌ན། བདག་ཅག་གིས་ཅི་ལྟར༌སྨྲའམ། ཐུགས་ཁྲོ་ཕབ་པར་མཛད་པའི་དཀོན་མཆོག་ནི་རྣམ་དག་མིན་ནམ་ཞེ་ན། 6དེ་ལྟར་གཏན་ནས་སྨྲ་མི་རུང༌། གལ་ཏེ་རྣམ་དག་མིན་ཚེ། དཀོན་མཆོག་གིས་འཇིག་རྟེན་ཡོངས་ལ་ཁྲིམས་ཆད་ཅི་ལྟར་གཅོད༌དམ། 7གལ་ཏེ་ངའི་རྫུན་གྱི་སྒོ་ནས་དཀོན་མཆོག་གི་བདེན་པ་ལྷག་ཏུ་མངོན་ཞིང་ཁོང་གི་གཟི་བརྗིད་ཀྱང་འཕེལ་བར་བྱེད༌ན། ཅིའི་ཕྱིར་བདག་ལ་ཉེས་ཅན་བཞིན་དུ་ཉེས་ཆད་གཅོད༌དམ། 8ཅིའི་ཕྱིར་ངེད་ཅག་གིས་དོན་བཟང་འབྱུང་བའི་ཕྱིར་དོན་ངན་སྒྲུབ་པ་ཡིན་ཞེས་མི༌སྨྲའམ། དེ་ནི་ཕྲ་མ་བྱེད་མཁན་དུ་མས་ངེད་ཅག་ལ་དེ་ལྟར་སྨྲས་པ་ཡིན༌ལ། མི་དེ་ལྟ་བུ་རྣམས་ལ་ཁྲིམས་ཆད་འཕོག་འོས༌སོ།།

མི་གཞུང་དྲང་གཅིག་ཀྱང་མེད་པ།

9དེས་ན་ཅི་ལྟར་ཡིན་ནམ། བདག་ཅག་ནི་ཁོ་རྣམས་ལས་ཀྱང་བཟང་པོ་ཡིན་ནམ་ཞེ༌ན། གཏན་ནས་མ་ཡིན་ནོ།། རྒྱུ་མཚན་ནི་ངེད་ཅག་གིས་བདེན་དཔང་བྱས་ཟིན༌ཏེ། ཡ་ཧུ་དཱ་པ་དང་གྷི་རིག་པ་ཐམས་ཅད་སྡིག་པའི་འོག་ཏུ་ཡོད་པ་ཡིན། 10དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། གཞུང་དྲང་མི་ནི་ཡོད་པ་མ་ཡིན་ལ༎ དེ་འདྲ་གཅིག་ཀྱང༌ཡོད་པ་མ་ཡིན་ནོ༎ 11གོ་བ་ཡོད་པའི་མི་ནི་གཅིག་ཀྱང་མེད།། དཀོན་མཆོག་འཚོལ༌མཁན་མི་ཡང་གཅིག་ཀྱང་མེད།། 12ཐམས་ཅད་ཁོང་དང་བྲལ་ནས་ལོག་ལམ༌ཞུགས།། དེ་འདྲའི་སྐྱེ་བོ་ཚང་མ་མཁོ་མེད་གྱུར།། ལས་བཟང་སྒྲུབ་མཁན་ཡོད་པ་མ་ཡིན་ལ༎ དེ་འདྲ་གཅིག་ཀྱང༌ཡོད་པ་མ་ཡིན་ནོ།། 13སྐྱེ་བོ་དེ་ཡི་མིད་ཐག་ཕྲ་མོ༌ནི།། སྒོ་ཆེན་ཕྱེ་བའི་དུར་ཁུང་དང༌མཚུངས་ཤིང་།། ལྕེ་ལ་བརྟེན་ནས་གཡོ་སྒྱུའི་སྦྱོར་བ༌སྤེལ།། ཁ་ཡི་ནང་དུ་དུག་སྦྲུལ་རླངས་པ༌འཕྱུར།། 14ངག་ཏུ་སྡིགས་དམོད་དང་ནི་ཚིག་རྩུབ་གང་།། 15དམར་གསོད་ལས་ལ་རྐང་པ་ཕྱོགས་བཞིར༌བྲེལ།། 16བརྒྱུགས་ཤུལ་ཀུན་ཏུ་དྲག་རྩུབ་སྡུག་གིས༌ཁྱབ།། 17ཞི་བདེའི་ལམ་ནི་དེ་ཚོས་མི་རྟོགས་ཤིང་།། 18དེ་ཚོའི་མིག་མདུན་དཀོན་མཆོག་འཇིགས་པ་མེད།། ཅེས་བཀོད་པའོ།། 19དེ་ཡང་བཀའ་ཁྲིམས་ཀྱི་གསུང་མོལ་ཐམས་ཅད་ནི་བཀའ་ཁྲིམས་འོག་ཏུ་གནས་པ་རྣམས་ལ་གསུངས་པ་བདག་ཅག་གིས་ཤེས༌ཤིང༌། དེ་ནི་མི་རེ་རེའི་སྨྲ་སྒོ་བཅད་ནས་འཇིག་རྟེན་པ་ཐམས་ཅད་དཀོན་མཆོག་གི་ཉེས་ཁྲིམས་འོག་ཏུ་འཇུག་པའི་ཕྱིར༌ཡིན། 20དེ་བས་བཀའ་ཁྲིམས་ནི་མི་ལ་སྡིག་པ་ཤེས་སུ་འཇུག་པའི་ཕྱིར་ཡིན༌པས། མི་སུ་ཡིན་ཡང་བཀའ་ཁྲིམས་ལྟར་བསྒྲུབས༌པ་ལ་བརྟེན་ནས། དཀོན་མཆོག་གི་སྤྱན་སྔར་རྣམ་དག་ཏུ་བརྩི་ཐུབ་པ་གཅིག་ཀྱང་མེད༌དོ།།

དད་པའི་དབང་གིས་མི་རྣམ་དག་ཏུ་བརྩི༌བ།

21འོན་ཀྱང་། ད་ལྟ་དཀོན་མཆོག་གི་རྣམ་པར་དག་པ་ནི་བཀའ་ཁྲིམས་ལ་མི་བརྟེན་པར་གསལ་པོར་མངོན་པ༌དང༌། བཀའ་ཁྲིམས་དང་ལུང་སྟོན་པའི་མདོ་རྣམས་ཀྱིས་ཀྱང་བདེན་དཔང་བྱེད༌དེ། 22དཀོན་མཆོག་གི་རྣམ་པར་དག་པ་ནི་ཡེ་ཤུ་མཱ་ཤི་ཀར་དད་པ་བྱས་པ་བརྒྱུད་ནས་ཐོབ་ཅིང་། དད་པ་བྱེད་མཁན་ཐམས་ཅད་ལ་ཁྱད་པར་མེད་པར་གནང༌ངོ་༎ 23ཅིའི་ཕྱིར་ཞེ་ན། མི་ཐམས་ཅད་ཀྱིས་སྡིག་པ་བྱས་ཏེ་དཀོན་མཆོག་གི་གཟི་བརྗིད་དང་བྲལ༌ནའང༌། 24ད་ལྟ་ཁོང་གི་ཐུགས་རྗེའི་རྐྱེན་དང་། མཱ་ཤི་ཀ་ཡེ་ཤུས་བླུས་པ་ལ་བརྟེན་ནས་རིན་མེད་དུ་མི་རྣམ་དག་ཏུ་བརྩིས་པའི་ཕྱིར༌ཡིན། 25དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུའི་སྐུ་ཁྲག་ལ་བརྟེན་ཅིང་མིའི་དད་པ་བརྒྱུད་ནས། སྐྱབས་མགོན་ཡེ་ཤུ་ནི་མིའི་མིག་མདུན་དུ་ཉེས་ཆད་བསལ་བའི་མཆོད་རྫས་སུ་གསལ་པོར་བཤམས་སོ།། དེ་ནི་དཀོན་མཆོག་གི་རྣམ་པར་དག་པ་གསལ་པོར་མངོན༌པའི་ཕྱིར་ཡིན། རྒྱུ་མཚན་ནི་དཀོན་མཆོག་གིས་བཟོད་པ་བསྒོམས་ནས་མིས་སྔར་བྱས་ཀྱི་སྡིག་པར་གུ་ཡངས་གནང་བ་སྟེ། 26ད་ལྟ་ཁོང་གི་རྣམ་པར་དག་པ་གསལ་པོར་མངོན་པ་དང་། མི་རྣམས་ལ་ཁོང་ཉིད་ནི་རྣམ་པར་དག་པ་ཡིན་ཞིང༌། སྐྱབས་མགོན་ཡེ་ཤུ་ལ་དད་པ་བྱེད་མཁན་རྣམས་མི་རྣམ་དག་ཏུ་བརྩི་མཁན་ཡང་ཡིན་པ་ཤེས་སུ་འཇུག་པའི་ཕྱིར༌རོ།། 27དེ་འདྲ་ཡིན་ན་རང་གིས་རང་ལ་བསྟོད་འོས་པ་ཅི་ཡོད་དམ་ཞེ༌ན། རང་བསྟོད་བྱ་འོས་པ་ཅི་ཡང་མེད་དོ།། འོ་ན་རང་བསྟོད་བྱ་མི་འོས་པ་ཐབས་གང་ཞིག་ལ་བརྟེན་པ་ཡིན༌ནམ། རང་བྱས་ཀྱི་ལས་ལ་བརྟེན་པའི་ཐབས་བཀོལ་བ་ཡིན་ནམ་ཞེ༌ན། དེ་ཡང་མིན༌ཏེ། དད་པ་ལ་བརྟེན་པའི་ཐབས་བཀོལ་བ་ཡིན། 28དེའི༌ཕྱིར། ངེད་ཅག་གིས་མཐའ་གཅིག་ཏུ་ངོས་བཟུང་བ་ནི། མི་རྣམ་དག་ཏུ་བརྩི་བ་ཐམས་ཅད་དད་པ་ལ་བརྟེན་པ་ལས་བཀའ་ཁྲིམས་བརྩི་སྲུང་བྱས་པར་རག་ལས་པ་མ་ཡིན་ནོ།། 29དེ་ཡང་དཀོན་མཆོག་ནི་ཡ་ཧུ་དཱའི་མི་རིགས་ཁོ་ནའི་དཀོན་མཆོག་ཡིན༌ནམ། ཁོང་ནི་ཕྱི་ཕྱོགས་པ་རྣམས་ཀྱི་དཀོན་མཆོག་ཀྱང་མ་ཡིན་ནམ་ཞེ༌ན། ཁོང་ནི་ཕྱི་ཕྱོགས་པ་རྣམས་ཀྱི་དཀོན་མཆོག་ཀྱང་ཡིན་ནོ།། 30དཀོན་མཆོག་ནི་གཅིག་རང་ཡིན་པས། ཁོང་གིས་མཚན་སྐྱི་བཅད་པ་རྣམས་དད་པའི་དབང་གིས་མི་རྣམ་དག་ཏུ་བརྩི༌ཞིང༌། མཚན་སྐྱི་མ་བཅད་པ་རྣམས་ཀྱང་དད་པའི་དབང་གིས་མི་རྣམ་དག་ཏུ་བརྩི་ངེས༌ཡིན་ནོ།། 31དེས་ན་བདག་ཅག་གིས་དད་པ་བརྒྱུད་ནས་བཀའ་ཁྲིམས་མེད་པར་བཟོའམ་ཞེ༌ན། གཏན་ནས་མི་བཟོ་སྟེ། བཀའ་ཁྲིམས་དེ་ལས་ཀྱང་བརྟན་པོར་བྱེད་པ་ཡིན༌ནོ།།

རོ་མ་པ 4

མེས་པོ་ཨབ་ར་ཧམ་དད་པའི་དབང་གིས་མི་རྣམ་དག་ཏུ་བརྩིས༌པ།

1དེས་ན་ངེད་ཅག་གིས་ཅི་ཞིག་སྨྲའམ། ལུས་པོའི་ཆ་ནས་བདག་ཅག་གི་མེས་པོ་ཡིན་པའི་ཨབ་ར་ཧམ་ལ་ཅི་ཞིག་ཐོབ་བམ། 2གལ༌ཏེ། ཨབ་ར་ཧམ་ནི་བྱ་སྤྱོད་ལ་བརྟེན་ནས་མི་རྣམ་དག་ཏུ་བརྩིས་པ་ཡིན༌ན། ཁོང་ལ་བསྟོད་འོས་པ་ཡིན། འོན༌ཀྱང༌། དཀོན་མཆོག་གི་སྤྱན་སྔར་བསྟོད་འོས་པ་ཅི་ཡང་མེད་དོ།། 3གསུང་རབ་ཀྱི་མདོ་ལས་ཇི་ལྟར་གསུངས་སམ་ཞེ༌ན། འདི་སྐད༌དུ། ཨབ་ར་ཧམ་གྱིས་དཀོན་མཆོག་ལ་དད་པ་བྱས་པ༌དང༌། དཀོན་མཆོག་གིས་ཀྱང་ཁོང་ནི་མི་རྣམ་དག་ཏུ་བརྩིས་པ་ཡིན་ཞེས་གསུངས་སོ།། 4སྤྱིར་ལས་ཀ་བྱེད་མཁན་ལ་གླ་ཆ་ཐོབ་འོས་པ༌དང༌། དེ་ནི་བཀའ་དྲིན་མ་ཡིན་པར་ལས་ཀ་ལྟར་གླ་ཆ་ཐོབ་འོས་པ་ཡིན། 5འོན༌ཀྱང༌། ངལ་དུབ་མི་བྱེད་ཅིང་དད་གུས་མེད་པ་ཞིག་མི་རྣམ་དག་ཏུ་བརྩི་བའི་དཀོན་མཆོག་ལ་དད་པ་བྱས༌ན། དད་པའི་དབང་གིས་ཁོ་ནི་མི་རྣམ་དག་ཏུ་བརྩིས་པ་ཡིན་ནོ།། 6དེ་ཡང་དཀོན་མཆོག་གིས་བྱ་སྤྱོད་ལ་མ་གཟིགས༌པར། རྣམ་དག་ཏུ་བརྩིས་ཤིང་བྱིན་གྱིས་བརླབས་པའི་མི་ཡི་སྐོར་ལ་དཱ་བིད་ཀྱིས་ཀྱང་འདི་སྐད༌དུ། 7གང་གི་ཉེས་པ་བསལ་བས་བྱིན་རླབས༌ཆེ།། གང་གི་སྡིག་པ་བཀབ་པས་མི་དེ༌བདེ།། 8དཀོན་མཆོག་ཉིད་ཀྱིས་སྡིག་པར་མི་བརྩི༌བའི།། མི་དེ་རྣམས་ནི་བྱིན་རླབས༌ཆེ་བ་ཡིན།། ཞེས་པའོ།། 9དེས༌ན། བྱིན་རླབས་དེ་ནི་མཚན་སྐྱི་བཅད་པའི་མི་རྣམས་ཁོ་ནར་གནང༌ངམ། མཚན་སྐྱི་མ་བཅད་པའི་མི་རྣམས་ལའང་གནང་བ་མ་ཡིན༌ནམ། ངེད་ཅག་གིས། ཨབ་ར་ཧམ་གྱི་དད་པས་ཁོང་ནི་མི་རྣམ་དག་ཏུ་བརྩིས་པ་ཡིན་ཞེས་སྨྲ་བས་སོ།། 10དེ་ནི་ཅི་ལྟར་བརྩིས༌སམ། ཁོང་ལ་མཚན་སྐྱི་གཅོད་པའི་དུས་ཡིན༌ནམ། ཡང་ན་ཁོང་ལ་མཚན་སྐྱི་མ་བཅད་པའི་དུས་ཡིན་ནམ་ཞེ༌ན། མཚན་སྐྱི་གཅོད་པའི་དུས་མ་ཡིན་པར་མཚན་སྐྱི་མ་བཅད་པའི་དུས་ཡིན་ལ། 11ཁོང་ལ་མཚན་སྐྱི་བཅད་པའི་དཔང་རྟགས་ཐོབ་པ་ཡིན། དེ་ནི་མཚན་སྐྱི་མ་བཅད་པའི་དུས་སུ་དད་པ་ལ་བརྟེན་ནས་མི་རྣམ་དག་ཏུ་བརྩིས་པའི་རྟགས་མཚན་ཞིག་ཡིན་ཏེ། ཁོང་ནི་མཚན་སྐྱི་མ་བཅད་ཅིང་དད་པ་ཡོད་པའི་མི་ཐམས་ཅད་ཀྱི་མེས་པོར་གྱུར་པ༌དང༌། མི་དེ་རྣམས་ཀྱང་མི་རྣམ་དག་ཏུ་བརྩི་བར་མཛད་པའི་ཕྱིར༌ཡིན། 12ཡང་ཁོང་ནི་མཚན་སྐྱི་བཅད་པ་རྣམས་ཀྱི་མེས་པོར་གྱུར་ཏེ། མཚན་སྐྱི་བཅད་ཟིན་པར་མ༌ཟད། ཁོང་གི་དད་པའི་རྗེས་སུ་འབྲངས་པའི་མི་རྣམས་ཀྱི་མེས་པོ་ཡང་ཡིན་ལ། བདག་ཅག་གི་མེས་པོ་ཨབ་ར་ཧམ་ལ་མཚན་སྐྱི་མ་བཅད་པའི་དུས་སུ་དད་པ་དེ་ཡོད་པའོ།། 13རྒྱུ་མཚན་ནི་དཀོན་མཆོག་གིས་ཨབ་ར་ཧམ་དང་ཁོང་གི་རིགས་རྒྱུད་ཕྱི་མ་རྣམས་ལ་འཇིག་རྟེན་གྱི་རྒྱུན་འཛིན་མཁན་དུ་འགྱུར་བའི་ཞལ་བཞེས་གནང༌ཞིང༌། དེ་ནི་བཀའ་ཁྲིམས་ལ་བརྟེན་པ་མ་ཡིན་པར། དད་པའི་དབང་གིས་མི་རྣམ་དག་ཏུ་བརྩིས་པ་དེ་ལ་བརྟེན་པའི་ཕྱིར༌རོ།། 14གལ༌ཏེ། བཀའ་ཁྲིམས་ལ་གཏོགས་པའི་མི་དེ་ད་བཟོད་རྒྱུན་འཛིན་མཁན་ཡིན༌ན། དད་པ་ནི་སྟོང་བར་འགྱུར་ཞིང་ཞལ་བཞེས་ཀྱང་མེད་པར་འགྱུར། 15ཅིའི་ཕྱིར་ཞེ་ན། བཀའ་ཁྲིམས་ནི་ཁྲོ་བའི་རྒྱུ་ཡིན༌ཏེ། བཀའ་ཁྲིམས་མེད་ན་དེ་དང་འགལ་བའི་ལས་ཀྱང་མེད་པའི་ཕྱིར༌རོ།། 16དེ་བས་རྒྱུན་འཛིན་མཁན་དུ་གྱུར་པ་ནི་དད་པའི་དབང་གིས་ཡིན༌ཏེ། ཐུགས་རྗེ་ལ་གཏོགས་པའི་ཕྱིར༌རོ།། དེ་ནི་མི་རྒྱུད་ཕྱི་མ་ཐམས་ཅད་ལས་བཀའ་ཁྲིམས་ལ་གཏོགས་པའི་མི་རྣམས་ལ་ཞལ་བཞེས་གནང་ངེས་པར་མ༌ཟད། ཨབ་ར་ཧམ་གྱི་དད་པ་ལྟར་དད་པ་བྱེད་མཁན་ལའང་ཞལ་བཞེས་གནང༌བ་ཡིན། ཨབ་ར་ཧམ་ནི་བདག་ཅག་ཐམས་ཅད་ཀྱི་མེས་པོ་ཡིན་ནོ།། 17དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བདག་གིས་ཁྱོད་ནི་མི་རིགས་མང་པོའི་མེས་པོར་བྱེད་ཅེས་བཀོད་པ་བཞིན། ཁོང་ཉིད་ནི་དཀོན་མཆོག་གི་སྤྱན་སྔ་ནས་བདག་ཅག་གི་མེས་པོར་མཛད༌པ་དང་། ཁོང་གི་དད་ཡུལ་ནི་འཆི་བ་ལ་ཚེ་སྲོག་གནང་བ་དང་། མེད་པ་ནི་ཡོད་པར་མཛད་པའི་དཀོན་མཆོག་ཡིན། 18ཁོང་ལ་རེ་སྒུག་མེད་པའི་དུས༌སུ། དད་པའི་དབང་གིས་རེ་སྒུག་བྱེད༌ཅིང༌། དེ་སྔར་ཁྱོད་ཀྱི་རིགས་རྒྱུད་ཀྱང་དེ་བཞིན་དུ་འབྱུང་བར་འགྱུར་ཞེས་གསུངས་པ་ལྟར་མི་རྒྱུད་མང་པོའི་མེས་པོར་གྱུར་ཏོ།། 19ཁོང་ཉིད་དགུང་ལོ་བརྒྱ་ཙམ་དུ་སོན་པའི་དུས༌སུ། རང་གི་ལུས་པོ་ནི་འཆི་བ་དང་མཚུངས་པར་བསམས༌ཏེ། སཱ་ར་ལ་མངལ་སྦྲུམ་མཚམས་ཆད་འདུག༌ནའང༌། ཁོང་གི་དད་པ་ནི་ད་དུང་བརྟན་པོ་ཡིན༌ལ། 20དཀོན་མཆོག་གི་ཞལ་བཞེས་ལ་རེ་སྒུག་བྱེད་ཅིང་དད་པ་མེད་པའི་དབང་གིས་དེ་ལ་ཐེ་ཚོམ་སྐྱེས་པ༌མིན། དད་སེམས་བརྟན་པོར་གྱུར་ནས་དཀོན་མཆོག་ལ་བསྟོད་བསྔགས་བརྗོད༌ཅིང་། 21སེམས་གཏིང་ནས་དཀོན་མཆོག་གིས་ཞལ་བཞེས་གནང་བ་ལྟར་མཛད་ནུས་པར་ཡིད་ཆེས༌པ་ཡིན་ནོ།། 22དེའི༌ཕྱིར། དད་པའི་རྐྱེན་གྱིས་དཀོན་མཆོག་གིས་ཁོང་ནི་མི་རྣམ་དག་ཏུ་བརྩིས་པ་ཡིན། 23དེ་ལྟར་བརྩིས་པ་ཡིན་ཞེས་པའི་ཚིག་ནི་ཁོང་ཉིད་ཁོ་ནའི་ཕྱིར་ཡི་གེར་བཀོད་པ་མིན༌པར། 24བདག་ཅག་གི་ཆེད་དུའང་ཡི་གེར་བཀོད་པ་ཡིན༌ཏེ། རང་རེའི་གཙོ་བོ་ཡེ་ཤུ་གྲོངས་པ་ནས་སླར་གསོན་པར་མཛད་མཁན་དཀོན་མཆོག་ལ་དད་པ་བྱེད་པ་དང་། ཕྱིས་སུ་མི་རྣམ་དག་ཏུ་བརྩི་བར་འགྱུར་བ་ནི་བདག་ཅག་ཡིན། 25གཙོ་བོ་ཡེ་ཤུ་ནི་བདག་ཅག་གི་སྡིག་པའི་ཕྱིར་མི་གཞན་ལ་སྤྲད༌ཅིང༌། ཁོང་ཉིད་སླར་གསོན་པའང་བདག་ཅག་མི་རྣམ་དག་ཏུ་བརྩི་བའི་ཕྱིར་ཡིན༌ནོ།།

རོ་མ་པ 5

འདུམ་འགྲིག་དང༌དགའ་སྤྲོ།

1དེ་བས་ན། བདག་ཅག་དད་པའི་དབང་གིས་མི་རྣམ་དག་ཏུ་བརྩིས༌པས། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་དཀོན་མཆོག་ལ་འདུམ་འགྲིག་བྱུང་ངོ༌།། 2ཡང་བདག་ཅག་ཁོང་ལ་བརྟེན་ནས་དད་པའི་དབང་གིས་ད་ལྟ་ཐུགས་རྗེའི་ནང་དུ་ལངས་ནས་སྡོད་ཅིང་། དགའ་དགའ་སྤྲོ་སྤྲོའི་ངང་དཀོན་མཆོག་གི་གཟི་བརྗིད་ལ་རེ་སྨོན་བྱེད༌པ་ཡིན། 3དེ་ལས༌གཞན། དཀའ་སྡུག་ལ་ཕྲད་པའི་དུས་སུའང་དགའ་སྤྲོས་ཁེངས༌ཏེ། དཀའ་སྡུག་གི་དབང་གིས་བཟོད་པ་དང༌། 4བཟོད་པའི་དབང་གིས་ཚོད་བགམ་ཐེག་ཐུབ་པ། ཚོད་བགམ་ཐེག་ཐུབ་པའི་དབང་གིས་རེ་བ་འབྱུང་བ་བཅས་ཡིན། 5རེ་བ་ཡིས་ངོ་གནོང་བར་མི་བྱེད༌པ་བདག་ཅག་གིས་ཤེས་ཤིང་། དེ་ནི་བདག་ཅག་ལ་གནང་བའི་དམ་པའི་ཐུགས་ཉིད་ཀྱིས་དཀོན་མཆོག་གི་བྱམས་པ་བདག་ཅག་གི་སེམས་སུ་ལྷག་པར་བླུགས་པའི་ཕྱིར༌རོ།། 6དེ་ཡང་བདག་ཅག་ཉམ་ཐག་པའི་དུས༌སུ། སྐྱབས་མགོན་མཱ་ཤི་ཀ་ནི་དུས་བཅད་ལྟར་སྡིག་ཅན་རྣམས་ཀྱི་དོན་དུ་སྐུ་གྲོངས༌པ་ཡིན་ནོ།། 7སྤྱིར་མི་གཞུང་དྲང་གི་དོན་དུ་འཆི་བ་ཉུང་ཞིང་མི་བཟང་པོའི་དོན་དུ་འཆི་ཕོད་པ་ཡོད་སྲིད་མོད། 8འོན་ཀྱང་སྐྱབས་མགོན་མཱ་ཤི་ཀ་ནི་བདག་ཅག་ད་དུང་སྡིག་ཅན་ཡིན་པའི་དུས༌སུ། བདག་ཅག་གི་དོན་དུ་སྐུ་གྲོངས༌པ་ཡིན། དེ་ལས་དཀོན་མཆོག་གིས་ཁོང་གི་བྱམས་པ་ནི་བདག་ཅག་ལ་མངོན་པར་མཛད༌དོ།། 9ད་ལྟ་བདག་ཅག་ནི་སྐྱབས་མགོན་ཡེ་ཤུའི་སྐུ་ཁྲག་བརྒྱུད་ནས་མི་རྣམ་དག་ཏུ་བརྩིས་ཡོད༌པས། དེ་ལས་ལྷག་པར་ཁོང་ལ་བརྟེན་ནས་དཀོན་མཆོག་གི་ཐུགས་ཁྲོ་ལས་བདག་ཅག་ཐར་བར་འགྱུར་རོ།། 10ཅིའི་ཕྱིར་ཞེ་ན། བདག་ཅག་དགྲ་བོ་ཡིན་པའི་དུས༌སུ། དཀོན་མཆོག་གི་སྲས་སྐུ་གྲོངས་པ་བརྒྱུད་ནས་དཀོན་མཆོག་དང་འདུམ་འགྲིག་བྱུང༌བས་ན། དེ་ལས་ལྷག་པར་ཁོང་ཉིད་སླར་གསོན་པ་ལ་བརྟེན་ནས་བདག་ཅག་ཐར་བར་མཛད་ངེས་ཡིན། 11དེར་མ་ཟད། བདག་ཅག་ནི་རང་རེའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་དཀོན་མཆོག་ལ་འདུམས་པ་དང་། ཡང་ཁོང་ཉིད་བརྒྱུད་ནས་བདག་ཅག་དཀོན་མཆོག་ལ་དགའ་མགུ་བྱུང་ངོ་།།

ཨ་དམ་ལས་འཆི་བ་དང་སྐྱབས་མགོན་མཱ་ཤི་ཀ་ལས་མཐའ་མེད་པའི་ཚེ་སྲོག་བྱུང༌བ།

12དེའི༌ཕྱིར། སྡིག་པ་ནི་མི་གཅིག་བརྒྱུད་ནས་འཇིག་རྟེན་འདིར་བྱུང་བ་དང་འཆི་བའང་སྡིག་པ་ལས་བྱུང་བ༌ལྟར། མི་ཐམས་ཅད་ཀྱིས་སྡིག་པ་བྱས་པའི་དབང་གིས་མི་ཀུན་ལ་འཆི་བ་བྱུང་ངོ༌།། 13བཀའ་ཁྲིམས་མ་གནང་བའི་སྔོན་ལ་འཇིག་རྟེན་དུ་སྡིག་པ་ཡོད༌ནའང༌། བཀའ་ཁྲིམས་མེད་པའི་རྐྱེན་གྱིས་སྡིག་པའང་སྡིག་པ་རུ་མ༌བརྩིས་སོ།། 14འོན༌ཀྱང༌། ཨ་དམ་ནས་མོ་ཤེའི་བར༌དུ། ཨ་དམ་ལྟ་བུའི་སྡིག་པ་མ་བྱས་པ་རྣམས་ཀྱང་འཆི་བའི་དབང་འོག་ཏུ་ལྷུང༌། ཨ་དམ་ནི་ཁོའི་རྗེས་སུ་ཕེབས་པར་འགྱུར་བ་དེ་ཉིད་ཀྱི་དཔེ་གཞི་ཡིན། 15འོན༌ཀྱང༌། སྡིག་པ་ནི་ཐུགས་རྗེའི་གནང་སྦྱིན་དང་མི་མཚུངས༌པར། མི་གཅིག་གི་སྡིག་པའི་རྐྱེན་གྱིས་མི་ཐམས་ཅད་འཆི་བ་ཡིན༌ན། མི་གཅིག་སྟེ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེའི་དབང་གིས་དཀོན་མཆོག་གི་ཐུགས་རྗེ་དང་གནང་སྦྱིན་ནི་དེ་ལས་ལྷག་པར་མི་རྣམས་ལ་ཐོབ་པ་མ་ཡིན༌ནམ། 16ཡང་གནང་སྦྱིན་ནི་མི་གཅིག་གི་སྡིག་པའི་འབྲས་བུ་དང་མི་འདྲ༌སྟེ། ཁྲིམས་ཐག་གཅོད་པ་ནི་མི་གཅིག་གི་རྐྱེན་གྱིས་ཉེས་ཆད་ཕོག་པ་ཡིན༌ལ། ཐུགས་རྗེའི་གནང་སྦྱིན་ནི་ཉེས་པ་མང་པོའི་ཁྲོད་ནས་བྱུང་ཞིང་མཇུག་མཐར་མི་རྣམ་དག་ཏུ་མཛད་པ་ཡིན་ནོ།། 17ཡང་མི་གཅིག་གི་ཉེས་པའི་རྐྱེན་གྱིས་འཆི་བའི་དབང་འོག་ཏུ་ལྷུང༌ན། ཐུགས་རྗེ་ཆེན་པོ་དང་གནང་སྦྱིན་རྣམ་པར་དག་པ་ཐོབ་པ་རྣམས་ཀྱིས་དེ་ལས་ལྷག་པར་ཡེ་ཤུ་མཱ་ཤི་ཀ་ཁོ་ན་བརྒྱུད་ནས་ཚེ་སྲོག་ལ་དབང་བསྒྱུར༌བའོ།། 18དེའི༌ཕྱིར། ཉེས་པ་ཐེངས་གཅིག་བྱས་པའི་རྐྱེན་གྱིས་མི་ཐམས་ཅད་ལ་ཉེས་ཆད་ཕོག་པ༌དང༌། དེ་བཞིན་དུ་སྤྱོད་བཟང་ཐེངས་གཅིག་གིས་མི་ཐམས་ཅད་རྣམ་དག་ཏུ་བརྩིས་ནས་ཚེ་སྲོག་ཐོབ་པ་ཡིན། 19མི་གཅིག་གིས་བཀའ་མ་བརྩིས་པས་མི་མང་པོ་སྡིག་ཅན་དུ་གྱུར་པ༌དང༌། དེ་བཞིན༌དུ། མི་གཅིག་གིས་བཀའ་ལ་མཉན་པས་མི་མང་པོ་མི་རྣམ་དག་ཏུ་འགྱུར༌བ་ཡིན། 20བཀའ་ཁྲིམས་ནི་ཉེས་པ་མང་དུ་མངོན་པའི་ཕྱིར་བསྣན་པ༌སྟེ། གང་ནས་སྡིག་པ་མང་དུ་མངོན་ན། ཐུགས་རྗེའང་དེ་ལས་མང༌དུ་མངོན་ནོ།། 21དེའི་ཕྱིར། སྡིག་པས་དབང་བཟུང་སྟེ་མི་རྣམས་འཆི་རུ་བཅུག་པ༌དང༌། དེ་བཞིན་དུ་ཐུགས་རྗེས་ཀྱང་རྣམ་པར་དག་པ་བརྒྱུད་ནས་དབང་བཟུང༌ཞིང༌། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་མི་རྣམས་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་པར་མཛད་པའོ།།

རོ་མ་པ 6

སྡིག་པའི་ཕྱོགས་སུ་འཆི་དགོས་པ་དང་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་གསོན་པ།

1དེས་ན་ངེད་ཅག་གིས་ཅི་ཞིག༌སྨྲའམ། ཐུགས་རྗེ་སྔར་ལས་མང་དུ་འཐོབ་ཕྱིར་བདག་ཅག་ནི་སྔར་བཞིན་སྡིག་པའི་ནང་དུ་གནས་པར་བྱེད་དམ་ཞེ༌ན། 2གཏན་ནས་མི་བྱེད༌དེ། བདག་ཅག་ནི་སྡིག་པའི་ཆ་ནས་ཤི་ཟིན་པ་ཡིན༌པས། སྔར་བཞིན་སྡིག་པའི་ནང་དུ་འཚོ་ག་ལ༌རུང་། 3མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཁྲུས་གསོལ་ལ་ཞུགས་མཁན་བདག་ཅག་ཐམས་ཅད་ནི། ཁོང་གི་སྐུ་གྲོངས་པའི་ཁྲུས་གསོལ་ལའང་ཞུགས་པ་ཁྱོད་ཅག་གིས་མི་ཤེས་སམ། 4དེའི༌ཕྱིར། བདག་ཅག་ཁོང་གི་སྐུ་གྲོངས་པའི་ཁྲུས་གསོལ་བརྒྱུད་ནས་ཁོང་དང་མཉམ་དུ་དུར་ལ་བཅུག ཅིའི་ཕྱིར་ཞེ་ན། སྐྱབས་མགོན་མཱ་ཤི་ཀ་ནི་ཡབ་ཀྱི་གཟི་བརྗིད་བརྒྱུད་ནས་སྐུ་གྲོངས་པ་ལས་སླར་གསོན་པ༌བཞིན། བདག་ཅག་གིས་ཀྱང་མི་ཚེ་གསར་པ་ཞིག་རོལ་དགོས་པའི་ཕྱིར་ཡིན། 5གལ༌ཏེ། བདག་ཅག་ནི་ཁོང་ཉིད་སྐུ་གྲོངས་པ་དང་མཚུངས་པར་ཁོང་དང་མཉམ་འབྲེལ་བྱས་པ་ཡིན༌ན། ཁོང་ཉིད་སླར་གསོན་པ་དང་མཚུངས་པར་ཡང་ཁོང་དང་མཉམ་འབྲེལ་བྱེད་ངེས་ཡིན། 6བདག་ཅག་སྡིག་པའི་བྲན་དུ་མི་ཚུད་པ་དང་སྡིག་པ་ཅན་གྱི་ལུས་པོ་དབང་མེད་པར་བཟོ་བའི༌ཕྱིར། རང་གཤིས་རྙིང་བ་ནི་ཁོང་དང་མཉམ་དུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ཟིན་པ་བདག་ཅག་གིས་ཤེས༌ཏེ། 7ཤི་ཟིན་པ་རྣམས་སྡིག་པ་ལས་ཐར་བའི་ཕྱིར༌རོ།། 8བདག་ཅག་སྐྱབས་མགོན་མཱ་ཤི་ཀ་དང་ལྷན་དུ་ཤི་བ་ཡིན༌པས་ན། ཁོང་དང་མཉམ་དུ་གསོན་པོར་གནས་པ་ལའང་ཡིད་ཆེས༌ཡོད། 9ཅིའི་ཕྱིར་ཞེ་ན། སྐྱབས་མགོན་མཱ་ཤི་ཀ་སྐུ་གྲོངས་པ་ནས་སླར་གསོན་པ་ཡིན་པས། སླར་ཡང་སྐུ་གྲོངས་པར་མི་འགྱུར༌ཞིང༌། འཆི་བས་ཀྱང་ཡང་བསྐྱར་ཁོང་ལ་དབང་བསྒྱུར་མི་ནུས་པ་བདག་ཅག་གིས་ཤེས་པའི་ཕྱིར༌ཡིན། 10ཁོང་ཉིད་སྐུ་གྲོངས་པ་ནི་སྡིག་པའི་ཕྱོགས་སུ་ཐེངས་གཅིག་ལ་སྐུ་གྲོངས་ཤིང་། ཁོང་ཉིད་སྐུ་གསོན་པོར་བཞུགས་པ་ནི་དཀོན་མཆོག་གི་ཕྱོགས་སུ་གནས་པ་ཡིན༌ནོ།། 11དེ་ལྟར་ཁྱོད་ཅག་གིས་ཀྱང་སྡིག་པའི་ཕྱོགས་ནས་རང་ཉིད་ཤི་ཟིན་པར་བརྩི་དགོས་པ༌དང༌། དཀོན་མཆོག་གི་ཕྱོགས་ནས་ཁྱོད་ཅག་ནི་མཱ་ཤི་ཀ་ཡེ་ཤུའི་ནང་དུ་གནས་པས་རང་ཉིད་གསོན་པོ་ཡིན་པར་བརྩི་དགོས་སོ།། 12དེའི༌ཕྱིར། ལུས་ཀྱི་འདོད་པའི་དབང་དུ་མི་འགྲོ་བའི་ཕྱིར། ཁྱོད་ཅག་གི་འཆི་བར་འགྱུར་བའི་ལུས་སྟེང་དུ་སྡིག་པས་གང་འདོད་དུ་དབང་མི་བསྒྱུར་བར༌གྱིས། 13དྲང་བདེན་མིན་པའི་ལས་བྱེད་པ་ལ་ཁྱོད་ཅག་གི་ཡན་ལག་རྣམས་སྡིག་པའི་ཡོ་བྱད་དུ་མི་སྤྲོད༌པར། ཤི་ནས་སླར་གསོན་པ་ལྟར་རང་ཉིད་ནི་དཀོན་མཆོག་ལ་འབུལ་དགོས་པར་མ༌ཟད། ཡན་ལག་རྣམས་ཀྱང་དྲང་བདེན་གྱི་ལས་བྱེད་པའི་ཡོ་བྱད་དུ་དཀོན་མཆོག་ལ་འབུལ་དགོས། 14རྒྱུ་མཚན་ནི་ཁྱོད་རྣམས་བཀའ་ཁྲིམས་ཀྱི་འོག་ཏུ་མི་འདུག་པར་ཐུགས་རྗེའི་འོག་ཏུ་ཡོད་པའི་རྐྱེན༌གྱིས། སྡིག་པས་ཁྱོད་རྣམས་ལ་དབང་བསྒྱུར་མི་ནུས་པའི་ཕྱིར༌རོ།། 15དེས་ན་ཅི་ལྟར་ཡིན་ནམ། བདག་ཅག་ནི་ཐུགས་རྗེའི་འོག་ཏུ་ཡོད་པ༌ལས། བཀའ་ཁྲིམས་ཀྱི་འོག་ཏུ་མི་འདུག་པས་སྡིག་པ་བྱེད་རུང་ངམ་ཞེ༌ན། གཏན་ནས་མི་རུང༌སྟེ། 16ཁྱོད་རྣམས་ཀྱིས་རང་ཉིད་གཡོག་པོ་བྱེད་པར་འབུལ༌ཞིང༌། སུ་ཡི་བཀའ་ལ་ཉན་ན་དེའི་གཡོག་པོ་ཡིན་པ་མི་ཤེས༌སམ། སྡིག་པའི་གཡོག་པོ་བྱས་ན་འཆི་བར་འགྱུར་བ༌དང༌། བཀའ་ལ་ཉན་པའི་གཡོག་པོ་བྱས་ན་མི་རྣམ་དག་ཏུ་འགྱུར༌བ་ཡིན་ནོ།། 17སྔོན་ཆད་ཁྱོད་རྣམས་ནི་སྡིག་པའི་གཡོག་པོ་ཡིན༌ཡང༌། ད་ལྟ་ཁྱོད་ཅག་ལ་བསྟན་པའི་ཆོས་དེ་སེམས་གཏིང་ནས་ཁས་བླངས་པའི་རྐྱེན་གྱིས་དཀོན་མཆོག་ལ་བཀའ་དྲིན་ཞུ་བར༌བྱའོ།། 18ཁྱོད་རྣམས་སྡིག་པ་ནས་ཐར་ཏེ་རྣམ་པར་དག་པའི་གཡོག་པོར་གྱུར༌པ་ཡིན། 19ཁྱོད་ཅག་གི་ཤ་གཟུགས་ཀྱི་ཕུང་བོར་ནུས་ཤུགས་ཞན་པས། བདག་གིས་མིའི་བཤད་སྲོལ་ལྟར་ཁྱོད་ཅག་ལ་སྨྲ་བར་བྱ་སྟེ། ཁྱོད་ཅག་གིས་སྔོན་ཆད་རང་གི་ཡན་ལག་རྣམས་ཇི་ལྟར་མི་གཙང་བ༌དང༌། ཁྲིམས་མེད་ལུགས་མེད་ཀྱི་གཡོག་པོ་བྱེད་པར་སྤྲད་པས་ཁྲིམས་མེད་ལུགས་མེད་དུ་གྱུར་པ༌བཞིན། ད་ལྟ་དམ་པར་འགྱུར་བའི༌ཕྱིར། ཡང་རང་གི་ཡན་ལག་རྣམས་རྣམ་པར་དག་པའི་བྲན་གཡོག་ཏུ་ཕུལ༌ཞིག 20ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་སྡིག་པའི་བྲན་གཡོག་ཡིན་དུས། རྣམ་དག་གིས་གཅུན་པར་མཛད་མེད་དོ།། 21དེས་ན་ད་ལྟ་ཁྱོད་ཅག་གིས་ངོ་ཚར་བརྩིས་པའི་དོན་རྣམས་མཐོང༌དུས། འབྲས་བུ་ཅི་ཡོད་ཅེ༌ན། དོན་དེ་དག་གི་མཇུག་འབྲས་ནི་འཆི་བ་ཡིན་ནོ།། 22འོན༌ཀྱང༌། ད་ལྟ་ཁྱོད་རྣམས་སྡིག་པ་ལས་ཐར་ཞིང་དཀོན་མཆོག་གི་གཡོག་པོར་གྱུར༌པས། ཁྱོད་རྣམས་ལ་དམ་པར་འགྱུར་བའི་འབྲས་བུ་ཐོབ༌པ་དང་། དེའི་མཇུག་འབྲས་ནི་མཐའ་མེད་པའི་ཚེ་སྲོག་ཡིན་ནོ།། 23དེས་ན་སྡིག་པའི་གླ་ཆ་འཆི་བ་ཡིན༌ཡང༌། དཀོན་མཆོག་གི་ཐུགས་རྗེའི་གནང་སྦྱིན་ནི་བདག་ཅག་གི་གཙོ་བོ་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཡོད༌པའི་མཐའ་མེད་པའི་ཚེ་སྲོག་དེ་ཡིན་ནོ།།

རོ་མ་པ 7

ཁྱོ་ཤུག་གི༌དཔེ།

1སྤུན་ཟླ༌རྣམས། བདག་གིས་ད་ལྟ་བཀའ་ཁྲིམས་ཀྱི་དོན་རྟོགས་མཁན་རྣམས་ལ་སྨྲ་བར་བྱ༌སྟེ། བཀའ་ཁྲིམས་ཀྱིས་མི་གསོན་པའི་དུས་སུ་བདག་སྐྱོང་མཛད་པ་ནི་ཁྱོད་ཅག་གིས་མི་ཤེས༌སམ། 2དཔེར༌ན། བུད་མེད་ཅིག་ལ་ཁྱོ་ག་ཡོད་པ་དང་ཁྱོ་ག་གསོན་པའི་དུས༌སུ། ཁོ་མོ་ནི་བཀའ་ཁྲིམས་ཀྱིས་གཅུན་པ་དང༌། གལ་ཏེ་ཁྱོ་ག་ཚེ་ལས་འདས༌ན། བུད་མེད་དེ་ནི་ཁྱོ་གའི་སྐོར་གྱི་བཀའ་ཁྲིམས་དང་ཁ་བྲལ་བ་དང་འདྲའོ།། 3དེའི༌ཕྱིར། ཁྱོ་ག་གསོན་པའི་དུས་སུ་ཁོ་མོ་སྐྱེས་པ་གཞན་དང་འགྲོགས༌ན། བུད་མེད་དེ་ལ་གཡེམ་མ་ཟེར། གལ༌ཏེ་ཁྱོ་ག་ཚེ་ལས་འདས་ན་ཁོ་མོ་ནི་ཁྱོ་གའི་སྐོར་གྱི་བཀའ་ཁྲིམས་དང་ཁ་བྲལ་བས་སྐྱེས་པ་གཞན་དང་འགྲོགས༌ནའང༌། བུད་མེད་དེ་ལ་གཡེམ་མ་མི་ཟེར༌རོ།། 4དེའི་ཕྱིར། བདག་གི་སྤུན་ཟླ༌རྣམས། དེ་ལྟར་སྨྲས༌ན། སྐྱབས་མགོན་མཱ་ཤི་ཀའི་སྐུ་ལུས་ལ་བརྟེན་ནས་ཁྱོད་རྣམས་ཀྱང་བཀའ་ཁྲིམས་ཀྱི་ཆ་ནས་ཤི༌བ་ཡིན་ནོ།། དེ་ནི་ཁྱོད་རྣམས་གཞན་ལ་གཏོགས་པ་དང་། ངེད་ཅག་ལ་འབྲས་བུ་བྱུང་ནས་དཀོན་མཆོག་ལ་འབུལ་བའི༌ཕྱིར། སྐུ་གྲོངས་པ་ནས་སླར་གསོན་པ་དེ་ཉིད་ལ་གཏོགས་སོ།། 5ཅིའི་ཕྱིར་ཞེ་ན། བདག་ཅག་ནི་ཤ་གཟུགས་ཀྱི་ཕུང་བོར་གཏོགས་པའི་དུས༌སུ། བཀའ་ཁྲིམས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་འདོད་ངན་གྱིས་བདག་ཅག་གི་ཡན་ལག་ལ་སྐུལ་སློང་བྱས་ཏེ་འཆི་བའི་འབྲས་བུ་བསྐྱེད༌པའི་ཕྱིར་ཡིན། 6འོན༌ཀྱང༌། བདག་ཅག་འཆིང་བར་བྱེད་པའི་བཀའ་ཁྲིམས་སྟེང་ནས་ཤི་བར་གྱུར༌ཏེ། ད་ལྟ་བཀའ་ཁྲིམས་ལས་གྲོལ་བ་ཡིན༌པས། བདག་ཅག་གིས་དམ་པའི་ཐུགས་ཉིད་ཀྱི་སྲོལ་གསར་པ་ལྟར་ཞབས་ཕྱི་སྒྲུབ་པ༌ལས། ཁྲིམས་ཡིག་གི་སྲོལ་རྙིང་བ་ལྟར་ཞབས་ཕྱི་བསྒྲུབ་པར་མི༌བྱའོ།།

སྡིག་པར་འཐབ་པ།

7དེས་ན་ངེད་ཅག་གིས་ཅི་ཞིག༌སྨྲའམ། བཀའ་ཁྲིམས་ནི་སྡིག་པ་ཡིན་ནམ་ཞེ༌ན། གཏན་ནས་མིན༌ནོ།། འོན་ཀྱང་བཀའ་ཁྲིམས་མེད་ན་ངས་སྡིག་པ་ནི་ཅི་ཞིག་ཡིན་པ་མི་ཤེས། བཀའ་ཁྲིམས་ལས་ཇི་སྐད༌དུ། འདོད་ཧམ་བཅང་མི་རུང་ཞེས་གསུངས་པ་མིན༌ན། བདག་གིས་འདོད་ཧམ་ནི་ཅི་ཞིག་ཡིན་པ་མི་ཤེས་སོ།། 8འོན༌ཀྱང༌། སྡིག་པས་གོ་སྐབས་དང་བསྟུན་ཞིང་བཀའ་དེ་ལ་བརྟེན༌ནས། བདག་གི་སེམས་ནང་དུ་འདོད་ཧམ་སྣ་ཚོགས་སྐྱེ་བར་སྐུལ་སློང་བྱས་པ་ཡིན། ཅིའི་ཕྱིར་ཞེ་ན། བཀའ་ཁྲིམས་མེད་ན་སྡིག་པ་ནི་ཤི༌བ་ཡིན་པའི་ཕྱིར་རོ།། 9སྔོན་ཆད་བཀའ་ཁྲིམས་མེད་པའི་དུས་སུ་བདག་ནི་གསོན་པོར་འཚོ༌ཡང༌། བཀའ་དེ་ཉིད་བྱུང་བ་དང་སྡིག་པ་ནི་གསོན་པར་གྱུར་པ་དང་། བདག་ནི་ཤི༌བར་གྱུར། 10མ་གཞི་མི་གསོན་དུ་འཇུག་པའི་བཀའ་དེ་ཡིས་བདག་ནི་འཆི་བར་མཛད་དོ།། 11རྒྱུ་མཚན་ནི་སྡིག་པས་གོ་སྐབས་དང་བསྟུན་ཞིང་བཀའ་དེ་ལ་བརྟེན་ནས་ང་རང་བསླུས་ཏེ་བསད༌པ་ཡིན། 12དེ་ལྟར་བལྟས༌ན། བཀའ་ཁྲིམས་ནི་དམ་པ་ཡིན༌ལ། བཀའ་དེ་ཡང་དམ་པ༌དང༌། བདེན༌དྲང༌། ལེགས་པོ་བཅས་ཡིན༌ནོ།། 13དེ་འདྲ་ཡིན༌ན། ལེགས་པོ་ཡིན་པ་དེ་ཉིད་ནི་ང་རང་འཆི་བའི་རྒྱུ་རྐྱེན་ཡིན་ནམ་ཞེ༌ན། གཏན་ནས་མིན༌ཏེ། ང་རང་འཆི་བར་བྱེད་པའི་རྒྱུ་རྐྱེན་ནི་སྡིག་པ་ཡིན་ནོ།། འོན༌ཀྱང༌། སྡིག་པས་ལེགས་པོ་ཡིན་པ་དེ་ཉིད་བརྒྱུད་ནས་ང་རང་འཆི་བར་བྱས༌པས། དེ་ནི་སྡིག་པ་ཡིན་པ་དངོས་སུ་བསྟན༌ཞིང༌། བཀའ་དེ་ཡིས་སྔར་ལས་ཀྱང་སྡིག་པ་ནི་ཤིན་ཏུ་ངན་པ་ཡིན་པར་མཚོན༌པའོ།། 14བདག་ཅག་གིས་བཀའ་ཁྲིམས་ནི་ཐུགས་ཉིད་ལ་གཏོགས་པ་ཤེས༌ནའང༌། བདག་ནི་ཤ་གཟུགས་ཀྱི་ཕུང་བོར་གཏོགས་ཤིང་སྡིག་པའི་བྲན་གཡོག་ཏུ་བཙོངས་པ་ཡིན་ནོ།། 15རྒྱུ་མཚན་ནི་ངས་ཅི་བྱེད་པ་རང་གིས་ཀྱང་མི་ཤེས༌ཏེ། ངས་རང་གིས་བྱེད་འདོད་པའི་ལས་དེ་མི་བྱེད༌པར། རང་ཉིད་སྡང་བའི་ལས་དེ་བྱེད་དོ།། 16གལ༌ཏེ། ངས་བྱས་པའི་ལས་དེ་ནི་རང་གིས་བྱེད་མི་འདོད་པ་ཡིན༌ན། ངས་བཀའ་ཁྲིམས་ནི་ལེགས་པོ་ཡིན་པ་ཁས་བླངས༌པ་ཡིན། 17དེ་བས། དེ་ལྟར་བྱེད་མཁན་ནི་ང་རང་མིན༌ཏེ། ངའི་སེམས་ནང་དུ་གནས་པའི་སྡིག་པས་བྱས་པ་ཡིན་ནོ།། 18ངས་དོན་བཟང་སྒྲུབ་པའི་སེམས་ཐག་གཅོད་ནུས་ཀྱང་དེ་ལྟར་སྒྲུབ་མི་ཐུབ༌པས། ངའི་ཤ་གཟུགས་ཀྱི་ཕུང་བོའི་ནང་དུ་ལེགས་པོ་ཅི་ཡང་མེད་པ་བདག་གིས་ཤེས་སོ།། 19དེའི༌ཕྱིར། ངས་རང་གིས་སྒྲུབ་འདོད་པའི་དོན་བཟང་མི་སྒྲུབ༌པར། སྒྲུབ་མི་འདོད་པའི་དོན་ངན་སྒྲུབ་པར་བྱེད། 20གལ༌ཏེ། ངས་རང་གིས་སྒྲུབ་མི་འདོད་པའི་ལས་ཤིག་བསྒྲུབས༌ན། ལས་དེ་ནི་བདག་གིས་བྱས་པ་མ་ཡིན༌པར། ངའི་སེམས་ནང་དུ་གནས་པའི་སྡིག་པས་བྱས་པ་ཡིན༌ནོ།། 21དེའི༌ཕྱིར། ངས་ཆོས་ཉིད་ཅིག་ཡོད་པ་ཤེས༌ཏེ། ངས་དོན་བཟང་སྒྲུབ་འདོད་པའི་དུས༌སུ། ངན་པའང་བདག་དང་མཉམ་དུ་གནས་སོ།། 22ངའི་ནང་གི་བསམ་པ་ལྟར༌ན། བདག་ནི་དཀོན་མཆོག་གི་ཆོས་ཉིད་ལ༌དགའ་བ་ཡིན། 23འོན༌ཀྱང༌། བདག་གི་ཡན་ལག་ཁྲོད་དུ་ཆོས་ཉིད་གཞན་ཞིག་ཡོད༌དེ། ངའི་སེམས་ནང་གི་ཆོས་ཉིད་དང་འཐབ་སྟེ། ང་ནི་ཡན་ལག་ནང་གི་སྡིག་པའི་ཆོས་ཉིད་ཀྱི་དབང་དུ་གྱུར་པ་དང་། དེས་ང་རང་བཙན་བཟུང་བྱས་པ་བདག་གིས་ཤེས་སོ།། 24བདག་ནི་ཇི་འདྲའི་ཐ་ཤལ་བ་ཞིག་རེད་ཨང་། སུ་ཞིག་གིས་ང་རང་འཆི་བར་འགྱུར་བའི་ལུས་པོ་འདི་ལས་སྐྱོབ་པར་བྱེད༌དམ་ཞེ་ན། 25བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀར་བརྟེན་ནས་དཀོན་མཆོག་ལ་ཐུགས་རྗེ༌ཆེ་ཞུའོ།། མདོར་ན། བདག་གི་སེམས་སུ་དཀོན་མཆོག་གི་ཆོས་ཉིད་ལ་བསྟུན་ན་ཡང༌། བདག་གི་ཤ་གཟུགས་ཀྱི་ཕུང་བོས་སྡིག་པའི་ཆོས་ཉིད་ལ་བསྟུན་པའོ།།

རོ་མ་པ 8

དམ་པའི་ཐུགས་ཉིད་ལ་བརྟེན་པའི་ཚེ༌སྲོག

1དེ་བས་ན། ད་ལྟ་མཱ་ཤི་ཀ་ཡེ་ཤུའི་ནང་དུ་གནས་པ་རྣམས་ལ་ཉེས་ཆད་ཕོག་པ་ཅི་ཡང་མེད་དོ།། 2ཅིའི་ཕྱིར་ཞེ་ན། མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཡོད་པའི་ཚེ་སྲོག་གནང་མཁན་ཏེ་དམ་པའི་ཐུགས་ཉིད་ཀྱི་ཆོས་ཉིད་ཀྱིས། ཁྱོད་རང་སྡིག་པ་དང་འཆི་བའི་ཆོས་ཉིད་ལས་ཐར་བར་མཛད་པའི་ཕྱིར༌ཡིན། 3ཤ་གཟུགས་ཀྱི་ཕུང་བོའི་ནུས་ཤུགས་ཞན་པའི་དབང་གིས་བཀའ་ཁྲིམས་ཀྱིས་སྒྲུབ་མ་ཐུབ་པ་དེ་དཀོན་མཆོག་གིས་བསྒྲུབས་ཏེ། ཁོང་གིས་རང་གི་སྲས་ནི་སྡིག་པའི་ལུས་ཀྱི་རྣམ་པ་དང་འདྲ་བའི་སྡིག་པའི་བཤགས་མཆོད་དུ་མངགས༌ཤིང་། ཤ་གཟུགས་ཀྱི་ཕུང་བོའི་ནང་དུ་སྡིག་པར་ཉེས་ཆད་བཅད་དོ།། 4དེ་ནི་བཀའ་ཁྲིམས་ཀྱིས་བཏོན་པའི་རྣམ་པར་དག་པའི་བླང་བྱ་ནི་བདག་ཅག་གིས་ཤ་གཟུགས་ཀྱི་ཕུང་བོ་དང་མི་བསྟུན་པར། དམ་པའི་ཐུགས་ཉིད་ལ་བསྟུན་ནས་སྐྱོད་མཁན་རྣམས་ཀྱི་སྟེང་དུ་འགྲུབ་པར་མཛད་པའི་ཕྱིར༌ཡིན། 5ཅིའི་ཕྱིར་ཞེ་ན། ཤ་གཟུགས་ཀྱི་ཕུང་བོར་བསྟུན་མཁན་གྱིས་ཤ་གཟུགས་ཀྱི་ཕུང་བོའི་དོན་བསམ༌ཞིང༌། དམ་པའི་ཐུགས་ཉིད་ལ་བསྟུན་མཁན་གྱིས་དམ་པའི་ཐུགས་ཉིད་ཀྱི་དོན་བསམ་པས༌སོ།། 6ཡང་ཤ་གཟུགས་ཀྱི་ཕུང་བོ་བསམ་པའི་མཇུག་འབྲས་ནི་འཆི་བ༌དང༌། དམ་པའི་ཐུགས་ཉིད་བསམ་པའི་མཇུག་འབྲས་ནི་ཚེ་སྲོག་དང་ཞི་བདེ་ཡིན། 7མ་གཞི་ཤ་གཟུགས་ཀྱི་ཕུང་བོ་བསམ་པ་རྣམས་ཀྱིས་དཀོན་མཆོག་གི་བཀའ་ཁྲིམས་ལ་མི་བསྟུན་པ་དང་བསྟུན་ཡང་མི་ནུས་པས་དཀོན་མཆོག་ནི་དགྲ་རུ་བཟུང༌བ་ཡིན་ནོ།། 8དེར་མ༌ཟད། ཤ་གཟུགས་ཀྱི་ཕུང་བོར་གཏོགས་པ་རྣམས་ཀྱིས་དཀོན་མཆོག་གི་ཐུགས་དགྱེས་པར་བྱ་མི་ནུས་སོ།། 9འོན་ཀྱང་། དཀོན་མཆོག་གི་ཐུགས་ཉིད་ནི་དངོས་གནས་ཁྱོད་ཅག་གི་ནང་དུ་བཞུགས་པ་ཡིན༌ན། ཁྱོད་ཅག་ཤ་གཟུགས་ཀྱི་ཕུང་བོར་མི་གཏོགས་པར་དམ་པའི་ཐུགས་ཉིད་ལ་གཏོགས༌ཤིང་། མི་ཞིག་ལ་སྐྱབས་མགོན་མཱ་ཤི་ཀའི་ཐུགས་ཉིད་མི་ལྡན༌ན། མི་དེ་ནི་ཁོང་ལ་མི་གཏོགས༌པ་ཡིན་ནོ།། 10སྐྱབས་མགོན་མཱ་ཤི་ཀ་ཁྱོད་ཅག་གི་ནང་དུ་བཞུགས༌ན། ཁྱོད་ཅག་གི་ལུས་པོ་ནི་སྡིག་པའི་རྐྱེན་གྱིས་ཤི་ཡང༌། ཁྱོད་ཅག་གི་སེམས་ནི་རྣམ་པར་དག་པའི་དབང་གིས་གསོན༌པ་ཡིན་ནོ།། 11འོན༌ཀྱང༌། མཱ་ཤི་ཀ་ཡེ་ཤུ་སྐུ་གྲོངས་པ་ནས་སླར་གསོན་པར་མཛད་མཁན༌དཀོན་མཆོག་གི་ཐུགས་ཉིད་ནི་ཁྱོད་ཅག་གི་ནང་དུ་བཞུགས་པ་ཡིན༌ན། ཁོང་གིས་ཀྱང་ཁྱོད་ཅག་གི་ནང་དུ་བཞུགས་པའི་དམ་པའི་ཐུགས་ཉིད་བརྒྱུད༌ནས། ཁྱོད་ཅག་གི་འཆི་བར་འགྱུར་བའི་ལུས་པོ་དེ་སླར་ཡང་གསོན་པར་མཛད་ངེས༌སོ།། 12སྤུན་ཟླ༌རྣམས། འདི་ལྟར་བལྟས༌ན། བདག་ཅག་གིས་ཤ་གཟུགས་ཀྱི་ཕུང་བོར་བུ་ལོན་ཆད་པ་མ་ཡིན་ལ་དེར་བསྟུན་ནས་འཚོ་བའང་མིན་ནོ།། 13གལ༌ཏེ། ཁྱོད་རྣམས་ཤ་གཟུགས་ཀྱི་ཕུང་བོར་བསྟུན་ནས་འཚོ་བ་ཡིན་ན་ངེས་པར༌འཆི་བ་དང་། གལ༌ཏེ། དམ་པའི་ཐུགས་ཉིད་ལ་བརྟེན་ནས་ལུས་པོའི་སྤྱོད་ངན་བཅོམ་ན་གསོན་པར་འགྱུར་རོ།། 14རྒྱུ་མཚན་ནི་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁྲིད་པར་མཛད་པའི་མི་ཐམས་ཅད་ནི་དཀོན་མཆོག་གི་བུ་དང་བུ་མོ་ཡིན་པའི་ཕྱིར༌རོ།། 15ཁྱོད་རྣམས་ལ་སྔར་བཞིན་འཇིགས་སྣང་དུ་འཇུག་པའི་བྲན་གཡོག་གི་སེམས་ཐོབ་པ་མ་ཡིན་པས། ཁྱོད་རྣམས་ལ་དཀོན་མཆོག་གི་བུ་སྐལ་དུ་གྱུར་པའི་སེམས་ཐོབ་ཅིང་དེ་ལ་བརྟེན་ནས། བདག་ཅག་གིས་དཀོན་མཆོག་ལ་ཨབ་བཱ་ལགས། ཡབ་ལགས་ཞེས་འབོད་པའོ།། 16དམ་པའི་ཐུགས་ཉིད་ཀྱིས་བདག་ཅག་གི་སེམས་དང་མཉམ་འབྲེལ་བྱས་ནས་བདག་ཅག་ནི་དཀོན་མཆོག་གི་བུ་ཕྲུག་ཡིན་པར་བདེན་དཔང་མཛད། 17ཡང་བུ་ཕྲུག་ཡིན་ན་ཕྱིས་སུ་རྒྱུན་འཛིན་མཁན་ཡང་ཡིན་ཏེ། དཀོན་མཆོག་གི་རྒྱུན་འཛིན་མཁན་ཡིན༌ཞིང་། སྐྱབས་མགོན་མཱ་ཤི་ཀ་དང་མཉམ་དུ་རྒྱུན་འཛིན་མཁན་ཡིན། བདག་ཅག་ལ་ཁོང་དང་མཉམ་དུ་གཟི་བརྗིད་འཐོབ་པར་འགྱུར་ན། བདག་ཅག་གིས་ཁོང་དང་མཉམ་དུ་སྡུག་བསྔལ་མྱང་དགོས་སོ།།

མ་འོངས་པའི་གཟི༌བརྗིད།

18བདག་གིས་བསམས༌ན། ད་ལྟའི་སྡུག་བསྔལ་འདི་ནི་མ་འོངས་པའི་དུས་སུ་བདག་ཅག་ལ་མངོན་པར་འགྱུར་བའི་གཟི་བརྗིད་དང་བསྡུར་མི་འོས་སོ།། 19བསྐྲུན་པའི་དངོས་པོ་ཐམས་ཅད་ཀྱིས་དཀོན་མཆོག་གི་བུ་ཕྲུག་རྣམས་མངོན་པར་རེ་བ་ཆེན་པོས་སྒུག་འདུག 20རྒྱུ་མཚན་ནི་བསྐྲུན་པའི་དངོས་པོ་རྣམས་སྙིང་པོ་མེད་པའི་དབང་དུ་ཚུད་པ་ནི་རང་ཉིད་ཀྱི་འདོད་པ་ལྟར་མ་ཡིན༌པར། དེ་ལྟར་མཛད་མཁན་དཀོན་མཆོག་གི་ཐུགས་དགོངས་བཞིན་ཡིན་པས༌སོ།། 21འོན༌ཀྱང༌། བསྐྲུན་པའི་དངོས་པོ་དག་གིས་ངན་རུལ་གྱི་དབང་ཤེད་ལས་ཐར་ནས། དཀོན་མཆོག་གི་བུ་ཕྲུག་རྣམས་ཀྱི་ཐར་པའི་གཟི་བརྗིད་ལོངས་སུ་སྤྱོད་ཐུབ་པར་རེ་སྒུག་བྱེད༌དོ།། 22ད་ལྟའི་བར་དུ་དངོས་པོ་བསྐྲུན་པ་ཐམས་ཅད་ཀྱིས་ལྷན་དུ་དབུགས་རིང་ཕྱུང་ཞིང་དཀའ་སྡུག་མྱངས་པ་བདག་ཅག་གིས་ཤེས་སོ།། 23དེར་མ༌ཟད། དམ་པའི་ཐུགས་ཉིད་ཀྱི་འབྲས་བུ་ཐོག་མ་ཡོད་པ་བདག་ཅག་གིས་ཀྱང་སེམས་སུ་དབུགས་རིང་འབྱིན༌པ་དང༌། བུ་སྐལ་ཐོབ་པར་རེ་སྒུག་བྱེད་ཅིང་། དེ་ནི་བདག་ཅག་གི་ལུས་པོ་ཐར་བ་ཡིན་ནོ།། 24ཡང་བདག་ཅག་ནི་རེ་བ་ལ་བརྟེན་ནས་ཐར༌ཞིང་། མིག་གིས་མཐོང་བའི་རེ་བ་ནི་རེ་བ་མིན༌ཏེ། སུ་ཞིག་གིས་མིག་གིས་མཐོང་བ་དེ་ལ་རེ་བ་བྱེད༌དམ། 25འོན༌ཀྱང༌། བདག་ཅག་གིས་མིག་གིས་མི་མཐོང་བ་དེ་ལ་རེ་བ་བྱེད༌ན། ངང་རྒྱུད་རིང་པོས་སྒུག་པ་ཡིན་ནོ།། 26དེ་བཞིན༌དུ། དམ་པའི་ཐུགས་ཉིད་ཀྱིས་བདག་ཅག་གི་ཉམས་ཞན་ཡིན་པའི་ཆ་ལ་རོགས་སྐྱོར་གནང༌སྟེ། བདག་ཅག་གིས་ཅི་ལྟར་གསོལ་བ་འདེབས་པ་མི་ཤེས༌ཀྱང་། དམ་པའི་ཐུགས་ཉིད་ཀྱིས་དངོས་སུ་སྨྲ་མི་ནུས་པའི་དབུགས་རིང་ལ་བརྟེན་ནས་བདག་ཅག་གི་ཚབ་ཏུ་གསོལ་བ་འདེབས་པ་ཡིན་ནོ།། 27དམ་པའི་ཐུགས་ཉིད་ཀྱིས་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་དད་ལྡན་དམ་པ་རྣམས་ཀྱི་ཚབ་ཏུ་གསོལ་བ་བཏབ༌པས། མིའི་སེམས་ལ་རྟོག་དཔྱོད་མཛད་མཁན་གྱིས་དམ་པའི་ཐུགས་ཉིད་ཀྱི་དགོངས་པ་མཁྱེན༌ནོ།།

རྣམ་པར་རྒྱལ་བ་ལས་ལྷག་པ།

28དཀོན་མཆོག་ལ་གཅེས་པའི་མི་སྟེ་ཁོང་གི་ཐུགས་དགོངས་བཞིན་ཞལ་འབོད་ཐོབ་པའི་མི་རྣམས་ཀྱི་དོན་ཐམས་ཅད་ནི། དཀོན་མཆོག་གིས་ཕན་ཚུན་ལ་ཕན་ཐོགས་པར་མཛད་ཡོད་པ་བདག་ཅག་གིས་ཤེས་སོ།། 29རྒྱུ་མཚན་ནི་དཀོན་མཆོག་གིས་སྔར་ནས་མཁྱེན་པའི་མི་རྣམས་རང་གི་སྲས་ཀྱི་སྣང་བརྙན༌དང་འདྲ་བར་འགྱུར༌ཆེད་སྔ་མོ་ནས་ཐག་གིས་བཅད་ཅིང༌། སྲས་དེ་ཉིད་སྤུན་ཟླ་མང་པོའི་ཁྲོད་དུ་སྐྱེས་འགོ་རུ་མཛད་པའི་ཕྱིར༌ཡིན། 30ཡང་སྔ་མོ་ནས་ཐག་གིས་བཅད་པ་རྣམས་ལའང་ཞལ་འབོད་གནང༌ཞིང༌། ཞལ་འབོད་གནང་བ་རྣམས་ཀྱང་རྣམ་པར་དག་པར་བརྩིས་པ༌དང༌། རྣམ་པར་དག་པར་བརྩིས་པ་རྣམས་ཀྱང་གཟི་བརྗིད་དང་ལྡན་པར་མཛད༌དོ།། 31དེ་འདྲ་ཡིན༌ན། ད་དུང་ཅི་ཞིག་སྨྲ་བར༌བྱའམ། དཀོན་མཆོག་ནི་བདག་ཅག་གི་ཕྱོགས་ཡིན༌ན། སུ་ཞིག་གིས་བདག་ཅག་ལ་རྒོལ་ནུས༌སམ། 32དཀོན་མཆོག་གིས་རང་ཉིད་ཀྱི་སྲས་ལ་མ་ཕངས་པར་བདག་ཅག་ཐམས་ཅད་ཀྱི་ཆེད་དུ་བློས་བཏང་བས་ན། དངོས་པོ་ཐམས་ཅད་དང་སྲས་ཁོང་ཉིད་དང་བཅས་པ་བདག་ཅག་ལ་ཕངས་མེད་དུ་གནང་བར་འགྱུར་བ་མ་ཡིན༌ནམ། 33སུ་ཞིག་གིས་དཀོན་མཆོག་གི་བདམས་པ་རྣམས་ཁྲིམས་ལ་སྦྱོར་ནུས༌སམ། དཀོན་མཆོག་ནི་མི་རྣམ་དག་ཏུ་བརྩི་མཁན་ཡིན་ནོ།། 34མཱ་ཤི་ཀ་ཡེ་ཤུ་སྐུ་གྲོངས་པར་མ་ཟད། སླར་ཡང་གསོན༌ཞིང༌། ད་ལྟ་དཀོན་མཆོག་གི་གཡས་ཕྱོགས་སུ་བཞུགས༌ཏེ། བདག་ཅག་གི་དོན་དུ་གསོལ་བ་འདེབས་བཞིན་ཡོད༌པས། སུ་ཞིག་གིས་བདག་ཅག་ལ་ཉེས་ཆད་གཅོད་ནུས༌སམ། 35ཡང་སུ་ཞིག་གིས་བདག་ཅག་སྐྱབས་མགོན་མཱ་ཤི་ཀའི་བྱམས་པ་དང་ཕྲལ་ནུས༌སམ། དེ་ནི་དཀའ་སྡུག་ཡིན༌ནམ། ཡང་ན་སེམས་ཁྲལ་ཡིན༌ནམ། ཡང་ན་བཙན་གནོན་ཡིན༌ནམ། ཡང་ན་བཀྲེས་ལྟོགས་ཡིན༌ནམ། ཡང་ན་གོས་མེད་གཅེར་བུ་ཡིན༌ནམ། ཡང་ན་ཉེན་ཁ་ཡིན༌ནམ། ཡང་ན་རལ་གྲི་ཡིན་ནམ། 36དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁྱེད་ཀྱི་རྐྱེན་གྱིས་ངེད་རྣམས་ཉིན་རྒྱུན་གསོད༎ གཞན་གྱིས་ངེད་རྣམས་བཤའ་ལུག་ལྟ་བུར་བརྩིས།། 37འོན༌ཀྱང༌། བདག་ཅག་གཅེས་སུ་འཛིན་མཁན་ཁོང་ཉིད་ལ་བརྟེན་ནས། དོན་འདི་ཐམས་ཅད་ཀྱི་སྟེང་ནས་བདག་ཅག་རྣམ་པར་རྒྱལ༌བ་ལས་ཀྱང་ལྷག་པ་ཡིན་ནོ།། 38ཅིའི་ཕྱིར་ཞེ་ན། བདག་ལ་ཡིད་ཆེས་བརྟན་པོ་ཡོད་པ༌ནི། འཆི་བ༌དང༌། གསོན༌པ། ནམ་མཁའི་ཕོ༌ཉ། དབང་འཛིན༌མཁན། ད་ལྟའི༌དོན་རྣམས། མ་འོངས་པའི༌དོན་དག མཐུ་སྟོབས༌ཅན། 39མཐོ་སར་གནས༌པ། དམའ་སར་གནས༌པ། བསྐྲུན་པའི་དངོས་པོ་གཞན་གང་གིས༌ཀྱང༌། བདག་ཅག་དཀོན་མཆོག་གི་བྱམས་པ་དང་ཕྲལ་མི་ནུས༌ཏེ། བྱམས་པ་འདི་ནི་བདག་ཅག་གི་གཙོ་བོ་མཱ་ཤི་ཀ་ཡེ་ཤུའི་ནང་དུ་གནས་པས་སོ།།

རོ་མ་པ 9

དཀོན་མཆོག་ལ་ཐག་གིས་གཅོད་པའི་དབང་ཐམས་ཅད་མངའ་བ།

1བདག་གིས་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་བདེན་གཏམ་བརྗོད་པ་ལས་རྫུན་མི་སྨྲ༌ཞིང༌། བདག་གི་སེམས་ཀྱིས་དམ་པའི་ཐུགས་ཉིད་ལ་བརྟེན་ནས་བདག་ལ་བདེན་དཔང་བྱེད་པ་ཡིན་ཏེ། 2བདག་གི་སེམས་ལ་སྡུག་བསྔལ་ཆེ་ཞིང་རྟག་ཏུ༌སྐྱོའོ།། 3བདག་དང་རིགས་རྒྱུད་གཅིག་པའི་སྤུན་ཟླའི་དོན༌དུ། རང་ཉིད་ལ་དམོད་པ་ཐེབས་ཞིང་སྐྱབས་མགོན་མཱ་ཤི་ཀ་དང་བྲལ་ནའང་བདག་ལ་འགྱོད་པ་མེད༌དེ། 4མི་དེ་རྣམས་ནི་ཡེས་ར་ཨེལ་གྱི་མི་རིགས་ཡིན༌ཞིང༌། བུ་སྐལ་གྱི་མིང་དང་། གཟི༌བརྗིད། ཞལ༌ཆད་རྣམས། བཀའ༌ཁྲིམས་གཏན་ལ་འབེབས་པ། གུས་སྲོལ། ཞལ་བཞེས་ཐམས་ཅད་དེ་དག་གི་ཡིན༌ལ། 5མེས་པོ་རྣམས་ཀྱང་དེ་དག་གི་མེས་པོ་ཡིན། ལུས་ཕུང་གི་ཆ་ནས་སྨྲས༌ནའང༌། སྐྱབས་མགོན་མཱ་ཤི་ཀ་ཡང་དེ་རྣམས་ལས་བྱུང༌ཞིང༌། ཁོང་ནི་ཀུན་ལས་བླ་ན་འཕགས་པ་དང་དུས་རྟག་ཏུ་བསྔགས་པར་འོས་པའི་དཀོན་མཆོག་ལགས༌སོ། །ཨ༌མེན། 6དེ་ལྟར་སྨྲས་པ་ནི་དཀོན་མཆོག་གི་བཀའ་སྟོང་བར་གྱུར་པ་མ་ཡིན་ནོ།། རྒྱུ་མཚན་ནི་ཡེས་ར་ཨེལ་ནས་སྐྱེས་པ་ཐམས་ཅད་ཡེས་ར་ཨེལ་གྱི་མི་ཡིན་པའི་ངེས་པ་མེད༌ལ། 7ཨབ་ར་ཧམ་གྱི་རིགས་རྒྱུད་ཡིན་པ་ཐམས་ཅད་ཀྱང་ཁོང་གི་བུ་ཕྲུག་ཡིན་པར་མ་ངེས་པའི་ཕྱིར༌རོ། །དེ་ལ་ཇི་སྐད༌དུ། ཨི་སཱག་བརྒྱུད་ནས་ཁྱོད་ཀྱི་རིགས་རྒྱུད་ཀྱི་མིང་ཐོན་པར་འགྱུར་ཞེས་གསུངས་སོ།། 8དེ་ནི་ལུས་ཕུང་ལས་སྐྱེས་པའི་བུ་དང་བུ་མོ་རྣམས་དཀོན་མཆོག་གི་བུ་ཕྲུག་མ་ཡིན༌ཞིང༌། ཞལ་བཞེས་ཐོབ་པ་རྣམས་ནི་ད་གཟོད་རིགས་རྒྱུད་དུ་བརྩིས༌པ་ཡིན། 9ཅིའི་ཕྱིར་ཞེ་ན། ཞལ་བཞེས་གནང་བའི་བཀའ་ནི་འདི་ལྟ༌སྟེ། སང་ལོའི་དུས་འདི༌ལ་ང་རང་ཡོང་ངེས༌ཤིང༌། སཱ་ར་ལ་བུ་ཞིག་སྐྱེ་བར་འགྱུར་ཞེས་གསུངས་པའི་ཕྱིར༌རོ།། 10གཞན༌ཡང༌། རིབ་ཀཱ་ནི་བདག་ཅག་གི་མེས་པོ་ཨི་སཱག་གཅིག་པུ་ལས་མངལ་ཆགས༌ཏེ། 11སྐབས་དེར་བུ་མཚེ་མ་སྐྱེས་མེད་ཅིང་ལས་བཟང་ངན་གང་ཡང་མ་བྱས་པའི་སྔོན་ལ། དཀོན་མཆོག་གིས་བདམས་པར་མཛད་པའི་ཐུགས་དགོངས་མངོན་ཞིང་བརྟན་པོར་གནས་པའི༌ཕྱིར། མིའི་བྱ་སྤྱོད་ལ་འབྲེལ་བ་མེད་ཅིང་མི་ལ་ཞལ་འབོད་གནང་མཁན་དཀོན་མཆོག་ལ་རག་ལས༌པ་ཡིན་ལ། 12དཀོན་མཆོག་གིས་རིབ་ཀཱ་ལ་འདི་སྐད༌དུ། མ་འོངས་པར་བུ་ཆེ་བས་བུ་ཆུང་བ་ལ་ཞབས་ཕྱི་བྱེད་པར་འགྱུར་ཞེས་གསུངས་སོ།། 13དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཡ་ཀོབ་ནི་བདག་གིས་གཅེས་སུ་འཛིན་པ༌དང༌། ཨེ་སཱབ་ནི་བདག་གིས་འཁོན་དུ་འཛིན་པ་ཡིན་ཞེས་བཀོད་ཡོད་པ་བཞིན༌ནོ།། 14དེས་ན་ངེད་ཅག་གིས་ཅི་ཞིག་སྨྲའམ། དཀོན་མཆོག་ལ་དྲང་བདེན་མ་ཡིན་པ་ཡོད་དམ་ཞེ༌ན། གཏན་ནས་མེད་དོ།། 15ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་མོ་ཤེ་ལ་འདི་སྐད༌དུ། ངས་སུ་ཞིག་ལ་སྙིང་རྗེ་བར་འདོད་ན། དེ་ལ་སྙིང་རྗེ་བར༌བྱའོ།། ཡང་སུ་ཞིག་ལ་བརྩེ་བར་བསམ་ན། དེ་ལ་བརྩེ་བར་བྱའོ་ཞེས་གསུངས་པས༌སོ།། 16དེའི༌ཕྱིར། དོན་དེ་ནི་ཐུགས་རྗེ་གནང་མཁན་དཀོན་མཆོག་ལ་རག་ལས་པ༌ལས། མིའི་འདོད་པའམ་རྩོལ་བ་ལ་རག་མི་ལས་པ་ཡིན། 17རྒྱུ་མཚན་ནི་གསུང་རབ་ཀྱི་མདོ༌ལས། ཕཱར་ཨོལ་ལ་འདི་སྐད༌དུ། ཁྱོད་ཀྱི་སྟེང་ནས་བདག་གི་མཐུ་སྟོབས་མངོན་པར་བྱེད༌ཅིང༌། བདག་གི་མིང་ནི་གནམ་འོག་ཀུན་ཏུ་བསྒྲག་པའི་ཕྱིར་བདག་གིས་ཁྱོད་ནི་དར་བར་བྱས༌པ་ཡིན་ཞེས་གསུངས་པའི་ཕྱིར༌རོ།། 18དེ་བས༌ན། དཀོན་མཆོག་གིས་སུ་ཞིག་ལ་ཐུགས་རྗེ་གནང་བར་དགོངས་ན་དེ་ལ་ཐུགས་རྗེ་གནང་བ༌དང༌། སུ་ཞིག་གི་སེམས་རྒྱུད་གྱོང་པོར་མཛད་པར་དགོངས༌ན། དེའི་སེམས་རྒྱུད་གྱོང་པོར་མཛད༌པའོ།། 19དེ་ལྟར༌ཡིན་ན། དཀོན་མཆོག་གིས་ཅིའི་ཕྱིར་ད་དུང་མི་ལ་སྐྱོན་བརྗོད་གནང་བ་ཡིན༌ནམ། སུ་ཞིག་གིས་ཁོང་གི་ཐུགས་དགོངས་ལ་རྒོལ་ནུས་སམ་ཞེས་ཁྱོད་ཀྱིས་བདག་ལ་སྨྲ་ངེས་པ་ཡིན་ནོ།། 20འོན་ཀྱང་། ཁྱོད་ནི་མི་སུ་ཞིག་ཡིན༌འདོད་དམ། ཁྱོད་ཀྱིས་དཀོན་མཆོག་ལ་ཚིག་ལོག་བརྗོད་ནུས༌སམ། དཔེར་ན། བསྐྲུན་པའི་དངོས་པོ་དེས་སྐྲུན་མཁན༌ལ། ཁྱེད་ཀྱིས་ཅིའི་ཕྱིར་ང་རང་འདི་ལྟར་བཟོས་སམ་ཞེས༌སྨྲའམ། 21ཡང་ན་རྫ་ཆས་བཟོ་མཁན་གྱིས་འདམ་ཉུང་ཙམ་བླངས་ནས་སྣོད་ཆས་བཟོས་ཏེ་མཆོག་དམན་གང་ཞིག་ཏུ་བཀོལ་བའི་དབང་ཆ་ཁོ་ལ་མེད༌དམ། 22འོན་ཀྱང་། དཀོན་མཆོག་གིས་རང་ཉིད་ཀྱི་ཐུགས་ཁྲོ་དང་ནུས་མཐུ་མངོན་པར་དགོངས༌ན། ཐུགས་ཁྲོ་བར་རུང་ཞིང་འཇིག་པར་འགྱུར་བར་སྟ་གོན་མཛད་པའི་སྣོད་ཆས་དག་ལ་ངང་རྒྱུད་རིང་པོས་བཟོད་སྒོམ་ཆེན་པོ་གནང་བ༌དང༌། 23ཡང་ཁོང་གིས་ཕུན་སུམ་ཚོགས་པའི་གཟི་བརྗིད་དེ་ནི་ཐུགས་རྗེ་ཐོབ་པར་འགྱུར་བའི་སྣོད་ཆས་དག་གི་སྟེང་དུ་མངོན་པའི་ཕྱིར་དེ་ལྟར་མཛད༌ཅིང༌། ཁོང་གིས་སྔ་མོ་ནས་དེ་དག་གཟི་བརྗིད་ལྡན་པར་འགྱུར་བའི་ཕྱིར་སྟ་གོན་མཛད༌པ་ཡིན་ཏེ། 24སྣོད་ཆས་དེ་ནི་དཀོན་མཆོག་གིས་ཡ་ཧུ་དཱ་པ་ཙམ་མ༌ཟད། ཕྱི་ཕྱོགས་ཀྱི་མི་རིགས་དག་ལས་བདག་ཅག་ལ་ཞལ་འབོད་གནང་བ་ཡིན༌པས། དེ་ལ་མི་རུང་བ་ཅི་ཡོད་དམ་ཞེ༌ན། 25དཀོན་མཆོག་གིས་ཧོ་ཟེ་ཨ་ཡི་མདོ་ལས་འདི་སྐད༌དུ། གཞི་ནས་བདག་གི་མི་རྒྱུད་མིན༌པ་རྣམས།། བདག་གི་མི་རྒྱུད་ཡིན་ཞེས་བདག་གིས༌སྒྲོག ། གཞི་ནས་བརྩེ་བ་མེད་པའི་ཁོ་མོ༌ལ།། བདག་གིས་བརྩེ་བས་སྐྱོང་ཞེས་བདག་ནི༌སྨྲ།། 26ཁྱོད་རྣམས་བདག་གི་མི་རྒྱུད་མ་ཡིན༌ཞེས།། སྔོན་ཆད་ཡུལ་སྡེ་གང་ནས་སྨྲས་གྱུར་ན།། རྟག་བརྟན་དཀོན་མཆོག་ཁོང་གི་བུ་ཡིན༌ཞེས།། མ་འོངས་པར་ཡང་ཡུལ་དེར་དེ་ལྟར༌སྨྲ།། ཞེས༌པའོ།། 27དེ་ཡང་ཡེ་ཤ་ཡཱ་ཡིས་ཡེས་ར་ཨེལ་གྱི་མི་རྣམས་ལ་སྐད་ཆེན་པོས་འདི་སྐད༌དུ། ཡེས་ར་ཨེལ་གྱི་བུ་རྒྱུད་ནི་མཚོ་འགྲམ་གྱི་བྱེ་མ་ལྟར་མང༌ནའང༌། དེ་རྣམས་ལས་ཐར་པ་ཐོབ་མཁན་ནི་ལྷག་འཕྲོ་ཙམ༌ཡིན། 28ཅིའི་ཕྱིར་ཞེ་ན། གཙོ་བོས་འཇིག་རྟེན་སྟེང་དུ་རང་ཉིད་ཀྱི་བཀའ་ཡོངས་སུ་རྫོགས་ཤིང་མྱུར་བ་མྱུར་དུ་ལག་བསྟར་མཛད༌ངེས་ཡིན་ཞེས་གསུངས་པའི་ཕྱིར༌རོ།། 29དེ་ལ་ཡང་ཡེ་ཤ་ཡཱ་ཡིས་དེ་སྔར་འདི་སྐད༌དུ། དམག་དཔུང་ཀུན་གྱི་གཙོ་བོས་བདག་ཅག༌ལ།། རྒྱུད་ཀྱི་ས་བོན་བསྐྱུར་བ་མ་ཡིན༌ན།། སཱ་དོམ་དང་ནི་གཱ་མོ་ར་ཇི་བཞིན།། བདག་ཅག་ཀྱང་ནི་དེ་བཞིན་གྱུར་པ༌ཡིན།། ཞེས་གསུངས༌པའོ།།

ཡེས་ར་ཨེལ་མི་རིགས་ཀྱི་དད༌པ།

30དེས་ན་ངེད་ཅག་གིས་ཅི་ཞིག་སྨྲའམ། གཏན་ནས་རྣམ་དག་ལ་བརྩོན་པར་མི་བྱེད་པའི་ཕྱི་ཕྱོགས་པ་རྣམས་ལ་དད་པ་ལས་བྱུང་བའི་རྣམ་དག་ཐོབ༌ཀྱང༌། 31ཡེས་ར་ཨེལ་གྱི་མི་རིགས་ཀྱིས་བཀའ་ཁྲིམས་ཀྱི་རྣམ་དག་དེ་ཉིད་བརྩོན་ལེན་བྱས་ནའང་རྣམ་དག་དེ་ཉིད་མ་ཐོབ་བོ།། 32རྒྱུ་མཚན་ཅི་ཞེ༌ན། དེ་དག་གིས་དད་པ་ལ་བརྟེན་ནས་བརྩོན་ལེན་མི་བྱེད༌པར། མིའི་ལས་ཁོ་ནར་བརྟེན་ནས་བརྩོན་ལེན་བྱེད་པ་ཡིན༌པས། མི་དེ་རྣམས་ཀྱི་རྐང་པ་ནི་འདྲེད་པའི་རྡོ་དེར་ཐོགས༌པ་ཡིན་ནོ།། 33དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བདག་གིས་ཛ་ཡན་ཡུལ་དུ་རྡོ་ཞིག༌བཞག ། དེ་ནི་རྐང་པ་འདྲེད་པའི་རྡོ་ཞིག༌དང༌།། ས་ལ་སྒྱེལ་བའི་ཕ་བོང་ཡང་ཡིན་ཏེ།། ཁོང་ལ་བརྟེན་ཅིང་དད་པ་བྱེད་མཁན༌ཀུན།། ཁ་ནི་མི་སྐྱེངས་ངོ་ཡང་མི་གནོང༌ངོ༌།།

རོ་མ་པ 10

ཐར་པ་ཐོབ་པའི་རྒྱུ༌རྐྱེན།

1སྤུན་ཟླ༌རྣམས། ངའི་སེམས་ཀྱི་འདོད་མོས་དང་དཀོན་མཆོག་ལ་གསོལ་བ་འདེབས་པ་ནི་ཡེས་ར་ཨེལ་གྱི་མི་རིགས་ལ་ཐར་པ་འཐོབ་རྒྱུ་དེ་ཡིན་ནོ།། 2མི་དེ་རྣམས་དཀོན་མཆོག་ལ་སྤྲོ་སེམས་ཆེ་ནའང་ཤེས་བྱ་བཞིན་དུ་མ་ཡིན་པ་ནི་བདག་གིས་བདེན་དཔང་བྱེད་དོ།། 3རྒྱུ་མཚན་ནི་དཀོན་མཆོག་གི་རྣམ་དག་མ་ཤེས་པར་རང་ཉིད་ཀྱི་རྣམ་དག་གཏན་ལ་འབེབ་འདོད་པས་དཀོན་མཆོག་གི་རྣམ་དག་ལ་མི་བསྟུན་པའི་ཕྱིར༌རོ།། 4བཀའ་ཁྲིམས་ཀྱི་མཐར་ཐུག་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན༌ཞིང༌། ཁོང་ལ་དད་པ་བྱེད་མཁན་ཐམས་ཅད་རྣམ་དག་ཏུ་བརྩི་བར་འགྱུར་རོ།། 5དེ་ལ་མོ་ཤེ་ཡིས་འདི་ལྟར་བྲིས་ཡོད་དེ། སུ་ཞིག་གིས་བཀའ་ཁྲིམས་ལས་བྱུང་བའི་རྣམ་དག་བཞིན་དུ་བྱེད༌ན། མི་དེའང་དེ་ལ་བརྟེན་ནས་སྲོག་འཚོ་བར་ངེས་ཞེས་པའོ།། 6འོན༌ཀྱང༌། དད་པ་ལས་བྱུང་བའི་རྣམ་དག་གིས་འདི་སྐད༌དུ་གསུངས་པ་སྟེ། ཁྱོད་ཀྱིས་རང་གི་སེམས་ནང༌དུ། སུ་ཞིག་ནམ་མཁའི་ཞིང་ཁམས་སུ་འཕགས་པར་འགྱུར་རམ་ཞེས་སྨྲ་བར་མི་བྱའོ༎ དེ་ནི་སྐྱབས་མགོན་མཱ་ཤི་ཀ་མར་སྤྱན་དྲངས་ཡོང༌བ་ཡིན་ཞེས་པ་དང་། 7ཡང་ན་འདི་སྐད་དུ། སུ་ཞིག་མར་ཞབས་མེད་པའི་དོང་དུ་འགྲོ་བར་འགྱུར་རམ་ཞེས་སྨྲ་བར་མི་བྱའོ༎ དེ་ནི་སྐྱབས་མགོན་མཱ་ཤི་ཀ་གཤིན་པོའི་ཡུལ་ནས་ཡར་སྤྱན་དྲངས་ཡོང་བ་ཡིན་ཞེས་པའོ།། 8དོན་དམ་དུ་ཇི་ལྟར་གསུང་ངམ་ཞེ༌ན། བཀའ་དེ་ནི་ཁྱོད་དང་ཉེ༌ཞིང༌། ཁྱོད་ཀྱི་ངག་དང་ཁྱོད་ཀྱི་སེམས་ནང་དུ་བཞུགས་ཞེས་གསུངས་སོ།། དེ་ནི་ངེད་ཅག་གིས་སྒྲོག་པའི་དད་པའི་བཀའ་ཡིན༌ཏེ། 9ཁྱོད་ཀྱིས་ངག་ནས་སྐྱབས་མགོན་ཡེ་ཤུ་ནི་གཙོ་བོ་ཡིན་པར་ཁས་ལེན༌ཞིང༌། དཀོན་མཆོག་གིས་ཁོང་ཉིད་གྲོངས་པ་ནས་སླར་གསོན་པར་མཛད་པ་ལ་སེམས་ནས་དད་པ་བྱེད་ན་ཁྱོད་རང་ཐར་བར་འགྱུར་རོ།། 10ཅིའི་ཕྱིར་ཞེ་ན། སེམས་ནས་དད་པ་བྱས་ན་རྣམ་དག་ཏུ་བརྩི༌ཞིང༌། ངག་ནས་ཁས་བླངས་ན་ཐར་པ་འཐོབ་ངེས་པའི་ཕྱིར༌རོ།། 11དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཞེས་གསུངས༌པའོ།། 12རྒྱུ་མཚན་ནི་ཡ་ཧུ་དཱའི་མི་རིགས་དང་གྷི་རིག་གི་མི་རིགས་གཉིས་ལ་ཁྱད་པར་མེད༌དེ། མི་ཐམས་ཅད་ལ་གཙོ་བོ་གཅིག་ཁོ་ན་ཡོད༌ཅིང༌། ཁོང་གིས་རང་ཉིད་ལ་ཞུ་བ་འབུལ་མཁན་ཀུན་ལ་དཔག་ཏུ་མེད་པ་གནང་བའི་ཕྱིར་རོ༎ 13དེ་ནི་ཇི་སྐད་དུ་གཙོ་བོའི་མཚན་ནས་འབོད་མཁན་ཐམས་ཅད་ཐར་བར་འགྱུར་ཞེས་གསུངས་པས་སོ།། 14འོ་ན། ཁོང་ལ་དད་པ་མ་བྱས་པ་རྣམས་ཀྱིས་ཁོང་ལ་ཞུ་བ་ཇི་ལྟར༌འབུལ་ལམ། ཁོང་ཉིད་ཐོས་མ་མྱོང་བ་རྣམས་ཀྱིས་ཁོང་ལ་དད་པ་ཇི་ལྟར་བྱེད༌དམ། བཀའ་སྒྲོག་མཁན་མེད་ན་ཇི་ལྟར་ཐོས༌སམ། 15མངགས་པ་མིན༌ན། འཕྲིན་བཟང་ཇི་ལྟར་སྒྲོག༌གམ། དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། དོན་ལེགས་པོའི་འཕྲིན་བཟང་སྒྲོག་མཁན་གྱི་རྐང་པ་ནི་ཇི་འདྲའི་མཛེས་ཤིང་སྡུག་པ་ལ་ཨང་ཞེས་བཀོད་པ་ལྟར༌རོ།། 16འོན༌ཀྱང༌། ཡེ་ཤ་ཡཱ་ཡིས་འདི་སྐད༌དུ། ཞེས་གསུངས་པས། མི་དེ་རྣམས་ལས་ཐམས་ཅད་ཀྱིས་འཕྲིན་བཟང་ལ་ཉན༌པ་མ་ཡིན། 17དེའི༌ཕྱིར། དད་པ་ནི་ཐོས་པ་ལས་འབྱུང་ཞིང༌། ཐོས་པ་དེ་ནི་སྐྱབས་མགོན་མཱ་ཤི་ཀའི་བཀའ་ལས་འབྱུང༌བ་ཡིན་ནོ།། 18འོན༌ཀྱང༌། བདག་གིས་འདི་ལྟར་སྨྲ་བར་བྱ༌སྟེ། མི་དེ་རྣམས་ཀྱིས་འཕྲིན་བཟང་མ་ཐོས་སམ་ཞེ༌ན། ཁོ་རྣམས་ཀྱིས་ཐོས་མྱོང་བར་གདོན་མི་ཟ༌སྟེ། ཁོ་ཚོའི་སྐད་གདངས་གནམ་འོག་ཀུན་ཏུ༌ཁྱབ།། ཁོ་ཚོའི་སྨྲ་བརྗོད་ས་མཐའི་བར་དུ༌སླེབས།། ཞེས་གསུངས་པ་བཞིན༌ནོ།། 19ཡང་བདག་གིས་འདི་ལྟར་སྨྲ་བར་བྱ༌སྟེ། ཡེས་ར་ཨེལ་གྱི་མི་རིགས་ཀྱིས་དོན་དེ་མི་ཤེས་སམ་ཞེ༌ན། དེ་ལ་སྔར་ནས་མོ་ཤེ་ཡིས་འདི་སྐད༌དུ། བདག་གིས་མི་རྒྱུད་མིན་པའི་སྐྱེ་བོ༌རྣམས།། བཀོལ་ནས་ཁྱོད་ཚོར་ཕྲག་དོག༌སློང་བར་བྱ།། བདག་གིས་གོ་བ་མེད་པའི་སྐྱེ་བོ༌རྣམས།། བཀོལ་ནས་ཁྱོད་ཚོར་ཞེ་སྡང༌སློང་བར་བྱ།། ཞེས་གསུངས་པ་བཞིན༌ནོ།། 20ཡང་ཡེ་ཤ་ཡཱ་ཡིས་སྤོབས་པ་ཆེན་པོས་འདི་སྐད༌དུ། ང་རང་མི་འཚོལ་མཁན་གྱིས་བདག་ནི་རྙེད།། ང་ལ་མི་ཞུ་མཁན་ལ་བདག་ནི༌མངོན།། ཞེས་གསུངས༌པའོ།། 21འོན༌ཀྱང༌། ཁོང་གིས་ཡེས་ར་ཨེལ་གྱི་མི་རིགས་ཀྱི་སྐོར་ལ་འདི་སྐད༌དུ། བཀའ་དང་འགལ་བའི་གྱེན་ལྡོག༌དང༌།། ཚིག་རྩོད་བྱེད་པའི་མི་རྒྱུད་ལ།། བདག་གིས་ཉིན་རྒྱུན་ལག་གཡུག་བྱེད།།

རོ་མ་པ 11

ཡེས་ར་ཨེལ་གྱི་མི་རིགས་འཕྲོ་མ་སྐོར།

1བདག་གིས་འདི་ལྟར་སྨྲ་བར་བྱ༌སྟེ། དཀོན་མཆོག་གིས་རང་ཉིད་ཀྱི་མི་རྒྱུད་སྤངས་སམ་ཞེ༌ན། གཏན་ནས་མ་སྤངས༌ཏེ། ང་རང་ཡང་ཡེས་ར་ཨེལ་གྱི་མི་ཡིན་པ་དང་ཨབ་ར་ཧམ་གྱི་རིགས་རྒྱུད་ཡིན༌ལ། པེན་ཡཱ་མེན་གྱི་ཚོ་བ་ལ་གཏོགས་པའི་ཕྱིར༌རོ།། 2དཀོན་མཆོག་གིས་སྔར་ནས་མཁྱེན་པའི་རང་ཉིད་ཀྱི་མི་རྒྱུད་མ་སྤངས་སོ།། ཁྱོད་ཅག་གིས་གསུང་རབ་ལས་ཨེ་ལི་ཡཱའི་སྐོར་ལ་ཇི་ལྟར་གསུངས་པ་མི་ཤེས༌སམ། ཁོང་གིས་དཀོན་མཆོག་གི་སྤྱན་སྔ་ནས་ཡེས་ར་ཨེལ་པ་རྣམས་འདི་ལྟར་གཏུགས་བཤེར་བྱས་མྱོང་བ༌སྟེ། 3གཙོ་བོ༌ལགས། ཁོ་རྣམས་ཀྱིས་ཁྱེད་ཀྱི་ལུང་སྟོན་པ་རྣམས་བསད་པ༌དང༌། ཁྱེད་ཀྱི་མཆོད་ཁྲི་དག་ཀྱང་བཤིགས་ཏེ་ང་རང་གཅིག་པུར༌ལུས། ད་ལྟ་བདག་གི་སྲོག་ཀྱང་ལེན་པར་འདོད་པ་རེད་ཅེས་ཞུས་པ༌ལ། 4དཀོན་མཆོག་གིས་ལན་ཇི་ལྟར་བཏབ་བམ་ཞེ༌ན། འདི་སྐད་དུ། ངས་པཱ་ཨལ་ལ་ཕྱག་མ་འཚལ་བའི་མི་བདུན་སྟོང་རང་ཉིད་ཀྱི་དོན་དུ་བསྐྱུར་ཡོད་ཅེས་གསུངས་སོ།། 5ད་ལྟའང་དེ་བཞིན་དུ་ཐུགས་རྗེ་ཡིས་བདམས་པ་འཕྲོ་མའང་ཡོད༌པ་ཡིན། 6ཐུགས་རྗེ་ལས་བྱུང་བ་ཡིན་ན་མིའི་ལས་ལ་རག་ལས་པ་མིན། དེ་འདྲ་མིན་ན་ཐུགས་རྗེ་ནི་ཐུགས་རྗེ་མ་ཡིན་ནོ།། 7དེས་ན་ཅི་ལྟར་ཡིན་ནམ། ཡེས་ར་ཨེལ་པ་རྣམས་ཀྱིས་བརྩོན་ལེན་བྱས་ཀྱང་མ་ཐོབ༌པར། ཐུགས་རྗེ་ཡིས་བདམས་པའི་མི་དེ་དག་ཁོ་ནར་ཐོབ་པ༌དང༌། གཞན་དག་ནི་སེམས་རྒྱུད་གྱོང་པོར་མཛད་དོ།། 8དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། དཀོན་མཆོག་གིས་ནི་དེ་རྣམས༌ལ།། རྨོངས་པའི་བློ་དང་མིག་ལོང༌བ།། རྣ་བས་མི་ཐོས་འོན་པ༌བཅས།། ད་ལྟའི་བར་དུ་འདི་ལྟར༌མཛད།། ཅེས་བཀོད༌པ་བཞིན༌ནོ།། 9དེ་ལ་དཱ་བིད་ཀྱིས་ཀྱང་འདི་སྐད༌དུ། དེ་དག་གསོལ་སྟོན་ལ་ནི་ལྕགས་ཀྱུ༌དང༌།། རྙི་རྒྱ་དང་ནི་ས་རུ་འགྱེལ་བ༌ཡི།། བཀག་རྡོར་གྱུར་ཅིང་ངན་འབྲས་ཐོབ་པ་དང་།། 10དེ་རྣམས་མིག་ནི་ལོང་སྟེ་མི་མཐོང༌ཞིང༌།། རྟག་ཏུ་སྒལ་ཚིགས་སྨད་དུ་སྒུར་བར༌མཛོད།། ཅེས་གསུངས༌པའོ།།

ཡལ་ག་མཐུད་པའི༌དཔེ།

11བདག་གིས་འདི་ལྟར་སྨྲ་བར་བྱ༌སྟེ། ཡེས་ར་ཨེལ་པ་རྣམས་ཀྱི་རྐང་པ་འདྲེད་པ་ནི་ས་ལ་འགྱེལ་བའི་ཕྱིར་ཡིན་ནམ་ཞེ༌ན། གཏན་ནས་མིན༌ཏེ། ཁོ་རྣམས་ཀྱི་ཉེས་སྐྱོན་གྱི་དབང་གིས་ཕྱི་ཕྱོགས་པ་རྣམས་ལ་ཐར་པ་འཐོབ་པའི་གོ་སྐབས་བྱུང་བ༌དང༌། ཁོ་རྣམས་ལ་ཕྲག་དོག་བསྐྱེད་པའི་ཕྱིར༌ཡིན། 12ཁོ་རྣམས་ཀྱི་ཉེས་སྐྱོན་ནི་འཇིག་རྟེན་ལ་ཐོབ་པའི་ནོར་བུ་དང༌། ཁོ་རྣམས་ཀྱི་གྱོང་གུད་ནི་ཕྱི་ཕྱོགས་པ་རྣམས་ལ་ཐོབ་པའི་ནོར་བུ་ཡིན༌ན། ཁོ་རྣམས་ཁ་ཚང་བར་ཡོང་བ་ནི་ལྟ་ཅི༌སྨོས། 13ངས་ཁྱོད་ཅག་ཕྱི་ཕྱོགས་པ་རྣམས་ལ་འདི་ལྟར་སྨྲ་བ༌ནི། ང་རང་ཡང་ཕྱི་ཕྱོགས་པ་རྣམས་ཀྱི་ཆེད་དུ་སྐུ་ཚབ་པ་ཡིན༌པས། ངས་རང་གི་ལས་འགན་ལ་བརྩི་འཇོག་བྱེད་པ་ཡིན༌ལ། 14ང་དང་ཤ་རུས་གཅིག་པའི་སྤུན་ཟླ་རྣམས་ལ་འགྲན་སེམས་བསྐྱེད་དུ་བཅུག་སྟེ། ཁོ་རྣམས་ལས་མི་ཁ་ཤས་སྐྱོབ་ནུས་ཀྱང་སྲིད། 15ཁོ་རྣམས་སྤངས་པ་ནི་འཇིག་རྟེན་གྱི་མི་ཐམས་ཅད་དཀོན་མཆོག་དང་འདུམ་པའི་རྒྱུ་ཡིན༌ན། ཁོ་རྣམས་ཁས་ལེན་པ་ནི་འཆི་བ་ལས་སླར་གསོན་པ་མ་ཡིན༌ནམ། 16བག་ཕྱེ་ཐོག་མ་ནི་དམ་པ་ཡིན༌ན། བག་ཕྱེ་ཐམས་ཅད་ཀྱང་དམ་པ་ཡིན། ཤིང་སྡོང་གི་རྩ་བ་དམ་པ་ཡིན༌ན། ཡལ་གའང་དམ་པ་ཡིན་ནོ།། 17འོན་ཀྱང་། ཡལ་ག་ཁ་ཤས་བཅད་པ་དང་། དེའི་ཤུལ་དུ་རི་སྐྱེས་སྐྱུ་རུ་ར་ཁྱོད་རང་ནི་ཁོ་རྣམས་དང་མཐུད་པ་དང་། ཁོ་རྣམས་དང་ལྷན་དུ་སྐྱུ་རུ་རའི་ཤིང་གི་རྩ་བའི་བཅུད་བཟང་ཐོབ་པ་ཡིན་ན། 18ཁྱོད་ཀྱིས་ཡལ་ག་རྣམས་ལ་ཁ་ཕོ་མ་བྱེད་ཅིག གལ་ཏེ་ཁ་ཕོ་བྱེད་ན། ཁྱོད་རང་རྩ་བར་བརྟེན་པ་ལས་རྩ་བ་ཁྱོད་ལ་བརྟེན་པ་མ་ཡིན་པ་ཤེས་དགོས་སོ།། 19ཁྱོད་ན་རེ། ང་རང་དེའི་ཤུལ་དུ་མཐུད་པའི་ཕྱིར་ཡལ་ག་དེ་རྣམས་བཅད་པ་ཡིན་ཟེར་ན། 20དེ་ནི་བདེན་པ་ཡིན། ཁོ་རྣམས་ཀྱིས་དད་པ་མ་བྱས་པའི་རྐྱེན་གྱིས་བཅད་པ་དང་། ཁྱོད་ཀྱིས་དད་པ་བྱེད་པའི་དབང་གིས་བརྟན་པོར་ཚུགས་པ་ཡིན་པས། ཁྱོད་ཀྱིས་ང་རྒྱལ་མི་བྱེད་པར་དཀོན་མཆོག་ལ་གུས་ཤིང་འཇིགས་པར་གྱིས་ཤིག 21དཀོན་མཆོག་གིས་ཡལ་ག་དངོས་མ་དེ་རྣམས་མ་བསྐྱུར་བར་བཅད་པ་ཡིན་ན། ཁྱོད་རང་ཡང་མི་བསྐྱུར་བར་གཅོད་ཀྱང་སྲིད། 22ལྟོས་དང་། དཀོན་མཆོག་གི་བྱམས་སྙིང་རྗེ་དང་དྲག་རྩུབ་ནི་འདི་ལྟ་སྟེ། ས་རུ་འགྱེལ་པ་རྣམས་ལ་དྲག་རྩུབ་ཡིན་པ་དང་། ཁྱོད་ནི་རྟག་ཏུ་ཁོང་གི་བྱམས་སྙིང་རྗེའི་ནང་དུ་གནས་ན། ཁྱོད་ལ་བྱམས་སྙིང་རྗེ་ལྡན་པར་འགྱུར། དེ་ལས་ལྡོག་ན། ཁྱོད་རང་ཡང་གཅོད་པར་འགྱུར་རོ།། 23གལ་ཏེ། ཡེས་ར་ཨེལ་གྱི་མི་རིགས་ནི་རྟག་ཏུ་དད་པ་མེད་པར་བསྡད་པ་མ་ཡིན་ན། དཀོན་མཆོག་གིས་ཁོ་རྣམས་ཡང་བསྐྱར་མཐུད་ནུས་པས་སྔར་བཞིན་མཐུད་པར་འགྱུར། 24ཁྱོད་ནི་རང་བཞིན་གྱི་རི་སྐྱེས་སྐྱུ་རུ་རའི་ཤིང་ལས་བཅད་ནས། རང་བཞིན་ལས་ལྡོག་སྟེ་བདག་གཉེར་བྱེད་པའི་སྐྱུ་རུ་རའི་ཤིང་ལ་མཐུད་པ་ཡིན་ན། ཡལ་ག་དངོས་མ་དེ་ནི་ལྷག་པར་རང་གི་རིགས་ཀྱི་སྐྱུ་རུ་རའི་ཤིང་ལ་མཐུད་ངེས་སོ།།

ཡེས་ར་ཨེལ་གྱི་མི་ཐམས་ཅད་སྐྱོབ་པར་འགྱུར་བའི༌སྐོར།

25སྤུན་ཟླ༌རྣམས། ཁྱོད་ཅག་གིས་རང་ཉིད་གྲུང་པོ་ཡིན་པར་མི་བསམ་པའི༌ཕྱིར། བདག་གིས་གསང་བ་འདི་ཁྱོད་རྣམས་ལ་ཤེས་སུ་འཇུག་པར་འདོད་དེ། ནང་དུ་ཡོང་བའི་ཕྱི་ཕྱོགས་པའི་གྲངས་ཀ་ཚང་བའི་བར༌དུ། ཡེས་ར་ཨེལ་མི་རིགས་ལས་སྐོར་ཞིག་གི་སེམས་རྒྱུད་གྱོང་པོ་ཡིན༌ནའང་། 26ཕྱིས་སུ་ཡེས་ར་ཨེལ་གྱི་མི་ཐམས་ཅད་ཐར་བར་འགྱུར་རོ།། དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཛ་ཡན་ཡུལ་ནས་སྐྱབས་མགོན་ཕེབས་ངེས༌ཤིང༌།། ཡ་ཀོབ་ཚང་གི་དད་གུས་མེད་པ་བསལ།། ཞེས༌དང༌། ཡང་ཇི་སྐད༌དུ། 27བདག་གིས་དེ་དག་སྡིག་པ་བསལ་བའི༌དུས།།

དེ་ནི་ཁོ་ཚོའི་བར་གྱི་ཁ་ཆད༌ཡིན།།

28འཕྲིན་བཟང་གི་གསུང་ཚུལ་ལྟར་སྨྲས༌ན། ཁོ་རྣམས་ནི་ཁྱོད་ཅག་གི་ཕྱིར་དུ་དགྲ་རུ་གྱུར་པ༌དང༌། དཀོན་མཆོག་གིས་བདམས་པའི་གསུང་ཚུལ་ལྟར་སྨྲས༌ན། ཁོ་རྣམས་ནི་མེས་པོ་རྣམས་ཀྱི་ཕྱིར་དུ་གཅེས་སུ་འཛིན༌པ་ཡིན་ནོ།། 29ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་རང་གི་གནང་སྦྱིན་དང་ཞལ་འབོད་མཛད་པ་ནི་ཕྱིར་མི་ལེན་པའི་ཕྱིར༌རོ།། 30སྔོན་ཆད་ཁྱོད་ཅག་གིས་དཀོན་མཆོག་གི་བཀའ་ལ་མ་མཉན་ཞིང༌། ད་ལྟ་ཁོ་རྣམས་ཀྱིས་མ་མཉན་པའི་རྐྱེན་གྱིས་ཁྱོད་ཅག་ལ་ཐུགས་རྗེ་གནང་བ༌བཞིན། 31དེ་དག་གིས་ཀྱང་ཁོང་གི་བཀའ་ལ་མི་ཉན༌ཞིང༌། ཁྱོད་རྣམས་ལ་ཐུགས་རྗེ་གནང་བའི་རྐྱེན་གྱིས། ཁོ་རྣམས་ལའང་ཐུགས་རྗེ་གནང་བར་འགྱུར་རོ།། 32རྒྱུ་མཚན་ནི་དཀོན་མཆོག་གིས་མི་ཐམས་ཅད་ལ་ཐུགས་རྗེ་གནང་བའི༌ཕྱིར། མི་ཐམས་ཅད་ནི་བཀའ་ལ་མི་ཉན་པའི་གྲས་སུ་བཞག༌པའོ།།

བསྟོད་བསྔགས་བརྗོད་པ།

33ཀྱེ་ཀྱེ་བླ་མེད་དཀོན་མཆོག༌གི།། མཁྱེན་རབ་དང་ནི་ཡོན་ཏན༌དེ།། ཇི་འདྲའི་ཕུན་སུམ་ཚོགས་པ༌དང༌།། རྒྱ་ནི་ཆེ་ཞིང་གཏིང་ནི་ཟབ།། ཁོང་གི་བརྡར་ཤ་དཔག་དཀའ༌ཞིང༌།། ཁོང་གི་འཕྲིན་ལས་བསམ་མི་ཁྱབ།། 34སུ་ཡིས་ཁོང་གི་ཐུགས་རྟོགས༌ཤིང༌།། སུ་ཡིས་ཁོང་ལ་བློ་བཏོན༌ནམ།། 35ཁོང་གིས་མི་ལ་སྐྱིན་ཚབ་གནང་བའི༌ཕྱིར།། སྔོན་དུ་ཁོང་ལ་ཕུལ་བ་སུ་ཡོད་དམ།། 36ཅི་ཡོད་ཐམས་ཅད་ཁོང་ལས་བྱུང་བ༌དང༌།། ཁོང་ལ་བརྟེན་ཅིང་ཁོང་ལ་དབང་བའི༌ཕྱིར།། གཏན་དུ་ཁོང་ལ་བསྟོད་བསྔགས་བརྗོད་པར༌སྨོན།། ཨ༌མེན།།

རོ་མ་པ 12

གསོན་མཆོད།

1སྤུན་ཟླ༌རྣམས། དེ་ལྟར་ཡིན་པས། ངས་དཀོན་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་ཁྱོད་རྣམས་ལ་བསྐུལ་བར་བྱ༌སྟེ། ཁྱོད་ཅག་གིས་རང་གི་ལུས་པོ་ནི་གསོན་མཆོད་དུ་ཕུལ༌ཞིག དེ་ནི་དམ་པ་ཡིན་ཞིང་དཀོན་མཆོག་ཐུགས་མཉེས༌པ་དང་། ཁྱོད་ཅག་གི་སེམས་ཉིད་ཀྱི་བསྙེན་བཀུར་ཡིན་ནོ།། 2དཀོན་མཆོག་གི་ཐུགས་དགོངས་བཟང་པོ༌དང༌། ཡིད་དུ་འོང༌བ། ཕུན་སུམ་ཚོགས་པ་བཅས་རྟོགས་པའི༌ཕྱིར། འཇིག་རྟེན་འདིའི་ལུགས་བཞིན་མི་བྱེད་པར། སེམས་གསར་པར་བསྒྱུར་པ་ལ་བརྟེན་ནས་གཤིས་སྤྱོད་ཀྱང་སྒྱུར་ཅིག 3ངས་རང་ཉིད་ལ་གནང་བའི་ཐུགས་རྗེར་བརྟེན་ནས་ཁྱོད་ཅག་མི་རེ་རེར་འདི་ལྟར་སྨྲ་བར་བྱ༌སྟེ། མི་སུས་ཀྱང་རང་ཉིད་ཇི་འདྲ་ཡིན་པར་བསམ་འོས་པ་ལས་མཐོ་བར་མི་བསམ་པར། དཀོན་མཆོག་གིས་མི་རེ་རེར་གནང་བའི་དད་པའི་ཆེ་ཆུང་བཞིན་ཚད་དང་མཐུན་པར་བསམ་དགོས་སོ།། 4དཔེར༌ན། བདག་ཅག་གི་ལུས་པོ་གཅིག་ལ་ཡན་ལག་མང་པོ་ཡོད་པ༌དང༌། ཡན་ལག་ཐམས་ཅད་ཀྱི་བྱེད་ནུས་མི་མཚུངས་པ་བཞིན། 5བདག་ཅག་མི་མང་པོ་ནི་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་སྐུ་ལུས་གཅིག་ཡིན་ཞིང་ཡན་ལག་ཕན་ཚུན་ལ་འབྲེལ༌བ་ཡིན་ནོ།། 6བདག་ཅག་མི་རེ་རེར་ཐུགས་རྗེ་གནང་བ་བཞིན་དུ་གནང་སྦྱིན་ཡང་མི་འདྲ༌སྟེ། ལུང་སྟོན་པས་དད་པ་བཞིན་ལུང་བསྟན་གནང་བ༌དང༌། 7ཞབས་ཕྱི་པས་ཞབས་ཕྱི་བྱེད་པ༌དང༌། སློབ་སྟོན་པས་བསླབ་བྱ་གནང་བ༌དང༌། 8སྐུལ་མ་གནང་མཁན་གྱིས་སྐུལ་བར་བྱེད་པ༌དང༌། སྦྱིན་པ་གཏོང་མཁན་གྱིས་ལྷག་བསམ་རྣམ་དག་གིས་སྦྱིན་པ་གཏོང་བ༌དང༌། འགོ་དཔོན་གྱིས་ཧུར་བརྩོན་བྱེད་པ༌དང༌། སྙིང་རྗེ་བྱེད་མཁན་གྱིས་དགའ་མགུའི་ངང་ནས་སྙིང་རྗེ་བྱེད་དགོས་པ་བཅས༌སོ།།

བྱམས་བརྩེའི༌སྐོར།

9བྱམས་པ་ནི་བཅོས་མ་ཡིན་མི་རུང༌ལ། ངན་པར་ཞེ་མེར་ཞིང་བཟང་པོར་ཉེ་འབྲེལ་བྱེད་དགོས་སོ།། 10སྤུན་ཟླའི་གཅེས་སེམས་ཀྱིས་ཕན་ཚུན་ལ་སྙིང་ཉེ་བ་དང་། མི་གཞན་ལ་བཀུར་ཏེ་ཕན་ཚུན་ལ་བག་ཡོད་པར་བྱ་དགོས་སོ།། 11སྒྱིད་ལུག་མི་བྱེད་པར་ཡིད་སེམས་སྤྲོ་བའི་ངང་ནས་རྟག་ཏུ་གཙོ་བོ་ལ་བསྙེན་བཀུར་བྱེད་དགོས། 12རེ་སྒུག་གི་ཁྲོད་ནས་དགའ་བ་དང་དཀའ་སྡུག་གི་ཁྲོད་དུ་བཟོད་བསྲན་ཡོད་པ༌དང༌། གསོལ་བ་འདེབས་པར་བརྩོན་འགྲུས་ཡོད་དགོས། 13དད་ལྡན་དམ་པ་རྣམས་ཀྱི་དགོས་མཁོ་སྐོང་ཞིང་མགྲོན་ལ་སྣེ་ལེན་བྱེད་པར་བརྩོན་དགོས༌སོ།། 14ཁྱོད་ཅག་ལ་བཙན་གནོན་བྱེད་མཁན་དག་གི་ཆེད་དུ་བྱིན་རླབས་ཞུས་ཤིག་དང་། བྱིན་རླབས་ཞུ་བ་ཁོ་ན་ལས་སྡིགས་དམོད་མ་བྱེད༌ཅིག 15སེམས་སྤྲོ་བ་རྣམས་དང་མཉམ་དུ་སྤྲོ་བར་བྱེད༌ཅིང༌། ཡིད་སྐྱོ་ནས་ངུ་བ་རྣམས་དང་མཉམ་དུ་ངུ་བར༌བྱའོ།། 16ཕན་ཚུན་བློ་སེམས་གཅིག་ཏུ་མཐུན་ཞིང་ང་རྒྱལ་མི་བྱེད་པར། གོ་གནས་དམའ་བའི་མི་ལ་བསྟུན་དགོས་པ༌ལས། རང་ཉིད་གྲུང་པོ་ཡིན་པར་མ་སེམས༌ཤིག 17ངན་ལན་ངན་འཇལ་མ་བྱེད༌ཅིག མི་ཀུན་གྱིས་ལེགས་པར་སྙམ་པའི་དོན་དེ་གཟབ་གཟབ་ཀྱིས་བསྒྲུབ་དགོས། 18གལ༌ཏེ། རང་གིས་བསྒྲུབ་ནུས་པ་ཡིན་ན། གང་ནུས་ཅི་ཐུབ་ཀྱིས་མི་ཐམས་ཅད་ལ་འགྲིག་མཐུན་ཡོང་བར་བྱ༌དགོས། 19སྙིང་ཉེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་གིས་གནོད་ལན་གནོད་འཇལ་མི་བྱེད་པར། བཟོད་པ་བསྒོམས་ནས་དཀོན་མཆོག་གི་ཐུགས་ཁྲོ་བའི་བར་དུ་སྒུགས་ཤིག ཅིའི་ཕྱིར་ཞེ་ན། གསུང་རབ་ཀྱི་མདོ༌ལས། གཙོ་བོས་འདི་སྐད༌དུ། གནོད་ལན་གནོད་འཇལ་ནི་བདག་ལ་རག་ལས་ཤིང་ངས་ལན་འཇལ་ངེས་ཡིན་ཞེས་གསུངས་པ་བཀོད་ཡོད་པའི་ཕྱིར༌རོ།། 20དེ་ལས་ལྡོག་སྟེ་ཇི་སྐད༌དུ། དགྲ་ཟླ་བཀྲེས་ཤིང་ལྟོགས་པ༌ན།། དེ་ལ་ཁ་ཟས་གནང་བར༌གྱིས།། དགྲ་ཟླ་སྐོམ་ཞིང་གདུང་བ༌ན།། དེ་ལ་བཏུང་བ་གནང་བར༌གྱིས།། ཅིའི་ཕྱིར་དེ་ལྟར་བསྒྲུབ་ཟེར༌ན།། མགོ་ལ་སོལ་མེ་འཇོག་པ་བཞིན།། 21ཁྱོད་ནི་ངན་པས་ཕམ་དུ་མི་འཇུག་པར། ལས་བཟང་པོར་བརྟེན་ནས་ངན་པ་ལས་རྒྱལ་བར༌བྱའོ།།

རོ་མ་པ 13

མངའ་བདག་གི་བཀའ་ལ་མཉན་དགོས་པའི༌སྐོར།

1མི་ཀུན་གྱིས་མངའ་བདག་གི་བཀའ་བརྩི་དགོས༌ཏེ། དབང་ཆ་གང་ཞིག་ཡིན་ཡང་དཀོན་མཆོག་ལས་མ་བྱུང་བ་མེད༌ལ། མངའ་བདག་ཐམས་ཅད་ནི་དཀོན་མཆོག་གིས་བསྐོས་པའི་ཕྱིར༌ཡིན། 2དེའི༌ཕྱིར། སུ་ཞིག་གིས་མངའ་བདག་ལ་ངོ་རྒོལ་བྱེད༌ན། དེས་དཀོན་མཆོག་གི་ཁྲིམས་ལ་ངོ་རྒོལ་བྱེད་པ་ཡིན༌ལ། རང་གིས་རང་ལ་ཉེས་ཆད་སློང་བའང་ཡིན་ནོ།། 3སྤྱིར་ལས་ངན་པ་བྱེད་མཁན་མ༌གཏོགས། ལས་བཟང་པོ་བྱེད་མཁན་ནི་དཔོན་རིགས་ལ་འཇིགས་མི་དགོས། ཁྱོད་རང་མངའ་བདག་ལ་འཇིགས་མི་འདོད༌དམ། ཁྱོད་ཀྱིས་ལས་བཟང་པོ་བྱས༌ན། ཁོང་གིས་ཁྱོད་ལ་གཟེངས་བསྟོད་བྱེད་པར་འགྱུར་རོ།། 4ཅིའི་ཕྱིར་ཞེ་ན། དཔོན་རིགས་དེ་ནི་དཀོན་མཆོག་གི་ཞབས་ཕྱི་པ་ཡིན་ཞིང་ཁྱོད་ལ་ཕན་ཐོགས་པ༌དང༌། ཁྱོད་ཀྱིས་ལས་ངན་པ་བྱེད་ན་འཇིགས་འོས༌ཏེ། ཁོང་ནི་དོན་མེད་དུ་རལ་གྲི་འདོགས་མཁན་མ་ཡིན༌པར། དེ་ནི་དཀོན་མཆོག་གི་ཞབས་ཕྱི་པ༌དང༌། གནོད་ལན་གནོད་འཇལ་བྱེད་མཁན་ཏེ་ལས་ངན་པ་བྱེད་མཁན་ལ་ཉེས་ཆད་གཅོད་མཁན་བཅས་ཡིན་པའི་ཕྱིར༌རོ།། 5དེའི༌ཕྱིར། ཁྱོད་ཀྱིས་ངེས་པར་དཔོན་རིགས་ཀྱི་བཀའ་བརྩི་དགོས༌ཤིང༌། དེ་ནི་ཉེས་ཆད་ཁོ་ནའི་ཆེད་དུ་མ་ཡིན༌པར། སེམས་ཀྱི་ཆེད་དུའང་ཡིན། 6ཁྱོད་ཅག་གིས་མངའ་བདག་ལ་ཁྲལ་འཇལ་བའང་འདིའི་རྐྱེན་ཡིན༌ཏེ། ཁོང་རྣམས་ནི་དཀོན་མཆོག་གི་ཞབས་ཕྱི་པ་ཡིན་པས་རྟག་པར་ཆེད་དུ་དོན་དེ་གཉེར༌བ་ཡིན། 7མི་སུ་ཞིག་ལ་ཐོབ་འོས་ན་འབུལ་བ༌དང༌། ཁྲལ་ཐོབ་འོས་ན་ཁྲལ་འཇལ་བ༌དང༌། ཚོང་ཁྲལ་ཐོབ་འོས་ན་ཚོང་ཁྲལ་འཇལ་བ༌དང༌། འཇིགས་འོས་ན་འཇིགས་པ༌དང༌། བཀུར་འོས་ན་བཀུར་བར༌བྱའོ།།

ཕན་ཚུན་གཅེས་སུ་འཛིན་འོས༌པ།

8སྤྱིར་ཕན་ཚུན་གཅེས་སུ་འཛིན་པ་ལས༌གཞན། དོན་གང་གི་ཆ་ནས་ཀྱང་མི་གཞན་ལ་བུ་ལོན་ཆད་མི་རུང༌། རྒྱུ་མཚན་ནི་མི་གཞན་ལ་བྱམས་ཤིང་གཅེས་མཁན་གྱིས་བཀའ་ཁྲིམས་བསྒྲུབས་པའི་ཕྱིར༌རོ།། 9དེ་ནི་ཇི་སྐད༌དུ། ལོག་གཡེམ་མ༌བྱེད། མི་མ་གསོད། རྐུ་མ༌བྱེད། འདོད་ཧམ་མ་བཅང་ཞེས་གསུངས༌པ་དང་། ཡང་ན་བཀའ་ཁྲིམས་གཞན་གང་ཡོད་པ་ཐམས་ཅད༌ནི། ཁྱོད་ཀྱིས་ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་ཤིག་ཅེས་པའི་བཀའ་འདིའི་ནང་དུ་འདུས༌ཡོད། 10བྱམས་པས་ཁྱིམ་མཚེས་ལ་གནོད་པ་མི་བྱེད༌པས། བྱམས་པས་བཀའ་ཁྲིམས་འགྲུབ་པར་བྱས༌སོ།། 11གཞན༌ཡང༌། ཁྱོད་ཅག་གིས་ད་ནི་སྔ་མོ་ནས་གཉིད་ལས་སད་འོས་པའི་དུས་ཡིན་པ་ཤེས་དགོས༌ཏེ། ད་ལྟ་ནི་ཐོག་མར་དད་པའི་དུས་ལས་བརྒལ་ནས་ཐར་པའི་དུས་དེ་ཉེ་བར་སླེབས་པས༌སོ།། 12མཚན་མོ་འདས་ཤིང་ཉིན་མོ་སླེབ་ལ་ཉེ༌བས། བདག་ཅག་གིས་མུན་ནག་གི་བྱ་སྤྱོད་སྤངས་ནས་འོད་ཟེར་གྱི་གོ་མཚོན་སྤྲ་དགོས། 13ཉིན་མོར་བགྲོད་པ་བཞིན་སྤྱོད་ལམ་དྲང་པོ་ཡིན་དགོས་ལ། བག་མེད་དང་ར༌བཟི། གཡེམ་སྦྱོར་དང་འདོད་ཆགས། རྩོད་གླེང་དང་ཕྲག་དོག་བཅས་མི་བྱེད༌པར། 14གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནི་གོས་བཞིན་དུ་ལུས་ལ་གྱོན༌ཏེ། ཤ་གཟུགས་ཀྱི་ཕུང་བོའི་འདོད་པ་ཚིམ་པར་བྱེད་པའི་བསམ་པ་སྤོངས་ཤིག།།

རོ་མ་པ 14

སྤུན་ཟླའི་དོན་ལ་ཁ་ཚོན་གཅོད་མི་རུང་བའི་སྐོར།

1ཁྱོད་ཅག་གིས་དད་སེམས་ཆུང་བ་རྣམས་རང་གི་གྲས་སུ་ལོངས༌དང༌། འོན༌ཀྱང༌། བསམ་ཚུལ་མི་འདྲ་བ་ལ་རྩོད་པ་མ་བྱེད༌ཅིག 2མི་ལ་ལ་དངོས་པོ་མཐའ་དག་ཟ་རུང་བར་ཡིད་ཆེས༌ནའང༌། དད་སེམས་ཆུང་བ་རྣམས་ཀྱིས་སྔོ་ཚལ་ལས་གཞན་ཅི་ཡང་མི༌ཟའོ།། 3ཅི་ཡང་ཟ་བའི་མི་དག་གིས་མི་ཟ་བའི་མི་ལ་མཐོང་ཆུང་བྱེད་མི་རུང༌ལ། མི་ཟ་བའི་མི་དེ་ཡིས་ཅི་ཡང་ཟ་བའི་མི་ལ་ཁ་ཚོན་ཡང་གཅོད་མི་རུང༌སྟེ། རྒྱུ་མཚན་ནི་དཀོན་མཆོག་སྔར་ནས་མི་དེ་ལ་དགྱེས་པའི་ཕྱིར༌རོ།། 4ཁྱོད་ནི་སུ་ཞིག་ཡིན༌འདོད་དམ། ཁྱོད་ཀྱིས་མི་གཞན་གྱི་ཞབས་ཕྱི་པ་ལ་ཁ་ཚོན་གཅོད༌དམ། ཁོ་ནི་བརྟན་པོར་སྡོད་པའམ་ས་རུ་འགྱེལ་ནའང་ཁོ་ལ་བདག་པོ་ཡོད༌པ་དང་། ཁོ་ནི་བརྟན་པོར་སྡོད་སྲིད༌དེ། གཙོ་བོས་ཁོ་རང་བརྟན་པོར་མཛད་ནུས་པས་ཁོ་ནི་བརྟན་པོར་སྡོད་ངེས༌སོ།། 5མི་ལ་ལས་ཉིན་མོ་འདི་ནི་ཉིན་མོ་དེ་ལས་ལེགས་པར་འདོད༌ཅིང༌། ཡང་མི་ལ་ལས་ཉིན་མོ་ཐམས་ཅད་གཅིག་མཚུངས་ཡིན་པར་འདོད༌པ་རེད། འོན༌ཀྱང་མི་རེ་རེའི་སེམས་པ་བརྟན་པོ་ཡིན་དགོས། 6ཉིན་མོ་སྲུང་མཁན་གྱིས་གཙོ་བོའི་དོན་དུ་སྲུང༌ཞིང༌། ཟས་ཟ་མཁན་གྱིས་དཀོན་མཆོག་ལ་བཀའ་དྲིན་ཞུ་བ་ཡིན་པས་གཙོ་བོའི་དོན་དུ་ཟ་བ༌དང༌། ཟས་མི་ཟ་བ་དེས་ཀྱང་གཙོ་བོའི་དོན་དུ་མི་ཟ་ཞིང་དཀོན་མཆོག་ལ་བཀའ་དྲིན་ཞུ་བའོ།། 7བདག་ཅག་ལས་རང་གི་དོན་དུ་འཚོ་བ་ནི་གཅིག་ཀྱང་མེད༌ལ། རང་གི་དོན་དུ་འཆི་བའང་གཅིག་ཀྱང་མེད། 8བདག་ཅག་འཚོ་ན་གཙོ་བོའི་དོན་དུ་འཚོ༌ཞིང༌། ཤི་ནའང་གཙོ་བོའི་དོན་དུ་ཤི་བ་ཡིན༌པས། བདག་ཅག་ནི་ཤི་གསོན་གང་ཡིན་ཡང་གཙོ་བོའི་མི་ཡིན་ནོ།། 9དེའི༌ཕྱིར། གསོན་པོ་དང་གཤིན་པོ་གཉིས་ཀྱི་གཙོ་བོར་འགྱུར་བའི༌ཕྱིར། སྐྱབས་མགོན་མཱ་ཤི་ཀ་ནི་སྐུ་གྲོངས་པ་ནས་སླར་གསོན༌པ་ཡིན། 10དེས་ན། ཁྱོད་ཀྱིས་ཅིའི་ཕྱིར་སྤུན་ཟླ་ལ་ཁ་ཚོན་གཅོད༌དམ། ཡང་ཅིའི་ཕྱིར་སྤུན་ཟླ་ལ་མཐོང་ཆུང་བྱེད༌དམ། རྒྱུ་མཚན་ནི་བདག་ཅག་ཐམས་ཅད་དཀོན་མཆོག་གི་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་བཞུགས་ཁྲིའི་མདུན་དུ་ལངས་ནས་སྡོད་ངེས་སོ།། 11དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། གཙོ་བོ་དཀོན་མཆོག་གིས་ནི་འདི་སྐད༌དུ།། བདག་གིས་རང་ཉིད་གསོན་པོར་གནས་པ༌ལ།། བརྟེན་ཅིང་དམ་བཅའ་འདི་ལྟར་བཞག་པ༌སྟེ།། པུས་མོ་ཀུན་གྱིས་བདག་ལ་ཕྱག་འཚལ༌ཞིང༌།། ཀུན་གྱི་ངག་ནས་བདག་ནི་ཁས་ལེན༌བྱེད།། ཅེས༌བཀོད་པའོ།། 12དེའི༌ཕྱིར། བདག་ཅག་མི་རེ་རེས་རང་གི་དོན་རྣམས་དཀོན་མཆོག་གི་དྲུང་དུ་རྒྱུ་མཚན་གསལ་པོར་འཆད་པར་ངེས་སོ།། 13དེ་ལྟར་ཡིན་པས། ཕྱིན་ཆད་བདག་ཅག་གིས་ཕན་ཚུན་ལ་ཁ་ཚོན་གཅོད་མི་རུང༌ལ། སུས་ཀྱང་སྤུན་ཟླའི་མདུན་དུ་བཀག་རྒྱའམ་ས་ལ་འགྱེལ་བྱེད་ཀྱི་དངོས་པོ་ཅི་ཡང་མི་འཇོག་པར་སེམས་ཐག་ཆོད༌ཅིག 14མི་གཙང་བའི་དངོས་པོ་གཞི་ནས་མེད་པ་ནི་བདག་གིས་གཙོ་བོ་ཡེ་ཤུར་བརྟེན་ནས་ཤེས་ཤིང་དོན་དེར་ཡིད་ཆེས་བརྟན་པོ་ཡོད་དོ།། འོན༌ཀྱང༌། སུ་ཞིག་གིས་དངོས་པོ་གང་ཞིག་མི་གཙང་བར་བསམས༌ན། མི་དེའི་རྐྱེན་གྱིས་དངོས་པོ་དེ་ནི་མི་གཙང་བ་ཡིན། 15གལ༌ཏེ། ཁྱོད་ཀྱི་ཁ་ཟས་ཀྱིས་སྤུན་ཟླའི་ཡིད་སྐྱོ་བར་བྱེད༌ན། དེ་ནི་བྱམས་པ་བཞིན་དུ་སྤྱད་པ་སྤྱོད་པ་མ་ཡིན། སྐྱབས་མགོན་མཱ་ཤི་ཀ་ནི་ཁོའི་དོན་དུ་སྐུ་གྲོངས༌པས། ཁྱོད་ཀྱི་ཁ་ཟས་ཀྱིས་སྤུན་ཟླ་དེ་ནི་འཕུང་དུ་འཇུག་མི་རུང་ངོ༌།། 16དེའི་ཕྱིར། མི་གཞན་ལ་ཁྱོད་ཀྱི་བཟང་དེར་དམའ་འབེབས་བྱེད་དུ་འཇུག་མི་རུང༌སྟེ། 17དཀོན་མཆོག་གི་རྒྱལ་སྲིད་ནི་བཟའ་བཏུང་ལ་བརྟེན་པ་མིན༌པར། དེ་ནི་དྲང༌བདེན་དང་ཞི༌བདེ། དམ་པའི་ཐུགས་ཉིད་ནང་གི་དགའ་སྤྲོ་བཅས་ལ་རག་ལས་པའི་ཕྱིར༌ཡིན། 18དོན་འདི་ལྟ་བུའི་སྟེང་ནས་སྐྱབས་མགོན་མཱ་ཤི་ཀར་ཞབས་ཕྱི་བྱས་ན། དཀོན་མཆོག་གི་ཐུགས་དགྱེས་ཤིང་མི་རྣམས་ཀྱིས་ཀྱང་ཁས་ལེན་ནོ།། 19དེའི༌ཕྱིར། བདག་ཅག་གིས་ངེས་པར་འགྲིག་མཐུན་ཡོང་བ་དང་ཕན་ཚུན་ཡར་བསྐྱེད་པའི་དོན་དེར་བརྩོན་དགོས་པ༌ལས། 20ཁ་ཟས་ཀྱི་དབང་གིས་དཀོན་མཆོག་གི་མཛད་འཕྲིན་ལ་གཏོར་བརླག་གཏོང་མི་རུང་ངོ༌།། དངོས་པོ་ཐམས་ཅད་གཙང་བ་ནི་སྨོས་མ་དགོས༌ཀྱང༌། སུ་ཞིག་གིས་ཁ་ཟས་ཀྱི་རྐྱེན་གྱིས་མི་གཞན་སར་འགྱེལ་དུ་འཇུག་པ་ཡིན༌ན། དེ་ནི་ཁོའི་ཉེས་སྐྱོན་ཡིན་ནོ།། 21ཡང་ན་ཤ་ཟ་བ་དང་ཆང་འཐུང་བ་སོགས་དོན་གཞན་གང་ཡིན༌ཡང༌། སྤུན་ཟླ་སར་འགྱེལ་དུ་འཇུག་པ་ཡིན༌ན། དོན་དེ་ཐམས་ཅད་སྤང་ན་ལེགས། 22ཁྱོད་ལ་ཡོད་པའི་དད་པ་དེ་དཀོན་མཆོག་གི་དྲུང་ནས་སེམས་སུ་ཟུངས༌ཤིག སུས་ཀྱང་རང་ཉིད་ཀྱིས་སྒྲུབ་ཆོག་པར་འདོད་པའི་དོན་གྱི་ཆ༌ནས། རང་གིས་རང་ལ་ཉེས་སྐྱོན་མི་འཛུགས་མཁན་ལ་བྱིན་རླབས་ཐོབ༌པ་ཡིན་ནོ།། 23གལ༌ཏེ། དོགས་པ་ཅན་གྱིས་ཟོས་ན། དེ་ནི་དད་པའི་སྒོ་ནས་ཟོས་པ་མ་ཡིན་པས་ཉེས་སྐྱོན་ཡོད་ངེས༌ལ། དད་པ་ལས་བྱུང་བ་མིན་པ་ཐམས་ཅད་ནི་སྡིག་པ་ཡིན༌ནོ།།

རོ་མ་པ 15

རང་ཉིད་དགའ་བར་བྱེད་མི་འོས་པའི༌སྐོར།

1དེ་ཡང་བདག་ཅག་བརྟན་པོ་རྣམས་ཀྱིས་བརྟན་པོ་མིན་པ་རྣམས་ཀྱི་ཉམས་ཞན་ལ་བཟོད་བསྲན་བྱེད་འོས་པ༌ལས། རང་ཉིད་དགའ་བར་མི༌བྱའོ།། 2བདག་ཅག་མི་རེ་རེས་རང་གི་ཁྱིམ་མཚེས་ལ་ཕན་འདོགས་པ་དང་ཡར་སྐྱེད་ཡོང་བའི༌ཕྱིར། ཁྱིམ་མཚེས་དགའ་བར་གྱིས༌ཤིག 3ཅིའི་ཕྱིར་ཞེ་ན། སྐྱབས་མགོན་མཱ་ཤི་ཀས་ཀྱང་རང་ཉིད་དགའ་བར་མ་མཛད་པའི་ཕྱིར༌རོ།། དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁྱོད་ལ་དམའ་འབེབས་བྱེད་མཁན་གྱི་སྨྲ་བརྗོད་མཐའ་དག་ནི་བདག་ལ་ཕོག་པ་ཡིན་ཞེས་བཀོད་པ༌བཞིན་ནོ།། 4རྒྱུ་མཚན་ནི་སྔོན་ཆད་ཡི་གེར་བཀོད་པ་ཐམས་ཅད་བདག་ཅག་ལ་བསླབ་བྱ་གནང་བའི་ཕྱིར་ཡིན༌ཏེ། བཟོད་པ་དང་གསུང་རབ་ལས་བྱུང་བའི་སེམས་གསོ་བརྒྱུད་ནས་བདག་ཅག་ལ་རེ་བ་ཐོབ་པའི་ཕྱིར༌རོ།། 5དེ་ཡང་བཟོད་པ་དང་སེམས་གསོ་གནང་མཁན་དཀོན་མཆོག་གིས་མཱ་ཤི་ཀ་ཡེ་ཤུ་བཞིན་དུ་ཁྱོད་རྣམས་ཕན་ཚུན་མཐུན་པར་མཛད་པར༌སྨོན། 6དེ་ནི་ཁྱོད་ཅག་གིས་ཁ་ཞེ་གཉིས་མེད་སྒོས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པའི་ཕྱིར༌རོ།། 7དེའི༌ཕྱིར། སྐྱབས་མགོན་མཱ་ཤི་ཀས་ཁྱོད་རྣམས་བསུས་པ༌བཞིན། ཁྱོད་ཅག་གིས་ཀྱང་ཕན་ཚུན་བསུས་ནས་དཀོན་མཆོག་གི་གཟི་བརྗིད་མངོན་པར༌བྱའོ།། 8བདག་གིས་སྨྲ་བར་བྱ༌སྟེ། སྐྱབས་མགོན་མཱ་ཤི་ཀ་ནི་དཀོན་མཆོག་གི་བདེན་པ་ཉིད་ཀྱི༌ཆེད་དུ། མཚན་སྐྱི་བཅད་པ་རྣམས་ལ་ཞབས་ཕྱི་སྒྲུབ་མཁན་དུ་གྱུར་ཅིང་། དེ་ནི་ཕ་མེས་ཡང་མེས་རྣམས་ལ་གནང་བའི་ཞལ་བཞེས་ཀྱི་བཀའ་རྣམས་ལ་བདེན་དཔང་མཛད༌པའི་ཕྱིར་དང་། 9ཕྱི་ཕྱོགས་པ་རྣམས་ཀྱིས་དཀོན་མཆོག་གི་ཐུགས་རྗེའི་རྐྱེན་གྱིས་ཁོང་ལ་བསྟོད་བསྔགས་བརྗོད་པའི་ཕྱིར་ཡང་ཡིན་ནོ།། དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། དེ་ཡི་ཕྱིར་ན་བདག་གིས༌ནི།། ཕྱི་ཕྱོགས་པ་ཡི་ནང་ཁུལ༌དུ།། ཁྱོད་ལ་བསྔགས་བརྗོད་བྱེད་པ་དང་།། ཁྱོད་མཚན་བསྟོད་དབྱངས་འབུལ་བར་བྱ།། 10ཡང་ཇི་སྐད༌དུ། ཁྱོད་ཅག་ཕྱི་ཕྱོགས་མི་རྣམས༌ནི།། གཙོ་བོ་དཀོན་མཆོག༌ཁོང་ཉིད་ཀྱི།། མི་རྒྱུད་རྣམས་དང་ལྷན་ཅིག༌ཏུ།། དགའ་ཞིང་སྤྲོ་བར་གྱུར་ཅིག༌གུ།། 11ཡང་ཇི་སྐད༌དུ། ཕྱི་མི་ཚང་མས་གཙོ་བོ༌ལ།། བསྟོད་ཅིང་བསྔགས་པར་འོས་སོ༌ལོ།། མི་རིགས་ཀུན་གྱིས་གཙོ་བོ༌ལ།། 12ཡང་ཡེ་ཤ་ཡཱ་ཡིས་འདི་སྐད༌དུ། མ་འོངས་པ་ན་ཡེ་སེ༌ཡི།། རྩ་བ་དེ་ཡིས་ཕྱི་ཕྱོགས༌པར།། དབང་སྒྱུར་བྱེད་ཅིང་དེ་རྣམས༌ཀྱིས།། ཁོང་ལ་རེ་བ་འཛིན་པར༌ངེས།། ཞེས༌གསུངས་པའོ།། 13ཁྱོད་ཅག་ལ་དམ་པའི་ཐུགས་ཉིད་ཀྱི་མཐུ་སྟོབས་བརྒྱུད་ནས་རེ་བ་ཆེན་པོ་འཐོབ་པའི༌ཕྱིར། ད་ནི་རེ་བ་གནང་མཁན་དཀོན་མཆོག་གིས་ཁྱོད་རྣམས་ཀྱི་དད་པ་བརྒྱུད་ནས་ཁྱོད་ཅག་ལ་དགའ་སྤྲོ་དང་ཞི་བདེ་ཕུན་སུམ་ཚོགས་པ་གནང་བར༌སྨོན།

ཕོལ་ལོལ་ཁོང་ཉིད་ཕྱི་ཕྱོགས་པ་རྣམས་ཀྱི་ཞབས་ཕྱི་པར་གྱུར༌པ།

14སྤུན་ཟླ༌རྣམས། ཁྱོད་ཅག་ནི་བཟང་པོས་བལྟམས་ཤིང་། ཤེས་ཡོན་ཀུན་གྱིས་ཁྱབ་པ་དང་། ཕན་ཚུན་ལ་སྐུལ་མའང་གཏོང་ཐུབ་པར་བདག་ལ་ཡིད་ཆེས་བརྟན་པོ་ཡོད༌མོད། 15འོན་ཀྱང་ངས་ཁྱོད་ཅག་ལ་དྲན་སྐུལ་བྱེད་པའི༌ཕྱིར། དོན་ཁ་ཤས་ཀྱི་ཆེད་དུ་སྤོབས་པ་བསྐྱེད་ནས་འཕྲིན་ཡིག་འདི་བྲིས་པ༌དང༌། ཁྱད་པར་དཀོན་མཆོག་གིས་ང་རང་ལ་ཐུགས་རྗེ་གནང་བ་བཞིན༌དུ། 16མཆོད་དཔོན་ལྟར་དཀོན་མཆོག་གི་འཕྲིན་བཟང་ལ་ཞབས་ཕྱི་བྱས་ནས། བདག་ནི་ཕྱི་ཕྱོགས་པ་རྣམས་ཀྱི་དོན་དུ་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་པ་ཡིན་ལ། དེ་ནི་ཕྱི་ཕྱོགས་པ་རྣམས་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་དམ་པར་མཛད༌དེ། དཀོན་མཆོག་ཐུགས་མཉེས་པའི་མཆོད་རྫས་སུ་འགྱུར་བའི་ཕྱིར་རོ།། 17དེ་བས་དཀོན་མཆོག་གི་མཛད་དོན་སྐོར་གླེང༌ན། མཱ་ཤི་ཀ་ཡེ་ཤུའི་ནང་དུ་བདག་ལ་ངོམ་ཆོག་པ་ཞིག་ཡོད་ལ། 18སྐྱབས་མགོན་མཱ་ཤི་ཀས་ང་རང་བརྒྱུད་ནས་མཛད་པའི་དོན་དག་ལས༌གཞན། ངས་ཅི་ཡང་གླེང་མི་ཕོད༌དེ། ཁོང་གིས་ངའི་སྨྲ་བརྗོད་དང་བྱ་སྤྱོད་བརྒྱུད༌ནས། 19གྲུབ་རྟགས་དང་ངོ་མཚར་ཅན་གྱི་དོན་རྣམས་ཀྱི་ནུས་མཐུ་དང༌། དམ་པའི་ཐུགས་ཉིད་ཀྱི་ནུས་མཐུའི་སྒོ་ནས། ཕྱི་ཕྱོགས་པ་རྣམས་དཀོན་མཆོག་གི་བཀའ་ལ་བསྟུན་པར་མཛད། ཐ་ན་བདག་གིས་ཡེ་རུ་སཱ་ལེམ་ནས་ཨིལ་ལི་རི་ཀུམ་ཡུལ་བར་དུ་སྐྱབས་མགོན་མཱ་ཤི་ཀའི་འཕྲིན་བཟང་ཡོངས་སུ་བསྒྲགས་སོ།། 20ཡང་མི་གཞན་གྱིས་བཙུགས་པའི་རྨང་གཞིའི་སྟེང་དུ་མི་བརྩིག་པའི༌ཕྱིར། བདག་གིས་སྐྱབས་མགོན་མཱ་ཤི་ཀའི་མཚན་ཐོས་མ་མྱོང་བའི་ཡུལ་གྲུར་འཕྲིན་བཟང་བསྒྲག་རྒྱུའི་བློ་ཐག་བཅད་པ་ཡིན། 21དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁོང་ལ་རྒྱུས་མེད་རྣམས་ཀྱིས་མཐོང་འགྱུར༌ཞིང༌།། གོ་ཐོས་མེད་པ་རྣམས་ཀྱིས་རྟོགས་པར༌འགྱུར།། 22ང་རང་ཐེངས་མང་པོར་བཀག་བྱུང་བས། ཁྱོད་ཅག་གི་མདུན་དུ་གཏན་ནས་འགྲོ་མ་ནུས༌སོ།།

རོ་མཱ་གྲོང་ཁྱེར་དུ་འགྲོ་བའི་འཆར༌གཞི།

23འོན་ཀྱང་། ད་ལྟ་ཡུལ་འདི་དག་ཏུ་ང་ལ་ལས་དོན་སྒྲུབ་ས་གཞན་མེད༌དེ། ལོ་དུ་མའི་རིང༌ལ། བདག་ནི་སི་ཕེན་ཡཱ་ཡུལ་དུ་འགྲོ་བའི་དུས་སུ་ཁྱོད་ཅག་གི་མདུན་དུ་ཡོང་འདོད་པ༌དང༌། 24ཁྱོད་ཅག་གི་ཡུལ་དེ་བརྒྱུད་ནས་ཁྱོད་རྣམས་ལ་འཕྲད་པར་འགྱུར་བ་དང༌། ཐོག་མར་ཕན་ཚུན་འབྲེལ་འདྲིས་བྱས་ཏེ་ཅུང་ཙམ་ཡིད་ཚིམས༌རྗེས། ཁྱོད་རྣམས་ཀྱིས་ང་རང་ལ་སྐྱེལ་མ་བྱེད་པར་རེ་བ་བྱེད། 25འོན༌ཀྱང༌། ད་ནི་ང་རང་ཡེ་རུ་སཱ་ལེམ་དུ་དད་ལྡན་དམ་པ་རྣམས་ལ་རོགས་རམ་བྱེད་དུ༌འགྲོའོ།། 26ཅིའི་ཕྱིར་ཞེ་ན། མ་ཀེ་དོན་ཡཱ་དང་ཨ་ཀ་ཡཱ་ཡུལ་གཉིས་ཀྱི་མི་རྣམས་ཀྱིས་ཡེ་རུ་སཱ་ལེམ་དུ་ཡོད་པའི་དད་ལྡན་དམ་པ་རྣམས་ཀྱི་ཁྲོད་ནས་དབུལ་པོ་རྣམས་ལ་སྦྱིན་པ་གཏོང་འདོད་པའི་ཕྱིར༌རོ།། 27དེ་ནི་ཁོ་རྣམས་དགའ་བར་གྱུར་པ་སྨོས་མ་དགོས༌ཏེ། དོན་ལ་དེ་ནི་བུ་ལོན་ལྟ་བུའང་ཡིན། ཅིའི་ཕྱིར་ཞེ་ན། ཕྱི་ཕྱོགས་པ་རྣམས་ལ་ཡ་ཧུ་དཱ་པའི་སེམས་ཉིད་ཀྱི་བགོ་སྐལ་བཟང་པོ་ཐོབ་ཡོད༌ན། དེ་ཚོས་ཀྱང་ཡ་ཧུ་དཱ་པ་རྣམས་ལ་འཚོ་བྱེད་ཀྱི་དངོས་པོ་སྦྱིན་པ་གཏོང་འོས་སོ།། 28དེའི༌ཕྱིར། བདག་གིས་དོན་འདི་བསྒྲུབས་ཏེ་ཞལ་འདེབས་འདི་ཁོ་རྣམས་ལ་རྩིས་གསལ་པོར་སྤྲད༌རྗེས། ང་རང་ཁྱོད་ཅག་གི་ཡུལ་བརྒྱུད་ནས་སི་ཕེན་ཡཱ་ཡུལ་དུ་འགྲོ་བར༌བྱ། 29ང་རང་ཁྱོད་ཅག་གི་ཡུལ་དེར་ཡོང་བའི་དུས༌སུ། སྐྱབས་མགོན་མཱ་ཤི་ཀའི་ཕུན་སུམ་ཚོགས་པའི་བྱིན་རླབས་དང་བཅས་ཏེ་ཡོང་ངེས་པ་ནི་བདག་གིས་ཤེས༌སོ།། 30སྤུན་ཟླ༌རྣམས། ངས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་དང་དམ་པའི་ཐུགས་ཉིད་ཀྱི་བྱམས་པར་བརྟེན༌ནས། ཁྱོད་རྣམས་ཀྱིས་བདག་གི་དོན༌དུ། བདག་དང་ལྷན་དུ་དཀོན་མཆོག་ལ་གསོལ་བ་འདེབས་པར་བརྩོན་དགོས་ཞེས་བསྐུལ༌ཏེ། 31བདག་ནི་ཡ་ཧུ་དཱའི་ཡུལ་གྱི་བཀའ་ལ་མི་ཉན་པའི་མི་རྣམས་ལས་ཐར་བ༌དང༌། ངས་ཡེ་རུ་སཱ་ལེམ་གྱི་དོན་དུ་བསྡུས་པའི་ཞལ་འདེབས་དེ་དད་ལྡན་དམ་པ་རྣམས་ཀྱིས་དགའ་སྤྲོའི་ངང་ནས་ལེན་པ༌དང༌། 32བདག་ནི་དཀོན་མཆོག་གི་ཐུགས་དགོངས་བཞིན༌དུ། དགའ་དགའ་སྤྲོ་སྤྲོའི་ངང་ཁྱོད་ཅག་གི་ཡུལ་དེར་ཡོང་སྟེ། ཁྱོད་རྣམས་དང་མཉམ་དུ་ངལ་གསོ་འཐོབ་པ་བཅས་ཀྱི་ཕྱིར་གསོལ་བ་འདེབས་པར༌གྱིས། 33ཞི་བདེ་གནང་མཁན་དཀོན་མཆོག་ནི་ཁྱོད་ཅག་ཐམས་ཅད་དང་མཉམ་དུ་བཞུགས་པར༌སྨོན། ཨ༌མེན།

རོ་མ་པ 16

ཕོལ་ལོལ་གྱིས་འཚམས་འདྲི་ཞུ༌བ།

1བདག་གིས་ཁྱོད་རྣམས་ལ་ངེད་ཅག་གི་ལྕམ་སྲིང་ཕོའོ་པེ་མཚམས་སྦྱོར་བྱ་སྟེ། ཁོ་མོ་ནི་ཀེན་གྲེའི་ཆོས་ཚོགས་ཀྱི་ལས་འཛིན་མཁན་ཡིན༌ལ། 2ཁྱོད་ཅག་གིས་དད་ལྡན་དམ་པའི་ལུགས་དང་མཐུན་པར་ཁོ་མོར་གཙོ་བོའི་ནང་དུ་སྣེ་ལེན་བྱེད་པར༌འཚལ། ཁོ་མོས་སྔར་ནས་མི་མང་པོ་དང་ང་རང་ལའང་རོགས་རམ་བྱས༌པས། ཁོ་མོར་ཕྱོགས་གང་ནས་རོགས་རམ་བྱེད་དགོས༌ན། ཁྱོད་རྣམས་ཀྱིས་ཁོ་མོར་རོགས་རམ་གྱིས༌ཤིག།། 3ཕུར་སི་ལཱ་དང་ཨ་ཀུ་ལཱ་གཉིས་ལ་འཚམས་འདྲི༌ཞུའོ།། ཁོ་གཉིས་ནི་མཱ་ཤི་ཀ་ཡེ་ཤུའི་ནང་དུ་བདག་གི་ཆོས་གྲོགས་ཡིན༌ལ། 4ཁོ་གཉིས་ཀྱིས་བདག་གི་དོན་དུ་རང་སྲོག་བློས་གཏོང་བར་ཡང་འཛེམས་མ་མྱོང༌། བདག་གིས་ཁོ་གཉིས་ལ་བཀའ་དྲིན་ཞུ་བར་མ༌ཟད། ཕྱི་ཕྱོགས་པ་རྣམས་ཀྱི་ཆོས་ཚོགས་དག་གིས་ཀྱང་ཁོ་གཉིས་ལ་བཀའ་དྲིན༌ཞུས་སོ།། 5དེ་ནས་ཁོ་གཉིས་ཀྱི་ཁྱིམ་དུ་ཡོད་པའི་ཆོས་ཚོགས་ལའང་འཚམས་འདྲི༌ཞུའོ།། བདག་གིས་གཅེས་སུ་འཛིན་པའི་ཨེ་པེ་ནེ་ཐུ་ལ་འཚམས་འདྲི་བྱོས་ཤིག ཁོ་རང་ནི་ཨེ་ཞི་ཡཱ་ཡུལ་ནས་སྐྱབས་མགོན་མཱ་ཤི་ཀར་དད་པ་བྱེད་མཁན་ཐོག་མ་ཡིན། 6མིར་ཡམ་ལའང་འཚམས་འདྲི༌ཞུའོ།། ཁོ་མོས་ཁྱོད་རྣམས་ཀྱི་དོན་དུ་དཀའ་ཚེགས་མང་པོ་མྱངས༌པ་ཡིན། 7བདག་གི་ཡུལ་མི་སྟེ་བཙོན་གྲོགས་ཨན་དྲོ་ནེ་ཀུ་དང་ཡུན་ཡཱ་གཉིས་ལའང་འཚམས་འདྲི༌ཞུའོ།། ཁོ་གཉིས་ནི་སྐུ་ཚབ་པ་རྣམས་ཀྱི་ཁྲོད་དུ་མིང་གྲགས་ཆེ༌ཞིང༌། བདག་གི་སྔོན་དུ་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ཡོད་པ་ཡིན། 8བདག་གིས་གཙོ་བོའི་ནང་དུ་སྙིང་ནས་གཅེས་པའི་ཨམ་པིལ་ཨ་ལའང་འཚམས་འདྲི༌བྱོས་ཤིག 9སྐྱབས་མགོན་མཱ་ཤི་ཀའི་ནང་གི་བདག་ཅག་གི་ཆོས་གྲོགས་ཨུར་པཱ་ནོ་སི༌དང༌། བདག་གིས་གཅེས་སུ་འཛིན་པའི་སིར་ཏི་གཉིས་ལའང་འཚམས་འདྲི༌ཞུའོ།། 10སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ཚོད་བགམ་ཐེག་མཁན་ཨ་པེལ་ལེ་ལའང་འཚམས་འདྲི༌ཞུའོ།། ཨ་རིས་ཏོ་བུལ་གྱི་ཁྱིམ་མི་རྣམས་ལ་འཚམས་འདྲི༌ཞུའོ།། 11བདག་གི་ཡུལ་མི་ཧེ་རོད་ཡོན་ལའང་འཚམས་འདྲི༌ཞུའོ།། གཙོ་བོའི་ནང་དུ་ནར་ཀིས་ཀྱི་ཁྱིམ་མི་རྣམས་ལ་འཚམས་འདྲི༌ཞུའོ།། 12གཙོ་བོའི་ནང་དུ་དཀའ་སྡུག་མྱོང་མཁན་ཏྲི་ཕེ་ནཱ་དང་ཏྲི་ཕོ་སཱ་གཉིས་ལའང་འཚམས་འདྲི༌ཞུའོ།། གཅེས་སུ་འོས་ཤིང་གཙོ་བོའི་ནང་དུ་དཀའ་ཚེགས་མང་པོ་མྱངས་མཁན་པེར་སི་ལའང་འཚམས་འདྲི༌ཞུའོ།། 13གཙོ་བོའི་ནང་དུ་བདམས་པའི་རུ་ཕུ་དང་ཁོའི་ཡུམ་ལའང་འཚམས་འདྲི༌ཞུའོ།། ཁོའི་ཡུམ་ནི་བདག་གི་ཡུམ་ལྟ་བུའང་ཡིན༌ནོ།། 14ཨ་སིན་ཀྲི་ཏི༌དང༌། ཕི་ལེ༌ཀོན། ཧུར༌མེ། པ་ཏྲོ༌པཱ། ཧེར་མཱ་བཅས༌དང༌། ཁོ་རྣམས་དང་མཉམ་དུ་ཡོད་པའི་སྤུན་ཟླ་རྣམས་ལའང་འཚམས་འདྲི༌ཞུའོ།། 15ཕི་ལོ་ལོ་ཀི་དང་ཡུ་ལེ༌ཡཱ། ནེ་རེ་དང་ཁོའི་སྲིང༌མོ། ཨོ་ལིམ་པཱ་བཅས༌དང༌། ཁོ་རྣམས་དང་མཉམ་དུ་ཡོད་པའི་དད་ལྡན་དམ་པ་རྣམས་ལའང་འཚམས་འདྲི༌ཞུའོ།། 16ཁྱོད་རྣམས་ཀྱིས་ཕན་ཚུན་ལ་དམ་པའི་འོ་བྱས་ནས་འཚམས་འདྲི་བྱེད་པར༌གྱིས། སྐྱབས་མགོན་མཱ་ཤི་ཀའི་ཆོས་ཚོགས་ཐམས་ཅད་ཀྱིས་ཁྱོད་རྣམས་ལའང་འཚམས་འདྲི༌ཞུ་བའོ།། 17སྤུན་ཟླ༌རྣམས། བསླབས་པའི་བཀའ་དང་འགལ་བའི་མི་རྣམས་ཀྱིས་ཁྱོད་ཅག་ལ་དབྱེན་བྱེད་པ་དང་སར་འགྱེལ་དུ་འཇུག༌པས། ཁྱོད་ཅག་གིས་མི་དེ་རྣམས་ལ་དོགས་ཟོན་བྱེད་ཅིང་གཡོལ་དགོས་པར་བདག་གིས་བསྐུལ༌བ་ཡིན་ནོ།། 18རྒྱུ་མཚན་ནི་མི་དེ་ལྟ་བུ་རྣམས་ཀྱིས་བདག་ཅག་གི་སྐྱབས་མགོན་མཱ་ཤི་ཀ་ལ་ཞབས་ཕྱི་མི་བྱེད༌པར། རང་ཉིད་ཀྱི་འདོད་བློ་ཁོ་ནར་ཞབས་ཕྱི་བྱེད་ཅིང་ཁ་ཡག་ཚིག་སྙན་གྱིས་གཡོ་སྒྱུ་མེད་པ་རྣམས་བསླུ་བར་བྱེད་པ་ཡིན། 19ཁྱོད་ཅག་གིས་བཀའ་ལ་ཉན་པའི་གཏམ་ནི་མི་ཐམས་ཅད་ལ་ཁྱབ་པར་གྱུར༌པས། བདག་ནི་ཁྱོད་ཅག་གི་ཕྱིར་སྤྲོ་བར་གྱུར་ཏོ།། འོན༌ཀྱང༌། བདག་གི་སེམས་སུ་ཁྱོད་རྣམས་དོན་བཟང་པོའི་ཆ་ནས་གྲུང་པོ༌དང༌། དོན་ངན་པའི་ཆ་ནས་བླུན་པོ་ཡིན་པར་འདོད༌དོ།། 20ཞི་བདེ་གནང་མཁན་དཀོན་མཆོག་གིས་མི་འགྱང་བར་བདུད་སཱ་ཏན་ནི་ཁྱོད་ཅག་གི་རྐང་འོག་ཏུ་བརྫི་བར་འགྱུར༌ཞིང༌། བདག་ཅག་གི་གཙོ་བོ་ཡེ་ཤུའི་ཐུགས་རྗེ་ནི་ནམ་ཡང་ཁྱོད་ཅག་དང་མཉམ་དུ་བཞུགས་པར༌སྨོན། 21བདག་གི་ཆོས་གྲོགས་ཐི་མོ་ཐེ༌དང༌། བདག་གི་ཡུལ་མི་ལོ་ཀེ༌ཨོ༌དང༌། ཡཱ༌སོན། སོ་སི་པཱ་ཏེར་བཅས་ཀྱིས་ཁྱོད་རྣམས་ལ་འཚམས་འདྲི༌ཞུ་བ་ཡིན་ནོ།། 22འཕྲིན་ཡིག་འབྲི་མཁན་ཏེར་ཏི་ང་ཡིས་ཀྱང་གཙོ་བོའི་ནང་དུ་ཁྱོད་རྣམས་ལ་འཚམས་འདྲི༌ཞུ་བ་ཡིན། 23བདག་དང་ཆོས་ཚོགས་ཡོངས་ལ་སྣེ་ལེན་བྱེད་མཁན་ཀེ་ཡུ་ཡིས་ཀྱང་ཁྱོད་ཅག་ལ་འཚམས་འདྲི༌ཞུའོ།། 24གྲོང་ཁྱེར་ནང་གི་དངུལ་མཛོད་ལ་དོ་དམ་བྱེད་མཁན་ཨེ་རས་ཏི་དང་སྤུན་ཟླ་ཁིར་ཐི་གཉིས་ཀྱིས་ཁྱོད་རྣམས་ལ་འཚམས་འདྲི༌ཞུའོ།།

བསྟོད་པ་འབུལ༌བ།

25དེ་ཡང་བདག་གིས་སྒྲོག་པའི་འཕྲིན་བཟང་དང་ཡེ་ཤུ་མཱ་ཤི་ཀ་སྒྲོག་པ་བཞིན་དང་། གནའ་ནས་གབ་པའི་གསང་བ་དེ་ཉིད་བསྟན་པ་བཞིན། དཀོན་མཆོག་ཁོང་ཉིད་ཀྱིས་ཁྱོད་ཅག་གི་སེམས་ཀྱང་བརྟན་པོར་མཛད་ནུས༌པ་དང་། 26གསང་བ་དེ་ནི་ད་ལྟ་མངོན་པར་གྱུར་པ༌དང༌། ཐོག་མཐའ་མེད་པའི་དཀོན་མཆོག་གི་བཀའ་བཞིན་དང་ལུང་སྟོན་པ་དག་གི་མདོ་རྣམས་བརྒྱུད་ནས་མི་རིགས་ཀུན་ལ་བསྟན༌ཞིང༌། དེ་ནི་མི་རིགས་དེ་རྣམས་ཀྱིས་དད་པའི་ཁས་ལེན་བྱེད་དགོས་པའི་ཕྱིར༌རོ།། 27ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ཀུན་མཁྱེན་དཀོན་མཆོག་ཁོ་ན་ལ་ཇི་སྲིད་བར་དུ་བསྟོད་བསྔགས་བརྗོད་པར༌སྨོན། ཨ༌མེན།།༎

༡ ཀོ་རིན་ཐུ་པ 1

འཕྲིན་ཡིག་བསྐུར༌ཡུལ།

1དེ་ཡང་ཕོལ་ལོལ་ང་རང་ནི་དཀོན་མཆོག་གི་ཐུགས་དགོངས་བཞིན་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་པར་ཞལ་འབོད་གནང་བ་ཞིག༌ཡིན། ང་རང་དང་བདག་ཅག་གི་སྤུན་ཟླ་སའོ་ཐེ་ནེ་གཉིས༌ཀྱིས། 2ཀོ་རིན་ཐུ་རུ་གནས་པའི་དཀོན་མཆོག་གི་ཆོས་ཚོགས༌ཏེ། མཱ་ཤི་ཀ་ཡེ་ཤུའི་ནང་དུ་དམ་པར་གྱུར་ཅིང་དད་ལྡན་དམ་པར་ཞལ་འབོད་གནང་བའི་མི་རྣམས༌དང༌། ཡུལ་སོ་སོ་ནས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ནས་འབོད་མཁན་ཐམས་ཅད་ལ་འཕྲིན་ཡིག་འདི་སྤྲིངས༌པ་ཡིན། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནི་ཁོ་རྣམས་ཀྱི་གཙོ་བོ་ཡིན༌ལ། ངེད་གཉིས་ཀྱི་གཙོ་བོའང་ཡིན༌ནོ།། 3བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།

དཀོན་མཆོག་གི་ཐུགས་རྗེ་དྲན༌པ།

4ཁྱོད་ཅག་གི་ཆེད་དུ་ངས་རང་གི་དཀོན་མཆོག་ལ་བཀའ་དྲིན༌ཞུ་བ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཁྱོད་རྣམས་ལ་ཐུགས་རྗེ་གནང་བ༌དང༌། 5ཡང་ཁོང་གི་ནང་དུ་རྣམ་པ་ཀུན་ཏུ་ཁྱོད་རྣམས་ལ་སྨྲ་བར་མཁས༌ཤིང་ཡོན་ཏན་ཕུན་སུམ་ཚོགས་པའི་འབྱོར་བ་བཅས་གནང་བའི་ཕྱིར༌རོ།། 6དེ་ནི་ངེད་ཅག་གིས་སྐྱབས་མགོན་མཱ་ཤི་ཀའི་སྐོར་བདེན་དཔང་བྱས་པ༌ནི་ཁྱོད་རྣམས་ཀྱི་སེམས་ནང་དུ་བརྟན་པོར་གྱུར༌པ་བཞིན་ནོ།། 7དེའི༌ཕྱིར། ཁྱོད་རྣམས་ཀྱིས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཕྱིར་མངོན་པར་རེ་བ་ཆེན་པོས་སྒུག་བཞིན་པའི་དུས་སུ། ཁྱོད་རྣམས་ལ་གནང་སྦྱིན་གྱི་ཆ་ནས་མི་འདང་བ་མེད། 8ཁོང་གིས་ཀྱང་དུས་ཀྱི་མཐའ་མའི་བར་དུ་ཁྱོད་རྣམས་བརྟན་པོར་མཛད༌པས། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཕེབས་ཡོང་བའི་ཉིན༌མོར། ཁྱོད་རྣམས་ལ་སྐྱོན་ཅི་ཡང་མེད་དོ།། 9དཀོན་མཆོག་ནི་ཡིད་རྟོན་རུང་བ་ཡིན༌ཞིང་། ཁོང་གིས་ཁྱོད་རྣམས་ནི་རང་ཉིད་ཀྱི་སྲས་ཏེ་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་དང་འབྲེལ་བར་ཞལ་འབོད་གནང༌ངོ༌།།

ཆོས་ཚོགས་ཀྱི་རྩོད༌གཞི།

10སྤུན་ཟླ༌རྣམས། བདག་གིས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་བརྟེན་ནས་ཁྱོད་རྣམས་ལ་གདམས་པར་བྱ༌སྟེ། ཁྱོད་རྣམས་ཀྱིས་གཏམ་མཐུན་པར་སྨྲ་ཞིང་དབྱེན་མི་བྱེད་པར་བློ་སེམས་མཐུན་ཞིང་ཕན་ཚུན་འགྲིག་དགོས་སོ།། 11ཅིའི་ཕྱིར་ཞེ་ན། ཀི་ལོར་ཚང་གི་མི་རྣམས་ཀྱིས་ངའི་སྤུན་ཟླ་རྣམས་གླེང་སྟེ། ཁྱོད་ཅག་གི་ཁྲོད་དུ་རྩོད་གླེང་བྱུང་ཡོད་ཅེས་བདག་ལ་སྨྲས་མྱོང༌བའི་ཕྱིར་རོ།། 12བདག་གི་བརྗོད་དོན་ནི་འདི་ལྟ་སྟེ། ཁྱོད་རྣམས་ལས་ཁ་ཅིག༌གིས། ང་ནི་སྐུ་ཚབ་པ་ཕོལ་ལོལ་གྱི་ཡིན་ཞེས༌དང༌། ཡང་ཁ་ཅིག༌གིས། ང་ནི་སློབ་དཔོན་ཨ་པོལ་ལོའི་ཡིན་ཞེས༌དང༌། ཡང་ཁ་ཅིག༌གིས། ང་ནི་སྐུ་ཚབ་པ་ཀེ་ཕཱའི་ཡིན་ཞེས༌དང༌། ཡང་ཁ་ཅིག༌གིས། ང་ནི་སྐྱབས་མགོན་མཱ་ཤི་ཀའི་ཡིན་ཞེས་ཟེར། 13སྐྱབས་མགོན་མཱ་ཤི་ཀ་ནི་སོ་སོར་གྱེས་པ་ཡིན༌ནམ། ཕོལ་ལོལ་ཁྱོད་རྣམས་ཀྱི་དོན་དུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས༌སམ། ཁྱོད་རྣམས་ཀྱང་ཕོལ་ལོལ་གྱི་མིང་ལ་བརྟེན་ནས་ཁྲུས་གསོལ་ཐོབ་པ་ཡིན་ནམ་ཞེ༌ན། གཏན་ནས་མ་ཡིན་ནོ།། 14བདག་གིས་སྔོན་ཆད་ཀཱ་རིས་པི་དང་ཀེ་ཡུ་གཉིས་མ༌གཏོགས། ཁྱོད་རྣམས་ལས་མི་གཅིག་ལའང་ཁྲུས་གསོལ་བྱས་མ་མྱོང༌བས། བདག་གིས་དཀོན་མཆོག་ལ་བཀའ་དྲིན་ཞུ༌སྟེ། 15མི་གཞན་རྣམས་ན༌རེ། ཁྱོད་ཅག་ནི་བདག་གི་མིང་ལ་བརྟེན་ནས་ཁྲུས་གསོལ་བྱས་པ་ཡིན་ཞེས་མི་སྨྲ་བའི་ཕྱིར༌རོ།། 16འོ། ངས་སི་ཕ་ནཱའི་ཁྱིམ་མི་རྣམས་ལའང་ཁྲུས་གསོལ་བྱས་མྱོང་བ༌ལས། མི་གཞན་དག་ལ་ཁྲུས་གསོལ་བྱས་མྱོང་མིན་ཡིད་ལ་མི་དྲན་ནོ།། 17དོན་དམ་དུ་སྐྱབས་མགོན་མཱ་ཤི་ཀས་ང་རང་ནི་ཁྲུས་གསོལ་བྱེད་དུ་མངགས་པ་མ་ཡིན༌པར། འཕྲིན་བཟང་སྒྲོག་པར་མངགས་པ་ཡིན༌ཏེ། སྐྱབས་མགོན་མཱ་ཤི་ཀ་ཁོང་ཉིད་ཤིང་རྒྱ་གྲམ་གྱི་སྟེང་དུ་སྐུ་གྲོངས་པའི་དོན་དེ་སྟོང་བར་མི་འགྱུར་བའི༌ཆེད་དུ་སྤྱང་གྲུང་ལ་བརྟེན་ནས་གཏམ་མི་སྨྲའོ།།

དཀོན་མཆོག་གི་ཤེས་རབ་དང་མཐུ༌སྟོབས།

18ཅིའི་ཕྱིར་ཞེ་ན། ཤིང་རྒྱ་གྲམ་གྱི་དོན་དེ་ནི་འཇིག་པར་འགྱུར་བཞིན་པའི་མི་རྣམས་ཀྱིས་བླུན་པོའི་རྫུན་གཏམ་དུ་བརྩི༌ཞིང༌། བདག་ཅག་ཐར་པ་འཐོབ་བཞིན་པ་རྣམས་ལ་མཚོན༌ན། དོན་དེ་ནི་དཀོན་མཆོག་གི་མཐུ་སྟོབས་ཆེན་པོ་ཡིན་པའི་ཕྱིར༌རོ།། 19དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ང་ཡིས་ཤེས་རབ་ཅན་གྱི་ཤེས་རབ༌མེད་པར་བྱ།།

ང་ཡིས་རིག་པ་ཅན་གྱི་རིག་པ་འདོར་བར༌བྱ།།

ཞེས་བཀོད་པའོ།། 20མི་ཤེས་རབ་ཅན་ནི་གང་དུ་མཆིས༌སམ། མཁན་པོ་ནི་གང་དུ་ཡོད༌དམ། འཇིག་རྟེན་འདིའི་རྩོད་པར་མཁས་པ་ནི་གང་དུ་འདུག༌གམ། དཀོན་མཆོག་གིས་འཇིག་རྟེན་འདིའི་ཤེས་རབ་ནི་རྨོངས་པར་མཛད་པ་མ་ཡིན༌ནམ། 21འཇིག་རྟེན་གྱི་མི་རྣམས་ཀྱིས་རང་གི་ཤེས་རབ་ལ་བརྟེན་ནས་དཀོན་མཆོག་ངོ་མི་ཤེས༌པས། དཀོན་མཆོག་གིས་བླུན་པོའི་ཆོས་ཞེས་ཟེར་བ་དེ་བསྒྲགས་པ་ལ་བརྟེན༌ནས། ཁོང་ལ་དད་པ་བྱེད་མཁན་རྣམས་ལ་ཐར་པ་ཐོབ་པར་བྱེད་ཅིང་ཐུགས་དགྱེས༌ལ། དེ་ནི་དཀོན་མཆོག་གི་མཁྱེན་རབ་ལགས་སོ།། 22ཡ་ཧུ་དཱ་པ་རྣམས་ཀྱིས་ངོ་མཚར་བའི་དོན་ལ་རེ་བ་བྱེད༌ཅིང༌། གྷི་རིག་པ་རྣམས་ཀྱིས་ཤེས་རབ་འཚོལ་འདོད༌མོད། 23འོན་ཀྱང་ངེད་ཅག་གིས་སྐྱབས་མགོན་མཱ་ཤི་ཀ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པའི་ཆོས་དེ་སྒྲོག༌པ་ཡིན། དོན་དེ་ནི་ཡ་ཧུ་དཱ་པ་རྣམས་ལ་མཚོན་ན་བཀག་རྡོ༌དང༌། ཕྱི་ཕྱོགས་པ་རྣམས་ལ་མཚོན་ན་གླེན་རྟགས་ཡིན་པར་སྙམ་མོ།། 24འོན་ཀྱང་ཡ་ཧུ་དཱ་པ་དང་གྷི་རིག་པའི་མི་སུ་ཞིག་ཡིན༌ཡང༌། ཞལ་འབོད་གནང་བ་རྣམས་ལ་མཚོན༌ན། སྐྱབས་མགོན་མཱ་ཤི་ཀ་ནི་དཀོན་མཆོག་གི་མཐུ་སྟོབས་དང་མཁྱེན་རབ་ལགས་སོ།། 25ཅིའི་ཕྱིར་ཞེ་ན། དཀོན་མཆོག་གི་གླེན་རྟགས་ཟེར་བ་དེ་ནི་མིའི་ཤེས་རབ་ལས་མཆོག་ཏུ་གྱུར་པ་དང༌། དཀོན་མཆོག་གི་ཉམ་ཐག་ཟེར་བ་དེ་ནི་མི་ལས་ཀྱང་སྟོབས་ཤུགས་ཆེ་བའི་ཕྱིར༌རོ།། 26སྤུན་ཟླ༌རྣམས། ཁྱོད་རྣམས་ལ་ཞལ་འབོད་གནང་བའི་དོན་ལ་སོམས་དང་། མིའི་ལྟ་ཚུལ་ལྟར༌ན། ཤེས་རབ་ཅན༌དང༌། ནུས་མཐུ༌ཅན། གོ་ས་ཅན་མང་པོ་མེད་པའང་ཤེས་ཐུབ་བོ།། 27འོན༌ཀྱང༌། དཀོན་མཆོག་གིས་ཤེས་རབ་ཅན་རྣམས་ལ་ངོ་གནོང་བར་མཛད་པའི༌ཕྱིར། འཇིག་རྟེན་གྱི་བླུན་པོ་ཡིན་པ་རྣམས་བདམས་པ༌དང༌། ཡང་སྟོབས་ལྡན་རྣམས་ལ་ངོ་གནོང་བར་མཛད་པའི༌ཕྱིར། འཇིག་རྟེན་གྱི་ཉམ་ཐག་ཡིན་པ་རྣམས་བདམས་པ༌དང༌། 28ཡང་ཡོད་པ་རྣམས་ལ་མེད་པར་མཛད་པའི༌ཕྱིར། འཇིག་རྟེན་གྱི་མི་ཐ་མལ་པ༌དང༌། ཉམ་ཆུང༌པ། དམན་པ་རྣམས་ཀྱང་བདམས༌ཏེ། 29ཤ་ཁྲག་གདོས་བཅས་སུ་གྲུབ་པ་སུ་ཞིག་གིས་ཀྱང་དཀོན་མཆོག་གི་དྲུང་ནས་རང་རློམ་བྱེད་མི་ཐུབ་པའི་ཕྱིར༌རོ།། 30འོན༌ཀྱང༌། དཀོན་མཆོག་གི་རྐྱེན་གྱིས་ཁྱོད་རྣམས་ནི་མཱ་ཤི་ཀ་ཡེ་ཤུའི་ནང་དུ་གནས༌པ་ཡིན་ནོ།། ཡང་ཡེ་ཤུ་མཱ་ཤི་ཀ་ནི་བདག་ཅག་གི་ཤེས་རབ༌དང༌། རྣམ་པར་དག་པ། དམ༌པ། ཐར་ལམ་བཅས་སུ་གྱུར་པ་ལགས་སོ།། 31དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བསྔགས་བརྗོད་བྱེད་མཁན་སུས་ཀྱང་གཙོ་བོ་ལ་བསྔགས་པར་གྱིས་ཞེས་བཀོད་པ་བཞིན་ནོ།།

༡ ཀོ་རིན་ཐུ་པ 2

ཕོལ་ལོལ་གྱིས་ཆོས་བསྒྲགས༌ཚུལ།

1སྤུན་ཟླ༌རྣམས། སྔོན་ཆད་ང་རང་ཁྱོད་ཅག་གི་གམ་དུ་ཡོང་བའི་དུས༌སུ། ཁྱོད་ཅག་ལ་དཀོན་མཆོག་གི་གསང་བ་ནི་མཁས་པའི་གཏམ་དང་ཤེས་རབ་ཀྱི་སྒོ་ནས་བསྒྲགས་པ་མིན་ནོ།། 2ཅིའི་ཕྱིར་ཞེ་ན། ངས་སྔར་ནས་ཡེ་ཤུ་མཱ་ཤི་ཀ་དང་ཁོང་ཉིད་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པའི་དོན་དེ་ཤེས་པ་ལས༌གཞན། ཁྱོད་རྣམས་ཀྱི་ཁྲོད་དུ་ཅི་ཡང་མི་ཤེས་ཞེས་སེམས་ཐག་བཅད་པའི་ཕྱིར༌རོ།། 3བདག་ནི་ཁྱོད་ཅག་དང་མཉམ་དུ་ཡོད་པའི་དུས༌སུ། ཉམ་ཐག་པ༌དང༌། འཇིགས་ཤིང་སྐྲག༌པ། འདར་འདར་ཞུམ་ཞུམ་གྱི་ངང་ནས་བསྡད་པ༌དང༌། 4བདག་གིས་གཏམ་སྨྲས་པ་དང་ཆོས་བསྒྲགས་པ་ནི་ཤེས་རབ་དང་གནས་ལུགས་ལ་བརྟེན་པ་མ་ཡིན༌པར། དམ་པའི་ཐུགས་ཉིད་དང་མཐུ་སྟོབས་ཆེན་པོའི་བདེན་དཔང་ཡིན༌ལ། 5དེ་ནི་ཁྱོད་ཅག་གི་དད་པ་ནི་མིའི་ཤེས་རབ་ལ་རག་མི་ལས༌པར། དཀོན་མཆོག་གི་མཐུ་སྟོབས་ཆེན་པོར་རག་ལས་པའི་ཕྱིར༌རོ།།

དམ་པའི་ཐུགས་ཉིད་ནས་བྱུང་བའི་ཤེས་རབ༌སྐོར།

6དེ་ལྟར་སྨྲས༌ནའང༌། ངེད་ཅག་གིས་དད་པ་བརྟན་པོ་རྣམས་ཀྱི་ཁྲོད་ནས་ཤེས་རབ་སྐོར༌སྨྲ་བ་ཡིན་མོད། འོན་ཀྱང་དེ་ནི་འཇིག་རྟེན་འདིའི་ཤེས་རབ་མ་ཡིན༌ལ། འཇིག་རྟེན་འདིའི་དབང་དང་གོ་གནས་ཡོད་ཀྱང་ཕྱིས་སུ་ཕམ་ཞིང་འཇིག་པར་འགྱུར་བ་རྣམས་ཀྱི་ཤེས་རབ་ཀྱང་མིན༌ཏེ། 7ངེད་ཅག་གིས་སྨྲ་བའི་ཤེས་རབ་ནི་ཐོག་མ་ཉིད་ཀྱི་སྔ་རོལ་ནས་དཀོན་མཆོག་གིས་ཐག་གིས་བཅད་ཅིང་། བདག་ཅག་ལ་གཟི་བརྗིད་འཐོབ་པའི༌ཕྱིར། ཁོང་གིས་གསང་བར་མཛད་པའི་ཤེས་རབ་དེ་ཉིད་ཡིན་ནོ།། 8འཇིག་རྟེན་འདིའི་དབང་དང་གོ་གནས་ཡོད་པ་རྣམས་ལས་ཤེས་རབ་དེ་ཉིད་རྟོགས་མཁན་གཅིག་ཀྱང་མ་མཆིས། གལ༌ཏེ། དེ་རྣམས་ཀྱིས་རྟོགས་པ་ཡིན༌ན། གཟི་བརྗིད་ལྡན་པའི་གཙོ་བོ་ནི་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་མེད་དོ།། 9དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། དཀོན་མཆོག་གིས་ནི་རང་ཉིད༌ལ།། གཅེས་མཁན་དག་ལ་སྟ་གོན༌མཛད།། དེ་ནི་མིག་གིས་མ་མཐོང་ཞིང་།། རྣ་བས་ཐོས་པར་མ་གྱུར་ལ།། སེམས་སུ་དྲན་ཡང་མ་མྱོང་ངོ་།། ཞེས་བཀོད་པ་བཞིན་ནོ།། 10འོན༌ཀྱང༌། དོན་དེ་རྣམས་ནི་དཀོན་མཆོག་གིས་དམ་པའི་ཐུགས་ཉིད་ཀྱི་ངང་ནས་བདག་ཅག་ལ་གསལ་པོར་མངོན་པར་མཛད༌པ་ཡིན། ཅིའི་ཕྱིར་ཞེ་ན། དམ་པའི་ཐུགས་ཉིད་ཀྱིས་དོན་ཀུན་མཁྱེན༌ཅིང༌། དཔོག་པར་དཀའ་བའི་དཀོན་མཆོག་གི་གསང་བའི་དོན་རྣམས་ཀྱང་མཁྱེན་པའི་ཕྱིར༌རོ།། 11མིའི་སེམས་ནང་གི་སེམས་ཉིད་ལས༌གཞན། སུ་ཞིག་གིས་མི་དེའི་བསམ་པ་ཤེས༌སམ། དེ་བཞིན་དུ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལས༌གཞན། སུ་ཞིག་གིས་ཀྱང་དཀོན་མཆོག་གི་ཐུགས་དགོངས་མི་རྟོགས་སོ།། 12བདག་ཅག་ལ་ཐོབ་པ་ནི་འཇིག་རྟེན་གྱི་སེམས་ཉིད་མ་ཡིན༌པར། དཀོན་མཆོག་ནས་བྱུང་བའི་ཐུགས་ཉིད་ཡིན༌ཏེ། དཀོན་མཆོག་གིས་བདག་ཅག་ལ་གནང་བའི་གནང་སྦྱིན་དེ་དག་བདག་ཅག་གིས་རྟོགས་ཐུབ་པའི་ཕྱིར་ཡིན༌ལ། 13ངེད་ཅག་གིས་དོན་དེ་རྣམས་སྨྲ་བ་ཡིན་ཞིང་། དེ་ནི་མིའི་ཤེས་རབ་ཀྱིས་བསྟན་པའི་ཚིག་བཞིན་མ་ཡིན༌པར། དམ་པའི་ཐུགས་ཉིད་ཀྱིས་བསྟན་པ༌བཞིན། དམ་པའི་ཐུགས་ཉིད་དང་ལྡན་པའི་མི་རྣམས་ལ་དམ་པའི་ཐུགས་ཉིད་ཀྱི་དོན་འགྲེལ་བ་ཡིན་ནོ།། 14འོན་ཀྱང་ཤ་ཁྲག་གི་ཕུང་བོར་གཏོགས་པའི་མི་རྣམས་ཀྱིས་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱི་དོན་རྣམས་ཁས་མི་ལེན་ཞིང་། དེ་ནི་རྨོངས་པར་འདོད་པ་ལས་ཅི་ཡང་ཤེས་མི་ནུས་སོ།། ཅིའི་ཕྱིར་ཞེ་ན། དོན་དེ་དག་ནི་དམ་པའི་ཐུགས་ཉིད་ཁོ་ནར་བརྟེན་ནས་རྟོགས་ཐུབ་པའི་ཕྱིར་རོ།། 15འོན༌ཀྱང༌། དམ་པའི་ཐུགས་ཉིད་ལྡན་པའི་མི་རྣམས་ཀྱིས་དོན་ཀུན་གསལ་པོར་རྟོགས་ཐུབ༌ནའང༌། གཞན་སུས་ཀྱང་མི་དེ་ནི་གསལ་པོར་རྟོགས་མི་ནུས་ལ། 16དེ་ལ་ཇི་སྐད༌དུ། གཙོ་བོའི་ཐུགས་ནི་སུ་ཡིས༌རྟོགས། ཁོང་ལ་བསླབ་བྱ་སུ་ཡིས༌སྟོན་ཞེས་གསུངས་པ་ལྟར༌ཡིན། འོན༌ཀྱང༌། བདག་ཅག་ནི་སྐྱབས་མགོན་མཱ་ཤི་ཀའི་ཐུགས་དང་ལྡན་པར་གྱུར༌པའོ།།

༡ ཀོ་རིན་ཐུ་པ 3

ཆོས་ཚོགས་ནང་གི་རྩོད་གཞི༌སྐོར།

1སྤུན་ཟླ༌རྣམས། ངས་སྔོན་ཆད་ཁྱོད་རྣམས་དམ་པའི་ཐུགས་ཉིད་ལྡན་པའི་མི་རྣམས་དང་འདྲ་བར་སྨྲ་མ་ནུས་ལ། ཁྱོད་ཅག་ནི་ཤ་གཟུགས་ཀྱི་ཕུང་བོར་གཏོགས་ཤིང༌། སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ཕྲུ་གུ་དང་འདྲ་བར་སྨྲས་སོ།། 2བདག་གིས་ཁྱོད་རྣམས་འོ་མས་གསོས་པ་ལས་བཟའ་བཏུང་གིས་གསོས་པ་མ་ཡིན། དེའི་དུས་སུ་ཁྱོད་རྣམས་ཀྱིས་ཟས་ཟ་བར་མ་ནུས༌ལ། ད་ལྟའང་སྔར་བཞིན་ཟ་བར་མི་ནུས་སོ།། 3ཁྱོད་ཅག་ནི་ད་དུང་ཤ་གཟུགས་ཀྱི་ཕུང་བོར་གཏོགས་ཏེ། ཁྱོད་ཅག་གི་ཁྲོད་དུ་ཕྲག་དོག་དང་རྩོད་གླེང་ཡོད༌པས། དེ་ནི་ཤ་གཟུགས་ཀྱི་ཕུང་བོ་དང་མཚུངས་ཤིང་། འཇིག་རྟེན་གྱི་མིའི་སྤྱོད་ཚུལ་བཞིན་དུ་བྱེད་པ་མ་ཡིན༌ནམ། 4མི་ལ་ལ་ན༌རེ། ང་ནི་ཕོལ་ལོལ་གྱི་ཡིན་ཞེས༌དང༌། ཡང་མི་ལ་ལ་ན༌རེ། ང་ནི་ཨ་པོལ་ལོའི་ཡིན་ཞེས་ཟེར༌ན། ཁྱོད་རྣམས་ནི་འཇིག་རྟེན་གྱི་མི་དང་མཚུངས་པ་མ་ཡིན༌ནམ། 5ཨ་པོལ་ལོ་དང་ཕོལ་ལོལ་གཉིས་ནི་མི་ག་འདྲ་ཞིག་ཡིན་ཞེ༌ན། དེ་ནི་གཙོ་བོས་ངེད་ཅག་མི་རེ་རེར་ལས་འགན་གནང་བ༌བཞིན། ཁྱོད་རྣམས་དད་པའི་ལམ་དུ་ཁྲིད་པའི་ཞབས་ཕྱི་པ་ཡིན། 6བདག་གིས་ས་བོན་བཏབ་ཅིང་ཨ་པོལ་ལོ་ཡིས་ཆུ་བཏང༌ནའང༌། ས་བོན་སྐྱེ་རུ་འཇུག་མཁན་ནི་དཀོན་མཆོག་ཡིན་ནོ།། 7དེའི༌ཕྱིར། ས་བོན་འདེབས་མཁན་ནམ་ཆུ་གཏོང་མཁན་ནི་ཅི་ཡང་མིན༌ཏེ། ས་བོན་སྐྱེ་རུ་འཇུག་མཁན་དཀོན་མཆོག་ནི་གལ་ཆེའོ།། 8ས་བོན་འདེབས་མཁན་དང་ཆུ་གཏོང་མཁན་གཉིས་ནི་གཅིག་མཚུངས་ཡིན༌ཡང༌། ཕྱིས་སུ་རང་རང་གི་རྩོལ་བ་བཞིན་དུ་བྱ་དགའ་འཐོབ་པར་འགྱུར་རོ།། 9ཅིའི་ཕྱིར་ཞེ་ན། ངེད་ཅག་ནི་དཀོན་མཆོག་གི་ལས་གྲོགས་ཡིན༌ལ། ཁྱོད་རྣམས་ནི་དཀོན་མཆོག་གིས་རྨོས་པའི་ས་ཞིང༌དང༌། ཁོང་གིས་བཀོད་པ་དེ་ཡིན་པའི་ཕྱིར༌རོ།། 10དཀོན་མཆོག་གིས་བདག་ལ་གནང་བའི་ཐུགས་རྗེ་བཞིན༌དུ། བདག་གིས་སྤྱང་གྲུང་ལྡན་པའི་བཟོ་དཔོན་ཞིག་དང་འདྲ་བར་རྨང་གཞི་བཙུགས་པ༌དང༌། རྨང་གཞི་དེའི་སྟེང་ནས་མི་གཞན་ཞིག་གིས་བཟོ༌བཞིན་ཡོད། འོན༌ཀྱང༌། མི་སོ་སོས་རྨང་གཞིའི་སྟེང་ནས་ཅི་ལྟར་བཟོ་བར་གཟབ་དགོས་སོ།། 11ཅིའི་ཕྱིར་ཞེ་ན། རྨང་གཞི་བཏིངས་ཟིན་པ་དེ་ནི་ཡེ་ཤུ་མཱ་ཤི་ཀ་འབའ་ཞིག༌ཡིན། ཁོང་ཉིད་ལས་གཞན་མི་སུས་ཀྱང་རྨང་གཞི་གཞན་འཛུགས་མི་ནུས་པའི་ཕྱིར༌རོ།། 12གལ༌ཏེ། སུ་ཞིག་གིས་རྨང་གཞི་དེའི་སྟེང་དུ་གསེར༌རམ། ཡང་ན་དངུལ། རིན་པོ༌ཆེ། ཤིང༌། རྩྭ། སོག་མ་བཅས་ཀྱིས་བཟོས༌ན། 13མི་རྣམས་ཀྱིས་བཟོས་པ་དེ་ནི་ག་འདྲ་ཡིན་པ་གསལ་པོར་མངོན་པར་འགྱུར་ངེས༌ཡིན། རྒྱུ་མཚན་ནི་ཉིན་མོ་དེ་ཡིས་མངོན་པར་མཛད་པ་དང་། མེ་བྱུང་ནས་མི་རེ་རེས་བཟོས་པའི་བཟོ་བཀོད་དེ་ཅི་འདྲ་ཡིན་པར་མེ་ཡིས་ཚོད་བགམ་བྱེད་པར་འགྱུར་བའི་ཕྱིར༌རོ།། 14གལ༌ཏེ། སུ་ཞིག་གིས་རྨང་གཞི་དེའི་སྟེང་དུ་བསྐྲུན་པའི་བཟོ་བཀོད་གནས་པ་ཡིན༌ན། ཁོ་རང་ལ་བྱ་དགའ་འཐོབ་པར་འགྱུར། 15འོན༌ཀྱང༌། སུ་ཞིག་གིས་བསྐྲུན་པའི་བཟོ་བཀོད་དེ་མེར་ཚིག་པ་ཡིན༌ན། གྱོང་གུད་ཐེབས་ཀྱང་ཁོ་རང་ནི་ཐར་བར་འགྱུར། དེ་ནི་མེ་ཕུང་བརྒྱུད་ནས་འགྲོ་བ་ལྟར་ཐར་བར་འགྱུར་རོ།། 16ཁྱོད་རྣམས་ནི་དཀོན་མཆོག་གི་མཆོད་ཁང་ཡིན༌ཞིང༌། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཁྱོད་ཅག་གི་ནང་དུ་བཞུགས་པ་མི་ཤེས༌སམ། 17གལ༌ཏེ། སུ་ཞིག་གིས་མཆོད་ཁང་དེ་བཤིག༌ན། དཀོན་མཆོག་གིས་མི་དེའང་མེད་པར་མཛད་ངེས༌ཡིན། རྒྱུ་མཚན་ནི་དཀོན་མཆོག་གི་མཆོད་ཁང་ནི་དམ་པ་ཡིན༌ལ། མཆོད་ཁང་དེ་ནི་ཁྱོད་རྣམས་ཡིན་པའི་ཕྱིར༌རོ།། 18མི་སུས་ཀྱང་རང་མགོ་རང་གིས་གཡོག་མི་འོས་སོ།། ཁྱོད་རྣམས་ཀྱི་ཁྲོད་ནས་སུ་ཞིག་གིས་འཇིག་རྟེན་འདིར་རང་ཉིད་ནི་མཁས་པ་ཡིན་པར་འདོད་ན། ཤེས་རབ་ལྡན་པར་འགྱུར་བའི༌ཕྱིར། བླུན་པོ་ཞིག་ཏུ་བྱས་ན་ལེགས། 19ཅིའི་ཕྱིར་ཞེ་ན། འཇིག་རྟེན་འདིའི་ཤེས་རབ་ནི་དཀོན་མཆོག་གི་སྤྱན་སྔར་བླུན་རྨོངས་ཡིན༌ཏེ། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། དཀོན་མཆོག་གིས་ནི་ཤེས་རབ་ཅན་དེ་རྣམས།། རང་ཉིད་རང་གི་གཡོ་སྒྱུར་ཚུད་པར༌མཛད།། ཅེས་བཀོད་པའི་ཕྱིར༌རོ།། 20ཡང་ཇི་སྐད༌དུ། ཤེས་རབ་ཅན་གྱི་འདོད་བློ་སྟོང་བ༌དེ།། གཙོ་བོ་ལགས་ཀྱིས་ཇི་བཞིན༌མཁྱེན་པའོ། ། ཞེས་གསུངས༌སོ།། 21དེའི༌ཕྱིར། སུས་ཀྱང་མི་གཞན་ལ་བསྔགས་བརྗོད་བྱ་མི་རུང་སྟེ། དངོས་པོ་མཐའ་དག་ནི་ཁྱོད་ཅག་ལ་གཏོགས་པས་སོ།། 22ཕོལ་ལོལ༌ལམ། ཡང་ན་ཨ་པོལ་ལོ། ཀེ་ཕཱ། འཇིག་རྟེན། གསོན་པ། འཆི༌བ། ད་ལྟའི་དོན། མ་འོངས་པའི་དོན་བཅས་ཐམས་ཅད་ཁྱོད་ཅག་ལ་གཏོགས་ཤིང༌། 23ཁྱོད་ཅག་ནི་སྐྱབས་མགོན་མཱ་ཤི་ཀར་གཏོགས་པ༌དང༌། སྐྱབས་མགོན་མཱ་ཤི་ཀ་ནི་དཀོན་མཆོག་ལ་གཏོགས༌སོ།།

༡ ཀོ་རིན་ཐུ་པ 4

སྐྱབས་མགོན་མཱ་ཤི་ཀའི་སྐུ་ཚབ༌པ།

1མི་སུས་ཀྱང་ངེད་ཅག་ནི་སྐྱབས་མགོན་མཱ་ཤི་ཀའི་ཞབས་ཕྱི་པ་དང་དཀོན་མཆོག་གི་གསང་བའི་དོན་རྣམས་ཀྱི་གཉེར་པར་བརྩི་རུང༌ཞིང༌། 2ལྷག་པར་གཉེར་པ་ནི་བསམ་པ་རྣམ་དག་ཡིན་དགོས་སོ།། 3ཁྱོད་ཅག་གམ་མིའི་ཁྲིམས་ར་གང་ཞིག་གིས་བདག་ལ་ཁ་ཚོན་བཅད༌ཀྱང༌། བདག་གིས་དེ་ནི་དོན་ཆུང་ངུ་ཞིག་ཏུ་རྩི་ཞིང་རང་གིས་ཀྱང་རང་ལ་ཁ་ཚོན་མི་གཅོད་དེ། 4ངས་རང་ཉིད་ལ་ནོར་འཁྲུལ་ཡོད་པ་མ་ཚོར༌ཡང༌། དེའི་རྐྱེན་གྱིས་ང་རང་ནི་སྐྱོན་མེད་པ་ཞིག་མིན༌ཏེ། བདག་ལ་བརྡར་ཤ་གཅོད་པར་མཛད་མཁན་ནི་གཙོ་བོ་ལགས་སོ།། 5དེའི༌ཕྱིར། དུས་མ་རན་པར་མི་སུས་ཀྱང་ཁ་ཚོན་གཅོད་པར་མི༌བྱའོ།། གཙོ་བོ་ཁོང་ཉིད་ཕེབས་ཡོང་བར་སྒུག༌སྟེ། ཁོང་གིས་མུན་པའི་ནང་གི་གསང་བའི་གནས་ཚུལ་ཐམས་ཅད་ཕྱིར་མངོན་པར་མཛད་ཅིང༌། མིའི་སེམས་ནང་གི་དམིགས་ཡུལ་ཡང་ཕྱིར་མངོན་པར་མཛད། དེའི་དུས༌སུ། མི་རེ་རེར་དཀོན་མཆོག་ནས་གཟེངས་བསྟོད་འཐོབ་པར་འགྱུར༌རོ།། 6སྤུན་ཟླ༌རྣམས། ཁྱོད་ཅག་གི་ཕྱིར་དུ། ངས་དོན་དེ་རྣམས་ང་རང་དང་ཨ་པོལ་ལོ་གཉིས་ལ་སྦྱར་བ་ཡིན༌ཏེ། ཁྱོད་རྣམས་ཀྱིས་ངེད་གཉིས་མིག་དཔེར་འཛིན་དགོས༌ཤིང༌། གསུང་རབ་ཀྱི་ནང་དུ་གསུངས་ཡོད་པ་དེ་ལས་བརྒལ་མི་རུང་། དེ་ནི་ཁྱོད་རྣམས་ཀྱིས་ཕན་ཚུན་ལ་ང་རྒྱལ་ཁེངས་དྲེགས་མི་བྱེད་པ༌དང༌། ཕྱོགས་རིས་མི་འཛིན་པའི་ཕྱིར༌རོ།། 7ཁྱོད་རྣམས་མི་གཞན་དང་མི་འདྲ་བར་བྱེད་མཁན་ནི་སུ་ཡིན༌ནམ། ཁྱོད་ཅག་ལ་ཡོད་པ་ཐམས་ཅད་ཐོབ་ནས་ཡོང་བ་མ་ཡིན༌ནམ། ཐོབ་ནས་ཡོང་བ་ཡིན༌ན། ཅིའི་ཕྱིར་ཐོབ་ནས་ཡོང་བ་མ་ཡིན་པ་ལྟར་རང་རློམ་བྱེད་པ་ཡིན༌ནམ། 8ད་ལྟ་ཁྱོད་རྣམས་ཡིད་ཚིམ་པ་དང་ཕུན་སུམ་ཚོགས་པར་གྱུར་ལ། ངེད་ཅག་ལ་མི་བརྟེན་པར་རང་ཉིད་རྒྱལ་པོ་བཞིན་སྡོད་པ་མ་ཡིན༌ནམ། ངེད་ཅག་གིས་ཁྱོད་རྣམས་ནི་དངོས་གནས་རྒྱལ་པོར་བྱེད༌ཅིང༌། ངེད་ཅག་གིས་ཀྱང་ཁྱོད་རྣམས་དང་མཉམ་དུ་རྒྱལ་པོའི་སྲིད་དབང་བཟུང་ན་ཅི་མ་རུང་སྙམ། 9དཀོན་མཆོག་གིས་སྐུ་ཚབ་པ་ངེད་རྣམས་ནི་མི་ཀུན་ལས་ཐ་མ་དང་སྲོག་ཆད་བཅད་པའི་བཙོན་པ་ལྟ་བུར་མཛད་ཅེས་བདག་གིས་བསམས་སོ།། ཅིའི་ཕྱིར་ཞེ་ན། ངེད་ཅག་ནི་འཇིག་རྟེན་གྱི་མི་རྣམས་དང་ཕོ་ཉ་དག་གི་ལྟད་མོར་གྱུར་པས་སོ།། 10སྐྱབས་མགོན་མཱ་ཤི་ཀའི༌ཕྱིར། ངེད་ཅག་ནི་བླུན་པོ་ཡིན་ཡང་ཁྱོད་ཅག་ནི་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ཤེས་རབ་ལྡན༌པ་ཡིན། ངེད་ཅག་ནི་ཉམ་ཐག་ཀྱང་ཁྱོད་ཅག་ནི་སྟོབས་དང་ལྡན་པ་ཡིན། ཁྱོད་ཅག་ལ་གཟི་བརྗིད་ཐོབ་ཀྱང་ངེད་ཅག་ལ་མཐོང་ཆུང་བྱེད་པ་མ་ཡིན༌ནམ། 11ད་ལྟའི་བར༌དུ། ངེད་ཅག་ནི་བཀྲེས་ཤིང་སྐོམ་ལ། གོས་ཧྲལ་ཧྲུལ་གྱོན་པ༌དང༌། གཅར་རྡུང་མྱངས་པ༌དང༌། སྡོད་སའི་ཁང་པ་མེད་པ༌དང༌། 12དཀའ་སྡུག་ཆེན་པོའི་ངང་རང་གི་ལག་པར་བརྟེན་ནས་ལས་ཀ་བྱེད༌པ་དང་། མི་གཞན་གྱིས་སྡིགས་དམོད་བྱེད་དུས་ངེད་ཅག་གིས་བྱིན་རླབས་ཞུ་ཞིང༌། མི་གཞན་གྱིས་གཉའ་གནོན་བྱེད་དུས་ངེད་ཅག་གིས་བཟོད་བསྲན་བྱེད༌པ་ཡིན། 13མི་གཞན་གྱིས་འཕྱ་སྨོད་བྱེད་དུས། ངེད་ཅག་གིས་སེམས་པ་བཟང་པོས་འདུམ་པར་བསྐུལ་བ་ཡིན། ད་ལྟའི་བར༌དུ། ད་དུང་མི་གཞན་དག་གིས་ངེད་ཅག་ནི་འཇིག་རྟེན་གྱི་གད་སྙིགས་དང་དངོས་པོ་ནང་གི་སྙིགས་མར་བརྩིས༌པའོ།། 14བདག་གིས་དོན་འདི་རྣམས་ཡི་གེར་འགོད་པའི་དམིགས་ཡུལ་ནི་ཁྱོད་རྣམས་ལ་ངོ་གནོང་དུ་འཇུག་པ་མ་ཡིན༌ཏེ། ངས་སྙིང་ནས་གཅེས་པའི་བུ་ཕྲུག་ལ་བསྐུལ་བ༌བཞིན། ཁྱོད་ཅག་ལ་ཉེན་བརྡ་གཏོང་བའི་ཕྱིར་ཡིན། 15བདག་ནི་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཁོང་གི་འཕྲིན་བཟང་བརྒྱུད་ནས་ཁྱོད་ཅག་གི་ཕ་རུ་གྱུར་པས། ཁྱོད་རྣམས་ལ་སྐྱབས་མགོན་མཱ་ཤི་ཀའི་ཆོས་གཞུང་གི་ཟུར་ཁྲིད་སློབ་དཔོན་ཆིག་ཁྲི་ཙམ་ཡོད་ཀྱང་ཕ་ལ་རུང་བ་ནི་མང་པོ་མེད༌དོ།། 16དེ་བས་ཁྱོད་རྣམས་ཀྱིས་ང་རང་མིག་དཔེར་འཛིན་པར་བདག་གིས་བསྐུལ༌བ་ཡིན། 17དེའི་རྐྱེན༌གྱིས། ངས་ཐི་མོ་ཐེ་ཁྱོད་ཅག་གི་གམ་དུ་མངགས༌ཤིང༌། ཁོ་རང་ནི་གཙོ་བོའི་ནང་དུ་བདག་གིས་སྙིང་ནས་གཅེས་ཤིང་བློ་སེམས་དཀར་བའི་བུ་ཕྲུག་ཞིག་ཀྱང་ཡིན། བདག་གིས་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ཅི་ལྟར་སྤྱད་པ་སྤྱོད་པ༌དང༌། ཡུལ་ཀུན་དང་ཆོས་ཚོགས་སོ་སོ་ནས་ཅི་ལྟར་སློབ་སྟོན་བྱས་པའི་ཚུལ༌ནི། ཁོས་ཁྱོད་རྣམས་ལ་དྲན་སྐུལ་བྱེད་པར་འགྱུར༌རོ།། 18ཁྱོད་རྣམས་ལས་འགའ་ཞིག་གིས་རང་རློམ་བྱེད༌ཅིང༌། བདག་ནི་ཁྱོད་ཅག་གི་གམ་དུ་མི་ཡོང་བར་བསམས༌མོད། 19འོན་ཀྱང་གཙོ་བོའི་ཐུགས་དགོངས་བཞིན་ཡིན༌ན། ང་རང་མྱུར་བ་མྱུར་དུ་ཁྱོད་ཅག་གི་གམ་དུ་ཡོང་ངེས་པར་མ༌ཟད། བདག་གིས་ཤེས་འདོད་པ་ནི་རང་རློམ་བྱེད་མཁན་རྣམས་ཀྱི་ངག་ཚིག་མ་ཡིན་པར། ཁོ་རྣམས་ཀྱི་དབང་ཤུགས་ནི་ཅི་ལྟ་བུ་ཡིན་པ་དེའོ།། 20ཅིའི་ཕྱིར་ཞེ་ན། དཀོན་མཆོག་གི་རྒྱལ་སྲིད་ནི་སྨྲ་བརྗོད་ལ་རག་ལས་པ་མ་ཡིན་པར་མཐུ་སྟོབས་ལ་རག་ལས་པའི་ཕྱིར༌རོ།། 21ཁྱོད་ཅག་གིས་ཅི་ཞིག་བྱེད་འདོད༌དམ། བདག་གིས་དབྱུག་པ་བཟུང་ནས་ཁྱོད་ཅག་གི་གམ་དུ་ཡོང་འདོད༌དམ། ཡང་ན་བྱམས་བརྩེ་དང་ཞི་འཇམ་གྱི་བསམ་པ་བཅངས་ནས་ཁྱོད་རྣམས་ཀྱི་གམ་དུ་ཡོང་འདོད༌དམ།

༡ ཀོ་རིན་ཐུ་པ 5

ཕོལ་ལོལ་གྱིས་ལོག་གཡེམ་ཅན་གྱི་སྤུན་ཟླ་ཕྱིར་སྐྲོད་པའི༌སྐོར།

1དེ་ཡང་གོ་ཐོས༌ལྟར་ན་ཁྱོད་ཅག་གི་ཁྲོད་དུ་ལོག་གཡེམ་བྱེད་པའི་དོན་བྱུང་ཡོད་ལ། ལོག་གཡེམ་གྱི་སྤྱོད་པ་དེ་ལྟ་བུ་ནི་ཕྱི་ཕྱོགས་པའི་ཁྲོད་དུའང་མེད་དེ། ཁྱོད་ཅག་གི་ཁྲོད་ནས་མི་ཞིག་གིས་རང་གི་མ་གཡར་ལ་ལུས་འབྲེལ་བྱེད་བཞིན་འདུག་པའོ།། 2ཁྱོད་ཅག་གིས་ད་དུང་རང་རློམ་བྱེད་པ་ལས་འགྱོད་གདུང་བྱས་ནས། དེ་ལྟར་བྱེད་མཁན་ནི་ཁྱོད་ཅག་གི་ཁྲོད་ནས་ཕྱིར་སྐྲོད༌དགོས་པ་མ་ཡིན་ནམ། 3བདག་གི་ལུས་པོ་ཁྱོད་ཅག་དང་མཉམ་དུ་མེད༌ནའང༌། བདག་གི་སེམས་ཁྱོད་རྣམས་དང་ལྷན་དུ་ཡོད༌དེ། བདག་ནི་དངོས་སུ་ཁྱོད་ཅག་དང་མཉམ་དུ་ཡོད་པ༌བཞིན། དེ་ལྟར་བྱེད་མཁན་ལ་ཐག་བཅད༌པ་ཡིན། 4ཁྱོད་རྣམས་འཚོགས་པའི་དུས༌སུ། བདག་གི་སེམས་ནི་ཁྱོད་ཅག་དང་མཉམ་དུ་མཆིས༌ཤིང༌། བདག་ཅག་གི་གཙོ་བོ་ཡེ་ཤུའི་མཚན་དང་ཁོང་གི་མཐུ་སྟོབས་ལ་བརྟེན༌ནས། 5མི་དེ་ལྟ་བུ་ནི་བདུད་སཱ་ཏན་ལ་སྤྲད༌དེ། གཙོ་བོའི་ཉིན་མོར་ཁོའི་རྣམ་ཤེས་ལ་ཐར་པ་འཐོབ་པའི་ཕྱིར། ཁོའི་ལུས་ཕུང་ཉམས་དམས་སུ་གཏོང་བར་བྱའོ།། 6ཁྱོད་ཅག་གིས་རང་རློམ་བྱེད་པ་ནི་མི་ལེགས༌ཏེ། སྐྱུར་རྩི་ཉུང་ཙམ་གྱིས་བག་ཕྱེ་ཚང་མ་སྐྱུར་ལང་དུ་འཇུག་པ་དེ་ཁྱོད་ཅག་གིས་མི་ཤེས༌སམ། 7ཁྱོད་ཅག་ནི་སྐྱུར་རྩི་མེད་པའི་བག་ཕྱེ་གསར་པ་ཞིག་ཏུ་འགྱུར་བའི༌ཕྱིར། སྐྱུར་རྩི་རྙིང་བ་དེ་རྩ་བ་ནས་དོར༌ཞིག དོན་དམ་དུ་ཁྱོད་ཅག་ནི་སྐྱུར་རྩི་མེད་པའི་བག་ཕྱེ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། བདག་ཅག་གི་པེ་སག་དུས་ཆེན་གྱི་མཆོད་པའི་ལུ་གུ༌སྟེ། སྐྱབས་མགོན་མཱ་ཤི་ཀ་ནི་མཆོད་པར་ཕུལ་ཟིན་པའི་ཕྱིར༌རོ།། 8དེ་བས་བདག་ཅག་དུས་ཆེན་དེ་ལ་རོལ་བ༌ན། སྐྱུར་རྩི་རྙིང་བ་དང་། ངན་སེམས་དང་གདུག་རྩུབ་ཀྱི་སྐྱུར་རྩི་མི་བཀོལ༌བར། ལྷག་བསམ་དང་བདེན་པ་ཡིན་པའི་སྐྱུར་མེད་བག་ལེབ་བཀོལ་ནས་རོལ་དགོས༌སོ།། 9དེ་སྔོན་བདག་གིས་ཁྱོད་ཅག་ལ་ལོག་གཡེམ་བྱེད་པའི་མི་དང་འགྲོག་པར་མི་བྱའོ་ཞེས་རང་གི་འཕྲིན་ཡིག་ནང་དུ་བྲིས་མྱོང༌ལ། 10གཏམ་དེ་ནི་འཇིག་རྟེན་འདི་ན་ལོག་གཡེམ་བྱེད་པའི་མི༌དང༌། འདོད་རྔམ༌ཅན། མགོ་སྐོར་གཏོང༌མཁན། ཡང་ན་སྐུ་འདྲར་བརྟེན་མཁན་བཅས་ལ་འགྲོག་མི་རུང་ཞེས་པའི་དོན་མིན༌ཏེ། དེ་ལྟར་བྱས༌ན། ཁྱོད་ཅག་ནི་འཇིག་རྟེན་འདི་དང་ཁ་འབྲལ་དགོས་པ་ཡིན་ནོ།། 11འོན༌ཀྱང༌། ད་ལྟ་ངས་ཁྱོད་ཅག་ལ་འཕྲིན་ཡིག་བྲིས༌ཏེ། དད་ལྡན་སྤུན་ཟླའི་མིང་ཐོགས་པ་ཞིག་གིས་ལོག་གཡེམ་བྱེད་པ༌དང༌། འདོད་རྔམ་བཅངས༌པ། ཡང་ན་སྐུ་འདྲར་བརྟེན་པ། ཚིག་ངན་སྨྲ༌བ། ཆང་གིས་ར་རོར་གྱུར༌པ། མགོ་སྐོར་གཏོང་བ་བཅས་བྱེད༌ན། མི་དེ་ལྟ་བུ་དང་འགྲོག་པར་མི་བྱ༌ཞིང༌། མི་དེ་དང་མཉམ་དུ་ཁ་ཟས་ཀྱང་ཟ་མི་འོས་ཞེས་སྨྲས༌པའོ།། 12ཅིའི་ཕྱིར་ཞེ་ན། ཆོས་ཚོགས་ཕྱི་རོལ་གྱི་མི་རྣམས་ལ་ཁྲིམས་ཐག་གཅོད་པ་ནི་བདག་དང་འབྲེལ་བ་མེད༌ལ། ཆོས་ཚོགས་ནང་གི་མི་རྣམས་ལ་ཁྱོད་ཅག་གིས་ཁྲིམས་ཐག་གཅོད་དགོས་པ་མ་ཡིན་ནམ། 13འོན༌ཀྱང༌། དཀོན་མཆོག་གིས་ཆོས་ཚོགས་ཕྱི་རོལ་གྱི་མི་རྣམས་ལ་ཁྲིམས་ཐག་གཅོད་པར་འགྱུར། དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁྱོད་རྣམས་ཀྱིས་སྡིག་ཅན་དེ་ཁྱོད་ཅག་གི་ཁྲོད་ནས་ཕྱིར་སྐྲོད་ཅིག་ཅེས་གསུངས་པ་བཞིན༌ནོ།།

༡ ཀོ་རིན་ཐུ་པ 6

དད་ལྡན་ཕན་ཚུན་ཁྲིམས་རར་གཏུག་མི་རུང་བའི༌སྐོར།

1དེ་ཡང་ཁྱོད་ཅག་གི་ཁྲོད་དུ་ཕན་ཚུན་བར་ལ་རྩོད་གཞི་བྱུང་ན་དད་ལྡན་དམ་པ་རྣམས་ལ་མི་ཞུ༌བར། དྲང་བདེན་མིན་པའི་མི་རྣམས་ཀྱི་མདུན་ནས་ཁྲིམས་རར་གཏུག་ནུས༌སམ། 2མ་འོངས་པའི་དུས༌སུ། དད་ལྡན་དམ་པ་རྣམས་ཀྱིས་འཇིག་རྟེན་ལ་ཁྲིམས་ཐག་གཅོད་པར་འགྱུར་བ་ཁྱོད་ཅག་གིས་མི་ཤེས༌སམ། ཁྱོད་ཅག་གིས་འཇིག་རྟེན་ལ་ཁྲིམས་ཐག་གཅོད་པར་བྱེད༌ན། ཁྱོད་ཅག་གིས་ཀྱང་རྩོད་གཞི་ཆུང་ངུ་ཞིག་ཐག་གཅོད་བྱེད་མི་ཐུབ་བམ། 3མ་འོངས་པའི་དུས༌སུ། བདག་ཅག་གིས་ཕོ་ཉ་དག་ལ་ཁྲིམས་ཐག་གཅོད་པར་འགྱུར་བ་དེ་ཁྱོད་ཅག་གིས་མི་ཤེས༌སམ། དེ་ལྟར་ཡིན༌ན། ད་ལྟའི་དོན་རྣམས་སྨོས་ཅི༌དགོས། 4དེའི༌ཕྱིར། ཁྱོད་ཅག་གིས་ད་ལྟའི་དོན་རྣམས་ལ་ཁྲིམས་ཐག་གཅོད༌ན། ཆོས་ཚོགས་ཀྱིས་མཐོང་ཆུང་བྱེད་པའི་མི་ཞིག་བདམས་ནས་ཁྲིམས་ཐག་གཅོད་པར་མངག༌གམ། 5བདག་གིས་འདི་སྐད་སྨྲས་པ༌ནི། ཁྱོད་རྣམས་ལ་ངོ་གནོང་དུ་འཇུག་པའི་ཕྱིར་ཡིན༌ཏེ། ཁྱོད་ཅག་གི་ཁྲོད་དུ་སྤུན་ཟླའི་བར་གྱི་རྩོད་གཞི་རྣམས་ཐག་གིས་གཅོད་ནུས་པའི་ཤེས་རབ་ཅན་གཅིག་ཀྱང་མེད༌དམ། 6ཁྱོད་རྣམས་ཀྱིས་སྤུན་ཟླ་དང་སྤུན་ཟླའི་བར་དུ་གཏུག་རེས་བྱེད་པར་མ༌ཟད། དད་མེད་རྣམས་ཀྱི་མདུན་ནས་གཏུག་པར་བྱེད༌དོ།། 7ཁྱོད་ཅག་གིས་ཕན་ཚུན་གཏུག་རེས་བྱེད་པ་ནི་རྩ་བ་ནས་ནོར་བ་ཡིན། ཁྱོད་ཅག་གིས་ཅིའི་ཕྱིར་བརྙས་བཅོས་དང་གྱོང་གུད་འཁུར་མི་རུང་ངམ། 8དེ་ལས་ལྡོག་སྟེ། ཁྱོད་ཅག་གིས་མི་གཞན་ལ་བརྙས་བཅོས་བྱེད་པ་དང་གྱོང་གུད་བཟོ་བར་མ་ཟད། དེ་ལྟར་བྱེད་ཡུལ་ནི་རང་གི་སྤུན་ཟླ་རྣམས་ཡིན༌ནོ།། 9དྲང་བདེན་མིན་པའི་མི་རྣམས་ལ་དཀོན་མཆོག་གི་རྒྱལ་སྲིད་འཐོབ་མི་སྲིད་པ་ནི་ཁྱོད་ཅག་གིས་མི་ཤེས༌སམ། རང་གིས་རང་ལ་མགོ་སྐོར་མི་གཏོང་བར༌གྱིས། མི་ཚངས་སྤྱོད་པ༌དང༌། སྐུ་འདྲར་བརྟེན་པ། ལོག་གཡེམ་བྱེད༌པ། སྐྱེས་པ་སྨད་འཚོང་མཁན། ཕོ་ཡིས་ཕོ་ལ་འཁྲིག་པ་སྤྱོད་པ། 10རྐུ་བྱེད༌པ། འདོད་རྔམ་བཅངས༌པ། ཆང་གིས་ར་རོར་གྱུར༌པ། ཚིག་ངན་སྨྲ༌བ། མགོ་སྐོར་གཏོང་མཁན་རྣམས་ལ་དཀོན་མཆོག་གི་རྒྱལ་སྲིད་འཐོབ་པར་མི་འགྱུར་རོ།། 11ཁྱོད་ཅག་གི་ཁྲོད་དུའང་མི་ཁ་ཤས་ནི་སྔོན་ཆད་དེ་ལྟ་བུ་ཡིན༌མོད། འོན་ཀྱང་ད་ལྟ་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་བརྟེན་པ༌དང༌། བདག་ཅག་གི་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་བརྟེན༌ནས། ཁྱོད་ཅག་ནི་གཙང་མར་བཀྲུས་པ༌དང༌། དམ་པར་གྱུར༌པ། མི་རྣམ་དག་ཏུ་གྱུར༌པའོ།།

ལོག་གཡེམ་སྐོར་བཤད༌པ།

12ངས་ལས་ཅི་ཡང་བྱ་རུང་བ་ཡིན་ཟེར་ཡང་། ལས་ཐམས་ཅད་ལ་ཕན་ཐོགས་ཡོད་པ་མ་ཡིན། ངས་ལས་ཅི་ཡང་བྱ་རུང་བ་ཡིན་ཟེར་ཡང་། ལས་གང་ཞིག་ཡིན་ཡང་བདག་ནི་དེའི་དབང་དུ་མི༌འགྲོའོ།། 13ཟས་ནི་ལྟོ་བའི་ཕྱིར་དང་ལྟོ་བ་ནི་ཟས་ཀྱི་ཕྱིར་ཡིན་ཟེར༌ནའང་། དཀོན་མཆོག་གིས་དེ་གཉིས་མེད་པར་མཛད་ངེས་སོ།། འོན༌ཀྱང༌། ལུས་པོ་ནི་ལོག་གཡེམ་བྱེད་པའི་ཕྱིར་མ་ཡིན་པར་གཙོ་བོའི་ཕྱིར་ཡིན༌ལ། གཙོ་བོ་ཁོང་ཉིད་ཀྱང་ལུས་པོའི་ཕྱིར་ཡིན། 14དེར་མ༌ཟད། དཀོན་མཆོག་གིས་གཙོ་བོ་སླར་གསོན་པར་མཛད་པ༌དང༌། བདག་ཅག་ཀྱང་ཁོང་གི་མཐུ་སྟོབས་ཀྱིས་སླར་གསོན་པར་མཛད་ངེས༌ཡིན། 15ཁྱོད་རྣམས་ཀྱིས་རང་གི་ལུས་པོ་ནི་སྐྱབས་མགོན་མཱ་ཤི་ཀའི་ཡན་ལག་ཡིན་པ་མི་ཤེས༌སམ། བདག་གིས་སྐྱབས་མགོན་མཱ་ཤི་ཀའི་ཡན་ལག་དེ་ནི་སྨད་འཚོང་མའི་ཡན་ལག་ཏུ་བྱེད་རུང་ངམ་ཞེ༌ན། གཏན་ནས་མི་རུང༌ངོ་།། 16དེ་ཡང་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁོ་གཉིས་ཀྱི་ལུས་པོ་གཅིག་ཏུ་འགྱུར་བ་ཡིན་ཞེས་གསུངས་ཡོད༌པས། མི་ཞིག་སྨད་འཚོང་མ་དང་འགྲོགས༌ན། དེ་གཉིས་ཀྱི་ལུས་པོ་གཅིག་ཏུ་འགྱུར་བའང་ཁྱོད་ཅག་གིས་མི་ཤེས༌སམ། 17འོན༌ཀྱང༌། མི་ཞིག་གིས་གཙོ་བོ་ལ་འབྲེལ་བ་བཙུགས༌ན། མི་དེ་ནི་ཁོང་གི་ཐུགས་ཉིད་དང་གཅིག་ཏུ་གྱུར༌པའོ།། 18དེའི༌ཕྱིར། ཁྱོད་རྣམས་ཀྱིས་ལོག་གཡེམ་རྩ་བ་ནས་སྤོངས༌ཤིག མི་རྣམས་ཀྱིས་ནག་ཉེས་གང་ཞིག་བྱེད་ཀྱང་དེ་དག་ཐམས་ཅད་ནི་ལུས་པོའི་ཕྱི་རོལ་ཡིན༌མོད། འོན་ཀྱང་ལོག་གཡེམ་བྱས་ན་རང་གི་ལུས་པོར་སྡིག་པ་བྱེད༌པ་ཡིན་ནོ།། 19ཁྱོད་ཅག་གི་ལུས་པོ་ནི་དམ་པའི་ཐུགས་ཉིད་ཀྱི་མཆོད་ཁང་ཡིན་པ་མི་ཤེས༌སམ། དམ་པའི་ཐུགས་ཉིད་ནི་དཀོན་མཆོག་གིས་གནང་ཞིང་ཁྱོད་ཅག་གི་སེམས་ནང་དུ་བཞུགས་པ་ཡིན། ཁྱོད་ཅག་ནི་རང་ཉིད་ལ་དབང་བ་མ་ཡིན༌ཏེ། 20རིན་ཆེན་པོ་བཏང་ནས་ཉོས་པ་ཡིན༌པས། ཁྱོད་ཅག་གི་ལུས་སྟེང་ནས་དཀོན་མཆོག་ལ་བཀུར་སྟི་བྱེད་པར་གྱིས་ཤིག།།

༡ ཀོ་རིན་ཐུ་པ 7

གཉེན་སྒྲིག་གི༌སྐོར།

1དེ་ཡང་ཁྱོད་རྣམས་ཀྱིས་བདག་ལ་བསྐུར་བའི་འཕྲིན་ཡིག་གི་ནང་དུ་བྲིས་པའི་དོན༌དེར་མཚོན་ན། ད་ལྟ་བདག་གིས་ཀྱང་དོན་དེའི་སྐོར་ཁྱོད་ཅག་ལ་སྨྲ་བར་བྱ༌སྟེ། སྤྱིར་སྐྱེས་པ་ནི་བུད་མེད་དང་མ་འགྲོགས་ན་བཟང་མོད། 2འོན་ཀྱང་ལོག་གཡེམ་གྱི་དོན་དག་མི་འབྱུང་བའི༌ཕྱིར། སྐྱེས་པ་རེ་ལ་ཆུང་མ་རེ་དང་། བུད་མེད་རེ་ལའང་སྐྱེས་པ་རེ་ཡོད་ན་འོས་སོ།། 3བྱ་འོས་པའི་ཆགས་པ་ནི་ཁྱོ་གས་ཆུང་མ་ལ་དེ་བཞིན་བྱེད་དགོས༌ལ། ཆུང་མས་ཀྱང་ཁྱོ་ག་ལ་དེ་ལྟར་བྱེད་འོས་པ་ཡིན། 4ཆུང་མའི་ལུས་པོ་ནི་རང་ཉིད་ལ་མི་དབང་བར་ཁྱོ་ག་ལ་དབང་བ༌དང༌། དེ་བཞིན་དུ་ཁྱོ་གའི་ལུས་པོའང་རང་ཉིད་ལ་མི་དབང་བར་ཆུང་མ་ལ་དབང༌བ་ཡིན། 5དེའི༌ཕྱིར། ཁྱོད་རྣམས་ལས་སུ་ཞིག་བཟའ་ཟླ་ཡིན༌ན་སོ་སོར་སྡོད་པར་མི༌བྱའོ།། ཁོ་གཉིས་གྲོས་མཐུན་བྱུང་ནས་བློ་སེམས་རྩེ་གཅིག་གིས་གསོལ་བ་འདེབས་པའི་ཕྱིར་རེ་ཞིག་སོ་སོར་སྡོད་རུང༌ལ། དེའི་རྗེས་སུ་ཁོ་གཉིས་སླར་ཡང་མཉམ་དུ་སྡོད་དགོས་པ་ཡིན། དེ་ནི་ཁྱོད་རྣམས་ཀྱིས་རང་ཚོད་མི་ཟིན་པ་དང་། བདུད་སཱ་ཏན་གྱིས་གོ་སྐབས་དང་བསྟུན་ནས་ཁྱོད་ཅག་མི་བསླུ་བའི་ཕྱིར༌རོ།། 6བདག་གིས་འདི་ལྟར་སྨྲས་པ་ནི་ཁྱོད་ཅག་ལ་བཟོད་སྒོམ་གནང་བ༌ལས་བཀའ་ཕབ་པ་མ་ཡིན། 7སྤྱིར་མི་ཐམས་ཅད་ནི་བདག་དང་མཚུངས་ན་ལེགས་སྙམ༌མོད། འོན་ཀྱང་མི་རེ་རེར་དཀོན་མཆོག་ནས་ཐོབ་པའི་གནང་སྦྱིན་མི་མཚུངས༌ཏེ། མི་ལ་ལར་འདི་ལྟར་ཐོབ་པ་དང་ལ་ལར་དེ་ལྟར་ཐོབ༌པའོ།། 8བདག་གིས་གཉེན་སྒྲིག་བྱས་མེད་པའི་མི་དང་ཡུགས་མོ་རྣམས་ལ་སྨྲ་བར་བྱ༌སྟེ། ཁོ་རྣམས་རྒྱུན་དུ་བདག་དང་མཚུངས་ན་ལེགས། 9འོན་ཀྱང་། རང་ཚོད་རང་གིས་མི་ཟིན་ན་གཉེན་སྒྲིག་བྱ་རུང༌ཞིང་། འདོད་ཆགས་ཀྱི་དབང་གིས་སྨྱོ་བ་ལས་གཉེན་སྒྲིག་བྱས་ན་ལེགས༌སོ།། 10བདག་གིས་གཉེན་སྒྲིག་བྱས་ཟིན་པ་རྣམས་ལ་འདི་ལྟར་བཀའ་བསྒོ་བར༌བྱ་སྟེ། དོན་དམ་དུ་བདག་གི་བཀའ་མ་ཡིན་པར་གཙོ་བོའི་བཀའ་ཡིན༌ཏེ། ཆུང་མ་ནི་རང་གི་ཁྱོ་ག་དང་བཟའ་ཐོར་བྱེད་མི་རུང༌ལ། 11གལ༌ཏེ། བཟའ་ཐོར་བྱས་ན་སྐྱེས་པ་གཞན་དང་གཉེན་བསྒྲིག་བྱེད་མི་རུང༌། ཡང་ན་རང་གི་ཁྱོ་གར་འགྲིག་མཐུན་ཡོང་ན་ལེགས། དེ་བཞིན་དུ་ཁྱོ་གའང་རང་གི་ཆུང་མ་དང་བཟའ་ཐོར་བྱེད་མི་རུང༌ངོ༌།། 12བདག་གིས་མི་གཞན་དག་ལ་སྨྲ་བར༌བྱ་སྟེ། དོན་དམ་དུ་གཙོ་བོས་གསུངས་པ་མིན༌ཏེ། དད་ལྡན་ཞིག་ལ་དད་པ་མེད་པའི་ཆུང་མ་ཞིག་ཡོད༌ཅིང༌། ཁོ་མོའང་དད་ལྡན་དེ་དང་མཉམ་དུ་སྡོད་པར་འདོད༌ན། ཁོས་ཆུང་མ་དེ་དང་བཟའ་ཐོར་བྱེད་མི་རུང་ངོ༌།། 13ཡང་དད་ལྡན་བུད་མེད་ཅིག་ལ་དད་པ་མེད་པའི་ཁྱོ་ག་ཞིག་ཡོད༌ཅིང༌། ཁྱོ་ག་དེའང་ཁོ་མོ་དང་མཉམ་དུ་སྡོད་པར་འདོད༌ན། ཁོ་མོས་ཀྱང་ཁྱོ་ག་དེ་དང་བཟའ་ཐོར་བྱེད་མི་རུང་ངོ༌།། 14ཅིའི་ཕྱིར་ཞེ་ན། དད་པ་མེད་པའི་ཁྱོ་ག་དེ་ནི་ཆུང་མའི་རྐྱེན་གྱིས་དམ་པར་གྱུར་པ༌དང༌། དད་པ་མེད་པའི་ཆུང་མ་དེའང་ཁྱོ་གའི་རྐྱེན་གྱིས་དམ་པར་གྱུར་པའི་ཕྱིར༌རོ།། དེ་ལྟར་མིན༌ན། ཁྱོད་ཅག་གི་བུ་ཕྲུག་ནི་གཙང་མ་མིན༌མོད་ཀྱང༌། ད་ལྟ་ཁོ་རྣམས་ནི་དམ་པར་གྱུར༌པའོ།། 15འོན་ཀྱང་། དད་པ་མེད་པའི་མི་སུ་ཞིག་རང་གི་བཟའ་ཟླ་དང་ཁ་འབྲལ་འདོད་ན་དེ་ལྟར་བྱེད་པར༌གྱིས། དད་པ་དང་ལྡན་པའི་ཁྱོ་གའམ་ཆུང་མ་སུ་ཞིག་ཡིན༌ཡང༌། དོན་དེ་ལྟ་བུར་འཕྲད་ནའང་རང་དབང་ཡོད་པར༌གྱིས། དཀོན་མཆོག་གིས་བདག་ཅག་འགྲིག་མཐུན་ངང་ནས་འཚོ་ཞིང་གཞེས་པར་ཞལ་འབོད་གནང་བ་ཡིན། 16ཁྱོད་ཆུང་མ་རྣམས་ཀྱིས་རང་གི་ཁྱོ་ག་སྐྱོབ་མི་ནུས་པ་ཅི་ལྟར་ཤེས༌སམ། ཁྱོད་ཁྱོ་ག་རྣམས་ཀྱིས་ཀྱང་རང་གི་ཆུང་མ་སྐྱོབ་མི་ནུས་པ་ཅི་ལྟར་ཤེས༌སམ། 17དེ་ཡང་གཙོ་བོས་མི་རེ་རེར་གནང་བའི་བགོ་སྐལ་དང་དཀོན་མཆོག་གིས་མི་རེ་རེར་ཞལ་འབོད་གནང་བ་བཞིན་དུ་སྤྱད་པ་སྤྱོད༌ཅིག བདག་གིས་ཀྱང་ཆོས་ཚོགས་ཐམས་ཅད་ལ་དེ་ལྟར་ཁ་བསྒོ་གནང༌བ་ཡིན་ནོ།། 18མི་སུ་ཡིན་ཡང་མཚན་སྐྱི་བཅད་རྗེས་ཞལ་འབོད་ཐོབ་པ་ཡིན༌ན། མཚན་སྐྱི་བཅད་པའི་རྟགས་ནི་འདོར་བར་མི༌བྱའོ།། མི་སུ་ཡིན་ཡང་མཚན་སྐྱི་མ་བཅད་པའི་དུས་སུ་ཞལ་འབོད་ཐོབ་པ་ཡིན༌ན། མཚན་སྐྱི་གཅོད་པར་མི༌བྱའོ།། 19མཚན་སྐྱི་གཅོད་མིན་གང་ཡང༌རུང༌། དེ་ནི་ཅི་ཡང་མིན༌ཏེ། དཀོན་མཆོག་གི་བཀའ་བསྲུང་བར་བྱ་རྒྱུ་ནི་གལ༌ཆེ་བ་ཡིན། 20དོན་དམ་དུ་ཁྱོད་ཅག་མི་རེ་རེ་ནི་ཞལ་འབོད་ཐོབ་པའི་དུས༌སུ་ཅི་འདྲ་ཡིན་ན་དེ་ལྟར་སྡོད་པར༌བྱའོ།། 21དད་ལྡན་པ་ཁྱོད་ནི་བྲན་གཡོག་ཡིན་པའི་དུས་སུ་ཞལ་འབོད་ཐོབ་པ་ཡིན༌ན། དེ་ལ་སེམས་ཁུར་བྱ་མི་འོས། གལ༌ཏེ། ཁྱོད་ལ་བྲན་གཡོག་ལས་ཐར་བའི་གོ་སྐབས་བྱུང༌ན། དེ་ནི་ཤིན་ཏུ་ལེགས་སོ།། 22ཅིའི་ཕྱིར་ཞེ་ན། སུ་ཡང་བྲན་གཡོག་ཡིན་པའི་དུས་སུ་གཙོ་བོའི་ཞལ་འབོད་ཐོབ་པ་ཡིན༌ན། བྲན་གཡོག་དེ་ནི་གཙོ་བོའི་རང་དབང་ལྡན་པ་ཡིན༌ལ། དེ་ལྟར་སུ་ཡང་རང་དབང་ལྡན་པ་ཡིན་པའི་དུས་སུ་ཞལ་འབོད་ཐོབ་པ་ནི་སྐྱབས་མགོན་མཱ་ཤི་ཀའི་བྲན་གཡོག་ཡིན་པའི་ཕྱིར༌རོ།། 23ཁྱོད་ཅག་ནི་རིན་ཆེན་པོ་བཏང་ནས་ཉོས་པ་ཡིན༌པས། འཇིག་རྟེན་གྱི་མིའི་བྲན་གཡོག་ནི་མི༌བྱའོ།། 24སྤུན་ཟླ༌རྣམས། ཁྱོད་ཅག་ལ་ཞལ་འབོད་གནང་བའི་དུས༌སུ་རང་རང་ཅི་འདྲ་ཡིན་ན། དཀོན་མཆོག་གི་དྲུང་དུའང་དེ་བཞིན་དུ་སྡོད་པར༌བྱའོ།། 25དེ་ཡང་ན་ཆུང་བུ་མོ་རྣམས་ཀྱི་སྐོར་ལ་གཙོ་བོའི་བཀའ་ནི་བདག་ལ་མེད༌ཀྱང༌། ངས་གཙོ་བོའི་ཐུགས་རྗེའི་ངང་རང་ཉིད་ནི་བློ་སེམས་དཀར་བའི་མི་ཡིན་པའི་ཆ༌ནས། རང་གི་བསམ་ཚུལ་ཁྱོད་ཅག་ལ་སྨྲ་བར༌བྱ་སྟེ། 26ཅིའི་ཕྱིར་ཞེ་ན། བདག་གིས་ད་ལྟའི་དཀའ་སྡུག་ལ་བལྟས༌ན། མི་སུ་ཞིག་ཡིན་ཡང་རང་གི་རྒྱུན་ལྡན་གྱི་འཚོ་བ་ཅི་འདྲ་ཡིན་པ་དེ་ལྟར་བསྡད་ན་ལེགས་སྙམ། 27ཁྱོད་ལ་ཆུང་མ་ཡོད་ན་ཁོ་མོ་དང་བཟའ་ཐོར་མི༌བྱའོ།། ཁྱོད་ལ་ཆུང་མ་མེད་ན་ཆུང་མ་འཚོལ་བར་མི༌བྱའོ།། 28གལ༌ཏེ། ཁྱོད་ཀྱིས་ཆུང་མ་བླངས་ན་དེ་ནི་ཉེས་པ་མིན༌ལ། ན་ཆུང་བུ་མོ་བག་མར་སོང་ནའང་ཉེས་པ་མིན། འོན༌ཀྱང༌། གཉེན་བསྒྲིགས་ཟིན་པ་རྣམས་ཀྱིས་མི་ཚེ་འདིར་སྡུག་བསྔལ་མྱང་ངེས༌པས། ངས་ཁྱོད་ཅག་ནི་སྡུག་བསྔལ་དེ་ལས་སྐྱོབ་འདོད༌དོ།། 29སྤུན་ཟླ༌རྣམས། བདག་གིས་ཁྱོད་ཅག་ལ་སྨྲ་བར་བྱ༌སྟེ། དུས་ཚོད་ཐུང་ཐུང་ཡིན་པས། ད་ནས༌བཟུང༌། ཆུང་མ་ཡོད་པ་རྣམས་ཀྱིས་ཆུང་མ་མེད་པ་ལྟར་བྱེད༌ཅིང༌། 30ངུ་མཁན་རྣམས་ཀྱིས་མི་ངུ་བ་ལྟར་བྱེད་པ༌དང༌། དགའ་སྤྲོ་དང་ལྡན་པ་རྣམས་ཀྱིས་དགའ་སྤྲོ་མེད་པ་ལྟར་བྱེད་པ༌དང༌། ཉོ་མཁན་རྣམས་ཀྱིས་ཅི་ཡང་མ་ཐོབ་པ་ལྟར་བྱེད་པ༌དང༌། 31འཇིག་རྟེན་གྱི་དངོས་པོ་བཀོལ་མཁན་རྣམས་ཀྱིས་མི་བཀོལ་བ་བཞིན་དུ་བྱེད་པར༌གྱིས། ཅིའི་ཕྱིར་ཞེ་ན། འཇིག་རྟེན་འདིའི་རྣམ་པ་ནི་མེད་པར་འགྱུར་བའི་ཕྱིར༌རོ།། 32བདག་གིས་ཁྱོད་རྣམས་ལ་སེམས་ཁུར་ཅི་ཡང་མེད་པར་འདོད༌དེ། ཆུང་མ་མེད་པ་རྣམས་ཀྱིས་གཙོ་བོའི་དོན་ལ་སེམས་ཁུར་བྱེད༌ཅིང༌། དེ་ནི་གཙོ་བོ་ཇི་ལྟར་ཐུགས་དགྱེས་སུ་འཇུག་པར་སེམས་ཁུར་བྱེད༌པ་ཡིན་ནོ།། 33ཆུང་མ་ཡོད་པ་རྣམས་ཀྱིས་འཇིག་རྟེན་གྱི་དོན་ལ་སེམས་ཁུར་བྱེད༌ཅིང༌། དེ་ནི་རང་གི་ཆུང་མ་ཇི་ལྟར་དགའ་རུ་འཇུག་པར་སེམས་ཁུར་བྱེད་པས། 34ཁོའི་སེམས་ནི་སོ་སོར་གྱེས༌པའོ།། གཉེན་སྒྲིག་མ་བྱས་པའི་བུད་མེད་དང་ན་ཆུང་བུ་མོ་གཉིས་ཀྱིས་གཙོ་བོའི་དོན་ལ་སེམས་ཁུར་བྱེད༌ཅིང༌། དེ་ནི་ལུས་སེམས་གཉིས་ཀ་གཙང་མ་ཡིན་པར་དམིགས༌པ་དང་། གཉེན་སྒྲིག་བྱས་པའི་བུད་མེད་ཀྱིས་འཇིག་རྟེན་གྱི་དོན་ལ་སེམས་ཁུར་བྱེད༌ཅིང༌། དེ་ནི་རང་གི་སྐྱེས་པ་ཇི་ལྟར་དགའ་རུ་འཇུག་པར་སེམས་ཁུར་བྱེད༌པ་ཡིན། 35བདག་གིས་དེ་ལྟར་སྨྲས་པ་ནི་ཁྱོད་རྣམས་ལ་ཕན་འདོགས་པའི་ཕྱིར་ཡིན་པ་ལས་ཁྱོད་ཅག་འཆིང་བའི་ཕྱིར་མིན༌ཏེ། ཁྱོད་ཅག་གིས་སྤྱོད་ལམ་བཟང་ཞིང་སེམས་མི་གཡེང་བར་ནན་ཏན་ངང་གཙོ་བོ་ལ་ཞབས་ཕྱི་བསྒྲུབ་དགོས་པའི་ཕྱིར་ཡིན༌ནོ།། 36གལ་ཏེ། སུ་ཞིག་གིས་རང་གི་ན་ཆུང་བུ་མོར་ལྟ་ཚུལ་མི་འོས་པ་བཟུང་ཡོད་པར་འདོད་ཅིང༌། བུ་མོ་དེའང་ན་ཚོད་ལས་བརྒལ་ཚེ། གཉེན་སྒྲིག་བྱེད་དུ་འཇུག་འདོད་ན་དེ་ལྟར་བྱས་ཀྱང་ཉེས་པ་མེད༌པས། ཁོ་གཉིས་གཉེན་སྒྲིག་བྱེད་དུ་བཅུག་ན་ལེགས། 37གལ༌ཏེ། མི་སུ་ཞིག་གི་བསམ་པ་བརྟན་ཅིང་སྒྲུབ་དགོས་པའི་དོན་གཞན་མེད་པ༌དང༌། རང་གི་སེམས་ལ་རང་དབང་ཡོད༌ཅིང་། བུ་མོ་དེ་མནའ་མ་མི་སྟེར་བའི་སེམས་ཐག་བཅད་ན་དེ་ལྟར་བྱས་ཀྱང་ལེགས། 38དེ་ལྟར་ཡིན་ན། རང་གི་ན་ཆུང་བུ་མོ་མནའ་མར་སྟེར་བ་ནི་བཟང༌ཡང༌། མ་བྱིན་ན་ལྷག་ཏུ་བཟང༌ངོ༌།། 39དེ་ཡང་ཁྱོ་ག་གསོན་པའི་དུས་སུ་ཆུང་མ་ལ་ཚོད་འཛིན་ཐེབས་ཡོད༌ཀྱང༌། ཁྱོ་ག་ཤི་བར་གྱུར་ན། ཆུང་མར་གཙོ་བོ་ནང་གི་མི་དང་གཉེན་སྒྲིག་བྱེད་པའི་རང་དབང་ཡོད། 40འོན༌ཀྱང༌། བདག་གི་བསམ་ཚུལ་ནི། ཁོ་མོ་ནི་ནམ་རྒྱུན་ལྟར་བསྡད་ན་ལྷག་ཏུ་བདེ༌ཞིང༌། ངས་རང་ཉིད་ཀྱི་སེམས་སུ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཡོད་པར་བསམས༌སོ།།

༡ ཀོ་རིན་ཐུ་པ 8

མཆོད༌རྫས་ཀྱི་སྐོར།

1དེ་ཡང་སྐུ་འདྲ་ལ་ཕུལ་བའི་མཆོད་རྫས་སྐོར་སྨྲས་ན། བདག་ཅག་ཐམས་ཅད་ལ་ཤེས་བྱ་ངེས་ཅན་ཞིག་ཡོད་པ་དེ་བདག་ཅག་གིས་ཤེས་སོ།། འོན༌ཀྱང༌། ཤེས་བྱ་ཡིས་ང་རྒྱལ་སྐྱེ་རུ་འཇུག༌ཅིང༌། བྱམས་པ་ཡིས་མི་སྐྱེད་བསྲིང་བྱེད༌པ་ཡིན། 2མི་ཞིག་གིས་རང་ཉིད་ནི་ཤེས་མཁན་ཞིག་ཡིན་སྙམ༌ན། ཁོས་ཤེས་དགོས་པ་ལྟར་ད་དུང་ཅི་ཡང་མི་ཤེས། 3མི་ཞིག་གིས་དཀོན་མཆོག་ལ་གཅེས་པར་བྱེད༌ན། དཀོན་མཆོག་གིས་མི་དེ་ཉིད་མཁྱེན༌ཏོ།། 4ད་ལྟ་སྐུ་འདྲ་ལ་ཕུལ་བའི་མཆོད་རྫས་བཟའ་བའི་སྐོར་བརྗོད༌ན། འཇིག་རྟེན་འདིའི་སྐུ་འདྲ་ལ་སྙིང་པོ་ཅི་ཡང་མེད་པ༌དང༌། དཀོན་མཆོག་གཅིག་རང་ལས་གཞན་མེད་པ་བདག་ཅག་གིས་ཤེས༌སོ།། 5ཅིའི་ཕྱིར་ཞེ་ན། གནམ་ས་གཉིས་སུ་ལྷ་བྱ་བ་ཞིག་ཡོད་ཟེར་ཀྱང་། ལྷ་མང་པོ་དང་གཞི་བདག་མང་པོ་ཡོད༌པའི་དབང་དུ་བཏང་ནའང༌། 6བདག་ཅག་ལ་དཀོན་མཆོག་གཅིག་རང་ཡོད་པ་ནི་ཡབ་ལགས༌ཏེ། འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ནི་ཁོང་ནས་བྱུང་ཞིང་། བདག་ཅག་ཀྱང་ཁོང་གི་ཆེད་དུ་གནས་པ་ཡིན། བདག་ཅག་ལ་གཙོ་བོ་གཅིག་རང་ཡོད་པ་ནི་ཡེ་ཤུ་མཱ་ཤི་ཀ་ཡིན༌ཏེ། དངོས་པོ་ཐམས་ཅད་ནི་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་བྱུང་བ་དང་། བདག་ཅག་ཀྱང་ཁོང་ལ་བརྟེན་ནས་གནས་པ་ཡིན་ནོ།། 7འོན༌ཀྱང༌། མི་ཐམས་ཅད་ལ་ཤེས་བྱ་འདི་ཡོད་པ་མིན༌ཏེ། མི་ལ་ལ་ནི་ད་ལྟའི་བར་དུ་སྐུ་འདྲ་ལ་དད་གུས་བྱས་ནས་གོམས་ཡོད༌པས། ཁོ་རྣམས་ཀྱིས་ཟོས་པ་ནི་སྐུ་འདྲ་ལ་ཕུལ་བའི་མཆོད་རྫས་ཡིན་པར་འདོད༌དེ། ཁོ་རྣམས་ཀྱི་སེམས་ཉམས་པ་དང་རང་ཉིད་ཀྱང་མི་གཙང་བར་གྱུར་པ་རེད་སྙམ། 8དོན་དམ་དུ་ཟས་ལ་བརྟེན་ནས་བདག་ཅག་དཀོན་མཆོག་གི་ཐུགས་སུ་འཛིན་པ་མིན༌ཏེ། བདག་ཅག་གིས་ཟས་མ་ཟོས་ཀྱང་གནོད་པ་མེད་ལ་ཟོས་ནའང་ཕན་ཐོགས་མེད་པའི་ཕྱིར༌རོ།། 9འོན༌ཀྱང༌། ཁྱོད་ཅག་གི་རང་དབང་འདི་དད་པ་བརྟན་པོ་མེད་པ་རྣམས་ལ་བཀག་རྡོ་རུ་མི་འགྱུར་བའི་ཕྱིར་གཟབ་གཟབ༌གྱིས། 10གལ་ཏེ། དད་པ་མི་བརྟན་པ་ཞིག་གིས་ཤེས་བྱ་དེ་ལྟ་བུ་ལྡན་མཁན་ཁྱོད་ཀྱིས་ལྷ་ཁང་ནས་མཆོད་རྫས་ཟ་བཞིན་ཡོད་པ་མཐོང༌ཞིང་མི་དེའི་སེམས་ཉམས་ཞན་ཡིན་ཚེ། ཁོས་སྙིང་སྟོབས་བསྐྱེད་ནས་སྐུ་འདྲ་ལ་ཕུལ་བའི་མཆོད་རྫས་བཟའ་བ་མ་ཡིན་ནམ། 11དེ་བས་ཁྱོད་ཀྱི་ཤེས་བྱའི་དབང་གིས་དད་པ་མི་བརྟན་པའི་སྤུན་ཟླ་དེ་འཇིག་པར་བྱས་པ༌དང༌། སྐྱབས་མགོན་མཱ་ཤི་ཀ་ནི་ཁོའི་དོན་དུ་སྐུ་གྲོངས་པ་ཡིན། 12ཁྱོད་ཀྱིས་དེ་ལྟར་སྤུན་ཟླ་རྣམས་ལ་སྡིག་པ་བྱེད་ཅིང༌། ཁོ་རྣམས་ཀྱི་ཉམས་ཞན་དུ་གྱུར་པའི་སེམས་ལ་གནོད་པ་བསྐྱལ༌ན། སྐྱབས་མགོན་མཱ་ཤི་ཀ་ལའང་སྡིག་པ་བྱས༌པ་ཡིན། 13དེའི༌ཕྱིར། ཁ་ཟས་ཀྱིས་བདག་གི་སྤུན་ཟླ་སར་འགྱེལ་དུ་འཇུག༌ན། ངས་རང་གི་སྤུན་ཟླ་སར་འགྱེལ་དུ་མི་འཇུག་པའི་ཕྱིར་ནམ་ཡང་ཤ་མི༌ཟའོ།།

༡ ཀོ་རིན་ཐུ་པ 9

སྐུ་ཚབ་པའི་དབང་ཆ་དང་ལས་འགན༌གྱི་སྐོར།

1བདག་ལ་རང་དབང་ཡོད་པ་མིན༌ནམ། བདག་ནི་སྐུ་ཚབ་པ་མ་ཡིན༌ནམ། བདག་ནི་བདག་ཅག་གི་གཙོ་བོ་ཡེ་ཤུར་མཇལ་མྱོང་བ་མིན༌ནམ། ཁྱོད་ཅག་ནི་གཙོ་བོའི་ནང་དུ་ང་ཡི་ལེགས་པར་བཅོས་པ་མ་ཡིན་ནམ། 2མི་གཞན་ལ་མཚོན་ན་བདག་ནི་སྐུ་ཚབ་པ་མིན༌ནའང༌། ཁྱོད་ཅག་ལ་མཚོན་ན་བདག་ནི་སྐུ་ཚབ་པ་ཡིན་ཏེ། ཁྱོད་ཅག་ནི་གཙོ་བོའི་ནང་དུ་ང་རང་སྐུ་ཚབ་པ་ཡིན་པའི་དཔང་རྟགས་ཡིན༌ནོ།། 3ངས་རང་ལ་འདྲི་རྩད་བྱེད་པའི་མི་རྣམས་ལ་འདི་ལྟར་དག་འབུད་བྱེད་པ༌སྟེ། 4ངེད་ཅག་ལ་བཟའ་བཏུང་སྤྱོད་པའི་དབང་ཆ་ཡོད་པ་མིན༌ནམ། 5ངེད་ཅག་ལ་སྐུ་ཚབ་པ་གཞན་དག་དང་གཙོ་བོའི་སྤུན་ཟླ་རྣམས། ཀེ་ཕཱ་བཅས་དང་འདྲ་བར་དད་ལྡན་ཆུང་མ་ཁྲིད་ནས་མཉམ་དུ་འགྲོ་བའི་དབང་ཆ་ཡོད་པ་མིན༌ནམ། 6བདག་དང་པཱར་ན་པཱ་ཁོ་ནར་ངལ་རྩོལ་མི་བྱེད་པའི་དབང་ཆ་མེད་པ་ཡིན༌ནམ། 7སུ་ཞིག་དམག་ལ་ཞུགས་ཤིང་འགྲོ་སོང་རང་གིས་གཏོང༌ངམ། སུ་ཞིག་གིས་རྒུན་ཚལ་བཙུགས་ཀྱང་འབྲས་བུ་མི༌ཟའམ། སུ་ཞིག་གིས་ཕྱུགས་ཁྱུ་འཚོས་ཀྱང་དེའི་འོ་མ་མི་འཐུང༌ངམ། 8བདག་གིས་དེ་ལྟར་སྨྲས་པ་ནི་མིའི་བསམ་ཚུལ་བཞིན་སྨྲས་པ་ཡིན༌ནམ། བཀའ་ཁྲིམས་ལས་ཀྱང་དེ་ལྟར་གསུངས་པ་མིན༌ནམ། 9མོ་ཤེའི་བཀའ་ཁྲིམས་ལས་ཇི་སྐད༌དུ། གཡུལ་ཁ་གཅོག་པའི་དུས༌སུ། ། བ་གླང་མཆུ་ཏོ་མ༌སྡོམ། ། ཞེས་བཀོད་པའི་དཔེ་དེ༌ལས། དཀོན་མཆོག་གིས་བ་གླང་ལ་ཐུགས་ཁུར་མཛད་པ་ཡིན༌ནམ། 10དེ་ཐམས་ཅད་ནི་བདག་ཅག་གི་དོན་དུ་གསུངས་པ་མ་ཡིན་ནམ་ཞེ་ན་ཡིན་ཏེ། ཞིང་རྨོ་མཁན་དང་གཡུལ་གཅོག་མཁན་གྱིས་ལོ་ཏོག་གི་སྐལ་འཐོབ་པར་རེ་བ་བཅངས་ནས་ཞིང་རྨོ་བ་དང་གཡུལ་གཅོག་པའི་ཕྱིར༌རོ།། 11དེ་བཞིན་དུ་ངེད་ཅག་གིས་ཐུགས་ཉིད་དང་ལྡན་པའི་ས་བོན་དེ་ཁྱོད་ཅག་གི་སེམས་སུ་བཏབ༌ཅིང༌། ཁྱོད་ཅག་ལས་འཇིག་རྟེན་གྱི་རྒྱུ་ནོར་བསྡུས་པ་དེ་ནི་དོན་ཆེན་ཞིག་མ་ཡིན། 12མི་གཞན་ལ་ཁྱོད་རྣམས་ལས་འཇིག་རྟེན་གྱི་རྒྱུ་ནོར་ཐོབ་པའི་དབང་ཆ་ཡོད༌ན། ངེད་ཅག་ལ་དབང་ཆ་དེ་ལྟ་བུ་ནི་ལྷག་པར་ཡོད། འོན༌ཀྱང༌། ངེད་ཅག་གིས་དབང་ཆ་དེ་ནི་བཀོལ་མ་མྱོང༌སྟེ། སྐྱབས་མགོན་མཱ་ཤི་ཀའི་འཕྲིན་བཟང་སྒྲོག་པར་བར་ཆད་མི་བཟོ་བའི༌ཕྱིར། ངེད་ཅག་གིས་དོན་ཀུན་ལའང་བཟོད་བསྲན་བྱས་སོ༎ 13དེ་ཡང་མཆོད་ཁང་གི་གཉེར་པས་མཆོད་རྫས་ཟས་སུ་བྱེད་པ༌དང༌། མཆོད་རྫས་འབུལ་མཁན་ལ་མཆོད་ཁྲི་ནས་བགོ་སྐལ་ཐོབ་པ་ནི་ཁྱོད་རྣམས་ཀྱིས་མི་ཤེས༌སམ། 14དེ་བཞིན་དུ་གཙོ་བོས་ཀྱང་འཕྲིན་བཟང་སྒྲོག་མཁན་རྣམས་ནི་འཕྲིན་བཟང་སྒྲོག་པའི་ལས་ལ་བརྟེན་ནས་འཚོ་དགོས་པའི་བཀའ་གནང༌ངོ༌།། 15འོན༌ཀྱང༌། བདག་གིས་དབང་ཆ་དེ་དག་བཀོལ་མ་མྱོང༌། ཁྱོད་རྣམས་ཀྱིས་བདག་ལ་དེ་ལྟར་བྱེད་པའི༌ཕྱིར། ངས་དོན་དེ་རྣམས་བྲིས་པ་མིན༌ཏེ། བདག་གིས་བསྔགས་པའི་དོན་དེ་མི་གཞན་གྱིས་སྟོང་བར་བྱེད་པ༌ལས། ང་རང་འཆི་བར་གྱུར་ན་ལེགས་པས༌སོ།། 16འོན༌ཀྱང༌། བདག་གིས་འཕྲིན་བཟང་སྒྲོག་ན་ང་ལ་ངོམ་པའི་རྒྱུ་མེད༌དེ། བདག་ནི་དེ་ལྟར་མི་བྱེད་ཐབས་མེད་ཡིན། བདག་གིས་འཕྲིན་བཟང་མ་བསྒྲག༌ན། བདག་ལ་ཆག་སྒོ་འབྱུང་ངེས༌ཡིན། 17ང་རང་འཕྲིན་བཟང་སྒྲོག་པར་འཐད་པ་བྱུང༌ན། བདག་ལ་བྱ་དགའ་འཐོབ་སྲིད༌ཅིང༌། ང་རང་དོན་དེར་འཐད་པ་མ་བྱུང༌ཡང་། ལས་འགན་བདག་ལ་བཅོལ༌ཟིན་པ་ཡིན། 18དེའི༌ཕྱིར། བདག་གི་བྱ་དགའ་ནི་ཅི་ཡིན་ཞེ༌ན། ངས་འཕྲིན་བཟང་སྒྲོག་པའི་དུས༌སུ། འཕྲིན་བཟང་སྒྲོག་པའི་དབང་ཆ་དེ་ཉིད་མི་ཟད་པའི༌ཕྱིར། རིན་མེད་པར་མི་རྣམས་ལ་འཕྲིན་བཟང་ཐོབ་པར་བྱེད་པ༌དེའོ།། 19བདག་ལ་རང་དབང་ཡོད་ཅིང་མི་གཞན་གྱི་མངའ་འོག་ཏུ་མེད༌མོད། འོན་ཀྱང་མི་མང་པོའི་སེམས་འགུག་པའི༌ཕྱིར། བདག་ནི་དགའ་བའི་ངང་མི་རྣམས་ཀྱི་གཡོག་པོར་གྱུར་པ༌དང་། 20ཡ་ཧུ་དཱ་པ་རྣམས་ཀྱི་སེམས་འགུག་པའི༌ཕྱིར། བདག་གིས་ཡ་ཧུ་དཱ་པ་དང་འདྲ་བར་བྱས༌ཤིང་། བཀའ་ཁྲིམས་ཀྱི་འོག་ཏུ་ཡོད་པ་རྣམས་ཀྱི་སེམས་འགུག་པའི༌ཕྱིར། བདག་ནི་བཀའ་ཁྲིམས་འོག་ཏུ་མེད་ཀྱང་བཀའ་ཁྲིམས་འོག་ཏུ་ཡོད་པ་ལྟར་བྱས༌པ་དང་། 21བཀའ་ཁྲིམས་མེད་པ་རྣམས་ཀྱི་སེམས་འགུག་པའི༌ཕྱིར། བདག་གིས་བཀའ་ཁྲིམས་མེད་པའི་མི་ལྟར་བྱས༌པ་ཡིན། དོན་དམ་དུ་བདག་ནི་དཀོན་མཆོག་གི་བཀའ་ཁྲིམས་མེད་པ་མིན༌ཏེ། སྐྱབས་མགོན་མཱ་ཤི་ཀའི་བཀའ་ཁྲིམས་འོག་ཏུ་གནས༌པ་ཡིན། 22ཉམ་ཆུང་རྣམས་ཀྱི་སེམས་འགུག་པའི༌ཕྱིར། བདག་གིས་ཉམ་ཆུང་ལྟར་བྱས་སོ།། ཐབས་སྣ་ཚོགས་ཀྱི་སྒོ་ནས་མི་ཁ་ཤས་སྐྱོབ་པའི༌ཕྱིར། བདག་གིས་མི་གང་དང་ཅི་ལྟ་བུ་ཡིན་པ་དེ་བཞིན་དུ་བྱས༌པ་ཡིན། 23བདག་གིས་ལས་བྱེད་པ་ཐམས་ཅད་ནི་འཕྲིན་བཟང་གི་རྐྱེན༌དང༌། མི་གཞན་རྣམས་དང་མཉམ་དུ་འཕྲིན་བཟང་གི་དགེ་མཚན་འཐོབ་པའི་ཕྱིར་ཡིན༌ནོ།། 24དེ་ཡང་རྒྱུགས་ར་ནས་འགྲན་རྒྱུག་བྱེད་མཁན་ཐམས་ཅད་བརྒྱུགས༌ནའང༌། བྱ་དགའ་ཐོབ་མཁན་ནི་གཅིག་ཁོ་ན་ཡིན་པ་ཁྱོད་ཅག་གིས་མི་ཤེས༌སམ། ཁྱོད་རྣམས་ཀྱང་བྱ་དགའ་འཐོབ་པའི་ཕྱིར་དེ་ལྟར་རྒྱུགས༌ཤིག 25འགྲན་སྡུར་ལ་ཞུགས་མཁན་ཐམས་ཅད་ཀྱིས་རྒྱལ་ཁ་ལེན་པའི༌ཕྱིར། བྱ་བ་ཀུན་ལ་རང་ཚོད་ཟིན་པར་བྱེད༌ཅིང༌། དེ་རྣམས་ཀྱིས་འཇིག་པར་འགྱུར་བའི་ཅོད་པན་འཐོབ་པའི་ཕྱིར་དེ་ལྟར་བྱེད༌མོད། འོན་ཀྱང་བདག་ཅག་གིས་འཇིག་པ་མེད་པའི་ཅོད་པན་འཐོབ་ཕྱིར་དེ་ལྟར་བྱེད༌པ་ཡིན་ནོ།། 26དེའི༌ཕྱིར། ང་རང་རྒྱུགས་པ་ལ་དམིགས་འབེན་མེད་པ་མིན༌ཞིང༌། ཁུ་ཚུར་གྱིས་རྒྱག་པའང་བར་སྣང་ལ་རྒྱག་པ་ལྟར་མིན༌ཏེ། 27བདག་གི་ལུས་པོ་རང་ལ་བསྟུན་པའི༌ཕྱིར། རང་གིས་རང་ཉིད་འདུལ་བར་བྱེད། དེ་ནི་བདག་གིས་མི་གཞན་རྣམས་ལ་འཕྲིན་བཟང་བསྒྲགས་རྗེས་རང་ཉིད་མི་འདོར་བའི་ཕྱིར་ལགས༌སོ།།

༡ ཀོ་རིན་ཐུ་པ 10

ཡེས་ར་ཨེལ་གྱི་ལོ་རྒྱུས་དྲངས་ནས་ཉེན་བརྡ་གཏོང་བ།

1སྤུན་ཟླ༌རྣམས། བདག་གིས་ཁྱོད་རྣམས་ལ་ཤེས་སུ་འཇུག་འདོད་པ་ཞིག༌ནི། སྔོན་ཆད་བདག་ཅག་གི་ཕ་མེས་ཡང་མེས་ཐམས་ཅད་སྤྲིན་འོག་ཏུ་གནས་ཤིང་ཐམས་ཅད་རྒྱ་མཚོ་བརྒྱུད་ནས་སོང་སྟེ། 2ཐམས་ཅད་སྤྲིན་དང་རྒྱ་མཚོ་བརྒྱུད་ནས་ཁྲུས་གསོལ་ལ་ཞུགས་ཤིང་མོ་ཤེ་ལ་གཏོགས་པར་གྱུར་པ་དང་། 3ཡང་ཐམས་ཅད་ཀྱིས་ཐུགས་ཉིད་ཀྱི་ཁ་ཟས་གཅིག་མཚུངས་ཟོས༌ཤིང༌། 4ཡང་ཐམས་ཅད་ཀྱིས་ཐུགས་ཉིད་ཀྱི་བཏུང་བྱ་གཅིག་མཚུངས་བཏུངས་མྱོང༌བ་ཡིན། ཐུགས་ཉིད་ཀྱི་བཏུང་བྱ་དེ་ནི་ཁོ་རྣམས་དང་ལྷན་དུ་བྱོན་པའི་ཐུགས་ཉིད་ཀྱི་ཕ་བོང་ལས་བྱུང་བ་ཡིན༌ཏེ། ཕ་བོང་དེ་ནི་སྐྱབས་མགོན་མཱ་ཤི་ཀ་ལགས་སོ།། 5འོན༌ཀྱང༌། ཕ་མེས་ཡང་མེས་ཁྲོད་ཀྱི་མི་མང་ཤོས་ལ་དཀོན་མཆོག་ཐུགས་མ་དགྱེས་པས་དེ་དག་གི་བེམ་པོ་དབེན་སྟོང་དུ་བསྐྱུར་བ་ཡིན་ནོ།། 6དོན་དེ་དག་ནི་བདག་ཅག་གི་ཕྱི་འདོམས་ཀྱི་མེ་ལོང་ཡིན༌ཏེ། བདག་ཅག་གིས་འདོད་ངན་མི་བྱེད་པའི༌ཕྱིར། ཁོ་རྣམས་ཀྱིས་འདོད་ངན་བྱེད་པ་བཞིན་བྱ་མི་རུང་ངོ༌།། 7མི་དེ་དག་ལས་འགའ་ཞིག་གིས་སྐུ་འདྲར་བརྟེན་པ༌བཞིན། ཁྱོད་ཅག་གིས་སྐུ་འདྲར་བརྟེན་མི་རུང་། དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། འབངས་རྣམས་བཟའ་བཏུང་རོལ་ཕྱིར༌བསྡད།། རྩེད་མོར་གཡེང་ཕྱིར་ཡར་ལངས༌སོ།། ཞེས་བཀོད་པ་བཞིན༌ཡིན། 8མི་དེ་རྣམས་ལས་ཁ་ཤས་ཀྱིས་ལོག་གཡེམ་བྱས་པས་ཉིན་གཅིག་ལ་མི་ཉིས་ཁྲི་སུམ་སྟོང་འཆི་བ༌བཞིན། བདག་ཅག་གིས་ལོག་གཡེམ་མི༌བྱའོ།། 9ཡང་མི་ཁ་ཤས་ཀྱིས་གཙོ་བོ་ལ་ཚོད་བགམ་བྱས་པས་དེ་རྣམས་དུག་སྦྲུལ་དག་གིས་བསད་པ༌བཞིན། བདག་ཅག་གིས་ཁོང་ལ་ཚོད་བགམ་མི༌བྱའོ།། 10ཡང་མི་འགའ་ཞིག་གིས་འཁང་ར་བྱས་པས་ཁོ་རྣམས་སྲོག་གཅོད་མཁན་གྱིས་བསད་པ༌བཞིན། བདག་ཅག་གིས་འཁང་ར་མི༌བྱའོ།། 11དོན་དམ་དུ་མི་དེ་རྣམས་ལ་འཕྲད་པའི་དོན་འདི་དག་ནི་བདག་ཅག་གི་ཕྱི་འདོམས་ཀྱི་མེ་ལོང་ཡིན༌ཏེ། གསུང་རབ་ཀྱི་ནང་དུ་བཀོད་ཅིང་བདག་ཅག་ལ་བསྐལ་པའི་མཐའ་མ་དེ་སླེབས་པར་ཉེན་བརྡ་བརྒྱབ་པའང་ཡིན་ནོ།། 12དེའི༌ཕྱིར། སུ་ཞིག་གིས་རང་ཉིད་ཀྱི་དད་པ་བརྟན་པོ་ཡིན་སྙམ༌ན། རང་ཉིད་སྡིག་པའི་ནང་དུ་མི་ལྷུང་བའི་ཕྱིར་གཟབ་གཟབ་བྱ་དགོས། 13ཁྱོད་ཅག་ལ་ཐེབས་པའི་ཉམས་ཚོད་ནི་མི་གཞན་རྣམས་ལའང་ཐེབས་མྱོང༌བ་ཡིན། དཀོན་མཆོག་ནི་ཡིད་རྟོན་རུང་བ་ཡིན༌ཏེ། ཁྱོད་རྣམས་ལ་བཟོད་བསྲན་བྱ་མི་ནུས་པའི་ཉམས་ཚོད་ཐེབས་སུ་མི་འཇུག ཉམས་ཚོད་ཐེབས་པའི་དུས༌སུ། ཁྱོད་ཅག་གིས་བཟོད་བསྲན་བྱེད་ཐུབ་པའི༌ཕྱིར། ཁྱོད་རྣམས་ལ་ཐར་པའི་ལམ་ཞིག་གནང་ངེས༌སོ།།

གཙོ་བོ་ཡེ་ཤུའི་རྗེས་དྲན་གྱི་ཞལ་ཟས་དང་མཆོད༌རྫས།

14དེ་བས་ན། བདག་གི་སྙིང་ཉེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་གིས་སྐུ་འདྲ་ལ་ཅི་ནས་ཀྱང་མ་བརྟེན༌ཅིག 15བདག་གིས་ཤེས་རབ་ཅན་རྣམས་ལ་དོན་འདི་སྨྲས་པ་ཡིན༌ཏེ། ཁྱོད་རྣམས་ཀྱིས་བདག་གི་གཏམ་ལ་ལེགས་ཉེས་འབྱེད་པར༌གྱིས། 16བདག་ཅག་གིས་བཀའ་དྲིན་ཞུས་པའི་ཕོར་བ་ནི་སྐྱབས་མགོན་མཱ་ཤི་ཀའི་སྐུ་ཁྲག་ལྷན་དུ་འཐུང་བ་མ་ཡིན་ནམ། བདག་ཅག་གིས་བག་ལེབ་དུམ་བུར་བགོས་པ་ནི་སྐྱབས་མགོན་མཱ་ཤི་ཀའི་སྐུ་ལུས་མཉམ་དུ་དང་ལེན་བྱེད་པ་མ་ཡིན་ནམ། 17བདག་ཅག་གི་མི་གྲངས་ཇི་འདྲ་མང་ཡང་བག་ལེབ་གཅིག་ཡོད༌པས། བདག་ཅག་ནི་སྐུ་ལུས་གཅིག་ཡིན༌ཏེ། བདག་ཅག་ཡོངས་ལ་བག་ལེབ་དེ་དུམ་བུར་བགོས་ནས་ཐོབ༌པ་ཡིན་ནོ།། 18ཁྱོད་རྣམས་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་ལྟོས་དང་། མཆོད་རྫས་ཟ༌མཁན་དེ་རྣམས་མཆོད་ཁྲི་ནས་བགོ་སྐལ་ཐོབ་མཁན་མ་ཡིན༌ནམ། 19བདག་གིས་འདི་ལྟར་སྨྲས་པའི་དོན་ཅི་ཡིན་ཟེར༌ན། སྐུ་འདྲར་ཕུལ་བའི་མཆོད་རྫས་ལ་སྙིང་པོ་ལྡན༌ནམ། ཡང་ན་སྐུ་འདྲ་དེ་ལ་སྙིང་པོ་ཡོད་དམ་ཞེ་ན་མེད༌པ་ཡིན། 20བདག་གིས་འདི་ལྟར་སྨྲ་བ་ནི། ཕྱི་ཕྱོགས་པ་རྣམས་ཀྱིས་དཀོན་མཆོག་ལ་མཆོད་པ་ཕུལ་བ་མ་ཡིན༌པར། གདོན་འདྲེ་ལ་མཆོད་པ་ཡིན། ཁྱོད་རྣམས་གདོན་འདྲེ་དང་འབྲེལ་བ་བྱེད་པར་ང་རང་མི༌དགའོ།། 21ཁྱོད་རྣམས་ཀྱིས་གཙོ་བོའི་ཕོར་བ་དང་གདོན་འདྲེའི་ཕོར་བ་གཉིས་ཀ་ལས་འཐུང་མི་རུང༌ལ། གཙོ་བོའི་ཞལ་ཟས་དང་གདོན་འདྲེའི་ཁ་ཟས་གཉིས་ཀ་མཉམ་དུ་ཟ་མི་རུང༌། 22བདག་ཅག་གིས་གཙོ་བོ་ལ་ཕྲག་དོག་སློང་བར་མི་འགྱུར་རམ། བདག་ཅག་ཁོང་ལས་ཀྱང་མཐུ་སྟོབས་ཆེའམ་ཞེ་ན་མི་ཆེའོ།།

དད་ལྡན་གྱི་རང་དབང༌སྐོར།

23ལས་ཅི་ཡང་བྱེད་རུང་ཟེར་ཡང་། ལས་ཐམས་ཅད་ལ་ཕན་ཐོགས་ཡོད་པ་མིན། ལས་ཅི་ཡང་བྱེད་རུང་ཟེར་ཡང་། ལས་ཐམས་ཅད་ཀྱིས་མི་གསོ་སྐྱོང་བྱེད་པ་མིན་ནོ།། 24མི་སུ་ཡིན་ཡང་རང་གི་ཁེ་ཕན་མི་སེམས་པར་མི་གཞན་གྱི་ཁེ་ཕན་བསམ་དགོས། 25ཤ་བཙོང་བའི་ཁྲོམ་ར་ནས་ཉོས་པ་ཐམས་ཅད་བཟའ་རུང༌བ་ཡིན། དེ་ལ་སེམས་ཀྱི་རྐྱེན་གྱིས་དོན་ཅི་ཡང་འདྲི་བར་མི༌བྱེད་དོ།། 26ཅིའི་ཕྱིར་ཞེ་ན། ཇི་སྐད༌དུ། ས་གཞི་དང་ས་སྟེང་དུ་ཡོད་པ་ཐམས་ཅད་གཙོ་བོ་ལ་དབང་བ་ཡིན་ཞེས་གསུངས་ཡོད་པའི་ཕྱིར༌རོ།། 27གལ༌ཏེ། དད་པ་མེད་པ་ཞིག་གིས་ཁྱོད་ཅག་མགྲོན་དུ་བོས་པ༌དང༌། ཁྱོད་རྣམས་ཀྱང་མགྲོན་ལ་འགྲོ་འདོད་པ་ཡིན༌ན། ཁྱོད་ཅག་གིས་རང་གི་མདུན་དུ་བཤམས་པ་ཐམས་ཅད་བཟའ་རུང༌། དེ་ལ་སེམས་ཀྱི་རྐྱེན་གྱིས་དོན་ཅི་ཡང་འདྲི་བར་མི༌བྱའོ།། 28གལ༌ཏེ། མི་ཞིག་གིས་ཁྱོད་རྣམས་ལ་འདི་ནི་མཆོད་པར་ཕུལ་བའི་མཆོད་རྫས་ཡིན་ཟེར༌ན། དེ་ལྟར་སྨྲ་མཁན་དང་དེའི་སེམས་ཀྱི་ཕྱིར་བཟའ་བར་མི༌བྱའོ།། 29བདག་གིས་སེམས་ཞེས་སྨྲས་པ་ནི་ཁྱོད་ཅག་གི་ཆེད་དུ་མ་ཡིན་པར་མི་གཞན་གྱི་ཕྱིར་ཡིན། ཅིའི་ཕྱིར་བདག་གི་རང་དབང་འདི་ལ་མི་གཞན་གྱི་སེམས་ཀྱིས་ཚོད་འཛིན་བྱེད༌དམ། 30གལ༌ཏེ། བདག་གིས་དཀོན་མཆོག་ལ་བཀའ་དྲིན་ཞུས་རྗེས། མཆོད་རྫས་ཟོས་པར་གྱུར༌ན། ཅིའི་ཕྱིར་མི་གཞན་གྱིས་བདག་ལ་སྡིགས་དམོད་བྱེད་པ་ཡིན༌ནམ། 31དེའི༌ཕྱིར། ཁྱོད་རྣམས་ཀྱིས་བཟའ་བཏུང་ངམ་ལས་གང་ཞིག་བྱེད་ཀྱང་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པའི་ཕྱིར་བསྒྲུབ་པར༌བྱའོ།། 32ཡ་ཧུ་དཱ་པའམ་གྷི་རིག་པ། ཡང་ན་དཀོན་མཆོག་གི་ཆོས་ཚོགས་བཅས་གང་ཡིན༌ཡང༌། ཁྱོད་ཅག་གིས་དེ་རྣམས་སར་འགྱེལ་དུ་འཇུག་པར་མི༌བྱའོ།། 33དེ་ནི་བདག་གིས་ལས་གང་ཞིག་བྱེད་ཀྱང་མི་གཞན་ཐམས་ཅད་དགའ་བར་བྱེད་པ༌དང༌། མི་དེ་རྣམས་ལ་ཐར་པ་འཐོབ་པའི་ཕྱིར། རང་གི་ཁེ་ཕན་མི་སེམས་པར་མི་གཞན་ཐམས་ཅད་ཀྱི་ཁེ་ཕན་བསམས༌པ་བཞིན༌ནོ།།

༡ ཀོ་རིན་ཐུ་པ 11

ཆོས་ཚོགས་ནང་གི་ཚོགས་མིའི་བྱ༌སྤྱོད།

1དེ་ཡང་བདག་གིས་སྐྱབས་མགོན་མཱ་ཤི་ཀ་མིག་ལྟོས་སུ་བཟུང་བ༌ལྟར། ཁྱོད་རྣམས་ཀྱིས་ཀྱང་ང་རང་མིག་ལྟོས་སུ་འཛིན་པར༌གྱིས། 2ཁྱོད་རྣམས་ཀྱིས་དོན་ཀུན་གྱི་ཐད་ནས་ང་རང་དྲན༌ཞིང༌། བདག་གིས་ཁྱོད་ཅག་ལ་གནང་བའི་སྲོལ་རྒྱུན་རྣམས་ཀྱང་བརྟན་པོར་སྲུང་བའི༌ཕྱིར། ངས་ཁྱོད་ཅག་ལ་བསྔགས་བརྗོད༌བྱེད་པའོ།། 3བདག་གིས་དོན་འདི་ཁྱོད་རྣམས་ལ་ཤེས་སུ་འཇུག་འདོད༌དེ། སྐྱབས་མགོན་མཱ་ཤི་ཀ་ནི་སྐྱེས་པ་རྣམས་ཀྱི་དབུ་ཡིན༌ཞིང༌། སྐྱེས་པ་ནི་སྐྱེས་མ་རྣམས་ཀྱི་མགོ་ཡིན༌ལ། དཀོན་མཆོག་ནི་སྐྱབས་མགོན་མཱ་ཤི་ཀའི་དབུ་ཡིན་ནོ།། 4སྐྱེས་པ་རྣམས་ཀྱིས་གསོལ་བ་འདེབས་པའམ་ལུང་བསྟན་གནང་བའི་དུས༌སུ། རང་གི་མགོའི་སྐྲ་བཏུམས་པར་བྱེད༌ན། དེ་ནི་རང་གི་མགོ་ལ་ངོ་གནོང་བར་བྱེད༌པ་ཡིན། 5སྐྱེས་མ་རྣམས་ཀྱིས་གསོལ་བ་འདེབས་པའམ་ལུང་བསྟན་གནང་བའི་དུས༌སུ། རང་གི་མགོའི་སྐྲ་མ་བཏུམས༌ན། དེ་ནི་རང་གི་མགོ་ལ་ངོ་གནོང་བར་བྱེད༌པ་ཡིན། ཅིའི་ཕྱིར་ཞེ་ན། དེ་ནི་སྐྲ་བཞར་བ་དང་མཚུངས་པའི་ཕྱིར༌རོ།། 6གལ༌ཏེ། སྐྱེས་མ་རྣམས་ཀྱིས་མགོའི་སྐྲ་བཏུམ་པར་མི་བྱེད༌ན། ཁོ་མོའི་སྐྲ་ནི་བཞར་འོས༌ཏེ། སྐྱེས་མ་རྣམས་ཀྱིས་སྐྲ་འབྲེག་པའམ་སྐྲ་བཞར་བ་ནི་ངོ་ཚ་ཞིག་ཏུ་འདོད་ན་མགོའི་སྐྲ་བཏུམ་དགོས་སོ།། 7སྐྱེས་པ་རྣམས་ནི་དཀོན་མཆོག་གི་སྣང་བརྙན་དང་གཟི་བརྗིད་ཡིན༌པས། སྐྱེས་པ་རྣམས་ཀྱིས་མགོའི་སྐྲ་བཏུམ་པར་མི་འོས་སོ།། འོན༌ཀྱང༌། སྐྱེས་མ་རྣམས་ནི་སྐྱེས་པའི་གཟི་བརྗིད་ཡིན༌ཏེ། 8ཐོག་མར་སྐྱེས་པ་ནི་སྐྱེས་མ་ལས་བྱུང་བ་མ་ཡིན༌པར། སྐྱེས་མ་ནི་སྐྱེས་པ་ལས་བྱུང་བ་ཡིན༌ལ། 9སྐྱེས་པ་ནི་སྐྱེས་མའི་ཆེད་དུ་བཀོད་པ་མ་ཡིན༌པར། སྐྱེས་མ་ནི་སྐྱེས་པའི་ཆེད་དུ་བཀོད༌པ་ཡིན། 10དེའི༌ཕྱིར། སྐྱེས་མ་དག་ནི་ཕོ་ཉའི་རྐྱེན༌གྱིས། ཁོ་མོ་རྣམས་ཀྱི་མགོ་ལ་དབང་ཆར་གཏོགས་པའི་རྟགས་ཤིག་བརྒྱན་ན་འོས༌སོ།། 11འོན༌ཀྱང༌། གཙོ་བོའི་ཐུགས་བཀོད་ལྟར་ན་སྐྱེས་མ་ནི་སྐྱེས་པ་དང་འབྲེལ་བ་མེད་པ་མིན༌ལ། སྐྱེས་པའང་སྐྱེས་མ་དང་འབྲེལ་བ་མེད་པ་མིན་ནོ།། 12ཅིའི་ཕྱིར་ཞེ་ན། སྐྱེས་མ་ནི་སྐྱེས་པ་ལས་བྱུང་བ༌དང༌། སྐྱེས་པ་ནི་བུད་མེད་ཀྱིས་བཙས་པ་ཡིན༌མོད། འོན་ཀྱང་དངོས་པོ་ཐམས་ཅད་ནི་དཀོན་མཆོག་ནས་བྱུང་བའི་ཕྱིར༌རོ།། 13དེས་ན་ཁྱོད་ཅག་གིས་བརྟག་པར་བྱ༌སྟེ། སྐྱེས་མ་རྣམས་ཀྱིས་དཀོན་མཆོག་ལ་གསོལ་བ་འདེབས་པའི་དུས༌སུ། མགོའི་སྐྲ་མ་བཏུམས་ན་འོས༌སམ། 14རང་གཤིས་ཀྱིས་ཀྱང་ཁྱོད་ཅག་ལ་བསྟན་པ་བཞིན། སྐྱེས་པ་རྣམས་ཀྱི་མགོའི་སྐྲ་རིང་ན་དེ་ནི་ཁོ་རྣམས་ཀྱི་ངོ་ཚ་མ་ཡིན་ནམ། 15འོན༌ཀྱང༌། སྐྱེས་མ་རྣམས་ལ་སྐྲ་རིང་པོ་ཡོད༌ན། དེ་ནི་སྐྱེས་མ་རྣམས་ཀྱི་གཟི་བརྗིད་ཡིན༌ཏེ། སྐྲ་རིང་པོ་ནི་སྐྱེས་མ་རྣམས་ལ་མགོ་བཏུམ་བྱེད་དུ་གནང་བའི་ཕྱིར༌ཡིན། 16གལ༌ཏེ། མི་ཞིག་གིས་འདིའི་སྐོར་ལ་རྩོད་པ་བྱ་འདོད༌ན། ངེད་ཅག་ལ་ལུགས་སྲོལ་དེ་ལྟ་བུ་མེད༌ལ། དཀོན་མཆོག་གི་ཆོས་ཚོགས་དག་ལའང་ལུགས་སྲོལ་དེ་ལྟ་བུ་མེད༌དོ།།

གཙོ་བོ་ཡེ་ཤུའི་རྗེས་དྲན་གྱི་ཞལ་ཟས༌སྐོར།

17ད་ལྟ་བདག་གིས་ཁྱོད་རྣམས་ལ་ཁ་བསྒོ་གནང་བ་ནི་ཁྱོད་ཅག་ལ་བསྔགས་པ་མིན༌ཏེ། ཁྱོད་ཅག་མཉམ་དུ་འཚོགས་པ་ལ་དགེ་མཚན་ལས་གནོད་པ་ཡོད་དོ།། 18བདག་གིས་གོ་ཐོས་ལྟར༌ན། ཁྱོད་རྣམས་ཀྱི་ཆོས་ཚོགས་མཉམ་དུ་འཚོགས་པའི་དུས་སུ་ནང་མཐུན་མེད་ཟེར། བདག་ཀྱང་དོན་དེར་ཅུང་ཙམ་ཡིད་ཆེས་པ་ཡིན། 19ཁྱོད་ཅག་གི་ཁྲོད་དུ་ཚོད་བགམ་འཐེག་པའི་དད་ལྡན་རྣམས་གསལ་པོར་མངོན་པའི༌ཕྱིར། ཕྱོགས་ཁག་སྒྲིག་པའི་དོན་དེ་འབྱུང་ངེས༌པ་ཡིན། 20དེ་ལྟར་ཡིན་པས། ཁྱོད་ཅག་མཉམ་དུ་འཚོགས་པའི་དུས༌སུ། ཁྱོད་ཅག་གིས་ཟ་བ་ནི་གཙོ་བོའི་རྗེས་དྲན་གྱི་ཞལ་ཟས་མིན། 21ཅིའི་ཕྱིར་ཞེ་ན། ཁ་ཟས་བཟའ་བའི་དུས་སུ་མི་རྣམས་ཀྱིས་རང་གི་ཁ་ཟས་སྔོན་ལ་ཟ་བ༌དང༌། ཐ་ན་མི་ལ་ལ་ལྟོགས་ཤིང་ལ་ལ་ཆང་གིས་བཟི་བའི་ཕྱིར༌རོ།། 22ཁྱོད་རྣམས་བཟའ་བཏུང་ལ་རོལ་ན་ཁྱོད་ཅག་ལ་ཁྱིམ་ཚང་མེད༌དམ། ཡང་ན་དཀོན་མཆོག་གི་ཆོས་ཚོགས་ལ་མཐོང་ཆུང་དང་དབུལ་པོ་རྣམས་ལ་ངོ་ཚ་བར་བྱེད་དམ། བདག་གིས་ཁྱོད་ཅག་ལ་ཅི་ལྟར་སྨྲའམ། བདག་གིས་ཁྱོད་ཅག་ལ་བསྟོད་བསྔགས་བྱེད་དམ་ཞེ༌ན། བསྟོད་བསྔགས་གཏན་ནས་མི་བྱེད༌དོ།། 23དེ་ཡང་བདག་གིས་སྔོན་ཆད་ཁྱོད་ཅག་ལ་ཆོས་གསུངས་མྱོང་བ་དེ་ནི་གཙོ་བོ་ནས་ཐོབ་པ་ཡིན༌ཏེ། གཙོ་བོ་ཡེ་ཤུ་ལ་ངོ་ལོག་བྱེད་པའི་མཚན་མོ་དེར་ཁོང་གིས་ཕྱག་ཏུ་བག་ལེབ་བསྣམས༌ཤིང༌། 24བཀའ་དྲིན་ཞུས་རྗེས་དུམ་བུར་བགོས་ཏེ་འདི་སྐད༌དུ། འདི་ནི་བདག་གི་ལུས་པོ་ཡིན་ཏེ་ཁྱོད་རྣམས་ཀྱི་ཆེད་དུ་སྦྱིན་པ༌ཡིན། ང་རང་རྗེས་སུ་དྲན་པའི་ཕྱིར་ཁྱོད་རྣམས་ཀྱིས་ཀྱང་འདི་ལྟར་བྱོས་ཤིག་ཅེས་གསུངས་སོ།། 25དེ་ནས་ཁོང་གིས་ཞལ་ཟས་བཞེས་ཚར་རྗེས་སྔར་བཞིན་ཕོར་བ་ཕྱག་ཏུ་བསྣམས་ཏེ་འདི་སྐད༌དུ། ཕོར་བ་འདི་ནི་བདག་གི་ཁྲག་གིས་བཞག་པའི་ཞལ་ཆད་གསར་པ་ཡིན༌ལ། ཁྱོད་རྣམས་ཀྱིས་འཐུང་ཐེངས་རེ་རེར་ང་རང་རྗེས་སུ་དྲན་པའི་ཕྱིར་འདི་ལྟར་བྱོས་ཤིག་ཅེས་གསུངས༌པའོ།། 26དེ་ནི་གཙོ་བོ་ཡེ་ཤུ་ཁོང་ཉིད་ཕེབས་ཡོང་བའི་བར༌དུ། ཁྱོད་ཅག་གིས་བག་ལེབ་འདི་ཉིད་ཟ་ཞིང་ཕོར་བ་འདི་ལས་འཐུང་ཐེངས་རེ༌རེར་གཙོ་བོ་སྐུ་གྲོངས་པའི་གནས་ཚུལ་དེ་གསལ་པོར་སྟོན་པའི་ཕྱིར༌རོ།། 27དེའི༌ཕྱིར། མི་སུས་ཀྱང་ལུགས་དང་མི་མཐུན་པར་གཙོ་བོའི་བག་ལེབ་ཟ་ཞིང་ཕོར་བ་ལས་འཐུང་བ་ཡིན༌ན། མི་དེ་གཙོ་བོའི་སྐུ་ལུས་དང་སྐུ་ཁྲག་གཉིས་ཀྱི་དོན་དང་འགལ༌བའོ།། 28མི་སུས་ཀྱང་རང་ལ་བརྟགས་རྗེས་བག་ལེབ་དེ་ཟ་ཞིང་ཕོར་བ་དེ་ལས་འཐུང་འོས་པ་ཡིན། 29ཅིའི་ཕྱིར་ཞེ་ན། གཙོ་བོའི་སྐུ་ལུས་ཡིན་པ་མ་རྟོགས༌པར། བག་ལེབ་ཟ་ཞིང་ཕོར་བ་ལས་འཐུངས་ན་རང་ལ་ཉེས་ཆད་འཕོག་པའི་ཕྱིར༌ཡིན། 30དེ་བས་ཁྱོད་ཅག་གི་ཁྲོད་དུ་ལུས་སྟོབས་ཞན་པ་དང་ནད༌པ། ཚེ་ལས་འདས་པའང་མང་ངོ་།། 31བདག་ཅག་གིས་སྔོན་དུ་རང་ལ་བརྟགས་ན་ཉེས་ཆད་འཕོག་པར་མི་འགྱུར་རོ།། 32འོན༌ཀྱང༌། བདག་ཅག་ལ་ཁྲིམས་ཐག་གཅོད་པའི་དུས༌སུ། གཙོ་བོས་འཇིག་རྟེན་པ་དང་བདག་ཅག་ལ་མཉམ་དུ་ཉེས་ཆད་མི་གཅོད་པའི་ཕྱིར། ཁོང་གིས་བདག་ཅག་ལ་ཆད་པ་གནང་ངོ་།། 33བདག་གི་སྤུན་ཟླ༌རྣམས། ཁྱོད་ཅག་མཉམ་དུ་འཚོགས་ནས་གཙོ་བོའི་རྗེས་དྲན་གྱི་ཞལ་ཟས་ལ་རོལ་བའི་དུས༌སུ། ཕན་ཚུན་ལའང་སྒུག་དགོས་སོ།། 34གལ༌ཏེ། མི་ལ་ལ་བཀྲེས་ཤིང་ལྟོགས་པ་ཡིན༌ན། ཁྱོད་ཅག་མཉམ་དུ་འཚོགས་ནས་དཀོན་མཆོག་གི་ཉེས་ཆད་མི་འཕོག་པའི༌ཕྱིར། རང་ཁྱིམ་དུ་སྔོན་ལ་ཁ་ཟས་བཟའ་རུང༌། དོན་གཞན་དག་ནི་ང་རང་ཁྱོད་ཅག་གི་གམ་དུ་ཡོང་བའི་དུས་སུ་བཀོད་སྒྲིག༌བྱའོ།།

༡ ཀོ་རིན་ཐུ་པ 12

དམ་པའི་ཐུགས་ཉིད་ཀྱི་གནང༌སྦྱིན།

1སྤུན་ཟླ༌རྣམས། ཁྱོད་ཅག་ལ་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་སྐོར་ལེགས་པར་ཤེས་སུ་འཇུག་འདོད་དོ།། 2དེ་ཡང་ཁྱོད་རྣམས་ཀླ་ཀློ་ཡིན་པའི་དུས༌སུ། གཞན་གྱིས་ཁྲིད་ཅིང་བསླུ་བྲིད་ཐེབས་པ༌དང༌། སྐུ་འདྲ་ལྐུགས་པ་དག་ལ་བསྙེན་བཀུར་བྱས་པ་ནི་ཁྱོད་ཅག་གིས་ཤེས༌པ་ཡིན། 3དེའི༌ཕྱིར། ངས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་བརྟེན་ནས་སྨྲ་མཁན་སུ་ཞིག་གིས་ཀྱང་སྐྱབས་མགོན་ཡེ་ཤུ་ལ་དམོད་པ་བྱའོ་ཞེས་སྨྲ་མི་ནུས༌ལ། ཡང་དམ་པའི་ཐུགས་ཉིད་ལ་བརྟེན་ནས་སྨྲ་བ་ལས་གཞན། སུ་ཞིག་གིས་ཀྱང་སྐྱབས་མགོན་ཡེ་ཤུ་ནི་གཙོ་བོ་ལགས་ཞེས་སྨྲ་མི་ནུས་སོ།། 4གནང་སྦྱིན་གྱི་རྣམ་པ་ཐ་དད་ཡིན༌ཡང༌། དམ་པའི་ཐུགས་ཉིད་ནི་གཅིག་པུ་ལགས། 5ཞབས་ཕྱི་སྒྲུབ་ཚུལ་གྱི་རྣམ་པ་ཐ་དད་ཡིན༌ཡང༌། གཙོ་བོ་ནི་གཅིག་པུ་ཡིན། 6ཕན་ནུས་ཀྱི་རྣམ་པ་ཐ་དད་ཡིན༌ཡང༌། དཀོན་མཆོག་ནི་གཅིག་པུ་ལགས༌པས། མི་ཚོགས་ཀྱི་ནང་དུ་འཕྲིན་ལས་ཐམས་ཅད་མཛད༌པའོ།། 7མི་རེ་རེ་ལ་དམ་པའི་ཐུགས་ཉིད་མངོན་པ་ནི་མི་ཐམས་ཅད་ལ་ཕན་ཐོགས་པའི་ཕྱིར་ཡིན། 8ཅིའི་ཕྱིར་ཞེ་ན། མི་ཞིག་ལ་དམ་པའི་ཐུགས་ཉིད་ཀྱིས་ཤེས་རབ་ལྡན་པའི་སྨྲ་བརྗོད་གནང་བ༌དང༌། མི་གཞན་ཞིག་ལ་དམ་པའི་ཐུགས་ཉིད་གཅིག་ཁོ་ནས་ཤེས་རྟོགས་ལྡན་པའི་སྨྲ་བརྗོད་གནང༌བ་དང་། 9མི་གཞན་ཞིག་ལ་དམ་པའི་ཐུགས་ཉིད་གཅིག་ཁོ་ནས་དད་པ་བརྟན་པོ་གནང་བ༌དང༌། མི་གཞན་ཞིག་ལ་དམ་པའི་ཐུགས་ཉིད་གཅིག་ཁོ་ནས་ནད་གསོ་བའི་གནང་སྦྱིན་བསྩལ༌པ་དང་། 10མི་གཞན་ཞིག་ལ་དོན་ངོ་མཚར་ཅན་སྒྲུབ་པའི་ནུས་མཐུ་གནང་བ༌དང༌། མི་གཞན་ཞིག་ལ་ལུང་བསྟན་གནང་བའི་ནུས་པ་བསྩལ་པ་དང་། མི་གཞན་ཞིག་ལ་སེམས་ཉིད་སྣ་ཚོགས་ལ་རྣམ་པར་བརྟག་པའི་ནུས་པ་གནང་བ༌དང༌། མི་གཞན་ཞིག་ལ་སྐད་སྣ་ཚོགས་སྨྲ་བའི་ནུས་པ་གནང་ཞིང༌། མི་གཞན་ཞིག་ལ་སྐད་སྒྱུར་བའི་ནུས་པ་གནང་བའི་ཕྱིར༌རོ།། 11དེ་དག་ཐམས་ཅད་ནི་དམ་པའི་ཐུགས་ཉིད་གཅིག་ཁོ་ན་ཡིས་མཛད་ཅིང་ཁོང་གི་ཐུགས་དགོངས་བཞིན་དུ་མི་སོ་སོར་གནང༌བའོ།།

ལུས་པོ་གཅིག་ལ་ཡན་ལག་མང་བའི༌དཔེ།

12དེ་ཡང་ལུས་པོ་ནི་གཅིག་ཡིན་ཡང་དེ་ལ་ཡན་ལག་དུ་མ་ཡོད༌ཅིང༌། ཡན་ལག་ཐམས་ཅད་ནི་མང་ཡང་ལུས་པོ་གཅིག་གི་ཆ་ཤས་ཡིན༌ཏེ། སྐྱབས་མགོན་མཱ་ཤི་ཀའང་དེ་བཞིན་ལགས་སོ།། 13བདག་ཅག་ནི་ཡ་ཧུ་དཱ༌པའམ། གྷི་རིག་པའམ། བྲན་གཡོག༌གམ། རང་དབང་ཅན་བཅས་གང་ཞིག་ཡིན༌ཡང༌། ཐམས་ཅད་ལ་དམ་པའི་ཐུགས་ཉིད་གཅིག་ནས་སྐུ་ལུས་གཅིག་གི་ནང་ཁྲུས་གསོལ་ལ་ཞུགས་ཤིང་དམ་པའི་ཐུགས་ཉིད་གཅིག་ཁོ་ནའི་བཏུང་བྱ་གནང་བའོ༎ 14དེ་ཡང་ལུས་པོ་ནི་ཡན་ལག་གཅིག་ཁོ་ན་མ་ཡིན་པར་དེ་ལ་ཡན་ལག་མང་པོ་ཡོད༌དེ། 15རྐང་པ་ན༌རེ། བདག་ནི་ལག་པ་མིན༌པས། ལུས་པོར་མི་གཏོགས་ཞེས་ཟེར༌བའི་དབང་དུ་བཏང་ན། དེའི་རྐྱེན་གྱིས་རྐང་པ་དེ་ནི་ལུས་པོར་མི་གཏོགས་པ་ཞིག་མིན་ནོ།། 16ཡང་རྣ་བ་ན༌རེ། བདག་ནི་མིག་མིན༌པས། ལུས་པོར་མི་གཏོགས་ཞེས་ཟེར༌བའི་དབང་དུ་བཏང་ན། དེའི་རྐྱེན་གྱིས་རྣ་བ་དེ་ནི་ལུས་པོར་མི་གཏོགས་པ་ཞིག་མིན། 17ཡང་ལུས་ཧྲིལ་པོ་མིག་ཡིན༌ན། སྒྲ་ལ་ཉན་པའི་དབང་པོ་གང་དུ་ཡོད༌དམ། ཡང་ལུས་ཧྲིལ་པོ་རྣ་བ་ཡིན༌ན། དྲི་མ་སྣོམ་པའི་དབང་པོ་གང་དུ་ཡོད༌དམ། 18འོན༌ཀྱང༌། དཀོན་མཆོག་གིས་རང་ཉིད་ཀྱི་ཐུགས་དགོངས༌ལྟར། ཡན་ལག་རེ་རེ་བཞིན་ལུས་ཀྱི་གནས་སོ་སོར་བཞག༌པ་ཡིན་ནོ།། 19གལ༌ཏེ། ཡན་ལག་ཐམས་ཅད་ནི་ཡན་ལག་གཅིག་ཡིན༌ན། ལུས་པོ་ནི་གང་དུ་ཡོད༌དམ། 20འོན༌ཀྱང༌། ད་ལྟ་ཡན་ལག་ནི་མང་པོ་ཡོད་ཀྱང་ལུས་པོ་ནི་གཅིག་པུ་ལགས༌སོ།། 21ཡང་མིག་ན༌རེ། བདག་ལ་ཁྱོད་དགོས་དོན་མེད་ཅེས་ལག་པ་ལ་དེ་ལྟར་ཟེར་མི་ནུས༌ལ། མགོ་བོ་ན༌རེ། བདག་ལ་ཁྱོད་དགོས་དོན་མེད་ཅེས་རྐང་པ་ལའང་དེ་ལྟར་ཟེར་མི་ནུས་སོ།། 22དེ་ལས་ལྡོག་སྟེ། མི་རྣམས་ཀྱིས་ལུས་སྟེང་གི་ཡན་ལག་ཁ་ཤས་ལ་ནུས་པ་མེད་པར་བསམས༌ཀྱང༌། དོན་ལ་ཡན་ལག་དེ་དག་ནི་ལྷག་ཏུ་མེད་མི་རུང་བ་ཞིག་ཡིན། 23བདག་ཅག་གིས་ལུས་སྟེང་གི་ངོ་ཚར་རྩི་བའི་ཡན་ལག་ནི་དེ་ལས་ཀྱང་མཛེས་པར་བརྩིས་པ་དང་། ཡན་ལག་མི་མཛེས་པ་དག་ནི་ལྷག་ཏུ་མཛེས་ཤིང་སྡུག་པར་བྱེད་པ་ཡིན། 24བདག་ཅག་གི་མཛེས་ཤིང་སྡུག་པའི་ཡན་ལག་ལ་རྒྱན་ཆས་བརྒྱན་དགོས་དོན་མེད་མོད། འོན༌ཀྱང༌དཀོན་མཆོག་གིས་ལུས་པོ་ལེགས་པར་བསྒྲིགས་ཤིང་། ཡན་ལག་ཉམས་ཞན་ཡིན་པ་དེ་ལྡབ་འགྱུར་གྱིས་མཛེས་ཤིང་སྡུག་པར་མཛད་དེ། 25ལུས་པོའི་ནང་དུ་རིགས་མི་མཐུན་པ་མི་འབྱུང༌ཞིང༌། ཡན་ལག་དང་ཡན་ལག་བར་ལ་གཟིགས་སྐྱོང་བྱེད་པའི་ཕྱིར༌རོ།། 26གལ༌ཏེ། ཡན་ལག་གཅིག་གིས་སྡུག་བསྔལ་མྱོང་ན། ཡན་ལག་ཐམས་ཅད་ཀྱིས་ཀྱང་ལྷན་དུ་སྡུག་བསྔལ་མྱོང་བ་ཡིན། གལ༌ཏེ། ཡན་ལག་གཅིག་ལ་གཟི་བརྗིད་ཐོབ་ན། ཡན་ལག་ཐམས་ཅད་ཀྱང་མཉམ་དུ་སྤྲོ་བར་འགྱུར༌རོ།། 27ཁྱོད་ཅག་ནི་སྐྱབས་མགོན་མཱ་ཤི་ཀའི་སྐུ་ལུས་ཡིན༌ཞིང༌། མི་རེ་རེ་ནི་ཁོང་གི་ཡན་ལག་ཡིན་ནོ།། 28དེ་ཡང་དཀོན་མཆོག་གིས་ཆོས་ཚོགས་ནང་དུ་བསྐོས་པ་དང་པོ་ནི་སྐུ་ཚབ་པ༌དང༌། གཉིས་པ་ནི་ལུང་སྟོན༌པ། གསུམ་པ་ནི་སློབ་དཔོན་བཅས་ཡིན༌ལ། དེ་ནས་རིམ་བཞིན་ངོ་མཚར་བའི་དོན་བྱེད་མཁན༌དང༌། ནད་གསོ་བའི་གནང་སྦྱིན་ཐོབ་མཁན། རོགས་རམ་བྱེད༌མཁན། བྱ་བ་གཉེར་མཁན། སྐད་སྣ་ཚོགས་སྨྲ་མཁན་བཅས་ལགས་སོ།། 29འོན༌ཀྱང༌། དེ་དག་ཐམས་ཅད་ནི་སྐུ་ཚབ་པ་ཡིན༌ནམ། དེ་དག་ཐམས་ཅད་ནི་ལུང་སྟོན་པ་ཡིན༌ནམ། དེ་དག་ཐམས་ཅད་ནི་སློབ་དཔོན་ཡིན༌ནམ། དེ་དག་ཐམས་ཅད་ནི་ངོ་མཚར་བའི་དོན་བྱེད་མཁན་ཡིན་ནམ་ཞེ་ན་མ་ཡིན། 30ཡང་དེ་དག་ཐམས་ཅད་ལ་ནད་གསོ་བའི་གནང་སྦྱིན་ཐོབ་ཡོད༌དམ། དེ་དག་ཐམས་ཅད་ནི་སྐད་གཞན་སྨྲ་མཁན་ཡིན༌ནམ། དེ་དག་ཐམས་ཅད་ནི་སྐད་སྒྱུར་པ་ཡིན་ནམ་ཞེ་ན་མ་ཡིན་ནོ།། 31འོན༌ཀྱང༌། ཁྱོད་ཅག་གིས་ངེས་པར་གནང་སྦྱིན་ཆེན་པོར་དམིགས་དགོས་ལ། བདག་གིས་ད་ལྟ་ཁྱོད་ཅག་ལ་ལམ་ཕུལ་དུ་བྱུང་བ་ཞིག་སྟོན་པར༌བྱའོ།།

༡ ཀོ་རིན་ཐུ་པ 13

བྱམས་པའི༌སྐོར།

1དེ་ཡང་བདག་གིས་མི་དང་ཕོ་ཉ་རྣམས་ཀྱི་སྐད་སྣ་ཚོགས་སྨྲ་ཡང་བྱམས་པ་མེད༌ན། བདག་ནི་འཁར་རྔ་དང་སྦུབ་ཆ་རྡུང་བའི་སྒྲ་གྲགས་པ་ལྟ་བུར་གྱུར་པ་ཡིན་ནོ།། 2གལ༌ཏེ། བདག་ལ་ལུང་བསྟན་གནང་བའི་ནུས་པ་ལྡན༌ཞིང༌། གསང་བ་དང་ཤེས་བྱ་ཐམས་ཅད་རྟོགས་པ་དང་། རི་བོ་སྤོར་ནུས་པའི་དད་པ་ཡོད་ཀྱང་བྱམས་པ་མེད༌ན། བདག་ནི་ཅི་ཡང་མ་ཡིན། 3གལ༌ཏེ། བདག་གིས་རང་ལ་ཡོད་པ་ཐམས་ཅད་དབུལ་པོ་རྣམས་ལ་སྦྱིན༌ཞིང༌། རང་ལུས་སྤངས་ནས་མེ་རུ་བསྲེགས༌ཀྱང༌། བྱམས་པ་མེད༌ན། བདག་ལ་ཕན་ཐོགས་ཅི་ཡང་མེད༌དོ།། 4བྱམས་པ་ནི་རྟག་བརྟན་གྱི་བཟོད་བསྲན༌དང༌། སྙིང་རྗེ་ལྡན༌པ། ཕྲག་དོག་མེད༌པ། རང་བསྟོད་མི་བྱེད༌པ། ང་རྒྱལ་མེད༌པ། 5ངོ་གནོང་བའི་ལས་མི་བྱེད༌པ། རང་དོན་མི་སེམས༌པ། རང་དགར་མི་ཁྲོ༌བ། གཞན་གྱི་ཉེས་སྐྱོན་སེམས་སུ་མི་འཛིན༌པ། 6དྲང་བདེན་མིན་པར་མི་དགའ་ཞིང་བདེན་པ་ཁོ་ནར་དགའ༌བ། 7དོན་ཀུན་ལ་ཐུགས་རྒྱ་ཡངས༌པ། དོན་ཀུན་ལ་ཡིད་ཆེས༌པ། དོན་ཀུན་ལ་རེ་སྒུག་བྱེད༌པ། དོན་ཀུན་ལ་བཟོད་བསྲན་བྱེད་པ་ཞིག་ཡིན༌ནོ།། 8བྱམས་པ་ལ་ཟད་མཐའ་མེད༌ཀྱང༌། ལུང་བསྟན་གནང་བའི་ནུས་པ་ནི་མཐའ་མར་རྫོགས་པར་འགྱུར༌ལ། སྐད་གཞན་སྨྲ་བའི་ནུས་པ་མཐའ་མར་མཚམས་ཆད་པ༌དང༌། ཤེས་བྱ་ཡང་མཐའ་མར་མེད་པར་འགྱུར་ངེས༌ཡིན། 9རྒྱུ་མཚན་ནི་ད་ལྟ་བདག་ཅག་གིས་རྟོགས་པའི་ཤེས་བྱ་ཆ་མི་ཚང༌ལ། ལུང་བསྟན་གནང་བའང་ཆ་མི་ཚང་ངོ་།། 10འོན་ཀྱང་། ཕུན་སུམ་ཚོགས་པ་དེ་ཉིད་ཡོང་བའི་ཚེ། ཆ་མི་ཚང་བ་དེ་དག་མེད་པར་འགྱུར། 11ང་རང་བྱིས་པ་ཡིན་དུས། བདག་གི་སྨྲ་བརྗོད༌དང༌། སེམས༌པ། བསམ་གཞིགས་བཅས་ནི་བྱིས་པ་དང་འདྲ༌ཞིང༌། ན་ཚོད་ཇེ་ཆེར་སོང་བ་ན་བྱིས་པའི་ངང་ཚུལ་སྤངས༌པ་ཡིན། 12ད་ལྟ་བདག་ཅག་གིས་མེ་ལོང་ངོས་ལས་རབ་རིབ་ཀྱི་གཟུགས་བརྙན་མཐོང་བ་དང་མཚུངས༌མོད། འོན༌ཀྱང༌། དུས༌དེ་སླེབ་པ་ན། བདག་ཅག་གིས་ཁ་གཏད་དུ་མཐོང་བར་ངེས། ད་ལྟ་བདག་གིས་ཤེས་པ་ནི་ཆ་མི་ཚང་ཡང༌། ཁོང་གིས་ང་རང་ཡོངས་སུ་མཁྱེན་པ༌བཞིན། དུས་དེ་ལ་བདག་གིས་ཡོངས་སུ་རྟོགས་པར་འགྱུར་རོ།། 13ད་ལྟ་ནམ་རྒྱུན་ཡོད་པ་ནི་དད་པ༌དང༌། རེ༌བ། བྱམས་པ་གསུམ་པོ་ཡིན༌ལ། དེ་ལས་ཆེས་མཆོག་ཏུ་གྱུར་པ་ནི་བྱམས་པ་ཡིན༌ནོ།།

༡ ཀོ་རིན་ཐུ་པ 14

ལུང་བསྟན་དང་སྐད་གཞན་སྨྲ་བའི་གནང་སྦྱིན༌སྐོར།

1ཁྱོད་ཅག་གིས་བྱམས་པ་ལ་བརྩོན་པར་བྱ༌ཞིང༌། དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་ལའང་བརྩོན་པ༌དང༌། དེ་ལས་ཀྱང་ལུང་བསྟན་གནང་བར་བརྩོན་པར༌བྱའོ།། 2རྒྱུ་མཚན་ནི་སྐད་གཞན་སྨྲ་མཁན་གྱིས་མི་གཞན་དག་ལ་སྨྲས་པ་མ་ཡིན༌པར། དཀོན་མཆོག་ལ་ཞུས་པ་ཡིན་པས་མི་སུས་ཀྱང་དོན་གོ་མ་ཐུབ༌ནའང༌། ཁོས་དམ་པའི་ཐུགས་ཉིད་ལ་བརྟེན་ནས་གསང་བ་སྣ་ཚོགས་སྨྲ་བར་བྱེད། 3འོན༌ཀྱང༌། ལུང་སྟོན་པར་བྱེད་པ་ནི་མི་གཞན་རྣམས་ལ་སྨྲ་བ་ཡིན༌ཏེ། མི་སྐྱེད་སྲིང་བྱེད་པ༌དང༌། མི་ལ་སྐུལ་མ་གནང་བ། མི་ལ་སེམས་གསོ་བྱེད༌པ་བཅས༌ཡིན། 4སྐད་གཞན་སྨྲ་མཁན་གྱིས་རང་ཉིད་ཡར་སྐྱེད་བྱེད༌ཅིང༌། ལུང་སྟོན་པས་ཆོས་ཚོགས་ཡར་སྐྱེད་བྱེད༌པ་ཡིན་ནོ།། 5བདག་གི་རེ་བ་ནི་ཁྱོད་ཅག་ཚང་མས་སྐད་གཞན་སྨྲ་བ༌དང༌། དེ་བས་ཀྱང་ལུང་བསྟན་གནང་མཁན་དུ་བྱས་ན་ལེགས་སོ།། ཅིའི་ཕྱིར་ཞེ་ན། སྐད་གཞན་སྨྲ་མཁན་གྱི་ཚིག་དོན་ལ་སྐད་སྒྱུར་མ་བྱས༌ན། ཆོས་ཚོགས་སྐྱེད་སྲིང་བྱེད་པར་མི་ཕན༌པས། ལུང་སྟོན་པ་ནི་དེ་ལས་ལྷག་པའི་ཕྱིར༌རོ།། 6སྤུན་ཟླ༌རྣམས། གལ༌ཏེ། ང་རང་ཁྱོད་ཅག་གི་གམ་དུ་ཡོང་ནས་སྐད་གཞན་ཁོ་ན་སྨྲ༌ཞིང༌། གསང་བ་མངོན་པའམ། ཤེས་རྟོགས་སམ། ལུང༌བསྟན་ནམ། ཁྲིད་སྟོན་བཅས་ཀྱི་སྒོ་ནས་གསལ་བཤད་མ་བྱས༌ན། བདག་ནི་ཁྱོད་རྣམས་ལ་ཕན་ཐོགས་ཅི་ཡོད་དམ། 7སེམས་མེད་ཀྱི་དངོས་པོ་གླིང་བུའམ་པི་ཝང་སོགས་ལས་བྱུང་བའི་སྒྲ་དབྱངས་ལ་ཁྱད་པར་མེད༌ན། གང་ཞིག་གླིང་བུའི་སྒྲ་དང་གང་ཞིག་པི་ཝང་གི་སྒྲ་ཡིན་པ་ཇི་ལྟར་ཤེས༌སམ། 8གལ༌ཏེ། དུང་བརྡ་མི་གསལ་བ་ཞིག་བཏང༌ན། སུ་ཞིག་གིས་དམག་འཐབ་ལ་སྟ་གོན་བྱེད༌དམ། 9དེ་བཞིན་དུ་ཁྱོད་ཅག་གིས་ཀྱང་སྨྲ་བརྗོད་གསལ་པོར་མ་སྨྲས༌ན། ཁྱོད་ཅག་གིས་ཅི་ཞིག་སྨྲ་བ་སུ་ཞིག་གིས་ཤེས༌སམ། དེ་ནི་བར་སྣང་ལ་གཏམ་བཤད་པ་བཞིན༌ནོ།། 10འཇིག་རྟེན་དུ་སྐད་རིགས་ཅི་འདྲ་མང༌ཡང༌། ནང་དོན་མེད་པའི་སྐད་རིགས་གཅིག་ཀྱང་མེད། 11གལ༌ཏེ། ངས་མི་གཞན་གྱིས་སྨྲས་པའི་སྐད་རིགས་མ་གོ༌ན། སྨྲ་མཁན་དེ་ནི་ངའི་མདུན་དུ་མཐའ་འཁོབ་པ་ལྟ་བུ་ཡིན༌ཞིང༌། སྨྲ་མཁན་དེའི་མདུན་དུ་ང་རང་ཡང་མཐའ་འཁོབ་པ་ལྟ་བུ་ཡིན་ནོ།། 12དེ་བས་ཁྱོད་རྣམས་ཀྱང་དེ་བཞིན༌ཏེ། དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་འཐོབ་པར་བརྩོན༌པས། ཆོས་ཚོགས་སྐྱེད་སྲིང་བྱེད་པའི་གནང་སྦྱིན་འཐོབ་པ་ལ་ལྷག་ཏུ་བརྩོན་པར་གྱིས༌ཤིག།། 13དེའི༌ཕྱིར། སྐད་གཞན་སྨྲ་མཁན་གྱིས་དེ་ལ་སྐད་སྒྱུར་བྱེད་ནུས་པའི་ཕྱིར་གསོལ་བ་འདེབས་པར༌བྱའོ།། 14གལ༌ཏེ། བདག་གིས་སྐད་གཞན་སྨྲ་བའི་ངང་ནས་གསོལ་བ་བཏབ༌ན། ངའི་སེམས་ཉིད་ཀྱི་ངང་ནས་གསོལ་བ་བཏབ་པ་ཡིན༌ཡང༌། བདག་གི་བློ་གྲོས་ལ་ཕན་ཐོགས་མེད། 15དེ་ལྟར་ཡིན༌ན། བདག་གིས་ཅི་བྱའམ། ངས་སེམས་ཉིད་ཀྱི་ངང་ནས་གསོལ་བ་འདེབས་དགོས་ལ། བློ་གྲོས་ཀྱི་ངང་ནས་ཀྱང་གསོལ་བ་འདེབས་དགོས། ཡང་སེམས་ཉིད་ཀྱི་ངང་ནས་གླུ་ལེན་དགོས་ལ། བློ་གྲོས་ཀྱི་ངང་ནས་ཀྱང་གླུ་ལེན་དགོས། 16དེ་ལྟར་མ་ཡིན༌ན། ཁྱོད་ཅག་གིས་སེམས་ཉིད་ཀྱི་ངང་ནས་བསྟོད་བསྔགས་བརྗོད་པའི༌ཚེ། གནས་དེར་ཡོད་པའི་སྐད་གཞན་མི་གོ་བ་རྣམས་ཀྱིས་ཁྱོད་ཀྱི་སྐད་ཆ་མི་གོ༌བས། ཁྱོད་ཀྱིས་དྲིན་ལན་གྱི་ཞུ་ཚིག་འབུལ་དུས་སུ་ཞིག་གིས་ཨ་མེན་ཞེས་སྨྲ་བར་ནུས་སམ། 17ཁྱོད་ཅག་གིས་དྲིན་ལན་གྱི་ཞུ་ཚིག་ཕུལ་བ་ནི་ལེགས༌ནའང༌། མི་གཞན་སྐྱེད་སྲིང་བྱེད་པར་ཕན་ཐོགས་ཅི་ཡང་མེད༌དོ།། 18བདག་གིས་སྐད་གཞན་སྨྲ་བ་ནི་ཁྱོད་ཅག་ཐམས་ཅད་ལས་ཀྱང་མང་བས་ངས་དཀོན་མཆོག་ལ་ཐུགས་རྗེ༌ཆེ་ཞུའོ།། 19འོན༌ཀྱང༌། ཆོས་ཚོགས་ཀྱི་ནང་དུ་བློ་གྲོས་ལ་བརྟེན་ནས་མི་གཞན་ལ་ཁྲིད་སྟོན་བྱེད་པའི་ཚིག་ལྔ་སྨྲ་འདོད་ཅིང་། དེ་ནི་སྐད་གཞན་ཆིག་ཁྲི་སྨྲས་པ་ལས་ཀྱང་མཆོག་ཏུ་གྱུར་པ་ཡིན༌ནོ།། 20སྤུན་ཟླ༌རྣམས། བསམ་བློའི་ཆ་ནས་བྱིས་པ་བཞིན་དུ་མ་ཡིན༌པར། དོན་ངན་པའི་ཆ་ནས་བྱིས་པ་ལྟ་བུ་ཡིན་དགོས༌ཀྱང༌། བསམ་བློའི་ཆ་ནས་མི་དར་མ་བཞིན་དུ་ཡིན་པར༌གྱིས། 21དེ་ལ་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་མདོ༌ལས། གཙོ་བོས་འདི་སྐད༌དུ། བདག་གིས་ཕྱི་ཕྱོགས་མི་རྣམས༌ཀྱི།། སྐད་གཞན་དང་ནི་སྨྲ་སྒོ༌བཞིན།། སྨྲ་བར་བྱ་ཡང་མི་རྒྱུད་ཀྱིས།། བདག་གི་གཏམ་ལ་མི་མཉན༌ནོ།། ཞེས་གསུངས༌པ་བཀོད་ཡོད་དོ།། 22དེས༌ན། སྐད་གཞན་སྨྲ་བ་ནི་དད་ལྡན་རྣམས་ལ་བདེན་དཔང་བྱེད་པའི་ཕྱིར་མ་ཡིན༌པར། དད་པ་མེད་པ་རྣམས་ལ་བདེན་དཔང་བྱེད་པའི་ཕྱིར་ཡིན༌ལ། ལུང་བསྟན་གནང་བ་ནི་དད་པ་མེད་པ་རྣམས་ལ་བདེན་དཔང་བྱེད་པའི་ཕྱིར་མ་ཡིན༌པར། དད་ལྡན་རྣམས་ལ་བདེན་དཔང་བྱེད་པའི་ཕྱིར་ཡིན་ནོ།། 23དེའི༌ཕྱིར། ཆོས་ཚོགས་ཀྱི་མི་ཐམས་ཅད་གནས་གཅིག་ཏུ་འཛོམས་ཤིང་ཀུན་གྱིས་སྐད་གཞན་སྨྲ་བ༌ན། སྟབས་དབང་གིས་སྐད་གཞན་མི་གོ་བའམ་དད་པ་མེད་པའི་མི་འགའ་ཡོང༌ཚེ། ཁྱོད་རྣམས་སྨྱོས་འདུག་ཅེས་ཟེར་བ་མིན༌ནམ། 24གལ༌ཏེ། མི་ཐམས་ཅད་ཀྱིས་ལུང་བསྟན་གནང་བའི་དུས་སུ། གློ་བུར་དུ་དད་པ་མེད་པའམ་སྐད་གཞན་མི་གོ་བའི་མི་ཞིག་ཡོང༌ཚེ། མི་ཚོགས་ཐམས་ཅད་ཀྱིས་དེ་ལ་ཁ་ཏ་བསླབ་བྱ་གཏོང་བ་དང་དྲི་བ་དྲིས་ཏེ། 25རང་སེམས་ཀྱི་གསང་བ་ཕྱིར་མངོན་པར་འགྱུར༌བས། མི་དེས་ལུས་པོ་སར་བཏུད་ནས་དཀོན་མཆོག་ལ་ཕྱག་འཚལ༌ཏེ། དཀོན་མཆོག་ནི་དངོས་གནས་ཁྱོད་ཅག་གི་ཁྲོད་དུ་བཞུགས་ཞེས་བསྔགས་བརྗོད་བྱ་ངེས༌སོ།།

ཆོས་ཚོགས་ཀྱི་སྒྲིག༌ལམ།

26སྤུན་ཟླ༌རྣམས། དེས་ན་འདི་ནི་ཅི་ལྟར་ཡིན༌ནམ། ཁྱོད་ཅག་མཉམ་དུ་འཛོམས་པའི་དུས༌སུ། མི་ལ་ལས་བསྟོད་དབྱངས་འབུལ་བ༌དང༌། ལ་ལས་ཆོས་འཆད་པ། ལ་ལས་གསང་བ་མངོན་པ། ལ་ལས་སྐད་གཞན་སྨྲ༌བ། ལ་ལས་སྐད་སྒྱུར་བྱེད་པ་བཅས་ཐམས་ཅད་ཀྱིས་མི་རྣམས་སྐྱེད་སྲིང་བྱེད་དགོས་སོ།། 27གལ༌ཏེ། སྐད་གཞན་སྨྲ་མཁན་ཡོད༌ན། མི་གཉིས་སམ་མང་ན་མི་གསུམ་གྱིས་རེས་མོས་ངང་ནས་སྨྲ་ཞིང་མི་ཞིག་གིས་སྐད་སྒྱུར་བྱེད་དགོས། 28གལ༌ཏེ། སྐད་སྒྱུར་བྱེད་མཁན་མེད༌ན། སྐད་གཞན་སྨྲ་མཁན་གྱིས་ཆོས་ཚོགས་ནང་དུ་ཅི་ཡང་མི་སྨྲ༌བར། རང་ཉིད་དང་དཀོན་མཆོག་ཁོ་ནར་སྨྲ་བར༌བྱའོ།། 29ལུང་སྟོན་པ་མི་གཉིས་སམ་གསུམ་གྱིས་ལུང་བསྟན་གནང་བར་བྱ༌ཞིང༌། གཞན་དག་གིས་བསམ་གཞིགས་བཏང་ནས་རྟོག་དཔྱོད༌བྱའོ།། 30གལ༌ཏེ། གནས་དེར་སྡོད་མཁན་གྱི་མི་གཞན་ཞིག་ལ་མངོན་པར་གྱུར་ན། སྔོན་དུ་ལུང་སྟོན་མཁན་དེ་ནི་ཁ་རོག་ཏུ་སྡོད་འོས༌པ་ཡིན། 31ཅིའི་ཕྱིར་ཞེ་ན། ཁྱོད་ཐམས་ཅད་ཀྱིས་རེ་རེ་བཞིན་ལུང་བསྟན་གནང་བར་བྱ་སྟེ། མི་ཀུན་གྱིས་བསླབ་ཅིང་སྐུལ་མ་ཐེབས་པའི་ཕྱིར༌རོ།། 32ལུང་སྟོན་པའི་སེམས་ཉིད་ནི་མ་གཞི་ལུང་སྟོན་པ་རྣམས་ལ་བསྟུན་པ་ཡིན་ཏེ། 33དཀོན་མཆོག་ནི་མི་ལ་མགོ་རྙོག་པར་མཛད་པའི་དཀོན་མཆོག་མ་ཡིན༌པར། མི་ལ་ཞི་མཐུན་ཡོང་བར་མཛད་པའི་དཀོན་མཆོག་ཡིན་པས༌སོ།། དད་ལྡན་དམ་པ་རྣམས་ཀྱི་ཆོས་ཚོགས་ཐམས་ཅད་ཀྱི་ནང་དུ། 34བུད་མེད་དག་གིས་གཏམ་མི་སྨྲ་བར་གྱིས། ཅིའི་ཕྱིར་ཞེ་ན། བཀའ་ཁྲིམས་ལས་གསུངས་པ༌བཞིན་དུ། ཁོ་མོ་རྣམས་ཀྱིས་གཏམ་མི་སྨྲ་ཞིང་རྣམ་པ་ཀུན་ཏུ་བསྟུན་དགོས་སོ།། 35གལ༌ཏེ། ཁོ་མོ་རྣམས་ཀྱིས་གང་ཞིག་བསླབ་འདོད༌ན། རང་གི་ཁྱིམ་ནས་རང་ཉིད་ཀྱི་ཁྱོ་གར་དྲི་བར་བྱ༌སྟེ། བུད་མེད་རྣམས་ཀྱིས་ཆོས་ཚོགས་ནང་དུ་གཏམ་སྨྲ་བ་ནི་ངོ་གནོང་བ་ཞིག་ཡིན་པའི་ཕྱིར༌རོ།། 36དཀོན་མཆོག་གི་བཀའ་ནི་ཁྱོད་ཅག་ལས་བྱུང་བ་ཞིག་ག་ནས༌ཡིན། ཁྱོད་ཅག་ཁོ་ན་ལ་ཐོབ་པ་ཞིག་ཀྱང་ག་ནས༌ཡིན། 37གལ༌ཏེ། མི་ཞིག་གིས་རང་ཉིད་ནི་ལུང་སྟོན༌པའམ། ཡང་ན་ཐུགས་ཉིད་དང་ལྡན་པ་ཞིག་ཡིན་པར་འདོད༌ན། བདག་གིས་ཁྱོད་རྣམས་ལ་བྲིས་པ་དེ་དག་ནི་གཙོ་བོའི་བཀའ་ཡིན་པ་ཤེས་པར་གྱིས། 38གལ༌ཏེ། སུ་ཞིག་གིས་དོན་འདི་ལ་དོ་སྣང་མི་བྱེད་ན། མི་དེ་ལའང་དོ་སྣང་བྱེད་མི་དགོས་སོ།། 39དེའི༌ཕྱིར། བདག་གི་སྤུན་ཟླ༌རྣམས། ཁྱོད་རྣམས་ཀྱིས་ལུང་བསྟན་གནང་བར་བརྩོན་པ༌དང༌། སྐད་གཞན་སྨྲ་བའང་འགོག་པར་མི༌བྱ་བར། 40དོན་ཐམས་ཅད་ཚུལ་དང་མཐུན་པའི་སྒོ་ནས་གོ་རིམ་བཞིན་དུ་བསྒྲུབ་དགོས༌སོ།།

༡ ཀོ་རིན་ཐུ་པ 15

ཡེ་ཤུ་མཱ་ཤི་ཀའི་སླར་གསོན༌སྐོར།

1སྤུན་ཟླ༌རྣམས། ད་ལྟ་བདག་གིས་སྔོན་ཆད་ཁྱོད་རྣམས་ལ་བསྒྲགས་མྱོང་བའི་འཕྲིན་བཟང་ཁྱོད་རྣམས་ཀྱིས་རྟོགས་དགོས་པ་དེ་སྨྲ་བར༌བྱ་སྟེ། འཕྲིན་བཟང་དེ་ནི་ཁྱོད་ཅག་གིས་དང་དུ་བླངས་ཤིང་དེ་ལ་བརྟེན་ནས་དད་པ་བརྟན་པོར་གནས༌པ་ཡིན་ནོ།། 2བདག་གིས་བསྒྲགས་པའི་འཕྲིན་བཟང་དེ་ཉིད་ཁྱོད་རྣམས་ཀྱིས་རྒྱུན་འཁྱོངས་བྱས༌ན། འཕྲིན་བཟང་དེ་ལ་བརྟེན་ནས་ཁྱོད་ཅག་ལ་ཐར་པ་འཐོབ་ངེས༌ཤིང༌། དེ་ལྟར་མ་ཡིན༌ན། ཁྱོད་ཅག་གིས་དད་པ་བྱས་པར་སྙིང་པོ་མེད༌དོ།། 3དེ་ཡང་སྔོན་ཆད་བདག་གིས་འཕྲིན་བཟང་གལ་ཆེན་དེ་ཉིད་དང་དུ་བླངས་ཤིང་ཁྱོད་རྣམས་ལའང་བསྒྲགས་མྱོང༌སྟེ། གསུང་རབ་ལས་གསུངས་པ༌བཞིན། སྐྱབས་མགོན་མཱ་ཤི་ཀ་ནི་བདག་ཅག་གི་སྡིག་པའི་ཕྱིར་སྐུ་གྲོངས༌ཤིང༌། 4སྐུ་གདུང་དུར་དུ་བཅུག་པ་ཡིན། ཡང་གསུང་རབ་ལས་གསུངས་པ༌བཞིན། ཉིན་གསུམ་པར་ཁོང་ཉིད་སླར་གསོན་དུ་མཛད་པར་མ༌ཟད། 5ཀེ་ཕཱ་ལ་མངོན་པར་མཛད་པ༌དང༌། དེ་ནས་སྐུ་ཚབ་པ་བཅུ་གཉིས་ལ་མངོན་པར་མཛད་དོ།། 6དེའི༌རྗེས་སུ། དུས་གཅིག་ཏུ་སྤུན་ཟླ་ལྔ་བརྒྱ་ལྷག་ལ་མངོན་པར་མཛད༌ཅིང༌། རྗེས་འབྲང་པ་དེ་དག་ལས་འགའ་ཞིག་ཚེ་ལས་འདས༌ཀྱང༌། མང་ཤོས་ནི་ད་ལྟའི་བར་དུ་བཞུགས༌པ་ཡིན། 7དེའི་རྗེས༌སུ། ཡ་ཀོབ་ལ་མངོན་པར་མཛད་པ༌དང༌། དེ་ནས་སྐུ་ཚབ་པ་ཐམས་ཅད་ལའང་མངོན་པར་མཛད་ཅིང་། 8མཇུག་མཐར་བདག་ནི་སྐྱེ་རན་ལ་མ་ཐོན་པར་སྐྱེས་པའི་ཕྲུ་གུ་དང་མཚུངས་པར་བདག་ལའང་མངོན་པར་མཛད་དོ།། 9བདག་གིས་སྔོན་ཆད་དཀོན་མཆོག་གི་ཆོས་ཚོགས་ལ་གཉའ་གནོན་བྱས་མྱོང༌བས། བདག་ནི་སྐུ་ཚབ་པ་ཐམས་ཅད་ལས་ཆེས་ཆུང་བ་ཡིན༌ལ། སྐུ་ཚབ་པ་ཞེས་པའི་མིང་ཡང་ཐོགས་མི་འོས་སོ།། 10འོན༌ཀྱང༌། ད་ལྟ་བདག་མི་ཅི་ལྟ་བུ་ཞིག་ཏུ་གྱུར་པ་ནི་དཀོན་མཆོག་གི་ཐུགས་རྗེའི་དབང་གིས་ཡིན༌ལ། ཁོང་གིས་བདག་ལ་གནང་བའི་ཐུགས་རྗེ་ནི་སྙིང་པོ་མེད་པ་ཞིག་མིན༌ཏེ། བདག་གིས་སྐུ་ཚབ་པ་གཞན་དག་ལས་ཀྱང་ངལ་དུབ་མང་པོ་མྱངས། དོན་དམ་དུ་ང་རང་མིན༌ཏེ། དཀོན་མཆོག་གི་ཐུགས་རྗེ་བདག་དང་ལྷན་དུ་གནས་པ་ལགས། 11བདག་དང་སྐུ་ཚབ་པ་གཞན་སུ་ཞིག་ཡིན༌ཡང༌། ངེད་ཅག་གིས་དེ་ལྟར་ཆོས་བསྒྲགས་ཤིང་ཁྱོད་རྣམས་ཀྱིས་ཀྱང་དེ་ལྟར་དད་པ་བྱས༌སོ།།

གཤིན་པོ་རྣམས་སླར་གསོན་པའི༌དོན།

12དེ་ཡང་སྐྱབས་མགོན་མཱ་ཤི་ཀ་ནི་སྐུ་གྲོངས་པ་ནས་སླར་གསོན་པ་ཡིན་ཞེས་སྒྲོག་བཞིན་ཡོད༌ན། ཁྱོད་ཅག་གི་ཁྲོད་དུ་མི་ཁ་ཤས་ཀྱིས་གཤིན་པོ་རྣམས་སླར་གསོན་པར་འགྱུར་བའི་དོན་དེ་མེད་ཟེར་བ༌ཅི། 13གལ༌ཏེ། གཤིན་པོ་རྣམས་སླར་གསོན་པར་མི་འགྱུར༌ན། སྐྱབས་མགོན་མཱ་ཤི་ཀའང་སླར་གསོན་པ་མིན། 14སྐྱབས་མགོན་མཱ་ཤི་ཀ་སླར་གསོན་པ་མིན༌ན། ངེད་ཅག་གིས་ཆོས་སྒྲོག་པར་སྙིང་པོ་མེད༌ཅིང༌། ཁྱོད་ཅག་གིས་དད་པ་བྱས་པ་ལའང་སྙིང་པོ་མེད་དོ།། 15ད་དུང་གཤིན་པོ་རྣམས་སླར་གསོན་པར་མི་འགྱུར་ཞེས་པ་དེ་བདེན་པ་ཡིན་ན། དཀོན་མཆོག་གིས་ཀྱང་སྐྱབས་མགོན་མཱ་ཤི་ཀ་སླར་གསོན་པར་མཛད་པ་མིན༌ལ། དཀོན་མཆོག་གིས་སྐྱབས་མགོན་མཱ་ཤི་ཀ་སླར་གསོན་པར་མཛད་པ་ལ་ངེད་ཅག་གིས་བདེན་དཔང་བྱས༌པས། ངེད་ཅག་ནི་དཀོན་མཆོག་ལ་རྫུན་གྱི་དཔང་པོ་བྱེད་མཁན་ཡིན་པ་གསལ་པོར་མངོན། 16རྒྱུ་མཚན་ནི་གཤིན་པོ་རྣམས་སླར་གསོན་པ་མིན༌ན། སྐྱབས་མགོན་མཱ་ཤི་ཀའང་སླར་གསོན་པ་མ་ཡིན་པའི་ཕྱིར༌རོ།། 17གལ༌ཏེ། སྐྱབས་མགོན་མཱ་ཤི་ཀ་སླར་གསོན་པ་མིན༌ན། ཁྱོད་ཅག་གིས་དད་པ་བྱས་པར་སྙིང་པོ་མེད༌ཅིང༌། ཁྱོད་རྣམས་ནི་ད་དུང་སྡིག་པའི་ནང་དུ་ཡོད༌དེ། 18སྐྱབས་མགོན་མཱ་ཤི་ཀའི་དད་ལྡན་འདས་པོ་རྣམས་འཇིག༌པ་ཡིན་ནོ།། 19གལ༌ཏེ། བདག་ཅག་གིས་ཚེ་འདི་ཁོ་ནའི་ཆེད་དུ་སྐྱབས་མགོན་མཱ་ཤི་ཀར་སྐྱབས་སུ་བཅོལ་བ་ཡིན༌ན། མི་ཐམས་ཅད་ལས་ཀྱང་བདག་ཅག་སྙིང་རེ༌རྗེའོ།། 20འོན༌ཀྱང༌། སྐྱབས་མགོན་མཱ་ཤི་ཀ་སྐུ་གྲོངས་པ་ནས་སླར་གསོན༌ཏེ། དད་ལྡན་འདས་པོ་རྣམས་ཀྱི་འབྲས་བུ་ཐོག་མར་གྱུར་པ་ཡིན་ནོ།། 21དེ་ཡང་མི་གཅིག་གི་རྐྱེན་ལས་འཆི་བ་བྱུང་བ༌བཞིན། མི་གཅིག་གི་རྐྱེན་ལས་གཤིན་པོ་རྣམས་སླར་གསོན་པའི་དོན་དེའང་བྱུང་སྟེ། 22ཨ་དམ་བརྒྱུད་ནས་མི་ཐམས་ཅད་ཤི་བ༌ལྟར། སྐྱབས་མགོན་མཱ་ཤི་ཀ་བརྒྱུད་ནས་མི་ཐམས་ཅད་སླར་གསོན་པར་འགྱུར་ངེས༌ཡིན། 23འོན༌ཀྱང༌། མི་ཐམས་ཅད་ནི་རིམ་པ་ལྟར་སླར་གསོན་ངེས༌ཏེ། འབྲས་བུ་ཐོག་མར་གྱུར་པ་ནི་སྐྱབས་མགོན་མཱ་ཤི་ཀ་ལགས༌ཤིང༌། ཕྱིས་སུ་ཁོང་ཉིད་ཕེབས་ཡོང་བའི་དུས་སུ། ཁོང་ལ་གཏོགས་པ་རྣམས་སླར་གསོན་པར་འགྱུར་ངེས༌ཡིན། 24དེའི་རྗེས༌སུ། སྐྱབས་མགོན་མཱ་ཤི་ཀས་སྲིད་འཛིན་མཁན༌དང༌། དབང་འཛིན༌མཁན། ནུས་མཐུ་ཅན་ཐམས་ཅད་ཕམ་པར་མཛད༌དེ། རྒྱལ་སྲིད་དེ་ཉིད་ཡབ་དཀོན་མཆོག་ལ་འབུལ་བའི་སྐབས་སུ་མཐའ་མའི་དུས་ལ་སླེབ༌པ་ཡིན། 25ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་དགྲ་བོ་ཐམས་ཅད་སྐྱབས་མགོན་མཱ་ཤི་ཀའི་ཞབས་འོག་ཏུ་གནོན་པའི་བར༌དུ། ཁོང་ཉིད་རྒྱལ་པོར་བཞུགས་པའི་ཕྱིར༌རོ།། 26ཆེས་མཐའ་མར་མེད་པར་མཛད་པའི་དགྲ་བོ་ནི་འཆི་བ་ཡིན། 27དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། དཀོན་མཆོག་གིས་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ཁོང་གི་ཞབས་འོག་ཏུ་གནོན་པར་མཛད་ཅེས་གསུངས་པས། དངོས་པོ་ཐམས་ཅད་ཁོང་གི་ཞབས་འོག་ཏུ་གནོན་པར་མཛད་མཁན་དཀོན་མཆོག་ནི་དེའི་ནང་དུ་མི་འདུས་སོ།། 28འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ནི་སྐྱབས་མགོན་མཱ་ཤི་ཀའི་དབང་དུ་གཏོགས༌ཤིང༌། དེའི་དུས༌སུ། དཀོན་མཆོག་གི་སྲས་རང་ཉིད་ཀྱང་དངོས་པོ་ཐམས་ཅད་དབང་དུ་སྡུད་མཁན་དཀོན་མཆོག་གི་དབང་དུ་གཏོགས་པར་འགྱུར༌ཏེ། དཀོན་མཆོག་ནི་དངོས་པོ་ཐམས་ཅད་ལས་བླ་ན་མཐོ་ཞིང༌། དངོས་པོ་ཐམས་ཅད་ཀྱི་བདག་པོར་འགྱུར་བའི་ཕྱིར༌རོ།། 29དེ་ལྟར་མ་ཡིན༌ན། འདས་པོ་རྣམས་ལ་ཁྲུས་གསོལ་བྱེད་མཁན་དག་གིས་མ་འོངས་པར་ཅི་བྱེད༌དམ། འདས་པོ་རྣམས་དངོས་གནས་སླར་མ་གསོན༌ན། ཅིའི་ཕྱིར་དེ་རྣམས་ལ་ཁྲུས་གསོལ་བྱེད༌དམ། 30ཅིའི་ཕྱིར་ངེད་ཅག་གིས་རྒྱུན་དུ་ཉེན་ཁར་ཁ་གཏོད༌དམ། 31སྤུན་ཟླ༌རྣམས། བདག་གིས་བདག་ཅག་གི་གཙོ་བོ་མཱ་ཤི་ཀ་ཡེ་ཤུར་བརྟེན༌ནས། ཁྱོད་ཅག་གི་སྐོར་ལ་བསྔགས་བརྗོད་བྱས་པས། བདག་ནི་ཉིན་རེ་བཞིན་འཆི་བའི་ཉེན་ཁར་འཕྲད་ཡོད་ཅེས་བདེན་དཔང་བྱེད་པའོ།། 32བདག་ནི་མི་ཕལ་བ་བཞིན་དུ་ཨེ་ཕེ་སི་ནས་གཅན་གཟན་དང་འཐབ༌ན། བདག་ལ་ཕན་ཐོགས་ཅི་ཡོད༌དམ། འདས་པོ་རྣམས་སླར་གསོན་པ་མིན༌ན། དེ་ལ་ཇི་སྐད་དུ། སང་ཉིན་བདག་ཅག་འཆི་ངེས༌པས།། བཟའ་བཏུང་ལ་ནི་ཅི་དགར༌རོལ།། ཞེས་པ་བཞིན་དུ་བྱ་འོས༌སོ།། 33ཁྱོད་ཅག་གིས་རང་ཉིད་བསླུ་བར་མི༌བྱའོ།། གྲོགས་ངན་པར་འགྲོགས་ན་སྤྱོད་བཟང་བརླག་པར་འགྱུར། 34ཁྱོད་རྣམས་ལས་མི་ཁ་ཤས་ཀྱིས་དཀོན་མཆོག་ངོ་མི་ཤེས་པས་གོ་རྟོགས་སད་ཅིང་སྡིག་པ་མི་བྱེད་པར་ལས་བཟང་པོ་བྱ་འོས་པ་ཡིན། ཁྱོད་ཅག་ངོ་གནོང་བའི་ཕྱིར་བདག་གིས་དེ་ལྟར་སྨྲས༌པའོ།།

སླར་གསོན་པའི་ལུས་པོའི༌སྐོར།

35འདས་པོ་རྣམས་ཅི་ལྟར་སླར་གསོན་པར་འགྱུར༌རམ། དེ་དག་གིས་ལུས་པོ་ཅི་ལྟ་བུ་ཞིག་ཁྱེར་ཡོང་ངམ་ཞེས་འདྲི་མཁན་ཡོད་སྲིད་ཅིང་། 36ཀྱེ། བླུན་པོ༌ཁྱོད། ཁྱོད་ཀྱིས་བཏབ་པའི་ས་བོན་ནི་འཆི་བར་མ་གྱུར་ན་སྐྱེ་བར་མི་འགྱུར་རོ།། 37ཁྱོད་ཀྱིས་བཏབ་པ་ནི་མ་འོངས་པར་སྐྱེ་བར་འགྱུར་བའི་གཟུགས་དེ་མིན༌ལ། གྲོའམ་འབྲུ་རིགས་གཞན་ལ་སོགས་པའི་འབྲུ་རྡོག་ཙམ་ཡིན། 38འོན༌ཀྱང༌། དཀོན་མཆོག་གིས་རང་ཉིད་ཀྱི་ཐུགས་དགོངས་བཞིན་ས་བོན་དེ་ལ་གཟུགས་དབྱིབས་གནང་བ༌དང༌། འབྲུ་རྡོག་རེ་རེར་རང་རང་གི་གཟུགས་དབྱིབས་ཡོད་པར་མཛད་དོ།། 39ལུས་ཕུང་ཐམས་ཅད་མི་འདྲ༌སྟེ། མི༌དང༌། ཕྱུགས་ཟོག འདབ༌ཆགས། ཉ་བཅས་ནི་རྣམ་པ་མི་འདྲ་བ་རེ་རེ་ཡིན། 40ནམ་མཁའི་གཟུགས་དབྱིབས་ཡོད་པ༌དང༌། ས་གཞིའི་གཟུགས་དབྱིབས་ཀྱང་ཡོད། འོན༌ཀྱང༌། ནམ་མཁའི་གཟུགས་དབྱིབས་ཀྱི་གཟི་འོད་ནི་སྣ་གཅིག་ཡིན་ལ། ས་གཞིའི་གཟུགས་དབྱིབས་ཀྱི་གཟི་འོད་ཀྱང་སྣ་གཅིག་ཡིན། 41ཉི་མ་ལ་ཉི་མའི་གཟི་འོད་ཡོད་པ༌དང༌། ཟླ་བ་ལ་ཟླ་བའི་གཟི་འོད་ཡོད༌ལ། སྐར་མ་ལ་སྐར་མའི་གཟི་འོད་ཡོད༌དེ། སྐར་མ་སོ་སོའི་གཟི་འོད་ལའང་ཁྱད་པར་ཡོད༌དོ།། 42གཤིན་པོ་རྣམས་སླར་གསོན་པར་འགྱུར་བའང་དེ་བཞིན༌ཏེ། ས་འོག་ཏུ་བཅུག་པ་ནི་ངེས་པར་འཇིག་སྲིད༌ཅིང༌། སླར་གསོན་པའི་ལུས་པོ་ལ་འཇིག་པ་མེད་དོ།། 43ས་འོག་ཏུ་བཅུག་པ་ནི་ངོ་གནོང་བ་ཡིན༌ཞིང༌། སླར་གསོན་པའི་ལུས་པོར་གཟི་བརྗིད་ལྡན་ལ། ས་འོག་ཏུ་བཅུག་པ་ཉམ་ཐག༌ཅིང༌། སླར་གསོན་པའི་ལུས་པོར་སྟོབས་དང་ལྡན་ནོ།། 44ས་འོག་ཏུ་བཅུག་པ་ནི་ཤ་ཁྲག་གི་ཕུང་བོ་ཡིན༌ཞིང༌། སླར་གསོན་པའི་ལུས་པོ་ནི་སེམས་ཉིད་ཀྱི་ལུས་པོ་ཡིན། ཤ་ཁྲག་གི་ལུས་པོ་ཡོད་ན། སེམས་ཉིད་ཀྱི་ལུས་པོའང་ཡོད་ངེས་པ་ཡིན་ནོ།། 45དེའི༌ཕྱིར། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། མིའི་ཐོག་མ་ཨ་དམ་ནི་སྲོག་དང་ལྡན་པའི་མི་ཞིག་ཏུ་གྱུར་པ་ཡིན་ཞེས་བཀོད་ཡོད། ཨ་དམ་ཕྱི་མ་སྟེ་སྐྱབས་མགོན་ཡེ་ཤུ་ནི་མི་རྣམས་གསོན་པར་མཛད་པའི་ཐུགས་ཉིད་ཅིག་ཏུ་གྱུར༌པ་ཡིན། 46འོན༌ཀྱང༌། སེམས་ཉིད་ཡིན་པ་དེ་ནི་སྔ་མ་མིན༌ཏེ། ཤ་ཁྲག་ཡིན་པ་དེ་ནི་སྔ་མ་ཡིན༌ཞིང༌། ཕྱིས་སུ་སེམས་ཉིད་ཡིན་པ་དེ་ཉིད་བྱུང༌བ་ཡིན། 47མིའི་ཐོག་མ་དེ་ནི་ས་ལས་བཟོས་ཤིང་ས་ལ་གཏོགས༌པ་དང་། མི་ཕྱི་མ་དེ་ནི་ནམ་མཁའི་ཞིང་ཁམས་ནས་བྱོན༌པ་ཡིན། 48ས་ལ་གཏོགས་པ་དེ་ནི་ཅི་འདྲ་ཡིན༌ན། ས་ལ་གཏོགས་པའི་མི་ཐམས་ཅད་ཀྱང་དེ་ལྟར་ཡིན༌ལ། ནམ་མཁའི་ཞིང་ཁམས་ལ་གཏོགས་པ་ནི་ཅི་འདྲ་ཡིན༌ན། ནམ་མཁའི་ཞིང་ཁམས་ལ་གཏོགས་པའི་མི་ཐམས་ཅད་ཀྱང་དེ་ལྟར་ཡིན། 49བདག་ཅག་ས་ལ་གཏོགས་པའི་གཟུགས་དབྱིབས་དང་ལྡན༌པས། མ་འོངས་པར་ནམ་མཁའི་ཞིང་ཁམས་ལ་གཏོགས་པའི་གཟུགས་དབྱིབས་ཀྱང་ངེས་པར་ཡོད་སྲིད༌དོ།། 50སྤུན་ཟླ༌རྣམས། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ཤ་ཁྲག་གི་ཕུང་བོར་དཀོན་མཆོག་གི་རྒྱལ་སྲིད་འཐོབ་མི་སྲིད༌ལ། ངེས་པར་འཇིག་སྲིད་པ་ལ་འཇིག་པ་མེད་པ་དེའང་འཐོབ་མི་སྲིད། 51ལྟོས༌དང༌། ད་ལྟ་བདག་གིས་ཁྱོད་རྣམས་ལ་གསང་བའི་དོན་ཞིག་སྨྲ་བར༌བྱ་སྟེ། བདག་ཅག་ཐམས་ཅད་འཆི་བར་འགྱུར་བ་མིན༌ཏེ། 52མཇུག་མཐའི་དུང་སྒྲ་གྲགས་པའི་དུས༌སུ། སྐད་ཅིག་མའམ་མིག་རྡེབ་དབང་ཙམ་ལ་བདག་ཅག་ཐམས་ཅད་ཀྱི་ལུས་པོ་འགྱུར་ངེས༌སོ།། དུང་སྒྲ་དེ་གྲགས་པ་དང་། འདས་པོ་རྣམས་སླར་གསོན་པར་མཛད་ཅིང་ནམ་ཡང་འཇིག་པར་མི་འགྱུར༌ཏེ། བདག་ཅག་གི་ལུས་པོའང་འགྱུར་ངེས་ཡིན། 53འཇིག་པར་འགྱུར་བའི་ལུས་པོ་འདི་ཡིས་ནམ་ཡང་འཇིག་པ་མེད་པ་གྱོན་དགོས་ཤིང༌། འཆི་བར་འགྱུར་བའི་ལུས་པོ་འདི་ཡིས་ནམ་ཡང་འཆི་བ་མེད་པ་གྱོན་དགོས་སོ།། 54ཡང་འཇིག་པར་འགྱུར་བའི་ལུས་པོ་འདི་ཡིས་ནམ་ཡང་འཇིག་པ་མེད་པ་གྱོན་པ་དང་། འཆི་བར་འགྱུར་བའི་ལུས་པོ་འདི་ཡིས་ནམ་ཡང་འཆི་བ་མེད་པ་གྱོན་པའི་ཚེ། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། རྒྱལ་ཁས་འཆི་བ་ལ་ནི་ཁྱུར་མིད༌བཏང༌།། ཞེས་གསུངས་པ་ལྟར་འགྲུབ་པར་འགྱུར༌རོ།། 55ཡང་ཇི་སྐད༌དུ། ཀྱེ་མ་འཆི་བ་ཁྱོད་ལ་རྒྱལ་ཁ་ཡོད་སྲིད་དམ།། ཀྱི་ཧུད་འཆི་བ་ཁྱོད་ལ་དུག་མདུང་ཡོད་སྲིད་དམ།། ཞེས་གསུངས་སོ།། 56འཆི་བའི་དུག་མདུང་ནི་སྡིག་པ་ཡིན༌ལ། སྡིག་པའི་དབང་ཤུགས་ནི་བཀའ་ཁྲིམས་ཡིན། 57འོན༌ཀྱང༌། དཀོན་མཆོག་གིས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད༌ནས། བདག་ཅག་རྒྱལ་བར་མཛད་པས་ཁོང་ལ་ཐུགས་རྗེ་ཆེ༌ཞུའོ།། 58དེའི༌ཕྱིར། བདག་གི་སྙིང་ཉེ་བའི་སྤུན་ཟླ༌རྣམས། ཁྱོད་རྣམས་ངེས་པར་འགྱུར་མེད་བརྟན་པོར་སྡོད་པར༌གྱིས། གཙོ་བོའི་ནང་དུ་སྒྲུབ་པའི་ངལ་བའི་ལས་ནི་དོན་མེད་དུ་མི་འགྱུར་བ་ཤེས་པ་བཞིན། ཁྱོད་ཅག་གིས་གཙོ་བོའི་ལས་དོན་འབད་པས་སྒྲུབས་ཤིག །

༡ ཀོ་རིན་ཐུ་པ 16

དད་ལྡན་དམ་པར་ཞལ་འདེབས་འབུལ་བའི༌སྐོར།

1སྔོན་ཆད་བདག་གིས་དད་ལྡན་དམ་པ་རྣམས་ལ་ཅི་ལྟར་ཞལ་འདེབས་འབུལ་དགོས་པའི་སྐོར་ག་ལད་ཡཱ་ཡུལ་གྱི་ཆོས་ཚོགས་སོ་སོར་ཁ་བསྒོ་བཏང་བ༌བཞིན། ཁྱོད་རྣམས་ཀྱིས་ཀྱང་དེ་ལྟར་བྱ་འོས༌ཏེ། 2གཟའ་འཁོར་རེ་རེའི་ཉིན་དང་པོ་ལ། ང་རང་ཡོང་བའི་ཉིན་དེར་ཞལ་འདེབས་མི་བསྡུ་བའི༌ཕྱིར། མི་སོ་སོས་རང་རང་གི་ཡོང་འབབ་བཞིན་ཟུར་དུ་བླངས་ཏེ་བསྐྱུར་བར༌གྱིས། 3ང་རང་ཡོང༌ཚེ། ཁྱོད་ཅག་གིས་ཡི་གེ་བྲིས་ཏེ་མི་འགའ་ཞིག་གདམ༌པར་བྱེད་ན། ངས་མི་དེ་རྣམས་ཡེ་རུ་སཱ་ལེམ་ལ་ཁྱོད་རྣམས་ཀྱི་ཞལ་འདེབས་བསྐྱལ་མཁན་དུ་མངག་པར༌བྱའོ།། 4གལ༌ཏེ། ང་རང་འགྲོ་དགོས་བྱུང༌ན། མི་དེ་དག་བདག་དང་མཉམ་དུ་འགྲོ་བར༌བྱའོ།།

ཕོལ་ལོལ་གྱིས་རང་གི་རེ་འདུན་གླེང༌བ།

5ང་རང་མ་ཀེ་དོན་ཡཱ་ཡུལ་བརྒྱུད་ནས་འགྲོ་རྒྱུ་ཡིན་ཞིང་། དེའི་རྗེས་སུ་ཁྱོད་ཅག་གི་གམ་དུ་ཡོང་ངོ་།། 6ཁྱོད་ཅག་དང་མཉམ་དུ་རེ་ཞིག་སྡོད༌པའམ། ཡང་ན་དགུན་སྐྱེལ་ཡང་སྲིད༌ལ། ང་རང་གང་དུ་འགྲོ་ནའང་ཁྱོད་ཅག་གིས་སྐྱེལ་མ་བྱེད་རུང་བ་ཡིན། 7ད་ལྟ་བདག་ནི་ལམ་བར་ནས་ཁྱོད་ཅག་དང་འཕྲད་མི་འདོད༌དེ། གཙོ་བོས་བདག་ལ་དགོངས་པ་གནང་བ་ཡིན༌ན། བདག་ནི་ཡུན་རིང་ཞིག་ལ་ཁྱོད་ཅག་དང་མཉམ་དུ་སྡོད་འདོད༌པ་ཡིན། 8འོན༌ཀྱང༌། ལྔ་བཅུའི་དུས་ཆེན་གྱི་བར་དུ་ང་རང་ཨེ་ཕེ་སི་ནས་སྡོད་ངེས་ཡིན། 9དེ་ནི་བདག་ལ་ཁོད་རྒྱ་ཆེ་ཞིང་ཕན་ནུས་ལྡན་པའི་སྒོ་ཞིག་ཕྱེ་ཡོད༌ལ། ངོ་རྒོལ་བྱེད་མཁན་ཡང་མང་པོ་ཞིག་ཡོད་པའི་ཕྱིར༌རོ།། 10གལ༌ཏེ། ཐི་མོ་ཐེ་ཡོང་ན། ཁོས་ཀྱང་བདག་དང་འདྲ་བར་གཙོ་བོའི་ཆོས་དོན་སྒྲུབ་བཞིན་ཡོད༌པས། ཁོ་རང་ནི་ཁྱོད་ཅག་གི་གམ་དུ་མི་འཇིགས་པར་སྡོད་པའི༌ཕྱིར། ཁྱོད་རྣམས་ཀྱིས་མཉམ་འཇོག་བྱ་འོས་སོ།། 11དེའི༌ཕྱིར། མི་སུས་ཀྱང་ཁོ་རང་ལ་མཐོང་ཆུང་མི་བྱེད་ཅིང་བདག་གི་གམ་དུ་བདེ་བར་ཡོང་བར༌གྱིས། ཅིའི་ཕྱིར་ཞེ་ན། ངས་ཁོ་རང་དང་སྤུན་ཟླ་རྣམས་མཉམ་དུ་ཡོང་བར་རེ་སྒུག་བྱེད་བཞིན་ཡོད་པའི་ཕྱིར༌རོ།། 12བདག་གིས་སྤུན་ཟླ་ཨ་པོལ་ལོ་ནི་དད་ལྡན་གཞན་དག་དང་མཉམ༌དུ། ཁྱོད་ཅག་གི་གམ་ལ་འགྲོ་བར་ཡང་ཡང་བསྐུལ༌མོད། འོན་ཀྱང་ད་ལྟ་ཁོ་རང་འགྲོ་འདོད་མེད༌ནའང༌། ནམ་ཞིག་ལ་གོ་སྐབས་ལྡན་ཚེ་ཁོ་རང་འགྲོ་ངེས༌སོ།། 13དད་པའི་ནང་དུ་བརྟན་པོར་སྡོད༌ཅིང༌། སྐྱེས་བུ་དམ་པའི་ངང་ཚུལ་གྱིས་དཔའ་ངར་བསྐྱེད་པའི༌ཕྱིར། ཁྱོད་ཅག་གིས་ངེས་པར་དོགས་ཟོན་བྱེད་པར༌གྱིས། 14ཁྱོད་ཅག་གིས་ལས་གང་ཞིག་བྱེད་ནའང་ཐམས་ཅད་བྱམས་པ་ལ་བརྟེན་ནས་སྒྲུབ་པར༌བྱའོ།། 15སྤུན་ཟླ༌རྣམས། སི་ཕ་ནཱའི་ཁྱིམ་མི་དག་ནི་ཨ་ཀ་ཡཱ་ཡུལ་གྱི་འབྲས་བུ་ཐོག་མར་གྱུར་པ་ཡིན༌ལ། ཁོ་རྣམས་ཀྱིས་ཆེད་དུ་དད་ལྡན་དམ་པ་རྣམས་ལ་ཞབས་ཕྱི་བྱེད་པ་ཁྱོད་ཅག་གིས་ཤེས་པས། 16བདག་གིས་ཁྱོད་རྣམས་མི་དེ་ལྟ་བུ་དང་ཆོས་གྲོགས་ཐམས་ཅད་ལ་བསྟུན་པར་བསྐུལ་བར་བྱའོ།། 17སི་ཕ་ནཱ༌དང༌། ཕཱོར་ཏི༌ན། ཨ་ཁཱ་ཡ་ཀུ་གསུམ་པོ་འདིར་སླེབས་བྱུང་བས་ང་རང་ཤིན་ཏུ་དགའ༌སྟེ། ཁྱོད་ཅག་ལ་མི་ཚང་བ་དག་ཁོ་རྣམས་ཀྱིས་ཁ་བསྐངས་པའི་ཕྱིར༌རོ།། 18ཁོ་རྣམས་ཀྱིས་བདག་དང་ཁྱོད་རྣམས་ཡིད་སེམས་སྤྲོ་བར་བྱས༌པས། ཁྱོད་ཅག་གིས་ངེས་པར་མི་དེ་ལྟ་བུ་རྣམས་ལ་བརྩི་བཀུར་བྱ་དགོས༌སོ།།

མཇུག་མཐའི་འཚམས༌ཞུ།

19ཨེ་ཞི་ཡཱ་ཡུལ་གྱི་ཆོས་ཚོགས་དག་གིས་ཁྱོད་རྣམས་ལ་འཚམས་འདྲི༌ཞུའོ།། ཨ་ཀུ་ལཱ་དང་ཕུར་སི་ལཱ་གཉིས༌དང༌། ཁོ་གཉིས་ཀྱི་ཁྱིམ་དུ་ཡོད་པའི་ཆོས་ཚོགས་ཀྱི་མི་དག་གིས་ཀྱང་གཙོ་བོའི་ནང་དུ་ཁྱོད་ཅག་ལ་འཚམས་འདྲི་ཡང་ཡང༌ཞུའོ།། 20འདིར་སྡོད་པའི་སྤུན་ཟླ་རྣམས་ཀྱིས་ཀྱང་ཁྱོད་ཅག་ལ་འཚམས་འདྲི༌ཞུའོ།། ཁྱོད་ཅག་གིས་ཀྱང་ཕན་ཚུན་ལ་དམ་པའི་འོ་བྱས་ནས་འཚམས་འདྲི་བྱ་འོས༌སོ།། 21ཕོལ་ལོལ་བདག་གིས་འཚམས་འདྲི་ཞུ་བ་འདི་ནི་དངོས་སུ་བྲིས་པ་ཡིན། 22གཙོ་བོ་གཅེས་སུ་མི་འཛིན་པ་ཡོད༌ན། དེ་ལ་དམོད་མོ་ཐེབས་པར་གྱུར༌ཅིག གཙོ་བོ་ལགས། ཁྱེད་ཉིད་ཕེབས་པར་ཤོག། 23གཙོ་བོ་ཡེ་ཤུའི་ཐུགས་རྗེ་ནི་ནམ་ཡང་ཁྱོད་ཅག་དང་མཉམ་དུ་གནས་པར༌སྨོན། 24བདག་གི་བརྩེ་བ་ནི་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཁྱོད་ཅག་ཐམས་ཅད་དང་མཉམ་དུ་གནས་པར༌སྨོན། ཨ༌མེན།།།།

༢ ཀོ་རིན་ཐུ་པ 1

འཕྲིན་ཡིག་འབྱོར་ཡུལ།

1དེ་ཡང་ཕོལ་ལོལ་ང་རང་ནི་དཀོན་མཆོག་གི་ཐུགས་དགོངས་བཞིན་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་པ་ཞིག་ཡིན༌ལ། སྤུན་ཟླ་ཐི་མོ་ཐེ་ངེད་གཉིས༌ཀྱིས། ཀོ་རིན་ཐུ་རུ་ཡོད་པའི་དཀོན་མཆོག་གི་ཆོས་ཚོགས༌དང༌། ཨ་ཀ་ཡཱ་ཡུལ་ཀུན་ཏུ་ཡོད་པའི་དད་ལྡན་དམ་པ་རྣམས་ལ་འཕྲིན་ཡིག་འདི་ཉིད་སྤྲིངས་པ༌སྟེ། 2བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།

སེམས་གསོ་ཇི་སྙེད་གནང་མཁན་གྱི་དཀོན༌མཆོག

3བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག༌སྟེ། ཐུགས་རྗེའི་ཡབ་དང་སེམས་གསོ་ཇི་སྙེད་གནང་མཁན་དཀོན་མཆོག་ལ་བསྔགས་བརྗོད་བྱའོ།། 4བདག་ཅག་དཀའ་སྡུག་སྣ་ཚོགས་ཀྱི་ནང་དུ་ཡོད་དུས། ཁོང་གིས་བདག་ཅག་ལ་སེམས་གསོ་གནང༌ཞིང༌། དེ་ནི་བདག་ཅག་གིས་ཀྱང་དཀོན་མཆོག་ནས་ཐོབ་པའི་སེམས་གསོ་ལ་བརྟེན༌ནས། དཀའ་སྡུག་སྣ་ཚོགས་མྱོང་མཁན་གཞན་དག་ལའང་སེམས་གསོ་བྱེད་ནུས་པའི་ཕྱིར་རོ།། 5བདག་ཅག་གིས་སྐྱབས་མགོན་མཱ་ཤི་ཀའི་སྡུག་བསྔལ་དེ་མང་པོ་མྱངས༌ན། སྐྱབས་མགོན་མཱ་ཤི་ཀར་བརྟེན་ནས་སེམས་གསོའང་དེ་འདྲ་མང་པོ་ཐོབ་པའོ།། 6ངེད་ཅག་གིས་དཀའ་སྡུག་མྱོང་བ་ཡིན་ན། དེ་ནི་ཁྱོད་རྣམས་ལ་སེམས་གསོ་དང་ཐར་པ་འཐོབ་པའི་ཕྱིར་ཡིན༌ལ། ངེད་ཅག་ལ་སེམས་གསོ་ཐོབ་པ་ཡིན་ན། དེ་ནི་ཁྱོད་རྣམས་ལའང་སེམས་གསོ་འཐོབ་པའི་ཕྱིར་ཡིན། སེམས་གསོ་དེ་ཡིས་ངེད་ཅག་གིས་མྱངས་པའི་སྡུག་བསྔལ་དང་འདྲ་བར་ཁྱོད་ཅག་གིས་ཀྱང་བཟོད་བསྲན་ངང་ནས་མྱང་ཐུབ་པར་བྱེད། 7ངེད་ཅག་གིས་ཁྱོད་རྣམས་ལ་རེ་བ་བརྟན་པོ་བཅངས་ཡོད་དེ། ཁྱོད་ཅག་གིས་ངེད་ཅག་དང་མཉམ་དུ་སྡུག་བསྔལ་མྱངས༌ཤིང༌། ངེད་ཅག་དང་མཉམ་དུ་སེམས་གསོ་འཐོབ་ངེས་པའང་ངེད་ཅག་གིས་ཤེས་པའི་ཕྱིར༌རོ།། 8སྤུན་ཟླ༌རྣམས། དེ་སྔར་ངེད་ཅག་གིས་ཨེ་ཞི་ཡཱ་ཡུལ་ནས་མྱངས་པའི་དཀའ་སྡུག་དེ་ཁྱོད་རྣམས་ཀྱིས་ཀྱང་ཤེས་དགོས༌ཏེ། དུས་དེར་ངེད་ཅག་གིས་གནོན་ཤུགས་བཟོད་ཐབས་མེད་པ་མྱངས་ཤིང་ལུས་སྟོབས་ཟད་པ༌དང༌། ཐ་ན་གསོན་པའི་རེ་བའང་ཡོངས་སུ་ཆད་པ༌དང༌། 9རང་སེམས་ནས་ཀྱང་འཆི་ངེས་ཡིན་སྙམ་མོ།། དེ་ནི་ངེད་ཅག་གིས་རང་ལ་མི་བརྟེན༌པར། འདས་པོ་རྣམས་སླར་གསོན་པར་མཛད་མཁན་དཀོན་མཆོག་ཁོ་ན་ལ་བརྟེན་དགོས་པའི་ཕྱིར་ཡིན། 10དཀོན་མཆོག་གིས་དེ་སྔོན་ངེད་རྣམས་འཆི་བའི་ཉེན་ཁ་ལས་བསྐྱབས༌ཤིང༌། ད་ལྟའང་སྐྱོབ་པར་མཛད་པ༌དང༌། མ་འོངས་པའི་དུས་སུའང་སྐྱོབ་པའི་ཕྱིར་ངེད་ཅག་གིས་ཁོང་ལ་རེ་བ་བྱེད་དོ།། 11མི་མང་པོས་དཀོན་མཆོག་ལ་བཀའ་དྲིན་ཞུ་བ་དང་། སྨོན་ལམ་མང་པོར་བརྟེན་ནས་ངེད་ཅག་ལ་བྱིན་རླབས་འཐོབ༌པའི་ཕྱིར། ཁྱོད་རྣམས་ཀྱིས་ཀྱང་གསོལ་བ་འདེབས་པའི་སྒོ་ནས་ངེད་ཅག་ལ་རོགས་རམ་བྱེད་དགོས༌སོ།།

ཕོལ་ལོལ་གྱིས་འཆར་གཞི་བསྒྱུར༌པ།

12ངེད་ཅག་གི་བསྔགས་བརྗོད་ནི་འདི་ལྟ་སྟེ། ངེད་ཅག་གིས་འཇིག་རྟེན་འདི་ནས་དཀོན་མཆོག་གི་རྣམ་དག་དང་ཐུགས་རྒྱུད་དྲང་མོར་བརྟེན་པ་ལས། མིའི་བློ་གྲོས་ལ་མི་བརྟེན་པར་དཀོན་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་ལེགས་པར་སྤྱད་པ་དང༌། ཁྱོད་རྣམས་ལ་དེ་ལས་ལྷག་ཏུ་ལེགས་པར་སྤྱད་པར་རང་གི་བསམ་པས་བདེན་དཔང་བྱས་པ་ཡིན། 13ངེད་ཅག་གིས་ད་ལྟ་ཁྱོད་རྣམས་ལ་ཡི་གེ་བྲིས་པ་ནི་ཁྱོད་རྣམས་ཀྱིས་ཀློག་པ་དང་ཤེས་ཐུབ་པའི་ཕྱིར་ཡིན༌ལ། ཁྱོད་རྣམས་ཀྱིས་རྩ་བ་ནས་ཤེས་པར་བདག་གིས་རེ་བ་བྱེད་དོ༎ 14ཁྱོད་ཅག་གིས་ངེད་རྣམས་ཏོག་ཙམ་ཤེས་པ་དང་། གཙོ་བོ་ཡེ་ཤུའི་ཉིན་མོར་ངེད་རྣམས་ཁྱོད་ཅག་གི་གཟི་བརྗིད་དུ་འགྱུར་བ་ལྟར་ཁྱོད་རྣམས་ཀྱང་ངེད་ཅག་གི་གཟི་བརྗིད་དུ་འགྱུར་རོ།། 15བདག་ལ་དེ་ལྟ་བུའི་ཡིད་ཆེས་བརྟན་པོ་ཡོད༌པས། ཁྱོད་རྣམས་ལ་སླར་ཡང་ཕན་ཐོགས་པའི༌ཕྱིར། བདག་ནི་སྔ་མོ་ནས་ཁྱོད་རྣམས་ཀྱི་གམ་དུ་འགྲོ་འདོད༌ཅིང༌། 16ཁྱོད་ཚོའི་ཡུལ་བརྒྱུད་ནས་མ་ཀེ་དོན་ཡཱ་ཡུལ་དུ་འགྲོ་བ༌དང༌། མ་ཀེ་དོན་ཡཱ་ཡུལ་ནས་སླར་ཡང་ཁྱོད་ཅག་གི་གམ་དུ་ལོག༌སྟེ། ཁྱོད་རྣམས་ཀྱིས་ང་རང་ཡ་ཧུ་དཱའི་ཡུལ་དུ་སྐྱེལ་མ་བྱེད་པར་རེ་བ་བྱས་པ་ཡིན། 17དེའི་ཕྱིར། བདག་གིས་དེ་ལྟར་བྱ་འདོད་པ་ལ་ཐེ་ཚོམ་སྐྱེས་སམ། ཡང་ན་བདག་གི་དམིགས་པ་ནི་རང་གི་འདོད་བློ་ལས་བྱུང༌སྟེ། ཡིན་མིན་གྱི་ཤན་འབྱེད་མི་ཐུབ་བམ་ཞེ་ན་མ་ཡིན་ནོ།། 18དཀོན་མཆོག་ནི་ཡིད་རྟོན་རུང་བ་ཡིན་ཞིང་། ངེད་ཅག་གིས་ཁྱོད་རྣམས་ལ་བསྒྲགས་པའི་བཀའ་ནི་ཡིན་མིན་གཉིས་ལྡན་ཞིག་མ་ཡིན་ནོ།། 19ཅིའི་ཕྱིར་ཞེ་ན། བདག་དང༌། སིལ་ཝ་ནཱ། ཐི་མོ་ཐེ་བཅས་ཀྱིས་ཁྱོད་ཅག་གི་ཁྲོད་དུ་བསྒྲགས་པའི་དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀ་ནི་ཅིས་ཀྱང་ཡིན་མིན་གཉིས་ལྡན་ཞིག་མ་ཡིན༌པར། ཁོང་ལ་བརྟེན་ནས་ཡིན་པ་ཁོ་ན་ལགས་པའི་ཕྱིར༌རོ།། 20དཀོན་མཆོག་གི་ཞལ་བཞེས་ཅི་ཙམ་ཡོད་ནའང་། སྐྱབས་མགོན་མཱ་ཤི་ཀ་ལ་བརྟེན་ནས་ཐམས་ཅད་ཡིན་པ་ལགས༌པས། བདག་ཅག་བརྒྱུད་ནས་དཀོན་མཆོག་ལ་བསྟོད་བསྔགས་འབུལ་བའི་ཕྱིར། ངེད་ཅག་གིས་སྐྱབས་མགོན་མཱ་ཤི་ཀར་བརྟེན་ནས་ཨ་མེན་ཞེས༌སྨྲ་བ་ཡིན། 21དཀོན་མཆོག་ནི་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ངེད་ཅག་དང་ཁྱོད་རྣམས་བརྟན་པོར་མཛད་མཁན་དང༌། བདག་ཅག་ལ་བྱུགས་མཁན་ཡང་ཡིན། 22ཡང་ཁོང་གིས་བདག་ཅག་ལ་ཐེལ་བརྒྱབ་པ་དང་དམ་པའི་ཐུགས་ཉིད་བདག་ཅག་གི་སེམས་སུ་གཏའ་མར་གནང༌ངོ༌།། 23ཁྱོད་རྣམས་ལ་བཟོད་པ་སྒོམ་པའི་ཕྱིར་ང་རང་ཀོ་རིན་ཐུ་རུ་མ་ཡོང༌སྟེ། ངས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་དཀོན་མཆོག་གི་བདེན་དཔང་ཞུས་པ་ཡིན། 24ངེད་ཅག་གིས་ཁྱོད་རྣམས་ཀྱི་དད་སེམས་ལ་ཚོད་འཛིན་བྱ་འདོད་པ་མིན༌པར། ངེད་ཅག་ནི་ཁྱོད་རྣམས་དགའ་ཞིང་སྤྲོ་བར་བྱེད་པའི་ལས་གྲོགས་ཡིན་ལ། དེ་ནི་ཁྱོད་རྣམས་དད་པར་བརྟེན་ནས་བརྟན་པོར་གནས་ཐུབ་པའི་ཕྱིར་རོ།།

༢ ཀོ་རིན་ཐུ་པ 2

ཕོལ་ལོལ་གྱི་བྱམས་པ།

1བདག་གིས་སེམས་ཐག་བཅད་རྗེས། ཕྱིས་སུ་སླར་ཡང་སྐྱོ་སྡུག་ངང་ཁྱོད་ཅག་གི་གམ་དུ་མི་ཡོང་ངོ་།། 2གལ༌ཏེ། བདག་གིས་ཁྱོད་ཅག་ལ་སེམས་སྐྱོ་བར་བྱེད༌ན། བདག་གིས་གང་ཞིག་ལ་སེམས་སྐྱོ་བར་བྱེད་པ་དེ་ལས་གཞན། སུ་ཞིག་གིས་བདག་ལ་དགའ་ཞིང་སྤྲོ་བར་བྱེད་ནུས༌སམ། 3ང་རང་སླེབ་པའི་དུས༌སུ། ང་རང་དགའ་བར་བྱེད་འོས་པ་རྣམས་ཀྱིས་བདག་གི་སེམས་སྐྱོ་བར་མི་བྱེད་པའི༌ཕྱིར། བདག་གིས་སྔོན་ཆད་དོན་འདི་ཁྱོད་རྣམས་ལ་འཕྲིན་ཡིག་ཏུ་བྲིས༌པ་ཡིན། ང་རང་དགའ་ཞིང་སྤྲོ་བ་ལ་བརྟེན་ནས་ཁྱོད་རྣམས་ཀྱང་དགའ་ཞིང་སྤྲོ་བར་འགྱུར་བ་བདག་ལ་ཡིད་ཆེས་བརྟན་པོ་ཡོད། 4དེ་སྔར་བདག་གི་སེམས་སྡུག་ཆེན་པོ་དང་སྐྱོ་བའི་ངང་ནས་མཆི་མ་མང་པོ་བཞུར་གྱིན་ཁྱོད་རྣམས་ལ་འཕྲིན་ཡིག་བྲིས༌ཤིང༌། དེ་ནི་ཁྱོད་ཅག་གི་སེམས་སྐྱོ་རུ་འཇུག་པའི་ཕྱིར་མ་ཡིན༌པར། བདག་གིས་ཁྱོད་ཅག་ལ་ཤིན་ཏུ་གཅེས་པ་ནི་ཁྱོད་ཅག་ལ་ཤེས་སུ་འཇུག་པའི་ཕྱིར༌ཡིན་ནོ།།

སྡིག་ཅན་ལ་གུ་ཡངས་གཏོང༌དགོས་པའི་སྐོར།

5སུ་ཞིག་གིས་མི་སེམས་སྐྱོ་བར་བྱེད༌ན། མི་དེ་ཡིས་བདག་སེམས་སྐྱོ་བར་བྱས་པར་མ་ཟད། ཁྱོད་ཅག་ཐམས་ཅད་ལའང་སེམས་ཅུང་ཙམ་སྐྱོ་རུ་འཇུག༌པ་ཡིན། བདག་གིས་དེ་ལྟར་སྨྲས་པ་ཕལ་ཆེར་འུད་ཆེ་ཡང་སྲིད༌མོད། 6འོན་ཀྱང་མི་དེ་ལྟ་བུར་མི་མང་ཤས་ཀྱི་ཆད་པ་འཕོག་པས་ཆོག་ལ། 7ཁོ་རང་སྐྱོ་སྡུག་ཆེན་པོས་མནར་ཅིང་ཡོངས་སུ་མི་ཕམ་པའི༌ཕྱིར། དེ་ལས་ལྡོག་པར་ཁོ་ལ་གུ་ཡངས་གཏོང་བ་དང་སེམས་གསོ་བྱ་འོས་སོ།། 8དེའི༌ཕྱིར། ཁྱོད་རྣམས་ཀྱིས་ཁོ་ལ་ཡང་བསྐྱར་བྱམས་པ་གནང་བར་བྱའོ་ཞེས་བདག་གིས་བསྐུལ༌བ་ཡིན། 9བདག་གིས་དེ་སྔར་ཁྱོད་རྣམས་ལ་འཕྲིན་ཡིག་འབྲི་དོན་ནི་ཁྱོད་རྣམས་ཀྱིས་དོན་ཀུན་ནས་བདག་དང་བསྟུན་མིན་ལ་བརྟགས༌པ་ཡིན། 10ཁྱོད་རྣམས་ཀྱིས་མི་སུ་ཞིག་ལ་གུ་ཡངས་བཏང་ན། བདག་གིས་ཀྱང་དེ་ལྟར་གུ་ཡངས་གཏོང༌བ་དང་། བདག་གིས་དོན་གང་ཞིག་ལ་གུ་ཡངས་བཏང་བ་ཡིན༌ན། དེ་ནི་སྐྱབས་མགོན་མཱ་ཤི་ཀའི་སྤྱན་དྲུང་ནས་ཁྱོད་རྣམས་ཀྱི་ཆེད་དུ་གུ་ཡངས་བཏང་བ་ཡིན༌ཏེ། 11བདུད་སཱ་ཏན་གྱིས་གླགས་བཙལ་ནས་བདག་ཅག་ལས་མི་རྒྱལ་བའི་ཕྱིར་དེ་ལྟར་བྱ་དགོས་སོ།། རྒྱུ་མཚན་ནི་བདག་ཅག་གིས་བདུད་ཀྱི་གཡོ་ཐབས་མི་ཤེས་པ་མ་ཡིན་པའི་ཕྱིར༌རོ།། 12སྔོན་ཆད་བདག་ནི་སྐྱབས་མགོན་མཱ་ཤི་ཀའི་འཕྲིན་བཟང་སྒྲོག་པའི་དོན་དུ་ཏྲོ་ཡཱ་རུ་སོང་བ་ན། གཙོ་བོས་ཀྱང་བདག་ལ་སྒོ༌ཕྱེ་བྱུང་། 13དུས༌དེར། བདག་གི་སྤུན་ཟླ་ཐེ་ཏུ་དང་མ་འཕྲད་པས། ངའི་སེམས་མ་བདེ་བར་ཡུལ་དེའི་མི་རྣམས་དང་ཁ་བྲལ་ནས་མ་ཀེ་དོན་ཡཱ་ཡུལ་དུ་སོང༌ངོ༌།། 14དཀོན་མཆོག་གིས་རྟག་ཏུ་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་བདག་ཅག་ཁྲིད་དེ་རྣམ་པར་རྒྱལ་བར་མཛད་པ༌དང༌། བདག་ཅག་བརྒྱུད་ནས་ཡུལ་ཀུན་ཏུ་སྐྱབས་མགོན་མཱ་ཤི་ཀ་ངོ་ཤེས་པའི་དྲི་བཟང་ཁྱབ་པར་མཛད་པས་ཁོང་ལ་ཐུགས་རྗེ་ཆེ༌ཞུའོ།། 15བདག་ཅག་ནི་དཀོན་མཆོག་གི་སྤྱན་དྲུང༌དུ། ཐར་པ་འཐོབ་བཞིན་པ་དང་འཇིག་བཞིན་པའི་མི་རྣམས་ལ་སྐྱབས་མགོན་མཱ་ཤི་ཀའི་དྲི་བཟང་ཡིན་ལ། 16མི་གཅིག་ལ་འཆི་རུ་འཇུག་པའི་དྲི་མ༌དང༌། མི་གཞན་ལ་གསོན་དུ་འཇུག་པའི་དྲི་མའང་ཡིན། སུ་ཞིག་གིས་དོན་དེ་ལྟ་བུ་སྒྲུབ་ནུས༌སམ་ཞེ་ན་མི་ནུས་སོ།། 17ངེད་ཅག་ནི་ཁེ་ཕན་གྱི་དོན་དུ་དཀོན་མཆོག་གི་བཀའ་ལ་ལྷད་འཇུག་མཁན་གྱི་མི་མང་པོ་དང་མི་འདྲ༌སྟེ། ངེད་ཅག་ནི་གཤིས་རྒྱུད་དྲང་ཞིང་དཀོན་མཆོག་ནས་ཡོང་བ༌དང༌། དཀོན་མཆོག་གི་སྤྱན་དྲུང་དུ་སྐྱབས་མགོན་མཱ་ཤི་ཀར་བརྟེན་ནས་བཀའ་སྒྲོག་མཁན་ཡིན༌ནོ།།

༢ ཀོ་རིན་ཐུ་པ 3

ཞལ་ཆད་གསར་པའི་ཞབས་ཕྱི༌པ།

1ངེད་ཅག་གིས་སླར་ཡང་རང་ལ་བསྟོད་པ་བྱེད༌དམ། མི་གཞན་དག་ལྟར་ངེད་ཅག་གི་མཚམས་སྦྱོར་ཡི་གེ་ཁྱོད་རྣམས་ལ་སྤྲོད༌པའམ། ཡང་ན་ཁྱོད་ཅག་གི་མཚམས་སྦྱོར་ཡི་གེ་མི་གཞན་ལ་སྤྲོད་དགོས་སམ་ཞེ་ན་མི་དགོས་སོ།། 2ཁྱོད་རྣམས་ནི་ངེད་ཅག་གི་སེམས་སུ་བྲིས་པའི་ངོ་སྤྲོད་ཡི་གེ་ཡིན༌ཏེ། མི་ཀུན་གྱིས་ཤེས་ཤིང་ཀློག༌པ་ཡིན། 3ཁྱོད་ཅག་ནི་སྐྱབས་མགོན་མཱ་ཤི་ཀའི་འཕྲིན་ཡིག་ཡིན་པར་མངོན་ཞིང་། ངེད་ཅག་ལ་བརྟེན་ནས་བྱུང་བ་ཡིན་ལ། དེ་ནི་སྣག་ཚས་བྲིས་པ་མ་ཡིན་པར་གཏན་དུ་བཞུགས་པའི་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཕྱག་བྲིས་གནང༌ཞིང༌། རྡོ་ལེབ་སྟེང་དུ་བྲིས་པ་མ་ཡིན་པར་མིའི་སེམས་ནང་དུ་བྲིས་པ་ཡིན༌ནོ།། 4སྐྱབས་མགོན་མཱ་ཤི་ཀ་བརྒྱུད་ནས་ངེད་ཅག་ལ་དཀོན་མཆོག་གི་སྤྱན་དྲུང་དུ་ཡིད་ཆེས་དེ་འདྲ་ཡོད་པ་ཡིན། 5ངེད་ཅག་གིས་རང་ལ་བརྟེན་ནས་གང་ཞིག་སྒྲུབ་ནུས་པར་བསམ་པ་མིན༌ཏེ། གང་ཞིག་སྒྲུབ་ནུས་པ་ནི་དཀོན་མཆོག་ལ་བརྟེན་ནས་བྱུང༌བ་ཡིན། 6ཁོང་གིས་ཀྱང་ངེད་ཅག་ནི་ཞལ་ཆད་གསར་པའི་ཞབས་ཕྱི་པ་བྱེད་ནུས་པར་མཛད༌ཅིང༌། དེ་ནི་བཀའ་ཁྲིམས་ལས་བྱུང་བ་མ་ཡིན་པར་དམ་པའི་ཐུགས་ཉིད་ལས་བྱུང་བ་ཡིན༌ཏེ། བཀའ་ཁྲིམས་ཀྱིས་འཆི་རུ་འཇུག་པ༌དང༌། དམ་པའི་ཐུགས་ཉིད་ཀྱིས་གསོན་དུ་འཇུག་པའི་ཕྱིར༌རོ།།

ཞལ་ཆད་གསར་པའི་གཟི༌འོད།

7སྔོན་ཆད་རྡོའི་སྟེང་དུ་ཡི་གེ་བརྐོས་ཤིང་འཆི་བར་གཏོགས་པའི་ཞབས་ཏོག་དེ་ལ་གཟི་འོད་ཡོད་པ༌དང༌། མོ་ཤེའི་གདོང་གི་གཟི་འོད་ཉམས་བཞིན་ཡོད་ཀྱང་ད་དུང་གཟི་འོད་ཡོད༌པས། ཡེས་ར་ཨེལ་གྱི་བུ་རྒྱུད་ཀྱིས་ཁོང་གི་གདོང་ལ་མིག་གིས་ཐད་ཀར་ལྟ་མ་ནུས༌ན། 8དམ་པའི་ཐུགས་ཉིད་ཀྱི་ཞབས་ཏོག་ལ་ལྷག་ཏུ་གཟི་འོད་ལྡན་པ་མ་ཡིན༌ནམ། 9གལ༌ཏེ། ཉེས་ཆད་གཅོད་པའི་ཞབས་ཏོག་ལ་གཟི་འོད་ཡོད༌ན། རྣམ་པར་དག་པ་ལ་གཏོགས་པའི་ཞབས་ཏོག་ལ་དེ་བས་ཀྱང་གཟི་འོད༌ཆེའོ།། 10སྔོན་ཆད་གཟི་འོད་ཡོད་པ་དེ་ནི་ད་ལྟའི་གཟི་འོད་ཆེན་པོ་འདིའི་དབང་གིས་གཟི་འོད་ལྡན་པར་གྱུར་པ་མིན། 11དེ་སྔར་ཉམས་པར་གྱུར་པ་དེ་ལ་གཟི་འོད་ཡོད་ན། གཏན་དུ་བཞུགས་པ་དེ་ལ་ལྷག་ཏུ་གཟི་འོད་ལྡན་པ་ཡིན༌ནོ།། 12དེའི་ཕྱིར། ངེད་ཅག་ལ་རེ་བ་དེ་ལྟ་བུ་ཡོད་པས་སྤོབས་པ་ཆེན་པོས༌སྨྲ་བ་ཡིན་ནོ།། 13དེ་ནི་མོ་ཤེ་ཡིས་རང་གི་གདོང་ལ་སེང་རས་བཀབ་སྟེ་ཡེས་ར་ཨེལ་གྱི་བུ་རྒྱུད་ལ་ཉམས་པར་འགྱུར་བའི་གཟི་འོད་ཐད་ཀར་མི་མཐོང་བར་བྱས་པ་དང་མི་མཚུངས་སོ།། 14འོན༌ཀྱང༌། དེ་དག་གི་སེམས་རྒྱུད་གྱོང་པོ་ཡིན༌ཏེ། ད་ལྟའི་བར་དུ་ཞལ་ཆད་རྙིང་བའི་གཞུང་དོན་བཀླགས་ནའང་སེང་རས་དེ་བླངས་མེད་དོ།། རྒྱུ་མཚན་ནི་སྐྱབས་མགོན་མཱ་ཤི་ཀའི་ནང་ནས་སེང་རས་དེ་ལེན་ནུས༌པའི་ཕྱིར་རོ།། 15དེང་གི་བར་དུ་མོ་ཤེའི་མདོ་ཀློག་ཐེངས་རེ༌རེར། སེང་རས་དེས་ཡེས་ར་ཨེལ་མི་རྣམས་ཀྱི་སེམས་གཡོགས་འདུག 16འོན༌ཀྱང༌། སུ་ཞིག་དུས་ནམ་ཞིག་ལ་གཙོ་བོའི་ཕྱོགས་སུ་འཁོར༌ན། དེའི་དུས་སུ་སེང་རས་དེ་ཡང་ལེན་ངེས༌ཡིན། 17གཙོ་བོ་ནི་ཐུགས་ཉིད༌ཡིན། གཙོ་བོའི་ཐུགས་ཉིད་དེ་གང་དུ་བཞུགས་ན་དེ་རུ་རང་དབང་ཡོད་དོ།། 18བདག་ཅག་ཐམས་ཅད་ཀྱིས་གདོང་མ་གཡོགས་པར་གཙོ་བོའི་གཟི་འོད་མཐོང་བ་ནི་མེ་ལོང་ལས་ཕྱིར་སྣང་བ་དང་མཚུངས༌ཤིང༌། བདག་ཅག་ཐམས་ཅད་ནི་གཙོ་བོའི་སྣང་བརྙན་དང་མཚུངས་པར་འགྱུར་བཞིན་པ༌དང༌། དེ་ནི་རིམ་བཞིན་གཟི་བརྗིད་ཀྱི་སྟེང་དུ་གཟི་བརྗིད་བསྣན་པར་འགྱུར་ཞིང་ཐུགས་ཉིད་ཡིན་པའི་གཙོ་བོ་ནས་བྱུང་ངོ་།།

༢ ཀོ་རིན་ཐུ་པ 4

རྫ་ཆས་ནང་གི་རིན་པོ་ཆེའི༌དཔེ།

1དེ་ལྟར་ཡིན་པས། ངེད་ཅག་ལ་ཐུགས་རྗེའི་སྒོ་ནས་ཞབས་ཏོག་བྱེད་པའི་ལས་འགན་འདི་ཐོབ་པས་དཔའ་མི་ཞུམ༌པར། 2ལྐོག་གྱུར་དང་ངོ་ཚའི་དོན་རྣམས་སྤངས་ཤིང་གཡོ་སྒྱུ་མི་བྱེད་པ་དང་དཀོན་མཆོག་གི་བཀའ་ལའང་ལྷད་ཞུགས་སུ་མི་འཇུག༌པར། དཀོན་མཆོག་གི་བདེན་པ་ཉིད་ཁོ་ན་གསལ་པོར་བསྟན༌ཏེ། དཀོན་མཆོག་གི་སྤྱན་སྔར་རང་ཉིད་ནི་མི་ཚང་མའི་བསམ་པ་ལ་གཏོད་པར་བརྩོན་པ་ཡིན་ནོ།། 3གལ༌ཏེ། ངེད་ཅག་གི་འཕྲིན་བཟང་བསྒྲིབས་པར་གྱུར༌ན། འཇིག་པར་འགྱུར་བའི་མི་རྣམས་ཀྱི་ཁྲོད་དུ་བསྒྲིབས༌པ་ཡིན། 4འཇིག་རྟེན་འདིའི་ལྷ་ཡིས་དད་པ་མེད་པའི་མི་རྣམས་ཀྱི་སེམས་རྨོངས་པར་བྱས༌ཏེ། སྐྱབས་མགོན་མཱ་ཤི་ཀའི་གཟི་བརྗིད་དང་ལྡན་པའི་འཕྲིན་བཟང་གི་འོད་སྣང་ཁོ་རྣམས་ལ་འཕྲོ་རུ་མི་འཇུག༌པའི་ཕྱིར་རོ།། སྐྱབས་མགོན་མཱ་ཤི་ཀ་ནི་དཀོན་མཆོག་གི་སྣང་བརྙན་ཡིན། 5ངེད་ཅག་གིས་རང་ཉིད་སྒྲོག་པ་མ་ཡིན༌པར། ཡེ་ཤུ་མཱ་ཤི་ཀ་ནི་གཙོ་བོ་ཡིན༌པ་དང་། སྐྱབས་མགོན་ཡེ་ཤུའི་དོན་དུ་ངེད་ཅག་ནི་ཁྱོད་རྣམས་ཀྱི་གཡོག་པོ་ཡིན་པ་སྒྲོག༌པ་ཡིན། 6ཡེ་ཤུ་མཱ་ཤི་ཀའི་ཞལ་རས་ནས་མངོན་པའི་དཀོན་མཆོག་གི་གཟི་འོད་དེ་བདག་ཅག་ལ་ཤེས་སུ་འཇུག་པའི་ཕྱིར། མུན་པའི་ཁྲོད་ནས་འོད་སྤྲོ་བར་བཀའ་གནང་མཁན་དཀོན་མཆོག་ནི་བདག་ཅག་གི་སེམས་ནང་དུ་འཕྲོས༌སོ༎ 7འོན་ཀྱང་། དཔག་ཏུ་མེད་པའི་ནུས་མཐུ་ནི་དཀོན་མཆོག་ནས་བྱུང་བ་ལས་བདག་ཅག་ལས་བྱུང་བ་མ་ཡིན༌པའི་དོན་དེ་མངོན་པའི་ཕྱིར། བདག་ཅག་གི་ནོར་བུ་འདི་ནི་རྫ་ཆས་ནང་དུ་བཞག་ཡོད༌པ་ཡིན༌ནོ།། 8ངེད་ཅག་ལ་ཕྱོགས་བཞི་ནས་དཀའ་སྡུག་གིས་མནན་ཡང་བཙིར་མི་ནུས་ལ། སེམས་ནི་ཅི་བྱ་གཏོལ་མེད་དུ་གྱུར་ནའང་བློ་མི༌ཕམ་མོ།། 9གཉའ་གནོན་མྱངས་ཀྱང་འདོར་བ་མིན། ས་རུ་བསྒྱེལ་ཡང་འཆི་བར་གྱུར་མེད་དོ།། 10སྐྱབས་མགོན་ཡེ་ཤུའི་ཚེ་སྲོག་ཀྱང་ངེད་ཅག་གི་སྟེང་དུ་གསལ་པོར་མངོན་པར་བྱེད༌པའི་ཕྱིར། ངེད་ཅག་གིས་རྟག་ཏུ་སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་པའི་དོན་དེ་ལུས་ལ་འཁུར༌བ་ཡིན། 11ཡང་ཁོང་ཉིད་ཀྱི་ཚེ་སྲོག་དེ་ངེད་ཅག་གི་འཆི་བར་འགྱུར་བའི་ལུས་སྟེང་ནས་གསལ་པོར་མངོན་པའི་ཕྱིར། ངེད་ཅག་གསོན་པོར་གནས༌ཀྱང༌། རྟག་ཏུ་སྐྱབས་མགོན་ཡེ་ཤུའི་དོན་དུ་འཆི་ལམ་ལ་བརྫངས༌པ་ཡིན་ནོ།། 12དེའི༌ཕྱིར། འཆི་བས་ངེད་ཅག་གི་ནང་དུ་ལས་བྱེད་ཀྱང༌། ཚེ་སྲོག་གིས་ཁྱོད་ཅག་གི་ནང་དུ་ལས་བྱེད་དོ།། 13འོན༌ཀྱང༌། ངེད་ཅག་ལ་དད་སེམས་ཡོད༌དེ། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བདག་གིས་དད་པ་བྱེད་པས་གཏམ་འདི་ལྟར་སྨྲས་པ་ཡིན་ཞེས་གསུངས་པ༌བཞིན། ངེད་ཅག་ལའང་དད་པའི་སེམས་དང་ལྡན་པས་གཏམ༌སྨྲ་བ་ཡིན་ནོ།། 14སྐྱབས་མགོན་ཡེ་ཤུ་སླར་གསོན་པར་མཛད་མཁན་གྱིས་བདག་ཅག་ཀྱང་སྐྱབས་མགོན་ཡེ་ཤུ་དང་མཉམ་དུ་སླར་གསོན་པར་མཛད་ངེས་པར་མ༌ཟད། ངེད་ཅག་དང་ཁྱོད་རྣམས་ལྷན་དུ་ཁོང་གི་སྤྱན་སྔར་མཉམ་དུ་སྡོད་པར་མཛད་ངེས་པའང་བདག་ཅག་གིས་ཤེས་སོ།། 15ཐུགས་རྗེས་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན༌ནས། ལྷག་ཏུ་བཀའ་དྲིན་ཞུ་མཁན་མང་དུ་མངོན་ཞིང་དཀོན་མཆོག་ལ་བསྟོད་བསྔགས་འབུལ་བར་འགྱུར་བའི་ཕྱིར། དོན་ཐམས་ཅད་ཁྱོད་ཅག་གི་ཆེད་དུ་ཡིན༌ནོ།། 16དེའི༌ཕྱིར། བདག་ཅག་དཔའ་མི་ཞུམ་ལ། ཕྱིའི་ལུས་པོ་རླག་དང་བརླག་པར་འགྱུར་ནའང་ནང་སེམས་ནི་ཉིན་རེ་བཞིན་གསར་དུ་སྒྱུར་བ་ཡིན་ནོ།། 17བདག་ཅག་གི་ཡུད་ཙམ་གྱི་སྡུག་བསྔལ་ཆུང་ངུ་འདིས་བདག་ཅག་ལ་བླ་ན་མེད་པ་དང་མཐའ་ཡས་པའི་གཟི་བརྗིད་འཐོབ་པར་བྱེད། 18མིག་གིས་མཐོང་བ་དག་ནི་གནས་སྐབས་ཙམ་དང་མི་མཐོང་བ་དག་ནི་གཏན་དུ་གནས༌པས། བདག་ཅག་གིས་མིག་གིས་མཐོང་བ་དག་ལ་མི་བལྟ་བར་མིག་གིས་མི་མཐོང་བ་དག་ལ་བལྟ༌བར་བྱའོ།།

༢ ཀོ་རིན་ཐུ་པ 5

ནམ་མཁའི་ཞིང་ཁམས་ཀྱི་སྡོད༌གནས།

1དེ་ལྟར་ཡིན་པས། བདག་ཅག་གི་ས་སྟེང་གི་ཁང་པ་ཡིན་པའི་གུར་འདི་བཤིག་པར་འགྱུར༌ཚེ། དཀོན་མཆོག་གིས་བསྐྲུན་པའི་སྡོད་གནས་ཤིག་བདག་ཅག་ལ་ཡོད་པ་དང་། དེ་ནི་མིའི་ལག་པས་བསྐྲུན་པ་མ་ཡིན༌ཞིང༌། ནམ་མཁའི་ཞིང་ཁམས་སུ་གཏན་དུ་གནས་པའི་ཁང་པ་ཞིག་འཐོབ་ངེས་པ་བདག་ཅག་གིས་ཤེས་སོ།། 2བདག་ཅག་གིས་གུར་འདིའི་ནང་དུ་ཤུགས་རིང་འབྱིན་ཞིང་། ནམ་མཁའི་ཞིང་ཁམས་ནས་འཐོབ་པའི་སྡོད་གནས་དེ་ནི་གོས་བཞིན་དུ་གྱོན་འདོད༌པ་དང་། 3གོས་དེ་གྱོན་པ་ཡིན་ན་གཅེར་བུར་མི་ལུས་སོ།། 4བདག་ཅག་གིས་གུར་འདིའི་ནང་དུ་དཀའ་སྡུག་མྱོང་བཞིན་ཤུགས་རིང་འབྱིན༌མོད། འོན་ཀྱང་མི་རྟག་པ་ནི་མཐའ་མེད་པའི་ཚེ་སྲོག་གིས་ཁྱུར་མིད་བྱེད་པའི༌ཕྱིར། གོས་འདི་ཕུད་འདོད་པ་མ་ཡིན་པར་གོས་དེ་གྱོན་འདོད༌པ་ཡིན། 5དོན་འདི་བདག་ཅག་གི་ཕྱིར་དུ་སྟ་གོན་མཛད་མཁན་ནི་དཀོན་མཆོག་ཡིན༌ལ། ཁོང་གིས་དམ་པའི་ཐུགས་ཉིད་བདག་ཅག་ལ་གཏའ་མར་གནང༌ངོ༌།། 6དེའི༌ཕྱིར། བདག་ཅག་རྒྱུན་དུ་སྙིང་སྟོབས་ཆེ་བར་མ༌ཟད། ལུས་པོའི་ནང་སྡོད༌པ་ན་གཙོ་བོ་དང་ཁ་གྱེས་པའང་ཤེས་སོ།། 7ཅིའི་ཕྱིར་ཞེ་ན། བདག་ཅག་གིས་དད་པར་བརྟེན་ནས་སྤྱོད་པ༌ལས། མིག་གིས་མཐོང་བ་ལ་བརྟེན་ནས་སྤྱོད་པ་མ་ཡིན་པའི་ཕྱིར༌རོ།། 8བདག་ཅག་དཔའ་ངར་ཞུམ་མེད་དུ་གནས༌ཤིང༌། དེ་ལས་ཀྱང་ལུས་པོ་དང་ཁ་བྲལ་ནས་གཙོ་བོ་དང་ལྷན་དུ་སྡོད་འདོད༌པས། 9ལུས་པོའི་ཕྱི་ནང་གང་དུ་བསྡད་ཀྱང་བདག་ཅག་གིས་ཕུགས་འདུན་བཅངས་ཏེ། སྐྱབས་མགོན་མཱ་ཤི་ཀའི་ཐུགས་དགྱེས་པ་དེ་ཉིད་འཐོབ་པར་བརྩོན༌པ་ཡིན། 10རྒྱུ་མཚན་ནི་བདག་ཅག་ཐམས་ཅད་སྐྱབས་མགོན་མཱ་ཤི་ཀའི་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་བཞུགས་ཁྲིའི་མདུན་དུ་ལང་དགོས་ཤིང་། ལུས་པོའི་ནང་གསོན་པའི་དུས་སུ་རང་རང་གིས་ཅི་བྱས་བཞིན་མི་རེ་རེར་བཟང་ངན་གང་རུང་གི་འབྲས་བུ་འཐོབ་པར་འགྱུར་བའི་ཕྱིར༌རོ།།

འདུམ་སྒྲིག་གི་ལས་འགན།

11དེ་བས་ན། ངེད་ཅག་གིས་གཙོ་བོ་ལ་འཇིགས་པ་ཤེས་པས་མི་རྣམས་ལ་བསྐུལ་བར༌བྱའོ།། འོན་ཀྱང་ངེད་རྣམས་དཀོན་མཆོག་གི་སྤྱན་སྔར་མངོན་པར་གསལ་བ་བཞིན༌དུ། ཁྱོད་ཅག་གི་བསམ་པ་ལའང་མངོན་པར་གསལ་བའི་རེ་བ་བྱའོ།། 12ངེད་ཅག་གིས་ཁྱོད་རྣམས་ལ་རང་གིས་རང་ལ་འུད་བསྟོད་བྱེད་པ་མིན༌ཏེ། སེམས་ལ་མི་བརྟེན་པར་ཕྱིའི་རྣམ་པར་བརྟེན་ནས་འུད་བསྟོད་བྱེད་མཁན་དག་ལ་ལན་ཡོད་པར་འགྱུར་བའི༌ཕྱིར་དུ། ཁྱོད་ཅག་གིས་ངེད་ཅག་ལ་བསྟོད་པ་བྱ་བའི་གོ་སྐབས་ཤིག་སྟེར་རོ།། 13གལ༌ཏེ། ངེད་ཅག་སྨྱོས་པ་ཡིན་ན་དཀོན་མཆོག་གི་ཆེད་དུ་ཡིན༌ལ། དྭངས་གསལ་ཡིན་ན་ཁྱོད་ཅག་གི་དོན་དུ་ཡིན། 14ངེད་ཅག་གི་སེམས་སུ་མི་ཐམས་ཅད་ཀྱི་ཚབ་ཏུ་མི་གཅིག་སྐུ་གྲོངས་པ་ཡིན་ན་མི་ཐམས་ཅད་ཀྱང་ཤི་བ་ཐག་གིས་ཆོད་པས། སྐྱབས་མགོན་མཱ་ཤི་ཀའི་བྱམས་པས་ངེད་ཅག་ལ་ངར་ཤུགས་སློང་བ་ཡིན། 15སྐྱབས་མགོན་ཡེ་ཤུ་ནི་མི་ཐམས་ཅད་ཀྱི་ཆེད་དུ་སྐུ་གྲོངས་པ་ཡིན༌ཏེ། གསོན་པོར་གནས་པ་རྣམས་ནི་དེང་ཕྱིན་རང་ཉིད་ཀྱི་དོན་དུ་མི་གསོན༌པར། ཁོ་རྣམས་ཀྱི་ཆེད་དུ་སྐུ་གྲོངས་ཤིང་སླར་གསོན་པ་ཁོང་ཉིད་ཀྱི་དོན་དུ་གསོན་དགོས་པའི་ཕྱིར༌རོ།། 16དེའི༌ཕྱིར། བདག་ཅག་གིས་ད་ནས་བཟུང་མིའི་ཕྱི་རྣམ་པར་མི༌བལྟའོ།། དེ་སྔོན་ཕྱིའི་རྣམ་པར་བལྟས་ནས་སྐྱབས་མགོན་མཱ་ཤི་ཀ་ངོས་བཟུང་མྱོང་ཡང་ད་ལྟ་དེ་ལྟར་ངོས་མི་འཛིན་པས། 17སུ་ཞིག་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ཡོད༌ན། མི་དེ་ནི་གསར་དུ་བསྐྲུན་པའི་མི་ཡིན༌ལ། འདས་དོན་ཚང་མ་མེད་པར་གྱུར་ཅིང་། ལྟོས་དང་། གསར་པ་དེ་བྱུང་འདུག་གོ། 18དོན་ཐམས་ཅད་ནི་དཀོན་མཆོག་ནས་བྱུང་བ༌སྟེ། ཁོང་གིས་སྐྱབས་མགོན་མཱ་ཤི་ཀ་བརྒྱུད་ནས་བདག་ཅག་ཁོང་དང་འདུམ་པར་མཛད་པ༌དང༌། མི་རྣམས་ཁོང་དང་འདུམ་པར་མཛད་པའི་ལས་འགན་ཡང་བདག་ཅག་ལ་གནང༌བ་ཡིན། 19དེ་ནི་དཀོན་མཆོག་གིས་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་འཇིག་རྟེན་གྱི་མི་རྣམས་ཁོང་ཉིད་དང་འདུམ་པར་མཛད༌ཅིང༌། ཁོ་རྣམས་ཀྱི་ཉེས་སྐྱོན་ཁོ་རྣམས་ལ་མི་འགེལ༌བར། འདུམ་པར་མཛད་པའི་བཀའ་ཡང་བདག་ཅག་ལ་བཅོལ་བ་ཡིན། 20དེ་བས་ངེད་ཅག་ནི་སྐྱབས་མགོན་མཱ་ཤི་ཀའི་སྐུ་ཚབ་པ་ཡིན༌ལ། དཀོན་མཆོག་གིས་ངེད་ཅག་བརྒྱུད་ནས་ཁྱོད་རྣམས་ལ་བསྐུལ་བ༌བཞིན། ངེད་ཅག་གིས་སྐྱབས་མགོན་མཱ་ཤི་ཀའི་ཚབ་བྱས་ནས་ཁྱོད་རྣམས་དཀོན་མཆོག་དང་འདུམ་པར༌ཞུའོ།། 21བདག་ཅག་སྐྱབས་མགོན་མཱ་ཤི་ཀའི་ནང་ནས་དཀོན་མཆོག་གི་མི་རྣམ་དག་ཏུ་འགྱུར་བའི༌ཕྱིར། དཀོན་མཆོག་གིས་སྡིག་པ་མེད་པ་དེ་ཉིད་བདག་ཅག་གི་ཚབ་ཏུ་སྡིག་པར་མཛད༌དོ།།

༢ ཀོ་རིན་ཐུ་པ 6

སྐུ་ཚབ་པ་ཕོལ་ལོལ་གྱི་དཀའ༌ཚེགས།

1དཀོན་མཆོག་གི་ལས་གྲོགས་ཡིན་པ་ངེད་ཅག་གིས་ཁྱོད་རྣམས་ལ་ཁོང་གི་ཐུགས་རྗེ་དོན་མེད་དུ་དང་ལེན་མི་བྱེད་པར་བསྐུལ༌བ་ཡིན་ནོ།། 2ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་འདི་སྐད༌དུ། ཐུགས་དགྱེས་དུས་སུ་བདག་གིས་ཁྱོད་ཀྱི་སྨོན་ལམ༌བསྐངས།། སྐྱོབ་པའི་ཉིན་མོར་བདག་གིས་ཁྱོད་ལ་རོགས་རམ༌མཛད།། ཅེས་གསུངས་པའི་ཕྱིར༌རོ།། ལྟོས༌དང༌། ད་ནི་འོས་ཤིང་འཚམ་པའི་དུས་ལ་བབས། ལྟོས་དང་། ད་ལྟ་ནི་སྐྱོབ་པའི་ཉིན་མོ་ཡིན༌ནོ།། 3ངེད་ཅག་གི་ཞབས་ཏོག་བྱེད་པའི་ལས་འགན་འདི་ལ་མི་གཞན་གྱིས་སྐྱོན་བརྗོད་མི་བྱེད་པའི༌ཕྱིར། ངེད་ཅག་གིས་ལས་གང་གི་ཆ་ནས་ཀྱང་བར་ཆད་མི༌བཟོ་ལ། 4དོན་ཐམས་ཅད་ཀྱི་ཐད་ནས་ཀྱང་རང་ཉིད་ནི་དཀོན་མཆོག་གི་ཞབས་ཕྱི་པ་ཡིན་པ་གསལ་པོར་སྟོན་པ༌སྟེ། དཔེར༌ན། བཟོད་བསྲན༌དང༌། དཀའ༌སྡུག ཉམ་ཐག ཆག་སྒོ། 5གཅར༌རྡུང༌། བཙོན༌འཇུག ཟིང༌སློང༌། ལས་ལ་བརྩོན་པ། གཉིད་མི་ཁུག༌པ། ཟས་མི་སྤྱོད༌པ། 6སྤྱོད་གཙང༌། ཡོན༌ཏན། བཟོད༌པ། སྙིང༌རྗེ། དམ་པའི་ཐུགས་ཉིད། བཅོས་མ་མིན་པའི་བྱམས༌པ། 7གཏམ་བདེན༌པ། དཀོན་མཆོག་གི་ནུས་མཐུ་ཆེན༌པོ། ལག་པ་གཡས་གཡོན་དུ་ཡོད་པའི་དྲང་བདེན་གྱི་མཚོན༌ཆ། 8གཟི༌བརྗིད། ངོ༌ཚ། མིང༌ངན། མཚན༌སྙན། བལྟས་ན་བསླུ་བྲིད་ཡིན་ཡང་དོན་ལ་དྲང་པོ་ཡིན༌པ། 9བལྟས་ན་ཅང་གིས་ངོ་མི་ཤེས་ཀྱང་དོན་ལ་ཀུན་གྱིས་ངོ་ཤེས་པ། བལྟས་ན་འཆི་ལ་ཉེ་ཡང་དོན་ལ་གསོན་པོ་ཡིན༌ལ། བལྟས་ན་ཉེས་ཆད་ཕོག་ཀྱང་དོན་ལ་སྲོག་མི་ཤོར༌བ། 10བལྟས་ན་སེམས་སྐྱོ་ཡང་དོན་ལ་ནམ་རྒྱུན་དགའ་སྤྲོས་ཁེངས༌པ། བལྟས་ན་དབུལ་ཕོངས་ཡིན་ཡང་དོན་ལ་མི་མང་པོ་ཕྱུག་པར་བྱེད༌པ། བལྟས་ན་ཅི་ཡང་མེད་ཀྱང་དོན་ལ་ཐམས་ཅད་འཛོམས་པ་ལྟ༌བུའོ།། 11ཀོ་རིན་ཐུ་པ་རྣམས། ངེད་ཅག་གིས་ཁྱོད་རྣམས་ལ་གཏམ་དྲང་པོར་སྨྲ་ཞིང་སེམས་རྒྱ་ནི༌ཆེའོ།། 12ཁྱོད་རྣམས་གུ་དོག་པ་ནི་ངེད་ཅག་གི་རྐྱེན་གྱིས་མིན༌ཏེ། ཁྱོད་ཅག་གི་སེམས་རྒྱ་ཆུང་བ་ལ་རག་ལས༌པ་ཡིན། 13ཁྱོད་ཅག་གིས་ཀྱང་སེམས་རྒྱ་ཆེ་བའི་ངང་ནས་ངེད་རྣམས་ལ་དྲིན་ལན་གཞལ་དགོས༌ཏེ། བདག་གི་གཏམ་འདི་ནི་བུ་ཕྲུག་ལ་སྨྲ་བ་དང་མཚུངས༌སོ།།

དད་མེད་རྣམས་དང་མཉམ་དུ་གཉའ་ཤིང་མི་འཁུར་བ།

14ཁྱོད་ཅག་གིས་དད་མེད་རྣམས་དང་མཉམ་དུ་གཉའ་ཤིང་མ་ཁུར༌ཅིག དྲང་བདེན་དང་ཁྲིམས་མེད་ལུགས་མེད་གཉིས་ལ་འབྲེལ་བ་ཅི་ཡོད་དམ། འོད་དང་མུན་པ་གཉིས་ལ་འབྲེལ་བ་ཡོད་ནུས་སམ། 15སྐྱབས་མགོན་མཱ་ཤི་ཀ་དང་པེལ་ལེ་ཨར་གཉིས་ལ་གཞི་མཐུན་ས་ཅི་ཡོད༌དམ། དད་པ་བྱེད་མཁན་དང་དད་པ་མི་བྱེད་མཁན་གཉིས་ལ་འབྲེལ་བ་ཅི་ཡོད༌དམ། 16དཀོན་མཆོག་གི་མཆོད་ཁང་དང་སྐུ་འདྲ་གཉིས་ལ་མཐུན་ས་ཡོད་དམ་ཞེ་ན་མེད་དོ།། ཅིའི་ཕྱིར་ཞེ་ན། བདག་ཅག་ནི་གཏན་དུ་བཞུགས་པའི་དཀོན་མཆོག་གི་མཆོད་ཁང་ཡིན༌ཏེ། སྔར་དཀོན་མཆོག་གིས་འདི་སྐད༌དུ། བདག་ནི་དེ་རྣམས་ནང་དུ་སྡོད་པ༌དང༌།། དེ་དག་ཁྲོད་ནས་འགྲོ་འོང་བྱེད་པ༌དང༌།། བདག་ནི་དེ་ཚོའི་དཀོན་མཆོག་བྱེད་པ༌དང༌།། དེ་རྣམས་བདག་གི་མི་རྒྱུད་ཡིན་པར༌འགྱུར།། ཞེས༌དང༌། 17ཡང་གཙོ་བོ་ལགས་ཀྱིས་འདི་སྐད༌དུ། དེའི༌ཕྱིར་ཁྱོད་རྣམས་དེ་དག་ལས་ཐོན་ཤོག ། དེ་དག་ལ་ནི་དབྱེ་བ་འབྱེད་པར༌ཤོག ། མི་གཙང་བ་ལ་རེག་པར་མ་བྱེད༌ཅིག ། བདག་གིས་ཁྱོད་རྣམས་དྲུང་དུ་ལེན་པར༌བྱེད།། 18བདག་ནི་ཁྱོད་ཚོའི་ཕ་རུ་བྱེད་པ༌དང༌།། ཁྱོད་རྣམས་བདག་གི་བུ་དང་བུ་མོར༌འགྱུར།། ཞེས་ཀུན་དབང་གཙོ་བོས་བཀའ་བསྩལ༌པའོ།།

༢ ཀོ་རིན་ཐུ་པ 7

སྐུ་ཚབ་པ་ཕོལ་ལོལ་གྱི་དགའ༌སྤྲོ།

1དེ་བས་ན། སྙིང་ཉེ་བའི་སྤུན་ཟླ༌རྣམས། བདག་ཅག་ལ་དེ་ལྟ་བུའི་ཞལ་བཞེས་ཡོད་པས་རང་ཉིད་གཙང་མར་བྱས༌ཏེ། ལུས་སེམས་ཀྱི་མི་གཙང་བ་ཐམས་ཅད་དོར་ནས་དཀོན་མཆོག་ལ་གུས་ཤིང་འཇིགས་པའི་ངང་ནས་དམ་པ་རུ་འགྱུར་བར་བྱེད་དགོས་སོ།། 2ཁྱོད་རྣམས་ཀྱིས་སེམས་རྒྱ་བསྐྱེད་ནས་ངེད་ཅག་དང་ལེན་བྱེད་པར༌གྱིས། ངེད་ཅག་གིས་མི་སུ་ལའང་གྱོང་གུད་མ༌བཟོས། སུ་ཡང་ཉམས་དམས་སུ་མ་བཏང་། སུ་ལས་ཀྱང་ཁེ་བཟང་མ་བླངས་སོ།། 3བདག་གིས་འདི་ལྟར་སྨྲས་པ་ནི་ཁྱོད་རྣམས་ལ་སྐྱོན་སྨྲ་བའི་ཕྱིར་མིན༌ཏེ། ཁྱོད་རྣམས་རྟག་ཏུ་ངེད་ཅག་གི་སེམས་སུ་གནས༌ཤིང༌། བདག་ཅག་གསོན་ན་མཉམ་གསོན་དང་ཤི་ན་མཉམ་ཤི་བྱེད་པར་དགའ་ཞེས་དེ་སྔར་བདག་གིས་སྨྲས་མྱོང༌། 4བདག་གིས་སྤོབས་པ་ཆེན་པོས་ཁྱོད་རྣམས་ལ་གཏམ་སྨྲས༌ཤིང༌། ཁྱོད་ཅག་གི་རྐྱེན་གྱིས་བསྟོད་པ་མང་པོ་བརྗོད་ཅིང་སེམས་གསོ་ཆེན་པོ་ཐོབ༌པ་དང་། ངེད་ཅག་ལ་དཀའ་སྡུག་ཐམས་ཅད་ཀྱི་ཁྲོད་ནས་དགའ་སྤྲོ་དཔག་མེད་བྱུང༌ངོ༌།། 5དེ་ཡང་སྔོན་ཆད་ངེད་ཅག་མ་ཀེ་དོན་ཡཱ་ཡུལ་དུ་སླེབས་པའི་དུས༌སུ། རང་གི་ལུས་པོར་ངལ་གསོ་གང་ཡང་མ་བྱུང་བར། ཕྱོགས་བཞི་ནས་དཀའ་སྡུག་སྣ་ཚོགས་ལ༌ཕྲད་ཅིང་། ཕྱི་རུ་འཁྲུག་རྩོད་དང་ནང་དུ་འཇིགས་པ༌ཡོད་དོ།། 6འོན༌ཀྱང༌། ཡིད་སྐྱོ་བ་རྣམས་ལ་སེམས་གསོ་གནང་མཁན་དཀོན་མཆོག་གིས་ཐེ་ཏུ་སླེབས་པ་བརྒྱུད་ནས་ངེད་ཅག་ལ་སེམས་གསོ་མཛད་པར་མ༌ཟད། 7ཐེ་ཏུ་ཡིས་ཁྱོད་ཅག་ནས་ཐོབ་པའི་སེམས་གསོར་བརྟེན་ནས་ངེད་ཅག་ལ་སེམས་གསོ་བྱས་པ་ཡིན། ཁོས་ཁྱོད་ཅག་གི་དུང་སེམས༌དང༌། སེམས་སྡུག བདག་ལ་བཅངས་པའི་སྤྲོ་སེམས་ཐམས་ཅད་བདག་ལ་སྨྲས༌པས། ང་རང་སྔར་ལས་ལྷག་ཏུ་དགའ་བར་གྱུར་ཏོ།། 8དེ་སྔར་བདག་གིས་འཕྲིན་ཡིག་བྲིས་ཏེ་ཁྱོད་རྣམས་ལ་སེམས་སྐྱོ་རུ་བཅུག་པས་ང་རང་རེ་ཞིག་འགྱོད་བྱུང་ལ། འཕྲིན་ཡིག་དེས་ཁྱོད་རྣམས་ལ་སེམས་སྐྱོ་རུ་བཅུག་པ་ནི་གནས་སྐབས་ཙམ་ཡིན་པ་བདག་གིས་ཤེས༌པས། ད་ནི་བདག་ལ་འགྱོད་པ་མེད་དོ།། 9ད་ལྟ་ང་རང་དགའ་བ་ནི་ཁྱོད་ཅག་གི་སེམས་སྐྱོ་བའི་ཕྱིར་མིན༌ཏེ། ཁྱོད་ཅག་གིས་སྐྱོ་སེམས་ཀྱི་ཁྲོད་ནས་འགྱོད་བཤགས་བྱས་པའི་ཕྱིར༌ཡིན། རྒྱུ་མཚན་ནི་དཀོན་མཆོག་གི་ཐུགས་དགོངས་བཞིན་ཁྱོད་ཅག་གི་སེམས་སྐྱོ༌ཞིང༌། ལས་གང་ལའང་ངེད་ཅག་གི་རྐྱེན་གྱིས་གྱོང་གུད་ཐེབས་མི་སྲིད་པའི་ཕྱིར༌ཡིན། 10དཀོན་མཆོག་གི་ཐུགས་དགོངས་བཞིན་སེམས་སྐྱོ་བ་ཡིས་ཐར་ལམ་ལ་ཁྲིད་པའི་འགྱོད་བཤགས་འབྱུང་དུ་འཇུག་ཅིང་། དོན་དེར་འགྱོད་པ་གཅིག་ཀྱང་མེད་དོ།། འོན་ཀྱང་། འཇིག་རྟེན་གྱི་སྐྱོ་གདུང་གིས་མི་རྣམས་འཆི་བར་བྱེད་པ་ཡིན། 11ལྟོས༌དང༌། དཀོན་མཆོག་གི་ཐུགས་དགོངས་བཞིན་ཁྱོད་ཅག་གི་སེམས་སྐྱོ་བར་གྱུར་པ་ནས༌བཟུང༌། ཁྱོད་རྣམས་ལ་བརྩོན་འགྲུས༌དང༌། ཉེས་སྐྱོན་མེད་པ། རང་ལ་སྡང༌བ། འཇིགས༌སྣང༌། དུང༌སེམས། སྤྲོ༌སེམས། རང་ལ་ཆད་པ་གཅོད་པ་བཅས་བྱུང་བ༌དང༌། དོན་དེ་ཐམས་ཅད་ལས་ཁྱོད་ཅག་གཙང་མ་ཡིན་པ་གསལ་པོར་མངོན་ནོ།། 12བདག་གིས་སྔོན་ཆད་ཁྱོད་རྣམས་ལ་འཕྲིན་ཡིག་བྲིས༌ཤིང༌། དེ་ནི་ཉེས་སྐྱོན་བཟོ་མཁན་དེའི་ཆེད་དུ་མིན༌ལ། ཉེས་སྐྱོན་ཐེབས་མཁན་གྱི་དོན་དུའང་མ་ཡིན༌པར། དཀོན་མཆོག་གི་སྤྱན་སྔར་ཁྱོད་རྣམས་ཀྱིས་ངེད་ཅག་ལ་སེམས་ཁུར་བྱས་པའི་སྤྲོ་སེམས་དེ་ཉིད་ཁྱོད་ཅག་ལ་གསལ་པོར་མངོན་པའི་ཕྱིར་ཡིན༌པས། 13ངེད་ཅག་ལ་སེམས་གསོ་ཐོབ་པར་མ༌ཟད། ཁྱོད་རྣམས་ཀྱིས་ཐེ་ཏུའི་ཡིད་སེམས་སྤྲོ་བར་བྱས་ཤིང་ཁོ་རང་དགའ་བར་གྱུར་པས་ངེད་ཅག་ལྷག་ཏུ་དགའ་ཞིང་སྤྲོ་བར་གྱུར་ཏོ།། 14བདག་གིས་ཐེ་ཏུའི་མདུན་ནས་ཁྱོད་རྣམས་ལ་བསྔགས་བརྗོད་གང་ཞིག་བྱས་པ་ཡིན༌ན། བདག་ལ་ངོ་གནོང་བའི་དོན་མེད༌དེ། བདག་གིས་ཁྱོད་རྣམས་ལ་སྨྲས་པ་ཐམས་ཅད་བདེན་པ་ཡིན་པ༌ལྟར། ཐེ་ཏུའི་མདུན་ནས་ཁྱོད་རྣམས་ལ་བསྔགས་བརྗོད་བྱས་པའང་བདེན་པ་ཡིན། 15ཐེ་ཏུས་ཁྱོད་རྣམས་ཐམས་ཅད་ཀྱིས་ཁོའི་ངག་ལ་ཉན་པ་དང་སྐྲག་ཅིང་འདར་བའི་ངང་ནས་ཁོ་ལ་སྣེ་ལེན་བྱས་པ་དྲན༌པས། ཁོ་རང་ཁྱོད་རྣམས་ལ་ལྷག་ཏུ༌དགའ་བར་གྱུར་པ་ཡིན། 16དོན་ཀུན་ནས་ང་རང་ཁྱོད་རྣམས་ལ་ཡིད་ཆེས་པས་དགའོ།།

༢ ཀོ་རིན་ཐུ་པ 8

ཞལ་འདེབས་འབུལ་མཁན་ལ་སྐུལ་མ་གནང་བའི༌སྐོར།

1ཀྱེ། སྤུན་ཟླ༌རྣམས། དཀོན་མཆོག་གིས་མ་ཀེ་དོན་ཡཱ་ཡུལ་གྱི་ཆོས་ཚོགས་དག་ལ་གནང་བའི་ཐུགས་རྗེ་དེ་ངེད་ཅག་གིས་ཁྱོད་རྣམས་ལ་འཆད་པར༌བྱའོ།། 2ཆོས་ཚོགས་དེ་དག་ལ་དཀའ་སྡུག་གི་ཁྲོད་དུ་ཚོད་བགམ་ཆེན་པོ་ཐེབས་པའི་དུས་སུའང་དགའ་སྤྲོ་དཔག་མེད་ཡོད་པ༌དང༌། ཁོ་རྣམས་ཤིན་ཏུ་དབུལ་བའི་དུས་སུའང་ཞལ་འདེབས་འབུལ་བར་དགའ་བས་ཁོ་རྣམས་ཀྱི་བཀའ་དྲིན་ལྷག་ཏུ་ཆེའོ།། 3ཁོ་རྣམས་ཀྱིས་རང་གི་ནུས་པ་བཞིན་བསྒྲུབས་པར་མ༌ཟད། ནུས་པ་ལས་བརྒལ་ནའང་ཞལ་འདེབས་འབུལ་བར་སེམས་དགའ་བ༌དང༌། 4དད་ལྡན་དམ་པ་གཞན་དག་ལ་འབུལ་བ་ཕུལ་བའི་ཐུགས་རྗེའི་ནང་དུ་ཞུགས་པའི་རེ་བ་ཡང་ཡང་ཞུས་མྱོང་བར་བདག་གིས་བདེན་དཔང་བྱ་ནུས༌པ་ཡིན། 5གཞན༌ཡང༌། ཁོ་རྣམས་ཀྱིས་ངེད་ཅག་གི་རེ་བ་ལས་ལྷག་པ་བསྒྲུབས་པར་མ༌ཟད། དཀོན་མཆོག་གི་ཐུགས་དགོངས་བཞིན་ཐོག་མར་རང་ཉིད་གཙོ་བོ་ལ་ཕུལ་བ༌དང༌། ངེད་ཅག་ལའང་གཏོགས་པར་བྱས་སོ།། 6དེའི༌ཕྱིར། ངེད་རྣམས་ཀྱིས་ཐེ་ཏུ་ལ། ཁོས་སྔར་ནས་འགོ་བརྩམས་པ་ལྟར་ཁྱོད་ཅག་གི་ཁྲོད་དུ་བྱམས་སྙིང་རྗེའི་དོན་དེ་ཉིད་ཀྱང་སྒྲུབས་ཤིག་ཅེས་སྐུལ་མ་གནང༌བ་ཡིན་ལ། 7ཁྱོད་ཅག་གིས་དད་སེམས༌དང༌། སྨྲ༌བརྗོད། ཤེས༌བྱ། བརྩོན༌སེམས། ངེད་ཅག་ལ་བཅངས་པའི་བྱམས་པ་བཅས་ལས་ཕུན་སུམ་ཚོགས་པ་མངོན༌པ་བཞིན། བྱམས་སྙིང་རྗེའི་དོན་འདིའི་སྟེང་དུའང་ཕུན་སུམ་ཚོགས་པར་གྱུར་ཅིག།། 8བདག་གིས་དེ་ལྟར་སྨྲས་པ་ནི་ཁྱོད་རྣམས་ལ་བཀའ་ཕབ་པ་མིན༌ཏེ། མི་གཞན་གྱི་བརྩོན་སེམས་ལ་བརྟེན་ནས་ཁྱོད་ཅག་གི་བྱམས་པ་དངོས་མ་ཡིན་མིན་ལ་ཚོད་བགམ་བྱེད༌པ་ཡིན་ནོ།། 9བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ནི་ཁྱོད་རྣམས་ཀྱིས་ཀྱང་ཤེས༌ཏེ། ཁོང་ནི་ཕྱུག་པོ་ཡིན༌ཡང༌། ཁྱོད་ཅག་གི་ཆེད་དུ་དབུལ་ཞིང་ཕོངས་པར་གྱུར་པ༌དང༌། དེ་ནི་ཁོང་ཉིད་དབུལ་བར་བརྟེན་ནས་ཁྱོད་རྣམས་འབྱོར་བ་དང་ལྡན་པར་འགྱུར་བའི་ཕྱིར་རོ།། 10བདག་གིས་དོན་འདིའི་སྟེང་ནས་རང་གི་དྲན་འཆར་ཁྱོད་ཅག་ལ་སྨྲ་ཞིང་དེ་ནི་ཁྱོད་རྣམས་ལ་ཕན་ཐོགས་ཡོད་དེ། ཁྱོད་ཅག་གིས་དོན་དེ་འགོ་བརྩམས་ཤིང་དེ་སྒྲུབ་འདོད་ཀྱི་སེམས་ཀྱང་བྱུང་ནས་ལོ་གཅིག་ཙམ་འགོར༌བས། 11སྔོན་ལ་ཇི་ལྟར་སྒྲུབ་འདོད་པའི་སེམས་ཡོད༌ན། ད་ལྟ་དོན་དེ་སྒྲུབ་འོས༌ཏེ། ཁྱོད་ཅག་གིས་ནུས་པ་བཞིན་དུ་སྒྲུབ་འོས་སོ།། 12མི་ལ་སྒྲུབ་འདོད་ཀྱི་སེམས་ཡོད༌ན། དེ་ནི་རང་ལ་ཅི་ཡོད་པ་བཞིན་འབུལ་བས་ཆོག་སྟེ། རང་ལ་གང་ཞིག་མེད་པ་ལྟར་འབུལ་བ་མིན། 13བདག་གིས་སྨྲས་པའི་དོན་ནི་མི་གཞན་དག་གི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། ཁྱོད་ཅག་ལ་དཀའ་སྡུག་མྱང་དུ་འཇུག་པའི་ཕྱིར་མ་ཡིན་པར་ཆ་སྙོམས་ཡོང་བའི་ཕྱིར་ཡིན། 14མ་འོངས་པར་ཁྱོད་རྣམས་ཀྱི་མི་འདང་ས་དེ་ཁོ་རྣམས་ཀྱི་འབྱོར་བ་ལས་ཁ་བསྐང་བར་འགྱུར་བའི་ཕྱིར། ད་ལྟ་ཁྱོད་ཅག་གི་འབྱོར་བས་ཁོ་རྣམས་ཀྱི་དགོས་མཁོ་སྐོང་འོས༌ཤིང༌། དེ་ལྟར་བྱས་ན་ཆ་སྙོམས་སུ་འགྱུར་རོ།། 15དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། མང་པོ་བསྡུས་ཀྱང་ཁོ་ལ་ལྷག་མ་མེད༎ ཉུང་ངུ་བསྡུས་ཀྱང་ཁོ་ལ་མི་འདང་མེད།། ཅེས་བཀོད་པ་བཞིན༌ནོ།།

ཀོ་རིན་ཐུ་གྲོང་ཁྱེར་དུ་ཐེ་ཏུ་མངགས༌པ།

16དཀོན་མཆོག་གིས་ཐེ་ཏུ་ལ་སེམས་འགུལ་ཐེབས་པར་མཛད་དེ་བདག་དང་མཚུངས་པར་ཁྱོད་ཅག་ལ་སྤྲོ་སེམས་བཅངས༌ཡོད་པས། དཀོན་མཆོག་ལ་ཐུགས་རྗེ་ཆེ༌ཞུའོ།། 17ཐེ་ཏུས་བདག་གི་ངག་ལ་ཉན་པ་དང་དེ་ལས་ཀྱང་སྤྲོ་སེམས་ཆེ་ཞིང་ཁྱོད་རྣམས་ཀྱི་གམ་དུ་ཕྱིན་པ་ཡིན། 18ངེད་ཅག་གིས་སྤུན་ཟླ་གཞན་ཞིག་ཀྱང་ཁོ་དང་མཉམ་དུ་མངགས་ཤིང༌། སྤུན་ཟླ་དེ་ནི་འཕྲིན་བཟང་ཕྱོགས་ནས་ཆོས་ཚོགས་ཀུན་གྱི་བསྔགས་བརྗོད་ཐོབ་མྱོང་བ་ཞིག་ཡིན༌པར་མ་ཟད། 19ཁོ་རང་ཡང་ཆོས་ཚོགས་དག་གིས་བདམས་ནས་ངེད་རྣམས་དང་མཉམ་དུ་འགྲོ་བར་མཛད་པ༌དང༌། ངེད་རྣམས་ལ་བཅོལ་བའི་ཞལ་འདེབས་འཁྱེར་ནས་སླེབ་དགོས་པ་སྟེ། གཙོ་བོ་ལ་གཟི་བརྗིད་མང་དུ་འབུལ་བ་དང་ངེད་ཅག་གི་སྒྲུབ་པར་དགའ་བའི་སེམས་པའང་གསལ་པོར་མངོན༌པའི་ཕྱིར་རོ།། 20དེ་ནི་ངེད་ཅག་གིས་ཞལ་འདེབས་དངུལ་སྒོར་མང་པོ་བསྡུས་པས་སུས་ཀྱང་ངེད་ཅག་ལ་སྐྱོན་མི་འཛུགས་པའི་ཆེད་དུ་ཡིན༌ལ། 21ངེད་ཅག་གིས་ནན་ཏན་གྱི་ངང་ནས་དོན་ལེགས་པོར་སྒྲུབ༌པར་དམིགས་ཤིང༌། གཙོ་བོའི་སྤྱན་སྔར་དེ་ལྟར་སྒྲུབ་པ་དང་མི་རྣམས་ཀྱི་མིག་མདུན་དུའང་དེ་ལྟར་སྒྲུབ་བཞིན་ཡོད་དོ།། 22ཡང་ངེད་ཅག་གིས་སྤུན་ཟླ་གཞན་ཞིག་ཀྱང་ཁོ་གཉིས་དང་མཉམ་དུ་མངགས་སོ།། ངེད་ཅག་གིས་དོན་དག་མང་པོ་ཞིག་ནས་ཁོ་ལ་ཚོད་བགམས་མྱོང༌ལ། ཁོ་ནི་བརྩོན་སེམས་ཆེ་བ་ཞིག་ཡིན། ད་ལྟ་ཁོས་ཁྱོད་རྣམས་ལ་ཡིད་ཆེས་ཆེན་པོ་བྱེད་པས་ཁོའི་བརྩོན་སེམས་ནི་སྔར་ལས་ཀྱང༌ཆེའོ།། 23ཐེ་ཏུ་གླེང་ན། ཁོ་ནི་བདག་གི་ལས་གྲོགས་ཡིན༌ལ། བདག་དང་མཉམ་དུ་ཁྱོད་ཅག་ལ་ཞབས་ཕྱི་སྒྲུབ་མཁན་ཞིག་ཀྱང་ཡིན། སྤུན་ཟླ་གཞན་གཉིས་ཀ་གླེང་ན། ཁོ་གཉིས་ནི་ཆོས་ཚོགས་དག་གི་བང་ཆེན་དང་སྐྱབས་མགོན་མཱ་ཤི་ཀའི་གཟི་བརྗིད་ཀྱང་ཡིན། 24དེའི༌ཕྱིར། ཁྱོད་ཅག་གིས་ངེས་པར་ཆོས་ཚོགས་དག་གི་དྲུང་དུ་མངོན་པའི་བྱམས་པ་ལ་བདེན་དཔང་བྱེད་པ༌དང༌། ངེད་རྣམས་ཀྱིས་ཁྱོད་ཅག་ལ་བསྔགས་བརྗོད་བྱས་པའི་རྒྱུ་མཚན་ཡང་སྟོན་དགོས༌སོ།།

༢ ཀོ་རིན་ཐུ་པ 9

ཞལ་འདེབས་འབུལ༌ཚུལ།

1དད་ལྡན་དམ་པ་རྣམས་ལ་འབུལ་བའི་ཞབས་ཏོག་སྒྲུབ་པའི་སྐོར་ནས་བདག་གིས་ཁྱོད་ཅག་ལ་འཕྲིན་ཡིག་འབྲི་དགོས་དོན་མེད་དོ།། 2ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ཀྱི་སྒྲུབ་པར་དགའ་བའི་སེམས་ནི་བདག་གིས་ཤེས་ཏེ། ཨ་ཀ་ཡཱ་ཡུལ་གྱི་མི་རྣམས་ཀྱིས་གྲ་སྒྲིག་བྱས་ནས་ལོ་གཅིག་འགོར་ཟིན་ཞེས་སྨྲས་ནས། རྒྱུན་དུ་མ་ཀེ་དོན་ཡཱ་ཡུལ་གྱི་མི་རྣམས་ཀྱི་མདུན་ནས་ཁྱོད་ཅག་ལ་བསྔགས་བརྗོད་བྱེད༌ཅིང༌། ཁྱོད་ཅག་གི་བརྩོན་སེམས་ཀྱིས་མི་མང་པོར་སེམས་འགུལ་ཐེབས་སུ་བཅུག་པའི་ཕྱིར༌རོ།། 3འོན༌ཀྱང༌། ངེད་ཅག་གིས་དོན་འདིའི་ཆ་ནས་ཁྱོད་རྣམས་ལ་བསྔགས་བརྗོད་བྱས་པའི་གཏམ་དེ་སྟོང་བར་མི་འགྱུར༌བར། བདག་གིས་སྨྲས་པ་བཞིན་ཁྱོད་རྣམས་ཀྱིས་གྲ་སྒྲིག་ལེགས་པོ་བྱེད་པའི༌ཕྱིར། བདག་གིས་སྤུན་ཟླ་འདི་དག་མངགས༌པ་ཡིན། 4གལ༌ཏེ། མ་ཀེ་དོན་ཡཱ་ཡུལ་གྱི་མི་འགའ་ཤས་བདག་དང་མཉམ་དུ་ཡོང༌སྟེ། ཁྱོད་ཅག་གིས་གྲ་སྒྲིག་བྱས་མེད་པ་མཐོང༌ན། ངེད་ཅག་གིས་ཡིད་ཆེས་བརྟན་པོ་བྱས་པ་དེ་ནི་ངོ་གནོང་བར་འགྱུར་བ༌དང༌། ཁྱོད་རྣམས་ངོ་གནོང་བ་ནི་དེ་བས་ཀྱང་སྨོས་མ་དགོས་སོ།། 5དེའི༌ཕྱིར། བདག་གིས་སྤུན་ཟླ་དེ་རྣམས་ཐོག་མར་ཁྱོད་ཅག་གི་གམ་དུ་སོང༌སྟེ། སྔོན་ཆད་ཁས་བླངས་པའི་ཞལ་འདེབས་གྲ་སྒྲིག་ལེགས་པོ་བྱེད་པར་ཞུ་བ་མི་བྱེད་ཐབས་མེད་རེད་བསམས༌ཤིང༌། དེ་ནས་ཁྱོད་ཅག་གིས་ཕུལ་བའི་ཞལ་འདེབས་ནི་དགའ་མོས་ཡིན་པ་ལས་འུ་ཐུག་གིས་མིན་པ་མཚོན་ནུས༌སོ།།

ས་བོན་སྣ་ཚོགས་ཀྱི༌དཔེ།

6དོན་ནི་འདི་ཡིན་ཏེ། ས་བོན་ཉུང་ངུ་བཏབ་ན་ལོ་ཏོག་ཉུང་ངུ་བསྡུ༌ཞིང༌། ས་བོན་མང་པོ་བཏབ་ན་ལོ་ཏོག་མང་པོ་བསྡུ་ཞེས་པའོ།། 7ཡིད་སེམས་དགའ་མོས་ངང་ནས་ཞལ་འདེབས་ཕུལ་བ་ལ་དཀོན་མཆོག་ཐུགས་དགྱེས་པ་ཡིན༌པས། མི་སོ་སོས་རང་སེམས་ནས་ཐག་གིས་བཅད་པ་ལྟར་འབུལ་དགོས་པ༌ལས། སེམས་སྡུག་གམ་ཨུ་ཚུགས་ཀྱི་ངང་ནས་འབུལ་མི་འོས་པ་ཡིན། 8དཀོན་མཆོག་གིས་ཐུགས་རྗེ་སྣ་ཚོགས་ཁྱོད་རྣམས་ལ་མང་དུ་གནང༌ནུས་ཏེ། རྟག་ཏུ་དོན་གང་ཅིའི་ཐད་ནས་ཁྱོད་རྣམས་ལ་མི་འདང་ས་མེད་ཅིང་དོན་བཟང་མང་དུ་སྒྲུབ་ཐུབ་པའི་ཕྱིར་རོ།། 9དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། རྒྱུ་ནོར་བཏང་ནས་དབུལ་པོ་སྐྱོབ་བྱེད༌པས།། ཁོང་གི་དྲང་བདེན་ཇི་སྲིད་བར་དུ༌གནས།། 10ཞིང་འདེབས་མཁན་ལ་ས་བོན་དང་མི་ལ་བག་ལེབ་གནང་མཁན་གྱིས་ཁྱོད་རྣམས་ལ་གདབ་བྱའི་ས་བོན་སྦྱོར་ཞིང་སྤེལ་ཏེ། ཁྱོད་རྣམས་ཀྱི་དྲང་བདེན་གྱི་འབྲས་བུའང་འཕེལ་བར་མཛད་ངེས༌སོ།། 11ཁྱོད་ཅག་གིས་ཀྱང་སྦྱིན་པ་མང་པོ་གཏོང་བའི་ཕྱིར། ཁྱོད་རྣམས་དོན་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་པར་མཛད༌པར་འགྱུར་ཞིང༌། དེ་ནས་ངེད་ཅག་བརྒྱུད་ནས་དཀོན་མཆོག་ལ་བཀའ་དྲིན་ཞུ་བའི་སེམས་འབྱུང་ངོ་།། 12ཅིའི་ཕྱིར་ཞེ་ན། འབུལ་བའི་ཞབས་ཏོག་འདི་བསྒྲུབས༌ན། དད་ལྡན་དམ་པ་རྣམས་ཀྱི་དགོས་མཁོ་བསྐངས་པར་མ༌ཟད། མི་མང་པོས་ལྷག་ཏུ་དཀོན་མཆོག་ལ་བཀའ་དྲིན་ཞུ་བའི་ཕྱིར༌རོ།། 13ཁོ་རྣམས་ལ་འབུལ་བའི་ཞབས་ཏོག་གི་ཆ་ནས་བདེན་དཔང་ཐོབ༌ཅིང༌། ཁྱོད་ཅག་གིས་སྐྱབས་མགོན་མཱ་ཤི་ཀའི་འཕྲིན་བཟང་ཁས་ལེན་པ༌དང༌། དེ་ལ་བསྟུན༌པ། ཁོ་རྣམས་དང་མི་གཞན་དག་ལ་ཞལ་འདེབས་མང་པོ་ཕུལ་བའང་ཁོ་རྣམས་ཀྱིས་ཤེས་པར་འགྱུར༌བས། དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པར༌འགྱུར་ལ། 14དཀོན་མཆོག་གི་བླ་ན་མེད་པའི་ཐུགས་རྗེ་དེ་ཁྱོད་ཅག་གི་སེམས་ནང་དུ་མངོན་པར་གྱུར༌པས། ཁོ་རྣམས་ཀྱིས་ཁྱོད་ཅག་ཤིན་ཏུ་དྲན༌ཏེ། ཁྱོད་ཅག་གི་ཆེད་དུ་གསོལ་བ་འདེབས་པར་ངེས། 15དཀོན་མཆོག་ལ་བརྗོད་ཀྱིས་མི་ལང་བའི་གནང་སྦྱིན་ཡོད་པས་ཁོང་ལ་ཐུགས་རྗེ༌ཆེ་ཞུའོ།།

༢ ཀོ་རིན་ཐུ་པ 10

ཕོལ་ལོལ་གྱིས་རང་གི་ལས་འགན་ལ་བདེན་དཔང་བྱེད༌པ།

1དེ་ཡང་ཕོལ་ལོལ་བདག་ནི་ཁྱོད་རྣམས་དང་ངོ་འཕྲད་པའི་དུས་སུ་ཁེངས་ཆུང་ཡིན༌ལ། ཁྱོད་ཅག་གི་གམ་དུ་མེད་པའི་དུས་སུ་ཁྱོད་ཅག་ལ་སྤོབས་པ་ཆེ་བ༌དང༌། ད་ལྟ་རང་གིས་དངོས་སུ་སྐྱབས་མགོན་མཱ་ཤི་ཀའི་ཞི་ཞིང་དུལ་བའི་རང་བཞིན་ལ་བརྟེན་ནས་ཁྱོད་ཅག་ལ་སྐུལ་མ་གཏོང་ངོ་།། 2མི་ལ་ལས་ངེད་ཅག་གིས་ངར་ཤུགས་ལ་བརྟེན་ནས་སྤྱད་པ་སྤྱོད་པར་སྙམ་ལ། ངས་མི་དེའི་རིགས་ལ་ངེས་པར་སྤོབས་པར་བརྟེན་ནས་སྐུལ་ལྕག་གཏོང་དགོས་པར༌བསམས་མོད། འོན་ཀྱང་ང་རང་ཁྱོད་ཅག་དང་མཉམ་དུ་ཡོད་དུས། དེ་ལྟར་སྤོབས་པ་ལྡན་མི་དགོས་པའི་ཚུལ་ཁྱོད་ཅག་ལ་ཞུའོ།། 3ངེད་ཅག་གིས་ངར་ཤུགས་ལ་བརྟེན་ནས་སྤྱད་པ་སྤྱོད༌ནའང༌། ངར་ཤུགས་ལ་བརྟེན་ནས་འཐབ་པར་མི་བྱེད། 4ངེད་ཅག་གིས་འཐབ་པར་བྱེད་པའི་གོ་མཚོན་ནི་ངར་ཤུགས་ཀྱི་གོ་མཚོན་མ་ཡིན༌པར། དཀོན་མཆོག་གི་མཐུ་སྟོབས་དང་ལྡན་པས་བཙན་རྫོང་རྣམས་ཀྱང་གཏོར་ནུས༌ཤིང༌། 5དཀོན་མཆོག་ཤེས་པར་བཀག་འགོག་བྱེད་པའི་ཇུས་ངན་སྣ་ཚོགས་དང་ང་རྒྱལ་ཅན་གྱི་དོན་ཐམས་ཅད་ཀྱང་ངེད་ཅག་གིས་འཇོམས་པ་དང་། བསམ་པ་ཐམས་ཅད་ཕྱིར་བཀུག་ནས་སྐྱབས་མགོན་མཱ་ཤི་ཀ་ལ་བསྟུན་དུ་འཇུག་པ་ཡིན། 6ཡང་ཁྱོད་ཅག་གིས་བཀའ་ཡོངས་སུ་བརྩི་བའི་དུས༌སུ། ངེད་ཅག་གིས་བཀའ་མི་བརྩི་བ་ཐམས་ཅད་ལ་ཉེས་ཆད་གཅོད་པར་སྟ་གོན་བྱས་ཟིན༌ཏོ།། 7ཁྱོད་ཅག་གིས་ཕྱིའི་རྣམ་པ་ཁོ་ནར༌ལྟའམ། གལ༌ཏེ། མི་ཞིག་ལ་རང་ཉིད་ནི་སྐྱབས་མགོན་མཱ་ཤི་ཀར་གཏོགས་པར་ཡིད་ཆེས་བརྟན་པོ་ཡོད༌ན། ད་དུང་བསམ་བློ་གཏོང་དགོས༌ཏེ། ཁོ་ནི་སྐྱབས་མགོན་མཱ་ཤི་ཀར་ཇི་ལྟར་གཏོགས་པ༌བཞིན། ངེད་ཅག་ཀྱང་དེ་ལྟར་སྐྱབས་མགོན་མཱ་ཤི་ཀར་གཏོགས༌པ་ཡིན་ནོ།། 8གཙོ་བོས་ངེད་ཅག་ལ་དབང་ཆ་གནང༌བ་ནི་ཁྱོད་རྣམས་སྐྱེད་སྲིང་བྱེད་པ་ལས་ཉམས་དམས་སུ་གཏོང་ཕྱིར་མ་ཡིན། ངས་དབང་ཆ་འདི་ལ་བསྔགས་བརྗོད་ཅུང་ཙམ་བྱས་ཀྱང་ང་རང་ངོ་གནོང་བར་མི་འགྱུར། 9ངས་དེ་ལྟར་སྨྲས་དོན༌ནི། བདག་གིས་འཕྲིན་ཡིག་བྲིས་ནས་ཁྱོད་ཅག་ལ་འཇིགས་སྣང་བསྐུལ་བའི་ཕྱིར་མ་ཡིན། 10ཅིའི་ཕྱིར་ཞེ་ན། མི་འགའ་ཤས་ན༌རེ། ཁོའི་འཕྲིན་ཡིག་གི་ནང་དོན་ལྕི་ཞིང་དྲག་རྩུབ་ཆེ༌ཡང༌། ཁོ་དང་ངོ་འཕྲད༌ན། ཁོ་རང་ནི་སྐྱེས་གཟུགས་ཞན་ཅིང་ཚིག་ཐ་མལ་སྨྲ་མཁན་ཡིན་ཞེས་ཟེར་བའི་ཕྱིར༌རོ།། 11མི་འདི་ལྟ་བུ་རྣམས་ཀྱིས་ངེད་ཅག་གནས་དེར་མེད་པའི་དུས་སུ་འཕྲིན་ཡིག་གི་རྗོད་བྱེད་ཀྱི་ཚིག་ཇི་ལྟར་ཡིན༌ན། ངོ་འཕྲད་པའི་དུས་སུའང་དོན་དེ་བཞིན་དུ་སྒྲུབ་ངེས་པར་བསམ་བློ་གཏོང་དགོས༌སོ།། 12ཅིའི་ཕྱིར་ཞེ་ན། ངེད་ཅག་གིས་རང་ཉིད་ནི་རང་བསྟོད་བྱེད་པའི་མི་རྣམས་ལ་བརྩི་བའམ་བསྡུར་མི་ཕོད༌དེ། མི་དེ་རྣམས་ཀྱིས་རང་གིས་རང་ལ་ཚད་འཇལ་ཞིང་རང་གིས་རང་ལ་བསྡུར་བར་བྱེད་པ་ནི་བློ་དམན༌པ་ཡིན་ནོ།། 13ངེད་ཅག་གིས་ཚད་ལས་འདས་པར་བསྔགས་བརྗོད་བྱ་མི་འདོད༌དེ། དཀོན་མཆོག་གིས་ངེད་ཅག་ལ་བསྩལ་པའི་དབྱེ་མཚམས་ལྟར་བསྔགས་བརྗོད་བྱ་ཞིང་ཁྱོད་ཅག་ཀྱང་དེའི་ནང་དུ་གནས་སོ།། 14ངེད་ཅག་ཐོག་མ་ནས་ཁྱོད་ཅག་གི་གམ་དུ་སླེབས་ཏེ་སྐྱབས་མགོན་མཱ་ཤི་ཀའི་འཕྲིན་བཟང་བསྒྲགས་པ་ཡིན་པས། ངེད་རྣམས་ཀྱི་དབྱེ་མཚམས་ནི་ཁྱོད་རྣམས་ཀྱི་བར་དུ་མ་སླེབས་པ་ལྟར། ངེད་ཅག་ནི་རང་གི་དབྱེ་མཚམས་ལས་བརྒལ་བ་མ་ཡིན། 15ངེད་ཅག་གིས་མི་གཞན་གྱི་དཀའ་ཚེགས་ལ་བརྟེན་ནས་བསྔགས་བརྗོད་ཚད་བརྒལ་མི་བྱེད༌ནའང༌། ཁྱོད་ཅག་གི་དད་པ་ཇེ་བརྟན་དུ་འགྲོ་བའི་དུས༌སུ། ངེད་ཅག་གི་དབྱེ་མཚམས་ནི་ཁྱོད་ཅག་གི་རྐྱེན་གྱིས་རྒྱ་ཆེ་རུ་འགྲོ་བ་དང༌། 16ཁྱོད་ཅག་གི་ཡུལ་ལས་གཞན་པའི་ཡུལ་རྣམས་ལ་འཕྲིན་བཟང་སྒྲོག་ནུས་པར་རེ་བ་བྱེད། དེ་ནི་མི་གཞན་གྱི་དབྱེ་མཚམས་ནང་དུ་བསྒྲུབས་ཟིན་པའི་དོན་ལ་བརྟེན་ནས་བསྔགས་བརྗོད་བྱེད་པའང་མིན་ནོ།། 17འོན༌ཀྱང༌། བསྔགས་བརྗོད་བྱེད་མཁན་སུས་ཀྱང་གཙོ་བོ་ལ་བསྔགས་འོས༌སོ།། 18ཅིའི་ཕྱིར་ཞེ་ན། དཀོན་མཆོག་གི་ཐུགས་ལ་ལྡན་པ་ནི་རང་བསྟོད་བྱེད་མཁན་གྱིས་བསྟོད་པ་མ་ཡིན༌པར། གཙོ་བོས་བསྟོད་ཅིང་བསྔགས་པ་དེ་ཡིན་པའི་ཕྱིར༌རོ།།

༢ ཀོ་རིན་ཐུ་པ 11

ཕོལ་ལོལ་དང་སྐུ་ཚབ་པ་རྫུས་མའི༌སྐོར།

1དེ་ཡང་བདག་གི་གླེན་རྟགས་ཕྲན་བུ་འདིར་ཁྱོད་རྣམས་ཀྱིས་བཟོད་སྒོམ་གནང་བར༌སྨོན། དོན་དངོས་སུ་ཁྱོད་ཅག་གིས་བདག་ལ་བཟོད་སྒོམ་གནང༌བ་ཡིན་ནོ།། 2བདག་གིས་དཀོན་མཆོག་གི་ཀོ་ལོང་སྤྱད་ནས་ཁྱོད་རྣམས་ལ་གཅེས་པ་ཡིན། ཅིའི་ཕྱིར་ཞེ་ན། སྔོན་ཆད་བདག་གིས་ཁྱོད་རྣམས་མག་གསར་གཅིག་ལ་གཉེན་རྟགས་བརྒྱབ་པ༌དང༌། ཁྱོད་ཅག་ན་ཆུང་བུ་མོ་གཙང་མ་ཞིག་ཡིན་པ་བཞིན་དུ་སྐྱབས་མགོན་མཱ་ཤི་ཀར་འབུལ་ཐུབ་པའི་ཕྱིར༌རོ།། 3འོན༌ཀྱང༌། སྦྲུལ་གྱིས་གཡོ་སྒྱུར་བརྟེན་ནས་ཧ་ཝཱ་བསླུས་པ༌ལྟར། ཁྱོད་ཅག་གི་བསམ་པའང་སྐྱབས་མགོན་མཱ་ཤི་ཀར་བཅངས་པའི་དད་སེམས་དྲང་པོ་དང་གཙང་མ་དེ་ནས་ངན་ཕྱོགས་སུ་འཁོར་བར་ང་རང་འཇིགས༌པ་ཡིན། 4རྒྱུ་མཚན་ནི་མི་ཞིག་ཡོང་ནས་ཁྱོད་རྣམས་ལ་ངེད་ཅག་གིས་བསྒྲགས་པ་མ་ཡིན་པའི་ཡེ་ཤུ་གཞན་ཞིག་བསྒྲགས༌པའམ། ཡང་ན་ཁྱོད་ཅག་ལ་སྔར་ཐོབ་མ་མྱོང་བའི་ཐུགས་ཉིད་གཞན་ཞིག་ཐོབ༌པ། ཡང་ན་ཁྱོད་རྣམས་ལ་སྔར་ཐོབ་མ་མྱོང་བའི་འཕྲིན་བཟང་གཞན་ཞིག་ཐོབ༌ན། ཁྱོད་རྣམས་དགའ་ཞིང་དེའི་དབང་དུ་འགྲོ་བའོ།། 5འོན༌ཀྱང༌། ངས་རང་ཉིད་ནི་མཆོག་ཏུ་གྱུར་པའི་སྐུ་ཚབ་པ་ཞེས་པ་དག་ལས་ཅུང་ཙམ་ཡང་མི་དམན་སྙམ། 6བདག་གི་སྨྲ་བརྗོད་ནི་ཕལ་བ་ཡིན༌ཡང༌། བདག་གི་ཡོན་ཏན་ནི་ཕལ་བ་མ་ཡིན། འདི་ནི་ངེད་ཅག་གིས་ལས་ཀུན་ནས་ཁྱོད་རྣམས་ལ་གསལ་པོར་བསྟན་པ་ཡིན༌ནོ།། 7བདག་གིས་དཀོན་མཆོག་གི་འཕྲིན་བཟང་ནི་རིན་མེད་པར་ཁྱོད་རྣམས་ལ་བསྒྲགས༌ཤིང༌། ཁྱོད་ཅག་མཐོ་སར་འཕར་བའི༌ཕྱིར། ང་རང་དམའ་སར་བསྡད་པ་ནི་བདག་གིས་སྡིག་པ་བྱས་པ་ཡིན་ནམ། 8བདག་གིས་ཆོས་ཚོགས་གཞན་ལ་གྱོང་གུད་བཟོས་ཤིང༌། ཁོ་རྣམས་ལས་གླ་ཕོགས་བླངས་ཏེ་ཁྱོད་ཅག་ལ་ཞབས་ཕྱི་སྒྲུབ༌པ་ཡིན། 9ང་རང་ལ་ཁྱོད་ཅག་གི་གམ་དུ་དགོས་མཁོ་བྱུང་བའི་དུས༌སུ། མ་ཀེ་དོན་ཡཱ་ཡུལ་ནས་ཡོང་བའི་སྤུན་ཟླ་རྣམས་ཀྱིས་བདག་གི་དགོས་མཁོ་བསྐངས༌པས། ངས་ཁྱོད་རྣམས་སུ་ལའང་དཀའ་ལས་མ་གཏད། བདག་གིས་དེ་སྔར་ལས་ཀུན་ནས་གཟབ་གཟབ་བྱས་ཤིང་ཕྱིས་སུའང་དེ་ལྟར་བྱས་ཏེ་ཁྱོད་རྣམས་ལ་ཅིས་ཀྱང་དཀའ་ལས་མི་གཏོད། 10སྐྱབས་མགོན་མཱ་ཤི་ཀའི་ཐུགས་རྒྱུད་དྲང་པོ་དེ་ཉིད་བདག་གི་སེམས་ཁོང་དུ་བཞུགས༌པས། མི་སུས་ཀྱང་ཨ་ཀ་ཡཱ་ཡུལ་ནས་བདག་གི་རང་བསྟོད་དེ་ནི་འགོག་མི་ནུས་སོ།། 11ཅིའི་ཕྱིར་ཞེ་ན། ངས་ཁྱོད་རྣམས་ལ་མི་གཅེས་པའི་རྐྱེན་གྱིས་མིན༌ཏེ། དོན་དེ་ནི་དཀོན་མཆོག་གིས་མཁྱེན་ནོ།། 12འོན་ཀྱང་། མི་གཞན་རྣམས་ཀྱིས་རང་བསྟོད་བྱེད་པའི་ཐད་ནས་ངེད་ཅག་དང་འདྲ་བར་འདོད༌ཀྱང༌། གོ་སྐབས་འཚོལ་བ་དེ་དག་གི་གོ་སྐབས་མེད་པར་བཟོ་བའི༌ཕྱིར། བདག་གིས་ད་ལྟ་ཅི་ལྟར་བྱེད་པ༌བཞིན། ཕྱིས་སུའང་དེ་ལྟར་བྱེད་པར་བྱའོ༎ 13མི་དེ་ལྟ་བུ་རྣམས་ནི་སྐུ་ཚབ་པ་རྫུས་མ་ཡིན༌ཏེ། ལས་ཀུན་སྒྲུབ་པར་གཡོ་སྒྱུ་ཆེ་ཞིང་སྐྱབས་མགོན་མཱ་ཤི་ཀའི་སྐུ་ཚབ་པ་ཡིན་ཁུལ་བྱེད་པ་ཡིན། 14དེ་ལ་ངོ་མཚར་བ་མེད༌དེ། བདུད་སཱ་ཏན་གྱིས་ཀྱང་འོད་སྣང་གི་ཕོ་ཉ་ཡིན་ཁུལ་བྱེད་པའི་ཕྱིར༌ཡིན། 15དེ་བས་བདུད་ཀྱི་གཡོག་པོ་དག་གིས་ཀྱང་དྲང་བདེན་གྱི་ཞབས་ཕྱི་པ་ཡིན་ཁུལ་བྱེད༌པས། དེ་ལའང་ངོ་མཚར་བ་མེད། དེ་དག་གི་མཐའ་འབྲས་ནི་དེ་དག་གི་སྤྱོད་ལམ་བཞིན་དུ་འབྱུང་ངེས༌སོ།།

སྐུ་ཚབ་པ་ཕོལ་ལོལ་གྱི་དཀའ༌ཚེགས།

16བདག་གིས་ཡང་བསྐྱར་སྨྲ་བར་བྱ༌སྟེ། མི་སུས་ཀྱང་བདག་ནི་བླུན་པོར་བརྩི་བར་མི༌བྱའོ། །གལ༌ཏེ། བླུན་པོར་བརྩིས་པའི་དབང་དུ་བཏང༌ནའང༌། བདག་གིས་ཀྱང་རང་བསྟོད་ཅུང་ཙམ་བྱེད་ཐུབ་པའི༌ཕྱིར། ང་རང་བླུན་པོར་བརྩིས་ཀྱང་སྣེ་ལེན་བྱེད་པར་རིགས་སོ།། 17གཏམ་འདི་ནི་བདག་གིས་གཙོ་བོའི་བཀའ་ལྟར་སྨྲས་པ་མ་ཡིན༌ལ། མི་གླེན་པ་ཞིག་དང་མཚུངས་པར་ཅི་མི་སྙམ་པར་རང་བསྟོད་བྱས༌པ་ཡིན། 18མི་མང་པོས་རང་གི་ངར་ཤུགས་ལ་བརྟེན་ནས་རང་བསྟོད་བྱེད༌པས། ངས་ཀྱང་རང་བསྟོད་བྱའོ།། 19ཁྱོད་ཅག་ནི་མཁས་མཛངས་ཅན་ཡིན་པས་བླུན་པོ་རྣམས་ལའང་བཟོད་པ་སྒོམ་པར་དགའ་བ་མ་ཡིན༌ནམ། 20གལ༌ཏེ། མི་ཞིག་གིས་ཁྱོད་རྣམས་བཙན་གྱིས་བྲན་དུ་བཀོལ༌བའམ། ཡང་ན་ཁྱོད་ཅག་ཧམ་བཟུང་བྱེད༌པ། ཡང་ན་ཁྱོད་རྣམས་འཕྲོག་བཅོམ་བྱེད་པ། ཡང་ན་ཁྱོད་ཅག་ལ་བརྙས་བཅོས་བྱེད༌པ། ཡང་ན་ཁྱོད་རྣམས་ལ་འགྲམ་ལྕག་གིས་གཞུ་བ་བཅས་བྱེད༌ཀྱང༌། ཁྱོད་ཅག་གིས་ཁོ་རྣམས་ལ་བཟོད་བསྲན་བྱེད་པ་ཡིན། 21གཏམ་འདི་ནི་རང་གིས་རང་ལ་ངོ་གནོང་བའི་ཕྱིར་སྨྲས་པ་ཡིན༌ལ། སྔོན་ཆད་ངེད་ཅག་ནི་གཉོམ་ཆུང་ཡིན་པ༌འདྲ་མོད། འོན༌ཀྱང༌། མི་སུ་ཞིག་དོན་གང་གི་ཆ་ནས་སྤོབས་པ་ཅན་ཡིན༌ན། ངས་ཀྱང་བླུན་གཏམ་ཞིག་སྨྲ་བར་བྱ༌སྟེ། ང་རང་ཡང་སྤོབས་པ་ཅན་ཡིན་ནོ།། 22དེ་རྣམས་ནི་ཨིབ་རི་པ་མ་ཡིན༌ནམ། ང་རང་ཡང་ཨིབ་རི་པ་ཡིན། དེ་རྣམས་ནི་ཡེས་ར་ཨེལ་པ་མ་ཡིན༌ནམ། ང་ཪང་ཡང་ཡེས་ར་ཨེལ་པ་ཡིན། དེ་རྣམས་ནི་ཨབ་ར་ཧམ་གྱི་རིགས་རྒྱུད་མ་ཡིན༌ནམ། ང་རང་ཡང་ཨབ་ར་ཧམ་གྱི་རིགས་རྒྱུད་ཡིན། 23དེ་རྣམས་ནི་སྐྱབས་མགོན་མཱ་ཤི་ཀའི་ཞབས་ཕྱི་པ་མ་ཡིན༌ནམ། ཡང་ངས་སྨྱོ་གཏམ་ལྟ་བུ་ཞིག་སྨྲ་བར་བྱ༌སྟེ། ང་རང་ཡང་ལྷག་ཏུ་ཞབས་ཕྱི་པ་ཡིན། བདག་གིས་ཁོ་རྣམས་ལས་ཀྱང་དཀའ་ངལ་མང་དུ་མྱངས༌ཤིང༌། བཙོན་ཁང་དུ་ཐེངས་མང་པོར་བཅུག་པ༌དང༌། གཅར་རྡུང་ཚབས་ཆེན༌མྱངས། ཐེངས་དུ་མར་འཆི་བའི་ཉེན་ཁར་ཐུག 24ཡ་ཧུ་དཱ་པས་བདག་ལ་གཅར་རྡུང་ཐེངས་ལྔ་བྱས༌ཤིང༌། ཐེངས་རེར་རྟ་ལྕག་བཞི་བཅུ་གཞུས་ཤིང་དེའི་ནང་ནས་རྟ་ལྕག་གཅིག་བླངས། 25ཡང་དབྱུག་པས་ཐེངས་གསུམ་ལ་བརྒྱབ། རྡོ་རུབ་ཐེངས་གཅིག་ལ་བཏང་། གྲུ་གཟིངས་ཐེངས་གསུམ་ལ་ཆག་གྲུམ་བྱུང༌སྟེ། ཉིན་ཞག་གཅིག་ལ་རྒྱ་མཚོའི་འཇིངས་སུ་ལུས། 26ཡང་ཐེངས་དུ་མར་ལམ་ཐག་རིང་བོར་འགྲོ༌དུས། ཆུ་བོའི་ཉེན་ཁ༌དང༌། ཇག་པའི་ཉེན༌ཁ། ཡུལ་མི་རྣམས་ཀྱི་ཉེན༌ཁ། ཕྱི་ཕྱོགས་པ་རྣམས་ཀྱི་ཉེན༌ཁ། གྲོང་ཁྱེར་གྱི་ཉེན༌ཁ། དབེན་སྟོང་གི་ཉེན༌ཁ། རྒྱ་མཚོའི་ནང་གི་ཉེན༌ཁ། སྤུན་ཟླ་རྫུས་མའི་ཉེན་ཁ་བཅས་དང་ཕྲད། 27ཡང་དཀའ་ཚེགས་དང་ངལ་བ་མྱངས་ཤིང་ཐེངས་མང་པོར་གཉིད་མ་ཁུག་པ༌དང༌། ཟས་མེད་པར་བཀྲེས་སྐོམ༌མྱངས། གྲངས་ངར་མྱངས་ཤིང་གཅེར་བུར་ལུས། 28དོན་དེ་དག་ལས༌གཞན། བདག་གིས་ཆོས་ཚོགས་ཐམས་ཅད་ཀྱི་དོན་ལ་སེམས་ཁྲལ་བྱས་པས། ཉིན་རེར་སེམས་ཀྱི་ཁུར་བོའང་ཤིན་ཏུ༌ལྕི་མོ་ཡིན། 29སུ་ཞིག་སྟོབས་ཞན་པར་གྱུར༌ན། ང་རང་ཞན་པར་མི་འགྱུར༌རམ། སུ་ཞིག་སར་འགྱེལ་ན། ང་རང་སེམས་འཚབ་པར་མི་འགྱུར༌རམ། 30གལ༌ཏེ། བདག་གིས་ངེས་པར་རང་བསྟོད་བྱེད་དགོས༌ན། ང་རང་གཉོམ་ཆུང་ཡིན་པའི་ཐད་ལ་བསྟོད་པར་བྱ༌སྟེ། 31ངས་རྫུན་མི་སྨྲ་བ་ནི་དུས་རྟག་ཏུ་བསྔགས་པར་འོས་པའི་གཙོ་བོ་ཡེ་ཤུའི་ཡབ་དཀོན་མཆོག་གིས་མཁྱེན༌ཏོ།། 32དཱ་མེ་སེག་གི་རྒྱལ་པོ་ཨ་རེ་ཏའི་བློན་ཆེན་གྱིས་དཱ་མེ་སེག་མཁར་གྲོང་བསྲུངས་ནས་ང་རང་འཛིན་འདོད་པ༌ལ། 33བདག་ནི་སླེ་བོའི་ནང་དུ་བསྡད་ཅིང་མཁར་གྱི་སྒེའུ་ཁུང་ལས་མར་དཔྱངས་ཏེ་བློན་ཆེན་གྱི་ལག་ནས་ཐར་བར་གྱུར༌ཏོ།།

༢ ཀོ་རིན་ཐུ་པ 12

ཕོལ་ལོལ་གྱི་ཞལ་གཟིགས་དང་ལུས་ཀྱི་ཚེར་མའི༌དཔེ།

1དེ་ཡང་རང་བསྟོད་བྱས་ན་ཕན་ཐོགས་མེད་ཀྱང་བདག་གིས་དེ་ལྟར་མི་བྱེད་ཀ་མེད་བྱུང༌ངོ་༎ ད་ལྟ་བདག་གིས་གཙོ་བོའི་ཞལ་གཟིགས་དང་ཁོང་གི་མངོན་པར་གསལ་བའི་དོན་རྣམས་སྨྲ་བར༌བྱ་སྟེ། 2བདག་གིས་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་གནས་པའི་མི་ཞིག་ངོ་ཤེས༌ཏེ། ཁོ་རང་ནི་ལོ་བཅུ་བཞིའི་སྔོན་ལ་ནམ་མཁའི་ཞིང་ཁམས་ཀྱི་རིམ་པ་གསུམ་པར་དྲངས། ཁོ་རང་ནི་ལུས་ཕྱི་ནང་གང་དུ་ཡོད་པ་བདག་གིས་མི་ཤེས་ཀྱང་དཀོན་མཆོག་གིས་མཁྱེན༌ཏོ།། 3ངས་མི་དེ་ངོ་ཤེས་པ་དང་ཁོ་རང་ལུས་ཕྱི་ནང་གང་དུ་ཡོད་པ་མི་ཤེས༌ཀྱང༌། དཀོན་མཆོག་གིས་མཁྱེན་ཏེ། 4ཁོ་རང་ནི་ནམ་མཁའི་ཞིང་ཁམས་ཀྱི་དགའ་བདེའི་ལྡུམ་རར་དྲངས༌ཤིང༌། གསང་བའི་སྐད་ཆ་ཐོས་པ༌དང༌། དེ་ནི་མིས་སྨྲ་མི་རུང་བ་ཞིག་ཡིན། 5བདག་གིས་མི་དེའི་དོན་དུ་བསྔགས་པར༌བྱའོ།། འོན་ཀྱང་བདག་གི་དོན་དུ་རང་ཉིད་གཉོམ་ཆུང་ཡིན་པ་དེ་ལས༌གཞན། བདག་ལ་བསྔགས་པར་བྱ་བ་ཅི་ཡང་མེད། 6བདག་གིས་བདེན་གཏམ་སྨྲ་ངེས༌པས། རང་བསྟོད་བྱེད་འདོད་ནའང་དེ་ནི་བླུན་རྟགས་མ་ཡིན། མི་གཞན་གྱིས་བདག་ལས་བྱུང་བའི་མཐོང་ཐོས་བརྒལ་ནས་ང་རང་ཆེན་པོར་མི་བརྩི་བའི༌ཕྱིར། བདག་གིས་རང་བསྟོད་མི༌བྱའོ།། 7ཡང་བདག་ལ་མངོན་པར་གསལ་བའི་དོན་རྣམས་རླབས་ཤིན་ཏུ་ཆེ་བས། ང་རྒྱལ་མི་སྐྱེ་བའི༌ཕྱིར། ངའི་ལུས་སྟེང་དུ་ཚེར་མ་ཞིག་གནང་བ་ཡིན་ལ། དེ་ནི་བདུད་སཱ་ཏན་གྱི་ཕོ་ཉས་བདག་ལ་རྡུང་རྡེག་བཏང༌བ་ཡིན་ཏེ་བདག་ང་རྒྱལ་མི་སྐྱེ་བའི་ཕྱིར་རོ།། 8དོན་འདིའི་ཆེད་དུ་བདག་གིས་གཙོ་བོར་ཐེངས་གསུམ་ལ་ཚེར་མ་དེ་བདག་ལས་ལེན་པར་ཞུ་བ་བྱས༌པ་དང་། 9ཁོང་གིས་བདག་ལ་འདི་སྐད༌དུ། ཁྱོད་ལ་བདག་གི་ཐུགས་རྗེ་ཡོད་པས་འདང༌སྟེ། བདག་གི་ནུས་མཐུ་ནི་མི་གཉོམ་ཆུང་རྣམས་ལ་ཡོངས་སུ་རྫོགས་པར་མངོན་པ་ཡིན་ཞེས་གསུངས༌པས། སྐྱབས་མགོན་མཱ་ཤི་ཀའི་ནུས་མཐུ་བདག་གི་སྟེང་དུ་བཞུགས་པའི༌ཕྱིར། བདག་ནི་རང་ཉིད་ཀྱི་གཉོམ་ཆུང་ལ་བསྔགས་པར་ལྷག་ཏུ༌དགའོ།། 10དེའི་ཕྱིར་བདག་གིས་སྐྱབས་མགོན་མཱ་ཤི་ཀའི་ཆེད་དུ། གཉོམ་ཆུང༌དང༌། བརྙས༌བཅོས། དཀའ༌སྡུག གཉའ་གནོན། དཀའ་ཚེགས་བཅས་ནི་དགའ་འོས་པར་བརྩིས། རྒྱུ་མཚན་ནི་ང་རང་དུས་ནམ་ཞིག་ལ་གཉོམ་ཆུང་ཡིན༌ན། དུས་དེ་ལ་བདག་ནི་སྟོབས་ཅན་ཡིན་པའི་ཕྱིར༌རོ།།

ཕོལ་ལོལ་གྱིས་ཆོས་ཚོགས་ལ་གཟིགས་སྐྱོང་མཛད༌པ།

11སྤྱིར་ཁྱོད་ཅག་གིས་བདག་ལ་བཟང་སྨྲས་ན་འགྲིག༌མོད། འོན་ཀྱང་ད་ལྟ་ང་རང་བླུན་པོར་གྱུར་པ་ནི་ཁྱོད་ཅག་གིས་བཙན་སྐུལ་བྱས༌པ་ཡིན། བདག་ནི་ཅི་ཡང་མིན་ནའང་མཆོག་ཏུ་གྱུར་པའི་སྐུ་ཚབ་པ་ཞེས་པ་དག་ལས་དོན་གང་གི་ཐད་ནས་ཀྱང་མི་དམན་ནོ།། 12བདག་གིས་ཁྱོད་ཅག་གི་ཁྲོད་དུ་བཟོད་བསྲན་ཚད་མེད་བྱས༌ནས། གྲུབ་རྟགས༌དང༌། དོན་ངོ་མཚར༌ཅན། ངོ་མཚར་བའི་ནུས་མཐུ་བཅས་ལ་བརྟེན་ནས་སྐུ་ཚབ་པ་དངོས་མའི་རྟགས་བསྟན༌པ་ཡིན། 13བདག་གིས་ཁྱོད་ཅག་ལ་དཀའ་ལས་མ་གཏད་པ་འདི་ལས༌གཞན། ཁྱོད་རྣམས་དོན་གང་གི་ཆ་ནས་ཆོས་ཚོགས་གཞན་ལ་མི་དོའམ། འདྲ་མཉམ་མིན་པའི་ཆ་དེ་ལ་ཁྱོད་ཅག་གིས་གུ་ཡངས་གཏོང་བར༌ཞུའོ།། 14ད་ལྟ་བདག་ནི་ཐེངས་གསུམ་པར་ཁྱོད་ཅག་གི་གམ་དུ་འགྲོ་རྩིས་ཡོད༌ཀྱང༌། ཁྱོད་རྣམས་ལ་དཀའ་ལས་གཏོད་མི་སྲིད་དོ།། ཅིའི་ཕྱིར་ཞེ་ན། བདག་གི་རེ་བ་ནི་ཁྱོད་ཅག་ཡིན་པ་ལས་ཁྱོད་ཅག་གི་རྒྱུ་ནོར་མ་ཡིན། ཕ་མས་བུ་ཕྲུག་གི་དོན་དུ་རྒྱུ་ནོར་གསོག་དགོས་པ༌ལས། བུ་ཕྲུག་གིས་ཕ་མའི་དོན་དུ་རྒྱུ་ནོར་གསོག་དགོས་པ་མ་ཡིན། 15ཁྱོད་རྣམས་ཀྱི་ཚེ་སྲོག་གི་ཆེད༌དུ། བདག་ནི་རྒྱུ་ནོར་དང་ནུས་ཤུགས་གཉིས་ཀ་ཕུད་པར་ཤིན་ཏུ༌དགའོ།། ངས་ཁྱོད་རྣམས་ལ་ལྷག་ཏུ་བྱམས་ཤིང་གཅེས་པ་ཡིན༌ན། བདག་ལ་ཁྱོད་ཅག་གི་བྱམས་བརྩེ་དེ་བས་ཉུང་བ་ཞིག་ཐོབ༌བམ། 16བདག་གིས་ཁྱོད་རྣམས་དཀའ་ལས་ལ་མ་སྦྱར༌ཡང༌། མི་ལ་ལས་བདག་ནི་གཡོ་སྒྱུ་ཅན་ཡིན་པས། གཡོ་ཐབས་ཀྱིས་ཁྱོད་རྣམས་དྲ་བར་ཚུད་དུ་བཅུག་ཟེར། 17ངས་ཁྱོད་རྣམས་ཀྱི་གམ་དུ་མངགས་པའི་མི་སུ་ཞིག་ལ་བརྟེན་ནས་ཁྱོད་ཅག་ལས་ཁེ་བཟང་བླངས༌མྱོང་ངམ། 18བདག་གིས་ཐེ་ཏུ་ཁྱོད་ཅག་གི་གམ་དུ་འགྲོ་བར་བསྐུལ༌ཞིང༌། སྤུན་ཟླ་གཞན་ཡང་ཁོ་དང་མཉམ་དུ་འགྲོ་བར་མངགས་མྱོང༌། ཐེ་ཏུས་ཁྱོད་རྣམས་ལས་ཁེ་བཟང་བླངས་མྱོང༌ངམ། ངེད་ཅག་གིས་སེམས་གཅིག་དང་སྤྱོད་ལམ་གཅིག་གི་སྒོ་ནས་དོན་བསྒྲུབས་པ་མ་ཡིན༌ནམ། 19ཁྱོད་རྣམས་ཀྱིས་ད་ལྟའི་བར་དུ་ངེད་ཅག་གིས་ཁྱོད་རྣམས་ཀྱི་མདུན་དུ་རང་ཉིད་ལ་དག་འབུད་བྱེད་པ་རེད་སྙམ༌མམ། ངེད་ཅག་གིས་སྐྱབས་མགོན་མཱ་ཤི་ཀར་བརྟེན་ནས་དཀོན་མཆོག་གི་སྤྱན་སྔ་ནས་གཏམ་སྨྲས༌པ་ཡིན། སྙིང་ཉེ་བའི་སྤུན་ཟླ༌རྣམས། དོན་འདི་ཐམས་ཅད་ནི་ཁྱོད་ཅག་སྐྱེད་སྲིང་བྱེད་པའི་ཆེད་དུ་ཡིན་ནོ།། 20ང་རང་ཡོང་བའི་དུས༌སུ། ངས་ཁྱོད་རྣམས་མཐོང་ན་ཁྱོད་ཅག་ནི་བདག་གི་རེ་བ་དང་མི་མཐུན༌ཞིང༌། ཁྱོད་རྣམས་ཀྱིས་ང་རང་མཐོང་ན་བདག་ནི་ཁྱོད་ཅག་གི་རེ་བ་དང་མི་མཐུན་པར་སྙམ་པ་ལ་བདག་ནི་འཇིགས༌ཏེ། ཁྱོད་ཅག་ནང་ཁུལ་དུའང་རྩོད་པ༌དང༌། ཕྲག༌དོག ཁོང༌ཁྲོ། སྒེར་སེམས། འཕྱ༌སྨོད། ཕྲ༌མ། ང༌རྒྱལ། རྙོག་འཛིང་ཆེ་བ་བཅས་ཀྱི་དོན་དག་འབྱུང་བར་ཡང་འཇིགས་སོ།། 21ང་རང་ཡོང་བའི་དུས༌སུ། བདག་གི་དཀོན་མཆོག་གིས་ང་ནི་ཁྱོད་རྣམས་ཀྱི་མདུན་ནས་ངོ་གནོང་དུ་འཇུག་པ་ལའང་ང་རང་འཇིགས་པ༌དང༌། ཡང་མི་མང་པོས་སྔོན་ཆད་མི་གཙང་བ༌དང༌། ལོག༌གཡེམ། འདོད་ཆགས་བཅས་སྡིག་པའི་ལས་བྱས་ཀྱང་འགྱོད་བཤགས་མི་བྱེད༌པས། ང་རང་ཡིད་སྐྱོ་བར་ཡང་འཇིགས་སོ།།

༢ ཀོ་རིན་ཐུ་པ 13

མཇུག་མཐའི་གདམས༌པ།

1ད་ནི་ང་རང་ཐེངས་གསུམ་པར་ཁྱོད་ཅག་གི་གམ་དུ་ཡོང་བ་ཡིན་ལ། མི་གཉིས་གསུམ་ཞིག་གི་ངག་ལས་བདེན་དཔང་བྱེད་པར་བརྟེན༌ནས། ཚིག་རེ་རེ་བཞིན་གཏན་ལ་དབབ་དགོས་ཞེས་པ༌ལྟར། 2བདག་གིས་སྔོན་ཆད་སྨྲས་མྱོང་ཞིང་ད་ལྟ་ང་རང་ཁྱོད་ཅག་གི་གམ་དུ་མེད༌ནའང༌། བདག་གིས་ཐེངས་གཉིས་པར་ཁྱོད་རྣམས་མཐོང་བའི་དུས་སུ་སྨྲས་པ༌བཞིན། སྡིག་པའི་ལས་བྱེད་མཁན་དང་མི་གཞན་ཐམས་ཅད་ལ་འདི་ལྟར༌སྨྲ་བར་བྱ༌སྟེ། ང་རང་ཡང་བསྐྱར་ཡོང་བ༌ན། བཟོད་པ་སྒོམ་པར་མི་བྱེད་ཅེས༌པའོ།། 3རྒྱུ་མཚན་ནི་ཁྱོད་ཅག་གིས་སྐྱབས་མགོན་མཱ་ཤི་ཀས་བདག་གི་སེམས་ནང་ནས་གསུངས་པའི་དཔང་རྟགས་འཚོལ་བའི་ཕྱིར་རོ།། སྐྱབས་མགོན་མཱ་ཤི་ཀ་ནི་ཁྱོད་ཅག་གི་ཆ་ནས་གཉོམ་ཆུང་མ་ཡིན་པར་ནུས་མཐུ་ཆེན་པོ་མངའ་བ་ཡིན། 4ཁོང་ནི་གཉོམ་ཆུང་གི་ངང་ནས་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས༌ནའང༌། དཀོན་མཆོག་གི་ནུས་མཐུ་ཆེན་པོར་བརྟེན་ནས་ད་དུང་སྐུ་གསོན༌པོར་བཞུགས། ངེད་ཅག་ཀྱང་ཁོང་གི་ནང་ནས་གཉོམ་ཆུང་ཡིན༌མོད། འོན་ཀྱང་དཀོན་མཆོག་གིས་ཁྱོད་ཅག་ལ་བསྟན་པའི་ནུས་མཐུ་ཆེན་པོའི་དབང་གིས། ངེད་རྣམས་ནི་སྐྱབས་མགོན་མཱ་ཤི་ཀ་དང་ལྷན་དུ་གསོན༌པར་འགྱུར་རོ།། 5ཁྱོད་རྣམས་ཀྱིས་རྟག་པར་རང་ཉིད་དད་པའི་ནང་དུ་ཡོད་མེད་ལ་བརྟག༌དགོས་ཤིང༌། རང་གིས་རང་ལ་ཚོད་ལྟའང་བྱ་འོས་སོ།། ཁྱོད་ཅག་ནི་ཚོད་བགམ་ཐེག་མི་ཐུབ་པ་ཡིན༌པ་མ་གཏོགས། ཁྱོད་ཅག་གི་སེམས་སུ་ཡེ་ཤུ་མཱ་ཤི་ཀ་བཞུགས་ཡོད་པ་མི་ཤེས༌སམ། 6ཁྱོད་རྣམས་ཀྱིས་ངེད་ཅག་ནི་ཚོད་བགམ་མི་ཐེག་པའི་མི་མ་ཡིན་པ་ཤེས་པའི་ཕྱིར་བདག་གིས་རེ་བ་བྱེད། 7ཁྱོད་ཅག་གིས་ལས་ངན་པ་ཅི་ཡང་མི་བྱེད་པའི༌ཕྱིར། ངེད་ཅག་གིས་དཀོན་མཆོག་ལ་གསོལ་བ་འདེབས། འདི་ནི་ངེད་ཅག་ཚོད་བགམ་ཐེག་ཐུབ་པའི་མི་ཡིན་པ་མངོན་པའི་ཆེད་དུ་མ་ཡིན༌པར། ཁྱོད་ཅག་གི་སྤྱོད་ལམ་དྲང་པོ་བྱེད་པའི་ཆེད་དུ་ཡིན༌པས། མི་གཞན་དག་གིས་ངེད་ཅག་ཚོད་བགམ་མི་ཐེག་པར་འདོད་ནའང་རུང༌། 8ངེད་ཅག་གིས་རྟག་ཏུ་བདེན་པ་སྐྱོང་བ་ལས་བདེན་པ་ལ་ངོ་རྒོལ་བྱེད༌མི་ནུས། 9ངེད་ཅག་གཉོམ་ཆུང་ཡིན༌ནའང་ཁྱོད་ཅག་སྟོབས་ཅན་ཡིན་ན་ངེད་ཅག་དགའ། ངེད་ཅག་གི་རེ་སྨོན་ནི་ཁྱོད་རྣམས་མི་ཡོངས་སུ་རྫོགས་པ་ཞིག་ཏུ་འགྱུར་བ་དེ་ཡིན་ནོ།། 10དེའི༌ཕྱིར། ང་རང་ཁྱོད་ཅག་གི་གམ་དུ་མེད་པའི་དུས་སུ་ཁྱོད་རྣམས་ལ་དོན་འདི་དག་བྲིས་པ༌ནི། ང་རང་ཁྱོད་ཅག་དང་འཕྲད་པའི་དུས༌སུ། གཙོ་བོས་བདག་ལ་གནང་བའི་དབང༌ལྟར། བདག་གིས་ཁྱོད་རྣམས་ལ་བཙན་སྐུལ་བྱེད་མི་དགོས་པའི་ཕྱིར་ཡིན༌ལ། དབང་དེ་ནི་མི་རྣམས་ཉམས་དམས་སུ་གཏོང་བའི་ཕྱིར་མ་ཡིན༌པར། མི་རྣམས་སྐྱེད་སྲིང་བྱེད་པའི་ཆེད་དུ་གནང་བ་ལགས༌སོ།། མཇུག་མཐའི་འཚམས༌ཞུ། 11སྤུན་ཟླ་རྣམས། མཐར་ཁྱོད་རྣམས་དགའ་ཞིང་སྤྲོ་བར༌གྱིས། ཁྱོད་ཅག་ནི་མི་ཡོངས་སུ་རྫོགས་པ་ཞིག་བྱེད་པ༌དང༌། སེམས་གསོ་ཐོབ་པ། བློ་སེམས་མཐུན༌པ། ཕན་ཚུན་འགྲིག་མཐུན་ཡོང་བ་བཅས་བྱེད་པར༌གྱིས། དེ་ནས་བྱམས་པ་དང་ཞི་བདེ་མངའ་བའི་དཀོན་མཆོག་ནི་ཁྱོད་རྣམས་དང་ལྷན་དུ་བཞུགས་ངེས༌སོ།། 12ཁྱོད་ཅག་གིས་ཕན་ཚུན་བར་དུ་དམ་པའི་འོ་བྱས་ནས་འཚམས་འདྲི་ཞུ་བར༌གྱིས། 13དད་ལྡན་དམ་པ་མཐའ་དག་གིས་ཀྱང་ཁྱོད་ཅག་ལ་འཚམས་འདྲི༌ཞུའོ།། 14གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ༌དང༌། དཀོན་མཆོག་གི་བྱམས༌པ། དམ་པའི་ཐུགས་ཉིད་ཀྱི་འབྲེལ་འདྲིས་བཅས་ནི་ཁྱོད་ཅག་ཐམས་ཅད་དང་མཉམ་དུ་བཞུགས་པར༌སྨོན།༎།

ག་ལད་ཡཱ་པ 1

འཕྲིན་ཡིག་བསྐུར༌ཡུལ།

1དེ་ཡང་སྐུ་ཚབ་པ་ཕོལ་ལོལ་ང་རང་ནི་མི་དང་མིའི་རྐྱེན་ལ་བརྟེན་ནས་སྐུ་ཚབ་པར་གྱུར་པ་ཞིག་མིན༌པར། ཡེ་ཤུ་མཱ་ཤི་ཀ་དང་ཁོང་ཉིད་གྲོངས་པ་ནས་སླར་གསོན་པར་མཛད་པའི་ཡབ་དཀོན་མཆོག་གིས་སྐུ་ཚབ་པར་བསྐོས་པ་ཞིག་ཡིན། 2བདག་དང་མཉམ་དུ་ཡོད་པའི་སྤུན་ཟླ་རྣམས་ཀྱིས་ག་ལད་ཡཱ་ཡུལ་གྱི་ཆོས་ཚོགས་སོ་སོར་སྤྲིངས་པའི་འཕྲིན་ཡིག་འདི་ལྟ༌སྟེ། 3བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན། 4སྐྱབས་མགོན་མཱ་ཤི་ཀས་བདག་ཅག་གི་ཡབ་དཀོན་མཆོག་གི་ཐུགས་དགོངས༌བཞིན། བདག་ཅག་གི་སྡིག་པའི་ཕྱིར་རང་སྲོག་བློས་བཏང༌སྟེ། བདག་ཅག་བསྐལ་པ་ངན་པ་འདི་ལས་སྐྱོབ་པར་མཛད༌པས། 5དཀོན་མཆོག་ལ་ཇི་སྲིད་བར་དུ་བསྟོད་བསྔགས་བརྗོད་པར༌བྱའོ།། ཨ༌མེན།

དཀོན་མཆོག་གི་འཕྲིན་བཟང་འདི་མ་གཏོགས་མེད་པར་བརྗོད༌པ།

6སྐྱབས་མགོན་མཱ་ཤི་ཀའི་ཐུགས་རྗེ་བརྒྱུད་ནས་དཀོན་མཆོག་གིས་ཁྱོད་རྣམས་ལ་ཞལ་འབོད་གནང༌ཡང༌། ཁྱོད་རྣམས་ཀྱིས་འདི་ལྟར་མགྱོགས་མྱུར་ངང་ཁོང་ཉིད་རིང་དུ་དོར་ཏེ་འཕྲིན་བཟང་གཞན་ལ་བློ་ཕྱོགས་པར་ང་རང་ཧ་ལས༌བྱུང་། 7དོན་དམ་དུ་དེ་ནི་འཕྲིན་བཟང་མ་ཡིན༌ཏེ། མི་ལ་ལས་ཁྱོད་རྣམས་ལ་གནོད་འཚེ་བཏང་ནས་སྐྱབས་མགོན་མཱ་ཤི་ཀའི་འཕྲིན་བཟང་ལ་བཟོ་བཅོས་བྱ་འདོད༌པ་ཡིན་ནོ།། 8འོན༌ཀྱང༌། ངེད་ཅག་གམ་ནམ་མཁའི་ཞིང་ཁམས་ནས་ཕེབས་པའི་ཕོ་ཉ་གང་ཞིག་ཡིན༌ཡང༌། སྔོན་ཆད་ངེད་ཅག་གིས་བསྒྲགས་པའི་འཕྲིན་བཟང་དང་མི་འདྲ་བའི་འཕྲིན་བཟང་གཞན་ཞིག་ཁྱོད་རྣམས་ལ་སྒྲོག་པ་ཡིན༌ན། དེ་ལ་དམོད་མོ་ཐེབས་པར་གྱུར༌ཅིག 9ངེད་ཅག་གིས་དེ་སྔར་སྨྲས་པ་བཞིན་ད་ལྟ་ཡང་སྨྲ་བར་བྱ༌སྟེ། སུ་ཞིག་གིས་ཁྱོད་རྣམས་ལ་འཕྲིན་བཟང་བསྒྲགས༌ཀྱང༌། དེ་ནི་ཁྱོད་ཅག་ལ་ཐོབ་པའི་འཕྲིན་བཟང་དང་མི་མཐུན༌ན། མི་དེ་ལའང་དམོད་མོ་ཐེབས་པར་གྱུར༌ཅིག 10ད་ལྟ་བདག་གིས་མི་རྣམས་ཀྱི་སེམས་དགའ་བར་བྱེད༌དམ། ཡང་ན་དཀོན་མཆོག་གི་ཐུགས་དགྱེས་པར་བྱ། བདག་གིས་ད་དུང་མི་རྣམས་དགའ་བར་བྱ་འདོད་པ་ཡིན༌ནམ། གལ་ཏེ་བདག་གིས་ད་དུང་མི་རྣམས་དགའ་བར་བྱ་འདོད་པ་ཡིན་ན། ང་རང་ནི་སྐྱབས་མགོན་མཱ་ཤི་ཀའི་ཞབས་ཕྱི་པ་མ་ཡིན༌ནོ།།

ཕོལ་ལོལ་ཇི་ལྟར་སྐུ་ཚབ་པར་གྱུར་པའི༌སྐོར།

11སྤུན་ཟླ༌རྣམས། ངས་ཁྱོད་རྣམས་ལ་ཤེས་སུ་འཇུག་པར་འདོད་དེ། བདག་གིས་སྔར་ཁྱོད་རྣམས་ལ་བསྒྲགས་པའི་འཕྲིན་བཟང་དེ་ནི་མིའི་བློ་ལས་བྱུང་བ་མ་ཡིན་ནོ།། 12ཅིའི་ཕྱིར་ཞེ་ན། འཕྲིན་བཟང་དེ་ནི་མི་ལས་ཐོབ་པ་མིན༌ལ། མིས་བདག་ལ་ཁྲིད་སྟོན་བྱས་པའང་མ་ཡིན༌པར། བདག་ལ་ཡེ་ཤུ་མཱ་ཤི་ཀ་མངོན་པའི་སྒོ་ནས་ཐོབ་པའི་ཕྱིར༌ཡིན། 13བདག་གིས་སྔོན་ཆད་ཡ་ཧུ་དཱའི་མི་རིགས་ཀྱི་ཆོས་ལུགས་ལ་དད་པ་བྱེད༌དུས། སྤྱོད་ལམ་ཅི་འདྲ་ཡིན་པ་དང་ཐབས་གང་ཡོད་ཀྱིས་དཀོན་མཆོག་གི་ཆོས་ཚོགས་ལ་ཇི་ལྟར་གཉའ་གནོན་ཚད་མེད་བྱས་པ༌དང༌། དེ་འཇོམས་པར་འབད་མྱོང་བ་ནི་ཁྱོད་ཅག་གིས་ཀྱང་ཐོས་མྱོང༌། 14བདག་ནི་ཡ་ཧུ་དཱ་པའི་ཆོས་ལུགས་ཀྱི་ཁྲོད༌དུ། རང་རིགས་ཀྱི་ན་ཟླ་མང་པོ་ལས་ཡ་ཧུ་དཱ་པའི་ཆོས་གཞུང་གི་ཡོན་ཚད་མཐོ༌ཞིང༌། རང་གི་ཕ་མེས་ཡང་མེས་ཀྱི་ལུགས་སྲོལ་ལའང་ལྷག་ཏུ་བརྩོན་པ་བྱས་མྱོང༌ངོ་།། 15འོན༌ཀྱང༌། དཀོན་མཆོག་གིས་ང་རང་མའི་མངལ་དུ་ཡོད་པ་ནས༌བཟུང༌ལོགས་སུ་བཀར་ཞིང་། ཁོང་གི་ཐུགས་རྗེས་ང་རང་ལ་ཞལ་འབོད་གནང་བ༌དང༌། 16ངས་སྐྱབས་མགོན་ཡེ་ཤུ་ཕྱི་ཕྱོགས་པ་རྣམས་ལ་སྒྲོག་པའི༌ཕྱིར། དཀོན་མཆོག་གིས་ཐུགས་དགྱེས་པའི་ངང་ནས་རང་ཉིད་ཀྱི་སྲས་བདག་གི་སེམས་སུ་མངོན་པར་མཛད་པ༌ན། ངས་དོན་འདི་ཤ་ཁྲག་ལྡན་པའི་མི་རྣམས་ལ་གྲོས་མ་བྱས༌ཤིང༌། 17ཡར་ཡེ་རུ་སཱ་ལེམ་དུ་བདག་གི་སྔོན་ལ་སྐུ་ཚབ་པར་གྱུར་པ་དེ་རྣམས་ཀྱི་དྲུང་དུའང་མ་སོང༌བར། ཨ་རབ་ཡུལ་ཁོ་ནར་སོང་བ་དང་དེ་ནས་སླར་ཡང་དཱ་མེ་སེག་ཏུ་ལོག་པ་ཡིན༌ནོ།། 18དེ་ནས་ལོ་གསུམ་འགོར༌རྗེས། ང་རང་ད་གཟོད་ཡར་ཡེ་རུ་སཱ་ལེམ་དུ་སྐུ་ཚབ་པ་ཀེ་ཕཱ་ལ་ངོ་འཕྲད་དུ་སོང་ནས་ཁོ་དང་མཉམ་དུ་ཉིན་བཅོ་ལྔར་བསྡད༌དོ།། 19དེ་རུ་སྐྱབས་མགོན་ཡེ་ཤུའི་ནུ་བོ་ཡ་ཀོབ་ལས་སྐུ་ཚབ་པ་གཞན་སུ་ཡང་མ་མཐོང༌། 20བདག་གིས་ཁྱོད་རྣམས་ལ་བྲིས་པ་འདི་ནི་རྫུན་གཏམ་མིན༌ཏེ། ངས་དཀོན་མཆོག་གི་སྤྱན་སྔར་སྨྲས༌པ་དང་། 21དེའི་རྗེས༌སུ། ང་རང་སིར་ཡཱ་དང་ཀི་ལིག་ཡཱ་ཡུལ་དུ་སོང༌བ་ཡིན། 22དུས༌དེར། ཡ་ཧུ་དཱའི་ཡུལ་དུ་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ཡོད་པའི་ཆོས་ཚོགས་སོ་སོས་ང་རང་མཐོང་མ་མྱོང༌ཡང༌། 23སྔོན་ཆད་བདག་ཅག་ལ་གནོད་འཚེ་བྱེད་མཁན༌དེས། ད་ལྟ་ཁོས་དེ་སྔར་འཇོམས་པར་འབད་པའི་ཆོས་དེ་སྒྲོག་གིན་འདུག་ཅེས་སྨྲས་པ་ཐོས་ཤིང་། 24དེ་རྣམས་ཀྱིས་ཀྱང་བདག་གི་རྐྱེན་གྱིས་དཀོན་མཆོག་ལ་བསྟོད་བསྔགས་བརྗོད༌དོ།།

ག་ལད་ཡཱ་པ 2

སྐུ་ཚབ་པ་རྣམས་ཀྱིས་ཕོལ་ལོལ་དང་དུ་བླངས་པ།

1དེ་ནས་ལོ་བཅུ་བཞི་འགོར༌རྗེས། བདག་དང་པཱར་ན་པཱ་གཉིས་ཀྱིས་ཐེ་ཏུ་ཁྲིད་ནས་སླར་ཡང་ཡར་ཡེ་རུ་སཱ་ལེམ་དུ་སོང༌ངོ་༎ 2ང་རང་ནི་མངོན་པར་མཛད་པ་བཞིན་སོང༌སྟེ། ཕྱི་ཕྱོགས་པ་རྣམས་ལ་སྒྲོག་བཞིན་པའི་འཕྲིན་བཟང་དེ་སྤུན་ཟླ་རྣམས་ལ་སྨྲས་པ༌དང༌། རང་གིས་འདས་དང་ད་ལྟར་ཅི་བྱས་པ་ཐམས་ཅད་དོན་མེད་དུ་མི་འགྱུར་བའི༌ཕྱིར། ཆོས་དཔོན་གྲགས་ཆེན་རྣམས་ལའང་ཟུར་དུ་སྨྲས༌པའོ།། 3འོན༌ཀྱང༌། བདག་དང་མཉམ་དུ་འགྲོ་བའི་ཐེ་ཏུ་ནི་གྷི་རིག་པ་ཡིན༌ཡང༌། ཁོ་རང་ལ་བཙན་གྱིས་མཚན་སྐྱི་གཅོད་དུ་མ་བཅུག 4དེ་ནི་སྤུན་ཟླ་རྫུས་མ་འགའ་ཞིག་ལྐོག་འཛུལ་གྱིས་ཡོང་ནས་བདག་ཅག་བྲན་གཡོག་ཏུ་སྒྱུར་བའི༌ཆེད་དུ། མཱ་ཤི་ཀ་ཡེ་ཤུའི་ནང་གི་ང་ཚོའི་རང་དབང་ལ་ལྐོག་ལྟ་བྱས༌པའི་ཕྱིར་ཡིན། 5འཕྲིན་བཟང་གི་བདེན་པ་ཉིད་དེ་ཁྱོད་རྣམས་ཀྱི་ཁྲོད་དུ་སྔར་བཞིན་གནས་པའི༌ཕྱིར། ངེད་ཅག་གིས་ཡུད་ཙམ་ལའང་དེ་དག་གི་གཏམ་ལ་མ་བསྟུན་མོད། 6འོན་ཀྱང་མི་གྲགས་ཆེན་དེ་དག་ནི་མི་ཅི་ལྟ་བུ་ཞིག་ཡིན་ཡང་བདག་ལ་འབྲེལ་བ་མེད༌དེ། དཀོན་མཆོག་ལ་ཕྱོགས་རིས་མེད་ཅིང་། མི་གྲགས་ཆེན་དེ་རྣམས་ཀྱིས་ཀྱང་ང་ལ་ཁ་སྣོན་ཅི་ཡང་མ་བརྒྱབ༌པར། 7དཀོན་མཆོག་གིས་སྐུ་ཚབ་པ་པེ་ཏྲོ་ཁོང་ཉིད་མཚན་སྐྱི་བཅད་པ་རྣམས་ལ་འཕྲིན་བཟང་སྒྲོག་པར་མངགས་བཅོལ་གནང་བ༌ལྟར། ང་རང་ཡང་ཕྱི་ཕྱོགས་པ་རྣམས་ལ་འཕྲིན་བཟང་སྒྲོག་པར་མངགས་བཅོལ་གནང་ཡོད་པ་ཁོ་རྣམས་ཀྱིས་ཤེས་སོ།། 8ཅིའི་ཕྱིར་ཞེ་ན། མཚན་སྐྱི་བཅད་པ་རྣམས་ལ་སྐུ་ཚབ་པའི་ལས་སྒྲུབ་པར་པེ་ཏྲོ་ཁོང་ཉིད་ལ་སྐུལ་སློང་གནང་མཁན་དེ་ཉིད་ཀྱིས། ཕྱི་ཕྱོགས་པ་རྣམས་ལ་སྐུ་ཚབ་པའི་ལས་སྒྲུབ་པར་ང་རང་ལའང་སྐུལ་སློང་གནང་བའི་ཕྱིར་རོ༎ 9ང་རང་ལ་གནང་བའི་ཐུགས་རྗེ་དེ་ནི་ཆོས་དཔོན་རྣམས་ཀྱིས་ཤེས༌ཤིང༌། ཆོས་ཚོགས་ཀྱི་ཀ་བ་ཡིན་ཟེར་བའི་ཡ་ཀོབ༌དང༌། ཀེ་ཕཱ། ཡོ་ཧ་ནན་བཅས་ཀྱིས་ང་དང་པཱར་ན་པཱ་གཉིས་མཉམ་གྲོགས་ཡིན་པའི་རྟགས་སུ་ངེད་གཉིས་ལ་གཡས་ལག་གིས་ལག་འཇུ་བྱས༌ཏེ། ངེད་གཉིས་ཕྱི་ཕྱོགས་པ་རྣམས་ལ་ཆོས་སྤེལ་བ་དང་ཁོ་རྣམས་མཚན་སྐྱི་བཅད་པ་རྣམས་ལ་ཆོས་སྤེལ་དུ་འགྲོ་བར་ཐག་བཅད། 10ཁོ་རྣམས་ཀྱིས་ངེད་གཉིས་ལ་དབུལ་པོ་རྣམས་སེམས་ལ་འཛིན་དགོས་པར་བསྐུལ༌ཞིང༌། དེ་ནི་བདག་གིས་བརྩོན་སེམས་ཆེན་པོས་སྒྲུབ་འདོད་པའང་ཡིན༌ནོ།།

ཕོལ་ལོལ་གྱིས་པེ་ཏྲོ་ལ་འགོག་རྒོལ་བྱས་པ།

11དོན་དེའི་རྗེས༌སུ། ཀེ་ཕཱ་ནི་ཨན་ཏི་ཡོག་ཡཱ་རུ་སླེབས་པ༌དང༌། ཁོ་རང་ལ་ནོར་འཁྲུལ་གྱི་ཆ་ཡོད་པས་བདག་གིས་ཁ་རི་ཁ་ཐུག་གིས་ཁོ་རང་ལ་འགོག་རྒོལ་བྱས་པ་ཡིན་ནོ།། 12རྒྱུ་མཚན་ནི་ཡ་ཀོབ་ཀྱི་ཕྱོགས་ནས་ཡོང་བའི་མི་རྣམས་མ་སླེབས་པའི་སྔོན༌ལ། ཁོས་ཕྱི་ཕྱོགས་པ་རྣམས་དང་མཉམ་དུ་ཁ་ཟས་སྤྱད་ཅིང༌། ཡང་མི་དེ་རྣམས་སླེབས་པ༌དང༌། ཁོ་རང་མཚན་སྐྱི་བཅད་པ་རྣམས་ལ་འཇིགས་ཏེ་ཕྱི་ཕྱོགས་པ་རྣམས་དང་ཁ་བྲལ་ནས་སོང་བའི་ཕྱིར༌རོ།། 13དེ་ནས་ཡ་ཧུ་དཱ་པ་གཞན་རྣམས་ཀྱིས་ཀྱང་ཁོ་དང་མཉམ་དུ་ཚུལ་འཆོས་བྱས་ཤིང༌། པཱར་ན་པཱ་ཡིས་ཀྱང་དེ་དག་དང་ལྷན་དུ་ཚུལ་འཆོས་བྱས་པ་ཡིན། 14འོན༌ཀྱང༌། བདག་གིས་ཁོ་རྣམས་ཀྱི་སྤྱོད་ལམ་མི་དྲང་བ་དེ་ནི་འཕྲིན་བཟང་གི་བདེན་ལུགས་དང་མི་མཐུན་པ་མཐོང༌བས། མི་ཚོགས་ཀྱི་མདུན་ནས་ཀེ་ཕཱ་ལ་འདི་ལྟར༌དུ། ཁྱོད་ནི་ཡ་ཧུ་དཱ་པ་ཞིག་ཡིན་ཡང་ཡ་ཧུ་དཱ་པའི་ཆོས་ཀྱི་ལུགས་སྲོལ་དོར་ནས་ཕྱི་ཕྱོགས་པ་ལྟར་སྤྱད་པ་སྤྱོད་ན། ད་དུང་བཙན་གྱིས་ཕྱི་ཕྱོགས་པ་རྣམས་ལ་ཡ་ཧུ་དཱ་པ་ལྟར་སྤྱད་པ་སྤྱོད་པར་བསྐུལ་བ་དེ་ཅི་ཡིན་ནམ་ཞེས་སྨྲས༌ཤིང༌། 15བདག་ཅག་ནི་སྐྱེས་མ་ཐག་ནས་ཡ་ཧུ་དཱ་པ་ཡིན་པ༌ལས། ཕྱི་ཕྱོགས་པ་སྡིག་ཅན་ལྟ་བུ་ཞིག་མིན༌ཡང༌། 16མི་རྣམ་དག་ཏུ་བརྩི་བ་ནི་བཀའ་ཁྲིམས༌ལྟར་སྒྲུབ་པའི་རྐྱེན་གྱིས་མ་ཡིན༌ཏེ། ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱས་པའི་རྐྱེན་ཡིན་པ་ངེད་ཅག་གིས་ཤེས་པས། བདག་ཅག་ཀྱང་བཀའ་ཁྲིམས་ལྟར་སྒྲུབ་པའི་རྐྱེན་གྱིས་མ་ཡིན་པར། སྐྱབས་མགོན་མཱ་ཤི་ཀ་ལ་དད་པའི་སྒོ་ནས་མི་རྣམ་དག་ཏུ་བརྩི་བའི༌ཕྱིར། མཱ་ཤི་ཀ་ཡེ་ཤུ་ལ་དད་པ་བྱས་སོ༎ རྒྱུ་མཚན་ནི་ཤ་ཁྲག་ལྡན་པའི་མི་སུ་ཡིན་ཡང་བཀའ་ཁྲིམས་ལྟར་བསྒྲུབས་ནས་མི་རྣམ་དག་ཏུ་གྱུར་པ་ནི་གཅིག་ཀྱང་མེད་པའི་ཕྱིར༌རོ།། 17བདག་ཅག་ནི་སྐྱབས་མགོན་མཱ་ཤི་ཀར་དད་པ་བྱས་ནས་མི་རྣམ་དག་ཏུ་བརྩི་འདོད༌ཀྱང༌། ད་དུང་བདག་ཅག་མི་སྡིག་ཅན་ཡིན་པར་བརྩིས་ན། སྐྱབས་མགོན་མཱ་ཤི་ཀས་མི་ལ་སྡིག་པ་བྱེད་དུ་འཇུག་པ་ཡིན་ནམ་ཞེ༌ན། དེ་འདྲ་གཏན་ནས་མ་ཡིན༌ཏེ། 18བདག་གིས་སྔར་ནས་བཤིགས་པ་དེ་ཡང་བསྐྱར་བརྩིགས་པ་ཡིན༌ན། དེ་ནི་ང་རང་ཉེས་པ་བྱེད་མཁན་ཡིན་པར་བདེན་དཔང་བྱས་པ་ཡིན། 19ཅིའི་ཕྱིར་ཞེ་ན། བཀའ་ཁྲིམས་བརྒྱུད་ནས་དེའི་ཕྱོགས་སུ་རང་ཉིད་ཤི་བ་སྟེ། བདག་ནི་དཀོན་མཆོག་གི་ཕྱོགས་སུ་གསོན་པོར་གནས་ཐུབ་པའི་ཕྱིར༌རོ།། 20བདག་ནི་སྐྱབས་མགོན་མཱ་ཤི་ཀ་དང་མཉམ་དུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ཟིན། ད་ལྟ་གསོན་པོར་གནས་པ་ནི་ང་རང་མིན༌ཏེ། སྐྱབས་མགོན་མཱ་ཤི་ཀ་བདག་གི་སེམས་སུ་གསོན་པོར་བཞུགས་པ་ཡིན། ད་ལྟ་བདག་གི་ལུས་ཕུང་གསོན་ཞིང་འཚོ་བཞིན་ཡོད་པ་ནི་དཀོན་མཆོག་གི་སྲས་ལ་དད་པ་བྱས་པར་བརྟེན་ནས་འཚོ་ཞིང་གཞེས་པ་ཡིན༌ལ། ཁོང་གིས་ང་རང་ལ་བྱམས་ཤིང་གཅེས་པས་བདག་གི་དོན་དུ་རང་སྲོག་ཀྱང་བློས་བཏང༌ངོ་།། 21དེའི༌ཕྱིར། བདག་གིས་དཀོན་མཆོག་གི་ཐུགས་རྗེ་མི་འདོར། གལ༌ཏེ། མི་རྣམ་དག་ཏུ་བརྩི་བ་ནི་བཀའ་ཁྲིམས་ཀྱི་སྒོ་ནས་བྱུང་བ་ཡིན༌ན། སྐྱབས་མགོན་མཱ་ཤི་ཀ་ནི་དོན་མེད་དུ་སྐུ་གྲོངས་པ་མ་ཡིན་ནམ་ཞེས་སྨྲས༌པའོ།།

ག་ལད་ཡཱ་པ 3

དད་པ་དང་བཀའ་ཁྲིམས་གཉིས་ཀྱི་གཤིབ༌བསྡུར།

1ཀྱེ། ག་ལད་ཡཱ་པ༌བླུན་པོ་རྣམས། ཡེ་ཤུ་མཱ་ཤི་ཀ་ཇི་ལྟར་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པའི་དོན་དེ་ཁྱོད་ཅག་གི་མིག་མདུན་དུ་གསལ་པོར་བཤམས༌ནའང༌། སུ་ཞིག་གིས་ཁྱོད་རྣམས་བསླུས་པ་ཡིན༌ནམ། 2ངས་ཁྱོད་རྣམས་ལ་དོན་གཅིག་ཁོ་ན་དྲི་བར་བྱ༌སྟེ། ཁྱོད་རྣམས་ལ་དམ་པའི་ཐུགས་ཉིད་ཐོབ་པ་ནི་བཀའ་ཁྲིམས་ལྟར་བསྒྲུབས་པའི་རྐྱེན་གྱིས་ཡིན༌ནམ། ཡང་ན་འཕྲིན་བཟང་ལ་ཉན་ཞིང་དད་པ་བྱས་པའི་རྐྱེན་གྱིས་ཡིན། 3ཁྱོད་ཅག་གིས་དམ་པའི་ཐུགས་ཉིད་ལ་བརྟེན་ནས་འགོ་བརྩམས༌མོད། འོན་ཀྱང་ད་ལྟ་ཁྱོད་ཅག་གིས་ཤ་ཁྲག་གི་ཕུང་བོར་བརྟེན་ནས་ལས་དེ་སྒྲུབ་ཐུབ་བམ་ཞེ་ན་མི་ཐུབ། ཁྱོད་ཅག་ནི་ཇི་འདྲའི་བླུན་པ་ལ༌ཨང༌། 4ཁྱོད་ཅག་གིས་སྡུག་བསྔལ་དེ་འདྲ་མང་པོ་མྱངས་པར་སྙིང་པོ་མེད་དམ་ཞེ༌ན། སྙིང་པོ་མེད་པ་ཞིག་གཏན་ནས་མ་ཡིན། 5དཀོན་མཆོག་གིས་ཁྱོད་ཅག་ལ་དམ་པའི་ཐུགས་ཉིད་གནང་ཞིང་། ཁྱོད་རྣམས་ཀྱི་ཁྲོད་དུ་ངོ་མཚར་བའི་འཕྲིན་ལས་མཛད་པ་ནི་ཁྱོད་ཅག་གིས་བཀའ་ཁྲིམས་ལྟར་བསྒྲུབས་པའི་ཕྱིར་མིན༌ཏེ། འཕྲིན་བཟང་ལ་མཉན་ནས་དད་པ་བྱས་པའི་ཕྱིར་ཡིན༌ནོ།། 6དེ་ལྟར་ཨབ་ར་ཧམ་གྱི་སྐོར་ལ་ཇི་སྐད་དུ། ཁོང་གིས་དཀོན་མཆོག་ལ་དད་པ་བྱས་པ་དང༌། དཀོན་མཆོག་གིས་ཀྱང་ཁོང་ནི་མི་རྣམ་དག་ཏུ་བརྩིས་པ་ཡིན་ཞེས་གསུངས་ཡོད༌པས། 7ཁྱོད་ཅག་གིས་ཤེས་དགོས་པ་ནི་དད་པ་བྱེད་མཁན་གྱི་མི་རྣམས་ཨབ་ར་ཧམ་གྱི་བུ་རབས་ཚ་རྒྱུད་ཡིན་པ་དང་། 8གསུང་རབ་ལས་ཀྱང་སྔོན་ལ་བསྟན་ཡོད་དེ། དཀོན་མཆོག་གིས་ཕྱི་ཕྱོགས་པ་རྣམས་དད་པའི་སྒོ་ནས་མི་རྣམ་དག་ཏུ་བརྩི་ངེས་པའི་སྐོར༌ལ། སྔར་ནས་ཨབ་ར་ཧམ་ལ་ཇི་སྐད༌དུ། ཁྱོད་རང་བརྒྱུད་ནས་ས་སྟེང་གི་མི་རིགས་ཐམས་ཅད་ལ་བྱིན་རླབས་འཐོབ་པར་འགྱུར་ཞེས་འཕྲིན་བཟང་བསྒྲགས༌པས། 9དད་པ་བྱེད་མཁན་རྣམས་ལ་དད་པ་ཅན་ཨབ་ར་ཧམ་དང་མཉམ་དུ་བྱིན་རླབས་ཐོབ་པའང་ཤེས་ནུས༌སོ།། 10དེ་ཡང་བཀའ་ཁྲིམས་ཀྱི་ལས་ལ་བརྟེན་མཁན་ཐམས་ཅད་ལ་དམོད་མོ་ཐེབས་འོས་སོ།། ཅིའི་ཕྱིར་ཞེ་ན། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། རྟག་ཏུ་བཀའ་ཁྲིམས་ཀྱི་མདོ་ལས་གསུངས་ཡོད་པ་མཐའ་དག་བཞིན་མི་སྒྲུབ་མཁན་ཐམས་ཅད་ལ་དམོད་མོ་ཐེབས་འོས་ཞེས་བཀོད་པའི་ཕྱིར༌ཡིན། 11ཡང་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། མི་རྣམ་དག་ནི་དད་པའི་སྒོ་ནས་འཚོ་བར་འགྱུར་ཞེས་གསུངས༌པས། བཀའ་ཁྲིམས་ལ་བརྟེན་ནས་དཀོན་མཆོག་གི་དྲུང་དུ་མི་རྣམ་དག་ཏུ་གྱུར་པ་ནི་གཅིག་ཀྱང་མེད་པ་གསལ་ལོ།། 12བཀའ་ཁྲིམས་ནི་དད་པ་ལ་བརྟེན་ནས་བྱུང་བ་མ་ཡིན༌ཏེ། ཇི་སྐད༌དུ། བཀའ་ཁྲིམས་བཞིན་དུ་སྒྲུབ་མཁན་ཀྱིས་བཀའ་ཁྲིམས་ལ་བརྟེན་ནས་འཚོ་བ་རོལ་དགོས་པ་ཡིན་ཞེས་གསུངས་པའི་ཕྱིར༌རོ།། 13ཡང་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། གདུང་མའི་སྟེང་དུ་དཔྱངས་པ་ཐམས་ཅད་ནི་དམོད་མོ་ཐེབས་པ་ཡིན་ཞེས་བཀོད་ཡོད༌པས། སྐྱབས་མགོན་མཱ་ཤི་ཀ་ནི་བདག་ཅག་གི་ཆེད་དུ་དམོད་མོ་རུ་གྱུར༌ཏེ། བདག་ཅག་བཀའ་ཁྲིམས་ཀྱི་དམོད་མོ་ལས་བླུས་པ་ཡིན། 14དེ་ནི་ཨབ་ར་ཧམ་ལ་གནང་བའི་བྱིན་རླབས་དེ་མཱ་ཤི་ཀ་ཡེ་ཤུ་བརྒྱུད་ནས་ཕྱི་ཕྱོགས་པ་རྣམས་ལ་འཐོབ་པར་འགྱུར༌ཞིང༌། བདག་ཅག་ལའང་དད་པའི་སྒོ་ནས་ཞལ་བཞེས་གནང་བའི་དམ་པའི་ཐུགས་ཉིད་འཐོབ་པར་འགྱུར་བའི་ཕྱིར༌རོ།།

དཀོན་མཆོག་གི་ཞལ་བཞེས་དང་བཀའ༌ཁྲིམས།

15སྤུན་ཟླ༌རྣམས། ངས་མི་ཡི་བཤད་སྲོལ་ལྟར་སྨྲ་བར་བྱ༌སྟེ། མི་དང་མིའི་བར་གྱི་གྲོས་འཆམ་ཡི་གེ་ཞིག་ལ་མཚོན༌ན། གཏན་ལ་ཕབ་རྗེས་འདོར་བའམ་ཁ་སྣོན་བྱ་མི་ཆོག 16ཞལ་བཞེས་གནང་བ་རྣམས་ནི་ཨབ་ར་ཧམ་དང་ཁོའི་ས་བོན་ལ་གསུངས་པ་ཡིན༌མོད། འོན་ཀྱང་ས་བོན་རྣམས་ཞེས་གསུངས་མེད༌ཅིང༌། དེ་ནི་མི་མང་པོ་བསྟན་པ་མ་ཡིན༌པར། ཁྱོད་ཀྱི་ས་བོན་ཞེས་གསུངས༌ཏེ། མི་གཅིག་ཁོ་ན་བསྟན་པ་ཡིན་ཞིང་དེ་ནི་སྐྱབས་མགོན་མཱ་ཤི་ཀ་ལགས་སོ།། 17བདག་གི་སྨྲ་བའི་དོན་ནི་འདི་ལྟ་སྟེ། དཀོན་མཆོག་གིས་སྔ་མོ་ནས་གཏན་ལ་ཕབ་པའི་ཞལ་ཆད་དེ་ནི། ལོ་ངོ་བཞི་བརྒྱ་སུམ་ཅུའི་རྗེས་སུ་བྱུང་བའི་བཀའ་ཁྲིམས་ཀྱིས་མེད་པར་བཟོ་མི་ནུས༌ལ། ཞལ་བཞེས་ཀྱང་སྟོང་བར་བྱ་མི་ནུས་ཏེ། 18བགོ་སྐལ་ནི་བཀའ་ཁྲིམས་ལས་ཐོབ་པ་ཡིན༌ན། ཞལ་བཞེས་གནང་བ་ལས་ཐོབ་པ་མིན་པའི་ཕྱིར༌ཡིན། འོན༌ཀྱང༌། དཀོན་མཆོག་གིས་ཞལ་བཞེས་གནང་བ་ལྟར་བགོ་སྐལ་དེ་ཨབ་ར་ཧམ་ལ་གནང་བ་ཡིན༌ནོ།། 19དེས་ན་ཅིའི་ཕྱིར་བཀའ་ཁྲིམས་བྱུང་བ་ཡིན་ཞེ༌ན། ཞལ་བཞེས་གནང་བའི་ས་བོན་དེ་ཉིད་ཕེབས་ཡོང་བའི་བར༌དུ། མི་རྣམས་ཀྱིས་ཉེས་སྐྱོན་བྱས་པའི་དབང་གིས་ཆེད་དུ་གནང་བ་ཡིན༌ཞིང༌། ཕོ་ཉ་རྣམས་ཀྱིས་བར་མི་དེ་ཉིད་བརྒྱུད་ནས་གཏན་ལ་ཕབ་ཅིང་བསྒྲགས༌པ་ཡིན། 20སྤྱིར་བར་མི་ནི་ཕྱོགས་གཅིག་ལ་བྱེད་པ་མ་ཡིན༌མོད། འོན་ཀྱང་དཀོན་མཆོག་ནི་གཅིག་རང་ཡིན་ནོ།། 21དེས་ན་བཀའ་ཁྲིམས་ནི་དཀོན་མཆོག་གི་ཞལ་བཞེས་དང་འགལ་བ་ཡིན་ནམ་ཞེ༌ན། གཏན་ནས་མི་འགལ་ལོ།། མི་ཞིག་ལ་ཚེ་སྲོག་གནང་བར་བྱེད་ནུས་པའི་བཀའ་ཁྲིམས་ཤིག་གནང་ཡོད་པ་ཡིན༌ན། མི་རྣམ་དག་ཏུ་བརྩི་བ་ནི་བཀའ་ཁྲིམས་ཀྱི་སྒོ་ནས་བྱུང་བ་མ་ཡིན༌ནམ། 22ཞལ་བཞེས་དེ་ནི་ཡེ་ཤུ་མཱ་ཤི་ཀར་དད་པའི་སྒོ་ནས་དད་ལྡན་རྣམས་ལ་གནང་བར་འགྱུར་བའི་ཕྱིར། གསུང་རབ་ཀྱིས་འཇིག་རྟེན་གྱི་མི་ཐམས་ཅད་སྡིག་པའི་ཁོངས་སུ་བསྡུས་པ་ཡིན་ནོ།། 23འོན༌ཀྱང༌། དད་པ་བྱེད་པའི་དུས་དེ་མ་སླེབས་པའི་སྔོན༌ལ། བཀའ་ཁྲིམས་ཀྱིས་བདག་ཅག་ཐམས་ཅད་དབང་དུ་བསྡུས༌ཤིང༌། མ་འོངས་པར་དད་པ་དེ་གསལ་པོར་མངོན་པའི་བར་དུ་བསྲུངས་སོ།། 24དེ་བས་བདག་ཅག་དད་པའི་སྒོ་ནས་མི་རྣམ་དག་ཏུ་བརྩི་བར་མཛད་པའི་ཕྱིར། བཀའ་ཁྲིམས་ནི་བདག་ཅག་ལ་སློབ་སྟོན་གནང་བའི་སློབ་དཔོན་ཡིན༌ཏེ། བདག་ཅག་སྐྱབས་མགོན་མཱ་ཤི་ཀའི་དྲུང་དུ་འདྲེན་པ་ཡིན། 25འོན༌ཀྱང༌། དད་པ་བྱེད་པའི་དུས་དེ་སླེབས་པ་དང་བདག་ཅག་ནི་སློབ་དཔོན་གྱི་དབང་འོག་ཏུ་ཡོད་པ་མ་ཡིན༌ནོ།།

དཀོན་མཆོག་གི་བུ་དང་བུ༌མོ།

26དེའི༌ཕྱིར། ཁྱོད་རྣམས་ཀྱིས་མཱ་ཤི་ཀ་ཡེ་ཤུར་དད་པ་བྱས་པའི་དབང༌གིས། ཐམས་ཅད་དཀོན་མཆོག་གི་བུ་དང་བུ་མོ་ཡིན་ནོ།། 27སྐྱབས་མགོན་མཱ་ཤི་ཀའི་ནང་ནས་ཁྲུས་གསོལ་ལ་ཞུགས་མཁན་ཐམས་ཅད་ཀྱིས་སྐྱབས་མགོན་མཱ་ཤི་ཀ་ནི་གོས་བཞིན་དུ་རང་གི་ལུས་ལ་གྱོན་པ་ཡིན། 28ཁྱོད་རྣམས་ནི་ཡ་ཧུ་དཱ་པ༌དང༌། གྷི་རིག་པ། བདག་པོའམ་བྲན༌གཡོག ཕོ་མོའི་དབྱེ་བ་བཅས་མི་མཛད་པར། དད་ལྡན་ཐམས་ཅད་མཱ་ཤི་ཀ་ཡེ་ཤུའི་ནང་དུ་གཅིག་ཏུ་བསྒྲིལ་ལོ།། 29ཁྱོད་ཅག་ནི་སྐྱབས་མགོན་མཱ་ཤི་ཀར་གཏོགས༌པ་ཡིན་ན། ཁྱོད་ཅག་ཨབ་ར་ཧམ་གྱི་བུ་རབས་ཚ་རྒྱུད་ཡིན་ཞིང་། ཞལ་བཞེས་གནང་བ་ལྟར་ཕ་ཤུལ་འཛིན་མཁན་དུ་གྱུར་པའང་ཡིན༌ནོ།།

ག་ལད་ཡཱ་པ 4

སྐྱབས་མགོན་ཡེ་ཤུའི་དད་ལྡན༌སྐོར།

1དེ་ཡང་བདག་གིས་ཕ་ཤུལ་འཛིན་མཁན་ཞེས་བརྗོད་པ་ནི་རྒྱུ་ནོར་ཐམས་ཅད་ཀྱི་བདག་པོ་ལ་གོ་བ་ཡིན༌ཡང༌། བྱིས་པའི་དུས་སུ་གཡོག་པོ་ཞིག་དང་ཁྱད་པར་གང་ཡང་མེད་དེ། 2རང་གི་ཕ་ཡིས་གཏན་ཁེལ་བྱས་པའི་དུས་དེ་སླེབ་པའི་བར༌དུ། དགེ་རྒན་དང་གཉེར་པའི་དབང་འོག་ཏུ་སྡོད་པ་ཡིན་ནོ།། 3དེ་བཞིན་དུ་བདག་ཅག་ཀྱང་བྱིས་པ་ལྟ་བུའི་དུས་སུ་འཇིག་རྟེན་གྱི་ཤེས་ཡོན་ཕྲན་བུ་དག་གི་དབང་འོག་ཏུ་སྡོད༌པ་ཡིན། 4འོན༌ཀྱང༌། དུས་ལོངས༌པའི་ཚེ། དཀོན་མཆོག་གིས་རང་ཉིད་ཀྱི་སྲས་འཇིག་རྟེན་དུ་མངགས༌ཤིང༌། བུ་མོ་ཞིག་གི་མངལ་ལས་འཁྲུངས་པ་དང་། བཀའ་ཁྲིམས་ཀྱི་ལུགས་སྲོལ་འོག་ཏུ་འཁྲུངས་པའང་ཡིན་ཏེ། 5བཀའ་ཁྲིམས་ཀྱི་དབང་འོག་ཏུ་ཡོད་པ་རྣམས་བླུས་ནས། བདག་ཅག་ཁོང་གི་བུ་དང་བུ་མོར་མཛད་པའི༌ཕྱིར་རོ།། 6ཁྱོད་ཅག་ནི་དཀོན་མཆོག་གི་བུ་དང་བུ་མོ་ཡིན༌པས། དཀོན་མཆོག་གིས་རང་གི་སྲས་ཀྱི་ཐུགས་ཉིད་དེ་ཁྱོད་རྣམས་ཀྱི་སེམས་སུ་མངགས༌ཤིང༌། ཨབ་བཱ་ལགས། ཡབ་ལགས་ཞེས་འབོད་པར་བསྐུལ་ལོ།། 7དེའི༌ཕྱིར། དུས་དེ་ནས༌བཟུང༌། ཁྱོད་ཅག་ནི་གཡོག་པོ་མ་ཡིན་པར་དཀོན་མཆོག་གི་བུ་དང་བུ་མོ་ཡིན། དེ་ལྟར་ལགས༌ན། ཁྱོད་ཅག་ནི་དཀོན་མཆོག་གི་རྐྱེན་གྱིས་ཕ་ཤུལ་འཛིན་མཁན་ཡང་ཡིན༌ནོ།།

ཕོལ་ལོལ་གྱིས་དད་ལྡན་རྣམས་ལ་སེམས་ཁྲལ་བྱས༌པ།

8སྔོན་ཆད་ཁྱོད་ཅག་གིས་དཀོན་མཆོག་ངོ་མི་ཤེས་པའི་དུས༌སུ། ངོ་བོ་ལྟར་དཀོན་མཆོག་མ་ཡིན་པ་དག་གི་གཡོག་པོ་བྱས༌པ་ཡིན་ནོ།། 9ད་ལྟ་ཁྱོད་ཅག་གིས་དཀོན་མཆོག་ངོ་ཤེས༌ཤིང༌། དོན་དམ་དུ་དཀོན་མཆོག་གིས་ཀྱང་ཁྱོད་རྣམས་མཁྱེན༌པ་ཡིན་པས། ཁྱོད་རྣམས་སླར་ཡང་ནུས་པ་མེད་པའི་ཤེས་ཡོན་ཕྲན་བུའི་དབང་འོག་ཏུ་འཇུག་དོན༌ཅི། ཁྱོད་ཅག་གིས་སླར་ཡང་དེར་གཡོག་བྱེད་པར་འདོད་དམ། 10ཁྱོད་རྣམས་ཀྱིས་ཚེས༌དང༌། ཟླ༌བ། དུས༌ཚིགས། ལོ་འཁོར་བཅས་གཟབ་གཟབ་ངང་ནས་བསྲུངས་པས། 11སྔར་བདག་གིས་ཁྱོད་རྣམས་ཀྱི་ཕྱིར་བརྩོན་པའི་ལས་དེ་རྣམས་དོན་མེད་དུ་གྱུར་བར་སེམས་ཁྲལ་བྱེད་དོ།། 12སྤུན་ཟླ༌རྣམས། དེ་སྔར་ང་རང་ཁྱོད་རྣམས་དང་འདྲ་བར་གྱུར་མྱོང་བས། ཁྱོད་ཅག་ང་དང་འདྲ་བར་གྱུར་ཅིག་ཅེས་ཞུ་བ༌བྱའོ།། ཁྱོད་ཅག་གིས་བདག་ལ་འགལ་བའི་ལས་ཅི་ཡང་བྱས་མ་མྱོང༌། 13བདག་གིས་ཐེངས་དང་པོར་ཁྱོད་རྣམས་ལ་འཕྲིན་བཟང་བསྒྲགས་པའི་དོན་དེ་ཁྱོད་ཅག་གིས་ཀྱང་ཤེས༌ཏེ། སྐབས་དེར་བདག་ལ་ན་ཚ་བྱུང་ཡོད་པས། 14བདག་གི་ལུས་པོའི་རྐྱེན་གྱིས་ཁྱོད་ཅག་ལ་དཀའ་སྡུག་བྱུང་ནའང་ཁྱོད་རྣམས་ཀྱིས་བདག་ལ་མཐོང་ཆུང་མ་བྱས་ཤིང་ང་རང་མ་དོར༌བར། དཀོན་མཆོག་གི་ཕོ་ཉ་དང་མཱ་ཤི་ཀ་ཡེ་ཤུ་བཞིན་དུ་སྣེ་ལེན་བཟང་པོ་བྱས་སོ།། 15དེས་ན་སྔོན་ཆད་ཁྱོད་ཅག་གི་སྤྲོ་སྣང་དེ་གང་དུ་ཡོད༌དམ། དེའི་དུས༌སུ། སྒྲུབ་ནུས་པ་ཡིན་ན་ཁྱོད་རྣམས་ཀྱིས་རང་གི་མིག་བཏོན་ནས་བདག་ལ་སྟེར་བར་ངེས་ཤིང་། དོན་འདིར་བདག་གིས་བདེན་དཔང་བྱེད་པ་ཡིན། 16ད་ལྟ་བདག་གིས་ཁྱོད་ཅག་ལ་བདེན་ལུགས་སྨྲས་པའི་རྐྱེན་གྱིས་བདག་ནི་ཁྱོད་རྣམས་ཀྱི་དགྲ་བོར་གྱུར་པ་ཡིན༌ནམ། 17ད་ལྟ་ཁྱོད་ཅག་ལ་འབྲེལ་བ་འཛུགས་པར་བརྩོན་མཁན་རྣམས་ཀྱི་དམིགས་ཡུལ་མི་བཟང༌སྟེ། དེ་དག་གིས་བདག་ཅག་ཕྲལ་ནས་ཁོ་རྣམས་ལ་འབྲེལ་བ་འཛུགས་འདོད༌ཅིང་། 18སྤྱིར་རྟག་ཏུ་དོན་བཟང་པོར་བརྩོན་པ་བྱས་ན་ལེགས། འོན༌ཀྱང༌། བདག་ཁྱོད་རྣམས་དང་ལྷན་དུ་ཡོད༌དུས་ཁོ་ནར་དེ་ལྟར་བྱ་མི་འོས་སོ།། 19བདག་གི་བུ་ཕྲུག༌རྣམས། ཁྱོད་ཅག་གི་སེམས་ནང་དུ་སྐྱབས་མགོན་མཱ་ཤི་ཀའི་གཤིས་རྒྱུད་འཆག་པའི་བར༌དུ། ངས་ཁྱོད་ཅག་གི་ཆེད་དུ་ཕྲུ་གུ་བཙའ་བའི་ཟུག་གཟེར་ཡང་བསྐྱར་མྱོང་བ་ཡིན། 20བདག་གི་སེམས་ནི་ཁྱོད་རྣམས་ཀྱི་ཕྱིར་ཅི་བྱ་གཏོལ་མེད་དུ་གྱུར་བས། བདག་ནི་ད་ལྟ་ཁྱོད་རྣམས་དང་མཉམ་དུ་འགྲོགས་ནས་རང་གི་སྨྲ་ཚུལ་བསྒྱུར་འདོད་དོ།།

གཡོག་མོ་ཧ་གར་དང་བདག་མོ་སཱ་རའི༌སྐོར།

21དེ་ཡང་བཀའ་ཁྲིམས་ཀྱི་དབང་འོག་ཏུ་སྡོད་འདོད་པ་ཁྱོད་རྣམས་ཀྱིས་བདག་ལ་ཤོད༌དང༌། ཁྱོད་ཅག་གིས་བཀའ་ཁྲིམས་ཐོས་པ་མ་ཡིན་ནམ། 22གསུང་རབ་ལས་འདི་ལྟར་བཀོད་ཡོད༌དེ། ཨབ་ར་ཧམ་ལ་བུ་གཉིས་ཡོད༌ཅིང༌། བུ་གཅིག་ནི་གཡོག་མོ་ལས་སྐྱེས་པ་ཡིན་ལ། ཅིག་ཤོས་ནི་རང་དབང་ལྡན་པའི་བུད་མེད་ལས་སྐྱེས་པ་ཡིན་ནོ།། 23འོན༌ཀྱང༌། གཡོག་མོ་ལས་སྐྱེས་པ་ནི་ཤ་ཁྲག་གི་ཕུང་བོར་བརྟེན་ནས་སྐྱེས་པ༌དང༌། རང་དབང་ལྡན་པའི་བུད་མེད་ལས་སྐྱེས་པ་ནི་ཞལ་བཞེས་གནང་བ་ལྟར་སྐྱེས་པ་ཡིན། 24དེ་ནི་འདྲ་དཔེའི་སྒོ་ནས་གསུངས་པ༌ཞིག་སྟེ། བུད་མེད་དེ་གཉིས་ནི་ཞལ་ཆད་གཉིས་ཡིན༌ལ། རི་བོ་སི་ནཱ་ལས་བྱུང་བའི་ཞལ་ཆད་ནི་གཡོག་མོ་ཧ་གར་ཡིན༌ལ། ཁོ་མོ་ལས་སྐྱེས་པའི་བུ་ཕྲུག་དག་ནི་གཡོག་པོ་ཡིན། 25ཧ་གར་ཞེས་པའི་ཡིག་འབྲུ་འདིས་ཨ་རབ་ཡུལ་གྱི་རི་བོ་སི་ནཱ་བསྟན་ཅིང་དེང་གི་ཡེ་རུ་སཱ་ལེམ་མཚོན་པ་ཡིན་ཏེ། ད་ལྟའི་ཡེ་རུ་སཱ་ལེམ་དང་གནས་དེར་ཡོད་པའི་བུ་ཕྲུག་ཐམས་ཅད་ནི་གཡོག་པོ་ཡིན་པས་སོ།། 26འོན༌ཀྱང༌། སྟེང་གི་ཡེ་རུ་སཱ་ལེམ་ནི་རང་དབང་ལྡན་པ༌ཞིག་ཡིན་པ་དང༌། བདག་ཅག་ཐམས་ཅད་ཀྱི་ཡུམ་ཡིན། 27རྒྱུ་མཚན་ནི་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། མངལ་ཡང་མ་སྦྲུམ་བུ་ཡང་མ་སྐྱེས༌ན།། བུད་མེད་ཁྱོད་ནི་དགའ་ཞིང་རངས་པར་གྱིས།། ཕྲུ་གུ་བཙའ་བའི་ཟུག་གཟེར་མ་མྱོང༌ན།། དགའ་སྤྲོའི་འབོད་སྒྲ་ཁྱོད་ཀྱིས་མཐོན་པོར༌སྒྲོགས།། རྒྱུ་མཚན་ཁྱོ་ག་མེད་པའི་བུད་མེད༌ལ།། ཁྱོ་ག་ཅན་ལས་བུ་ཕྲུག་མང་དུ༌འབྱུང༌།། ཞེས་བཀོད་པའི་ཕྱིར༌རོ།། 28སྤུན་ཟླ༌རྣམས། བདག་ཅག་ནི་ཨི་སཱག་བཞིན་དུ་དཀོན་མཆོག་གི་ཞལ་བཞེས་ལ་བརྟེན་ནས་ཁོང་གི་བུ་ཕྲུག་ཏུ་གྱུར་པ་ཡིན། 29སྐབས་དེར། ཤ་ཁྲག་གི་ཕུང་བོ་ལས་སྐྱེས་པའི་བུ་ཡིས། དམ་པའི་ཐུགས་ཉིད་བརྒྱུད་ནས་འཁྲུངས་པའི་བུ་ལ་གནོད་འཚེ་བྱས་པ་བཞིན་ད་ལྟའང་དེ་ལྟར་བྱེད་དོ།། 30དེས་ན་གསུང་རབ་ལས་ཇི་ལྟར་གསུངས་འདུག་ཅེ༌ན། འདི་ལྟ༌སྟེ། གཡོག་མོའི་བུ་ཡིས་རང་དབང་ལྡན་པའི་བུད་མེད་ཀྱི་བུ་དང་མཉམ་དུ་ཁྱིམ་རྒྱུད་འཛིན་མི་རུང༌བས། གཡོག་མོ་མ་བུ་གཉིས་ཀ་ཕྱིར་ཕུད་ཅིག་ཅེས་པ་ཡིན། 31སྤུན་ཟླ༌རྣམས། དེའི༌ཕྱིར། བདག་ཅག་ནི་གཡོག་མོའི་བུ་ཕྲུག་མ་ཡིན༌པར། རང་དབང་ལྡན་པའི་བུད་མེད་ཀྱི་བུ་ཕྲུག་ཡིན༌ནོ།།

ག་ལད་ཡཱ་པ 5

སྐྱབས་མགོན་མཱ་ཤི་ཀའི་ནང་གི་རང་དབང༌སྐོར།

1དེ་ཡང་སྐྱབས་མགོན་མཱ་ཤི་ཀས་བདག་ཅག་རང་དབང་ནང་དུ་གནས་པའི༌ཕྱིར་གྲོལ་བར་མཛད༌པས། ཁྱོད་རྣམས་བརྟན་པོར་ལངས་ནས་སྡོད་པ་ལས་སླར་ཡང་བྲན་གཡོག་གི་གཉའ་ཤིང་འོག་ཏུ་འཛུལ་མི་འོས་སོ།། 2ལྟོས་དང་། ཕོལ་ལོལ་ངས་ཁྱོད་རྣམས་ལ་འདི་ལྟར་སྨྲ་བར་བྱ༌སྟེ། ཁྱོད་རྣམས་ཀྱིས་མཚན་སྐྱི་གཅོད་པའི་ལུགས་སྲོལ་བཞིན་དུ་བྱས༌ན། སྐྱབས་མགོན་མཱ་ཤི་ཀ་ནི་ཁྱོད་ཅག་ལ་ཕན་ཐོགས་ཅི་ཡང་མེད། 3ཡང་ངས་མཚན་སྐྱི་གཅོད་པའི་ལས་ལ་ཞུགས་མཁན་ཐམས་ཅད་ལ་བདེན་པར་སྨྲ༌སྟེ། ཁྱོད་རྣམས་ཀྱིས་བཀའ་ཁྲིམས་ཐམས་ཅད་སྲུང་བའི་འགན་འཁུར་དགོས། 4བཀའ་ཁྲིམས་ལ་བརྟེན་ནས་མི་རྣམ་དག་ཏུ་བརྩི་བར་འདོད་པ་མཐའ་དག་ནི་སྐྱབས་མགོན་མཱ་ཤི་ཀ་དང་ཁ་གྱེས༌ཤིང༌། ཐུགས་རྗེ་ལའང་རིང་དུ་བྲལ་ལོ།། 5འོན་ཀྱང་། བདག་ཅག་གིས་དམ་པའི་ཐུགས་ཉིད་བརྒྱུད་ཅིང་དད་པ་ལ་བརྟེན་ནས་མི་རྣམ་དག་ཏུ་འགྱུར་བར་རེ་སྒུག་བྱེད༌པ་ཡིན། 6རྒྱུ་མཚན་ནི་མཱ་ཤི་ཀ་ཡེ་ཤུའི་ནང་དུ། མཚན་སྐྱི་གཅོད་མིན་ལ་སྙིང་པོ་ཅི་ཡང་མེད༌དེ། བྱམས་བརྩེའི་སྒོ་ནས་མཚོན་དགོས་པའི་དད་པ་ཁོ་ནར་དོན་སྙིང་ཆེན་པོ་ལྡན་པའི་ཕྱིར༌རོ།། 7སྤྱིར་ཁྱོད་རྣམས་རྒྱུགས་པ་མགྱོགས་ནའང་སུ་ཞིག་གིས་ཁྱོད་རྣམས་བདེན་པ་ཉིད་ལ་བསྟུན་པར་བཀག་རྒྱ་བཟོས༌སམ། 8སྐུལ་སློང་དེ་ནི་ཁྱོད་རྣམས་ལ་ཞལ་འབོད་གནང་མཁན་དེ་ཉིད་ནས་བྱུང་བ་མིན༌ནོ།། 9སྐྱུར་རྩི་ཉུང་ཙམ་གྱིས་བག་ཕྱེ་ཚང་མ་སྐྱུར་ལང་དུ་འཇུག་པ་ཡིན། 10བདག་གིས་གཙོ་བོ་ལ་བརྟེན་ནས་ཁྱོད་རྣམས་ལ་ཡིད་རྟོན་བྱེད༌དེ། ཁྱོད་རྣམས་ཀྱིས་བསམ་ཚུལ་གཞན་མི་བཅང་མོད། འོན་ཀྱང་ཁྱོད་རྣམས་ལ་གནོད་འཚེ་བྱེད་མཁན་སུ་ཞིག་ཡིན་ཡང་དེ་ལ་ཉེས་ཆད་གཅོད་ངེས་ཡིན། 11སྤུན་ཟླ༌རྣམས། ངས་ད་ལྟའང་མཚན་སྐྱི་གཅོད་འོས་པའི་བཀའ་བསྒྲགས༌ན། ཅིའི་ཕྱིར་ད་དུང་བདག་ལ་མནར་གཅོད་བྱེད༌དམ། གལ༌སྲིད་དེ་ལྟར་ཡིན༌ན། ཤིང་རྒྱ་གྲམ་གྱིས་མི་སར་འགྱེལ་དུ་འཇུག་པའི་དོན་ནི་མེད་དོ།། 12དེའི༌ཕྱིར། ཁྱོད་རྣམས་ལ་གནོད་འཚེ་བྱེད་མཁན་དེ་དག་ནི་རང་གིས་རང་ཉིད་ཉུག་རུམ་པར་བཟོས་ན་ཅི་མ་རུང༌། 13སྤུན་ཟླ༌རྣམས། ད་ལྟ་ཁྱོད་རྣམས་རང་དབང་ལྡན་པར་ཞལ་འབོད་གནང༌བ་ཡིན། འོན༌ཀྱང༌། རང་དབང་དེ་ནི་ཤ་གཟུགས་ཀྱི་འདོད་ཆགས་ལ་གཡེང་བའི་གོ་སྐབས་ཤིག་ཏུ་མི་འཛིན༌པར། དུས་རྒྱུན་བྱམས་བརྩེ་ལ་བརྟེན་ནས་ཕན་ཚུན་ལ་ཞབས་ཕྱི་བྱ་འོས་སོ།། 14རྒྱུ་མཚན་ནི་བཀའ་ཁྲིམས་ཐམས་ཅད་ཀྱི་ནང་དོན་གཅིག་ཏུ་བསྡུས་ན་འདི་ལྟ༌སྟེ། ཁྱོད་ཀྱིས་ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་ཤིག་ཅེས་གསུངས་པ་འདི་ཡིན་པའི་ཕྱིར༌རོ།། 15འོན༌ཀྱང༌། ཁྱོད་ཅག་གིས་མཉམ་འཇོག་དགོས་པ་ཞིག༌ནི། ཁྱོད་རྣམས་ཀྱིས་ཕན་ཚུན་ལ་སོ་བཏབ་ནས་གསོད་རེས་བྱས༌ན། མཐའ་མར་ཐམས་ཅད་བརླག་པར་འགྱུར་བ༌དེའོ།།

དམ་པའི་ཐུགས་ཉིད་ལ་བསྟུན་པ།

16ཡང་བདག་གིས་འདི་ལྟར་སྨྲ་བར་བྱ༌སྟེ། ཁྱོད་རྣམས་ཀྱིས་དམ་པའི་ཐུགས་ཉིད་ལ་བསྟུན་ནས་སྤྱད་པ་སྤྱོད༌ན། ཤ་གཟུགས་ཀྱི་འདོད་ཆགས་ཀྱི་དབང་དུ་མི་འགྲོའོ།། 17ཅིའི་ཕྱིར་ཞེ་ན། ཤ་གཟུགས་ཀྱི་འདོད་ཆགས་ཀྱིས་དམ་པའི་ཐུགས་ཉིད་ལ་འགྲན་རྩོད་བྱེད་པ༌དང༌། དམ་པའི་ཐུགས་ཉིད་ཀྱིས་ཀྱང་དེ་ལ་འགྲན་རྩོད་བྱེད༌པ་ཡིན། དེ་གཉིས་ནི་འགལ་བ་ལྟག་སྤྲོད་ཡིན་པས་ཁྱོད་ཅག་གིས་རང་གི་འདོད་བློ་ལྟར་སྒྲུབ་མི་ནུས་པའི་ཕྱིར༌རོ།། 18འོན༌ཀྱང༌། དམ་པའི་ཐུགས་ཉིད་ཀྱིས་ཁྱོད་རྣམས་ཁྲིད་པར་མཛད༌ན། ཁྱོད་ཅག་ནི་བཀའ་ཁྲིམས་ཀྱི་དབང་འོག་ཏུ་མེད་དོ།། 19ཤ་གཟུགས་ཀྱི་འདོད་ཆགས་ཀྱི་ལས་རྣམས་ནི་མངོན་གསལ་ཡིན༌ཏེ། ལོག་གཡེམ༌དང༌། མི་ཚངས༌སྤྱོད། འཆལ་སྤྱོད། 20ལྷ་སྐུར་བརྟེན༌པ། རྫུ༌འཕྲུལ། ཞེ༌འཁོན། འགྲན༌རྩོད། ཕྲག༌དོག ཞེ༌སྡང༌། སྒེར་སེམས། དབྱེན་འབྱེད། ལོག༌ལྟ། 21འགྲན་སེམས། ར་རོར་གྱུར༌པ། གསོལ་སྟོན་ལ་བག་མེད་དུ་ཞུགས་པ་སོགས༌ཡིན། བདག་གིས་སྔོན་ཆད་ཁྱོད་རྣམས་ལ་སྨྲས་མྱོང་ཞིང་ད་ལྟའང་སྨྲ་བར་བྱ༌སྟེ། ལས་ངན་པ་འདི་ལྟ་བུ་བྱེད་པ་རྣམས་ལ་དཀོན་མཆོག་གི་རྒྱལ་སྲིད་ནམ་ཡང་མི་འཐོབ་བོ།། 22འོན༌ཀྱང༌། དམ་པའི་ཐུགས་ཉིད་ལས་སྨིན་པའི་འབྲས་བུ་ནི་འདི་ལྟ༌སྟེ། བྱམས་པ༌དང༌། དགའ༌སྤྲོ། ཞི༌བདེ། བཟོད༌བསྲན། སྙིང༌རྗེ། གཤིས་བཟང་། ཡིད་རྟོན་རུང་བ། 23ཞི༌འཇམ། རང་ཚོད་ཟིན་པ་བཅས་ཡིན། དོན་འདིའི་ཐད་ལ་བཀའ་ཁྲིམས་ཅི་ཡང་མེད། 24མཱ་ཤི་ཀ་ཡེ་ཤུར་གཏོགས་པ་རྣམས་ཀྱིས་ཤ་གཟུགས་ཀྱི་ཕུང་བོ་དང་དེར་འབྲེལ་བའི་འདོད་ཆགས་དེའང་ཤིང་རྒྱ་གྲམ་གྱི་སྟེང་མཉམ་དུ་བརྡབས༌པ་ཡིན། 25བདག་ཅག་དམ་པའི་ཐུགས་ཉིད་ལ་བརྟེན་ནས་འཚོ་ཞིང་གཞེས་པ་ཡིན༌ན། ངེས་པར་དམ་པའི་ཐུགས་ཉིད་བཞིན་སྤྱད་པ་སྤྱོད་དགོས་པ༌ལས། 26རང་གི་མཚན་སྙན་གྲགས་ཙམ་ལ་བརྩོན་པ༌དང༌། ཕན་ཚུན་ལ་ཁོང་ཁྲོ་སློང༌བ། ཕན་ཚུན་ལ་ཕྲག་དོག་བཅས་བྱ་མི་རུང༌ངོ༌།།

ག་ལད་ཡཱ་པ 6

ཀུན་ལ་དོན་བཟང་པོ་བྱེད་པར་བསྐུལ་བ།

1སྤུན་ཟླ༌རྣམས། ཁྱོད་རྣམས་ལས་མི་ཞིག་གློ་བུར་དུ་སྡིག་པའི་དབང་དུ་ལྷུང༌བ་ཡིན་ན། དམ་པའི་ཐུགས་ཉིད་དང་ལྡན་པ་ཁྱོད་རྣམས་ཀྱིས་ཞི་འཇམ་གྱི་སེམས་དང་བཅས་མི་དེ་བསྐྱབ་འོས་སོ།། འོན༌ཀྱང༌། ཁྱོད་རྣམས་བསླུ་བྲིད་ཀྱི་དབང་དུ་མི་ལྷུང་བའི་ཕྱིར་རང་གིས་ཀྱང་སེམས་ཆུང་བྱ་འོས། 2ཁྱོད་རྣམས་ཀྱིས་ཕན་ཚུན་ལ་སྡུག་གི་ཁུར་པོ་མཉམ་ཁུར་བྱེད་དགོས༌ཏེ། འདི་ལྟར་བྱས་ན། ད་གཟོད་སྐྱབས་མགོན་མཱ་ཤི་ཀའི་བཀའ་དེ་བསྒྲུབས་པ་ཡིན། 3གལ༌ཏེ། མི་ཞིག་ཅི་ཡང་མིན་ནའང་རང་ཉིད་ཆེན་པོར་རློམ་ན། དེ་ནི་རང་མགོ་རང་གིས་གཡོག༌པ་ཡིན། 4ཡང་མི་སུ་ཞིག་ཡིན་རུང་རང་གི་བྱ་སྤྱོད་ལ་ཞིབ་བཤེར་བྱ་དགོས༌ཏེ། ལས་བཟང་པོ་བསྒྲུབས་ན་རང་གི་ཡིད་ཚིམ་པར་འགྱུར༌ཡང༌། དེ་ནི་མི་གཞན་གྱི་བྱ་སྤྱོད་ལ་བསྡུར་མི་དགོས་སོ།། 5ཅིའི་ཕྱིར་ཞེ་ན། མི་ཀུན་གྱིས་རང་གི་ཁུར་པོ་རང་གིས་འཁུར་དགོས་པའི་ཕྱིར༌རོ།། 6ཆོས་སློབ་མཁན་གྱིས་ཆོས་འཆད་མཁན་གྱི་སློབ་དཔོན་ལ་གང་མཁོ་བའི་རྒྱུ་ནོམ་པ་ཐམས་ཅད་འབུལ་དགོས་སོ།། 7རང་མགོ་རང་གིས་གཡོག་མི༌རུང༌། དཀོན་མཆོག་ལ་འཕྱ་དམོད་བྱ་མི༌རུང༌། རྒྱུ་མཚན་ནི་མིས་ས་བོན་གང་ཞིག་བཏབ་ན་འབྲས་བུའང་དེ་འབྱུང་བའི་ཕྱིར༌རོ།། 8སུ་ཞིག་གིས་ཤ་གཟུགས་ཀྱི་ཕུང་བོ་ལ་བསྟུན་ནས་ས་བོན་བཏབ་ན། ཤ་གཟུགས་ཀྱི་ཕུང་བོ་ལས་འཇིག་པའི་འབྲས་བུ་འབྱུང༌ལ། སུ་ཞིག་གིས་དམ་པའི་ཐུགས་ཉིད་ལ་བསྟུན་ནས་ས་བོན་བཏབ་ན། དམ་པའི་ཐུགས་ཉིད་ལས་མཐའ་མེད་པའི་ཚེ་སྲོག་འཐོབ་ངེས༌སོ༎ 9བདག་ཅག་གིས་དོན་བཟང་པོ་གང་ཞིག་བྱེད་ནའང་ཡིད་ཕམ་མི་རུང༌སྟེ། ཡིད་མ་ཕམ་ན་དུས་གང་ཞིག་སླེབས་པ་དང་འབྲས་བུ་དེའང་ལེན་ཐུབ། 10དེའི༌ཕྱིར། ད་ལྟ་བདག་ཅག་ལ་གོ་སྐབས་བྱུང༌ན་མི་ཐམས་ཅད་ལ་ལས་བཟང་པོ་བྱེད་དགོས༌པ་དང༌། ནང་སྒོས་སུ་དད་ལྡན་ཁྱིམ་མི་རྣམས་ལ་ལྷག་པར་ལས་བཟང་པོ་བྱེད་དགོས༌སོ།།

མི་གསར་པ་ཞིག་ཡིན་པའི༌སྐོར།

11བདག་གིས་དངོས་སུ་བྲིས་པའི་ཡི་གེ་ཆེན་པོ་འདིར་ཁྱོད་རྣམས་ཀྱིས་ལྟོས༌ཤིག 12ཡང་སྐྱབས་མགོན་མཱ་ཤི་ཀའི་ཤིང་རྒྱ་གྲམ་གྱི་དོན་དེ་ལས་རང་རང་ལ་གནོད་འཚེ་ཐེབས་པར་འཇིགས་པའི་ཕྱིར། མིའི་ཕྱི་ཚུགས་འདྲ་ཆགས་པོར་བཅོས་པ་དག་གིས་ཁྱོད་རྣམས་ལ་མཚན་སྐྱི་གཅོད་དགོས་པར་ནན་གྱིས་བསྐུལ་ལོ༎ 13མཚན་སྐྱི་བཅད་ཟིན་པའི་མི་དེ་དག་རང་གིས་བཀའ་ཁྲིམས་མི་སྲུང༌ནའང༌། ཁྱོད་ཅག་གི་ཤ་ཁྲག་གི་ཕུང་བོར་བརྟེན་ནས་ཁ་ཕོ་བཤད་པའི༌ཕྱིར། ཁྱོད་རྣམས་ལ་མཚན་སྐྱི་གཅོད་པར་རེ་བ་བྱེད་དོ།། 14འོན༌ཀྱང༌། བདག་གིས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཤིང་རྒྱ་གྲམ་སྐོར་ལ་བསྟོད་བསྔགས་བརྗོད་པ་ལས་གཞན་འཆད་པར་མི་འགྱུར་བར་སྨོན། ཤིང་རྒྱ་གྲམ་གྱི་དབང་གིས། བདག་ལ་མཚོན་ན། འཇིག་རྟེན་འདི་ནི་སྔར་ནས་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ཟིན། འཇིག་རྟེན་ལ་མཚོན་ན། ང་རང་ཡང་སྔར་ནས་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ཟིན། 15མཚན་སྐྱི་གཅོད་མིན་ལ་སྙིང་པོ་ཅི་ཡང་མེད༌དེ། གལ་ཆེ་བ་ནི་གསར་དུ་བསྐྲུན་པའི་མི་ཞིག་ཡིན་པ་དེའོ།། 16གནས་ལུགས་དེ་བཞིན་དུ་སྒྲུབ་མཁན་རྣམས་དང་དཀོན་མཆོག་གི་ཡེས་ར་ཨེལ་མི་རྣམས་ལ་ཞི་བདེ་དང་ཐུགས་རྗེ་འཐོབ་པར༌སྨོན། 17བདག་གི་ལུས་སྟེང་དུ་སྐྱབས་མགོན་ཡེ་ཤུའི་རྟགས་མཚན་ཡོད་པས། དུས་ད་ནས༌བཟུང༌། ཁྱོད་རྣམས་ཀྱིས་མི་སུ་ལའང་བདག་ལ་བར་ཆད་བཟོ་རུ་མ་འཇུག་ཅིག།། 18སྤུན་ཟླ༌རྣམས། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ནམ་ཡང་ཁྱོད་ཅག་གི་སེམས་སུ་གནས་པར༌སྨོན། །ཨ༌མེན།། །།

ཨེ་ཕེ་སུ་པ 1

འཕྲིན་ཡིག་བསྐུར༌ཡུལ།

1དེ་ཡང་ཕོལ་ལོལ་བདག་ནི་དཀོན་མཆོག་གི་ཐུགས་དགོངས་བཞིན་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་པ་ཞིག་ཡིན་ནོ།། བདག་གིས་ཨེ་ཕེ་སི་རུ་ཡོད་པའི་མཱ་ཤི་ཀ་ཡེ་ཤུའི་ནང་དུ་བློ་སེམས་དཀར་བའི་དད་ལྡན་དམ་པ་རྣམས་ལ་འཕྲིན་ཡིག་སྤྲིངས་པ་ནི་འདི་ལྟ༌སྟེ། 2བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།

ཐུགས་ཉིད་ཀྱི་བྱིན་རླབས༌སྐོར།

3བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པར༌ཤོག དཀོན་མཆོག་གིས་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ནམ་མཁའི་ཞིང་ཁམས་སུ་ཡོད་པའི་ཐུགས་ཉིད་ཀྱི་བྱིན་རླབས་ཐམས་ཅད་བདག་ཅག་ལ་གནང༌ཞིང༌། 4ཁོང་གི་སྤྱན་སྔར་བདག་ཅག་ནི་དམ་པ་དང་སྐྱོན་གྱི་དྲི་མས་མ་གོས་པ་ཞིག་ཏུ་འགྱུར་བའི་ཕྱིར། ཁོང་གིས་འཇིག་རྟེན་ཁམས་མ་བཀོད་པའི་སྔོན་ལ། སྐྱབས་མགོན་མཱ་ཤི་ཀའི་ནང་དུ་བདག་ཅག་བདམས་པ་ཡིན་ནོ།། 5ཡང་ཁོང་གིས་སྔ་མོ་ནས་རང་ཉིད་ཀྱི་ཐུགས་དགྱེས་པ་བཞིན། བདག་ཅག་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ཁོང་གི་བུ་སྐལ་དུ་འགྱུར་བར་བྱམས་པའི་ངང་ནས་ཐག་གིས་བཅད༌ཟིན་ལ། 6དེ་ནི་ཁོང་གི་གཟི་བརྗིད་དང་ལྡན་པའི་ཐུགས་རྗེ་ལ་བསྟོད་བསྔགས་བརྗོད་པར་འགྱུར་བའི་ཕྱིར༌ཡིན་ལ། ཐུགས་རྗེ་དེ་ནི་ཁོང་གིས་རང་གི་གཅེས་པའི་སྲས་བརྒྱུད་ནས་བདག་ཅག་ལ་ཕངས་མེད་དུ་གནང་ངོ་།། 7ཡང་བདག་ཅག་ནི་ཁོང་གི་ནང་དུ་ཉིད་ཀྱི་སྐུ་ཁྲག་ལ་བརྟེན་ནས་བླུས་ཤིང་སྡིག་པ་བསལ་བ་ཡིན། དེ་ནི་དཀོན་མཆོག་གི་ཐུགས་རྗེ་ཕུན་སུམ་ཚོགས་པ༌བཞིན་ཏེ། 8ཁོང་གིས་ཤེས་རབ་དང་བློ་རིག་སྣ་ཚོགས་ཀྱི་སྒོ་ནས་བདག་ཅག་ལ་ཕངས་མེད་དུ་གནང༌ངོ་༎ 9ཡང་དཀོན་མཆོག་གིས་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་སྔར་ནས་དམིགས་པའི་རང་ཉིད་ཀྱི་ཐུགས་དགོངས་ལེགས་པོ༌བཞིན། བདག་ཅག་ལ་ཁོང་གི་ཐུགས་དགོངས་ཀྱི་གསང་བ་དེ་མངོན་པར་མཛད་ཅིང་། 10དེ་ནི་དཀོན་མཆོག་གི་ཐུགས་བཀོད་ལྟར་ཁོང་གི་དུས་དེ་ལོངས༌པའི་ཚེ། ཁོང་གིས་གནམ་ས་གཉིས་ཀྱི་དངོས་པོ་ཐམས་ཅད་སྐྱབས་མགོན་མཱ་ཤི་ཀའི་དབང་འོག་ཏུ་གཅིག་གྱུར་མཛད་པ་ཡིན་ནོ།། 11ཡང་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་བདག་ཅག་ལའང་བགོ་སྐལ་ཐོབ་པ་ཡིན། དོན་དེ་ནི་སྔ་མོ་ནས་ཁོང་གི་ཐུགས་དགོངས་ལྟར་ཐག་གིས་བཅད༌ཅིང༌། ཁོང་གིས་ཐུགས་དགོངས་བཞིན་དུ་དོན་ཐམས་ཅད་མཛད༌པ་སྟེ། 12ཐོག་མར་སྐྱབས་མགོན་མཱ་ཤི་ཀར་རེ་བ་ལྡན་པ་ངེད་རྣམས་ཀྱིས་དཀོན་མཆོག་གི་གཟི་བརྗིད་ལ་བསྟོད་བསྔགས་བརྗོད་པའི་ཕྱིར༌ཡིན། 13ཡང་སྐྱབས་མགོན་མཱ་ཤི་ཀའི་ནང་དུ། ཁྱོད་ཅག་གིས་ཀྱང་བཀའ་བདེན་པ་སྟེ་ཁྱོད་རྣམས་སྐྱོབ་པར་བྱེད་པའི་འཕྲིན་བཟང་དེ་ཐོས་ཤིང༌ཁོང་ལ་དད་པར་གྱུར་པ་དང་། ཁྱོད་ཅག་ལ་ཞལ་བཞེས་གནང་བའི་དམ་པའི་ཐུགས་ཉིད་ཀྱི་ཕྱག་རྒྱས་བཏབ་པ་ཡིན། 14དཀོན་མཆོག་གིས་ཁོང་ཉིད་ཀྱི་མི་རྒྱུད་ཐར་བར་མཛད་པའི་བར༌དུ། དམ་པའི་ཐུགས་ཉིད་ནི་བདག་ཅག་ལ་བགོ་སྐལ་གྱི་གཏའ་མའི་དཔང་རྟགས་སུ་གནང་བ་ཡིན་ཏེ། དཀོན་མཆོག་གི་གཟི་བརྗིད་ལ་བསྟོད་བསྔགས་བརྗོད་པའི་ཕྱིར་རོ།།

ཕོལ་ལོལ་གྱི་གསོལ༌འདེབས།

15དེའི༌ཕྱིར། བདག་གིས་ཀྱང་ཁྱོད་རྣམས་གཙོ་བོ་ཡེ་ཤུར་དད་པ་ཡོད་པ༌དང༌། དད་ལྡན་དམ་པ་ཐམས་ཅད་ལའང་བྱམས་ཤིང་གཅེས་པའི་དོན་དེ་ཐོས༌པས། 16བདག་གིས་གསོལ་བ་འདེབས་པའི་དུས༌སུ། ཁྱོད་རྣམས་གླེང་བ་དང་རྒྱུན་དུ་ཁྱོད་ཅག་གི་ཆེད་དུ་དཀོན་མཆོག་ལ་བཀའ་དྲིན་ཞུས་པ་སྟེ། 17བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་དཀོན་མཆོག་སྟེ་གཟི་བརྗིད་ཆེ་བའི་ཡབ་དེ་ཉིད༌ཀྱིས། ཁྱོད་རྣམས་ཀྱིས་དངོས་གནས་དཀོན་མཆོག་གི་ངོ་བོ་རྟོགས་པའི་ཕྱིར། ཤེས་རབ་དང་བློ་སྒོ་འབྱེད་པའི་སེམས་དེ་ཁྱོད་ཅག་ལ་སྩོལ་བར༌སྨོན། 18གཞན༌ཡང༌། ཁྱོད་རྣམས་ཀྱི་སེམས་ཁོང་གི་མིག་ཟུང་གསལ་པོར་མཛད་པར༌ཞུའོ།། དེ་ནི་དཀོན་མཆོག་གིས་ཁྱོད་རྣམས་ལ་ཞལ་འབོད་གནང༌ཞིང༌། ཁྱོད་རྣམས་ཀྱིས་ཀྱང་དེ་ལ་རེ་བ་ག་འདྲ་ལྡན་པ་དང༌། དད་ལྡན་དམ་པ་རྣམས་ཀྱི་ཁྲོད་དུ་དཀོན་མཆོག་གི་གཟི་བརྗིད་ཆེན་པོའི་བགོ་སྐལ་ཅི་འདྲ་ཡོད་པ། 19ཁོང་གིས་རང་རེ་དད་ལྡན་རྣམས་ལ་མཐུ་རྩལ་མངོན་པ་ནི་ཇི་འདྲའི་ཆེ་བ་བཅས་རྟོགས་པའི་ཕྱིར་གསོལ་བ་བཏབ༌པའོ།། དེ་ནི་ཁོང་གི་མཐུ་དང་ནུས་པ་བཞིན་ཡིན༌ཏེ། 20ཁོང་གིས་སྐྱབས་མགོན་མཱ་ཤི་ཀའི་སྐུ་ལུས་སྟེང་དུ་མཐུ་རྩལ་ཆེན་པོ་མངོན་པར་མཛད་པ༌དང༌། སྐྱབས་མགོན་མཱ་ཤི་ཀ་འཆི་བ་ལས་སླར་གསོན་པར་མཛད༌ཅིང་། ནམ་མཁའི་ཞིང་ཁམས་ནས་ཁོང་གི་གཡས་ཕྱོགས་སུ་བཞུགས་པར་མཛད༌པས། 21སྐྱབས་མགོན་མཱ་ཤི་ཀ་ནི་བསྐལ་པ་འདི་དང་བསྐལ་པ་འབྱུང་འགྱུར་དུའང༌། འཇིག་རྟེན་གྱི་སྲིད་འཛིན་མཁན༌དང༌། དབང་འཛིན༌མཁན། མཐུ་སྟོབས༌ཅན། དབང་བསྒྱུར༌མཁན། མཚན་དང་ལྡན་པ་ཐམས་ཅད་ལས་ཀྱང་ཆེས་ཁྱད་དུ་འཕགས་ཤིང་བླ་ན༌མཐོ་བའོ།། 22ཡང་དཀོན་མཆོག་གིས་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་སྐྱབས་མགོན་མཱ་ཤི་ཀའི་ཞབས་འོག་ཏུ་གནོན་པར་མཛད༌ཅིང༌། ཁོང་ནི་ཆོས་ཚོགས་ཀྱི་ཆེད་དུ་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ཀྱི་དབུ་རུ་བསྐོས༌པ་ཡིན། 23ཆོས་ཚོགས་ནི་ཁོང་གི་སྐུ་ལུས་ཡིན༌ཞིང༌། འཇིག་རྟེན་སྣོད་བཅུད་མ་ལུས་པར་ཡོངས་སུ་ཁྱབ་པ་དེ་ཉིད་ཀྱིས་ཁྱབ་པའང་ཡིན་ནོ།།

ཨེ་ཕེ་སུ་པ 2

སྐྱབས་མགོན་མཱ་ཤི་ཀ་དང་ལྷན་དུ་གསོན་པར་མཛད༌པ།

1དེ་སྔར་ཁྱོད་ཅག་ནི་སྡིག་པ་དང་ཉེས་པའི་ཁྲོད་དུ་ཤི་བ་ཡིན་ནོ།། 2དུས་དེར་ཁྱོད་རྣམས་ཀྱིས་འཇིག་རྟེན་གྱི་ལུགས་སྲོལ་ངན་པ་ལྟར་བྱེད་པ༌དང༌། བར་སྣང་ཁམས་སུ་དབང་འཛིན་མཁན་ལ་བསྟུན་པ་ཡིན། དེ་ནི་ད་ལྟ་དཀོན་མཆོག་གི་བཀའ་ལ་མི་ཉན་པ་རྣམས་ཀྱི་སེམས་སུ་ལས་བྱེད་པའི་སེམས་ཉིད་ངན་པ་ཡིན། 3བདག་ཅག་ཐམས་ཅད་ཀྱིས་ཀྱང་སྔར་མི་དེ་དག་གི་ཁྲོད་ནས་ཤ་གཟུགས་ཀྱི་ཆགས་ཞེན་དང༌། ལུས་སེམས་གཉིས་ལས་ཇི་ལྟར་འདོད་པ་བཞིན་བྱས་མྱོང༌ལ། རང་བཞིན་གྱིས་དཀོན་མཆོག་ཐུགས་ཁྲོ་བར་འགྱུར་བའི་བུ་ཡིན་ཞིང་། མི་གཞན་དང་ཁྱད་པར་མེད་དོ།། 4འོན༌ཀྱང༌། དཀོན་མཆོག་ལ་ཐུགས་རྗེ་ཕུན་སུམ་ཚོགས་པ་ཡོད་ཅིང་བདག་ཅག་ལ་ཤིན་ཏུ་བྱམས་ཤིང་གཅེས༌པས། 5སྔར་བདག་ཅག་ཉེས་པའི་ཁྲོད་དུ་ཤི་བའི་དུས་སུ། བདག་ཅག་སྐྱབས་མགོན་མཱ་ཤི་ཀ་དང་ལྷན་དུ་གསོན་པར་མཛད། དེ་ནི་ཐུགས་རྗེས་ཁྱོད་རྣམས་ལ་ཐར་པ་ཐོབ་པར་མཛད༌པ་ཡིན་ནོ།། 6ཡང་དཀོན་མཆོག་གིས་བདག་ཅག་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཁོང་དང་མཉམ་དུ་སླར་གསོན་པ༌དང༌། ཁོང་དང་ལྷན་ཅིག་ནམ་མཁའི་ཞིང་ཁམས་སུ་སྡོད་པར་མཛད། 7དེ་ནི་དཀོན་མཆོག་གིས་རང་གི་ཐུགས་རྗེ་ཕུན་སུམ་ཚོགས་པ༌སྟེ། མཱ་ཤི་ཀ་ཡེ་ཤུའི་ནང་དུ་བདག་ཅག་ལ་གནང་བའི་སྙིང་རྗེ་དེ་ནི་བསྐལ་པ་འབྱུང་འགྱུར་དུ་མངོན་པར་མཛད་པའི་ཕྱིར༌ཡིན། 8མདོར་ན། དད་པའི་སྒོ་ནས་ཐུགས་རྗེས་ཁྱོད་རྣམས་ལ་ཐར་པ་ཐོབ་པར་མཛད་པ༌ལས། རང་ལ་བརྟེན་པ་མ་ཡིན་པར་དཀོན་མཆོག་གིས་གནང་བ་ཡིན་ནོ།། 9དེ་ནི་རང་བྱས་ཀྱི་ལས་ལ་བརྟེན་པ་མ་ཡིན༌ལ། མི་སུ་ཡིན་ཡང་ཁ་ཕོ་མི་བཤད་པའི་ཕྱིར་ཡིན། 10དོན་དམ་དུ་བདག་ཅག་ནི་དཀོན་མཆོག་གིས་ལེགས་པར་བཅོས་པ་ཡིན༌ཏེ། མཱ་ཤི་ཀ་ཡེ་ཤུའི་ནང་དུ་དོན་བཟང་པོ་སྒྲུབ་པའི་ཕྱིར་བདག་ཅག་བཀོད་པ་ཡིན་ལ། དོན་བཟང་པོ་དེ་དག་ནི་བདག་ཅག་གིས་བསྒྲུབ་པའི་ཕྱིར་དཀོན་མཆོག་གིས་སྔ་མོ་ནས་སྟ་གོན་མཛད༌པའོ།།

སྐྱབས་མགོན་མཱ་ཤི་ཀའི་ནང་དུ་གཅིག་གྱུར་བྱུང༌བ།

11དེའི༌ཕྱིར། ཁྱོད་རྣམས་ཀྱིས་སེམས་སུ་འཛིན་དགོས་པ༌ནི། སྔར་ཤ་ཁྲག་གི་ཕུང་བོའི་ཐད་ནས་ཁྱོད་རྣམས་ཕྱི་ཕྱོགས་པ་ཡིན༌ལ། རང་གིས་རང་ལ་མཚན་སྐྱི་གཅོད་པའི་མི་ཞེས་འབོད་པ་རྣམས་ཀྱིས་ཁྱོད་ཅག་ལ་མཚན་སྐྱི་མི་གཅོད་པའི་མི་ཞེས་འབོད༌པ་དང་། མཚན་སྐྱི་གཅོད་པ་ནི་མིའི་རང་གི་ལག་པས་རང་ལུས་ལ་གཤགས་བཅོས་བྱེད་པ༌དེ་ཡིན། 12དུས་དེར་ཁྱོད་རྣམས་ནི་སྐྱབས་མགོན་མཱ་ཤི་ཀ་དང་འབྲེལ་བ་མེད༌དེ། ཡེས་ར་ཨེལ་མི་རིགས་ཀྱི་འབངས་སུའང་མི་གཏོགས༌ཤིང༌། ཞལ་བཞེས་ཀྱི་ཞལ་ཆད་རྣམས་ལ་རྒྱུས་ལོན་ཡང་མེད༌ལ། ཁྱོད་རྣམས་ལ་རེ་བ་མེད་ཅིང་འཇིག་རྟེན་དུ་གསོན་པོར་སྡོད་ཀྱང་དཀོན་མཆོག་དང་འབྲེལ་བ་མེད་དོ།། 13འོན༌ཀྱང༌། སྔར་ཁྱོད་རྣམས་དཀོན་མཆོག་དང་རིང་དུ་གྱེས་ཤིང་ད་ལྟ་མཱ་ཤི་ཀ་ཡེ་ཤུའི་ནང་དུ། ཁོང་གི་སྐུ་ཁྲག་ལ་བརྟེན་ནས་ཉེ་སར་དྲངས༌པ་ཡིན། 14ཅིའི་ཕྱིར་ཞེ་ན། སྐྱབས་མགོན་ཡེ་ཤུ་ནི་བདག་ཅག་བསྡུམས་པར་མཛད་མཁན་ཡིན་ཞིང༌། འགལ་ཟླའི་བར་གྱང་བཤིགས་ནས་ཡ་ཧུ་དཱ་པ་དང་ཕྱི་ཕྱོགས་པ་གཉིས་ཀ་རྣམ་པ་གཅིག་ཏུ་མཛད་དེ། 15ད་དུང་ཁོང་ཉིད་ཀྱི་སྐུ་ལུས་ཀྱིས་ཞེ་འཁོན་བསལ་ཞིང་། བཀའ་ཁྲིམས་དང་དེ་ལས་ཕབ་པའི་ཁྲིམས་སྲོལ་ཐམས་ཅད་ལ་ནུས་པ་མེད་པར་མཛད་དོ།། དེ་ནི་སྐྱབས་མགོན་ཡེ་ཤུ་རང་ཉིད་ཀྱི་སྐུ་ལུས་བརྒྱུད་ནས་དེ་གཉིས་ཀ་མི་གསར་པ་ཞིག་ཏུ་བསྐྲུན་ཏེ་བསྡུམས་པར་མཛད་པ༌དང༌། 16ཡང་ཤིང་རྒྱ་གྲམ་བརྒྱུད་ནས་དེ་གཉིས་བར་གྱི་ཞེ་འཁོན་མེད་པར་མཛད་ཅིང་། དེ་གཉིས་ཀ་སྐུ་ལུས་གཅིག་ཏུ་བྱས་ཏེ་དཀོན་མཆོག་དང་བསྡུམས་པར་མཛད༌པའི་ཕྱིར་ཡིན། 17སྐྱབས་མགོན་ཡེ་ཤུ་ཡུལ་འདིར་ཕེབས་ནས་དཀོན་མཆོག་དང་རྒྱང་དུ་གནས་པ་ཁྱོད་རྣམས་དང༌། ཉེ་སར་ཡོད་པའི་མི་གཞན་དག་ལའང་ཞི་བདེའི་འཕྲིན་བཟང་བསྒྲགས་མྱོང༌། 18རྒྱུ་མཚན་ནི་བདག་ཅག་མི་རིགས་གཉིས་ཀ་སྐྱབས་མགོན་ཡེ་ཤུ་བརྒྱུད༌དེ། དམ་པའི་ཐུགས་ཉིད་གཅིག་གི་སྒོ་ནས་ཡབ་ཀྱི་དྲུང་དུ་འབྱོན་པའི་ལམ་བུ་བྱུང༌བའི་ཕྱིར་རོ།། 19དེའི༌ཕྱིར། ད་ལྟ་ཁྱོད་ཅག་ཐམས་ཅད་ནི་ཕྱི་མི་དང་མགྲོན་པོ་མ་ཡིན༌པར། དཀོན་མཆོག་གི་དད་ལྡན་དམ་པ་དང་ཡུལ་ཕྱོགས་མཚུངས༌ཤིང༌། དཀོན་མཆོག་གི་ཁྱིམ་གཞིས་ལ་གཏོགས་པའི་མི་ཡིན་པ༌དང༌། 20སྐུ་ཚབ་པ་དང་ལུང་སྟོན་པ་རྣམས་ཀྱི་རྨང་གཞིའི་སྟེང་ནས་ཁྱོད་རྣམས་བསྐྲུན་པ་ཡིན། ཁང་པའི་ཟུར་གྱི་རྡོ་ནི་མཱ་ཤི་ཀ་ཡེ་ཤུ་རང་ཉིད་ལགས་སོ།། 21ཁང་པའི་བཟོ་བཀོད་དེ་ཐམས་ཅད་ནི་ཁོང་གི་ནང་དུ་ལེགས་པར་སྦྲེལ༌ཞིང༌། རིམ་བཞིན་གཙོ་བོའི་ནང་དུ་མཆོད་ཁང་དམ་པ་ཞིག་ཏུ་འགྱུར་གྱིན་ཡོད། 22ཁྱོད་རྣམས་ཀྱང་དད་ལྡན་གཞན་དག་དང་ལྷན༌དུ། སྐྱབས་མགོན་ཡེ་ཤུའི་ནང་དུ་དཀོན་མཆོག་ལ་བཞུགས་གནས་ཤིག་སྐྲུན་བཞིན་ཡོད༌དེ། དཀོན་མཆོག་ནི་དམ་པའི་ཐུགས་ཉིད་བརྒྱུད་ནས་གནས་དེར་བཞུགས་པ་ཡིན་ནོ།།

ཨེ་ཕེ་སུ་པ 3

ཕོལ་ལོལ་གྱི་འགན་འཁྲིའི་སྐོར།

1དེའི༌ཕྱིར། ཕྱི་ཕྱོགས་པ་ཁྱོད་རྣམས་ཀྱི་དོན་དུ་ཕོལ་ལོལ་བདག་ནི་མཱ་ཤི་ཀ་ཡེ་ཤུའི་བཙོན་པར་གྱུར་པ་ཡིན་ནོ།། 2ཡང་དཀོན་མཆོག་གིས་ཁྱོད་རྣམས་ཀྱི་ཆེད་དུ་ཁོང་ཉིད་ཀྱི་ཐུགས་རྗེའི་ལས་འགན་བདག་ལ་གནང་བ་ནི་ཁྱོད་ཅག་གིས་ཀྱང་ཐོས་ཡོད་པ༌དང༌། 3དེ་སྔར་བདག་གིས་རགས་ཙམ་བྲིས་པ་བཞིན༌དུ། དཀོན་མཆོག་གིས་གསང་བ་དེ་བདག་ལ་མངོན་པར་མཛད༌ཅིང༌། 4ཁྱོད་ཅག་གིས་ཡི་གེ་དེ་བཀླགས་པ་ཡིན༌ན། བདག་གིས་སྐྱབས་མགོན་མཱ་ཤི་ཀའི་གསང་བ་གསལ་པོར་རྟོགས་པའང་ཤེས་པར་ནུས། 5གསང་བ་དེ་མི་རབས་སྔ་མའི་མི་རྣམས་ལ་མངོན་པར་མ་མཛད༌ཅིང༌། ད་ལྟ་དམ་པའི་ཐུགས་ཉིད་བརྒྱུད་ནས་ཁོང་གི་སྐུ་ཚབ་དམ་པ་དང་ལུང་སྟོན་པ་རྣམས་ལ་མངོན་པར་མཛད༌པ་ཡིན། 6དེ་ནི་མཱ་ཤི་ཀ་ཡེ་ཤུའི་ནང་དུ་མཆིས་ཤིང་འཕྲིན་བཟང་བརྒྱུད༌ནས། ཕྱི་ཕྱོགས་པ་རྣམས་ནི་ཡ་ཧུ་དཱ་པ་རྣམས་དང་ལྷན༌དུ་རྒྱུན་འཛིན་མཁན༌དང༌། སྐུ་ལུས་གཅིག་ཏུ་ཞུགས་པ༌དང༌། ཞལ་བཞེས་ཐོབ་མཁན་ཡང་ཡིན༌ནོ།། 7ང་རང་འཕྲིན་བཟང་ལ་ཞབས་ཕྱི་བྱེད་མཁན་དུ་གྱུར་པ་ནི་དཀོན་མཆོག་གི་ཐུགས་རྗེའི་གནང་སྦྱིན་བཞིན་དུ་ཐོབ་པ་ཡིན༌ཞིང༌། དེ་ནི་ཁོང་གི་མཐུ་སྟོབས་བཞིན་དུ་བདག་ལ་གནང་ངོ་།། 8བདག་ནི་དད་ལྡན་དམ་པ་ཐམས་ཅད་ལས་ཆེས་ཆུང་བ་ལས་ཀྱང་ཕྲན་བུ་ཡིན༌ཡང༌། དཀོན་མཆོག་གིས་བདག་ལ་ཐུགས་རྗེ་དེ་གནང་བའི་རྒྱུ་མཚན་ནི་འདི་ལྟ༌སྟེ། བདག་གིས་སྐྱབས་མགོན་མཱ་ཤི་ཀའི་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པོ་དེ་ཕྱི་ཕྱོགས་པ་རྣམས་ལ་སྒྲོག་པ༌དང༌། 9གསང་བ་དེ་མངོན་པར་བྱེད་པའི་ལས་འགན་ནི་ངས་མི་ཐམས་ཅད་ལ་ཤེས་སུ་འཇུག་པའི་ཕྱིར༌ཡིན། གསང་བ་དེ་ནི་བསྐལ་པའི་ཐོག་མ་ནས་བཟུང༌། འཇིག་རྟེན་མཐའ་དག་ཡོངས་སུ་འགོད་མཁན་དཀོན་མཆོག་གི་ཐུགས་དགོངས་ནང་དུ་སྦས་ཡོད་ལ། 10དེ་ནི་ཁོང་ཉིད་ཀྱི་མཁྱེན་རབ་སྣ་ཚོགས་ད་ལྟ་ཆོས་ཚོགས་བརྒྱུད༌ནས། ནམ་མཁའི་སྲིད་འཛིན་མཁན་དང་དབང་འཛིན་མཁན་རྣམས་ལ་ཤེས་སུ་འཇུག་པའི་ཕྱིར༌རོ།། 11ཡང་དེ་ནི་དཀོན་མཆོག་གིས་ཁོང་ཉིད་ཀྱི་མཐའ་མེད་པའི་ཐུགས་དགོངས་བཞིན། བདག་ཅག་གི་གཙོ་བོ་མཱ་ཤི་ཀ་ཡེ་ཤུའི་ནང་དུ་འགྲུབ་པར་མཛད་པ་ཞིག་ཀྱང་ཡིན། 12སྐྱབས་མགོན་ཡེ་ཤུར་དད་པ་བྱེད་པ་དང་ཁོང་ཉིད་ཀྱི་ནང་དུ། བདག་ཅག་དཀོན་མཆོག་གི་དྲུང་དུ་འགྲོ་ཐུབ་པར་སྙིང་ལ་ཞུམ་པ་མེད་ཅིང་བློ་ལ་གདེང་ཚོད་ཡོད། 13དེའི༌ཕྱིར། ངས་ད་ལྟ་ཁྱོད་རྣམས་ཀྱི་དོན་དུ་དཀའ་སྡུག་མྱོང་བ་ནི་ཁྱོད་ཅག་གི་གཟི་བརྗིད་ཡིན༌པས། བདག་གིས་ཁྱོད་རྣམས་ལ་ཡིད་མ་ཕམ་ཞེས་ཞུ་བ་བྱེད༌དོ།།

དད་ལྡན་རྣམས་ཀྱི་དོན་དུ་གསོལ་བ་བཏབ༌པ།

14དེའི༌ཕྱིར། བདག་གིས་ཡབ་ཀྱི་དྲུང་དུ་པུས་མོ་ས་ལ་བཙུགས་ནས་གསོལ་བ་བཏབ་ཅིང་། 15ཁོང་ལ་བརྟེན་ནས་གནམ་ས་གཉིས་སུ་ཡོད་པའི་ཁྱིམ་གཞིས་ཐམས་ཅད་ལ་མིང་བྱུང༌བ་ཡིན་ནོ།། 16གསོལ་འདེབས་ནི་འདི་ལྟ༌སྟེ། དཀོན་མཆོག་གི་གཟི་བརྗིད་ཆེན་པོ་བཞིན་ཁོང་གིས་དམ་པའི་ཐུགས་ཉིད་བརྒྱུད་ནས། ཁྱོད་རྣམས་ཀྱི་སེམས་ལ་སྟོབས་ཤུགས་རྒྱས་པར་མཛད༌ཅིང༌། 17ཁྱོད་ཅག་གི་དད་པའི་སྒོ་ནས་སྐྱབས་མགོན་མཱ་ཤི་ཀ་ཁྱོད་ཅག་གི་སེམས་སུ་བཞུགས་པ་དང་། ཡང་ཁྱོད་ཅག་གི་བྱམས་པ་ལ་རྩ་བ་རྒྱས་ཤིང་བརྟན་པོར་གྱུར་ནས། 18ཁྱོད་ཅག་དང་དད་ལྡན་དམ་པ་ཐམས་ཅད་ཀྱིས་ལྷན་དུ་སྐྱབས་མགོན་མཱ་ཤི་ཀའི་བྱམས་པ་ནི་ཇི་འདྲའི་ཡུན་རིང་ཞིང་རྒྱ་ཆེ་བ། ཚད་མཐོ་ཞིང་གཏིང་ཟབ་པ་ཞིག་ཡིན་པ་རྟོགས་ནུས༌པ་དང༌། 19ཁོང་གི་བྱམས་པ་དེ་ནི་བློ་ཡུལ་དུ་མི་ཤོང་བ་ཞིག་ཡིན་པ་ཤེས་པར་གྱུར༌ནས། དཀོན་མཆོག་གི་ཕུན་སུམ་ཚོགས་པ་དེ་ཉིད་ཁྱོད་ཅག་ལའང་ཁྱབ་པར་སྨོན། 20དཀོན་མཆོག་གིས་བདག་ཅག་གི་སེམས་སུ་མཛད་པའི་མཐུ་སྟོབས་ཆེན་པོ་བཞིན། བདག་ཅག་གིས་ཁོང་ལ་ཞུ་བའམ་སེམས་སུ་དྲན་པ་ལས༌ཀྱང༌། ཁོང་གིས་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པའི་སྒོ་ནས་དོན་ཐམས་ཅད་འགྲུབ་པར་མཛད་ནུས༌པས། 21དཀོན་མཆོག་ལ་ཆོས་ཚོགས་དང་མཱ་ཤི་ཀ་ཡེ་ཤུ་བརྒྱུད་ནས། མི་རབས་ནས་མི་རབས་དང་ཡུན་ནས་ཡུན་དུ་བསྟོད་བསྔགས་བརྗོད་པར་སྨོན། ཨ༌མེན།

ཨེ་ཕེ་སུ་པ 4

ཆོས་ཚོགས་ནང་དུ་གཅིག་མཐུན་ཡོང་དགོས་པའི་སྐོར།

1དེ་བས་ན། གཙོ་བོའི་ཆེད་དུ་བཙོན་ལ་སྦྱར་པ་བདག་གིས་ཁྱོད་རྣམས་ལ་བསྐུལ་བར༌བྱ་སྟེ། དཀོན་མཆོག་གི་ཞལ་འབོད་ཐོབ་པ་བཞིན་ཁྱོད་ཅག་གི་སྤྱོད་ལམ་ཡང་དེ་དང་མཐུན་དགོས་ཤིང་། 2ཕྱོགས་ཀུན་ནས་ཁེངས་སྐྱུང༌དང༌ཞི༌འཇམ། ངང་རིང་བཅས་ལ་བརྟེན་ནས། བྱམས་པའི་ངང་ཕན་ཚུན་ལ་བཟོད་སྒོམ་བྱེད་དགོས་པ་དང༌། 3འགྲིག་པོ་མཐུན་པོ་ཡོང་བའི་སྒོ་ནས། དམ་པའི་ཐུགས་ཉིད་ཀྱིས་གནང་བའི་གཅིག་མཐུན་གྱི་སེམས་པ་དེ་དམ་པོར་བསྲུང་དགོས༌ཏེ། 4ཁྱོད་རྣམས་རེ་བ་གཅིག་གི་ནང་དུ་ཞལ་འབོད་གནང་བ༌ལྟར། སྐུ་ལུས་གཅིག༌དང༌། དམ་པའི་ཐུགས་ཉིད༌གཅིག 5གཙོ་བོ་གཅིག དད་པ༌གཅིག ཁྲུས་གསོལ་གཅིག་བཅས༌དང༌། 6དཀོན་མཆོག་གཅིག་སྟེ་ཐམས་ཅད་ཀྱི་ཡབ་ནི་མཐའ་དག་ལས་ཁྱད་དུ་འཕགས༌ཤིང༌། ཐམས་ཅད་ཀྱི་ཁྲོད་དུ་བརྒྱུད༌པ། ཐམས་ཅད་ཀྱི་ནང་དུ་བཞུགས་པ་བཅས་ཡིན་པའི་ཕྱིར༌རོ།། 7འོན༌ཀྱང༌། བདག་ཅག་རེ་རེ་ལ་ཐུགས་རྗེ་གནང་བ་ནི་སྐྱབས་མགོན་མཱ་ཤི་ཀའི་གནང་སྦྱིན་གྱི་ཚད་བཞིན་དུ་གནང་བ་ཡིན༌ཞིང་། 8དེའི་ཕྱིར། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། འཇིག་རྟེན་སྐྱབས་མགོན་ནམ་མཁར་འཕགས་པའི༌དུས།། བཙོན་པའི་དཔུང་ཚོགས་དེད་ནས་ཁྲིད་པ་དང་།། གནང་སྦྱིན་སྣ་ཚོགས་འཇིག་རྟེན་མི་ལ༌གནང༌།། ཞེས་གསུངས་པའོ།། 9ནམ་མཁར་འཕགས་ཞེ༌ན། སྔོན་ལ་ས་འོག་གི་གནས་སུའང་བྱོན་པའི་དོན་མ་ཡིན༌ནམ། 10ས་འོག་གི་གནས་སུ་བྱོན་པ་ཁོང་ནི་ནམ་མཁའ་ལས་ཀྱང་ཡར་འཕགས༌ཏེ། འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད་ལ་ཁྱབ་པར་མཛད་པའི་ཕྱིར༌རོ།། 11ཡང་ཁོང་གི་གནང་སྦྱིན་ནི་ལ་ལ་སྐུ་ཚབ་པ༌དང༌། ལ་ལ་ལུང་སྟོན༌པ། འགའ་ཞིག་འཕྲིན་བཟང་སྒྲོག༌མཁན། འགའ་ཞིག་བདག་སྐྱོང་པ་དང་དགེ་རྒན་བཅས་ཡིན་ཏེ། 12ཞབས་ཕྱི་ཡི་ལས་འགན་སྣ་ཚོགས་བསྒྲུབ་པའི་ཆེད༌དུ། དད་ལྡན་དམ་པ་རྣམས་སྟ་གོན་བྱེད་པ་དང༌། སྐྱབས་མགོན་མཱ་ཤི་ཀའི་སྐུ་ལུས་གོང་དུ་སྤེལ་བ། 13བདག་ཅག་ཐམས་ཅད་དད་པ་གཅིག་ཏུ་མཐུན་པ་དང༌། དཀོན་མཆོག་གི་སྲས་ཀྱི་ངོ་བོ་རྟོགས་པ། ནར་སོན་པ། སྐྱབས་མགོན་མཱ་ཤི་ཀའི་ཕུན་སུམ་ཚོགས་པའི་རང་བཞིན་གྱི་ཚད་ལྟར་ཡང་དག་པར་འགྱུར་བའི་བར་དུ་སྟ་གོན་བྱེད་དགོས་པའི་ཕྱིར༌རོ།། 14དེས་ན། ད་ནས་བཟུང༌བདག་ཅག་ནི་མིའི་གཡོ་སྒྱུ་དང་བསླུ་བྲིད་འོག་ཏུ་ཚུད༌པ་དང༌། ཆོས་ལོག་རླུང་གིས་སྐྱོད་དེ་ཕར་གཡོ་ཚུར་གཡོ་བྱེད་ཅིང་། ལྟ་ངན་སྣ་ཚོགས་ཀྱི་དབང་དུ་འགྲོ་བའི་བྱིས་པ་ལྟ་བུ་ཞིག་མ་ཡིན༌པར། 15བྱམས་པ་བཅངས་ནས་བདེན་གཏམ་སྨྲ༌ཞིང༌། རྣམ་པ་ཀུན་ནས་དབུ་འཛིན་པ་སྐྱབས་མགོན་མཱ་ཤི་ཀའི་ཕྱོགས་སུ་ཡར་སྐྱེད་ཅིང་ཁོང་དང་འབྲེལ་བར་བྱའོ།། 16སྐུ་ལུས་ཡོངས་ཀྱིས་ཁོང་ལ་བརྟེན་ཅིང༌། ལུས་པོའི་རུས་ཚིགས་རེ་རེ་སྒྲིག་སྦྱོར་འོས་མཐུན་བྱེད་པ་དང༌། ཡན་ལག་སོ་སོའི་ནུས་མཐུ་བཞིན་ཕན་ཚུན་ལ་རོགས་རམ་བྱེད་པ་དང་། སྐུ་ལུས་ཀྱང་བྱམས་པའི་ནང་རིམ་བཞིན་ཇེ་བརྟན་དུ་གཏོང་བར་འགྱུར་རོ།།

གཤིས་ཀ་གསར་རྙིང་གི༌སྐོར།

17དེའི༌ཕྱིར། ངས་གཙོ་བོ་ལ་བརྟེན་ནས་གཟབ་ནན་ངང་ཁྱོད་རྣམས་ལ་སྨྲ༌སྟེ། ཁྱོད་ཅག་གིས་དེང་ཕྱིན་ཕྱི་ཕྱོགས་པ་རྣམས་དང་འདྲ༌བར། སྙིང་པོ་མེད་པའི་བསམ་པ་བཞིན་སྤྱོད་པར་མི༌བྱའོ།། 18མི་དེ་ལྟ་བུ་རྣམས་ཀྱི་བློ་གྲོས་ནི་མུན་པའི་ནང་དུ་ལྷུང་བ༌དང་། རང་བཞིན་རྨོངས་ཤིང་སེམས་རྒྱུད་གྱོང་པོ་ཡིན་པས་དཀོན་མཆོག་གིས་གནང་བའི་ཚེ་སྲོག་དང་ཁ་བྲལ༌ཅིང༌། 19ཚོར་བ་ཉམས་པས་འདོད་ཆགས་བག་ཡངས་སུ་བཏང་ཞིང་། མི་གཙང་བའི་ལས་སྣ་ཚོགས་ལ་བག་མེད་དུ་ཞུགས་པའོ།། 20འོན་ཀྱང༌། ཁྱོད་ཅག་གིས་སྐྱབས་མགོན་མཱ་ཤི་ཀའི་སྐོར་བསླབས་པ་ནི་དེ་འདྲ་མ་ཡིན་ནོ།། 21བདེན་པ་ཉིད་ནི་སྐྱབས་མགོན་ཡེ་ཤུའི་ནང་དུ་གནས་པ་བཞིན། ཁྱོད་རྣམས་ཀྱིས་ཁོང་གི་བཀའ་ལ་མཉན་ཞིང་ཁོང་གི་ཆོས་བསླབས་པ་ཡིན་ན། 22སྔོན་ཆད་ཀྱི་སྤྱོད་ལམ་ཐད་ཀྱི་གཤིས་ཀ་རྙིང་བ་འདོར་བར་གྱིས། གཤིས་ཀ་རྙིང་བ་དེ་ནི་ཆགས་ཞེན་གྱི་བསླུ་བྲིད་དབང་གིས་རྨོངས་ཤིང་རུལ་བར་གྱུར་པ་ཞིག་ཡིན། 23ཁྱོད་རྣམས་ཀྱི་སེམས་ནི་གསར་པ་ཞིག་ཏུ་འགྱུར་དགོས༌ཤིང༌། 24ཁྱོད་ཅག་གིས་ཀྱང་གཤིས་ཀ་གསར་པ་དེ་གྱོན༌པར་བྱའོ།། གཤིས་ཀ་གསར་པ་དེ་ནི་དཀོན་མཆོག་གི་སྣང་བརྙན་བཞིན། བདེན་པ་ཉིད་ཀྱི་དྲང་བདེན་དང་དམ་པའི་ངང་ནས་བཀོད༌པ་ལགས་སོ།། 25དེའི༌ཕྱིར། བདག་ཅག་ནི་ཕན་ཚུན་གྱི་ཡན་ལག་ཡིན༌པས། ཁྱོད་ཅག་གིས་རྫུན་གཏམ་སྤངས་ནས་མི་རེ་རེས་རང་གི་ཁྱིམ་མཚེས་ལ་བདེན་གཏམ་སྨྲ་བར་གྱིས། 26སེམས་ནས་ཁྲོས་ཀྱང་སྡིག་པ་མི་བྱ་ཞིང་། ཁོང་ཁྲོ་ལངས་ནའང་ཉི་མ་ནུབ་པའི་བར་དུ་ཞི་བར་བྱའོ།། 27བདུད་ལ་གླགས་སྟེར་མི་རུང་ངོ་།། 28སྔོན་ཆད་རྐུ་བྱས་མྱོང་བ་རྣམས་ཀྱིས་ཕྱིན་ཆད་རྐུ་བར་མི་བྱའོ།། འོན་ཀྱང༌རང་ཉིད་ཀྱི་ལག་པའི་རྩོལ་བ་ལ་བརྟེན༌ནས། དབུལ་པོ་རྣམས་ལ་སྦྱིན་པ་གཏོང་རྒྱུའང་ཡོད་པའི་ཕྱིར་ལས་བཟང་པོ་བྱེད་དགོས་སོ།། 29ཉན་མཁན་རྣམས་ལ་ཕན་ཐོགས་པའི༌ཕྱིར། ངག་ནས་ཚིག་ངན་གཅིག་ཀྱང་མི་སྨྲ༌བར། དུས་དང་འཚམ་པར་མི་གཞན་དག་སྐྱེད་སྲིང་བྱེད་པའི་ཚིག་སྙན་སྨྲ་བར་བྱའོ།། 30དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱི་སེམས་སྐྱོ་བར་མི་བྱའོ།། དམ་པའི་ཐུགས་ཉིད་ནི་ཐར་པའི་ཉིན་མོ་སླེབས་པའི་བར་དུ་ཐར་པ་ཐོབ་པའི་རྟགས་སུ་ཁྱོད་ཅག་ལ་གནང་ཡོད། 31འཁོན་སེམས༌དང༌། ཁོང༌ཁྲོ། ཞེ༌སྡང༌། རྩོད་པའི་འུར༌སྒྲ། འཕྱ༌སྨོད། གདུག་རྩུབ་ཐམས་ཅད་བཅས་ཁྱོད་ཅག་གི་ཁྲོད་ནས་རིང་དུ་འདོར་བར་གྱིས། 32ཁྱོད་ཅག་གིས་ཕན་ཚུན་ལ་གཅེས་པར༌བྱའོ།། ཡང་དཀོན་མཆོག་གིས་སྐྱབས་མགོན་མཱ་ཤི་ཀ་བརྒྱུད་ནས་ཁྱོད་ཅག་གི་སྡིག་པ་བསལ་བ༌བཞིན། ཁྱོད་རྣམས་ཀྱིས་ཀྱང་སེམས་སུ་སྙིང་རྗེ་བཅངས་ནས་ཕན་ཚུན་ལ་གུ་ཡངས་གཏོང་དགོས་སོ།།

ཨེ་ཕེ་སུ་པ 5

ལས་བཟང་པོ་བྱེད་པར་གདམས༌པ།

1དེའི༌ཕྱིར། ཁྱོད་རྣམས་ཀྱིས་བྱམས་སྐྱོང་ཐོབ་པའི་བུ་ཕྲུག་བཞིན་དུ་དཀོན་མཆོག་ཁོང་ཉིད་དཔེ་རུ་ལེན་འོས་སོ།། 2ཡང་སྐྱབས་མགོན་མཱ་ཤི་ཀས་ཇི་ལྟར་བདག་ཅག་ལ་བྱམས་ཤིང་གཅེས་ཏེ་རང་སྲོག་བློས་བཏང་བ་དང་། དཀོན་མཆོག་ལ་དྲི་ཞིམ་གྱི་འབུལ་བ་དང་མཆོད་པ་ཕུལ་བ་བཞིན། ཁྱོད་ཅག་གིས་ཀྱང་དེ་ལྟར་བྱམས་པ་ལ་བརྟེན་ནས་སྤྱད་པ་སྤྱོད་དགོས། 3འོན༌ཀྱང༌། གཡེམ༌སྦྱོར་རམ་མི་གཙང་བ་ཐམས༌ཅད། ཡང་ན་བརྣབ་སེམས་ཏེ་དད་ལྡན་དམ་པ་རྣམས་ཀྱི་སྤྱོད་ཚུལ་དང་མི་མཐུན་པའི་ལས་ནི་ཁྱོད་ཅག་གི་ཁྲོད་དུ་གླེང་ཡང་མི་རུང༌བ་ཡིན། 4འདོད་གཏམ༌དང༌། འཆལ༌གཏམ། ཀུ་རེ་གཏམ་ངན་ཡང་སྨྲ་མི་འོས༌པར། རྟག་ཏུ་བཀའ་དྲིན་ཞུ་དགོས་སོ།། 5རྒྱུ་མཚན་ནི་ལོག་གཡེམ་བྱེད་མཁན༌དང༌། མི་གཙང༌བ། སྐུ་འདྲར་བརྟེན་པ་དང་གཅིག་མཚུངས་ཡིན་པའི་བརྣབ་སེམས་ཅན་བཅས་ལ་སྐྱབས་མགོན་མཱ་ཤི་ཀ་དང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་བགོ་སྐལ་ནམ་ཡང་ཐོབ་མི་སྲིད་པ་ཁྱོད་རྣམས་ཀྱིས་ཀྱང་གསལ་པོར་ཤེས༌པའི་ཕྱིར་རོ།། 6མི་གཞན་གྱི་སྙིང་པོ་མེད་པའི་གཏམ་གྱི་གཡོ་འོག་ཏུ་ཚུད༌པར་མི་བྱའོ།། ལས་ངན་པ་དེ་དག་གི་རྐྱེན་གྱིས་དཀོན་མཆོག་གི་བཀའ་ལ་མི་ཉན་པ་རྣམས་ལ་ཁོང་ཉིད་ཀྱི་ཐུགས་ཁྲོ་འཕོག་པར་འགྱུར་ངེས་ཡིན། 7དེའི༌ཕྱིར། ཁྱོད་རྣམས་མི་དེ་དག་དང་འགྲོགས་པར་མི༌བྱའོ།། 8དེ་སྔར་ཁྱོད་རྣམས་ནི་མུན་པ་ཡིན༌ཡང༌། ད་ལྟ་གཙོ་བོ་ལ་གཏོགས་ཤིང་འོད་ཟེར་དང་ལྡན་པ་ཡིན༌པས། འོད་ཟེར་གྱི་བུ་ཕྲུག་བཞིན་དུ་སྤྱོད་འོས་སོ།། 9འོད་ཟེར་ལས་བྱུང་བའི་འབྲས་བུ་ནི་ལས་བཟང་པོ༌དང༌། དྲང༌བདེན། བདེན་པ་ཐམས་ཅད་ཡིན། 10ཁྱོད་རྣམས་ཀྱིས་ཀྱང་གཙོ་བོ་ཐུགས་དགྱེས་པའི་དོན་གང་ཞིག་འཚོལ་འོས་སོ།། 11ཁྱོད་རྣམས་ཕན་ཐོགས་མེད་པའི་མུན་ནག་གི་བྱ་བ་ལ་མི་ཞུགས༌པར། བྱ་བ་ངན་པ་དེ་དག་མི་གཞན་ལ་རྗེན་པར་སྟོན་ཞིག 12ཅིའི་ཕྱིར་ཞེ༌ན། དེ་དག་གིས་ལྐོག་ཏུ་སྒྲུབ་པ་ནི་ངག་ལས་སྨྲ་བའང་ངོ་གནོང་བ་ཞིག༌ཡིན། 13འོན་ཀྱང༌། འོད་ཟེར་གྱིས་དོན་ཐམས་ཅད་རྗེན་པར་སྟོན་ཅིང་མངོན་པར་བྱེད། རྒྱུ་མཚན་ནི་མིག་གིས་མཐོང་བར་གྱུར་པ་ཐམས་ཅད་འོད་ཟེར་གྱིས་མངོན་པར་བྱེད་པའི་ཕྱིར་རོ།། 14དེའི༌ཕྱིར། ཇི་སྐད༌དུ། གཉིད་དུ་ཡུར་པ་གཉིད་ལས་སད་པར༌གྱིས།། འཆི་བའི་བེམ་པོ་མྱུར་དུ་ལོངས་ཤིག་དང་།། མཱ་ཤི་ཀ་ཡིས་ཁྱོད་ལ་འོད་ཟེར་སྤྲོ།། 15དེ་ལྟར་ཡིན་པས། ཁྱོད་རྣམས་ཀྱིས་ཇི་ལྟར་སྤྱོད་པར་གཟབ་གཟབ་གྱིས། བླུན་པོ་དང་མི་འདྲ་བར་མཁས་པ་བཞིན་དུ་སྤྱོད་ཅིག 16ད་ལྟ་ནི་དུས་ངན་པ་ཡིན་པས་དུས་ལ་དམ་འཛིན༌བྱ་དགོས། 17བླུན་པོ་བཞིན་དུ་མི་འགྱུར་བར་གཙོ་བོའི་ཐུགས་དགོངས་ཅི་ཡིན་པ་ཤེས་པར་གྱིས། 18ཆང་གིས་བཟི་བར་གྱུར་ན་བག་མེད་རྣམ་གཡེང་ཡིན༌པས། ཆང་གིས་བཟི་རུ་མི་འཇུག༌པར་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར༌ཅིག 19གསུང་མགུར་དང༌། བསྟོད༌དབྱངས། མགུར་གླུ་བཅས་ཀྱིས་ཕན་ཚུན་ལ་གཏམ་སྨྲ༌ཞིང༌། རང་གི་སེམས་ནས་གཙོ་བོ་ལ་བསྟོད་གླུ་དང་རོལ་དབྱངས་འབུལ་བར་བྱའོ།། 20གཞན༌ཡང༌། དོན་ཐམས་ཅད་ཀྱི་ཆེད༌དུ་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་སྒོ་ནས་དུས་རྟག་ཏུ་ཡབ་དཀོན་མཆོག་ལ་བཀའ་དྲིན་ཞུ་བ་དང༌། 21སྐྱབས་མགོན་མཱ་ཤི་ཀར་གུས་ཤིང་འཇིགས་པའི་ངང་ཕན་ཚུན་ལ་བསྟུན་པར་བྱ་འོས༌སོ།།

བཟའ་ཟླ་སྐོར་གྱི་བསླབ༌བྱ།

22ཁྱོད་ཅག་ཆུང་མ་རྣམས་ཀྱིས་གཙོ་བོ་ལ་བསྟུན་པ་བཞིན་རང་རང་གི་ཁྱོ་ག་དང་བསྟུན་པར༌བྱའོ།། 23ཅིའི་ཕྱིར་ཞེ་ན། སྐྱབས་མགོན་མཱ་ཤི་ཀ་ནི་སྐུ་ལུས་ཡོངས་ཀྱི་སྐྱབས་མགོན་དང་ཆོས་ཚོགས་ཀྱི་དབུ་ཡིན་པ་ལྟར། ཁྱོ་ག་ནི་ཆུང་མའི་མགོ་ཡིན་པའི་ཕྱིར༌རོ།། 24ཆོས་ཚོགས་ཀྱིས་ཇི་ལྟར་སྐྱབས་མགོན་མཱ་ཤི་ཀ་ལ་བསྟུན་པ༌བཞིན། ཆུང་མས་ཀྱང་དེ་ལྟར་བྱ་བ་ཐམས་ཅད་རང་གི་ཁྱོ་ག་དང་བསྟུན་པར་བྱ་འོས་སོ།། 25སྐྱབས་མགོན་མཱ་ཤི་ཀས་ཆོས་ཚོགས་ལ་ཇི་ལྟར་བྱམས་ཤིང་ཆོས་ཚོགས་ཀྱི་དོན་དུ་རང་སྲོག་བློས་བཏང་བ༌བཞིན། ཁྱོད་ཅག་ཁྱོ་ག་རྣམས་ཀྱིས་ཀྱང་རང་རང་གི་ཆུང་མ་ལ་དེ་ལྟར་བྱམས་ཤིང་གཅེས་དགོས་སོ།། 26ཅིའི་ཕྱིར་ཞེ༌ན། སྐྱབས་མགོན་མཱ་ཤི་ཀས་བཀའ་ལ་བརྟེན་ནས་ཆུ་ཡིས་ཆོས་ཚོགས་གཙང་མར་བཀྲུས་ཤིང་དམ་པར་མཛད༌དེ། 27སྨེ་བ་དང་གཉེར་མ་ལ་སོགས་མེད་པ༌དང་། ཆོས་ཚོགས་ནི་དམ་པ་ཡིན་པ་དང་སྐྱོན་གྱི་དྲི་མས་མ་གོས་པར་གཟི་བརྗིད་ལྡན་པ་ཞིག་རང་ཉིད་ལ་འབུལ་བའི་ཕྱིར༌ཡིན། 28དཔེ་དེ་བཞིན་དུ་ཁྱོ་ག་རྣམས་ཀྱིས་ཀྱང་རང་གི་ལུས་པོར་ཇི་ལྟར་གཅེས་པ་བཞིན་ཆུང་མ་ལའང་དེ་ལྟར་གཅེས་དགོས། ཆུང་མར་གཅེས་ན་དོན་གྱིས་རང་ལ་གཅེས་པ་ཡིན། 29ཐོག་མ་ཉིད་ནས་རང་གི་ལུས་ལ་ཞེ་སྡང་ལངས་མཁན་སུ་ཡང་མེད༌པར་རྟག་ཏུ་གཅེས་སྐྱོང་བྱེད་པ་དང་། དེ་ནི་སྐྱབས་མགོན་མཱ་ཤི་ཀས་ཆོས་ཚོགས་ལ་བྱམས་སྐྱོང་མཛད་པ་ལྟར༌ཡིན། 30ཅིའི་ཕྱིར་ཞེ་ན། བདག་ཅག་ཐམས་ཅད་ནི་ཁོང་གི་སྐུ་ལུས་ཀྱི་ཡན་ལག་ཡིན་པའི་ཕྱིར༌རོ།། 31དེའི༌ཕྱིར། སྐྱེས་པ་ནི་རང་གི་ཕ་མ་དང་ཁ་བྲལ་ནས་རང་གི་ཆུང་མར་འབྲེལ་ཏེ་ཁོ་གཉིས་ལུས་པོ་གཅིག་ཏུ་འགྱུར་ཞིང་། 32འདི་ནི་གསང་བ་ཆེན་པོ་ཞིག་ཡིན༌ཡང༌། བདག་གིས་སྐྱབས་མགོན་མཱ་ཤི་ཀ་དང་ཆོས་ཚོགས་ལ་དམིགས་ནས་སྨྲས་པ་ཡིན་ནོ།། 33འོན་ཀྱང༌། ཁྱོད་ཅག་མི་རེ་རེས་རང་ཉིད་ལ་གཅེས་པ་བཞིན་རང་གི་ཆུང་མ་ལའང་གཅེས༌ཤིང༌། ཆུང་མས་ཀྱང་རང་གི་ཁྱོ་ག་ལ་བརྩི་བཀུར་བྱ་འོས༌སོ།།

ཨེ་ཕེ་སུ་པ 6

ཕ་མ་དང་བུ་ཕྲུག་སྐོར་གྱི་བསླབ༌བྱ།

1དེ་ཡང་ཁྱོད་ཅག་བུ་ཕྲུག་རྣམས་ཀྱིས་གཙོ་བོའི་ནང་དུ་རང་གི་ཕ་མའི་ངག་ལ་མཉན་དགོས༌ཏེ། དེ་ནི་འོས་ཤིང་འཚམ་པའི་ཕྱིར༌རོ།། 2-3ཁྱོད་རང་བདེ་ཞིང་ས་སྟེང་དུ་ཚེ་ཐག་རིང་བར་འགྱུར་བའི༌ཕྱིར། ཁྱོད་ཀྱིས་རང་གི་ཕ་མ་གཉིས་ལ་བཀུར་བསྟི་བྱེད་དགོས་ཞེས་པ་དེ་ནི་བཀའ་ཁྲིམས་ལས་ཁྱོད་ཅག་ལ་ཞལ་བཞེས་གནང་ཡོད་པའི་བཀའ་དང༌པོ་ཡིན་ནོ།། 4ཁྱོད་ཅག་ཕ་ཡིན་པ་རྣམས་ཀྱིས་ཀྱང་རང་གི་བུ་ཕྲུག་ལ་ཁོང་ཁྲོ་མི་སློང༌བར། གཙོ་བོའི་བསླབ་བྱ་དང་ཞལ་གདམས་བཞིན་ཁོ་རྣམས་སྙོར་སྐྱོང་བྱའོ།།

བདག་པོ་དང་གཡོག་པོ་སྐོར་གྱི་བསླབ༌བྱ།

5ཁྱོད་ཅག་གཡོག་པོ་རྣམས་ཀྱིས་སྐྱབས་མགོན་མཱ་ཤི་ཀའི་བཀའ་ལ་ཉན་པ༌བཞིན། སྐྲག་སྐྲག་འདར་འདར་དང་སེམས་རྒྱུད་དྲང་པོའི་ངང་ནས་རང་གི་ལུས་ཕུང་གི་བདག་པོ་དེའི་ངག་ལ་མཉན་དགོས་ཤིང༌། 6ངོ་སོ་བྱེད་པ་ལྟར་མིག་མདུན་ཁོ་ནར་ཞབས་ཕྱི་མི་སྒྲུབ༌པར། སྐྱབས་མགོན་མཱ་ཤི་ཀའི་གཡོག་པོ་དང་འདྲ་བར་སེམས་གཏིང་ནས་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་བསྒྲུབ་དགོས་སོ།། 7སེམས་གཏིང་ནས་ཞབས་ཕྱི་སྒྲུབ་ཅིང་མི་ལ་ཞབས་ཕྱི་བྱེད་པ་ལྟར་མ་ཡིན༌པར། གཙོ་བོ་ལ་ཞབས་ཕྱི་སྒྲུབ་པ་བཞིན་ཡིན་དགོས། 8རྒྱུ་མཚན་ནི་བྲན་གཡོག་དང་མི་རང་དབང་ཅན་སུ་ཡིན༌ཡང༌། ལས་བཟང་པོ་བྱས་པ་བཞིན་དུ་མི་རེ་རེ་ལ་གཙོ་བོས་བྱ་དགའ་གནང་ངེས་པ་ཁྱོད་ཅག་གིས་ཀྱང་ཤེས་པས༌སོ།། 9ཁྱོད་ཅག་བདག་པོ་རྣམས་ཀྱིས་ཀྱང་གཡོག་པོ་རྣམས་ལ་འཇིགས་སྣང་མི་བསྐུལ་བར་གོང་གི་ཚིག་བཞིན་དུ་བྱེད་དགོས། ཅི་ལ་ཞེ་ན། ཁྱོད་ཅག་དང་ཁོ་རྣམས་ཀྱི་བདག་པོ༌སྟེ། ནམ་མཁའི་ཞིང་ཁམས་སུ་བཞུགས་པ་ཁོང་ཉིད་ཀྱིས་ཕྱོགས་རིས་མི་འཛིན་པ་ཁྱོད་རྣམས་ཀྱིས་ཀྱང་ཤེས་པའི་ཕྱིར༌རོ།།

དཀོན་མཆོག་གི་གོ༌མཚོན་སྐོར།

10མཐར་ཁྱོད་རྣམས་གཙོ་བོ་དང་ཁོང་གི་མཐུ་སྟོབས་ཆེན་པོར་བརྟེན་ནས་དཔའ་རྟུལ་ཅན་དུ་གྱུར༌ཅིག 11བདུད་ཀྱི་གཡོ་ཐབས་བཟློག་པའི༌ཕྱིར། དཀོན་མཆོག་གི་གོ་མཚོན་ཆ་ཚང་ལུས་ལ་སྤྲ༌དགོས་སོ།། 12ཅིའི་ཕྱིར་ཞེ་ན། བདག་ཅག་གི་འཐབ་འཁྲུག་ནི་ཤ་ཁྲག་ལྡན་པའི་མི་ལ་དམག་འཁྲུག་རྒྱག་པ་མ་ཡིན༌པར། སྲིད་དབང་འཛིན་མཁན༌དང༌། དབང་འཛིན༌མཁན། འཇིག་རྟེན་འདིའི་མུན་ནག་ལ་དབང་བསྒྱུར༌མཁན། མཁའ་དབྱིངས་སུ་རྒྱུ་བའི་གདོན་འདྲེའི་རིགས་སུ་གྱུར་པ་ཐམས་ཅད་ལ་གཡུལ་འགྱེད༌པའི་ཕྱིར་ཡིན། 13དེ་བས་ན། མ་འོངས་པའི་དུས་ངན་པ༌ལ། དགྲ་བོ་ཕྱིར་བཟློག་སྟེ་དོན་ཐམས་ཅད་བསྒྲུབས་ཤིང་བརྟན་པོར་གནས་པའི༌ཕྱིར། དཀོན་མཆོག་གི་གོ་མཚོན་ཆ་ཚང་ལུས་ལ་སྤྲ༌དགོས་སོ།། 14ཁྱོད་རྣམས་ཀྱིས་བདེན་པ་ཉིད་ནི་སྐ་རགས་སུ་བཅིངས་པ་དང་དྲང་བདེན་གྱི་བྲང་ཁྲབ་ལུས་ལ་གྱོན་ཏེ་བརྟན་པོར་གནས་པར༌གྱིས། 15རྐང་པར་ལྷམ་གྱོན་པ་བཞིན་ཁྱོད་རྣམས་ཀྱིས་ཀྱང་ཞི་བདེའི་འཕྲིན་བཟང་སྒྲོག་པར་གྲ་སྒྲིག་བྱའོ།། 16གཞན་ཡང༌། དད་པ་ནི་ཕུབ་ལྟར་ཟུངས་དང༌། བདུད་ངན་པའི་མེ་མདའ་ཐམས་ཅད་ཕྱིར་བཟློག་ནུས་སོ།། 17ཐར་པའི་རྨོག་ཞྭ་མགོ་ལ་གྱོན༌པ་དང༌། དམ་པའི་ཐུགས་ཉིད་ཀྱི་རལ་གྲི་ལག་ལ༌འཛིན་པར་གྱིས། རལ་གྲི་དེ་ནི་དཀོན་མཆོག་གི་བཀའ་ལགས་སོ།། 18ཡང་དམ་པའི་ཐུགས་ཉིད་ལ་བརྟེན་ནས་རྟག་ཏུ་གསོལ་བ་སྣ་ཚོགས་འདེབས་པ༌དང༌། དོན་དེ་སེམས་ལ་བཟུང་ནས་དད་ལྡན་དམ་པ་ཐམས་ཅད་ཀྱི་ཆེད༌དུ། གཟབ་གཟབ་ངང་ནས་གསོལ་བ་འདེབས་ཤིང་བརྩོན་དགོས་སོ།། 19བདག་ལ་གཏམ་སྨྲ་བའི་ཁ་ལྕེ་ལྡན་པ་དང་། སྤོབས་པ་དང་བཅས་འཕྲིན་བཟང་གི་གསང་བ་གསལ་པོར་བརྗོད་ཐུབ་པའི་ཕྱིར། ཁྱོད་ཅག་གིས་གསོལ་བ་འདེབས་པར་གྱིས། 20བདག་ནི་འཕྲིན་བཟང་དེའི་ཆེད་དུ་ལྕགས་སྒྲོག་གིས་བཅིངས་པའི་སྐུ་ཚབ་པ་ཞིག་ཏུ་གྱུར་པ་ཡིན་ལ། ངས་འཆད་འོས་པ་བཞིན་དུ་སྙིང་ལ་སྤོབས་པ་བསྐྱེད་ནས་ངག་ལས་འཕྲིན་བཟང་བསྒྲག་པའི་ཕྱིར། ཡང་གསོལ་བ་འདེབས་རོགས་ཞུའོ༎

མཇུག་མཐའི་འཚམས༌འདྲི།

21མཛའ་ཞིང་བརྩེ་བའི་སྤུན་ཟླ་དང་གཙོ་བོ་ལ་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་སྒྲུབ་མཁན་ཐི་ཀེ་ཀུ་ཞེས་བྱ༌བས། བདག་གི་དོན་རྣམས་དང་གནས་ཚུལ་ཐམས་ཅད་ཁྱོད་རྣམས་ལ་བརྗོད་ཅིང་ཤེས་སུ་འཇུག་པ་དང་། 22ངས་ཁྱོད་རྣམས་ལ་ངེད་ཅག་གི་གནས་ཚུལ་ཤེས་སུ་འཇུག་པ་དང་ཁྱོད་རྣམས་ལ་སེམས་གསོ་འཐོབ་པའི༌ཕྱིར། ཁོ་རང་ཆེད་དུ་ཁྱོད་རྣམས་ཀྱི་གམ་དུ་མངགས༌པའོ།། 23སྤུན་ཟླ་ཁྱོད་རྣམས་ལ་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཞི་བདེ་དང༌། དད་པ་དང་ལྡན་པའི་བྱམས་བརྩེ་འཐོབ་པར༌ཤོག 24གཞན༌ཡང༌། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་རྟག་ཏུ་གཅེས་པར་འཛིན་མཁན་ཐམས་ཅད་ལའང་ཐུགས་རྗེ་འཐོབ་པར༌སྨོན།།།།

ཕི་ལིབ་པི་པ 1

འཕྲིན་ཡིག་བསྐུར༌ཡུལ།

1དེ་ཡང་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་པ་ཕོལ་ལོལ་ང་རང་དང་ཐི་མོ་ཐེ་གཉིས་ཀྱིས། ཕི་ལིབ་པི་རུ་ཡོད་པ་དང་མཱ་ཤི་ཀ་ཡེ་ཤུའི་ནང་གི་དད་ལྡན་དམ་པ་རྣམས༌དང༌། ཆོས་ཚོགས་ཀྱི་དོ་དམ་པ་རྣམས། ལས་འཛིན་པ་རྣམས་བཅས་ལ་འཕྲིན་ཡིག་འདི་སྤྲིངས༌པ་ཡིན། 2བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།

ཐུགས་རྗེ་དང་གསོལ༌འདེབས།

3བདག་གིས་ཁྱོད་རྣམས་དྲན་ཐེངས་རེ་རེར་ང་ཡི་དཀོན་མཆོག་ལ་བཀའ་དྲིན་ཞུས་ཤིང་། 4ཁྱོད་ཅག་ཐམས་ཅད་ཀྱི་དོན་དུ་གསོལ་བ་འདེབས་ཐེངས་རེ་རེར། རྒྱུན་དུ་དགའ་སྤྲོའི་ངང་ནས་གསོལ་བ་བཏབ་པའོ།། 5རྒྱུ་མཚན་ནི་ཉིན་དང་པོ་ནས་ད་ལྟའི་བར༌དུ། ཁྱོད་རྣམས་ཀྱིས་བློ་སེམས་གཅིག་མཐུན་གྱིས་འཕྲིན་བཟང་བདག་དང་མཉམ་འབྲེལ་སྤེལ་བའི་ཕྱིར༌རོ།། 6ཁྱོད་རྣམས་ཀྱི་སེམས་སུ་ལས་བཟང་པོ་སྒྲུབ་མགོ་རྩོམ་མཁན་དེ་ཉིད་ཀྱིས། མཱ་ཤི་ཀ་ཡེ་ཤུའི་ཉིན་མོ་སླེབ་པའི་བར༌དུ། ལས་དེ་འགྲུབ་པར་མཛད་ངེས་པར་བདག་ལ་ཡིད་ཆེས་བརྟན་པོ་ཡོད་དོ།། 7ངས་ཁྱོད་རྣམས་ལ་འདི་ལྟ་བུའི་བསམ་པ་བཅང་འོས་པ་ཡིན༌ཏེ། ཁྱོད་རྣམས་རྟག་ཏུ་ངའི་སེམས་སུ་གནས༌ཤིང༌། ང་རང་བཙོན་དུ་ཡོད་པའམ་འཕྲིན་བཟང་ལ་ཁུངས་བཅོལ༌ཞིང༌། བདེན་དཔང་བྱེད་པའི་དུས་ནམ་ཞིག་ལའང་ཁྱོད་རྣམས་ཐམས་ཅད་ནི་བདག་དང་མཉམ་དུ་ཐུགས་རྗེ་ཐོབ་མཁན་ཡིན། 8ངས་མཱ་ཤི་ཀ་ཡེ་ཤུའི་བྱམས་བརྩེ་བཞིན་དུ་སེམས་གཏིང་ནས་ཁྱོད་རྣམས་ཤིན་ཏུ་དྲན་པ༌དང༌། དོན་འདིར་དཀོན་མཆོག་གིས་ཀྱང་བདག་ལ་བདེན་དཔང་མཛད་པ་ལགས་སོ།། 9ངས་གསོལ་བ་འདེབས་དོན་ནི་ཁྱོད་ཅག་གི་བྱམས་པ་དེ་ཤེས་ཡོན་དང་མཐོང་རྒྱ་སྣ་ཚོགས་ཀྱི་ཆ་ནས་སྔར་ལས་ལྷག་ཏུ་འཕེལ༌ཏེ། 10ཁྱོད་རྣམས་ཀྱིས་བདེན་རྫུན་གྱི་དབྱེ་བ་འབྱེད་ཐུབ་པ༌དང༌། སྐྱབས་མགོན་མཱ་ཤི་ཀའི་ཉིན་མོ་སླེབ་པའི་བར༌དུ། གཞུང་དྲང་སྐྱོན་མེད་ཀྱི་མི་ཞིག་ཏུ་འགྱུར་བ༌དང༌། 11ཡེ་ཤུ་མཱ་ཤི་ཀར་བརྟེན་ནས་དྲང་བདེན་གྱི་འབྲས་བུ་མང་དུ་བསྐྱེད༌དེ། དཀོན་མཆོག་ལ་གཟི་བརྗིད་དང་བསྟོད་བསྔགས་འབུལ་བའི་ཕྱིར༌རོ།།

འཕྲིན་བཟང་སྔར་ལས་འཕེལ་བ།

12སྤུན་ཟླ༌རྣམས། ངས་ཁྱོད་རྣམས་ལ་ཤེས་སུ་འཇུག་འདོད་པ་ནི། བདག་ལ་བྱུང་བའི་དོན་དེས་འཕྲིན་བཟང་སྔར་ལས་འཕེལ་བར་བྱས༌ཤིང༌། 13ཐ་ན་ང་རང་བཙོན་དུ་འཇུག་དོན་ཡང་ཕོ་བྲང་ནང་གི་དམག་མི་དང་མི་གཞན་ཐམས་ཅད་ཀྱི་ཁྲོད༌དུ། སྐྱབས་མགོན་མཱ་ཤི་ཀའི་ཆེད་དུ་ཡིན་པ་གསལ་པོར་མངོན་ནོ།། 14གཞན༌ཡང༌། གཙོ་བོ་ནང་གི་སྤུན་ཟླ་མང་ཤོས་ཀྱང་ང་རང་བཙོན་དུ་སྦྱར་བའི་རྐྱེན་གྱིས་དད་མོས་ཆེ་ཞིང་ཐེ་ཚོམ་མེད་པ༌དང༌། སྔར་ལས་ཀྱང་སྙིང་སྟོབས་བསྐྱེད་ནས་དཀོན་མཆོག་གི་བཀའ་སྒྲོག་པ་ལ་འཇིགས་པ་ཅི་ཡང་མེད༌དོ།། 15མི་ལ་ལས་སྐྱབས་མགོན་མཱ་ཤི་ཀའི་ཆོས་སྒྲོག་པ་ནི་ཕྲག་དོག་དང་འགྲན་སེམས་ཀྱི་རྐྱེན་ཡིན་པ༌དང༌། ལ་ལ་ནི་ཕན་འདོགས་པའི་སེམས་ཡིན༌ཏེ། 16-17སྔ་མ་རྣམས་ཀྱིས་སེམས་དྲང་པོ་མ་བཅངས༌པར་སྒེར་སེམས་ངང་ནས་ཆོས་སྒྲོག༌ཅིང༌། བཙོན་དུ་བཅུག་པ་ང་རང་ལ་སྡུག་བསྔལ་ཇེ་ཆེར་གཏོང་འདོད༌པ་ཡིན། ཕྱི་མ་རྣམས་ཀྱིས་བྱམས་པའི་ངང་ནས་ཆོས་སྒྲོག་ཅིང་ང་རང་ནི་འཕྲིན་བཟང་ལ་བདེན་དཔང་བྱེད་པའི་ཆེད་དུ་བསྐོས་པ་ཤེས་སོ།། 18དེར་སྐྱོན་ཅི་ཡོད་དམ། སྔ་ཕྱིའི་བདེན་རྫུན་གང་ཡིན་ཡང་མཐར་ཐུག་སྐྱབས་མགོན་མཱ་ཤི་ཀའི་ཆོས་བསྒྲགས་པ་ཡིན༌པས། ང་རང་ད་ལྟ་དགའ་ཞིང་ཕྱིས་སུའང་དགའ་བར་འགྱུར། 19ཅིའི་ཕྱིར་ཞེ་ན། དོན་འདི་ནི་ཁྱོད་ཅག་གི་གསོལ་འདེབས་དང་ཡེ་ཤུ་མཱ་ཤི་ཀའི་ཐུགས་ཉིད་ཀྱིས་རོགས་རམ་མཛད་པ་བརྒྱུད༌ནས། མཇུག་མཐར་ང་རང་ཐར་བར་འགྱུར་བ་བདག་གིས་ཤེས་པས༌སོ།། 20བདག་གིས་ཡིད་སྨོན་དང་རེ་འདུན་ཆེན་པོ་བཅངས་པ༌ལྟར། བདག་ལ་ངོ་གནོང་དགོས་པའི་དོན་གཅིག་ཀྱང་མེད༌དེ། བདག་ལ་ཤི་གསོན་གང་འདྲ་བྱུང་ནའང་སྤོབས་པ་ཆེན་པོ་བཅངས༌ཏེ། སྔར་བཞིན་ད་ལྟ་ཡང་ངའི་ལུས་སྟེང་ནས་སྐྱབས་མགོན་མཱ་ཤི་ཀའི་གཟི་བརྗིད་མངོན་པར༌འགྱུར་རོ།། 21ཅིའི་ཕྱིར་ཞེ་ན། ང་རང་གསོན་པོར་འཚོ་བ་ནི་སྐྱབས་མགོན་མཱ་ཤི་ཀའི་ཆེད་དུ་ཡིན༌ལ། ང་རང་འཆི་བར་གྱུར་ནའང་བདག་ལ་ཕན་ཐོགས་ཡོད་པའི་ཕྱིར༌ཡིན། 22འོན༌ཀྱང༌། ངའི་ལུས་པོ་གསོན་པོར་འཚོ༌ཞིང༌། བདག་གིས་འབད་པའི་ལས་ལ་འབྲས་བུ་བྱུང༌ནའང༌། ངས་གང་ཞིག་གདམ་རྒྱུ་མི་ཤེས། 23ད་ནི་ང་རང་ཅི་བྱེད་འདི་བྱེད་མེད་པར་གྱུར༌ཅིང༌། འཇིག་རྟེན་དང་ཁ་བྲལ་ནས་སྐྱབས་མགོན་མཱ་ཤི་ཀ་དང་མཉམ་དུ་གནས་པ་ནི་དོན་ཀུན་གྱི་མཆོག་ཡིན་པས། ངས་དེ་ལྟར་བྱ་འདོད༌ནའང༌། 24ཁྱོད་རྣམས་ཀྱི་ཆེད་དུ་བདག་གི་ལུས་པོ་གསོན་པོར་འཚོ་བ་ནི་དེ་བས་ཀྱང་གལ༌ཆེའོ།། 25བདག་ལ་འདི་ལྟ་བུའི་ཡིད་ཆེས་ཟབ་མོ་ཡོད༌པས། ཁྱོད་ཅག་གི་དད་པ་ཇེ་བརྟན་དང་དགའ་སྤྲོའང་ཇེ་ཆེར་འགྱུར་བའི༌ཕྱིར། བདག་ནི་སྔར་བཞིན་འཇིག་རྟེན་དུ་གསོན་པོར་འཚོ་ཞིང་ཁྱོད་ཅག་དང་མཉམ་དུ་སྡོད་པར་འགྱུར་བའང་ཤེས། 26ང་རང་སླར་ཡང་ཁྱོད་ཅག་གི་གམ་དུ་སླེབ་པར་འགྱུར་བའི་རྐྱེན༌གྱིས། ཁྱོད་ཅག་གིས་མཱ་ཤི་ཀ་ཡེ་ཤུའི་ནང་དུ་བསྔགས་པའི་དགའ་སྤྲོ་ནི་སྔར་ལས་ཀྱང་ཇེ་ཆེར་འགྱུར༌རོ།། 27ཁྱོད་ཅག་གི་སྤྱོད་ལམ་ནི་སྐྱབས་མགོན་མཱ་ཤི་ཀའི་འཕྲིན་བཟང་དང་མཐུན་པར༌གྱིས། དེ་ནི་ང་རང་ཁྱོད་ཅག་གི་གམ་དུ་ཡོང༌བའམ། ཡང་ན་ཁྱོད་ཅག་གི་གམ་དུ་མེད་པ་གང་ཡིན་ཡང་ཁྱོད་ཅག་གི་གནས་ཚུལ་ཐོས༌ཤིང༌། ཁྱོད་ཅག་ལ་དམིགས་ཡུལ་གཅིག་མཚུངས་ཡོད་པ་དང་བརྟན་པོར་གནས་པར་བྱས༌ཏེ། བདག་ཅག་གིས་འཕྲིན་བཟང་གི་དད་པའི་ཆེད༌དུ། བློ་སེམས་རྩེ་གཅིག་གིས་ཧུར་བརྩོན་བྱེད་བཞིན་པའང་བདག་གིས་ཤེས་པར་འགྱུར་བའི་ཕྱིར༌ཡིན། 28དོན་གང་ལ་འཕྲད་ནའང་དགྲ་བོའི་འཇིགས་སྐུལ་ལ་མི་སྐྲག་པར༌གྱིས། དེ་ནི་དགྲ་བོ་རྣམས་འཇིག་ཅིང་ཁྱོད་རྣམས་ལ་ཐར་པ་ཐོབ་པའི་རྟགས་ཡིན༌ལ། དེ་ནི་དཀོན་མཆོག་ནས་བྱུང་བ་ལགས་སོ།། 29ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ཀྱིས་སྐྱབས་མགོན་མཱ་ཤི་ཀར་དད་པ་བྱེད་པ་ལས༌གཞན། ཁོང་གི་ཆེད་དུ་ཁྱོད་རྣམས་ལ་སྡུག་བསྔལ་མྱོང་བའི་ཐུགས་རྗེ་ཡང་གནང་བ༌དང༌། 30ཁྱོད་ཅག་ལ་འབྱུང་བའི་འཁྲུག་རྩོད་ནི་ཁྱོད་ཅག་གིས་བདག་ལ་བྱུང་བའི་དོན་རྣམས་སྔོན་ཆད་མཐོང་ཞིང་ད་ལྟ་ཐོས་པ་དང་གཅིག་མཚུངས་ཡིན༌ནོ།།

ཕི་ལིབ་པི་པ 2

སྐྱབས་མགོན་མཱ་ཤི་ཀ་མིག་དཔེར་འཛིན༌པ།

1དེའི་ཕྱིར། སྐྱབས་མགོན་མཱ་ཤི་ཀའི་ནང་དུ་སྐུལ་མ་གང་ཞིག༌དང༌། བྱམས་པའི་སེམས་གསོ་གང༌ཞིག དམ་པའི་ཐུགས་ཉིད་ཀྱི་འབྲེལ་འདྲིས་གང༌ཞིག བྱམས་དང་སྙིང་རྗེ་གང་ཞིག་ཡོད་པ་ཡིན་ན། 2ཁྱོད་རྣམས་ཀྱིས་བསམ་པ་གཅིག༌དང༌། བརྩེ་སེམས༌གཅིག དྲན་ཚུལ༌གཅིག བསམ་འདུན་གཅིག་ཡོད་པ་བཅས་བྱས་ནས་ངའི་དགའ་སྤྲོ་རྫོགས་པར་བྱ་འོས་སོ།། 3སྒེར་སེམས་དང་སྙིང་པོ་མེད་པའི་གཟི་བརྗིད་ལ་འདོད་རྔམ་མི་བཅང་བར། ཁེངས་སྐྱུང་གི་བསམ་པ་བཅངས་ནས་རང་ལས་མི་གཞན་མཆོག་ཏུ་འཛིན་པར༌གྱིས། 4མི་སུ་ཞིག་ཡིན་ཡང་རང་དོན་ཁོ་ན་མི་སེམས་པར་གཞན་དོན་ཡང་བསམ་དགོས་པ་ཡིན། 5ཁྱོད་ཅག་གི་བསམ་པ་ནི་མཱ་ཤི་ཀ་ཡེ་ཤུའི་ཐུགས་དགོངས་བཞིན་ཡིན་དགོས་པ་འདི༌ལྟ་སྟེ། 6དེ་ཡང་ཁོང་ཉིད་དཀོན་མཆོག་ཇི་བཞིན༌དུ།། ཐོག་མ་ཉིད་ནས་རང་བཞིན་མཚུངས་ན༌ཡང༌།། དཀོན་མཆོག་ཉིད་དང་མཉམ་པའི་གོ་འཕང༌དེར།། འཕྲོག་ཅིང་རྩོད་པའི་འགྲན་སེམས་ཡེ་ནས༌མེད།། 7རང་གི་གཟི་བརྗིད་དོར་ནས་ཁེངས་སྐྱུང༌གིས།། རང་ཉིད་ཞབས་ཕྱི་པ་ཡི་རྣམ་པ༌བཞིན།། འཇིག་རྟེན་ཕལ་བའི་མི་ཡི་གཟུགས་སུ༌གྱུར།། 8ཕལ་བའི་རྣམ་འགྱུར་བཟུང་ཞིང་དམན་ཚུལ༌གྱིས།། དཀོན་མཆོག་ཉིད་ཀྱི་བཀའ་ལུང་ཇི་བཞིན༌དུ།། རྒྱ་གྲམ་ཤིང་གི་རྩེ་ནས་གྲོངས་པར༌མཛད།། 9དེའི་ཕྱིར་དཀོན་མཆོག་ཉིད་ཀྱིས་ཁོང་ཉིད༌ནི།། ཀུན་ལས་མཐོ་བའི་གནས་སུ་དྲངས་པ༌དང༌།། ཀུན་ལས་འཕགས་པའི་མཚན་ཡང་གནང་བར༌གྱུར།། 10དེ་ནི་ས་སྟེང་ས་འོག་ས་བླ་ཀུན༎ སྐྱབས་མགོན་ཡེ་ཤུའི་མཚན་ལ་བཀུར་བའི༌ཕྱིར།། པུས་མོ་ས་ལ་བཙུགས་ནས་ཕྱག་འཚལ༌ཞིང་།། 11ཡབ་ཆེན་དཀོན་མཆོག་ཉིད་ལ་བསྟོད་པའི༌ཕྱིར།། ཀུན་གྱི་ངག་ལས་ཡེ་ཤུ་མཱ་ཤི༌ཀར།། གཙོ་བོ་ལགས་ཞེས་སྨྲ་ཞིང་ཁས་ལེན༌བརྗོད།། ཅེས་པ་བཞིན༌ནོ།།

སྤྱོད་ལམ་དྲང་པོར་གདམས༌པ།

12དེ་བས་ན། བདག་གི་སྙིང་ཉེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་གིས་རྒྱུན་དུ་བདག་གི་གཏམ་ལ་མཉན་པ་ཡིན༌ན། ང་རང་ཁྱོད་ཅག་གི་གམ་དུ་ཡོད༌པའམ། ཡང་ན་ད་ལྟ་ཁྱོད་ཅག་གི་གམ་དུ་མེད་པའི་དུས་སུའང་ལྷག་ཏུ་བདག་གི་གཏམ་ལ་ཉན་པ༌བཞིན། ཁྱོད་ཅག་གིས་སྐྲག་སྐྲག་འདར་འདར་ངང་ནས་རང་ལ་ཐར་པ་ཐོབ་ཟིན་པའི་དོན་དེ་དང་མཐུན་པར་བསྒྲུབ་དགོས་སོ།། 13རྒྱུ་མཚན་ནི་ཁྱོད་ཅག་གིས་ལས་གང་ཞིག་དྲན་ཞིང་སྒྲུབ་པར་བྱེད་པ་ནི་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ཡིན་པའི་ཕྱིར། དཀོན་མཆོག་གིས་ཁྱོད་རྣམས་ཀྱི་སེམས་ནང་དུ་འཕྲིན་ལས་མཛད༌པས་སོ༎ 14ཁྱོད་ཅག་གིས་འཁང་རའི་གཏམ་དང་རྩོད་གླེང་ཅི་ཡང་མེད་པར་ལས་ཐམས་ཅད་བསྒྲུབ་པར༌གྱིས། 15ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ལ་སྐྱོན་བརྗོད་རྒྱུ་ཅི་ཡང་མེད་པ་དང་གཞུང་དྲང་ཟོལ་མེད་ཡིན༌པ། དཀར་ནག་གོ་ལྡོག་གི་དུས་རབས༌འདི་ལ། ཁྱོད་ཅག་ནི་སྐྱོན་གྱི་དྲི་མས་མ་གོས་པའི་དཀོན་མཆོག་གི་བུ་ཕྲུག་ཡིན་པའི་ཕྱིར༌རོ།། ཁྱོད་རྣམས་དུས་འདིར་མངོན་པ་ནི་འཇིག་རྟེན་ཀུན་ལ་འོད་ཟེར་འཕྲོས་པ་དང་མཚུངས་ཏེ། 16ཁྱོད་ཅག་གིས་ཚེ་སྲོག་གི་བཀའ་དམ་པོར་ཟུངས་ཤིག་དང་། དེ་ནི་སྐྱབས་མགོན་མཱ་ཤི་ཀའི་ཉིན༌ལ། བདག་གི་ངལ་བ་འབྲས་མེད་དུ་མ་གྱུར་བར་བསྔགས་བརྗོད་བྱེད་པའི་ཕྱིར་ཡིན། 17ང་རང་ནི་ཁྱོད་ཅག་གི་དད་པའི་བསྙེན་བཀུར་དང་མཆོད་རྫས་སྟེང་དུ་སྐྱེམས་མཆོད་གཏོར་བ་བཞིན་དུ་གྱུར༌ནའང༌། བདག་ནི་དགའ་ཞིང་ཁྱོད་རྣམས་དང་མཉམ་དུ༌སྤྲོ་བ་ཡིན་ནོ།། 18ཁྱོད་རྣམས་ཀྱང་དེ་བཞིན་དུ་དགའ་ཞིང་བདག་དང་མཉམ་དུ་སྤྲོ་བར་གྱུར༌ཅིག།།

ཆོས་གྲོགས་ཐི་མོ་ཐེ་དང་ཨེ་པབ་རོ་དི༌གཉིས།

19དེ་ཡང་བདག་གིས་ཁྱོད་རྣམས་ཀྱི་གནས་ཚུལ་ཤེས་ནས་རང་ལ་སེམས་གསོ་ཐོབ་ཐུབ་པའི་ཕྱིར། བདག་གིས་གཙོ་བོ་ཡེ་ཤུར་བརྟེན་ནས་ཐི་མོ་ཐེ་མྱུར་བ་མྱུར་བར་ཁྱོད་རྣམས་ཀྱི་གམ་དུ་མངག་པའི་རེ་བ་བཅངས༌སོ།། 20རྒྱུ་མཚན་ནི་ཁྱོད་རྣམས་ཀྱི་དོན་དུ་དངོས་གནས་སེམས་ཁྲལ་བྱེད་མཁན་ནི་བདག་དང་བློ་སེམས་མཐུན་པ་གཞན་མེད་པས༌སོ།། 21མི་གཞན་རྣམས་ཀྱིས་རང་དོན་ཁོ་ན་ལས་མཱ་ཤི་ཀ་ཡེ་ཤུའི་དོན་དེ་མི་བསམས་མོད། 22འོན༌ཀྱང༌། ཐི་མོ་ཐེ་ནི་བུས་ཕ་ལ་བསྙེན་བཀུར་བྱེད་པ༌བཞིན། ཁོས་ཀྱང་བདག་དང་མཉམ་དུ་འཕྲིན་བཟང་དར་སྤེལ་བྱས་མྱོང༌བས། ཁོས་ཚོད་བགམ་ཐེག་ཐུབ་པ་ཁྱོད་རྣམས་ཀྱིས་ཀྱང་ཤེས་པ་ཡིན། 23དེའི༌ཕྱིར། བདག་གིས་རང་ལ་བྱུང་བའི་དོན་དེ་ཅི་ལྟ་བུ་ཞིག་ཏུ་འགྱུར་ངེས་པ་ཤེས་མ་ཐག ཁོ་རང་མྱུར་དུ་མངག་པར་རེ་བ་བྱེད༌ཅིང༌། 24ང་རང་ཡང་གཙོ་བོ་ལ་བརྟེན་ནས་མྱུར་བ་མྱུར་བར་ཡོང་ཐུབ་པར་ཡིད་ཆེས་སོ།། 25འོན༌ཀྱང༌། ད་ལྟ་བདག་གིས་ངེས་པར་ཁྱོད་རྣམས་ཀྱི་གམ་དུ་ཨེ་པབ་རོ་དི་མངག་དགོས་པར་འདོད༌དེ། ཁོ་ནི་བདག་གི་སྤུན་ཟླ་དང་ཆོས༌གྲོགས། དཔུང་གྲོགས་བཅས་ཡིན༌ལ། ཁྱོད་རྣམས་ཀྱིས་བདག་ལ་མངགས་པའི་མི༌དང༌། བདག་གི་དགོས་མཁོ་སྐོང་མཁན་ཡང་ཡིན། 26ཁོས་ཁྱོད་རྣམས་ཤིན་ཏུ་དྲན་ཞིང་ཁྱོད་རྣམས་ཀྱིས་ཁོ་རང་ལ་ན་ཚ་བྱུང་བའི་གནས་ཚུལ་ཐོས་པས་ཁོའི་སེམས་ཤིན་ཏུ༌སྐྱོ་བ་རེད། 27ཁོ་རང་ལ་དངོས་གནས་ན་ཚ་བྱུང་སྟེ་འཆི་ལ་ཉེ་བ་ཙམ་བྱུང་ནའང་དཀོན་མཆོག་གིས་ཁོ་རང་ལ་ཐུགས་རྗེ་གནང༌ཞིང༌། བདག་ལ་སྡུག་བསྔལ་གྱི་སྟེང་དུ་སྡུག་བསྔལ་མི་འབྱུང་བའི་ཕྱིར་ང་ལའང་ཐུགས་རྗེ་གནང༌ངོ་།། 28དེའི༌ཕྱིར། བདག་གིས་དེ་ལས་མགྱོགས་མྱུར་ངང་ཁོ་རང་ཁྱོད་རྣམས་ཀྱི་གམ་དུ་མངགས་པ་སྟེ། ཁྱོད་རྣམས་ཀྱིས་ཁོ་རང་སླར་ཡང་མཐོང་ན་དགའ་ཞིང་སྤྲོ་བ་དང༌། བདག་གི་སེམས་ཁུར་ཡང་ཇེ་ཆུང་དུ་འགྲོ་ངེས་པའི་ཕྱིར༌ཡིན། 29ཡང་ཁྱོད་རྣམས་ཀྱིས་གཙོ་བོའི་ནང་དུ་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཁོ་རང་ལ་སྣེ་ལེན་བྱེད་དགོས༌ཤིང༌། མི་འདི་ལྟ་བུ་ལ་བརྩི་བཀུར་ཡང་བྱ་འོས་སོ།། 30ཅིའི་ཕྱིར་ཞེ་ན། ཁོས་སྐྱབས་མགོན་མཱ་ཤི་ཀའི་ཆོས་དོན་སྒྲུབ་པའི་ཆེད་དུ་འཆི་ལ་ཉེ་བ་ཙམ་བྱུང༌ནའང༌། ཁྱོད་རྣམས་ཀྱིས་བདག་ལ་རོགས་རམ་བྱེད་མ་ནུས་པ་ཐམས་ཅད་ཁོས་རང་སྲོག་ལ་མ་འཛེམས་པར་བདག་ལ་རོགས་རམ་བྱས༌སོ།།

ཕི་ལིབ་པི་པ 3

ཤ་གཟུགས་ཀྱི་ཕུང་བོར་བརྟེན་མི་འོས༌པ།

1བདག་གི་སྤུན་ཟླ༌རྣམས། མཐར་ཁྱོད་ཅག་གཙོ་བོ་ལ་བརྟེན་ནས་དགའ་ཞིང་སྤྲོ་བར༌གྱིས། བདག་གིས་ཡང་བསྐྱར་གཏམ་འདི་རྣམས་ཁྱོད་ཅག་ལ་འབྲི་བར་དཀའ་ངལ་མེད༌ལ། ཁྱོད་ཅག་ལ་མཚོན་ན་འོས་ཤིང་འཚམ་པ་ཡིན་ནོ།། 2ཁྱོད་རྣམས་ཀྱིས་ཁྱི་སྤྱང་ངན་པ་ལྟ་བུ་དང་ལས་ངན་པ་བྱེད་མཁན། རང་སྣང་ཆེན་པོས་མཚན་སྐྱི་གཅོད་མཁན་དག་ལ་དོགས་ཟོན་བྱོས༌ཤིག 3ཅིའི་ཕྱིར་ཞེ་ན། བདག་ཅག་ནི་དངོས་གནས་མཚན་སྐྱི་གཅོད་པ་དག་ཡིན༌ལ། དཀོན་མཆོག་གི་ཐུགས་ཉིད་ལ་བརྟེན་ནས་བསྙེན་བཀུར་བྱེད༌ཅིང༌། མཱ་ཤི་ཀ་ཡེ་ཤུར་བསྔགས་མཁན་ཡང་ཡིན་པ༌ལས། ཤ་ཁྲག་གི་ཕུང་བོར་བརྟེན་མཁན་མ་ཡིན་པའི་ཕྱིར༌རོ།། 4དོན་དམ་དུ། ངས་ཀྱང་ཤ་ཁྲག་གི་ཕུང་བོར་བརྟེན་རུང་སྟེ། མི་གཞན་ཞིག་གིས་ཤ་ཁྲག་གི་ཕུང་བོར་བརྟེན་རུང་བར་འདོད༌ན། བདག་ནི་ལྷག་ཏུ་བརྟེན་རུང་ངོ་།། 5སྐྱེས་ནས་ཉིན་བརྒྱད་པ་ལ་ངའི་མཚན་སྐྱི་བཅད་ཅིང་། ང་ནི་ཡེས་ར་ཨེལ་གྱི་མི་རིགས་དང༌པེན་ཡཱ་མེན་གྱི་ཚོ་བ་ལའང་གཏོགས༌པ་དང་། ཨིབ་རིའི་མི་རིགས་ནས་མཆེད་པའི་རིགས་རྒྱུད་དངོས་མ་ཡང་ཡིན། བཀའ་ཁྲིམས་ཀྱི་ཕྱོགས་ནས་བཤད༌ན། ང་ནི་ཕ་རུ་ཤི་པའི་གྲུབ་མཐར་གཏོགས་པ་ཡིན། 6རང་གི་སྤྲོ་སེམས་ཐད་ནས་བཤད༌ན། ང་རང་ནི་ཆོས་ཚོགས་ལ་གནོད་འཚེ་ཆེན་པོ་བྱེད་མཁན་ཡིན་ལ། བཀའ་ཁྲིམས་ཀྱི་བདེན་ལུགས་ལྟར་བཤད༌ན། བདག་ནི་སྐྱོན་གྱི་དྲི་མས་མ་གོས་པ་ཡིན་ནོ།། 7འོན༌ཀྱང༌། སྔོན་ཆད་བདག་གིས་ཁེ་ཕན་དུ་བསམས་པ་ཐམས་ཅད་ད་ལྟ་སྐྱབས་མགོན་མཱ་ཤི་ཀའི་རྐྱེན་གྱིས་གྱོང་གུད་དུ་མཐོང༌ངོ་།། 8དེར་མ་ཟད་ངས་རང་གི་གཙོ་བོ་མཱ་ཤི་ཀ་ཡེ་ཤུ་ཁོང་ཉིད་ངོ་ཤེས༌པ་ནི་མཆོག་ཏུ་གྱུར་བར་བསམས་པས་དོན་གཞན་ཐམས་ཅད་གྱོང་གུད་དུ་བརྩིས་པ་ཡིན་ལ། བདག་ལ་སྐྱབས་མགོན་མཱ་ཤི་ཀ་འཐོབ་པའི་ཕྱིར། ངས་ཁོང་གི་ཆེད་དུ་དོན་གཞན་ཐམས་ཅད་སྤངས་ཤིང་སྙིགས་མར་བརྩིས་པ་དང་། 9ང་རང་ཁོང་གི་ནང་དུ་གནས་པ་དང་། རང་ཉིད་ལའང་སྐྱབས་མགོན་མཱ་ཤི་ཀར་དད་པ་ནས་ཡོང་བའི་དྲང་བདེན་དེ་འཐོབ་པར་འགྱུར་ཞིང་། དྲང་བདེན་དེ་ནི་བཀའ་ཁྲིམས་ནས་བྱུང་བ་མ་ཡིན༌པར། དཀོན་མཆོག་ལས་བྱུང་ཞིང་དད་པའི་སྒོ་ནས་འཐོབ་པ་ཡིན་ལ། 10དེ་ནི་ངས་སྐྱབས་མགོན་མཱ་ཤི་ཀ་ཁོང་ཉིད་ངོ་ཤེས་པ་དང་། ཁོང་ཉིད་སླར་གསོན་པའི་ནུས་མཐུ་ཆེན་པོའང་རྟོགས་ཤིང༌། ཁོང་གི་སྡུག་བསྔལ་ཡང་མཉམ་དུ་འཁུར་ཐུབ་པ་དང༌། ཁོང་ཉིད་སྐུ་གྲོངས་པ་མིག་དཔེར་བཟུང༌སྟེ། 11ང་རང་ཡང་འཆི་བ་ལས་སླར་གསོན་པར་འགྱུར་བའི་ཕྱིར་རོ།།

དམིགས་ཡུལ་འགྲུབ་པར་བརྩོན༌པ།

12བདག་ལ་དོན་དེ་དག་ཐོབ་ཟིན་པ་དང་ཕུལ་ཏུ་བྱུང་བ་ཡིན་ཞེས་པ་མིན༌ཏེ། མཱ་ཤི་ཀ་ཡེ་ཤུས་བདག་ལ་བསྩལ་བའི་དགོངས་དོན་དེར་སྙེག༌ཅིང༌། དོན་དེ་སྒྲུབ་པའི་ཕྱིར་ངས་ཀྱང་བརྩོན་པ་བྱེད་དོ།། 13སྤུན་ཟླ༌རྣམས། ངས་རང་ལ་དོན་དེ་ཐོབ་ཟིན་ཞེས་པ་མིན༌ཏེ། བདག་གིས་དོན་གཅིག་ཁོ་ན་སྒྲུབ་པ་ནི་འདས་པ་བསྐྱུར་ཞིང་མདུན་ལ་བརྩོན༌པ་ཡིན། 14དེ་ནི་དཀོན་མཆོག་གིས་མཱ་ཤི་ཀ་ཡེ་ཤུའི་ནང༌ནས། ཁོང་གིས་ང་རང་ནམ་མཁའི་བྱ་དགའ་ལེན་པར་ཞལ་སྐུལ་གནང་བ་བཞིན་བདག་ཀྱང་དམིགས་འབེན་དེའི་ཕྱོགས་སུ་རྒྱུག་པ་ཡིན་ནོ།། 15དེའི༌ཕྱིར། བདག་ཅག་གི་ཁྲོད་ནས་བསམ་ཤེས་རྣམས་ཀྱིས་དེ་ལྟ་བུའི་བསམ་པ་རྟག་ཏུ་བཅང་དགོས༌ཤིང༌། དོན་འདི་དང་བསམ་ཚུལ་མི་མཚུངས་པ་ཡོད༌ནའང༌། དཀོན་མཆོག་གིས་ཁྱོད་རྣམས་ལ་གསལ་པོར་སྟོན་པར་འགྱུར། 16འོན༌ཀྱང༌། བདག་ཅག་ཚད་ག་འདྲ་ཞིག་ལ་སླེབས་ན་ཚད་དེ་བཞིན་དུ་བསྒྲུབ་དགོས༌སོ།། 17སྤུན་ཟླ༌རྣམས། ཁྱོད་རྣམས་ཀྱིས་མཉམ་དུ་ང་རང་མིག་དཔེར་བཟུང༌ཞིང༌། ངེད་རྣམས་མིག་དཔེར་འཛིན་མཁན་དེ་རྣམས་ལའང་མཉམ་འཇོག་བྱ་འོས། 18ཅིའི་ཕྱིར་ཞེ་ན། མི་མང་པོའི་སྤྱོད་སྟངས་ནི་སྐྱབས་མགོན་མཱ་ཤི་ཀའི་ཤིང་རྒྱ་གྲམ་གྱི་དགྲ་བོ་ཡིན་པའི་ཕྱིར༌རོ།། བདག་གིས་དོན་འདི་ཁྱོད་རྣམས་ལ་ཐེངས་མང་པོར་སྨྲས་མྱོང༌ལ། ད་ལྟ་ཡང་མིག་ལས་མཆི་མ་དང་བཅས་ཏེ་སྨྲས༌པ་ཡིན། 19མི་དེ་རྣམས་ཀྱི་མཇུག་འབྲས་ནི་རང་ཉིད་འཇིག་པར་འགྱུར་བ༌དང༌། དེ་རྣམས་ཀྱི་དཀོན་མཆོག་ནི་རང་གི་ལྟོ་བ་ཁོ་ན་ཡིན། དེ་རྣམས་ཀྱིས་རང་གི་ངོ་ཚ་ནི་གཟི་བརྗིད་དུ་བརྩི་ཞིང་འཇིག་རྟེན་གྱི་ལས་ཁོ་ན་བསམས་མོད། 20འོན༌ཀྱང༌། བདག་ཅག་ནི་ནམ་མཁའི་ཞིང་ཁམས་ཀྱི་འབངས་མི་ཡིན༌ལ། ཡང་སྐྱབས་མགོན་ཏེ་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཕེབས་ཡོང་བར་རེ་བ་ཆེན་པོས་སྒུག༌པ་ཡིན། 21ཁོང་གིས་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་རང་ཉིད་ཀྱི་དབང་འོག་ཏུ་སྡུད་ནུས་པའི་མཐུ་རྩལ་ཆེན་པོར་བརྟེན༌ནས། བདག་ཅག་གི་ལུས་པོ་ཐ་མལ་བ་འདིའི་རྣམ་པ་བསྒྱུར༌ཏེ། ཁོང་རང་ཉིད་ཀྱི་གཟི་བརྗིད་ལྡན་པའི་སྐུ་ལུས་དང་མཚུངས་པར་མཛད་ངེས༌སོ།།

ཕི་ལིབ་པི་པ 4

སྐུལ་མ་གནང༌བ།

1དེ་ལྟར་ཡིན་པས། བདག་གི་སྙིང་ནས་བརྩེ་ཞིང་རྟག་ཏུ་དྲན་པའི་སྤུན་ཟླ༌རྣམས། ཁྱོད་ཅག་ནི་བདག་གི་དགའ་སྤྲོ་དང་གཙུག་རྒྱན་ཡིན། བདག་གི་སྙིང་ནས་བརྩེ་བ༌ལགས། ཁྱོད་རྣམས་ནི་གཙོ་བོ་ལ་བརྟེན་ནས་བརྟན་པོར་གནས་འོས་སོ།། 2བདག་གིས་ཨོ་དི་ཡཱ་དང་སིན་ཏི་ཀེ་གཉིས༌ལ། གཙོ་བོའི་ནང་དུ་བློ་སེམས་མཐུན་དགོས་པར་སྐུལ་མ་གནང༌བ་ཡིན། 3ངས་བློ་སེམས་དཀར་བའི་ཆོས་གྲོགས་ཁྱོད་ཀྱིས་ཀྱང་སྐྱེས་མ་འདི་གཉིས་ལ་རོགས་རམ་བྱེད་པར་བསྐུལ། རྒྱུ་མཚན་ནི་བདག་གིས་འཕྲིན་བཟང་སྤེལ་བའི་དུས༌སུ། དེ་གཉིས་ཀྱིས་བདག་དང་མཉམ་དུ་དཀའ་སྡུག་མྱངས་པ་དང་། ཡང་ཀཱ་ལེ་མེན་དང་ཆོས་གྲོགས་གཞན་རྣམས་མཉམ་དུའང་དཀའ་སྡུག་མྱངས་པས། ཚེ་སྲོག་གི་གླེགས་བམ་ནང་དུ་མི་དེ་རྣམས་ཀྱི་མིང་ཡང་བཀོད་ཡོད༌དོ།། 4ཁྱོད་རྣམས་གཙོ་བོ་ལ་བརྟེན་ནས་རྟག་ཏུ་དགའ་ཞིང་སྤྲོ་བར༌གྱིས། ངས་ཡང་བསྐྱར་ཁྱོད་རྣམས་ལ་དགའ་ཞིང་སྤྲོ་བར་གྱིས་ཞེས་སྨྲས༌པའོ།། 5ཁྱོད་རྣམས་ཀྱི་ཁེངས་སྐྱུང་གི་སེམས་དེ་མི་ཀུན་ལ་ཤེས་སུ་འཇུག་དགོས། གཙོ་བོ༌ཉེ་བར་བཞུགས་སོ།། 6དོན་གང་ལའང་སེམས་ཁྲལ་མི་བྱ༌བར། དོན་ཐམས་ཅད་ཀྱི་ཆེད་དུ་གསོལ་བ་འདེབས་པ༌དང༌། སྨོན་ལམ་ཞུ༌བ། དྲིན་ལན་བརྗོད་པ་བརྒྱུད་ནས་ཁྱོད་ཅག་གི་དགོས་མཁོ་གང་ཞིག་དཀོན་མཆོག་ལ་ཞུས་དང༌། 7མི་ཡི་བློ་ཡུལ་དུ་མི་ཤོང་བའི་དཀོན་མཆོག་གི་ཞི་བདེ་དེས། མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཁྱོད་རྣམས་ཀྱི་སེམས་དང་བསམ་པ་སྲུང་ངེས༌སོ།། 8སྤུན་ཟླ༌རྣམས། མཐར་ཁྱོད་རྣམས་ཀྱིས་བདེན་པ༌དང༌། གུས་པར་འོས༌པ། དྲང༌བདེན། གཙང་མར་གྱུར༌པ། གཅེས་པར་འོས༌པ། སྙན་གྲགས་རྒྱས༌པ། གཤིས་སྤྱོད་ཕུལ་དུ་བྱུང༌བ། བསྟོད་པར་འོས་པ་བཅས་པའི་དོན་གང་ཡིན་ཡང་བསམ་བློ་གཏོང་དགོས་སོ།། 9ཁྱོད་རྣམས་ཀྱིས་བདག་ལས་གང་ཞིག་བསླབས་པ་དང་ཐོབ༌པ། གང་ཞིག་མཐོང་བ་དང་ཐོས་པ་ཐམས་ཅད་ལག་ལེན་དུ་འདེབས་པར༌གྱིས་དང་། ཞི་བདེ་གནང་མཁན་དཀོན་མཆོག་ནི་ཁྱོད་རྣམས་དང་མཉམ་དུ་བཞུགས་ངེས༌སོ།།

དྲིན་ལན་བརྗོད༌པ།

10ཁྱོད་རྣམས་ཀྱིས་ད་ལྟའང་བདག་གི་དོན་དུ་སེམས་ཁྲལ་བྱེད་བཞིན༌པས། ང་རང་གཙོ་བོ་ལ་བརྟེན་ནས་སེམས་སུ་དགའ་སྤྲོ་ཚད་མེད་སྐྱེས་སོ།། ཁྱོད་རྣམས་ཀྱིས་སྔར་ནས་བདག་ལ་སེམས་ཁྲལ་བྱས་ཀྱང་གོ་སྐབས་མ་བྱུང༌། 11བདག་ལ་དགོས་མཁོ་གང་ཞིག་ཡོད་པའི་རྐྱེན་གྱིས་གཏམ་འདི་སྨྲས་པ་མིན༌ཏེ། བདག་ནི་གནས་ཚུལ་ཅི་འདྲའི་འོག་ཏུའང་རང་བློ་ཚིམ་པར་གོམས་ཡོད་ལ། 12བདག་གིས་འབྱོར་བ་མེད་པའི་འཚོ་བ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་འཚོ་བ་ཅི་ལྟར་རོལ་དགོས་པ་ཤེས་ཏེ། རང་གི་ལྟོ་བ་འགྲངས་པའམ་ལྟོགས༌པ། རྒྱུ་ནོར་འཛོམས་པའམ་ཕོངས་པ་བཅས་དོན་གང་ཞིག་བྱུང༌ཡང༌། བདག་ནི་གོམས་པར་གྱུར་ཡོད། 13ཅིའི་ཕྱིར་ཞེ་ན། བདག་གིས་རང་ལ་ནུས་མཐུ་གནང་མཁན་སྐྱབས་མགོན་ཡེ་ཤུར་བརྟེན་ནས་དོན་ཐམས་ཅད་སྒྲུབ་ནུས་པའི་ཕྱིར༌རོ།། 14འོན༌ཀྱང༌། ཁྱོད་རྣམས་ཀྱིས་བདག་དང་ལྷན་དུ་དཀའ་སྡུག་མྱངས་ཐུབ་པ་ནི་དོན་ལེགས་པོ་ཞིག་ཡིན་ནོ།། 15ཕི་ལིབ་པི་པ༌རྣམས། བདག་གིས་ཐོག་མར་འཕྲིན་བཟང་བསྒྲགས་པའི་དུས༌དེར། མ་ཀེ་དོན་ཡཱ་ཡུལ་དང་ཁ་བྲལ་བའི་དུས་སུ། ཁྱོད་ཅག་གི་ཆོས་ཚོགས་ལས༌གཞན། ཆོས་ཚོགས་གང་གིས་ཀྱང་བདག་ལ་འབུལ་བ་མ་གནང་བ་ནི་ཁྱོད་རྣམས་ཀྱིས་ཤེས་སོ།། 16ང་རང་ཐེ་སཱ་ལོ་ནེ་ཀེར་ཡོད་པའི་དུས༌སུའང༌། ཁྱོད་རྣམས་ཀྱིས་ཐེངས་འགར་མི་མངགས་ཏེ་ངའི་དགོས་མཁོ་བཞིན་དུ་འབུལ་བ་གནང་མྱོང༌། 17ད༌ལྟ་བདག་གིས་འབུལ་བར་དམིགས་པ་མ་ཡིན་པར། ཁྱོད་རྣམས་ཀྱི་ལས་བཟང་པོའི་འབྲས་བུ་རིམ་བཞིན་ཇེ་མང་དུ་འགྱུར༌ཞིང༌། ཁྱོད་ཅག་གི་རྩིས་ཐོའི་སྟེང་དུ་འགོད་རྒྱུ་ཡོད་པར་དམིགས་པའི་ཕྱིར༌རོ།། 18འོན༌ཀྱང༌། བདག་ལ་ཐམས་ཅད་འཛོམས་ཤིང་ལྷག་མའང་ཡོད་དེ་རང་བློའང་ཚིམས༌པ་ཡིན། བདག་གིས་ཨེ་པབ་རོ་དི་ཡིས་བསྐྱལ་ཡོང་བའི་ཁྱོད་ཅག་གི་འབུལ་བ་བླངས༌ཤིང༌། དེ་ནི་དཀོན་མཆོག་ལ་དྲི་ཞིམ་གྱི་འབུལ་བ་དང་ཐུགས་དགྱེས་པའི་མཆོད་པ་ཕུལ་བ་དང་མཚུངས་སོ།། 19བདག་གི་དཀོན་མཆོག་གིས་ཁོང་ཉིད་ཀྱི་ཕུན་སུམ་ཚོགས་པའི་གཟི་བརྗིད་ཇི་བཞིན༌དུ། མཱ་ཤི་ཀ་ཡེ་ཤུའི་ནང་ནས་ཁྱོད་ཅག་གི་དགོས་མཁོ་ཐམས་ཅད་བསྐང་ངེས༌ཡིན། 20བདག་ཅག་གི་ཡབ་དཀོན་མཆོག་ལ་ཇི་སྲིད་བར་དུ་བསྟོད་བསྔགས་བརྗོད་པར༌ཤོག ཨ༌མེན།

མཇུག་མཐའི་འཚམས༌ཞུ།

21ཁྱོད་རྣམས་ཀྱིས་མཱ་ཤི་ཀ་ཡེ་ཤུའི་ནང་གི་དད་ལྡན་དམ་པ་ཐམས་ཅད་ལའང་འཚམས་འདྲི་ཞུ་བར་བྱའོ།། བདག་གི་གམ་དུ་ཡོད་པའི་སྤུན་ཟླ་རྣམས་ཀྱིས་ཀྱང་ཁྱོད་རྣམས་ལ་འཚམས་འདྲི༌ཞུའོ།། 22འདིར་ཡོད་པའི་དད་ལྡན་དམ་པ་ཐམས་ཅད་ཀྱིས་ཀྱང་ཁྱོད་རྣམས་ལ་འཚམས་འདྲི༌ཞུའོ།། ལྷག་པར་སེ་བཟིར་གྱི་ཕོ་བྲང་ནང་དུ་ཡོད་པ་རྣམས་ཀྱིས་ཀྱང་ཆེད་དུ་ཁྱོད་ཅག་ལ་འཚམས་འདྲི༌ཞུའོ།། 23གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ནམ་ཡང་ཁྱོད་ཅག་གི་སེམས་སུ་གནས་པར༌སྨོན།།།།

ཀོ་ལོ་ས་པ 1

འཕྲིན་ཡིག་བསྐུར༌ཡུལ།

1དེ་ཡང་ཕོལ་ལོལ་བདག་ནི་དཀོན་མཆོག་གི་ཐུགས་དགོངས་བཞིན་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་པ་ཞིག་ཡིན་ནོ།། བདག་དང་བདག་ཅག་གི་སྤུན་ཟླ་ཐི་མོ་ཐེ་གཉིས༌ཀྱིས། 2ཀོ་ལོ་སཱ་རུ་གནས་པ་དང་སྐྱབས་མགོན་མཱ་ཤི་ཀའི་ནང་གི་བློ་སེམས་དཀར་བའི་སྤུན་ཟླ་དམ་པ་རྣམས་ལ་འཕྲིན་ཡིག་སྤྲིངས་པ༌འདི་ལྟ་སྟེ། བདག་ཅག་གི་ཡབ་དཀོན་མཆོག་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།

དཀོན་མཆོག་ལ་བཀའ་དྲིན་ཞུ༌བ།

3ངེད་ཅག་གིས་ཁྱོད་རྣམས་ཀྱི་ཆེད་དུ་གསོལ་བ་འདེབས་པའི་དུས་སུ། རྟག་ཏུ་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་བཀའ་དྲིན་ཞུས༌པའོ།། 4རྒྱུ་མཚན་ནི་ཁྱོད་རྣམས་མཱ་ཤི་ཀ་ཡེ་ཤུར་དད་པ་ཡོད་པ༌དང༌། དད་ལྡན་དམ་པ་ཐམས་ཅད་ལ་བརྩེ་སེམས་ཡོད་པའང་ངེད་ཅག་གིས་ཐོས་པའི་ཕྱིར༌རོ།། 5འདི་ནི་ནམ་མཁའི་ཞིང་ཁམས་སུ་ཁྱོད་ཅག་གི་ཆེད་དུ་བཞག་ཡོད་པའི་རེ་འདུན་དེའི་ཕྱིར་ཡིན༌ལ། རེ་འདུན་དེ་ནི་སྔར་ཁྱོད་རྣམས་ཀྱིས་འཕྲིན་བཟང་སྟེ་བདེན་པའི་བཀའ་ལས་ཐོས་པ་དེ་ཡིན། 6འཕྲིན་བཟང་དེ་ནི་ཁྱོད་ཅག་གི་གནས་སུ་ཁྱབ་ཅིང་ཁྱོད་རྣམས་ཀྱིས་ཀྱང་ཐོས༌ཏེ། དངོས་གནས་དཀོན་མཆོག་གི་ཐུགས་རྗེ་དེ་ཉིད་རྟོགས་པའི་ཉིན་མོ་ནས༌བཟུང༌། ཁྱོད་རྣམས་ཀྱི་ཁྲོད་དུ་འཕྲིན་བཟང་གི་འབྲས་བུ་མང་དུ་སྨིན་པ༌ལྟར། འཕྲིན་བཟང་དེ་ཉིད་འཇིག་རྟེན་ཀུན་ལ་བསྒྲགས་ཤིང་དེའི་འབྲས་བུའང་སྨིན་བཞིན་འདུག 7ཁྱོད་རྣམས་ཀྱིས་འཕྲིན་བཟང་དེ་ནི་ངེད་ཅག་གི་སྙིང་ནས་བརྩེ་བའི་ཞབས་ཏོག་པ་ཨེ་པབ་རཱའི་ངག་ལས་བསླབས༌ཤིང༌། ཁོ་རང་ནི་ངེད་ཅག་གི་ཕྱིར་དུ་སྐྱབས་མགོན་མཱ་ཤི་ཀར་བློ་སེམས་དཀར་བའི་ཞབས་ཕྱི་པ་ཞིག་ཡིན༌ལ། 8ཁོས་དམ་པའི་ཐུགས་ཉིད་ལས་བྱུང་བའི་ཁྱོད་ཅག་གི་བྱམས་པ་དེ་ངེད་ཅག་ལ་སྨྲས༌སོ།། 9དེའི༌ཕྱིར། ངེད་རྣམས་ཀྱིས་གོང་གི་དོན་དེ་ཐོས་པའི་ཉིན་མོ་ནས༌བཟུང༌། རྟག་ཏུ་ཁྱོད་རྣམས་ཀྱི་དོན་དུ་འདི་ལྟར་གསོལ་བ་བཏབ་པ༌སྟེ། ཁྱོད་རྣམས་ཀྱིས་ཐུགས་ཉིད་ཀྱི་ཤེས་རབ་དང་ཤེས་རྟོགས་ཐམས་ཅད་ལ་བརྟེན༌ནས། དཀོན་མཆོག་གི་ཐུགས་དགོངས་གསལ་པོར་རྟོགས་པར༌སྨོན། 10དེ་ནི་ཁྱོད་རྣམས་ཀྱི་སྤྱོད་ལམ་ནི་གཙོ་བོ་དང་མཐུན་འོས་ཤིང༌། དོན་ཀུན་ནས་ཁོང་གི་ཐུགས་དགྱེས་པར་བྱེད་པ༌དང༌། ལས་བཟང་པོ་ཐམས་ཅད་ནས་འབྲས་བུ་བསྐྱེད་ཅིང་རིམ་བཞིན་དཀོན་མཆོག་གི་ངོ་བོ་ལྷག་ཏུ་རྟོགས་པའི་ཕྱིར༌རོ།། 11ཡང་དཀོན་མཆོག་གི་གཟི་བརྗིད་ལྡན་པའི་ནུས་མཐུར་བརྟེན༌ནས། ཁྱོད་རྣམས་དགའ་ཞིང་སྤྲོ་བའི་ངང་དོན་ཀུན་ལ་བཟོད་བསྲན་ཡོད་པའི༌ཕྱིར། ཁྱོད་ཅག་གི་སེམས་སུ་ནུས་མཐུ་སྣ་ཚོགས་སྔར་ལས་རྒྱས་པར༌སྨོན། 12ཡང་ཡབ་ཀྱིས་བདག་ཅག་ལ་འོད་ཟེར་གྱི་ཁྲོད་ནས་དད་ལྡན་དམ་པ་རྣམས་དང་ལྷན་དུ་བགོ་སྐལ་ཐོབ་ཐུབ་པར་མཛད༌པས། དཀོན་མཆོག་ལ་བཀའ་དྲིན་ཞུ་བ་ཡིན་ནོ།། 13དཀོན་མཆོག་གིས་བདག་ཅག་མུན་པའི་དབང་ལས་ཐར་བར་མཛད༌དེ། ཁོང་གི་གཅེས་པའི་སྲས་ཀྱི་རྒྱལ་སྲིད་དུ་བསྐྱལ་བར་མཛད༌ཅིང༌། 14ཁོང་ཉིད་ཀྱི་གཅེས་པའི་སྲས་དེའི་ནང་དུ་བདག་ཅག་བླུས་ཤིང་སྡིག་པ་བསལ་བའོ།།

བླ་ན་མེད་པའི་ཡེ་ཤུ་མཱ་ཤི་ཀའི༌སྐོར།

15གཅེས་པའི་སྲས་ནི་མིག་གིས་མཐོང་མི་ནུས་པའི་དཀོན་མཆོག་གི་སྣང་བརྙན་ཡིན༌ལ། འཇིག་རྟེན་དུ་བཀོད་པའི་དངོས་པོ་ཐམས་ཅད་ཀྱི་སྔོན་ལ་འཁྲུངས་ཡོད་པའོ།། 16རྒྱུ་མཚན་ནི་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ཁོང་ལ་བརྟེན་ནས་བཀོད་པ་ཡིན༌ཏེ། གནམ་ས་གང་ཁྱབ༌དང༌། མིག་གིས་མཐོང་ཐུབ༌མིན། རྒྱལ་ཁྲི་ཐོབ་མཁན། དབང་བསྒྱུར༌མཁན། སྲིད་འཛིན༌མཁན། དབང་འཛིན་མཁན་བཅས་ཐམས་ཅད་ཁོང་ཉིད་བརྒྱུད་ནས་བཟོས་ཤིང་ཁོང་གི་ཆེད་དུ་བཀོད་པ་ལགས་སོ།། 17ཁོང་ཉིད་ནི་དངོས་པོ་ཐམས་ཅད་མ་བཀོད་པའི་སྔོན་ལ་བཞུགས༌ཤིང༌། དངོས་པོ་ཐམས་ཅད་ཀྱང་ཁོང་ལ་བརྟེན་ནས་གནས༌པ་ཡིན། 18ཡང་ཁོང་ནི་རང་ཉིད་ཀྱི་སྐུ་ལུས་ཡིན་པའི་ཆོས་ཚོགས་ཀྱི་དབུ་དང་། ཡང་ཁོང་ནི་ཐོག་མ་ཉིད་དང་། གཤིན་པོའི་ཁྲོད་ནས་སྔོན་དུ་འཁྲུངས་པ་ཡིན་ནོ༎ དེ་ནི་ཁོང་ཉིད་རྣམ་པ་ཀུན་ཏུ་མཆོག་གྱུར་ལགས་པའི་ཕྱིར་རོ།། 19ཅིའི་ཕྱིར་ཞེ་ན། ཡབ་ཐུགས་དགྱེས་པ་ནི་འདི་ལྟ༌སྟེ། ཁོང་གིས་ཕུན་སུམ་ཚོགས་པ་ཐམས་ཅད་སྐྱབས་མགོན་ཡེ་ཤུའི་ཐུགས་རྒྱུད་དུ་གནས་པར་མཛད་པ༌དང༌། 20སྐྱབས་མགོན་ཡེ་ཤུའི་སྐུ་ཁྲག་ཤིང་རྒྱ་གྲམ་གྱི་སྟེང་དུ་བཞུར་བ་ལ་བརྟེན་ནས་ཞི་བདེ་བསྐྲུན༌ཏེ། སྐྱབས་མགོན་ཡེ་ཤུ་བརྒྱུད་ནས་གནམ་ས་གང་ཁྱབ་ཏུ་ཡོད་པ་མཐའ་དག་ཁོང་དང་འདུམ་པར་མཛད་པའི་ཕྱིར༌རོ།། 21དེ་སྔར་ཁྱོད་ཅག་ནི་དཀོན་མཆོག་དང་གཏན་དུ་བྲལ་ཞིང༌། ལས་ངན་པ་བྱས་ཏེ་སེམས་གཏིང་ནས་ཁོང་ཉིད་དགྲ་རུ་བཟུང༌མོད། 22འོན་ཀྱང༌། ད་ལྟ་སྐྱབས་མགོན་ཡེ་ཤུའི་ཤ་ཁྲག་གི་སྐུ་ལུས་དང་ཁོང་ཉིད་སྐུ་གྲོངས་པ་བརྒྱུད་ནས། དཀོན་མཆོག་གིས་ཁྱོད་རྣམས་ཁོང་དང་བསྡུམས༌པའོ།། དེ་ནི་ཁྱོད་རྣམས་དམ་པ༌དང༌། སྐྱོན་གྱི་དྲི་མས་མ་གོས༌པ། སྐྱོན་བརྗོད་རྒྱུ་ཅི་ཡང་མེད་པར་ཁོང་གི་དྲུང་དུ་འདྲེན་པར་འགྱུར་བའི་ཕྱིར༌ཡིན། 23གལ་ཏེ། ཁྱོད་རྣམས་ཀྱིས་དད་པ་ལ་སྙིང་རུས་བསྐྱེད་པ་དང་རྩ་བ་སྲ་ཞིང་བརྟན་པ༌དང༌། ཐེ་ཚོམ་མེད་པར་བརྟན་ཅིང་བརླིང་བ༌སྟེ། སྔར་ཐོས་མྱོང་བའི་འཕྲིན་བཟང་ལ་བཅངས་པའི་རེ་བ་དང་ཁ་འབྲལ་བར་མ་གྱུར༌ན། ཁྱོད་རྣམས་ཁོང་གི་དྲུང་དུ་འདྲེན་པར་འགྱུར་རོ།། འཕྲིན་བཟང་འདི་ནི་གནམ་འོག་གི་མི་ཐམས་ཅད་ལའང་བསྒྲགས་པར་མ༌ཟད། ཕོལ་ལོལ་ང་རང་ཡང་འཕྲིན་བཟང་འདིའི་ཞབས་ཕྱི་པར་བསྐོས་པ་ཡིན༌ནོ།།

ཕོལ་ལོལ་གྱིས་ཆོས་ཚོགས་ཀྱི་དོན་དུ་དཀའ་སྡུག་མྱོང༌བ།

24ད་ལྟ་བདག་གིས་ཁྱོད་རྣམས་ཀྱི་ཆེད་དུ་དཀའ་སྡུག་མྱངས་ནའང་དགའ་སྣང་སྐྱེ་ཞིང༌། སྐྱབས་མགོན་མཱ་ཤི་ཀའི་སྐུ་ལུས་ཡིན་པའི་ཆོས་ཚོགས་ཀྱི་ཆེད༌དུ། ཁོང་གི་དཀའ་སྡུག་མི་འདང་བ་དེ་བདག་གི་ཤ་ཁྲག་གི་ཕུང་བོའི་སྟེང་ནས་རྫོགས་པར་བྱེད་དོ།། 25དཀོན་མཆོག་གི་བཀའ་ཡོངས་སུ་བསྒྲག་པའི༌ཕྱིར། དཀོན་མཆོག་གིས་ཁྱོད་རྣམས་ཀྱི་ཆེད་དུ་བདག་ལ་གནང་བའི་ལས་འགན་བཞིན་ང་རང་ནི་ཆོས་ཚོགས་ཀྱི་ཞབས་ཕྱི་པར་བསྐོས༌པ་ཡིན། 26བཀའ་དེ་ནི་བསྐལ་པ་ནས་བསྐལ་པ་དང༌། མི་རབས་ནས་མི་རབས་བར་དུ་སྦས་པའི་གསང་བ་ཡིན༌ཡང༌། ད་ལྟ་ཁོང་གི་དད་ལྡན་དམ་པ་རྣམས་ལ་མངོན་པར་མཛད། 27དཀོན་མཆོག་གིས་གསང་བ་དེ་ནི་ཕྱི་ཕྱོགས་པ་རྣམས་ཀྱི་ཁྲོད་དུ་ཅི་འདྲའི་ཕུན་སུམ་ཚོགས་པའི་གཟི་བརྗིད་ཅིག་ཡིན་པ་དད་ལྡན་དམ་པ་རྣམས་ལ་ཤེས་སུ་འཇུག་པར་དགོངས་པ༌དང༌། གསང་བ་དེ་ནི་སྐྱབས་མགོན་མཱ་ཤི་ཀ་ཁོང་ཉིད་ཁྱོད་རྣམས་ཀྱི་ནང་དུ་བཞུགས༌ཤིང༌། གཟི་བརྗིད་དང་ལྡན་པར་འགྱུར་བའི་རེ་བའང་ཡིན་ནོ།། 28སྐྱབས་མགོན་མཱ་ཤི་ཀའི་ནང་དུ་མི་རེ་རེ་ཕུལ་དུ་བྱུང་བ་ཡིན་པ་དཀོན་མཆོག་གི་དྲུང་དུ་འདྲེན་པའི༌ཕྱིར། ངེད་རྣམས་ཀྱིས་ཤེས་རབ་སྣ་ཚོགས་སྤྱད་ནས་མི་རེ་རེ་ལ་སྐུལ་སློང་དང་སློབ་སྟོན་གནང་སྟེ་སྐྱབས་མགོན་མཱ་ཤི་ཀ་སྒྲོག༌པ་དང་། 29དོན་འདིའི་ཆེད་དུ་བདག་གིས་ཀྱང་ངལ་དུབ་མྱོང་ཞིང་རང་གི་སེམས་སུ་བཞུགས་པའི་སྐྱབས་མགོན་ཡེ་ཤུའི་ནུས་མཐུ་ཆེན་པོར་བརྟེན་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་བརྩོན་པའོ།།

ཀོ་ལོ་ས་པ 2

ཕོལ་ལོལ་གྱིས་ཆོས་ཚོགས་ཀྱི་དོན་དུ་ཐུགས་ཁུར་གནང༌བ།

1བདག་གིས་ཁྱོད་རྣམས་ལ་ཤེས་སུ་འཇུག་འདོད་པ་ནི། ཁྱོད་ཅག་དང་ལའོ་དི་ཀེ་ཡཱ་རུ་གནས་པའི་མི་རྣམས༌དང༌། བདག་དང་དངོས་སུ་ངོ་འཕྲད་མ་མྱོང་བ་རྣམས་ཀྱི་དོན༌དུ། བདག་གིས་ཅི་ལྟར་སྟོབས་ཤུགས་འདོན་པ༌དེ་ཡིན། 2ཅིའི་ཕྱིར་ཞེ་ན། མི་དེ་རྣམས་ལ་སེམས་གསོ་ཐོབ༌ཅིང༌། བྱམས་པའི་དབང་གིས་ཕན་ཚུན་ལ་འབྲེལ་འདྲིས་བྱས༌ཏེ། ཤེས་རྟོགས་ཕུན་སུམ་ཚོགས་པའི་ཁྲོད་ནས་དད་སེམས་བརྟན་པོས་དཀོན་མཆོག་གི་གསང་བ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་པ་ཤེས་ཐུབ་པར་འགྱུར་བའི་ཕྱིར༌རོ།། 3ཤེས་རབ་དང་ཤེས་བྱའི་གཏེར་ཁ་ཐམས་ཅད་ནི་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་སྦས་ཡོད། 4བདག་གིས་འདི་ལྟར་སྨྲ་བ་ནི་མི་གཞན་གྱིས་ཁ་ཡག་ཚིག་གིས་ཁྱོད་རྣམས་འཁྲུལ་དུ་མི་འཇུག་པའི་ཕྱིར༌ཡིན། 5བདག་གི་ལུས་པོ་ནི་ཁྱོད་ཅག་དང་ཁ་བྲལ༌ནའང༌། སེམས་ནི་ཁྱོད་ཅག་དང་མཉམ་དུ་གནས། ཁྱོད་རྣམས་ནི་བག་ཡོད་ཚུལ་དང་ལྡན༌ཞིང༌། སྐྱབས་མགོན་མཱ་ཤི་ཀ་ལ་དད་པའི་སེམས་ཀྱང་བརྟན་པོ་ཡིན་པ་ཤེས་པས་བདག་ནི་དགའ་ཞིང་སྤྲོ་བར་གྱུར༌ཏོ།།

དད་ལྡན་རྣམས་ཀྱི་མི་ཚེ་གསར་པའི༌སྐོར།

6དེའི༌ཕྱིར། ཁྱོད་རྣམས་ཀྱིས་གཙོ་བོ་མཱ་ཤི་ཀ་ཡེ་ཤུ་དང་དུ་བླངས༌པས། ཁོང་ལ་བསྟུན་ནས་སྤྱད་པ་སྤྱོད་དགོས༌ཤིང༌། 7ཁྱོད་ཅག་ལ་ཐོབ་པའི་བསླབ་བྱ་ལྟར། ཁྱོད་ཅག་ནི་ཁོང་གི་ནང་དུ་རྩ་བ་ཟབ་ཅིང་ཇེ་བརྟན་དུ་ཡོང་བ་དང༌། དད་སེམས་བརྟན་ཅིང་བརླིང༌བ། དྲིན་ཚོར་བའི་སེམས་ཀྱང་ལྷག་པར་འཕེལ་དགོས་སོ།། 8སུ་ཞིག་གིས་མཚན་ཉིད་རིག་པ་དང་རྫུན་གཏམ་སྟོང་བར་བརྟེན་ནས་སྐྱབས་མགོན་མཱ་ཤི་ཀ་དང་མི་མཐུན༌པར། མིའི་རིགས་ཀྱི་སྲོལ་རྒྱུན་དང་འཇིག་རྟེན་གྱི་ཤེས་ཡོན་ཕྲན་བུ་དག་ལ་བརྟེན༌ན། ཁྱོད་རྣམས་བསླུ་ཉེན་ཆེ་བས་གཟབ་པར༌གྱིས། 9ཅིའི་ཕྱིར་ཞེ་ན། དཀོན་མཆོག་གི་རང་བཞིན་ཕུན་སུམ་ཚོགས་པ་ཐམས་ཅད་ནི་གཟུགས་དང་ལྡན་པར་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་བཞུགས་ཡོད་པ་དང་། 10སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ཁྱོད་རྣམས་ཀྱང་ཕུན་སུམ་ཚོགས་པར་མཛད་ཡོད་ཅིང༌། ཁོང་ནི་འཇིག་རྟེན་གྱི་སྲིད་འཛིན་མཁན་དང་དབང་འཛིན་མཁན་ཐམས་ཅད་ཀྱི་དབུ་ལགས་སོ།། 11ཡང་ཁྱོད་ཅག་ནི་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་མཚན་སྐྱི་གཅོད་པར་ཞུགས༌ཤིང༌། དེ་ནི་མི་ཡིས་ལག་པས་བྱས་པ་མ་ཡིན་པར། སྐྱབས་མགོན་མཱ་ཤི་ཀས་མཚན་སྐྱི་བཅད་པ་ཡིན་ཏེ། ཁྱོད་རྣམས་ལ་ཤ་གཟུགས་ཀྱི་འདོད་ཆགས་འདོར་དུ་བཅུག་པའོ།། 12དེ་སྔར་ཁྱོད་རྣམས་ཁྲུས་གསོལ་ལ་ཞུགས་ནས་ཁོང་དང་མཉམ་དུ་དུར་ལ་སྦས་ཤིང་ཁོང་ཉིད་གྲོངས་པ་ནས་སླར་གསོན་པར་མཛད་མཁན་དཀོན་མཆོག་གི་མཐུ་སྟོབས་ལ་ཡིད་ཆེས༌བྱས་པས། ཁྱོད་རྣམས་ཀྱང་སྐྱབས་མགོན་མཱ་ཤི་ཀ་དང་ལྷན་དུ་སླར་གསོན་པ་ཡིན་ནོ།། 13དེ་སྔར་ཁྱོད་རྣམས་ནི་སྡིག་པ་དང་མཚན་སྐྱི་མ་བཅད་པའི་ཤ་གཟུགས་ཀྱི་ཕུང་བོའི་ཁྲོད་དུ་ཤི་བའི་དུས་སུ། དཀོན་མཆོག་གིས་ཁྱོད་ཅག་གི་སྡིག་པ་ཐམས་ཅད་བསལ་ནས། ཁྱོད་ཅག་ནི་སྐྱབས་མགོན་མཱ་ཤི་ཀ་དང་ལྷན་དུ་སླར་གསོན༌པར་མཛད་པ་ཡིན་ནོ།། 14ཡང་ཁྲིམས་ཡིག་ནང་དུ་བྲིས་པའི་བདག་ཅག་ལ་སྐྱོན་བརྗོད་པ་དང་བདག་ཅག་ལ་གནོད་པའི་དཔང་ཡིག་རྣམས་བླངས༌ཏེ། ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ནས་མེད་པར་མཛད། 15ཁོང་གིས་འཇིག་རྟེན་གྱི་སྲིད་འཛིན་མཁན་དང་དབང་འཛིན་མཁན་རྣམས་ལ་དབང་བསྒྱུར་བའི་དུས༌སུ། ཤིང་རྒྱ་གྲམ་གྱི་མཐུ་ལ་བརྟེན༌ནས་དེ་དག་ལས་རྣམ་པར་རྒྱལ་བའི་དོན་ནི་མི་ཀུན་ལ་མངོན་པར་མཛད༌དོ།། 16དེའི༌ཕྱིར། བཟའ་བཏུང༌དང༌། དུས༌ཆེན། གནམ༌གང༌། ངལ་གསོ་བའི་ཉིན་མོ་བཅས་གང་ཐད༌ནས། མི་གཞན་སུས་ཀྱང་ཁྱོད་ཅག་ལ་ཁ་ཚོན་གཅོད་མི་རུང་ངོ༌།། 17དེ་དག་ནི་མ་འོངས་འབྱུང་འགྱུར་གྱི་དོན་རྣམས་ཀྱི་གྲིབ་གཟུགས་ཡིན༌ཡང༌། དོན་དམ་དུ་གཟུགས་པོ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན། 18མི་སུ་ཞིག་ལའང་བསམ་བཞིན་ཁེངས་སྐྱུང་གི་ཟོལ་ལ་བརྟེན་པ་དང་ཕོ་ཉར་བསྙེན་བཀུར་བྱེད་པ་བརྒྱུད༌ནས། ཁྱོད་ཅག་གི་བྱ་དགའ་འཕྲོག་ཏུ་འཇུག་མི་རུང༌། མི་དེ་རྣམས་ཀྱིས་མཐོང་སྣང་ཙམ་ལ་བརྟེན་ནས། རང་མོས་གང་འདོད་ཀྱིས་དོན་མེད་ཀྱི་ང་རྒྱལ་ཆེ་རུ་འཛིན༌པ་ལས། 19དབུ་དེ་ཉིད་ལ་མི་བརྟེན༌པ་རེད། དོན་དམ་དུ་སྐུ་ལུས་ཡོངས་ཀྱིས་ཁོང་ལ་བརྟེན༌ནས། རྒྱུས་པ་དང་རུས་ཚིགས་དག་གིས་འབྲེལ་མཐུད་སྒྲིག་སྦྱོར་བྱེད༌ཅིང༌། དཀོན་མཆོག་ལ་བརྟེན་ནས་རིམ་བཞིན་ཇེ་ཆེར་འགྱུར་བའོ།། 20ཁྱོད་ཅག་ནི་སྐྱབས་མགོན་མཱ་ཤི་ཀ་དང་ལྷན་དུ་གྲོངས་ཟིན་ཅིང༌། འཇིག་རྟེན་གྱི་ཤེས་ཡོན་ཕྲན་བུ་དག་ལའང་ཁ་བྲལ་བས་ན། ད་དུང་འཇིག་རྟེན་དུ་འཚོ་བ་དང་མཚུངས༌པར། 21འཁྱེར་མི་རུང་བ༌དང༌། བཟའ་མི་རུང༌བ། རེག་མི་རུང་བ་སོགས་ཀྱི་སྲུང་བྱ་དང་བསྟུན་པའི་རྒྱུ་མཚན་ཅི། 22སྲུང་བྱ་དེ་དག་ནི་མི་ཡིས་བཀའ་བསྒོས་པ་དང་སློབ་སྟོན་བྱས་པ་ལྟར་ཡིན༌ལ། དངོས་པོ་དེ་དག་ཀྱང་བཀོལ་སྤྱོད་བྱེད་བཞིན་པའི་སྐབས་སུ་ཐམས་ཅད་འཇིག་པར་འགྱུར་རོ།། 23སྲུང་བྱ་དེ་དག་གིས་མི་རྣམས་ལ་ཤེས་རབ་ལྡན་པའི་མིང་ཙམ༌དང༌། རང་འདོད་ཀྱིས་བསྙེན་བཀུར་བྱེད༌པ། ཁེངས་སྐྱུང་གི་ཟོལ་མངོན་པ། ལུས་ལ་དཀའ་ཐུབ་སྤྱོད་པ་བཅས་བྱེད་དུ་འཇུག༌པ་ཡིན། དོན་དམ་དུ་ཤ་གཟུགས་ཀྱི་འདོད་ཆགས་སྣ་ཚོགས་འགོག་པའི་ཐད་ལ་སྲུང་བྱ་དེ་དག་གིས་ཕན་ཅི་ཡང་མི་ཐོགས༌སོ།།

ཀོ་ལོ་ས་པ 3

དད་ལྡན་རྣམས་ཇི་ལྟར་འཚོ་བའི་ཚད་གཞི།

1དེའི་ཕྱིར་ཁྱོད་རྣམས་དངོས་གནས་སྐྱབས་མགོན་མཱ་ཤི་ཀ་དང་ལྷན་དུ་སླར་གསོན་པ་ཡིན༌ན། ནམ་མཁའི་ཞིང་ཁམས་ཀྱི་དོན་རྣམས་ལ་མུ་མཐུད་དུ་བརྩོན་པར༌གྱིས། སྐྱབས་མགོན་མཱ་ཤི་ཀ་ནི་གནས་དེ་རུ་དཀོན་མཆོག་གི་གཡས་ཕྱོགས་སུ་བཞུགས༌སོ།། 2ཁྱོད་ཅག་གིས་འཇིག་རྟེན་གྱི་དོན་རྣམས་ལ་བསམ་བློ་མི་གཏོང༌བར། ནམ་མཁའི་ཞིང་ཁམས་ཀྱི་དོན་རྣམས་ལ་བསམ་བློ་གཏོང་དགོས། 3རྒྱུ་མཚན་ནི་ཁྱོད་རྣམས་ཤི་ཟིན་པ་དང་རང་གི་ཚེ་སྲོག་སྐྱབས་མགོན་མཱ་ཤི་ཀ་དང་ལྷན་དུ་དཀོན་མཆོག་གི་ནང་དུ་སྦས་ཡོད་པས༌སོ།། 4སྐྱབས་མགོན་མཱ་ཤི་ཀ་ནི་བདག་ཅག་གི་ཚེ་སྲོག་ཡིན༌ལ། ཁོང་ཉིད་ཕྱིར་མངོན་པའི་དུས༌སུ། ཁྱོད་རྣམས་ཀྱང་ཁོང་དང་ལྷན་ཅིག་གཟི་བརྗིད་ནང་དུ་མངོན་པར་འགྱུར༌རོ།། 5དེའི༌ཕྱིར། ཁྱོད་རྣམས་ཀྱི་འཇིག་རྟེན་ཏུ་གཏོགས་པའི་ཡན་ལག་སྟེ། ལོག་གཡེམ༌དང༌། མི་ཚངས༌སྤྱོད། འདོད༌ཆགས། འདོད་ངན། བརྣབ་སེམས་སོགས་རྩ་བ་ནས་དོར༌ཅིག བརྣབ་སེམས་ནི་སྐུ་འདྲར་བརྟེན་པ་དང་མཚུངས་པའོ།། 6དོན་དེ་དག་གི་དབང༌གིས། དཀོན་མཆོག་གི་བཀའ་ལ་མི་ཉན་པ་རྣམས་ལ་ཁོང་ཉིད་ཀྱི་ཐུགས་ཁྲོ་འཕོག་པར་འགྱུར༌ངེས་ཡིན། 7དེ་སྔར་ཁྱོད་རྣམས་ཀྱང་དོན་དེ་དག་གི་ནང་དུ་འཚོ་བའི་སྐབས་སུ་དེ་ལྟར་བྱས་མྱོང༌མོད། 8འོན་ཀྱང་ད་ལྟ་ཁྱོད་རྣམས་ཀྱིས་དོན་དེ་ཐམས་ཅད༌དང༌། གཞན་ཡང༌། ཞེ་སྡང༌དང༌། ཁོང༌ཁྲོ། གདུག༌རྩུབ། འཕྱ༌སྨོད། ངག་ནས་ཚིག་ངན་སྨྲ་བ་བཅས་རིང་དུ་དོར༌ཅིག 9ཕན་ཚུན་ལ་རྫུན་སྨྲ་བར་མི༌བྱའོ།། རྒྱུ་མཚན་ནི་ཁྱོད་རྣམས་ཀྱིས་སྔར་གྱི་གཤིས་ཀ་རྙིང་བ་དང་དེའི་སྤྱོད་ངན་དོར་ཟིན་པས། 10གཤིས་ཀ་གསར་པ་ནི་གྱོན་དགོས་ཤིང་། དེ་ནི་རང་ཉིད་སྐྲུན་མཁན་གྱི་སྣང་བརྙན་ལྟར། ཤེས་བྱའི་ཐད་ནས་རིམ་བཞིན་བསྐྱར་གསོ་མཛད་པ་ཡིན། 11དོན་དེའི་ཐད་ནས་གྷི་རིག་པ་དང་ཡ་ཧུ་དཱ༌པ། མཚན་སྐྱི་བཅད་པའམ་མ་བཅད༌པ། མཐའ་འཁོབ་པ། སི་ཁེའུ་ཐེ་ཟི་པ། གཡོག་པོ། རང་དབང་ཅན་བཅས་ལ་ཁྱད་པར་ཅི་ཡང་མེད༌ཅིང༌། སྐྱབས་མགོན་མཱ་ཤི་ཀ་ནི་ཐམས་ཅད་ཀྱི་སྙིང་པོ་དང་ཐམས་ཅད་ཀྱི་ནང་དུ་བཞུགས་སོ།། 12དེའི༌ཕྱིར། ཁྱོད་རྣམས་ནི་དཀོན་མཆོག་གིས་བདམས་པའི་མི༌སྟེ། དམ་པ་དང་གཅེས་པར་འཛིན་པ་རྣམས་ཡིན་པས། སྙིང་རྗེ༌དང༌། བྱམས༌བརྩེ། ཁེངས༌སྐྱུང༌། ཞི༌དུལ། བཟོད་པ་བཅས་ཀྱི་སེམས་པ་གྱོན་དགོས༌ཤིང༌། 13ཁྱོད་རྣམས་ལས་སུ་དང་སུ་ཞིག་གི་བར་དུ་འགལ་བ་ཡོད༌ན། གང་ལྟར་ཡང་ཕན་ཚུན་ལ་བཟོད་པ་དང་གུ་ཡངས་བྱེད་དགོས༌ཏེ། གཙོ་བོས་ཇི་ལྟར་ཁྱོད་རྣམས་ལ་དགོངས་དག་གནང་བ༌བཞིན། ཁྱོད་རྣམས་ཀྱིས་ཀྱང་དེ་ལྟར་མི་གཞན་ལ་གུ་ཡངས་གཏོང་དགོས། 14དོན་དེ་ཐམས་ཅད་ལས༌གཞན། ཁྱོད་རྣམས་ཀྱིས་བྱམས་པ་གྱོན་དགོས༌ཏེ། བྱམས་པ་ནི་ཕན་ཚུན་མཐུན་པོ་ཡོང་བར་ཕུལ་དུ་བྱུང་བའི་སྦྲེལ་ཐག་ཡིན་ནོ།། 15ཡང་ཁྱོད་རྣམས་ཀྱིས་སྐྱབས་མགོན་མཱ་ཤི་ཀའི་ཞི་བདེ་ནི་ཁྱོད་ཅག་གི་སེམས་ནང་དུ་དབང་སྒྱུར་མཁན་དུ་བྱ་དགོས། ཁྱོད་རྣམས་ཀྱང་དོན་དེའི་ཆེད་དུ་སྐུ་ལུས་གཅིག་གི་ནང་དུ་ཞལ་འབོད་གནང༌བ་ཡིན་ལ། ཁྱོད་ཅག་ལ་དྲིན་གཟོ་བའི་སེམས་དགོས་སོ།། 16ཡང་ཁྱོད་རྣམས་ཀྱིས་སྐྱབས་མགོན་མཱ་ཤི་ཀའི་བཀའ་ནི་ཁྱོད་ཅག་གི་སེམས་ནང་དུ་གཏམས་པར་བཅུག༌སྟེ། ཤེས་རབ་སྣ་ཚོགས་ལ་བརྟེན་ནས་གསུང་མགུར༌དང༌། བསྟོད༌དབྱངས། མགུར་གླུ་བཅས་ཀྱི་ཚིག་དོན་བཀོལ་ནས་ཕན་ཚུན་ལ་སློབ་སྟོན་དང་སྐུལ་མ་གནང་བ་དང༌། བཀའ་དྲིན་དྲན་བཞིན་སེམས་གཏིང་ནས་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་འོས་པ་ཡིན། 17གཞན༌ཡང༌། གཏམ་སྨྲ་བའམ་དོན་གང་ཞིག་སྒྲུབ་ཀྱང་གཙོ་བོ་ཡེ་ཤུའི་མཚན་ལ་བརྟེན་ནས་བསྒྲུབ་དགོས་པ༌དང༌། ཁོང་ཉིད་བརྒྱུད་ནས་ཡབ་དཀོན་མཆོག་ལ་བཀའ་དྲིན་ཞུ་དགོས༌སོ།།

དད་ལྡན་པའི་ཁྱིམ་ཚང་གི་འགྲིག༌ལམ་སྐོར།

18ཁྱོད་ཅག་ཆུང་མ་རྣམས་ཀྱིས་རང་རང་གི་ཁྱོ་ག་དང་བསྟུན་པར༌གྱིས། འདི་ནི་གཙོ་བོ་ལ་གཏོགས་པའི་མི་རྣམས་ལ་མཚོན་ན་འོས་ཤིང་འཚམ་པ་ཡིན། 19ཁྱོད་ཅག་ཁྱོ་ག་རྣམས་ཀྱིས་རང་རང་གི་ཆུང་མར་བྱམས་ཤིང་གཅེས་དགོས་པ༌ལས། ཁོ་མོ་རྣམས་སྡུག་ལ་སྦྱར་མི་རུང༌ངོ་།། 20ཁྱོད་ཅག་བུ་ཕྲུག་རྣམས་ཀྱིས་སྒོ་ཀུན་ནས་ཕ་མའི་ངག་ལ་མཉན་དགོས༌ཏེ། འདི་ལྟར་བྱས་ན་གཙོ་བོ་ཐུགས་མཉེས་པའི་ཕྱིར༌ཡིན། 21ཁྱོད་ཅག་ཕ་ཡིན་པ་རྣམས་ཀྱིས་རང་གི་བུ་ཕྲུག་ལ་ཁོང་ཁྲོ་སློང་བར་མི་བྱ༌སྟེ། དེ་ལྟར་བྱས་ན་བུ་ཕྲུག་དག་གི་སེམས་ཕམ་པར་འགྱུར༌རོ།། 22ཁྱོད་ཅག་གཡོག་པོ་རྣམས་ཀྱིས་སྒོ་ཀུན་ནས་རང་གི་ལུས་ཕུང་གི་བདག་པོ་དེའི་ངག་ལ་མཉན་དགོས་པ༌དང༌། བདག་པོ་ལ་ངོ་སོ་བྱེད་པ་ལྟར་མིག་མདུན་ཁོ་ནར་ཁ་ལེན་ཚིག་བརྩི་མི་བྱེད༌པར། གཙོ་བོ་ལ་གུས་ཤིང་འཇིགས་པ་བཞིན༌དུ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་བྱ་དགོས། 23ཁྱོད་རྣམས་ཀྱིས་དོན་གང་ཞིག་སྒྲུབ་ཀྱང་ལྷག་བསམ་རྣམ་དག་གིས་བསྒྲུབ་དགོས༌ཤིང༌། དེ་ནི་མི་གཞན་གྱི་ཆེད་དུ་མ་ཡིན་པར་གཙོ་བོའི་ཆེད་དུ་སྒྲུབ་པ་བཞིན་ཡིན་དགོས། 24ཅིའི་ཕྱིར་ཞེ་ན། གཙོ་བོ་ནས་བགོ་སྐལ་གྱི་བྱ་དགའ་ཁྱོད་ཅག་ལ་ཐོབ་ངེས་པ་ཁྱོད་རྣམས་ཀྱིས་ཀྱང་ཤེས་པའི་ཕྱིར༌ཡིན། ཁྱོད་རྣམས་ཀྱིས་བསྙེན་བཀུར་བྱེད་པ་ནི་གཙོ་བོ་མཱ་ཤི་ཀ་ལགས་སོ།། 25ངན་པ་བྱེད་མཁན་ལ་ངན་པ་བྱས་པའི་འབྲས་བུ་འཐོབ་པར་འགྱུར༌ཞིང༌། དཀོན་མཆོག་ལ་ཕྱོགས་རིས་ཅི་ཡང་མེད་དོ།།

ཀོ་ལོ་ས་པ 4

དད་ལྡན་རྣམས་ལ་གདམས༌པ།

1ཁྱོད་ཅག་བདག་པོ་རྣམས་ཀྱིས་རང་རང་གི་གཡོག་པོ་རྣམས་དྲང་གཞག་དང་འདྲ་མཉམ་གྱི་ངང་ནས་སྐྱོང་དགོས། ཅིའི་ཕྱིར་ཞེ་ན། ཁྱོད་ཅག་གིས་རང་རང་ལའང་ནམ་མཁའི་ཞིང་ཁམས་སུ་བདག་པོ་ཞིག་ཡོད་པ་ཤེས་པའི་ཕྱིར༌རོ།། 2ཁྱོད་རྣམས་ཀྱིས་གཟབ་གཟབ་ངང་བཀའ་དྲིན་དྲན་བཞིན་དཀོན་མཆོག་ལ་གསོལ་བ་འདེབས་པར་བརྩོན་པར་གྱིས། 3ངེད་རྣམས་ཀྱི་ཆེད་དུའང་གསོལ་བ་འདེབས་དགོས༌ཤིང༌། སྐྱབས་མགོན་མཱ་ཤི་ཀའི་གསང་བ་དེ་ཉིད་འཆད་པའི༌ཕྱིར། དཀོན་མཆོག་གིས་ངེད་ཅག་ལ་བཀའ་སྒྲོག་པའི་སྒོ་ཕྱེ་བར་གསོལ་བ་འདེབས་པར་གྱིས། དོན་དེའི་ཕྱིར་ང་རང་བཙོན་དུ་སྦྱར༌བའོ།། 4ཡང་བདག་གིས་བརྗོད་དགོས་པ་བཞིན་གསང་བ་འདི་གསལ་པོར་འཆད་ཐུབ་པའི་ཞུ་བ་ཕུལ༌ཞིག 5ཡང་ཁྱོད་རྣམས་ཀྱིས་ཆུ་ཚོད་དམ་འཛིན་དང་བློ་གྲོས་ལྡན་པའི་སྒོ་ནས་ཕྱི་ཕྱོགས་པ་རྣམས་ལ་འབྲེལ་འདྲིས་བྱེད་དགོས། 6ཁྱོད་ཅག་གི་ངག་གི་སྦྱོར་བ་ནི་སྙན་ཞིང་ལན་ཚྭ་བཏབ་པ་ལྟ་བུ་ཡིན་དགོས། དེ་ནས་མི་རེ་རེར་ཇི་ལྟར་ལན་འདེབས་དགོས་པ་ཤེས་པར་འགྱུར༌རོ།།

མཇུག་མཐའི་འཚམས༌ཞུ།

7སྙིང་ནས་བརྩེ་བའི་སྤུན་ཟླ་ཐི་ཀེ་ཀུ་ཡིས་བདག་གི་གནས་ཚུལ་ཐམས་ཅད་ཁྱོད་རྣམས་ལ་སྨྲ་བར་འགྱུར་རོ།། ཁོ་རང་ནི་བློ་སེམས་དཀར་བའི་ཞབས་ཕྱི་པ་ཞིག༌དང༌། བདག་དང་མཉམ་དུ་གཙོ་བོའི་ཞབས་ཏོག་པ་ཞིག་ཀྱང་ཡིན། 8ཁྱོད་རྣམས་ལ་ངེད་ཅག་གི་གནས་ཚུལ་ཤེས་སུ་འཇུག་པ་དང༌། ཁོས་ཁྱོད་ཅག་ལ་སེམས་གསོ་བྱེད་པའི༌ཕྱིར། བདག་གིས་ཁོ་རང་ཁྱོད་རྣམས་ཀྱི་གམ་དུ་ཆེད་མངགས་བྱས་པ་ཡིན། 9ཡང་སྙིང་ནས་བརྩེ་ཞིང་བློ་སེམས་དཀར་བའི་སྤུན་ཟླ་ཨོ་ནེ་སི་མུ་ཡང་ཐི་ཀེ་ཀུ་དང་མཉམ་དུ་མངགས༌ཤིང༌། ཁོ་རང་ཡང་ཁྱོད་ཅག་གི་ཡུལ་དེ་གའི་མི་ཡིན༌ཞིང༌། ཁོ་གཉིས་ཀྱིས་ཡུལ་འདི་གའི་གནས་ཚུལ་ཐམས་ཅད་ཁྱོད་རྣམས་ལ་སྨྲ་བར་འགྱུར༌རོ།། 10བདག་དང་མཉམ་དུ་ཡོད་པའི་བཙོན་གྲོགས་ཨ་རི་སྟར་ཀུ་དང༌། པཱར་ན་པཱའི་ཚ་བོ་མཱར་ཀུ་གཉིས་ཀྱིས་ཀྱང་ཁྱོད་རྣམས་ལ་འཚམས་འདྲི༌ཞུའོ།། མཱར་ཀུ་ཞེས་བྱ་བ་གླེང༌ན། འདིའི་སྐོར་གྱི་བཀའ་ནི་སྔར་ནས་ཁྱོད་ཅག་ལ་ཐོབ༌ཅིང༌། མཱར་ཀུ་ཁོ་རང་ཁྱོད་ཅག་གི་ཡུལ་དེར་སླེབས༌ན། ཁྱོད་ཅག་གིས་ཁོ་རང་ལ་བསུ་བ་བྱེད་དགོས། 11མིང་གཞན་ལ་ཡུས་ཐོ་ཟེར་བའི་ཡེ་ཤུ་ཡིས་ཀྱང་ཁྱོད་ཅག་ལ་འཚམས་འདྲི༌ཞུའོ།། མཚན་སྐྱི་བཅད་པའི་དད་ལྡན་རྣམས་ཀྱི་ཁྲོད་ན་མི་འདི་གསུམ་པོ་ནི་དཀོན་མཆོག་གི་རྒྱལ་སྲིད་ཀྱི་དོན་དུ། བདག་དང་མཉམ་དུ་ཆོས་སྤེལ་མཁན་ཁོ་ན་ཡིན་ལ། བདག་ལ་སེམས་གསོ་བྱེད་མཁན་ཡང་ཡིན། 12ཁྱོད་ཅག་གི་ཡུལ་མི་སྟེ་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་པ་ཨེ་པབ་རཱ་བྱ་བས་ཀྱང་ཁྱོད་རྣམས་ལ་འཚམས་འདྲི༌ཞུའོ།། ཁོས་རྟག་ཏུ་ཁྱོད་རྣམས་ཀྱི་ཕྱིར་ནན་ཏན་གྱིས་འདི་ལྟར་གསོལ་བ་བཏབ་པ་སྟེ། དཀོན་མཆོག་གི་ཐུགས་དགོངས་ཡོངས་སུ་ཁྱོད་རྣམས་ཆ་ཚང་བ་དང༌། བློ་གདེང་དང་བཅས་ཚུགས་ཐུབ་པ་དེའོ།། 13ཨེ་པབ་རཱ་ཡིས་ཁྱོད་ཅག༌དང༌། ཡང་ལའོ་དི་ཀེ་ཡཱ་དང་ཧི་རཱ་པོ་ལི་རུ་གནས་པའི་སྤུན་ཟླ་རྣམས་ཀྱི་དོན་དུ་འབད་པ་ཆེན་པོ་བྱེད་ཅིང་། བདག་གིས་ཀྱང་དོན་འདིར་བདེན་དཔང་བྱ་ནུས༌པ་ཡིན། 14སྙིང་ནས་བརྩེ་བའི་སྨན་པ་ལོ་ཀུ་དང་ཏི་མཱ་གཉིས་ཀྱིས་ཀྱང་ཁྱོད་ཅག་ལ་འཚམས་འདྲི༌ཞུའོ།། 15ལའོ་དི་ཀེ་ཡཱ་རུ་ཡོད་པའི་སྤུན་ཟླ་རྣམས༌དང༌། ནིམ་ཕཱ་དང་ཁོ་མོའི་ཁྱིམ་དུ་འདུས་པའི་ཆོས་ཚོགས་བཅས་ལའང་འཚམས་འདྲི་ཞུ་བར༌བྱའོ།། 16ཁྱོད་ཅག་གི་ཁྲོད་ནས་འཕྲིན་ཡིག་འདི་བཀླགས་ཚར༌རྗེས། ལའོ་དི་ཀེ་ཡཱ་རུ་ཡོད་པའི་ཆོས་ཚོགས་ལ་སྤྲད་ནས་ཁོ་རྣམས་ལའང་ཀློག་ཏུ་འཇུག་དགོས༌ཤིང༌། ཁྱོད་རྣམས་ཀྱིས་ཀྱང་ལའོ་དི་ཀེ་ཡཱ་ནས་བསྐུར་ཡོང་བའི་འཕྲིན་ཡིག་བཀླག་དགོས། 17ཁྱོད་རྣམས་ཀྱིས་ཨར་ཀི་པུ་ལ། གཙོ་བོས་ཁྱོད་ལ་གནང་བའི་ལས་འགན་དེ་ནན་ཏན་གྱིས་བསྒྲུབ་དགོས་ཞེས་སྨྲ་བར༌མཛོད། 18ཕོལ་ལོལ་བདག་གིས་ཁྱོད་རྣམས་ལ་འཚམས་འདྲི་ཞུ་བ་འདི་ནི་དངོས་སུ་བྲིས་པ་ཡིན། ཁྱོད་རྣམས་ཀྱིས་ང་རང་བཙོན་དུ་ཡོད་པ་དྲན་པར༌གྱིས། མཇུག་མཐར་ཐུགས་རྗེ་ནི་རྟག་ཏུ་ཁྱོད་ཅག་དང་མཉམ་དུ་གནས་པར༌སྨོན།།།།

༡ ཐེ་ས་ལོ་ནི་ཀེ་པ 1

འཕྲིན་ཡིག་བསྐུར༌ཡུལ།

1དེ་ཡང་ཕོལ་ལོལ་བདག་དང་སིལ་ཝ་ནཱ། ཐི་མོ་ཐེ་བཅས་ནས་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ནང་དུ་ཡོད་པའི་ཐེ་སཱ་ལོ་ནེ་ཀེ་པ་རྣམས་ཀྱི་ཆོས་ཚོགས་ལ་འཕྲིན་ཡིག་སྤྲིངས་པ་འདི་ལྟ༌སྟེ། ཐུགས་རྗེ་དང་ཞི་བདེ་ཁྱོད་རྣམས་ལ་གནང་བར༌སྨོན།

དཀོན་མཆོག་ལ་བཀའ་དྲིན་ཞུ༌བ།

2ངེད་ཅག་གིས་ཁྱོད་རྣམས་ཐམས་ཅད་ཀྱི་ཆེད༌དུ། རྟག་ཏུ་དཀོན་མཆོག་ལ་བཀའ་དྲིན་ཞུས༌ཤིང༌། གསོལ་བ་འདེབས་པའི་དུས་སུའང་ཁྱོད་རྣམས་གླེང་བ༌དང༌། 3བདག་ཅག་གི་ཡབ་དཀོན་མཆོག་གི་དྲུང་དུ་ཁྱོད་རྣམས་ཀྱིས་དད་སེམས་ལ་བརྟེན་ནས་བྱས་པའི་ལས༌དང༌། བྱམས་པ་ལ་བརྟེན་ནས་མྱངས་པའི་ངལ་དུབ། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཁོང་ཉིད་ལ་རེ་སྨོན་བྱེད་པར་བརྟེན་ནས་བཅངས་པའི་བཟོད་བསྲན་བཅས་རྒྱུན་ཆད་མེད་པར་དྲན༌ཏོ།། 4དཀོན་མཆོག་གིས་གཅེས་སུ་འཛིན་པའི་སྤུན་ཟླ༌རྣམས། ངེད་ཅག་གིས་ཁྱོད་རྣམས་ནི་ཁོང་གིས་བདམས་པ་ཡིན་པ་ཤེས་སོ།། 5རྒྱུ་མཚན་ནི་དེ་སྔར་ངེད་རྣམས་ཀྱིས་ཁྱོད་ཅག་ལ་འཕྲིན་བཟང་བསྒྲགས་པ་ནི་གཏམ་ཁོ་ནར་རག་ལས་པ་མ་ཡིན༌པར། དབང་དང་དམ་པའི་ཐུགས༌ཉིད། དད་སེམས་ཆེན་པོ་བཅས་ལའང་རག་ལས་པའི་ཕྱིར༌རོ།། དེ་ནི་ངེད་རྣམས་ཀྱིས་ཁྱོད་ཅག་གི་དོན་དུ་ཅི་ལྟར་བྱས་པ་ཁྱོད་རྣམས་ཀྱིས་ཀྱང་ཤེས་གསལ་ལྟར་ཡིན་ནོ།། 6གཞན༌ཡང༌། དཀའ་སྡུག་ཆེན་པོའི་ཁྲོད་དུ་ཁྱོད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱིས་གནང་བའི་དགའ་སྤྲོ་ཐོབ་པ༌དང༌། འཕྲིན་བཟང་དང་དུ་བླངས་ནས་ངེད་ཅག་དང་གཙོ་བོ་ལ་ལད་མོ་བྱས༌ཤིང༌། 7ཐ་ན་ཁྱོད་རྣམས་མ་ཀེ་དོན་ཡཱ་དང་ཨ་ཀ་ཡཱ་ཡུལ་གྱི་དད་ལྡན་ཐམས་ཅད་ཀྱི་མིག་དཔེ་རུ་གྱུར་པའོ།། 8ཅིའི་ཕྱིར་ཞེ་ན། གཙོ་བོའི་བཀའ་ནི་ཁྱོད་ཅག་གི་ཁྲོད་ནས་མ་ཀེ་དོན་ཡཱ་དང་ཨ་ཀ་ཡཱ་ཡུལ་དུ་བསྒྲགས་པར་མ༌ཟད། ཁྱོད་རྣམས་ཀྱིས་དཀོན་མཆོག་ལ་དད་པ་བྱས་པའི་གཏམ་དེའང་ཡུལ་ཐམས་ཅད་ལ་ཁྱབ་འདུག་པས་ངེད་རྣམས་ཀྱིས་ཅི་ཡང་སྨྲ་མི་དགོས་པའི་ཕྱིར༌ཏེ། 9ཁོ་རྣམས་ཀྱིས་ཀྱང་ཁྱོད་ཅག་གིས་ངེད་རྣམས་ལ་ཇི་ལྟར་བསུ་བ་བྱས་པ༌དང༌། ཁྱོད་ཅག་གིས་བདེན་ཅིང་གསོན་པོར་བཞུགས་པའི་དཀོན་མཆོག་ལ་ཞབས་ཕྱི་སྒྲུབ་པའི་ཆེད༌དུ། ཇི་ལྟར་ལྷ་སྐུ་སྤངས་ནས་དཀོན་མཆོག་གི་ཕྱོགས་སུ་འཁོར་བ༌དང༌། 10ཁྱོད་ཅག་གིས་ཀྱང་ཁོང་གི་སྲས་དེ་ཉིད་ནམ་མཁའི་ཞིང་ཁམས་ནས་འབྱོན་པར་སྒུག་པ་ཡིན་སྨྲས་པའི་ཕྱིར༌རོ།། དེ་ནི་དཀོན་མཆོག་གིས་རང་ཉིད་ཀྱི་སྲས་གྲོངས་པ་ནས་སླར་གསོན་པར་མཛད༌ཅིང༌། བདག་ཅག་མ་འོངས་པའི་ཐུགས་ཁྲོ་ལས་སྐྱོབ་པར་འགྱུར་བའི་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡིན༌ནོ།།

༡ ཐེ་ས་ལོ་ནི་ཀེ་པ 2

ཕོལ་ལོལ་གྱིས་དད་ལྡན་རྣམས་གཅེས་པར་བཟུང་བ།

1སྤུན་ཟླ༌རྣམས། ངེད་རྣམས་དེ་སྔར་ཁྱོད་ཅག་གི་གམ་དུ་ཕྱིན་པ་ནི་སྙིང་པོ་མེད་པ་ཞིག་མིན་པ་ཁྱོད་རྣམས་ཀྱིས་ཤེས་སོ།། 2སྔོན་ཆད་ཕི་ལིབ་པི་རུ་ངེད་ཅག་ལ་གནོད་འཚེ་དང་བརྙས་བཅོས་ཐེབས་པའང་ཁྱོད་ཅག་གིས་ཤེས༌པ་ཡིན། འོན༌ཀྱང༌། ངེད་རྣམས་ཀྱིས་བདག་ཅག་གི་དཀོན་མཆོག་ལ་བརྟེན་ནས་སྙིང་སྟོབས་བསྐྱེད༌ཅིང༌། འཁྲུག་རྩོད་ཆེན་པོའི་ཁྲོད་ནས་དཀོན་མཆོག་གི་འཕྲིན་བཟང་ཁྱོད་རྣམས་ལ་བསྒྲགས་མྱོང༌བས། 3ངེད་ཅག་གི་སྐུལ་སློང་ནི་ནོར་འཁྲུལ་ཅན༌དང༌། མི་གཙང༌བ། གཡོ་སྒྱུ་བཅས་ལས་བྱུང་བ་མ་ཡིན༌པར། 4དཀོན་མཆོག་གིས་ངེད་རྣམས་ལ་བརྟགས་ཤིང་གཟིགས་ཏེ་འཕྲིན་བཟང་བཅོལ་བ༌བཞིན། ངེད་རྣམས་ཀྱིས་ཀྱང་དེ་ལྟར་སྒྲོག༌ཅིང་། དེ་ནི་མི་རྣམས་དགའ་བར་བྱེད་པའི་ཕྱིར་མ་ཡིན༌པར། ངེད་ཅག་གི་སེམས་ལ་བརྟག་མཁན་དཀོན་མཆོག་ཁོང་ཉིད་ཐུགས་དགྱེས་པའི་ཕྱིར༌ཡིན་ནོ།། 5རྒྱུ་མཚན་ནི་ངེད་ཅག་གིས་ནམ་ཡང་ངོ་དགའི་གཏམ་སྨྲས་མ་མྱོང་བ་ནི་ཁྱོད་རྣམས་ཀྱིས་ཤེས་པ༌དང༌། ཧམ་པའི་ཐབས་ཀྱང་མ་སྤྱད་པར་དཀོན་མཆོག་གིས་བདེན་དཔང་མཛད་དོ།། 6ངེད་ཅག་ནི་སྐྱབས་མགོན་མཱ་ཤི་ཀའི་སྐུ་ཚབ་པ་ཡིན་པས་ཁྱོད་རྣམས་ལས་བརྩི་བཀུར་ཐོབ་འོས་ནའང༌། ཁྱོད་ཅག་གམ་མི་གཞན་སུ་ལས་ཀྱང་བཀུར་སྟི་འཚོལ་མ་མྱོང༌ལ། 7མ་ཡིས་རང་གི་བུ་ཕྲུག་སྐྱོང་བ་ལྟར་ཁྱོད་རྣམས་ཀྱི་ཁྲོད་དུ་ངེད་ཅག་ཞི་ཞིང་དུལ་བར་གནས་ཏེ། 8ངེད་ཅག་གིས་ཁྱོད་རྣམས་ལ་དེ་ལྟར་གཅེས༌ཤིང༌། དཀོན་མཆོག་གི་འཕྲིན་བཟང་ཡང་ཁྱོད་ཅག་ལ་གནང་བ༌དང༌། ཁྱོད་རྣམས་ལ་ཤིན་ཏུ་བརྩེ་བའི༌ཕྱིར། ཐ་ན་རང་ཉིད་ཀྱི་ཚེ་སྲོག་ཀྱང་ཁྱོད་རྣམས་ལ་སྦྱིན་བསམས༌སོ།། 9སྤུན་ཟླ༌རྣམས། ཁྱོད་ཅག་སུ་ལའང་འོ་བརྒྱལ་མི་བཟོ་བའི༌ཕྱིར། ཁྱོད་ཅག་ལ་དཀོན་མཆོག་གི་འཕྲིན་བཟང་བསྒྲགས་པའི་དུས༌སུ། ངེད་རྣམས་ཀྱིས་འབད་བརྩོན་བྱས་ཤིང་དཀའ་སྡུག་མྱངས༌པ་དང་། ཉིན་མཚན་མེད་པར་ལས་ཀ་བསྒྲུབས་པ་བཅས་ནི་ཁྱོད་རྣམས་ཀྱི་སེམས་སུ་བཟུང་ཡོད༌དོ།། 10ཁྱོད་ཅག་དད་ལྡན་རྣམས་ཀྱི་དྲུང་དུ་ངེད་ཅག་གི་སྤྱོད་ལམ་ནི་ཅི་འདྲའི་རྣམ་པར་དག༌པ་དང༌། གཞུང་དྲང༌། སྐྱོན་བརྗོད་རྒྱུ་མེད་པ་ཞིག་ཡིན་པར་ཁྱོད་ཅག་གིས་བདེན་དཔང་བྱས་ཆོག་ལ། དཀོན་མཆོག་གིས་ཀྱང་བདེན་དཔང་མཛད་ཆོག་གོ། 11ཡང་ཕ་ཡིས་རང་གི་བུ་ཕྲུག་ལ་ཅི་ལྟར་བྱེད་པ༌བཞིན། ངེད་ཅག་གིས་ཇི་ལྟར་ཁྱོད་རྣམས་ལ་སྐུལ་སློང་དང་སེམས་གསོ་བྱས༌པ། ཁྱོད་ཅག་མི་རེ་རེར་ཇི་ལྟར་གདམས་པའང་ཁྱོད་རྣམས་ཀྱིས་ཤེས་སོ།། 12དེ་ནི་ཁྱོད་ཅག་གི་སྤྱོད་ལམ་ནི་དཀོན་མཆོག་དང་མཐུན་འོས་པའི་ཕྱིར༌ཡིན། དཀོན་མཆོག་ནི་ཁྱོད་རྣམས་ཁོང་གི་རྒྱལ་སྲིད་དུ་ཞུགས་པ་དང་ཁོང་གི་གཟི་བརྗིད་འཐོབ་པར་ཞལ་འབོད་གནང་མཁན་ལགས༌སོ།། 13དེའི༌ཕྱིར། ངེད་རྣམས་ཀྱིས་བསྒྲགས་པའི་དཀོན་མཆོག་གི་བཀའ་ནི་ཁྱོད་ཅག་གིས་ཐོས་ཤིང་དང་དུ་བླངས༌པས། ངེད་ཅག་གིས་ཀྱང་རྒྱུན་ཆད་མེད་པར་དཀོན་མཆོག་ལ་བཀའ་དྲིན་ཞུ་བ་དང་། ཁྱོད་རྣམས་ཀྱིས་བཀའ་དེ་ནི་མི་ཡི་ངག་ལྟར་དང་དུ་མ་བླངས༌པར། ཁྱོད་ཅག་དད་ལྡན་རྣམས་ཀྱི་སེམས་སུ་འཕྲིན་ལས་མཛད་པ་དང་དཀོན་མཆོག་གི་བཀའ་དངོས་ཡིན་པ་བཞིན་དང་དུ་བླངས་སོ།། 14ཅིའི་ཕྱིར་ཞེ་ན། ཡ་ཧུ་དཱའི་ཡུལ་དུ་གནས་ཤིང་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཡོད་པའི་དཀོན་མཆོག་གི་ཆོས་ཚོགས་སོ་སོར་ཡ་ཧུ་དཱ་པས་གནོད་འཚེ་བྱས་མྱོང་བ༌བཞིན། སྤུན་ཟླ་ཁྱོད་རྣམས་ལའང་རང་གི་ཡུལ་མི་རྣམས་ཀྱི་གནོད་འཚེ་ཐེབས་མྱོང༌བས། ཆོས་ཚོགས་དེ་དག་གི་དཔེ་རྣམས་ཁྱོད་ཅག་ལ་སྦྱར་བ་ཡིན། 15ཡ་ཧུ་དཱ་པ་དེ་དག་གིས་གཙོ་བོ་ཡེ་ཤུ་དང་ལུང་སྟོན་པ་རྣམས་བཀྲོངས་ཤིང་ངེད་ཅག་ཀྱང་ཕྱི་རུ་བསྐྲད་པ༌དང༌། དཀོན་མཆོག་གི་ཐུགས་མཉེས་པར་མི་བྱེད་ཅིང་མི་ཐམས་ཅད་ལ་ངོ་རྒོལ་བྱེད་པ་རེད། 16ཕྱི་ཕྱོགས་པ་རྣམས་ལ་ཐར་པ་འཐོབ་པའི་ཆེད༌དུ། ངེད་ཅག་གིས་དེ་རྣམས་ལ་ཆོས་བཤད་ཀྱང་ཡ་ཧུ་དཱ་པ་རྣམས་ཀྱིས་བཀག་འགོག་བྱེད༌པས། དེ་དག་གིས་རྒྱུན་དུ་སྡིག་པ་བསགས་ཤིང་སྡིག་པས་གང༌ངོ་།། འོན་ཀྱང་དཀོན་མཆོག་གི་ཐུགས་ཁྲོ་ཁོ་རྣམས་ཀྱི་སྟེང་དུ་ཡོངས་སུ་འཕོག་པར་གྱུར་ཏོ།།

དད་ལྡན་རྣམས་ལ་འཕྲད་པར་རེ་སྨོན་བྱས༌པ།

17སྤུན་ཟླ༌རྣམས། ངེད་རྣམས་རེ་ཞིག་ཁྱོད་ཅག་དང་ཁ་འབྲལ་དུ་བཅུག་པ་ནི་ལུས་སོ་སོར་བྲལ་བ་ལས་སེམས་སོ་སོར་བྲལ་བ་མིན༌ལ། ངེད་ཅག་གིས་གང་ཅི་ཐུབ་སྒོས་ཐབས་བཙལ་ནས་ཁྱོད་ཅག་དང་འཕྲད་འདོད་ཤིན་ཏུ་ཆེ༌བས། 18ངེད་རྣམས་ཁྱོད་ཅག་གི་གམ་དུ་ཡོང་འདོད༌དེ། ཕོལ་ལོལ་ང་རང་ཡང་ཡང་འགྲོ་རྩིས་བྱས༌མོད། འོན་ཀྱང་བདུད་སཱ་ཏན་གྱིས་ངེད་རྣམས་བཀག༌བྱུང༌། 19བདག་ཅག་གི་གཙོ་བོ་ཡེ་ཤུ་ཕེབས་ཡོང་བའི་དུས༌སུ། ཁོང་གི་སྤྱན་སྔར་ངེད་ཅག་གི་འདུན་པ༌དང༌། དགའ༌སྤྲོ། གཙུག་རྒྱན་བཅས་ནི་ཅི་ཡིན་ཞེ༌ན། དེ་ནི་ཁྱོད་རྣམས་ཡིན་པ་ཤ་སྟག་གོ། 20ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ནི་ངེད་ཅག་གི་གཟི་བརྗིད་དང་དགའ་སྤྲོ་ཡིན་པའི་ཕྱིར༌རོ།།

༡ ཐེ་ས་ལོ་ནི་ཀེ་པ 3

ཆོས་གྲོགས་ཐི་མོ་ཐེ་མངགས་པའི་རྒྱུ༌རྐྱེན།

1དེ་ལྟར་ཡིན་པས། ངེད་རྣམས་ཀྱིས་སེམས་ནས་མ་བཟོད༌དེ། ཡ་ཏེན་དུ་ངེད་རྣམས་གཅིག་པུར་སྡོད་པར་སེམས༌ཤིང༌། 2ཁྱོད་རྣམས་དད་པའི་ཕྱོགས་ནས་བརྟན་པོར་གཏོང་བ་དང་དེ་ལ་བསྐུལ་སློང་བྱེད་པའི་ཕྱིར། ངེད་ཅག་གི་སྤུན་ཟླ་ཐི་མོ་ཐེ་ཁྱོད་ཅག་གི་གམ་དུ་མངགས༌ཤིང་། ཁོ་རང་ནི་སྐྱབས་མགོན་མཱ་ཤི་ཀའི་འཕྲིན་བཟང་གི་ཐད་དཀོན་མཆོག་གི་ཞབས་ཕྱི་པ་ཡིན་ནོ།། 3དེ་ནི་སུ་ཞིག་གིས་དཀའ་སྡུག་མྱངས་ནའང་སེམས་མི་འཁྲུག་པའི་ཕྱིར༌ཏེ། བདག་ཅག་གིས་དཀའ་སྡུག་མྱོང་བ་ནི་དཀོན་མཆོག་གི་ཐུགས་དགོངས་བཞིན་ཡིན་པ་ཁྱོད་རྣམས་ཀྱིས་ཤེས་པའི་ཕྱིར༌རོ།། 4དེ་སྔར་ངེད་རྣམས་ཁྱོད་ཅག་གི་གམ་དུ་ཡོད༌དུས། བདག་ཅག་གིས་དཀའ་སྡུག་མྱང་བར་ངེས་ཞེས་སྔ་མོ་ནས་ཁྱོད་ཅག་ལ་སྨྲས་མྱོང་བ༌དང༌། རྗེས་སུ་དངོས་གནས་དེ་བཞིན་དུ་བྱུང་བ་ཁྱོད་རྣམས་ཀྱིས་ཤེས་སོ།། 5དེའི༌ཕྱིར། བདག་གིས་བཟོད་བསྲན་བྱེད་མ་ཐུབ་པ་དང་ཁྱོད་རྣམས་ཀྱི་དད་སེམས་ཅི་འདྲ་ཡིན་པ་ཤེས་པའི་ཕྱིར་ཁོ་རང་མངགས༌པ་དང་། དེ་ནི་བསླུ་བྲིད་བྱེད་མཁན་གྱིས་ཁྱོད་རྣམས་རྦད་དེ་བསླུས༌ནས། ངེད་ཅག་གིས་འབད་པའི་རྩོལ་བ་དེ་དོན་མེད་དུ་འགྲོ་བར་དོགས་པས༌སོ།། 6འོན༌ཀྱང༌། ད་ལྟ་ཐི་མོ་ཐེ་ཁྱོད་རྣམས་ཀྱི་གམ་ནས་ཕྱིར་ངེད་ཅག་གི་མདུན་དུ་ལོག༌སྟེ། ཁྱོད་ཅག་གི་དད་པ་དང་བྱམས་པའི་སྐོར་གྱི་གཏམ་བཟང་སྨྲས༌ཤིང༌། ཡང་ཁྱོད་ཅག་གིས་རྟག་ཏུ་ངེད་རྣམས་སྙིང་ནས་དྲན་ཞིང་ངེད་ཅག་ནི་ཁྱོད་རྣམས་ལ་འཕྲད་འདོད་པ༌ལྟར། ཁྱོད་རྣམས་ཀྱང་ངེད་ཅག་དང་འཕྲད་འདོད་པའི་གཏམ་སྨྲས༌པས། 7སྤུན་ཟླ༌རྣམས། ངེད་ཅག་ལ་རང་གི་སྡུག་བསྔལ་དང་དཀའ་སྡུག་སྣ་ཚོགས་ཁྲོད་ནས་ཁྱོད་ཅག་གི་དད་སེམས་ཀྱི་དབང་གིས་སེམས་གསོ་ཐོབ༌བྱུང་། 8གལ༌ཏེ། ཁྱོད་རྣམས་གཙོ་བོ་ལ་བརྟེན་ནས་དད་པ་བརྟན་པོར་འདུག༌ན། ངེད་རྣམས་ཀྱང་དངོས་གནས་གསོན་པོ་ཡིན་ནོ།། 9དཀོན་མཆོག་གི་སྤྱན་སྔར་ཁྱོད་ཅག་གི་རྐྱེན་གྱིས་ངེད་རྣམས་ཤིན་ཏུ་དགའ་སྤྲོ་སྐྱེས༌བྱུང་། དགའ་སྤྲོ་འདི་དག་གི༌ཕྱིར། ངེད་ཅག་གིས་ཁྱོད་རྣམས་ཀྱི་ཆེད་དུ་དཀོན་མཆོག་ལ་བཀའ་དྲིན་ཅི་ལྟ་བུ་ཞིག༌ཞུའམ། 10ཁྱོད་ཅག་དང་ཕྲད་ནས་ཁྱོད་རྣམས་ཀྱི་དད་སེམས་ནང་མི་ཚང་བ་དེ་བསྐང་བའི་ཕྱིར། ངེད་རྣམས་ཀྱིས་ཉིན་མཚན་ཀུན་ཏུ་ནན་ཏན་སྒོས་གསོལ་བ་བཏབ་པ་ཡིན༌ནོ།། 11བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུས་ངེད་རྣམས་ཁྱོད་ཅག་གི་གམ་དུ་འགྲོ་བར་ལམ་བུ་ཞིག་ཕྱེ་བར༌མཛོད། 12ཡང་ངེད་ཅག་གིས་ཁྱོད་རྣམས་ལ་གཅེས་པ༌བཞིན། ཁྱོད་རྣམས་ཀྱི་ཁྲོད་དུ་ཕན་ཚུན་ལ་གཅེས་ཤིང་མི་ཐམས་ཅད་ལའང་གཅེས་པར་འཛིན་པའི་དོན་དེ་གཙོ་བོས་འཕེལ་ཞིང་རྒྱས་པར་མཛད་པར༌ཤོག 13དེ་ནི་བདག་ཅག་གི་གཙོ་བོ་ཡེ་ཤུ་དང་ཁོང་གི་དད་ལྡན་དམ་པ་རྣམས་ཕེབས་ཡོང་བའི་དུས༌སུ། བདག་ཅག་གི་ཡབ་དཀོན་མཆོག་གི་སྤྱན་སྔར་ཁོང་གིས་ཁྱོད་རྣམས་ཀྱི་དད་སེམས་བརྟན་པོར་མཛད༌དེ། ཁྱོད་ཅག་ནི་དམ་པའི་ངང་ནས་སྐྱོན་མི་མངའ་བའི་མི་རུ་འགྱུར་བའི་ཕྱིར༌རོ།།

༡ ཐེ་ས་ལོ་ནི་ཀེ་པ 4

དཀོན་མཆོག་ཐུགས་དགྱེས་པའི་ཆེད་དུ་སྲོག་འཚོ༌བ།

1སྤུན་ཟླ༌རྣམས། མཐར་ངེད་ཅག་གིས་གཙོ་བོ་ཡེ་ཤུར་བརྟེན་ནས་ཁྱོད་རྣམས་ལ་ཞུ་བ་བྱེད་ཅིང་གདམས་པར༌བྱའོ།། དེ་སྔར་ཁྱོད་ཅག་གིས་ཇི་ལྟར་དཀོན་མཆོག་ཐུགས་དགྱེས་པར་བྱེད་དགོས་པ་ངེད་རྣམས་ལས་བསླབ་བྱ་བླངས་པ༌བཞིན། ད་ལྟ་ཁྱོད་ཅག་གིས་སྤྱོད་ལམ་དེ་ལྟར་བྱེད་ཅིང་དེ་ལས་ཀྱང་བརྩོན་པར༌གྱིས། 2ཅིའི་ཕྱིར་ཞེ་ན། གཙོ་བོ་ཡེ་ཤུའི་དབང་ལ་བརྟེན་ནས་ངེད་རྣམས་ཀྱིས་ཁྱོད་ཅག་ལ་བཀའ་གང་ཞིག་བསྒྲགས་པ་ནི་ཁྱོད་རྣམས་ཀྱིས་ཀྱང་ཤེས་པའི་ཕྱིར༌ཡིན། 3དཀོན་མཆོག་གི་ཐུགས་དགོངས་ནི་ཁྱོད་རྣམས་དམ་པར་འགྱུར་བ་སྟེ། ལོག་གཡེམ་རིང་དུ་སྤང་བ་དེ་ཡིན༌ལ། 4ཁྱོད་ཅག་གིས་དམ་པ་དང་བཀུར་འོས་པའི་སྒོ་ནས་ཇི་ལྟར་རང་གི་ལུས་པོ་བསྲུང་དགོས་པ་རྟོགས༌ཤིང༌། 5དཀོན་མཆོག་ངོ་མི་ཤེས་པའི་ཕྱི་ཕྱོགས་པ་རྣམས་བཞིན༌དུ། རང༌གི་འདོད་ངན་བག་ཡངས་སུ་མི་གཏོང་བ་དང༌། 6མི་སུས་ཀྱང་དོན་དེའི་ཆ་ནས་རང་གི་སྤུན་ཟླར་འགལ་ནས་བསླུ་མི་རུང༌སྟེ། དོན་དེའི་རིགས་ཐམས་ཅད་ལ་གཙོ་བོས་ལན་མཛད་ངེས་པའི་ཕྱིར༌ཡིན་ཞིང་། དེ་ནི་ངེད་རྣམས་ཀྱིས་སྔར་ནས་ཁྱོད་ཅག་ལ་སྨྲས་ཤིང་ནན་ཏན་གྱིས་གདམས་པ་བཞིན༌ནོ།། 7ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་བདག་ཅག་ལ་ཞལ་འབོད་གནང་བ༌ནི། བདག་ཅག་མི་གཙང་བར་འགྱུར་བའི་ཆེད་དུ་མ་ཡིན༌གྱི། དམ་པར་འགྱུར་བའི་ཕྱིར་ཡིན༌པས། 8བསླབ་བྱ་འདི་འདོར་མཁན་རྣམས་ཀྱིས་མིའི་རིགས་དོར་བ་མ་ཡིན༌པར། ཁྱོད་རྣམས་ལ་དམ་པའི་ཐུགས་ཉིད་གནང་མཁན་དཀོན་མཆོག་ཁོང་ཉིད་དོར༌བའོ།། 9དེ་ཡང་དཀོན་མཆོག་གིས་ཁྱོད་རྣམས་ཕན་ཚུན་ལ་བྱམས་ཤིང་གཅེས་དགོས་པའི་བསླབ་བྱ་གནང་ཡོད༌པས། སྤུན་ཟླའི་བརྩེ་སེམས་སྐོར་ནས་ཁྱོད་ཅག་ལ་བྲི་མི་དགོས་སོ།། 10ཁྱོད་ཅག་གིས་མ་ཀེ་དོན་ཡཱ་ཡུལ་ཐམས་ཅད་ཀྱི་སྤུན་ཟླ་རྣམས་ལ་དེ་བཞིན་དུ་བྱམས་ཤིང་གཅེས་པར་བྱེད༌ནའང༌། ངེད་རྣམས་ཀྱིས་སྤུན་ཟླ་ཁྱོད་རྣམས་ལ་དེ་ལས་ལྷག་པ་ཞིག་བྱེད་པར་བསྐུལ༌བ་ཡིན། 11ཡང་ངེད་ཅག་གིས་དེ་སྔར་ཁྱོད་རྣམས་ལ་ཁ་བསྒོ་བཏང་བ༌བཞིན། ཁྱོད་ཅག་ནི་ཞི་ཞིང་དུལ་བའི་མི་ཞིག་བྱེད་པ༌དང༌། རང་དོན་སྒྲུབ་ཅིང་རང་གི་ལག་པར་བརྟེན་ནས་ལས་བྱེད་པར་བརྩོན་དགོས། 12དེ་ནི་ཁྱོད་ཅག་གིས་ཕྱི་མི་རྣམས་ལ་སྤྱོད་ལམ་བཟང་པོ་སྟོན་པ༌དང༌། རང་ཉིད་ལ་མི་འདང་ས་ཅི་ཡང་ཡོད་པར་མི་འགྱུར་བའི་ཕྱིར༌རོ།།

སྐྱབས་མགོན་ཡེ་ཤུ་ཕྱིར་འཇིག་རྟེན་ཏུ་ཕེབས་ངེས་པའི༌སྐོར།

13སྤུན་ཟླ༌རྣམས། ཁྱོད་ཅག་གིས་རེ་ཐག་ཆད་པའི་མི་རྣམས་དང་འདྲ་བར་སེམས་སྡུག་མི་བྱེད་པའི་ཆེད༌དུ། ངེད་ཅག་གིས་འདས་པོ་རྣམས་ཀྱི་སྐོར་ཁྱོད་ཅག་ལ་ཤེས་སུ་འཇུག་པར་འདོད་དོ།། 14རྒྱུ་མཚན་ནི་སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་ནས་སླར་གསོན་པར་བདག་ཅག་གིས་ཡིད་ཆེས་བྱེད་པ༌ཡིན་ན། སྐྱབས་མགོན་ཡེ་ཤུའི་དད་ལྡན་འདས་པོ་རྣམས་ཀྱང་དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་ཁྲིད་ཡོང་བར༌ངེས། 15ད་ལྟ་ངེད་ཅག་གིས་གཙོ་བོའི་བཀའ་ལྟར་ཁྱོད་རྣམས་ལ་དོན་འདི་སྨྲ་བར༌བྱ་སྟེ། གཙོ་བོ་ཕེབས་ཡོང་བའི་བར༌དུ། བདག་ཅག་གསོན་པོར་གནས་པ་རྣམས༌ནི། སྔར་ནས་ཚེ་ལས་འདས་པའི་དད་ལྡན་རྣམས་ཀྱི་སྔོན་དུ་འགྲོ་མི་ནུས༌ཏེ། 16གཙོ་བོ་ནི། འུར་སྒྲ་དང་ཕོ་ཉའི་མཆོག་གི་སྐད༌སྒྲ། དཀོན་མཆོག་གི་དུང་སྒྲ་དང་བཅས་ནམ་མཁའི་ཞིང་ཁམས་ནས་ཕྱིར་འབྱོན་པའི་དུས༌སུ། སྐྱབས་མགོན་མཱ་ཤི་ཀའི་དད་ལྡན་འདས་པོ་རྣམས་སྔོན་དུ་སླར་གསོན་པར་འགྱུར་བའི་ཕྱིར༌རོ།། 17དེ་ནས་བདག་ཅག་གསོན་པོར་གནས་པ་རྣམས་གློ་བུར་དུ་དེ་རྣམས་དང་མཉམ་དུ་སྤྲིན་ཕུང་ནང་དུ་དྲངས༌ཏེ། བར་སྣང་ནས་གཙོ་བོ་ལ་མཇལ་ཞིང་གཏན་དུ་ཁོང་དང་ལྷན་ཅིག་གནས་པར་འགྱུར་བས། 18ཁྱོད་རྣམས་ཀྱིས་གཏམ་འདི་དག་གིས་ཕན་ཚུན་ལ་སེམས་གསོ་བྱེད་པར༌གྱིས།

༡ ཐེ་ས་ལོ་ནི་ཀེ་པ 5

གཙོ་བོའི་ཉིན་མོའི༌སྐོར།

1དེ་ཡང་དུས་དང་ཟླ་ཚེས་ཀྱི་སྐོར་སྤུན་ཟླ་ཁྱོད་རྣམས་ལ་ཅི་ཡང་བྲི་མི་དགོས༌ཏེ། 2མཚན་མོའི་དུས་སུ་རྐུན་པོ་ཇི་ལྟར་གློ་བུར་སླེབས་པ༌བཞིན། གཙོ་བོའི་ཉིན་མོའང་དེ་ལྟར་སླེབ་ངེས་པ་ཁྱོད་ཅག་གིས་གསལ་པོར་ཤེས་པའི་ཕྱིར༌ཡིན། 3མི་རྣམས་ཀྱིས་བདེ་འཇགས་ཡིན་ཞེས་སྨྲ་བའི་དུས༌སུ། བུད་མེད་མངལ་དང་ལྡན་པ་ལ་ན་ཟུག་འབྱུང་བ་བཞིན་དེ་རྣམས་ལ་འཕྲལ་དུ་ཆག་སྒོ་འབྱུང་ཞིང་དེ་ལས་གཏན་ནས་ཐར་མི་ནུས་སོ།། 4འོན༌ཀྱང༌། སྤུན་ཟླ་ཁྱོད་རྣམས་ནི་མུན་པའི་ནང་དུ་མི་གནས༌པས། ཉིན་མོ་དེ་ནི་རྐུན་པོ་གློ་བུར་སླེབས་པ༌ལྟར། ཁྱོད་རྣམས་ཀྱི་སྟེང་དུ་སླེབ་པར་མི་འགྱུར། 5ཅིའི་ཕྱིར་ཞེ་ན། ཁྱོད་ཅག་ཐམས་ཅད་ནི་འོད་ཟེར་དང་ཉིན་མོ་ལ་གཏོགས་པའི་མི་ཡིན་པ༌ལས། མཚན་མོ་དང་མུན་པར་གཏོགས་པའི་མི་མ་ཡིན་པའི་ཕྱིར༌རོ།། 6དེ་བས་བདག་ཅག་མི་གཞན་དག་དང་འདྲ་བར་གཉིད་ལ་མི་ཤོར༌བར། རྟག་ཏུ་དོགས་ཟོན་དང་གཟབ་གཟབ་བྱ་འོས་པ་ཡིན། 7རྒྱུ་མཚན་ནི་གཉིད་དུ་ལོག་པ་རྣམས་མཚན་མོར་གཉིད་ལ་ཡུར་བ༌དང༌། ཆང་གིས་བཟི་བ་རྣམས་ནི་མཚན་མོར་བཟི་བའི་ཕྱིར༌ཡིན། 8འོན༌ཀྱང༌། བདག་ཅག་ནི་ཉིན་མོ་ལ་གཏོགས་པས་གཟབ་གཟབ་བྱེད་དགོས༌ཏེ། དད་པ་དང་བྱམས་པའི་བྲང་ཁྲབ་ལུས་ལ་གྱོན་པ༌དང༌། ཐར་པའི་རེ་སྨོན་གྱི་རྨོག་ཞྭ་མགོ་ལ་གྱོན་དགོས། 9རྒྱུ་མཚན་ནི་དཀོན་མཆོག་གིས་བདག་ཅག་ཐུགས་ཁྲོ་འཕོག་པར་བསྐོས་པ་མ་ཡིན༌པར། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ཐར་པ་ཐོབ་པར་བསྐོས་པའི་ཕྱིར་རོ།། 10བདག་ཅག་གསོན་པོར་གནས་པའམ་ཚེ་ལས་འདས་ཀྱང་སྐྱབས་མགོན་ཡེ་ཤུ་དང་ལྷན་ཅིག་ཏུ་གནས་པར་འགྱུར་བའི་ཕྱིར། ཁོང་ནི་བདག་ཅག་གི་དོན་དུ་སྐུ་གྲོངས༌པའོ།། 11དེའི༌ཕྱིར། ཁྱོད་རྣམས་ཀྱིས་དུས་རྒྱུན་ནང་བཞིན་ཕན་ཚུན་ལ་སེམས་གསོ་བྱེད་པ༌དང༌། ཕན་ཚུན་གྱི་དད་པ་ཇེ་བརྟན་དུ་གཏོང་བར་གྱིས༌ཤིག།།

མཇུག་མཐའི་གདམས༌པ།

12སྤུན་ཟླ༌རྣམས། ངེད་ཅག་གིས་ཁྱོད་རྣམས་ལ་གདམས་པར༌བྱ་སྟེ། ཁྱོད་རྣམས་ཁྲོད་ཀྱི་ངལ་རྩོལ་བྱེད་མཁན་རྣམས་ལ་ཁྱོད་ཅག་གིས་བརྩི་བཀུར་བྱེད་དགོས༌ཤིང༌། དེ་རྣམས་ཀྱིས་གཙོ་བོའི་ཕྱོགས་ནས་ཁྱོད་རྣམས་ལ་མགོ་ཁྲིད་མཛད་པ་དང་བསླབ་བྱ་གནང༌བ་ཡིན་ནོ།། 13ཡང་དེ་དག་གིས་ལས་ཀ་བྱེད་པའི༌ཕྱིར། ཁྱོད་ཅག་གིས་ཁོང་རྣམས་ལ་བྱམས་པ་བཅངས་ནས་ལྷག་ཏུ་བརྩི་བཀུར་བྱོས༌དང༌། ཡང་ཁྱོད་རྣམས་ཕན་ཚུན་འགྲིག་མཐུན་ཡོང་བར༌གྱིས། 14ཡང་ངེད་ཅག་གིས་སྤུན་ཟླ་ཁྱོད་རྣམས་ལ་བསྐུལ་བར་བྱ༌སྟེ། འགྲིག་ལམ་མི་བརྩི་པ་དག་ལ་གདམས་པ་དང་། རེ་ཐག་ཆད་པ་རྣམས་ལ་སེམས་གསོ་བྱེད༌པ། གཉོམ་ཆུང་རྣམས་ལ་རོགས་རམ་དང་མི་ཐམས་ཅད་ལ་བཟོད་པ་བསྒོམ་དགོས་སོ།། 15ཡང་ཁྱོད་ཅག་གིས་གཟབ་ནན་གྱིས༌ཏེ། མི་སུས་ཀྱང་ངན་ལན་ངན་འཇལ་བྱེད་མི་རུང༌ཞིང༌། ཁྱོད་ཅག་ཕན་ཚུན་བར༌དུའམ། ཡང་ན་རྟག་ཏུ་མི་གཞན་ཐམས་ཅད་ལ་ལས་བཟང་པོ་སྒྲུབ་པར་བརྩོན་དགོས༌སོ།། 16ཡང་རྟག་ཏུ་དགའ་ཞིང་སྤྲོ་བར༌གྱིས། 17རྒྱུན་ཆད་མེད་པར་གསོལ་བ་ཐོབས། 18དོན་གང་ལ་འཕྲད་ནའང་བཀའ་དྲིན་ཞུ་དགོས། ཅིའི་ཕྱིར་ཞེ་ན། དེ་ནི་དཀོན་མཆོག་གིས་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཁྱོད་རྣམས་ལ་མཛད་པའི་ཐུགས་དགོངས་ཡིན་པའི་ཕྱིར༌རོ།། 19ཡང་དམ་པའི་ཐུགས་ཉིད་ཞི་བར་མི༌བྱའོ།། 20ཡང་ལུང་སྟོན་པ་རྣམས་ཀྱི་གསུང་གླེང་ལ་མཐོང་ཆུང་མི་བྱའོ།། 21འོན་ཀྱང༌། ཐམས་ཅད་ལ་ལེགས་པར་བརྟགས་ནས་བཟང་པོ་གང་ཡིན་པ་དེ་རྒྱུན་འཁྱོངས༌དང༌། 22ལས་ངན་པ་ཐམས་ཅད་རྩ་བ་ནས་སྤང་བར༌གྱིས། 23ཞི་བདེ་གནང་མཁན་དཀོན་མཆོག་གིས་སྐུ་དངོས་སུ་ཁྱོད་རྣམས་ཡོངས་སུ་དམ་པར་མཛད་པར༌སྨོན། ཡང་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཕེབས་ཡོང་བའི་དུས༌སུ། ཁྱོད་ཅག་གི་སེམས་ཉིད༌དང་རྣམ༌ཤེས། ལུས་པོ་བཅས་ལ་སྐྱོན་ཅི་ཡང་མེད་པར་བསྲུང་བར༌སྨོན། 24ཁྱོད་རྣམས་ལ་ཞལ་འབོད་གནང་མཁན་ནི་ཡིད་རྟོན་རུང་བ་ཞིག་ཡིན༌པས། ཁོང་གིས་དེ་བཞིན་དུ་མཛད་ངེས༌སོ།། 25སྤུན་ཟླ་ཁྱོད་རྣམས་ཀྱིས་ངེད་ཅག་གི་དོན་དུ་གསོལ་བ་ཐོབས༌ཤིག 26སྤུན་ཟླ་ཐམས་ཅད་ལ་དམ་པའི་འོ་བྱས་ནས་འཚམས་འདྲི་བྱེད་པར༌གྱིས། 27ངས་གཙོ་བོ་ལ་བརྟེན་ནས་ཁྱོད་རྣམས་ལ་འཕྲིན་ཡིག་འདི་སྤུན་ཟླ་གཞན་ཐམས་ཅད་ལ་བཀླག་པར་གྱིས་ཞེས་བསྐུལ༌བའོ།། 28བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ནམ་ཡང་ཁྱོད་ཅག་དང་མཉམ་དུ་གནས་པར༌སྨོན།།།།

༢ ཐེ་ས་ལོ་ནི་ཀེ་པ 1

འཕྲིན་ཡིག་བསྐུར༌ཡུལ།

1དེ་ཡང་ཕོལ་ལོལ་བདག་དང་སིལ་ཝ་ནཱ། ཐི་མོ་ཐེ་བཅས་ནས་བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ནང་དུ་ཡོད་པའི་ཐེ་སཱ་ལོ་ནེ་ཀེ་པ་རྣམས་ཀྱི་ཆོས་ཚོགས་ལ་འཕྲིན་ཡིག་སྤྲིངས་པ་འདི་ལྟ༌སྟེ། 2ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།

དཀོན་མཆོག་ལ་བཀའ་དྲིན་ཞུ་འོས༌པ།

3སྤུན་ཟླ༌རྣམས། ཁྱོད་རྣམས་ཀྱི་དད་སེམས་ལྷག་ཏུ་ཆེ་རུ་ཕྱིན་པ་དང་ཁྱོད་ཅག་ཐམས་ཅད་ཀྱིས་ཕན་ཚུན་ལ་བྱམས་ཤིང་གཅེས་པའི་སེམས་དེའང་ཇེ་ཆེར་འགྲོ་བཞིན་ཡོད༌པས། ངེད་ཅག་གིས་རྟག་ཏུ་ཁྱོད་རྣམས་ཀྱི་ཆེད་དུ་དཀོན་མཆོག་ལ་བཀའ་དྲིན་ཞུ་འོས་པར་རིགས་སོ།། 4དེའི༌ཕྱིར། ངེད་ཅག་གིས་དཀོན་མཆོག་གི་ཆོས་ཚོགས་སོ་སོ་ནས་ཁྱོད་རྣམས་ལ་བསྔགས་བརྗོད་བྱས་པ་ཡིན༌ཏེ། ཁྱོད་ཅག་གིས་གཉའ་གནོན་དང་དཀའ་སྡུག་མང་པོ་མྱོང་བའི་ཁྲོད་དུའང་སྔར་བཞིན་བཟོད་བསྲན་དང་དད་སེམས་བཅངས་པའི་ཕྱིར༌རོ།། 5དོན་དེ་ནི་དཀོན་མཆོག་གིས་མ་འོངས་པར་དྲང་བདེན་གྱི་ཁྲིམས་ཐག་གཅོད་པར་འགྱུར་བའི་རྟགས་ཡིན༌ཏེ། ཁྱོད་རྣམས་དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་འོས་པར་བརྩི་བའི་ཕྱིར༌རོ།། ཁྱོད་རྣམས་ཀྱིས་རྒྱལ་སྲིད་དེའི་དོན་དུ་སྡུག་བསྔལ་ཡང་མྱོང༌བ་ཡིན། 6-7དཀོན་མཆོག་ནི་དྲང་གཞག་ཡིན་པས་ན། ནམ་མཁའི་ཞིང་ཁམས་ནས་གཙོ་བོ་ཡེ་ཤུ་དང་ཁོང་གི་ཕོ་ཉ་མཐུ་སྟོབས་ཅན་འཁོར་དང་བཅས་པ་མེ་ལྕེའི་ཁྲོད་དུ་མངོན་པར་འགྱུར་བའི༌ཚེ། ཁྱོད་རྣམས་སྡུག་ལ་སྦྱོར་མཁན་དེ་དག་ལ་དཀོན་མཆོག་གིས་ཀྱང་དེ་བཞིན་དུ་ལན་གནང་བར་འགྱུར་བ༌དང༌། ཁོང་གིས་དཀའ་སྡུག་མྱོང་མཁན་ཁྱོད་ཅག་དང་ངེད་རྣམས་ལྷན་དུ་དེ་ལས་ཐར་བར་མཛད་ངེས་ཤིང༌། 8དཀོན་མཆོག་ངོ་མི་ཤེས་པ་དང་བདག་ཅག་གི་གཙོ་བོ་ཡེ་ཤུའི་འཕྲིན་བཟང་ལ་མི་ཉན་པ་རྣམས་ལ་ལན་དུ་ཉེས་ཆད་གཅོད་པར་འགྱུར་བ༌དང༌། 9དེ་དག་ལ་གཏན་དུ་འཇིག་པའི་ཉེས་ཆད་ཕོག་སྟེ། གཙོ་བོའི་ཞལ་རས་དང་ཁོང་གི་དབང་ཤེད་ཀྱི་གཟི་འོད་དང་ཁ་འབྲལ་བར་འགྱུར། 10ཁོང་ཉིད་ཕེབས་ཡོང་བའི་ཉིན་ལ། དོན་དེ་རྣམས་འབྱུང་ངེས༌ཏེ། ཁོང་གི་དད་ལྡན་དམ་པ་རྣམས་ཀྱི་སྟེང་ནས་རང་ཉིད་ལ་གཟི་བརྗིད་འཐོབ་པ༌དང༌། ཡང་དད་ལྡན་ཐམས་ཅད་ཀྱི་ཁྲོད་ནས་ཁོང་ལ་ངོ་མཚར་བར་འགྱུར། དེ་སྔར་ངེད་ཅག་གིས་བདེན་དཔང་བྱས་པ་ལ་ཁྱོད་རྣམས་ཀྱང་ཡིད་ཆེས༌སོ།། 11དེའི༌ཕྱིར། ངེད་རྣམས་ཀྱིས་རྟག་ཏུ་ཁྱོད་རྣམས་ཀྱི་དོན་དུ་འདི་ལྟར་གསོལ་བ་འདེབས་བཞིན་ཡོད༌དེ། བདག་ཅག་གི་དཀོན་མཆོག་གིས་ཁྱོད་རྣམས་ལ་ཞལ་འབོད་གནང་བ་ནི་འོས་པར་གཟིགས་པ༌དང༌། ཡང་ནུས་མཐུའི་སྒོ་ནས་ཁྱོད་རྣམས་ཀྱི་འདུན་པ་བཟང་པོ་ཐམས་ཅད༌དང༌། དད་སེམས་ལ་བརྟེན་ནས་བྱས་པའི་ལས་ཐམས་ཅད་འགྲུབ་པར་མཛད་ཕྱིར་ཞུས༌པ་ཡིན། 12དེ་ནི་བདག་ཅག་གི་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་བཞིན༌དུ། ཁྱོད་ཅག་གི་སྟེང་ནས་བདག་ཅག་གི་གཙོ་བོ་ཡེ་ཤུའི་མཚན་ལ་གཟི་བརྗིད་ལྡན་པར་འགྱུར་བ༌དང༌། ཁྱོད་རྣམས་ལའང་ཁོང་ནས་གཟི་བརྗིད་ཐོབ་པར་འགྱུར་བའི་ཕྱིར༌རོ།།

༢ ཐེ་ས་ལོ་ནི་ཀེ་པ 2

ཁྲིམས་འགལ་ལུགས་འགལ་གྱི་མི་ཡི་སྐོར།

1སྤུན་ཟླ༌རྣམས། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཕེབས་ཡོང་བ་དང་བདག་ཅག་ཁོང་གི་དྲུང་དུ་འཛོམ་ངེས་པའི་སྐོར་ནི་ངེད་ཅག་གིས་ཁྱོད་རྣམས་ལ་འདི་ལྟར་བསྐུལ་བར་བྱ༌སྟེ། 2ལུང་བསྟན་གནང་བ་དང༌། གཏམ་སྨྲ༌བ། ངེད་ཅག་གི་མིང་དུ་བརྫུས་ནས་བྲིས་པའི་འཕྲིན་ཡིག་བཅས་གང་དང་གང་གིས་གཙོ་བོའི་ཉིན་མོ་ད་ལྟ་སླེབས་ཟིན་ཞེས་ཟེར༌ན། ཁྱོད་རྣམས་བྱུང་རྒྱལ་དུ་སེམས་མི་འགུལ་ཞིང་འཇིགས་པར་མི༌བྱའོ།། 3མི་སུས་ཀྱང་ཐབས་གང་ཞིག་སྤྱད་ནའང་ཁྱོད་རྣམས་དེའི་གཡོ་འོག་ཏུ་མ་ཚུད༌ཅིག རྒྱུ་མཚན་ནི་ཉིན་མོ་དེ་མ་སླེབས་པའི་སྔོན༌དུ། དཀོན་མཆོག་ལ་ངོ་རྒོལ་བྱེད་པའི་དོན་དེ་འབྱུང་ངེས༌ཤིང༌། འཇིག་པའི་བུ་སྟེ་ཁྲིམས་མེད་ལུགས་མེད་བྱེད་མཁན་དེའང་ཕྱིར་མངོན་པར་འགྱུར་བ༌དང༌། 4དེས་ལྷ་རུ་འབོད་པ་དང་དད་པའི་ཡུལ་ཐམས་ཅད་ལ་བཀག་འགོག་བྱེད་ཅིང་རང་ཉིད་དེ་རྣམས་ལས་མཆོག་གྱུར་ཏུ་བརྩི་བ་དང་། ཐ་ན་དཀོན་མཆོག་གི་མཆོད་ཁང་ནང་དུ་བསྡད་ནས་རང་ཉིད་དཀོན་མཆོག་ཡིན་ཞེས་ཀྱང་ཟེར་བར་འགྱུར་རོ།། 5ང་རང་ཁྱོད་རྣམས་དང་མཉམ་དུ་ཡོད་དུས། ཁྱོད་རྣམས་ལ་དོན་འདི་རྣམས་སྨྲས་མྱོང་བ་ཁྱོད་ཅག་གིས་སེམས་སུ་མི་དྲན༌ནམ། 6མི་དེ་ནི་དུས་འོས་འཚམ་ཞིག་ལ་ཕྱིར་མངོན་པར་འགྱུར་བའི༌ཕྱིར། ད་ལྟ་མི་དེ་འགོག་པའི་རྒྱུ་རྐྱེན་ཅི་ཡིན་པ་ཁྱོད་རྣམས་ཀྱིས་ཀྱང་ཤེས༌པ་ཡིན། 7མ་གཞི་ཁྲིམས་མེད་ལུགས་མེད་ཀྱི་ལྐོག་ངན་བྱེད་འགོ་བརྩམས༌མོད། འོན་ཀྱང་ད་ལྟ་འགོག་མཁན་ཡོད་ཅིང་འགོག་མཁན་དེ་ཉིད་ཕྱིར་འདྲེན་པའི་བར་དུ་མུ་མཐུད་དུ་འགོག༌པའོ།། 8དེ་ནས་ཁྲིམས་མེད་ལུགས་མེད་བྱེད་མཁན་ཕྱིར་མངོན་པར་འགྱུར་བ༌དང༌། གཙོ་བོས་རང་ཉིད་ཀྱི་ཞལ་ལས་ཐོན་པའི་དབུགས་ཀྱིས་ཁོ་རང་གཞོམ་པར་འགྱུར་བ༌དང༌། ཁོང་ཉིད་མངོན་སུམ་དུ་ཕེབས་ཡོང་བའི་བརྗིད་ཉམས་ཀྱིས་མི་དེ་འཇོམས་པར་མཛད་ངེས་སོ།། 9ཁྲིམས་མེད་ལུགས་མེད་བྱེད་མཁན་དེ་ནི་བདུད་སཱ་ཏན་གྱིས་བསྐུལ་བ་བཞིན་ཡོང༌སྟེ། མཐུ་རྩལ་དང༌། གྲུབ༌རྟགས། རྫུ་འཕྲུལ་སྣ་ཚོགས་སྟོན་པ༌དང༌། 10འཇིག་པར་འགྱུར་བའི་མི་རྣམས་ལ་མགོ་སྐོར་ངན་པ་སྣ་ཚོགས་གཏོང་བར་འགྱུར། རྒྱུ་མཚན་ནི་དེ་དག་གིས་བདེན་པ་ཉིད་ལ་དགའ་བའི་སེམས་དང་དུ་མ་བླངས་པས་དེ་རྣམས་ལ་ཐར་པ་ཐོབ་མེད་པའི་ཕྱིར༌རོ།། 11དེ་བས་ན་དེ་རྣམས་རྫུན་ལ་ཡིད་ཆེས་པར་འགྱུར་བའི་ཕྱིར། དཀོན་མཆོག་གིས་དེ་རྣམས་ལ་འཁྲུལ་ཤེས་གནང་བར་ངེས། 12དེ་ནི་བདེན་པ་ཉིད་ལ་དད་པ་མི་བྱེད་པར་སྤྱོད་ལམ་ངན་པར་དགའ་བ་ཐམས་ཅད་ལ་ཉེས་ཆད་གཅོད་པར་འགྱུར་བའི་ཕྱིར་ཡིན༌ནོ།།

དད་པ་བརྟན་པོར་གནས་དགོས་པར་བསྐུལ༌བ།

13གཙོ་བོས་གཅེས་པར་འཛིན་པའི་སྤུན་ཟླ༌རྣམས། ངེད་ཅག་གིས་ནམ་རྒྱུན་ཁྱོད་རྣམས་ཀྱི་ཆེད་དུ་དཀོན་མཆོག་ལ་བཀའ་དྲིན་ཞུ་འོས་སོ།། རྒྱུ་མཚན་ནི་དམ་པའི་ཐུགས་ཉིད་ཀྱིས་ཁྱོད་རྣམས་དམ་པར་མཛད་པ་དང༌། ཁྱོད་རྣམས་བདེན་པ་ཉིད་ལ་དད་པའི་སྒོ་ནས་ཐར་པ་འཐོབ་པའི་ཕྱིར། དཀོན་མཆོག་གིས་ཐོག་མ་ཉིད་ནས་ཁྱོད་རྣམས་བདམས༌པ་ཡིན། 14ཡང་དོན་འདིའི་ཆེད་དུ་ངེད་ཅག་གིས་བསྒྲགས་པའི་འཕྲིན་བཟང་བརྒྱུད་ནས་དཀོན་མཆོག་གིས་ཁྱོད་རྣམས་ལ་ཞལ་འབོད་གནང་བ་ཡིན༌ཏེ། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་གཟི་བརྗིད་ཀྱང་ཁྱོད་རྣམས་ལ་ཐོབ་པར་འགྱུར་བའི་ཕྱིར༌རོ།། 15དེ་བས་ན་སྤུན་ཟླ༌རྣམས། ཁྱོད་རྣམས་ཀྱིས་དད་པ་བརྟན་པོར་གྱིས༌དང༌། ངེད་ཅག་གིས་ངག་ནས་བསྒྲགས་པ་དང་འཕྲིན་ཡིག་ཏུ་བྲིས་པ་གང་ཡིན་ཡང་ཁྱོད་རྣམས་ལ་བསླབ་པའི་སྲོལ་རྒྱུན་ཐམས་ཅད་བརྟན་པོར་བསྲུང་བར༌བྱའོ།། 16བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་དང༌། བདག་ཅག་ལ་གཅེས་ཤིང་ཐུགས་རྗེའི་སྒོ་ནས་མཐའ་མེད་པའི་སེམས་གསོ་དང་རེ་བ་བཟང་པོ་གནང་མཁན་དཀོན་མཆོག༌གིས། 17ཁྱོད་རྣམས་ལ་སེམས་གསོ་མཛད་པ༌དང༌། ལས་བཟང་པོ་དང་སྨྲ་བརྗོད་ལེགས་པོ་ཐམས་ཅད་ཀྱི་ཐད་ནས་ཁྱོད་རྣམས་བརྟན་པོར་མཛད་པར༌སྨོན།

༢ ཐེ་ས་ལོ་ནི་ཀེ་པ 3

གཞན་གྱི་ཚབ་ཏུ་གསོལ་བ་འདེབས༌པ།

1སྤུན་ཟླ༌རྣམས། མཐར་ཁྱོད་ཅག་གིས་ངེད་རྣམས་ཀྱི་དོན་དུ་གསོལ་བ་འདེབས་པར་ཞུའོ། །དེ་ཡང་ཁྱོད་ཅག་གི་ཁྲོད་ནས་ཇི་ལྟར་བྱུང་བ་བཞིན། གཙོ་བོའི་བཀའ་དེ་མྱུར་དུ་ཁྱབ་པ༌དང་གཟི་བརྗིད་ཀྱང་འཐོབ་ཅིང་། 2ངེད་རྣམས་ལུགས་དང་མི་མཐུན་པའི་མི་ངན་དག་ལས་ཐར་བའི་ཕྱིར་གསོལ་བ་འདེབས་པར་གྱིས། མི་ཐམས་ཅད་ལ་དད་སེམས་ཡོད་པ་མིན་ནོ།། 3གཙོ་བོ་ནི་ཡིད་རྟོན་རུང་བ་ཡིན༌པས། ཁོང་གིས་ཁྱོད་རྣམས་ཀྱི་དད་སེམས་བརྟན་པོར་མཛད་ཅིང་བདུད་ངན་དེ་ལས་བསྲུངས་ཤིང་སྐྱོབ་ངེས༌ཡིན། 4ངེད་ཅག་གིས་གཙོ་བོ་ལ་བརྟེན་ནས་ཁྱོད་རྣམས་ཀྱིས་དུས་ད་ལྟ་མ་འོངས་གང་དུའང༌། ངེད་ཅག་གིས་ཁ་བསྒོ་བཏང་བ་བཞིན་ངེས་པར་སྒྲུབ་པ་ལ་ཡིད་ཆེས་སོ།། 5གཙོ་བོས་ཁྱོད་རྣམས་ཀྱི་སེམས་ནི་དཀོན་མཆོག་གི་བྱམས་པ་དང་སྐྱབས་མགོན་མཱ་ཤི་ཀའི་བཟོད་སྒོམ་ནང་དུ་འདྲེན་པར༌སྨོན།

ལེ་ལོ་ཅན་ལ་སྐུལ་མ་གནང༌བ།

6སྤུན་ཟླ༌རྣམས། ངེད་ཅག་གིས་རང་རེའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་སྒོ་ནས་ཁྱོད་རྣམས་ལ་ཁ་བསྒོ་གཏོང་བར་བྱ༌སྟེ། སྤུན་ཟླ་སུ་ཞིག་ལེ་ལོ་ཡིན་པ་དང་ངེད་རྣམས་ལས་ཐོབ་པའི་སྲོལ་རྒྱུན་མི་བསྲུངས༌ན། མི་དེ་རྣམས་དང་རྒྱང་བཀྱེད་པར༌བྱའོ།། 7ཅིའི་ཕྱིར་ཞེ་ན། ཁྱོད་ཅག་གིས་ཅི་ལྟར་ངེད་རྣམས་མིག་དཔེ་རུ་འཛིན་དགོས་པ་ཤེས༌ཏེ། སྔོན་ཆད་ངེད་རྣམས་ཁྱོད་ཅག་གི་ཁྲོད་དུ་ཡོད་པའི་དུས་སུ་ལེ་ལོ་ཅན་མིན་པ་དང༌། 8རིན་མ་བྱིན་པར་མི་གཞན་གྱི་ཟས་ཀྱང་མ་ཟོས༌ལ། ཁྱོད་རྣམས་སུ་ལའང་འོ་བརྒྱལ་མི་བཟོ་བའི༌ཕྱིར། འབད་བརྩོན་བྱས་ཤིང་དཀའ་སྡུག་མྱངས་ནས་ཉིན་མཚན་ཀུན་ཏུ་ལས་ཀ་བསྒྲུབས་པ་ཡིན། 9འདི་ནི་ངེད་ཅག་ལ་དབང་ཤེད་མེད་པའི་རྐྱེན་མ་ཡིན༌གྱི། ངེད་ཅག་གིས་ཁྱོད་རྣམས་ལ་མིག་དཔེ་བསྟན་ཞིང་ཁྱོད་རྣམས་ཀྱིས་ཀྱང་ངེད་ཅག་ལ་ལད་མོ་བྱེད་པའི་ཕྱིར་ཡིན། 10སྔོན་ཆད་ངེད་རྣམས་ཁྱོད་ཅག་གི་གམ་དུ་ཡོད་པའི་དུས༌སུ། སུ་ཞིག་གིས་ལས་ཀ་བྱེད་མི་འདོད༌ན། མི་དེ་ལ་ཁ་ཟས་སྟེར་མི་རུང་ཞེས་ཁྱོད་རྣམས་ལ་ཁ་བསྒོ་བཏང་མྱོང༌ངོ་།། 11རྒྱུ་མཚན་ནི་ཁྱོད་རྣམས་ཀྱི་ཁྲོད་དུ་ལས་ཀ་ཅི་ཡང་མི་བྱེད༌པར། དོན་མེད་ཀྱི་ལས་ཁོ་ནར་བྲེལ་བའི་ལེ་ལོ་ཅན་ཡོད་པ་ངེད་རྣམས་ཀྱིས་ཐོས་པས༌སོ།། 12ད་ལྟ་ངེད་ཅག་གིས་མི་དེ་ལྟ་བུ་རྣམས་ལ་གཙོ་བོ་ཡེ་ཤུ་མཱ་ཤི་ཀར་བརྟེན་ནས་ཁ་བསྒོ་དང་སྐུལ་མ་གཏོང་བར༌བྱའོ།། བློ་བདེ་བག་ཕེབས་ཀྱི་ངང་ནས་ལས་ཀ་བྱས་ཏེ་རང་ཁ་རང་གསོ་བྱེད་པར༌གྱིས། 13སྤུན་ཟླ༌རྣམས། ཁྱོད་ཅག་ལས་བཟང་པོ་སྒྲུབ་པར་ཡིད་ཕམ་པར་མི་བྱའོ།། 14མི་སུས་ཀྱང་ངེད་ཅག་གི་འཕྲིན་ཡིག་འདིའི་ནང་གི་བསླབ་བྱ་ལ་མི་ཉན༌ན། མི་དེ་ངོ་གནོང་བར་འགྱུར་བའི༌ཕྱིར། དོན་དེ་ཡིད་ལ་བཟུང་སྟེ་མི་དེ་དང་འབྲེལ་འདྲིས་མི་བྱ་བར་གྱིས། 15འོན༌ཀྱང༌། མི་དེ་ལ་དགྲ་བོ་ལྟ་བུའི་རྣམ་འགྱུར་མི་འཛིན་པར་སྤུན་ཟླ་བཞིན་དུ་སྐུལ་མ་གནང་བར༌མཛོད།

མཇུག་མཐའི་སྨོན༌ལམ།

16ཞི་བདེ་གནང་མཁན་གཙོ་བོ་ཁོང་ཉིད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཁྱོད་རྣམས་ལ་ཞི་བདེ་གནང་བར༌ཤོག གཙོ་བོ་ཁོང་ཉིད་ནམ་ཡང་ཁྱོད་རྣམས་དང་ལྷན་དུ་གནས་པར༌སྨོན། 17ཕོལ་ལོལ་བདག་གིས་ཁྱོད་རྣམས་ལ་འཚམས་འདྲི་ཞུ་བ་འདི་དངོས་སུ་བྲིས་པ་ཡིན། བདག་གི་འཕྲིན་ཡིག་ཐམས་ཅད་ལ་རྟགས་འདི་ཡོད༌ཅིང༌། བདག་གི་འབྲི་སྟངས་འདི་ལྟར་ཡིན། 18བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ནམ་ཡང་ཁྱོད་ཅག་ཐམས་ཅད་དང་མཉམ་དུ་གནས་པར༌སྨོན།།།།

༡ ཏི་མོ་ཐེའུ 1

འཕྲིན་ཡིག་བསྐུར༌ཡུལ།

1དེ་ཡང་ཕོལ་ལོལ་ང་རང་ནི་བདག་ཅག་གི་སྐྱབས་མགོན་དཀོན་མཆོག་དང་བདག་ཅག་གིས་རེ་སྨོན་བྱེད་པའི་མཱ་ཤི་ཀ་ཡེ་ཤུའི་བཀའ་བཞིན་དུ་ཁོང་གི་སྐུ་ཚབ་པ་ཞིག་ཡིན་ནོ།། 2འཕྲིན་ཡིག་འདི་ནི་དད་པ་བརྒྱུད་ནས་རང་གི་བུ་དངོས་སུ་གྱུར་པ་ཐི་མོ་ཐེ་ལ་སྤྲིངས་པ་ཡིན༌ཏེ། ཡབ་དཀོན་མཆོག་དང་བདག་ཅག་གི་གཙོ་བོ་མཱ་ཤི་ཀ་ཡེ་ཤུས་ཁྱོད་ལ་བྱམས་དང་སྙིང༌རྗེ། ཞི་བདེ་བཅས་གནང་བར༌སྨོན།

དགེ་རྒན་རྫུས་མར་དོགས་ཟོན་བྱེད༌པའི་སྐོར།

3སྔོན་ཆད་ང་རང་མ་ཀེ་དོན་ཡཱ་ཡུལ་དུ་འགྲོ་བའི་དུས༌སུ། ཁྱོད་རང་སྔར་བཞིན་ཨེ་ཕེ་སི་རུ་སྡོད༌པར་ནན་གྱིས་བསྐུལ་མྱོང་བ་ཡིན། དེ་ནི་ཁྱོད་ཀྱིས་ལོག་ལྟ་ཅན་དེ་དག་ལ་ལོག་ཁྲིད་མི་བྱེད་པ༌དང༌། 4ཁུངས་ལུང་མེད་པའི་གཏམ་རྒྱུད་དང༌། རྫོགས་མཐའ་མེད་པའི་ཁྱིམ་རྒྱུད་ཀྱི་སྟོང་བཤད་ལའང་མགོ་བོ་འཁོར་མི་རུང་ཞེས་ཁ་བསྒོ་གཏོང་ཐུབ་པའི་ཕྱིར༌ཡིན་ལ། ལས་འདི་རིགས་ཀྱིས་དོན་སྙིང་མེད་པའི་རྩོད་པ་སློང་བ་ལས། དད་པར་བརྟེན་ནས་སྒྲུབ་འོས་པའི་དཀོན་མཆོག་གི་དགོངས་དོན་ཐད་ལ་ཕན་ཐོགས་ཅི་ཡང་མེད་དོ།། 5འོན་ཀྱང༌། བཀའ་འདིའི་དམིགས་དོན་ནི་བྱམས་པ་ཡིན༌ཏེ། རྣམ་པར་དག་པའི་སེམས་དང༌། བསམ་པ་རྣམ་དག གཡོ་ཟོལ་མེད་པའི་དད་སེམས་བཅས་ལས་བྱུང་བ་ཡིན་ནོ།། 6ཡང་མི་འགའ་ཤས་ཀྱིས་དོན་འདི་དག་དང་ཁ་བྲལ་ནས་སྙིང་པོ་མེད་པའི་གཏམ་སྨྲ་བར་བྱེད༌ཅིང༌། 7བཀའ་ཁྲིམས་ཀྱི་དགེ་རྒན་བྱ་འདོད༌ཀྱང༌། རང་གིས་ཅི་ཞིག་གླེང་བཞིན་པ་དང་སྤོབས་པའི་ངང་ནས་ཅི་ཞིག་བསྒྲག་པའང་མི་ཤེས༌སོ།། 8སུ་ཞིག་གིས་བཀའ་ཁྲིམས་འོས་ཤིང་འཚམ་པར་བཀོལ༌ན། བཀའ་ཁྲིམས་དེ་ནི་ལེགས་པོ་ཡིན་པ་བདག་ཅག་གིས་ཤེས༌སོ།། 9བཀའ་ཁྲིམས་ནི་མི་གཞུང་དྲང་རྣམས་ཀྱི་ཆེད་དུ་བཙུགས་པ་མ་ཡིན༌པར། ཁྲིམས་མེད་ལུགས་མེད་དང་བསླབ་བྱར་མི་ཉན༌པ། དཀོན་མཆོག་ལ་དད་གུས་མེད༌པ། སྡིག་པ༌ཅན། དམ་པ་མ་ཡིན་པ་དང་ཐ་མལ་བ་ལ་ཞེན་ཆགས་པ། ཕ་མ་དང་མི་གསོད༌མཁན། 10ལོག་གཡེམ་བྱེད་མཁན། ཕོ་ཡིས་ཕོ་ལ་འཁྲིག་པ་སྤྱོད་མཁན། མི་ཚོང་རྒྱག་མཁན། རྫུན་སྨྲ༌མཁན། དམ་བཅའ་རྫུན་མ་འཇོག་མཁན་བཅས༌དང༌། ཡང་དག་པའི་བསྟན་པ་དང་མི་མཐུན་པའི་དོན་གང་ཞིག་གི་ཆེད་དུ་བཙུགས་པ་ནི་བདག་ཅག་གིས་ཀྱང་ཤེས༌པ་ཡིན། 11དོན་འདི་ནི་བསྔགས་པར་འོས་པའི་དཀོན་མཆོག་གིས་གཟི་བརྗིད་ལྡན་པའི་འཕྲིན་བཟང་དེ་ཉིད་བདག་ལ་བཅོལ་བ་བཞིན༌ནོ།།

ཕོལ་ལོལ་གྱི་བདེན༌དཔང༌།

12བདག་ལ་མཐུ་སྟོབས་གནང་མཁན་ཏེ་བདག་ཅག་གི་གཙོ་བོ་མཱ་ཤི༌ཀ་ཡེ་ཤུས། བདག་ནི་བློ་སེམས་དཀར་པོ་ཡིན་པ་གཟིགས་ནས་ཁོང་གི་ཞབས་ཕྱི་པར་བསྐོས་པས་ངས་ཁོང་ལ་ཐུགས་རྗེ༌ཆེ་ཞུའོ།། 13སྔོན་ཆད་ང་རང་ནི་དཀོན་མཆོག་ལ་སྐུར་བ་འདེབས་མཁན༌དང༌། དད་ལྡན་རྣམས་ལ་གཉའ་གནོན་བྱེད་མཁན༌དང༌མི་གདུག་རྩུབ་ཅན་ཞིག་ཡིན༌མོད། འོན་ཀྱང་དེ་ནི་བདག་ལ་དད་པ་མེད་པ་དང་ཅི་ཡང་མི་ཤེས་པའི་དུས་སུ་བྱས་པ་ཡིན༌པས། དཀོན་མཆོག་གིས་བདག་ལ་ཐུགས་རྗེ་དགོངས་པ༌དང༌། 14བདག་ཅག་གི་གཙོ་བོའི་ཐུགས་རྗེ་ནི་ལྷག་ཏུ་ཕུན་སུམ་ཚོགས་པ་ཡིན༌པས། བདག་ལའང་མཱ་ཤི་ཀ་ཡེ་ཤུའི་ནང་དུ་དད་སེམས་དང་བྱམས་པ་ལྡན་པར་གྱུར༌ཏོ།། 15མཱ་ཤི་ཀ་ཡེ་ཤུ་ནི་སྡིག་ཅན་རྣམས་སྐྱོབ་པའི༌ཕྱིར། འཇིག་རྟེན་དུ་ཕེབས་པ་ཡིན་ཞེས་པའི་གཏམ་འདི་ལ་ཡིད་རྟོན་རུང་བ་དང་ཧ་ཅང་ཁས་ལེན་འོས་པ་ཞིག་ཡིན་ཞིང་། བདག་ནི་མི་སྡིག་ཅན་རྣམས་ཀྱི་ཁྲོད་དུ་གཏེ་བོ་ཞིག་ཡིན་ནོ།། 16འོན་ཀྱང༌། ཡེ་ཤུ་མཱ་ཤི་ཀས་སྡིག་ཅན་རྣམས་ལས་གཏེ་བོ་ང་རང་ལྟ་བུའི་སྟེང་དུའང་ཁོང་གི་བཟོད་པ་ཚད་མེད་གནང་བ༌དང༌། ཕྱིས་སུ་ཁོང་ལ་དད་པ་བྱེད་ཅིང་མཐའ་མེད་པའི་ཚེ་སྲོག་ཐོབ་མཁན་རྣམས་ལ་ང་རང་མིག་དཔེ་རུ་མཛད་པའི༌ཕྱིར། ཁོང་གིས་བདག་ལ་ཐུགས་རྗེ་གནང༌བ་ཡིན་ནོ།། 17ཐོག་མཐའ་མེད་པའི་རྒྱལ་པོ༌དང༌། འཇིག་པ་མེད༌པ། མཐོང་རེག་བྲལ་བའི་དཀོན་མཆོག་ཁོ་ན་ཉིད་ལ་རྟག་ཏུ་བཀུར་བསྟི་དང་བསྟོད་པ་འབུལ་བར༌སྨོན། ཨ༌མེན། 18བདག་གི་བུ་ཐི་མོ་ཐེ། སྔོན་ཆད་ཁྱོད་ཀྱི་སྐོར་ལ་ལུང་བསྟན་གནང་བ་བཞིན། བདག་གིས་གོང་གི་བཀའ་དེ་ཁྱོད་ལ་གདམས་པར་བྱ༌སྟེ། ཁྱོད་ཀྱིས་ལུང་བསྟན་དེ་དག་ལ་བརྟེན་ནས་འཐབ་འཛིང་བཟང་པོ་བྱེད་པ༌དང༌། 19རྒྱུན་དུ་དད་སེམས་དང་བསམ་པ་རྣམ་དག་བཅང་ཐུབ་པའི་ཕྱིར༌རོ།། མི་ལ་ལས་དེ་སྤངས་པ་ནི་མཚོ་གྲུ་བྲག་རྡོ་ལ་ཐོགས་པ་བཞིན་དད་པ་ཉམས་པའོ།། 20དེ་དག་གི་ཁྲོད་དུ་ཧི་མེ་ནཱ་ཡུ་དང་ཨ་ལིག་སན་དིར་ཡོད༌དེ། ཁོ་གཉིས་ཀྱིས་དཀོན་མཆོག་ལ་སྐུར་བ་འདེབས་མི་རུང་བ་ཤེས་པའི་ཆེད༌དུ། ངས་དེ་གཉིས་བདུད་སཱ་ཏན་གྱི་ལག་ཏུ་སྤྲད་ཟིན༌ཏོ།།

༡ ཏི་མོ་ཐེའུ 2

གསོལ་འདེབས་ཀྱི་བསླབ༌བྱ།

1-2དེ་བས་ན། བདག་གིས་ཁྱོད་རྣམས་ལ་སྐུལ་བར༌བྱ་སྟེ། བདག་ཅག་གིས་དད་གུས་བྱེད་པ་དང་ཚུལ་མཐུན་ངང་བག་ཕབ་ལྷིང་འཇགས་ཀྱི་འཚོ་བ་རོལ་ཐུབ་པའི་ཕྱིར། ཐོག་མར་ཁྱོད་རྣམས་ཀྱིས་མི་ཐམས་ཅད༌དང༌། རྒྱལ༌པོ། དབང་ཤེད་ཅན་མཐའ་དག་གི་ཆེད༌དུ། དཀོན་མཆོག་ལ་ཞུ་བ་བྱེད་པ་དང༌། གསོལ་བ་འདེབས༌པ། ཚབ་ཞུ་བྱེད༌པ། བཀའ་དྲིན་ཞུ་བ་བཅས་བྱེད་པར༌གྱིས། 3དོན་འདི་ནི་བདག་ཅག་གི་སྐྱབས་མགོན་དཀོན་མཆོག་གི་སྤྱན་སྔར་ལེགས༌ཤིང་ཁོང་ཐུགས་དགྱེས༌པ་ཡིན། 4ཁོང་གིས་མི་ཐམས་ཅད་ལ་ཐར་པ་ཐོབ་པ་དང་ཀུན་གྱིས་བདེན་པ་ཉིད་རྟོགས་ཐུབ་པར་དགོངས་སོ།། 5ཅིའི་ཕྱིར་ཞེ་ན། དཀོན་མཆོག་གཅིག་ཁོ་ན་ཉིད་ལས་གཞན་མེད༌ཅིང༌། ཡང་དཀོན་མཆོག་དང་མིའི་རིགས་ཀྱི་བར་དུ་བར་མི་གཅིག་ལས་གཞན་མེད༌དེ། འཇིག་རྟེན་དུ་མི་རུ་འཁྲུངས་པའི་མཱ་ཤི་ཀ་ཡེ་ཤུ་ཡིན་པའི་ཕྱིར༌རོ།། 6ཁོང་གིས་རང་ཉིད་འཇིག་རྟེན་གྱི་མི་ཐམས་ཅད་ལ་བླུ་རིན་དུ་གནང༌ཞིང༌། དུས་ལ་བབས་པ་ན། དོན་འདིར་བདེན་དཔང་བྱས་པ་ཡིན། 7བདག་ནི་དོན་དེའི་ཆེད་དུ་ཆོས་སྒྲོག་མཁན༌དང༌སྐུ་ཚབ༌པར་བསྐོས་ཏེ། དད་པ་དང་བདེན་པ་ཉིད་ཀྱི་ཆ་ནས་ཕྱི་ཕྱོགས་པ་རྣམས་ཀྱི་དགེ་རྒན་ཡིན། དེ་ནི་བདག་གིས་བདེན་པར་སྨྲས་པ་ཡིན་གྱི་རྫུན་སྨྲས་པ་མ་ཡིན༌ནོ།། 8དེའི༌ཕྱིར། བདག་གིས་སྐྱེས་པ་རྣམས་ཀྱིས་ཞེ་སྡང་དང་རྩོད་གླེང་མེད་པར་རྣམ་པར་དག་པའི་ལག་ཟུང་ཡར་བཏེགས་ནས། གནས་གང་རུང་དུ་གསོལ་བ་འདེབས་པར་བསམས་སོ།། 9ཡང་བདག་གིས་བུད་མེད་རྣམས་ནི་ཁྲེལ་ཡོད་བག་ཡོད་ངང་ཚུལ་མཐུན་གྱི་གོས་གྱོན་པ༌ལས། མགོའི་སྐྲ་སླས་པ་དང་གསེར་དང་མུ་ཏིག་དང་གོས་ཆེན་སོགས་ཀྱིས་མི་བརྒྱན་པར༌སྨོན། 10དཀོན་མཆོག་ལ་དད་པ་ཡོད་ཟེར་བའི་སྐྱེས་མ་རྣམས་ཀྱིས་ལུས་ལ་དོན་བཟང་པོས་བརྒྱན་ན་འོས་སོ།། 11ཡང་བུད་མེད་རྣམས་ལྷོད་འཇགས་ངང་ཆོས་བསླབ་ཅིང་རྒྱུན་དུ་ངག་ལ་ཉན་པ་ཞིག་ཡིན་དགོས༌ཏེ། 12བུད་མེད་རྣམས་ལྷོད་འཇགས་སུ་སྡོད་པ་ལས་སྐྱེས་པ་རྣམས་ལ་ཆོས་བཤད་པའམ་མགོ་ཁྲིད་བྱེད་མི་རུང་ཞེས་བདག་གིས་སྨྲས༌པའོ།། 13ཅིའི་ཕྱིར་ཞེ་ན། ཐོག་མར་ཨ་དམ་དང་ཕྱིས་སུ་ཧ་ཝཱ་མཛད་པའི་ཕྱིར༌དང༌། 14ཡང་ཨ་དམ་བསླུས་པ་མ་ཡིན་པར་བུད་མེད་དེ་བསླུས་ནས་སྡིག་པའི་ནང་དུ་ལྷུང་བའི་ཕྱིར༌རོ།། 15འོན༌ཀྱང༌། བུད་མེད་རྣམས་ཀྱིས་རྟག་ཏུ་དད་སེམས་དང་བྱམས་པ་བཅངས་པ༌དང༌། སྤྱོད་ལམ་དྲང་ཞིང་བག་ཡོད་པ་ཡིན༌ན། ཕྲུ་གུ་བཙའ་བའི་དུས་སུ་ཁོ་མོ་རྣམས་ཐར་བར་འགྱུར་རོ།།

༡ ཏི་མོ་ཐེའུ 3

ཆོས་ཚོགས་ཀྱི་དོ་དམ་པ་དང་ལས་འཛིན་པའི༌སྐོར།

1སུ་ཞིག་གིས་དོ་དམ་པའི་འགན་འཁུར་འདོད༌ན། དེ་ནི་ལས་བཟང་པོར་ཡིད་སྨོན་ཤོར་བ་ཡིན་ཞེས་པ་ཡིད་རྟོན་རུང་བའི་གཏམ་ཡིན་ནོ།། 2དོ་དམ་པ་ནི་ངེས་པར་སྐྱོན་བརྗོད་རྒྱུ་ཅི་ཡང་མེད༌ཅིང༌། ཆུང་མ་གཅིག་ཁོ་ནའི་ཁྱོ་ག་ཡིན་པ༌དང༌། རང་ཚོད་ཟིན༌པ། བག་ཡོད༌པ། ཚུལ་མཐུན་ཡ་རབས་ཡིན༌པ། མགྲོན་པོ་བསུ་བར་དགའ༌བ། ཁྲིད་སྟོན་བྱེད་ནུས༌པ། 3ཆང་རག་འཐུང་བར་མི་རྔམ༌པ། མི་ལ་གཅར་རྡུང་མི་བྱེད༌པ། ཞི་ཞིང་དུལ༌བ། འཁྲུག་རྩོད་མི་བྱེད༌པ། རྒྱུ་ནོར་ལ་མི་རྔམ་པ་བཅས་ཡིན་དགོས༌ཤིང༌། 4རང་གི་ཁྱིམ་ཚང་བདག་སྐྱོང་ལེགས་པོ་བྱས་ཏེ་བུ་ཕྲུག་རྣམས་ལ་ཡ་རབས་སྤྱོད་བཟང་ཁྲིད་པ་དང་གུས་ལུགས་ཡོད་པ་ཞིག་ཡིན་དགོས། 5གལ༌ཏེ། སུ་ཞིག་གིས་རང་གི་ཁྱིམ་ཚང་ཙམ་ཡང་བདག་སྐྱོང་བྱེད་མི་ཤེས༌ན། དཀོན་མཆོག་གི་ཆོས་ཚོགས་ནི་ཇི་ལྟར་སྐྱོང་ནུས༌སམ། 6དད་ལྡན་གསར་པ་རྣམས་ནི་དོ་དམ་པ་བྱེད་མི་རུང༌སྟེ། མི་དེ་ནི་རང་རློམ་ཆེ་བར་འགྱུར་བ་དང་བདུད་ཀྱི་ཉེས་ཆད་ནང་དུ་ལྷུང་ཉེན་ཆེ་བས༌སོ།། 7ཡང་མི་གཞན་གྱིས་སྐུར་བ་མི་འདེབས་པ༌དང༌། བདུད་ཀྱི་རྙི་རྒྱ་རུ་མི་ཚུད་པའི༌ཕྱིར། དོ་དམ་པ་དེ་ནི་ཕྱི་ཕྱོགས་པ་རྣམས་ཀྱི་ཁྲོད་དུའང་ངེས་པར་མཚན་སྙན་ཅན་ཞིག་ཡིན་དགོས༌སོ།། 8ལས་འཛིན་པ་རྣམས་ཀྱང་དེ་བཞིན་ཡིན་ཏེ། ངེས་པར་ཡ་རབས་ཚུལ་དང་མཐུན་ཞིང་ཁ་ཞེ་གཉིས་མེད་ཡིན༌པ། ཆང་རག་མང་པོ་མི་འཐུང༌བ། རྒྱུ་ནོར་མི་གཙང་བ་ལ་མི་རྔམ་པ་བཅས་ཡིན་དགོས་པ༌དང༌། 9བསམ་པ་རྣམ་དག་གིས་དད་པའི་སྙིང་པོ་བརྟན་པོར་བསྲུང་དགོས་སོ།། 10མི་དེ་རྣམས་ལ་ཐོག་མར་བརྟག་དགོས༌ཤིང༌། སྐྱོན་བརྗོད་རྒྱུ་ཅི་ཡང་མེད་ན་མི་དེ་རྣམས་ལས་འཛིན་པར་བསྐོ་རུང་བ་ཡིན། 11བུད་མེད་རྣམས་ཀྱང་དེ་བཞིན་ཡིན་ཏེ། ངེས་པར་ཡ་རབས་ཚུལ་དང་མཐུན་ཞིང་ཕྲ་མ་མི་བྱེད༌པ། རང་ཚོད་ཟིན༌པ། དོན་ཀུན་ལ་བློ་སེམས་དཀར་བ་བཅས་ཡིན་དགོས་སོ།། 12ལས་འཛིན་པ་ནི་ངེས་པར་ཆུང་མ་གཅིག་ཁོ་ནའི་ཁྱོ་ག་ཡིན་པ༌དང༌། བུ་ཕྲུག་དང་རང་གི་ཁྱིམ་ཚང་བདག་སྐྱོང་ལེགས་པོ་བྱེད་མཁན་ཞིག་ཡིན་དགོས། 13ཅིའི་ཕྱིར་ཞེ་ན། ལས་འཛིན་པས་བྱ་བ་ལེགས་པར་བསྒྲུབས་ན་རང་ཉིད་ཡིད་དུ་འོང་བའི་གནས་སུ་སླེབས་པ༌དང༌། སྤོབས་པ་ཆེན་པོས་མཱ་ཤི་ཀ་ཡེ་ཤུ་ནང་གི་དད་པ་ལ་ཡིད་ཆེས་བརྟན་པོ་བྱེད་པའི་ཕྱིར༌རོ།། 14ང་རང་ཁྱོད་ཀྱི་གམ་དུ་མྱུར་བ་མྱུར་བར་འགྲོ་འདོད་ཆེ་བས་སྔོན་ཚུད་ནས་དོན་འདི་རྣམས་ཁྱོད་ལ་ཡི་གེར་འབྲི་བཞིན་ཡོད༌དེ། 15ང་རང་དུས་འགྱངས་ནས་མྱུར་དུ་མ་སླེབས་ན། ཁྱོད་ཀྱིས་ཀྱང་དཀོན་མཆོག་གི་ཁྱིམ་ཚང་ནང་དུ་ཇི་ལྟར་བྱེད་འོས་པ་ཤེས་པའི་ཕྱིར༌ཡིན་ཞིང་། ཁྱིམ་ཚང་དེ་ནི་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་གི་ཆོས་ཚོགས༌དང༌། བདེན་པ་ཉིད་ཀྱི་ཀ་རྡོ་དང་རྨང་གཞི་ཡིན་ནོ།། 16དད་གུས་ཀྱི་གསང་བ་ནི་རླབས་ཆེ་བ་ཞིག་ཡིན་པ་ཀུན་གྱིས་ཁས་ལེན་པར་གདོན་མི་ཟ༌སྟེ། མི་ཡི་ཤ་གཟུགས་བརྒྱུད་ནས་སྐྱབས་མགོན༌མངོན།། ཐུགས་ཉིད་ཀྱིས་ནི་རྣམ་དག་ཡིན་པ༌བསྟན།། ཕོ་ཉ་རྣམས་ནི་ཁོང་ལ་མཇལ་བ༌ཡིན།། མི་རིགས་དུ་མར་ཁོང་ཉིད་ཡོངས་སུ༌བསྒྲགས།། འཇིག་རྟེན་མི་རྣམས་ཁོང་ལ་དད་པར༌གྱུར།། གཟི་བརྗིད་ལྡན་པའི་ནམ་མཁའི་ཞིང་དུ༌དྲངས།།

༡ ཏི་མོ་ཐེའུ 4

ཐི་མོ་ཐེ་ལ་སློབ་སྟོན་གནང༌བ།

1དེ་ཡང་དམ་པའི་ཐུགས་ཉིད་ཀྱིས་འདི་སྐད༌དུ། དུས་ཕྱི༌མར་ཁ་ཅིག་གིས་དད་པ་རིང་དུ་སྤངས༌ཏེ། མི་ལ་བསླུ་བྲིད་བྱེད་པའི་ལོག་སེམས་དང་གདོན་འདྲེའི་ལོག་ལྟ་ལ་བརྟེན་ངེས་ཞེས་གསལ་པོར་གསུངས་སོ།། 2དེ་ནི་རྫུན་སྨྲ་མཁན་རྣམས་ཀྱི་ཚུལ་འཆོས་ལས་བྱུང༌ཞིང༌། མི་དེ་རྣམས་ཀྱི་བསམ་པ་ནི་ངར་ལྕགས་ཀྱིས་བསྲེགས་པ་དང་མཚུངས༌པས་སོ།། 3མི་དེ་དག་གིས་མནའ་མ་ཚུར་ལེན་ཕར་བསྐྱལ་བྱེད་མི་རུང་བ༌དང༌། ཁ་ཟས་ལ་ལ་བཟའ་མི་རུང་བར་བྱེད། འོན་ཀྱང༌། དད་པ་ཅན་དང་བདེན་པ་ཉིད་རྟོགས་མཁན་རྣམས་ཀྱིས་དྲིན་ལན་ཞུ་བའི་ངང་ནས་ལོངས་སུ་སྤྱོད་པའི༌ཕྱིར། དཀོན་མཆོག་གིས་ཁ་ཟས་དེ་དག་མཛད༌པ་ཡིན་ནོ།། 4དཀོན་མཆོག་གིས་བསྐྲུན་པ་ཐམས་ཅད་ནི་ལེགས་པོ་ཡིན༌པས། བཀའ་དྲིན་ཞུ་བའི་ངང་ནས་དང་དུ་བླངས་ན་འདོར་འོས་པ་གཅིག་ཀྱང་མེད༌དེ། 5ཅིའི་ཕྱིར་ཞེ་ན། དེ་རྣམས་དཀོན་མཆོག་གི་བཀའ་དང་མི་ཡིས་གསོལ་བ་བཏབ་པའི་དབང་གིས་དམ་པར་གྱུར་པའི་ཕྱིར༌རོ།། 6ཡང་ཁྱོད་ཀྱིས་དོན་འདི་དག་སྤུན་ཟླ་རྣམས་ལ་དྲན་སྐུལ་བྱེད༌ན། ཁྱོད་ནི་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་པ་བཟང་པོ་ཞིག་ཡིན༌ཞིང༌། དད་པའི་བཀའ་དང་ཁྱོད་ཀྱིས་སྔར་ནས་དང་ལེན་བྱས་པའི་ཡང་དག་པའི་བསྟན་པ་ལས་ཁྱོད་ལ་སློབ་གསོ་འཐོབ༌པ་ཡིན་ནོ།། 7ཡང་འཇིག་རྟེན་པའི་བཤད་རྒྱུན་དང་རྒན་མོ་རྣམས་ཀྱི་ཁུངས་ལུང་མེད་པའི་འཆལ་གཏམ་དག་རིང་དུ་སྤངས༌ཏེ། དད་གུས་ཐད་ལ་རང་ཉིད་སྦྱོང་བརྡར་བྱོས༌ཤིག 8ལུས་ཀྱིས་རྩལ་སྦྱོང་བྱས་ན་ཕན་ཐོགས་ཅུང་ཙམ་ཡོད༌ཀྱང༌། དད་གུས་ནི་དོན་ཐམས་ཅད་ལ་ཕན་ཐོགས་ཡོད༌དེ། མི་ཚེ་འདི་དང་མ་འོངས་པའི་ཚེ་སྲོག་གཉིས་ལ་ཞལ་བཞེས་གནང་ཡོད་པས༌སོ།། 9གཏམ་འདི་ནི་ཡིད་རྟོན་རུང་བ་དང་ཧ་ཅང་ཁས་ལེན་བྱེད་འོས་པ་ཞིག་ཡིན་ནོ།། 10ད་ལྟ་བདག་ཅག་གིས་དོན་དེར་ངལ་བས་བརྩོན་པར༌བྱའོ།། ཅིའི་ཕྱིར་ཞེ་ན། བདག་ཅག་གིས་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་ལ་རེ་སྨོན་བྱེད༌པ་དང༌། ཁོང་ནི་མི་ཐམས་ཅད་ཀྱི་སྐྱབས་མགོན་ཡིན་ཞིང་ལྷག་ཏུ་དད་ལྡན་རྣམས་ཀྱི་སྐྱབས་མགོན་ཡིན་པའི་ཕྱིར༌རོ།། 11ཁྱོད་ཀྱིས་དོན་འདི་དག་མི་གཞན་ལ་ཁ་བསྒོ་དང་སློབ་སྟོན་བྱེད་དགོས༌ཤིང༌། 12ཁྱོད་ཀྱིས་རང་ཉིད་ལོ་ན་གཞོན་པར་སུ་ལའང་མཐོང་ཆུང་བྱེད་དུ་མི་འཇུག༌པར། སྨྲ་བརྗོད༌དང༌། བྱ༌སྤྱོད། བྱམས༌སེམས། དད༌སེམས། རྣམ་དག་ཡིན་པ་བཅས་ནས་དད་ལྡན་རྣམས་ལ་མིག་དཔེ་སྟོན་པར༌གྱིས། 13ང་རང་ཡོང་བའི་བར་དུ་ཁྱོད་ཀྱིས་གསུང་རབ་ཀློག་འདོན་དང༌། སྐུལ་སློང༌། སློབ་སྟོན་བཅས་བྱེད་པ་ལ་བརྩོན་པར་བྱའོ།། 14ཁྱོད་ཀྱི་སེམས་ཁོང་དུ་ཡོད་པའི་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་ཏེ། དེ་སྔར་ཆོས་ཚོགས་ཀྱི་རྒན་པོ་རྣམས་ཀྱིས་ལུང་བསྟན་བརྒྱུད་ནས་ཁྱོད་ཀྱི་ལུས་ལ་ལག་པ་བཞག་པའི་དུས་སུ་ཐོབ་ཟིན་པ་དེར་མཐོང་ཆུང་མི་བྱའོ།། 15མི་ཐམས་ཅད་ཀྱིས་ཁྱོད་རང་ཡར་རྒྱས་སུ་འགྲོ་བ་མཐོང་བར་འགྱུར་བའི་ཕྱིར། ཁྱོད་ཀྱིས་དོན་འདི་རྣམས་ཧུར་ཐག་གིས་སྒྲུབ་ཅིང་བློ་སེམས་རྩེ་གཅིག་བྱེད་པར༌གྱིས། 16ཁྱོད་ཀྱིས་རང་ཉིད་དང་རང་གི་སློབ་སྟོན་ལ་གཟབ་གཟབ་བྱས་ནས་དོན་དེའི་ཐད་ལ་སྙིང་རུས་སྐྱེད༌ཅིག ཅིའི་ཕྱིར་ཞེ་ན། དེ་ལྟར་བྱས་ན་ཁྱོད་དང་ཁྱོད་ཀྱི་གཏམ་ལ་ཉན་མཁན་རྣམས་ཀྱང་བསྐྱབ་ནུས་པའི་ཕྱིར༌རོ།།

༡ ཏི་མོ་ཐེའུ 5

དད་ལྡན་རྣམས་སྐྱོང་བའི་འགན༌ཁུར།

1དེ་ཡང་ཁྱོད་ཀྱིས་མི་རྒན་པ་ལ་སྐྱོན་བརྗོད་ནན་མོ་མི་བྱེད་པར་རང་གི་ཕ་བཞིན༌དང༌། ན་གཞོན་རྣམས་ལ་སྤུན་བཞིན༌དང༌། 2བུད་མེད་རྒན་པ་རྣམས་ལ་མ་བཞིན༌དང༌། བུད་མེད་ན་གཞོན་རྣམས་ལ་ལྕམ་སྲིང་ལྟར་བསམ་པ་རྣམ་དག་གིས་ཁ་ཏ་བྱེད་པར༌གྱིས། 3ཡུགས་མོ་དངོས་མ་རྣམས་ལ་བརྩི་བཀུར༌བྱའོ།། 4འོན་ཀྱང༌། ཡུགས་མོ་ཞིག་ལ་བུ་ཕྲུག་དང་ཚ་བོའམ་ཚ་མོ་ཡོད༌ན། དེ་དག་གིས་ཐོག་མར་ཡུགས་མོ་ལ་རང་ཁྱིམ་ནས་སྲི་ཞུ་བྱེད་པ་དང༌། རང་གི་ཕ་མར་དྲིན་ལན་འཇལ་ཚུལ་ལ་གོམས་དགོས་པ་ཡིན། ཅིའི་ཕྱིར་ཞེ་ན། དེ་ནི་དཀོན་མཆོག་གི་སྤྱན་སྔར་དོན་བཟང་པོ་ཡིན་པའི་ཕྱིར་རོ།། 5ཡུགས་མོ་དངོས་མ་ནི་ཁོ་མོ་གཅིག་པུར་ལུས་ཤིང་རྟེན་ས་གཞན་མེད་པ༌དང༌། དཀོན་མཆོག་ལ་རེ་སྨོན་བྱེད་ཅིང་ཉིན་མཚན་མེད་པར་ཞུ་བ་བྱེད་པ་དང་གསོལ་བ་བཏབ་ནས་སྡོད་པ་ཞིག་ཡིན། 6འོན་ཀྱང༌། ལྟོ་གོས་གཏམ་ལ་ཆགས་པའི་ཡུགས་མོ་ནི་གསོན་པོའི་དུས་སུའང་ཤི་བ་དང༌འདྲའོ།། 7དེ་རྣམས་ལ་སྐྱོན་བརྗོད་རྒྱུ་ཅི་ཡང་མེད་པར་བྱེད་པའི༌ཕྱིར། ཁྱོད་ཀྱིས་དོན་འདི་དག་གི་སྐོར་ནས་ཡུགས་མོ་རྣམས་ལ་ཁ་བསྒོ་གཏོང་བར༌གྱིས། 8གལ༌ཏེ། སུ་ཞིག་གིས་རང་གི་གཉེན་ཉེ་ལ་ལྟ་སྐྱོང་མི་བྱེད་པ༌དང༌། ལྷག་པར་རང་གི་ཁྱིམ་མི་ལའང་ལྟ་སྐྱོང་མི་བྱེད༌ན། མི་དེ་ནི་དད་པ་དང་རིང་དུ་གྱེས༌ཤིང༌། དད་པ་མེད་པའི་མི་ལས་ཀྱང་ངན༌པའོ།། 9ཡུགས་མོའི་མིང་ཐོ་ནང་དུ་མིང་འགོད༌ན། ཡུགས་མོ་ནི་ངེས་པར་ལོ་དྲུག་ཅུའི་ཡན་ལ་སླེབས་པ་ཞིག༌དང༌། སྐྱེས་པ་གཅིག་ཁོ་ནའི་ཆུང་མ་བྱས་མྱོང་བ་ཞིག༌དང༌། 10དོན་བཟང་བསྒྲུབས་ནས་མཚན་སྙན་ཅན་ཞིག༌སྟེ། བུ་ཕྲུག་སྙོར་སྐྱོང་དང་མགྲོན་པོར་སྣེ་ལེན་བྱས་མྱོང་བ༌དང༌། དད་ལྡན་དམ་པ་རྣམས་ཀྱི་ཞབས་བཀྲུས་པ་དང་དཀའ་ངལ་ཅན་ལ་རོགས་རམ་བྱས་མྱོང༌བ། དོན་བཟང་པོའི་རིགས་ཐམས་ཅད་ཧུར་ཐག་གིས་བསྒྲུབས་མྱོང་བ་ཞིག་ཡིན་དགོས་སོ།། 11འོན་ཀྱང༌། ལོ་ན་གཞོན་པའི་ཡུགས་མོ་རྣམས་མིང་ཐོ་ནང་དུ་འགོད་པར་མི༌བྱའོ།། ཅིའི་ཕྱིར་ཞེ་ན། ཡུགས་མོ་རྣམས་སྐྱབས་མགོན་མཱ་ཤི་ཀ་དང་འགལ་ནས་འདོད་ཆགས་རྒྱས་པའི་དུས༌སུ། གཉེན་སྒྲིག་བྱེད་འདོད་པའི་ཕྱིར་ཡིན༌ཏེ། 12ཡུགས་མོ་རྣམས་སྔར་གྱི་དམ་བཅའ་དང་འགལ་བས་དེ་དག་ལ་སྐྱོན་འཛུགས་པར་འགྱུར། 13ཁོ་མོ་རྣམས་ལེ་ལོའི་དབང་དུ་སོང་སྟེ་ཁྱིམ་ནས་ཁྱིམ་གཞན་རྣམས་སུ་ཉུལ༌ཞིང་། ལེ་ལོ་ཅན་ཡིན་པར་མ༌ཟད། ངག་ནས་མི་བཤད་དགུ་བཤད་དང་དོན་མེད་ཀྱི་བྱ་བར་ཇུས་གཏོགས་བྱེད་པར་དགའ་བ༌དང༌། སྨྲ་མི་འོས་པའི་གཏམ་ཡང༌སྨྲ་བ་ཡིན་ནོ།། 14དེའི༌ཕྱིར། བདག་གིས་ལོ་ན་གཞོན་པའི་ཡུགས་མོ་རྣམས་ཀྱིས་ཡང་བསྐྱར་གཉེན་སྒྲིག་བྱས༌ཏེ། བུ་ཕྲུག་བཙའ་ཞིང་ཁྱིམ་སྐྱོང་བར་བསྐུལ་བ༌ཡིན། དེ་ནས་དགྲ་བོར་སྡིགས་དམོད་བྱེད་པའི་གླགས་མི་གཏོང་ངོ་།། 15ཅིའི་ཕྱིར་ཞེ་ན། འགའ་ཤས་ཁ་ཕྱིར་འཁོར་ནས་བདུད་སཱ་ཏན་གྱི་རྗེས་སུ་འབྲངས་པའི་ཕྱིར༌རོ།། 16ཆོས་ཚོགས་ཀྱིས་རྟེན་ས་མེད་པའི་ཡུགས་མོ་དངོས་མ་རྣམས་ལ་རོགས་རམ་བྱེད་པའི༌ཕྱིར། བུད་མེད་དད་ལྡན་གང་གི་ཁྱིམ་དུ་ཡུགས་མོ་ཡོད༌ན། ཁོ་མོར་རོགས་རམ་བྱེད་འོས་པ་ལས་ཆོས་ཚོགས་ལ་ཁག་འགེལ་མི་རུང༌ངོ་།། 17དེ་ཡང་ཆོས་ཚོགས་ལ་བདག་སྐྱོང་ལེགས་པོ་བྱེད་པའི་རྒན་པོ་རྣམས་ལ་བཀུར་སྟི་ཆེན་པོ་བྱ་འོས༌ཤིང༌། དཀའ་སྡུག་ངང་ནས་དཀོན་མཆོག་གི་བཀའ་སྒྲོག་པ་དང་ཁྲིད་སྟོན་བྱེད་མཁན་ལ་དེ་བས་ཀྱང་བརྩི་བཀུར་བྱ་འོས་སོ།། 18རྒྱུ་མཚན་ནི་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། གཡུལ་གཅོག་པའི་དུས༌སུ། །བ་གླང་མཆུ་ཏོ་མ༌སྡོམ། །ཞེས་གསུངས་པ༌དང༌། ཡང་ཇི་སྐད༌དུ། ལས་ཀ་བྱེད་མཁན་རྣམས་ལ་གླ་ཆ་སྟེར་འོས་ཞེས་གསུངས་པའི་ཕྱིར༌ཡིན། 19རྒན་པོ་ཞིག་ལ་སྐྱོན་ཡོད་པར་སྨྲ་བའི་དུས༌སུ། བདེན་དཔང་བྱེད་མཁན་གྱི་མི་གཉིས་སམ་གསུམ་མེད་ན་ཁས་ལེན་བྱ་མི་རུང༌ངོ་།། 20མི་གཞན་རྣམས་ཀྱང་འཇིགས་པའི༌ཕྱིར། མུ་མཐུད་དུ་སྡིག་པ་བྱེད་མཁན་ལ་མི་ཐམས་ཅད་ཀྱི་མདུན་དུ་སྐྱོན་བརྗོད༌ཅིག 21ངས་དཀོན་མཆོག་དང་མཱ་ཤི་ཀ་ཡེ་ཤུ་དང་ཁོང་གིས་བདམས་པའི་ཕོ་ཉ་རྣམས་ཀྱི་སྤྱན་སྔར་ཁྱོད་ལ་གདམས་པར་བྱ༌སྟེ། ཕྱོགས་ལྷུང་མེད་པར་བསླབ་བྱ་འདི་དག་བསྲུང་བར༌གྱིས། ལས་གང་ཞིག་བྱེད་ནའང་ཕྱོགས་རིས་མ་འཛིན༌ཅིག 22མི་ཡི་ལུས་ལ་ལག་པ་འཇོག་པར་བྲེལ་འཚབ་མི་ལངས་པར༌གྱིས། མི་གཞན་རྣམས་ཀྱི་སྡིག་པའི་ལས་ལ་མི་ཞུགས་པར་རང་ཉིད་རྣམ་དག་ཏུ་བསྲུང་བར༌གྱིས། 23ཁྱོད་ཀྱི་ཕོ་བ་མི་བདེ་ཞིང་བསྟུད་མར་ན་བ་བྱུང༌བས་ན། ཕྱིས་སུ་ཆུ་ཁོ་ན་མི་འཐུང་བར་རྒུན་ཆང་ཡང་ཉུང་ཙམ་འཐུང་བར༌གྱིས། 24མི་ཁ་ཤས་ཀྱི་སྡིག་པ་ནི་མངོན་གསལ་ཡིན༌ཏེ། སྔོན་ལ་ཁྲིམས་ཐག་གཅོད་སར་སླེབས་པ་ལྟ༌བུ་ཡིན་ནོ།། ཡང་མི་ཁ་ཤས་ཀྱི་སྡིག་པ་ནི་སྡིག་ཅན་དག་གི་རྗེས་སུ་འབྲངས་ནས་སླེབ་ངེས་སོ།། 25དེ་བཞིན་དུ་ལས་བཟང་པོ་རྣམས་ཀྱང་མངོན་གསལ་ཡིན༌ཞིང༌། མངོན་གསལ་མ་ཡིན་པ་རྣམས་ཀྱང་སྦ་མི་ནུས༌སོ།།

༡ ཏི་མོ་ཐེའུ 6

གཡོག་པོའི་སྐོར་ལ་གདམས༌པ།

1དེ་ཡང་དཀོན་མཆོག་གི་མཚན་དང་བསྟན་པ་ལ་སྐུར་བ་མི་འདེབས་པའི༌ཕྱིར། གཉའ་ཤིང་གི་འོག་ཏུ་ཡོད་པའི་གཡོག་པོ་ཐམས་ཅད་ཀྱིས་རང་རང་གི་བདག་པོ་རྣམས་ལ་ཕྱོགས་ཀུན་ནས་བརྩི་བཀུར་བྱེད་འོས་པར་རྩིས་ཤིག 2གཡོག་པོ་སུ་ཞིག་ལ་དད་པ་དང་ལྡན་པའི་བདག་པོ་ཡོད༌ན། ཁོ་རང་སྤུན་ཟླ་ཡིན་པའི་དབང་གིས་བདག་པོར་མཐོང་ཆུང་མི་བྱེད༌པར། ཞབས་ཕྱི་ལས་ཕན་ཐོགས་པའི་བདག་པོ་རྣམས་ནི་དད་པ་ཅན་དང་གཅེས་སུ་འོས་པའི་མི་ཡིན༌པས། དེ་རྣམས་ལ་ལྷག་པར་ཞབས་ཕྱི་བསྒྲུབ་དགོས། ཁྱོད་ཀྱིས་དོན་དེ་རྣམས་མི་གཞན་དག་ལ་བསླབ་པ་དང་བསྐུལ་བར་བྱའོ།།

རྒྱུ་ནོར་ལ་རྔམ་པའི་ལོག་ལྟ་ཅན་གྱི༌སྐོར།

3གལ༌ཏེ། སུ་ཞིག་གིས་ལྟ་བ་མི་མཐུན་པ་བསྒྲགས་ནས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡང་དག་པའི་གསུང་དང་དད་གུས་དང་མཐུན་པའི་ཆོས་དེ་ཁས་མི་ལེན༌ན། 4མི་དེ་ནི་ང་རྒྱལ་ཆེ་བ་དང་ཅི་ཡང་མི་ཤེས་ཤིང་ནན་འདྲི་བྱེད་པ་དང་ཁ་རྩོད་ཚིག་རྩོད་བྱེད་པ་ཁོ་ནར་དགའ་བ་ཞིག་ཡིན། དེ་ལས་ཕྲག་དོག༌དང༌། རྩོད༌པ། དམོད༌ཚིག དོགས་པ་ངན་པ་བཅས་འབྱུང་བ༌དང༌། 5བསམ་པ་ངན་པར་གྱུར་ཅིང་བདེན་པ་ཉིད་དང་བྲལ་བའི་རྩོད་པའང་རྒྱུན་ཆད་མེད་པར་འབྱུང༌། མི་དེ་དག་གིས་དད་གུས་བྱེད་པ་ནི་རྒྱུ་ནོར་འཐོབ་པའི་ཐབས་ལམ་ཡིན་པར་བསམས་སོ།། 6འོན་ཀྱང༌། དད་གུས་བྱེད་པ་ལ་འདོད་ཆུང་ཆོག་ཤེས་ལྡན་ན་ཕན་ཐོགས་ཤིན་ཏུ་ཆེའོ།། 7རྒྱུ་མཚན་ནི་བདག་ཅག་གིས་འཇིག་རྟེན་འདིར་ཅི་ཡང་འཁྱེར་མ་འོངས༌ལ། འཇིག་རྟེན་ནས་ཀྱང་ཅི་ཡང་འཁྱེར་མི་ནུས་པའི་ཕྱིར༌རོ།། 8དེ་བས་ཁ་ལ་ཟས་དང་རྒྱབ་ལ་གོས་ཡོད་ན་ཡིད་ཚིམ་དགོས་སོ།། 9འོན་ཀྱང༌། ཕྱུག་པོར་འགྱུར་འདོད་པ་རྣམས་ནི་ཉམས་ཚོད་དང་རྙི་རྒྱ་རུ་ཚུད༌པ་དང༌། བླུན་ཞིང་རྨོངས་པ་དང་གནོད་པ་ཆེ་བའི་འདོད་རྔམ་སྣ་ཚོགས་ཀྱི་ནང་དུ་ལྷུང་སྟེ་རང་ཉིད་བརླག་ཅིང་འཇིག་པར་འགྱུར་རོ།། 10ཅིའི་ཕྱིར་ཞེ་ན། རྒྱུ་ནོར་ལ་རྔམ་པ་ནི་ལས་ངན་པ་སྣ་ཚོགས་ཀྱི་འབྱུང་རྩ་ཡིན༌ལ། མི་ཁ་ཤས་རྒྱུ་ནོར་ལ་ཞེན་ཆགས་ཏེ་དད་པ་དང་ཁ་བྲལ་ནས་རང་གིས་རང་ཉིད་སྡུག་བསྔལ་མང་པོས་བརྟོལ་བར་བྱེད་པའི་ཕྱིར་རོ།།

ཕོལ་ལོལ་གྱིས་ཐི་མོ་ཐེ་ལ་བསླབ་བྱ་གནང༌བ།

11འོན་ཀྱང་། ཁྱོད་ནི་དཀོན་མཆོག་ལ་གཏོགས་པའི་མི་ཡིན་པས་གོང་གི་དོན་འདི་དག་དང་འབྲལ་བར༌གྱིས། དྲང་བདེན་དང་དད་གུས། དད་སེམས། བྱམས༌པ། བཟོད༌བསྲན། ཞི་དུལ་བཅས་བསྙེག་པར་བྱོས། 12ཁྱོད་ཀྱིས་དད་པའི་ཆེད་དུ་འཐབ་འཛིང་བཟང་པོ་བྱེད་པ་དང་། མཐའ་མེད་པའི་ཚེ་སྲོག་ཀྱང་གཟུང་བར་གྱིས་ཤིག ཁྱོད་ནི་དེའི་ཆེད་དུ་ཞལ་འབོད་གནང་བ༌དང༌། ཁྱོད་ཀྱིས་ཀྱང་དཔང་པོ་བྱེད་མཁན་མང་པོའི་ཁྲོད་ནས་བདེན་དཔང་བཟང་པོ་བྱས་མྱོང༌བ་ཡིན། 13བདག་གིས་སྲོག་ལྡན་ཐམས་ཅད་ལ་ཚེ་སྲོག་གནང་མཁན་དཀོན་མཆོག་གི་སྤྱན་དྲུང༌དང༌། ཕོན་ཏིའུ་པི་ལ་ཏུའི་མདུན༌དུ་བདེན་དཔང་བཟང་པོ་མཛད་མྱོང་མཁན་མཱ་ཤི་ཀ་ཡེ་ཤུའི་སྤྱན་སྔ་ནས་ཁྱོད་ལ་གདམས་པར་བྱ༌སྟེ། 14ཁྱོད་ཀྱིས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་མངོན་སུམ་དུ་ཕེབས་ཡོང་བའི་བར༌དུ། བཀའ་དེ་ལ་སྐྱོན་དང་དྲི་མས་མ་གོས་པར་བསྲུང་བར་བྱའོ།། 15དུས་ལ་བབས༌པ་ན། དཀོན་མཆོག་གིས་ཐམས་ཅད་མངོན་པར་མཛད་ངེས༌ཡིན་ལ། དཀོན་མཆོག་ནི་བསྟོད་པར་འོས་པ༌དང༌། ཀུན་ལ་དབང་མཛད་མཁན་ཁོ་ན༌ཉིད། རྒྱལ་པོ་རྣམས་ཀྱི་རྒྱལ་པོ་དང་གཙོ་བོ་རྣམས་ཀྱི་གཙོ་བོ༌སྟེ། 16ཁོང་ནི་ནམ་ཡང་འཆི་བ་མེད་པ་ཁོ་ན༌ཉིད། མི་རྣམས་ཉེ་སར་ཙམ་ཡང་འགྲོ་ཐབས་མེད་པའི་འོད་ཟེར་ནང་དུ་བཞུགས་པ༌དང༌། མི་སུས་ཀྱང་མཐོང་མ་མྱོང་ཞིང་མཐོང་ཡང་མི་ནུས་པ་དེ་ཉིད་ལགས་སོ།། ཁོང་ལ་བཀུར་བསྟི་དང་རྫོགས་མཐའ་མེད་པའི་མངའ་ཐང་ལྡན་པར༌ཤོག ཨ༌མེན། 17ཁྱོད་ཀྱིས་འཇིག་རྟེན་འདིར་ཕྱུག་པོ་ཡིན་པ་རྣམས་ལ་ང་རྒྱལ་མི་བྱེད་ཅིང་མི་རྟག་པའི་རྒྱུ་ནོར་ལ་བློ་མི་གཏོད༌པར། བདག་ཅག་ལ་རྒྱུ་ནོར་ལོངས་སྤྱོད་ཚད་མེད་གནང་མཁན་ཏེ་དཀོན་མཆོག་ཁོ་ནར་བརྟེན་འོས་པའི་བཀའ་བསྒོ་བར་བྱའོ།། 18ཡང་ཁོ་རྣམས་ལ་ལས་བཟང་པོ་བྱེད་པ༌དང༌། དོན་བཟང་མང་དུ་སྒྲུབ༌པ། གཏོང་ཕོད་ཆེ༌བ། མི་གཞན་ལ་སྦྱིན་པ་གཏོང་བར་དགའ་དགོས་པ་དང་། 19དེ་བཞིན་དུ་ཚེ་སྲོག་དངོས་མ་དེ་ཉིད་འཛིན་པའི་ཕྱིར། རང་གི་ཆེད་དུ་མ་འོངས་པར་རྨང་གཞི་བརྟན་པོའི་ནོར་བུ་གསོག་དགོས་པ་བཅས་ཀྱི་བཀའ་བསྒོ་བར་བྱའོ།། 20ཀྱེ། ཐི་མོ༌ཐེ། ཁྱོད་ལ་བཅོལ་ཞིང་གདམས་པ་རྣམས་བསྲུང་བར་བྱའོ།། འཇིག་རྟེན་གྱི་སྙིང་པོ་མེད་པའི་འཆལ་གཏམ༌དང༌། བདེན་པ་ཉིད་དང་འགལ་ཞིང་ཡོན་ཏན་དུ་རློམ་པའི་འཁྲུལ་ཤེས་བཅས་ལ་ཁ་འབྲལ་བར༌གྱིས། 21མི་འགའ་ཞིག་གིས་རང་ཉིད་ལ་ཡོན་ཏན་དེ་ལྟ་བུ་ལྡན་པར་སྨྲ་ཞིང་དད་པ་དང་ཁ་བྲལ་བའོ།། ཐུགས་རྗེ་ནི་རྟག་ཏུ་ཁྱོད་ཅག་དང་མཉམ་དུ་གནས་པར༌སྨོན།།།།

༢ ཏི་མོ་ཐེའུ 1

འཕྲིན་ཡིག་བསྐུར༌ཡུལ།

1དེ་ཡང་ཕོལ་ལོལ་བདག་ནི་དཀོན་མཆོག་གི་ཐུགས་དགོངས་དང་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཡོད་པའི་ཚེ་སྲོག་གི་ཞལ་བཞེས་གནང་བ་བཞིན་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་པ་ཞིག་ཡིན་ནོ།། 2འཕྲིན་ཡིག་འདི་ནི་བདག་གི་སྙིང་ནས་བརྩེ་བའི་བུ་ཐི་མོ་ཐེ་ལ་སྤྲིངས་པ་ཡིན༌ཏེ། ཡབ་དཀོན་མཆོག་དང་བདག་ཅག་གི་གཙོ་བོ་མཱ་ཤི་ཀ་ཡེ་ཤུ་ནས་ཁྱོད་ལ་བྱམས་དང་སྙིང༌རྗེ། ཞི་བདེ་བཅས་འཐོབ་པར༌སྨོན།

བསམ་པ་དྲང་ཕྱོགས་སུ་བསྐུལ༌བ།

3བདག་གིས་དཀོན་མཆོག་ལ་བཀའ་དྲིན༌ཞུའོ།། ངས་རང་གི་མེས་པོས་མཛད་པ་བཞིན་བསམ་པ་རྣམ་དག་གིས་དཀོན་མཆོག་ལ་བསྙེན་བཀུར་བྱེད་ཅིང༌། གསོལ་བ་འདེབས་པའི་ཚེ་ཁྱོད་རང་ཉིན་མཚན་མེད་པར་དྲན༌པ་དང༌། 4དེ་སྔར་ཁྱོད་ཀྱི་མིག་ལས་མཆི་མ་བཞུར་མྱོང་བ་ཡིད་ལ་དྲན་ཞིང༌། བདག་གི་སེམས་ནི་དགའ་སྤྲོས་ཁེངས་པའི༌ཕྱིར། ཁྱོད་དང་ངོ་འཕྲད་འདོད་ཤིན་ཏུ་ཆེའོ།། 5ཁྱོད་ཀྱི་བཅོས་མ་མིན་པའི་དད་པ༌ནི། ཐོག་མར་ཁྱོད་ཀྱི་རྨོ་མོ་ལོ་ཨེ་སི་དང་ཡུམ་ཨིའུ་ནེ་ཀེའི་སེམས་སུ་ཡོད་པ་དེ་ངས་ཡིད་ལ་ཤར༌ཞིང༌། ཁྱོད་ཀྱི་སེམས་སུའང་ཡོད་པར་བདག་ལ་ཡིད་ཆེས་བརྟན་པོ་ཡོད། 6དེའི༌ཕྱིར། བདག་གིས་ཁྱོད་ལ་དྲན་སྐུལ༌བྱ་སྟེ། ངས་སྔོན་ཆད་རང་གི་ལག་པ་ཁྱོད་ཀྱི་ལུས་ལ་བཞག་པ་བརྒྱུད་ནས། ཁྱོད་ལ་ཐོབ་པའི་དཀོན་མཆོག་གི་གནང་སྦྱིན་དེ་ཁྱོད་ཀྱིས་སླར་ཡང་མེ་ལྟར་གསོ་བར༌གྱིས། 7ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་བདག་ཅག་ལ་སྡར་མའི་སེམས་གནང་བ་མ་ཡིན༌པར། ཞུམ་མེད་དང་བྱམས༌པ། རང་གཅུན་ཐུབ་པའི་སེམས་བཅས་གནང་བའི་ཕྱིར༌རོ།། 8དེ་བས་ན། ཁྱོད་ཀྱིས་བདག་ཅག་གི་གཙོ་བོ་ལ་བདེན་དཔང་བྱེད་པ༌དང༌། ཡང་ན་ཁོང་གི་ཆེད་དུ་ང་རང་བཙོན་དུ་བཅུག་ཡོད་པ་ནི་ངོ་ཚ་ཞིག་ཏུ་མི་བརྩི༌བར། དཀོན་མཆོག་གི་ནུས་མཐུ་ལ་བརྟེན་ནས་འཕྲིན་བཟང་གི་ཆེད༌དུ། བདག་དང་ལྷན་ཅིག་སྡུག་བསྔལ་མྱོང་བར༌གྱིས། 9དཀོན་མཆོག་གིས་བདག་ཅག་བསྐྱབས་ཤིང་དམ་པའི་ཞལ་འབོད་ཀྱིས་བོས་པ་ཡིན་ཞིང༌། དེ་ནི་བདག་ཅག་གིས་ཅི་བྱས་པ་བཞིན་ཐོབ་པ་མ་ཡིན༌པར། ཁོང་གི་ཐུགས་དགོངས་དང་ཐུགས་རྗེ་བཞིན་དུ་མཛད༌པ་ཡིན་ནོ།། ཐུགས་རྗེ་ནི་དུས་ཀྱི་ཐོག་མའི་སྔ་རོལ་ནས་མཱ་ཤི་ཀ་ཡེ་ཤུ་བརྒྱུད་ནས་བདག་ཅག་ལ་གནང་བ་ཡིན༌མོད། 10འོན་ཀྱང་ད་ལྟ་བདག་ཅག་གི་སྐྱབས་མགོན་མཱ་ཤི་ཀ་ཡེ་ཤུ་དངོས་སུ་བྱོན་པ་བརྒྱུད་ནས་ཐུགས་རྗེ་དེ་ཕྱིར་མངོན་པ་ཡིན༌ལ། ཁོང་གིས་འཆི་བ་བཅོམ་ཞིང་འཕྲིན་བཟང་བརྒྱུད་ནས་འཇིག་པ་མེད་པའི་ཚེ་སྲོག་མངོན་གསལ་དུ་བསྟན་ཏོ།། 11འཕྲིན་བཟང་འདིའི་ཆེད་དུ་ང་རང་ཆོས་སྒྲོག་མཁན༌དང༌། སྐུ་ཚབ༌པ། དགེ་རྒན་བཅས་སུ་བསྐོས་པ༌དང༌། 12དོན་འདིའི་རྐྱེན་གྱིས་བདག་གིས་ཀྱང་སྡུག་བསྔལ་དེ་དག་མྱོང༌མོད། འོན་ཀྱང༌། ང་རང་དོན་འདིར་ངོ་མི་གནོང༌ངོ་།། ཅིའི་ཕྱིར་ཞེ་ན། བདག་གིས་སུ་ལ་དད་པ་བྱེད་པ་ཤེས་ཤིང་ཉིན་མོ་དེ་སླེབ་པའི་བར༌དུ། ཁོང་ལ་སྐྱབས་སུ་བཅོལ་བ་གང་ཞིག་ཁོང་གིས་བསྲུང་ནུས་པར་བདག་ལ་ཡིད་ཆེས་བརྟན་པོ་ཡོད་པའི་ཕྱིར༌རོ།། 13ཡང་ཁྱོད་ཀྱིས་རྟག་ཏུ་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཡོད་པའི་དད་སེམས་དང་བྱམས་པ་ལ་བརྟེན་ནས། བདག་གི་ངག་ལས་ཐོས་པའི་ཡང་དག་པའི་བསྟན་པ་བསྲུང་བར་བྱའོ༎ 14དེ་སྔར་ཁྱོད་ལ་བཅོལ་བའི་དོན་བཟང་པོ༌དེ། ཁྱོད་ཀྱིས་བདག་ཅག་གི་སེམས་ཁོང་དུ་བཞུགས་པའི་དམ་པའི་ཐུགས་ཉིད་ལ་བརྟེན་ནས་བརྟན་པོར་བསྲུང་བར༌གྱིས། 15ཨེ་ཞི་ཡཱ་ཡུལ་དུ་ཡོད་པའི་མི་ཐམས་ཅད་ཀྱིས་ང་རང་སྤངས་པ་ནི་ཁྱོད་ཀྱིས་ཤེས་པ༌དང༌། དེ་དག་གི་ཁྲོད་དུ་ཕི་གེལ་ལུ་དང་ཧེར་མོ་གེ་ནཱ་གཉིས་ཀྱང་ཡོད་དོ།། 16ཨོ་ནེ་སི་ཕུ་རུའི་ཁྱིམ་མི་རྣམས་ལ་གཙོ་བོས་ཐུགས་རྗེ་གནང་བར༌སྨོན། ཅིའི་ཕྱིར་ཞེ་ན། ཁྱིམ་བདག་དེས་ཐེངས་མང་པོར་བདག་ལ་སེམས་གསོ་གནང་ཞིང༌། ང་རང་ལྕགས་སྒྲོག་གིས་བཅིངས་པའི་དོན་དེ་ངོ་ཚ་ཞིག་ཏུ་མ་བརྩིས༌པར། 17དེ་ལས་ལྡོག་སྟེ་ཁོ་རང་རོ་མཱ་རུ་ཡོད་པའི་དུས༌སུ། འབད་པའི་ངང་ནས་ང་རང་བཙལ་ནས་རྙེད་པའི་ཕྱིར༌རོ།། 18མ་འོངས་པའི་ཉིན་མོ༌དེར། གཙོ་བོས་རང་ཉིད་ཀྱི་ཐུགས་རྗེ་ཁོ་རང་ལ་གནང་བར༌སྨོན། ཁོས་ཨེ་ཕེ་སི་ནས་བདག་ལ་ཇི་ལྟར་ཞབས་ཕྱི་མང་དུ་བྱས་པ་ཁྱོད་ཀྱིས་ཤེས་པ་ཡིན་ནོ༎

༢ ཏི་མོ་ཐེའུ 2

སྤོབས་པ་སྩོལ་བའི་སྐུལ༌མ།

1དེ་ལྟར་ཡིན་པས། བདག་གི༌བུ། ཁྱོད་ནི་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཡོད་པའི་ཐུགས་རྗེ་ལ་བརྟེན་ནས་སྤོབས་པ་དང་ལྡན་པར་གྱུར༌ཅིག 2ཁྱོད་ཀྱིས་དཔང་པོ་བྱེད་མཁན་མང་པོའི་མདུན༌དུ། བདག་གི་ངག་ལས་ཐོས་པའི་བསླབ་བྱ༌དག་ནི། མི་གཞན་ལ་སློབ་སྟོན་བྱེད་ནུས་པ་དང་ཡིད་རྟོན་རུང་བའི་མི་རྣམས་ལའང་བཅོལ་བར༌གྱིས། 3ཁྱོད་ཀྱིས་མཱ་ཤི་ཀ་ཡེ་ཤུའི་དམག་མི་ཕུལ་བྱུང་ཅན་དང་མཚུངས་པར་བདག་དང་མཉམ་དུ་སྡུག་བསྔལ་མྱང༌དགོས་སོ།། 4དམག་མི་སུས་ཀྱང་དམག་དཔོན་གྱི་ཐུགས་དགྱེས་པར་བྱ༌ཆེད། རང་ཉིད་འཇིག་རྟེན་གྱི་བྱ་བའི་ནང་དུ་ལྷུང་བར་མི་བྱེད། 5ཡང་སུ་ཞིག་གིས་ལུས་རྩལ་འགྲན་བསྡུར་བྱེད༌སྐབས། སྒྲིག་ལམ་བཞིན་དུ་འགྲན་བསྡུར་མ་བྱས་ན་དེ་ལ་རྒྱལ་ཁའི་ཅོད་པན་མི་འཐོབ་བོ།། 6ཡང་ལུས་ཤུགས་ངལ་རྩོལ་བྱེད་པའི་ཞིང་པ་ལ་ཐོག་མར་འབྲུ་རིགས་ཀྱི་སྐལ་བ་འཐོབ་འོས། 7གཙོ་བོས་ཁྱོད་ལ་དོན་ཀུན་རྟོགས་པའི་བློ་རིག་གནང་ངེས༌པས། བདག་གིས་སྨྲས་པ་རྣམས་ལ་ཁྱོད་ཀྱིས་ཀྱང་བསམ་མནོ་གཏོང་བར༌གྱིས། 8ཁྱོད་ཀྱིས་ཡེ་ཤུ་མཱ་ཤི་ཀ་ཡིད་ལ་གཟུང་བར་བྱའོ།། བདག་གིས་སྒྲོག་པའི་འཕྲིན་བཟང་བཞིན། ཁོང་ནི་དཱ་བིད་ཀྱི་གདུང་རྒྱུད་ཡིན་ཞིང་སྐུ་གྲོངས་པ་ནས་སླར་གསོན་པ༌དེ་ཡིན། 9འཕྲིན་བཟང་འདིའི་ཆེད་དུ་བདག་གིས་སྡུག་བསྔལ་མྱོང་བ་དང༌། ཐ་ན་ང་རང་ཉེས་ཅན་བཞིན་དུ་ལྕགས་སྒྲོག་གིས་ཀྱང་བཀྱིགས་མོད། འོན་ཀྱང་དཀོན་མཆོག་གི་བཀའ་ནི་འཁྱིག་མི་ཐུབ་བོ།། 10དེའི༌ཕྱིར། བདམས་པའི་མི་རྣམས་ཀྱི་ཆེད༌དུ། བདག་གིས་དོན་ཀུན་ལ་བཟོད་བསྲན་བྱེད་བཞིན་ཡོད༌དེ། མི་དེ་རྣམས་ལའང་མཱ་ཤི་ཀ༌ཡེ་ཤུའི་ནང་དུ་ཡོད་པའི་ཐར་པ་དང་མཐའ་མེད་པའི་གཟི་བརྗིད་འཐོབ་པའི་ཕྱིར༌རོ།། 11དེ་ལ་ཡིད་རྟོན་རུང་བའི་གཏམ་ཞིག་ཡོད་པ་འདི་ལྟ༌སྟེ། བདག་ཅག་ཁོང་དང་ལྷན་ཅིག་གྲོངས་པས༌ན།། ཁོང་དང་ལྷན་དུ་གསོན་པ་གདོན་མི༌ཟ།། 12བདག་ཅག་གིས་ཀྱང་བཟོད་བསྲན་བྱེད་ནུས༌ན།། ཁོང་དང་ལྷན་ཅིག་རྒྱལ་སྲིད་བསྐྱང་བར༌འགྱུར།། བདག་ཅག་ཁོང་ལ་ངོ་ལོག་བྱས་གྱུར༌ན།། ཁོང་གིས་བདག་ཅག་ཁས་ལེན་མི་མཛད་དོ།། 13བདག་ཅག་ཁ་བཤད་ཚིག་ལ་མི་གནས༌ཀྱང་།། ཁོང་ནི་རང་ཚིག་སྔ་ཕྱི་འགལ་མིན་པས༎ སྔར་བཞིན་རང་གི་གསུང་ལ་གནས་པར༌འགྱུར།།

དཀོན་མཆོག་ཐུགས་མཉེས་པའི་བཟོ་བ།

14ཁྱོད་ཀྱིས་མི་གཞན་རྣམས་ལ་གོང་གི་དོན་དེ་དག་དྲན་སྐུལ་བྱོས། དཀོན་མཆོག་གི་སྤྱན་སྔར་ཁོ་རྣམས་ལ་ཚིག་རྩོད་མི་བྱེད་པའི་བཀའ་བསྒོ་བར་གྱིས། ཚིག་རྩོད་ཙམ་ལ་ཕན་པ་ཅི་ཡང་མེད་པ་དང་ཉན་མཁན་རྣམས་ཀྱི་སེམས་བརླག་པར་བྱེད་པའི་རྒྱུ་ཁོ༌ན་ཡིན་ནོ།། 15ཁྱོད་ཀྱིས་དཀོན་མཆོག་གི་དྲུང་དུ་ཚོད་བགམ་ཐེག་པའི་མི་ཞིག་དང་། ངོ་གནོང་མི་དགོས་པའི་བཟོ་བ་ཞིག་བྱེད་པ་དང་། བདེན་པའི་བཀའ་ཡང་དག་པར་སྟོན་པ་བཅས་ལ་བརྩོན་པར་བྱའོ།། 16འཇིག་རྟེན་གྱི་སྙིང་པོ་མེད་པའི་འཆལ་གཏམ་གྱིས་སྔར་ལས་ཀྱང་དད་གུས་མེད་པའི་གནས་སུ་འདྲེན་པར་བྱེད༌པས། ཁྱོད་ནི་དེ་དག་དང་རིང་དུ་འབྲལ་བར༌གྱིས། 17མི་དེ་དག་གི་གཏམ་ནི་འདྲུལ་ནད་དང་མཚུངས་པར་ཚབས་ཆེན་དུ་འགྲོ༌ཞིང༌། མི་དེ་དག་གི་ཁྲོད་དུ་ཧི་མེ་ནཱ་ཡུ་དང་ཕི་ལེ་ཏི་གཉིས་ཀྱང་ཡོད༌ལ། 18ཁོ་གཉིས་བདེན་པ་ཉིད་དང་བྲལ་ཞིང་སླར་གསོན་པར་འགྱུར་བའི་དོན་ནི་འདས་ཟིན་པ་ཡིན་ཞེས་སྨྲས་ནས་མི་ཁ་ཤས་ཀྱི་དད་པར་གནོད་བསྐྱལ་ཏོ།། 19འོན་ཀྱང༌། དཀོན་མཆོག་གི་རྨང་གཞི་བརྟན་པོ་དེ་ནི་བཙུགས་ཟིན༌ཅིང༌། དེའི་སྟེང་དུ་རྟགས་མཚན་ཡང་འདི་ལྟར་བཀོད་ཡོད༌དེ། གཙོ་བོས་སུ་ཞིག་རང་ཉིད་ཀྱི་མི་ཡིན་པ་མཁྱེན་ནོ་ཞེས༌དང༌། ཡང་གཙོ་བོའི་མཚན་བརྗོད་མཁན་ཐམས་ཅད་ནི་ལས་ངན་པ་དང་ཁ་འབྲལ་དགོས་ཞེས༌པའོ།། 20ཕྱུག་པོའི་ཁང་ཆེན་དུ་གསེར་སྣོད་དང་དངུལ་སྣོད་ལས༌གཞན། ཤིང་སྣོད་དང་རྫ་སྣོད་ཀྱང་ཡོད༌དེ། ལ་ལ་ནི་མཆོག་ཏུ་བཀོལ་ཞིང་ལ་ལ་ནི་དམན་པར་བཀོལ༌བ་ཡིན་ནོ།། 21དེ་བཞིན་དུ། སུ་ཞིག་གིས་རང་ཉིད་གཙང་མར་བཟུང་སྟེ་དམན་པའི་དོན་རྣམས་སྤངས༌ན། སྣོད་མཆོག་ཏུ་འགྱུར་ངེས་ཤིང༌། དམ་པར་མཛད༌པ་དང་། བདག་པོ་ལ་ཕན༌པ། ལས་བཟང་པོའི་རིགས་ཐམས་ཅད་བསྒྲུབ་པར་སྟ་གོན་བྱས་ཟིན་པའོ།། 22ཡང་ཁྱོད་ཀྱིས་ན་གཞོན་གྱི་འདོད་ཆགས་སྤངས༌ཏེ། བསམ་པ་རྣམ་དག་གིས་གཙོ་བོ་ལ་གསོལ་བ་འདེབས་མཁན་རྣམས་དང་ལྷན་ཅིག་དྲང་བདེན་དང༌། དད༌པ། བྱམས༌པ། ཞི་བདེ་བཅས་ལ་བརྩོན་པར༌གྱིས། 23བླུན་ཞིང་རྨོངས་པའི་ཁ་རྩོད་ཀྱིས་རྩོད་གཞི་སློང་བ་ཁྱོད་ཀྱིས་ཤེས་པས་དོན་དེའི་རིགས་རྩ་བ་ནས་སྤང་དགོས་སོ།། 24གཙོ་བོའི་ཞབས་ཕྱི་པ་རྣམས་ཀྱིས་ཁ་རྩོད་ཚིག་རྩོད་མི་བྱེད༌པར། མི་ཐམས་ཅད་ལ་ཞི་བའི་རྣམ་འགྱུར་འཛིན་པ༌དང༌། སློབ་སྟོན་བྱེད་ནུས༌པ། བཟོད་བསྲན་ཡོད་པར་བྱ་དགོས་ཤིང༌། 25ཞི་འཇམ་གྱི་ངང་ནས་ངོ་རྒོལ་བྱེད་མཁན་ལ་ཁ་ཏ་བྱེད་དགོས། དཀོན་མཆོག་གིས་ཁོ་རྣམས་ལ་འགྱོད་བཤགས་ཀྱི་སེམས་གནང་སྲིད༌ཅིང༌། དེ་དག་གིས་ཀྱང་བདེན་པ་ཉིད་རྟོགས་པར་འགྱུར་བ༌དང༌། 26བདུད་ཀྱིས་རང་དགར་བཟུང་ཡོད་ནའང་ཁོ་རྣམས་གོ་རྟོགས་སད་ནས་བདུད་ཀྱི་རྙི་རྒྱ་ལས་ཐར་བར་འགྱུར༌རོ།།

༢ ཏི་མོ་ཐེའུ 3

མཐའ་མའི་ཉིན་དག་གི་སྤྱོད་ལམ༌སྐོར།

1དེ་ཡང་མཐའ་མའི་ཉིན་མོ་དག་ལ་དཀའ་སྡུག་ཆེ་བའི་དུས་ཤིག་སླེབ་ངེས་པ་ཤེས་པར༌གྱིས། 2ཅིའི་ཕྱིར་ཞེ་ན། དེའི་དུས་སུ། མི་རྣམས་ཀྱིས་རང་དོན་ཁོ་ན་བསམ་ཞིང་རྒྱུ་ནོར་ལ་རྔམ་པ༌དང༌། རང་རློམ་ཆེ༌བ། ང་རྒྱལ་ཆེ༌བ། ཚིག་རྩུབ་སྨྲ༌བ། ཕ་མའི་ངག་ལ་མི་ཉན༌པ། བཀའ་དྲིན་མི་དྲན༌པ། དམ་པ་མ་ཡིན༌པ། 3བརྩེ་སེམས་མེད༌པ། འགལ་བའི་མདུད་པ་མི་དགྲོལ༌བ། སྙོན་འཛུགས་པར་དགའ༌བ། རང་ཚོད་མི་ཟིན༌པ། གདུག་རྩུབ་ཆེ༌བ། དོན་བཟང་པོར་མི་དགའ༌བ། 4ངོ་ལོག༌པ། མི་ལས་དགུ་ལས། རང་ཆེ་རང་མཐོ། འདོད་ཡོན་ལ་ཆགས་པ་ལས་དཀོན་མཆོག་ལ་མི་དགའ་བ་བཅས་འབྱུང་བ་ཡིན་ནོ།། 5དེ་དག་ལ་དད་གུས་ཀྱི་ཕྱི་ཚུལ་ཙམ་ཡོད༌ནའང༌དད་གུས་ཀྱི་སྙིང་པོ་སྤངས་ཡོད་པས་ཁྱོད་ཀྱིས་དེའི་རིགས་དང་རྒྱང་བཀྱེད་པར༌བྱའོ།། 6མི་དེ་དག་གི་ཁྲོད་དུ་འགའ་ཞིག་བུད་མེད་བླུན་མ་རྣམས་ཀྱི་ཁྱིམ་དུ་འཛུལ་ནས་ཁོ་མོ་དག་ལ་དབང་བསྒྱུར༌ཞིང་། བུད་མེད་དེ་དག་ནི་སྡིག་པའི་ཁུར་གྱིས་མནན་ཞིང་འདོད་ཆགས་སྣ་ཚོགས་ཀྱིས་བསླུས༌ཏེ། 7བདེན་པ་ཉིད་རྟག་ཏུ་བསླབས་དང་སློབ་བཞིན་ཡོད་ནའང་དོན་ནི་གཏན་ནས་རྟོགས་མི་ནུས་སོ།། 8སྔོན་ཆད་ཡཱན་ནེ་དང་ཡཱམ་བྲེ་གཉིས་ཀྱིས་མོ་ཤེ་ལ་ཇི་ལྟར་རྒོལ་བ་བཞིན། མི་འདི་དག་གིས་ཀྱང་བདེན་པ་ཉིད་ལ་རྒོལ་བ༌དང༌། དེ་དག་གི་བསམ་པ་ངན་པར་གྱུར་པས་དེ་རྣམས་ནི་དད་པའི་ཆ་ནས་འདོར་རུང༌བ་ཡིན་ནོ།། 9འོན་ཀྱང༌། མི་དེ་དག་གི་བླུན་རྟགས་ནི་མི་དེ་གཉིས་དང་འདྲ་བར་ཐམས་ཅད་ཀྱི་མདུན་དུ་གསལ་རྗེན་དུ་མངོན་ངེས༌པས། སྤྱོད་ལམ་དེ་ལྟ་བུ་འཕེལ་བར་མི་འགྱུར༌རོ།།

ཕོལ་ལོལ་གྱིས་ཐི་མོ་ཐེ་ལ་གདམས༌པ།

10འོན་ཀྱང་། ཁྱོད་ཀྱིས་བདག་གི་སློབ་སྟོན༌དང༌། སྤྱོད༌ལམ། ཕུགས་འདུན། དད༌པ། བཟོད༌སྒོམ། བྱམས༌པ། བཟོད་བསྲན་བཅས་ལ་བསྟུན་པར་མ༌ཟད། 11སྔོན་ཆད་ངས་ཨན་ཏི་ཡོག་ཡཱ་དང༌། ཨི་ཀོན་ཡུ། ལིས་ཏྲ་བཅས་ནས་མྱངས་པའི་གཉའ་གནོན་དང་སྡུག་བསྔལ་ལའང་བསྟུན༌ཏེ། བདག་གིས་བཟོད་བསྲན་བྱས་པའི་གཉའ་གནོན་ནི་ཅི་འདྲའི་ཚབས་ཆེ་ཨང་། འོན་ཀྱང་གཙོ་བོས་ང་རང་དེ་ཐམས་ཅད་ལས་བསྐྱབས༌པའོ།། 12སྤྱིར་མཱ་ཤི་ཀ་ཡེ་ཤུའི་ནང་དུ་དད་གུས་ངང་འཚོ་འདོད་པ་ཐམས་ཅད་ལ་གཉའ་གནོན་ཐེབས་ངེས༌ཡིན། 13མི་ངན་པ་དང་བསླུ་བྲིད་བྱེད་མཁན་རྣམས་ནི་སྔར་ལས་ཀྱང་ཇེ་ངན་དུ་འགྱུར་བ༌དང༌། མི་ལ་མགོ་སྐོར་གཏོང་བ་དང་རང་ཉིད་ཀྱང་མི་གཞན་གྱི་གཡོ་འོག་ཏུ་ཚུད་པར་འགྱུར་རོ།། 14འོན་ཀྱང༌། ཁྱོད་ཀྱིས་ཅི་ཞིག་བསླབས་པ་དང་གང་ཞིག་ལ་མཐའ་གཅིག་ཏུ་བློ་གཏོད་པ་དེ་ནི་མུ་མཐུད་དུ་སེམས་སུ་འཛིན་དགོས༌ལ། ཁྱོད་ཀྱིས་དོན་དེ་རྣམས་སུ་ཞིག་ནས་བསླབས་པ་ཤེས་པར་མ༌ཟད། 15ཁྱོད་ཀྱིས་ཆུང་དུས་ནས་དམ་པའི་གསུང་རབ་ཀྱང་རྟོགས༌ཤིང་། དམ་པའི་གསུང་རབ་ཀྱིས་ཁྱོད་ལ་མཱ་ཤི་ཀ་ཡེ་ཤུར་དད་པའི་སྒོ་ནས་ཐར་པའི་ལམ་དུ་ཁྲིད་པའི་ཤེས་རབ་བསྩལ་ནུས་སོ།། 16དམ་པའི་གསུང་རབ་ཡོངས་རྫོགས་ནི་དཀོན་མཆོག་གིས་ཞལ་ཕུ་གནང་བ་ལས་བྱུང་ཞིང་། སློབ་སྟོན་གནང་བ༌དང༌། སྐྱོན་སྟོན༌པ། ཡོ་བསྲང་བྱེད་པ། དྲང་བདེན་གྱི་ཕྱོགས་སུ་ཁྲིད་སྟོན་བྱེད་པའི་ཐད་ལ་ཕན་ཐོགས་མཆིས་སོ།། 17དེ་ནི་དཀོན་མཆོག་ལ་གཏོགས་པའི་མི་རྣམས་ཆ་ཡོངས་སུ་ཚང་བ༌དང༌། ལས་བཟང་པོའི་རིགས་ཐམས་ཅད་བསྒྲུབ་པར་སྟ་གོན་མཛད་པའི་ཕྱིར༌རོ།།

༢ ཏི་མོ་ཐེའུ 4

འཕྲིན་བཟང་སྒྲོག་པར་བསྐུལ༌བ།

1དེ་ཡང་བདག་གིས་དཀོན་མཆོག་དང་མ་འོངས་པར་ཤི་གསོན་གཉིས་ལ་ལེགས་ཉེས་མཛད་མཁན་མཱ་ཤི་ཀ་ཡེ་ཤུའི་སྤྱན་དྲུང༌དུ། ཁོང་ཉིད་མངོན་སུམ་དུ་ཕེབས་ཡོང་བ་དང་ཁོང་གི་རྒྱལ་སྲིད་ལ་བརྟེན་ནས་ཁྱོད་ལ་གདམས་པར་བྱ༌སྟེ། 2དུས་དང་དུས་མིན་ཐམས་ཅད་དུ་བསམ་པ་རྩེ་གཅིག་གིས་དཀོན་མཆོག་གི་བཀའ་སྒྲོག་པར་གྱིས། གཞན༌ཡང༌། བཟོད་བསྲན་ཆེན་པོ་དང་སློབ་སྟོན་སྣ་ཚོགས་ཀྱི་ངང་ནས་མི་རྣམས་ལ་བཀའ་བཀྱོན་གནང་བ་དང་། ཁ་ཏ་བྱེད་པ། སྐུལ་སློང་གནང་བ་བཅས་བྱེད་པར་གྱིས། 3ཅིའི་ཕྱིར་ཞེ་ན། ཕྱིས་སུ་མི་རྣམས་ཀྱིས་ཡང་དག་པའི་བསྟན་པ་ལ་སུན་སྣང་སྐྱེས་ཤིང་། རྣ་བར་ཟ་འཕྲུག་ལངས་པ་ལྟར་རང་རང་གི་འདོད་པ་བཞིན་དགེ་རྒན་གཞན་དག་བསྡུས༌ཏེ། 4རང་གི་རྣ་བ་བཀབ་ནས་བདེན་པ་ཉིད་ལ་མི་མཉན་པར་ཁུངས་ལུང་མེད་པའི་གཏམ་རྒྱུད་ཀྱི་ཕྱོགས་སུ་འཁོར་བར་འགྱུར་བ་ཡིན་ནོ།། 5འོན་ཀྱང༌། ཁྱོད་ཀྱིས་དོན་ཀུན་ལ་གཟབ་པ་དང་། དཀའ་ངལ་ལ་བཟོད་པ། འཕྲིན་བཟང་སྒྲོག་མཁན་གྱི་བྱ་བ་སྒྲུབ་པ། རང་གི་ལས་འགན་སྒྲུབ་པ་བཅས་བྱོས༌ཤིག།། 6བདག་ནི་ཚེ་ལས་འདའ་བའི་དུས་ལ་སླེབས་ཤིང༌། རྒུན་ཆང་གཏོར་ནས་མཆོད་པ་འབུལ་བ་དང་མཚུངས༌པར། ད་ལྟ་ང་རང་ཡང་དེ་ལྟར་ཕུལ་ཟིན་ཏོ།། 7བདག་གིས་འཐབ་འཛིང་བཟང་པོ་ནི་བརྒྱབ༌ཟིན། རྒྱུག་དགོས་པའི་ལམ་ཡང་བརྒྱུགས༌ཟིན། དད་པའང་རྟག་ཏུ་བསྲུངས༌པའོ།། 8དུས་ད་ནས༌བཟུང༌། བདག་གི་ཆེད་དུ་དྲང་བདེན་གྱི་གཙུག་རྒྱན་བསྐྱུར་ཡོད༌དེ། ཉིན་མོ་དེ་ལ་དྲང་བདེན་ངང་ནས་ཁྲིམས་ཐག་གཅོད་མཁན་གཙོ་བོས་གཙུག་རྒྱན་དེ་ཉིད་བདག་ལ་གནང་བར་མ་ཟད། ཁོང་ཉིད་དངོས་སུ་མངོན་པར་རེ་སྨོན་ཆེན་པོ་བཅངས་པའི་མི་ཐམས་ཅད་ལའང་གནང་བར་འགྱུར༌རོ།།

ཕོལ་ལོལ་གྱིས་རང་དོན་གླེང༌བ།

9ཁྱོད་རང་མྱུར་བ་མྱུར་བར་བདག་གི་གམ་དུ་ཡོང་བར༌གྱིས། 10ཅིའི་ཕྱིར་ཞེ་ན། ཏི་མཱ་འཇིག་རྟེན་འདི་ལ་ཆགས་སྲེད་སྐྱེས་པའི་དབང༌གིས། ང་རང་བསྐྱུར་ནས་ཐེ་སཱ་ལོ་ནེ་ཀེ་རུ་སོང༌ཚར། ཀཱ་རེས་ཀེན་ནི་ག་ལད་ཡཱ་ཡུལ་དང༌། ཐེ་ཏུ་ནི་དཱལ་མད་ཡཱ་ཡུལ་ལ་ཕྱིན་ཏོ།། 11ལོ་ཀུ་གཅིག་པུ་བདག་དང་མཉམ་དུ་ཡོད༌ལ། མཱར་ཀུ་ནི་ཞབས་ཕྱི་སྒྲུབ་པའི་ཕྱོགས་ནས་ང་རང་ལ་ཕན་ཐོགས་ཡོད༌པས། ཁྱོད་རང་འདིར་ཡོང་བའི་དུས་སུ་ཁོ་རང་ཡང་ཁྲིད་ཡོང་བར་གྱིས། 12བདག་གིས་ཐི་ཀེ་ཀུ་ནི་ཨེ་ཕེ་སི་རུ་མངགས༌པ་ཡིན། 13ཁྱོད་རང་འདིར་ཡོང་བའི་དུས༌སུ། བདག་གིས་ཏྲོ་ཡཱ་ནས་ཀར་པུ་ལ་བཅོལ་བའི་ཕྱི་གོས་དེ་འཁྱེར་ཡོང་བར༌ཤོག གཞན༌ཡང༌། དཔེ་ཆ་དང་ལྷག་པར་པགས་ཤོག་དེ་དག་ཀྱང་འཁྱེར་ཡོང་བར་གྱིས། 14མགར་པ་ཨ་ལིག་སན་དིར་གྱིས་ང་རང་ལ་གནོད་འཚེ་གང་མང་བྱས་མྱོང༌བས། ཁོས་ཅི་བྱས་པ་བཞིན་དུ་གཙོ་བོས་ཁོ་རང་ལའང་ལན་གནང་བར༌ངེས། 15ཁོས་གང་ནུས་ཅི་ཐུབ་ངང་བདག་ཅག་གིས་ཆོས་བཤད་པ་ལ་ངོ་རྒོལ་ཆེན་པོ་བྱས་པས། ཁྱོད་ཀྱིས་ཀྱང་ཁོ་རང་ལ་དོགས་ཟོན་བྱེད་པར༌གྱིས། 16བདག་གིས་ཐེངས་དང་པོར་རང་ཉིད་ལ་དག་འབུད་བྱེད་པའི་དུས༌སུ། བདག་ལ་རོགས་རམ་བྱེད་མཁན་གཅིག་ཀྱང་མེད་པར་ཐམས་ཅད་ཀྱིས་ང་རང་སྤངས༌པ་ཡིན། དོན་དེ་ནི་མི་དེ་རྣམས་ལ་ཁག་མི་དཀྲི་བར༌སྨོན། 17འོན་ཀྱང༌། གཙོ་བོས་ང་རང་བརྒྱུད་ནས་འཕྲིན་བཟང་སྒྲོག་པའི་དོན་ཡོངས་སུ་བསྒྲུབས་པ་དང་ཕྱི་ཕྱོགས་པ་ཐམས་ཅད་ཀྱིས་ཀྱང་ཐོས་པའི༌ཕྱིར། ཁོང་ཉིད་བདག་གི་འགྲམ་དུ་ཡར་བཞེངས་ཏེ་ང་རང་ལ་སྟོབས་ཤུགས་བསྩལ་བ༌དང༌། ང་རང་ཡང་གཅན་གཟན་སེང་གེའི་ཁ་ནས་སྲོག་བསྐྱབས༌པའོ།། 18གཙོ་བོས་དོན་ངན་པ་ཐམས་ཅད་ལས་ང་རང་ཐར་བར་མཛད་ངེས༌ཤིང༌། ནམ་མཁའི་རྒྱལ་སྲིད་དུའང་ང་རང་བདེ་བར་འདྲེན་ངེས༌ཡིན། ཁོང་ལ་ཇི་སྲིད་བར་དུ་བསྟོད་བསྔགས་བརྗོད་པར༌སྨོན། ཨ༌མེན།

མཇུག་མཐའི་འཚམས༌འདྲི།

19ཁྱོད་ཀྱིས་ཕུར་སི་ལཱ་དང་ཨ་ཀུ་ལཱ་གཉིས༌དང༌། ཨོ་ནེ་སི་ཕུ་རུའི་ཁྱིམ་མི་རྣམས་ལའང་འཚམས་འདྲི་ཞུ་བར༌གྱིས། 20ཨེ་རས་ཏི་ནི་ཀོ་རིན་ཐུ་རུ་བསྡད་པ༌དང༌། ཏྲོ་ཕེ་མུ་ལ་ན་ཚ་བྱུང་བས། ངས་ཁོ་རང་མུ་ལེ་ཐུ་རུ་བསྐྱུར་བ༌ཡིན། 21ཁྱོད་རང་དགུན་དུས་མ་སླེབ་སྔོན་དུ་མྱུར་བ་མྱུར་བར་བདག་གི་གམ་དུ་ཡོང་བར༌གྱིས། འདིར་ཨིའུ་པུ་ལུ༌དང༌། པུ༌དེན། ལི༌ནུ། ཀ་ལུ་དི་ཡཱ་བཅས་དང༌། གཞན༌ཡང༌། སྤུན་ཟླ་ཐམས་ཅད་ཀྱིས་ཀྱང་ཁྱོད་ལ་འཚམས་འདྲི༌ཞུའོ།། 22གཙོ་བོ་ནི་ཁྱོད་ཀྱི་སེམས་སུ་བཞུགས་པ་དང་། ཐུགས་རྗེ་ནི་རྟག་ཏུ་ཁྱོད་རྣམས་དང་མཉམ་དུ་གནས་པར༌སྨོན།།།།

ཏི་དུ 1

འཕྲིན་ཡིག་བསྐུར༌ཡུལ།

1དེ་ཡང་ཕོལ་ལོལ་བདག་ནི་དཀོན་མཆོག་གི་ཞབས་ཕྱི་པ་དང་ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་པ་ཞིག་ཡིན༌ལ། དེ་ནི་དཀོན་མཆོག་གི་བདམས་པའི་མི་རྣམས་ཀྱི་དད་པ་དང༌། དད་གུས་བྱས་པ་བཞིན་དུ་བདེན་པ་ཉིད་རྟོགས་པ་ལ་བརྟེན༌ནས། 2ཞལ་རྫུན་མི་གསུང་བའི་དཀོན་མཆོག་གིས་དུས་ཀྱི་སྔ་རོལ་ནས་ཞལ་བཞེས་གནང་བའི་མཐའ་མེད་པའི་ཚེ་སྲོག་དེ་ཉིད་འཐོབ་པར་རེ་བ་བཅངས་པ༌དང༌། 3དུས་ལ་བབས་པ་ན། ཆོས་སྒྲོག་པ་བརྒྱུད་ནས་དཀོན་མཆོག་གི་བཀའ་དེ་མངོན་པར་མཛད༌ཅིང༌། ཆོས་བསྒྲག་པའི་ལས་འགན་ནི་བདག་ཅག་གི་སྐྱབས་མགོན་ཏེ་དཀོན་མཆོག་གི་བཀའ་བཞིན་དུ་བདག་ལ་བཅོལ་བ་ཡིན༌ནོ།། 4ད་ལྟ་འཕྲིན་ཡིག་འདི་ནི་བདག་ཅག་ཐུན་མོང་གི་དད་པ་བཞིན། བདག་གི་བུ་དངོས་སུ་གྱུར་པ་ཐེ་ཏུ་ལ་སྤྲིངས༌ཤིང༌། ཡབ་དཀོན་མཆོག་དང་བདག་ཅག་གི་སྐྱབས་མགོན་མཱ་ཤི་ཀ་ཡེ་ཤུ་ནས་ཁྱོད་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།

ཐེ་ཏུའི་ལས་འགན༌སྐོར།

5བདག་གིས་སྔོན་ཆད་ཁྱོད་རང་ཀཱ་རེ་ཏ་རུ་བསྐྱུར་དོན༌ནི། སྒྲུབ་མ་ཚར་བའི་བྱ་བ་རྣམས་ལེགས་པར་བསྒྲུབ་པ༌དང༌། བདག་གིས་ཁྱོད་ལ་ཁ་བསྒོ་བཏང་བ་བཞིན་གྲོང་བརྡལ་རེ་རེ་ནས་ཆོས་ཚོགས་ཀྱི་རྒན་པོ་རྣམས་བསྐོ་བར་བྱེད་པའི་ཕྱིར༌ཡིན་ནོ།། 6རྒན་པོ་ནི་སྐྱོན་བརྗོད་རྒྱུ་ཅི་ཡང་མེད་ཅིང་ཆུང་མ་གཅིག་ཁོ་ནའི་ཁྱོ་ག་ཡིན་པ༌དང༌། ཁོའི་བུ་ཕྲུག་རྣམས་ལ་དད་པ་ཡོད་པ༌ལས། བག་མེད་རྣམ་གཡེང་དང་ངག་ལ་མི་ཉན་མཁན་ཞིག་རེད་ཅེས་གཏུག་མཁན་མེད་པ་ཞིག་ཡིན་དགོས་སོ།། 7ཅིའི་ཕྱིར་ཞེ་ན། དོ་དམ་པ་ནི་དཀོན་མཆོག་གི་གཉེར་པ་ཡིན་ལ། ངེས་པར་སྐྱོན་བརྗོད་རྒྱུ་ཅི་ཡང་མེད་པ༌དང༌། ཨུ་ཚུགས་མེད༌པ། ཁྲོ་སླ་བོ་མེད༌པ། ཆང་རག་འཐུང་བར་མི་རྔམ༌པ། མི་ལ་གཅར་རྡུང་མི་བྱེད༌པ། རྒྱུ་ནོར་མི་གཙང་བ་ལ་མི་རྔམ༌པ། 8མགྲོན་པོ་བསུ་བར་དགའ༌བ། ལས་བཟང་པོར་དགའ༌བ། བག་ཡོད༌པ། གཞུང་དྲང༌བ། དམ་པ་ཡིན༌པ། རང་ཚོད་ཟིན༌པ། 9ཡང་དག་པའི་བསྟན་པ་ལ་བརྟེན་ནས་མི་རྣམས་ལ་སྐུལ་སློང་བྱེད་པ༌དང༌། རྒོལ་ལན་སློག་མཁན་གྱི་སྨྲ་སྒོ་གཅོད་ཐུབ་པའི་ཕྱིར། ཆོས་གསུངས་པ་བཞིན་ཡིད་རྟོན་རུང་བའི་བཀའ་བརྟན་པོར་སྲུང་བ་བཅས་ཡིན་དགོས༌སོ།། 10རྒྱུ་མཚན་ནི་ངོ་རྒོལ་བྱེད་ཅིང་འཆལ་གཏམ་སྨྲ་བ་དང་མི་ལ་མགོ་སྐོར་གཏོང་མཁན་ཡང་མང་དུ་ཡོད༌ལ། མཚན་སྐྱི་བཅད་པ་རྣམས་ནི་ལྷག་ཏུ་དེ་འདྲ་ཡིན་པའི་ཕྱིར༌རོ།། 11དེ་རྣམས་ཀྱིས་ལྐོག་རྔན་གྱི་རྒྱུ་ནོར་འཐོབ་པའི་ཆེད༌དུ། སློབ་སྟོན་བྱེད་མི་རུང་བ་དེའང་མི་གཞན་ལ་སྨྲ་ཞིང༌། ཁྱིམ་ཚང་གང་བོར་གནོད་བསྐྱལ་བས་དེ་རྣམས་ཀྱི་སྨྲ་སྒོ་གཅོད་དགོས། 12དེ་དག་གི་ཁྲོད་ནས་ལུང་སྟོན་པ་ཞིག་ན༌རེ། ཀཱ་རེ་ཏ་པ་རྣམས་ནི་རྟག་ཏུ་རྫུན་སྨྲ་མཁན་དང་གཅན་གཟན་གཏུམ་དྲག་ཅན་ལྟ་བུ་ཡིན༌ལ། ཟས་ལ་རྔམ་ཅིང་ལེ་ལོ་ཅན་ཡིན་ཞེས༌སྨྲས་སོ།། 13བདེན་དཔང་དེ་ནི་དོན་དངོས་ཡིན་པས་ཁྱོད་ཀྱིས་དེ་རྣམས་ལ་གཤེ་གཤེ་དྲག་པོ་གཏོང་དགོས་སོ།། དེ་ནི་དེ་དག་ལ་དད་པའི་ཆ་ནས་སྐྱོན་གྱི་དྲི་མས་མ་གོས་པ༌དང༌། 14ཡ་ཧུ་དཱ་པའི་ཁུངས་ལུང་མེད་པའི་གཏམ་རྒྱུད་དང་བདེན་པ་ཉིད་དང་ཁ་བྲལ་བ་རྣམས་ཀྱི་ངག་ལ་མི་མཉན་པའི་ཕྱིར༌རོ།། 15སྤྱིར་གཙང་མ་ཅན་ལ་དངོས་པོ་ཐམས་ཅད་གཙང་མ་ཡིན༌མོད། འོན་ཀྱང་མི་གཙང་བ་དང་དད་པ་མེད་པའི་མི་ལ་གཙང་བ་གཅིག་ཀྱང་མེད། ཐ་ན་དེ་དག་གི་སེམས་དང་བསམ་པ་ཡང་མི་གཙང༌ངོ་།། 16དེ་དག་གིས་དཀོན་མཆོག་ངོ་ཤེས་པ་ཡིན་ཞེས་སྨྲ་ཡང་སྤྱོད་ལམ་གྱི་ཆ་ནས་དཀོན་མཆོག་རིང་དུ་སྤངས་ཤིང་། དེ་དག་ནི་སྐྱུག་བྲོ་བ༌དང༌། བཀའ་ལ་མི་ཉན༌པ། ལས་བཟང་པོ་ཐམས་ཅད་ཀྱི་ཆ་ནས་འདོར་འོས་པ་ཡིན༌ནོ།།

ཏི་དུ 2

ཆོས་ཚོགས་སོ་སོར་སློབ་སྟོན་གནང་བའི༌སྐོར།

1དེ་ཡང་ཁྱོད་ཀྱིས་ཡང་དག་པའི་བསྟན་པ་དང་མཐུན་པའི་སྒོ་ནས་སློབ་སྟོན་བྱ་འོས༌ཏེ། 2རྒན་པོ་རྣམས་ལ་རང་ཚོད་ཟིན་པ༌དང༌། བཀུར་འོས༌པ། བག་ཡོད་པར་མ༌ཟད། དད་པ༌དང༌། བྱམས༌སེམས། བཟོད་བསྲན་བཅས་ཀྱི་ཆ་ནས་སྐྱོན་ཅི་ཡང་མེད་པར་བསྐུལ་འོས༌སོ།། 3ཡང་དེ་བཞིན་དུ་རྒན་མོ་རྣམས་ལའང་སྤྱོད་ལམ་ཚུལ་ལྡན་ཡིན་པ༌དང༌། ཕྲ་མའི་གཏམ་མི་སྨྲ༌བ། ཆང་རག་གི་དབང་དུ་མི་འགྲོ་བ། བསླབ་བྱ་བཟང་པོ་སྟོན་པར་བསྐུལ་འོས་སོ།། 4དེ་ནས་ཁོ་མོ་རྣམས་ཀྱིས་ད་གཟོད་བུད་མེད་ན་གཞོན་དག་ལའང་རང་གི་ཁྱོ་ག་དང་བུ་ཕྲུག་ལ་གཅེས་པ༌དང༌། 5བག་ཡོད་པ༌དང༌། སྤྱོད་ལམ་གཙང༌བ། ཁྱིམ་ལས་བྱེད༌པ། དྲིན་སྐྱོང་བ། རང་རང་གི་ཁྱོ་ག་དང་བསྟུན་པར་བསྐུལ་ནུས་པ་ཡིན། དེ་ལྟར་བྱས་ན་མི་གཞན་རྣམས་ཀྱིས་དཀོན་མཆོག་གི་བཀའ་ལ་དམའ་འབེབས་བྱེད་པར་མི་འགྱུར༌རོ།། 6ཡང་དེ་བཞིན༌དུ་ན་གཞོན་རྣམས་ལ་བག་ཡོད་པར་བསྐུལ་བར༌གྱིས། 7ཁྱོད་ཀྱིས་བྱ་བ་ཀུན་ལ་ལས་བཟང་པོའི་མིག་དཔེ་སྟོན་དགོས༌ཏེ། སློབ་སྟོན་གནང་སྐབས་གཞུང་དྲང་བ་དང་བཀུར་འོས༌པ། 8གཏམ་བདེན་པར་སྨྲ་ཞིང་སྐྱོན་བརྗོད་རྒྱུ་མེད་པར་གྱིས། དེ་ནས་ངོ་རྒོལ་བྱེད་མཁན་རྣམས་ཀྱིས་བདག་ཅག་ལ་སྐྱོན་བརྗོད་རྒྱུ་མེད་པས་ཁོ་རྣམས་ངོ་གནོང་བར་འགྱུར༌རོ།། 9གཡོག་པོ་རྣམས་ལ་རྣམ་པ་ཐམས་ཅད་ནས་རང་རང་གི་བདག་པོའི་བཀའ་བརྩི་བ༌དང༌། བདག་པོ་དགའ་བར་བྱེད༌པ། ཚིག་སློག་མི་རྒྱག་པ། 10མ་བྱིན་པར་མི་ལེན་པ། དོན་ཐམས་ཅད་ལ་བློ་སེམས་དཀར་བ་བཅས་ཡིན་པར་བསྐུལ་ཏེ། ཕྱོགས་ཀུན་ནས་བདག་ཅག་གི་སྐྱབས་མགོན་དཀོན་མཆོག་གི་བསྟན་པ་ལ་གཟི་དཔལ་གྱིས་བརྒྱན་པའི་ཕྱིར་རོ།། 11ཅིའི་ཕྱིར་ཞེ་ན། མི་ཐམས་ཅད་སྐྱོབ་པར་མཛད་པའི་དཀོན་མཆོག་གི་ཐུགས་རྗེ་ནི་མངོན་སུམ་དུ་བྱུང༌སྟེ། 12བདག་ཅག་གིས་དཀོན་མཆོག་ལ་དད་གུས་མི་བྱེད་པའི་སེམས་དང་འཇིག་རྟེན་གྱི་འདོད་ཆགས་སྤོང་བར་བྱེད་པ༌དང༌། བསྐལ་པ་འདིར་བག་ཡོད་པ་དང་གཞུང་དྲང༌བ། དད་གུས་ངང་འཚོ་བ་རོལ་བ་དང་། 13བླ་ན་མེད་པའི་དཀོན་མཆོག་སྟེ་བདག་ཅག་གི་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་གཟི་བརྗིད་ངང་ནས་མངོན་སུམ་དུ་ཕེབས་ཡོང་བའི་བདེ་སྐྱིད་ལྡན་པའི་རེ་བར་སྒུག༌པའི་ཕྱིར་ཡིན། 14བདག་ཅག་ཉེས་པ་ཐམས་ཅད་ནས་བླུ་བ༌དང༌། ཁོང་ཉིད་ལ་དབང་བའི་མི་རྒྱུད་ལས་བཟང་པོར་བརྩོན་པ་ཞིག་གཙང་མར་མཛད་པའི་ཆེད་དུ། ཁོང་གིས་རང་ཉིད་ཀྱི་ཚེ་སྲོག་ཀྱང་བློས་བཏང་བའོ།། 15ཁྱོད་ཀྱིས་རང་གི་དབང་ཐམས་ཅད་ལ་བརྟེན་ནས་དོན་འདི་རྣམས་ཀྱི་སྐོར་མི་རྣམས་ལ་གསལ་པོར་སྟོན་ཅིང་སྐུལ་སློང་བྱེད་པ་དང་ཚིག་ནན་མོ་བརྗོད་དེ། མི་སུ་ལའང་ཁྱོད་ལ་མཐོང་ཆུང་བྱེད་དུ་མི་འཇུག་པར་གྱིས།

ཏི་དུ 3

ལས་བཟང་པོ་སྒྲུབ་པར་གདམས་པའི༌སྐོར།

1དེ་ཡང་ཁྱོད་ཀྱིས་མི་དེ་རྣམས་ལ་དཔོན་པོ་དང་དབང་འཛིན་པ་རྣམས་ཀྱི་བཀའ་བརྩི་ཞིང་ཅི་གསུང་བཞིན་དུ་སྒྲུབ་པ། ལས་བཟང་པོའི་རིགས་ཐམས་ཅད་བསྒྲུབ་པར་སྟ་གོན་བྱེད༌དགོས་པ་དང༌། 2མི་སུ་ལའང་ཚིག་ངན་མི་སྨྲ༌བ་དང༌། འཁྲུག་རྩོད་མི་བྱེད༌པ། ཞི་ཞིང་དུལ་བ། མི་ཀུན་ལ་ཁེངས་སྐྱུང་ཡོད་པ་བཅས་བྱེད་པར་དྲན་སྐུལ་བྱའོ།། 3ཅིའི་ཕྱིར་ཞེ་ན། དེ་སྔར་བདག་ཅག་ཀྱང་ཡིད་རྨོངས་ཤིང་བཀའ་ལ་མི་ཉན་པ་དང་བསླུ་བྲིད་ཐེབས༌པ། མ་རབས་ཐ་ཤལ་གྱི་ལས་དང་འདོད་ཡོན་སྣ་ཚོགས་ཀྱི་དབང་དུ་སོང༌སྟེ། རྟག་ཏུ་གདུག་རྩུབ་དང་ཕྲག་དོག་གིས་འཚོ༌ཞིང༌། གཞན་རྣམས་བདག་ཅག་ལ་སྡང་བ༌དང༌། ཕན་ཚུན་ལའང་སྡང་བའི་ཕྱིར་རོ།། 4འོན༌ཀྱང༌། བདག་ཅག་གི་སྐྱབས་མགོན་དཀོན་མཆོག་གི་ཐུགས་རྗེ་དང་ཁོང་གིས་མི་རྣམས་ལ་བཅངས་པའི་བྱམས་པ་དེ་ཉིད་མངོན་སུམ་དུ་བྱུང༌ཚེ། 5ཁོང་གིས་བདག་ཅག་བསྐྱབས་ཤིང་། དེ་ནི་བདག་ཅག་གིས་དྲང་བདེན་གྱི་ལས་བྱས་པའི་རྐྱེན་གྱིས་མ་ཡིན༌པར། ཁོང་གི་ཐུགས་རྗེའི་དབང་གིས་ཡིན༌པ་དང༌། ཡང་བསྐྱར་སྐྱེས་པའི་ཁྲུས་དང་དམ་པའི་ཐུགས་ཉིད་ཀྱིས་གསར་དུ་མཛད་པ་བརྒྱུད་ནས་བདག་ཅག་བསྐྱབས༌པའོ།། 6དམ་པའི་ཐུགས་ཉིད་ནི་དཀོན་མཆོག་གིས་བདག་ཅག་གི་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་བདག་ཅག་ལ་ཕངས་མེད་དུ་གནང་བ༌སྟེ། 7ཁོང་གི་ཐུགས་རྗེ་ལ་བརྟེན་ནས་བདག་ཅག་མི་རྣམ་དག་ཏུ་མཛད༌ཅིང༌། མཐའ་མེད་པའི་ཚེ་སྲོག་གི་རེ་སྨོན་བཞིན་རྒྱུད་འཛིན་མཁན་དུ་འགྱུར་བའི་ཕྱིར༌ཡིན་ལ། 8གཏམ་འདི་ནི་ཡིད་རྟོན་རུང་བ་ཡིན་ནོ།། ཡང་དཀོན་མཆོག་ལ་དད་པ་བྱེད་མཁན་རྣམས་ཀྱིས་ལས་བཟང་པོར་བརྩོན་པའི༌ཕྱིར། ཁྱོད་ཀྱིས་དོན་འདི་དག་ནན་ཏན་གྱིས་གསལ་པོར་སྟོན་རྒྱུ་ནི་བདག་གི་རེ་བ་ཡིན༌ལ། དོན་འདི་དག་ནི་ལེགས་ཤིང་མི་ཐམས་ཅད་ལ་ཕན་ཐོགས༌མཆིས་སོ༎ 9འོན༌ཀྱང༌། བླུན་ཞིང་རྨོངས་པའི་རྩོད་གླེང༌དང༌། ཁྱིམ༌རྒྱུད་ཀྱི་སྟོང་བཤད། འཁྲུག༌རྩོད། བཀའ་ཁྲིམས་སྐོར་གྱི་རྩོད་པ་བཅས་ལ་སྙིང་པོ་མེད་ཅིང་ཕན་ཐོགས་ཅི་ཡང་མེད་པས་དེ་དག་ལས་གཡོལ་བར༌གྱིས། 10ཕྱོགས་ཁག་སྒྲིག་མཁན་ལ་ཉེན་བརྡ་རྒྱོབས་དང་། དེ་ནས་ཐེངས་གཉིས་ལ་ཉེན་བརྡ་བརྒྱབ་རྗེས་རིང་དུ་དོར༌ཅིག 11རྒྱུ་མཚན་ནི་མི་དེ་ལྟ་བུ་ཕྱིན་ཅི་ལོག་ཅིང་སྡིག་པ་བྱེད་མཁན་ཡིན༌ལ། རང་གིས་རང་ལ་ཁྲིམས་ཐག་བཅད་པ་ཡིན་པ་ཁྱོད་ཀྱིས་ཤེས་པའི་ཕྱིར༌རོ།།

མཇུག་མཐའི་གདམས༌པ།

12ད་ལོ་དགུན་དུས་བདག་ནི་ནུ་ཀོ་པོ་ལི་རུ་སྡོད་རྒྱུ་ཐག་གིས་བཅད༌པས། བདག་གིས་ཨར་ཏེ་མཱའམ་ཐི་ཀེ་ཀུ་གཉིས་ལས་མི་གཅིག་ཁྱོད་ཀྱི་གམ་དུ་མངག་པར་འགྱུར་བའི་དུས༌སུ། ཁྱོད་ནི་མྱུར་བ་མྱུར་དུ་གནས་དེར་ཡོང་བར་གྱིས། 13ཁྱོད་ཀྱིས་ཁྲིམས་རྩོད་པ་ཟི་ནཱ་དང་ཨ་པོལ་ལོ་གཉིས་ལ་ཇི་དགོས་པ་སྦྱར་ཏེ་མྱུར་དུ་བསྐྱལ་བར༌གྱིས། 14སྤྱིར་གང་ལ་གང་མཁོ་སྟ་གོན་བྱས་ཏེ་འབྲས་བུ་དང་ལྡན་པའི༌ཕྱིར། བདག་ཅག་གི་མི་རྣམས་ཀྱིས་ངེས་པར་ལས་བཟང་པོ་སྒྲུབ་ཚུལ་བསླབ་དགོས་སོ།། 15བདག་དང་མཉམ་དུ་ཡོད་པ་ཀུན་གྱིས་ཁྱོད་ལ་འཚམས་འདྲི་ཞུ༌ཞིང༌། ཁྱོད་ཀྱིས་བདག་གི་འཐུས་ཚབ་ཏུ་ངེད་ཅག་ལ་བྱམས་ཤིང་གཅེས་པའི་དད་ལྡན་གཞན་རྣམས་ལའང་འཚམས་འདྲི་ཞུ་བར༌གྱིས། ཐུགས་རྗེ་ནི་ནམ་ཡང་ཁྱོད་རྣམས་ཐམས་ཅད་དང་མཉམ་དུ་གནས་པར༌སྨོན།།།།

ཕི་ལེ་མོན 1

འཕྲིན་ཡིག་བསྐུར༌ཡུལ་དང་འཚམས་ཞུ།

1སྐྱབས་མགོན་མཱ་ཤི་ཀ་ཡེ་ཤུའི་ཆེད་དུ་བཙོན་པར་གྱུར་པའི་ཕོལ་ལོལ་ང་རང་གིས། བདག་ཅག་གི་སྤུན་ཟླ་ཐི་མོ་ཐེ་དང་མཉམ༌དུ་སྙིང་ནས་བརྩེ་བའི་ཆོས་གྲོགས་ཕི་ལེ་མོན་དང་། 2གཅུང་མོ་ཨ་ཕི་ཡཱ་དང་། ད་དུང་བདག་ཅག་གི་དཔུང་གྲོགས་ཨར་ཀི་པུ་དང་། ཁྱོད་ཀྱི་ཁྱིམ་དུ་ཡོད་པའི་ཆོས་ཚོགས་བཅས་ལ་འཕྲིན་ཡིག་འདི་སྤྲིངས་པ་ཡིན་ནོ།། 3བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།

དཀོན་མཆོག་ལ་གསོལ་བ་འདེབས༌པ།

4ངས་རང་གི་དཀོན་མཆོག་ལ་གསོལ་བ་འདེབས་པའི་དུས༌སུ། རྒྱུན་དུ་ཁྱོད་རང་གླེང་ཞིང་ཁྱོད་ཀྱི་ཆེད་དུ་བཀའ་དྲིན་ཞུས་པ་ཡིན་ནོ།། 5ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་གཙོ་བོ་ཡེ་ཤུར་བཅངས་པའི་དད་སེམས་དང་། དད་ལྡན་དམ་པ་ཐམས་ཅད་ལ་བཅངས་པའི་བྱམས་པ་ག་འདྲ་ཡིན་པ་ཐོས་པའི་ཕྱིར༌རོ།། 6ཁྱོད་དང་མི་ཐམས་ཅད་ལ་མཉམ་དུ་ཡོད་པའི་དད་སེམས་ལས་ཕན་ནུས་ཐོན་ཏེ། བདག་ཅག་གི་ནང་དུ་ཡོད་པའི་དོན་བཟང་པོ་ཐམས་ཅད་ནི་སྐྱབས་མགོན་མཱ་ཤི་ཀའི་ཆེད་དུ་ཡིན་པ་ཤེས་སུ་འཇུག་པར་སྨོན། 7སྤུན་ཟླ༌ལགས། ཁྱོད་ལ་བརྟེན་ནས་དད་ལྡན་དམ་པ་རྣམས་ཀྱི་སེམས་ལ་སྐྱིད་སྣང་ཤར༌བས། ཁྱོད་ཀྱི་བྱམས་པ་ལ་བརྟེན་ནས་བདག་ལའང་དགའ་སྤྲོ་དང་སེམས་གསོ་ཆེན་པོ་ཐོབ༌བོ།།

ཕོལ་ལོལ་གྱིས་ཕི་ལེ་མོན་ལ་ཞུ་བ་བྱས༌པ།

8དེ་ལྟར་ཡིན་པས། ངས་སྐྱབས་མགོན་མཱ་ཤི་ཀ་ལ་བརྟེན་ནས་སྤོབས་པ་ཆེན་པོས་ཁྱོད་ལ་ཅི་ཞིག་བསྒྲུབ་འོས་པ་དེ་སྒྲུབ་པར་བསྒོ་ནུས་མོད། 9འོན་ཀྱང་ཕོལ་ལོལ་ང་ནི་ལོ་ན་རྒས་པ་ཞིག༌ཡིན་པར་མ་ཟད། ད་ལྟ་སྐྱབས་མགོན་མཱ་ཤི་ཀ་ཡེ་ཤུའི་ཆེད་དུ་བཙོན་པར་གྱུར་པ་ཞིག་ཀྱང་ཡིན། ངས་བྱམས་པ་ལ་བརྟེན་ནས་ཁྱོད་ལ་ཞུ་བ་བྱ༌སྟེ། 10ང་རང་བཙོན་དུ་སྦྱར་བའི་དུས༌སུ་བདག་ལས་སྐྱེས་པའི་བུ་ཨོ་ནེ་སི་མུའི་ཆེད་དུ་ཁྱོད་ལ་ཞུ་བ༌བྱའོ།། 11ཁོ་ནི་དེ་སྔར་ཁྱོད་ལ་ཕན་ཐོགས་མེད༌ནའང༌། ད་ལྟ་ཁྱོད་དང་ང་གཉིས་ལ་ཕན་ཐོགས་མཆིས་སོ།། 12ངས་ད་ལྟ་ཁོ་རང་ཁྱོད་ཀྱི་གམ་དུ་ཕྱིར་མངག་པར་བྱ་ཞིང་། ཁོ་ནི་བདག་གི་སྙིང་དང་འདྲ་བ་ཡིན། 13འཕྲིན་བཟང་གི་ཆེད་དུ་ང་རང་བཙོན་དུ་སྦྱར་ཡོད་པ༌ལ། ཁོས་ཁྱོད་ཀྱི་ཚབ་ཏུ་བདག་ལ་ཞབས་ཕྱི་སྒྲུབ་པའི༌ཕྱིར། ངས་ཁོ་རང་བདག་གི་གམ་དུ་སྡོད་པར་བྱ་འདོད༌མོད། 14འོན་ཀྱང་ཁྱོད་ཀྱི་བསམ་ཚུལ་མ་ཤེས༌པས། ངས་དེ་ལྟར་བྱ་མི་འདོད། ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་ལས་བཟང་པོ་ནི་བཙན་སྐུལ་མ་ཡིན་པར་རང་མོས་ལས་འབྱུང་བའི་ཕྱིར༌རོ།། 15ཁོ་རང་རེ་ཞིག་ཁྱོད་དང་ཁ་བྲལ་བ་ནི། གཏན་དུ་ཁྱོད་ལ་འཐོབ་པའི་ཕྱིར་ཡིན་ཡང་སྲིད་དེ། 16ད་ལྟ་གཡོག་པོ་མ་ཡིན༌པར། གཡོག་པོ་ལས་གོ་ས་མཐོ་ཞིང་སྙིང་ནས་བརྩེ་བའི་སྤུན་ཟླ་ཡིན༌ཞིང་། བདག་ལ་དངོས་གནས་དེ་ལྟར་ཡིན༌པས། ཁྱོད་ལ་སྨོས་ཅི༌དགོས། ལུས་ཕུང་གི་ཆ་ཁོ་ན་མ་ཡིན་པར་གཙོ་བོའི་ནང་དུའང་དེ་བཞིན་ཡིན་ནོ།། 17གལ་ཏེ། ཁྱོད་ཀྱིས་ང་རང་ཆོས་གྲོགས་སུ་བརྩིས༌ན། ཁྱོད་ཀྱིས་ང་ལ་གུས་ལེན་བྱེད་པ་བཞིན་ཁོ་ཡང་དང་ལེན་བྱེད་པར༌གྱིས། 18གལ་ཏེ། ཁོས་ཁྱོད་ལ་འོས་མེད་བྱས་པའམ། ཡང་ན་ཁྱོད་ལ་བུ་ལོན་གང་ཞིག་ཆད་ན། དེ་དག་ཐམས་ཅད་བདག་གི་རྩིས་ཐོའི་ནང་དུ་ཁོད་དང་། 19ངས་ཁྱོད་ལ་སྐྱིན་ཚབ་སྤྲོད་ངེས་ཤིང་། འདི་ནི་ཕོལ་ལོལ་བདག་གིས་དངོས་སུ་བྲིས་པ་ཡིན། ཐ་ན་ཁྱོད་ཀྱིས་རང་ཉིད་ཀྱང་ང་ལ་འབུལ་དགོས་པ་བདག་གིས་ཁྱོད་ལ་སྨྲ་མི་དགོས་སོ།། 20སྤུན་ཟླ༌ལགས། ཁྱོད་ཀྱིས་གཙོ་བོའི་ནང་དུ་ང་རང་ལ་ཕན་འདོགས་པ་དང་། སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ངའི་སེམས་དགའ་ཞིང་སྤྲོ་རུ་འཇུག་པར་སྨོན། 21བདག་གིས་ཁྱོད་ལ་འཕྲིན་ཡིག་འདི་འབྲི་དོན༌ནི། ཁྱོད་ཀྱིས་ངའི་ངག་ལ་ཉན་པར་ཡིད་ཆེས་བརྟན་པོ་ཡོད་པར་མ༌ཟད། ངས་སྨྲས་པ་ལས་ཀྱང་ལྷག་པ་ཞིག་བསྒྲུབ་ངེས་པ་ཤེས་པའི་ཕྱིར༌རོ།། 22གཞན༌ཡང༌། ཁྱོད་ཀྱིས་བདག་ལ་སྡོད་གནས་སྟ་གོན་བྱེད་པར་གྱིས། ཅིའི་ཕྱིར་ཞེ་ན། ངས་ཁྱོད་རྣམས་ཀྱི་སྨོན་ལམ་བརྒྱུད་ནས་ཐུགས་རྗེ་ཐོབ་པ་དང་། ཁྱོད་ཅག་གི་གམ་དུ་འགྲོ་བར་རེ་སྨོན་བཅངས་པའི་ཕྱིར༌རོ།། 23སྐྱབས་མགོན་མཱ་ཤི་ཀ་ཡེ་ཤུའི་ཆེད་དུ་བདག་དང་མཉམ་དུ་བཙོན་ལ་སྦྱར་བའི་ཨེ་པབ་རཱ་ཡིས་ཁྱོད་ལ་འཚམས་འདྲི༌ཞུའོ།། 24བདག་གི་ཆོས་གྲོགས་མཱར་ཀུ༌དང༌། ཨ་རི་སྟར༌ཀུ། ཏི༌མཱ། ལོ་ཀུ་བཅས་ཀྱིས་ཀྱང་ཁྱོད་ལ་འཚམས་འདྲི༌ཞུའོ།། 25གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ནམ་ཡང་ཁྱོད་ཅག་གི་སེམས་སུ་གནས་པར༌སྨོན།།།།

ཨིབ་རི་པ 1

སྲས་དཀོན་མཆོག་ནི་ཕོ་ཉ་ལས་ཁྱད་དུ་འཕགས་པའི༌སྐོར།

1དེ་ཡང་དཀོན་མཆོག་གིས་གནའ་བོའི་དུས་སུ་ལུང་སྟོན་པ་རྣམས་བརྒྱུད་ནས་ཐེངས་དུ་མ་དང་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་མེས་པོ་རྣམས་ལ་བཀའ་གསུངས་པ༌དང༌། 2མཐའ་མའི་ཉིན་མོ་འདི་དག་ལ་ཡང་ཁོང་གི་སྲས་བརྒྱུད་ནས་བདག་ཅག་ལ་བཀའ་གསུངས༌ཤིང༌། སྔ་མོ་ནས་ཁོང་ནི་དངོས་པོ་ཐམས་ཅད་ཀྱི་རྒྱུད་འཛིན་མཁན་དུ་བསྐོས་པ༌དང༌། ཁོང་ཉིད་བརྒྱུད་ནས་འཇིག་རྟེན་ཁམས་ཐམས་ཅད་ཀྱང་བཀོད་པ་ལགས་སོ།། 3ཁོང་ནི་དཀོན་མཆོག་གི་གཟི་བརྗིད་ལས་འཕྲོས་པའི་འོད་ཟེར་ཡིན༌ལ། དཀོན་མཆོག་གི་ངོ་བོའི་སྣང་བརྙན་དངོས་མའང་ལགས་ཤིང་། ཁོང་གི་ནུས་མཐུ་ཆེ་བའི་བཀའ་ཡིས་རྟག་ཏུ་དངོས་པོ་ཐམས་ཅད་སྐྱོར་བའོ།། ཁོང་གིས་མིའི་རིགས་ཀྱི་སྡིག་པ་དག་པར་མཛད༌རྗེས། ནམ་མཁའི་ཞིང་ཁམས་ཀྱི་གཟི་བརྗིད་བླ་ན་མེད་པ་དེ་ཉིད་ཀྱི་གཡས་ཕྱོགས་སུ་བཞུགས༌ལགས་སོ།། 4ཁོང་ལ་ཐོབ་པའི་མཚན་སྙན་ནི་ཕོ་ཉ་རྣམས་ལས་མཆོག་ཏུ་གྱུར་པ་ཡིན་པས་ཁོང་ཉིད་དེ་རྣམས་ལས་ཀྱང་ཁྱད་དུ་འཕགས༌པའོ།། 5ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་ཕོ་ཉ་རྣམས་ལས་སུ་ལའང་འདི་སྐད༌དུ། ཞེས༌དང༌། ཡང་འདི་སྐད༌དུ། བདག་ནི་ཁོ་ཡི་ཕ་ཡིན༌ཞིང༌།། ཁོ་ནི་བདག་གི་བུ་རུ༌འགྱུར།། ཞེས་གསུངས་མ་མྱོང་བའི་ཕྱིར༌རོ།། 6དཀོན་མཆོག་གིས་རང་གི་སྲས་ཐོག་མ་དེ་ཉིད་འཇིག་རྟེན་དུ་ཡང་བསྐྱར་བསྐྱལ་ཡོང་བའི་དུས་སུ་འདི་སྐད༌དུ། དཀོན་མཆོག་གི་ཕོ་ཉ་ཐམས་ཅད་ཀྱིས་ཁོང་ལ་ཕྱག་འཚལ་བར་བྱའོ་ཞེས་གསུངས་སོ།། 7ཡང་དཀོན་མཆོག་གིས་ཕོ་ཉ་རྣམས་ཀྱི་སྐོར་ལ་འདི་སྐད༌དུ། ཁོང་གིས་རང་གི་ཕོ་ཉ་རླུང་བཞིན༌དང༌།། ཞབས་ཕྱི་པ་ནི་མེ་ལྕེ་བཞིན་དུ༌མཛད།། ཅེས་གསུངས༌སོ།། 8འོན་ཀྱང་། དཀོན་མཆོག་གིས་སྲས་ཀྱི་སྐོར་ལ་འདི་སྐད༌དུ། དཀོན་མཆོག་ཁྱེད་ཀྱི་བཞུགས་ཁྲི་རྟག་ཏུ༌གནས།། འཁར་བ་དྲང་པོ་ཁྱེད་ཀྱི་སྲིད་འཁར་ཡིན།། 9ཁྱེད་ནི་དྲང་པོར་དགྱེས་ཤིང་ཉེས་པར༌སྡང༌།། དེའི་ཕྱིར་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག༌གིས།། ཁྱེད་ཀྱི་གྲོགས་པོ་དག་ལས་ཁྱད་པར༌དུ།། དགའ་སྤྲོའི་སྣུམ་གྱིས་ཁྱེད་ལ་བྱུགས་པར༌མཛད།། ཅེས་གསུངས༌སོ།། 10ཡང་ཁོང་གིས་འདི་སྐད༌དུ། གཙོ་བོ་ཁྱེད་ཀྱིས་ཐོག་མར་ས་གཞི༌བཀོད།། ནམ་མཁའ་འདི་ཡང་ཁྱེད་ཀྱི་ཕྱག་གིས༌མཛད།། 11གནམ་ས་འཇིག་ཀྱང་ཁྱེད་ནི་རྟག་ཏུ༌བཞུགས།། གནམ་ས་གཉིས་ནི་གོས་ལྟར་རྙིང་བར༌འགྱུར།། 12ཁྱེད་ཀྱིས་གནམ་ས་གཉིས་ནི་གོས་བཞིན༌བསྒྲིལ།། གོས་བཞིན་དེ་ནི་ཡོངས་སུ་བསྒྱུར་པ་ཡིན།། འོན་ཀྱང་ཁྱེད་རང་ནམ་ཡང་འགྱུར་བ༌མེད།། ཁྱེད་ཀྱི་ལོ་ཟླ་ནམ་ཡང་རྫོགས་མཐའ༌བྲལ།། ཞེས་གསུངས༌སོ།། 13དཀོན་མཆོག་གིས་ཕོ་ཉ་སུ་ལའང་འདི་སྐད༌དུ། ཞེས་གསུངས་མ་མྱོང༌། 14ཕོ་ཉ་ཐམས་ཅད་ནི་ཞབས་ཕྱི་སྒྲུབ་པའི་སེམས་ཉིད༌དང༌། ཐར་པ་འཐོབ་ངེས་པའི་མི་རྣམས་ལ་ཞབས་ཕྱི་སྒྲུབ་མཁན་དུ་མངགས་པ་མ་ཡིན་ནམ།

ཨིབ་རི་པ 2

དོགས་ཟོན་བྱེད་དགོས་པའི༌སྐོར།

1དེ་བས་ན་བདག་ཅག་འཁྱོག་འགྲོས་སུ་མི་འཁྱར་བའི༌ཕྱིར། གང་ཞིག་ཐོས་པ་ལ་ལྷག་ཏུ་གཟབ་ནན་གྱིས་མཉན་པར་བྱའོ།། 2ཕོ་ཉ་བརྒྱུད་ནས་བསྒྲགས་པའི་བཀའ་དེ་ངེས་གཏན་ཡིན་ཏེ། བཀའ་དེ་དང་འགལ་ཞིང་དེར་མ་མཉན་པ་ཐམས་ཅད་ལ་ཐོབ་འོས་པའི་ལན་ཐོབ་ཟིན་ཅིང་། 3བདག་ཅག་གིས་ཐར་པ་ཆེན་པོ་འདི་ལྟ་བུ་སྣང་མེད་དུ་བསྐྱུར༌ན། ལན་དེ་ལས་ཅི་ལྟར་ཐར་ཐུབ༌བམ། ཐར་པ་དེ་ནི་ཐོག་མར་གཙོ་བོས་དངོས་སུ་གསུངས་པ༌དང༌། ཕྱིས་སུ་ཐོས་མཁན་རྣམས་ཀྱིས་བདག་ཅག་ལ་བདེན་དཔང་བྱས༌པ་ཡིན། 4དཀོན་མཆོག་གིས་ཀྱང་རང་གི་ཐུགས་དགོངས་བཞིན་དུ་གྲུབ་རྟགས༌དང༌། དོན་ངོ་མཚར༌ཅན། ནུས་མཐུ་སྣ༌ཚོགས། གཞན་ཡང་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་བཅས་ལ་བརྟེན་ནས་ཁོ་རྣམས་དང་མཉམ་དུ་བདེན་དཔང་མཛད་པ་ལགས༌སོ།།

སྐྱབས་མགོན་ཡེ་ཤུ་དང་ཁོང་གི་དད་ལྡན༌སྐོར།

5ངེད་ཅག་གིས་གླེང་བཞིན་པའི་འབྱུང་འགྱུར་གྱི་འཇིག་རྟེན་དེ་ནི་དཀོན་མཆོག་གིས་ཕོ་ཉ་རྣམས་ལ་བདག་སྐྱོང་བྱེད་པར་སྤྲད་པ་མ་ཡིན༌མོད། 6འོན་ཀྱང་མི་གཞན་གྱིས་མདོ་ཞིག་ལས་ལུང་དྲངས་ཤིང་བདེན་དཔང་བྱས་པ༌འདི་ལྟར། ཀྱེ་ཀྱེ་མགོ་ནག་མི་ནི་ཅི་འདྲ༌ཙམ།། ཁྱེད་ཀྱིས་མི་རྣམས་ཐུགས་སུ་འཛིན་དོན༌ཅི།། ཀྱེ་ཀྱེ་འཇིག་རྟེན་མིའི་བུ་ཅི་འདྲ༌ཙམ།། ཁྱེད་ཀྱིས་དེ་ལ་ཐུགས་ཁུར་མཛད་དོན༌ཅི།། 7ཁྱེད་ཀྱིས་ཕོ་ཉ་ལ་ནི་བསྡུར་བ༌ན།། ཁོང་ནི་རེ་ཞིག་ཅུང་ཙམ་དམའ་བར་མཛད།། གཟི་བྱིན་བཀུར་སྟི་གནང་སྟེ་གཙུག་རྒྱན༌གྱུར།། ཁྱེད་ཀྱི་ཕྱག་གིས་མཛད་པའི་དངོས་པོ༌ཀུན།། ཁོང་ལ་དོ་དམ་བྱེད་པར༌མཛད་པ་ཡིན།། 8དངོས་པོ་ཐམས་ཅད་ཁོང་གི་ཞབས་འོག་གནོན།། ཞེས༌པའོ།། དངོས་པོ་ཐམས་ཅད་ཁོང་གི་ཞབས་འོག་ཏུ་གནོན་པར་མཛད་པ་ཡིན༌པས། ཁོང་གི་དབང་འོག་ཏུ་མི་འགྲོ་བ་ཅི་ཡང་ལྷག་མེད། ད་ལྟ་བདག་ཅག་གིས་དངོས་པོ་ཐམས་ཅད་ཁོང་གི་དབང་འོག་ཏུ་ཡོད་པ་མི་མཐོང༌མོད། 9འོན་ཀྱང་སྐྱབས་མགོན་ཡེ་ཤུ་ནི་རེ་ཞིག་ཕོ་ཉ་དག་ལས་ཅུང་ཙམ་དམའ་བར་མཛད་པ༌དང༌། ཁོང་གིས་འཆི་བའི་སྡུག་བསྔལ་མྱངས་པས་གཟི་བྱིན་དང་བཀུར་སྟིའི་གཙུག་རྒྱན་ཐོབ༌ཅིང༌། དེ་ནི་དཀོན་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་མི་ཐམས་ཅད་ཀྱི་དོན་དུ་འཆི་བའི་སྡུག་བསྔལ་མྱངས༌པའི་ཕྱིར་རོ།། 10མ་གཞི་དངོས་པོ་ཐམས་ཅད་ཀྱི་ཁོངས་གཏོགས་དང་གཞི་རྩ་ཡིན་པའི་དཀོན་མཆོག་གིས་བུ་མང་པོ་ཞིག་གཟི་བརྗིད་ཀྱི་ནང་དུ་འཁྲིད་པའི༌ཕྱིར། ཁོ་རྣམས་སྐྱོབ་པའི་འགོ་དཔོན་དེ་ཉིད་ཀྱིས་སྡུག་བསྔལ་མྱངས་པ་བརྒྱུད་ནས་ཆ་ཡོངས་སུ་རྫོགས་པར་མཛད་པ་ནི་འོས་ཤིང་འཚམ༌པ་ཡིན་ནོ།། 11མི་དམ་པར་མཛད་མཁན་སྐྱབས་མགོན་ཡེ་ཤུ་དང་དམ་པར་གྱུར་ཟིན་པ་ཐམས་ཅད་འབྱུང་ཁུངས་གཅིག་ཡིན༌པས། ཁོང་གིས་དེ་རྣམས་ལ་སྤུན་ཟླ་ཞེས་ཞལ་འབོད་གནང་བ་ནི་ངོ་གནོང་དགོས་པ་ཞིག་མིན༌ཏེ། 12ཁོང་གིས་འདི་སྐད༌དུ། བདག་གིས་ཁྱེད་མཚན་ང་ཡི་སྤུན་ལ༌སྒྲོག ། འདུ་ཚོགས་ནང་དུ་ཁྱེད་ལ་བསྟོད་དབྱངས༌འབུལ།། ཞེས༌དང༌། 13ཡང་འདི་སྐད༌དུ། བདག་གིས་ཁོང་ཉིད་ལ་ནི་ཡིད་རྟོན༌བྱེད།། ཅེས༌དང༌། ཡང་འདི་སྐད༌དུ། བདག་དང་དཀོན་མཆོག་ཉིད་ཀྱིས་ང་རང་ལ།། གནང་བའི་བུ་ཕྲུག་རྣམས་ལ༌བལྟ་བར་གྱིས།།

ཞེས་གསུངས༌པའི་ཕྱིར་རོ།།

14དེའི༌ཕྱིར། བུ་ཕྲུག་རྣམས་ལ་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ཡོད་པ༌བཞིན། སྐྱབས་མགོན་ཡེ་ཤུའང་དངོས་སུ་མིའི་གཟུགས་སུ་གྱུར༌ཅིང༌། དེ་ནི་འཆི་བ་བརྒྱུད་ནས་འཆི་བདག་བདུད་དེ་འཇོམས་པ༌དང༌། 15འཆི་བར་འཇིགས་ནས་མི་ཚེ་ཧྲིལ་པོར་གཡོག་པོར་གྱུར་པ་རྣམས་དགྲོལ་བའི་ཆེད༌དུ་ཡིན། 16ཁོང་གིས་ཕོ་ཉ་རྣམས་བསྐྱབས་པ་མ་ཡིན༌པར། ཨབ་ར་ཧམ་གྱི་རིགས་རྒྱུད་རྣམས་སྐྱོབ༌པ་ཤ་སྟག་གོ། 17དེའི༌ཕྱིར། ཁོང་ནི་རྣམ་པ་ཀུན་ནས་རང་གི་སྤུན་ཟླ་རྣམས་དང་གཅིག་འདྲར་འགྱུར་དགོས༌ཏེ། དཀོན་མཆོག་གི་འཕྲིན་ལས་ཀྱི་ཐད་ནས་བྱམས་སྙིང་རྗེ་ཅན་དང་ཡིད་རྟོན་རུང་བའི་མཆོད་དཔོན་ཆེན་པོར་འགྱུར་བ༌དང༌། མི་རྣམས་ཀྱི་སྡིག་པའི་ཆེད་དུ་ཉེས་ཆད་བསལ་བའི་མཆོད་པ་འབུལ་བའི་ཕྱིར༌ཡིན། 18ཁོང་ལ་ཉམས་ཚོད་ཐེབས་ནས་སྡུག་བསྔལ་མྱངས༌པས། ཁོང་གིས་ཉམས་ཚོད་མྱོང་བའི་མི་རྣམས་ཀྱང་སྐྱོབ་ནུས༌སོ།།

ཨིབ་རི་པ 3

སྐྱབས་མགོན་ཡེ་ཤུ་ནི་ལུང་སྟོན་པ་མོ་ཤེ་ལས་མཆོག་ཏུ་གྱུར་པའི༌སྐོར།

1དེ་ལྟར་ཡིན་པས། ནམ་མཁའི་ཞིང་ཁམས་ནས་ཞལ་འབོད་གཅིག་མཚུངས་ཐོབ་མཁན་གྱི་སྤུན་ཟླ་དམ་པ༌རྣམས། བདག་ཅག་གིས་སྐུ་ཚབ་པ་དང་མཆོད་དཔོན་ཆེན་པོ་རུ་ཁས་ལེན་པའི་སྐྱབས་མགོན་ཡེ་ཤུ་ལ་ཁྱོད་ཅག་གིས་བསམ་མནོ་གཏོང་བར༌གྱིས། 2ཁོང་ཉིད་ནི་རང་ཉིད་བསྐོ་མཁན་ལ་བློ་སེམས་དཀར༌བ་དང་། དེ་ནི་མོ་ཤེ་ཁོ་རང་དཀོན་མཆོག་གི་ཁྱིམ་མི་ཡོངས་ལ་བློ་སེམས་དཀར་བ་དང་མཚུངས་སོ།། 3ཡང་ཁོང་ཉིད་ནི་མོ་ཤེ་ལས་ཀྱང་གཟི་བརྗིད་ཆེན་པོ་ཐོབ་འོས༌ཏེ། ཁང་པ་བཟོ་མཁན་ནི་ཁང་པ་ལས་ཀྱང་བརྗིད་ཉམས་ཆེ་བ་བཞིན༌ནོ།། 4ཅིའི་ཕྱིར་ཞེ་ན། ཁང་པ་རེ་རེར་བཟོ་མཁན་ཡོད༌མོད། འོན་ཀྱང་དངོས་པོ་ཐམས་ཅད་སྐྲུན་མཁན་ནི་དཀོན་མཆོག་ཡིན་པའི་ཕྱིར་རོ།། 5མོ་ཤེ་ནི་དཀོན་མཆོག་གི་ཁྱིམ་གཞིས་ལ་བློ་སེམས་དཀར་བའི་ཞབས་ཕྱི་པ་ཡིན༌ལ། མ་འོངས་པའི་དུས་སུ་སྒྲོག་ངེས་པའི་དོན་དེ་ལ་བདེན་དཔང་བྱེད་པར་འགྱུར། 6འོན་ཀྱང་སྐྱབས་མགོན་མཱ་ཤི་ཀ་ནི་དཀོན་མཆོག་གི་སྲས་ཡིན་པ་བཞིན༌དུ། དཀོན་མཆོག་གི་ཁྱིམ་གཞིས་ལ་བློ་སེམས་དཀར་པོས་བདག་སྐྱོང་མཛད་མཁན་ཡིན། བདག་ཅག་གིས་བསྟོད་པར་འོས་པའི་རེ་བ་དང་བློ་སྟོབས་དེ་ཉིད་མཐའ་འཁྱོངས་པར་བྱས༌ན། བདག་ཅག་ནི་ཁོང་གི་ཁྱིམ་གཞིས་ཡིན་ནོ།། དད་པ་མི་བྱེད་པར་ཉེན་བརྡ་གཏོང་བ། 7དེའི་ཕྱིར། དམ་པའི་ཐུགས་ཉིད་ཀྱིས་འདི་སྐད་དུ་གསུངས་པ༌སྟེ། དེ་རིང་ཁྱོད་ཚོས་ཁོང་གི་སྐད་ཐོས༌ན།། 8དབེན་སྟོང་ཡུལ་ནས་རྒྱབ་གཏོད་བྱས་པ་དང༌།། ཚོད་བགམ་བགྱིས་པའི་དུས་དེ་ནང་བཞིན༌དུ།། རང་གི་སེམས་ནི་གྱོང་པོར་མ་བྱེད༌ཅིག ། 9ཁྱོད་ཅག་མེས་པོས་གནའ་བོའི་ཡུལ་དེ༌ནས།། བགྲང་བྱ་བཞི་བཅུར་བདག་གི་འཕྲིན་ལས་མཐོང་།། བདག་ལ་ཚོད་བགམ་བྱས་ནས་འགྲན་སློང་བགྱིས།། 10དེའི་ཕྱིར་ང་རང་མི་རབས་དེ༌ལ་ནི།། སུན་སྣང་བྱུང་ནས་འདི་སྐད་སྨྲས་པ༌སྟེ།། དེ་དག་སེམས་ནི་རྟག་ཏུ་འཁྱོར་གྱུར་ནས།། བདག་གི་སྤྱོད་ལམ་ནམ་ཡང་མི་ཤེས༌སོ།། 11བདག་ནི་ཁོང་ཁྲོ་ལངས་ཏེ་དམ་བཅས་པ།། ཁོ་རྣམས་བདག་གི་ངལ་གསོ་དེའི་ནང༌དུ།། གཏན་ནས་ཞུགས་པར་མི་བྱ་ཞེས་པ་འོ།། 12སྤུན་ཟླ༌རྣམས། ཁྱོད་ཅག་གི་ཁྲོད་དུ་སུ་ཞིག་གིས་དད་པ་མི་བྱེད་པའི་སེམས་ངན་བཅངས༌ནས། རྟག་ཏུ་གསོན་པོར་བཞུགས་པའི་དཀོན་མཆོག་དང་ཁ་མི་འབྲལ་བའི་ཕྱིར་ཁྱོད་ཅག་གིས་དོགས་ཟོན་བྱོས༌ཤིག 13ཁྱོད་རྣམས་ལས་སུ་ཞིག་ཀྱང་སྡིག་པའི་གཡོ་འོག་ཏུ་ཚུད་ནས་སེམས་གྱོང་པོར་མི་འགྱུར་བའི༌ཕྱིར། དེ་རིང་ཟེར་བའི་ཉིན་མོ་མ་རྫོགས་པའི་བར་དུ། ཉིན་རེ་བཞིན་ཕན་ཚུན་ལ་སྐུལ་སློང་བྱེད་པར༌གྱིས། 14ཅིའི་ཕྱིར་ཞེ་ན། བདག་ཅག་གིས་ཐོག་མར་ཐག་ཆོད་པའི་དད་སེམས་དེ་མཐའ་འཁྱོངས་ན། སྐྱབས་མགོན་མཱ་ཤི་ཀའི་ཆ་ནས་སྐལ་བ་དང་ལྡན༌པར་གྱུར་པའི་ཕྱིར་རོ།། 15དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། དེ་རིང་ཁྱོད་ཚོས་ཁོང་གི་བཀའ་ཐོས༌ན།། ཁོང་ལ་རྒྱབ་གཏོད་བྱེད་པའི་དུས་བཞིན༌དུ།། རང་གི་སེམས་ནི་གྱོང་པོར་བྱ་མི༌རུང༌།། ཞེས་གསུངས༌པའོ།། 16དུས་དེར་ཁོང་གི་བཀའ་ཐོས་ཤིང་ཁོང་ལ་རྒྱབ་གཏོད་མཁན་ནི་སུ་ཞིག་ཡིན་ནམ་ཞེ༌ན། མོ་ཤེའི་རྗེས་སུ་འབྲངས་ཤིང་ཨེ་ཅིབ་ཡུལ་ནས་ཕྱིར་ཐོན་པའི་མི་ཐམས་ཅད་མ་ཡིན༌ནམ། 17ལོ་ངོ་བཞི་བཅུའི་རིང༌ལ། དཀོན་མཆོག་ནི་མི་སུ་ཞིག་ལ་ཐུགས་སུན་སྐྱེས་སམ་ཞེ༌ན། དེ་ནི་སྡིག་ཉེས་བསགས་ཏེ་བེམ་པོ་འབྲོག་སྟོང་དུ་ལུས་པའི་མི་རྣམས་མ་ཡིན༌ནམ། 18ཡང་ཁོང་གིས་མི་སུ་ཞིག་རང་ཉིད་ཀྱི་ངལ་གསོའི་ནང་དུ་མི་ཞུགས་པར་དམ་བཅས་སམ་ཞེ༌ན། དེ་ནི་བཀའ་མི་སྲུང་བ་རྣམས་མ་ཡིན༌ནམ། 19དེས་ན། ཁོ་རྣམས་ངལ་གསོའི་ནང་དུ་ཞུགས་མ་ནུས་པ་ནི་དད་པ་མེད་པའི་རྐྱེན་ཡིན་པ་ཤེས༌སོ།།

ཨིབ་རི་པ 4

དཀོན་མཆོག་གི་མི་རྒྱུད་ངལ་གསོའི་ནང་དུ་འཇུག་པའི༌སྐོར།

1དེའི་ཕྱིར། ཁོང་གི་ངལ་གསོའི་ནང་དུ་ཞུགས་པའི་ཞལ་བཞེས་དེ་ད་དུང་བཞག་ཡོད་པས་ན། ཁྱོད་རྣམས་ལས་སུ་ཞིག་ཀྱང་རྗེས་སུ་ལུས་པར་སྙམ་པ་ཙམ་ལ་དོགས་ཟོན་བྱེད་དགོས་སོ།། 2ཅིའི་ཕྱིར་ཞེ་ན། ཁོ་རྣམས་དང་འདྲ་བར་བདག་ཅག་ལའང་འཕྲིན་བཟང་དེ་བསྒྲགས་མྱོང་བའི་ཕྱིར༌ཡིན། འོན་ཀྱང་ཁོ་རྣམས་ལ་བཀའ་ཐོས་པ་དང་མཐུན་པའི་དད་པ་མེད༌པས། བཀའ་ཐོས་པ་དེ་ནི་ཁོ་རྣམས་ལ་ཕན་ཐོགས་མེད། 3བདག་ཅག་དད་པ་བྱས་ཟིན་པ་དག་ནི་ངལ་གསོའི་ནང་དུ་ཞུགས་པ་ཡིན༌ཏེ། དཀོན་མཆོག་གིས་འདི་སྐད༌དུ། བདག་ནི་ཁོང་ཁྲོ་ལངས་ཏེ་དམ་བཅས་པ།། ཞེས་གསུངས་པ་བཞིན༌ནོ།། དོན་དམ་དུ་ཁོང་གི་འཕྲིན་ལས་ནི་འཇིག་རྟེན་ཁམས་བཀོད་པའི་ཚུན་ལ་ཡོངས་སུ་གྲུབ༌པའོ།། 4ཉིན་བདུན་པའི་སྐོར་ལ་གསུང་རབ་ཀྱི་མདོ་ཞིག་ལས་ཇི་སྐད༌དུ། ཉིན་བདུན་པར་དཀོན་མཆོག་གིས་འཕྲིན་ལས་ཐམས་ཅད་ནས་ངལ་གསོ་མཛད་ཅེས་གསུངས་སོ།། 5ཡང་མདོ་དེ་ལས་ཇི་སྐད༌དུ། ཞེས་གསུངས༌པའོ།། 6ངལ་གསོའི་ནང་དུ་ཞུགས་ངེས་པའི་མི་འགའ་ཞིག་ཡོད༌ལ། སྔོན་ཆད་འཕྲིན་བཟང་ཐོས་མྱོང་བ་རྣམས་ཀྱིས་བཀའ་མ་བསྲུངས༌པས། དེའི་ནང་དུ་ཞུགས་མ་ནུས་སོ།། 7དེའི༌ཕྱིར། ལོ་མང་པོ་འདས་པའི་རྗེས༌སུ། དཱ་བིད་ཀྱི་མདོ་ལས་ཡང་ཉིན་གཅིག་གཏན་ཁེལ་བྱས་པ༌སྟེ། དེ་ནི་གོང་ནས་ཇི་སྐད༌དུ། 8དེ་ཡང་སྔོན་ཆད་ཡོ་ཤུ་ཨ་ཡིས་ཁོ་རྣམས་ངལ་གསོའི་ནང་དུ་ཞུགས་པར་བྱས༌ན། ཕྱིས་སུ་དཀོན་མཆོག་གིས་ངལ་གསོ་བའི་ཉིན་གཞན་ཞིག་གསུང་བར་མ་མཛད་དོ།། 9དེས་ན་དཀོན་མཆོག་གིས་རང་གི་མི་རྒྱུད་ཀྱི་ཆེད༌དུ། ངལ་གསོ་ཞིག་བསྐྱུར་ཡོད་པ་ཤེས་ནུས་ལ། 10ཁོང་གི་ངལ་གསོ་ནང་དུ་ཞུགས་མཁན་ཡིན༌ན། དཀོན་མཆོག་གིས་རང་གི་འཕྲིན་ལས་ཐམས་ཅད་ནས་ངལ་གསོ་མཛད་པ་བཞིན། རང་གི་དོན་རྣམས་སྒྲུབ་མཚམས་བཞག་སྟེ་ངལ་གསོ་བྱས་པ་ཡིན༌ནོ།། 11དེའི༌ཕྱིར། མི་སུས་ཀྱང་དཀོན་མཆོག་གི་བཀའ་མི་སྲུང་བ་དེ་རྣམས་མིག་དཔེར་བཟུང་ནས་ས་རུ་མི་འགྱེལ་བའི༌ཕྱིར། བདག་ཅག་གིས་ངེས་པར་ངལ་གསོ་དེའི་ནང་དུ་ཞུགས་པར་བརྩོན་དགོས༌སོ།། 12དཀོན་མཆོག་གི་བཀའ་ནི་སྐྱེ་སྟོབས་དང་ནུས་མཐུ་ལྡན་ཞིང་རལ་གྲི་ཁ་གཉིས་མ་ལས་ཀྱང་རྣོ་བ༌དང༌། ཐ་ན་ཡིད་དང༌སེམས། རུས་ཚིགས་དང་རུས་རྐང་བཅས་ཀྱང་དབུག་ཅིང་གཤག་ནུས༌ལ། ཡིད་ཀྱི་བསམ་ཚུལ་དང་འདོད་ཚུལ་ལའང་བརྡར་ཤ་གཅོད་ནུས་སོ།། 13བཀོད་པ་ཐམས་ཅད་ལས་ཁོང་གི་དྲུང་དུ་མི་སྣང་བ་གཅིག་ཀྱང་མེད། མ་གཞི་དངོས་པོ་ཐམས་ཅད་བདག་ཅག་དང་འབྲེལ་བ་ཡོད་པའི་དཀོན་མཆོག་གི་སྤྱན་སྔར་དམར་རྗེན་དུ་མངོན་པ་ཡིན༌ནོ།།

བརྗིད་ཉམས་ཆེ་བའི་མཆོད་དཔོན་ཆེན་པོ་སྐྱབས་མགོན་ཡེ༌ཤུ།

14དེ་བས་ན། བདག་ཅག་ལ་ནམ་མཁའི་ཞིང་ཁམས་སུ་འཕགས་ཤིང་བརྗིད་ཉམས་ཆེ་བའི་མཆོད་དཔོན་ཆེན་པོ་ཞིག་ཡོད༌དེ། ཁོང་ནི་དཀོན་མཆོག་གི་སྲས་སྐྱབས་མགོན་ཡེ་ཤུ་ཡིན༌པས། བདག་ཅག་གིས་ཁས་ལེན་བྱས་པའི་དད་པ་དེ་བརྟན་པོར་བསྲུང་དགོས་སོ།། 15ཅིའི་ཕྱིར་ཞེ་ན། བདག་ཅག་གི་མཆོད་དཔོན་ཆེན་པོས་རང་རེའི་སྟོབས་ཤུགས་ཞན་པར་ཐུགས་རྗེ་དགོངས་མི་ནུས་པ་མིན༌ཏེ། ཁོང་ལའང་དོན་ཐམས་ཅད་ཀྱི་ཆ་ནས་བདག་ཅག་དང་འདྲ་བར་ཉམས་ཚོད་ཐེབས་མྱོང་མོད། འོན་ཀྱང་ཁོང་གིས་སྡིག་པ་ཅི་ཡང་མ་བསགས་སོ།། 16དེའི༌ཕྱིར། རོགས་སྐྱོར་དགོས་པའི་དུས་སུ་སྐྱབས་དང་ཐུགས་རྗེ་འཐོབ་པའི༌ཕྱིར། བདག་ཅག་བག་ཕེབས་ཞུམ་མེད་ཀྱིས་ཐུགས་རྗེའི་བཞུགས་ཁྲི་མདུན་དུ་ཡོང་བར༌བྱའོ།།

ཨིབ་རི་པ 5

1སྤྱིར་མི་རྣམས་ལས་མཆོད་དཔོན་ཆེན་པོར་བདམས་པ༌ཐམས་ཅད་ནི། མངགས་བཅོལ་ལྟར་མིའི་འཐུས་ཚབ་ཏུ་དཀོན་མཆོག་གི་འཕྲིན་ལས་རྣམས་སྒྲུབ་པ༌དང༌། སྡིག་པའི་ཆེད་དུ་ཕྱག་རྟེན་དང་མཆོད་པ་རྣམས་འབུལ་བའི་ཕྱིར་ཡིན་ནོ།། 2མཆོད་དཔོན་ཆེན་པོས་མགོ་བོ་རྨོངས་ཤིང་ཁ་ཕྱོགས་བོར་བའི་མི་རྣམས་ལ་ཐུགས་རྒྱ་བསྐྱེད་ནུས༌ཏེ། ཁོ་རང་ཡང་སྟོབས་ཞན་པའི་གནས་སུ་ལྷུང་ཡོད་པས། 3ཁོ་བོས་མི་རྒྱུད་དང་རང་གི་ཆེད་དུ། སྡིག་པའི་ཕྱིར་མཆོད་པ་འབུལ་དགོས་སོ།། 4ཡང་མཆོད་དཔོན་ཆེན་པོའི་བརྗིད་ཉམས་ནི་མི་སུ་ཞིག་གིས་ཚུར་ལེན་མི་ནུས༌ཏེ། ཨ་རོན་ཇི་བཞིན་ངེས་པར་དཀོན་མཆོག་གི་ཞལ་འབོད་འཐོབ་དགོས་ལ། 5དེས་ན་སྐྱབས་མགོན་མཱ་ཤི་ཀས་གཟི་བརྗིད་དེ་རང་ལ་བླངས་ནས་མཆོད་དཔོན་ཆེན་པོར་བྱས་པ་ནི་མིན༌ཏེ། དཀོན་མཆོག་གིས་ཁོང་ལ་འདི་སྐད༌དུ། ཞེས་གསུངས་པ་ཡིན༌ནོ།། 6ཡང་མདོ་གཞན་ཞིག་ལས་འདི་སྐད༌དུ། མཆོད་དཔོན་མཱལ་ཀི་ཚེ་དེག་རིམ་པ་བཞིན།། ཁྱོད་ནི་ཇི་སྲིད་བར་དུ་མཆོད་དཔོན༌ཡིན།། 7སྐྱབས་མགོན་མཱ་ཤི་ཀ་ཁོང་ཉིད་སྐུ་གཟུགས་ཀྱི་ཕུང་བོའི་ནང་དུ་བཞུགས་པའི་དུས༌སུ། ཁོང་གིས་གསུང་སྐད་ཆེན་པོས་ཞུམ་ཞིང་སྤྱན་ཆབ་བཞུར་བཞིན་གསོལ་བ་བཏབ་པ་དང་། རང་ཉིད་འཆི་བ་ལས་སྐྱོབ་པར་མཛད་ནུས་པ་དེ་ཉིད་ལ་ཞུ་བ་བྱས་མྱོང་ཞིང་། ཁོང་ལ་དད་གུས་མངའ་བའི་རྐྱེན་གྱིས་དཀོན་མཆོག་གིས་གསན་པར་མཛད་དོ།། 8ཁོང་ནི་སྲས་ཡིན་ཡང་ཁོང་གིས་སྡུག་བསྔལ་མྱངས་པ་བརྒྱུད་ནས་དཀོན་མཆོག་གི་བཀའ་ཇི་ལྟར་སྲུང་དགོས་པ་བསླབས་ནས། 9ཁོང་ཉིད་ཆ་ཡོངས་སུ་རྫོགས་པས། ཁོང་གི་བཀའ་བརྩི་མཁན་ཐམས་ཅད་ལ་མཐའ་མེད་པའི་ཐར་པ་ཐོབ་པའི་རྒྱུ་རུ་གྱུར་བར་མ༌ཟད། 10དཀོན་མཆོག་གིས་མཱལ་ཀི་ཚེ་དེག་གི་རིམ་པ་བཞིན། ཁོང་ལ་མཆོད་དཔོན་ཆེན་པོ་ཞེས་གསོལ༌བའོ།།

དད་ལོག་ཅན་དུ་མི་འགྱུར་བའི་ཉེན་བརྡ།

11དེ་ཡང་མཱལ་ཀི་ཚེ་དེག་གི་སྐོར་ངེད་ཅག་ལ་འཆད་རྒྱུ་མང་པོ་ཡོད༌ནའང་། ཁྱོད་རྣམས་ཀྱིས་ཉན་ཁ་མི་ཉན་པས་དེ་ལ་གསལ་བཤད་བྱེད༌དཀའོ།། 12དུས་ཚོད་ལྟར༌ན། ད་ལྟ་ཁྱོད་རྣམས་སློབ་དཔོན་དུ་བྱེད་འོས༌མོད། འོན་ཀྱང་མི་གཞན་ཞིག་གིས་དཀོན་མཆོག་གི་བཀའ་ཡི་རྨང་གཞི་དེ་ཡང་བསྐྱར་ཁྱོད་ཅག་ལ་ཁྲིད་སྟོན་བྱེད་དགོས་ཤིང་། ཁྱོད་ཅག་ནི་ནུ་ཞོ་ཁོ་ན་འཐུང་དགོས་པ་ལས་ཟས་བཟའ་མི་ནུས་པའི་མི་བཞིན་དུ་གྱུར༌པ་ཡིན། 13ནུ་ཞོ་ཁོ་ན་འཐུང་མཁན་ནི་ཁྱེའུ་ཡིན༌པས། དྲང་བདེན་གྱི་བཀའ་ལ་བྱང་ཆ་མེད་དོ།། 14འོན་ཀྱང་ལོ་ན་ཆེར་སོན་པ་རྣམས་ཀྱིས་ད་གཟོད་ཁ་ཟས་བཟའ་ནུས་པ་ཡིན༌ལ། དེ་རྣམས་ཀྱི་སེམས་ལ་སྦྱངས་པ་མཐར་ཕྱིན་པས་བཟང་ངན་གྱི་དབྱེ་བའང་འབྱེད་ནུས༌སོ།།

ཨིབ་རི་པ 6

1དེའི༌ཕྱིར། བདག་ཅག་གིས་སྐྱབས་མགོན་མཱ་ཤི་ཀའི་རྨང་གཞིའི་བསླབ་བྱ་ལས་བརྒལ་ནས། དད་པ་བརྟན་པོའི་ཕྱོགས་སུ་བརྩོན་དགོས་པ་ལས། ཡང་བསྐྱར་རྨང་གཞི་འདིང་མི་དགོས་ཏེ། དཔེར་ན། འཆི་རུ་འཇུག་པའི་སྤྱོད་ངན་ལས་འགྱོད་བཤགས་བྱེད་པ་དང་། དཀོན་མཆོག་ལ་དད༌པ་བྱེད་པ། 2ཁྲུས་ཀྱི་མཛད་སྒོ་སྣ༌ཚོགས་སྒྲུབ་པ། ལག་པ་གཞན་གྱི་ལུས་སྟེང་དུ་འཇོག༌པ། གཤིན་པོ་རྣམས་སླར་གསོན༌པ། རྫོགས་མཐའ་མེད་པའི་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པ་ལ་སོགས་པའི་བསླབ་བྱ་སྣ་ཚོགས་ལྟ་བུ་ཡིན་ནོ།། 3དཀོན་མཆོག་ཐུགས་དགྱེས་ན། བདག་ཅག་གིས་དེ་ལྟར་བྱ་ངེས༌སོ།། 4དེ་ཡང་སུ་ཞིག་ལན་གཅིག་བློ་གསལ་པོར་མཛད་ཅིང་ནམ་མཁའི་ཞིང་ཁམས་ཀྱི་གནང་སྦྱིན་གྱི་བྲོ་བ་མྱངས་པ༌དང༌། དམ་པའི་ཐུགས་ཉིད་ཀྱི་སྐལ་བ་ལྡན་པར་མ༌ཟད། 5དཀོན་མཆོག་གི་བཀའ་ལེགས་པོ་དང་། བསྐལ་པ་འབྱུང་འགྱུར་གྱི་ནུས་མཐུའི་བྲོ་བ་མྱངས་ནའང་། 6དེ་རྣམས་ཀྱིས་དད་པ་བསྐྱུར་ན། ཁོ་རྣམས་ཡང་བསྐྱར་འགྱོད་བཤགས་བྱེད་པར་བྱ་མི་ནུས་སོ།། ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱིས་དངོས་སུ་དཀོན་མཆོག་གི་སྲས་དེ་ཡང་བསྐྱར་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་ཏེ། མངོན་སུམ་དུ་ཁོང་ལ་ངོ་གནོང་བར་བྱས་པའི་ཕྱིར་རོ།། 7དེ་ནི་ས་ཞིང་ཞིག་བསྟུད་མར་བབས་པའི་ཆར་ཆུས་བརླན་པར་བྱས་ཤིང་། དེ་ལས་སྔོ་ཚོད་སྐྱེས་པ་དང་ཞིང་འདེབས་མཁན་རྣམས་ལ་མཁོ་བ་བཞིན་དུ་བཀོལ་སྤྱོད་བྱེད་པར་འོས༌ན། དེ་ནི་དཀོན་མཆོག་ནས་བྱིན་རླབས་ཐོབ་པ་ལྟ་བུ་ཡིན་མོད། 8འོན་ཀྱང་། ས་ཞིང་དེ་ལས་ཚེར་མ་དང་སྤྱང་ཚེར་སྐྱེས་པ་ཡིན་ན། དེ་ཉིད་འདོར་ཞིང་དམོད་མོ་ཐེབས་ཉེན་ཆེ་བ་དང་། མཇུག་འབྲས་ནི་མེར་བསྲེག་པ་ལྟ་བུའོ།། 9སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ངེད་ཅག་གིས་འདི་ལྟར་སྨྲས༌ནའང༌། ཁྱོད་རྣམས་ཀྱི་སྤྱོད་ལམ་དེ་དག་ལས་ལེགས་པ་དང་། ཁྱོད་རྣམས་ལ་ཐར་པ་དང་ལྡན་པའི་དོན་རྣམས་ཐོབ་ཡོད་པར་ཡིད་ཆེས་སོ།། 10ཅིའི་ཕྱིར་ཞེ་ན། དཀོན་མཆོག་ནི་དྲང་བདེན་ཡིན་པས། ཁྱོད་ཅག་གིས་བྱས་པའི་ལས་བཟང་པོ་དང་ཁོང་གི་མཚན་ལ་བཅངས་པའི་བྱམས་པ་སྟེ། སྔོན་ཆད་དད་ལྡན་དམ་པ་རྣམས་ལ་ཞབས་ཕྱི་བསྒྲུབས་ཤིང་། ད་ལྟའང་སྒྲུབ་བཞིན་པའི་ལས་དེ་ཁོང་གིས་བརྗེད་མི་སྲིད༌པའི་ཕྱིར་ཡིན། 11ཁྱོད་རྣམས་ལ་མཐའ་མཇུག་བར་དུ་རེ་བ་ཆེན་པོ་དང་ལྡན་པའི༌ཕྱིར། ཁྱོད་ཅག་མི་རེ་རེས་ལས་དེ་ལྟ་བུར་བརྩོན་རྒྱུ་ནི་ངེད་ཅག་གི་འདུན་པ་ཡིན༌ཏེ། 12ཁྱོད་རྣམས་ལེ་ལོའི་དབང་དུ་མི་འགྲོ་བའི་ཕྱིར། དད་པ་དང་བཟོད་བསྲན་ལ་བརྟེན་ནས་ཞལ་བཞེས་ཐོབ་མཁན་རྣམས་མིག་དཔེར་འཛིན་དགོས་སོ།།

དཀོན་མཆོག་གི་འགྱུར་བ་མེད་པའི་ཞལ་བཞེས།

13དེ་ཡང་དང་ཐོག་དཀོན་མཆོག་གིས་ཨབ་ར་ཧམ་ལ་ཞལ་བཞེས་གནང་བའི་དུས༌སུ། རང་ཉིད་ལས་ཆེན་པོ་ཞིག་རྟེན་ས་མེད་པས། ཁོང་གིས་རང་ཉིད་རྟེན་ལ་བཙུགས་ནས་འདི་སྐད༌དུ། 14བདག་གིས་ཁྱོད་ལ་བྱིན་རླབས་ཆེན་པོ་གནང་ངེས༌ཤིང༌། ཁྱོད་ཀྱི་རིགས་རྒྱུད་མང་དུ་སྤེལ་བར་བྱའོ་ཞེས་དམ་བཅས་སོ།། 15དེ་ལྟར་ཨབ་ར་ཧམ་གྱིས་ཡུན་རིང་དུ་བཟོད་བསྲན་བྱས་རྗེས། ཞལ་བཞེས་གནང་བ་དེ་ཉིད་ཁོང་ལ་ཐོབ་པ་ཡིན༌ནོ།། 16མི་སུ་ཡིན་ཡང་རང་ཉིད་ལས་ཆེན་པོ་ཞིག་རྟེན་ལ་བཙུགས་ནས་དམ་བཅའ་བར་མ༌ཟད། དམ་བཅའི་ཚིག་གཞིར་བཟུང་ནས་རྩོད་གཞི་སྣ་ཚོགས་ཐག་གིས་གཅོད་པར་བྱེད་དོ།། 17དེ་བཞིན་དུ་དཀོན་མཆོག་གིས་ཞལ་བཞེས་ཐོབ་མཁན་རྣམས་ལ་ཁོང་གི་ཐུགས་དགོངས་ནི་འགྱུར་བ་མེད་པ་དེ་ལས་ཀྱང་མངོན་གསལ་དུ་སྟོན་པར་དགོངས༌ཤིང་། དམ་བཅས་པར་བརྟེན་ནས་བདེན་དཔང་མཛད༌པ་ཡིན། 18དེ་ནི་འགྱུར་བ་མེད་པའི་དོན་འདི་གཉིས་བརྒྱུད་ནས། དཀོན་མཆོག་གིས་ཞལ་རྫུན་གཏན་ནས་གསུང་མི་སྲིད་ཅིང་། བདག་ཅག་སྐྱབས་སུ་སོང་པ་རྣམས་ནི་བདག་ཅག་གི་མདུན་དུ་ལྷགས་པའི་རེ་བ་དེ་རང་སེམས་ལ་འཛིན་པར་སྙིང་སྟོབས་ཆེན་པོ་བསྐྱེད་ཐུབ་པའི་ཕྱིར་རོ།། 19བདག་ཅག་གི་རེ་བ་ནི་སེམས་ཀྱི་གཏིང་རྡོ་ལྟ་བུ་ཡིན་ཏེ། སྲ་ཞིང་བརྟན་ལ་ཡོལ་བའི་རྒྱབ་ཀྱི་གནས་དེ་རུ་སླེབ་པ་ཡིན། 20སྐྱབས་མགོན་ཡེ་ཤུ་ནི་བདག་ཅག་གི་ཆེད་དུ་སྔོན་འགྲོ་པ་ལྟར་གནས་དེ་རུ་ཕེབས་ཟིན་ཏེ། མཱལ་ཀི་ཚེ་དེག་གི་རིམ་པ་བཞིན་དུ་ཡུན་གཏན་གྱི་མཆོད་དཔོན་ཆེན་པོར་གྱུར༌པའོ།།

ཨིབ་རི་པ 7

མཆོད་དཔོན་མལ་ཀི་ཚེ༌དེག་གི་སྐོར།

1དེ་ཡང་མཱལ་ཀི་ཚེ་དེག་ནི་སཱ་ལེམ་གྱི་རྒྱལ་པོ་ཡིན་ལ། བླ་ན་མེད་པའི་དཀོན་མཆོག་གི་མཆོད་དཔོན་ཡང་ཡིན། ཨབ་ར་ཧམ་ནི་རྒྱལ་པོ་གཞན་དག་ལས་རྣམ་པར་རྒྱལ་ཏེ་ཕྱིར་ལོག༌སྐབས། ཁོང་གིས་ཨབ་ར་ཧམ་ལ་བསུ་བ་བྱས་ཤིང་བྱིན་གྱིས་བརླབས་སོ།། 2ཨབ་ར་ཧམ་གྱིས་ཀྱང་རང་ཉིད་ལ་ཐོབ་པ་ཐམས་ཅད་ལས་བཅུ་ཆའི་གཅིག་བླངས་ནས་ཁོང་ལ་ཕུལ་ཏོ།། ཁོང་གི་མཚན་དང་པོའི་དོན་ནི་དྲང་བདེན་གྱི་རྒྱལ་པོ་ཞེས་པ་དང༌། ཡང་སཱ་ལེམ་གྱི་རྒྱལ་པོ་ཞེས་ཀྱང་ཟེར་ཏེ་ཞི་བདེའི་རྒྱལ་པོ་ཞེས་པའི་དོན་ཡིན། 3ཁོང་ལ་ཕ་ནི་མེད་ལ་མ་ཡང་མེད་ཅིང་རིགས་རྒྱུད་མེད༌པ་དང་། སྐྱེས་པའི་དུས་དང་འཆི་བའི་དུས་ཀྱང་མེད༌དེ། དཀོན་མཆོག་གི་སྲས་དང་མཚུངས་པར་ཡུན་གཏན་གྱི་མཆོད་དཔོན་ཡིན༌ནོ།། 4ཁྱོད་ཅག་གིས་སོམས༌དང༌། མེས་པོ་ཨབ་ར་ཧམ་གྱིས་འཕྲོག་བཅོམ་བྱས་པའི་ནོར་རྫས་མཆོག་ཏུ་གྱུར་པ་ལས་བཅུ་ཆའི་གཅིག་བླངས་ནས་ཁོང་ཉིད་ལ་ཕུལ༌བས། སྐྱེས་བུ་དེ་ཉིད་ཇི་འདྲའི་རླབས་ཆེ་བ་ལ། 5ཡང་ལེ་ཝིའི་བུ་རྒྱུད་ལས་མཆོད་དཔོན་གྱི་ལས་འགན་ཐོབ་པ་རྣམས་ཀྱིས་བཀའ་ཁྲིམས་ལྟར་མི་རྒྱུད་ལས་བཅུ་ཆའི་གཅིག་ལེན་ཞིང་། དེ་དག་ནི་རང་གི་སྤུན་ཟླ་ཡིན༌ལ། ཨབ་ར་ཧམ་ཀྱི་བུ་རྒྱུད་ཡིན་ཡང་། ད་དུང་ལུགས་སྲོལ་ལྟར་བཅུ་ཆའི་གཅིག་ལེན༌པའོ།། 6འོན་ཀྱང་། མཱལ་ཀི་ཚེ་དེག་ནི་ཁོ་རྣམས་དང་རིགས་རྒྱུད་མི་གཅིག་ཀྱང༌། ཨབ་ར་ཧམ་གྱིས་བཅུ་ཆའི་གཅིག་གནང་བའང་བླངས་པ༌དང༌། ཞལ་བཞེས་ཐོབ་པའི་ཨབ་ར་ཧམ་ལ་བྱིན་གྱིས་བརླབས་ཤིང་། 7ཆེན་པོས་ཆུང་ངུ་ལ་བྱིན་གྱིས་བརླབས་པ་ནི་གནས་ལུགས་མཐར་ཐུག་ཡིན། 8དོན་འདིའི་སྟེང་དུ་ཕྱོགས་གཅིག་ནས་བཅུ་ཆའི་གཅིག་ལེན་མཁན་ཐམས་ཅད་ནི་འཆི་བར་འགྱུར་ངེས་པའི་མི་ཡིན༌མོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཅུ་ཆའི་གཅིག་ལེན་མཁན་མཱལ་ཀི་ཚེ་དེག་ལ་ཁོང་ནི་གསོན་པོ་ཡིན་ཞེས་བདེན་དཔང་བྱས་ཡོད༌པར་མ་ཟད། 9བཅུ་ཆའི་གཅིག་ལེན་མཁན་ལེ་ཝིས་ཀྱང་ཨབ་ར་ཧམ་བརྒྱུད་ནས་བཅུ་ཆའི་གཅིག་ཕུལ་བ་ཡིན་ཞེས་བརྗོད་རུང་ངོ་།། 10ཅིའི་ཕྱིར་ཞེ་ན། མཱལ་ཀི་ཚེ་དེག་གིས་ཨབ་ར་ཧམ་ལ་བསུ་བ་བྱེད་པའི་དུས་སུ། ལེ་ཝི་ཡང་རང་གི་མེས་པོའི་རྒྱུད་ལས་ཡོད་པའི་ཕྱིར་རོ།།

སྐྱབས་མགོན་ཡེ་ཤུ་ནི་མཱལ་ཀི་ཚེ་དེག་དང་མཚུངས་པའི༌སྐོར།

11སྔོན་ཆད་ལེ་ཝིའི་རིགས་རྒྱུད་ཀྱི་མཆོད་དཔོན་གྱི་ལས་འགན་ལ་བརྟེན་ནས་མི་རྒྱུད་ཀྱིས་དཀོན་མཆོག་གི་བཀའ་ཁྲིམས་དང་དུ་བླངས་པ་དང༌། ལས་འགན་དེ་བརྒྱུད་ནས་ཕུལ་ཏུ་བྱུང་བར་འགྱུར་ཐུབ༌པ་ཡིན་ན། ཨ་རོན་གྱི་རིམ་པ་བཞིན་མ་ཡིན་པར་མཱལ་ཀི་ཚེ་དེག་གི་རིམ་པ་བཞིན་མཆོད་དཔོན་གཞན་ཞིག་འབྱུང་དགོས་དོན༌ཅི། 12མཆོད་དཔོན་གྱི་ལས་འགན་བསྒྱུར་པ་ཡིན་པས་ན། བཀའ་ཁྲིམས་ཀྱང་ངེས་པར་བསྒྱུར་དགོས་སོ།། 13རྒྱུ་མཚན་ནི་ཚིག་འདིས་བསྟན་པའི༌མི་དེ་ནི་ཚོ་བ་གཞན་ཞིག་ལ་གཏོགས༌ཤིང་། ཚོ་བ་དེ་ལས་མཆོད་ཁྲི་ལ་ཞབས་ཕྱི་སྒྲུབ་མྱོང༌པ་གཅིག་ཀྱང་མེད་པའི་ཕྱིར་ཡིན། 14བདག་ཅག་གི་གཙོ་བོ་ནི་ཡ་ཧུ་དཱའི་ཚོ་བ་ལས་བྱུང༌བ་མངོན་གསལ་ཡིན་མོད། འོན་ཀྱང་ཚོ་བ་དེར་མཆོད་དཔོན་ཡོད་པ་ནི་མོ་ཤེ་ཡིས་གསུངས་མ་མྱོང༌། 15གལ་ཏེ། མཱལ་ཀི་ཚེ་དེག་དང་མཚུངས་པའི་མཆོད་དཔོན་གཞན་ཞིག་བྱུང་ཚེ། བདག་གི་གཏམ་འདི་ནི་དེ་ལས་ཀྱང་གསལ་པོ་ཡིན༌ཏེ། 16ཁོང་ཉིད་མཆོད་དཔོན་དུ་གྱུར་པ་ནི་མིའི་ཤ་གཟུགས་ཀྱི་ཕུང་བོའི་སྲོལ་ཡིག་བཞིན་དུ་མ་ཡིན༌པར། འཇོམས་ཐབས་མེད་པའི་ཚེ་སྲོག་གི་ནུས་མཐུ་བཞིན་དུ་གྱུར་པའོ།། 17ཅིའི་ཕྱིར་ཞེ་ན། ཁོང་ལ་བདེན་དཔང་མཛད་པ་ནི་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། མཱལ་ཀི་ཚེ་དེག་ཉིད་ཀྱི་རིམ་པ་བཞིན།། ཁྱོད་ནི་ཇི་སྲིད་བར་དུ་མཆོད་དཔོན་ཡིན།། ཞེས་གསུངས་པའི་ཕྱིར་རོ།། 18-19ཕྱོགས་གཅིག་ནས་བཀའ་ཁྲིམས་ཀྱིས་ཅི་ཡང་ཕུལ་དུ་བྱུང་བར་མ་མཛད༌ཅིང༌། སྔོན་ཆད་ཀྱི་བཀའ་ནི་སྟོབས་དང་ཕན་ནུས་ཅི་ཡང་མེད་པས་དོར་བ་དང་། ཕྱོགས་གཞན་ཞིག་ནས་སྔར་ལས་ཁྱད་དུ་འཕགས་པའི་རེ་བ་ཞིག་དྲངས་ཡོད་ཅིང༌། རེ་བ་དེ་ལ་བརྟེན་ནས་བདག་ཅག་དཀོན་མཆོག་གི་དྲུང་དུ་སླེབ་ནུས་སོ།། 20ཡང་གཅིག་སྨྲས༌ན། སྐྱབས་མགོན་ཡེ་ཤུ་མཆོད་དཔོན་དུ་བསྐོས་པ་ནི་དམ་བཅའ་མ་མཛད་པ་མ་ཡིན་ནོ།། མཆོད་དཔོན་གཞན་དག་ལ་མཚོན་ན། དམ་བཅས་ནས་བསྐོས་པ་མ༌ཡིན་ཏེ། 21སྐྱབས་མགོན་ཡེ་ཤུ་ཁོ་ན་དམ་བཅས་ནས་བསྐོས་པ་ཡིན། ཅིའི་ཕྱིར་ཞེ་ན། ཁོང་ཉིད་བསྐོ་མཁན་གྱིས་ཁོང་ལ་འདི་སྐད༌དུ། གཙོ་བོས་དམ་བཅའ་བཞག་པས་ཐུགས་མི༌གཡོ།། ཁྱེད་ནི་ཇི་སྲིད་བར་དུ་མཆོད་དཔོན༌ཡིན།། ཞེས་གསུངས་པའི་ཕྱིར་རོ།། 22དམ་བཅས་ནས་བསྐོས་པའི་རྐྱེན་གྱིས། སྐྱབས་མགོན་ཡེ་ཤུ་ནི་དེ་ལས་ཀྱང་ཁྱད་དུ་འཕགས་པའི་ཞལ་ཆད་ཀྱི་ཁག་ལེན་མཁན་དུ་གྱུར་པའོ།། 23ཕྱོགས་གཅིག་ནས་མཆོད་དཔོན་དུ་གྱུར་བ་གཞན་དག་འཆི་བའི་བར་ཆད་ཀྱི་དབང་གིས། ཡུན་རིང་པོར་གནས་མི་ཐུབ་པས་ཁོ་རྣམས་ཀྱི་མི་གྲངས་མང༌བ་ཡིན་ནོ།། 24ཕྱོགས་གཞན་ཞིག་ནས་སྐྱབས་མགོན་ཡེ་ཤུ་ནི་གཏན་དུ་བཞུགས་པ་ཡིན་པས། ཁོང་གི་མཆོད་དཔོན་གྱི་ལས་འགན་ལ་ནམ་ཡང་འགྱུར༌བ་མེད། 25དེ་བས་ན། མི་དེ་རྣམས་ཀྱི་ཆེད་དུ་གསོལ་བ་འདེབས་པར་ཁོང་ཉིད་གཏན་དུ་གསོན་པོར་བཞུགས་པས། ཁོང་ལ་བརྟེན་ནས་དཀོན་མཆོག་གི་དྲུང་དུ་འགྲོ་མཁན་ཐམས་ཅད་ཁོང་གིས་མཐའ་གཅིག་ཏུ་སྐྱོབ་ནུས༌སོ།། 26དམ་པ་དང་། སྐྱོན་མི་མངའ་བ། དྲི་མས་མ་གོས༌པ། སྡིག་ཅན་རྣམས་དང་ཁ་བྲལ༌བ། ནམ་མཁའ་ལས་ཀྱང་བླ་ན་འཕགས་པའི་མཆོད་དཔོན་ཆེན་པོ་འདི་ལྟ་བུ་ནི་བདག་ཅག་ལ་ཡོད་ན་འོས་འཚམ་ཡིན་ནོ།། 27ཁོང་ནི་མཆོད་དཔོན་ཆེན་པོ་གཞན་དག་དང་འདྲ་བར། ངེས་པར་ཉིན་རེ་བཞིན་ཐོག་མར་རང་ཉིད་ཀྱི་སྡིག་པ༌དང༌། ཕྱིས་སུ་མི་རྒྱུད་ཀྱི་སྡིག་པའི་ཕྱིར་མཆོད་པ་འབུལ་བ་མ་ཡིན༌ཏེ། ཁོང་གིས་རང་ཉིད་ཐེངས་གཅིག་ཁོ་ནར་ཕུལ་བས་དོན་དེ་ཡོངས་སུ་འགྲུབ་པར་མཛད༌པའི་ཕྱིར་ཡིན། 28མ་གཞི་བཀའ་ཁྲིམས་ཀྱིས་ནུས་སྟོབས་ཞན་པའི་མི་རྣམས་མཆོད་དཔོན་ཆེན་པོར་བསྐོ་བར་བྱེད་པ་ཡིན༌མོད། འོན་ཀྱང་བཀའ་ཁྲིམས་ཀྱི་རྗེས་སུ་དམ་བཅས་པའི་བཀའ་ཡིས་སྲས་དཀོན་མཆོག་དེ་ཉིད་མཆོད་དཔོན་ཆེན་པོར་བསྐོ་ཞིང་རྟག་ཏུ་ཕུལ་དུ་བྱུང་བའོ།།

ཨིབ་རི་པ 8

ཞལ་ཆད་གསར་པའི་མཆོད་དཔོན་ཆེན༌པོ།

1ངེད་ཅག་གིས་བརྗོད་པའི་དོན་གྱི་སྙིང་པོ་ནི་བདག་ཅག་ལ་འདི་ལྟ་བུའི་མཆོད་དཔོན་ཆེན་པོ་ཞིག་ཡོད༌ཅིང༌། ཁོང་ནི་ནམ་མཁའི་ཞིང་ཁམས་ཀྱི་གཟི་བརྗིད་ཆེན་པོ་དེ་ཉིད་ཀྱི་བཞུགས་ཁྲིའི་གཡས་ཕྱོགས་སུ་བཞུགས་པ་དེ་ཡིན་ལ། 2ཁོང་གིས་གནས་མཆོག་སྟེ་གུར་མཆོག་དངོས་མའི་ནང་དུ་འཕྲིན་ལས་མཛད་ཅིང༌། གུར་མཆོག་དེ་ནི་གཙོ་བོས་བཞེངས་པ་ལས་མི་ཡིས་ཕུབ་པ་མ་ཡིན༌ནོ།། 3མཆོད་དཔོན་ཆེན་པོ་ཐམས་ཅད་ནི་ཕྱག་རྟེན་དང་མཆོད་པ་འབུལ་བའི་ཆེད་དུ་བསྐོས་པ་ཡིན༌པས། མཆོད་དཔོན་ཆེན་པོ་དེ་ཉིད་ལའང་ངེས་པར་མཆོད་པ་གང་རུང་ཞིག་འབུལ་རྒྱུ་དགོས་སོ༎ 4གལ་ཏེ། མཆོད་དཔོན་ཆེན་པོ་དེ་ཉིད་འཇིག་རྟེན་དུ་བཞུགས་པ་ཡིན་ན། ཁོང་ནི་མཆོད་དཔོན་ཡང་ཡིན་མི་སྲིད། ཅིའི་ཕྱིར་ཞེ་ན། བཀའ་ཁྲིམས་ལྟར་འབུལ་བ་འབུལ་མཁན་རྣམས་ཡོད་པའི་ཕྱིར་རོ།། 5དེ་དག་གིས་ཞབས་ཏོག་སྒྲུབ་པའི་དོན་དེ་ནི་ནམ་མཁའི་ཞིང་ཁམས་ཀྱི་སྣང་བརྙན་དང་གྲིབ་གཟུགས་ཇི་བཞིན་ཡིན། དེ་ནི་མོ་ཤེ་ཡིས་གུར་མཆོག་བཟོ་བར་རྩོམ་དུས། དཀོན་མཆོག་གིས་ཁོང་ལ་ཉེན་བརྡ་འདི་སྐད༌བཏང་བ་སྟེ། ཁྱོད་ཀྱིས་མཉམ་པར་འཇོག་འོས་པ་ནི། དངོས་པོ་སྣ་ཚོགས་བཟོ་དུས་རི་འགོ་ནས་ཁྱོད་ལ་བསྟན་པའི་དཔེ་བཞིན་བཟོ་དགོས་ཞེས་གསུངས་པ་བཞིན་ནོ།། 6སྐྱབས་མགོན་ཡེ་ཤུ་ནི་དེ་ལས་ཀྱང་ཕུལ་དུ་བྱུང་བའི་ཞལ་ཆད་ཀྱི་བར་མི་རུ་མཛད་པ་བཞིན་དུ། ད་ལྟ་ཁོང་ལ་ཐོབ་པའི་ཞབས་ཏོག་གི་ལས་འགན་ནི་དེ་ལས་ཀྱང་ཁྱད་དུ་འཕགས༌པ་ཡིན། ཞལ་ཆད་འདི་ནི་དེ་ལས་ཁྱད་དུ་འཕགས་པའི་ཞལ་བཞེས་ལ་བརྟེན་ནས་བཙུགས་པའོ།། 7ཞལ་ཆད་སྔ་མ་ལ་འཕན་ཟེལ་ཅི་ཡང་མེད་པ་ཡིན་ན། ཞལ་ཆད་ཕྱི་མ་འཚོལ་དགོས་དོན་མེད༌པས། 8གཙོ་བོས་ཁོང་གི་མི་རྒྱུད་ལ་འདི་སྐད་བཀའ་བཀྱོན་གནང་བ་སྟེ། ལྟོས་དང༌། བདག་གིས་ཡེས་ར་ཨེལ་དང་ཡ་ཧུ༌དཱ།། ཁྱིམ་རྒྱུད་གཉིས་ལ་ཞལ་ཆད་གསར་པ༌ཞིག ། གནང་བའི་དུས་ལ་སླེབ་ཅིང་སླེབ་ལ་ཉེ།། 9དེ་ནི་བདག་གིས་ཁོ་ཚོའི་མེས་པོ༌ཡི།། ལག་པར་འཇུས་ཏེ་ཨེ་ཅིབ་ཡུལ་གང་ནས།། ཕྱི་རུ་ཁྲིད་ནས་ཡོང་དུས་བཞག་པ༌ཡི།། ཞལ་ཆད་དེ་དང་གཏན་ནས་མི་འདྲ་བའོ།། བདག་གིས་བཞག་པའི་ཞལ་ཆད་དེ་ཉིད་ནི།། ཁོ་ཚོས་བློ་སེམས་བརྟན་པོས་མ་བསྲུངས༌པས།། བདག་གིས་ཁོ་ཚོར་གཟིགས་སྐྱོང་མི་མཛད༌ཅེས།། གཙོ་བོས་དེ་ལྟར་གསུངས་པ་ཡིན་ལགས༌སོ།། ཞེས་གསུངས་པ་དང་། ཡང་འདི་སྐད་དུ། 10ཉིན་མོ་དེ་དག་རྗེས་སུ་བདག་གིས༌ནི།། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་དེ་རྣམས་ལ།། ཞལ་ཆད་མཛད་པ་འདི་ཡིན་གཙོ་བོས༌གསུངས།། བདག་གིས་རང་གི་བཀའ་ཁྲིམས་དེ་རྣམས༌ནི།། ཁོ་ཚོའི་སེམས་ལ་འཇོག་ཅིང་སྙིང་ལ་བརྐོ།། བདག་ནི་ཁོ་ཚོའི་དཀོན་མཆོག་ཡིན་པ༌དང༌།། 11ཆེ་ཆུང་ཀུན་གྱིས་ང་རང་ངོ་ཤེས༌པས།། ཁོ་ཚོས་རང་གི་སྤུན་དང་ཡུལ་མི༌ལ།། ཁྱོད་ཀྱིས་གཙོ་བོ་ཁོང་ངོ་ཤེས་པར་གྱིས།། ཞེས་པའི་ཁ་བསྒོ་གནང་བའི་དགོས་པ་མེད།། 12བདག་གིས་ཁོ་ཚོའི་ཉེས་པར་གུ་ཡངས༌གཏོང་།། ཁོ་ཚོའི་སྡིག་པ་ནམ་ཡང་དྲན་མི་འགྱུར།། ཞེས་གསུངས་སོ།། 13མདོར་ན། ཁོང་གིས་ཞལ་ཆད་གསར་པ་ཞེས་བརྗོད་པ་དེ་ལས་ཞལ་ཆད་སྔ་མ་དེ་རྙིང་བར་བརྩིས༌པ་ཤེས་ཤིང་། རིམ་བཞིན་རྙིང་ཞིང་ཉམས་པར་གྱུར་པ་དེ་ནི་མི་འགྱང་བར་མེད་པར་འགྱུར༌ངེས་སོ།།

ཨིབ་རི་པ 9

འཇིག་རྟེན་གྱི་གུར་མཆོག་ལ་གཏོགས་པའི་བསྙེན༌བཀུར།

1མ་གཞི་ཞལ་ཆད་སྔ་མར་བསྙེན་བཀུར་བྱེད་པའི་སྲོལ་ཡིག་དང་འཇིག་རྟེན་ལ་གཏོགས་པའི་གནས་མཆོག་མཆིས་སོ།། 2ཅིའི་ཕྱིར་ཞེ་ན། དེ་རུ་སྟ་གོན་བྱས་པའི་གུར་མཆོག་ཡོད༌དེ། རིམ་པ་དང་པོ་ལ་གནས་དམ་པ་ཞེས་དང༌། དེའི་ནང་དུ་སྒྲོན་སྟེགས་དང་། སྒྲོག༌ཙེ། སྤྱན་བསྟར་བག་ལེབ་བཅས་ཡོད་ལ། 3རིམ་པ་གཉིས་པའི་ཡོལ་བའི་རྒྱབ་ཏུ་ཡང་གུར་མཆོག་རིམ་པ་ཞིག་ཡོད་དེ། མིང་ལ་གནས་དམ་མཆོག་ཅེས་ཟེར་ཞིང༌། 4དེ་རུ་གསེར་གྱི་སྤོས་ཁྲི་དང་གསེར་གྱིས་ཡོངས་སུ་བཏུམས་པའི་ཞལ་ཆད་ཀྱི་ཤུར་སྒམ་ཡོད༌ཅིང་། སྒམ་དེའི་ནང་དུ་མཱན་ནཱ་ཡོད་པའི་གསེར་གྱི་བུམ་པ་དང་། མྱུ་གུ་འབུས་མྱོང་བའི་ཨ་རོན་གྱི་ཕྱག་རྟེན། ཞལ་ཆད་ཀྱི་རྡོ་ལེབ་གཉིས་བཅས་ཡོད༌ལ། 5ཤུར་སྒམ་གྱི་སྟེང་དུ་གཟི་བརྗིད་ལྡན་པའི་ཀེ་རུབ་ཀྱི་གཟུགས་བརྙན་གྱིས་གཡོགས་པའི་ཐུགས་རྗེའི་བཞུགས་ཁྲི་བཅས་ཡོད་མོད། འོན་ཀྱང་ད་ལྟ་ངེད་ཅག་གིས་དེ་དག་རེ་རེ་བཞིན་ཞིབ་པར་སྨྲ་མི་རུང་ངོ་།། 6དངོས་པོ་འདི་དག་ཐམས་ཅད་སྟ་གོན་བྱས་ཚར་རྗེས། མཆོད་དཔོན་རྣམས་རྒྱུན་དུ་གུར་མཆོག་རིམ་པ་དང་པོའི་ནང་དུ་དཀོན་མཆོག་ལ་བསྙེན་བཀུར་ཞུ་བར་འགྲོའོ།། 7འོན་ཀྱང་གུར་མཆོག་རིམ་པ་གཉིས་པའི་ནང་དུ་མཆོད་དཔོན་ཆེན་པོ་ལོ་རེར་ཐེངས་གཅིག་ལ་གཅིག་པུ་འགྲོ༌ཞིང༌། ཐེངས་རེར་ཁྲག་མ་འཁྱེར་བར་མི་འགྲོ་སྟེ། རང་ཉིད་ཀྱི་ཕྱིར་དང་མི་རྒྱུད་ཀྱིས་མ་ཤེས་པར་བསགས་པའི་སྡིག་པའི་ཆེད་དུ་ཁྲག་དེ་འབུལ་བར་འགྲོ་བ་ཡིན། 8དམ་པའི་ཐུགས་ཉིད༌ཀྱིས་འདི་ལས་གུར་མཆོག་རིམ་པ་དང་པོ་སྔར་བཞིན་གནས་པའི་བར་དུ། གནས་དམ་མཆོག་ནང་དུ་འགྲོ་བའི་ལམ་ད་དུང་གསལ་པོར་མངོན་མེད་པ་བསྟན་ནོ།། 9གུར་མཆོག་རིམ་པ་དང་པོ་ནི་ད་ལྟའི་དུས་ཀྱི་དཔེ་མཚོན་ཡིན༌ལ། ཕྱག་རྟེན་དང་མཆོད་པ་ལ་བརྟེན་ནས་བསྙེན་བཀུར་བྱེད་མཁན་གྱི་བསམ་པ་ནི་ཡོངས་སུ་རྫོགས་པར་བྱ་མི་ནུས། 10དོན་འདི་དག་ནི་བཟའ་བཏུང་དང་ཁྲུས་སྣ་ཚོགས་ལ་འབྲེལ་བའི་ལུགས་སྲོལ་ཙམ་ཡིན༌ལ། དེ་དག་ནི་ཤ་གཟུགས་ཀྱི་ཕུང་བོར་གཏོགས་པའི་སྒྲིག་སྲོལ་ཙམ་ཡིན་པས་གོ་རིམ་གསར་པའི་དུས་སླེབ་པའི་བར་དུ་བཀོལ་བའོ།།

སྐྱབས་མགོན་མཱ་ཤི་ཀའི་སྐུ་ཁྲག་གི༌སྐོར།

11འོན་ཀྱང་། ད་ལྟ་སྐྱབས་མགོན་མཱ་ཤི་ཀ་ནི་ཕེབས་ཟིན་པ༌དང༌། ཁོང་ནི་བྱུང་ཟིན་པའི་དོན་བཟང་པོ་དག་གི་མཆོད་དཔོན་ཆེན་པོར་མཛད་ཅིང༌། མིའི་ལག་པས་མ་བཟོས་ཤིང་འཇིག་རྟེན་འདི་ལའང་མི་གཏོགས་པར། སྔར་གྱི་གུར་མཆོག་ལས་ཀྱང་ཆེ་ཞིང་ཕུན་སུམ་ཚོགས་པའི་གུར་མཆོག་བརྒྱུད་ནས་ཕེབས་པར་མ་ཟད། 12ར་མ་དང་བ་ཕྲུག་དག་གི་ཁྲག་ལ་མི་བརྟེན་པར། རང་ཉིད་ཀྱི་སྐུ་ཁྲག་ལ་བརྟེན་ནས་ཐེངས་གཅིག་ཁོ་ནར་གནས་དམ་མཆོག་ནང་དུ་ཕེབས་ཏེ། མཐའ་མེད་པའི་ཐར་པའི་དོན་དེ་འགྲུབ་པར་མཛད་དོ།། 13གལ་ཏེ། ར་མ་དང་གླང་ཐུག་གི་ཁྲག་དང་། བ་གཞོན་གྱི་ཐལ་བ་དེ་མི་གཙང་བའི་མི་ཡི་ལུས་སྟེང་ལ་གཏོར་བས། ལུས་པོ་གཙང་མར་འགྱུར་བའི་ཆེད་དུ་མི་དེ་དམ་པར་བྱ་ནུས༌ན། 14སྐྱབས་མགོན་མཱ་ཤི་ཀའི་སྐུ་ཁྲག་ནི་ལྟ་ཅི་སྨོས། ཁོང་གིས་མཐའ་མེད་པའི་ཐུགས་ཉིད་ལ་བརྟེན་ནས། རང་ཉིད་ཉེས་སྐྱོན་ཅི་ཡང་མི་མངའ་བར་དཀོན་མཆོག་ལ་ཕུལ༌བས། ཁོང་གི་སྐུ་ཁྲག་གིས་དེ་བས་ཀྱང་ཁྱོད་རྣམས་ཀྱི་བསམ་པ་ནི་དག་པར་མཛད༌ཅིང༌། འཆི་ལམ་དུ་འཇུག་པའི་སྤྱོད་པ་བསལ༌ཏེ། ཁྱོད་ཅག་གིས་གཏན་དུ་བཞུགས་པའི་དཀོན་མཆོག་ལ་ཞབས་ཕྱི་སྒྲུབ་པར་མཛད༌པ་མ་ཡིན་ནམ། 15དེར་རྟེན། ཁོང་ཉིད་ཞལ་ཆད་གསར་པའི་བར་མི་རུ་མཛད་ཅིང༌། རང་ཉིད་སྐུ་གྲོངས་པ་བརྒྱུད་ནས་ཞལ་ཆད་སྔ་མའི་དུས་སུ་མི་རྣམས་ཀྱིས་བསགས་པའི་ཉེས་པ་ཐམས་ཅད་བླུས་པ་ཡིན་པས། ཞལ་འབོད་ཐོབ་མཁན་རྣམས་ལ་ཞལ་བཞེས་གནང་བའི་རྟག་གཏན་གྱི་བགོ་སྐལ་འཐོབ་ངེས་སོ།། 16སྤྱིར་ཁ་ཆེམས་ཡོད་ན་ངེས་པར་ཁ་ཆེམས་འཇོག་མཁན་ཚེ་ལས་འདས་ཟིན་པར་བདེན་དཔང་བྱེད་དགོས་སོ།། 17ཅིའི་ཕྱིར་ཞེ་ན། མི་ཚེ་ལས་འདས་པ་ཡིན་ན། ད་གཟོད་ཁ་ཆེམས་ལ་བྱེད་ནུས་ཡོད་དེ། ཁ་ཆེམས་འཇོག་མཁན་གསོན་པོར་གནས་ན། ཁ་ཆེམས་ལའང་བྱེད་ནུས་མེད་པའི་ཕྱིར་ཡིན། 18དེ་བས་ཞལ་ཆད་སྔ་མའང་ཁྲག་གིས་མ་བཞག་པ་མིན༌ནོ།། 19ཅིའི་ཕྱིར་ཞེ་ན། དེའི་དུས་སུ་མོ་ཤེ་ཡིས་བཀའ་ཁྲིམས་བཞིན་དུ་བཀའ་རྒྱ་རེ་རེ་མི་རྒྱུད་ཐམས་ཅད་ལ་བསྒྲགས་པ༌དང༌། ཁུ་ལུ་དམར་པོ་དང་ཨི་སོབ་རྩྭ་ཤིང་བླངས་ཏེ། བ་ཕྲུག་དང་ར་མ་དག་གི་ཁྲག ཆུ་དང་བཅས་གླེགས་བམ་སྟེང་དུ་གཏོར་བ་དང་མི་རྒྱུད་ཀྱི་ལུས་སྟེང་ལའང་གཏོར་བཞིན་འདི་སྐད༌དུ། 20འདི་ནི་དཀོན་མཆོག་གིས་ཁྱོད་ཅག་ལ་བཞག་པའི་ཞལ་ཆད་ཀྱི་ཁྲག་ཡིན་ཞེས་གསུངས་སོ།། 21ཡང་ཁོང་གིས་དེ་བཞིན་གུར་མཆོག་དང་བསྙེན་བཀུར་འབུལ་བྱེད་སྣོད་ཆས་མཐའ་དག་གི་སྟེང་དུ་ཁྲག་གཏོར༌བའོ།། 22བཀའ་ཁྲིམས་ལྟར༌ན་དངོས་པོ་ཐམས་ཅད་ནི་ཕལ་ཆེར་ཁྲག་གིས་གཙང་མར་བྱེད་པ་ཡིན༌ལ། ཁྲག་མ་བཞུར་བར་སྡིག་པ་བསལ་བ་མེད་དོ།། 23དེའི་ཕྱིར། ནམ་མཁའི་ཞིང་ཁམས་ཀྱི་གཟུགས་དབྱིབས་བཞིན་དུ་བཟོས་པའི་དངོས་པོ་ནི་ངེས་པར་མཛད་སྒོ་འདི་དག་གིས་གཙང་མར་བྱེད་དགོས༌པ་ཡིན་མོད། འོན་ཀྱང་ནམ་མཁའི་ཞིང་ཁམས་ཀྱི་དངོས་པོ་ནི་དེ་ལས་ཁྱད་དུ་འཕགས་པའི་མཆོད་པས་གཙང་མར་བྱེད་དགོས་སོ།། 24ཅིའི་ཕྱིར་ཞེ་ན། སྐྱབས་མགོན་མཱ་ཤི་ཀ་ནི་གནས་དམ་པ་དངོས་ཀྱི་སྣང་བརྙན་ཙམ་ལས། མིའི་ལག་པས་བཟོས་པའི་གནས་དམ་པའི་ནང་དུ་ཕེབས་པ་མིན་ཏེ། ནམ་མཁའི་ཞིང་ཁམས་སུ་ཕེབས་ཤིང་ད་ལྟ་བདག་ཅག་གི་དོན་དུ་དཀོན་མཆོག་གི་དྲུང་དུ་སླེབས༌པ་དང་། 25ཡང་མཆོད་དཔོན་ཆེན་པོས་རང་གི་ཁྲག་མ་ཡིན་པ་འཁྱེར་ནས་ལོ་རེ་བཞིན་གནས་དམ་མཆོག་ནང་དུ་འགྲོ་བ༌ལྟར། སྐྱབས་མགོན་མཱ་ཤི་ཀས་རང་ཉིད་ཐེངས་མང་པོར་ཕུལ་བ་མིན་པའི་ཕྱིར་རོ།། 26གལ་སྲིད། དེ་ལྟར་ཡིན་ན། འཇིག་རྟེན་ཁམས་བཀོད་པའི་ཚུན་ལ། ཁོང་གིས་ཐེངས་མང་པོར་སྡུག་བསྔལ་མྱང་དགོས་པ་ཡིན༌མོད། འོན་ཀྱང་ད་ལྟ་བསྐལ་པའི་མཐའ་མའི་དུས་འདིར་ཁོང་ཉིད་ཐེངས་གཅིག་ཁོ་ནར་མངོན་ཞིང༌། མིའི་སྡིག་པ་བསལ་པའི་ཕྱིར་རང་ཉིད་མཆོད་པར་ཕུལ༌བ་ཡིན། 27ཚེ་སྲོག་གི་གཏན་ཁེལ་ལྟར་ན། མི་རེ་རེ་ལན་གཅིག་ཚེ་ལས་འདའ་དགོས་ཤིང་། ཚེ་ལས་འདས་རྗེས་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པར་འགྱུར༌རོ།། 28དེ་ལྟར་སྐྱབས་མགོན་མཱ་ཤི་ཀའང་ལན་གཅིག་ལ་མཆོད་པར་ཕུལ་ཏེ་མི་མང་པོའི་སྡིག་པ་ཁུར༌བ་དང༌། མ་འོངས་པར་ཁོང་ཉིད་ཐེངས་གཉིས་པར་མངོན་ཞིང༌། དེའི་དུས་སུ་སྡིག་པ་དང་འབྲེལ་བ་མེད་དེ། ཁོང་ལ་རེ་བ་ཆེན་པོས་སྒུག་མཁན་རྣམས་སྐྱོབ་པའི་ཕྱིར་ཡིན་ནོ།།

ཨིབ་རི་པ 10

སྐྱབས་མགོན་མཱ་ཤི་ཀའི་མཆོད་པ་ཐེངས་གཅིག་གི༌སྐོར།

1ཡང་བཀའ་ཁྲིམས་ནི་མ་འོངས་འབྱུང་འགྱུར་གྱི་དོན་བཟང་པོ་དག་གི་གྲིབ་གཟུགས་ཡིན་པ་ལས་དངོས་པོའི་གཟུགས་དབྱིབས་ངོ་མ་མིན་པས། ལོ་རེ་བཞིན་མཆོད་པ་གཅིག་མཚུངས་ཡང་དང་ཡང་དུ་འབུལ་བ་ལ་བརྟེན་ནས། ཉེ་བར་བཅར་བའི་མི་རྣམས་ཡང་དག་པར་མཛད་མི་ནུས༌སོ།། 2གལ་སྲིད། དེ་ལྟར་མིན༌ན། མཆོད་པ་འབུལ་བའི་དོན་ནི་གནའ་སྔ་མོ་ནས་མཚམས་བཞག་ཟིན་པ་མ་ཡིན༌ནམ། ཅིའི་ཕྱིར་ཞེ་ན། བསྙེན་བཀུར་ཞུ་བའི་མི་རྣམས་ཀྱི་སེམས་ཐེངས་གཅིག་ལ་གཙང་མར་མཛད་པ་ཡིན་ན། སེམས་ལ་སྡིག་པའི་ནོངས་ཡོད་པར་མི་འགྱུར༌བའི་ཕྱིར་རོ།། 3འོན་ཀྱང་། མཆོད་པ་འདི་དག་གིས་ལོ་རེ་བཞིན་མི་རྣམས་ལ་སྡིག་པ་དྲན་ཏུ་འཇུག་ཅིང་། 4རྒྱུ་མཚན་ནི་གླང་ཐུག་གི་ཁྲག་དང་ར་ཁྲག་གིས་སྡིག་པ་གཏན་ནས་བསལ་མི་ནུས༌སོ།། 5དེའི༌ཕྱིར། སྔོན་ཆད་སྐྱབས་མགོན་མཱ་ཤི་ཀ་འཇིག་རྟེན་དུ་ཕེབས་དུས་ཁོང་གིས་འདི་སྐད༌དུ། ཀྱེ་ཀྱེ་བླ་ན་མེད་པའི་དཀོན་མཆོག་ལགས།། མཆོད་པ་དང་ནི་འབུལ་བར་ཁྱེད་མི་མཉེས།། ཁྱེད་ཀྱིས་བདག་ལ་ལུས་གཟུགས་སྟ་གོན༌མཛད།། 6སྦྱིན་སྲེག༌དང་ནི་སྡིག་བཤགས་མཆོད་པ་ལ།། དཀོན་མཆོག་ཁྱེད་ནི་དེ་ལ་ཐུགས་མི༌དགྱེས།། ཞེས་གསུངས་སོ།། 7དེའི་དུས་སུ། བདག་གིས་འདི་ལྟར་སྨྲས་པ་སྟེ། ཀྱེ་ཀྱེ་དཀོན་མཆོག༌ཁྱེད་ཀྱིས་གཟིགས་པར་གྱིས།། ཁྱེད་ཀྱི་ཐུགས་དགོངས་བསྒྲུབ་ཕྱིར་བདག་ནི་སླེབས།། ང་ཡི་དོན་འདི་ཤོག་སྒྲིལ་མདོ་ལ་བཀོད།། ཅེས་པའོ།། 8གོང་དུ་སྐྱབས་མགོན་མཱ་ཤི་ཀས་འདི་སྐད༌དུ། མཆོད་པ་དང་འབུལ་བ། སྦྱིན་སྲེག་དང་སྡིག་བཤགས་མཆོད་པ་བཅས་ལ་ཁྱེད་རང་ཐུགས་མི་མཉེས་ཤིང་། འདི་ནི་བཀའ་ཁྲིམས་བཞིན་དུ་ཕུལ་བ་ལའང་ཁྱེད་ཐུགས་མི་དགྱེས་ཞེས་གསུངས་པ༌དང༌། 9ཕྱིས་སུ་ཡང་ཁོང་གིས་འདི་སྐད་དུ། བདག་ནི་ཁྱེད་ཀྱི་ཐུགས་དགོངས་བཞིན་དུ་བསྒྲུབ་པའི་ཕྱིར་ཡོང་བ་ཡིན་ཞེས་གསུངས་ཤིང་། ཁོང་གིས་ཕྱི་མ་འཛུགས་པའི་ཕྱིར་སྔ་མ་མེད་པར་མཛད་དོ།། 10དཀོན་མཆོག་གི་ཐུགས་དགོངས་དེ་བཞིན་ཡེ་ཤུ་མཱ་ཤི་ཀས་རང་ཉིད་ཀྱི་སྐུ་ལུས་ཐེངས་གཅིག་ཁོ་ནར་ཕུལ་བར་བརྟེན་ནས། བདག་ཅག་དམ་པར་མཛད་པ་ཡིན༌ནོ།། 11སྤྱིར་མཆོད་དཔོན་ཀུན་པོས་ཉིན་རེ་བཞིན་ལངས་ནས་བསྡད་དེ་དཀོན་མཆོག་ལ་ཞབས་ཕྱི་སྒྲུབ༌ཅིང༌། མཆོད་པ་གཅིག་མཚུངས་ཡང་དང་ཡང་དུ་འབུལ་ནའང་། མཆོད་པ་དེ་དག་གིས་སྡིག་པ་གཏན་ནས་བསལ་མི་ནུས༌སོ།། 12འོན་ཀྱང༌། སྐྱབས་མགོན་ཡེ་ཤུས་རྟག་གཏན་གྱི་སྡིག་བཤགས་མཆོད་པ་ཐེངས་གཅིག་ལ་ཕུལ་བས། དཀོན་མཆོག་གི་གཡས་ཕྱོགས་སུ་བཞུགས་པར་གྱུར་ཏོ།། 13དེ་ནས་བཟུང༌། བསྟན་དགྲ་ཐམས་ཅད་ཁོང་གི་ཞབས་སྟེགས་སུ་འཁོད་པའི་བར་དུ་ཁོང་གིས་སྒུག་ནས་བཞུགས་ཡོད། 14ཅིའི་ཕྱིར་ཞེ་ན། ཁོང་གིས་ཐེངས་གཅིག་ཁོ་ནར་མཆོད་པ་ཕུལ་བ་བརྒྱུད་ནས། དམ་པར་གྱུར་པ་རྣམས་རྟག་ཏུ་ཡང་དག་པར་མཛད༌པའི་ཕྱིར་རོ།། 15དམ་པའི་ཐུགས་ཉིད་ཀྱིས་བདག་ཅག་ལའང་བདེན་དཔང་མཛད་དོ།། ཅིའི་ཕྱིར་ཞེ་ན། ཁོང་གིས་འདི་སྐད༌དུ། 16གཙོ་བོས་འདི་སྐད༌དུ། ཉིན་མོ་དེ་རྣམས་རྗེས་སུ་བདག་གིས༌ནི།། མི་རྣམས་དེ་ལ་ཞལ་ཆད་འདི་ལྟར༌བཞག ། ང་ཡིས་རང་གི་བཀའ་ཁྲིམས་དེ་རྣམས༌ཀྱི།། སེམས་ལ་འཇོག་ཅིང་ཡིད་ལ་བརྐོ་བར༌བྱ།། ཞེས་དང་། 17ཕྱིས་སུ་ཡང་འདི་སྐད༌དུ། དེ་ཚོའི་སྡིག་པ་དང་ནི་ཉེས༌པ་དག ། བདག་གིས་ནམ་ཡང་དྲན་པར་མི་བྱེད་དོ།། ཞེས་གསུངས༌པའི་ཕྱིར་རོ།། 18སྡིག་པ་འདི་དག་བསལ་ཟིན་པས། ད་ནི་སྡིག་པའི་ཆེད་དུ་མཆོད་པ་འབུལ་དགོས་དོན་མེད་དོ།།

བཟོད་བསྲན་བྱེད་པར་བསྐུལ༌བ།

19སྤུན་ཟླ༌རྣམས། དེ་ལྟར་ཡིན་པས། སྐྱབས་མགོན་ཡེ་ཤུའི་སྐུ་ཁྲག་ལ་བརྟེན་ནས་བདག་ཅག་བག་ཕེབས་ངང་གནས་དམ་མཆོག་ནང་དུ་འགྲོ་ཐུབ་ཅིང༌། 20དེ་ནི་ཁོང་གིས་བདག་ཅག་ལ་གསར་ཞིང་གསོན་པོའི་ལམ་ཞིག་ཕྱེས་ཤིང་ཡོལ་བ་དེ་བརྒྱུད་ནས་འགྲོ་ཞིང་། ཡོལ་བ་དེ་ནི་སྐྱབས་མགོན་ཡེ་ཤུའི་སྐུ་ལུས་ཡིན་ནོ།། 21ཡང་དཀོན་མཆོག་གི་ཁྱིམ་གཞིས་ལ་བདག་སྐྱོང་མཛད་པའི་མཆོད་དཔོན་ཆེན་པོ་ཞིག་བདག་ཅག་ལ་ཡོད་པས། 22ནོངས་ཡོད་པའི་བསམ་པ་ལ་ཁྲག་གཏོར་ཞིང་ཆུ་གཙང་མས་ལུས་པོ་བཀྲུས་པར་མཛད་པ་དང་། བདག་ཅག་ལྷག་བསམ་རྣམ་དག་དང་དད་སེམས་ཆེན་པོ་བཅངས་ནས་དཀོན་མཆོག་གི་དྲུང་དུ་འགྲོ་བར་བྱ་འོས༌སོ།། 23ཡང་ཞལ་བཞེས་གནང་མཁན་དཀོན་མཆོག་ནི་ཡིད་རྟོན་རུང་བ་ཡིན་པས། བདག་ཅག་གིས་ཁས་ལེན་པའི་རེ་བ་དེ་ཐེ་ཚོམ་མེད་པར་བརྟན་པོར་བསྲུང་དགོས། 24ཡང་བདག་ཅག་གིས་ཕན་ཚུན་ལ་བྱམས་ཤིང་གཅེས་པ་དང་ལས་བཟང་པོའི་ཕྱོགས་སུ་ཅི་ལྟར་བསྐུལ་བར་བསམ་བློ་གཏོང་བར་བྱའོ།། 25མི་ཁ་ཤས་ལྷན་དུ་མི་འཚོགས་པར་གོམས་པ་བཞིན། བདག་ཅག་གིས་འདུ་ཚོགས་ཀྱི་མཚམས་གཅོད་མི་རུང་སྟེ། ཁྱོད་ཅག་གིས་ཉིན་མོ་དེ་ཉེ་བར་སླེབས་པ་ཤེས་པ་བཞིན། ལྷག་ཏུ་ཕན་ཚུན་ལ་སྐུལ་སློང་བྱ་དགོས༌སོ།། 26བདག་ཅག་གིས་བདེན་པ་ཉིད་རྟོགས་རྗེས། ད་དུང་ཤེས་བཞིན་སྡིག་པ་བྱེད༌ན། ད་ནི་སྡིག་བཤགས་ཀྱི་མཆོད་པ་མེད་དེ། 27ཉེས་ཆད་གཅོད་པར་འགྱུར་བ་དང་དགྲ་བོ་ཐམས་ཅད་ཚར་གཅོད་པའི་མེ་དཔུང་དྲག་པོ་ལ་འཇིགས་སྣང་གིས་སྒུག་ནས་སྡོད་དགོས༌པའོ།། 28སུ་ཞིག་གིས་མོ་ཤེའི་བཀའ་ཁྲིམས་དོར་ནའང་། མི་གཉིས་གསུམ་གྱི་དཔང་པོ་ཙམ་ལ་བརྟེན་ནས་མི་དེ་སྙིང་རྗེ་མེད་པར་གསོད་པ་ཡིན༌ན། 29དཀོན་མཆོག་གི་སྲས་རྐང་འོག་ཏུ་བརྫིས་ཤིང་། ཁོ་རང་དམ་པར་མཛད་པའི་ཞལ་ཆད་ཀྱི་ཁྲག་དེ་མི་གཙང་བར་བརྩིས༌ཏེ། ཐུགས་རྗེ་གནང་མཁན་དམ་པའི་ཐུགས་ཉིད་ཀྱང་ཁྱད་དུ་གསོད་པར་བྱས་ན། མི་དེ་དག་ལ་དེ་ལས་ཀྱང་ཉེས་ཆད་ལྕི་མོ་འཕོག་འོས་པར་ཁྱོད་རྣམས་ཀྱིས་བསམ་པར་བྱའོ།། 30ཅིའི་ཕྱིར་ཞེ་ན། གནོད་ལན་གནོད་འཇལ་ནི་བདག་ལ་རག་ལས་ཤིང་ངས་ལན་འཇལ་ངེས་ཡིན་ཞེས༌གསུངས་པ་དང༌། ཡང་གཙོ་བོས་རང་ཉིད་ཀྱི་མི་རྒྱུད་ལ་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པར་འགྱུར་ཞེས་གསུང་མཁན་ཁོང་ཉིད་བདག་ཅག་གིས་ཤེས་པའི་ཕྱིར་ཡིན། 31གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་གི་ཕྱག་ཏུ་ལྷུང་བ་ནི་དངོས་གནས་འཇིགས་སུ་རུང་བའོ།། 32ཁྱོད་རྣམས་ཀྱིས་འདས་ཟིན་པའི་ཉིན་མོ་དག་ལ་ཕྱིར་འདང་རྒྱོབས༌དང༌། ཁྱོད་ཅག་གི་བློ་གསལ་པོར་མཛད་པའི་རྗེས་སུ། འཐབ་འཁྲུག་ཆེན་པོའི་སྡུག་བསྔལ་སྣ་ཚོགས་ལ་ཇི་ལྟར་བཟོད་བསྲན་བྱས་པ་སྟེ། 33གཅིག་ནས་འཕྱ་དམོད་དང་དཀའ་ཚེགས་ལ་འཕྲད་ཅིང་མི་རྣམས་ཀྱི་ལྟད་མོར་གྱུར་པ༌དང༌། གཅིག་ནས་དེ་ལྟ་བུའི་སྡུག་བསྔལ་མྱོང་མཁན་རྣམས་ཀྱི་གྲོགས་སུ་གྱུར༌པའོ།། 34ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ཀྱིས་བཙོན་དུ་བཅུག་ཡོད་པ་རྣམས་ལ་སྙིང་རྗེ་བསྒོམས་པ་དང༌། རང་ལ་དེ་ལས་ཁྱད་དུ་འཕགས་ཤིང་གཏན་དུ་གནས་པའི་བགོ་སྐལ་ཡོད་པ་ཤེས༌པས། མི་གཞན་གྱིས་རང་གི་ཁྱིམ་གཞིས་ཕྲོགས་ནའང་དགའ་མགུའི་ངང་དང་དུ་བླངས་པའི་ཕྱིར་རོ།། 35དེའི་ཕྱིར། ཁྱོད་རྣམས་ཀྱིས་སྤོབས་པ་ལྡན་པའི་སེམས་དེ་འདོར་མི་རུང་། སེམས་དེ་ལྟ་བུ་བཅངས་པ་ལ་བྱ་དགའ་ཆེན་པོ་འཐོབ་པ་ཡིན། 36ཁྱོད་རྣམས་ཀྱིས་དཀོན་མཆོག་གི་ཐུགས་དགོངས་བཞིན་བསྒྲུབས་ནས། ཞལ་བཞེས་གནང་ཡོད་པ་དེ་ཉིད་འཐོབ་པའི་ཕྱིར། ངེས་པར་བཟོད་བསྲན་བྱ་དགོས། 37ཇི་སྐད༌དུ། ད་དུང་ཆུ་ཚོད་ཅུང་ཙམ་ཡོད་པའི་དུས།། ཕེབས་པར་འགྱུར་བ་ཁོང་ཉིད་ཕེབས་ངེས་ཤིང་།། ཁོང་ནི་འགྱངས་པར་མི་བྱེད་ཕེབས་པར༌འགྱུར།། 38རྣམ་དག་མི་ནི་དད་པའི་སྒོ་ནས༌འཚོ།། ཕྱི་བསྣུར་བྱས་ན་བདག་སེམས་དགའ་མི་སྲིད།། ཅེས༌གསུངས་པའི་ཕྱིར་རོ།། 39འོན་ཀྱང་། བདག་ཅག་ནི་ཕྱི་བསྣུར་བྱེད་ཅིང་འཇིག་པར་འགྱུར་བའི་མི་དེ་འདྲ་མ་ཡིན༌པར། དད་པའི་ངང་ནས་ཐར་པ་འཐོབ་ངེས་པའི་མི་རྣམས་ཡིན༌ནོ།།

ཨིབ་རི་པ 11

དད་པ་ལ་བརྟེན་པའི་སྐོར།

1དད་པ་ནི་རེ་བ་བྱེད་པའི་དོན་རྣམས་ཀྱི་བློ་གདེང་དང་མིག་གིས་མི་མཐོང་བའི་དོན་རྣམས་ཀྱི་དཔང་རྟགས་ཡིན༌ལ། 2གནའ་བོའི་དད་ལྡན་རྣམས་ལ་དད་པའི་ཆ་ནས་བདེན་དཔང་ལེགས་པོ་བྱུང༌ངོ༌།། 3བདག་ཅག་གིས་དད་པར་བརྟེན་ནས་འཇིག་རྟེན་ཁམས་ཐམས་ཅད་ནི་དཀོན་མཆོག་གི་བཀའ་ཡིས་བཀོད་པ་ཤེས༌པས། མིག་གིས་མཐོང་བ་དག་ནི་མིག་གིས་མཐོང་ཐུབ་པའི་དངོས་པོ་དག་ལས་བཟོས་པ་མིན་ནོ།། 4ཡང་ཧ་བེལ་གྱིས་དད་པར་བརྟེན་ནས་དཀོན་མཆོག་ལ་མཆོད་པ་ཕུལ༌ཞིང༌། དེ་ནི་ཀཱ་ཡན་གྱིས་ཕུལ་བ་ལས་ཀྱང་ཁྱད་དུ་འཕགས་པས། ཧ་བེལ་མི་རྣམ་དག་ཏུ་གྱུར་པའི་བདེན་དཔང༌བྱུང་ངོ་།། དེ་ནི་དཀོན་མཆོག་གིས་ཁོའི་ཕྱག་རྟེན་ལ་བདེན་དཔང་མཛད་པའོ།། ཁོ་རང་ཚེ་ལས་འདས་ནའང་། དད་པའི་དབང་གིས་ཁོས་ད་དུང་གཏམ་སྨྲ༌བའོ།། 5ཡང་ཧ་ནོག་གིས་དད་པར་བརྟེན་པའི་རྐྱེན་གྱིས་ཁོ་རང་ཡར་དྲངས་ཤིང་། དེ་ནི་དཀོན་མཆོག་གིས་ཁོ་རང་ཡར་དྲངས་པ་ཡིན་པས། ཁོས་འཆི་བ་ཉམས་སུ་མ་མྱངས་ཤིང་མི་ཡིས་ཀྱང་ཁོ་རང་བཙལ་ནས་མ་རྙེད་དོ།། ཧ་ནོག་ཡར་མ་དྲངས་པའི་སྔོན་ལ། ཁོ་ལ་དཀོན་མཆོག་ཐུགས་དགྱེས་པའི་བདེན་དཔང་བྱུང་ཟིན༌ཏོ།། 6སྤྱིར་མི་ལ་དད་པ་མེད་ན་དཀོན་མཆོག་ཐུགས་དགྱེས་མི་སྲིད༌དོ།། ཅིའི་ཕྱིར་ཞེ་ན། དཀོན་མཆོག་གི་དྲུང་དུ་ཡོང་བའི་མི་རྣམས་ཀྱིས་ངེས་པར་དཀོན་མཆོག་བཞུགས་པར་ཡིད་ཆེས་བྱ་དགོས་ཤིང་། ཁོང་གིས་རང་ཉིད་འཚོལ་བའི་མི་རྣམས་ལ་བྱ་དགའ་གནང་ངེས་པ་ལའང་ཡིད་རྟོན་བྱ་དགོས༌སོ།། 7ཡང་ནོ་ཨས་དད་པ་ལ་བརྟེན་ཅིང་དཀོན་མཆོག་གིས་ཁོ་རང་ལ་ད་དུང་མིག་གིས་མ་མཐོང་བའི་དོན་དག་སྐོར་ཉེན་བརྡ་མཛད༌སྐབས། ཁོ་ལ་གུས་ཤིང་འཇིགས་པའི་སེམས་འགུལ་ཐེབས་ནས། ཁོས་རང་གི་ཁྱིམ་མི་ཐམས་ཅད་སྐྱོབ་པའི་ཕྱིར་གྲུ་གཟིངས་བཟོས་པས། དོན་དེ་ལ་བརྟེན་ནས་འཇིག་རྟེན་གྱི་མི་རྣམས་ལ་ནག་ཉེས་བཙུགས་པ་དང་། ཁོ་རང་ནི་དད་པ་ལས་བྱུང་བའི་རྣམ་པར་དག་པའི་རྒྱུད་འཛིན་མཁན་དུ་གྱུར་ཏོ།། 8ཡང་ཨབ་ར་ཧམ་གྱིས་དད་པར་བརྟེན་ནས་དཀོན་མཆོག་གི་ཞལ་འབོད་ཐོབ་པའི་དུས་སུ། བཀའ་ལྟར་མ་འོངས་པ་ན་བགོ་སྐལ་འཐོབ་པར་འགྱུར་བའི་ཡུལ་དེར་འགྲོ་བར་བརྩམས། ཁོ་རང་དངོས་སུ་འགྲོ་བའི་དུས་སུ་གང་དུ་འགྲོ་བའང་མ་ཤེས་སོ།། 9ཁོས་དད་པར་བརྟེན་ནས་ཁོ་རང་ལ་ཞལ་བཞེས་གནང་བའི་ཡུལ་ལ་སོང་སྟེ་མགྲོན་པོ་ལྟར་གནས་ཤིང་། ཞལ་བཞེས་གཅིག་མཚུངས་ཐོབ་མཁན་ཨི་སཱག་དང་ཡ་ཀོབ་བཞིན་ཡུལ་གཞན་ནས་སྦྲ་གུར་ནང་དུ་བསྡད་པ་ཡིན། 10ཅིའི་ཕྱིར་ཞེ་ན། ཁོས་རྨང་གཞི་ལྡན་པའི་གྲོང་ཁྱེར་དེ་ལ་རེ་སྒུག་བྱེད་ཅིང་། དེ་ནི་དཀོན་མཆོག་གིས་ཇུས་འགོད་གནང་ཞིང་བཟོ་སྐྲུན་མཛད་པའོ།། 11ཡང་དད་པར་བརྟེན་ནས་སཱ་ར་ཁོ་མོའང་ཕྲུ་གུ་ཆགས་པའི་ལོ་ཚོད་ལས་བརྒལ༌ཡང༌། ཁོ་མོས་རང་ཉིད་ལ་ཞལ་བཞེས་གནང་མཁན་ནི་ཡིད་རྟོན་རུང་བར་སྙམ་པས། ཁོ་མོར་མངལ་ཆགས་ནུས་པའོ།། 12དེའི་ཕྱིར། ཚེ་ལས་འདས་ཟིན་པ་ལྟ་བུའི་མི་ཞིག་ལས་བུ་རྒྱུད་མཆེད་པ༌ནི། ནམ་མཁའི་སྐར་ཚོགས་བཞིན་མང་ཞིང་། མཚོ་འགྲམ་གྱི་བྱེ་མ་བཞིན་དུ་བགྲང་ལས་འདས་སོ།། 13མི་དེ་ཐམས་ཅད་དད་སེམས་བཅངས་ནས་ཚེ་ལས་འདས་ཤིང་ཞལ་བཞེས་རྣམས་ཀྱང་མ་ཐོབ་མོད། འོན་ཀྱང་རྒྱང་རིང་ནས་ཞལ་བཞེས་མཐོང་ཞིང་དགའ་སྤྲོའི་ངང་བསུ་བ་བྱས་པ༌དང༌། རང་ཉིད་ནི་འཇིག་རྟེན་གྱི་མགྲོན་པོ་དང་འཇིག་རྟེན་དུ་བྱེས་སུ་ཡོང་བའང་ཁས་བླངས་པའོ།། 14གཏམ་འདི་ལྟར་སྨྲ་མཁན་རྣམས་ཀྱིས་རང་ཉིད་ལ་ཡུལ་ཞིག་འཚོལ་བཞིན་ཡོད་པ་བསྟན༌པ་ཡིན། 15ཁོ་རྣམས་ཀྱིས་ཁ་བྲལ་ཟིན་པའི་ཡུལ་དེ་དྲན་པ་ཡིན་ན། ཁོ་རྣམས་ལ་སྔ་མོ་ནས་ཕྱིར་ཡུལ་དུ་འགྲོ་བའི་གོ་སྐབས་ལྡན་ནོ།། 16དོན་དམ་དུ་ཁོ་རྣམས་ཀྱིས་དེ་ལས་ཀྱང་ཁྱད་དུ་འཕགས་པའི་ཡུལ་ཏེ། ནམ་མཁའི་ཞིང་ཁམས་ཀྱི་ཡུལ་དེ་ལ་རེ་སྨོན་བཅངས་པ་ཡིན། དེའི་ཕྱིར། དཀོན་མཆོག་ནི་ཁོ་རྣམས་ཀྱི་དཀོན་མཆོག་ཏུ་འབོད་ཀྱང་། ཁོང་ཉིད་དེ་ལ་ངོ་མི་གནོང་ཞིང་། དཀོན་མཆོག་གིས་ཁོ་རྣམས་ལ་གྲོང་ཁྱེར་ཞིག་སྟ་གོན་མཛད་ཡོད་པས་སོ།། 17ཡང་ཨབ་ར་ཧམ་གྱིས་དད་པར་བརྟེན་ཅིང་ཁོ་རང་ཉིད་ལ་བརྟག་པའི་དུས་སུ། ཨི་སཱག་མཆོད་པར་འབུལ་བར་རྩོམ་ཞིང་། རང་ཉིད་ཀྱི་བུ་གཅིག་པུའང་མཆོད་པར་འབུལ་བའི་མི་ཁོ་རང་ནི་ཞལ་བཞེས་ཐོབ་མཁན་དེ་ཡིན་ནོ།། 18དཀོན་མཆོག་གིས་དེ་སྔར་ཁོ་ལ་འདི་སྐད༌དུ། ཨི་སཱག་བརྒྱུད་ནས་ཁྱོད་ཀྱི་རིགས་རྒྱུད་ཀྱི་མིང་ཐོན་པར་འགྱུར་ཞེས་གསུངས་པ་ཡིན། 19ཁོས་ནི་དཀོན་མཆོག་གིས་མི་འཆི་བ་ལས་སླར་གསོན་པར་མཛད་ནུས་པར་སྙམ༌ཞིང༌། ཡང་དེ་ནི་ཁོ་ལ་རང་གི་བུ་འཆི་བ་ལས་ཕྱིར་ཐོབ་པའི་དཔེ་གཞི་ཡིན་ནོ༎ 20ཡང་ཨི་སཱག་གིས་དད་པར་བརྟེན་ནས་ཡ་ཀོབ་དང་ཨེ་སཱབ་གཉིས་ལ་མ་འོངས་པའི་དོན་རྣམས་བསྟན་ཏེ་བྱིན་རླབས་གནང༌ངོ༌།། 21ཡང་ཡ་ཀོབ་ཀྱིས་དད་པར་བརྟེན་ནས་རང་ཉིད་ཚེ་ལས་འདའ་ཁར། ཡོ་སེབ་ཀྱི་བུ་རེ་རེ་ལ་བྱིན་རླབས་གནང༌ཞིང༌། འཁར་བ་ལ་བརྟེན་ནས་དཀོན་མཆོག་ལ་བསྟོད་བསྔགས་བརྗོད༌དོ།། 22ཡང་ཡོ་སེབ་ཀྱིས་དད་པར་བརྟེན་ནས་རང་ཉིད་ཚེ་ལས་འདའ་ཁར། ཡེས་ར་ཨེལ་གྱི་བུ་རྒྱུད་ཕྱིས་སུ་ཨེ་ཅིབ་ཡུལ་ནས་ཕྱིར་ཐོན་ངེས་པའི་སྐོར་སྨྲས་ཤིང་། རང་གི་ཀེང་རུས་ཀྱི་ཕྱིར་ཁ་ཆེམས་བཞག་གོ། 23ཡང་དད་པར་བརྟེན་ནས། མོ་ཤེ་སྐྱེས་པ་དང་ཁོའི་ཕ་མ་གཉིས་ཀྱིས་ཕྲུ་གུ་མཛེས་ཤིང་སྡུག་པ་ཞིག་ཡིན་པ་མཐོང༌སྟེ། རྒྱལ་པོའི་བཀའ་ལའང་མ་འཇིགས་པར་ཕྲུ་གུ་དེ་ཟླ་བ་གསུམ་རིང་ལ་སྦས༌པའོ།། 24ཡང་མོ་ཤེ་ཡིས་དད་པར་བརྟེན་ནས་ཁོ་རང་ནར་སོན་རྗེས། ཕཱར་ཨོལ་གྱི་སྲས་མོའི་བུ་ཞེས་འབོད་པ་ཁས་མ་བླངས་སོ།། 25ཁོ་རང་ནི་དཀོན་མཆོག་གི་མི་རྒྱུད་དང་ལྷན་དུ་གནོད་འཚེ་མྱང་བར༌དགའ་བ་ལས། གནས་སྐབས་ཙམ་ལའང་སྡིག་པའི་ནང་གི་བདེ་སྐྱིད་ལ་རོལ་མི་འདོད། 26ཁོས་དཀོན་མཆོག་གི་བྱ་དགའ་ལ་རེ་སྒུག་བྱེད་པས། སྐྱབས་མགོན་མཱ་ཤི་ཀའི་དོན་དུ་ཐེབས་པའི་བརྙས་བཅོས་ནི་ཨེ་ཅིབ་ཡུལ་གྱི་རྒྱུ་ནོར་ལས་ཀྱང་རིན་པོ་ཆེ་རུ་བརྩིས་པ་ཡིན། 27ཁོས་དད་པར་བརྟེན་ནས་རྒྱལ་པོའི་ཁྲོ་བ་ལ་མ་འཇིགས་པར་ཨེ་ཅིབ་ཡུལ་དང་ཁ་བྲལ་ལོ།། དེ་ནི་མིག་གིས་མཐོང་མི་ནུས་པའི་དཀོན་མཆོག་མཐོང་བ་བཞིན་བློ་སེམས་བརྟན་པོས་བཟོད་བསྲན་བྱས་པའི་ཕྱིར་ཡིན། 28ཡང་ཁོས་དད་པར་བརྟེན་ནས་པེ་སག་གི་དུས་ཆེན་དང་ཁྲག་གཏོར་བའི་དོན་དེ་བསྲུངས་པ་ཡིན། དེ་ནི་བུ་སྐྱེས་འགོ་རྣམས་གསོད་མཁན་གྱིས་ཡེས་ར་ཨེལ་མི་རིགས་ལ་གནོད་འཚེ་མི་བྱེད་པའི་ཕྱིར་ཡིན་ནོ།། 29ཡང་ཡེས་ར་ཨེལ་གྱི་མི་རྣམས་ཀྱིས་དད་པར་བརྟེན་ནས་མཚོ་དམར་པོ་སྐམ་ས་བཞིན་དུ་བརྒལ་ནས་སོང་བ་ལ། ཨེ་ཅིབ་པ་རྣམས་ཀྱང་དེ་ལྟར་བརྒལ་བར་བརྩམས་པ་ན་ཆུར་ནུབ་བོ།། 30ཡང་ཡེས་ར་ཨེལ་གྱི་མི་རྣམས་ཀྱིས་དད་པར་བརྟེན་ནས་ཉིན་བདུན་ལ་ཡེ་རུ་ཀོ་ལ་སྐོར་བ་བརྒྱབ་པ་དང་མཁར་གྱང་ལོག་པར་གྱུར་ཏོ།། 31ཡང་སྨད་འཚོང་མ་རཱ་ཧབ་ཀྱིས་དད་པར་བརྟེན་ནས་ཞི་འཇམ་ངང་མྱུལ་མ་རྣམས་ནང་དུ་བསུས༌པས། ཁོ་མོ་ནི་དཀོན་མཆོག་གི་བཀའ་ལ་མི་ཉན་པ་རྣམས་དང་མཉམ་དུ་ཤི་བར་མ་གྱུར༌ཏོ།། 32བདག་གིས་ད་དུང་བརྗོད་དགོས་དོན་ཅི་ཡོད༌དམ། གལ་ཏེ། བདག་གིས་རེ་རེ་བཞིན་ཞིབ་ཏུ་བཤད༌ན། གིད་ཡོན་དང་། པཱ༌རག སཱམ༌སོན། ཡེབ༌ཐཱ། དཱ༌བིད། སཱ་མུ༌ཨེལ་དང་བཅས་པའི་ལུང་སྟོན་པ་དག་གི་དོན་རྣམས་བརྗོད་ཁོམ་མེད་དོ།། 33ཁོ་རྣམས་ཀྱིས་དད་པར་བརྟེན་ནས་རྒྱལ་ཁམས་གཞན་དག་བཏུལ་ཞིང་། དྲང་བདེན་གཉེར་བ༌དང༌། ཞལ་བཞེས་ཐོབ༌པ། སེངྒེ་དག་གི་མཆུ་ཏོ་བསྡམས༌པ། 34མེ་དཔུང་གི་ངར་ཤུགས་བཅོམས་པ། རལ་གྲིའི་ཁ་ལས་ཐར༌བ། ཉམ་ཆུང་ལས་སྟོབས་ཅན་དུ་བསྒྱུར༌བ། གཡུལ་ངོར་དཔའ་རྩལ་ངོམ་པ། ཕས་རྒོལ་གྱི་དམག་དཔུང་ཕྱིར་བཟློག༌པའོ།། 35བུད་མེད་དག་གི་འདས་པོ་རྣམས་སླར་གསོན་ནས་ཁོ་མོ་དག་ལ་ཕྱིར་ཐོབ༌པ། ལ་ལས་མནར་གཅོད་དྲག་པོ་མྱངས་ནའང་། ཁྱད་དུ་འཕགས་པའི་སླར་གསོན་དེ་ཉིད་འཐོབ་པའི༌ཕྱིར། གནས་སྐབས་ཙམ་གྱི་ཐར་པ་དང་དུ་མ་བླངས་སོ།། 36ཡང་དད་ལྡན་ལ་ལས་འཕྱ་དམོད་དང་རྡུང༌རྡེག ལྕགས༌སྒྲོག་དང་བཙོན་འཇུག་བཅས་ཀྱི་སྡུག་བསྔལ་སྣ་ཚོགས་ཀྱང་མྱངས༌ཤིང་། 37ལ་ལ་རྡོ་རུབ་བཏང་བ་དང་། ལ་ལ་སོག་ལེ་ཡིས་དུམ་བུར་བཅད། ལ་ལ་ཉམས་ཚོད་དང༌ཕྲད། ལ་ལ་རལ་གྲིས༌བསད། ལ་ལས་ལུག་ལྤགས་དང་ར་ལྤགས་གྱོན་ནས་ས་མཐར་འཁྱམས། ལ་ལ་དབུལ་ཕོངས་དང་། དཀའ༌ཚེགས། མནར་གཅོད་བཅས་ཀྱི་གནས་སུ༌ལྷུང༌། 38ལ་ལ་དབེན་སྟོང་དང་། རི༌ལུང་། བྲག༌ཁུང་། ས་དོང་བཅས་གནས་ངེས་མེད་དུ་རྒྱུའོ།། འཇིག་རྟེན་འདི་ནི་ཁོ་རྣམས་ཡོད་པར་མི་འོས་སོ།། 39མི་དེ་དག་ཐམས་ཅད་ལ་དད་པ་བརྒྱུད་ནས་བདེན་དཔང་ལེགས་པོ་ཐོབ་ནའང༌ཞལ་བཞེས་མ་ཐོབ་བོ།། 40རྒྱུ་མཚན་ནི་དཀོན་མཆོག་གིས་བདག་ཅག་ལ་དེ་ལས་འཕགས་པ་ཞིག་སྟ་གོན་མཛད་ཡོད་དེ། ཁོ་རྣམས་ལ་བདག་ཅག་དང་མཉམ་དུ་ཐོབ་པར་མ་མཛད་ན། དེ་རྣམས་ཡོངས་སུ་རྫོགས་པར་མི་འགྱུར༌བའི་ཕྱིར་རོ།།

ཨིབ་རི་པ 12

དཀོན་མཆོག་གིས་རང་ཉིད་ཀྱི་བུ་ཕྲུག་ལ་བསླབ་བྱ་གནང་བའི༌སྐོར།

1དེ་བས་ན་བདག་ཅག་ལ་སྤྲིན་ཕུང་གིས་མཐའ་ནས་བསྐོར་བ་ལྟ་བུའི་དཔང་པོ་འདི་འདྲ་མང་པོ་ཡོད་པས། ཁུར་པོ་ལྕི་མོ་སྣ་ཚོགས་བསྐྱུར་བ་དང་། འཁྲིལ་སླ་བའི་སྡིག་པ་རྣམས་སྤངས༌ཏེ། བཟོད་སེམས་བཅངས་ནས་མདུན་དུ་བཤམས་པའི་འགྲན་རྒྱུག་དེར་རྒྱུག་དགོས༌པ་དང་། 2བདག་ཅག་གི་དད་པའི་མགོ་རྩོམ་མཁན་དང་དེ་ཉིད་ཡོངས་སུ་རྫོགས་པར་མཛད་མཁན་སྐྱབས་མགོན་ཡེ་ཤུ་ལ་མགོ་བོ་ཡར་བཏེགས་ནས་བལྟ་དགོས༌སོ།། ཁོང་གིས་རང་ཉིད་ཀྱི་མདུན་དུ་བཤམས་པའི་དགའ་སྤྲོའི་ཕྱིར། ངོ་ཚ་སྣང་མེད་དུ་བསྐྱུར་བ་དང་ཤིང་རྒྱ་གྲམ་གྱི་དཀའ་སྡུག་ལ་བཟོད་བསྲན་མཛད་དེ། ཁོང་ཉིད་དཀོན་མཆོག་གི་བཞུགས་ཁྲིའི་གཡས་ཕྱོགས་སུ་བཞུགས༌པ་ཡིན། 3ཁྱོད་རྣམས་ལུས་ཐང་མི་ཆད་པ་དང་ཡིད་སེམས་མི་ཕམ་པའི་ཕྱིར། ཁོང་གིས་སྡིག་ཅན་རྣམས་ཀྱི་འགོག་རྒོལ་ལ་ཅི་ལྟར་བཟོད་བསྲན་བྱས་པར་ཁྱོད་ཅག་གིས་མནོ་བསམ་གཏོང་བར་བྱའོ།། 4ཁྱོད་རྣམས་སྡིག་པ་དང་འཐབ་ནའང་། ཁྲག་བཞུར་བའི་བར་དུ་འགོག་དགོས་པའི་ཚད་ལ་ད་དུང་མ་སླེབས་སོ།། 5དེ་ལ་ཇི་སྐད༌དུ། བདག་གི་བུ་ཁྱོད་གཙོ་བོས་གཅུན་པ་ལ།། ཁྱོད་ཀྱིས་མཐོང་ཆུང་སྣང་མེད་མ་བྱེད་ཅིག ། བཀའ་བཀྱོན་མཛད་དུས་ཡིད་སེམས་ཕམ་མི་བྱ།། 6གཙོ་བོས་གཅེས་པ་རྣམས་ལ་གཅུན་པ་དང་།། བུ་རུ་བརྩིས་པ་རེ་རེར་རྡེག་ཕྱིར་རོ།། ཞེས་བུ་ལ་བསླབ་བྱ་གནང་བ་བཞིན། ཁྱོད་རྣམས་ལ་བསླབ་བྱ་གནང་བ་ཡང་ཁྱོད་ཅག་གིས་བརྗེད་ཟིན༌ཏོ།། 7ཁྱོད་རྣམས་ཀྱིས་བཟོད་བསྲན་བྱེད་པ་ནི་གཅུན་པའི་ཕྱིར་ཡིན་ལ། དཀོན་མཆོག་གིས་ཁྱོད་རྣམས་རང་གི་བུ་བཞིན་དུ་གཅུན་པར་མཛད་པའོ།། ཕ་ཡིས་བུ་ལ་མི་གཅུན་པ་ཞིག་ག་ན་ཡོད་ཨང་། 8མ་གཞི་བུ་ཕྲུག་ཐམས་ཅད་ལ་གཅུན་མཁན་ཡོད། གལ་ཏེ། ཁྱོད་རྣམས་ལ་གཅུན་མཁན་མེད༌ན། ཁྱོད་ཅག་ནི་བྱི་ཕྲུག་ཡིན་པ་ལས་བུ་ཕྲུག་དངོས་མིན་ནོ།། 9གཞན་ཡང་། བདག་ཅག་ལ་གཅུན་མཁན་ལུས་སྦྱིན་གྱི་ཕ་ཡོད་ལ། བདག་ཅག་གིས་ཁོང་ལ་བརྩི་བཀུར་བྱེད༌པ་ཡིན་པས། སེམས་ཉིད་ཀྱི་ཡབ་ནི་ལྟ་ཅི་སྨོས། བདག་ཅག་གིས་ཁོང་གི་བཀའ་ལ་མཉན་ཏེ་འཚོ་བར་མི་འོས༌སམ། 10ལུས་སྦྱིན་གྱི་ཕ་རྣམས་ཀྱིས་རང་རང་གི་འདོད་བློ་ལྟར་གནས་སྐབས་སུ་བདག་ཅག་ལ་གཅུན་པ་ཡིན༌མོད། འོན་ཀྱང་སེམས་ཉིད་ཐམས་ཅད་ཀྱི་ཡབ་ལགས་ཀྱིས་བདག་ཅག་ལ་ཕན་འདོགས་པ་དང་། ཁོང་གི་དམ་པའི་རང་བཞིན་ལས་བདག་ཅག་ལ་སྐལ་བ་ལྡན་པའི་ཕྱིར་གཅུན་པར་མཛད་པའོ།། 11སྤྱིར་གཅུན་པའི་དོན་ཐམས་ཅད་ནི་སྐབས་དེར་སྡུག་བསྔལ་དུ་འདོད་པ་ལས་དགའ་སྤྲོའི་ཚོར་བ་མེད་མོད། འོན་ཀྱང་གཅུན་པའི་སྦྱོང་བ་ཐོབ་པ་རྣམས་ལ་ཕྱིས་སུ་ཞི་བདེའི་འབྲས་བུ་སྨིན་ཞིང་དེ་ནི་དྲང་བདེན་ཡིན་ནོ།། 12དེའི༌ཕྱིར། ཁྱོད་རྣམས་ཀྱིས་ལག་པ་ལྷོད་ཅིང་པུས་མོའི་ཤེད་ཉམས་པ་དག་ནི་སྟོབས་དང་ལྡན་པར་གྱིས། 13ཡང་རང་རང་གི་རྐང་པའི་དོན་དུ་ལམ་དྲང་པོར་བཟོས༌ཤིག དེ་ལྟར་བྱས་ན། རྐང་ལག་ཞ་བར་གྱུར་པ་གང་ཡིན་པ་ཚིགས་མི་བུད་པར་སོས་པར་འགྱུར༌རོ།།

དཀོན་མཆོག་འདོར་མི་རུང་བའི་ཉེན་བརྡ།

14ཁྱོད་རྣམས་ཀྱིས་མི་ཐམས་ཅད་ལ་མཐུན་པོ་ཡོང་བ་དང་རང་ཉིད་དམ་པར་འགྱུར་བར་བསྙེག་དགོས༌ཏེ། དམ་པ་མིན་ན་གཙོ་བོ་ལ་མཇལ་ཐུབ་མཁན་གཅིག་ཀྱང་མེད༌དོ།། 15ཡང་དཀོན་མཆོག་གི་ཐུགས་རྗེ་དང་མི་འབྲལ་བ་དང་། འཁོན་སེམས་དུག་གི་རྩ་བ་རྒྱས་ཏེ་ཁྱོད་རྣམས་དཀྲུགས་པ་བརྒྱུད་ནས་མི་མང་པོ་བཙོག་པར་མི་བྱེད་པའི་ཕྱིར་གཟབ་གཟབ་གྱིས་ཤིག 16ལོག་གཡེམ་བྱེད་མཁན་དང་དད་གུས་མེད་པ་ཨེ་སཱབ་ལྟ་བུ་འབྱུང་བར་གཟབ་གཟབ་བྱེད་དགོས༌ཏེ། ཨེ་སཱབ་ཀྱིས་ཟས་ཐུན་གཅིག་གི་ཆེད་དུ་རང་ཉིད་ཀྱི་བུ་ཆེ་བའི་ཐོབ་ཐང་ཡང་བཙོངས་པ་ཡིན། 17ཕྱིས་སུ་ཁོ་ལ་ཕ་ཡི་བྱིན་རླབས་ཐོབ་འདོད་ཀྱང་ཁོ་ནི་འདོར་བར་གྱུར་པ་དང་། མིག་ལས་མཆི་མ་བཞུར་གྱིན་ཞུ་བ་ཞུས་ཀྱང་ཕ་ཡི་བློ་ཁ་བསྒྱུར་བའི་ཐབས་མ་རྙེད་པ་ཁྱོད་རྣམས་ཀྱིས་ཤེས༌སོ།། 18ཁྱོད་ཅག་ནི་རེག་ཐུབ་པའི་རི་བོ་དེར་ཡོང་བ་མ་ཡིན༌ཏེ། རི་བོ་དེར་མེ་དཔུང་དང་། སྤྲིན་ནག མུན་ནག དྲག་རླུང་། 19དུང་སྒྲ་དང་བཀའ་གསུང་བའི་སྒྲ་བཅས་ཡོད་པ་ཡིན་ལ། གསུང་སྐད་དེ་ཐོས་པ་རྣམས་ཀྱིས་ཁོ་རྣམས་ལ་གསུང་སྐད་ཅི་ཡང་མི་གནང་བར་ཞུ་བ་ཞུས་སོ།། 20ཅིའི་ཕྱིར་ཞེ་ན། འདི་སྐད༌དུ། རི་བོ་དེའི་འདབས་ལ་རེག་མཁན་ནི་རི་དྭགས་ཡིན་ཡང་། རྡོ་རུབ་བཏང་ནས་གསོད་པར་བྱ་ཞེས་གསུངས་པའི་བཀའ་ནི་ཁོ་རྣམས་ཀྱིས་མ་བཟོད་པའི་ཕྱིར་རོ།། 21མིག་གིས་མཐོང་བ་དེ་ནི་འཇིགས་སུ་རུང་བ་ཞིག་ཡིན་པས། དེ་ལ་མོ་ཤེ་ཡིས་འདི་སྐད་དུ། བདག་ནི་ཤིན་ཏུ་འཇིགས་ཤིང་སྐྲག་སྟེ་འདར་བར་གྱུར་ཞེས་གསུངས་སོ།། 22འོན་ཀྱང་། ཁྱོད་ཅག་ནི་རི་བོ་ཛ་ཡན་དང་རྟག་ཏུ་གསོན་པོར་བཞུགས་པའི་དཀོན་མཆོག་གི་གྲོང་ཁྱེར་ཏེ། ནམ་མཁའི་ཞིང་ཁམས་ཀྱི་ཡེ་རུ་སཱ་ལེམ་དུ་ཡོང་ངོ་།། གནས་དེ་རུ་ཕོ་ཉ་ཁྲི་ཕྲག་དུ་མ་ཡོད་ལ། 23ནམ་མཁའི་ཞིང་ཁམས་སུ་མིང་ཐོ་བཀོད་ཡོད་པའི་བུ་སྐྱེས་འགོ་རྣམས་འདུས་པའི་ཆོས་ཚོགས་དང་། མི་ཐམས་ཅད་ལ་ཁྲིམས་ཐག་མཛད་མཁན་དཀོན་མཆོག་དང་། ཡོངས་སུ་རྫོགས་པར་མཛད་པའི་རྣམ་པར་དག་པ་རྣམས་ཀྱི་རྣམ་ཤེས་ཡོད་པར་མ༌ཟད། 24ཞལ་ཆད་ཕྱི་མའི་བར་མི་སྟེ་སྐྱབས་མགོན་ཡེ་ཤུ་དང་ཁོང་གིས་གཏོར་བའི་སྐུ་ཁྲག་ཀྱང་ཡོད༌ལ། སྐུ་ཁྲག་དེས་ཧ་བེལ་གྱི་ཁྲག་ལས་ཀྱང་ཡིད་དུ་འོང་བའི་བཀའ་གསུངས་སོ།། 25ཁྱོད་རྣམས་ཀྱིས་རྟག་ཏུ་གཟབ་གཟབ་བྱ་དགོས་ཏེ། ཁྱོད་རྣམས་ལ་བཀའ་གསུང་མཁན་དེ་ཉིད་འདོར་མི༌རུང་ངོ་།། འཇིག་རྟེན་དུ་མི་རྣམས་ལ་ཉེན་བརྡ་གཏོང་མཁན་དེ་ཉིད་དོར་བ་ཁོ་རྣམས་ཐར་མི་ནུས་ན། ནམ་མཁའི་ཞིང་ཁམས་ནས་བདག་ཅག་ལ་ཉེན་བརྡ་གཏོང་མཁན་དེ་ཉིད་དང་འགལ་བ་ཡིན་ན་སྨྲ་ཅི་དགོས། 26དུས་དེར་ཁོང་གི་གསུང་སྐད་ཀྱིས་ས་གཞི་གཡོས་མོད། འོན་ཀྱང་ད་ལྟ་ཁོང་གིས་འདི་སྐད༌དུ་ཞལ་བཞེས་གནང་བ་སྟེ། ད་དུང་ཐེངས་གཅིག་ལ་བདག་གིས་ས་གཞི་གཡོ་ཞིང་ནམ་མཁའ་ཡང་གཡོ་བར་བྱའོ་ཞེས་གསུངས་པ་ཡིན། 27ད་དུང་ཐེངས་གཅིག་ལ་ཞེས་པའི་གསུང་འདིས་གཡོ་མི་ནུས་པ་རྣམས་རྟག་ཏུ་གནས་པའི༌ཕྱིར། གཡོ་བར་འགྱུར་བའི་དངོས་པོ་བསྐྲུན་པ་དེ་དག་འདོར་བར་འགྱུར་བ་གསལ་པོར་བསྟན༌ནོ།། 28དེའི༌ཕྱིར། བདག་ཅག་ལ་གཡོ་མི་ནུས་པའི་རྒྱལ་སྲིད་ཐོབ་པ་ཡིན་པས། བདག་ཅག་ནི་དྲིན་གཟོ་བའི་སེམས་དང་ལྡན་འོས་ཤིང༌། དཀོན་མཆོག་ཐུགས་དགྱེས་པ་བཞིན་དུ། དད་གུས་དང་འཚེར་སྣང་བཅས་ཁོང་ལ་ཞབས་ཏོག་བསྒྲུབ་འོས་སོ།། 29ཅིའི་ཕྱིར་ཞེ་ན། བདག་ཅག་གི་དཀོན་མཆོག་ནི་ཡོངས་རྫོགས་རྩ་མེད་གཏོང་བའི་མེ་ཡིན་པའི་ཕྱིར་རོ།།

ཨིབ་རི་པ 13

མཇུག་མཐའི་གདམས༌པ།

1ཁྱོད་ཅག་གིས་རྟག་ཏུ་སྤུན་ཟླ་རྣམས་གཅེས་སུ་འཛིན་པའི་སེམས་བཅང༌དགོས་ཤིང་། 2མགྲོན་པོར་སྣེ་ལེན་བྱ་རྒྱུ་བརྗེད་མི་རུང༌སྟེ། སྔོན་ཆད་མགྲོན་པོར་སྣེ་ལེན་བྱེད་མཁན་གྱིས་དེ་ལྟར་བྱས་ནས་མ་བསམ་ས་ནས་ཕོ་ཉ་རྣམས་ལའང་སྣེ་ལེན་བྱས་མྱོང་བའི་ཕྱིར་རོ།། 3ཁྱོད་ཅག་གིས་བཙོན་དུ་བཅུག་ཡོད་པ་རྣམས་སེམས་སུ་གཟུང་འོས༌ཏེ། རང་ཉིད་ཀྱང་ཁོ་རྣམས་དང་ལྷན་དུ་བཙོན་ལ་བཅུག་ཡོད་པ་བཞིན་བྱེད༌པ་དང་། རང་ཉིད་ཀྱང་ཤ་གཟུགས་ཀྱི་ཕུང་བོའི་ནང་དུ་ཡོད་པས། མནར་གཅོད་མྱངས་པ་རྣམས་སེམས་སུ་གཟུང་འོས༌སོ།། 4མི་ཐམས་ཅད་ཀྱིས་གཉེན་སྒྲིག་ལ་བརྩི་མཐོང་བྱ་འོས་ཤིང་། བཟའ་ཟླའི་མལ་ཁྲི་ཡང་མི་གཙང་བར་བྱ་མི༌རུང་ངོ་།། རྒྱུ་མཚན་ནི་མི་ཚངས་སྤྱོད་དང་ལོག་གཡེམ་བྱེད་མཁན་ལ་དཀོན་མཆོག་གིས་ཉེས་ཆད་གཅོད་པར་འགྱུར་བའི་ཕྱིར་ཡིན། 5ཁྱོད་རྣམས་དངུལ་ལ་ཞེན་ཆགས་མི་རུང༌སྟེ། རང་ཉིད་ལ་གང་ཡོད་པ་དེར་ཡིད་ཚིམ་པར་བྱའོ། །ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་འདི་སྐད༌དུ། བདག་གིས་རྒྱུན་དུ་ཁྱོད་རང་མི་འདོར་ཞིང༌།། ནམ་ཡང་ཁྱོད་རང་བསྐྱུར་བར་མི༌བྱེད་དོ།། ཞེས་གསུངས༌པའི་ཕྱིར་རོ།། 6དེའི་ཕྱིར། བདག་ཅག་གིས་སྤོབས་པ་བསྐྱེད་ནས། གཙོ་བོ་ཁོང་ཉིད་བདག་གི་སྡོངས་གྲོགས་ཡིན།། བདག་ལ་འཇིགས་པའི་དོན༌ནི་ཡོད་མི་སྲིད།། འཇིག་རྟེན་མི་ཡིས་བདག་ལ་ཅི་ཞིག་བྱ།། ཞེས་སྨྲ་བར་ནུས༌སོ།། 7ཁྱོད་ཅག་གིས་སྔོན་ཆད་ཁྱོད་རྣམས་ལ་ཁྲིད་སྟོན་གནང་བ་སྟེ་དཀོན་མཆོག་གི་བཀའ་གསུང་མཁན་རྣམས་སེམས་སུ་གཟུང་དགོས༌ཤིང༌། དེ་དག་གི་སྤྱོད་ལམ་གྱི་འབྲས་བུར་ནན་གྱིས་བལྟས་ནས། ཁོ་ཚོའི་དད་སེམས་མིག་དཔེར་གཟུང་བར་བྱའོ།། 8ཡེ་ཤུ་མཱ་ཤི་ཀ་ནི་ཁ་སང་དེ༌རིང༌དང་ཡུན་ནས་ཡུན་དུ་འགྱུར་བ་མེད་དོ།། 9ཁྱོད་རྣམས་ཚུལ་མིན་བསླབ་པ་སྣ་ཚོགས་ཀྱི་བསླུ་བྲིད་དབང་དུ་འགྲོ་བར་མི་བྱའོ། །ཅིའི་ཕྱིར་ཞེ་ན། མིའི་སེམས་ནི་ཐུགས་རྗེ་ལ་བརྟེན་ནས་བརྟན་པོར་གྱུར་ན་ལེགས་པ་ལས། བཟའ་བཏུང་ལ་བརྟེན་པ་མ་ཡིན་ཏེ། བཟའ་བཏུང་ཁོ་ནར་བློ་འཁོར་བ་རྣམས་ལ་ཕན་ཅི་ཡང་མ་ཐོགས་པའི་ཕྱིར་ཡིན། 10བདག་ཅག་ལ་མཆོད་ཁྲི་ཞིག་ཡོད་ཅིང་གུར་མཆོག་གི་ཞབས་ཏོག་པ་རྣམས་ཀྱིས་དེ་ལས་བཟའ་མི་རུང་ངོ་།། 11མ་གཞི་མཆོད་དཔོན་ཆེན་པོས་གནས་དམ་མཆོག་ནང་དུ་ཕྱུགས་ཟོག་གི་ཁྲག་ཁྱེར་ནས་སྡིག་པའི་ཆེད་དུ་འབུལ་བ༌དང༌། ཕྱུགས་ཟོག་གི་བེམ་པོ་ནི་སྒར་སའི་ཕྱི་རོལ་ཏུ་མེར་བསྲེགས་པའོ།། 12དེའི་ཕྱིར། སྐྱབས་མགོན་ཡེ་ཤུས་རང་ཉིད་ཀྱི་སྐུ་ཁྲག་གིས་མི་རྒྱུད་དམ་པར་མཛད་པའི་ཆེད་དུ། ཁོང་གིས་ཀྱང་མཁར་སྒོའི་ཕྱི་རོལ་ཏུ་སྡུག་བསྔལ་མྱངས་པའོ།། 13དེ་ལྟར་བདག་ཅག་སྒར་སའི་ཕྱི་རོལ་ཏུ་ཁོང་གི་དྲུང་ལ་སོང་སྟེ། ཁོང་གིས་མྱངས་པའི་བརྙས་བཅོས་དེ་ལྟ་བུ་ལ་བཟོད་བསྲན་བྱ་འོས༌ཤིང་། 14བདག་ཅག་ལ་གནས་འདི་རུ་རྟག་གཏན་གྱི་གྲོང་ཁྱེར་ཞིག་མེད་ནའང་། མ་འོངས་འབྱུང་འགྱུར་གྱི་གྲོང་ཁྱེར་དེ་ཉིད་འཚོལ་བའོ།། 15དེའི་ཕྱིར། བདག་ཅག་གིས་སྐྱབས་མགོན་ཡེ་ཤུར་བརྟེན་ནས། དཀོན་མཆོག་ལ་རྟག་ཏུ་བསྟོད་བསྔགས་ཀྱི་མཆོད་པ་འབུལ་འོས༌ཤིང༌། དེ་ནི་ཁོང་གི་མཚན་ཁས་ལེན་མཁན་དག་གི་སྨྲ་སྒོའི་འབྲས་བུ་ཡིན༌ནོ།། 16ལས་བཟང་པོ་སྒྲུབ་པ་དང་ཕན་ཚུན་ལ་སྦྱིན་པ་གཏོང་བ་ནི་བརྗེད་པར་མི་བྱའོ།། ཅིའི་ཕྱིར་ཞེ་ན། དཀོན་མཆོག་མཆོད་པ་དེ་ལྟ་བུ་ལ་ཐུགས་དགྱེས་པའི་ཕྱིར་རོ།། 17ཁྱོད་ཅག་གིས་ཁྲིད་སྟོན་གནང་མཁན་གྱི་ངག་ལ་མཉན་པ་དང་ཁོང་རྣམས་ཀྱི་བཀའ་ལྟར་བསྒྲུབ་དགོས༌སོ།། ཅིའི་ཕྱིར་ཞེ་ན། ཁོང་རྣམས་ཀྱིས་རྟག་ཏུ་ཁྱོད་ཅག་གི་ཚེ་སྲོག་སྲུང་བ་དང༌། དེ་རྣམས་ནི་མ་འོངས་པའི་དུས་སུ་དཀོན་མཆོག་ལ་རྩིས་སྤྲོད་མཁན་ཡིན་པས། ཁྱོད་ཅག་གིས་ཁོང་རྣམས་ལ་སེམས་ཁྲལ་མེད་པར་དགའ་སྤྲོའི་ངང་ནས་བསྲུང་དུ་བཅུག་ན་འོས་སོ།། གལ་ཏེ། ཁོང་རྣམས་ལ་སེམས་ཁྲལ་ཡོད་ན་ཁྱོད་ཅག་ལ་ཕན་ཐོགས་མེད་པའི་ཕྱིར་རོ།། 18ངེད་ཅག་གིས་བསམ་པ་རྣམ་དག་མངའ་བའི་གདེང་ཚོད་དང་བཅས་ལས་ཐམས་ཅད་ཡང་དག་པའི་སྒོ་ནས་བསྒྲུབ་པར་འདོད་པས། ཁྱོད་རྣམས་ཀྱིས་ངེད་ཅག་གི་དོན་དུ་སྨོན་ལམ་འདེབས་པར་ཞུའོ།། 19ང་རང་མྱུར་བ་མྱུར་བར་ཁྱོད་ཅག་གི་གམ་དུ་ཕྱིར་ཡོང་ཐུབ་པའི་ཆེད་དུ། ཁྱོད་རྣམས་ཀྱིས་བདག་གི་ཆེད་དུའང་ལྷག་ཏུ་སྨོན་ལམ་འདེབས་པར་ཞུའོ།། 20ཞི་བདེ་གནང་མཁན་དཀོན་མཆོག་སྟེ། རྟག་གཏན་ཞལ་ཆད་ཀྱི་ཁྲག་ལ་བརྟེན་ནས་ལུག་ཁྱུའི་རྫི་བོ་ཆེན༌པོ་དང་། བདག་ཅག་གི་གཙོ་བོ་ཡེ་ཤུ་གཤིན་པོ་རྣམས་ལས་ཕྱིར་འདྲེན་མཁན་དཀོན་མཆོག༌གིས། 21ཁོང་གི་ཐུགས་དགོངས་བཞིན་དུ་བསྒྲུབ་པའི་ཕྱིར། ལས་བཟང་པོ་སྣ་ཚོགས་ཀྱི་ཆ་ནས་ཁྱོད་རྣམས་སྟ་གོན་མཛད་པ༌དང༌། ཡང་ཁོང་གི་སྤྱན་སྔར་ཐུགས་དགྱེས་རུང་བའི་དོན་རྣམས་ནི་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ཁྱོད་ཅག་གི་སེམས་སུ་མཛད་པར༌སྨོན། ཁོང་ལ་ཇི་སྲིད་བར་དུ་བསྟོད་བསྔགས་བརྗོད་པར་སྨོན། ཨ༌མེན། 22སྤུན་ཟླ༌རྣམས། བདག་གིས་ཁྱོད་རྣམས་ལ་འཕྲིན་ཐུང་འདི་བྲིས་པ༌དང༌། ཁྱོད་རྣམས་ཀྱིས་བདག་གི་གདམས་པ་ཐེག་པར་སྐུལ་ལོ།། 23ཁྱོད་རྣམས་ཀྱིས་བདག་ཅག་གི་སྤུན་ཟླ་ཐི་མོ་ཐེ་བཏང་ཟིན་པ་ཤེས་སྲིད་ལ། ཁོ་རང་མྱུར་དུ་ཡོང་བ་ཡིན་ན། ང་རང་ཡང་ཁོ་དང་ལྷན་དུ་ཁྱོད་ཅག་ལ་བལྟ་རུ་ཡོང་ངེས༌ཡིན། 24ཁྱོད་ཅག་གིས་ཁྲིད་སྟོན་གནང་མཁན་དང་དད་ལྡན་དམ་པ་ཐམས་ཅད་ལ་འཚམས་འདྲི་ཞུ་བར་བྱའོ།། ཨི་ཏ་ལི་ཡུལ་ནས་ཡོང་བ་རྣམས་ཀྱིས་ཀྱང་ཁྱོད་ཅག་ལ་འཚམས་འདྲི༌ཞུའོ།། 25ཐུགས་རྗེ་ནི་རྟག་ཏུ་ཁྱོད་ཅག་ཐམས་ཅད་དང་མཉམ་དུ་གནས་པར༌སྨོན།།༎

ཡ༷་ཀོབ 1

འཕྲིན་ཡིག་བསྐུར༌ཡུལ།

1དེ་ཡང་ཡ་ཀོབ་བདག་ནི་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་པ་ཞིག་ཡིན་ལ། བདག་གིས་ཐར་ཐོར་དུ་གནས་པའི་ཚོ་བ་བཅུ་གཉིས་ལ་འཕྲིན་ཡིག་སྤྲིངས་ཤིང༌། ཁྱོད་རྣམས་ལ་འཚམས་འདྲི༌ཞུའོ།།

ཚོད་ལྟ་དང་ཉམས་ཚོད་ཀྱི༌སྐོར།

2བདག་གི་སྤུན་ཟླ༌རྣམས། ཁྱོད་ཅག་དཀའ་སྡུག་སྣ་ཚོགས་ལ་འཕྲད༌དུས། དེ་ནི་དགའ་སྤྲོ་ཆེན་པོར་བརྩི་བར་བྱའོ།། 3ཅིའི་ཕྱིར་ཞེ་ན། རང་གི་དད་པར་ཚོད་བརྟག་བྱས་པ་བརྒྱུད་ནས་བཟོད་སེམས་འབྱུང་བ་ནི་ཁྱོད་ཅག་གིས་ཀྱང་ཤེས་པས༌སོ།། 4ཁྱོད་ཅག་ནི་མ་ཚང་བ་མེད༌པར་ཡང་དག་པ་དང་ཕུལ་དུ་བྱུང་བར་འགྱུར་བའི་ཕྱིར། བཟོད་པའང་ཡོངས་སུ་རྫོགས་དགོས། 5ཁྱོད་རྣམས་ལས་སུ་ཞིག་ལ་ཤེས་རབ་མི་ཚང་ན། བཀའ་བཀྱོན་མི་མཛད་ཅིང་མི་ཐམས་ཅད་ལ་གཏོང་ཕོད་ཆེ་བའི་དཀོན་མཆོག་ཁོང་ལ་ཞུས༌དང༌། ཁོང་གིས་གནང་བར་འགྱུར། 6འོན༌ཀྱང༌། ཞུ་བ་བྱེད་པའི་དུས༌སུ། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དད་པའི་སྒོ་ནས་ཞུ་དགོས། ཅིའི་ཕྱིར་ཞེ་ན། མི་ཐེ་ཚོམ་ཅན་ནི་རྒྱ་མཚོའི་རྦ་རླབས་རླུང་གིས་དེད་ནས་དགུང་དུ་འཕྱུར་བ་དང་མཚུངས་པའི་ཕྱིར༌རོ།། 7མི་འདི་ལྟ་བུས་གཙོ་བོ་ནས་ཅི་ཡང་འཐོབ་པར་བསམ་མི་དགོས༌ཏེ། 8མི་བློ་གཉིས་ཅན་ནི་རང་གིས་སྒྲུབ་པའི་ལས་ཀུན་ལའང་བརྟན་པོ་མ་ཡིན་ནོ།། 9སྤུན་ཟླ་གཉོམ་ཆུང་དེ་རང་གི་གོ་ས་མཐོན་པོར་དགའ་འོས༌ཤིང༌། 10ཕྱུག་པོ་དེ་རང་གི་དམན་སར་དགའ་འོས༌སོ། །ཅིའི་ཕྱིར་ཞེ་ན། དེ་ནི་རྩྭ་མགོའི་མེ་ཏོག་དང་མཚུངས་པར་ཡལ་ངེས་ཏེ། 11ཉི་མ་ཤར་བ་དང་ཚ་རླུང་གཡུགས་ནས་རྩྭ་སྔོན་སྐམས་ཤིང་མེ་ཏོག་སར་ལྷུང་བས་མཛེས་སྡུག་ཐམས་ཅད་ཡལ་བར་འགྱུར་བའི་ཕྱིར༌ཡིན། དཔེ་དེ་བཞིན་དུ་ཕྱུག་པོ་དེ་ཡང་རང་དོན་སྒྲུབ་བཞིན་པའི་སྐབས་སུ་ཉམས་པར་འགྱུར་རོ།། 12ཚོད་བགམ་ལ་བཟོད་བསྲན་ཐུབ་པའི་མི་ནི་བྱིན་རླབས་ཅན་ཡིན། ཅིའི་ཕྱིར་ཞེ་ན། ཚོད་བགམ་བྱས་པའི་རྗེས་སུ། དཀོན་མཆོག་གིས་ཁོང་ཉིད་གཅེས་པར་འཛིན་པ་རྣམས་ལ་ཞལ་བཞེས་གནང་བའི་ཚེ་སྲོག་གི་ཅོད་པན་གནང་བར་འགྱུར་བའི་ཕྱིར༌རོ།། 13ཉམས་ཚོད་ལ་འཕྲད་པའི་དུས༌སུ། དཀོན་མཆོག་གིས་བདག་ལ་ཉམས་ཚོད་ལེན་བཞིན་གདའ་ཞེས་སུ་ཞིག་གིས་ཀྱང་སྨྲ་མི་རུང༌། ཅིའི་ཕྱིར་ཞེ་ན། ངན་པས་དཀོན་མཆོག་ལ་ཉམས་ཚོད་བྱ་མི་ནུས༌ལ། དཀོན་མཆོག་གིས་ཀྱང་སུ་ཞིག་ལའང་ཉམས་ཚོད་མི་མཛད་པས༌སོ།། 14འོན༌ཀྱང༌། མི་རེ་རེ་རང་གི་འདོད་ཆགས་ཀྱིས་དྲངས་ཏེ་བསླུས་ན་ཉམས་ཚོད་འབྱུང་། 15འདོད་ཆགས་མངལ་དང་ལྡན་པར་གྱུར་ན་སྡིག་པ་སྐྱེས༌ཤིང༌། སྡིག་པ་བྱས་ན་འཆི་བ་འབྱུང་ངོ་།། 16བདག་གི་སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་བསླུ་བྲིད་འོག་ཏུ་མི་ཚུད་པར་གྱུར༌ཅིག 17གནང་སྦྱིན་ལེགས་ཤིང་ཕུལ་དུ་བྱུང་བ་ཐམས་ཅད་ནི་སྟེང་ནས་བྱུང་བ༌དང༌། དེ་ནི་འོད་ཟེར་ཀུན་གྱི་མངའ་བདག་སྟེ་ཡབ་ལས་བྱུང༌ཞིང༌། ཁོང་ལ་འགྱུར་ལྡོག་མེད་ཅིང་འགུལ་སྐྱོད་ཀྱི་གྲིབ་མ་ཙམ་ཡང་མེད་དོ།། 18བདག་ཅག་ནི་ཁོང་གིས་བསྐྲུན་པ་ཐམས་ཅད་ལས་ཐོག་མར་སྨིན་པའི་འབྲས་བུ་ལྟ་བུར་འགྱུར་བའི༌ཕྱིར། ཁོང་གིས་རང་ཉིད་ཀྱི་ཐུགས་དགོངས་བཞིན་བདེན་པ་ཉིད་ཀྱི་བཀའ་བརྒྱུད་ནས་བདག་ཅག་སྐྱེ་བར་མཛད་པ་ལགས༌སོ།།

བཀའ་ལ་མཉན་པ་དང་བཀའ་ལྟར་བསྒྲུབ་དགོས་པའི༌སྐོར།

19བདག་གི་སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་གིས་ཤེས་གསལ༌ལྟར། ཁྱོད་རྣམས་མི་རེ་རེ་ནི་རྣ་བས་ཉན་པ་ལ་མྱུར་དགོས༌ཤིང༌། ངག་ནས་སྨྲ་བ་དང་སེམས་ནས་ཁྲོ་བ་ལ་དལ་དགོས་སོ།། 20ཅིའི་ཕྱིར་ཞེ་ན། མིའི་ཁོང་ཁྲོས་དཀོན་མཆོག་གི་རྣམ་པར་དག་པའི་ལས་བསྒྲུབ་མི་ནུས་པའི་ཕྱིར༌རོ།། 21དེ་བས་ཁྱོད་ཅག་གིས་མི་གཙང་བ་དང་ངན་པས་གང་བ་ཐམས་ཅད་སྤངས༌ཏེ། ཞི་ཞིང་དུལ་བའི་སེམས་བཅངས་ནས་ཁྱོད་ཅག་གི་ནང་དུ་བཙུགས་ཡོད་པ་དང་ཁྱོད་ཅག་གི་རྣམ་ཤེས་སྐྱོབ་ནུས་པའི་བཀའ་དེ་ཁས་ལེན་དགོས། 22ཁྱོད་རྣམས་ནི་རང་མགོ་རང་གིས་གཡོག་ཅིང་བཀའ་ལ་ཉན་མཁན་ཁོ་ནར་མི་འགྱུར་བར་བཀའ་བཞིན་དུ་སྒྲུབ་མཁན་དུ་གྱུར༌ཅིག 23རྒྱུ་མཚན་ནི་སུ་ཞིག་གིས་བཀའ་ལ་ཉན་པ་ལས་བཀའ་ལྟར་མི་སྒྲུབ་པ་ནི་མི་ཞིག་གིས་མེ་ལོང་ལས་རང་གི་ངོ་གདོང་མཐོང་བ་དང་མཚུངས༌ལ། 24མིག་གིས་མཐོང་ཞིང་ཕར་སོང་མ་ཐག་རང་ཉིད་ཀྱི་བཞིན་རས་ཇི་འདྲ་ཡིན་པ་བརྗེད་པ་ཡིན་ནོ།། 25འོན༌ཀྱང༌། སུ་ཞིག་གིས་ཕུལ་དུ་བྱུང་བ་དང་རང་དབང་འཐོབ་པར་བྱེད་པའི་བཀའ་ཁྲིམས་ལ་རྒྱུན་དུ་ཞིབ་ལྟ་བྱེད་ཅིང་བརྩི་སྲུང་བྱེད་ན། བཀའ་ལ་ཉན་མ་ཐག་བརྗེད་པ་མིན་པར་དངོས་སུ་དེ་ལྟར་བསྒྲུབས༌པས། ཁོས་སྒྲུབ་པའི་དོན་ཐམས་ཅད་ལ་བྱིན་རླབས་འཐོབ་པར་འགྱུར་ངེས༌སོ།། 26གལ༌ཏེ། སུ་ཞིག་གིས་རང་ཉིད་ཆོས་སེམས་ཅན་ཡིན་པ་བསམས་ཀྱང༌། རང་གི་སྨྲ་ལྕེ་ལ་བདག་མི་བྱེད་པར། རང་མགོ་རང་གིས་གཡོག་པར་བྱེད༌ན། མི་དེའི་ཆོས་ལ་སྙིང་པོ་མེད་དོ།། 27བདག་ཅག་གི་ཡབ་དཀོན་མཆོག་གི་སྤྱན༌སྔར། ཡང་དག་ཅིང་དྲི་མས་མ་གོས་པའི་ཆོས་ནི་དཀའ་སྡུག་གིས་ཁེངས་པའི་དྭ་ཕྲུག་དང་ཡུགས་མོ་ལ་གཟིགས་སྐྱོང་བྱེད་པ་དང༌། འཇིག་རྟེན་གྱི་དྲི་མ་རང་ཉིད་ལ་མི་འགོས་པར་སྲུང་བ་དེའོ།།

ཡ༷་ཀོབ 2

ཕྱོགས་རིས་གཟུང་མི་རུང་བའི༌སྐོར།

1བདག་གི་སྤུན་ཟླ༌རྣམས། ཁྱོད་རྣམས་ཀྱིས་བདག་ཅག་གི་གཟི་བརྗིད་ཆེ་བའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱེད་པས་མི་གཞན་ལ་ཕྱོགས་རིས་འཛིན་མི་རུང་ངོ༌།། 2གལ༌ཏེ། གསེར་གྱི་མཛུབ་དཀྲིས་དང་གོས་ཆེན་གྱོན་པའི་མི་ཞིག་ཁྱོད་ཅག་གི་ཚོགས་རའི་ནང་དུ་ཡོང༌བ་དང༌། གོས་ཧྲུལ་གྱོན་པའི་དབུལ་པོ་ཞིག་ཀྱང་ཡོང་བ་ཡིན༌ན། 3ཁྱོད་ཅག་གིས་གོས་ཆེན་གྱོན་མཁན་ལ་བརྩི་མཐོང་བྱས༌ཏེ། ཁྱེད་རང་གྲལ་མགོ་ནས་བཞུགས་རོགས་མཛོད་ཅེས་སྨྲ་བ༌དང༌། དབུལ་པོ་དེ་ལ་ཁྱོད་རང་གནས་དེར་ལངས་ནས་སྡོད་ཅིག་ཅེས་སྨྲ་བའམ། ཡང་ན་བདག་གི་ཞབས་སྟེགས་ཀྱི་གམ་དུ་སྡོད་ཅིག་ཅེས་སྨྲ་བར་འགྱུར། 4དེ་ནི་ཁྱོད་ཅག་གིས་མི་ལ་ཕྱོགས་རིས་བཟུང་ཞིང༌། ངན་སེམས་བཅངས་ནས་མི་ལ་ཁ་ཚོན་གཅོད་མཁན་དུ་གྱུར་པ་མ་ཡིན༌ནམ། 5བདག་གི་སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་གིས་ཉོན༌དང༌། དཀོན་མཆོག་གིས་འཇིག་རྟེན་གྱི་དབུལ་པོ་རྣམས་བདམས་ཏེ་དད་པའི་ཕྱོགས་ནས་ཕྱུག་པོར་མཛད་པར་མ༌ཟད། ཁོང་ཉིད་གཅེས་པར་འཛིན་མཁན་རྣམས་ཁོང་གིས་ཞལ་བཞེས་གནང་བའི་རྒྱལ་སྲིད་འཛིན་མཁན་དུ་བདམས་པ་མ་ཡིན༌ནམ། 6འོན༌ཀྱང༌། ཁྱོད་ཅག་གིས་དབུལ་པོ་རྣམས་ལ་མཐོང་ཆུང་བྱས་ཤིང་། ཕྱུག་པོ་རྣམས་ཀྱིས་ཁྱོད་ཅག་ལ་གཉའ་གནོན་བྱས་ནས་ཁྲིམས་རར་འདྲུད་པ་མ་ཡིན༌ནམ། 7ཕྱུག་པོ་རྣམས་ཀྱིས་ཁྱོད་ཅག་ལ་ཐོགས་པའི་དམ་པའི་མཚན་ལ་སྐུར་བ་བཏབ་པ་མ་ཡིན༌ནམ། 8གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁྱོད་ཀྱིས་ཁྱིམ་མཚེས་ལ་རང་དང་འདྲ་བར་གཅེས་ཤིག་ཅེས་གསུངས་ཤིང་། གལ༌ཏེ། ཁྱོད་ཅག་གིས་དངོས་གནས་བླ་ན་མེད་པའི་བཀའ་ཁྲིམས་དེ་བཞིན་དུ་བྱེད༌ན། ཁྱོད་རྣམས་ཀྱིས་ལེགས་པོར་བྱས་པ་ཡིན་ནོ།། 9འོན༌ཀྱང༌། ཁྱོད་ཅག་གིས་མི་ལ་ཕྱོགས་རིས་བཟུང་ན་དེ་ནི་སྡིག་པ་བྱས་པ་ཡིན༌ཏེ། བཀའ་ཁྲིམས་ལྟར་ཁྱོད་ཅག་ནི་བཀའ་ཁྲིམས་དང་འགལ་མཁན་དུ་བརྩིས༌སོ།། 10ཅིའི་ཕྱིར་ཞེ་ན། སུ་ཞིག་གིས་བཀའ་ཁྲིམས་ཐམས་ཅད་བསྲུངས༌ནའང༌། དེ་ལས་གཅིག་དང་འགལ༌ན། དེ་ནི་བཀའ་ཁྲིམས་ཐམས་ཅད་ལ་འགལ་བའི་ཕྱིར༌རོ།། 11མ་གཞི་ལོག་གཡེམ་མ་བྱེད་ཅེས་གསུང་མཁན་གྱིས་མི་མ་གསོད་ཅེས་ཀྱང་གསུངས་པ་ཡིན། ཁྱོད་ཀྱིས་ལོག་གཡེམ་མི་བྱེད་ནའང་མི་གསོད་པ་ཡིན༌ན། ཁྱོད་ནི་བཀའ་ཁྲིམས་དང་འགལ་བ་ཡིན༌ནོ།། 12མི་ལ་རང་དབང་འཐོབ་པར་བྱེད་པའི་བཀའ་ཁྲིམས་ཀྱིས་ཁྱོད་ཅག་ལ་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད༌ངེས་པས། ཁྱོད་རྣམས་ཀྱིས་ཀྱང་རང་གི་སྨྲ་བརྗོད་དང་སྤྱོད་ལམ་ནི་བཀའ་ཁྲིམས་དེ་བཞིན་དུ་བྱ་འོས་སོ།། 13རྒྱུ་མཚན་ནི་མི་གཞན་ལ་སྙིང་རྗེ་མི་བྱེད་མཁན་ལ་སྙིང་རྗེ་མེད་པའི་ཁྲིམས་ཆད་ཕོག་པར་འགྱུར་བའི་ཕྱིར༌ཡིན། ཐུགས་རྗེ་ནི་ཉེས་ཆད་ལས་རྣམ་པར་རྒྱལ་བ་ཡིན༌ནོ།།

དད་པ་དང་བྱ་སྤྱོད་ཀྱི༌སྐོར།

14བདག་གི་སྤུན་ཟླ༌རྣམས། མི་ཞིག་གིས་རང་ཉིད་ལ་དད་པ་ཡོད་ཅེས་སྨྲས༌ཀྱང༌། དེ་དང་མཐུན་པའི་སྤྱོད་བཟང་མེད༌ན། དེ་ལ་ཕན་ཐོགས་ཅི་ཡོད༌དམ། དད་པ་དེ་ལྟ་བུས་ཁོ་རང་སྐྱོབ་ནུས༌སམ། 15གལ༌ཏེ། སྤུན་ཟླའམ་ལྕམ་སྲིང་ཞིག་ལ་གྱོན་གོས་མེད་ཅིང་ཉིན་རེ་བཞིན་ཁ་ཟས་ཀྱང་མེད༌ན། 16ཁྱོད་རྣམས་ལས་གཅིག་གིས་དེ་ལ་འདི༌ལྟར། བདེ་བའི་ངང་ཕྱིར་སོང་དང༌། ཁྱོད་རང་གི་ལུས་རྒྱབ་དྲོ་ཞིང་ལྟོ་བ་འགྲང་བར་སྨོན་ཞེས་སྨྲས༌ནའང༌། མི་དེའི་ལུས་ལ་གང་ཞིག་མཁོ་བ་མ་སྦྱིན༌ཚེ། དེ་ལ་ཕན་ཐོགས་ཅི་ཡོད༌དམ། 17དེ་བཞིན་དུ་སྤྱོད་བཟང་མེད་པའི་དད་པ་ནི་འཆི་བ་ཡིན་ནོ།། 18མི་གཞན་ཞིག་ན༌རེ། ཁྱོད་ལ་དད་པ་ཡོད་ལ། བདག་ལ་སྤྱོད་བཟང་ཡོད། ཁྱོད་ཀྱིས་བདག་ལ་སྤྱོད་བཟང་མེད་པའི་དད་པ་སྟོན༌དང༌། བདག་གིས་རང་གི་སྤྱོད་བཟང་བརྒྱུད་ནས་རང་གི་དད་པ་ཁྱོད་ལ་སྟོན་པར༌བྱའོ་ཞེས་སྨྲ་ངེས་སོ།། 19ཁྱོད་ཀྱིས་དཀོན་མཆོག་གཅིག་རང་ཡིན་པ་ལ་དད་པ་བྱེད་པས། ཁྱོད་ཀྱི་དད་པ་དེ་ནི་ལེགས༌པོ་མ་ཡིན་ནམ། གདོན་འདྲེ་དག་གིས་ཀྱང་དཀོན་མཆོག་ལ་ཡིད་ཆེས༌བྱེད་ཀྱང༌། ཁོང་ལ་འཇིགས་ཤིང་སྐྲག་སྟེ་འདར་བ་ཡིན་ནོ།། 20བླུན་པོ་ཁྱོད་ཀྱིས་སྤྱོད་བཟང་མེད་པའི་དད་པ་ནི་འཆི་བ་ཡིན་པ་ཤེས་འདོད༌དམ། 21བདག་ཅག་གི་མེས་པོ་ཨབ་ར་ཧམ་གྱིས་རང་གི་བུ་ཨི་སཱག་མཆོད་ཁྲིའི་སྟེང་དུ་མཆོད་པར་ཕུལ་ཞིང༌། སྤྱོད་བཟང་དེ་ལ་བརྟེན་ནས་ཁོང་ནི་མི་རྣམ་དག་ཏུ་བརྩིས་པ་མ་ཡིན༌ནམ། 22དད་པ་དང་སྤྱོད་བཟང་གཉིས་མཉམ་དུ་གནས་པར་མ༌ཟད། ཁོང་གི་དད་པ་ནི་སྤྱོད་བཟང་ལ་བརྟེན་ནས་ཆ་ཡོངས་སུ་རྫོགས་ཡོད་པ་རྟོགས་ནུས་སོ།། 23གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཨབ་ར་ཧམ་གྱིས་དཀོན་མཆོག་ལ་དད་པ་བྱས་པ་དང་དཀོན་མཆོག་གིས་ཀྱང་ཁོང་ནི་མི་རྣམ་དག་ཏུ་བརྩིས་པ་ཡིན་ཞེས་གསུངས་པ་བཞིན་དུ་གྲུབ་པ༌དང༌། ཨབ་ར་ཧམ་ནི་དཀོན་མཆོག་གི་མཛའ་གྲོགས་སུ་འབོད་པར་གྱུར་ཏོ།། 24དེའི༌ཕྱིར། མི་ཞིག་རྣམ་དག་ཏུ་བརྩི་བ་ནི་དད་པ་འབའ་ཞིག་ལ་བརྟེན་པ་མ་ཡིན་པར་སྤྱོད་བཟང་ལའང་རག་ལས་པ་རྟོགས་ནུས་སོ།། 25དེ་བཞིན༌དུ། སྨད་འཚོང་མ་རཱ་ཧབ་ཀྱིས་བང་ཆེན་རྣམས་ལ་སྣེ་ལེན་བྱས༌ཤིང༌། ཡང་བང་ཆེན་རྣམས་ལམ་གཞན་བརྒྱུད་ནས་ཕྱིར་བཏང་བས། སྤྱོད་བཟང་ལ་བརྟེན་ནས་ཁོ་མོ་ནི་མི་རྣམ་དག་ཏུ་བརྩིས་པ་མ་ཡིན༌ནམ། 26དེའི༌ཕྱིར། ལུས་པོ་ནི་རྣམ་ཤེས་དང་ཁ་བྲལ་ན་བེམ་པོ་ཡིན་པ༌བཞིན། དད་པའང་སྤྱོད་བཟང་དང་ཁ་བྲལ་ན་འཆི་བ་ཡིན༌ནོ།།

ཡ༷་ཀོབ 3

སྨྲ་ལྕེ་འདུལ་བའི༌སྐོར།

1བདག་གི་སྤུན་ཟླ༌རྣམས། ངེད་ཅག་ལ་མི་གཞན་ལས་ལེགས་ཉེས་ཀྱི་ཁྲིམས་ཐག་ལྷག་པར་ནན་མོ་གཅོད་ངེས༌པས། ཁྱོད་རྣམས་ལས་མི་མང་པོ་ཞིག་སློབ་དཔོན་བྱེད་པར་མི༌བྱའོ།། 2མ་གཞི་བདག་ཅག་ལ་ལས་སྣ་ཚོགས་ཀྱི་ཆ་ནས་ནོར་འཁྲུལ་ཡོད་པ་ཡིན། གལ༌ཏེ། སུ་ཞིག་ལ་སྨྲ་བརྗོད་ཀྱི་ཆ་ནས་ནོར་འཁྲུལ་མེད༌ན། མི་དེ་ནི་ཕུལ་དུ་བྱུང་ཞིང་རང་ལུས་ཧྲིལ་པོའང་གཅུན་ནུས་སོ།། 3བདག་ཅག་གིས་རྟ་རྒོད་འདུལ་བའི་ཆེད་དུ་རྟའི་ཁ་ནང་དུ་ལྕགས་བཞག་པ་ན་དེའི་ལུས་ཧྲིལ་པོར་ཁ་ལོ་བསྒྱུར་ནུས༌པ་ཡིན། 4ལྟོས༌དང༌། གྲུ་གཟིངས་ནི་ཤིན་ཏུ་ཆེ་ཞིང་རླུང་ཆེན་དྲག་པོས་དེད༌ཀྱང༌། དེད་དཔོན་གྱིས་གྲུ་སྐྱ་ཆུང་ངུར་བརྟེན་ནས་གང་དུ་སྐྱོད་འདོད་པ་བཞིན་གྲུ་གཟིངས་ལ་ཁ་ལོ་བསྒྱུར་ནུས་སོ།། 5དེ་བཞིན༌དུ། ལྕེ་ནི་ལུས་ཀྱི་ཆ་ཤས་ཆུང་ངུ་ཞིག་ཡིན༌ཡང༌། ལྕེ་ཡིས་ཁ་ཕོ་ཆེན་པོ་སྨྲ་བར་བྱེད། ལྟོས༌དང༌། མེ་ལྕེ་ཆུང་ངུ་ཞིག་གིས་ནགས་ཚལ་ཆེན་པོ་བསྲེག་ནུས་པ་ཡིན། 6ལྕེ་ནི་མེ་ཡིན༌ཏེ། སྡིག་པས་ཁེངས་པའི་འཇིག་རྟེན་ཞིག་ཀྱང་ཡིན༌ལ། བདག་ཅག་གི་ལུས་ཀྱི་ཆ་ཤས་གཞན་དག་ཁྲོད་ནས་མིའི་ལུས་ཧྲིལ་པོ་མི་གཙང་བར་བྱེད༌ཅིང༌། བདེ་སྐྱིད་ཀྱི་འཚོ་བ་ཡོངས་སུ་བསྲེགས་པར་མ༌ཟད། དམྱལ་བའི་གནས་ལས་ཀྱང་བསྲེག་པར་འགྱུར༌རོ།། 7རི་དྭགས༌དང༌། འདབ༌ཆགས། ལྟོ་འགྲོའི༌རིགས། རྒྱ་མཚོའི་སྲོག་ལྡན་ཐམས་ཅད་མི་ཡིས་འདུལ་ནུས་ཤིང་བཏུལ་བའང་ཡིན༌མོད། 8འོན་ཀྱང་སྨྲ་ལྕེ་འདུལ་ཐུབ་མཁན་གཅིག་ཀྱང་མེད༌ལ། དེ་ནི་རྒྱུན་ཆད་མེད་པར་འབྱུང་བའི་ནག་ཉེས༌དང༌། འཆི་ལམ་དུ་གཏོད་བྱེད་དུག་གི་རླངས་པས་ཁྱབ་པ་ཞིག༌ཡིན། 9བདག་ཅག་གིས་ལྕེ་ལ་བརྟེན་ནས་གཙོ་བོ་དང་ཡབ་ལ་བསྟོད་བསྔགས་བརྗོད༌ཅིང༌། ཡང་ལྕེ་ལ་བརྟེན་ནས་དཀོན་མཆོག་གི་སྣང་བརྙན་བཞིན་དུ་བཟོས་པའི་མི་རྣམས་ལ་སྡིགས་དམོད་བྱེད། 10ཁ་གཅིག་ལས་བསྔགས་བརྗོད་དང་སྡིགས་དམོད་གཉིས་ཀ་འོང་བ་ཡིན། བདག་གི་སྤུན་ཟླ༌རྣམས། དོན་འདི་ནི་མི་འོས་སོ།། 11ཆུ་མིག་གཅིག་ལས་ཆུ་མངར་མོ་དང་ཁ་བ་གཉིས་ཀ་འབྱུང་སྲིད༌དམ། 12བདག་གི་སྤུན་ཟླ༌རྣམས། བསེ་ཡབ་ཤིང་ལས་སྐྱུ་རུ་རའི་ཤིང་ཏོག་འབྱུང་སྲིད༌དམ། རྒུན་འབྲུམ་ཤིང་ལས་བསེ་ཡབ་ཀྱི་ཤིང་ཏོག་འབྱུང་སྲིད༌དམ། ཚྭ་ཆུ་ལས་ཆུ་མངར་མོ་འབྱུང་སྲིད་དམ་ཞེ་ན་མི་སྲིད་དོ།།

དཀོན་མཆོག་གི་མཁྱེན་རབ༌སྐོར།

13ཁྱོད་ཅག་གི་ཁྲོད་ན་སུ་ཞིག་མི་ཤེས་རབ་ཅན་དང་ཐོས་རྒྱ་ཅན་ཡིན༌ན། མི་དེས་སྤྱོད་ལམ་བཟང་པོའི་སྒོ་ནས་རང་གི་ལས་དེ་རྣམས་ཤེས་རབ་དང་ཞི་ཞིང་དུལ་བའི་ངང་སྟོན་པར་བྱ་དགོས་སོ།། 14ཁྱོད་རྣམས་ཀྱི་སེམས་སུ་ཕྲག་དོག་ཁ་ཏིག་ཅན་དང་སྒེར་སེམས་ཡོད༌ན། རང་བསྟོད་མི་བྱེད༌ཅིང་། བདེན་པ་ཉིད་ལ་རྫུན་ཡང་སྨྲ་བར་མི༌བྱའོ།། 15ཤེས་རབ་དེ་ལྟ་བུ་ནི་སྟེང་ནས་བྱུང་བ་མ་ཡིན༌པར། དེ་ནི་འཇིག་རྟེན༌དང༌། ཤ་ཁྲག གདོན་འདྲེ་བཅས་ཀྱི་རིགས་སུ་གཏོགས། 16གནས་གང་དུ་ཕྲག་དོག་དང་སྒེར་སེམས་ཡོད༌ན། གནས་དེ་རུ་ཟིང་འཁྲུག་དང་ལས་ངན་པ་སྣ་ཚོགས་ཡོད་པ་ཡིན༌ནོ།། 17འོན༌ཀྱང༌། སྟེང་ནས་བྱུང་བའི་ཤེས་རབ་ནི་ཐོག་མར་ཡང་དག་པ་དང་ཕྱི་མར་ཞི་ཞིང་དུལ་བ། དེ་ནས་གཤིས་རྒྱུད་འཇམ༌པ། གནས་ལུགས་བརྩི་བ། སྙིང་རྗེ་དང་འབྲས་བུ་བཟང་པོས་ཁེངས་ཡོད་པ། ཕྱོགས་རིས་མེད༌པ། ཚུལ་འཆོས་མེད་པ་བཅས་ཡིན་ནོ།། 18གཞན་ཡང༌། དྲང་བདེན་གྱི་འབྲས་བུ་ནི། འདུམ་སྒྲིག་པ་རྣམས་ཀྱིས་ཞི་བདེའི་ངང་ནས་འདེབས༌པའོ།།

ཡ༷་ཀོབ 4

དཀོན་མཆོག་ལ་བསྟུན་པར་བསྐུལ་བ།

1ཁྱོད་ཅག་ཁྲོད་ཀྱི་འཁོན་འཛིང་དང་འཁྲུག་རྩོད་ནི་གང་ནས་བྱུང༌ངམ། དེ་ནི་ཁྱོད་རྣམས་ཀྱི་རྒྱུད་ན་ཡོད་པའི་འཁྲུག་རྩོད་ཀྱི་འདོད་ཆགས་ལས་བྱུང་བ་མ་ཡིན༌ནམ། 2ཁྱོད་ཅག་འདོད་རྔམ་ཆེ་ཡང་ཅི་ཡང་མ་ཐོབ༌པས། ཁྱོད་རྣམས་ཀྱིས་མི་གསོད་པ་ཡིན། ཁྱོད་རྣམས་ཀྱིས་བརྣབ་སེམས་བྱེད་ཀྱང་ཅི་ཡང་མ་ཐོབ་པས། འཁྲུག་རྩོད་དང་འཁོན་འཛིང་བྱེད་པ་ཡིན། ཁྱོད་ཅག་གིས་དཀོན་མཆོག་ལ་ཞུ་བ་མི་བྱེད་པས་ཁྱོད་རྣམས་ལ་ཅི་ཡང་མ་ཐོབ། 3ཁྱོད་ཅག་གིས་རང་རང་གི་འདོད་པ་ལྟར་ཆུད་ཟོས་སུ་གཏོང་བའི་ཕྱིར། ཀུན་སློང་ངན་པས་དཀོན་མཆོག་ལ་ཞུ་བ་ཞུས་ཀྱང་ཅི་ཡང་མ་ཐོབ༌བོ།། 4ཀྱེ། ལོག་གཡེམ་པ༌རྣམས། འཇིག་རྟེན་གྲོགས་སུ་གྱུར་པ་ནི་དཀོན་མཆོག་གི་དགྲ་རུ་ལངས་པ་མི་ཤེས༌སམ། དེའི་ཕྱིར། སུ་ཞིག་འཇིག་རྟེན་གྱི་གྲོགས་སུ་འགྱུར་འདོད་ན་དེ་ནི་དཀོན་མཆོག་གི་དགྲ་རུ་ལངས་པ་ཡིན་ནོ།། 5གསུང་རབ་ཀྱི་མདོ་ལས་ཇི་སྐད་དུ། དཀོན་མཆོག་ནི་བདག་ཅག་གི་རྒྱུད་དུ་བཞུགས་པར་མཛད༌པའི་ཐུགས་ཉིད་ལ་ཤིན་ཏུ་དུངས་ཞིང་ཕྲག་དོག་སྐྱེས་པའི་ཚད་དུ་སླེབས་པ་ཡིན་ཞེས་གསུངས་པ་དེ་ནི་ཁྱོད་རྣམས་ཀྱིས་དོན་མེད་པར་འདོད༌དམ། 6འོན༌ཀྱང༌། དཀོན་མཆོག་གིས་བདག་ཅག་ལ་དེ་ལས་ལྷག་པའི་ཐུགས་རྗེ་ཆེན་པོ་གནང༌བས། ཇི་སྐད༌དུ། དཀོན་མཆོག་ཉིད་ཀྱིས་ང་རྒྱལ་ཅན་ལ༌རྒོལ།། ཁེངས་སྐྱུང་མི་ལ་ཁོང་གིས་ཐུགས་རྗེ༌གནང༌། །ཞེས་གསུངས༌པའོ།། 7དེའི༌ཕྱིར། ཁྱོད་ཅག་གིས་དཀོན་མཆོག་ལ་བསྟུན་དགོས་སོ།། བདུད་ལ་རྒོལ་བར་གྱིས༌དང༌། བདུད་ནི་ཁྱོད་ཅག་དང་བྲལ་ནས་འབྲོ་བར༌ངེས། 8ཁྱོད་རྣམས་དཀོན་མཆོག་དང་ཉེ་བར་གཅོར་ཅིག ཁོང་ཡང་ཁྱོད་རྣམས་དང་ཉེ་བར་གཅར་ངེས་ཡིན། སྡིག་ཅན་ཁྱོད་ཅག་གིས་རང་གི་ལག་པ་གཙང་མར་ཁྲུས༌དང༌། བློ་གཉིས་འགལ་ཅན་ཁྱོད་རྣམས་ཀྱིས་རང་གི་སེམས་གཙང་མར་ཁྲུས༌ཤིག 9ཁྱོད་རྣམས་ཀྱིས་ཡིད་སྐྱོ་ཞིང་མྱ་ངན་བྱེད་ཅིང་ངུ་བར༌གྱིས་ཤིག རང་གི་དགོད་སྒྲ་ནི་སྡུག་བསྔལ༌དང༌དགའ་སྤྲོ་ནི་སྐྱོ་གདུང་དུ་སྒྱུར༌ཅིག 10ཁྱོད་ཅག་གིས་གཙོ་བོའི་སྤྱན་སྔར་དམན་སེམས་བཅང་དགོས་པ་དང་། ཁོང་གིས་ཀྱང་ཁྱོད་རྣམས་མཐོན་པོར་བསྒྲེང་ངེས་སོ།། 11སྤུན་ཟླ༌རྣམས། ཁྱོད་ཅག་གིས་ཕན་ཚུན་ལ་ཚིག་ངན་སྨྲ་བར་མི༌བྱའོ།། སུ་ཞིག་གིས་སྤུན་ཟླ་ལ་ཚིག་ངན་སྨྲ་ཞིང་ཁ་ཚོན་གཅོད་ན། དེ་ནི་བཀའ་ཁྲིམས་ལ་ཚིག་ངན་སྨྲས་ཤིང་ཁ་ཚོན་བཅད་པ་ཡིན། སུ་ཞིག་གིས་བཀའ་ཁྲིམས་ལ་ཁ་ཚོན་བཅད༌ན། དེ་ནི་བཀའ་ཁྲིམས་སྲུང་མཁན་མ་ཡིན་པར། བཀའ་ཁྲིམས་ཀྱི་ཁྲིམས་དཔོན་ཡིན་ཏེ། 12མ་གཞི་བཀའ་ཁྲིམས་གནང་མཁན་དང་ཁྲིམས་དཔོན་ཆེན་པོ་གཅིག་ཁོ་ན་སྟེ། ཁོང་ནི་འཇིག་རྟེན་གྱི་མི་རྣམས་སྐྱོབ་ནུས་ཤིང་འཇོམས་ཡང་ནུས་པ་དེ་ཉིད་ལགས་སོ།། འོན༌ཀྱང༌ཁྱོད་ཀྱིས་རང་གི་ཁྱིམ་མཚེས་ལ་ཁ་ཚོན་གཅོད་པས་ཁྱོད་ནི་སུ་ཞིག་ཡིན་འདོད༌དམ།

ཁ་ཕོ་བྱེད་མི་རུང་བའི༌སྐོར།

13ཉོན༌དང༌། ཁྱོད་ཅག་ལས་མི་འགའ་ཞིག་ན༌རེ། དེ་རིང་ངམ་སང་ཉིན་ངེད་ཅག་གྲོང་ཁྱེར་ག་གེ་མོ་ཞིག་ལ་སོང་ནས་ལོ་གཅིག་རིང་བསྡད༌དེ། ཚོང་ལས་བྱས་ནས་ཁེ་སྤོགས་ལེན་པར་བྱའོ་ཞེས༌སྨྲ་བ་ཡིན། 14དོན་དམ་དུ་སང་ཉིན་དོན་ཅི་ཞིག་འབྱུང་བ་ནི་ཁྱོད་ཅག་གིས་མི་ཤེས། ཁྱོད་ཅག་གི་ཚེ་སྲོག་ནི་ཅི་ཞིག་ཡིན༌ནམ། མ་གཞི་ཁྱོད་ཅག་ནི་སྨུག་པ་ལྟ་བུ་ཡིན་པས་ཡུད་ཙམ་གྱིས་ཡལ་བར་འགྱུར། 15དེ་ལས་ལྡོག་སྟེ། ཁྱོད་ཅག་གིས་གཙོ་བོ་ཐུགས་མཉེས་ན། བདག་ཅག་གསོན་པོར་གནས༌ཤིང༌། བདག་ཅག་གིས་དོན་འདི་དང་འདི་ཟེར་བ་ཞིག་བསྒྲུབ་ནུས་པ་ཡིན་ཞེས་སྨྲས་ན་ལེགས་སོ།། 16འོན༌ཀྱང༌། ད་ལྟ་ཁྱོད་རྣམས་ཀྱིས་ང་རྒྱལ་བཅངས་ནས་ཁ་ཕོ་བྱེད་པས། དེ་ལྟར་ཁ་ཕོ་བྱེད་པ་ཐམས་ཅད་ནི་ངན་པ་ཡིན། 17དེ་བས་སུ་ཞིག་གིས་ལས་བཟང་པོ་བསྒྲུབ་དགོས་པ་ཤེས་བཞིན་དུ་དེ་ལྟར་མི་བྱེད༌ན། མི་དེས་སྡིག་པ་བྱས་པའོ།།

ཡ༷་ཀོབ 5

ཕྱུག་པོ་མནར་གཅོད་གཏོང་མཁན་རྣམས་ལ་ཉེན་བརྡ་གཏོང༌བ།

1ཀྱེ། ཁྱོད་ཅག་ཕྱུག་པོ་རྣམས་ཀྱིས་ཉོན༌ཅིག ཁྱོད་ཅག་ལ་སྡུག་བསྔལ་འབྱུང་ངེས་པའི༌ཕྱིར། ཁྱོད་རྣམས་ངུས་ཤིང་ངུ་འབོད་བྱེད་པར༌གྱིས། 2ཁྱོད་ཅག་གི་རྒྱུ་ནོར་ཟད་ཅིང་གྱོན་གོས་འབུ་ཡིས་ཟོས་སོ།། 3ཁྱོད་ཅག་གི་གསེར་དངུལ་བཙའ་ཡིས་ཟོས༌ཤིང༌། བཙའ་ཡིས་ཁྱོད་ཅག་གི་ཉེས་སྐྱོན་ལ་དཔང་པོ་བྱེད་པ༌དང༌། མེ་ཡིས་བསྲེགས་པ་བཞིན་ཁྱོད་ཅག་གི་ལུས་པོ་ནི་བཟའ་བར་འགྱུར། ཁྱོད་ཅག་གིས་མཐའ་མའི་ཉིན་མོ་དག་ལ་ཡང་ནོར་རྫས་བསགས་པ་ཡིན་ནོ།། 4ལྟོས༌དང༌། གླ་བ་རྣམས་ཀྱིས་ཁྱོད་ཅག་ལ་ཞིང་བྲེགས་ནའང་གླ་ཆ༌ཆད་པས། གླ་ཆ་ཡིས་འབོད་སྐད་སྒྲོག༌ཅིང༌། ཞིང་འབྲེག་མཁན་རྣམས་ཀྱི་ངུ་འབོད་ནི་སྔར་ནས་དམག་དཔུང་ཀུན་གྱི་གཙོ་བོའི་སྙན་ལམ་དུ་སླེབས་པ་ཡིན། 5ཁྱོད་རྣམས་ཀྱིས་འཇིག་རྟེན་དུ་འདོད་ཡོན་ལོངས་སུ་སྤྱད་དེ་བདེ་བའི་འཚོ་བ་རོལ་བའོ།། འོན༌ཀྱང༌། ཁྱོད་རྣམས་ཀྱིས་ཉེས་ཆད་གཅོད་པའི་ཉིན་མོའི་ཆེད༌དུ། རང་གིས་རང་ཉིད་ངན་ལང་དུ་གཏོང༌བ་ཡིན། 6ཁྱོད་ཅག་གིས་མི་གཞུང་དྲང་ལ་ཉེས་པ་བཙུགས་ནས་བསད་ཀྱང་དེས་ཁྱོད་རྣམས་ལ་ངོ་རྒོལ་མ་བྱས་སོ།།

སྡུག་བསྔལ་ཁྲོད་བཟོད་བསྲན་བྱེད་དགོས་པར་བསྐུལ༌བ།

7སྤུན་ཟླ༌རྣམས། དེ་ལྟར་ཡིན་པས། ཁྱོད་ཅག་གིས་གཙོ་བོ་ཕེབས་ཡོང་བའི་བར་དུ་བཟོད་བསྲན་བྱེད་པར་གྱིས། ཞིང་པས་ཇི་ལྟར་ས་ཞིང་ནས་རྨད་དུ་བྱུང་བའི་འབྲས་བུ་འཐོབ་པའི་ཆེད༌དུ། སྟོན་ཆར་དཔྱིད་ཆར་འབབ་པར་བཟོད་བསྲན་གྱིས་སྒུག་པར་ལྟོས༌དང༌། 8གཙོ་བོ་ཕེབས་ཡོང་བའི་དུས་དེ་ཉེ་བར་སླེབས༌པས། ཁྱོད་རྣམས་ཀྱིས་ཀྱང་ངང་རྒྱུད་རིང་ཞིང་ཡིད་སེམས་བརྟན་པོས་སྒུག་པར་བྱའོ།། 9སྤུན་ཟླ༌རྣམས། ཁྱོད་ཅག་ལ་ཉེས་ཆད་མི་འཕོག་པའི༌ཕྱིར། ཁྱོད་རྣམས་ཀྱིས་ཕན་ཚུན་ལ་འཁང་ར་མ་བྱེད༌ཅིག ལྟོས༌དང༌། ཁྲིམས་དཔོན་ཆེན་པོ་དེ་ཉིད་སྒོ་མདུན་དུ་བཞེངས་འདུག་པའོ།། 10སྤུན་ཟླ༌རྣམས། སྔོན་ཆད་གཙོ་བོའི་མཚན་གྱི་སྒོ་ནས་བཀའ་གསུངས་པའི་ལུང་སྟོན་པ་རྣམས་ཀྱིས་སྡུག་བསྔལ་མྱོང་ཐུབ་ཅིང་བཟོད་བསྲན་བྱ་ནུས་པ་དེ་ཁྱོད་ཅག་གིས་མིག་དཔེར་འཛིན་པར་གྱིས། 11བདག་ཅག་གིས་སྔོན་ཆད་བཟོད་བསྲན་བྱས་མྱོང་བ་དག་ནི་མི་བྱིན་རླབས་ཅན་དུ་བརྩིས༌པ་དང་། ཁྱོད་རྣམས་ཀྱིས་ཨི་ཡོབ་ཀྱི་སྙིང་རུས་ནི་ཅི་ལྟ་བུ་ཞིག་ཡིན་པ་ཐོས་མྱོང༌ཞིང༌། གཙོ་བོས་ཁོ་རང་ལ་མཐའ་འབྲས་ཅི་གནང་བའང་ཤེས༌ཏེ། གཙོ་བོ་ནི་བྱམས་སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་ཅན་ཡིན་པ་རྟོགས༌སོ།། 12བདག་གི་སྤུན་ཟླ༌རྣམས། ཆེས་གལ་ཆེ་བ་ནི་མནའ་བསྐྱལ་མི་རུང་བ་དེ་ཡིན་ནོ།། ནམ་མཁའི་ཞིང་ཁམས་དཔང་དུ་བཙུགས་ནས་མནའ་བསྐྱལ་མི་རུང༌ལ། ས་གཞི་དཔང་དུ་བཙུགས་ནས་ཀྱང་མནའ་བསྐྱལ་མི་རུང་། ཅིས་ཀྱང་མནའ་བསྐྱལ་མི་རུང༌། ཁྱོད་ཅག་ཉེས་ཆད་འོག་ཏུ་མི་ལྷུང་བའི༌ཕྱིར། ཁྱོད་རྣམས་ཀྱིས་ཕན་ཚུན་ལ་གཏམ་སྨྲ་བའི་ཚེ། ཡིན་ན་ཡིན་དང༌། མིན་ན་མིན་ཞེས་སྨྲ་བར་བྱའོ།།

དད་པའི་སྨོན༌ལམ།

13ཁྱོད་རྣམས་ལས་སུ་ཞིག་གིས་སྡུག་བསྔལ་མྱོང་བ་ཡིན༌ན། དཀོན་མཆོག་ལ་གསོལ་བ་འདེབས་འོས་སོ།། སུ་ཞིག་ལ་དགའ་སྤྲོ་ཡོད༌ན། དཀོན་མཆོག་ལ་བསྟོད་དབྱངས་འབུལ་དགོས་སོ།། 14ཁྱོད་རྣམས་ལས་སུ་ཞིག་ལ་ན་ཚ་བྱུང༌ན། ཆོས་ཚོགས་ཀྱི་རྒན་པོ་རྣམས་བོས༌ཏེ། ཁོང་རྣམས་ཀྱིས་གཙོ་བོའི་མཚན་གྱི་སྒོ་ནས་ནད་པ་དེ་ལ་སྣུམ་གྱིས་བྱུགས་ནས་གསོལ་བ་འདེབས་དགོས་ལ། 15རྒན་པོ་རྣམས་ཀྱིས་དད་པའི་སྒོ་ནས་གསོལ་བ་བཏབ་སྟེ་ནད་པ་གསོ་བར་བྱེད༌ཅིང༌། གཙོ་བོས་ནད་པ་དེ་ཡར་བསླང་བར་མ༌ཟད། ནད་པ་དེས་སྡིག་པ་བྱས་ཡོད་ན་སྡིག་པའང་བསལ་ངེས༌སོ།། 16དེ་བས་ཁྱོད་ཅག་གིས་རང་རང་གི་སྡིག་ཉེས་ཕན་ཚུན་ལ་ཁས་ལེན་ཞིང༌། ཕན་ཚུན་གྱི་ཆེད་དུ་དཀོན་མཆོག་ལ་གསོལ་བ་བཏབ་ན། ཁྱོད་རྣམས་སོས་པར༌འགྱུར། མི་གཞུང་དྲང་གི་སྨོན་ལམ་ལ་ཕན་ནུས་ཆེན་པོ་ལྡན༌ནོ།། 17ཨེ་ལི་ཡཱ་ནི་བདག་ཅག་དང་རང་གཤིས་གཅིག་མཚུངས་ཡིན༌ལ། ཁོང་གིས་ཆར་བ་མི་འབབ་པའི་ཕྱིར། བློ་སེམས་རྩེ་གཅིག་གིས་གསོལ་བ་བཏབ་པ༌ན། ལོ་གསུམ་དང་ཕྱེད་ཀའི་རིང་ས་ལ་ཆར་བ་མ་བབས་སོ།། 18ཡང་ཁོང་གིས་གསོལ་བ་བཏབ་པ༌ན། གནམ་ནས་ཆར་བ་བབས་ཤིང་ས་ནས་ལོ་ཏོག་སྐྱེས༌སོ།། 19བདག་གི་སྤུན་ཟླ༌རྣམས། ཁྱོད་རྣམས་ལས་མི་ཞིག་བདེན་པ་ཉིད་དང་ཁ་བྲལ་བ༌དང༌། གཞན་ཞིག་གིས་མི་དེ་ཕྱིར་ཁྲིད་ཡོང་བ་ཡིན༌ན། 20ཕྱིར་ཁྲིད་མཁན་གྱི་མི་དེས་མི་སྡིག་ཅན་ཞིག་ལོག་ལམ་ནས་ཕྱིར་ཁྲིད་ཡོང་བ༌དང༌། མི་དེ་འཆི་བ་ལས་བསྐྱབས་པར་མ༌ཟད། མི་དེའི་སྡིག་པ་མང་པོའང་བསལ་བའི་རྒྱུ་རུ་འགྱུར་བར་ཤེས་འོས་སོ།།།།

༡ པེ་ཏྲོ 1

འཕྲིན་ཡིག་འབྱོར༌ཡུལ།

1དེ་ཡང་པེ་ཏྲོ་ང་རང་ནི་ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་པ་ཞིག་ཡིན་ཞིང་། འཕྲིན་ཡིག་འདི་ནི་ཕོན་ཐུ་དང༌། ག་ལད༌ཡཱ། ཀ་པ་ཏོ་ཡཱ། ཨེ་ཞི༌ཡཱ། པི་ཐིན་ཡཱ་ཡུལ་བཅས་ལ་ཐར་ཐོར་དུ་བྱེས་སུ་སྡོད་པ་རྣམས་ལ་སྤྲིངས་པའོ།། 2ཁྱོད་ཅག་ནི་ཡེ་ཤུ་མཱ་ཤི་ཀའི་བཀའ་བརྩི་བ་དང་ཁོང་གི་སྐུ་ཁྲག་གཏོར་ཡུལ་ཡིན་པའི༌ཕྱིར། ཡབ་དཀོན་མཆོག་གིས་སྔ་མོ་ནས་མཁྱེན་པ་བཞིན་དུ་བདམས་ཤིང་། དམ་པའི་ཐུགས་ཉིད་བརྒྱུད་ནས་དམ་པར་མཛད་པའི་མི་རྣམས་ཡིན། ཁྱོད་ཅག་ལ་ཐུགས་རྗེ་དང་ཞི་བདེ་མང་དུ་གནང་བར༌སྨོན།

དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པ།

3བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པར༌བྱའོ།། ཁོང་གིས་རང་ཉིད་ཀྱི་ཐུགས་རྗེ་ཆེན་པོ་བཞིན། ཡེ་ཤུ་མཱ་ཤི་ཀ་སྐུ་གྲོངས་པ་ནས་སླར་གསོན་པར་མཛད་པ་བརྒྱུད་ནས། བདག་ཅག་ལ་རེ་བ་གསོན་པོ་ལྡན་པའི་ཆེད་དུ། བདག་ཅག་ཡང་བསྐྱར་སྐྱེས་སུ་མཛད་དེ། 4བདག་ཅག་ལ་འཇིག་པ་མེད་པ་དང་། ནག་ནོག་གི་དྲི་མས་མ་གོས༌པ། ཉམས་པར་མི་འགྱུར༌བ། ནམ་མཁའི་ཞིང་ཁམས་སུ་ཉར་ཚགས་བྱས་ཡོད་པ་བཅས་ཀྱི་བགོ་སྐལ་འཐོབ་པར་འགྱུར་བའི་ཕྱིར༌རོ།། 5ཁྱོད་རྣམས་ལ་སྟ་གོན་མཛད་པ་དང་དུས་ཀྱི་མཐའ་མར་མངོན་པར་འགྱུར་བའི་ཐར་པ་དེ་འཐོབ་པའི་ཆེད་དུ། ད་ལྟ་ཁྱོད་ཅག་ནི་དད་པའི་སྒོ་ནས་དཀོན་མཆོག་གི་ནུས་མཐུས་སྲུང་བར་མཛད་དོ།། 6དེའི༌ཕྱིར། ཁྱོད་ཅག་ལ་དགའ་སྤྲོ་ཆེན་པོ་ལྡན་ཡང་། ད་ལྟ་དཀའ་སྡུག་སྣ་ཚོགས་ཀྱི་ཁྲོད་དུ་གནས་སྐབས་སུ་ཡིད་གདུང་དགོས་པ་ཡིན། 7ཁྱོད་རྣམས་ཀྱི་དད་པར་ཚོད་བརྟག་བྱེད་པ་དེ་ནི། མེས་བཙོ་སྦྱང་བྱས་ནའང་འཇིག་པར་འགྱུར་བའི་གསེར་ལས་ཀྱང་རིན་ཆེན་པོར་སྣང༌ཞིང༌། ཡེ་ཤུ་མཱ་ཤི་ཀ་མངོན་སུམ་དུ་ཕེབས་པའི་དུས་སུ། དད་པ་དེ་ལ་བསྔགས་བརྗོད་དང་། གཟི༌བརྗིད། བརྩི་མཐོང་བཅས་འཐོབ་པར་འགྱུར་བའི་ཕྱིར༌རོ།། 8ཁྱོད་རྣམས་ཀྱིས་ཁོང་ཉིད་དངོས་སུ་མཐོང་མ་མྱོང་ཡང་གཅེས་སུ་འཛིན་པར་བྱེད། ད་ལྟ་ཁོང་ཉིད་མ་མཐོང་ཡང་ཁོང་ལ་དད་པ་བྱས་པའི་རྐྱེན་གྱིས། བརྗོད་ཀྱིས་མི་ལང་བ་དང་གཟི་བརྗིད་ལྡན་པའི་དགའ་སྤྲོ་ཆེན་པོ་ཡོད་པར་མ༌ཟད། 9ཁྱོད་ཅག་གི་དད་པའི་འབྲས་བུ་སྟེ། རྣམ་ཤེས་ལ་ཐར་པ་འཐོབ་པར་འགྱུར་རོ།། 10ཐར་པ་འདིའི་སྐོར་གླེང་བ་ཡིན་ན། སྔོན་ཆད་ཁྱོད་ཅག་ལ་ཐུགས་རྗེ་འཐོབ་པར་འགྱུར་ཞེས་གསུང་མཁན་ཏེ། ལུང་སྟོན་པ་རྣམས་ཀྱིས་སྔར་ནས་འཚོལ་རྟོག་དང་བརྟག་དཔྱད་ཞིབ་མོ་བྱས་མྱོང་ངོ་།། 11དེ་ནི་ཁོ་རྣམས་ཀྱི་སེམས་ཁོང་དུ་ཡོད་པའི་སྐྱབས་མགོན་མཱ་ཤི་ཀའི་ཐུགས་ཉིད་ཀྱིས། སྐྱབས་མགོན་མཱ་ཤི་ཀས་སྡུག་བསྔལ་མྱང་བར་འགྱུར་བ་དང་ཕྱིས་སུ་གཟི་བརྗིད་འཐོབ་པར་འགྱུར་བར་སྔ་མོ་ནས་བདེན་དཔང་བྱས་ཏེ། དུས་ནམ་ཞིག་དང་དུས་ཅི་ལྟ་བུ་ཞིག་ཡིན་པ་ལ་བརྟག་དཔྱད་བྱས་པ་ཡིན། 12ཡང་ཁོ་རྣམས་ལ་མངོན་པར་མཛད་པ༌བཞིན། ཁོ་རྣམས་ཀྱིས་རང་གི་དོན་དུ་མ་ཡིན་པར་ཁྱོད་རྣམས་ཀྱི་ཆེད་དུ་ཞབས་ཕྱི་བསྒྲུབས་ཤིང་། ནམ་མཁའི་ཞིང་ཁམས་ནས་མངགས་ཡོང་བའི་དམ་པའི་ཐུགས་ཉིད་ལ་བརྟེན༌ནས་ཁྱོད་རྣམས་ལ་འཕྲིན་བཟང་སྒྲོག་མཁན་རྣམས་ཀྱིས། ད་ལྟ་དོན་དེ་རྣམས་ཁྱོད་ཅག་ལ་བསྒྲགས་པ་དང༌། ཐ་ན་ཕོ་ཉ་རྣམས་ཀྱིས་ཀྱང་དོན་འདི་དག་ལ་ཞིབ་ཏུ་བརྟག་པར་དགོངས་སོ།།

དམ་པ་ཡིན་དགོས་པའི༌སྐོར།

13དེའི༌ཕྱིར། ཁྱོད་ཅག་གིས་རང་གི་སེམས་གཅུན་ཞིང་རང་ཚོད་ཟིན་དགོས་པ༌དང༌། ཡེ་ཤུ་མཱ་ཤི་ཀ་མངོན་སུམ་དུ་ཕེབས་པའི་དུས༌སུ། ཁྱོད་རྣམས་ལ་གནང་ངེས་པའི་ཐུགས་རྗེ་ལ་བློ་སེམས་རྩེ་གཅིག་གིས་རེ་བ་གཟུང་དགོས་སོ།། 14ཁྱོད་རྣམས་ནི་བཀའ་བརྩི་བའི་བུ་ཕྲུག་ཡིན་པ་བཞིན། སྔོན་ཆད་རྨོངས་པའི་དུས་ཀྱི་འདོད་ཆགས་བཞིན་དུ་མ་བྱེད༌ཅིག 15དེ་ལས་ལྡོག་སྟེ་ཁྱོད་ཅག་ལ་ཞལ་འབོད་གནང་མཁན་ནི་དམ་པ་ཡིན་པ་བཞིན། ཁྱོད་རྣམས་ཀྱང་སྤྱོད་ལམ་ཀུན་ནས་དམ་པ་ཡིན་དགོས༌ཏེ། 16གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ང་རང་དམ་པ་ཡིན་པའི༌ཕྱིར། །ཁྱོད་ཀྱང་དམ་པ་ཡིན་དགོས༌སོ། །ཞེས་བཀོད་པའི་ཕྱིར༌རོ།། 17དེ་ཡང་མི་ལ་ཕྱོགས་རིས་མི་འཛིན་པར་མི་རེ་རེའི་སྤྱོད་ལམ་བཞིན་དུ་ཁྲིམས་ཐག་གཅོད་མཁན་ལ་ཁྱོད་རྣམས་ཀྱིས་ཡབ་ལགས་ཞེས་འབོད་པས། ཁྱོད་རྣམས་བྱེས་སུ་སྡོད་དུས་གུས་ཤིང་འཇིགས་པའི་སེམས་བཅང་དགོས་སོ།། 18ཁྱོད་རྣམས་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་ཅིང་སྙིང་པོ་མེད་པའི་སྤྱོད་ལམ་དག་ལས་བླུས་ཤིང་ཐར་བར་མཛད་པ༌ནི། འཇིག་པར་འགྱུར་བའི་གསེར་དངུལ་ལ་སོགས་པའི་དངོས་པོར་བརྟེན་པ་མ་ཡིན༌པར། 19སྐྱབས་མགོན་མཱ་ཤི་ཀའི་སྐུ་ཁྲག་རིན་ཆེན་ཏེ། ནག་ནོག་མ་འདྲེས་པ་དང་། དྲི་མས་མ་གོས་པའི་ལུ་གུའི་ཁྲག་དང་མཚུངས་པ་དེ་ལ་བརྟེན་པ་ནི་ཁྱོད་རྣམས་ཀྱིས་ཤེས༌སོ།། 20དཀོན་མཆོག་གིས་འཇིག་རྟེན་ཁམས་མ་བཀོད་པའི་ཡར་སྔོན་ལ་སྐྱབས་མགོན་ཡེ་ཤུ་སྔ་མོ་ནས་མཁྱེན་པ་ཡིན༌ཡང༌། དུས་ཀྱི་མཐའ་མ་འདིར་ད་གཟོད་ཁྱོད་རྣམས་ཀྱི་དོན་དུ་མངོན༌པར་མཛད། 21ཁྱོད་རྣམས་ཀྱིས་ཀྱང་ཁོང་ཉིད་བརྒྱུད་ནས་དཀོན་མཆོག་ལ་དད་པ་བྱས༌ཤིང༌། དཀོན་མཆོག་གིས་ཁོང་ཉིད་སྐུ་གྲོངས་པ་ནས་སླར་གསོན་པ་དང་གཟི་བརྗིད་དང་ལྡན་པར་མཛད་དོ།། དེ་ནི་ཁྱོད་རྣམས་ཀྱིས་དཀོན་མཆོག་ལ་དད་པ་དང་རེ་བ་བྱེད་པའི་ཕྱིར༌རོ།། 22ཡང་ཁྱོད་ཅག་གིས་བདེན་པ་ཉིད་བརྩིས་ནས་རང་གི་སེམས་གཙང་མར་བྱས་པ་དང་སྤུན་ཟླ་རྣམས་ལ་ཟོལ་གྱིས་གཅེས་པ་མ་ཡིན་པས། སེམས་གཏིང་ནས་ཕན་ཚུན་ལ་གཅེས་དགོས་སོ།། 23ཁྱོད་རྣམས་ཡང་བསྐྱར་སྐྱེས་པ་ནི་འཇིག་པར་འགྱུར་བའི་ས་བོན་ལས་བྱུང་བ་མ་ཡིན་པར། འཇིག་པ་མེད་པའི་ས་བོན༌ཏེ། སྲོག་དང་ལྡན་ཞིང་གཏན་དུ་བཞུགས་པའི་དཀོན་མཆོག་གི་བཀའ་ལ་བརྟེན་ནས་བྱུང་བའོ།། 24ཅིའི་ཕྱིར་ཞེ་ན། ལུས་ཅན་ཐམས་ཅད་རྩྭ་དང༌འདྲ།། གཟི་བརྗིད་རྩྭ་ཡི་མེ་ཏོག༌འདྲ།། རྩྭ་ནི་བསྐམས་ནས་མེ་ཏོག༌ཡལ།། 25གཙོ་བོའི་བཀའ་ནི་རྟག་ཏུ་གནས།། ཞེས་གསུངས་པའི་ཕྱིར༌ཡིན་ཞིང་། ཁྱོད་རྣམས་ལ་བསྒྲགས་པའི་འཕྲིན་བཟང་ཡང་བཀའ་འདི་ཡིན༌ནོ།།

༡ པེ་ཏྲོ 2

རྡོ་གསོན་པོ་དང་བདམས་ཟིན་པའི་མི་རྒྱུད་ཀྱི༌སྐོར།

1དེ་ལྟར་ཡིན་པས། ཁྱོད་རྣམས་ཀྱིས་གདུག་རྩུབ་དང་། གཡོ༌སྒྱུ། ཚུལ་འཆོས། ཕྲག༌དོག སྐུར་འདེབས་ཀྱི་གཏམ་སྣ་ཚོགས་སྤངས༌ནས། 2གསར་སྐྱེས་ཀྱི་ཕྲུ་གུས་བྱེད་པ་བཞིན། ཁྱོད་ཅག་གིས་བཀའ་ཡི་འོ་མ་ལྷད་མེད་དེ་ལ་ཡིད་སྨོན་བྱེད་དགོས༌ཏེ། ཁྱོད་རྣམས་དེ་ལ་བརྟེན་ནས་ཐར་པའི་ཕྱོགས་སུ་རིམ་བཞིན་དད་པ་ཇེ་བརྟན་དུ་འགྱུར་བའི་ཕྱིར༌ཡིན་ཞིང་། 3ཁྱོད་རྣམས་ཀྱིས་གཙོ་བོའི་ཐུགས་རྗེ་ཉམས་སུ་མྱངས་པས་དེ་ལྟར་བྱེད་འོས་སོ།། 4ཁོང་ནི་རྡོ་གསོན་པོ་ཞིག་ཡིན་ལ། དེ་ནི་མི་ཡིས་སྤངས་ནའང་དཀོན་མཆོག་གིས་བདམས་ཤིང་རིན་ཐང་ཆེན་པོར་བརྩིས་པ་ཡིན་ལ། ཁྱོད་རྣམས་ཁོང་གི་དྲུང་དུ་ཡོང་བའི་དུས་སུ། 5ཁྱོད་ཅག་ཀྱང་རྡོ་གསོན་པོ་ཡིན་པ་བཞིན་དུ། དམ་པའི་ཐུགས་ཉིད་ཀྱི་བཞུགས་གནས་སུ་བཟོ་བ་སྟེ། ཁྱོད་ཅག་ནི་དམ་པའི་མཆོད་དཔོན་ཡིན་ཞིང་། ཡེ་ཤུ་མཱ་ཤི་ཀར་བརྟེན་ནས་དཀོན་མཆོག་དགྱེས་པའི་ཐུགས་ཉིད་ཀྱི་མཆོད་པ་འབུལ་བའི་ཕྱིར༌རོ།། 6ཅིའི་ཕྱིར་ཞེ་ན། དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ལྟོས་དང་། བདག་གིས་ཛ་ཡན་ཡུལ་དུ་རྡོ་ཞིག༌བཞག ། བདམས་པའི་ཟུར་གྱི་རྨང་རྡོ་ནོར་བུ་ཡིན༎ ཁོང་ལ་བརྟེན་ཅིང་དད་པ་བྱེད་མཁན༌ཀུན།། ཁ་ནི་མི་སྐྱེངས་ངོ་ཡང་མི་གནོང༌ངོ༌།། ཞེས་གསུངས༌པའི་ཕྱིར་རོ།། 7དེའི༌ཕྱིར། ཁྱོད་ཅག་དད་ལྡན་རྣམས་ལ་མཚོན་ན་ཁོང་ནི་ནོར་བུ་ཞིག་ཡིན༌ལ། དད་པ་མེད་པ་རྣམས་ལ་མཚོན་ན་ཇི་སྐད༌དུ་གསུངས་པ་སྟེ། ཞེས་པའོ།། 8ཡང་ཇི་སྐད༌དུ། དེ་ནི་རྐང་པ་འདྲེད་པའི་རྡོ།། ས་རུ་སྒྱེལ་བའི་ཕ་བོང་ཡིན།། ཞེས་གསུངས། ཁོ་རྣམས་ཀྱིས་བཀའ་དེ་ལ་མི་ཉན་པས་ས་རུ་འགྱེལ། ཁོ་རྣམས་དེ་ལྟར་འགྱེལ་བ་ནི་དཀོན་མཆོག་གིས་སྔར་ནས་ཐག་གིས་བཅད་ཟིན༌ནོ།། 9འོན་ཀྱང་། ཁྱོད་རྣམས་ནི་བདམས་ཟིན་པའི་རིགས་རྒྱུད་དང་། རྒྱལ་རྒྱུད་ཀྱི་མཆོད་དཔོན། མི་རིགས་དམ༌པ། དཀོན་མཆོག་ལ་གཏོགས་པའི་མི་རྒྱུད་བཅས་ཡིན་ཏེ། དེ་ནི་ཁྱོད་རྣམས་མུན་ནག་ལས་ཁོང་གི་ངོ་མཚར་ཆེ་བའི་འོད་ཟེར་ནང་དུ་ཞལ་འབོད་གནང་མཁན་ཁོང་གི་འཕྲིན་ལས་སྒྲོག་པའི་ཕྱིར་རོ།། 10སྔོན་ཆད་ཁྱོད་རྣམས་ནི་མི་རྒྱུད་མིན་མོད། འོན་ཀྱང་ད་ལྟ་ཁྱོད་ཅག་ནི་དཀོན་མཆོག་གི་མི་རྒྱུད་ཡིན། སྔོན་ཆད་ཁྱོད་རྣམས་ལ་ཐུགས་རྗེ་མ་ཐོབ༌མོད། འོན་ཀྱང་ད་ལྟ་ཁྱོད་རྣམས་ལ་ཐུགས་རྗེ་ཐོབ་ཟིན༌ནོ།། 11སྙིང་ཉེ་བའི་སྤུན་ཟླ༌རྣམས། ཁྱོད་རྣམས་ནི་མགྲོན་པོ་དང་ཕྱི་མི་ཡིན་པ༌བཞིན། བདག་གིས་ཁྱོད་རྣམས་ལ་ཤ་གཟུགས་ཀྱི་འདོད་ཆགས་སྤང་བར་བསྐུལ༌བར་བྱའོ།། འདོད་ཆགས་ཀྱིས་སེམས་ལ་རྒོལ་བ་ཡིན་ནོ།། 12ཕྱི་ཕྱོགས་པ་རྣམས་ཀྱི་ཁྲོད་དུ་ཁྱོད་ཅག་གི་སྤྱོད་ལམ་དྲང་པོ་ཡིན་དགོས་སོ།། ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ནི་ལས་ངན་པ་བྱེད་མཁན་ཡིན་ཞེས་དམའ་འབེབས་བྱེད་མཁན་དག་གིས་ཁྱོད་ཅག་གི་ལས་བཟང་པོར་བལྟས་ནས། དཀོན་མཆོག་གི་གཟིགས་སྐྱོང་མཛད་པའི་དུས་སུ། ཁོང་ལ་བསྟོད་བསྔགས་བརྗོད་པའི་ཕྱིར༌རོ།།

མངའ་བདག་དང་བདག་པོའི་བཀའ་ལ་མཉན་དགོས་པའི༌སྐོར།

13-14གཙོ་བོའི་ཆེད་དུ་ཁྱོད་རྣམས་ཀྱིས་གོང་མ་རྒྱལ་པོའམ། ཡང་ན་རྒྱལ་པོས་ལས་ངན་པ་བྱེད་མཁན་ལ་ཁྲིམས་ཐག་གཅོད་པ་དང་ལས་བཟང་པོ་བྱེད་མཁན་ལ་གཟེངས་བསྟོད་བྱེད་པར་མངགས་པའི་སྤྱི་དཔོན་ནམ། མིའི་ལམ་ལུགས་ཐམས་ཅད་བརྩི་སྲུང་བྱེད་དགོས་སོ།། 15ཅིའི་ཕྱིར་ཞེ་ན། དཀོན་མཆོག་གི་ཐུགས་དགོངས་ནི་ཁྱོད་རྣམས་ཀྱིས་ལས་བཟང་པོ་བྱས་ཏེ། ཤེས་པ་མེད་པའི་བླུན་པོ་རྣམས་ཀྱི་སྨྲ་སྒོ་གཅོད་པའི་ཕྱིར་ཡིན། 16ཁྱོད་ཅག་ནི་མི་རང་དབང་ཅན་ཡིན་ནའང་། རང་དབང་ལ་བརྟེན་ནས་ལས་ངན་པ་འགེབས་མི་རུང༌སྟེ། རྟག་ཏུ་དཀོན་མཆོག་གི་ཞབས་ཕྱི་པ་ཡིན་དགོས་སོ།། 17ཁྱོད་ཅག་གིས་མི་ཐམས་ཅད་ལ་བརྩི་བཀུར་དང་། དད་ལྡན་སྤུན་ཟླ་ལ་གཅེས་པ། དཀོན་མཆོག་ལ་གུས༌ཤིང་འཇིགས་པ། རྒྱལ་པོ་ལ་བརྩི་བཀུར་བཅས་བྱེད་པར༌གྱིས། 18ཁྱོད་ཅག་གཡོག་པོ་རྣམས་ཀྱིས་དོན་ཐམས་ཅད་ཀྱི་ཆ་ནས་གུས་ཞུམ་ངང་བདག་པོའི་བཀའ་བརྩི་དགོས་པ་དང་། བདག་པོ་བཟང་པོ་ཞི་དུལ་ཅན་གྱི་བཀའ་བརྩི་དགོས་པར་མ་ཟད། བདག་པོ་སྤྱོད་རྩིང་ཅན་གྱི་བཀའ་ཡང་བརྩི་དགོས་སོ།། 19མི་ཞིག་གིས་དཀོན་མཆོག་གི་སྤྱན་སྔར་བསམ་པའི་རྐྱེན་གྱིས། བསྙོན་བཙུགས་པའི་སྡུག་བསྔལ་ལ་བཟོད་བསྲན་བྱས་པ་ཡིན་ན། དེ་ནི་གཅེས་སུ་འཛིན་འོས་སོ།། 20ཁྱོད་ཅག་གིས་ཉེས་པ་བྱས་པས་རྡུང་རྡེག་མྱངས་ཤིང་བཟོད་བསྲན་བྱས་པ་ཡིན་ན། དེ་ལ་བསྟོད་འོས་པ་ཅི་ཡོད༌དམ། འོན་ཀྱང་། ཁྱོད་རྣམས་ཀྱིས་ལས་བཟང་པོ་བྱས་པའི་རྐྱེན་གྱིས། སྡུག་བསྔལ་མྱངས་ཤིང་བཟོད་བསྲན་བྱས་པ་ཡིན༌ན། དེ་ནི་དཀོན་མཆོག་གི་སྤྱན་སྔར་གཅེས་སུ་འཛིན་འོས་སོ།། 21ཁྱོད་རྣམས་ལ་ཞལ་འབོད་ཐོབ་པ་ནི་དེའི་ཕྱིར་ཡིན། རྒྱུ་མཚན་ནི་སྐྱབས་མགོན་མཱ་ཤི་ཀས་ཀྱང་ཁྱོད་ཅག་གི་དོན་དུ་སྡུག་བསྔལ་མྱངས་ཤིང་། ཁྱོད་རྣམས་ལ་མིག་དཔེ་མཛད་པ་ཡིན་ཏེ། ཁྱོད་རྣམས་ཁོང་གི་རྗེས་སུ་འབྲང་བའི་ཕྱིར་རོ།། 22དེ་ལ་ཇི་སྐད༌དུ། ཁོང་གིས་ཉེས་པ་ཅི་ཡང་མ་བྱས༌ཤིང༌།། གཡོ་སྒྱུའི་ཚིག་ཀྱང༌ངག་ལས་བརྗོད་པ་མེད།། ཅེས༌གསུངས་པའོ།། 23ཁོང་གིས་སྡིགས་དམོད་མྱོང་བའི་དུས་སུ་ཚིག་ལོག་མ་བརྒྱབ་ཅིང་། གནོད་འཚེ་མྱོང་བའི་དུས་སུ་འཇིགས་སྐུལ་གྱི་ཚིག་མ་གསུངས༌པར། དྲང་བདེན་གྱིས་མི་ལ་ཁྲིམས་ཐག་གཅོད་མཁན་དཀོན་མཆོག་ལ་རང་ཉིད་བཅོལ་བ་ཡིན། 24ཁོང་ཉིད་གདུང་མའི་སྟེང་དུ་བཀལ་ཞིང་། ཁོང་གིས་སྐུ་དངོས་སུ་བདག་ཅག་གི་སྡིག་པ་འཁུར་ཏེ། བདག་ཅག་ནི་སྡིག་པའི་ཆ་ནས་འཆི་བ་དང་། དྲང་བདེན་གྱི་ཆ་ནས་སྲོག་འཚོ་བར་འགྱུར་བའི་ཕྱིར་ཡིན་ཞིང་། ཁོང་གི་རྨ་ཁས་ཁྱོད་རྣམས་སོས་པར་གྱུར་ཏོ།། 25སྔོན་ཆད་ཁྱོད་རྣམས་ནི་མགོ་འཐོམ་པའི་ལུག་དང་མཚུངས༌མོད། འོན་ཀྱང་ད་ལྟ་ཁྱོད་ཅག་ནི་སེམས་ཀྱི་རྫི་བོ་དང་སྲུང་མཁན་གྱི་ཕྱོགས་སུ་འཁོར་བའོ།།

༡ པེ་ཏྲོ 3

བཟའ་ཟླའི་སྐོར་གྱི་བསླབ་བྱ།

1དེ་དང་དེ་བཞིན་དུ་ཁྱོད་ཅག་ཆུང་མ་རྣམས་ཀྱིས་རང་གི་ཁྱོ་གར་བསྟུན་དགོས་སོ།། དེ་ལྟར་ཡིན་ན། དཀོན་མཆོག་གི་བཀའ་མི་བརྩི་བའི་ཁྱོ་ག་ཡོད་ཅིང་། ཁོ་རྣམས་ཀྱིས་བཀའ་ལ་མི་ཉན༌ཡང༌། ཆུང་མས་ཅི་ཡང་མི་སྨྲ་བར་རང་གི་སྤྱོད་ལམ་གྱིས་ཁྱོ་ག་ཚུར་འགུག་ཀྱང་སྲིད། 2དེ་ནི་ཁྱོད་རྣམས་ལ་སྤྱོད་ལམ་གཙང་མ་དང་གུས་པའི་སེམས་ཡོད་པ་མཐོང་བའི་ཕྱིར༌ཡིན། 3ཁྱོད་རྣམས་ཀྱིས་མགོའི་སྐྲ་སླས་པ་དང་། གསེར་གྱི་རྒྱན་ཆ་འདོགས༌པ། གོས་ཡག་པོ་གྱོན་པ་བཅས་ཕྱི་ཚུལ་གྱི་གཟབ་མཆོར་མི་སྤྲ་བར། 4ཁྱོད་ཅག་གི་སེམས་ནང་དུ་འགྱུར་བ་མེད་པའི་གཤིས་འཇམ་དང་། ཞི་དུལ་གྱི་སེམས་ཡོད་པ་ནི་རྒྱན་ཆར་བརྩི་དགོས༌ཤིང༌། དེ་ནི་དཀོན་མཆོག་གི་སྤྱན་སྔར་རིན་ཐང་ཆེན་པོ་ལྡན་ནོ།། 5ཅིའི་ཕྱིར་ཞེ་ན། གནའ་དུས་སུ་དཀོན་མཆོག་ལ་རེ་བ་བཅོལ་བའི་བུད་མེད་དམ་པ་རྣམས་ཀྱིས་ཀྱང་དེ་ལྟར་རང་ལ་བརྒྱན༌ནས་རང་གི་ཁྱོ་གར་བསྟུན་པའི་ཕྱིར་ཡིན། 6དཔེར་ན། སཱ་ར་ཡིས་ཨབ་ར་ཧམ་གྱི་བཀའ་ལ་མཉན་ནས་ཁོང་ལ་བདག་པོ་ཞེས༌འབོད་པ་ལྟ་བུ་ཡིན། གལ་ཏེ། ཁྱོད་རྣམས་འཇིགས་སྐུལ་ལ་མི་སྐྲག་པར་ལས་བཟང་པོ་བྱེད་པ་ཡིན་ན། སཱ་རའི་བུ་མོ་ཡིན༌ནོ།། 7དེ་དང་དེ་བཞིན་དུ། ཁྱོད་ཅག་ཁྱོ་ག་རྣམས་ཀྱང་ཤེས་རྟོགས་ལྡན་པའི་སྒོ་ནས་ཆུང་མ་ལྷན་དུ་སྡོད་དགོས་ཤིང་། ཁོ་མོ་ནི་བུད་མེད་ཡིན་པས་ཁྱོད་ལས་གཉོམ་པ་དང་། ཁྱོད་དང་མཉམ་དུ་ཚེ་སྲོག་གི་ཐུགས་རྗེ་ཐོབ་མཁན་ཡིན༌པས། ཁྱོད་ཀྱིས་ཀྱང་ཁོ་མོ་ལ་བརྩི་བཀུར་བྱ་འོས་སོ།། དེ་ལྟར་ཡིན་ན། ཁྱོད་ཅག་གི་སྨོན་ལམ་ལ་བར་ཆད་ཅི་ཡང་མི་འབྱུང་ངོ་།།

ལས་བཟང་པོ་སྒྲུབ་ཕྱིར་སྡུག་བསྔལ་མྱང་བའི༌སྐོར།

8མདོར་བསྡུས་ན། ཁྱོད་རྣམས་ཐམས་ཅད་ཀྱིས་བསམ་པ་མཐུན་ཞིང་ཕན་ཚུན་ལ་ཤ་ཚ་བ༌དང༌། སྤུན་ཟླ་ལྟར་བརྩེ་ཞིང་དུང་བ་དང་། སྙིང་རྗེ་དང་ཁེངས་སྐྱུང་གི་བསམ་པ་ལྡན་དགོས་སོ།། 9ཁྱོད་རྣམས་ཀྱིས་གནོད་ལན་གནོད་འཇལ་མི་བྱེད་པ་དང་། དམའ་འབེབས་ཀྱི་ཚིག་ལ་དམའ་འབེབས་ཀྱི་ལན་མི་སློག་པར། དེ་ལས་ལྡོག་སྟེ་བྱིན་རླབས་ཞུ་འོས་སོ།། ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ལ་ཞལ་འབོད་གནང་བ་ནི་བྱིན་རླབས་འཐོབ་པའི་ཆེད་དུ་ཡིན། 10དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། སུ་ཞིག་སྲོག་ལ་གཅེས་པ་དང་།། སྐྱིད་པའི་འཚོ་བ་རོལ་འདོད་ན།། ཚིག་ངན་སྨྲ་ལྕེ་བསྡམ་དགོས་ཤིང་།། མཆུ་ཏོའི་གཡོ་སྒྱུ་བསྲུང་བར་གྱིས།། 11ངན་སྤངས་ལས་བཟང་བསྒྲུབ་དགོས་ཤིང་།། མཐུན་པ་འཚོལ་ཞིང་དེའི་རྗེས་བསྙེག ། 12དེ་ནི་གཙོ་བོ་ལགས་ཀྱི་སྤྱན་ཟུང་གིས།། གཞུང་དྲང་མི་ལ༌གཟིགས་ཤིང་ཐོས་འཛིན་གྱིས།། དེ་ཡི་སྨོན་ལམ་དག་ལ་གསན་ཕྱིར་རོ།། འོན་ཀྱང་ངན་པའི་ལས་སུ་འཇུག་མཁན་ལ།། གཙོ་བོ་ལགས་ཀྱི་ཞལ་རས་འགྱུར་བ་འོ།། ཞེས་གསུངས་པའི་ཕྱིར༌རོ།། 13ཁྱོད་ཅག་གིས་བརྩོན་སེམས་ངང་ནས་ལས་བཟང་པོ་བྱས་པ་ཡིན་ན། ཁྱོད་རྣམས་ལ་གནོད་འཚེ་གཏོང་མཁན་སུ་ཡོད། 14ཁྱོད་ཅག་གིས་དྲང་བདེན་གྱི་ལས་སྒྲུབ་པའི་ཕྱིར། སྡུག་བསྔལ་མྱངས་ནའང་ཁྱོད་རྣམས༌བདེའོ།། དེ་དག་གི་འཇིགས་སྐུལ་ལ་མི་སྐྲག་ཅིང་སེམས་ཀྱང་མ་འཚབ༌ཅིག 15འོན་ཀྱང་། ཁྱོད་ཅག་གི་སེམས་སུ་སྐྱབས་མགོན་མཱ་ཤི་ཀ་ནི་གཙོ་བོར་བཀུར་འོས་སོ།། སུ་ཞིག་གིས་ཁྱོད་རྣམས་ལ་སེམས་ཀྱི་རེ་སྨོན་ཅི་ཡིན་དྲི་བའི་ཕྱིར། ཁྱོད་ཅག་གིས་རྟག་ཏུ་སྟ་གོན་བྱེད་ཅིང་ཞི་འཇམ་དང་གུས་སེམས་བཅངས་ཏེ། མི་རེ་རེ་ལ་ལན་གདབ་པར༌བྱའོ།། 16ཁྱོད་ཅག་གིས་བསམ་པ་རྣམ་དག་དང་བཅས། ཁྱོད་རྣམས་ལ་དོན་གང་ཞིག་གི་ཆ་ནས་དམའ་འབེབས་བྱས༌ན། དོན་དེའི་ཆ་ནས་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ཁྱོད་ཅག་གི་སྤྱོད་ལམ་བཟང་པོ་ལ་སྙོན་འཛུགས་མཁན་གྱི་མི་དེ་ངོ་ཚར་སྦྱོར་བ་ཡིན། 17དཀོན་མཆོག་གི་ཐུགས་དགོངས་ཡིན་ན། ཁྱོད་རྣམས་ཀྱིས་ལས་བཟང་པོ་བྱས་པའི་ཕྱིར་སྡུག་བསྔལ་མྱོང་བ་ནི། ལས་ངན་པ་བྱས་པའི་ཕྱིར་སྡུག་བསྔལ་མྱོང་བ་ལས་ལེགས་སོ།། 18ཅིའི་ཕྱིར་ཞེ་ན། སྐྱབས་མགོན་མཱ་ཤི་ཀས་ཀྱང་དེ་སྔར་ཐེངས་གཅིག་ལ་སྡིག་པའི་ཆེད་དུ་སྡུག་བསྔལ་མྱངས༌ཤིང་། དེ་ནི་རྣམ་པར་དག་པ་དེ་ཡིས་རྣམ་དག་མ་ཡིན་པའི་ཚབ་བྱས་ཏེ། བདག་ཅག་དཀོན་མཆོག་གི་དྲུང་དུ་འདྲེན་པའི་ཕྱིར༌ཡིན། ལུས་ཕུང་གི་ཆ་ནས་བརྗོད་ན། ཁོང་ཉིད་སྐུ་བཀྲོངས་ཤིང་། ཐུགས་ཉིད་ཀྱི་ཆ་ནས་བརྗོད་ན། ཁོང་ཉིད་སླར་གསོན་པ་ཡིན། 19དེ་སྔར་ཁོང་གིས་ཐུགས་ཉིད་དེ་ལ་བརྟེན་ནས་བཙོན་དུ་ཡོད་པའི་སེམས་ཉིད་དག་ལ་བཀའ་བསྒྲགས་པར་ཕེབས་ཤིང༌། 20དེ་དག་ནི་སྔོན་ཆད་ནོ་ཨས་གྲུ་གཟིངས་བཟོ་བའི་དུས༌དང༌། དཀོན་མཆོག་གིས་ངང་རྒྱུད་རིང་པོས་རེ་སྒུག་མཛད་པའི་དུས་སུ། དཀོན་མཆོག་གི་བཀའ་ལ་མི་ཉན་པའི་མི་རྣམས་ཡིན། དུས་དེར། གྲུ་གཟིངས་ནང་དུ་སོང་ཞིང་ཆུ་ལ་བརྟེན་ནས་ཐར་མཁན་མི་བརྒྱད་ལས་མང་པོ་མེད། 21ཆུ་དེ་ཡིས་ཁྲུས་གསོལ་མཚོན་ཞིང༌། ད་ལྟ་ཡེ་ཤུ་མཱ་ཤི་ཀ་སླར་གསོན་པ་བརྒྱུད་ནས་ཁྱོད་རྣམས་ཀྱང་སྐྱོབ་པ་དང་། ཁྲུས་གསོལ་དེ་ནི་ལུས་ཀྱི་མི་གཙང་བ་མེད་པར་བཟོ་བ་མ་ཡིན་པར། དཀོན་མཆོག་གི་སྤྱན་སྔར་བསམ་པ་རྣམ་དག་ལྡན་པའི་ཕྱིར་ཡིན། 22སྐྱབས་མགོན་ཡེ་ཤུ་ནམ་མཁའི་ཞིང་ཁམས་སུ་ཕེབས་ཏེ། དཀོན་མཆོག་གི་གཡས་ཕྱོགས་སུ་བཞུགས་ཤིང༌། ཕོ་ཉའི་ཚོགས་དང་། དབང་འཛིན༌མཁན། མཐུ་སྟོབས་ཅན་ཐམས་ཅད་ཁོང་གི་མངའ་འོག་ཏུ་མཛད་དོ།།

༡ པེ་ཏྲོ 4

དཀོན་མཆོག་གི་དོན་དུ་གསོན་པོར་འཚོ་བའི་སྐོར།

1དེ་བས་ན་སྐྱབས་མགོན་མཱ་ཤི་ཀས་སྐུ་ལུས་ཀྱི་ཆ་ནས་སྡུག་བསྔལ་མྱངས༌པས། ཁྱོད་ཅག་གིས་ཀྱང་བློ་སྟོབས་དེ་ལྟ་བུའི་གོ་མཚོན་སྤྲ་བར་བྱ་འོས་སོ།། ཅིའི་ཕྱིར་ཞེ་ན། ལུས་སྟེང་ནས་སྡུག་བསྔལ་མྱངས་པ་རྣམས་ནི་སྡིག་པ་དང་ཁ་བྲལ་བའི་ཕྱིར༌ཡིན། 2ཁྱོད་རྣམས་ལ་སེམས་དེ་ལྟ་བུ་ལྡན་ན། དེང་ཕྱིན་མིའི་འདོད་ཆགས་ཀྱི་རྗེས་སུ་མི་འབྲངས་པར། དཀོན་མཆོག་གི་ཐུགས་དགོངས་བཞིན་འཇིག་རྟེན་འདིའི་ཚེ་སྨད་ཀྱི་དུས་འདའ་དགོས་སོ།། 3ཅིའི་ཕྱིར་ཞེ་ན། སྔོན་ཆད་ཁྱོད་རྣམས་ཀྱིས་ཕྱི་ཕྱོགས་པའི་འདོད་བློ་བཞིན་དུ་ལོག་གཡེམ་དང་། འདོད༌ངན། ཆང་རག་གིས་བཟི་བ། ཟས་བག་མེད་དུ་ཟ་བ། བཟའ་བཏུང་བག་མེད་ལ་ཞུགས་པར་མ༌ཟད། སྐུ་འདྲར་བརྟེན་པའི་སྐྱུག་བྲོ་བའི་དོན་ལ་སོགས་པའི་དུས་ཡུན་ལོངས་པའི་ཕྱིར་ཡིན། 4མི་དེ་དག་གིས་ཁྱོད་རྣམས་དོན་འདིའི་ཆ་ནས་ཁོ་རྣམས་དང་མཉམ་དུ། བག་མེད་ལང་ཤོར་གྱི་ལས་ལ་མི་ཞུགས་པ་མཐོང་སྟེ། ཧ་ལས་ཤིང་ཁྱོད་ཅག་ལ་འཕྱ་དམོད་བྱེད་མོད། 5འོན་ཀྱང་། དེ་རྣམས་ཀྱིས་ངེས་པར་གསོན་པོ་དང་འདས་པོ་ཀུན་ལ་ལེགས་ཉེས་འབྱེད་མཁན་ཁོང་ཉིད་ལ་རྩིས་སྤྲོད་དགོས་སོ།། 6དེའི་ཕྱིར། འདས་པོ་རྣམས་ལའང་འཕྲིན་བཟང་བསྒྲགས་ཤིང་། དེ་ནི་མིའི་ཚུལ་བཞིན་དུ་དེ་དག་གི་ལུས་གཟུགས་ལ་ཉེས་ཆད་འཕོག་པར་འགྱུར་ཡང་། དེ་རྣམས་ཀྱི་སེམས་ཉིད་ནི་དཀོན་མཆོག་ལ་བརྟེན་ནས་འཚོ་བའི་ཕྱིར་རོ།། 7དངོས་པོ་ཐམས་ཅད་ཀྱི་མཐའ་མཇུག་སླེབ་ལ་ཉེ་བས། ཁྱོད་ཅག་གིས་གཟབ་ནན་ངང་རང་ཉིད་སྲུང་ཞིང་། སྨོན་ལམ་འདེབས་པར་གཟབ་གཟབ་བྱ་དགོས་སོ།། 8དེ་ལས་ཀྱང་གལ་ཆེ་བ་ནི་ཕན་ཚུན་ལ་དངོས་གནས་བྱམས་དགོས་པ་དེ་ཡིན། ཅིའི་ཕྱིར་ཞེ་ན། བྱམས་པས་སྡིག་པ་མང་པོ་འགེབས་ཐུབ་པའི་ཕྱིར༌རོ།། 9ཁྱོད་རྣམས་ཀྱིས་ཕན་ཚུན་ལ་སྣེ་ལེན་བཟང་པོ་བྱེད་པ་ལས་སྡུག་ཡུས་འདོན༌པར་མི་བྱའོ།། 10མི་རེ་རེར་གནང་སྦྱིན་གང་ཞིག་ཐོབ་པ་ལྟར་ཕན་ཚུན་ལ་ཞབས་ཕྱི་བསྒྲུབས༌ཏེ། དཀོན་མཆོག་གི་ཐུགས་རྗེ་སྣ་ཚོགས་ཀྱི་གཉེར་པ་ལེགས་པོ་ཞིག་བྱ་དགོས་སོ།། 11སུ་ཞིག་ཆོས་གསུང་མཁན་ཡིན་ན། དཀོན་མཆོག་གི་བཀའ་བཞིན་དུ་གསུང་བ༌དང༌། སུ་ཞིག་ཞབས་ཕྱི་སྒྲུབ་མཁན་ཡིན་ན། དཀོན་མཆོག་གིས་གནང་བའི་མཐུ་སྟོབས་བཞིན་དུ་བསྒྲུབ༌དགོས་སོ།། དེ་ནི་དོན་ཐམས་ཅད་ལས་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་དཀོན་མཆོག་ལ་བསྟོད་བསྔགས་འཐོབ་པའི་ཕྱིར༌ཡིན། མ་གཞི་གཟི་བརྗིད་དང་མངའ་ཐང་ཐམས་ཅད་ནམ་ཡང་ཁོང་ལ་དབང་ངོ་། །ཨ༌མེན།

མཱ་ཤི་ཀ་པ་ཡིན་པའི་ཕྱིར་སྡུག་བསྔལ་མྱོང་བའི༌སྐོར།

12སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ཁྱོད་རྣམས་ལ་ཚོད་བགམ་པའི་ཕྱིར་མེ་ལྟ་བུའི་སྡུག་བསྔལ་དང་འཕྲད་པའི་དུས་སུ། དེ་ནི་རང་ཉིད་ལ་ཧ་ལས་པའི་དོན་ཞིག་བྱུང་བར་སྙམ་ཞིང་ཡ་མཚན་དུ་མ་འདོད་ཅིག 13སྐྱབས་མགོན་མཱ་ཤི་ཀའི་གཟི་བརྗིད་མངོན་པའི་དུས་སུ། ཁྱོད་རྣམས་ཀྱང་ཤིན་ཏུ་དགའ་ཞིང་སྤྲོ་བའི་ཕྱིར། ད་ལྟ་ཁྱོད་ཅག་གིས་སྐྱབས་མགོན་མཱ་ཤི་ཀའི་སྡུག་བསྔལ་མཉམ་དུ་འཁུར་བས་དགའ་ཞིང་སྤྲོ་བར༌གྱིས། 14ཁྱོད་རྣམས་ཀྱིས་སྐྱབས་མགོན་མཱ་ཤི་ཀའི་མཚན་གྱི་ཆེད་དུ་སྡིགས་དམོད་མྱངས་ན་བདེའོ། །ཅིའི་ཕྱིར་ཞེ་ན། དཀོན་མཆོག་གི་གཟི་བརྗིད་དང་ལྡན་པའི་ཐུགས་ཉིད་ནི་རྟག་ཏུ་ཁྱོད་རྣམས་ཀྱི་སྟེང་དུ་བཞུགས་པའི་ཕྱིར་རོ།། 15ཁྱོད་ཅག་གི་ཁྲོད་དུ་མི་གསོད་པ་དང་། རྐུ་བྱེད་པ། ལས་ངན་པ་བྱེད་པ། གཞན་དོན་ལ་ཐེ་གཏོགས་བྱེད་པ་བཅས་ཀྱི་རྐྱེན་གྱིས་སྡུག་བསྔལ་མྱོང་མཁན་ཡོད་མི་འོས་སོ།། 16འོན་ཀྱང་མཱ་ཤི་ཀ་པ་ཡིན་པའི་རྐྱེན་གྱིས་སྡུག་བསྔལ་མྱངས་ན་ངོ་གནོང༌བར་མི་བྱ་ཞིང་། མཚན་དེའི་རྐྱེན་གྱིས་དཀོན་མཆོག་ལ་བསྟོད་བསྔགས་འབུལ་དགོས་སོ།། 17ཅིའི་ཕྱིར་ཞེ་ན། ད་ལྟ་དུས་དེ་ཐོན་ཟིན་ཅིང་། ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པ་ནི་དཀོན་མཆོག་གི་ཁྱིམ་རྒྱུད་ནས་འགོ་རྩོམ༌པའི་ཕྱིར་ཡིན། གལ་ཏེ། བདག་ཅག་ནས་འགོ་རྩོམ་པ་ཡིན་ན། དཀོན་མཆོག་གི་འཕྲིན་བཟང་ལ་མི་ཉན་པ་རྣམས་ཀྱི་མཇུག་འབྲས་ནི་ཅི་ལྟ་བུ་ཞིག་ཡིན༌ནམ། 18དེ་ལ་ཇི་སྐད༌དུ། གཞུང་དྲང་མི་རྣམས་ཐར་པ་ཙམ་ཡིན༌ན།། དད་པ་མེད་པའི་མི་དང་སྡིག་ཅན༌ལ།། ལངས་ནས་སྡོད་ས་ཙམ་ཡང་གང་ན་ཡོད།། ཅེས༌གསུངས་པའོ།། 19དེའི༌ཕྱིར། དཀོན་མཆོག་གི་ཐུགས་དགོངས་བཞིན་སྡུག་བསྔལ་མྱོང་བའི་མི་རྣམས་ཀྱིས་བློ་སེམས་རྩེ་གཅིག་གིས་ལས་བཟང་པོ་བྱེད་དགོས་ཤིང༌། རང་གི་རྣམ་ཤེས་ནི་ཡིད་རྟོན་རུང་བའི་མཛད་པོ་དཀོན་མཆོག་ལ་བཅོལ་དགོས༌སོ།།

༡ པེ་ཏྲོ 5

ཆོས་ཚོགས་ཀྱི་རྒན་པོ་དང་ན་གཞོན་རྣམས་ལ་གནང་བའི་བསླབ༌བྱ།

1དེ་བས་ན་ང་རང་ནི་ཆོས་ཚོགས་ཀྱི་རྒན་པོ༌དང༌། སྐྱབས་མགོན་མཱ་ཤི་ཀས་སྡུག་བསྔལ་མྱངས་པའི་དཔང་པོ། ཕྱིས་སུ་མངོན་པར་འགྱུར་བའི་གཟི་བརྗིད་ལ་ཞུགས་མཁན་བཅས་ཡིན༌ལ། བདག་གིས་ཁྱོད་ཅག་ཁྲོད་ཆོས་ཚོགས་ཀྱི་རྒན་པོ་དག་ལ་འདི་ལྟར་བསྐུལ་བར་བྱ་སྟེ། 2ཁྱོད་རྣམས་ཀྱིས་ངེས་པར་ཁྱོད་ཅག་ཁྲོད་ཀྱི་དཀོན་མཆོག་གི་ལུག་ཁྱུ་འཚོ་སྐྱོང་བྱེད་པ་དང་། དཀོན་མཆོག་གི་ཐུགས་དགོངས་ལྟར་བདག་སྐྱོང་བྱེད་དགོས། དེ་ནི་རང་མོས་ཡིན་པ་ལས་བཙན་གྱིས་བྱེད་དུ་བཅུག་པ་ཞིག་མིན་ལ། རྒྱུ་ནོར་ལ་རྔམ་པའི་རྐྱེན་ཡང་མིན་ཏེ། 3ལུག་ཁྱུའི་མིག་དཔེར་བྱེད་པ་ལས་ཁྱོད་ཅག་ལ་བཅོལ་བ་རྣམས་ལ་ཚོད་འཛིན་བྱེད་པའི་ཕྱིར་མ་ཡིན་ནོ།། 4དེ་ནས་རྫི་བོ་ཆེན་པོ་མངོན་སུམ་དུ་ཕེབས་པའི་དུས་སུ། ནམ་ཡང་འཇིག་པ་མེད་པའི་གཟི་བརྗིད་ཀྱི་ཅོད་པན་ཁྱོད་ཅག་ལ་འཐོབ་པར་འགྱུར༌རོ།། 5དེ་བཞིན་དུ། ཁྱོད་ཅག་ན་གཞོན་རྣམས་ཀྱིས་ཀྱང་ཆོས་ཚོགས་ཀྱི་རྒན་པོ་དག་གི་བཀའ་ལ་མཉན་དགོས༌ཤིང༌། ཁྱོད་ཅག་ཐམས་ཅད་ཀྱིས་ཀྱང་ཁེངས་སྐྱུང་གི་སེམས་པ་གོས་བཞིན་གྱོན་ནས་ཕན་ཚུན་ལ་བསྟུན་དགོས་སོ།། དེ་ལ་ཇི་སྐད༌དུ། དཀོན་མཆོག་ཉིད་ཀྱིས་ང་རྒྱལ་ཅན་ལ༌རྒོལ།། ཁེངས་སྐྱུང་མི་ལ་ཁོང་གིས་ཐུགས་རྗེ༌གནང༌།། 6དེའི་ཕྱིར། ཁྱོད་ཅག་གིས་དམན་སེམས་བཅངས་ཏེ་དཀོན་མཆོག་གི་མཐུ་སྟོབས་ཆེ་བའི་ཕྱག་འོག་ཏུ་སྡོད་དགོས་ཤིང་། དུས་ལ་བབས་པ་ན། ཁོང་གིས་ཁྱོད་རྣམས་མཐོན་པོར་བསྒྲེང་ངེས༌སོ།། 7ཁྱོད་ཅག་གིས་རང་གི་སེམས་ཁུར་མཐའ་དག་དཀོན་མཆོག་ལ་བཅོལ་དགོས་ཏེ། རྒྱུ་མཚན་ནི་ཁོང་གིས་ཁྱོད་རྣམས་ལ་གཟིགས་སྐྱོང་མཛད་པས༌སོ།། 8ཁྱོད་རྣམས་ཀྱིས་གཟབ་ནན་ངང་ནས་རང་ཉིད་སྲུང་ཞིང་དོགས་ཟོན་བྱ་དགོས་སོ།། ཁྱོད་ཅག་གི་དགྲ་ཟླ་སྟེ་བདུད་ནི་ངར་སྐད་སྒྲོག་པའི་སེང་གེ་དང་མཚུངས༌པར། ཡུལ་ཕྱོགས་ཀུན་ཏུ་རྒྱུ་ཞིང་ཁྱུར་མིད་གཏོང་འདོད་པའི་མི་རྣམས་འཚོལ་བཞིན་ཡོད། 9ཁྱོད་རྣམས་ཀྱིས་དད་སེམས་བརྟན་པོས་དེ་ལ་འགོག་རྒོལ་བྱ་དགོས་ཏེ། འཇིག་རྟེན་དུ་ཡོད་པའི་བདག་ཅག་གི་སྤུན་ཟླ་རྣམས་ཀྱིས་ཀྱང་སྡུག་བསྔལ་འདི་ལྟ་བུ་མྱོང་བཞིན་པ་ཁྱོད་ཅག་གིས་ཤེས་པས༌སོ།། 10སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ཁྱོད་ཅག་ལ་ཞལ་འབོད་གནང་མཁན་དང༌། ཁྱོད་ཅག་ལ་མཐའ་མེད་པའི་གཟི་བརྗིད་ཉམས་སུ་མྱོང་དུ་འཇུག་མཁན་དང་། ཐུགས་རྗེ་ཆེན་པོ་གནང་མཁན་དཀོན་མཆོག་གིས། གནས་སྐབས་སུ་ཁྱོད་རྣམས་ཀྱིས་སྡུག་བསྔལ་མྱངས༌རྗེས། ཁོང་ཉིད་ཀྱིས་དངོས་སུ་ཁྱོད་རྣམས་ཡོངས་སུ་རྫོགས་པར་མཛད༌ཅིང༌། བརྟན་པོར་མཛད་དེ། སྟོབས་ཤུགས་གནང་བ་དང་། གཡོ་བ་མེད་པར་མཛད་ངེས་སོ།། 11མངའ་ཐང་ནམ་ཡང་ཁོང་ལ་དབང་བར་སྨོན། ཨ༌མེན།

མཇུག་མཐའི་འཚམས༌ཞུ།

12བདག་གིས་འཕྲིན་ཡིག་མདོར་བསྡུས་འདི་བྲིས་ཏེ། ངས་ཡིད་རྟོན་རུང་བར་འདོད་པའི་སྤུན་ཟླ་སིལ་ཝ་ནཱ་བརྒྱུད་ནས་ཁྱོད་ཅག་ལ་སྤྲོད་པར་བྱས་ཤིང༌། ངས་ཁྱོད་རྣམས་ལ་སྐུལ་སློང་བྱེད་པར་མ་ཟད། ཐུགས་རྗེ་འདི་ནི་དཀོན་མཆོག་གི་ཐུགས་རྗེ་དངོས་ཡིན་པར་བདེན་དཔང་བྱས་པ་ཡིན། ཁྱོད་ཅག་ནི་ངེས་པར་ཐུགས་རྗེ་འདིའི་ནང་དུ་བརྟན་པོར་ལངས་ནས་སྡོད་དགོས༌སོ།། 13དཀོན་མཆོག་གིས་པཱ་པིས་ལུན་གྱི་ཆོས་ཚོགས་ནི་ཁྱོད་ཅག་དང་མཉམ་དུ་བདམས་པ་ཡིན་ལ། ད་ལྟ་ཁོ་རྣམས་ཀྱིས་ཀྱང་ཁྱོད་རྣམས་ལ་འཚམས་འདྲི་ཞུའོ།། བདག་གི་བུ་བཞིན་དུ་གྱུར་པ་མཱར་ཀུས་ཀྱང་ཁྱོད་ཅག་ལ་འཚམས་འདྲི༌ཞུའོ།། 14ཁྱོད་རྣམས་ཀྱིས་ཕན་ཚུན་ལ་བྱམས་པའི་འོ་དང་བཅས་འཚམས་འདྲི་ཞུ་བར་བྱའོ།། སྐྱབས་མགོན་མཱ་ཤི་ཀའི་ནང་དུ་གནས་པ་ཁྱོད་ཅག་ཐམས་ཅད་ལ་ཞི་བདེ་འཐོབ་པར༌སྨོན།།༎

༢ པེ་ཏྲོ 1

འཕྲིན་ཡིག་འབྱོར་ཡུལ།

1དེ་ཡང་སི་མོན་པེ་ཏྲོ་ང་རང་ནི་ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་པ་དང་སྐུ་ཚབ་པ་ཞིག་ཡིན༌ལ། འཕྲིན་ཡིག་འདི་ནི་བདག་ཅག་གི་དཀོན་མཆོག་དང་སྐྱབས་མགོན་ཡིན་པའི་ཡེ་ཤུ་མཱ་ཤི་ཀའི་དྲང་བདེན་ལ་བརྟེན་ནས། ངེད་ཅག་དང་ལྷན་ཅིག་དད་པ་རིན་ཐང་ཅན་འདྲ་མཚུངས་ཐོབ་པ་རྣམས་ལ་སྤྲིངས་པ་སྟེ། 2ཁྱོད་ཅག་གིས་དཀོན་མཆོག་དང་བདག་ཅག་གི་གཙོ་བོ་ཡེ་ཤུ་ངོ་ཤེས་པ་བརྒྱུད་ནས། ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་མང་དུ་འཐོབ་པར༌སྨོན།

ཞལ་འབོད་དང་བདམས་པ་ལ་བློ་བརྟན་དགོས་པའི་སྐོར།

3དེ་ཡང་དཀོན་མཆོག་གི་ནུས་མཐུས་བདག་ཅག་ལ་ཚེ་སྲོག་དང་དད་གུས་སྐོར་གྱི་དོན་ཐམས་ཅད་གནང་ཟིན་ནོ།། དེ་ནི་བདག་ཅག་གིས་ཁོང་ཉིད་ངོ་ཤེས་པའི་རྐྱེན་གྱིས་ཡིན་ལ། ཁོང་ནི་རང་ཉིད་ཀྱི་གཟི་བརྗིད་དང་ཕུལ་བྱུང་ལ་བརྟེན་ནས་བདག་ཅག་ལ་ཞལ་འབོད་གནང་མཁན་ཡིན། 4དོན་དེ་བརྒྱུད་ནས་ཁོང་གིས་རིན་ཐང་ལྡན་ཞིང་ཤིན་ཏུ་ཆེ་བའི་ཞལ་བཞེས་རྣམས་བདག་ཅག་ལ་གནང་ཞིང་། དེ་ནི་བདག་ཅག་འཇིག་རྟེན་གྱི་འདོད་ཆགས་ནས་བྱུང་བའི་ངན་རུལ་ལས་ཐར་ཏེ་དཀོན་མཆོག་གི་རང་བཞིན་དང་ལྡན་པར་འགྱུར་བའི་ཕྱིར་རོ།། 5རྒྱུ་མཚན་འདིའི་དབང༌གིས། ཁྱོད་རྣམས་ཀྱིས་ལྷག་ཏུ་བརྩོན་པ་བྱེད་དགོས༌ཏེ། དད་སེམས་ལྡན་པའི་ཁར་ད་དུང་སྤྱོད་བཟང་ཡོད་དགོས༌ལ། སྤྱོད་བཟང་ལྡན་པའི་ཁར་ད་དུང་ཤེས་ཡོན་ཡོད༌དགོས། 6ཤེས་ཡོན་ལྡན་པའི་ཁར་ད་དུང་རང་ཚོད་ཟིན་དགོས་ལ། རང་ཚོད་ཟིན་པའི་ཁར་ད་དུང་སྙིང་རུས་ཡོད༌དགོས། སྙིང་རུས་ལྡན་པའི་ཁར་ད་དུང་དད་གུས་ཡོད༌དགོས་ལ། 7དད་གུས་ལྡན་པའི་ཁར་ད་དུང་སྤུན་ཟླར་གཅེས་སེམས་ཡོད་དགོས། སྤུན་ཟླར་གཅེས་སེམས་ཡོད་པའི་ཁར་ད་དུང་མི་ཐམས་ཅད་ལ་གཅེས་སེམས་ཡོད་དགོས༌པའོ།། 8གལ་ཏེ། ཁྱོད་ཅག་ལ་དོན་དེ་རྣམས་ལྡན་ཞིང་དེ་དག་འཕེལ་བཞིན་ཡོད་ན། ཁྱོད་རྣམས་ནི་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ངོ་ཤེས་པའི་ཕྱོགས་སུ་ཕན་ཐོགས་མེད་པ་དང་འབྲས་བུ་མི་འབྱུང་བ་མིན་ནོ།། 9གལ་ཏེ། མི་སུ་ཞིག་ལ་དོན་དེ་རྣམས་མི་ལྡན་ན། ཁོ་ནི་ལོང་བ་ཡིན་ལ། ཁོས་མིག་མདུན་ཁོ་ན་ལས་གཞན་ཅི་ཡང་མི་མཐོང༌ཞིང༌། རང་གི་སྔར་བྱས་ཀྱི་སྡིག་པ་རྣམས་དག་ཟིན་པའང་བརྗེད༌པའོ།། 10དེའི་ཕྱིར། སྤུན་ཟླ༌རྣམས། ཁྱོད་ཅག་ལ་ཞལ་འབོད་ཐོབ་པ་དང་ཁྱོད་ཅག་བདམས་པར་གྱུར་པ་དེ་བརྟན་ཅིང་མི་འགྱུར་བའི་ཕྱིར། ཁྱོད་ཅག་གིས་དེ་བས་ཀྱང་བརྩོན་དགོས་སོ།། གལ་ཏེ། ཁྱོད་ཅག་གིས་དོན་དེ་རྣམས་བྱེད་པ་ཡིན་ན། ནམ་ཡང་ས་ལ་འགྱེལ་མི་སྲིད་དོ།། 11དེ་ལྟར་ན། ཁྱོད་རྣམས་བདག་ཅག་གི་གཙོ་བོ་དང་སྐྱབས་མགོན་ཡིན་པའི་ཡེ་ཤུ་མཱ་ཤི་ཀའི་མཐའ་མེད་པའི་རྒྱལ་སྲིད་ནང་དུ་འགྲོ་བར་ཕུན་སུམ་ཚོགས་པའི་བདེ་ལམ་གནང་བར༌འགྱུར་རོ།།

དཀོན་མཆོག་གི་གསུང་རབ་ལས་ལུང་བསྟན་གྱི༌སྐོར།

12དེ་བས་ན་ཁྱོད་ཅག་གིས་དོན་འདི་རྣམས་རྟོགས་ཤིང་ཁྱོད་ཅག་ལ་སྔར་ནས་ཡོད་པའི་བདེན་པ་ཉིད་ཀྱི་ཆ་ནས་བརྟན་པོ་ཡིན༌ཡང་། བདག་གིས་རྒྱུན་དུ་དོན་འདི་རྣམས་ཁྱོད་ཅག་ལ་དྲན་སྐུལ་བྱའོ།། 13ངས་རང་ཉིད་ད་དུང་གུར་འདིའི་ནང་དུ་བསྡད་ཡོད་པའི་གོ་སྐབས་དང་བསྟུན་ནས། ཁྱོད་རྣམས་ལ་དྲན་སྐུལ་བརྒྱུད་ནས་སྐུལ་མ་གཏོང་འོས་པར༌སྙམ། 14ཅིའི་ཕྱིར་ཞེ་ན། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀས་བདག་ལ་མཛུབ་སྟོན་གནང་བ་བཞིན། ངས་ཀྱང་རང་ཉིད་གུར་འདི་དང་ཁ་འབྲལ་བའི་དུས་སླེབ་ལ་ཉེ་བ་ཤེས་པའི་ཕྱིར་ཡིན། 15ང་རང་ཚེ་ལས་འདས་རྗེས། ཁྱོད་ཅག་གིས་རྒྱུན་དུ་དོན་འདི་དག་ལ་དྲན་གསོ་བྱེད་པའི་ཆེད་དུ། བདག་གིས་ད་དུང་བརྩོན་པ་ཆེན་པོ་བྱེད༌པའོ།། 16སྔོན་ཆད་ངེད་ཅག་གིས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ནུས་མཐུ་ཆེན་པོ་དང་ཁོང་ཉིད་ཕེབས་པར་འགྱུར་བའི་དོན་རྣམས་ཁྱོད་ཅག་ལ་སྨྲས་པ༌ནི། མཁས་པས་སྒྲིགས་པའི་སྒྲུང་བཞིན་དུ་མ་ཡིན་པར། ངེད་རྣམས་ཀྱིས་ཁོང་གི་གཟི་དཔལ་མིག་གིས་དངོས་སུ་མཐོང་བ་ཡིན། 17ཡབ་དཀོན་མཆོག་ནས་ཁོང་ལ་བཀུར་སྟི་དང་གཟི་བརྗིད་ཐོབ་པའི་དུས་སུ། གཟི་འོད་ཆེན་པོ་དེ་ཉིད་ཀྱིས་ཁོང་ལ་ཇི་སྐད་དུ། འདི་ནི་བདག་གི་གཅེས་པའི་བུ་ཡིན་ཞིང་། ང་རང་ཁོ་ལ་ཤིན་ཏུ་དགའ་ཞེས་གསུངས༌པའི་སྒྲ་གྲགས་ཤིང་། 18ངེད་ཅག་ཁོང་དང་མཉམ་དུ་རི་བོ་དམ་པ་རུ་ཡོད་པའི་དུས༌སུ། ནམ་མཁའི་ཞིང་ཁམས་ནས་སྒྲ་དེ་གྲགས་ཡོང་བ་དངོས་སུ་ཐོས༌སོ།། 19བདག་ཅག་ལ་ལུང་སྟོན་པའི་ལུང་བསྟན་དེ་ལས་ཀྱང་ཁུངས་བཙན་ཡོད༌དེ། སྐྱ་རེངས་ཤར་བ་དང་ཁྱོད་ཅག་གི་སེམས་སུ་ཐོ་རེངས་སྐར་ཆེན་ཤར་བའི་དུས་སུ། མུན་ནག་ནང་དུ་སྒྲོན་མེའི་འོད་ཟེར་འཕྲོ་བ་བཞིན། ཁྱོད་རྣམས་ཀྱིས་ལུང་བསྟན་འདིར་གཟབ་གཟབ་བྱས་ན་ལེགས་སོ།། 20དེ་བས་ཀྱང་ཆེས་གལ་ཆེ་བ་ནི་གསུང་རབ་ཀྱི་ལུང་བསྟན་གང་ཞིག་ཡིན་ཡང་། རང་འདོད་ལྟར་འགྲེལ་བཤད་བྱ་ཆོག་པ་གཅིག་ཀྱང་མེད་པ་ཤེས་པར་གྱིས། 21རྒྱུ་མཚན་ནི་ལུང་བསྟན་གང་ཞིག་ཡིན་ཡང་མིའི་འདོད་བློ་ལྟར་བྱུང་བ་གཏན་ནས་མ་ཡིན་པར། དམ་པའི་ཐུགས་ཉིད་ཀྱིས་མི་ལ་བསྐུལ་ཞིང་དཀོན་མཆོག་ནས་བྱུང་བའི་བཀའ་རྣམས་མི་ཡིས་བརྗོད་པའི་ཕྱིར་རོ།།

༢ པེ་ཏྲོ 2

སློབ་དཔོན་རྫུས་མའི༌སྐོར།

1དེ་ཡང་སྔོན་ཆད་མི་རྣམས་ཀྱི་ཁྲོད་དུ་ལུང་སྟོན་པ་རྫུས་མ་བྱུང་བ་བཞིན། ཕྱིས་སུ་ཁྱོད་ཅག་གི་ཁྲོད་དུའང་སློབ་དཔོན་རྫུས་མ་འབྱུང་བར་འགྱུར༌ལ། དེ་རྣམས་ཀྱིས་ལྐོག་ནས་མི་ལ་གནོད་འཚེ་གཏོང་བའི་ལོག་ལྟ་རྣམས་ཁྲིད་འོང་བར་འགྱུར་ཞིང་། དེ་དག་གིས་ཁོ་རྣམས་བླུ་མཁན་གྱི་བདག་པོའང་ཁས་མི་ལེན༌པར། མྱུར་དུ་རང་གིས་རང་ཉིད་བརླག་པར་འགྱུར་རོ།། 2མི་མང་པོ་ཞིག་གིས་ལོག་གཡེམ་པ་དེ་དག་གི་བྱ་སྤྱོད་བཞིན་བྱེད་པར་འགྱུར་ཞིང་། སློབ་དཔོན་རྫུས་མ་དེ་དག་གི་རྐྱེན་གྱིས། བདེན་པ་ཉིད་ཀྱི་ལམ་ལ་འཕྱ་དམོད་བྱེད་པར་འགྱུར། 3དེ་དག་ལ་བརྣབ་སེམས་ཆེ་བས་རྫུན་གཏམ་ལ་བརྟེན་ནས་ཁྱོད་ཅག་ལས་འཕྲོག་པར་འགྱུར། དེ་དག་ལ་ཉེས་ཆད་གཅོད་པ་ནི་གནའ་སྔ་མོ་ནས་དུས་མི་འགྱངས་ལ། དེ་རྣམས་བརླག་པར་འགྱུར་བའི་དུས་ཀྱང་གཉིད་ལ་མི་ཡུར་རོ།། 4སྔོན་ཆད་ཕོ་ཉ་རྣམས་ཀྱིས་སྡིག་པ་བྱས་པ་ན། དཀོན་མཆོག་གིས་དེ་རྣམས་ལའང་བཟོད་སྒོམ་མ་གནང་བར་དམྱལ་བའི་གནས་སུ་གཡུགས་ཤིང་། མུན་ནག་གི་དོང་ནང་དུ་ཁྲིམས་ཐག་གཅོད་པའི་བར་དུ་བསྐྱུར་བ་ཡིན་ནོ།། 5ཡང་དཀོན་མཆོག་གིས་གནའ་བོའི་འཇིག་རྟེན་ལའང་བཟོད་སྒོམ་མ་གནང་བར། དད་གུས་མེད་པའི་མི་རྣམས་ཆུ་ལོག་གིས་བསྣུབས་པར་མཛད༌མོད། འོན་ཀྱང་ཡང་དག་པའི་ཆོས་སྒྲོག་མཁན་ནོ་ཨའི་ཁྱིམ་མི་བརྒྱད་པོ་བསྐྱབས་མྱོང་། 6ཡང་ཁོང་གིས་སཱ་དོམ་དང་གཱ་མོ་ར་གཉིས་ལ་ཉེས་ཆད་བཅད་ནས་མེར་བསྲེགས་ཤིང༌རྡུལ་དུ་བཏང་བ་དང་། དུས་རབས་ཕྱི་མའི་དད་གུས་མེད་པའི་མི་རྣམས་ལ་བསླབ་བྱའི་དཔེ་རུ་གནང་བ་ཡིན། 7དུས་དེར་ཁྲིམས་མེད་ལུགས་མེད་ཀྱི་མི་དག་གི་གཡེམ་སྦྱོར་གྱི་རྐྱེན་གྱིས། དུས་རྒྱུན་དུ་ཡིད་སེམས་སྐྱོ་བའི་མི་གཞུང་དྲང་ལོད་ཐུ་ཁོ་ན་ཁོང་གིས་བསྐྱབས་པ་ཡིན། 8རྒྱུ་མཚན་ནི་མི་གཞུང་དྲང་དེ་ཁོ་རྣམས་ཀྱི་ཁྲོད་དུ་སྡོད༌ཅིང༌། མི་དེ་དག་གི་ཁྲིམས་མེད་ལུགས་མེད་ཀྱི་དོན་རྣམས་མཐོང་ཐོས་སུ་གྱུར་པས། ཁོའི་དྲང་སེམས་ནི་ཉིན་རེ་བཞིན་སྐྱོ་གདུང་གིས་མནར༌བར་གྱུར་པའོ༎ 9དེ་ལྟར་ཡིན་ན། གཙོ་བོས་དད་གུས་ལྡན་པའི་མི་ནི་ཉམས་ཚོད་ལས་སྐྱོབ་པ་དང་། དྲང་བདེན་མིན་པའི་མི་ནི་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་ཉིན་མོའི་བར་ཉེས་ཆད་འོག་ཏུ་བསྐྱུར་བ་མཁྱེན༌ནོ།། 10ཤ་གཟུགས་ཀྱི་ཕུང་བོར་བསྟུན་ནས་འདོད་ཆགས་ལ་འཇོལ་ཉོག་ཏུ་སྤྱོད་མཁན་དང་། དབང་ཆེན་ལ་མཐོང་ཆུང་བྱེད་མཁན་ནི་ཁོང་གིས་ལྷག་ཏུ་མཁྱེན་ལ། མི་དེ་དག་ནི་སྤོབས་པ་ཆེ་ཞིང་གཤིས་རྒྱུད་གྱོང་པོ་ཡིན་ལ། གཟི་བརྗིད་ཅན་རྣམས་ལ་དམའ་འབེབས་བྱེད་པ་ལའང་མི་འཇིགས་སོ།། 11ཕོ་ཉ་རྣམས་ལ་མཚོན་ན་མི་དེ་དག་ལས་མཐུ་སྟོབས་དང་དབང་ཐང་ཆེ༌ཡང་། གཙོ་བོའི་དྲུང་དུ་དམའ་འབེབས་ཀྱི་ཚིག་གིས་དེ་རྣམས་གཏུག་པར་མི༌བྱ། 12འོན་ཀྱང་། མི་དེ་དག་ནི་ཡིད་ཤེས་མེད་པ་དང་མཚུངས༌པར། སྐྱེས་མ་ཐག་ནས་དུད་འགྲོ་ཡིན་ཏེ། མི་ཡིས་བཟུང་ནས་བཤའ་ཟོག་ལ་སྟ་གོན་བྱེད་པ་ཡིན། མི་དེ་རྣམས་ཀྱིས་རང་གིས་མི་ཤེས་པའི་དོན་རྣམས་ལ་དམའ་འབེབས་བྱེད་ཅིང༌། མི་གཞན་དག་བརླག་བཞིན་པའི་དུས་སུ། ཁོ་རང་ཉིད་བརླག་པར་འགྱུར་ངེས་སོ།། 13དེ་རྣམས་ཀྱི་སྤྱོད་ལམ་དྲང་པོ་མ་ཡིན་པས། འབྲས་བུ་མི་བདེན་པ་ཐོབ། མི་དེ་དག་ནི་ཉིན་མོར་བག་མེད་ལོངས་སྤྱོད་ལ་ཞུགས་པར་དགའ་ཞིང་། བཙོག་པར་གྱུར་པ་དང་སྐྱོན་ཅན་ཡང་ཡིན་ལ། ཁྱོད་ཅག་དང་མཉམ་དུ་གསོལ་སྟོན་ལ་ཞུགས་དུས། རང་གི་གཡོ་སྒྱུ་ནི་དགའ་སྐྱིད་དུ་འདོད་པ་རེད། 14མི་དེ་རྣམས་ཀྱི་མིག་ནང་དུ་ལོག་གཡེམ་གྱིས་ཁེངས་ཤིང་སྡིག་པའི་མཚམས་མི་འཇོག༌པར། བློ་མི་བརྟན་པ་རྣམས་ལ་སླུ་བྲིད་བྱེད་པ་དང༌། སེམས་ནང་དུ་འདོད་རྔམ་ལ་གོམས་ཡོད་པས། དངོས་གནས་སྡིགས་དམོད་ཐེབས་པའི་རིགས་རྒྱུད་ཡིན། 15མི་དེ་རྣམས་ཀྱིས་དྲང་ལམ་སྤངས་ནས་ལོག་ལམ་དུ་ཞུགས་པ་དང་། པེ་ཨོར་གྱི་བུ་པེལ་ཨམ་གྱི་ལམ་དུ༌ཞུགས་པ་ཡིན། པེལ་ཨམ་ནི་གླ་ཆའི་ཡོང་ཁུངས་མི་གཙང་བ་ལ་འདོད་རྔམ་བཅང་མཁན་ཞིག་ཡིན༌མོད། 16འོན་ཀྱང་ཁོ་བོར་རང་གི་ནག་ཉེས་དབང་གིས་བཀའ་བཀྱོན་ཐེབས་ཤིང་། སྨྲ་མི་ཤེས་པའི་བོང་བུས་མི་སྐད་སྨྲས་ཏེ་ལུང་སྟོན་པའི་སྨྱོ་སྤྱོད་བཀག༌པའོ།། 17ཡང་མི་དེ་རྣམས་ནི་ཆུ་མིག་སྐམ་པོ་དང་རླུང་ནག་འཚུབ་མས་འདེད་པའི་སྨུག་པ་ཡིན༌ལ། མུན་པའི་སྨག་རུམ་ནི་མི་དེ་རྣམས་ཀྱི་ཆེད་དུ་སྟ་གོན་མཛད་ཡོད། 18དེ་རྣམས་ཀྱིས་ང་རྒྱལ་གྱི་བླུན་གཏམ་སྨྲ༌ཞིང༌། ཤ་གཟུགས་ཀྱི་ཆགས་ཞེན་དང་ལོག་གཡེམ་གྱི་ལས་ལ་བརྟེན་ནས། ནོར་འཁྲུལ་ཅན་ལས་ཐར་མ་ཐག་པ་དེ་རྣམས་ལའང་སླུ་བྲིད་བྱེད། 19དེ་རྣམས་ཀྱིས་མི་རྣམས་ལ་རང་དབང་འཐོབ་པར་ཁས་ལེན་ནའང་། རང་ཉིད་ནི་འཕུང་དཀྲོལ་གྱི་གཡོག་པོ་རུ་བྱེད༌པ་ཡིན། ཅིའི་ཕྱིར་ཞེ་ན། མི་སུ་ཡིན་ཡང་གང་ཞིག་གི་དབང་འོག་ཏུ་བཅུག་ན་དེའི་གཡོག་པོ་ཡིན་པའི་ཕྱིར་རོ།། 20གལ་ཏེ། མི་དེ་རྣམས་ཀྱིས་གཙོ་བོ་དང་སྐྱབས་མགོན་ཡིན་པའི་ཡེ་ཤུ་མཱ་ཤི་ཀ་ངོ་ཤེས་པ་བརྒྱུད་ནས། འཇིག་རྟེན་གྱི་མི་གཙང་བ་སྤངས་ཐུབ་པ་བྱུང༌ནའང༌། རྗེས་སུ་སླར་ཡང་དེའི་ནང་དུ་ཞུགས་ཤིང་དེའི་དབང་འོག་ཏུ་ཚུད་ན། མི་དེ་དག་གི་ཕྱིས་ཀྱི་གནས་ཚུལ་དེ་སྔ་ལས་ཀྱང་སྡུག་པ་ཡིན། 21ཁོ་རྣམས་ཀྱིས་དྲང་བདེན་གྱི་ལམ་ཤེས་བཞིན་དུ། ཁོ་རྣམས་ལ་གནང་བའི་བཀའ་དམ་པ་རྒྱབ་ཏུ་བསྐྱུར་བས། ཁོ་རྣམས་ཀྱིས་དོན་དེ་ཤེས་པ་ལས་མ་ཤེས་ན་ལེགས་སོ།། 22ཁ་དཔེ་ལ། ཁྱི་ནི་རང་གི་སྐྱུག་རོར་ལོག །ཕག་ནི་བཀྲུས་ཀྱང་འདམ་ལ་འགྲིལ། །ཞེས་པའི་ཚིག་འདི་ཅིས་མ་བདེན། དེ་ནི་ཁོ་རྣམས་ཀྱི་སྟེང་དུ་བྱུང་བའོ།།

༢ པེ་ཏྲོ 3

གཙོ་བོ་ཡེ་ཤུའི་ཉིན་མོའི༌སྐོར།

1སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ད་ལྟ་བདག་གིས་ཁྱོད་ཅག་ལ་འབྲི་བཞིན་པ་འདི་ནི་འཕྲིན་ཡིག་གཉིས་པ་ཡིན་ནོ༎ འཕྲིན་ཡིག་འདི་གཉིས་ནི་ཁྱོད་ཅག་གི་གཞུང་སེམས་དྲང་པོ་ལ་དྲན་སྐུལ་དང་སྐུལ་སློང་བྱེད་པའི་ཆེད་དུ་བྲིས་པ་ཡིན་ལ། 2དེ་ནི་ལུང་སྟོན་པ་དམ་པ་རྣམས་ཀྱིས་སྔར་གསུངས་པའི་བཀའ་རྣམས་དང་། གཙོ་བོ་དང་སྐྱབས་མགོན་དེ་ཉིད་ཀྱི་བཀའ༌སྟེ་ཁྱོད་ཅག་གི་སྐུ་ཚབ་པ་རྣམས་ཀྱིས་གནང་བ་དེ་དག་ཁྱོད་རྣམས་ཀྱི་ཡིད་ལ་འཛིན་པའི་ཕྱིར་དུ་ཡིན། 3ཆེས་གལ་ཆེ་བ་ནི། མཐའ་མའི་ཉིན་མོ་དག་ལ་འཕྱ་སྨོད་བྱེད་པར་དགའ་བའི་མི་འབྱུང་བར་འགྱུར་བ་ཤེས་དགོས༌ཏེ། ཁོ་རྣམས་རང་གི་འདོད་ཆགས་ཀྱི་རྗེས་སུ་འབྲངས་ཏེ་ན་རེ། 4ཁོང་ཉིད་ཕེབས་ཡོང་རྒྱུ་ཡིན་ཟེར་བའི་ཞལ་བཞེས་དེ་གང་དུ་ཡོད༌དམ། ཅིའི་ཕྱིར་ཞེ་ན། མེས་པོ་རྣམས་ཚེ་ལས་འདས་པ་ནས་བཟུང་། དོན་ཐམས་ཅད་ཐོག་མར་བསྐྲུན་པའི་དུས་དང་གཅིག་མཚུངས་ཡིན་པའི་ཕྱིར་རོ་ཞེས་སྨྲ་བ་ཡིན། 5-6གནའ་སྔ་མོ་ནས་དཀོན་མཆོག་གི་བཀའ་ལ་བརྟེན་ནས་ནམ་མཁའ་བྱུང་བ་དང་། ས་གཞི་ནི་ཆུ་ནས་བྱུང་ཞིང་ཆུ་ལས་གྲུབ་པ་ཡིན་ལ། སྐབས་དེའི་འཇིག་རྟེན་ཆུས་བསྣུབས་ཏེ་འཇིག་པར་གྱུར་པ་ནི་མི་དེ་རྣམས་ཀྱིས་བསམ་བཞིན་བརྗེད་པར་བྱས་སོ།། 7འོན་ཀྱང་ད་ལྟའི་གནམ་ས་གཉིས་ནི་ད་དུང་ཡང་བཀའ་དེར་བརྟེན་ནས་གནས༌ཤིང་། དད་གུས་མེད་པའི་མི་རྣམས་ལ་ཉེས་ཆད་ཕོགས་ནས་བརླག་པར་མཛད་པའི་ཉིན་མོའི་བར་དུ་བསྐྱུར་བ་དང་། དེ་ནས་གནམ་ས་གཉིས་མེར་བསྲེག་པར་འགྱུར་རོ།། 8སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་གིས་བརྗེད་མི་རུང༌བ་ཞིག་ནི། གཙོ་བོའི་སྤྱན་ལམ་དུ་ཉིན་གཅིག་ནི་ལོ་འཁོར་ཆིག་སྟོང་དང་ལོ་འཁོར་ཆིག་སྟོང་ནི་ཉིན་གཅིག་དང་མཚུངས་པ་དེ་ཡིན་ནོ།། 9གཙོ་བོས་ཞལ་བཞེས་གནང་བ་བཞིན་ད་དུང་འགྲུབ༌མེད་པས། མི་འགའ་ཤས་ཀྱི་སེམས་སུ་ཁོང་གིས་དུས་འགྱངས་མཛད་དོ་སྙམ་མོད། འོན་ཀྱང་དོན་དམ་དུ་དུས་འགྱངས་མཛད་པ་མ་ཡིན་པར། ཁྱོད་རྣམས་ལ་བཟོད་སྒོམ་གནངས་ཏེ། མི་གཅིག་ཀྱང་འཇིག་པར་འགྱུར་བར་ཐུགས་མི་མཉེས་ཤིང་། མི་ཐམས་ཅད་ཀྱིས་འགྱོད་བཤགས་བྱེད་པར་དགོངས༌པའོ།། 10འོན་ཀྱང་། རྐུན་པོ་གློ་བུར་སླེབས་པ་ལྟར་གཙོ་བོའི་ཉིན་མོའང་སླེབ༌པར་ངེས་སོ།། ཉིན་དེར། ནམ་མཁའ་འུར་སྒྲ་ཆེན་པོ་དང་བཅས་ཡལ་བར་འགྱུར༌བ་དང་། འབྱུང་བ་ཐམས་ཅད་མེ་དཔུང་དྲག་པོས་བསྲེགས་ཏེ་མེད་པར་འགྱུར་ཞིང་། ས་གཞི་དང་དེའི་སྟེང་གི་དངོས་པོ་ཐམས་ཅད་ཀྱང་མེས་བསྲེག་པར་འགྱུར༌རོ།། 11དེ་ཐམས་ཅད་དེ་བཞིན་མེད་པར་འགྱུར་འགྲོ་བ་ཡིན་ན། ཁྱོད་ཅག་གིས་ཇི་ལྟར་དམ་པ་དང་དད་གུས་ཡོད་པ་ཞིག་བྱེད་ཅིང་། 12དཀོན་མཆོག་གི་ཉིན་མོ་སླེབ་ཡོང་བར་རེ་སྒུག་བྱེད་ལོང་མེད་པ་མ་ཡིན་ནམ། ཉིན་དེར། ནམ་མཁའ་མེས་བསྲེགས་ནས་མེད་པར་འགྱུར་ཞིང་། འབྱུང་བ་ཐམས་ཅད་ཀྱང་མེ་དཔུང་དྲག་པོས་ཞུ་བར་འགྱུར་རོ།། 13འོན་ཀྱང་། ཁོང་གིས་ཞལ་བཞེས་གནང་བ་བཞིན། བདག་ཅག་གིས་དྲང་བདེན་བཞུགས་སའི་གནམ་ས་གསར་བ་ལ་རེ་སྨོན་བཅང་བའོ།། 14དེའི་ཕྱིར། སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་གིས་དོན་དེ་དག་ལ་རེ་སྨོན་བཅངས་པ་ཡིན་ན། རང་ཉིད་སྐྱོན་གྱི་དྲི་མས་མ་གོས་པ་དང་། སྐྱོན་བརྗོད་རྒྱུ་ཅི་ཡང་མེད་པ། གཙོ་བོའི་སྤྱན་སྔར་བློ་སེམས་བདེ་བའི་ངང་གནས་ཐུབ་པའི་ཕྱིར་བརྩོན་པ་བྱེད་དགོས་སོ།། 15དེར་མ་ཟད། བདག་ཅག་གི་གཙོ་བོས་ཡུན་རིང་ལ་བཟོད་སྒོམ་གནང་བ་ནི་ཐར་པ་ཐོབ་པའི་རྒྱུ་རྐྱེན་དུ་བརྩི་དགོས་ལ། དེ་ནི་བདག་ཅག་གི་སྙིང་ནས་བརྩེ་བའི་སྤུན་ཟླ་ཕོལ་ལོལ་གྱིས་རང་ཉིད་ལ་གནང་ཡོད་པའི་ཤེས་རབ་བཞིན་ཁྱོད་ཅག་ལ་འཕྲིན་ཡིག་སྤྲིངས་པ་ལྟར་ཡིན། 16ཁོང་གི་འཕྲིན་ཡིག་ཐམས་ཅད་ལས་དོན་དེ་རྣམས་བརྗོད་ཡོད། འཕྲིན་ཡིག་ལས་གོ་བ་ལོན་དཀའ་བ་དག༌ནི། བློ་གྲོས་མེད་པ་དང་བློ་མི་བརྟན་པ་རྣམས་ཀྱིས་ལོག་བཤད་བྱེད་ཅིང་། དེ་ནི་གསུང་རབ་ཀྱི་མདོ་གཞན་དག་ལ་ལོག་བཤད་བྱེད་པ་ལྟར། རང་གིས་རང་ཉིད་འཇིག་པར་བྱེད་དོ།། 17སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། དེ་ལྟར་ཡིན་པས། ཁྱོད་ཅག་གིས་སྔ་མོ་ནས་དོན་འདི་དག་ཤེས་པ་ཡིན༌ན། ཁྲིམས་མེད་ལུགས་མེད་ཀྱི་མི་དག་གི་ནོར་འཁྲུལ་གྱི་གཡོ་འོག་ཏུ་མི་ཚུད་པ་དང་། རང་ཉིད་བརྟན་པོ་ཡིན་པ་དེ་མི་ཉམས་པའི་ཕྱིར་དོགས་ཟོན་བྱེད་དགོས་སོ།། 18འོན་ཀྱང་། ཁྱོད་རྣམས་དེ་ལས་ལྡོག་སྟེ་བདག་ཅག་གི་གཙོ་བོ་དང་སྐྱབས་མགོན་ཡིན་པའི་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་དང་ཤེས་ཡོན་རྟོགས་པའི་ཆ་ནས་ཡར་ཐོན་ཡོང་དགོས། དུས་ད་ལྟ་དང་མཐའ་མེད་པའི་ཉིན་མོའི་བར་དུ་ཁོང་ལ་བསྟོད་བསྔགས་བརྗོད་པར་སྨོན། ཨ༌མེན།།༎

༡ ཡོ་ཧ་ནན 1

ཚེ་སྲོག་གི་བཀའ་ཡི༌སྐོར།

1དེ་ཡང་ཐོག་མ་ཉིད་ནས་བཞུགས་པའི་ཚེ་སྲོག་གི་བཀའ་དེ་གླེང་བ་ཡིན་ན། ངེད་ཅག་གིས་བཀའ་དེ་རྣ་བས་ཐོས་ཤིང་མིག་གིས་མཐོང་མྱོང་བ༌དང༌། དངོས་སུ་བལྟས་མྱོང་ལ། ལག་པས་ཀྱང་དངོས་སུ་རེག་མྱོང་ངོ་།། 2ཚེ་སྲོག་དེ་མངོན་པར་གྱུར་ཡོད་ལ་ངེད་ཅག་གིས་མཐོང་མྱོང་བ་དང་། ད་ལྟ་དེ་ལ་བདེན་དཔང་བྱེད་བཞིན་ཡོད་དེ། མ་གཞི་ཚེ་སྲོག་དེ་ཉིད་ནི་ཡབ་དང་ལྷན་དུ་བཞུགས་ཤིང་། ངེད་ཅག་ལ་མངོན་པར་གྱུར་པའི་མཐའ་མེད་པའི་ཚེ་སྲོག་དེ་ཁྱོད་ཅག་ལ་སྒྲོག་པ་ཡིན། 3ཁྱོད་རྣམས་ངེད་ཅག་ལ་འདྲིས་པའི༌ཕྱིར། ངེད་ཅག་གིས་གང་ཞིག་མཐོང་ཞིང་ཐོས་པ་དག་ཁྱོད་རྣམས་ལ་སྒྲོག་པ་ཡིན། ངེད་ཅག་ནི་དངོས་གནས་ཡབ་དང་ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀར་འདྲིས་ཡོད་དོ།། 4བདག་ཅག་ཡོངས་སུ་དགའ་ཞིང་སྤྲོ་བར་འགྱུར་བའི་ཕྱིར། ངེད་ཅག་གིས་དོན་འདི་དག་ཁྱོད་རྣམས་ལ་བྲིས་པའོ།།

འོད་ཟེར་ནང་དུ་སྐྱོད་པའི༌སྐོར།

5དཀོན་མཆོག་ནི་འོད་ཟེར་ཡིན་པས་ཁོང་ལ་མུན་ནག་གཏན་ནས་མེད་དོ།། འདི་ནི་ངེད་ཅག་གིས་སྐྱབས་མགོན་ཡེ་ཤུ་ནས་ཐོས་ཤིང་ཁྱོད་ཅག་ལ་སྒྲོག་པའི་བརྡ་འཕྲིན་ཡིན་ནོ།། 6གལ་ཏེ། བདག་ཅག་གིས་དཀོན་མཆོག་དང་འདྲིས་ཡོད་ཟེར་ཡང་། ད་དུང་མུན་ནག་ནང་དུ་སྤྱོད་པ་ཡིན་ན། དེ་ནི་བདག་ཅག་གིས་རྫུན་སྨྲས་པ་ཡིན་པས་བདེན་པ་ཉིད་བཞིན་དུ་སྤྱད་པ་སྤྱོད་པ་མ་ཡིན། 7དཀོན་མཆོག་ནི་འོད་ཟེར་ནང་དུ་བཞུགས་པ་བཞིན། བདག་ཅག་འོད་ཟེར་ནང་དུ་སྤྱོད་པ་ཡིན་ན། བདག་ཅག་ཕན་ཚུན་ལ་འདྲིས་ཡོད་པ་ཡིན་ལ། ཁོང་གི་སྲས་སྐྱབས་མགོན་ཡེ་ཤུའི་སྐུ་ཁྲག་གིས་བདག་ཅག་གི་སྡིག་པ་ཐམས་ཅད་འདག་པར་མཛད༌དོ།། 8བདག་ཅག་གིས་རང་ལ་སྡིག་པ་མེད་ཟེར་ན། དེ་ནི་རང་མགོ་རང་གིས་གཡོག་པ་ཡིན་པས། བདེན་པ་ཉིད་ནི་བདག་ཅག་གི་སེམས་སུ་གནས༌པ་མ་ཡིན་ནོ།། 9དཀོན་མཆོག་ནི་ཡིད་རྟོན་རུང་བ་དང་དྲང་བདེན་ཡིན་པས། བདག་ཅག་གིས་རང་གི་སྡིག་པ་མཐོལ་བཤགས་བྱས༌ན། ཁོང་གིས་བདག་ཅག་གི་སྡིག་པ་བསལ་ཞིང་དྲང་བདེན་མ་ཡིན་པ་ཐམས་ཅད་གཙང་མར་མཛད་ངེས་ཡིན། 10བདག་ཅག་གིས་སྡིག་པ་བྱས་མ་མྱོང་ཟེར་ན། བདག་ཅག་གིས་དཀོན་མཆོག་ནི་ཞལ་རྫུན་གསུང་མཁན་དུ་བརྩིས་པས། ཁོང་གི་བཀའ་ཡང་བདག་ཅག་གི་སེམས་སུ་གནས༌པ་མ་ཡིན་ནོ།།

༡ ཡོ་ཧ་ནན 2

སྐྱབས་མགོན་མཱ་ཤི་ཀ་ནི་བདག་ཅག་གི་བར་མི་ཡིན་པའི༌སྐོར།

1བདག་གི་བུ་ཕྲུག༌རྣམས། ངས་ཁྱོད་ཅག་ལ་དོན་འདི་རྣམས་འབྲི་དོན་ནི་ཁྱོད་ཅག་གིས་སྡིག་པ་མི་བྱེད་པའི་ཕྱིར་ཡིན། གལ་ཏེ། སུ་ཞིག་གིས་སྡིག་པ་བྱས༌པ་ཡིན་ན། ཡབ་ཀྱི་དྲུང་དུ་བདག་ཅག་ལ་ཞུ་བ་འབུལ་མཁན་ཞིག་ཡོད་དེ། ཁོང་ནི་རྣམ་པར་དག་པ་ཡེ་ཤུ་མཱ་ཤི་ཀ་ལགས་སོ།། 2ཁོང་ནི་བདག་ཅག་གི་སྡིག་པའི་ཕྱིར་ཉེས་ཆད་བསལ་བའི་མཆོད་རྫས་ཡིན་ཞིང༌། དེ་ནི་བདག་ཅག་ཁོ་ན་མ་ཡིན་པར་འཇིག་རྟེན་གྱི་མི་ཐམས་ཅད་ཀྱི་དོན་དུའང་ཡིན༌ནོ།། 3གལ་ཏེ། བདག་ཅག་གིས་ཁོང་གི་བཀའ་རྣམས་བརྩི་སྲུང་བྱས་པ་ཡིན་ན། ཁོང་ཉིད་དངོས་གནས་ངོ་ཤེས་པ་གསལ་ལོ།། 4གལ་ཏེ། མི་ཞིག་ན་རེ། ངས་ཁོང་ཉིད་ངོ་ཤེས་པ་ཡིན་ཞེས་སྨྲས་ཀྱང་ཁོང་གི་བཀའ་རྣམས་མི་བརྩི་ན། མི་དེ་ནི་རྫུན་སྨྲ་མཁན་ཡིན་ལ། བདེན་པ་ཉིད་ཀྱང་ཁོའི་སེམས་སུ་ཡོད་པ་མ་ཡིན། 5སུ་ཞིག་གིས་ཁོང་གི་བཀའ་བསྲུངས་ན། དཀོན་མཆོག་གི་བྱམས་པ་ནི་ཁོའི་སེམས་ནང་དུ་དངོས་གནས་ཕུལ་དུ་བྱུང་བ༌ཡིན། དོན་འདི་ལས་བདག་ཅག་གིས་རང་ཉིད་དཀོན་མཆོག་གི་ནང་དུ་གནས་པ་ཤེས་སོ།། 6མི་ཞིག་གིས་བདག་ནི་ཁོང་གི་ནང་དུ་གནས་པ་ཡིན་ཟེར༌ན། མི་དེས་སྐྱབས་མགོན་ཡེ་ཤུའི་སྤྱོད་ལམ་བཞིན་དུ་སྤྱོད་འོས༌སོ།། 7སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ངས་ཁྱོད་ཅག་ལ་འབྲི་བཞིན་པ་ནི་བཀའ་གསར་པ་ཞིག་མིན༌ཏེ། ཐོག་མ་ནས་ཁྱོད་ཅག་ལ་ཐོབ་པའི་བཀའ་རྙིང་བ་དེ་ཡིན་ལ། བཀའ་རྙིང་བ་དེ་ནི་ཁྱོད་ཅག་གིས་ཐོས་མྱོང་བའི་བཀའ་ཡིན་ནོ།། 8ཡང་གཅིག་བཤད༌ན། ངས་ཁྱོད་ཅག་ལ་འབྲི་བཞིན་པ་ནི་བཀའ་གསར་པ་ཞིག་ཡིན༌ལ། དེ་ནི་སྐྱབས་མགོན་ཡེ་ཤུ་དང་ཁྱོད་རྣམས་གང་གི་ཆ་ནས་ཀྱང་བདེན་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། མུན་ནག་རིམ་བཞིན་ཡལ་ཞིང་འོད་ཟེར་བདེན་པ་དེ་སྔར་ནས་འཕྲོ་བཞིན་ཡོད་པའི་ཕྱིར་རོ།། 9གལ་ཏེ། མི་ཞིག་གིས་རང་ཉིད་འོད་ཟེར་ནང་དུ་ཡོད་ཟེར་ནའང་། རང་གི་སྤུན་ཟླར་སྡང༌བ་ཡིན་ན། མི་དེ་ནི་སྔར་བཞིན་མུན་ནག་ནང་དུ་གནས་པ༌ཡིན་ནོ།། 10རང་གི་སྤུན་ཟླར་གཅེས་མཁན་ནི་འོད་ཟེར་ནང་དུ་གནས་ཤིང་། ཁོ་ནི་ས་རུ་འགྱེལ་བའི་རྒྱུ་རྐྱེན་མེད། 11འོན་ཀྱང་། རང་གི་སྤུན་ཟླར་སྡང་མཁན་ནི་མུན་ནག་ནང་དུ་གནས་ཤིང་། མུན་ནག་ནང་དུ་སྤྱོད་པ་དང༌། རང་ཉིད་གང་དུ་འགྲོ་བའང་མི་ཤེས་སོ།། ཅིའི་ཕྱིར་ཞེ་ན། མུན་ནག་གིས་ཁོའི་མིག་ཟུང་ལོང་བར་བྱས༌པས་སོ།། 12བུ་ཕྲུག༌རྣམས། ངས་ཁྱོད་ཅག་ལ་འཕྲིན་ཡིག་འབྲི་དོན་ནི། ཁྱོད་རྣམས་ཀྱི་སྡིག་པ་ནི་སྐྱབས་མགོན་ཡེ་ཤུའི་མཚན་ལ་བརྟེན་ནས་བསལ་བའི་ཕྱིར་རོ།། 13ཕ་ཡིན་པ་རྣམས། ངས་ཁྱོད་ཅག་ལ་འཕྲིན་ཡིག་འབྲི་དོན་ནི། ཁྱོད་རྣམས་ཀྱིས་ཐོག་མ་ཉིད་ནས་བཞུགས་པ་ཁོང་ཉིད་ངོ་ཤེས་པའི་ཕྱིར༌ཡིན། ན་གཞོན་རྣམས། ངས་ཁྱོད་ཅག་ལ་འཕྲིན་ཡིག་འབྲི་དོན་ནི། ཁྱོད་རྣམས་བདུད་ངན་དེ་ལས་རྣམ་པར་རྒྱལ་བའི་ཕྱིར་ཡིན། 14བུ་ཕྲུག༌རྣམས། ངས་ཁྱོད་ཅག་ལ་འཕྲིན་ཡིག་འབྲི་དོན་ནི། ཁྱོད་རྣམས་ཀྱིས་ཡབ་ངོ་ཤེས་པའི་ཕྱིར༌ཡིན། ཕ་ཡིན་པ་རྣམས། ངས་ཁྱོད་ཅག་ལ་འཕྲིན་ཡིག་འབྲི་དོན་ནི། ཁྱོད་རྣམས་ཀྱིས་ཐོག་མ་ཉིད་ནས་བཞུགས་པ་ཁོང་ཉིད་ངོ་ཤེས་པའི་ཕྱིར་ཡིན། ན་གཞོན་རྣམས། ངས་ཁྱོད་ཅག་ལ་འཕྲིན་ཡིག་འབྲི་དོན་ནི། ཁྱོད་རྣམས་ལ་སྟོབས་དང་ལྡན་ཞིང་དཀོན་མཆོག་གི་བཀའ་རྟག་ཏུ་ཁྱོད་ཅག་གི་སེམས་སུ་བཞུགས༌པ་དང༌། ཁྱོད་ཅག་བདུད་ངན་དེ་ལས་རྣམ་པར་རྒྱལ་བའི་ཕྱིར༌རོ།།

འཇིག་རྟེན་ལ་ཞེན་ཆགས་མི་རུང་བའི༌སྐོར།

15འཇིག་རྟེན་འདི་དང་འཇིག་རྟེན་གྱི་དངོས་པོ་ཀུན་ལ་ཞེན་ཆགས༌པར་མི་བྱའོ། །གལ་ཏེ། མི་སུ་ཞིག་འཇིག་རྟེན་ལ་ཞེན་ཆགས་པར་གྱུར་ན། མི་དེའི་སེམས་སུ་ཡབ་ལ་གཅེས་པའི་སེམས་ནི་ཡོད་པ་མ་ཡིན་ནོ།། 16ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་དོན་ཐམས་ཅད་དེ། ཤ་གཟུགས་ཀྱི་འདོད་ཆགས་དང་། མིག་གི་འདོད༌ཆགས། ཚེ་འདིའི་ང་རྒྱལ་བཅས་ནི་ཡབ་ནས་བྱུང་བ་མ་ཡིན་པར་འཇིག་རྟེན་ནས་བྱུང་བའི་ཕྱིར་རོ།། 17འཇིག་རྟེན་འདི་དང་འཇིག་རྟེན་གྱི་འདོད་ཆགས་ཐམས་ཅད་འཇིག་པར་འགྱུར༌མོད། འོན་ཀྱང་དཀོན་མཆོག་གི་ཐུགས་དགོངས་བཞིན་སྒྲུབ་མཁན་ནི་གཏན་དུ་གནས་པར་འགྱུར་རོ།།

སྐྱབས་མགོན་ཡེ་ཤུའི་བསྟན་དགྲ་ལ་དོགས་ཟོན་བྱེད་པ།

18བུ་ཕྲུག༌རྣམས། ད་ནི་མཐའ་མའི་དུས་སྐབས་ཡིན༌ལ། སྐྱབས་མགོན་མཱ་ཤི་ཀའི་བསྟན་དགྲ་ཡོང་ངེས་པ་ཁྱོད་ཅག་གིས་ཐོས་མྱོང་བ༌ལྟར། ད་ལྟ་སྐྱབས་མགོན་མཱ་ཤི་ཀའི་བསྟན་དགྲ་མང་པོ་ཡོང་ཡོད་པས། བདག་ཅག་གིས་ད་ལྟ་ནི་མཐའ་མའི་དུས་སྐབས་ཡིན་པ་ཤེས། 19དེ་དག་ནི་བདག་ཅག་གི་ཁྲོད་ནས་ཕྱི་རོལ་ཏུ་སོང་བ་ཡིན༌མོད། འོན་ཀྱང་བདག་ཅག་ལ་གཏོགས་པ་མ་ཡིན། དེ་རྣམས་བདག་ཅག་ལ་གཏོགས་པ་ཡིན་ན། སྔར་བཞིན་བདག་ཅག་དང་ལྷན་དུ་འགྲོག་ངེས༌མོད། འོན་ཀྱང་དེ་རྣམས་ཕྱི་རོལ་ཏུ་སོང་བས་བདག་ཅག་ལ་མི་གཏོགས་པ་གསལ་པོར་མངོན་ནོ།། 20ཁྱོད་ཅག་ནི་དམ་པ་ཉིད་ཀྱིས་བྱུགས་པའི་མི་རྣམས་ཡིན་ལ། ཁྱོད་ཅག་ཐམས་ཅད་ཀྱིས་ཀྱང་དོན་འདི་ཤེས་སོ།། 21བདག་གིས་ཁྱོད་རྣམས་ལ་འཕྲིན་ཡིག་འདི་འབྲི་དོན་ནི་ཁྱོད་ཅག་གིས་བདེན་པ་ཉིད་མི་ཤེས་པའི་རྐྱེན་གྱིས་མ་ཡིན༌པར། ཁྱོད་རྣམས་ཀྱིས་བདེན་པ་ཉིད་ཤེས་པར་མ་ཟད། བདེན་པ་ཉིད་ལས་རྫུན་མི་འབྱུང་བའང་ཤེས་པའི་ཕྱིར་ཡིན། 22རྫུན་སྨྲ་མཁན་ནི་སུ་ཡིན་ཞེ་ན། ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་པར་ཁས་མི་ལེན་པའི་མི་དེ་མ་ཡིན༌ནམ། དེའི་ཕྱིར། ཡབ་དང་སྲས་ཁོང་ཉིད་ཁས་མི་ལེན་པའི་མི་ནི་སྐྱབས་མགོན་མཱ་ཤི་ཀའི་བསྟན་དགྲ་ཡིན། 23སྲས་ཁོང་ཉིད་ཁས་མི་ལེན་པ་ལ་ཡབ་ནི༌མེད། སྲས་ཁོང་ཉིད་ཁས་ལེན་མཁན་ལ་ཡབ་ནི་ཡོད་པའོ།། 24ཁྱོད་ཅག་གི་སྐོར་གླེང་བ་ཡིན་ན། ཐོག་མ་ནས་ཐོས་པ་རྣམས་ཁྱོད་ཅག་གི་ནང་དུ་གནས་པར་གྱིས། གལ་ཏེ། ཐོག་མ་ནས་ཐོས་པ་དེ་རྣམས་ཁྱོད་ཅག་གི་ནང་དུ་གནས་པ་ཡིན་ན། ཁྱོད་ཅག་ནི་སྲས་ཁོང་ཉིད་ཀྱི་ནང་དུ་གནས་ཤིང་ཡབ་ཀྱི་ནང་དུའང་གནས༌པ་ཡིན། 25སྐྱབས་མགོན་ཡེ་ཤུས་བདག་ཅག་ལ་ཞལ་བཞེས་གནང་བ་ནི་མཐའ་མེད་པའི་ཚེ་སྲོག་དེ་ཉིད་ཡིན་ནོ།། 26བདག་གིས་ཁྱོད་ཅག་ལ་སྐད་ཆ་འདི་དག་འབྲི་དོན་ནི་ཁྱོད་ཅག་ལ་སླུ་བྲིད་གཏོང་མཁན་དེ་དག་ལ་དམིགས་ནས་སྨྲས་པའོ།། 27སྐྱབས་མགོན་ཡེ་ཤུ་ནས་ཐོབ་པའི་བྱུགས་པར་མཛད་པ་དེ་ཉིད་ཁྱོད་ཅག་གི་སེམས་སུ་བཞུགས་ཡོད་པས། མི་སུས་ཀྱང་ཁྱོད་ཅག་ལ་བསླབ་བྱ་གཏོང་དགོས་པ་མ་ཡིན༌ཏེ། ཁོང་ལས་ཐོབ་པའི་བྱུགས་པར་མཛད་པ་དེ་ཉིད་ཀྱིས་དོན་ཐམས་ཅད་ཀྱི་སྐོར་ནས་ཁྱོད་ཅག་ལ་བསླབ་བྱ་གནང་ངེས་ཤིང་། བྱུགས་པར་མཛད་པ་དེ་ཉིད་ནི་བདེན་པ་ཡིན་པ་ལས་རྫུན་མིན༌ལ། བྱུགས་པར་མཛད་པ་དེ་ཉིད་ཀྱིས་བསླབ་བྱ་གནང་བ་བཞིན། ཁྱོད་ཅག་ནི་ཁོང་གི་ནང་དུ་གནས་པར་བྱའོ།། 28བུ་ཕྲུག༌རྣམས། ཁྱོད་ཅག་ནི་སྐྱབས་མགོན་ཡེ་ཤུའི་ནང་དུ་གནས་པར་གྱིས། དེ་ལྟར་བྱས་ན། ཁོང་ཉིད་མངོན་པར་འགྱུར་བའི་དུས་སུ། བདག་ཅག་བག་ཕེབས་ཞུམ་མེད་ངང་སྡོད་ནུས་ལ། ཁོང་ཉིད་ཕེབས་ཡོང་བའི་དུས་སུ། ཁོང་གི་སྤྱན་དྲུང་དུ་བདག་ཅག་ངོ་གནོང་བར་མི་འགྱུར་རོ།། 29གལ་ཏེ། ཁྱོད་ཅག་གིས་ཁོང་ནི་དྲང་བདེན་ཡིན་པ་ཤེས༌ན། དྲང་བདེན་གྱིས་སྒྲུབ་མཁན་ཐམས་ཅད་ནི་ཁོང་ལས་སྐྱེས་པའང་ཤེས་སོ།།

༡ ཡོ་ཧ་ནན 3

དཀོན་མཆོག་གི་བུ་ཕྲུག་སྐོར།

1ལྟོས་དང་། ཡབ་ཀྱིས་བདག་ཅག་ལ་གནང་བའི་ཐུགས་བརྩེ་ནི་ཅི་འདྲ་ཆེ་ཨང༌། བདག་ཅག་ནི་དཀོན་མཆོག་གི་བུ་དང་བུ་མོར་འབོད༌ཅིང༌། བདག་ཅག་ནི་དངོས་གནས་ཁོང་གི་བུ་ཕྲུག་ཡིན་ནོ།། འཇིག་རྟེན་གྱི་མི་རྣམས་ཀྱིས་བདག་ཅག་ངོ་མི་ཤེས་པའི་རྒྱུ་མཚན་ནི། ཁོ་རྣམས་ཀྱིས་ཁོང་ཉིད་ངོ་མ་ཤེས་པའི་རྐྱེན་ཡིན། 2སྙིང་ནས་བརྩེ་བའི་སྤུན་ཟླ་རྣམས། ད་ལྟ་བདག་ཅག་ནི་དཀོན་མཆོག་གི་བུ་ཕྲུག་ཡིན༌ལ། མ་འོངས་པར་ཅི་འདྲ་ཡིན་པ་ད་དུང་གསལ་པོར་མ་མངོན་མོད། འོན་ཀྱང་སྐྱབས་མགོན་ཡེ་ཤུ་མངོན་སུམ་དུ་ཕེབས་པའི་དུས༌སུ། བདག་ཅག་གིས་ཁོང་ཉིད་ཇི་ལྟར་ཡིན་པ་དེ་ལྟར་མཐོང་བར་འགྱུར་བས། བདག་ཅག་ནི་ཁོང་དང་མཚུངས་པར་འགྱུར་བ་བདག་ཅག་གིས་ཤེས་སོ།། 3ཁོང་ལ་དེ་ལྟ་བུའི་རེ་སྨོན་བཅང་མཁན་ཐམས་ཅད་ཀྱིས་ཁོང་ཉིད་གཙང་མ་ཡིན་པ་བཞིན་རང་ཉིད་ཀྱང་གཙང་མར་བྱེད་པའོ།། 4སྡིག་པ་བྱས་དང་བྱེད་བཞིན་ཡོད་ན། དེ་ནི་བཀའ་ཁྲིམས་དང་འགལ་བ་ཡིན༌ལ། བཀའ་ཁྲིམས་དང་འགལ་བ་ཡིན་ན། དེ་ནི་སྡིག་པ་ཡིན་ནོ།། 5སྐྱབས་མགོན་ཡེ་ཤུ་མངོན་མྱོང་ཞིང་། དེ་ནི་མིའི་སྡིག་པ་བསལ་ཆེད་ཡིན་པ་ཁྱོད་ཅག་གིས་ཤེས་པ་ཡིན། སྐྱབས་མགོན་ཡེ་ཤུར་སྡིག་པ་ཅི་ཡང་མེད། 6སུ་ཞིག་ཁོང་གི་ནང་དུ་གནས་པ་ཡིན་ན། དེ་ཡིས་རྟག་ཏུ་སྡིག་པ་མི་བྱེད༌ལ། སུ་ཞིག་གིས་རྟག་ཏུ་སྡིག་པ་བྱེད་པ་ཡིན་ན། དེ་ཡིས་ཁོང་ཉིད་མཐོང་མ་མྱོང་ཞིང་ངོ་ཡང་མི་ཤེས༌སོ།། 7བུ་ཕྲུག༌རྣམས། མིའི་སླུ་བྲིད་ཀྱི་འོག་ཏུ་འཚུད༌པར་མི་བྱའོ།། དྲང་བདེན་གྱིས་ལས་བསྒྲུབས་ཤིང་སྒྲུབ་བཞིན་པ་ནི་དྲང་བདེན་ཅན་ཡིན་ཏེ། སྐྱབས་མགོན་ཡེ་ཤུ་དྲང་བདེན་ཡིན་པ་བཞིན་ནོ།། 8སྡིག་པ་བྱས་ཤིང་བྱེད་བཞིན་པ་ནི་བདུད་ཀྱི་ཁོངས་སུ་གཏོགས། ཅིའི་ཕྱིར་ཞེ་ན། བདུད་ཀྱིས་ཐོག་མ་ནས་སྡིག་པ་བྱས་ཤིང་བྱེད་བཞིན་པས་སོ། །དཀོན་མཆོག་གི་སྲས་མངོན་པར་གྱུར་པ་ནི། བདུད་ཀྱི་ལས་རྣམས་འཇོམས་པའི་ཕྱིར་ཡིན། 9སུ་ཞིག་དཀོན་མཆོག་ནས་སྐྱེས་པ་ཡིན་ན། དེ་ཡིས་རྟག་ཏུ་སྡིག་པ་མི་བྱེད། ཅིའི་ཕྱིར་ཞེ་ན། དཀོན་མཆོག་གི་ས་བོན་ནི་མི་དེའི་སེམས་སུ་བཞུགས་པས་སོ།། མི་དེ་ནི་དཀོན་མཆོག་ནས་སྐྱེས་པའི་རྐྱེན་གྱིས། དེ་ཡིས་རྟག་ཏུ་སྡིག་པ་བྱེད་མི་སྲིད། 10དེ་ལས་སུ་ཞིག་ནི་དཀོན་མཆོག་གི་བུ་ཕྲུག་ཡིན་པ་དང་། གང་ཞིག་ནི་བདུད་ཀྱི་བུ་ཕྲུག་ཡིན་པ་གསལ་པོར་མངོན་ཏེ། དྲང་བདེན་གྱི་ལས་མི་བྱེད་པ་ནི་དཀོན་མཆོག་ལ་མི་གཏོགས་ཤིང་། རང་གི་སྤུན་ཟླར་མི་གཅེས་པའང་དེ་བཞིན་ཡིན་ནོ།།

ཕན་ཚུན་ལ་བྱམས་ཤིང་གཅེས་པའི༌སྐོར།

11བདག་ཅག་གིས་ཕན་ཚུན་ལ་བྱམས་ཤིང་གཅེས་དགོས་སོ།། དེ་ནི་ཁྱོད་ཅག་གིས་ཐོག་མ་ནས་ཐོས་པའི་འཕྲིན་ཡིན། 12ཀཱ་ཡན་བཞིན་དུ་བྱ་མི་རུང་སྟེ། ཁོ་ནི་བདུད་ངན་དེ་ལ་གཏོགས་པས་རང་གི་གཅུང་པོ་བསད། གཅུང་པོ་བསད་པའི་རྒྱུ་མཚན་ཅི་ཞེ་ན། ཁོའི་སྤྱོད་ལམ་ངན་ཅིང་གཅུང་པོའི་སྤྱོད་ལམ་དྲང་བའི་ཕྱིར་ཡིན། 13སྤུན་ཟླ༌རྣམས། འཇིག་རྟེན་གྱི་མི་རྣམས་ཁྱོད་ཅག་ལ་སྡང་བ་ཡིན་ན། དེ་ནི་ཡ་མཚན་དུ་འདོད་པར་མི་བྱའོ།། 14བདག་ཅག་གིས་སྤུན་ཟླ་གཅེས་སུ་བཟུང་བའི་ཕྱིར། འཆི་བ་ནས་གསོན་པའི་ནང་དུ་ཞུགས་པ་ཤེས་ཞིང་། གཅེས་སེམས་མེད་ན་སྔར་བཞིན་འཆི་བའི་ནང་དུ་གནས་པ་ཡིན། 15རང་གི་སྤུན་ཟླར་སྡང་མཁན་ཐམས་ཅད་ནི་ལག་དམར༌ཡིན། ལག་དམར་རྣམས་ཀྱི་སེམས་ནང་དུ་མཐའ་མེད་པའི་ཚེ་སྲོག་མེད་པ་ཁྱོད་ཅག་གིས་ཤེས༌པའོ།། 16སྐྱབས་མགོན་ཡེ་ཤུས་བདག་ཅག་གི་ཆེད་དུ་རང་སྲོག་བློས་བཏང་བའི་དོན་དེ་ལས། བདག་ཅག་གིས་བྱམས་པ་ནི་ཅི་ཡིན་པ་ཤེས་པས། བདག་ཅག་གིས་ཀྱང་སྤུན་ཟླའི་ཆེད་དུ་རང་སྲོག་བློས་གཏོང་འོས་སོ།། 17སུ་ཞིག་ལ་འཇིག་རྟེན་གྱི་རྒྱུ་ནོར་ཡོད་ཅིང་སྤུན་ཟླའི་དགོས་མཁོ་མཐོང་ཡང་སྙིང་རྗེ་མི་སྐྱེས༌ན། དཀོན་མཆོག་གི་བྱམས་པ་ནི་ཁོའི་སེམས་ནང་དུ་ཅི་ལྟར་གནས༌སམ། 18བུ་ཕྲུག༌རྣམས། བདག་ཅག་གིས་ཕན་ཚུན་གཅེས་སུ་འཛིན་པ་ནི་ངག་ནས་སྨྲ་བ་ཙམ་མ་ཡིན་པར་བྱ་སྤྱོད་དང་གཞུང་དྲང་གི་ཐད་ནས་མཚོན༌དགོས་ལ། 19དོན་དེ་ལས་བདག་ཅག་ནི་བདེན་པ་ཉིད་ལ་གཏོགས་པ་ཡིན་པ་ཤེས་པར་འགྱུར་ཞིང་། བདག་ཅག་གི་སེམས་ནི་དཀོན་མཆོག་གི་སྤྱན་དྲུང་དུ་བདེ་བར་གནས་ཐུབ་ངེས། 20གལ་ཏེ། བདག་ཅག་གི་སེམས་ཀྱིས་བདག་ཅག་ལ་གཤེ་གཤེ་གཏོང་བ་ཡིན་ན། དཀོན་མཆོག་ནི་བདག་ཅག་གི་སེམས་ལས་ཀྱང་ཆེན་པོ་ཡིན་ལ། མི་མཁྱེན༌པའི་དོན་ཅི་ཡང་མེད་དོ།། 21སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། གལ་ཏེ། བདག་ཅག་གི་སེམས་ཀྱིས་བདག་ཅག་ལ་གཤེ་གཤེ་མི་གཏོང༌ན། བདག་ཅག་དཀོན་མཆོག་གི་དྲུང་དུ་བག་ཕེབས་ཞུམ་མེད་ངང་གནས་ཐུབ་པར་མ་ཟད། 22བདག་ཅག་གིས་ཁོང་གི་བཀའ་རྣམས་སྲུང་ཞིང་ཁོང་གི་སྤྱན་སྔར་ཐུགས་དགྱེས་པའི་དོན་རྣམས་སྒྲུབ་པ་ཡིན་པས། བདག་ཅག་གིས་གང་ཞིག་ཞུས་པ་ཁོང་ནས་འཐོབ་པར༌འགྱུར་རོ།། 23དཀོན་མཆོག་གི་བཀའ་ནི་བདག་ཅག་གིས་ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་དད་པ་བྱེད་པ༌དང༌། ཁོང་གིས་བདག་ཅག་ལ་གནང་བའི་བཀའ་བཞིན་དུ་ཕན་ཚུན་ལ་བྱམས་ཤིང་གཅེས་པར་བྱེད་པ་དེ་ཡིན། 24དཀོན་མཆོག་གི་བཀའ་རྣམས་བརྩི་སྲུང་བྱེད་མཁན་ནི་དཀོན་མཆོག་གི་ནང་དུ་གནས་ཤིང༌། དཀོན་མཆོག་ཀྱང་མི་དེའི་ནང་དུ་བཞུགས་པ་ཡིན། བདག་ཅག་ལ་གནང་བའི་དམ་པའི་ཐུགས་ཉིད་ལ་བརྟེན་ནས། བདག་ཅག་གིས་དཀོན་མཆོག་ནི་བདག་ཅག་གི་ནང་དུ་བཞུགས་པ་ཤེས་སོ།།

༡ ཡོ་ཧ་ནན 4

སེམས་ཉིད་ལ་ཚོད་བརྟག་བྱེད་པའི༌སྐོར།

1སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་གིས་སེམས་ཉིད་ཐམས་ཅད་ལ་ཡིད་ཆེས་པར་མི་བྱའོ།། སེམས་ཉིད་དེ་དག་ནི་དཀོན་མཆོག་ནས་བྱུང་མིན་ལ་ཚོད་བརྟག་བྱ་དགོས། རྒྱུ་མཚན་ནི་འཇིག་རྟེན་དུ་ལུང་སྟོན་པ་རྫུས་མ་མང་པོ་བྱུང་ཡོད་པས༌སོ།། 2སེམས་ཉིད་གང་ཞིག་གིས་ཡེ་ཤུ་མཱ་ཤི་ཀ་ནི་མི་ཡི་ཕུང་བོར༌གྱུར་ནས་ཕེབས་པར་ཁས་ལེན་ན། སེམས་ཉིད་དེ་ནི་དཀོན་མཆོག་ལས་བྱུང་བ་ཡིན། དེ་ལས་ཁྱོད་ཅག་གིས་དཀོན་མཆོག་གི་ཐུགས་ཉིད་ངོ་ཤེས་ཐུབ་པར༌འགྱུར་རོ།། 3སེམས་ཉིད་གང་ཞིག་གིས་སྐྱབས་མགོན་ཡེ་ཤུ་ཁས་མི་ལེན་ན། སེམས་ཉིད་དེ་ནི་དཀོན་མཆོག་ནས་བྱུང་བ་མ་ཡིན༌པར། སྐྱབས་མགོན་མཱ་ཤི་ཀ་དགྲ་རུ་འཛིན་པའི་བསྟན་དགྲའི་སེམས་ཉིད་ཡིན། ཁྱོད་ཅག་གིས་སྔར་ནས་བསྟན་དགྲ་དེ་ཡོང་ངེས་པ་ཐོས་ཤིང་། ད་ལྟ་འཇིག་རྟེན་དུ་ཡོང་ཟིན་ནོ།། 4བུ་ཕྲུག༌རྣམས། ཁྱོད་ཅག་ནི་དཀོན་མཆོག་ལ་གཏོགས་ཤིང་བསྟན་དགྲ་དེ་དག་ལས་རྣམ་པར་རྒྱལ་ལོ།། ཅིའི་ཕྱིར་ཞེ་ན། ཁྱོད་ཅག་གི་ནང་དུ་བཞུགས་པ་དེ་ཉིད་ནི་འཇིག་རྟེན་དུ་ཡོད་པ་དེ་ལས་ཀྱང་ཆེན་པོ་ཡིན་ནོ།། 5དེ་དག་ནི་འཇིག་རྟེན་ལ་གཏོགས་པས་འཇིག་རྟེན་གྱི་དོན་འཆད་པ་དང་། འཇིག་རྟེན་གྱི་མི་རྣམས་ཀྱིས་ཀྱང་དེ་དག་གི་ངག་ལ་ཉན་པ་ཡིན། 6ངེད་ཅག་ནི་དཀོན་མཆོག་ལ་གཏོགས་པས་དཀོན་མཆོག་ངོ་ཤེས་པ་དག་གིས་ངེད་ཅག་གི་ངག་ལ་ཉན་པ༌དང༌། དཀོན་མཆོག་ལ་མི་གཏོགས་པ་རྣམས་ཀྱིས་ངེད་ཅག་གི་ངག་ལ་མི་ཉན་ནོ།། དེ་ལས་བདག་ཅག་གིས་གང་ཞིག་བདེན་པ་ཉིད་ཀྱི་སེམས་ཉིད་དང་གང་ཞིག་རྫུན་གྱི་སེམས་ཉིད་ཡིན་པ་ཤེས་ནུས་སོ།།

དཀོན་མཆོག་གི་བྱམས་པ་དང་བདག་ཅག་གི་གཅེས་སེམས་སྐོར།

7སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། བདག་ཅག་གིས་ཕན་ཚུན་ལ་བྱམས་ཤིང་གཅེས་འོས་སོ།། ཅིའི་ཕྱིར་ཞེ་ན། བྱམས་པ་ནི་དཀོན་མཆོག་ནས་བྱུང་བས༌སོ། །གཅེས་སེམས་ཡོད་པ་ཐམས་ཅད་ནི་དཀོན་མཆོག་ནས་སྐྱེས་ཤིང་དཀོན་མཆོག་ངོ་ཤེས་པ་ཡིན། 8གཅེས་སེམས་མེད་པ་དེས་དཀོན་མཆོག་ངོ་མི་ཤེས་སོ།། ཅིའི་ཕྱིར་ཞེ་ན། དཀོན་མཆོག་ནི་བྱམས་པ་ཡིན་པའི་ཕྱིར་རོ།། 9དཀོན་མཆོག་གིས་རང་ཉིད་ཀྱི་སྲས་གཅིག་པུ་འཇིག་རྟེན་དུ་མངགས་ཤིང་། དེ་ནི་བདག་ཅག་ཁོང་ལ་བརྟེན་ནས་གསོན་པོར་གནས་པའི་ཕྱིར་ཡིན་ལ། དེ་ལས་དཀོན་མཆོག་གི་བྱམས་པ་བདག་ཅག་ལ་མངོན༌པ་ཡིན། 10བདག་ཅག་གིས་དཀོན་མཆོག་ལ་གཅེས་པ་མ་ཡིན་པར་ཁོང་གིས་བདག་ཅག་ལ་བྱམས་པ་ཡིན༌ཏེ། ཁོང་གིས་རང་ཉིད་ཀྱི་སྲས་མངགས་ནས་བདག་ཅག་གི་སྡིག་པའི་ཉེས་ཆད་བསལ་བའི་མཆོད་རྫས་སུ་མཛད་ཅིང་། དེ་ནི་དཀོན་མཆོག་གི་བྱམས་པ་ཡིན། 11སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། དཀོན་མཆོག་གིས་བདག་ཅག་ལ་འདི་ལྟར་བྱམས་པས། བདག་ཅག་གིས་ཀྱང་ཕན་ཚུན་ལ་བྱམས་ཤིང་གཅེས་འོས་སོ།། 12སུ་ཞིག་གིས་ཀྱང་དཀོན་མཆོག་མཐོང་མ་མྱོང༌མོད། འོན་ཀྱང་བདག་ཅག་གིས་ཕན་ཚུན་ལ་བྱམས་ཤིང་གཅེས༌པ་ཡིན་ན། དཀོན་མཆོག་བདག་ཅག་གི་ནང་དུ་བཞུགས་ཡོད་ལ། ཁོང་གི་བྱམས་པ་ནི་བདག་ཅག་གི་ནང་དུ་ཆ་ཡོངས་སུ་ཚང་བའོ།། 13དཀོན་མཆོག་གིས་ཁོང་གི་ཐུགས་ཉིད་བདག་ཅག་ལ་གནང༌བས། བདག་ཅག་དཀོན་མཆོག་གི་ནང་དུ་གནས་པ་དང་། ཁོང་ཉིད་ཀྱང་བདག་ཅག་གི་ནང་དུ་བཞུགས་པ་བདག་ཅག་གིས་ཤེས༌སོ།། 14ཡབ་ཀྱིས་ཁོང་གི་སྲས་འཇིག་རྟེན་གྱི་སྐྱབས་མགོན་དུ་མངགས༌པ་ནི། ངེད་ཅག་གིས་དངོས་སུ་མཐོང་ཞིང་བདེན་དཔང་ཡང་བྱེད་པ་ཡིན། 15སུ་ཞིག་གིས་སྐྱབས་མགོན་ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན་པར་ཁས་ལེན༌ན། དཀོན་མཆོག་མི་དེའི་ནང་དུ་བཞུགས་ཤིང་། མི་དེ་ཡང་དཀོན་མཆོག་གི་ནང་དུ་གནས་སོ།། 16དཀོན་མཆོག་གིས་བདག་ཅག་ལ་བྱམས་པ་ནི་བདག་ཅག་གིས་ཤེས་ཤིང་ཡིད་ཆེས་ཀྱང་བྱེད༌པ་དང་། དཀོན་མཆོག་ནི་བྱམས་པ་ཡིན། སུ་ཞིག་བྱམས་པའི་ནང་དུ་གནས་པ་ཡིན་ན། དཀོན་མཆོག་གི་ནང་དུའང་གནས་པ་ཡིན༌ལ། དཀོན་མཆོག་ཀྱང་མི་དེའི་ནང་དུ་བཞུགས༌པ་ཡིན། 17དེ་ལྟར་བྱམས་པ་ནི་བདག་ཅག་གི་ནང་དུ་ཆ་ཡོངས་སུ་ཚང་བ་ཡིན་པས། མ་འོངས་པའི་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་ཉིན་ལ་བདག་ཅག་བག་ཕེབས་ཞུམ་མེད་ངང་སྡོད་ནུས་སོ།། ཅིའི་ཕྱིར་ཞེ་ན། ཁོང་ནི་ཅི་ལྟར་ཡིན་པ་བཞིན་བདག་ཅག་ཀྱང་འཇིག་རྟེན་འདིར་དེ་ལྟར་ཡིན་པའི་ཕྱིར་རོ།། 18བྱམས་པའི་ནང་དུ་འཇིགས་པ་མེད་ལ། བྱམས་པ་ནི་ཆ་ཡོངས་སུ་ཚང་བས། འཇིགས་པ་ཐམས་ཅད་བསལ་བ་ཡིན། འཇིགས་པ་ནི་ཉེས་ཆད་དང་འབྲེལ་བ་ཡོད་པས། འཇིགས་པ་ཡོད་པའི་མི་ནི་བྱམས་པའི་ནང་དུ་ཆ་ཡོངས་སུ་ཚང་བ་མ་ཡིན་ནོ།། 19བདག་ཅག་གིས་བྱམས་ཤིང་གཅེས་པ་སྟེ། རྒྱུ་མཚན་ནི་ཐོག་མར་དཀོན་མཆོག་གིས་བདག་ཅག་ལ་བྱམས་པའི་ཕྱིར་རོ།། 20གལ་ཏེ། མི་ཞིག་ན་རེ། བདག་གིས་དཀོན་མཆོག་ལ་གཅེས་ཞེས་སྨྲ་ཡང་། རང་གི་སྤུན་ཟླར་སྡང་བ་ཡིན་ན། མི་དེ་ནི་རྫུན་སྨྲ་མཁན་ཡིན། རྒྱུ་མཚན་ནི་མིག་གིས་མཐོང་བའི་སྤུན་ཟླར་གཅེས༌པ་མིན་ན། མཐོང་མ་མྱོང་བའི་དཀོན་མཆོག་ལའང་གཅེས་མི་སྲིད། 21དཀོན་མཆོག་ལ་གཅེས་པ་ཡིན་ན། སྤུན་ཟླ་ལའང་གཅེས་དགོས་སོ།། འདི་ནི་དཀོན་མཆོག་ནས་བདག་ཅག་ལ་ཐོབ་པའི་བཀའ་ཡིན༌ནོ།།

༡ ཡོ་ཧ་ནན 5

དཀོན་མཆོག་གི་སྲས་ལ་དད་པའི༌སྐོར།

1ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་པར་དད་པ་བྱེད་མཁན་ཐམས་ཅད་དཀོན་མཆོག་ནས་སྐྱེས་པ་དང་། རང་ཉིད་སྐྱེས་ཡུལ་གྱི་དཀོན་མཆོག་ལ་གཅེས་མཁན་ཐམས་ཅད་ཀྱིས་དཀོན་མཆོག་ནས་སྐྱེས་པ་གཞན་ལའང་གཅེས་པའོ།། 2བདག་ཅག་གིས་དཀོན་མཆོག་ལ་གཅེས་ཤིང་ཁོང་གི་བཀའ་རྣམས་ཀྱང་སྲུང༌བ་ཡིན་ན། དེ་ལས་བདག་ཅག་གིས་དཀོན་མཆོག་གི་བུ་ཕྲུག་ལ་བྱམས་ཤིང་གཅེས་པའང་ཤེས། 3བདག་ཅག་གིས་དཀོན་མཆོག་གི་བཀའ་རྣམས་སྲུང་བ་ནི་ཁོང་ལ་གཅེས་པ་ཡིན༌ལ། ཁོང་གི་བཀའ་རྣམས་ནི་སྲུང་དཀའ་བ་ཞིག་མིན། 4རྒྱུ་མཚན་ནི་དཀོན་མཆོག་ནས་སྐྱེས་པ་ཐམས་ཅད་འཇིག་རྟེན་ལས་རྣམ་པར་རྒྱལ༌བ་ཡིན་པས་སོ།། བདག་ཅག་འཇིག་རྟེན་ལས་རྒྱལ་བའི་རྒྱུ་ནི་བདག་ཅག་གི་དད་པ་དེ་ཡིན། 5འཇིག་རྟེན་ལས་རྣམ་པར་རྒྱལ་མཁན་ནི་སུ་ཡིན་ཞེ་ན། སྐྱབས་མགོན་ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན་པར་དད་པ་བྱེད་མཁན་རྣམས་ཡིན་ནོ།། 6ཆུ་དང་ཁྲག་ལ་བརྟེན་ནས་བྱོན་པ་དེ་ཉིད་ནི་ཡེ་ཤུ་མཱ་ཤི་ཀ་ཡིན། དེ་ནི་ཆུ་ཁོ་ནར་བརྟེན་པ་མ་ཡིན་པར། ཆུ་དང་ཁྲག་གཉིས་ལ་བརྟེན་པ༌དང༌། དམ་པའི་ཐུགས་ཉིད་ཀྱིས་དོན་དེར་བདེན་དཔང་མཛད་པའོ།། ཅིའི་ཕྱིར་ཞེ་ན། དམ་པའི་ཐུགས་ཉིད་ནི་བདེན་པ་ཉིད་ཡིན་པའི་ཕྱིར་རོ།། 7ཡང་དོན་དེར་བདེན་དཔང་གསུམ་ཡོད༌དེ། 8དམ་པའི་ཐུགས་ཉིད་དང༌། ཆུ། ཁྲག་བཅས་ཡིན༌ལ། དེ་གསུམ་ནི་ཕན་ཚུན་འགལ་བ་མིན་ནོ།། 9བདག་ཅག་གིས་མིའི་བདེན་དཔང་དང་དུ་ལེན་པ་ཡིན་ན། དཀོན་མཆོག་གི་བདེན་དཔང་དེ་བས་ཀྱང་དང་དུ་ལེན་འོས་སོ།། རྒྱུ་མཚན་ནི་དཀོན་མཆོག་གི་བདེན་དཔང་ནི་རང་ཉིད་ཀྱི་སྲས་ལ་མཛད་པའི་ཕྱིར༌རོ།། 10དཀོན་མཆོག་གི་སྲས་ལ་དད་པ་བྱེད་མཁན་གྱི་སེམས་སུ་བདེན་དཔང་འདི་ཉིད་ཡོད་ལ། དཀོན་མཆོག་ལ་དད་པ་མི་བྱེད་པའི་སེམས་སུ་དཀོན་མཆོག་ནི་ཞལ་རྫུན་གསུང་མཁན་དུ་བརྩིས་པའོ།། ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་རང་ཉིད་ཀྱི་སྲས་ལ་མཛད་པའི་བདེན་དཔང་དེ་ཁས་མ་བླངས་པའི་ཕྱིར་རོ།། 11བདེན་དཔང་ནི་འདི་ལྟ་སྟེ། དཀོན་མཆོག་གིས་བདག་ཅག་ལ་མཐའ་མེད་པའི་ཚེ་སྲོག་གནང་བ༌ཡིན་ལ། མཐའ་མེད་པའི་ཚེ་སྲོག་འདི་ཡང་ཁོང་གི་སྲས་ཀྱི་ནང་དུ་བཞུགས་པ་ཡིན། 12མི་སུ་ལའང་དཀོན་མཆོག་གི་སྲས་ཡོད་པ་ཡིན་ན་མཐའ་མེད་པའི་ཚེ་སྲོག་དེ་ཉིད་ཡོད་པ་ཡིན་ལ། དཀོན་མཆོག་གི་སྲས་མེད་པ་ཡིན་ན་མཐའ་མེད་པའི་ཚེ་སྲོག་དེ་ཡང་ཡོད་པ་མ་ཡིན་ནོ།།

མཇུག་མཐའི་གདམས༌པ།

13བདག་གིས་དཀོན་མཆོག་གི་སྲས་ཀྱི་མཚན་ལ་དད་པ་བྱེད་མཁན་ཁྱོད་རྣམས་ལ་དོན་འདི་དག་འབྲི་དོན༌ནི། ཁྱོད་རྣམས་ཀྱིས་རང་ཉིད་ལ་མཐའ་མེད་པའི་ཚེ་སྲོག་ཡོད་པ་ཤེས་པའི་ཆེད་དུ༌ཡིན་ནོ།། 14བདག་ཅག་གིས་ཁོང་གི་ཐུགས་དགོངས་ལྟར་ཅི་ཞིག་ཞུས་པ་ཡིན་ན། ཁོང་གིས་བདག་ཅག་གི་ཞུ་བ་ལ་གསན་པ་ཡིན༌ཏེ། འདི་ནི་བདག་ཅག་གིས་ཁོང་ལ་བཅངས་པའི་བག་ཕེབས་ཞུམ་མེད་ཀྱི་སེམས་ཡིན། 15བདག་ཅག་གིས་ཁོང་ལ་ཅི་ཞིག་ཞུས་པ་ཁོང་གིས་གསན་ངེས་པ་ཤེས༌ན། ཁོང་ལ་ཞུས་པ་རྣམས་མི་ཐོབ་པ་ཅི་ཡང་མེད་པའང་བདག་ཅག་གིས་ཤེས༌སོ།། 16གལ་ཏེ། སུ་ཞིག་གིས་རང་གི་སྤུན་ཟླས་འཆི་ལམ་དུ་མི་འཇུག་པའི་སྡིག་པ་བྱས་པ་མཐོང༌ཚེ། ཁོའི་དོན་དུ་གསོལ་བ་འདེབས་དགོས༌ཤིང༌། དཀོན་མཆོག་གིས་དེ་ལ་ཚེ་སྲོག་གནང་ངེས༌སོ།། འཆི་ལམ་དུ་འཇུག་པའི་སྡིག་པ་ཡོད་པ་ལ། དེའི་དོན་དུ་གསོལ་བ་འདེབས་དགོས་ཞེས་བདག་གིས་སྨྲས་པ་མ་ཡིན། 17དྲང་བདེན་མིན་པའི་ལས་ཐམས་ཅད་ནི་སྡིག་པ་ཡིན༌ལ། འཆི་ལམ་དུ་མི་འཇུག་པའི་སྡིག་པའང་ཡོད༌དོ།། 18སུ་ཞིག་དཀོན་མཆོག་ནས་སྐྱེས་པ་ཡིན་ན། དེ་ཡིས་རྟག་ཏུ་སྡིག་པ་མི་བྱེད་པ་ནི་བདག་ཅག་གིས་ཤེས་ལ། དཀོན་མཆོག་ནས་འཁྲུངས་པ་ཁོང་གིས་མི་དེ་བསྲུང་ངེས་ཤིང༌། བདུད་ངན་ཀྱིས་མི་དེ་ལ་གནོད་འཚེ་བྱ་མི་ནུས་སོ།། 19བདག་ཅག་ནི་དཀོན་མཆོག་ལ་གཏོགས་ཤིང༌། འཇིག་རྟེན་ཡོངས་རྫོགས་བདུད་ངན་གྱི་དབང་འོག་ཏུ་ཡོད་པ་བདག་ཅག་གིས་ཤེས༌པ་ཡིན། 20དཀོན་མཆོག་གི་སྲས་ཕེབས་ཟིན་ཅིང་། བདེན་པའི་དཀོན་མཆོག་ཉིད་ཤེས་པའི་ཕྱིར། བདག་ཅག་ལ་ཤེས་རབ་གནང་བའང་བདག་ཅག་གིས་ཤེས༌པ་དང་། བདག་ཅག་ནི་བདེན་པའི་དཀོན་མཆོག་ཉིད་ཀྱི་ནང་དུ་གནས་ཤིང་། ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀའི་ནང་དུའང་གནས༌པ་ཡིན། ཁོང་ནི་དཀོན་མཆོག་བདེན་པ་དང་མཐའ་མེད་པའི་ཚེ་སྲོག་ཀྱང་ཡིན༌ནོ།། 21བུ་ཕྲུག༌རྣམས། ཁྱོད་ཅག་གིས་རང་ཉིད་སྲུང་ཞིང་སྐུ་འདྲ་དང་རིང་དུ་གྱེས་པར་བྱའོ།།།།

༢ ཡོ་ཧ་ནན 1

བྱམས་པའི་སྙིང་པོ།

1དེ་ཡང་དཀོན་མཆོག་གིས་བདམས་པའི་བུད་མེད་དང་ཁོ་མོའི་བུ་ཕྲུག་རྣམས་ལ་ཆོས་ཚོགས་ཀྱི་རྒན་པོ་བདག་གིས་འཕྲིན་ཡིག་འདི་སྤྲིངས་པ་སྟེ། བདག་གིས་ཁྱོད་རྣམས་དངོས་གནས་གཅེས་སུ་འཛིན་པ་དང་། བདེན་པ་ཉིད་རྟོགས་མཁན་ཐམས་ཅད་ཀྱིས་ཀྱང་ཁྱོད་རྣམས་གཅེས་སུ་འཛིན་ནོ།། 2ཁྱོད་རྣམས་གཅེས་སུ་འཛིན་པ་ནི་བདེན་པ་ཉིད་ཀྱི་ཕྱིར་ཡིན༌ལ། བདེན་པ་ཉིད་ནི་བདག་ཅག་གི་ནང་དུ་གནས་ཤིང་། རྟག་ཏུ་བདག་ཅག་དང་ལྷན་དུ་བཞུགས་སོ།། 3ཡབ་དཀོན་མཆོག་དང་ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀ་ལས་བྱམས་དང་སྙིང༌རྗེ། ཞི་བདེ་བཅས་འབྱུང་ཞིང་། བདེན་པ་དང་གཅེས་སེམས་ཀྱི་ངང་ནས་བདག་ཅག་དང་ལྷན་དུ་གནས་པར༌ངེས་སོ།། 4ཁྱོད་ཀྱི་བུ་ཕྲུག་འགའ་ཞིག་གིས་བདེན་པ་ཉིད་ཀྱི་ནང་དུ་སྤྱོད་བཞིན་ཡོད་པ་བདག་གིས་ཤེས་པར་གྱུར་པས་ང་ནི་ཤིན་ཏུ༌དགའ་བྱུང་ངོ་༎ དེ་ནི་ཡབ་ཀྱིས་བདག་ཅག་ལ་གནང་བའི་བཀའ་བཞིན་ཡིན། 5བུད་མེད༌ཀྱེ། བདག་གིས་ད་ལྟ་ཁྱོད་ལ་བསྐུལ་བར་བྱ༌སྟེ། བདག་ཅག་གིས་ཕན་ཚུན་ལ་བྱམས་ཤིང་གཅེས་སུ་འཛིན་འོས་སོ།། འདི་ནི་བདག་གིས་ཁྱོད་ལ་བཀའ་གསར་པ་ཞིག་འབྲི་བ་མ་ཡིན་པར། ཐོག་མ་ནས་བདག་ཅག་ལ་ཐོབ་པའི་བཀའ་ཡིན། 6དཀོན་མཆོག་གི་བཀའ་རྣམས་བཞིན་དུ་སྤྱོད་པ་ཡིན་ན། དེ་ནི་བྱམས་པ་ཡིན། ཁྱོད་རྣམས་ཀྱིས་ཐོག་མ་ནས་ཐོས་ཤིང་དེ་བཞིན་དུ་སྤྱོད་དགོས་པ་དེ་ནི་བཀའ་འདི་ཡིན༌ནོ།། 7ཅིའི་ཕྱིར་ཞེ་ན། འཇིག་རྟེན་འདིར་མི་ལ་སླུ་བྲིད་བྱེད་མཁན་མང་པོ་བྱུང༌བ་དང་། དེ་དག་གིས་ཡེ་ཤུ་མཱ་ཤི་ཀ་ནི་མི་ཡི་ཕུང་བོར༌གྱུར་པ་ཁས་མི་ལེན་པའི་ཕྱིར་རོ།། དེ་དག་ནི་མི་ལ་སླུ་བྲིད་བྱེད་མཁན་དང་སྐྱབས་མགོན་མཱ་ཤི་ཀའི་བསྟན་དགྲ་ཡིན། 8ངེད་ཅག་གིས་བསྒྲུབས་པའི་དོན་རྣམས་མེད་པར་མི་འགྱུར་བ་དང་ཁྱོད་ཅག་ལ་བྱ་དགའ་ཚང་མ་འཐོབ་པའི་ཕྱིར་ཁྱོད་རྣམས་ཀྱིས་གཟབ་པར་གྱིས། 9སུ་ཞིག་སྐྱབས་མགོན་མཱ་ཤི་ཀའི་གསུངས་པའི་ཆོས་དང་རིང་དུ་གྱེས་ཤིང་། དེའི་ནང་དུ་མི་གནས་པ་ནི་དཀོན་མཆོག་དང་འབྲེལ་བ་མེད། ཁོང་གི་གསུངས་པའི་ཆོས་ཀྱི་ནང་དུ་གནས་པ་ནི་དཀོན་མཆོག་ཡབ་སྲས་གཉིས་ལ་འབྲེལ་བ་མཆིས། 10གལ་ཏེ། མི་སུ་ཞིག་ཁྱོད་ཅག་གི་གམ་དུ་ཡོང་བ་དང་གསུངས་པའི་ཆོས་དེ་དག་མི་སྟོན་ན། མི་དེ་རང་གི་ཁྱིམ་དུ་མི་བསུ་ཞིང་འཚམས་འདྲིའང་ཞུ་བར་མི་བྱའོ།། 11རྒྱུ་མཚན་ནི་མི་དེ་ལྟ་བུར་འཚམས་འདྲི་ཞུས་པ་ཡིན་ན། འཚམས་འདྲི་ཞུ་མཁན་ནི་མི་དེའི་ལས་ངན་པ་དང་འབྲེལ་བ་ཡོད་པའི་ཕྱིར་རོ།། 12བདག་ལ་ད་དུང་ཁྱོད་ཅག་ལ་འབྲི་བྱའི་དོན་མང་ཡང་། ཤོག་སྣག་ལ་བརྟེན་ནས་འབྲི་མི་འདོད་དེ། བདག་ཅག་གི་སེམས་སུ་དགའ་སྤྲོས་ཁེངས་པའི་ཕྱིར། ཁྱོད་ཅག་གི་གམ་དུ་ཡོང་སྟེ་གདོང་ཐུག་ནས་གླེང་མོལ་བྱེད་པར་རེ་བ་བཅངས་སོ།། 13དཀོན་མཆོག་གིས་བདམས་པའི་ཁྱོད་ཀྱི་གཅུང་མོའི་བུ་ཕྲུག་རྣམས་ཀྱིས་ཁྱོད་ལ་འཚམས་འདྲི༌ཞུའོ།།།།

༣ ཡོ་ཧ་ནན 1

བདེན་པ་ཉིད་བཞིན་སྤྱད་པ་སྤྱོད་པ།

1དེ་ཡང་ཆོས་ཚོགས་ཀྱི་རྒན་པོ་བདག་གིས་སྙིང་ནས་བརྩེ་ཞིང་གཅེས་པར་བྱེད་པའི་ཀེ་ཡུ་ལ་འཕྲིན་ཡིག་འདི་སྤྲིངས་པའོ།། 2སྙིང་ནས་བརྩེ་བའི་སྤུན་ཟླ༌ལགས། ཁྱོད་ཀྱི་སེམས་ཁམས་བདེ་བ་བཞིན་དུ། ཁྱོད་ཀྱི་ལས་དོན་འགྲུབ་ཅིང་ལུས་ཁམས་ཀྱང་བདེ་བར༌སྨོན། 3དེ་སྔར་སྤུན་ཟླ་འགའ་ཞིག་ཡོང་ནས་ཁྱོད་ཀྱི་སེམས་སུ་བདེན་པ་ཉིད་ཡོད་པར་བདེན་དཔང་བྱས་ཤིང་། དེ་ནི་ཁྱོད་ཀྱིས་བདེན་པ་ཉིད་ལ་སྤྱོད་བཞིན་ཡོད་པས། ང་ནི་ཤིན་ཏུ་དགའ་བར་གྱུར་ཏོ།། 4ངའི་བུ་ཕྲུག་རྣམས་ཀྱིས་བདེན་པ་ཉིད་ཀྱི་ནང་དུ་སྤྱོད་པ་བདག་གིས་ཐོས་ཤིང་། བདག་ལ་འདི་ལས་ལྷག་པའི་དགའ་སྤྲོ་ནི་མེད་དོ།། 5སྙིང་ནས་བརྩེ་བའི་སྤུན་ཟླ༌ལགས། སྤུན་ཟླ་མགྲོན་པོ་རྣམས་ནི་རྒྱུས་མེད་ཡིན་ཡང་ཁྱོད་ཀྱིས་དེ་རྣམས་ལ་ལས་གང་ཞིག་བྱས་པ་ནི་བློ་སེམས་དཀར་བ་ཡིན་ནོ།། 6དེ་རྣམས་ཀྱིས་ཆོས་ཚོགས་ཀྱི་མདུན་དུ་ཁྱོད་ཀྱི་བྱམས་པ་ལ་བདེན་དཔང་བྱས༌ཤིང༌། ད་ལྟ་ཁྱོད་ཀྱིས་དཀོན་མཆོག་གི་སྤྱན་སྔར་ཅི་ཞིག་བྱ་འོས་པ་བཞིན་དུ། ཁོ་རྣམས་ལ་རོགས་རམ་བྱས་ནས་མདུན་དུ་བསྐྱོད་ན་ལེགས་སོ།། 7ཅིའི་ཕྱིར་ཞེ་ན། ཁོ་རྣམས་ནི་ཁོང་གི་མཚན་གྱི་ཆེད་དུ་ཕྱིར་སོང་བ་ཡིན་ལ། ཕྱི་ཕྱོགས་པ་རྣམས་ལས་ཅི་ཡང་མ་བླངས་པའི་ཕྱིར་ཡིན། 8དེའི་ཕྱིར། བདག་ཅག་ཀྱང་བདེན་པ་ཉིད་ཀྱི་ལས་གྲོགས་སུ་འགྱུར་བའི་ཕྱིར། མི་འདི་ལྟ་བུ་རྣམས་ལ་བསུ་བ་བྱེད་དགོས༌སོ།། 9སྔོན་ཆད་བདག་གིས་ཆོས་ཚོགས་ལ་འཕྲིན་ཡིག་གཞན་ཞིག་སྤྲིངས་མྱོང༌མོད། འོན་ཀྱང་ཆོས་ཚོགས་ནང་དུ་མགོ་འཛིན་བྱེད་པར་དགའ་མཁན་ཏི་ཏྲེ་ཕེ་ཡིས་ངེད་ཅག་ཁས་མ་བླངས་སོ།། 10དེའི༌ཕྱིར། ང་རང་གནས་དེར་ཡོང་བ་ཡིན་ན། ཁོས་ཅི་ཞིག་བྱེད་བཞིན་པ་ཀུན་ལ་ཁྱབ་སྒྲོག་བྱེད་ངེས་ཡིན་ཏེ། ཁོས་ངེད་ཅག་ལ་གཏམ་ངན་སྨྲས་ནས་སྙོན་འཛུགས༌པར་ཡིད་མི་ཚིམ་པར་མ་ཟད། ཁོས་སྤུན་ཟླར་སྣེ་ལེན་བྱེད་པ་ལྟ་ཅི། སྣེ་ལེན་བྱེད་འདོད་མཁན་གཞན་ལ་བཀག་འགོག་བྱས་ཏེ། སྣེ་ལེན་བྱེད་མཁན་དེའང་ཆོས་ཚོགས་ལས་ཕྱིར་སྐྲོད༌པར་བྱེད་དོ།། 11སྙིང་ནས་བརྩེ་བའི་སྤུན་ཟླ༌ལགས། ལས་ངན་པ་དཔེ་རུ་མི་གཟུང་ལ། ལས་བཟང་པོ་དཔེ་རུ་ལེན་པར་བྱའོ།། ལས་བཟང་པོ་བྱེད་མཁན་ནི་དཀོན་མཆོག་ལ་གཏོགས་ཤིང་། ལས་ངན་པ་བྱེད་མཁན་ནི་དཀོན་མཆོག་མཇལ་མྱོང་བ་མེད། 12སྔོན་ཆད་ཏི་མེ་ཏྲེ་ལ་མི་ཐམས་ཅད་ཀྱིས་བདེན་དཔང་བྱས་ཤིང་། བདེན་པ་ཉིད་ཀྱིས་ཀྱང་བདེན་དཔང་བྱས་པ༌དང༌། ངེད་ཅག་གིས་ཀྱང་བདེན་དཔང་བྱེད་དེ། ཁྱོད་ཀྱིས་ཀྱང་ངེད་ཅག་གི་བདེན་དཔང་ནི་བདེན་པ་ཡིན་པར་ཤེས་སོ།། 13བདག་ལ་ད་དུང་ཁྱོད་ལ་འབྲི་བྱ་མང་པོ་ཡོད༌ནའང་། སྨྱུག་གུ་དང་སྣག་ཚ་ལ་བརྟེན་ནས་ཡིག་ཐོག་ཏུ་འགོད་མི་འདོད༌དེ། 14མི་འགྱངས་པར་ཁྱོད་དང་ཕྲད་ཅིང་གདོང་ཐུག་ནས་གླེང་མོལ་བྱ་ཐུབ་པར་རེ་བ་བྱེད་དོ།། 15མཇུག་མཐར་ཁྱོད་ལ་ཞི་བདེ་འཐོབ་པར་ཤོག གྲོགས་པོ་རྣམས་ཀྱིས་ཀྱང་ཁྱོད་ལ་འཚམས་འདྲི༌ཞུའོ།། ཁྱོད་ཀྱིས་བདག་གི་ཚབ་ཏུ་གྲོགས་པོ་རེ་རེའི་མིང་བཞིན་དུ་འཚམས་འདྲི་ཞུ་བར་བྱའོ།།།།

ཡོ་ཧུ་དཱ 1

འཕྲིན་ཡིག་བསྐུར་ཡུལ།

1དེ་ཡང་ཡ་ཧུ་དཱ་བདག་ནི་ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་པ་དང་ཡ་ཀོབ་ཀྱི་སྤུན་ཡིན་ལ། ཞལ་འབོད་ཐོབ་པ་དང་། ཡབ་དཀོན་མཆོག་ནང་དུ་གཅེས་སུ་འཛིན་ཞིང་ཡེ་ཤུ་མཱ་ཤི་ཀའི་ཆེད་དུ་བསྲུངས་པར་མཛད་པ་རྣམས་ལ་འཕྲིན་ཡིག་འདི་སྤྲིངས་པའོ༎ 2ཐུགས་རྗེ་དང་། ཞི་བདེ། བྱམས་པ་བཅས་ཁྱོད་ཅག་ལ་མང་དུ་འཐོབ་པར་ཤོག།།

དད་མེད་རྣམས་ཀྱི་སྡིག་ཉེས་དང་མེད་པར་འགྱུར་བ།

3སྙིང་ནས་བརྩེ་བའི་སྤུན་ཟླ་རྣམས། ངས་རང་རེའི་ཐུན་མོང་གི་ཐར་པ་སྐོར་གྱི་གཏམ་ཁྱོད་ཅག་ལ་འབྲི་བར་ནན་གྱིས་བརྩོན་ཅིང་། སྔར་ལན་གཅིག་དད་ལྡན་དམ་པ་རྣམས་ལ་གཏད་པའི་དད་པའི་ཕྱིར་བརྩོན་པ་ལྷོད་མེད་བྱེད་ཆེད། ད་ལྟ་ཅི་ནས་ཀྱང་ཁྱོད་ཅག་ལ་འཕྲིན་ཡིག་བྲིས་ནས་སྐུལ་མ་གཏོང་དགོས་བྱུང་ངོ་།། 4རྒྱུ་མཚན་ནི་སྔར་ནས་ཉེས་ཆད་ཕོགས་པར་ཐག་གིས་བཅད་པའི་དད་གུས་མེད་པ་རྣམས་ལྐོག་ནས་ཁྱོད་ཅག་གི་ཁྲོད་དུ་ཞུགས་ཡོད་ཅིང་། ཁོ་རྣམས་ཀྱིས་རང་རེའི་དཀོན་མཆོག་གི་ཐུགས་རྗེ་དེ་འདོད་གཡེམ་བག་ཡངས་སུ་གཏོང་བའི་གོ་སྐབས་སུ་བསྒྱུར་བར་མ་ཟད། རང་རེའི་བདག་པོ་དང་གཙོ་བོ་གཅིག་པུ་སྟེ་ཡེ་ཤུ་མཱ་ཤི་ཀའང་སྤངས་པར་བྱེད་པའོ།། 5དེ་སྔར་གཙོ་བོས་རང་གི་མི་རྒྱུད་ཨེ་ཅིབ་ཡུལ་ནས་བསྐྱབས་ཤིང་། ཕྱིས་སུ་དད་པ་མེད་པའི་མི་དེ་རྣམས་མེད་པར་མཛད་དོ།། དོན་དེ་ཐམས་ཅད་ཁྱོད་ཅག་གིས་ཤེས་ནའང་། ངས་ད་དུང་ཁྱོད་རྣམས་ལ་དྲན་སྐུལ་བྱ་འདོད། 6ཡང་རང་གི་འགན་གནས་མ་བསྲུངས་པར་རང་གནས་བསྐྱུར་བའི་ཕོ་ཉ་རྣམས་ནི། ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་ཉིན་ཆེན་པོ་དེའི་བར་དུ། དཀོན་མཆོག་གིས་ལྕགས་སྒྲོག་བརྒྱབ་སྟེ་ཇི་སྲིད་བར་དུ་མུན་ནག་ལ་བཅུག་གོ། 7ཡང་སཱ་དོམ༌དང༌གཱ་མོ༌ར་དང་མཐའ་འཁོར་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཀྱང་དེ་དག་དང་འདྲ་བར་ལོག་གཡེམ་རྐྱང་རྐྱང་བྱེད་ཅིང་འདོད་ཆགས་ཕྱིན་ཅི་ལོག་ལ་བསྟུན་པས། ནམ་ཡང་ཞི་བ་མེད་པའི་མེའི་ཆད་པ་ཕོག་སྟེ་མི་རྣམས་ལ་ཉེན་བརྡ་བཏང་འདུག་གོ། 8རྨི་ལམ་ལ་མགོ་འཐོམ་པའི་མི་འདི་དག་གིས་ཀྱང་དེ་རྣམས་དང་འདྲ་བར་ལུས་པོ་བཙོག་པར་བྱེད་ཅིང་། དབང་འཛིན་མཁན་རྒྱབ་ཏུ་འདོར་བ་དང་། གཟི་བརྗིད་ཅན་ལ་འཕྱ་སྨོད་བྱེད་པའོ།། 9ཕོ་ཉའི་མཆོག་མེའ་ཀཱ་ཨེལ་གྱིས་མོ་ཤེའི་སྐུ་གདུང་གི་སྐོར་ནས་བདུད་ལ་རྩོད་པའི་དུས་སུ། སྨོད་ཚིག་གསུང་མ་ཕོད་པར། གཙོ་བོས་ཁྱོད་ལ་བཀའ་བཀྱོན་མཛད་པར་གྱུར་ཅིག་ཅེས་སྨྲས་པ་ཡིན། 10འོན་ཀྱང་མི་འདི་རྣམས་ཀྱིས་རང་གིས་མི་ཤེས་པ་ལ་འཕྱ་སྨོད་བྱེད་པ་དང་། དེ་རྣམས་ནི་ཤེས་རྒྱ་མེད་པའི་དུད་འགྲོ་དང་མཚུངས་ལ། རང་རྒྱུད་ནས་ཤེས་པའི་དོན་ཁོ་ན་བསྒྲུབས་ནས་རང་ཉིད་འཕུང་བའོ།། 11དེ་དག་ལ་ཆག་སྒོ་འབྱུང་ངོ་།། ཅིའི་ཕྱིར་ཞེ་ན། དེ་རྣམས་ཀཱ་ཡན་གྱི་ལམ་ལ་ཞུགས་ཤིང་། ཡང་རྒྱུ་ནོམ་པའི་ཆེད་དུ་པེལ་ཨམ་གྱི་ནོར་འཁྲུལ་ནང་དུ་བརྒྱུགས་ཏེ། ཀོ་རཱ་ཡི་རྒྱབ་འགལ་ཁྲོད་དུ་མེད་པར་གྱུར་པའི་ཕྱིར་ཡིན། 12མི་དེ་རྣམས་ནི་ཁྱོད་ཅག་གི་མཛའ་བརྩེའི་གསོལ་སྟོན་སྟེང་དུ་ནག་ཐིག་ཡིན། དེ་རྣམས་ནི་ཁྱོད་ཅག་དང་མཉམ་དུ་ཟས་ལ་རོལ་བའི་དུས་སུ་འཇིགས་སྣང་མེད་ཅིང་། རྫི་བོས་རང་གི་ལྟོ་བ་ཁོ་ན་འགྲང་བར་བྱེད་པ་དང་མཚུངས། དེ་རྣམས་ནི་ཆར་ཆུ་མེད་པའི་སྤྲིན་ལྟར་རླུང་གིས་འཁྱེར་བ་དང་འདྲ་ལ། སྟོན་ཁའི་ཤིང་འབྲས་མེད་པའི་ལྗོན་ཤིང་དང་མཚུངས་པར་ལན་གཉིས་ཤི་ནས་རྩ་བ་བལ་པ་དང་འདྲ། 13ཡང་རྒྱ་མཚོའི་རྦ་རླབས་དྲག་པོ་དང་མཚུངས་པར་རང་ཉིད་ཀྱི་ངོ་གནོང་བའི་ལྦུ་བ་འཕྱུར་བ་དང་འདྲ། དེ་རྣམས་རྒྱུ་སྐར་དང་མཚུངས་ཤིང་མུན་པའི་སྨག་རུམ་ནི་རྒྱུན་ནས་རྒྱུན་དུ་ཁོ་ཚོའི་དོན་དུ་བསྐྱུར་ཡོད་པའོ། ། 14ཨ་དམ་གྱི་མི་རབས་བདུན་པ་ཧ་ནོག་གིས་ཀྱང་དེ་དག་ལ་ལུང་བསྟན་གནང་སྟེ། ལྟོས་དང་། གཙོ་བོ་རང་ཉིད་ཀྱི་འཁོར་དམ་པ་ཁྲི་སྟོང་ཁྲིད་ནས་ཕེབས་ཏེ། 15མི་ཐམས་ཅད་ཀྱི་སྟེང་དུ་ཁྲིམས་ཐག་གཅོད་ཅིང་། དད་གུས་མེད་པའི་མི་རྣམས་ཀྱིས་བྱས་པའི་དད་གུས་མེད་པའི་ལས་རྣམས་ལ་ར་སྤྲོད་མཛད་པ་དང་། དད་གུས་མེད་པའི་མི་སྡིག་ཅན་རྣམས་ཀྱིས་ཁོང་ལ་ཚིག་རྩུབ་སློག་པ་ཐམས་ཅད་ལ་ར་སྤྲོད་མཛད་ཅེས་གསུངས་སོ།། 16མི་དེ་དག་གིས་སྡུག་སྐད་འདོན་པ་དང་། གཞན་ལ་སྐྱོན་འཛུགས་པ། རང་འདོད་བཞིན་སྤྱོད་པ། ངག་ནས་ཚིག་སྦོམ་སྨྲ་བ། རང་ལ་ཕན་ཐོགས་པའི་ཕྱིར་མི་ལ་ངོ་སོ་བྱེད་པའོ།།

བཟོད་བསྲན་བྱེད་པར་གདམས་པ།

17སྙིང་ནས་བརྩེ་བའི་སྤུན་ཟླ་རྣམས། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་པ་རྣམས་ཀྱིས་སྔོན་ཆད་ཅི་གསུངས་པ་ཁྱོད་ཅག་གིས་དྲན་པར་གྱིས། 18དེ་རྣམས་ཀྱིས་སྔོན་ཆད་ཁྱོད་ཅག་ལ་འདི་སྐད་དུ། མཐའ་མའི་དུས་སུ་འཕྱ་སྨོད་བྱེད་མཁན་འབྱུང་བར་ངེས་ལ། དེ་དག་གིས་རང་གི་དད་གུས་མེད་པའི་རང་འདོད་བཞིན་སྤྱོད་པར་འགྱུར་ཞེས་གསུངས་མྱོང་ངོ་།། 19མི་དེ་དག་ནི་ཕྱོགས་ཁག་སྒྲིག་པར་མོས་པ་དང་། འཇིག་རྟེན་པའི་སེམས་དང་ལྡན་པ། དམ་པའི་ཐུགས་ཉིད་དང་མི་ལྡན་པ་བཅས་ཡིན། 20སྙིང་ནས་བརྩེ་བའི་སྤུན་ཟླ་རྣམས། ཁྱོད་ཅག་གིས་མཆོག་ཏུ་དམ་པའི་དད་པ་ཡི་ནང་རང་ཉིད་བརྟན་པོ་བྱེད་དགོས་ཤིང་། དམ་པའི་ཐུགས་ཉིད་ཀྱི་ངང་ནས་གསོལ་འདེབས་ཞུ་བ་དང་། 21གཞན་ཡང་མཐའ་མེད་པའི་ཚེ་སྲོག་ཏུ་དྲངས་པའི་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ལ་རེ་སྒུག་བྱེད་པའི་ཚེ། རང་ཉིད་ནི་དཀོན་མཆོག་གི་བྱམས་བརྩེའི་ནང་དུ་གནས་པར་གྱིས་ཤིག 22མི་ལ་ལའི་སེམས་སུ་ཐེ་ཚོམ་སྐྱེས་ན། ཁྱོད་ཅག་གིས་དེ་དག་ལ་སྙིང་རྗེ་བསྐྱེད་པར་གྱིས། 23ཡང་ལ་ལ་ནི་ཁྱོད་ཅག་གིས་མེ་ལས་བླངས་ཏེ་བསྐྱབ་པར་བྱའོ།། ཡང་ཁ་ཤས་ལ་ཁྱོད་ཅག་གིས་མཚེར་སྣང་གི་སེམས་དང་བཅས་སྙིང་རྗེ་བསྐྱེད་པ་དང་། ཐ་ན་འདོད་ཆགས་ཀྱི་དབང་གིས་མི་གཙང་བར་བྱས་པའི་གྱོན་གོས་དེ་ལའང་ཞེན་པ་ལོག་དགོས་སོ།།

བསྟོད་བསྔགས་བརྗོད་པ།

24ཁྱོད་རྣམས་ས་ལ་མི་འགྱེལ་བ་དང་སྐྱོན་གྱི་དྲི་མས་མི་གོས་པར་བསྲུངས་ཤིང་། ཁོང་གི་གཟི་བརྗིད་ཀྱི་དྲུང་དུ་དགའ་མགུ་ཡི་རང་ངང་ཚུགས་སུ་འཇུག་པར་མཛད་ནུས་པ་སྟེ། 25བདག་ཅག་གི་སྐྱབས་མགོན་དཀོན་མཆོག་གཅིག་པུ་དེ་ཉིད་ལ། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས། བསྐལ་པ་ཐམས་ཅད་ཀྱི་ཡར་སྔོན་དང་དུས་ད་ལྟ་དང་། ཇི་སྲིད་བར་དུ་གཟི་བརྗིད་དང་། སྙན་གྲགས། ནུས་མཐུ། དབང་ཐང་བཅས་འབུལ་བར་བྱའོ། །ཨ་མེན།།།།

མངོན་པ 1

སྔོན་འགྲོ།

1དེ་ཡང་ཡེ་ཤུ་མཱ་ཤི་ཀའི་མངོན་པ་ནི་དཀོན་མཆོག་གིས་ཁོང་ལ་གནང་ཞིང་། དེ་ནི་མྱུར་དུ་འགྲུབ་ངེས་པའི་དོན་རྣམས་ཁོང་གི་ཞབས་ཕྱི་པ་རྣམས་ལ་སྟོན་པར་མཛད་པའི་ཕྱིར་ཡིན་ལ། ཁོང་གིས་ཕོ་ཉ་མངགས་པ་བརྒྱུད་ནས་རང་ཉིད་ཀྱི་ཞབས་ཕྱི་པ་ཡོ་ཧ་ནན་ལ་གསལ་པོར་སྟོན་པར་མཛད་དོ།། 2ཡོ་ཧ་ནན་གྱིས་དཀོན་མཆོག་གི་བཀའ་དང་ཡེ་ཤུ་མཱ་ཤི་ཀའི་བདེན་དཔང་ལ་རང་གིས་ཅི་མཐོང་བ་ཐམས་ཅད་བཞིན་ར་སྤྲོད་བྱས་པ་ཡིན། 3ལུང་བསྟན་འདིའི་ཚིག་རྣམས་ཀློག་མཁན་དང་། དེའི་ནང་དུ་ཅི་བཀོད་ཡོད་པ་ཐོས་ཤིང་ཇི་བཞིན་སྲུང་མཁན་རྣམས་ནི་བྱིན་རླབས་ཅན་ཡིན་ཏེ། རྒྱུ་མཚན་ནི་དུས་དེ་སླེབ་ལ་ཉེ་བའི་ཕྱིར་རོ།།

འཚམས་ཞུ་དང་བསྔགས་བརྗོད་ཀྱི་སྐོར།

4ཡོ་ཧ་ནན་གྱིས་ཨེ་ཞི་ཡཱ་ཡུལ་དུ་ཡོད་པའི་ཆོས་ཚོགས་བདུན་ལ་འདི་ལྟར་སྨྲས་པ་སྟེ། ད་ལྟ་བཞུགས་པ་དང་། སྔར་མཆིས་པ། ཕེབས་པར་ངེས་པའི་དཀོན་མཆོག་དང་། ཁོང་གི་བཞུགས་ཁྲིའི་དྲུང་དུ་ཐུགས་ཉིད་བདུན་དང་། 5གཞུང་དྲང་གིས་བདེན་དཔང་མཛད་ཅིང་གཤིན་པོ་རྣམས་ལས་ཐོག་མར་སླར་གསོན་པ། འཇིག་རྟེན་གྱི་རྒྱལ་པོ་རྣམས་ཀྱི་མངའ་བདག་སྟེ་ཡེ་ཤུ་མཱ་ཤི་ཀ་བཅས་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར་སྨོན། ཁོང་གིས་བདག་ཅག་ལ་བྱམས་ཤིང་ཉིད་ཀྱི་སྐུ་ཁྲག་གིས་བདག་ཅག་སྡིག་པ་ལས་ཐར་བར་མཛད་པ་དང་། 6ཡང་བདག་ཅག་ནི་རྒྱལ་སྲིད་ཅིག་དང་ཁོང་གི་ཡབ་དཀོན་མཆོག་ལ་མཆོད་དཔོན་དུ་མཛད་དོ།། ཁོང་ལ་ནམ་ཡང་གཟི་བརྗིད་དང་མངའ་ཐང་ལྡན་པར་སྨོན། ཨ་མེན།། 7ལྟོས་དང་། ཁོང་ཉིད་སྤྲིན་དང་བཅས་ཕེབས་ཡོང་བ་དང་། མིག་ལྡན་ཐམས་ཅད་ཀྱིས་མཐོང་བར་འགྱུར་ཞིང་། ཐ་ན་ཁོང་ལ་མདུང་གིས་སྣུན་མཁན་རྣམས་ཀྱིས་ཀྱང་མཐོང་བར་འགྱུར་ལ། ས་སྟེང་གི་མི་རིགས་ཐམས་ཅད་ཀྱིས་ཁོང་གི་ཕྱིར་དུ་ངུ་འབོད་བྱེད་པར་འགྱུར་རོ།། དེ་བདེན་ནོ། །ཨ་མེན། 8གཙོ་བོ་དཀོན་མཆོག་གིས་འདི་སྐད་དུ། བདག་ནི་ཨལ་ཕཱ་དང་ཨོ་མེ་ཀ་ཡིན་ལ། ད་ལྟ་བཞུགས་པ་དང་། སྔར་མཆིས་པ། ཕེབས་པར་ངེས་པའི་ཀུན་དབང་དེ་ཉིད་ཡིན་ཞེས་གསུངས་སོ།།

མིའི་བུ་དང་མཚུངས་པ་ཞིག

9ཡོ་ཧ་ནན་ང་རང་ནི་ཁྱོད་ཅག་གི་སྤུན་ཟླ་ཡིན་ཞིང་། སྐྱབས་མགོན་ཡེ་ཤུའི་ནང་དུ་ཡོད་པའི་དཀའ་སྡུག་དང་། རྒྱལ་སྲིད། བཟོད་བསྲན་བཅས་སུ་མཉམ་འགྲོགས་ཡིན་ལ། དཀོན་མཆོག་གི་བཀའ་དང་སྐྱབས་མགོན་ཡེ་ཤུའི་དོན་དུ་བདེན་དཔང་བྱས་པའི་རྐྱེན་གྱིས། སྔར་པེད་མོ་ཟེར་བའི་གླིང་ཕྲན་དུ་བསྡད་མྱོང་ངོ་༎ 10གཙོ་བོའི་ཉིན་མོ་ལ། ང་རང་དམ་པའི་ཐུགས་ཉིད་ཀྱི་ནང་དུ་དྲངས་ཏེ། ངའི་རྒྱབ་ཕྱོགས་སུ་དུང་སྐད་ལྟ་བུའི་སྒྲ་ཆེན་པོ་ཞིག་གྲགས་པ་ཐོས་ཤིང་འདི་སྐད་དུ། 11ཁྱོད་ཀྱིས་ཅི་མཐོང་བ་ཐམས་ཅད་ཤོག་དྲིལ་སྟེང་དུ་བྲིས་ཏེ། ཨེ་ཕེ་སི་དང་། སི་མིར་ནཱ། ཕེར་ག་མུ། ཐི་ཨ་ཏེ་རཱ། སཱར་དི། ཕི་ལཱ་དེལ་ཕི་ཨ། ལའོ་དི་ཀེ་ཡཱ་བཅས་ཆོས་ཚོགས་བདུན་ལ་སྐུར་ཅིག་ཅེས་གསུངས་སོ།། 12དེ་ནས་ངས་ཁ་ཕྱིར་འཁོར་ནས་བདག་ལ་སྐད་སྒྲ་སྒྲོག་པ་དང་གསུང་གནང་མཁན་སུ་ཡིན་པར་བལྟ་འདོད་དེ། ཁ་ཕྱིར་འཁོར་ནས་བལྟས་པ་ལ། གསེར་གྱི་སྒྲོན་སྟེགས་བདུན་མཐོང་ངོ་།། 13སྒྲོན་སྟེགས་དེ་དག་གི་དཀྱིལ་དུ་མིའི་བུ་དང་མཚུངས་པ་ཞིག་བཞུགས་ཡོད་པ་མཐོང་སྟེ། ན་བཟའ་རིང་པོ་ཞབས་ངོས་སུ་ཐུག་པ་ཞིག་མནབས་ཤིང་། བྲང་ཁ་རུ་གསེར་གྱི་སྐེད་ཆིངས་བཅིངས་ཡོད། 14ཁོང་གི་དབུ་དང་སྐྲ་ནི་ལུག་བལ་དཀར་པོ་དང་ཁ་བ་དཀར་པོ་དང་འདྲ། སྤྱན་ཟུང་ནི་མེ་ལྕེ་དང་མཚུངས། 15ཞབས་ནི་བཞུ་ཐབ་ནང་དུ་བཙོ་སྦྱང་བྱས་ཤིང་འོད་ཟེར་འཕྲོ་བའི་ལི་དང་འདྲ། གསུང་སྐད་ནི་ཆུ་མང་པོའི་སྒྲ་དང་མཚུངས། 16ཁོང་གི་ཕྱག་གཡས་པས་སྐར་མ་བདུན་བཟུང་ཡོད་ཅིང་། ཞལ་ནས་རལ་གྲི་རྣོན་པོ་ཁ་གཉིས་ཅན་ཞིག་ཐོན། ཞལ་རས་ནི་ཉི་ཟེར་དྲག་པོ་འཕྲོ་བ་དང་མཚུངས་སོ།། 17ངས་ཁོང་ཉིད་མཐོང་བ་དང་ཁོང་གི་ཞབས་དྲུང་དུ་སར་འགྱེལ་ཏེ་བེམ་པོ་བཞིན་དུ་གྱུར་ཏོ།། དེ་ནས་ཁོང་གིས་ཕྱག་གཡས་པ་བདག་གི་ལུས་སྟེང་དུ་བཞག་སྟེ་འདི་སྐད་དུ། འཇིགས་པར་མི་བྱའོ།། བདག་ནི་ཐོག་མ་ཡིན་ལ་མཐའ་མའང་ཡིན། 18གསོན་པོར་བཞུགས་པ་དེ་ཉིད་ཀྱང་ཡིན། བདག་ནི་དེ་སྔར་ཚེ་ལས་འདས་ནའང་། ལྟོས་དང་། ད་ལྟ་ང་རང་སླར་གསོན་ཏེ། ཇི་སྲིད་བར་དུ་གསོན་པོར་གནས་པར་མ་ཟད། འཆི་བ་དང་གཤིན་པོའི་གནས་ཀྱི་ལྡེ་མིག་རྣམས་བདག་གིས་བཟུང་ཡོད། 19དེའི་ཕྱིར། ཁྱོད་ཀྱིས་མཐོང་བྱུང་བ་རྣམས་དང་། ད་ལྟའི་དོན་རྣམས་དང་། དོན་དེ་དག་གི་རྗེས་སུ་འབྱུང་བར་འགྱུར་བའི་དོན་རྣམས་ཡིག་ཐོག་ཏུ་འགོད་པར་བྱའོ།། 20ཁྱོད་ཀྱི་མཐོང་ལམ་དུ་གྱུར་བའི་བདག་གི་ཕྱག་གཡས་ཀྱི་སྐར་མ་བདུན་དང་། གསེར་གྱི་སྒྲོན་སྟེགས་བདུན་གྱི་གསང་བ་བརྗོད་ན་འདི་ལྟ་སྟེ། སྐར་མ་བདུན་པོ་ནི་ཆོས་ཚོགས་བདུན་གྱི་ཕོ་ཉ་ཡིན་ལ། སྒྲོན་སྟེགས་བདུན་པོ་ནི་ཆོས་ཚོགས་བདུན་ཡིན་ཞེས་གསུངས་སོ།།

མངོན་པ 2

ཨེ་ཕེ་སི་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག

1ཡང་ཁོང་གིས་འདི་སྐད་དུ། ཁྱོད་ཀྱིས་ཨེ་ཕེ་སིའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འཕྲིན་ཡིག་བྲིས་ཏེ་འདི་ལྟར་སྨྲ་བར་བྱའོ།། ཕྱག་གཡས་པར་སྐར་མ་བདུན་ཐོགས་ཤིང་། གསེར་གྱི་སྒྲོན་སྟེགས་བདུན་གྱི་ཁྲོད་དུ་བགྲོད་མཁན་གྱིས་འདི་སྐད་དུ། 2ཁྱོད་ཀྱིས་བྱས་པའི་ལས་དང་། དཀའ་ངལ། བཟོད་བསྲན་བཅས་ངས་ཤེས་པར་མ་ཟད། ཁྱོད་ཀྱིས་མི་ངན་ལ་བཟོད་པ་སྒོམ་མི་ཐུབ་པ་ཡང་ཤེས། ཁྱོད་ཀྱིས་དེ་སྔར་རང་ཉིད་སྐུ་ཚབ་པ་ཡིན་ཟེར་ཡང་སྐུ་ཚབ་པ་དངོས་མིན་པ་རྣམས་ལ་ཚོད་བགམས་ཏེ། ཁོ་རྣམས་རྫུས་མ་ཡིན་པ་རྟོགས་པའང་ཤེས། 3དེ་སྔར་ཁྱོད་ཀྱིས་བཟོད་བསྲན་བྱས་ནས། བདག་གི་མིང་གི་ཆེད་དུ་དཀའ་སྡུག་མྱངས་ཀྱང་ཐང་མ་ཆད་པའང་བདག་གིས་ཤེས་སོ།། 4འོན་ཀྱང་། ཁྱོད་ཀྱིས་ཐོག་མར་ཡོད་པའི་བྱམས་པ་སྤངས་པས། བདག་གིས་ཁྱོད་ལ་སྐྱོན་འགེལ་བར་བྱའོ།། 5དེའི་ཕྱིར། ཁྱོད་ནི་ཇི་ལྟར་ཉམས་པར་གྱུར་པ་ལ་ཕྱིར་དྲན་བྱ་འོས་པར་མ་ཟད། འགྱོད་བཤགས་བྱས་ཏེ་ཐོག་མར་ཅི་ལྟར་བྱས་པ་བཞིན་བྱེད་དགོས། གལ་ཏེ། ཁྱོད་ཀྱིས་འགྱོད་བཤགས་མི་བྱེད་ན། ང་རང་ཁྱོད་ཀྱི་གམ་དུ་ཡོང་ནས་སྒྲོན་སྟེགས་དེ་རང་གནས་ལས་ལེན་པར་བྱའོ།། 6འོན་ཀྱང་། ཁྱོད་ལ་བཟང་ཆ་གཅིག་རང་ཡོད་པ་ནི། ཁྱོད་རང་ནེ་ཀོ་ལཱ་པ་རྣམས་ཀྱི་སྤྱོད་ལམ་ལ་སྡང་སེམས་ཆེ། ང་རང་ཡང་དེ་ལ་སྡང་བའོ།། 7རྣ་བ་ཡོད་པ་ཐམས་ཅད་ཀྱིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཡོངས་ལ་གསུངས་པའི་བཀའ་ལ་མཉན་པར་བྱའོ།། བདག་གིས་རྒྱལ་ཁ་ལེན་མཁན་རྣམས་ལ་དཀོན་མཆོག་གི་དགའ་བདེའི་ལྡུམ་རར་ཡོད་པའི་ཚེ་སྲོག་གི་སྡོང་བོ་ལས་བཟའ་བྱར་གནང་བར་ངེས་ཞེས་གསུངས་སོ།།

སི་མིར་ནཱ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག

8ཡང་ཁོང་གིས་འདི་སྐད་དུ། ཁྱོད་ཀྱིས་སི་མིར་ནཱའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འཕྲིན་ཡིག་བྲིས་ཏེ་འདི་ལྟར་སྨྲ་བར་བྱའོ།། ཐོག་མ་དང་མཐའ་མ་ཡིན་ལ། སྔར་གྲོངས་ནའང་སླར་གསོན་པ་དེ་ཉིད་ཀྱིས་འདི་སྐད་དུ། 9ངས་ཁྱོད་ཀྱི་དཀའ་སྡུག་དང་དབུལ་ཕོངས་ཤེས་ལ། དོན་དམ་དུ་ཁྱོད་ནི་ཕྱུག་པོ་ཡིན། ཡང་རང་ཉིད་ཡ་ཧུ་དཱ་པ་ཡིན་ཟེར་བ་དག་གིས་སྐུར་འདེབས་ཀྱི་གཏམ་སྨྲས་པའང་བདག་གིས་ཤེས། དོན་དངོས་སུ་དེ་དག་ནི་ཡ་ཧུ་དཱ་པ་མ་ཡིན་པར། བདུད་སཱ་ཏན་གྱི་ཚོགས་ཁག་ལ་གཏོགས་པ་ཡིན། 10ཁྱོད་ནི་སྡུག་བསྔལ་མྱང་བར་འགྱུར་བ་ལ་འཇིགས་པར་མི་བྱའོ།། ལྟོས་དང་། བདུད་ཀྱིས་ཁྱོད་ཅག་ལས་འགའ་ཞིག་བཙོན་དུ་བཅུག་ནས་ཁྱོད་རྣམས་ལ་ཚོད་བརྟག་བྱེད་ཅིང་། ཁྱོད་ཅག་གིས་ཉིན་བཅུའི་རིང་ལ་དཀའ་སྡུག་མྱང་ངེས་ཡིན། འོན་ཀྱང་འཆི་བའི་བར་དུ་བློ་སེམས་བརྟན་པར་གྱིས་དང་། བདག་གིས་ཁྱོད་ལ་ཚེ་སྲོག་གི་ཅོད་པན་གནང་བར་བྱའོ།། 11རྣ་བ་ཡོད་པ་ཐམས་ཅད་ཀྱིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཡོངས་ལ་གསུངས་པའི་བཀའ་ལ་མཉན་པར་བྱའོ།། རྒྱལ་ཁ་ལེན་མཁན་རྣམས་ལ་འཆི་བ་ཐེངས་གཉིས་པའི་གནོད་འཚེ་ཐེབས་སུ་མི་འཇུག་པ་ཁག་ཐེག་ཡིན་ཞེས་གསུངས་སོ།།

ཕེར་ག་མུ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག

12ཁྱོད་ཀྱིས་ཕེར་ག་མུའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འཕྲིན་ཡིག་བྲིས་ཏེ་འདི་ལྟར་སྨྲ་བར་བྱའོ།། རལ་གྲི་རྣོན་པོ་ཁ་གཉིས་ཅན་ཐོགས་མཁན་གྱིས་འདི་སྐད་དུ། 13ཁྱོད་ཀྱི་སྡོད་གནས་ནི་བདུད་སཱ་ཏན་གྱི་ཁྲི་ཡོད་ས་ཡིན་ཞིང་། བདག་གི་བློ་སེམས་དཀར་པོའི་དཔང་པོ་ཨན་ཏི་པཱ་ནི་ཁྱོད་ཅག་ཁྲོད་དུ་བདུད་སཱ་ཏན་སྡོད་སར་བཀྲོངས་པའི་ཉིན་མོ་དག་ལ། ཁྱོད་ཀྱིས་ད་དུང་བདག་གི་མིང་བརྟན་པོར་བསྲུངས་ཤིང་། བདག་ལ་དད་ལོག་མ་བྱས་པ་བདག་གིས་ཤེས་སོ།། 14འོན་ཀྱང་། དོན་འགའ་ཤས་ཀྱི་ཆ་ནས། བདག་གིས་ཁྱོད་ལ་སྐྱོན་འགེལ་བར་བྱའོ།། རྒྱུ་མཚན་ནི་ཁྱོད་ཅག་གི་ཁྲོད་དུ་པེལ་ཨམ་གྱི་བསླབ་བྱར་བསྟུན་མཁན་ཡོད། པེལ་ཨམ་གྱིས་སྔོན་ཆད་པཱ་ལག་ལ་ཡེས་ར་ཨེལ་གྱི་བུ་རྒྱུད་ཀྱི་མདུན་དུ་བཀག་རྡོ་བཞག་ནས། ཁོ་རྣམས་ལ་སྐུ་འདྲར་ཕུལ་བའི་མཆོད་རྫས་ཟ་བ་དང་ལོག་གཡེམ་བྱེད་པའི་བསླབ་བྱ་གནང་ཞིང་། 15ཡང་དེ་བཞིན་དུ་ཁྱོད་ཅག་གི་ཁྲོད་དུ་མི་ཁ་ཤས་ཀྱིས་ནེ་ཀོ་ལཱ་པ་རྣམས་ཀྱི་བསླབ་བྱར་བསྟུན་པ་རེད། 16དེའི་ཕྱིར། ཁྱོད་ཀྱིས་འགྱོད་བཤགས་བྱོས་ཤིག གལ་ཏེ། འགྱོད་བཤགས་མི་བྱེད་ན། བདག་ནི་མྱུར་བ་མྱུར་བར་ཁྱོད་ཀྱི་གམ་དུ་ཡོང་སྟེ། བདག་གི་ཁ་ནས་ཐོན་པའི་རལ་གྲིས་ཁོ་རྣམས་ལ་རྒོལ་བར་བྱའོ།། 17རྣ་བ་ཡོད་པ་ཐམས་ཅད་ཀྱིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཡོངས་ལ་གསུངས་པའི་བཀའ་ལ་མཉན་པར་བྱའོ།། རྒྱལ་ཁ་ལེན་མཁན་རྣམས་ལ་སྦས་ཤིང་གབ་པའི་མཱན་ནཱ་དེ་ལས་གནང་ངེས་པར་མ་ཟད། རྡོ་དཀར་པོ་ཞིག་ཀྱང་གནང་བར་འགྱུར་ལ། རྡོའི་ཐོག་ཏུ་མིང་གསར་པ་བརྐོས་ཤིང་། ཐོབ་མཁན་ལས་གཞན་སུས་ཀྱང་རྟོགས་པར་མི་འགྱུར་ཞེས་གསུངས་སོ།།

ཐི་ཨ་ཏེ་རཱ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག

18ཁྱོད་ཀྱིས་ཐི་ཨ་ཏེ་རཱ་ཡི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འཕྲིན་ཡིག་བྲིས་ཏེ་འདི་ལྟར་སྨྲ་བར་བྱའོ།། སྤྱན་ཟུང་ནི་མེ་ལྕེ་དང་མཚུངས་ཤིང་ཞབས་ནི་འོད་འཕྲོ་བའི་ལི་དང་འདྲ་བའི་དཀོན་མཆོག་གི་སྲས་ཀྱིས་འདི་སྐད་དུ། 19ཁྱོད་ཀྱིས་བྱས་པའི་ལས་དང་། བྱམས་པ། དད་སེམས། ལས་བརྩོན། བཟོད་བསྲན་བཅས་བདག་གིས་ཤེས་པར་མ་ཟད། ཁྱོད་ཀྱིས་ཕྱིས་སུ་བྱས་པའི་ལས་རྣམས་སྔར་ལས་ཀྱང་ལྷག་ཏུ་མང་བའང་ཤེས་སོ།། 20འོན་ཀྱང་། དོན་འདིའི་ཆ་ནས་བདག་གིས་ཁྱོད་ལ་སྐྱོན་འགེལ་ཏེ། རང་ཉིད་ལུང་སྟོན་པ་ཡིན་ཟེར་བའི་བུད་མེད་ཡེ་ཟི་བེལ་གྱིས་བདག་གི་ཞབས་ཕྱི་པ་རྣམས་ལ་ཁྲིད་སྟོན་དང་བསླུ་བྲིད་བྱས་ཤིང་། དེ་དག་གིས་ལོག་གཡེམ་བྱེད་པ་དང་སྐུ་འདྲར་ཕུལ་བའི་མཆོད་རྫས་ཟོས་ཀྱང་ཁྱོད་ཀྱིས་ཁོ་མོ་ལ་བཟོད་པ་སྒོམ་པའི་ཕྱིར་རོ།། 21བདག་གིས་ཁོ་མོར་འགྱོད་བཤགས་བྱེད་པའི་གོ་སྐབས་བྱིན་ནའང་། ཁོ་མོས་ལོག་གཡེམ་ལས་འགྱོད་བཤགས་བྱེད་པར་མི་འདོད། 22ལྟོས་དང་། བདག་གིས་ཁོ་མོ་མལ་སར་ལྷུང་བར་བྱེད་པ་དང་། ཁོ་མོ་དང་མཉམ་དུ་ལོག་གཡེམ་བྱེད་མཁན་རྣམས་ཀྱིས་ཁོ་མོའི་སྤྱོད་ལམ་ལས་འགྱོད་བཤགས་མི་བྱེད་ན། བདག་གིས་དེ་རྣམས་ལའང་དཀའ་སྡུག་ཆེན་པོ་མྱང་དུ་འཇུག་པ་ཡིན། 23ཡང་བདག་གིས་ཁོ་མོའི་བུ་ཕྲུག་རྣམས་འཆི་ལམ་དུ་བརྫང་བར་བྱེད་ཅིང་། བདག་ནི་མིའི་སེམས་དང་བསམ་པར་རྟོག་དཔྱོད་བྱེད་མཁན་ཡིན་པར་མ་ཟད། ཁྱོད་རྣམས་ཀྱིས་ལས་ཅི་བྱས་པ་རེ་རེ་ལ་ལན་སློག་མཁན་ཡིན་པའང་ཆོས་ཚོགས་ཡོངས་ཀྱིས་ཤེས་པར་འགྱུར་རོ།། 24ཡང་ཁྱོད་ཅག་ཐི་ཨ་ཏེ་རཱ་ཡི་མི་གཞན་དག་སྟེ། དེ་དག་གི་བསླབ་བྱ་ལ་མི་ཉན་པ་དང་། གཞན་རྣམས་གྱིས་རྒྱུན་དུ་གླེང་བའི་བདུད་སཱ་ཏན་གྱི་གསང་བ་ཟེར་བ་མི་རྟོགས་པ་ཐམས་ཅད་ལ། བདག་གིས་ཁུར་བོ་གཞན་ཞིག་ཁྱོད་ཅག་གི་ཕྲག་ལ་མི་འགེལ་ཞེས་སྨྲ་བ་ཡིན། 25འོན་ཀྱང་། ཁྱོད་ཅག་ལ་ཅི་ཞིག་ཡོད་པ་དེ་ང་རང་ཡོང་བའི་བར་དུ་བརྟན་པོར་བསྲུང་བར་བྱའོ།། 26རྒྱལ་ཁ་ལེན་ཞིང་བདག་གི་བཀའ་མཐར་ཐུག་བར་དུ་སྲུང་མཁན་ལ། བདག་གིས་རྒྱལ་ཁབ་ཁག་ལ་དབང་སྒྱུར་བའི་མངའ་ཐང་གནང་བར་བྱ་སྟེ། 27བདག་ལ་རང་གི་ཡབ་ལས་དབང་ཐང་ཐོབ་པ་བཞིན། ཁོས་ལྕགས་དབྱུག་བཟུང་ནས་དེ་རྣམས་ལ་དབང་བསྒྱུར་ཅིང་དེ་དག་རྫ་ཆས་རྡུལ་དུ་བརླག་པ་བཞིན་དུ་འགྱུར་ཞིང་། 28ཡང་བདག་གིས་ཐོ་རེངས་སྐར་ཆེན་ཁོ་ལ་གནང་བར་བྱའོ།། 29རྣ་བ་ཡོད་པ་ཐམས་ཅད་ཀྱིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཡོངས་ལ་གསུངས་པའི་བཀའ་ལ་མཉན་པར་བྱའོ་ཞེས་གསུངས་སོ།།

མངོན་པ 3

སཱར་དི་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག

1ཡང་ཁོང་གིས་འདི་སྐད་དུ། ཁྱོད་ཀྱིས་སཱར་དིའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འཕྲིན་ཡིག་བྲིས་ཏེ་འདི་ལྟར་སྨྲ་བར་བྱའོ།། དཀོན་མཆོག་གི་ཐུགས་ཉིད་བདུན་དང་སྐར་མ་བདུན་ཡོད་པ་དེ་ཉིད་ཀྱིས་འདི་སྐད་དུ། ངས་ཁྱོད་ཀྱི་སྤྱོད་ལམ་ཤེས་ཏེ། མིང་གི་ཆ་ནས་ཁྱོད་ནི་གསོན་པོ་ཡིན་ཡང་དོན་གྱིས་ཁྱོད་ནི་ཤི་ཟིན་ཏོ།། 2ཁྱོད་ཀྱིས་དོགས་ཟོན་གྱིས་ཏེ། ཉམས་པར་འགྱུར་ལ་ཉེ་བའི་དོན་དག་ལྷག་ལུས་རྣམས་བརྟན་པར་བྱའོ།། ཅིའི་ཕྱིར་ཞེ་ན། ངའི་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཀྱི་སྤྱོད་ལམ་ལས་ཡོངས་སུ་རྫོགས་པ་བདག་གིས་མ་མཐོང་བས་སོ།། 3དེའི་ཕྱིར། ཁྱོད་ཀྱིས་ཇི་ལྟར་དང་དུ་བླངས་ཤིང་ཇི་ལྟར་ཐོས་པ་བཅས་ནི་ཕྱིར་དྲན་བྱས་ནས་བསྲུང་དགོས་པར་མ་ཟད། འགྱོད་བཤགས་བྱེད་པར་བྱའོ།། གལ་ཏེ། ཁྱོད་ཀྱིས་དོགས་ཟོན་མ་བྱས་ན། བདག་ནི་རྐུན་པོ་གློ་བུར་སླེབས་པ་ལྟར་ཁྱོད་ཀྱི་གམ་དུ་ཡོང་ངེས་ཤིང་། བདག་ནི་དུས་ནམ་ཞིག་ལ་ཡོང་བ་ཁྱོད་ཀྱིས་གཏན་ནས་ཤེས་མི་སྲིད་དོ།། 4འོན་ཀྱང་། ཁྱོད་ལ་སཱར་དི་རུ་ད་དུང་རང་གི་གྱོན་གོས་བཙོག་པར་མ་བཟོས་པའི་མི་འགའ་ཡོད་ལ། ཁོ་རྣམས་ཀྱིས་གོས་དཀར་པོ་གྱོན་ནས་བདག་དང་མཉམ་དུ་བསྐྱོད་པར་ངེས། རྒྱུ་མཚན་ནི་དེ་དག་འོས་ཤིང་འཚམ་པའོ།། 5རྒྱལ་ཁ་ལེན་མཁན་རྣམས་ཀྱིས་དེ་ལྟར་གོས་དཀར་པོ་གྱོན་པར་འགྱུར་ཞིང་། བདག་གིས་ཀྱང་ཚེ་སྲོག་གི་གླེགས་བམ་ལས་དེ་རྣམས་ཀྱི་མིང་གསུབ་པར་མི་བྱེད་ལ། བདག་གི་ཡབ་དང་ཁོང་གི་ཕོ་ཉའི་ཚོགས་ཀྱི་སྤྱན་དྲུང་དུ། མི་དེའི་མིང་ཡང་ཁས་ལེན་པར་འགྱུར་རོ།། 6རྣ་བ་ཡོད་པ་ཐམས་ཅད་ཀྱིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཡོངས་ལ་གསུངས་པའི་བཀའ་ལ་མཉན་པར་བྱའོ་ཞེས་གསུངས་སོ།།

ཕི་ལཱ་དེལ་ཕི་ཨ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག

7ཡང་ཁོང་གིས་འདི་སྐད་དུ། ཁྱོད་ཀྱིས་ཕི་ལཱ་དེལ་ཕི་ཨའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འཕྲིན་ཡིག་བྲིས་ཏེ་འདི་ལྟར་སྨྲ་བར་བྱའོ།། དམ་པ་དང་། བདེན་པ། དཱ་བིད་ཀྱི་ལྡེ་མིག་ཕྱག་ཏུ་ཐོགས་པ། ཕྱེ་བར་མཛད་ན་རྒྱག་ཐུབ་མཁན་མེད་པ། བརྒྱབ་པར་མཛད་ན་འབྱེད་ཐུབ་མཁན་མེད་པ་དེ་ཉིད་ཀྱིས་འདི་སྐད་དུ། 8ཁྱོད་ཀྱིས་བྱས་པའི་ལས་བདག་གིས་ཤེས་སོ།། ལྟོས་དང་། ཁྱོད་ལ་སྟོབས་ཤུགས་ཉུང་ཙམ་ལས་མེད་ནའང་། ཁྱོད་ཀྱིས་བདག་གི་བཀའ་བརྩིས་པ་དང་། བདག་གི་མིང་ཡང་ཁས་བླངས་པས། བདག་གིས་ཁྱོད་ཀྱི་མདུན་དུ་སྒོ་ཕྱེས་པ་ཞིག་གནང་སྟེ། སྒོ་དེ་ནི་སུས་ཀྱང་རྒྱག་མི་ནུས་སོ།། 9ལྟོས་དང་། བདུད་སཱ་ཏན་གྱི་ཚོགས་ཁག་ལ་གཏོགས་པ་རྣམས་ཀྱིས་རང་ཉིད་ནི་ཡ་ཧུ་དཱ་པ་ཡིན་ཟེར་ཡང་། དོན་དམ་དུ་ཡ་ཧུ་དཱ་པ་མ་ཡིན་པར་རྫུན་སྨྲ་མཁན་ཡིན། ངས་ཁོ་རྣམས་ཁྱོད་ཀྱི་ཞབས་དྲུང་དུ་ཡོང་ནས་ཕྱག་འཚལ་བ་དང་། བདག་གིས་ཁྱོད་ལ་གཅེས་པ་ནི་ཁོ་རྣམས་ལ་ཤེས་སུ་འཇུག་པར་ངེས། 10ཁྱོད་ཀྱིས་བདག་གི་བཟོད་བསྲན་དགོས་པའི་བཀའ་བསྲུངས་པས། འཇིག་རྟེན་ཡོངས་སུ་ཚོད་བརྟག་དང་འཕྲད་པའི་དུས་ཏེ། ས་སྟེང་དུ་གནས་པའི་མི་རྣམས་ལ་ཚོད་བརྟག་ཐེབས་པའི་དོན་དེ་ལས་བདག་གིས་ཁྱོད་རང་བསྲུང་བར་འགྱུར་རོ།། 11བདག་ནི་མྱུར་བ་མྱུར་དུ་ཡོང་ངེས་ལ། ཁྱོད་ཀྱི་ཅོད་པན་མི་གཞན་གྱིས་མི་འཕྲོག་པའི་ཕྱིར། ཁྱོད་ཀྱིས་རང་ལ་ཅི་ཡོད་པ་ཐམས་ཅད་བརྟན་པོར་བསྲུང་དགོས་སོ།། 12བདག་གིས་རྒྱལ་ཁ་ལེན་མཁན་གང་ཞིག་ནི་ངའི་དཀོན་མཆོག་གི་མཆོད་ཁང་དུ་ཀ་བར་བསྐོ་བ་དང་། ཁོ་རང་ནམ་ཡང་དེ་ནས་ཕྱིར་འགྲོ་བར་མི་བྱའོ།། ཡང་ངས་རང་ཉིད་ཀྱི་དཀོན་མཆོག་གི་མཚན་དང་། ངའི་དཀོན་མཆོག་གི་གྲོང་ཁྱེར་གྱི་མིང་སྟེ། ནམ་མཁའི་ཞིང་ཁམས་དང་ངའི་དཀོན་མཆོག་ལས་མར་འབབ་པའི་ཡེ་རུ་སཱ་ལེམ་གསར་པ། བདག་གི་མིང་གསར་པ་བཅས་ནི་མི་དེའི་ལུས་སྟེང་དུ་འབྲི་བར་འགྱུར་རོ།། 13རྣ་བ་ཡོད་པ་ཐམས་ཅད་ཀྱིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཡོངས་ལ་གསུངས་པའི་བཀའ་ལ་མཉན་པར་བྱའོ་ཞེས་གསུངས་སོ།།

ལའོ་དི་ཀེ་ཡཱ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག

14ཡང་ཁོང་གིས་འདི་སྐད་དུ། ཁྱོད་ཀྱིས་ལའོ་དི་ཀེ་ཡཱའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འཕྲིན་ཡིག་བྲིས་ཏེ་འདི་ལྟར་སྨྲ་བར་བྱའོ།། ཨ་མེན་ཞེས་འབོད་ཅིང་། ཡིད་རྟོན་རུང་ཞིང་དྲང་བདེན་གྱི་དཔང་པོ། དཀོན་མཆོག་གིས་བསྐྲུན་པའི་དངོས་པོ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པ་དེ་ཉིད་ཀྱིས་འདི་སྐད་དུ། 15ཁྱོད་ཀྱིས་བྱས་པའི་ལས་བདག་གིས་ཤེས་ཏེ། ཁྱོད་ནི་གྲང་བ་མིན་ལ་ཚ་བའང་མིན། ངས་ཁྱོད་ནི་གྲང་བའམ་ཡང་ན་ཚ་བ་ཡིན་ན་ཅི་མ་རུང་སྙམ། 16ཁྱོད་ནི་ཆུ་དྲོད་འཇམ་ཞིག་དང་འདྲ་སྟེ། གྲང་བ་མ་ཡིན་ལ་ཚ་བའང་མིན་པས། བདག་གིས་རང་གི་ཁ་ནས་ཁྱོད་རང་བསྐྱུག་ངེས་ཡིན། 17ཁྱོད་ན་རེ། ང་ནི་ཕྱུག་ཅིང་རྒྱུ་ནོར་འཛོམས་པས་ཅི་ཡང་མི་མཁོ་ཞེས་ཟེར་ཡང་། དོན་དམ་དུ་ཁྱོད་ནི་ཐ་ཤལ་པ་དང་། ཉམ་ང་བ། དབུལ་ཕོངས། ལོང་བ། གཅེར་བུ་བཅས་ཡིན་པ་ཁྱོད་ཀྱིས་མི་ཤེས་སོ།། 18བདག་གིས་ཁྱོད་ལ་བློ་འདོན་པར་བྱ་སྟེ། ཁྱོད་ནི་ཕྱུག་པོར་འགྱུར་བའི་ཕྱིར། བདག་ལས་མེས་བཙོ་སྦྱང་བྱས་པའི་གསེར་ཉོ་བར་གྱིས། ཡང་ཁྱོད་ཀྱི་ལུས་པོ་གཅེར་བུ་ཡིན་པའི་ངོ་ཚ་དེ་མི་མངོན་པའི་ཕྱིར། གོས་དཀར་པོ་ཉོས་ནས་གྱོན་ཞིག ཡང་ཁྱོད་ཀྱི་མིག་གིས་མཐོང་བའི་ཕྱིར། མིག་སྨན་ཉོས་ནས་མིག་ལ་བྱུག་པར་བྱའོ།། 19བདག་གིས་གཅེས་སུ་འཛིན་པ་རྣམས་ལ་གཤེ་གཤེ་གཏོང་ཞིང་བསླབ་བྱ་གནང་བ་ཡིན་པས། ཁྱོད་ཀྱིས་ངར་ཤུགས་བསྐྱེད་པ་དང་འགྱོད་བཤགས་ཀྱང་བྱེད་དགོས་སོ།། 20ལྟོས་དང་། བདག་ནི་སྒོ་ཁར་འགྲེང་ཞིང་སྒོ་རྡུང་བཞིན་ཡོད། གལ་ཏེ། སུ་ཞིག་གིས་ངའི་སྐད་ཐོས་པ་དང་སྒོ་ཕྱེས་པ་ཡིན་ན། ང་རང་དེའི་ནང་དུ་ཞུགས་ཏེ་ཁོ་དང་མཉམ་དུ་ཁ་ཟས་ལ་རོལ་བར་བྱའོ།། 21ངས་རྒྱལ་ཁ་ལེན་མཁན་རྣམས་རང་གི་བཞུགས་ཁྲིའི་སྟེང་ང་དང་མཉམ་དུ་སྡོད་པར་བྱའོ།། དེ་ནི་བདག་ལ་རྒྱལ་ཁ་ཐོབ་སྟེ་རང་གི་ཡབ་ཀྱི་བཞུགས་ཁྲིའི་སྟེང་ཁོང་དང་མཉམ་དུ་བསྡད་པ་བཞིན་ཡིན་ནོ།། 22རྣ་བ་ཡོད་པ་ཐམས་ཅད་ཀྱིས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ཡོངས་ལ་གསུངས་པའི་བཀའ་ལ་མཉན་པར་བྱའོ་ཞེས་གསུངས་སོ།།

མངོན་པ 4

ནམ་མཁའི་ཞིང་ཁམས་ཀྱི་བཞུགས་ཁྲི།

1དོན་དེ་དག་བྱུང་བའི་རྗེས་སུ་བདག་གིས་ཕར་བལྟས་པ་ན། ལྟོས་དང་། ནམ་མཁའི་ཞིང་ཁམས་སུ་སྒོ་ཞིག་ཕྱེ་འདུག་པ་མཐོང་ངོ་།། བདག་གིས་ཐེངས་དང་པོར་དུང་སྐད་ལྟ་བུའི་སྒྲ་ཞིག་ཐོས་ཤིང་བདག་ལ་འདི་སྐད་དུ། ཁྱོད་རང་ཡར་ཤོག་དང་། བདག་གིས་དོན་དེ་དག་གི་རྗེས་སུ་འབྱུང་བར་འགྱུར་བའི་དོན་རྣམས་ཁྱོད་ལ་སྟོན་པར་བྱའོ་ཞེས་གསུངས། 2དེ་མ་ཐག་ཏུ། ང་རང་དམ་པའི་ཐུགས་ཉིད་ཀྱི་ནང་དུ་དྲངས་ཤིང་། ལྟོས་དང་། ནམ་མཁའི་ཞིང་ཁམས་སུ་བཞུགས་ཁྲི་ཞིག་འདུག་ལ། བཞུགས་ཁྲི་དེའི་སྟེང་དུ་གང་ཞིག་བཞུགས་ཡོད་པ་མཐོང་ངོ་༎ 3བཞུགས་འདུག་པ་དེ་ཉིད་ཕར་བལྟས་ན་གཡང་ཊི་སྔོན་པོ་དང་པད་མ་རཱ་ག་དམར་པོ་དང་མཚུངས་ཤིང་། བཞུགས་ཁྲིའི་མཐའ་འཁོར་དུ་འཇའ་ཚོན་ཡང་ཤར་ཡོད་ལ། དེ་ནི་མ་རྒད་ལྗང་ཁུའི་མདངས་དང་མཚུངས། 4བཞུགས་ཁྲིའི་མཐའ་འཁོར་དུ་ཁྲི་གཞན་ཉེར་བཞི་ཡོད་ལ། ཁྲི་དེ་དག་གི་སྟེང་དུ་རྒན་པོ་ཉེར་བཞི་བཞུགས་ཡོད་པ་མཐོང་ཞིང་། གོས་དཀར་པོ་མནབས་པ་དང་དབུ་ལ་གསེར་གྱི་ཅོད་པན་གསོལ་ཡོད། 5བཞུགས་ཁྲི་དེ་ལས་གློག་དམར་འཁྱུག་ཅིང་ལྡིར་སྒྲ་སྒྲོག་པ་དང་འབྲུག་སྒྲ་གྲགས། ཡང་བཞུགས་ཁྲིའི་མདུན་དུ་དཔལ་འབར་བདུན་སྦར་ཡོད་ལ། དེ་དག་ནི་དཀོན་མཆོག་གི་ཐུགས་ཉིད་བདུན་ཡིན་ནོ།། 6བཞུགས་ཁྲིའི་མདུན་དུ་ཤེལ་གྱི་རྒྱ་མཚོ་ལྟ་བུ་ཞིག་ཡོད་ལ། དེ་ནི་ཆུ་ཤེལ་དང་མཚུངས། བཞུགས་ཁྲིའི་དཀྱིལ་དབུས་དང་བཞུགས་ཁྲིའི་མཐའ་འཁོར་དུ་སེམས་ཅན་བཞི་ཡོད་ལ། དེ་དག་ནི་ལུས་པོའི་མདུན་རྒྱབ་ཡོངས་ལ་མིག་གིས་གང་འདུག་གོ། 7སེམས་ཅན་དང་པོ་ནི་སེང་གེ་དང་མཚུངས། སེམས་ཅན་གཉིས་པ་ནི་བ་ཕྲུག་དང་མཚུངས། སེམས་ཅན་གསུམ་པའི་ཞལ་རས་ནི་མིའི་ངོ་གདོང་དང་མཚུངས། སེམས་ཅན་བཞི་པ་ནི་ནམ་འཕང་སྐྱོད་པའི་གླག་དང་མཚུངས། 8སེམས་ཅན་བཞི་པོ་རེ་རེ་ལ་གཤོག་པ་དྲུག་རེ་ཡོད་པ་དང་། ལུས་པོའི་ཕྱི་ནང་ཀུན་ལ་མིག་གིས་གང་ཞིང་། དེ་དག་གིས་ཉིན་མཚན་མེད་པར་འདི་སྐད་དུ། དམ་པ་དམ་པ་དམ་པ་སྟེ།། གཙོ་བོ་ཀུན་དབང་དཀོན་མཆོག་ནི།། ད་ལྟ་བཞུགས་ཤིང་སྔར་མཆིས་པ།། ཕེབས་པར་ངེས་པ་ཉིད་ལགས་སོ།། ཞེས་གསུངས་སོ།། 9དེ་ནས་ཡང་སེམས་ཅན་བཞི་པོས་བཞུགས་ཁྲི་སྟེང་དུ་བཞུགས་ཤིང་ཇི་སྲིད་བར་དུ་གསོན་པོར་བཞུགས་པ་དེ་ཉིད་ལ་བསྟོད་བསྔགས་དང་། བསྙེན་བཀུར། བཀའ་དྲིན་བཅས་འབུལ་བའི་སྐབས་སུ། 10རྒན་པོ་ཉེར་བཞིས་བཞུགས་ཁྲིའི་སྟེང་དུ་བཞུགས་པ་དེ་ཉིད་ཀྱི་དྲུང་དུ་ཕྱག་འཚལ་ཞིང་། ཇི་སྲིད་བར་དུ་གསོན་པོར་བཞུགས་པ་དེ་ཉིད་ལ་བསྟོད་བསྔགས་བརྗོད་པ་དང་། ཡང་ཁོང་རྣམས་ཀྱིས་རང་གི་ཅོད་པན་བཞུགས་ཁྲིའི་མདུན་དུ་བཞག་སྟེ་འདི་སྐད་དུ། 11ཀྱེ་ཀྱེ་ང་ཚོའི་གཙོ་བོ་དང་༎ ང་ཚོའི་དཀོན་མཆོག་ཁྱེད་རང་ལགས།། བསྟོད་བསྔགས་དང་ནི་བསྙེན་བཀུར་དང་།། དབང་ཐང་ཁྱེད་ལ་འོས་ཤིང་འབྱོར།། ཅིའི་ཕྱིར་ཞེ་ན་འདི་ལྟ་སྟེ།། ཁྱེད་ཀྱིས་ཐམས་ཅད་བསྐྲུན་པ་ནི།། ཐུགས་དགོངས་བཞིན་དུ་གྲུབ་ཅིང་གནས།།

མངོན་པ 5

ཤོག་དྲིལ་དང་ལུ་གུ།

1དེ་ནས་བདག་གིས་བཞུགས་ཁྲིའི་སྟེང་དུ་བཞུགས་པ་དེ་ཉིད་ཀྱི་ཕྱག་གཡས་པར་ཤོག་དྲིལ་ཐོགས་ཤིང་། ཤོག་དྲིལ་གྱི་ཕྱི་ནང་གཉིས་ཀར་ཡི་གེ་བྲིས་ཏེ་ཐམ་ག་བདུན་བཀོད་ནས་སྦྱར་ཡོད་པ་མཐོང་ངོ་༎ 2ཡང་ཕོ་ཉ་ནུས་མཐུ་ཅན་ཞིག་གིས་སྐད་ཆེན་པོས་འདི་སྐད་དུ། ཤོག་དྲིལ་འདིའི་ཁ་འབྱེད་པ་དང་ཐམ་ག་བདུན་པོ་དགོག་པར་འོས་པ་སུ་ཡོད་ཅེས་སྒྲོག་པ་བདག་གིས་མཐོང་། 3ཡང་ནམ་མཁའི་ཞིང་ཁམས་དང་། ས་སྟེང་། ས་འོག་བཅས་ནས་ཤོག་དྲིལ་གྱི་ཁ་འབྱེད་པ་དང་དེར་བལྟ་ནུས་མཁན་གཅིག་ཀྱང་མ་བྱུང་ངོ་༎ 4དེ་ནས་ཤོག་དྲིལ་གྱི་ཁ་འབྱེད་འོས་མཁན་དང་བལྟ་འོས་མཁན་མ་རྙེད་པས་བདག་ནི་རབ་ཏུ་ངུས་ཤིང་། 5རྒན་པོ་རྣམས་ལས་གཅིག་གིས་བདག་ལ་འདི་སྐད་དུ། ངུ་བར་མི་བྱའོ།། ལྟོས་དང་། ཡ་ཧུ་དཱའི་ཚོ་ཁག་གི་སེངྒེ་དང་དཱ་བིད་རིགས་རྒྱུད་ཀྱི་རྩ་བས་རྒྱལ་ཁ་བླངས་ཟིན་པས། ཁོང་གིས་ཤོག་དྲིལ་གྱི་ཁ་འབྱེད་པ་དང་དེའི་ཐམ་ག་བདུན་པོ་དགོག་ནུས་པ་ཡིན་ཞེས་གསུངས་སོ།། 6དེ་ནས་ཡང་བདག་གིས་བཞུགས་ཁྲི་དང་སེམས་ཅན་བཞི་པོ། རྒན་པོ་བཅས་ཀྱི་ཁྲོད་དུ་ལུ་གུ་ཞིག་ཡར་ལངས་འདུག་པ་མཐོང་ཞིང་། ལུ་གུ་དེ་ནི་བསད་མྱོང་བ་ཞིག་དང་མཚུངས་སོ།། དེ་ལ་རྭ་ཅོ་བདུན་དང་མིག་བདུན་ཡོད་ལ། མིག་བདུན་པོ་ནི་འཇིག་རྟེན་ཡོངས་ལ་མངགས་པའི་དཀོན་མཆོག་གི་ཐུགས་ཉིད་བདུན་ཡིན་ནོ༎ 7དེ་ནས་ལུ་གུ་ཕར་སོང་ནས་བཞུགས་ཁྲིའི་སྟེང་དུ་བཞུགས་པ་དེ་ཉིད་ཀྱི་ཕྱག་གཡས་པ་ནས་ཤོག་དྲིལ་ཚུར་བླངས་པ་དང་། 8ཁོང་གིས་ཤོག་དྲིལ་ཕྱག་ཏུ་བཟུང་བ་ན། སེམས་ཅན་བཞི་པོ་དང་རྒན་པོ་ཉེར་བཞིས་ལུ་གུའི་མདུན་དུ་ཕྱག་འཚལ་ཞིང་། དེ་དག་སོ་སོས་ཕྱག་ཏུ་པི་ཝང་ཐོགས་པ་དང་སྤོས་ཀྱིས་གང་བའི་གསེར་གྱི་ཕོར་བ་བཟུང་བ་དང་། སྤོས་ནི་དད་ལྡན་དམ་པ་རྣམས་ཀྱི་སྨོན་ལམ་ཡིན་ལ། 9ཁོང་རྣམས་ཀྱིས་བསྟོད་དབྱངས་གསར་པ་ལེན་བཞིན་འདི་སྐད་དུ། ཁྱེད་ནི་ཤོག་དྲིལ་ལེན་ལ་འོས་ཤིང་འབྱོར།། ཁྱེད་ནི་དེ་ཡི་ཐམ་ག་དགོག་ལ་འཚམ།། ཁྱེད་ནི་དེ་སྔར་སྐུ་བཀྲོངས་མྱོང་བ་དང་།། ཁྱེད་ཀྱིས་རང་གི་སྐུ་ཁྲག་བཞུར་བ་ལས།། ཚོ་བ་སྐད་རིགས་མི་རྒྱུད་སོ་སོ་དང་།། རྒྱལ་ཁབ་སོ་སོ་ནས་ཀྱང་མི་རྣམས་ནི༎ དཀོན་མཆོག་ཁོང་ཉིད་དོན་དུ་བླུས་པས་སོ།། 10གཞན་ཡང་དེ་རྣམས་རང་རེའི་དཀོན་མཆོག་གི། རྒྱལ་སྲིད་དང་ནི་མཆོད་དཔོན་དུ་མཛད་ཅིང་།། ས་གཞིའི་སྲིད་འཛིན་མཁན་དུ་འགྱུར་བའོ།། ཞེས་པའོ།། 11ཡང་བདག་གིས་ཕར་བལྟས་པ་ན། བཞུགས་ཁྲི་དང་སེམས་ཅན། རྒན་པོ་བཅས་མཐོང་ཞིང་། དེ་དག་གི་མཐའ་འཁོར་དུ་ཕོ་ཉ་མང་པོའི་གསུང་སྐད་ཐོས་པ་དང་། ཕོ་ཉའི་གྲངས་ཀ་ནི་ཁྲི་ཁྲི་འབུམ་འབུམ་མཆིས་སོ།། 12དེ་རྣམས་ཀྱིས་སྐད་ཆེན་པོས་འདི་སྐད་དུ། དེ་སྔར་སྐུ་སྲོག་བཀྲོངས་པའི་ལུ་གུ་ནི།། དབང་ཐང་ཁྱད་ནོར་མཁྱེན་རབ་ནུས་མཐུ་དང་།། བསྙེན་བཀུར་གཟི་བརྗིད་བསྟོད་བསྔགས་འབུལ་བ་བཅས།། ཁྱེད་ལ་འོས་ཤིང་འབྱོར་བ་ཡིན་ལགས་སོ།། ཞེས་གསུངས་སོ།། 13ཡང་ནམ་མཁའི་ཞིང་ཁམས་དང་། ས་སྟེང་། ས་འོག རྒྱ་མཚོ་བཅས་དང་། དེ་རྣམས་ཀྱི་ནང་ན་ཡོད་པའི་བསྐྲུན་པའི་དངོས་པོ་ཐམས་ཅད་ན་རེ། བསྔགས་བརྗོད་བསྙེན་བཀུར་གཟི་བརྗིད་མངའ་ཐང་བཅས།། བཞུགས་ཁྲིར་བཞུགས་མཁན་ཁོང་དང་ལུ་གུ་ལ།། ཇི་སྲིད་བར་དུ་ཕུལ་ཞིང་འབུལ་བར་སྨོན།། ཞེས་སྨྲས་པ་བདག་གིས་ཐོས་སོ།། 14དེ་ནས་སེམས་ཅན་བཞི་པོས་འདི་སྐད་དུ། ཨ་མེན་ཞེས་གསུངས་ཤིང་། རྒན་པོ་རྣམས་ཀྱིས་ཀྱང་ཕྱག་བཙལ་ནས་བསྟོད་བསྔགས་བརྗོད་དོ༎

མངོན་པ 6

ཐམ་གའི་སྐོར།

1དེ་ནས་ལུ་གུས་ཐམ་ག་བདུན་པོ་ལས་གཅིག་གི་ཁ་འབྱེད་བཞིན་པ་བདག་གིས་མཐོང་བ་དང་། སེམས་ཅན་བཞི་པོ་ལས་སེམས་ཅན་གཅིག་གིས་འདི་སྐད་དུ། ཤོག་དང་ཞེས་གསུངས་པ་ཐོས་ཤིང་། ཁོང་གི་སྐད་ནི་འབྲུག་སྒྲ་དང་མཚུངས་སོ།། 2དེ་ནས་བདག་གིས་ཕར་བལྟས་པ་ན། ལྟོས་དང་། རྟ་དཀར་པོ་ཞིག་མཐོང་ཞིང་། རྟ་ལ་ཞོན་མཁན་གྱིས་ལག་ཏུ་གཞུ་བཟུང་ཡོད་ལ། དེ་ལ་ཅོད་པན་ཡང་བསྩལ་ཡོད། དེ་ནི་རྒྱལ་ཞིང་རྣམ་པར་རྒྱལ་བའི་ཕྱིར་ཕྱི་རོལ་ཏུ་ཐོན་ནོ།། 3དེ་ནས་ལུ་གུས་ཐམ་ག་གཉིས་པ་ཁ་འབྱེད་པའི་དུས་སུ། སེམས་ཅན་གཉིས་པས་འདི་སྐད་དུ། ཤོག་དང་ཞེས་གསུངས་པ་བདག་གིས་ཐོས་སོ༎ 4དེ་ནས་རྟ་གཞན་ཞིག་ཕྱི་རོལ་ཏུ་ཐོན་པ་དང་། དེ་ནི་རྟ་རྐྱང་རྐྱང་ཞིག་ཡིན། རྟ་ལ་ཞོན་མཁན་དེར་ས་སྟེང་གི་ཞི་བདེ་ལེན་པར་བྱེད་པ་དང་། མི་རྣམས་ཕན་ཚུན་གསོད་རེས་བྱེད་དུ་འཇུག་པའི་དབང་ཤུགས་བསྩལ་ཡོད་ལ། རལ་གྲི་ཆེན་པོ་ཞིག་ཀྱང་གནང་ངོ་།། 5དེ་ནས་ལུ་གུས་ཐམ་ག་གསུམ་པ་ཁ་འབྱེད་པའི་དུས་སུ། སེམས་ཅན་གསུམ་པས་འདི་སྐད་དུ། ཤོག་དང་ཞེས་གསུངས་པ་བདག་གིས་ཐོས་སོ༎ དེ་ནས་བདག་གིས་ཕར་བལྟས་པ་ན། ལྟོས་དང་། རྟ་ནག་པོ་ཞིག་མཐོང་ཞིང་། རྟ་ལ་ཞོན་མཁན་གྱིས་ལག་ཏུ་རྒྱ་སྲང་ཞིག་བཟུང་ཡོད། 6སེམས་ཅན་བཞི་པོའི་ཁྲོད་ནས་སྐད་སྒྲ་ལྟ་བུ་ཞིག་གྲགས་ཏེ་འདི་སྐད་དུ། གྲོ་བྲེ་གང་གི་རིན་གོང་ནི་དངུལ་སྒོར་གཅིག་དང་། ནས་བྲེ་གསུམ་གྱི་རིན་གོང་ནི་དངུལ་སྒོར་གཅིག་ཡིན། སྣུམ་དང་རྒུན་ཆང་ནི་འཕྲོ་བརླག་ཏུ་གཏོང་མི་རུང་ཞེས་གསུངས་པ་བདག་གིས་ཐོས་སོ།། 7དེ་ནས་ལུ་གུས་ཐམ་ག་བཞི་པ་ཁ་འབྱེད་པའི་དུས་སུ། སེམས་ཅན་བཞི་པས་འདི་སྐད་དུ། ཤོག་དང་ཞེས་གསུངས་པ་བདག་གིས་ཐོས་སོ༎ 8དེ་ནས་བདག་གིས་ཕར་བལྟས་པ་ན། ལྟོས་དང་། རྟ་སྐྱ་བོ་ཞིག་མཐོང་ཞིང་། རྟ་ལ་ཞོན་མཁན་གྱི་མིང་ལ་འཆི་བ་ཟེར། གཤིན་པོའི་གནས་ཀྱང་དེའི་རྗེས་སུ་འབྲང་། དེ་རྣམས་ལ་རལ་གྲི་དང་། མུ་གེ ནད་ཡམས། གཅན་གཟན་བཅས་བཀོལ་ནས། ས་སྟེང་གི་མི་རྣམས་ལས་བཞི་ཆའི་གཅིག་གསོད་པའི་དབང་ཤུགས་བསྩལ་ཡོད་དོ།། 9དེ་ནས་ལུ་གུས་ཐམ་ག་ལྔ་པ་ཁ་འབྱེད་པའི་དུས་སུ། མཆོད་ཁྲིའི་འོག་ཏུ་དཀོན་མཆོག་གི་བཀའི་ཆེད་དང་ཁོང་ལ་བདེན་དཔང་བྱེད་པའི་ཕྱིར། སྐུ་བཀྲོངས་པ་རྣམས་ཀྱི་རྣམ་ཤེས་བདག་གིས་མཐོང་ངོ་།། 10དེ་དག་གིས་སྐད་ཆེན་པོས་འདི་ལྟར་སྨྲས་པ། ཀྱེ། དམ་པ་དང་བདེན་པ་ཡི་བདག་པོ་ལགས། ཁྱེད་ཀྱིས་ས་སྟེང་གི་མི་རྣམས་ལ་ཉེས་ཆད་མི་གཅོད་ཅིང་། ངེད་ཅག་གི་ཁྲག་བཞུར་བ་ལ་སྲོག་ལན་ཡང་མི་འཇལ་ལམ། ངེད་ཅག་གིས་དུས་ནམ་ཞིག་གི་བར་དུ་སྒུག་དགོས་སམ་ཞེས་ཞུས་སོ།། 11དེ་ནས་དེ་དག་རེ་རེ་ལ་ལྭ་རིང་དཀར་པོ་རེ་གནང་ཞིང་། མཉམ་དུ་ཞབས་ཕྱི་པར་གྱུར་པ་དག་དང་ཁོ་རྣམས་ཀྱི་སྤུན་ཟླ་རྣམས་ཀྱང་ཁོ་རྣམས་བཞིན། སྐུ་བཀྲོངས་ཏེ་གྲངས་ཀ་ལོང་བའི་བར་དུ། ད་དུང་རེ་ཞིག་ལ་སྒུག་དགོས་པའི་བཀའ་གནང་ངོ་།། 12དེ་ནས་ལུ་གུས་ཐམ་ག་དྲུག་པ་ཁ་འབྱེད་པའི་དུས་སུ། བདག་གིས་ཕར་བལྟས་པ་ན། ས་འགུལ་ཆེན་པོ་བྱུང་བ་དང༌། ཉི་མ་ནི་རྩིད་རས་བཞིན་ནག་པོར་གྱུར་པ། ཟླ་བ་ཡོངས་སུ་ཁྲག་ལྟར་དམར་པོར་གྱུར་པ། 13ནམ་མཁའི་སྐར་ཚོགས་ས་ལ་ལྷུང་ཞིང་། དེ་ནི་དྲག་རླུང་གིས་བསེ་ཡབ་ཤིང་བསྒུལ་ནས་འབྲས་བུ་མ་སྨིན་པ་རྣམས་ས་ལ་ཐོར་བ་ལྟ་བུའོ།། 14ནམ་མཁའ་ནི་ཤོག་དྲིལ་སྒྲིལ་བ་བཞིན་ཡལ་བ་དང་། རི་དང་གླིང་ཕྲན་ཐམས་ཅད་ཀྱང་གཡོ་བར་གྱུར་ཏེ་རང་ས་ནས་སྤར་བ་མཐོང་ངོ་།། 15དེ་ནས་ས་སྟེང་གི་རྒྱལ་པོ་དང་། བློན་ཆེན་དང་། དམག་དཔོན་དང་། ཕྱུག་པོ་དང་། སྟོབས་ཅན་རྣམས་དང་། གཡོག་པོ་དང་རང་དབང་ཅན་ཐམས་ཅད་རི་ཕུག་དང་རིའི་བྲག་སྐྱིབས་སུ་སོང་ནས་སྦས་ཏེ། 16རི་དང་བྲག་ལ་འདི་ལྟར་སྨྲས་པ། བཞུགས་ཁྲིའི་སྟེང་དུ་བཞུགས་མཁན་གྱི་ཞལ་རས་དང་། ལུ་གུའི་ཐུགས་ཁྲོ་ལ་གཡོལ་བའི་ཕྱིར། ངེད་ཅག་གི་སྟེང་དུ་བསྙིལ་ནས་ངེད་རྣམས་སྦ་བར་མཛོད། 17ཁོང་རྣམ་གཉིས་ཐུགས་ཁྲོ་བའི་ཉིན་དྲག་པོ་དེ་ནི་སླེབས་ཟིན་པས། སུ་ཞིག་ལངས་ནས་སྡོད་ཐུབ་བམ་ཞེས་པའོ།།

མངོན་པ 7

མི་ཆིག་འབུམ་བཞི་ཁྲི་བཞི་སྟོང་ལ་ཐམ་ག་བརྒྱབ་པ།

1དོན་དེའི་རྗེས་སུ། ཕོ་ཉ་བཞི་ནི་ས་གཞིའི་ཟུར་བཞི་རུ་བཞེངས་ཡོད་དེ། ས་གཞི་དང་། རྒྱ་མཚོ། ཤིང་སྡོང་བཅས་ཀྱི་སྟེང་དུ་རླུང་མི་གཡུག་པའི་ཕྱིར། ས་སྟེང་གི་ཕྱོགས་བཞིའི་རླུང་དབང་དུ་བསྒྱུར་འདུག་པ་བདག་གིས་མཐོང་ངོ་༎ 2ཡང་ཕོ་ཉ་གཞན་ཞིག་ཤར་ཕྱོགས་ནས་ཡར་འོངས་ཤིང་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་གི་ཐམ་ག་ཕྱག་ཏུ་ཐོགས་པ་བདག་གིས་མཐོང་། ཕོ་ཉ་དེས་ས་གཞི་དང་རྒྱ་མཚོ་ལ་གནོད་པ་བྱེད་པའི་དབང་ཐོབ་མཁན་གྱི་ཕོ་ཉ་བཞི་པོ་ལ་སྐད་ཆེན་པོས་འདི་སྐད་དུ། 3ངེད་ཅག་གིས་རང་རེའི་དཀོན་མཆོག་གི་ཞབས་ཕྱི་པ་རྣམས་ཀྱི་དཔྲལ་བར་ཐམ་ག་བཀོད་རེག་བར་དུ། ཁྱོད་ཅག་གིས་ས་གཞི་དང༌། རྒྱ་མཚོ། ཤིང་སྡོང་དག་ལ་གནོད་འཚེ་མ་བྱེད་ཅེས་གསུངས་སོ།། 4དེ་ནས་བདག་གིས་ཡེས་ར་ཨེལ་བུ་རྒྱུད་ཀྱི་ཚོ་བ་ཐམས་ཅད་ལས་ཐམ་ག་བཀོད་པའི་མི་གྲངས་ཆིག་འབུམ་བཞི་ཁྲི་བཞི་སྟོང་ཡོད་པ་ཐོས་ཤིང་། 5དེ་དག་ནི་འདི་ལྟ་སྟེ། ཡ་ཧུ་དཱ་ཚོ་བ་ལས་ཐམ་ག་བཀོད་པའི་མི་ཆིག་ཁྲི་ཉིས་སྟོང་དང་། རུ་བེན་ཚོ་བ་ལས་མི་ཆིག་ཁྲི་ཉིས་སྟོང་དང་། གཱ་རྡུ་ཚོ་བ་ལས་མི་ཆིག་ཁྲི་ཉིས་སྟོང་དང་། 6ཨ་ཤེར་ཚོ་བ་ལས་མི་ཆིག་ཁྲི་ཉིས་སྟོང་དང་། ནཱབ་ཐ་ལི་ཚོ་བ་ལས་མི་ཆིག་ཁྲི་ཉིས་སྟོང་དང་། མཱ་ན་ཤེ་ཚོ་བ་ལས་མི་ཆིག་ཁྲི་ཉིས་སྟོང་དང་། 7སི་མུ་ཨོན་ཚོ་བ་ལས་མི་ཆིག་ཁྲི་ཉིས་སྟོང་དང་། ལེ་ཝི་ཚོ་བ་ལས་མི་ཆིག་ཁྲི་ཉིས་སྟོང་དང་། ཡེས་སི་ཀཱར་ཚོ་བ་ལས་མི་ཆིག་ཁྲི་ཉིས་སྟོང་དང༌། 8ཟེ་བུ་ལུན་ཚོ་བ་ལས་མི་ཆིག་ཁྲི་ཉིས་སྟོང་དང་། ཡོ་སེབ་ཚོ་བ་ལས་མི་ཆིག་ཁྲི་ཉིས་སྟོང་དང་། པེན་ཡཱ་མེན་ཚོ་བ་ལས་མི་ཆིག་ཁྲི་ཉིས་སྟོང་ཡོད་པ་བཅས་སོ།།

ལྭ་རིང་དཀར་པོ་གྱོན་པའི་མི་ཚོགས་ཀྱི་སྐོར།

9དོན་དེའི་རྗེས་སུ། ཡང་བདག་གིས་ཕར་བལྟས་པ་ན། ལྟོས་དང་། མི་ཤིན་ཏུ་མང་པོ་བགྲང་གིས་མི་ལང་བ་ཞིག་མཐོང་ཞིང་། དེ་རྣམས་ནི་རྒྱལ་ཁབ་སོ་སོ་དང་། ཚོ་བ་སོ་སོ། མི་རྒྱུད་སོ་སོ། སྐད་རིགས་སོ་སོ་བཅས་ནས་ཐོན་པ་དང་། བཞུགས་ཁྲི་དང་ལུ་གུའི་མདུན་དུ་ཡར་འགྲེང་ཞིང་། ལུས་ལ་ལྭ་རིང་དཀར་པོ་གྱོན་པ་དང་ལག་ཏུ་ཏ་ལའི་ཤིང་གི་ཡལ་ག་བཟུང་སྟེ། 10སྐད་ཆེན་པོས་འདི་ལྟར་དུ་སྨྲས་པ། བཞུགས་ཁྲིའི་སྟེང་དུ་བཞུགས་པའི་རང་རེའི་དཀོན་མཆོག་དང་།། ལུ་གུ་ལ་ནི་ཐར་པའི་དབང་དེ་གཏོགས་པ་ལགས།། ཞེས་པའོ།། 11དེ་ནས་ཕོ་ཉ་ཐམས་ཅད་བཞུགས་ཁྲི་དང་། རྒན་པོ་རྣམས། སེམས་ཅན་བཞི་པོ་བཅས་ཀྱི་མཐའ་འཁོར་དུ་ཡར་འགྲེང་ནས་སྡོད་པ་དང་། ཡང་བཞུགས་ཁྲིའི་མདུན་དུ་ཕྱག་བཙལ་ནས་དཀོན་མཆོག་ལ་འདི་ལྟར་བསྟོད་བསྔགས་བརྗོད་པ་སྟེ། 12ཨ་མེན་བསྟོད་བསྔགས་གཟི་བརྗིད་མཁྱེན་རབ་དང་།། ཐུགས་རྗེ་བསྙེན་བཀུར་དབང་ཐང་ནུས་མཐུ་བཅས།། ཐམས་ཅད་ཇི་སྲིད་བར་དུ་བདག་ཅག་གི ། དཀོན་མཆོག་ཁོང་ལ་ཡོད་པར་གྱུར་ཅིག་ཨང་༎ ཨ་མེན་ཞེས་སོ།། 13དེ་ནས་རྒན་པོ་རྣམས་ལས་གཅིག་ན་རེ། ལྭ་རིང་དཀར་པོ་གྱོན་མཁན་འདི་རྣམས་སུ་ཡིན་ནམ། གང་ནས་ཡོང་བ་ཡིན་ནམ་ཞེས་བདག་ལ་དྲིས་པ་ན། 14ངས་ཁོང་ལ་འདི་ལྟར་སྨྲས་པ་སྟེ། བདག་པོ་ལགས། ཁྱེད་ཀྱིས་མཁྱེན་ནོ་ཞེས་པ་ལ། ཡང་ཁོང་གིས་འདི་སྐད་དུ། མི་འདི་རྣམས་ནི་དཀའ་སྡུག་ཆེན་པོའི་ཁྲོད་ནས་ཡོང་བ་ཡིན་ཞིང་། ལུ་གུའི་སྐུ་ཁྲག་གིས་ལྭ་རིང་པོ་གཙང་མར་བཀྲུས་ནས་དཀར་པོར་གྱུར་པ་ཡིན། 15དེའི་ཕྱིར་ཁོ་རྣམས་ཀྱིས་དཀོན་མཆོག་གི་བཞུགས་ཁྲིའི་མདུན་དང་། ཁོང་གི་མཆོད་ཁང་ནང་དུ་ཉིན་མཚན་མེད་པར་ཁོང་ལ་བསྙེན་བཀུར་ཞུ་བ་དང་། བཞུགས་ཁྲིའི་སྟེང་དུ་བཞུགས་མཁན་གྱིས་མི་དེ་རྣམས་ཀྱི་སྟེང་དུ་རང་ཉིད་ཀྱི་གུར་དགབ་པར་འགྱུར་ཞིང་། 16མི་དེ་རྣམས་ཀྱིས་དུས་ནམ་ཡང་བཀྲེས་སྐོམ་མི་མྱོང་ཞིང་། དེ་རྣམས་ལ་ཉི་ཟེར་དང་ཚ་ཟེར་གང་གིས་ཀྱང་གནོད་འཚེ་བྱེད་པར་མི་འགྱུར་རོ།། 17ཅིའི་ཕྱིར་ཞེ་ན། བཞུགས་ཁྲིའི་དཀྱིལ་དུ་བཞུགས་པའི་ལུ་གུས་མི་དེ་རྣམས་འཚོ་སྐྱོང་མཛད་ནས། ཁོ་རྣམས་ཚེ་སྲོག་གི་ཆུ་མིག་རྣམས་ཀྱི་དྲུང་དུ་ཁྲིད་པར་མཛད་པ་དང་། དཀོན་མཆོག་གིས་ཀྱང་ཁོ་རྣམས་ཀྱི་མིག་ཆུ་ཐམས་ཅད་ཕྱི་བར་འགྱུར་ཞེས་སྨྲས་སོ།།

མངོན་པ 8

ཐམ་ག་བདུན་པ་དང་གསེར་གྱི་སྤོས་ཕོར།

1ལུ་གུས་ཐམ་ག་བདུན་པ་ཁ་འབྱེད་པའི་དུས་སུ། ནམ་མཁའི་ཞིང་ཁམས་ནི་ཆུ་ཚོད་ཕྱེད་ཀའི་རིང་ལ་ལྷིང་འཇགས་སུ་གྱུར་ཏོ།། 2དེ་ནས་དཀོན་མཆོག་གི་མདུན་དུ་ཡར་འགྲེང་ནས་བསྡད་ཡོད་པའི་ཕོ་ཉ་བདུན་པོ་བདག་གིས་མཐོང་ཞིང་། དེ་དག་ལ་དུང་བདུན་གནང་ཡོད་དོ།། 3དེ་ནས་ལག་ཏུ་གསེར་གྱི་སྤོས་ཕོར་ཐོགས་པའི་ཕོ་ཉ་གཞན་ཞིག་མཆོད་ཁྲིའི་གམ་དུ་ཕེབས་ཏེ་ཡར་འགྲེང་ནས་སྡོད་ཅིང་། དེ་ལ་སྤོས་མང་པོ་གནང་ཡོད་དོ།། དེ་ནི་དད་ལྡན་དམ་པ་ཐམས་ཅད་ཀྱི་སྨོན་ལམ་དང་ལྷན་དུ། བཞུགས་ཁྲིའི་མདུན་དུ་ཡོད་པའི་གསེར་གྱི་མཆོད་ཁྲིའི་སྟེང་དུ་འབུལ་བའི་ཕྱིར་ཡིན། 4དེ་ནས་སྤོས་ཀྱི་དུ་བ་དང་དད་ལྡན་དམ་པ་རྣམས་ཀྱི་སྨོན་ལམ་ནི་མཉམ་དུ་ཕོ་ཉའི་ཕྱག་ནས་ཡར་དཀོན་མཆོག་གི་དྲུང་དུ་སླེབས་སོ།། 5ཕོ་ཉས་ཕྱག་ཏུ་སྤོས་ཕོར་ཐོགས་ཤིང་། སྤོས་ཕོར་ནང་དུ་མཆོད་ཁྲིའི་སྟེང་གི་མེས་གང་བར་བྱས་ཤིང་ས་གཞིར་གཏོར་བ་ན། འབྲུག་སྒྲ་གྲགས་པ་དང་། ལྡིར་སྒྲ་སྒྲོག་པ། གློག་དམར་འཁྱུག་པ། ས་འགུལ་ཡོང་བ་བཅས་བྱུང་བར་གྱུར་ཏོ།།

དུང་དཀར་བདུན་པོའི་སྐོར།

6དེ་ནས་དུང་བདུན་ཕྱག་ཏུ་ཐོགས་པའི་ཕོ་ཉ་བདུན་པོས་དུང་འབུད་པར་སྟ་གོན་བྱས་སོ།། 7ཕོ་ཉ་དང་པོས་དུང་བུས་པ་ན། ཁྲག་འདྲེས་པའི་སེར་བ་དང་མེ་ཕུང་དག་ས་སྟེང་དུ་འཕངས་ཏེ། ས་གཞིའི་གསུམ་ཆའི་གཅིག་དང་ཤིང་སྡོང་གི་གསུམ་ཆའི་གཅིག་མེར་བསྲེགས་པ་དང་། རྩྭ་སྔོན་ཐམས་ཅད་ཀྱང་མེར་བསྲེགས་སོ།། 8ཕོ་ཉ་གཉིས་པས་དུང་བུས་པ་ན། མེ་འབར་བ་ལྟ་བུའི་རི་ཆེན་པོ་རྒྱ་མཚོའི་ནང་དུ་འཕངས་ཏེ། རྒྱ་མཚོའི་གསུམ་ཆའི་གཅིག་ཁྲག་ཏུ་གྱུར་པ་དང་། 9རྒྱ་མཚོའི་སེམས་ཅན་ལས་གསུམ་ཆའི་གཅིག་ཤི་བ་དང་། གྲུ་གཟིངས་ལས་གསུམ་ཆའི་གཅིག་ཀྱང་བརླག་པར་གྱུར་ཏོ།། 10ཕོ་ཉ་གསུམ་པས་དུང་བུས་པ་ན། སྐར་ཆེན་ནི་དཔལ་འབར་བཞིན་ནམ་མཁའ་ནས་སར་ལྷུང་ཞིང་། གཙང་པོའི་གསུམ་ཆའི་གཅིག་དང་ཆུ་མིག་གི་སྟེང་དུ་ལྷུང་ངོ་།། 11སྐར་མ་དེའི་མིང་ལ་འཁན་པ་ཟེར་ཞིང་། ཆུའི་གསུམ་ཆའི་གཅིག་ཁ་མོར་གྱུར་པ་དང་། ཆུ་ཁ་མོར་གྱུར་པའི་རྐྱེན་གྱིས་མི་མང་པོ་ཤིའོ༎ 12ཕོ་ཉ་བཞི་པས་དུང་བུས་པ་ན། ཉི་མའི་གསུམ་ཆའི་གཅིག་དང་། ཟླ་བའི་གསུམ་ཆའི་གཅིག སྐར་མའི་གསུམ་ཆའི་གཅིག་བཅས་ལ་ཕོགས་པས། ཉི་ཟླ་སྐར་གསུམ་གྱི་གསུམ་ཆའི་གཅིག་མུན་ནག་ཏུ་གྱུར་ཅིང་། ཉིན་མོའི་གསུམ་ཆའི་གཅིག་ལ་འོད་མ་འཕྲོས་པ་དང་། མཚན་མོའང་དེ་བཞིན་ནོ།། 13དེ་ནས་ཡང་བདག་གིས་ཕར་བལྟས་པ་ན། གླག་ཅིག་མཁའ་དབྱིངས་སུ་འཕུར་བཞིན་ཡོད་ཅིང་། དེས་སྐད་ཆེན་པོས་འདི་སྐད་དུ། ཕོ་ཉ་གཞན་གསུམ་པོས་དུང་འཕྲོ་མ་རྣམས་འབུད་རྒྱུ་ཡིན་པས། ས་སྟེང་དུ་སྡོད་པའི་མི་རྣམས་ལ་ཆག་སྒོ་འབྱུང་ངོ་།། ཆག་སྒོ་འབྱུང་ངོ་།། ཆག་སྒོ་འབྱུང་ངོ་ཞེས་བརྗོད་པའང་བདག་གིས་ཐོས་སོ།།

མངོན་པ 9

1ཕོ་ཉ་ལྔ་པས་དུང་བུས་པ་ལ། སྐར་མ་ཞིག་ནམ་མཁའི་ཞིང་ཁམས་ནས་ས་སྟེང་དུ་ལྷུང་ཡོད་པ་བདག་གིས་མཐོང་ངོ་༎ ཞབས་མེད་པའི་དོང་གི་ལྡེ་མིག་ནི་སྐར་མ་དེ་ལ་གནང་བ་དང་། 2ཁོས་ཞབས་མེད་པའི་དོང་གི་ཁ་ཕྱེས་པ་ལ། དོང་ལས་དུ་བ་འཕྱུར་ཅིང་དེ་ནི་མེ་ཐབ་ཆེན་པོའི་དུ་བ་དང་འདྲ། ཉི་མ་དང་མཁའ་དབྱིངས་ཐམས་ཅད་དུ་བའི་རྐྱེན་གྱིས་མུན་ནག་ཏུ་གྱུར་ཏོ།། 3དེ་ནས་དུ་བ་ལས་འབུ་ཆ་ག་པ་ཕྱིར་ཐོན་ཏེ་ས་སྟེང་དུ་འཕུར་ཡོང་བ་དང་། ས་ཐོག་གི་སྡིག་པ་རྭ་ཙ་ལ་ཡོད་པའི་ནུས་མཐུ་ལྟ་བུ་ནི་དེ་རྣམས་ལ་གནང་ཡོད་པར་མ་ཟད། 4ས་སྟེང་གི་རྩྭ་དང་། རྩི་ཤིང་སྣ་ཚོགས། ཤིང་སྡོང་གང་ལའང་གནོད་འཚེ་མི་བྱེད་པར། དཔྲལ་བར་དཀོན་མཆོག་གི་ཐམ་ག་བཀོད་མེད་པའི་མི་ཁོ་ནར་གནོད་འཚེ་བྱེད་པའི་བཀའ་གནང་ཡོད། 5འོན་ཀྱང་སྡིག་པ་རྭ་ཙས་དུག་གིས་བསྣུན་པ་ལྟ་བུའི་མནར་གཅོད་ནི་ཟླ་བ་ལྔའི་རིང་ལ་མི་དེ་རྣམས་ལ་མྱོང་བར་བྱེད་པ་ལས། འབུ་ཆ་ག་པར་མི་དེ་རྣམས་གསོད་པའི་དབང་ནི་གནང་མེད། 6ཉིན་དེ་དག་གི་རིང་ལ། མི་རྣམས་ཀྱིས་ཤི་བར་རེ་བ་བཅངས་ནའང་གཏན་ནས་ཤི་བར་མི་འགྱུར་ལ། འཆི་བར་འདོད་ཀྱང་འཆི་བ་ནི་དེ་རྣམས་དང་རིང་དུ་གྱེས་སོ།། 7འབུ་ཆ་ག་པའི་ཚུགས་ཀ་ནི་གཡུལ་འཐབ་ལ་ཞུགས་པར་སྟ་གོན་བྱས་པའི་དམག་རྟ་དང་མཚུངས་ཏེ། མགོ་ལ་གསེར་གྱི་ཅོད་པན་ལྟ་བུ་བསྐོན་ཡོད་ལ། གདོང་ནི་སྐྱེས་པའི་གདོང་དང་འདྲ། 8སྐྲ་ནི་བུད་མེད་ཀྱི་སྐྲ་དང་མཚུངས། སོ་ནི་སེང་གེའི་མཆེ་བ་དང་འདྲ། 9དེ་དག་གི་བྲང་ཁར་ཁྲབ་ཡོད་ཅིང་དེ་ནི་ལྕགས་ཀྱི་གོ་ཁྲབ་དང་མཚུངས། གཤོག་པའི་འུར་སྒྲ་ནི་ཤིང་རྟ་དང་རྟ་མང་པོ་གཡུལ་སར་ཞུགས་པའི་སྒྲ་དང་མཚུངས། 10དེ་དག་གི་རྔ་མ་ནི་སྡིག་པ་རྭ་ཙའི་རྔ་མ་དང་འདྲ་ཞིང་དུག་མདུང་ཐོགས་ཡོད་ལ། རྔ་མ་ནང་དུ་ཟླ་བ་ལྔའི་རིང་མི་ལ་གནོད་འཚེ་བྱེད་པའི་ནུས་པ་ཡོད། 11ཞབས་མེད་པའི་དོང་གི་ཕོ་ཉ་ནི་འབུ་ཆ་ག་པ་དེ་དག་གི་རྒྱལ་པོ་ཡིན་ཞིང་། ཨིབ་རིའི་མི་རིགས་ཀྱི་སྐད་དུ་ཨ་བད་ཏོན་དང་། གྷི་རིག་སྐད་དུ་ཨ་པོལ་ལི་ཨོན་ཞེས་ཟེར་རོ།། 12ཆག་སྒོ་དང་པོ་མཇུག་རྫོགས་ཤིང་། ལྟོས་དང་། དོན་དེ་དག་གི་རྗེས་སུ་ད་དུང་ཆག་སྒོ་གཉིས་འབྱུང་བར་འགྱུར་རོ།། 13དེ་ནས་ཕོ་ཉ་དྲུག་པས་དུང་བུས་པ་ན། དཀོན་མཆོག་གི་མདུན་དུ་ཡོད་པའི་གསེར་གྱི་མཆོད་ཁྲིའི་ཟུར་བཞི་ཡི་རུ་ཐུར་ནས་སྒྲ་གྲགས་ཏེ། 14དུང་ཐོགས་པའི་ཕོ་ཉ་དྲུག་པ་ལ་འདི་སྐད་དུ། གཙང་པོ་ཆེན་པོ་ཡུ་ཕ་རཱད་དུ་བཅིངས་ཡོད་པའི་ཕོ་ཉ་བཞི་པོ་ཁྲོལ་ཅིག་ཅེས་བཀའ་བསྒྲགས་པ་བདག་གིས་ཐོས་སོ༎ 15དེ་ནས་ཕོ་ཉ་བཞི་པོ་བཀྲོལ་བར་གྱུར་ཏོ།། མ་གཞི་ཕོ་ཉ་བཞི་པོ་ནི་ལོ་ཟླ་དང་། ཉིན་དང་ཆུ་ཚོད་ངེས་ཅན་ཞིག་ལ་མིའི་རིགས་ཀྱི་གསུམ་ཆའི་གཅིག་གསོད་པའི་ཕྱིར་སྟ་གོན་བྱས་ཡོད། 16རྟ་དམག་དུང་ཕྱུར་གཉིས་ཡོད་ལ། དེའི་གྲངས་ཀ་ནི་བདག་གིས་ཐོས་སོ།། 17བདག་གིས་ཞལ་གཟིགས་ནང་དུ་མཐོང་བའི་རྟ་དང་རྟ་ལ་ཞོན་མཁན་རྣམས་འདི་ལྟ་སྟེ། རྟ་ལ་ཞོན་མཁན་རྣམས་ཀྱི་བྲང་ཁར་མེ་དམར་པོ་དང་། རྟ་ཀླད་དམར་སྨུག མུ་ཟི་སེར་པོ་བཅས་དང་མཚུངས་པའི་གོ་ཁྲབ་ཡོད་ལ། རྟའི་མགོ་ནི་སེང་གེའི་མགོ་དང་མཚུངས་ཤིང་། རྟའི་ཁ་ནས་མེ་དང་། དུ་བ། མུ་ཟི་བཅས་ཕྱིར་ཐོན་ནོ།། 18རྟའི་ཁ་ནས་ཐོན་པའི་མེ་དང་། དུ་བ། མུ་ཟི་བཅས་པའི་ཆག་སྒོ་རིགས་གསུམ་གྱིས་མིའི་གསུམ་ཆའི་གཅིག་བསད་པ་རེད། 19རྟ་དེ་དག་གི་ནུས་པ་ཁ་ནང་དང་རྔ་མའི་སྟེང་དུ་ཡོད་ལ། རྔ་མ་ནི་སྦྲུལ་དང་མཚུངས་ཤིང་མགོ་ཡོད་པ་དང་གཞན་ལ་གནོད་འཚེ་བྱེད་པའོ།། 20ཆག་སྒོ་དེ་ལས་མ་བསད་པའི་མིའི་རིགས་ཀྱིས་རང་གི་ལག་པས་ཅི་བཟོས་པ་དག་ལས་འགྱོད་བཤགས་མི་བྱེད་པར། སྔར་བཞིན་དུ་གདོན་འདྲེ་ལ་དད་གུས་བྱེད་པ་དང་། མིག་གིས་མི་མཐོང་བ་དང་། རྣ་བས་མི་ཐོས་པ། འགྲོ་མི་ནུས་པ། གསེར། དངུལ། ཟངས། ཤིང་། རྡོ་བཅས་ཀྱིས་བཟོས་པའི་སྐུ་འདྲ་དག་ལ་ཕྱག་འཚལ་བ་དང་། 21ཡང་དེ་རྣམས་ཀྱིས་མི་གསོད་པ་དང་། ངན་སྔགས་པ། ལོག་གཡེམ་བྱེད་པ། རྐུ་བྱེད་པ་བཅས་ལས་འགྱོད་བཤགས་མ་བྱས་སོ།།

མངོན་པ 10

ཕོ་ཉ་དང་ཤོག་དྲིལ་ཆུང་བའི་སྐོར།

1ཡང་བདག་གིས་ནུས་མཐུ་ཆེན་པོ་ལྡན་པའི་ཕོ་ཉ་གཞན་ཞིག་ནམ་མཁའི་ཞིང་ཁམས་ནས་མར་ཕེབས་པ་མཐོང་ངོ་།། ཁོང་ནི་སྤྲིན་ཕུང་གིས་གཡོགས་ཤིང་། དབུ་ལ་འཇའ་ཚོན་ཤར་བ་དང་། ཞལ་རས་ནི་ཉི་མ་དང་མཚུངས། ཞབས་ཟུང་ནི་མེའི་ཀ་བ་དང་འདྲ། 2ཕྱག་ཏུ་ཁ་ཕྱེས་ཡོད་པའི་ཤོག་དྲིལ་ཆུང་བ་ཞིག་ཐོགས་ཤིང་། ཁོང་གིས་ཞབས་གཡས་པ་རྒྱ་མཚོ་དང་ཞབས་གཡོན་པ་ས་སྟེང་དུ་བཅགས་ཏེ། 3གསུང་སྐད་ཆེན་པོ་བསྒྲགས་པ་ནི་སེང་གེས་ངར་སྐད་སྒྲོག་པ་ལྟ་བུ་ཡིན། གསུང་སྐད་བསྒྲགས་ཚར་བ་དང་འབྲུག་སྐད་བདུན་གྲགས། 4འབྲུག་སྐད་བདུན་གྲགས་རྗེས་བདག་གིས་ཡི་གེར་འགོད་པར་རྩོམ་པ་ལ། ནམ་མཁའི་ཞིང་ཁམས་ནས་སྐད་སྒྲ་ཞིག་གིས་འདི་སྐད་དུ། འབྲུག་སྐད་བདུན་གྱིས་གསུངས་པ་ནི་ཁྱོད་ཀྱིས་གསང་དགོས་པ་ལས་ཡི་གེར་འགོད་མི་རུང་ཞེས་གསུངས་སོ།། 5དེ་ནས་བདག་གིས་མཐོང་བའི་རྒྱ་མཚོ་དང་ས་སྟེང་ལ་ཞབས་ཀྱིས་བཅགས་པའི་ཕོ་ཉ་དེ་ཉིད་ཀྱིས་ནམ་མཁའི་ཞིང་ཁམས་ཀྱི་ཕྱོགས་སུ་ཕྱག་གཡས་པ་ཡར་བཀྱགས་ཏེ། 6ནམ་མཁའ་དང་ནམ་མཁར་ཡོད་པའི་དངོས་པོ་དང་། ས་གཞི་དང་ས་གཞིར་ཡོད་པའི་དངོས་པོ། རྒྱ་མཚོ་དང་རྒྱ་མཚོར་ཡོད་པའི་དངོས་པོ་ཐམས་ཅད་སྐྲུན་མཁན་དང་། ཇི་སྲིད་བར་དུ་གསོན་པོར་བཞུགས་པ་ཁོང་ཉིད་ལ་བརྟེན་ནས་འདི་སྐད་དུ། ད་ནི་དུས་འགྱང་མི་རུང་ངོ་།། 7འོན་ཀྱང་ཕོ་ཉ་བདུན་པས་དུང་སྐད་བསྒྲག་པའི་ཉིན་མོ་དག་ལ། དཀོན་མཆོག་གིས་རང་ཉིད་ཀྱི་ཞབས་ཕྱི་ལུང་སྟོན་པ་རྣམས་ལ་འཕྲིན་བཟང་བསྒྲགས་པ་བཞིན། ཁོང་གི་གསང་བ་འགྲུབ་པར་འགྱུར་ཞེས་དམ་བཅས་སོ།། 8དེ་ནས་བདག་གིས་དེ་སྔར་ཐོས་པའི་ནམ་མཁའི་ཞིང་ཁམས་ནས་གྲགས་པའི་སྐད་སྒྲ་དེས་ཡང་བསྐྱར་བདག་ལ་འདི་སྐད་དུ། ཁྱོད་ཕར་སོང་ནས་རྒྱ་མཚོ་དང་ས་སྟེང་དུ་ཞབས་ཀྱིས་བཅགས་པའི་ཕོ་ཉའི་ཕྱག་ལས་ཁ་ཕྱེས་ཡོད་པའི་ཤོག་དྲིལ་ཆུང་བ་དེ་ཚུར་ལོངས་ཤིག་ཅེས་བཀའ་གནང་བས། 9ང་རང་ཕོ་ཉའི་དྲུང་དུ་སོང་སྟེ། ཤོག་དྲིལ་ཆུང་བ་དེ་བདག་ལ་གནང་བར་མཛོད་ཅེས་ཞུས་པ་ན། ཁོང་གིས་འདི་སྐད་དུ། ཁྱོད་ཀྱིས་འདི་བླངས་ནས་བཟའ་བར་གྱིས། ཁྱོད་ཀྱི་ཕོ་བ་ནི་ཁ་མོར་འགྱུར་ཡང་། ཁྱོད་ཀྱི་ཁ་རུ་སྦྲང་རྩི་ལྟར་མངར་མོ་ཡིན་ཞེས་གསུངས་སོ།། 10བདག་གིས་ཕོ་ཉའི་ཕྱག་ལས་ཤོག་དྲིལ་ཆུང་བ་ཚུར་བླངས་ཏེ་ཟོས་པ་དང་། བདག་གི་ཁ་ནང་དུ་དངོས་གནས་སྦྲང་རྩི་ལྟར་མངར་མོ་ཡིན་མོད། འོན་ཀྱང་ཟོས་པའི་རྗེས་སུ་ཕོ་བ་ནི་ཁ་མོར་གྱུར་ཏོ།། 11ཡང་བདག་ལ་འདི་སྐད་དུ། ཁྱོད་ཀྱིས་ངེས་པར་མི་རྒྱུད་དང་། རྒྱལ་ཁབ། སྐད་རིགས། རྒྱལ་པོ་བཅས་མང་པོ་ལ་ཡང་བསྐྱར་མ་འོངས་ལུང་བསྟན་གནང་དགོས་ཞེས་གསུངས་སོ།།

མངོན་པ 11

དཔང་པོ་གཉིས་ཀྱི་སྐོར།

1དེ་ནས་བདག་ལ་རིང་ཐུང་འཇལ་བྱེད་ཀྱི་དབྱུག་པ་ལྟ་བུའི་འདམ་རྩྭ་ཞིག་གནང་སྟེ་འདི་སྐད་དུ། ཡར་ལོངས་དང་། དཀོན་མཆོག་གི་མཆོད་ཁང་དང་། མཆོད་ཁྲི། མཆོད་ཁང་ནང་གི་བསྙེན་བཀུར་བྱེད་མཁན་ཐམས་ཅད་ལ་ཚད་ཐིག་ལོངས་དང་། 2མཆོད་ཁང་ཕྱིའི་ར་སྐོར་ལ་ཚད་ཐིག་མི་ལེན་པར་བསྐྱུར་བར་བྱའོ།། འདི་ནི་ཕྱི་ཕྱོགས་པ་རྣམས་ལ་གནང་བ་ཡིན་པས། དེ་དག་གིས་ཟླ་བ་ཞེ་གཉིས་རིང་ལ་གྲོང་ཁྱེར་དམ་པ་ལ་རྡོག་བརྫིས་གཏོང་བར་འགྱུར། 3ངས་རང་ཉིད་ཀྱི་དཔང་པོ་གཉིས་ལ་དབང་གནང་ཞིང་དེ་གཉིས་ཀྱིས་རྩིད་རས་གྱོན་ནས་ཉིན་ཆིག་སྟོང་ཉིས་བརྒྱ་དྲུག་ཅུའི་རིང་ལ་ལུང་སྟོན་པར་ངེས་ཞེས་གསུངས་སོ།། 4ཁོང་གཉིས་ནི་སྐྱུ་རུ་རའི་ཤིང་གཉིས་དང་སྒྲོན་སྟེགས་གཉིས་ཡིན་ལ། འཇིག་རྟེན་བདག་པོའི་དྲུང་དུ་འགྲེང་ནས་བཞུགས་ཡོད། 5གལ་ཏེ། སུ་ཞིག་གིས་ཁོང་གཉིས་ལ་གནོད་འཚེ་བྱ་འདོད་ན། དེ་གཉིས་ཀྱི་ཞལ་ནས་མེ་ཐོན་ཏེ་དགྲ་བོ་རྣམས་བསྲེགས་ནས་མེད་པར་བཟོ་བ་དང་། དེ་གཉིས་ལ་གནོད་འཚེ་བྱ་འདོད་མཁན་སུ་ཡིན་ཡང་དེ་བཞིན་དུ་གསོད་དགོས་སོ།། 6མི་དེ་གཉིས་ལ་ལུང་བསྟན་བརྗོད་པའི་ཉིན་དེ་དག་གི་རིང་ལ། ནམ་མཁར་བཀའ་གནང་སྟེ་ཆར་བ་འགོག་པའི་དབང་ཡོད་པ་དང་། ཆུ་ནི་ཁྲག་ཏུ་བསྒྱུར་བའི་དབང་དང་། རང་ཉིད་ཀྱི་འདོད་མོས་བཞིན་རྟག་ཏུ་ཆག་སྒོ་སྣ་ཚོགས་ཀྱིས་འཇིག་རྟེན་ལ་རྒོལ་བའི་དབང་ཡང་ཡོད་དོ།། 7ཁོང་གཉིས་ཀྱིས་བདེན་དཔང་བྱས་ཚར་བའི་རྗེས་སུ། ཞབས་མེད་པའི་དོང་ནས་ཡར་འོངས་པའི་གཅན་གཟན་གྱིས་ཁོང་གཉིས་ལ་འཐབ་ཅིང་། གཅན་གཟན་གྱིས་རྒྱལ་ཁ་བླངས་ཏེ་ཁོང་གཉིས་གསོད་པར་འགྱུར་རོ།། 8དེ་གཉིས་ཀྱི་བེམ་པོ་ནི་གྲོང་ཁྱེར་ཆེན་པོའི་སྲང་ལམ་དུ་བསྐྱུར་བ་དང་། གྲོང་ཁྱེར་དེ་ལ་དོན་གྱི་སྙིང་པོ་ལྟར་ན་སཱ་དོམ་མམ། ཡང་ན་ཨེ་ཅིབ་ཅེས་འབོད་ཅིང་། དེ་ནི་ཁོང་གཉིས་ཀྱི་གཙོ་བོ་དེ་ཉིད་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་སའི་གནས་ཡིན་ནོ།། 9དེ་ནས་མི་རྒྱུད་སོ་སོ་དང་། ཚོ་བ་སོ་སོ། སྐད་རིགས་སོ་སོ། རྒྱལ་ཁབ་སོ་སོ་བཅས་ལས། མི་སྐོར་ཞིག་གིས་ཉིན་གསུམ་དང་ཕྱེད་ཀའི་རིང་ལ། ཁོང་གཉིས་ཀྱི་བེམ་པོ་ལ་བལྟས་ནས་བེམ་པོ་དུར་ལ་སྦ་རུ་མི་འཇུག 10ཁོང་གཉིས་ཀྱི་ཕྱིར་ས་སྟེང་གི་མི་རྣམས་དགའ་ཞིང་སྤྲོ་བར་འགྱུར་བ་དང་ཕན་ཚུན་ལ་ལེགས་སྐྱེས་འབུལ་བར་འགྱུར་རོ།། རྒྱུ་མཚན་ནི་སྔར་ལུང་སྟོན་པ་དེ་གཉིས་ཀྱིས་ས་སྟེང་གི་མི་རྣམས་ལ་མནར་གཅོད་བཏང་བའི་ཕྱིར་རོ།། 11དེ་ནས་ཉིན་གསུམ་དང་ཕྱེད་ཀ་འགོར་རྗེས། དཀོན་མཆོག་ལས་བྱུང་བའི་ཚེ་སྲོག་གི་དབུགས་ནི་ཁོང་གཉིས་ཀྱི་བེམ་པོའི་ནང་དུ་ཞུགས་པ་དང་ཁོང་གཉིས་ཡར་འགྲེང་བ་ལ། མཐོང་མཁན་རྣམས་འཇིགས་སྐྲག་ཆེན་པོ་སྐྱེས་སོ།། 12ནམ་མཁའི་ཞིང་ཁམས་ནས་སྐད་ཆེན་པོ་ཞིག་གྲགས་པ་ཁོང་གཉིས་ཀྱིས་ཐོས་ཤིང་། སྐད་དེས་ཁོང་གཉིས་ལ་འདི་སྐད་དུ། འདིར་ཡར་ཤོག་ཅིག་ཅེས་གསུངས་པ་ལ། ཁོང་གཉིས་སྤྲིན་གྱི་ནང་ནམ་མཁའི་ཞིང་ཁམས་སུ་ཕེབས་པ་དང་། ཁོང་གཉིས་ཀྱི་དགྲ་བོ་དག་གིས་ཀྱང་དོན་དེ་མཐོང་ངོ་།། 13དུས་དེ་ཉིད་ལ། ས་འགུལ་ཆེན་པོ་བྱུང་སྟེ་གྲོང་ཁྱེར་གྱི་བཅུ་ཆའི་གཅིག་བརྡིབས་པར་གྱུར་པ་དང་མི་བདུན་སྟོང་ཤི་བས། མི་གཞན་ཐམས་ཅད་འཇིགས་ཏེ་ནམ་མཁའི་ཞིང་ཁམས་ཀྱི་དཀོན་མཆོག་ལ་བསྔགས་བརྗོད་བྱས་སོ།། 14ཆག་སྒོ་གཉིས་པ་མཇུག་རྫོགས་པ་ཡིན། ལྟོས་དང་། ཆག་སྒོ་གསུམ་པ་མྱུར་དུ་འབྱུང་བར་འགྱུར་རོ།།

དུང་བདུན་པའི་སྐོར།

15དེ་ནས་ཕོ་ཉ་བདུན་པས་དུང་བུས་པ་ལ། ནམ་མཁའི་ཞིང་ཁམས་སུ་སྐད་ཆེན་པོ་དག་གྲགས་ཏེ་འདི་སྐད་དུ། འཇིག་རྟེན་གྱི་རྒྱལ་སྲིད་ནི་བདག་ཅག་གི་གཙོ་བོ་དང་ཁོང་གི་མཱ་ཤི་ཀའི་རྒྱལ་སྲིད་དུ་གྱུར་ཅིང་། ཁོང་ནི་ཇི་སྲིད་བར་དུ་རྒྱལ་པོར་བཞུགས་པར་འགྱུར་ཞེས་གསུངས་སོ།། 16དེ་ནས་དཀོན་མཆོག་གི་དྲུང་དུ་རང་རང་གི་ཁྲིར་བཞུགས་པའི་རྒན་པོ་ཉེར་བཞིས་ཁོང་ལ་ཕྱག་བཙལ་ནས་འདི་ལྟར་བསྟོད་བསྔགས་བརྗོད་པ་སྟེ། 17ད་ལྟ་བཞུགས་ཤིང་སྔར་མཆིས་པའི་ཀུན་དབང་གཙོ་བོ་དཀོན་མཆོག་ལགས། ཁྱེད་ཀྱིས་ཉིད་ཀྱི་དབང་ཐང་ཆེན་པོ་བཞེས་ནས་རྒྱལ་པོར་བཞུགས་པས། ངེད་ཅག་གིས་ཁྱེད་ལ་བཀའ་དྲིན་ཞུའོ།། 18ཕྱི་ཕྱོགས་པ་རྣམས་ཁོང་ཁྲོ་ལངས་པ་དང་། ཁྱེད་ཀྱི་ཐུགས་ཁྲོ་འཕོག་པའི་དུས་ཀྱང་སླེབས། གཤིན་པོ་རྣམས་ལ་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་དུས་ཀྱང་སླེབས། ཁྱེད་ཀྱི་ཞབས་ཕྱི་ལུང་སྟོན་པ་དང་། དད་ལྡན་དམ་པ། ཁྱེད་ཀྱི་མཚན་ལ་གུས་ཤིང་འཇིགས་མཁན་བཅས་མཆོག་དམན་ཀུན་ལ་བྱ་དགའ་གནང་བའི་དུས་ཀྱང་སླེབས། ཁྱེད་ཀྱིས་འཇིག་རྟེན་ལ་གཏོར་བརླག་བྱེད་མཁན་ཐམས་ཅད་མེད་པར་བཟོ་བའི་དུས་ཀྱང་སླེབས་ཞེས་པའོ།། 19སྐབས་དེར། དཀོན་མཆོག་གི་ནམ་མཁའི་ཞིང་ཁམས་ཀྱི་མཆོད་ཁང་གི་སྒོ་ཕྱེས་ཤིང་། ཁོང་གི་མཆོད་ཁང་ནང་དུ་ཁོང་ཉིད་ཀྱི་ཞལ་ཆད་ཀྱི་ཤུར་སྒམ་མངོན་ནོ།། དེ་ནས་གློག་དམར་འཁྱུག་པ་དང་། ལྡིར་སྒྲ་སྒྲོག་པ། འབྲུག་སྒྲ་གྲགས་པ། ས་འགུལ་བྱུང་བ། སེར་བ་དྲག་པོ་འབབ་པ་བཅས་བྱུང་ངོ་།།

མངོན་པ 12

བུད་མེད་དང་འབྲུག་གི་སྐོར།

1ནམ་མཁའ་རུ་ངོ་མཚར་བའི་ལྟས་ཆེན་པོ་བྱུང་སྟེ། བུད་མེད་ཅིག་ཡོད་པ་དེས་ལུས་ལ་ཉི་མ་གྱོན་ཞིང་ཟླ་བ་རྐང་འོག་ཏུ་མནན་པ་དང་། མགོ་ལ་སྐར་མ་བཅུ་གཉིས་ཀྱི་ཅོད་པན་གྱོན་ལ། 2ཁོ་མོར་མངལ་སྦྲུམ་པ་དང་ཕྲུ་གུ་བཙའ་བའི་དཀའ་སྡུག་ཁྲོད་ཟུག་གཟེར་གྱི་འཁུན་སྒྲ་འབྱིན་ནོ།། 3ཡང་ནམ་མཁའ་ནས་ངོ་མཚར་བའི་ལྟས་གཞན་ཞིག་བྱུང་སྟེ། ལྟོས་དང་། འབྲུག་ཆེན་དམར་པོ་ཞིག་ཡོད་པ་ལ་མགོ་བདུན་དང་རྭ་ཅོ་བཅུ་ཐོགས་པ་དང་། མགོ་བོ་བདུན་པོར་ཅོད་པན་རེ་གྱོན་ཡོད། 4འབྲུག་གི་རྔ་མས་ནམ་མཁའི་སྐར་མ་རྣམས་ཀྱི་གསུམ་ཆའི་གཅིག་དྲུད་ནས་ས་གཞིར་གཡུགས་ཤིང་། བུད་མེད་ཀྱིས་ཕྲུ་གུ་བཙས་རྗེས་ཁོ་མོའི་ཕྲུ་གུ་ཁྱུར་མིད་གཏོང་ཕྱིར། འབྲུག་དེ་ནི་ཕྲུ་གུ་བཙའ་རན་པའི་བུད་མེད་དེའི་མདུན་དུ་འགྲེངས་ནས་བསྡད་དོ།། 5དེ་ནས་བུད་མེད་ཀྱིས་བུ་ཞིག་བཙས་ཤིང་བུ་དེ་ནི་མ་འོངས་པར་ལྕགས་ཀྱི་དབྱུག་པས་རྒྱལ་ཁབ་ཐམས་ཅད་སྐྱོང་མཁན་ཡིན་ལ། ཁོ་མོའི་བྱིས་པ་ནི་དཀོན་མཆོག་དང་ཁོང་ཉིད་ཀྱི་བཞུགས་ཁྲིའི་གནས་སུ་ཡར་དྲངས་པ་རེད། 6བུད་མེད་འབྲོག་སྟོང་དུ་བྲོས་ཤིང་། གནས་དེ་རུ་དཀོན་མཆོག་གིས་ཁོ་མོར་ས་ཆ་ཞིག་སྟ་གོན་མཛད་ཡོད་དེ། ཉིན་ཆིག་སྟོང་ཉིས་བརྒྱ་དྲུག་ཅུ་ལ་ཁོ་མོ་སྐྱོང་བར་མཛད་པའི་ཕྱིར་རོ།། 7དེ་ནས་ནམ་མཁའི་ཞིང་ཁམས་སུ་འཐབ་འཁྲུག་བྱུང་བ་སྟེ། ཕོ་ཉ་མེའ་ཀཱ་ཨེལ་དང་ཁོང་གི་འཁོར་རྣམས་འབྲུག་ལ་འཐབ་ཅིང་། འབྲུག་གིས་ཀྱང་ཁོའི་འཁོར་རྣམས་ལ་ལྷན་དུ་རྒོལ་བ་དང་། 8རྒྱལ་ཁ་མ་ལོན་ཞིང་དུས་དེ་ནས་བཟུང་ནམ་མཁའི་ཞིང་ཁམས་སུ་དེ་རྣམས་ལ་སྡོད་ས་མེད་དོ།། 9འབྲུག་ཆེན་ནི་གནའ་བོའི་སྦྲུལ་དེ་ཡིན་པ་དང་མིང་ལ་བདུད་དང་། ཡང་ན་སཱ་ཏན་ཞེས་ཀྱང་ཟེར་ཏེ། འཇིག་རྟེན་ཡོངས་ལ་སླུ་བྲིད་གཏོང་མཁན་ཡིན། འབྲུག་ཆེན་དེ་ས་གཞིར་གཡུགས་ཤིང་ཁོའི་འཁོར་རྣམས་ཀྱང་ལྷན་དུ་སར་གཡུགས་པའོ།། 10དེ་ནས་ནམ་མཁའི་ཞིང་ཁམས་ནས་སྐད་ཆེན་པོ་ཞིག་གིས་འདི་སྐད་དུ་གསུངས་པ་བདག་གིས་ཐོས་ཏེ། བདག་ཅག་དཀོན་མཆོག་ཉིད་ཀྱི་ཐར་པ་དང་།། ནུས་མཐུ་དང་ནི་རྒྱལ་སྲིད་བཅས་པ་དང་།། ད་དུང་ཁོང་གི་མཱ་ཤི་ཀ་ཉིད་ཀྱི།། དབང་ཐང་ཐམས་ཅད་ད་ལྟ་སླེབས་ཟིན་ནོ།། དེ་ནི་བདག་ཅག་དཀོན་མཆོག་ཞབས་དྲུང་དུ།། ཉིན་མཚན་མེད་པར་བདག་ཅག་སྤུན་ཟླ་ལ།། སྐྱོན་འཛུགས་མཁན་དེ་ས་ལ་གཡུགས་པས་སོ།། 11སྤུན་ཟླ་རྣམས་ནི་དེ་ལས་རྒྱལ་བ་ཡང་།། ལུ་གུའི་ཟུངས་ཁྲག་དང་ནི་རང་ཉིད་ཀྱི།། བདེན་དཔང་ཚིག་ལ་བརྟེན་ནས་རྒྱལ་བ་འོ།། ཁོ་རྣམས་འཆི་བའི་ལམ་དུ་འགྲོ་དགོས་ཀྱང་།། རང་སྲོག་ལ་ནི་ཡེ་ནས་མ་འཛེམས་སོ།། 12དེའི་ཕྱིར་ནམ་མཁའ་དང་ནི་གནས་དེ་རུ།། བདེ་བར་སྡོད་པ་ཐམས་ཅད་སྤྲོ་བར་གྱིས།། འོན་ཀྱང་ས་གཞི་དང་ནི་རྒྱ་མཚོ་ལ།། ཆག་སྒོ་འབྱུང་བ་རྒྱུ་མཚན་ཅི་ཞེ་ན།། བདུད་ཀྱིས་རང་ལ་དུས་ཡུན་མང་པོ་ཞིག ། མེད་པར་ཤེས་ནས་ཁོང་ཁྲོ་ཆེན་པོ་བཅས།། ཁྱོད་ཅག་གམ་དུ་མར་ལ་ཡོང་བ་ཡིན།། 13འབྲུག་གིས་རང་ཉིད་སར་གཡུགས་པ་མཐོང་སྟེ། བུ་བཙའ་མཁན་བུད་མེད་དེ་ལ་མནར་གཅོད་བཏང་ངོ་།། 14དེ་ནས་བུད་མེད་ལ་གླག་ཆེན་པོའི་གཤོག་ཟུང་གནང་སྟེ། ཁོ་མོ་འབྲོག་སྟོང་དུ་འཕུར་ཞིང་རང་གི་ས་ཆར་སོང་ནས་སྦྲུལ་དེ་ལ་གཞའ་ཐུབ་པའི་ཕྱིར་ཡིན། གནས་དེ་རུ་ཁོ་མོ་ལོ་གཅིག་དང་ལོ་གཉིས། ལོ་ཕྱེད་ཀ་བཅས་ལ་སྐྱོང་བར་མཛད་དོ།། 15སྦྲུལ་གྱིས་བུད་མེད་ཀྱི་རྒྱབ་ཏུ་ཁ་ནས་ཆུ་བསྐྱུགས་ཤིང་། དེ་ནི་གཙང་པོ་དང་འདྲ་ཞིང་ཆུས་བུད་མེད་འཁུར་བའི་ཕྱིར་ཡིན་མོད། 16འོན་ཀྱང་ས་གཞི་ཡིས་བུད་མེད་ལ་རོགས་བྱས་ཤིང་། ས་གཞིས་ཁ་གདངས་ཏེ་འབྲུག་གི་ཁ་ནས་བསྐྱུགས་པའི་གཙང་པོ་མིད་དོ།། 17དེ་ནས་འབྲུག་བུད་མེད་ལ་རབ་ཏུ་ཁྲོས་ཏེ་ཁོ་མོའི་བུ་ཕྲུག་གཞན་རྣམས་ལ་འཐབ་ཏུ་སོང་ཞིང་། བུ་ཕྲུག་དེ་དག་ནི་དཀོན་མཆོག་གི་བཀའ་ཁྲིམས་བསྲུངས་ཤིང་སྐྱབས་མགོན་ཡེ་ཤུར་བདེན་དཔང་བྱེད་མཁན་རྣམས་ཡིན་ལ། 18དེའི་དུས་སུ་འབྲུག་ནི་རྒྱ་མཚོའི་འགྲམ་གྱི་བྱེ་ཐང་དུ་འགྲེངས་ནས་བསྡད་ཡོད་དོ།།

མངོན་པ 13

རྒྱ་མཚོ་ལས་ཐོན་པའི་གཅན་གཟན།

1ཡང་བདག་གིས་གཅན་གཟན་ཞིག་རྒྱ་མཚོའི་ནང་ནས་ཡར་འཐོན་པ་མཐོང་ཞིང་། དེ་ལ་རྭ་ཅོ་བཅུ་དང་མགོ་བོ་བདུན་ཡོད་ལ། རྭ་ཅོ་བཅུའི་སྟེང་དུ་ཅོད་པན་བཅུ་གྱོན་པ་དང་། མགོ་རེ་རེའི་སྟེང་ན་སྐུར་འདེབས་ཀྱི་མིང་ཡོད་དོ།། 2བདག་གིས་མཐོང་བའི་གཅན་གཟན་དེ་ནི་གཟིག་དང་མཚུངས་ཞིང་། རྐང་པ་ནི་དོམ་གྱི་རྐང་པ་འདྲ། ཁ་ནི་སེང་གེའི་ཁ་དང་འདྲ། འབྲུག་དེས་རང་གི་ནུས་མཐུ་དང་། ཁྲི། དབང་ཐང་ཆེན་པོ་བཅས་དེ་ལ་སྤྲད་པ་ཡིན། 3ཡང་བདག་གིས་གཅན་གཟན་དེའི་མགོ་བདུན་པོ་ལས་གཅིག་ལ་འཆི་བར་ཐུག་པའི་རྨས་སྐྱོན་བྱུང་བ་འདྲ་མཐོང་མོད། འོན་ཀྱང་རྨས་སྐྱོན་དེ་སོས་པ་ན། འཇིག་རྟེན་གྱི་མི་ཐམས་ཅད་ཧ་ལས་ཤིང་གཅན་གཟན་དེའི་རྗེས་སུ་འབྲངས་པ་དང་། 4འབྲུག་གིས་རང་གི་དབང་ཐང་གཅན་གཟན་དེ་ལ་སྤྲད་པས། མི་དེ་རྣམས་ཀྱིས་འབྲུག་དེ་ལ་བསྟོད་བསྔགས་བརྗོད་ཅིང་། ཡང་གཅན་གཟན་དེ་ལའང་བསྟོད་བསྔགས་འདི་ལྟར་བརྗོད་པ་སྟེ། གཅན་གཟན་འདི་ལ་འགྲན་ཟླ་སུ་ཡོད་དམ།། གཅན་གཟན་འདི་ལ་འཐབ་ཡ་སུ་ཡང་མེད།། ཅེས་པའོ།། 5ཡང་གཅན་གཟན་དེ་ལ་ཁ་ཕོ་དང་སྐུར་འདེབས་ཀྱི་སྨྲ་སྒོ་སྤྲད་ཅིང་། ཟླ་བ་བཞི་བཅུ་ཞེ་གཉིས་ཀྱི་རིང་ཁོ་ལ་སྲིད་བྱེད་པའི་དབང་སྤྲད་དོ།། 6གཅན་གཟན་གྱིས་ཁ་གདངས་ནས་དཀོན་མཆོག་ལ་སྐུར་འདེབས་ཀྱི་ཚིག་སྨྲས་ཤིང་། དཀོན་མཆོག་གི་མཚན་དང་ཁོང་གི་གུར་མཆོག་སྟེ། ནམ་མཁའི་ཞིང་ཁམས་སུ་བཞུགས་མཁན་རྣམས་ལ་སྐུར་བ་བཏབ་བོ།། 7ཡང་དེ་ལ་དད་ལྡན་དམ་པ་རྣམས་དང་འཐབ་ནས་རྒྱལ་ཁ་ལེན་པ་དང་། ཚོ་བ་སོ་སོ་དང་མི་རྒྱུད་སོ་སོ། སྐད་རིགས་སོ་སོ། རྒྱལ་ཁབ་སོ་སོ་བཅས་འདུལ་བའི་དབང་ཡང་སྤྲད། 8འཇིག་རྟེན་བཀོད་པའི་ཚུན་ལ། བཀྲོངས་ཟིན་པའི་ལུ་གུའི་ཚེ་སྲོག་གི་གླེགས་བམ་ནང་དུ་མིང་ཐོ་བཀོད་མེད་པའི་མི་རྣམས་ཏེ། ས་སྟེང་དུ་སྡོད་པ་ཐམས་ཅད་ཀྱིས་གཅན་གཟན་དེ་ལ་ཕྱག་འཚལ་བར་འགྱུར་རོ།། 9རྣ་བ་ཡོད་པ་ཐམས་ཅད་ཀྱིས་ཉོན་ཅིག 10བཙོན་དུ་འཇུག་དགོས་པ་རྣམས་ནི་བཙོན་དུ་འཇུག་པར་འགྱུར་ལ། རལ་གྲིས་གསད་དགོས་པ་རྣམས་ནི་རལ་གྲིའི་ཁ་ནས་གསད་པར་འགྱུར་རོ།། འདི་ནི་དད་ལྡན་དམ་པ་རྣམས་ཀྱི་བཟོད་བསྲན་དང་དད་སེམས་ཡིན་ནོ།།

ས་གཞི་ནས་ཡར་ཐོན་པའི་གཅན་གཟན།

11ཡང་བདག་གིས་གཅན་གཟན་གཞན་ཞིག་ས་གཞི་ནས་ཡར་འཐོན་པ་མཐོང་སྟེ། ལུ་གུ་དང་འདྲ་བར་རྭ་ཅོ་གཉིས་ཡོད་ཅིང་། འབྲུག་ལྟར་གཏམ་སྨྲས་སོ།། 12དེ་ཡིས་གཅན་གཟན་སྔ་མའི་མདུན་ནས་དེའི་དབང་ཐམས་ཅད་སྤྱོད་པར་མ་ཟད། ས་གཞི་དང་ས་གཞིའི་སྟེང་དུ་སྡོད་པ་ཐམས་ཅད་ལ་འཆི་བར་ཐུག་པའི་རྨས་སྐྱོན་བྱུང་ཞིང་སོས་པར་གྱུར་པའི་གཅན་གཟན་སྔ་མ་དེར་ཕྱག་འཚལ་དུ་བཅུག་པ་དང་། 13ཡང་གྲུབ་རྟགས་ཆེན་པོ་རྣམས་སྟོན་ཞིང་། ཐ་ན་མིའི་མདུན་དུ་ནམ་མཁའ་ནས་ས་གཞིར་མེ་འབབ་ཏུ་བཅུག་པའོ༎ 14དེ་ལ་གཅན་གཟན་སྔ་མའི་མདུན་དུ་གྲུབ་རྟགས་རྣམས་སྟོན་པའི་དབང་སྤྲད་ཡོད་པས། ས་སྟེང་དུ་སྡོད་པ་རྣམས་ལ་འདི་ལྟར་སླུ་བྲིད་བྱས་པ་སྟེ། རལ་གྲིའི་རྨས་སྐྱོན་ཐེབས་ཀྱང་གསོན་པོར་གནས་པའི་གཅན་གཟན་དེ་ལ་གཟུགས་བརྙན་བཟོ་བར་བྱའོ་ཞེས་སྨྲས་ཤིང་། 15གཅན་གཟན་སྔ་མའི་གཟུགས་བརྙན་ལ་སྲོག་དང་ལྡན་པར་བྱེད་པའི་དབང་ཡང་དེ་ལ་གནང་ངོ་༎ དེ་ནི་གཅན་གཟན་སྔ་མའི་གཟུགས་བརྙན་ལ་གཏམ་སྨྲ་རུ་འཇུག་པ་དང་། དེ་ལ་ཕྱག་མི་འཚལ་བ་ཐམས་ཅད་གསོད་པའི་ཕྱིར་རོ།། 16ཡང་གཅན་གཟན་ཕྱི་མ་དེས་མི་ཆེ་ཆུང་དང་། དབུལ་ཕྱུག བདག་པོ། གཡོག་པོ་བཅས་གང་ཡིན་ཐམས་ཅད་ཀྱི་གཡས་ལག་གམ། ཡང་ན་དཔྲལ་བའི་སྟེང་དུ་རྟགས་རྒྱག་ཏུ་བཅུག་ནས། 17དེ་ནི་རྟགས་ཐོབ་པ་སྟེ་གཅན་གཟན་གྱི་མིང་ཡོད་པའམ། ཡང་ན་གཅན་གཟན་གྱི་མིང་གྲངས་ཡོད་པ་ལས་གཞན་སུ་ཞིག་གིས་ཀྱང་ཉོ་འཚོང་བྱེད་མི་ནུས་པའི་ཕྱིར་རོ།། 18འདི་རུ་ཤེས་རབ་ཡོད་དེ། བློ་གྲོས་ལྡན་པ་སུས་ཀྱང་གཅན་གཟན་གྱི་གྲངས་ཀ་བརྩི་རུང་། ཅིའི་ཕྱིར་ཞེ་ན། དེ་ནི་མིའི་གྲངས་ཀ་ཡིན་ཏེ། དེའི་གྲངས་ཀ་ནི་དྲུག་བརྒྱ་དྲུག་ཅུ་རེ་དྲུག་ཡིན་པའི་ཕྱིར་རོ།།

མངོན་པ 14

ལུ་གུ་དང་མི་གྲངས་ཆིག་འབུམ་བཞི་ཁྲི་བཞི་སྟོང་།

1ཡང་བདག་གིས་ཕར་བལྟས་པ་ལ། ལྟོས་དང་། ལུ་གུ་རི་བོ་ཛ་ཡན་སྟེང་དུ་འགྲེང་འདུག་པ་མཐོང་ཞིང་། ཁོང་དང་ལྷན་དུ་མི་གྲངས་ཆིག་འབུམ་བཞི་ཁྲི་བཞི་སྟོང་ཡོད་ལ། དེ་ཐམས་ཅད་ཀྱི་དཔྲལ་བའི་སྟེང་དུ་ཁོང་གི་མཚན་དང་ཁོང་གི་ཡབ་ཀྱི་མཚན་བཀོད་ཡོད་དོ།། 2ཡང་ནམ་མཁའི་ཞིང་ཁམས་ནས་ཆུ་མང་པོའི་སྒྲ་དང་འབྲུག་སྒྲ་ལྡིར་བ་ལྟ་བུའི་སྒྲ་གྲགས་པ་བདག་གིས་ཐོས་ཤིང་། སྒྲ་དེ་ནི་རོལ་མོ་པ་རྣམས་ཀྱིས་དཀྲོལ་བའི་པི་ཝང་གི་དབྱངས་དང་མཚུངས་སོ།། 3དེ་རྣམས་ཀྱིས་བཞུགས་ཁྲི་དང་། སེམས་ཅན་བཞི་པོ། རྒན་པོ་བཅས་ཀྱི་དྲུང་དུ་བསྟོད་དབྱངས་གསར་པ་ཕུལ་ཞིང་། ས་སྟེང་ནས་བླུས་པའི་མི་གྲངས་ཆིག་འབུམ་བཞི་ཁྲི་བཞི་སྟོང་ལས་གཞན། བསྟོད་དབྱངས་གསར་པ་འདི་སློབ་ཐུབ་མཁན་མེད། 4མི་དེ་རྣམས་ནི་བུད་མེད་དང་འགྲོགས་མ་མྱོང་བའི་སྐྱེས་པ་གཙང་མ་ཡིན་ལ། ལུ་གུ་གང་དུ་ཕེབས་ན་དེ་རྣམས་ཀྱང་ཁོང་གི་རྗེས་སུ་འབྲངས་པའོ།། ཁོ་ཚོ་ནི་མི་རྣམས་ལས་བླུས་ཤིང་འབྲས་བུ་ཐོག་མ་སྨིན་པ་ལྟར་དཀོན་མཆོག་དང་ལུ་གུ་ལ་ཕུལ་བ་དང་། 5དེ་རྣམས་ཀྱི་ངག་ལས་རྫུན་མི་རྙེད་ཅིང་། དེ་རྣམས་ལ་སྐྱོན་གྱི་དྲི་མས་མ་གོས་པའོ།།

ཕོ་ཉ་གསུམ་གྱི་སྐོར།

6ཡང་བདག་གིས་ཕོ་ཉ་གཞན་ཞིག་བར་སྣང་དུ་འཕུར་བ་མཐོང་ཞིང་། རྒྱལ་ཁབ་སོ་སོ་དང་ཚོ་བ་སོ་སོ། སྐད་རིགས་སོ་སོ། མི་རྒྱུད་སོ་སོ་བཅས་ས་སྟེང་དུ་སྡོད་པའི་མི་རྣམས་ལ་སྒྲོག་ཕྱིར་མཐའ་མེད་པའི་འཕྲིན་བཟང་ཡོད་དེ། 7ཁོང་གིས་སྐད་ཆེན་པོས་འདི་སྐད་དུ། དཀོན་མཆོག་གིས་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་དུས་ནི་སླེབས་ཟིན་པས། ཁོང་ཉིད་ལ་འཇིགས་ཤིང་བསྟོད་པར་བྱའོ།། ནམ་མཁའ་དང་ས་གཞི། རྒྱ་མཚོ་དང་ཆུ་མིག་བཅས་འགོད་མཁན་ཁོང་ཉིད་ལ་བསྟོད་བསྔགས་བརྗོད་པར་གྱིས་ཞེས་གསུངས་སོ།། 8ཡང་ཕོ་ཉ་གཉིས་པས་མུ་མཐུད་ནས་འདི་སྐད་དུ། རྒྱལ་ཁབ་ཐམས་ཅད་ལ་ལོག་གཡེམ་དང་འདོད་ཆགས་ཀྱི་རྒུན་ཆང་འཐུང་དུ་བཅུག་པའི་པཱ་པིས་ལུན་ཆེན་པོ་དེ་ནི་འཇིག་སོང་ངོ་།། འཇིག་སོང་ངོ་ཞེས་གསུངས་སོ།། 9ཡང་ཕོ་ཉ་གསུམ་པས་དེ་གཉིས་ཀྱི་མུ་མཐུད་ནས་སྐད་ཆེན་པོས་འདི་སྐད་དུ། གལ་ཏེ་སུ་ཞིག་གིས་གཅན་གཟན་དང་གཅན་གཟན་གྱི་གཟུགས་བརྙན་ལ་ཕྱག་འཚལ་བ་དང་། དཔྲལ་བའམ་ལག་པའི་སྟེང་དུ་རྟགས་བརྒྱབ་ཡོད་ན། 10མི་དེས་ཀྱང་དཀོན་མཆོག་གི་ཐུགས་ཁྲོའི་རྒུན་ཆང་འཐུང་བར་འགྱུར་ཏེ། རྒུན་ཆང་དེ་ནི་དཀོན་མཆོག་གི་ཐུགས་ཁྲོའི་ཕོར་བ་ནང་དུ་བླུགས་ཡོད་པའི་ལྷད་མེད་རྒུན་ཆང་ཡིན། ཕོ་ཉ་དམ་པ་རྣམས་དང་ལུ་གུའི་དྲུང་དུ། མི་དེས་མེ་དང་མུ་ཟིའི་ཁྲོད་ནས་མནར་གཅོད་མྱོང་བར་འགྱུར་རོ།། 11མི་དེ་རྣམས་ཀྱིས་མནར་གཅོད་མྱོང་བའི་དུ་བ་ནི་ཇི་སྲིད་བར་དུ་དགུང་ལ་འཕྱུར་ཞིང༌། གཅན་གཟན་དང་གཅན་གཟན་གྱི་གཟུགས་བརྙན་ལ་ཕྱག་འཚལ་བ་དང་། གཅན་གཟན་གྱི་མིང་གི་རྟགས་བརྒྱབ་ཡོད་པ་རྣམས་ལ་ཉིན་མཚན་ཀུན་ཏུ་བདེ་བ་མེད་ཅེས་གསུངས་སོ།། 12འདི་ནི་དད་ལྡན་དམ་པ་རྣམས་ཀྱི་བཟོད་བསྲན་ཡིན་ཏེ། ཁོ་རྣམས་ནི་དཀོན་མཆོག་གི་བཀའ་རྣམས་དང་སྐྱབས་མགོན་ཡེ་ཤུ་ལ་བཅངས་པའི་དད་པ་སྲུང་མཁན་ཡིན་ནོ།། 13ནམ་མཁའི་ཞིང་ཁམས་ནས་སྐད་སྒྲ་ཞིག་གིས་འདི་སྐད་དུ། དུས་ད་ནས་བཟུང་། གཙོ་བོའི་ནང་དུ་ཚེ་ལས་འདས་པ་རྣམས་བདེའོ་ཞེས་ཁྱོད་ཀྱིས་ཡི་གེར་འགོད་པར་གྱིས་ཤིག་ཅེས་གསུངས་པ་བདག་གིས་ཐོས་སོ༎ དམ་པའི་ཐུགས་ཉིད་ཀྱིས་འདི་སྐད་དུ། ལགས་སོ༎ ཁོ་རྣམས་རང་གི་ངལ་དུབ་ལས་ངལ་གསོ་བར་ངེས་ཤིང་། རྩོལ་བའི་འབྲས་བུ་ཡང་ཁོ་རྣམས་དང་ལྷན་དུ་ཡོད་ཅེས་གསུངས་སོ།།

ས་སྟེང་གི་སྟོན་ལས་སྐོར།

14ཡང་བདག་གིས་ཕར་བལྟས་པ་ན། ལྟོས་དང་། སྤྲིན་དཀར་ཞིག་དང་སྤྲིན་གྱི་བང་རིམ་དུ་མིའི་བུ་དང་མཚུངས་པ་ཞིག་བཞུགས་པ་མཐོང་ཞིང་། ཁོང་གི་དབུ་ལ་གསེར་གྱི་ཅོད་པན་མནབས་ཤིང་ཕྱག་ཏུ་ཟོར་བ་རྣོན་པོ་ཐོགས་ཡོད། 15ཡང་ཕོ་ཉ་གཞན་ཞིག་མཆོད་ཁང་ནས་ཐོན་ཏེ་སྤྲིན་གྱི་བང་རིམ་དུ་བཞུགས་མཁན་དེ་ཉིད་ལ་སྐད་ཆེན་པོས་འདི་སྐད་དུ། སྟོན་སྡུད་པའི་དུས་ལ་སླེབས་ཤིང་ས་སྟེང་གི་ལོ་ཏོག་སྨིན་ཟིན་པས། ཁྱེད་ཀྱིས་ཟོར་བ་བསྲིངས་ནས་སྟོན་སྡུད་པར་མཛོད་ཅེས་ཞུས་པ་ལ། 16སྤྲིན་གྱི་བང་རིམ་དུ་བཞུགས་མཁན་དེ་ཉིད་ཀྱིས་ཟོར་བ་ས་སྟེང་དུ་གཡུགས་ཏེ་ས་སྟེང་གི་སྟོན་སྡུད་པར་མཛད་དོ།། 17ཡང་ཕོ་ཉ་གཞན་ཞིག་ནམ་མཁའི་ཞིང་ཁམས་ཀྱི་མཆོད་ཁང་ནས་ཐོན་ཞིང་། ཕྱག་ཏུ་ཡང་ཟོར་བ་རྣོན་པོ་ཐོགས་ཡོད་དོ།། 18ཡང་ཕོ་ཉ་གཞན་ཞིག་མཆོད་ཁྲི་ལས་ཐོན་ཞིང་། དེ་ནི་མེ་ལ་དབང་སྒྱུར་མཁན་ཡིན་ལ། དེས་ཟོར་བ་རྣོན་པོ་འཛིན་མཁན་དེ་ལ་སྐད་ཆེན་པོས་འདི་སྐད་དུ། ས་སྟེང་གི་རྒུན་འབྲུམ་སྨིན་ཟིན་པས་ཟོར་བ་རྣོན་པོ་སྲོངས་ལ་རྒུན་འབྲུམ་ཤིང་གི་འབྲས་བུ་སྡུས་ཤིག་ཅེས་སྨྲས་པ་ན། 19ཕོ་ཉས་ཟོར་བ་ས་སྟེང་དུ་གཡུགས་ཏེ་ས་སྟེང་གི་རྒུན་འབྲུམ་བསྡུས་ཤིང་། དཀོན་མཆོག་གི་ཐུགས་ཁྲོའི་རྒུན་འབྲུམ་འཚིར་གཞོང་ཆེན་པོ་ནང་དུ་གཡུགས་སོ།། 20གྲོང་ཁྱེར་ཕྱི་རོལ་དུ་ཡོད་པའི་རྒུན་འབྲུམ་འཚིར་གཞོང་གི་ནང་དུ་རྒུན་འབྲུམ་རྡོག་བརྫིས་བཏང་བས། གཞོང་བ་ལས་ཁྲག་བཞུར་ཏེ་མཐོ་ཚད་རྟའི་སྲབ་ལ་ཐུག་པ་དང་། རིང་ཚད་རྒྱང་གྲགས་ཆིག་སྟོང་དྲུག་བརྒྱ་ཙམ་དུ་སླེབས་སོ།།

མངོན་པ 15

ཆག་སྒོ་བདུན་ལ་དབང་བསྒྱུར་བའི་ཕོ་ཉ་བདུན་གྱི་སྐོར།

1ཡང་བདག་གིས་ནམ་མཁའ་ནས་ལྟས་ངོ་མཚར་ཅན་གཞན་ཞིག་ཡོད་པ་མཐོང་བ་དང་། དེ་ནི་ཆེ་ཞིང་ཆེ་ལ་ཤིན་ཏུ་ངོ་མཚར་རོ།། ཕོ་ཉ་བདུན་པོས་མཐའ་མའི་ཆག་སྒོ་བདུན་ལ་དབང་བསྒྱུར་ཏོ།། ཅིའི་ཕྱིར་ཞེ་ན། དཀོན་མཆོག་གི་ཐུགས་ཁྲོ་ནི་ཆག་སྒོ་བདུན་ལས་རྫོགས་པར་འགྱུར་བའི་ཕྱིར་རོ།། 2བདག་གིས་ཤེལ་གྱི་རྒྱ་མཚོ་མེ་དང་འདྲེས་མ་ལྟ་བུ་ཞིག་མཐོང་ཞིང་། ཡང་གཅན་གཟན་དང་གཅན་གཟན་གྱི་གཟུགས་བརྙན། དེའི་མིང་གི་གྲངས་ཀ་བཅས་ལས་རྣམ་པར་རྒྱལ་བའི་མི་ཐམས་ཅད་ཤེལ་གྱི་རྒྱ་མཚོའི་སྟེང་དུ་འགྲེང་ཞིང་། ལག་ཏུ་དཀོན་མཆོག་གི་པི་ཝང་ཐོགས་པ་དང་། 3དཀོན་མཆོག་གི་ཞབས་ཕྱི་པ་མོ་ཤེའི་མགུར་དང་ལུ་གུའི་མགུར་འདི་ལྟར་བླངས་པ། ཀྱེ་ཀྱེ་གཙོ་བོ་ཀུན་དབང་དཀོན་མཆོག་ལགས།། ཁྱེད་ཀྱི་འཕྲིན་ལས་ཆེ་ཞིང་ངོ་མཚར་ལྡན།། རྒྱལ་ཁབ་ཀུན་གྱི་རྒྱལ་པོ་ཆེན་པོ་ལགས།། ཁྱེད་ཀྱི་ལམ་ནི་དྲང་ཞིང་བདེན་པ་ཡིན།། 4གཙོ་བོ་ཁྱེད་རང་གཅིག་པུ་དམ་པ་ལགས།། ཁྱེད་ལ་གུས་ཞུམ་མི་བྱེད་ཁྱེད་མཚན་ལ།། བསྟོད་བསྔགས་མི་འབུལ་པ་ནི་སུ་ཞིག་ཡོད།། ཁྱེད་ཀྱི་དྲང་བདེན་མཛད་འཕྲིན་མངོན་གྱུར་པས།། མི་རིགས་ཐམས་ཅད་ཁྱེད་ཀྱི་སྤྱན་དྲུང་དུ།། ཡོང་ནས་ཁྱེད་ལ་བསྟོད་བསྔགས་བརྗོད་པར་འགྱུར།། 5དོན་དེ་དག་གི་རྗེས་སུ། བདག་གིས་ཕར་བལྟས་པ་ན། ནམ་མཁའི་ཞིང་ཁམས་སུ་ཡོད་པའི་དཔང་པོའི་གུར་མཆོག་གི་མཆོད་ཁང་གི་སྒོ་ཕྱེ་བ་མཐོང་ངོ་།། 6ཆག་སྒོ་བདུན་ལ་དབང་བསྒྱུར་བའི་ཕོ་ཉ་བདུན་པོ་མཆོད་ཁང་ནས་ཐོན་ཅིང་། ལུས་ལ་དྭངས་ཤིང་གཙང་ལ་འོད་སྣང་འཕྲོ་བའི་སོ་རས་གྱོན་པ་དང་། བྲང་ཁར་གསེར་གྱི་སྐ་རགས་བཅིངས་ཡོད་དོ།། 7དེ་ནས་སེམས་ཅན་བཞི་པོ་དེ་ལས་གཅིག་གིས། ཇི་སྲིད་བར་དུ་གསོན་པོར་བཞུགས་པའི་དཀོན་མཆོག་གི་ཐུགས་ཁྲོས་གང་བའི་གསེར་གྱི་ཕོར་བ་བདུན་པོ་དེ་ཕོ་ཉ་བདུན་ལ་གནང་ཞིང་། 8མཆོད་ཁང་ནང་དུ་དཀོན་མཆོག་གི་གཟི་བརྗིད་དང་ནུས་མཐུའི་དབང་གིས་བྱུང་བའི་དུ་བས་ཁེངས་ཏེ། ཕོ་ཉ་བདུན་པོས་ཆག་སྒོ་བདུན་བཏང་ཚར་བའི་བར་དུ་གནས་དམ་མཆོག་ཏུ་འགྲོ་ཐུབ་མཁན་གཅིག་ཀྱང་མེད་དོ།།

མངོན་པ 16

དཀོན་མཆོག་གི་ཐུགས་ཁྲོ་ཆེན་པོ་བླུགས་པའི་ཕོར་བ་བདུན་གྱི་སྐོར།

1དེ་ནས་བདག་གིས་མཆོད་ཁང་ནས་སྐད་ཆེན་པོ་ཞིག་གྲགས་ཡོང་བ་ཐོས་ཤིང་། སྐད་དེས་ཕོ་ཉ་བདུན་པོ་ལ་འདི་སྐད་དུ། ཁྱོད་རྣམས་ཕར་སོང་སྟེ་དཀོན་མཆོག་གི་ཐུགས་ཁྲོའི་ཕོར་བ་བདུན་པོ་ས་སྟེང་དུ་བླུགས་ཤིག་ཅེས་གསུངས་སོ།། 2ཕོ་ཉ་དང་པོ་ཕར་སོང་ནས་རང་གི་ཕོར་བ་ས་སྟེང་དུ་བླུགས་ཏེ། གཅན་གཟན་གྱི་རྟགས་བརྒྱབ་ཡོད་པ་དང་གཅན་གཟན་གྱི་གཟུགས་བརྙན་ལ་ཕྱག་འཚལ་མཁན་རྣམས་གྱི་ལུས་སྟེང་དུ་སྐྱུག་བྲོ་ཞིང་དུག་གིས་ཁེངས་པའི་རྨ་ནད་བྱུང་ངོ་།། 3ཕོ་ཉ་གཉིས་པས་རང་གི་ཕོར་བ་རྒྱ་མཚོ་ནང་དུ་བླུགས་ཏེ། རྒྱ་མཚོ་ནི་ཁྲག་ཏུ་གྱུར་པ་དང་། མི་ཤི་བོའི་ཁྲག་ལྟར་གྱུར་ཏེ། རྒྱ་མཚོ་ནང་གི་སྲོག་ལྡན་ཐམས་ཅད་ཤི་བའོ།། 4ཕོ་ཉ་གསུམ་པས་རང་གི་ཕོར་བ་གཙང་པོ་དང་ཆུ་མིག་གི་ནང་དུ་བླུགས་པ་དང་། ཆུ་ནི་ཁྲག་ཏུ་གྱུར་ཏོ།། 5ཆུ་ལ་དབང་སྒྱུར་མཁན་གྱི་ཕོ་ཉས་འདི་སྐད་གསུངས་པ་བདག་གིས་ཐོས་ཏེ། འདས་དང་ད་ལྟར་བཞུགས་པའི་དམ་པ་ཁྱེད།། དེ་ལྟར་ཉེས་ཆད་བཅད་པས་དྲང་བདེན་ལགས།། 6དེ་རྣམས་ཀྱིས་ནི་དད་ལྡན་དམ་པ་དང་།། ལུང་སྟོན་པ་ཚོའི་སྐུ་ཁྲག་བཞུར་བྱས་པས།། ད་ལྟ་ཁྱེད་ཀྱིས་སྐྱེ་བོ་དེ་རྣམས་ལ།། ཁྲག་ལན་འཐུང་བར་མཛད་པ་ཐོབ་འོས་སོ།། ཞེས་པའོ།། 7ཡང་མཆོད་ཁྲི་ནས་སྒྲ་ཞིག་གྲགས་ཤིང་འདི་སྐད་གསུངས་པ་བདག་གིས་ཐོས་ཏེ། ལགས་སོ་གཙོ་བོ་ཀུན་དབང་དཀོན་མཆོག་ལགས།། ཁྱེད་ཀྱིས་ཉེས་ཆད་བཅད་པ་དྲང་བདེན་ལགས།། 8ཕོ་ཉ་བཞི་པས་རང་གི་ཕོར་བ་ཉི་མའི་སྟེང་དུ་བླུགས་ཏེ། ཉི་མར་མི་རྣམས་མེས་བསྲེག་པའི་དབང་གནང་ངོ་།། 9མི་རྣམས་ཚ་བ་དྲག་པོས་བསྲེགས་པ་ན། དེ་རྣམས་ཀྱིས་ཆག་སྒོ་འདི་དག་ལ་དབང་སྒྱུར་མཁན་དཀོན་མཆོག་གི་མཚན་ལ་སྨད་པ་ལས། འགྱོད་བཤགས་བྱས་ནས་ཁོང་ལ་བསྟོད་བསྔགས་མ་བརྗོད་དོ།། 10ཕོ་ཉ་ལྔ་པས་རང་གི་ཕོར་བ་གཅན་གཟན་གྱི་ཁྲིའི་སྟེང་དུ་བླུགས་ཏེ། གཅན་གཟན་གྱི་རྒྱལ་སྲིད་མུན་ནག་ཏུ་གྱུར་ཏོ།། མི་རྣམས་ཀྱིས་ཟུག་གཟེར་མ་བཟོད་པས་རང་གི་ལྕེ་བལྡད་པ་དང་། 11ཡང་ཟུག་གཟེར་དང་རྨ་ནད་མ་བཟོད་པའི་རྐྱེན་གྱིས། ནམ་མཁའི་ཞིང་ཁམས་ཀྱི་དཀོན་མཆོག་ལ་སྐུར་བ་བཏབ་ཅིང་། རང་གིས་ཅི་བྱས་ལ་འགྱོད་བཤགས་མ་བྱས་སོ།། 12ཕོ་ཉ་དྲུག་པས་རང་གི་ཕོར་བ་གཙང་པོ་ཆེན་པོ་ཡུ་ཕ་རཱད་ནང་དུ་བླུགས་ཏེ། ཤར་ཕྱོགས་ནས་ཡོང་བའི་རྒྱལ་པོ་རྣམས་ལ་བགྲོད་ལམ་སྟ་གོན་བྱེད་པའི་ཕྱིར་ཆུ་སྐམ་པར་གྱུར་ཏོ།། 13ཡང་བདག་གིས་གདོན་མི་གཙང་བ་གསུམ་མཐོང་ཞིང་། དེ་ནི་སྦལ་བ་དང་འདྲ་ལ། འབྲུག་དང་གཅན་གཟན། ལུང་སྟོན་པ་རྫུས་མ་བཅས་ཀྱི་ཁ་ནས་ཐོན་ནོ།། 14དེ་དག་ནི་མ་གཞི་གདོན་འདྲེ་དག་གི་སེམས་ཉིད་ཡིན་ཅིང་གྲུབ་རྟགས་སྟོན་པ་དང་། གནམ་འོག་གི་རྒྱལ་པོ་རྣམས་ཀྱི་གམ་དུ་འགྲོ་ཞིང་། དེ་རྣམས་ཀུན་དབང་དཀོན་མཆོག་གི་ཉིན་མོ་ཆེན་པོར་མཉམ་དུ་འདུས་ནས་འཐབ་འཁྲུག་ལ་ཞུགས་པར་བསྐུལ་བའི་ཕྱིར་རོ།། 15ལྟོས་དང་། རྐུན་པོ་གློ་བར་སླེབས་པ་ལྟར་ང་རང་ཡོང་བར་ངེས། དོགས་ཟོན་བྱེད་པ་དང་ལུས་ལ་གོས་གྱོན་པའི་མི་ནི་བདེའོ།། དེ་ལྟར་མ་བྱས་ན་ལུས་གཅེར་བུར་འགྲོ་ཞིང་། མི་རྣམས་ཀྱིས་ཁོའི་ངོ་ཚ་མཐོང་བར་འགྱུར་རོ།། 16གདོན་འདྲེ་དེ་གསུམ་པོས་རྒྱལ་པོ་རྣམས་ཨིབ་རིའི་མི་རིགས་ཀྱི་སྐད་དུ་ཧཱར་མ་གེ་དོན་ཟེར་བའི་ས་ཆར་བསྡུས་སོ།། 17ཕོ་ཉ་བདུན་པས་རང་གི་ཕོར་བ་བར་སྣང་དུ་བླུགས་ཏེ། སྐད་སྒྲ་ཆེན་པོ་ཞིག་མཆོད་ཁང་གི་ཁྲིའི་སྟེང་ནས་ཐོན་ཅིང་རྫོགས་པར་གྱུར་ཟིན་ཞེས་གསུངས་སོ།། 18དེ་ནས་གློག་དམར་འཁྱུག་པ་དང་། ལྡིར་སྒྲ་སྒྲོག་པ། འབྲུག་སྒྲ་གྲགས་པ། ས་འགུལ་ཆེན་པོ་བཅས་བྱུང་ཞིང་། ས་སྟེང་དུ་མི་ཡོད་པ་ནས་བཟུང་། འདི་ལྟ་བུའི་ས་འགུལ་ཆེན་པོ་དང་ས་འགུལ་དྲག་པོ་བྱུང་མ་མྱོང་ངོ་།། 19གྲོང་ཁྱེར་ཆེན་པོ་དེ་དུམ་བུ་གསུམ་དུ་གས་པ་དང་། རྒྱལ་ཁབ་སོ་སོའི་གྲོང་ཁྱེར་ཐམས་ཅད་ཀྱང་བརྡིབས། དཀོན་མཆོག་གིས་ཀྱང་རང་ཉིད་ཀྱི་ཐུགས་ཁྲོ་ཆེན་པོ་ཡོད་པའི་རྒུན་ཆང་གི་ཕོར་བ་དེ་པཱ་པིས་ལུན་ཆེན་པོར་སྤྲོད་རྒྱུ་ཐུགས་ལ་དྲན། 20གླིང་ཕྲན་ཐམས་ཅད་བྲོས་ཤིང་རི་བོ་དག་ཀྱང་ཡལ་བར་གྱུར། 21ཡང་ནམ་མཁའ་ནས་སེར་བ་ཆེན་པོ་མིའི་སྟེང་དུ་བབས་པ་དང་། སེར་རྡོག་རེ་རེའི་ལྗིད་ཚད་ལ་སྤྱི་རྒྱ་ཞེ་ལྔ་ཙམ་ཡོད། སེར་བའི་ཆག་སྒོ་ཡི་རྐྱེན་གྱིས་མི་རྣམས་ཀྱིས་དཀོན་མཆོག་ལ་སྐུར་བ་བཏབ་པའོ༎ རྒྱུ་མཚན་ནི་ཆག་སྒོ་དེ་ཆེས་དྲགས་པས་སོ།།

མངོན་པ 17

གཅན་གཟན་ལ་བཞོན་པའི་བུད་མེད།

1ཕོར་བ་བདུན་བཟུང་བའི་ཕོ་ཉ་རྣམས་ལས་གཅིག་ཡོང་སྟེ་བདག་ལ་འདི་སྐད་དུ། ཤོག་དང་། ཆུ་མང་པོའི་སྟེང་དུ་སྡོད་པའི་སྨད་འཚོང་མ་ཆེན་མོར་འཕོག་ངེས་པའི་ཉེས་ཆད་དེ་བདག་གིས་ཁྱོད་ལ་སྟོན་པར་བྱའོ།། 2ས་སྟེང་གི་རྒྱལ་པོ་རྣམས་ཀྱིས་ཁོ་མོར་ལོག་གཡེམ་བྱས་ཤིང་། ས་སྟེང་དུ་སྡོད་པའི་མི་རྣམས་ཀྱིས་ཁོ་མོའི་ལོག་གཡེམ་གྱི་རྒུན་ཆང་འཐུང་ནས་ར་བཟི་བ་ཡིན་ཞེས་གསུངས་སོ།། 3དེ་ནས་ཕོ་ཉས་ང་རང་དམ་པའི་ཐུགས་ཉིད་ཀྱི་ངང་ནས་འབྲོག་སྟོང་ཞིག་ཏུ་ཁྲིད་པ་དང་། ངས་བུད་མེད་ཅིག་གཅན་གཟན་དམར་པོ་ཞིག་ལ་བཞོན་ཡོད་པ་མཐོང་ཞིང་། གཅན་གཟན་དེ་ལ་མགོ་བོ་བདུན་དང་རྭ་ཅོ་བཅུ་ཡོད་པ་དང་། ལུས་ཧྲིལ་པོར་སྐུར་འདེབས་ཀྱི་མིང་རྟགས་ཀྱིས་ཁྱབ་འདུག 4བུད་མེད་དེས་ལུས་ལ་ཁ་དོག་རྒྱ་སྨུག་དང་དམར་པོ་ཅན་གྱི་གོས་གྱོན་ཞིང་། གསེར་དང་། རིན་པོ་ཆེ། མུ་ཏིག་གི་རྒྱན་ཆ་བཏགས་པ་དང་། ལག་ཏུ་གསེར་གྱི་ཕོར་བ་བཟུང་ཡོད་ལ། ཕོར་བའི་ནང་དུ་སྐྱུག་བྲོ་བའི་དོན་དག་དང་ཁོ་མོས་ལོག་གཡེམ་བྱས་པའི་མི་གཙང་བས་གང་ངོ་།། 5ཁོ་མོའི་དཔྲལ་བར་མིང་ལྐོག་གྱུར་པ་ཞིག་བཀོད་ཡོད་དེ། པཱ་པིས་ལུན་ཆེན་པོ་དང་། འཇིག་རྟེན་གྱི་སྨད་འཚོང་མ། སྐྱུག་བྲོ་བའི་དོན་ཐམས་ཅད་ཀྱི་མ་ཞེས་པའོ།། 6ཡང་བུད་མེད་དེས་དད་ལྡན་དམ་པ་རྣམས་ཀྱི་ཁྲག་དང་སྐྱབས་མགོན་ཡེ་ཤུར་བདེན་དཔང་བྱེད་མཁན་རྣམས་ཀྱི་ཁྲག་འཐུང་ནས་ར་བཟི་བ་བདག་གིས་མཐོང་ངོ་།། ངས་ཁོ་མོ་མཐོང་བ་དང་ཡ་མཚན་ཆེན་པོ་སྐྱེས་སོ།། 7ཕོ་ཉས་བདག་ལ་འདི་སྐད་དུ། ཁྱོད་ནི་ཅིའི་ཕྱིར་ཡ་མཚན་སྐྱེས་སམ། ངས་བུད་མེད་དེ་དང་ཁོ་མོ་བཞོན་པའི་མགོ་བོ་བདུན་དང་རྭ་ཅོ་བཅུ་ཅན་གྱི་གཅན་གཟན་གྱི་གསང་བ་ཁྱོད་ལ་འཆད་པར་བྱའོ།། 8སྔར་ཁྱོད་ཀྱིས་མཐོང་བའི་གཅན་གཟན་དེ་ནི་སྔོན་ཆད་ཡོད་ལ་ད་ལྟ་མེད་དེ། ཕྱིས་སུ་ཞབས་མེད་པའི་དོང་ནས་འཐོན་ངེས་ཤིང་འཇིག་པར་འགྱུར། ཡང་ས་སྟེང་དུ་སྡོད་ཅིང་འཇིག་རྟེན་བཀོད་པའི་ཚུན་ལ་ཚེ་སྲོག་གི་གླེགས་བམ་ནང་དུ་མིང་ཐོ་མ་བཀོད་པ་རྣམས་ཀྱིས། གཅན་གཟན་དེ་མཐོང་བའི་ཚེ་ངོ་མཚར་བར་འགྱུར་ཏེ། ཁོ་རང་སྔོན་ཆད་ཡོད་ལ་ད་ལྟ་མེད་ཀྱང་ཕྱིས་སུ་ཡོང་བར་འགྱུར་བའི་ཕྱིར་རོ༎ 9འདི་རུ་ཤེས་རབ་ལྡན་པའི་བློ་ཡོད་དེ། མགོ་བོ་བདུན་པོ་ནི་བུད་མེད་སྡོད་སའི་རི་བོ་བདུན་ཡིན་ལ། 10དེ་ནི་རྒྱལ་པོ་བདུན་ཡང་ཡིན་ཏེ། རྒྱལ་པོ་ལྔ་ནི་འགྱེལ་ཟིན་པ་དང་། གཅིག་ནི་ད་ལྟ་ཡོད། གཅིག་ནི་ད་དུང་མ་ཡོང་ལ། དེ་ཉིད་ཡོང་ཚེ་རེ་ཞིག་ལ་སྡོད་དགོས། 11སྔོན་ཆད་ཡོད་ཅིང་ད་ལྟ་མེད་པའི་གཅན་གཟན་དེ་ནི་ཨང་བརྒྱད་པ་ཡིན་ལ། བདུན་པོ་དེའི་ཡ་གྱལ་དུ་གཏོགས་ཤིང་དེ་ཡང་འཇིག་པར་འགྱུར་རོ།། 12ཁྱོད་ཀྱིས་དེ་སྔར་མཐོང་བའི་རྭ་ཅོ་བཅུ་པོ་ནི་རྒྱལ་པོ་བཅུ་ཡིན་ལ། དེ་རྣམས་ལ་རྒྱལ་སྲིད་ད་དུང་ཐོབ་མེད་མོད། འོན་ཀྱང་དེ་རྣམས་ལ་དུས་ཚོད་གཅིག་གི་རིང་ལ་གཅན་གཟན་དེ་དང་མཉམ་དུ་རྒྱལ་པོའི་དབང་འཐོབ་པར་འགྱུར་རོ།། 13དེ་རྣམས་ཀྱིས་བློ་སེམས་གཅིག་མཐུན་ངང་ནས་རང་གི་ནུས་མཐུ་དང་དབང་ཐང་ཐམས་ཅད་གཅན་གཟན་དེ་ལ་སྤྲོད་པ་ཡིན། 14དེ་རྣམས་ལུ་གུ་དང་འཐབ་ཅིང་། ཁོང་ནི་གཙོ་བོ་རྣམས་ཀྱི་གཙོ་བོ་དང་རྒྱལ་པོ་རྣམས་ཀྱི་རྒྱལ་པོ་ཡིན་པས། དེ་དག་ལས་རྣམ་པར་རྒྱལ་བར་འགྱུར། ལུ་གུ་དང་མཉམ་དུ་ཡོད་པ་ནི་ཞལ་འབོད་ཐོབ་པ་དང་བདམས་པར་མཛད་པ། བློ་སེམས་དཀར་བ་བཅས་རྣམས་ཡིན་ཞེས་སྨྲས་སོ།། 15ཡང་ཕོ་ཉས་བདག་ལ་འདི་སྐད་དུ། ཁྱོད་ཀྱིས་མཐོང་བའི་སྨད་འཚོང་མ་སྡོད་པའི་ཆུ་རྣམས་ནི་མི་རྒྱུད་དང་། མི་ཚོགས། རྒྱལ་ཁབ། སྐད་རིགས་བཅས་ཡིན་ནོ།། 16ཁྱོད་ཀྱིས་མཐོང་བའི་རྭ་ཅོ་བཅུ་པོ་དང་གཅན་གཟན་ནི་སྨད་འཚོང་མ་ལ་ངེས་པར་སྡང་སྟེ། ཁོ་མོ་སྟོངས་པར་བྱེད་ཅིང་གཅེར་བུར་བསྐྱུར་བ་དང་། ཡང་ཁོ་མོའི་ཤ་ཟ་བ་དང་ཁོ་མོ་མེར་བསྲེགས་ནས་ཚར་བར་འགྱུར། 17རྒྱུ་མཚན་ནི་དཀོན་མཆོག་གིས་རྒྱལ་པོ་རྣམས་ལ་བློ་སེམས་གཅིག་མཐུན་ངང་ཁོང་གི་དགོངས་པ་བཞིན་དུ་སྒྲུབ་པར་མཛད་དེ། ཁོང་གི་བཀའ་རྣམས་འགྲུབ་པའི་བར་དུ། རྒྱལ་པོ་དེ་རྣམས་ཀྱིས་རང་གི་རྒྱལ་སྲིད་གཅན་གཟན་དེ་ལ་སྤྲོད་པར་འགྱུར་བའི་ཕྱིར་རོ།། 18ཁྱོད་ཀྱིས་མཐོང་བའི་བུད་མེད་དེ་ནི་ས་སྟེང་གི་རྒྱལ་པོ་རྣམས་ལ་དབང་བསྒྱུར་བའི་གྲོང་ཁྱེར་ཆེན་པོ་ཡིན་ཞེས་སྨྲས་སོ།།

མངོན་པ 18

པཱ་པིས་ལུན་འཇིག་པ།

1དེའི་རྗེས་སུ། བདག་གིས་དབང་ཐང་ཆེན་པོའི་ཕོ་ཉ་གཞན་ཞིག་ནམ་མཁའི་ཞིང་ཁམས་ནས་མར་ཕེབས་པ་མཐོང་ཞིང་། ཁོང་གི་གཟི་བརྗིད་ཆེན་པོའི་གཟི་འོད་ས་གཞི་ཡོངས་ལ་ཁྱབ་བོ།། 2ཁོང་གིས་གསུང་སྐད་དྲག་པོས་འདི་སྐད་དུ། འཇིག་པར་གྱུར་ཏོ་པཱ་པིས་ལུན།། ཆེན་པོ་དེ་ནི་འཇིག་པར་གྱུར།། དེ་ནི་གདོན་གྱི་སྡོད་གནས་དང་།། མི་གཙང་གདོན་དང་བྱེའུ་ཚང་དང་།། མི་གཙང་སྐྱུག་བྲོ་སྣ་ཚོགས་ཀྱི།། གཅན་གཟན་འགྲོ་སའི་གནས་སུ་གྱུར།། 3རྒྱལ་ཁབ་སོ་སོས་ཁོ་མོ་ཡི།། གཡེམ་གྱི་འདོད་ཆགས་ཆེན་པོའི་ཆང་།། འཐུང་ཞིང་ས་སྟེང་རྒྱལ་པོ་རྣམས།། ཁོ་མོ་ལ་ནི་ལོག་གཡེམ་བྱས།། ས་སྟེང་ཚོང་པ་དག་གིས་ཀྱང་།། ཁོ་མོར་ལོག་གཡེམ་བྱས་པའི་ཕྱིར།། ས་སྟེང་ཚོང་པ་ཐམས་ཅད་ནི།། ཁོ་མོའི་འདོད་ཡོན་ལོངས་སྤྱོད་ལ།། བརྟེན་པའི་དབང་གིས་འབྱོར་བ་རྒྱས།། 4ཡང་བདག་གིས་ནམ་མཁའི་ཞིང་ཁམས་ནས་སྐད་གཞན་ཞིག་གིས་འདི་སྐད་གསུངས་པ་ཐོས་ཏེ། ཀྱེ་ཀྱེ་ང་ཡི་མི་རྒྱུད་རྣམས།། ཁོ་མོ་མཉམ་དུ་སྡིག་པ་དང་།། ཁོ་མོས་མྱོང་བའི་ཆག་སྒོ་དེ།། ཁྱོད་ལ་འབྱུང་བར་མི་བྱ་ཕྱིར།། གྲོང་ཁྱེར་དེ་ནས་ཕྱིར་ཐོན་ཤོག ། 5ཁོ་མོའི་སྡིག་ཕུང་ནམ་མཁར་གཏུགས༎ དཀོན་མཆོག་ཉིད་ཀྱིས་ཁོ་མོ་ཡི།། སྡིག་པ་དག་ནི་ཐུགས་ལ་དྲན།། 6ཁོ་མོས་མི་ལ་ཅི་བྱས་ན།། ཁོ་མོ་ལ་ཡང་དེ་ལྟར་བྱ།། ཁོ་མོས་ཅི་ལྟར་བྱས་པ་ལ།། ཁོ་མོར་ཡ་ལན་ལྡབ་གཉིས་སྩོལ།། ཁོ་མོས་བསྡེབས་པའི་ཕོར་བ་ལ།། ཁོ་མོར་ལྡབ་གཉིས་བསྡེབ་པར་གྱིས།། 7ཁོ་མོས་ཇི་ལྟར་རང་བསྟོད་དང་།། འདོད་ཡོན་ལོངས་སྤྱོད་རྫོགས་པ་བཞིན།། དེ་ལྟར་ཁོ་མོར་མནར་གཅོད་དང་།། མྱ་ངན་ཆེན་པོ་མྱང་བར་གྱིས།། ཁོ་མོའི་སེམས་སུ་འདི་བཞིན་དུ།། ང་ནི་བཙུན་མོའི་ཁྲི་ལ་བསྡད།། ཡུགས་མོ་ལ་ནི་མ་ཡིན་ཏེ།། མྱ་ངན་གནས་སུ་མི་ལྷུང་སྙམ།། 8དེའི་ཕྱིར་ཉིན་གཅིག་དུས་ཡུན་ལ།། འཆི་བ་མྱ་ངན་མུ་གེ་བཅས།། ཁོ་མོའི་ཆག་སྒོ་མཉམ་དུ་འབྱུང་།། མེ་ཡིས་ཁོ་མོ་བསྲེག་འགྱུར་ཞིང་།། ཁོ་མོར་ཉེས་ཆད་གཅོད་མཁན་ཏེ།། གཙོ་བོ་དཀོན་མཆོག་ཁོང་ཉིད་ལ།། ནུས་མཐུ་ཆེན་པོ་ལྡན་པས་སོ།། 9ཡང་འདི་སྐད་དུ། ཁོ་མོར་ལོག་གཡེམ་བྱེད་ཅིང་མཉམ་དུ་འདོད་ཡོན་ལོངས་སྤྱོད་ལ་རོལ་བའི་ས་སྟེང་གི་རྒྱལ་པོ་རྣམས་ཀྱིས། ཁོ་མོ་མེར་བསྲེག་པའི་དུ་བ་མཐོང་སྟེ་ཁོ་མོའི་ཆེད་དུ་ངུ་ཞིང་མྱ་ངན་བྱེད་པར་འགྱུར་བ་དང་། 10ཁོ་མོའི་མནར་གཅོད་ལ་འཇིགས་པས་རྒྱང་རིང་དུ་ལངས་བསྡད་དེ་ན་རེ། ཆག་སྒོ་བྱུང་ངོ་ཆག་སྒོ་བྱུང་།། སྲ་མཁྲེགས་ལྡན་པའི་པཱ་པིས་ལུན།། གྲོང་ཁྱེར་ཆེན་པོ་ཁྱོད་ཉིད་ལ།། ཆུ་ཚོད་གཅིག་གི་དུས་ཡུན་དུ།། ཁྱོད་ཀྱི་ཉེས་ཆད་སླེབས་ཟིན་ནོ༎ ཞེས་སྨྲས་པའོ།། 11ཡང་འདི་སྐད་དུ། ཁོ་རྣམས་ཀྱི་ཚོང་ཟོག་ཉོ་མཁན་མེད་པས། ས་སྟེང་གི་ཚོང་པ་ཡང་ཁོ་མོའི་ཕྱིར་ངུ་ཞིང་མྱ་ངན་བྱེད་པའོ།། 12ཚོང་ཟོག་ནི་གསེར་དང་། དངུལ། རིན་པོ་ཆེ། མུ་ཏིག སོ་རས་སྲབ་བུ། རས་རྒྱ་སྨུག དར་སིལ། རས་དམར་པོ། ཤིང་དྲི་ཞིམ་ཅན་སྣ་ཚོགས། བ་སོའི་སྣོད་ཅ་ལག་སྣ་ཚོགས། རིན་ཐང་ཤིན་ཏུ་ཆེ་བའི་ཤིང་དང་ལི། ལྕགས། རྡོ་ཀ་མ་རུའི་སྣོད་ཅ་ལག་སྣ་ཚོགས། 13ཤིང་ཚ། བསུང་རྫས། བདུག་སྤོས། གུ་གུལ། སྤོས་དཀར། རྒུན་ཆང་། སྐྱུ་རུ་རའི་འཚིར་སྣུམ། ཕྱེ་ཡག་པོ། གྲོ། བ་གླང་། ལུག རྟ། ཤིང་རྟ། གཡོག་པོ། མིའི་སྲོག་དང་བཅས་སོ།། 14ཀྱེ་པཱ་པིས་ལུན། ཁྱོད་རང་ཞེན་ཆགས་པའི་འབྲས་བུ་ཁྱོད་དང་བྲལ་ཞིང་། ཁྱོད་ཀྱི་རོ་བརྒྱའི་ཟས་མཆོག་དང་ཡིད་དུ་འོང་བའི་དངོས་པོ་དག་ཀྱང་ཁྱོད་ལས་རྩ་མེད་བཏང་བས་ནམ་ཡང་སླར་མཐོང་བར་མི་འགྱུར་རོ།། 15ཚོང་རྫས་འདི་རྣམས་འཚོང་མཁན་ཏེ། ཁོ་མོར་བརྟེན་ནས་ཕྱུག་པོར་གྱུར་པའི་ཚོང་པ་རྣམས་ཁོ་མོའི་མནར་གཅོད་ལ་འཇིགས་པའི་རྐྱེན་གྱིས། རྒྱང་རིང་དུ་ལངས་ནས་བསྡད་དེ་ངུ་ཞིང་མྱ་ངན་བྱས་ཏེ་ན་རེ། 16ཆག་སྒོ་བྱུང་ངོ་ཆག་སྒོ་བྱུང་།། གྲོང་ཁྱེར་ཆེན་པོ་འདི་ལ་བྱུང་།། སོ་རས་སྲབ་བུ་གྱོན་པ་དང་།། ཁ་དོག་རྒྱ་སྨུག་དམར་པོ་ཡི།། གོས་ནི་གྱོན་ཞིང་གསེར་རྒྱན་དང་།། རིན་པོ་ཆེ་དང་མུ་ཏིག་གི ། རྒྱན་ཆས་ལེགས་པར་བརྒྱན་པ་འོ།། 17ཆུ་ཚོད་གཅིག་གི་དུས་ཡུན་ལ།། དེ་འདྲའི་འབྱོར་ཕྱུག་ཆེན་པོ་ཞིག ། ཅི་ཡང་མེད་པར་གྱུར་པའོ།། ཞེས་སྨྲས་པའོ།། ཡང་འདི་སྐད་དུ། གྲུ་དཔོན་དང་གྲུ་གཟིངས་ལ་བསྡད་ནས་ཕྱོགས་བཞིར་འགྲིམ་མཁན་དང་། གྲུ་པ་དང་། རྒྱ་མཚོར་བརྟེན་ནས་འཚོ་བ་རོལ་མཁན་ཐམས་ཅད་རྒྱང་རིང་དུ་ལངས་ནས་བསྡད་དེ། 18ཁོ་མོ་མེ་ལ་བསྲེག་པའི་དུ་བ་མཐོང་ནས་སྐད་ཆེན་པོས་འདི་ལྟར་སྨྲས་པ། གྲོང་ཁྱེར་གང་ཞིག་གྲོང་ཁྱེར་ཆེན་པོ་འདི་དང་བསྡུར་ནུས་སམ་ཞེས་པའོ།། 19ཡང་དེ་རྣམས་ཀྱིས་རང་གི་མགོ་ལ་ས་རྡུལ་གཏོར་བ་དང་། ངུ་ཞིང་མྱ་ངན་བྱེད་ཀྱིན་སྐད་ཆེན་པོས། རྒྱ་མཚོར་གྲུ་གཟིངས་ཡོད་པ་དང་།། ཁོ་མོའི་རིན་པོ་ཆེ་རྣམས་ལ།། བརྟེན་མཁན་ཐམས་ཅད་ཕྱུག་པོར་གྱུར།། ཆུ་ཚོད་གཅིག་གི་དུས་ཡུན་ལ།། ཁོ་མོ་གཞི་ནས་མེད་པར་གྱུར།། ཞེས་སྨྲས་སོ།། 20ཡང་འདི་སྐད་དུ། ཀྱེ་ནམ་མཁའི་ཞིང་ཁམས་དང་། དད་ལྡན་དམ་པ། སྐུ་ཚབ་པ། ལུང་སྟོན་པ་རྣམས། ཁོ་མོའི་དབང་གིས་དགའ་བར་གྱིས། ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་ཁྱོད་རྣམས་ཀྱི་ཆེད་དུ་ཁོ་མོར་ཉེས་ཆད་བཅད་པས་སོ་ཞེས་གསུངས་སོ།། 21ཡང་ཕོ་ཉ་སྟོབས་ཆེན་ཞིག་གིས་རྡོ་ཕ་བོང་རང་འཐག་གི་རྡོ་ཆེན་པོ་དང་འདྲ་བ་ཞིག་ཡར་བཀྱགས་ནས་རྒྱ་མཚོར་འཕངས་ཏེ་འདི་སྐད་དུ། གྲོང་ཁྱེར་ཆེན་པོ་པཱ་པིས་ལུན།། འདི་བཞིན་ཤུགས་ཀྱིས་གཡུག་པར་ངེས།། སླར་ཡང་མཐོང་བར་མི་འགྱུར་རོ།། 22རོལ་དབྱངས་ཀྱང་ནི་དཀྲོལ་བ་དང་།། གླུ་གཞས་ཀྱང་ནི་གཏོང་བ་དང་།། གླིང་བུ་ཡང་ནི་འབུད་པ་དང་།། དུང་དཀར་ཡང་ནི་འབུད་པ་བཅས།། ཁྱོད་ཀྱི་ཁྲོད་ནས་ཐོས་མི་འགྱུར།། ལས་རིགས་སོ་སོའི་ལག་རྩལ་ཡང་།། ཁྱོད་ཀྱི་ཁྲོད་ནས་མཐོང་མི་འགྱུར།། རང་འཐག་སྒྲ་ནི་ཁྱོད་ཀྱི་ཁྲོད།། ནམ་ཡང་ཐོས་པར་མི་འགྱུར་རོ།། 23སྒྲོན་མེའི་འོད་ནི་ཁྱོད་ཀྱི་ཁྲོད།། ནམ་ཡང་འཕྲོ་བར་མི་འགྱུར་རོ།། མག་པ་བག་མའི་སྐད་སྒྲ་ཡང་།། ཁྱོད་ཀྱི་ཁྲོད་དུ་ཐོས་མི་འགྱུར།། དེ་ནི་ཁྱོད་ཀྱི་ཚོང་པ་རྣམས།། ས་སྟེང་འདི་ཡི་མི་ཆེན་ཡིན།། འཇིག་རྟེན་རྒྱལ་ཁབ་སོ་སོ་ཡང་།། ཁྱོད་ཀྱི་སྒྱུ་མས་བསླུས་ཕྱིར་རོ།། 24ལུང་སྟོན་པ་དང་དད་ལྡན་དམ་པ་དང་།། ས་སྟེང་འདི་ནས་བསད་པའི་མི་ཚང་མའི།། ཁྲག་དམར་གྲོང་ཁྱེར་འདི་རུ་རྙེད་པ་ཡིན།།

མངོན་པ 19

ཧ་ལེ་ལོའུ་ཡཱ།

1དེའི་རྗེས་སུ། བདག་གིས་ནམ་མཁའི་ཞིང་ཁམས་ནས་འདུ་ཚོགས་ཆེན་པོའི་སྐད་སྒྲ་ལྟ་བུ་ཞིག་ཐོས་ཏེ་འདི་སྐད་དུ། ཧ་ལེ་ལོའུ་ཡཱ་ཐར་པ་དང་།། གཟི་བརྗིད་དབང་ཐང་ཐམས་ཅད་པོ།། བདག་ཅག་དཀོན་མཆོག་ཉིད་ལ་གཏོགས།། 2ཁོང་གིས་བཅད་པའི་ཉེས་ཆད་ནི།། བདེན་ཅིང་དྲང་པོ་ཡིན་ལགས་པས།། ཁོང་གིས་སྨད་འཚོང་ཆེན་མོ་ལ།། ཉེས་ཆད་བཅད་པ་ཡིན་ལགས་སོ།། ཁོ་མོས་ལོག་གཡེམ་ལ་བརྟེན་ནས།། འཇིག་རྟེན་འདི་ནི་རྫོབ་པར་བྱས།། དཀོན་མཆོག་གིས་ནི་ཁོང་ཉིད་ཀྱི།། ཞབས་ཕྱི་རྣམས་ཀྱི་བཞུར་བའི་ཁྲག ། སྨད་འཚོང་མ་ལས་ཁྲག་ལན་བླངས།། ཞེས་གསུངས་སོ།། 3ཡང་འདི་སྐད་དུ། ཀྱེ་ཀྱེ་ཧ་ལེ་ལོའུ་ཡཱ་ཀྱེ།། ཁོ་མོ་བསྲེག་པའི་དུ་བ་ནི།། ནམ་ཞར་དགུང་ལ་རྟག་ཏུ་འཕྱུར།། ཞེས་གསུངས་སོ།། 4རྒན་པོ་ཉེར་བཞི་དང་སེམས་ཅན་བཞི་པོས་ཕྱག་བཙལ་ནས་ཁྲི་ལ་བཞུགས་པའི་དཀོན་མཆོག་ལ་བསྟོད་བསྔགས་ཕུལ་ཏེ་ན་རེ། ཨ་མེན། ཧ་ལེ་ལོའུ་ཡ་ཞེས་བརྗོད་དོ།། 5དེ་ནས་བཞུགས་ཁྲི་ནས་གསུང་སྐད་ཅིག་ཐོན་ཏེ་འདི་སྐད་དུ། ཀྱེ་ཀྱེ་དཀོན་མཆོག་ཉིད་ཀྱི་ཞབས་ཕྱི་ཀུན།། ཁོང་ལ་གུས་ཤིང་འཇིགས་པར་བྱེད་མཁན་དང་།། མི་སྣ་ཆེ་ཆུང་དབྱེ་བ་མེད་པ་ཡི།། ཀུན་གྱིས་བདག་ཅག་དཀོན་མཆོག་བསྟོད་པར་ཤོག ། ཅེས་གསུངས་སོ།། 6ཡང་བདག་གིས་འདུ་ཚོགས་ཆེན་པོའི་སྐད་སྒྲ་ལྟ་བུ་ཞིག་ཐོས་ཤིང་། དེ་ནི་ཆུ་མང་པོའི་སྒྲ་དང་འབྲུག་སྒྲ་ལྡིར་བ་དང་མཚུངས་པར་འདི་སྐད་དུ། རང་རེའི་གཙོ་བོ་དཀོན་མཆོག་ཀུན་དབང་ཉིད༎ རྒྱལ་པོར་བཞུགས་པས་ཧ་ལེ་ལོའུ་ཡཱ་ཀྱེ།། 7ལུ་གུའི་བག་སྟོན་དུས་ལ་བབས་པ་དང་།། ཁོང་གི་བག་མས་སྟ་གོན་བྱས་ཚར་ཕྱིར།། བདག་ཅག་དགའ་མགུ་རང་ཞིང་སྤྲོ་བ་དང་།། ཁོང་ལ་བསྟོད་བསྔགས་བརྗོད་པར་འོས་སོ་ལོ།། 8དྭངས་ཤིང་གཙང་ལ་འོད་སྣང་འཕྲོ་བ་ཡི།། སོ་རས་སྲབ་བུའི་གྱོན་གོས་ཁོ་མོར་གནང་།། ཞེས་བརྗོད་པ་དང་། སོ་རས་སྲབ་བུའི་གྱོན་གོས་དེ་ནི་དད་ལྡན་དམ་པ་དག་གིས་བྱས་པའི་དྲང་བདེན་གྱི་ལས་རྣམས་ཡིན་ནོ།། 9དེ་ནས་ཕོ་ཉ་དེས་བདག་ལ་འདི་སྐད་དུ། ལུ་གུའི་གཉེན་སྟོན་ལ་གདན་ཞུ་གནང་བ་ཐམས་ཅད་བདེའོ་ཞེས་ཁྱོད་ཀྱིས་ཡི་གེར་འགོད་པར་བྱའོ་ཞེས་གསུངས་པ་དང་། ཡང་ཁོང་གིས་བདག་ལ་འདི་སྐད་དུ། འདི་རྣམས་ནི་དཀོན་མཆོག་གི་བདེན་པའི་བཀའ་ཡིན་ཞེས་གསུངས་སོ།། 10བདག་གིས་ཁོང་གི་ཞབས་དྲུང་དུ་ཕྱག་བཙལ་ནས་བསྟོད་བསྔགས་བརྗོད་པར་བརྩམས་པ་ན། ཁོང་གིས་དེ་ལྟར་ཡེ་ནས་བྱ་མི་རུང་སྟེ། ང་རང་ཡང་སྐྱབས་མགོན་ཡེ་ཤུར་བདེན་དཔང་བྱེད་མཁན་ཁྱོད་དང་ཁྱོད་ཀྱི་སྤུན་ཟླ་བཞིན་དུ་ཞབས་ཕྱི་པ་ཡིན། ཁྱོད་ཀྱིས་དཀོན་མཆོག་ལ་བསྟོད་པ་འབུལ་འོས་ཏེ། རྒྱུ་མཚན་སྐྱབས་མགོན་ཡེ་ཤུར་བདེན་དཔང་བྱེད་པ་ནི་ལུང་བསྟན་འཆད་པའི་སེམས་ཉིད་ཡིན་ཞེས་གསུངས་སོ།།

རྟ་དཀར་པོར་བཅིབ་མཁན།

11དེ་ནས་བདག་གིས་ནམ་མཁའི་ཞིང་ཁམས་ཕྱེས་ཡོད་པ་མཐོང་བ་དང་། ལྟོས་དང་། དེ་རུ་རྟ་དཀར་པོ་ཞིག་ཡོད་ཅིང་། རྟ་དེར་བཅིབ་མཁན་ལ་བློ་གཏད་རུང་བ་དང་བདེན་པ་ལགས་སོ་ཞེས་གསོལ་བ་དང་། ཁོང་གིས་དྲང་བདེན་གྱི་ངང་ནས་ཉེས་ཆད་གཅོད་པ་དང་དམག་འདྲེན་ནོ།། 12ཁོང་གི་སྤྱན་ཟུང་ནི་མེ་ལྕེ་དང་མཚུངས་ལ། ཁོང་གི་དབུ་ལ་ཅོད་པན་མང་པོ་མནབས་པ་དང༌། ཁོང་གི་སྐུ་ལུས་ཀྱི་སྟེང་དུ་རང་ལས་གཞན་སུས་ཀྱང་མི་ཤེས་པའི་མཚན་ཞིག་བཀོད་ཡོད། 13ཁྲག་ལ་སྦངས་པའི་ན་བཟའ་ཁོང་གིས་མནབས་ཤིང་། ཁོང་གི་མཚན་ལ་དཀོན་མཆོག་གི་བཀའ་ཞེས་གསོལ། 14ནམ་མཁའི་ཞིང་ཁམས་སུ་ཡོད་པའི་དམག་དཔུང་རྟ་དཀར་པོར་བཞོན་པ་དང་། ལུས་ལ་དཀར་ཞིང་གཙང་བའི་སོ་རས་སྲབ་བུ་གྱོན་ནས་ཁོང་གི་རྗེས་སུ་འབྲང་ངོ་།། 15རྒྱལ་ཁབ་རྣམས་ལ་རྡེག་པའི་ཕྱིར་ཁོང་གི་ཞལ་ལས་རལ་གྲི་རྣོན་པོ་ཐོན་ཞིང་། ཁོང་གིས་ལྕགས་ཀྱི་དབྱུག་པས་ཁོ་རྣམས་འཚོ་སྐྱོང་བྱེད་པར་འགྱུར་ཞིང་། ཀུན་དབང་དཀོན་མཆོག་གི་ཐུགས་ཁྲོ་དྲག་པོའི་རྒུན་འབྲུམ་འཚིར་གཞོང་ལ་རྡོག་བརྫིས་གཏོང་བར་མཛད། 16ཁོང་གི་ལྭ་རིང་དང་བརླའི་སྟེང་དུ། རྒྱལ་པོ་རྣམས་ཀྱི་རྒྱལ་པོ་དང་། གཙོ་བོ་རྣམས་ཀྱི་གཙོ་བོ། ཞེས་པའི་མིང་རྟགས་བཀོད་འདུག་གོ། 17དེ་ནས་བདག་གིས་ཕོ་ཉ་ཞིག་ཉི་མའི་ནང་དུ་འགྲེངས་ནས་བསྡད་ཡོད་པ་མཐོང་ཞིང་། ཁོང་གིས་བར་སྣང་དུ་འཕུར་བའི་འདབ་ཆགས་རྣམས་ལ་སྐད་ཆེན་པོས་འདི་སྐད་དུ། ཁྱོད་རྣམས་ལྷན་དུ་འདུས་ནས་དཀོན་མཆོག་གི་སྟོན་ཆེན་ལ་ཞུགས་པར་གྱིས། 18རྒྱལ་པོ་དང་། དམག་དཔོན། སྟོབས་ཅན་བཅས་ཀྱི་ཤ་དང་། རྟ་དང་རྟ་དམག་གི་ཤ གཞན་ཡང་རང་དབང་ཅན་དང་གཡོག་པོ། མི་མཆོག་དམན་ཐམས་ཅད་ཀྱི་ཤ་བཅས་བཟའ་རུང་ཞེས་གསུངས་སོ།། 19ཡང་བདག་གིས་གཅན་གཟན་དེ་དང་ས་སྟེང་གི་རྒྱལ་པོ། དེ་དག་གི་དམག་དཔུང་ཐམས་ཅད་འདུས་པ་མཐོང་ངོ་།། དེ་ནི་རྟ་ལ་བཅིབ་མཁན་དང་ཁོང་གི་དམག་དཔུང་ལ་འཐབ་པའི་ཕྱིར་ཡིན། 20འོན་ཀྱང་གཅན་གཟན་དེ་ནི་བཟུང་ཞིང་། དེའི་མིག་སྔར་གྲུབ་རྟགས་རྣམས་བསྟན་ཏེ། གཅན་གཟན་གྱི་རྟགས་བརྒྱབ་ཡོད་པ་དང་གཅན་གཟན་གྱི་གཟུགས་བརྙན་ལ་ཕྱག་འཚལ་བའི་མི་རྣམས་བསླུ་མཁན་གྱི་ལུང་སྟོན་པ་རྫུས་མ་ཡང་གཅན་གཟན་དང་མཉམ་དུ་བཟུང་ཞིང་། དེ་གཉིས་ཀ་མུ་ཟི་འབར་བའི་མེ་མཚོའི་ནང་དུ་གསོན་པོར་གཡུགས་སོ།། 21འཕྲོ་མ་རྣམས་རྟ་དཀར་པོར་བཅིབ་མཁན་གྱི་ཞལ་ནས་ཐོན་པའི་རལ་གྲིས་བསད་པ་དང་། བྱ་ཐམས་ཅད་ཀྱིས་དེ་དག་གི་ཤ་ཟོས་ནས་ལྟོ་བ་འགྲངས་པར་གྱུར་ཏོ།།

མངོན་པ 20

ལོ་ཆིག་སྟོང་རིང་ལ་རྒྱལ་སྲིད་བསྐྱངས་པ།

1ཡང་བདག་གིས་ཕོ་ཉ་ཞིག་ནམ་མཁའི་ཞིང་ཁམས་ནས་མར་ཕེབས་པ་མཐོང་ཞིང་། ཁོང་གི་ཕྱག་ཏུ་ཞབས་མེད་པའི་དོང་གི་ལྡེ་མིག་དང་ལྕགས་ཐག་ཆེན་པོ་ཞིག་བཟུང་ཡོད་དོ།། 2ཁོང་གིས་འབྲུག་སྟེ་གནའ་བོའི་སྦྲུལ་དང་མིང་གཞན་ལ་བདུད་དང་སཱ་ཏན་ཞེས་ཟེར་བ་དེ་བཟུང་ནས་ལོ་ངོ་ཆིག་སྟོང་ལ་བཀྱིགས་ཤིང་། 3རྒྱལ་ཁབ་རྣམས་སླར་ཡང་མི་བསླུ་བའི་ཕྱིར། ཞབས་མེད་པའི་དོང་ནང་དུ་གཡུགས་ཏེ། ལོ་ཆིག་སྟོང་ལོང་བའི་བར་དུ་དོང་ཁ་བཅད་ཅིང་རྟགས་ཐམ་བརྒྱབས་སོ།། དེའི་རྗེས་སུ། བདུད་དེ་གནས་སྐབས་སུ་གློད་བཀྲོལ་གཏོང་དགོས་པ་ཡིན་ནོ།། 4ཡང་བདག་གིས་བཞུགས་ཁྲི་འགའ་ཡོད་པ་མཐོང་ཞིང་། ཁྲིའི་སྟེང་དུ་བཞུགས་མཁན་རྣམས་ལ་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་དབང་ཐང་གནང་ཡོད་དོ།། ཡང་བདག་གིས་སྐྱབས་མགོན་ཡེ་ཤུར་བདེན་དཔང་བྱས་པའི་རྐྱེན་དང་། དཀོན་མཆོག་གི་བཀའ་ཡི་ཆེད་དུ་མགོ་བོ་བཅད་པ་རྣམས་ཀྱི་རྣམ་ཤེས་དང་། གཅན་གཟན་དང་གཅན་གཟན་གྱི་གཟུགས་བརྙན་ལ་ཕྱག་འཚལ་མ་མྱོང་བ་དང༌། དཔྲལ་བ་དང་ལག་པའི་སྟེང་དུ་རྟགས་བརྒྱབ་མེད་པ་རྣམས་ཀྱི་རྣམ་ཤེས་ནི་མཐོང་ངོ་༎ དེ་དག་ཐམས་ཅད་སླར་གསོན་ཞིང་སྐྱབས་མགོན་མཱ་ཤི་ཀ་དང་ལྷན་དུ་ལོ་ངོ་ཆིག་སྟོང་གི་རིང་ལ་རྒྱལ་སྲིད་བསྐྱངས་པ་ཡིན། 5འདི་ནི་སླར་གསོན་ཐེངས་དང་པོ་ཡིན་ལ། ལོ་ངོ་ཆིག་སྟོང་ལོང་བའི་བར་དུ། གཞན་རྣམས་ད་དུང་སླར་གསོན་པར་མ་གྱུར་ཏོ།། 6སླར་གསོན་ཐེངས་དང་པོའི་ནང་སྐལ་བ་ལྡན་པ་རྣམས་ནི་བདེ་ཞིང་དམ་པ་ཡིན། དེ་རྣམས་ཀྱི་སྟེང་དུ་འཆི་བ་ཐེངས་གཉིས་པར་དབང་ཐང་མེད་ལ། འོན་ཀྱང་དེ་རྣམས་ནི་དཀོན་མཆོག་དང་སྐྱབས་མགོན་མཱ་ཤི་ཀའི་མཆོད་དཔོན་བྱེད་པར་མ་ཟད། སྐྱབས་མགོན་མཱ་ཤི་ཀ་དང་ལྷན་དུ་ལོ་ངོ་ཆིག་སྟོང་རིང་ལ་རྒྱལ་སྲིད་བསྐྱང་བར་འགྱུར་རོ།།

བདུད་སཱ་ཏན་གྱི་མཐའ་འབྲས།

7ལོ་ངོ་ཆིག་སྟོང་ལོངས་པའི་དུས་སུ། བདུད་སཱ་ཏན་བཙོན་ལས་གཏོང་ངེས་ཞིང་། 8ཁོ་རང་ཕྱིར་ཐོན་ནས་ས་གཞིའི་ཕྱོགས་བཞིར་གནས་པའི་རྒྱལ་ཁབ་རྣམས་ཏེ། གཱོག་དང་མ་གཱོག་ཟེར་བ་བསླུས་ནས་འཐབ་འཁྲུག་རྒྱག་ཕྱིར་དེ་རྣམས་བསྡུ་བར་འགྱུར་ཞིང་། དེ་དག་གི་མི་གྲངས་ནི་མཚོ་འགྲམ་གྱི་བྱེ་མ་ལྟར་མང་ངོ་།། 9དེ་རྣམས་ཡར་ཐོན་ཞིང་ས་གཞི་ཡོངས་ལ་ཁྱབ་སྟེ། དད་ལྡན་དམ་པ་རྣམས་ཀྱི་སྒར་དང་གཅེས་སུ་འཛིན་པའི་གྲོང་ཁྱེར་དེ་བསྐོར་བ་ལ། ནམ་མཁའ་ནས་མེ་ཆར་བབས་ཏེ། དེ་རྣམས་རྩ་བ་ནས་བསྲེག་པར་གྱུར་ཏོ།། 10དེ་རྣམས་བསླུ་མཁན་བདུད་ནི་གཅན་གཟན་དང་ལུང་སྟོན་པ་རྫུས་མ་ཡོད་སའི་གནས་ཏེ། མུ་ཟི་འབར་བའི་མེ་མཚོའི་ནང་དུ་གཡུགས་ཤིང་། དེ་དག་གིས་ཉིན་མཚན་མེད་པར་ནམ་ཡང་མནར་གཅོད་མྱང་བར་འགྱུར་རོ།།

གཤིན་པོ་རྣམས་ལ་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པ།

11ཡང་བདག་གིས་མདོག་དཀར་པོ་ཅན་གྱི་བཞུགས་ཁྲི་ཆེན་པོ་ཞིག་དང་ཁྲིའི་སྟེང་དུ་བཞུགས་མཁན་ཡང་མཐོང་ཞིང་། གནམ་ས་གཉིས་ཁོང་གི་མདུན་ནས་བྲོས་ཤིང་རང་གི་གནས་མ་རྙེད་དོ།། 12ཡང་བདག་གིས་གཤིན་པོ་རྣམས་མཐོང་ཞིང་། མཆོག་དམན་སུ་ཡིན་ཡང་ཐམས་ཅད་བཞུགས་ཁྲིའི་མདུན་དུ་ཡར་ལངས་ནས་བསྡད་ཡོད་ལ། གླེགས་བམ་དག་གི་ཁ་ཕྱེ་བར་མ་ཟད། ཡང་གླེགས་བམ་གཞན་ཞིག་གི་ཁ་ཕྱེ་ཞིང་། དེ་ནི་ཚེ་སྲོག་གི་གླེགས་བམ་ཡིན། གཤིན་པོ་ཐམས་ཅད་ལ་གླེགས་བམ་དེ་དག་གི་ནང་དུ་ཅི་ཞིག་བཀོད་ཡོད་པ་གཞིར་བཟུང་སྟེ། དེ་རྣམས་ཀྱིས་ཅི་བྱས་བཞིན་ལེགས་ཉེས་ཀྱི་ཁྲིམས་ཐག་བཅད་པའོ།། 13དེའི་ཕྱིར། རྒྱ་མཚོས་མཚོ་ནང་གི་གཤིན་པོ་རྣམས་ཕྱིར་སྤྲད་པ་དང་། འཆི་བ་དང་གཤིན་པོའི་གནས་ཀྱིས་ཀྱང་དེའི་གཤིན་པོ་རྣམས་ཕྱིར་སྤྲད་ཅིང་། དེ་དག་ལ་རང་རང་གིས་ཅི་བྱས་བཞིན་ལེགས་ཉེས་ཀྱི་ཁྲིམས་ཐག་བཅད་པ་ཡིན། 14དེ་ནས་འཆི་བ་དང་གཤིན་པོའི་གནས་དེ་ཡང་མེ་མཚོའི་ནང་དུ་གཡུགས་ཏེ། མེ་མཚོ་དེ་ནི་འཆི་བ་ཐེངས་གཉིས་པ་ཡིན། 15སུ་དག་གི་མིང་དེ་ཚེ་སྲོག་གི་གླེགས་བམ་ནང་དུ་བཀོད་མེད་པ་ཡིན་ན། མི་དེ་དག་མེ་མཚོའི་ནང་དུ་གཡུགས་པའོ།།

མངོན་པ 21

ཡེ་རུ་སཱ་ལེམ་གསར་པ།

1ཡང་བདག་གིས་གནམ་ས་གསར་པ་ཞིག་མཐོང་ངོ་།། རྒྱུ་མཚན་གནམ་ས་སྔ་མ་ནི་འདས་ཤིང་རྒྱ་མཚོ་ཡང་མེད་པར་གྱུར་པའི་ཕྱིར་རོ།། 2ཡང་གྲོང་ཁྱེར་དམ་པ་སྟེ་ཡེ་རུ་སཱ་ལེམ་གསར་པ་ནི་དཀོན་མཆོག་ནས་བྱུང་ཞིང་ནམ་མཁའི་ཞིང་ཁམས་ལས་བབས་པ་བདག་གིས་མཐོང་ངོ་།། དེ་ནི་སྟ་གོན་བྱས་ཚར་བའི་བག་གསར་གྱིས་གཟབ་མཆོར་སྤྲས་ནས་མག་པར་སྒུག་པ་དང་མཚུངས། 3དེ་ནས་བདག་གིས་བཞུགས་ཁྲི་ནས་སྐད་ཆེན་པོ་ཞིག་གྲགས་ཡོང་བ་ཐོས་ཤིང་འདི་སྐད་དུ། ལྟོས་དང༌། དཀོན་མཆོག་གི་གུར་མཆོག་ནི་མི་རྣམས་ཀྱི་དབུས་སུ་མཆིས་ཤིང་། ཁོང་མི་རྣམས་དང་མཉམ་དུ་བཞུགས་ཏེ། མི་རྣམས་ཁོང་གི་མི་རྒྱུད་དུ་འགྱུར་བ་དང་། དཀོན་མཆོག་ནི་སྐུ་དངོས་སུ་ཁོ་རྣམས་དང་མཉམ་དུ་བཞུགས་ཤིང་ཁོ་རྣམས་ཀྱི་དཀོན་མཆོག་ཡིན་པར་འགྱུར། 4དཀོན་མཆོག་གིས་ཁོ་རྣམས་ཀྱི་མིག་ཆུ་ཐམས་ཅད་དབྱི་བར་འགྱུར་ཞིང་། སྔོན་གྱི་དོན་རྣམས་འདས་ཟིན་པས། ད་ནི་འཆི་བ་ཡོད་མི་སྲིད་ལ། མྱ་ངན་དང་། ངུ་འབོད། ཟུག་གཟེར་བཅས་ཀྱང་ཡོད་མི་སྲིད་དོ།། 5བཞུགས་ཁྲིའི་སྟེང་དུ་བཞུགས་མཁན་གྱིས་འདི་སྐད་དུ། ལྟོས་དང་། བདག་གིས་ཐམས་ཅད་གསར་དུ་སྐྲུན་པ་ཡིན་ཞེས་དང་། ཡང་འདི་སྐད་དུ། བཀའ་འདི་རྣམས་ནི་ཡིད་རྟོན་རུང་བ་དང་བདེན་པ་ཡིན་པས། ཁྱོད་ཀྱིས་ཡི་གེར་འགོད་པར་བྱའོ་ཞེས་གསུངས་སོ།། 6ཡང་ཁོང་གིས་བདག་ལ་འདི་སྐད་དུ། ལེགས་པར་གྲུབ་འདུག ང་ནི་ཨལ་ཕཱ་དང་ཨོ་མེ་ཀ་སྟེ། ཐོག་མ་དང་མཐའ་མ་ཡིན་ནོ།། ངས་ཚེ་སྲོག་གི་ཆུ་མིག་ལས་ཁ་སྐོམ་པ་རྣམས་ལ་རིན་མི་དགོས་པར་གནང་བར་ངེས། 7རྣམ་པར་རྒྱལ་པ་རྣམས་ལ་དོན་འདི་དག་འཐོབ་པར་འགྱུར་བ་དང་། བདག་ནི་ཁོ་རྣམས་ཀྱི་དཀོན་མཆོག་ཡིན་ཞིང་། དེ་རྣམས་ནི་བདག་གི་བུ་ཡིན་པར་འགྱུར་རོ།། 8འོན་ཀྱང་། སྡར་མ་དང་། དད་པ་མེད་པ། ཞེན་ལོག་པ། ལག་དམར། ལོག་གཡེམ་པ། སྒྱུ་འཕྲུལ་པ། སྐུ་འདྲར་བརྟེན་མཁན། རྫུན་སྨྲ་མཁན་ཐམས་ཅད་ལ་འཐོབ་པའི་སྐལ་ནི་མུ་ཟི་འབར་བའི་མེ་མཚོ་ནང་དུ་ཡོད་ཅིང་། དེ་ནི་འཆི་བ་ཐེངས་གཉིས་པ་ཡིན་ཞེས་གསུངས་སོ།། 9དེ་ནས་མཐའ་མའི་ཆག་སྒོ་བདུན་གྱིས་གང་བའི་ཕོར་བ་བདུན་བཟུང་ཡོད་པའི་ཕོ་ཉ་བདུན་ལས་གཅིག་ཡོང་སྟེ་བདག་ལ་འདི་སྐད་དུ། ཁྱོད་འདིར་ཤོག་དང་། བདག་གིས་ཁྱོད་ལ་བག་གསར་སྟོན་པར་བྱའོ།། དེ་ནི་ལུ་གུའི་ཆུང་མ་ཡིན་ཞེས་གསུངས་སོ།། 10དེ་ནས་ཕོ་ཉ་དེས་ང་རང་དམ་པའི་ཐུགས་ཉིད་ཀྱི་ངང་ནས་མཐོ་ཞིང་ཆེ་བའི་རི་ཞིག་ཏུ་ཁྲིད་དེ། དཀོན་མཆོག་ནས་བྱུང་ཞིང་ནམ་མཁའི་ཞིང་ཁམས་ལས་བབས་པའི་གྲོང་ཁྱེར་དམ་པ་ཡེ་རུ་སཱ་ལེམ་བདག་ལ་བསྟན། 11གྲོང་ཁྱེར་དེ་ལ་དཀོན་མཆོག་གི་གཟི་བརྗིད་ལྡན་པ་དང་། གྲོང་ཁྱེར་གྱི་གཟི་འོད་ནི་རིན་ཐང་ཆེ་བའི་རྡོ་དང་མཚུངས་ཤིང་གཡང་ཊི་སྔོན་པོ་དང་འདྲ་བ། ཆུ་ཤེལ་ལྟར་དྭངས་པ་ཡིན། 12དེ་ལ་མཐོ་ཞིང་ཆེ་བའི་མཁར་གྱང་དང་། མཁར་སྒོ་བཅུ་གཉིས། མཁར་སྒོ་རུ་ཕོ་ཉ་བཅུ་གཉིས་བཅས་མཆིས། མཁར་སྒོའི་སྟེང་དུ་ཡེས་ར་ཨེལ་བུ་རྒྱུད་ཀྱི་ཚོ་བ་བཅུ་གཉིས་པོའི་མིང་བཀོད་ཡོད་དོ།། 13ཤར་ཕྱོགས་སུ་མཁར་སྒོ་གསུམ་དང་། བྱང་ཕྱོགས་སུ་མཁར་སྒོ་གསུམ། ལྷོ་ཕྱོགས་སུ་མཁར་སྒོ་གསུམ། ནུབ་ཕྱོགས་སུ་མཁར་སྒོ་གསུམ་བཅས་མཆིས། 14གྲོང་ཁྱེར་གྱི་མཁར་གྱང་ལ་རྟིང་རྡོ་བཅུ་གཉིས་ཡོད་ལ། རྟིང་རྡོ་བཅུ་གཉིས་ཀྱི་སྟེང་དུ་ལུ་གུའི་སྐུ་ཚབ་པ་བཅུ་གཉིས་ཀྱི་མིང་བཀོད་ཡོད་དོ།། 15བདག་ལ་གཏམ་སྨྲ་མཁན་གྱིས་ཕྱག་ཏུ་གསེར་གྱི་ཐིག་ཤིང་བཟུང་སྟེ་གྲོང་ཁྱེར་དང་། མཁར་སྒོ། མཁར་གྱང་བཅས་ཀྱི་ཚད་ཐིག་འཇལ་བའི་ཕྱིར་རོ།། 16གྲོང་ཁྱེར་དེ་ནི་གྲུ་བཞི་མ་སྟེ་སྲིད་ཞེང་གཉིས་འདྲའོ།། ཕོ་ཉས་ཕྱག་ཏུ་ཐིག་ཤིང་བཟུང་ནས་གྲོང་ཁྱེར་གྱི་ཚད་ཐིག་འཇལ་བ་ལ་རྒྱང་གྲགས་ཆིག་ཁྲི་ཉིས་སྟོང་ལྷག་ཡིན། སྲིད་ཞེང་མཐོ་གསུམ་འདྲའོ།། 17ཡང་ཁོང་གིས་གྲོང་ཁྱེར་གྱི་མཁར་གྱང་གི་ཚད་ཐིག་འཇལ་བ་ལ། མིའི་ཚད་གཞི་བཞིན་ཏེ་ཕོ་ཉའི་ཚད་གཞི་ལྟར་ན་ཁྲུ་བརྒྱ་དང་ཞེ་བཞི་མཆིས། 18མཁར་གྱང་ནི་གཡང་ཊི་སྔོན་པོས་བཟོས་ཤིང་། གྲོང་ཁྱེར་ནི་གསེར་སྦྱངས་བཙོ་མས་བཟོས་པ་དང་ཆུ་ཤེལ་ལྟར་དྭངས་ཤིང་གསལ། 19མཁར་གྱང་གི་རྟིང་གཞི་ནི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཞིང་། རྟིང་གཞི་དང་པོ་ནི་གཡང་ཊི་སྔོན་པོ་དང་། གཉིས་པ་ནི་ཨིནྡྲ་ནཱི་ལ། གསུམ་པ་ནི་མུ་མེན། བཞི་པ་ནི་མ་རྒད། 20ལྔ་པ་ནི་མཆོང་། དྲུག་པ་ནི་པདྨ་རཱ་ག བདུན་པ་ནི་བཻཌཱུརྱ་སུ་ག་ཏ། བརྒྱད་པ་ནི་བཻཌཱུརྱ་ལྗང་སེར། དགུ་པ་ནི་སྤྲིན་རྡོ། བཅུ་པ་ནི་བཻཌཱུརྱ་ལྗང་དཀར། བཅུ་གཅིག་པ་ནི་རྟ་ཀླད་སྨུག་པོ། བཅུ་གཉིས་པ་ནི་ཨིན་ད་སྙིལ་བཅས་ཡིན། 21མཁར་སྒོ་བཅུ་གཉིས་ནི་མུ་ཏིག་བཅུ་གཉིས་ཡིན་ཞིང་། མཁར་སྒོ་རེ་རེ་མུ་ཏིག་རེ་རེས་བཟོས་པ་དང་། གྲོང་ཁྱེར་ནང་གི་སྲང་ལམ་ནི་གསེར་སྦྱངས་བཙོ་མས་བཟོས་པ་དང་ཆུ་ཤེལ་ལྟར་དྭངས་ཤིང་གསལ་ལོ།། 22བདག་གིས་གྲོང་ཁྱེར་ནང་དུ་མཆོད་ཁང་ཡོད་པ་མ་མཐོང་ངོ་།། རྒྱུ་མཚན་ནི་གཙོ་བོ་དཀོན་མཆོག་སྟེ་ཀུན་དབང་དེ་ཉིད་དང་ལུ་གུ་ནི་གྲོང་ཁྱེར་གྱི་མཆོད་ཁང་ཡིན་པའི་ཕྱིར་རོ།། 23དཀོན་མཆོག་གི་གཟི་བརྗིད་ཀྱིས་འོད་ཟེར་འཕྲོ་བ་དང་ལུ་གུ་ནི་གྲོང་ཁྱེར་གྱི་སྒྲོན་མེ་ཡིན་པས། གྲོང་ཁྱེར་ནང་དུ་ཉི་ཟླའི་འོད་ཟེར་མཁོ་བ་མེད། 24རྒྱལ་ཁབ་ཐམས་ཅད་ནི་གྲོང་ཁྱེར་གྱི་འོད་ཟེར་ལ་བརྟེན་ནས་སྐྱོད་ཅིང་། ས་སྟེང་གི་རྒྱལ་པོ་ཐམས་ཅད་ཀྱིས་རང་གི་གཟི་བརྗིད་གྲོང་ཁྱེར་དེ་ལ་འབུལ་ངེས་ཡིན། 25གྲོང་ཁྱེར་གྱི་མཁར་སྒོ་ནི་ཉིན་མོར་ཅིས་ཀྱང་མི་གཏན་ཏེ། གནས་དེར་མཚན་མོ་མེད་པའི་ཕྱིར་རོ།། 26མི་རྣམས་ཀྱིས་རྒྱལ་ཁབ་ཐམས་ཅད་ཀྱི་གཟི་བརྗིད་དང་གུས་བཀུར་བཅས་གྲོང་ཁྱེར་དེ་ལ་འབུལ་ངེས་ཡིན། 27མི་གཙང་བའམ། ཡང་ན་ཞེན་ལོག་པ་དང་རྫུན་གྱི་ལས་བྱེད་མཁན་སུ་ཡིན་ཡང་གྲོང་ཁྱེར་དེའི་ནང་དུ་འགྲོ་མི་ནུས་ཏེ། ལུ་གུའི་ཚེ་སྲོག་གི་གླེགས་བམ་ནང་དུ་མིང་ཐོ་བཀོད་ཡོད་པ་ཁོ་ན་དེའི་ནང་དུ་འགྲོ་ནུས་སོ།།

མངོན་པ 22

ཚེ་སྲོག་གི་གཙང་པོ།

1དེ་ནས་ཕོ་ཉས་ཚེ་སྲོག་དང་ལྡན་པའི་ཆུ་ཡི་གཙང་པོ་ཞིག་བདག་ལ་བསྟན་ཅིང་། དེ་ནི་ཆུ་ཤེལ་ལྟར་དྭངས་ཤིང་གསལ་བ་དང་། དཀོན་མཆོག་དང་ལུ་གུའི་བཞུགས་ཁྲི་ནས་བཞུར་ཡོང་བ་དང་། 2གྲོང་ཁྱེར་ནང་གི་སྲང་ལམ་གྱི་དཀྱིལ་དུ་བཞུར་ཅིང་། གཙང་པོའི་འགྲམ་གཉིས་སུ་ཚེ་སྲོག་གི་སྡོང་བོ་ཡོད་ལ། འབྲས་བུ་སྣ་ཁ་བཅུ་གཉིས་ཐོགས་པ་དང་། ཟླ་བ་རེ་རེར་འབྲས་བུ་སྨིན་པ་དང་། སྡོང་ལོ་ནི་མི་རིགས་ཐམས་ཅད་གསོ་བའི་ཕྱིར་ཡིན་ནོ།། 3ཡང་དུས་དེ་ནས་བཟུང་དམོད་པ་མེད་པར་གྱུར་པ་ཡིན། གྲོང་ཁྱེར་ནང་དུ་དཀོན་མཆོག་དང་ལུ་གུའི་བཞུགས་ཁྲི་ཡོད་པ་དང་། ཁོང་གི་ཞབས་ཕྱི་པ་རྣམས་ཀྱིས་ཁོང་ལ་བསྙེན་བཀུར་འབུལ་ཞིང་། 4ཁོང་གི་ཞལ་རས་ཀྱང་མཐོང་བར་འགྱུར་བ་དང་། དེ་རྣམས་ཀྱི་དཔྲལ་བར་ཁོང་གི་མཚན་འགོད་པ་ཡིན་ནོ།། 5མཚན་མོ་ཡོད་པར་མི་འགྱུར་ཏེ། གཙོ་བོ་དཀོན་མཆོག་གིས་ཁོ་རྣམས་ལ་འོད་ཟེར་སྤྲོ་བར་འགྱུར་བས། ཁོ་རྣམས་ལ་སྒྲོན་མེའི་འོད་ཟེར་དང་ཉི་འོད་མི་མཁོའོ།། ཁོ་རྣམས་ཀྱིས་ནམ་ཡང་སྲིད་དབང་བསྐྱང་བར་འགྱུར་རོ།། 6ཡང་ཕོ་ཉས་བདག་ལ་འདི་སྐད་དུ། བཀའ་འདི་རྣམས་ནི་ཡིད་རྟོན་རུང་བ་དང་བདེན་པ་ཡིན་ནོ།། གཙོ་བོ་སྟེ་ལུང་སྟོན་པ་དག་གི་སེམས་ཉིད་ཀྱི་དཀོན་མཆོག་གིས་ཁོང་གི་ཕོ་ཉ་མངགས་ཏེ། མྱུར་དུ་འབྱུང་དགོས་པའི་དོན་རྣམས་ཁོང་ཉིད་ཀྱི་ཞབས་ཕྱི་པ་རྣམས་ལ་སྟོན་པའི་ཕྱིར་ཡིན་ཞེས་གསུངས་སོ།།

སྐྱབས་མགོན་ཡེ་ཤུ་མྱུར་དུ་ཕེབས་ངེས་པ།

7ལྟོས་དང་། བདག་ནི་མྱུར་དུ་ཡོང་ངེས་སོ།། མདོ་འདིའི་ལུང་བསྟན་སྲུང་མཁན་རྣམས་བྱིན་རླབས་ཅན་ཡིན་ཞེས་གསུངས་སོ།། 8དོན་འདི་དག་ནི་ཡོ་ཧ་ནན་ངས་ཐོས་ཤིང་མཐོང་བ་རྣམས་ཡིན་ནོ།། བདག་གིས་མཐོང་ཐོས་སུ་གྱུར་ཏེ་རང་ལ་སྟོན་མཁན་ཕོ་ཉའི་ཞབས་དྲུང་དུ་ཕྱག་བཙལ་ནས་ཁོང་ལ་བསྟོད་བསྔགས་བརྗོད་པར་རྩོམ་པ་ན། 9ཁོང་གིས་བདག་ལ་འདི་སྐད་དུ། དེ་ལྟར་བྱེད་ག་ལ་རུང་། ང་ནི་ཁྱོད་དང་ཁྱོད་ཀྱི་སྤུན་ལུང་སྟོན་པ་རྣམས་དང་། མདོ་འདིའི་བཀའ་སྲུང་མཁན་ཐམས་ཅད་ལྷན་ཅིག་ཞབས་ཕྱི་པ་ཡིན་པས། ཁྱོད་ཀྱིས་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པར་བྱའོ་ཞེས་གསུངས་སོ།། 10ཡང་ཁོང་གིས་བདག་ལ་འདི་སྐད་དུ། དུས་དེ་སླེབ་ལ་ཉེ་བས། མདོ་འདིའི་ལུང་བསྟན་རྣམས་ལ་ཐམ་ག་རྒྱག་པར་མི་བྱའོ།། 11དྲང་བདེན་མ་ཡིན་པར་ད་དུང་ཁོ་ལ་དྲང་བདེན་མིན་པ་བྱེད་དུ་ཆུག མི་གཙང་པ་ནི་ད་དུང་ཁོ་རང་མི་གཙང་པར་ལུས་སུ་ཆུག དྲང་བདེན་བྱེད་མཁན་ལ་ད་དུང་ཁོ་ལ་དྲང་བདེན་བྱེད་དུ་ཆུག དམ་པ་ནི་ད་དུང་ཁོ་རང་དམ་པར་ལུས་སུ་ཆུག་ཅེས་གསུངས་སོ།། 12ལྟོས་དང་། བདག་ནི་མྱུར་དུ་ཡོང་ངེས་ཡིན། མི་རེ་རེའི་ཅི་བྱས་བཞིན་ལན་འཇལ་བའི་ཕྱིར་ངས་རྔན་པ་འཁྱེར་འོང་ངོ་།། 13ང་ནི་ཨལ་ཕཱ་དང་ཨོ་མེ་ཀ་སྟེ། སྔ་མ་དང་ཕྱི་མ་ཡིན་ལ། ཐོག་མ་དང་མཐའ་མའོ༎ 14རང་གི་ལྭ་རིང་པོ་གཙང་མར་བཀྲུ་མཁན་རྣམས་བདེའོ།། དེ་རྣམས་ལ་ཚེ་སྲོག་གི་སྡོང་བོའི་དྲུང་དུ་འགྲོ་བའི་དབང་ཐོབ་ཅིང་། མཁར་སྒོ་བརྒྱུད་ནས་གྲོང་ཁྱེར་ནང་དུ་འགྲོ་ཡང་ནུས་སོ།། 15གྲོང་ཁྱེར་གྱི་ཕྱི་རོལ་དུ་ཁྱི་སྤྱང་ངན་པ་དང་། སྒྱུ་འཕྲུལ་པ། ལོག་གཡེམ་པ། ལག་དམར། སྐུ་འདྲར་བརྟེན་མཁན། རྫུན་ལ་དགའ་ཞིང་རྫུན་སྨྲ་མཁན་ཐམས་ཅད་ཡོད་དོ།། 16ཡེ་ཤུ་བདག་གིས་ཆོས་ཚོགས་དག་གི་ཆེད་དུ་ཁྱོད་རྣམས་ལ་དོན་འདི་དག་བདེན་དཔང་བྱེད་པའི་ཕྱིར་རང་གི་ཕོ་ཉ་མངགས་པ་ཡིན་ལ། བདག་ནི་དཱ་བིད་ཀྱི་རྩ་བ་ཡིན་ལ་ཁོང་གི་རིགས་རྒྱུད་ཀྱང་ཡིན། བདག་ནི་ཐོ་རངས་ཀྱི་སྐར་ཆེན་ཡིན་ཞེས་གསུངས་སོ།། 17དམ་པའི་ཐུགས་ཉིད་དང་བག་གསར་གྱིས་ཕེབས་ཤོག་དང་ཞེས་ཞུས་པ་དང་། ཐོས་མཁན་རྣམས་ཀྱིས་ཀྱང་ཕེབས་ཤོག་དང་ཞེས་ཞུ་འོས་སོ།། ཁ་སྐོམ་པ་རྣམས་ཡོང་འོས་པ་དང་འཐུང་འདོད་པ་རྣམས་ཀྱིས་ཀྱང་རིན་མི་དགོས་པར་ཚེ་སྲོག་དང་ལྡན་པའི་ཆུ་འཐུང་རུང་ངོ་།། 18བདག་གིས་མདོ་འདིའི་ལུང་བསྟན་ཐོས་མཁན་ཐམས་ཅད་ལ་བདེན་དཔང་བྱེད་པར་བྱ་སྟེ། སུ་ཞིག་གིས་ལུང་བསྟན་འདི་ལ་གང་ཞིག་སྣོན་པ་ཡིན་ན། དཀོན་མཆོག་གིས་མདོ་འདིའི་ནང་དུ་བཀོད་པའི་ཆག་སྒོ་ཐམས་ཅད་ཁོའི་སྟེང་དུ་འགེལ་བར་འགྱུར་རོ།། 19ཡང་སུ་ཞིག་གིས་མདོ་འདིའི་ནང་གི་ལུང་བསྟན་ལས་གང་ཞིག་འཕྲི་བ་ཡིན་ན། དཀོན་མཆོག་གིས་ཀྱང་མདོ་འདིའི་ནང་དུ་བཀོད་པའི་ཚེ་སྲོག་གི་སྡོང་བོ་དང་དམ་པའི་གྲོང་ཁྱེར་གྱི་སྐལ་ནི་མི་དེ་ལས་ཕྱིར་ལེན་པར་འགྱུར་རོ།། 20དོན་འདི་རྣམས་ལ་བདེན་དཔང་མཛད་མཁན་གྱིས་འདི་སྐད་དུ། ལགས་སོ༎ ང་ནི་མྱུར་དུ་ཡོང་ངེས་ཡིན་ཞེས་གསུངས་སོ།། ཨ་མེན། གཙོ་བོ་ཡེ་ཤུ་ལགས། ཁྱེད་ཉིད་ཕེབས་པར་ཞུའོ།། 21གཙོ་བོ་ཡེ་ཤུའི་ཐུགས་རྗེ་ནི་དད་ལྡན་དམ་པ་རྣམས་དང་མཉམ་དུ་གནས་པར་སྨོན། ཨ་མེན།།༎